cover

༄༅།། གསང་ཆེན་འོད་གསལ་ལྷུན་གྲུབ་ཐོད་རྒལ་གནད་ཀྱི་གདམས་ཟབ་མཁའ་དབྱིངས་ཉི་ཟླ་ཞེས་བྱ་བ་བཞུགས་སོ།

རྫོགས་པ་ཆེན་པོ། ༽

ཨ་སྐྱོང་རྟོགས་ལྡན། a skyong rtogs ldan, Akyong Togden

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

(༡༤༡)

(༡༤༢)

(༡༤༣)གསང་ཆེན་འོད་གསལ་ལྷུན་གྲུབ་ཐོད་རྒལ་གནད་ཀྱི་གདམས་ཟབ་མཁའ་དབྱིངས་ཉི་ཟླ་ཞེས་བྱ་བ་བཞུགས་སོ།

(༡༤༤)བླ་མ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་སྐུ་དགའ་རབ་འཇམ་དཔལ་ཤྲཱི་སེང་། །ཛྙཱ་ན་སུ་པྲ་བཱི་མ་པདྨ་འབྱུང་།

(༡༤༥)བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་ལ་འདུད། །དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ་ཚོགས་དང་། །འཕྲིན་ལས་ཐོགས་མེད་སྒྲུབ་པ་མཁའ་འགྲོའི་ཚོགས། །ཆོས་དང་དེ་འཛིན་སྐྱོང་བ་བརྒྱུད་པར་བཅས། །རྩ་གསུམ་རིག་འཛིན་སྲུང་མ་སྙིང་དུབས་བཞུགས། །

(༡༤༦)ཤིན་ཏུ་གསང་ཆེན་ལྷུན་གྲུབ་ཐོད་རྒལ་གྱི། །ཟབ་དོན་འཆད་ལ་བཀའ་ཡིས་གནང་བ་སྩོལ། །གསང་ཆེན་འོད་གསལ་ལྷུན་གྲུབ་ཐོད་རྒལ་གྱི། །གནད་གྱི་གདམ་ཟབ་མཁའ་དབྱིངས་ཉི་ཟླ་གསལ། །མཆེད་གྲོགས་རྡོ་རྗེའི་སྤུན་རྣམས་གུས་པས་ཉོན། །ཤིན་ཏུ་སྤྲོས་མེད་གསང་བ་མཆོག་གི་དོན། །ལྷུན་གྲུབ་ཐོད་རྒལ་ཟབ་དོན་རྒྱ་མཚོའི་བཅུད། །ཉམས་སུ་ལེན་པར་འདོད་པའི་བརྩོན་འགྲུས་ཅན། །ཚེ་འདི་ཉིད་ལ་འོད་ལུས་དག་ནས་སུ། །གདོད་མའི་གཞི་ལ་འཚང་རྒྱ་བྱེད་པའི་ཆོས། །ཐེག་པ་གཞན་ལ་མིང་ཙམ་མ་གླེང་བའི། །ཐེག་དགུའི་ཡང་རྩེ་རྫོགས་ཆེན་ཁྱད་ཆོས་ཡིན། །ཐུན་མོང་ཐེག་པ་གཞན་དག་རྣམས་ལས་ཀྱང་། །

(༡༤༧)གནད་རྣམས་ཀུན་ལས་འཕགས་པར་བསྟན་པ་ནི། །མངོན་གསུམ་རིག་པ་ཅེར་བུར་མཐོང་བའི་ཕྱིར། །དབང་པོ་རྣམས་ནི་རྣོ་རྟུལ་ཁྱར་པར་མེད། །གནད་འདི་ཐེག་པ་གཞན་ལ་མ་གྲགས་པར། །ཐེག་དགུའི་ཡང་རྩེ་རྫོགས་ཆེན་ཁྱད་ཆོས་ཡིན། །ཆོས་སྲིད་དབང་པོས་ལྟ་རུ་ཡོད་པའི་ཕྱིར། །རྟོག་བཅས་བློ་ཡི་ཡིད་དཔྱོད་མི་ལྟོས་པའི། །གནད་འདི་ཐེག་པ་གཞན་ལ་མ་གྲགས་པར། །ཐེག་དགུའི་ཡང་རྩེ་རྫོགས་ཆེན་ཁྱད་ཆོས་ཡིན། །འབད་པའི་བླང་དོར་རྩོལ་སྒྲུབ་འདས་པའི་ཕྱིར། །ན་སོ་ལ་ཡང་རྒན་གཞོན་ཁྱད་པར་མེད། །གནད་འདི་ཐེག་པ་གཞན་ལ་མ་གྲགས་པར། །ཐེག་དགུའི་ཡང་རྩེ་རྫོགས་ཆེན་ཁྱད་ཆོས་ཡིན། །རང་རིག་ཡེ་ནས་

(༡༤༨)དྲི་མ་བྲལ་བའི་ཕྱིར། །དཀར་ནག་ལས་ལ་བཟང་ངན་ཁྱད་པར་མེད། །གནད་འདི་ཐེག་པ་གཞན་ལ་མ་གྲགས་པར། །ཐེག་དགུའི་ཡང་རྩེ་རྫོགས་ཆེན་ཁྱད་ཆོས་ཡིན། །ཆོས་ཉིད་འོད་གསལ་མངོན་སུམ་མཐོང་བའི་ཕྱིར། །ཐ་སྙད་ཚིག་ལ་ཅུང་ཟད་མི་ལྟོས་པའི། །གནད་འདི་ཐེག་པ་གཞན་ལ་མ་གྲགས་པར། །ཐེག་དགུའི་ཡང་རྩེ་རྫོགས་ཆེན་ཁྱད་ཆོས་ཡིན། །ཆོས་ཉིད་བསམ་བརྗོད་ཡུལ་ལས་འདས་པའི་ཕྱིར། །ལྟ་སྒོམ་གཞི་ལམ་འབྲས་བུར་མི་ལྟོས་པའི། །གནད་འདི་ཐེག་པ་གཞན་ལ་མ་གྲགས་པར། ཐེག་དགུའི་ཡང་རྩེ་རྫོགས་ཆེན་ཁྱད་ཆོས་ཡིན། །སྐུ་གསུམ་ལམ་སྣང་ཉིད་དུ་ཤེས་པའི་ཕྱིར། ཁམས་གསུམ་འཁོར་བ་ཕྱིར་ཡང་མི་ལྡོག་པའི། །གནད་འདི་ཐེག་པ་གཞན་ལ་མ་གྲགས་པར། །ཐེག་དགུའི་ཡང་རྩེ་རྫོགས་ཆེན་ཁྱད་ཆོས་ཡིན། །མདོར་ན་ཐུན་

(༡༤༩)མོང་ཐེག་པ་གཞན་རྣམས་ལས། །གནད་ནི་བསམ་མི་ཁྱབ་པར་འཕགས་པར་གསུངས། །རྒྱས་པར་ལྟ་བར་འདོད་ན་ཀློང་ཆེན་གྱི། །གྲུབ་མཐའ་མཛོད་དང་ཐེག་མཆོག་མཛོད་ལ་གཟིགས། །ཁྲེགས་ཆོད་ལས་ཀྱང་ཁྱད་པར་བདུན་གྱི་འཕགས། །ཉམས་ལེན་ལག་ལེན་གཅིག་ཏུ་འབྲེལ་བའི་ཕྱིར། །དོན་འདི་ཁྲེགས་ཆོད་ལས་ནི་ཁྱད་པར་འཕགས། །ལུས་ཀྱི་གནད་དང་འོད་རྩ་ཉིད་ཀྱི་ཕྱིར། །དོན་འདི་ཁྲེགས་ཆོད་ལས་ནི་ཁྱད་པར་འཕགས། །འོད་གསལ་སྣང་བྱེད་མིག་གི་སྒོ་ཡིན་ཕྱིར། །དོན་འདིས་ཁྲེགས་ཆོད་ལས་ནི་ཁྱད་པར་འཕགས། །འོད་གསལ་མིག་གི་དབང་པོས་མཐོང་བའི་ཕྱིར། །དོན་འདིས་ཁྲེགས་ཆོད་ལས་ནི་ཁྱད་པར་འཕགས། །རང་སྣང་འོད་གསལ་མངོན་སུམ་གཟིགས་པའི་ཕྱིར། །དོན་འདིས་ཁྲེགས་ཆོད་ལས་ནི་ཁྱད་པར་འཕགས། །

(༡༥༠)སྣང་བ་འོད་ཟེར་ཆེན་པོ་འབར་བའི་ཕྱིར། །དོན་འདིས་ཁྲེགས་ཆོད་ལས་ནི་ཁྱད་པར་འཕགས། །ཉམས་སྣང་དེ་ཉིད་གོང་དུ་འཕེལ་བའི་ཕྱིར། །དོན་འདིས་ཁྲེགས་ཆོད་ལས་ནི་ཁྱད་པར་འཕགས། །རྒྱས་འགྲེལ་ཀུན་མཁྱེན་དགོངས་པའི་མཛོད་ལ་གཟིགས། །ཟབ་ལམ་འདི་ཉིད་ཉམས་སུ་ལེན་འདོད་ན། །ཚེ་འདིར་མ་ཆགས་འཇིག་རྟེན་བླ་བློས་ཐོང་། །དེང་སང་སྙིགས་མ་ཚེ་ཐུང་རྐྱེན་མང་དུས། །མདོ་སྔགས་ཡོངས་ལ་ཐོས་རྒྱ་གཅོད་ཁོམ་མེད། །རྣམ་གཡེང་འདུ་འཛིའི་དབང་དུ་མ་སོང་བར། །རྟག་ཏུ་ལོང་མེད་རྒྱུད་ལ་གོམས་པར་མཛོད། །དང་པོ་མཚན་ལྡན་བླ་མ་སྤྱི་བོར་བརྟེན། །བསམ་པས་དང་དགུས་སྦྱོར་བས་བསྙེན་བསྐུར་བྱ། །སྨིན་བྱེད་དབང་དང་གྲོལ་བྱེད་གདམས་ཟབ་ཁྲིད། །རང་གིས་ཉམས་སུ་ལེན་པའི་མན་ངག་དེ། །བློ་ལ་མ་འབྱོར་བར་དུ་ཡང་ཡང་ཞུ། །རྒྱུད་ལ་འབྱོར་ནས་བློ་ཐག་ཆོད་པའི་དུས། །གཅིག་པུར་རི་

(༡༥༡)དྭགས་བཞིན་དུ་རི་ལ་བྱོལ། །ལུས་ངག་བྱ་བ་དགུ་ཕྲུག་བཏང་ནས་སུ། །ཐུན་བཞིའི་དམ་བཅའ་ངང་ལས་མ་གཡེལ་བར་སྤང་བླང་རེ་དོགས་མེད་པའི་བག་ཡངས་ཀྱིས། །མི་གཡོ་གསུམ་ལྡན་ངང་དུ་གནས་པར་མཛོད། །ལྷུན་གྲུབ་ཐོད་རྒལ་སྒོམ་པའི་གཞི་མ་ལ། །ཀ་དག་ཁྲེགས་ཆོད་ལྟ་བ་གདེང་ཐོབ་དགོས། །གནད་དུ་བསྣུན་ནས་གདེངས་སུ་གྱུར་བའི་ཚེ། །ལྷུན་གྲུབ་ཐོད་རྒལ་ཉིད་ལ་འབད་པས་བསྒོམ། །ཉམས་སུ་ལེན་པའི་ཁྲིད་ཚུལ་མདོར་བསྡུས་བཤར། །བཞུགས་སྟངས་སྒོ་ཡུལ་རླུང་རིག་བསྟན་པ་ནི། །ཆོས་སྐུའི་བཞུགས་སྟངས་སེངྒེ་ལྟ་བུ་ནི། །ལུས་ཉམས་འཇིང་ཚུལ་ལྟ་བུར་བསྡད་ནས་སུ། །རྐང་མཐིལ་གཉིས་སྦྲད་ལག་སོར་བརླ་ཡི་ནང་། །ས་ལ་བཙུགས་ནས་རོ་གཏོད་དྲང་པོར་བསྲངས། །མགྲིན་པ་ཅུང་ཟད་གྱེན་ལ་གཏེགས་ཏེ་བཞག །ལས་རླུང་གནོན་པའི་ཡེ་ཤེས་སྣང་བ་

(༡༥༢)འཕེལ། །འཕྲོ་བ་ལྡོག་ཅིང་ཉམས་སྣང་མྱུར་དུ་འཆར། །དབྱིངས་རིག་གཉིས་ལ་འདུ་འབྲལ་མེད་པའོ། །ལོངས་སྐུའི་བཟུགས་སྟངས་གླང་ཆེན་ལྟ་བུ་ནི། ཁ་རྦུབ་ཉལ་ཞིང་པུས་མོ་བྲང་སྦྱར་ནས། །རྐང་སོར་འཕོངས་གྱི་ཕྱི་རོལ་ཕུལ་ཏེ་བསྐུམ། །ལག་གཉིས་གྲུ་མོ་སར་བཙུག་ལག་མཐིལ་གཉིས། །མ་ནེར་བརྟེན་ཞིང་སོར་མོ་འགྲམ་སྦྱར་བས། །བདེ་དྲོད་སྐྱེ་ཞིང་བྱིང་རྒོད་ཆ་མའམ་མོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་འདུག་ནི། །ཙོག་པུར་བསྡད་ནས་རྐང་པའི་ལོང་གཉིས་གཤིགས། །མཐིལ་གཉིས་སར་ཕབ་པུས་བྲང་སྦྱར་བ་དང་། །ལག་གཉིས་བསྣོལ་ནས་པུས་བསྐོར་ལུས་སྤྱི་བསྲངས། །བཞུགས་སྟང་གསུམ་ལས་གཡོ་བར་མ་བྱས་ན། །སངས་རྒྱས་མཁྱེན་པ་ཚེ་འདིར་རྫོགས་པ་དང་། ཞིང་ཁམས་མཐོང་ཞིང་འགྲོ་དོན་ཐོགས་

(༡༥༣)མེད་གསུངས། །ངག་གི་གནད་ནི་སྨྲ་བ་རིམ་གྱིས་གཅད། །གཞན་ངག་མ་འབྲེལ་ལུས་འབྱོངས་རྟགས་སུ་ནི། །བྱང་སེམས་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་རློབས། །ངག་ནི་གསུང་གི་ཀློང་དུ་གྲོལ་བའོ། །ལུས་ནི་སྒྱུ་མའི་སྐུ་རུ་གྲོལ་བར་འགྱུར། །ནང་གི་བཟླས་བརྗོད་ཐམས་ཅད་པ་ཡིས། །ངག་འབྱོངས་རྟགས་སུ་མི་མིན་བརྡ་གཏམ་བཤད། །ངག་ནི་གསུང་གི་ཀློང་དུ་བྲོལ་བའོ། །སྨྲ་བརྗོད་ཐམས་ཅད་བཅད་ན་ཡིད་འབྱོངས་ཏེ། །ཡིད་འབྱོངས་རྟགས་སུ་མི་མ་ཡིན་རྣམས་ཀྱི། །གཟུགས་སྣང་མངོན་ཤེས་ཕྲ་མོ་འབྱུང་བ་དང་། །ཡིད་ནི་གཏད་མི་དངང་ལ་གནས་པའོ། །སེམས་ནི་གནད་ཕྱི་དབྱིངས་ནམ་མཁའ་སྟོང་སངས་ལ། །མིག་གཉིས་གཏད་ནས་འགྱུར་མེད་ལྟ་བ་ཡིས། །རང་སེམས་ནམ་མཁའ་འདྲེས་པའི་ཉམས་ཤར་བར། །རང་རིག་

(༡༥༤)གསལ་སྟོང་མངོན་གསུམ་མཐོང་བ་ཡིན། །མཐར་ཐུག་ལྷག་མེད་མངོན་པར་འཚང་རྒྱའོ། །སྒོ་ཡུལ་རླུང་རིག་གནད་ཀྱི་མན་ངག་གིས་ཆོས་ཉིད་འོད་གསལ་འགྱུར་བ་མེད་པར་བྱེད། །སྒོ་ཡིས་མཐོང་དང་ཡུལ་གྱིས་འགྱུར་མེད་བྱེད། །རླུང་རིག་གནད་ཀྱིས་ཚད་ལ་ཕེབས་པར་བྱེད། །སྒོ་གནད་གཟིགས་སྟངས་གསུམ་ལས་དང་པོ་ནི། །རིག་པའི་ཡེ་ཤེས་ཙིཏྟ་གའུའི་ཐུབས། །ནང་ན་བུམ་ནང་མར་མེ་བཞིན་དུ་གསལ། །འོད་རྩ་ཀཏི་ཤེལ་གྱི་སྦུ་གུ་ནས། །དར་དཀར་བསྐྱངས་པ་འདྲ་བའི་ལམ་བརྒྱུད་དེ། །རང་མདངས་མིག་གཉིས་སྒོ་རུ་འཆར་བ་ཉིད། །ཆོས་སྐུའི་གཟིགས་སྟངས་གྱན་དུ་ལྡོག་ནས་བལྟ། །ལོངས་སྐུའི་གཟིགས་སྟངས་ཟུར་ཁྲིད་བྱས་ནས་སུ། །མདའ་ལྟར་དྲང་བ་ཐད་ཀར་བལྟ་བ་ཡིན། །སྤྲུལ་སྐུའི་གཟིགས་སྟངས་མིག་མི་ཕྱེད་བཙུམ་བྱ། །ཐུར་ལ་ཕབ་ནས་བསམ་གཏན་སྒོམ་སྟར་བལྟ། །

(༡༥༥)ཆོས་སྐུའི་གྱེན་ལ་བལྟས་པའི་དགོས་པ་ནི། བག་ཆགས་ཐུལ་སེལ་ཆོས་དབྱིངས་ཀློང་དུ་གནས། །ལོངས་སྐུའི་མཉམ་པོར་བལྟས་པའི་དགོས་པ་ནི། །སྲིད་ཞི་མཉམ་ཉིད་བསྲེ་བར་བྱེད་པའོ། །སྤྲུལ་སྐུའི་ཐུར་ལ་བལྟས་པའི་དགོས་པ་ནི། ཡེ་ཤེས་འཕེལ་དང་འགྲོ་བ་འདྲེན་པའི་དོན། །ཡུལ་ནི་རྐྱེན་གསུམ་བྲལ་བའི་ནམ་མཁའ་ལ། །གནས་རྐྱེན་མཐོང་རྒྱ་ཆེ་བའི་སར་བསྡད་ནས། །དབང་པོ་སྐྱོན་དང་བྲལ་བའི་མིག་གཉིས་ཀྱེས། །སྔ་གྲོ་ནུབ་དང་ཕྱི་གྲོ་ཤར་དུ་བལྟ། །ཕྱི་ཡི་དབྱིངས་ནི་ནམ་མཁའ་སྟོང་སངས་ལ། །རིག་པ་གཏད་པས་སྟོང་གསལ་ཉམས་ཤར་ཏེ། །རིག་པའི་རང་མདངས་ནང་ནས་ཕྱི་ལ་འཆར། །སྟོ་གསལ་རང་གནས་མཇལ་བའི་གནད་གཅིག་ཡོད། །སྔ་གྲོ་ཤར་དང་ཕྱི་གྲོ་ནུབ་ཏུ་བལྟ། །དེ་ཡང་ཉི་མའི་འོག་གི་ཁྲི་གང་གི། །འོད་གསལ་

(༡༥༦)འཆར་སྣང་བདེ་ཕྱིར་མཁའ་དེར་བལྟ། །ཟེར་གཉིས་སྦྱར་བའི་སྣང་བ་འོད་ཀྱིས་གང་། །རྟག་འཛིན་དངོས་མཚན་བྲལ་བའི་དགོས་པ་ཡོད། །རླུང་གི་གནད་ནི་མཆུ་སོ་མ་རེག་པར། དེ་ལ་བུས་འབྱིན་རྔུབ་བྱེད་པ་གནད་ཅིག་ཡིན། །ཕྱི་ལྟར་ཚེ་རིང་ནང་གི་རྣམ་རྟོག་ཞི། །གསང་བ་ཉམས་སྣང་འཕེལ་བའི་གཞི་བྱེད་དེ། །རིག་པ་བརྩོན་དུ་བཟུང་ནས་མིག་མི་འགུལ། །ལུག་རྒྱུད་ཨར་གཏད་འཁྲུལ་བ་གཞི་ལ་སངས། །རིག་པ་རང་ས་ཟིན་དཔའི་དགོས་པ་ཡོད། །དེ་ནས་བླ་མའི་ཁྲིད་རྣམས་འདེབས་ཚུལ་ནི། །དང་པོར་སློབ་མས་བཞུགས་སྟངས་གཟིགས་སྟངས་ཀྱིས། །ཉི་འོག་ཁྲི་གང་མཚམས་ཀྱི་ནམ་མཁའ་ལ། །འོད་གསལ་ཐོད་རྒལ་

(༡༥༧)སྣང་བ་ལྟ་བར་བྱ། །དེ་ནས་སློབ་དཔོན་ཉིད་ཀྱིས་འདི་སྐད་བརྗོད། །ཙིཏྟ་ཤ་ཡི་སྒྲོན་མ་ཞེས་བྱ་ནི། །གའུ་རིན་ཆེན་གསང་བའི་སྦུབས་དཀྱིལ་དུ། །སངས་རྒྱས་ཐུགས་དང་དབྱེར་མེད་རིག་པ་ཉིད། །ཆོས་སྐུ་གདོད་མའི་མགོན་པོ་འོད་མི་འགྱུར། །ངོ་བོ་སྟོང་པ་རང་བཞིན་གསལ་བ་དང་། །ཐུགས་རྗེ་འགགས་མེད་སྐུ་དང་ཡེ་ཤེས་གནས། །འོད་གསལ་འཆར་བའི་གནས་ཞིང་དེ་ཉིད་ཡིན། །དཀར་འཇམ་རྩ་ཡི་སྒྲོན་མ་ཞེས་བྱ་ནི། །སྙིང་ནས་མིག་ཏུ་འབྲེལ་བའི་གསང་བའི་རྩ། །ཀ་ཏི་ཤེལ་གྱི་སྦུ་གུ་འོད་རྩ་དེ། །ཡེ་ཤེས་འོད་རྣམས་ལུས་འཆར་བའི་ལམ། །དར་དཀར་བརྐྱངས་བ་ལྟ་བུ་དེ་ཡིན་ནོ། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཞེས་བྱ་ནི། །རིག་གདངས་ཕྱི་ལ་འཆར་བའི་སྒོ་ཉིད་དེ། །དབྱིངས་སྣང་ཤར་བའི་དངང་མའི་མིག་ཡིན་ནོ། དབྱིངས་ནི་རྣམ་པར་དག་པའི་སྒྲོན་མ་ནི། །ཕྱི་ཡི་དབྱིངས་ཀྱི་ནམ་མཁའ་སྟོན་པ་ལ། །སྨིན་

(༡༥༨)མཚམས་ལས་མཆེད་འཇའ་ཚོན་ལྟ་བུ་ཡི། ཁ་དོག་ལྔ་ལྡན་འཆར་བ་འདི་ཉིད་ཡིན། །ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་ནི། ཁ་དོག་ལྔ་ལྡན་རྨ་བྱའི་སྒྲོ་མདངས་ལྟར། །ཐིག་ལེ་ཐེག་ཕྲན་ཕྱི་ནང་གཉིས་བརྩེགས་དང་། ཉ་མིག་ལྟ་བུར་འཆར་བ་དེ་ཉིད་ཡིན། །རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་ནི། །གསེར་སྐུད་སྒྲིམ་འདྲ་རྟ་རྔ་མདུད་འདྲ་དང་། །མུ་ཏིག་ཕྲེང་བ་མེ་ཏོག་ཆུན་པོ་དང་། །ལྕགས་ཐག་ལྟ་བུ་སྨིག་རྒྱུ་སྦྲང་ཆར་འདྲ། །ཐོག་མར་འགུལ་འཕྲིག་གཡོ་བ་དེ་ཉིད་ཡིན། །དབྱིངས་ཀྱི་ར་བར་བཅུག་ནས་གཡོ་མེད་བལྟ། །མིག་གཉིས་མི་འགུལ་དབྱིངས་ལ་གཏད་པ་གནད། །རིག་པ་རང་བྱུང་སྒྲོན་མ་ཞེས་བྱ་ནི། །ཀ་དག་ལྷུན་གྲུབ་གཉིས་མེད་ཡེ་ཤེས་ཀྱི། །རིག་པ་གསལ་སྟོང་འཛིན་བྲལ་དེ་ཉིད་ཡིན། །དེ་ཡི་

(༡༥༩)དུས་སུ་རིག་པའི་ཡེ་ཤེས་ཉིད། །མངོན་སུམ་མཐོང་བས་མ་རིག་ཉིད་དང་བྲལ། །དུས་ལ་འདས་ཀྱང་བདེན་མཐོང་སྤྲུལ་སྐུའི་ཞིང་། །སྐྱེ་བར་འགྱུར་ཏེ་སྙིང་ནས་དགའ་བ་བསྒོམས། །རིམ་ཀྱི་ཉམས་སུ་བླང་ན་སྣང་བཞི་ཡི། །མཐར་ཕྱིན་ནང་དབྱིངས་གཞོན་ནུ་བུམ་སྐུར་གྲོལ། །སངས་རྒྱས་རང་ལ་ཡོད་པ་ཤེས་པར་མཛོད། །སྐུ་ལྔ་ཡེ་ཤེས་ལྔ་དང་རིགས་ལྔ་དང་། །ཡུམ་ལྔ་སྐུ་གསུམ་མཆོག་གསུམ་རང་ལ་ཡོད། །འོད་གསལ་རང་བྱུང་ཤར་བའི་རྣམ་སྣང་སྐུ། །འཕོ་འགྱུར་བྲལ་བའི་མི་བསྐྱོད་རྡོ་རྗེའི་སྐུ། །འོད་རྣམས་འཕེལ་བའི་རིན་ཆེན་འབྱུང་ལྡན་སྐུ། །མཐར་དབུས་བྲལ་བའི་སྣང་བ་མཐའ་ཡས་སྐུ། །འོད་ལྔ་ལྷུན་གྲུབ་ཤར་བ་དོན་གྲུབ་སྐུ། །འོད་གསལ་དྲི་མེད་སྐུ་རྣམས་ཐམས་ཅད་ཀྱི། །འཆར་གཞི་བྱེད་པས་མེ་ལོང་ཡེ་ཤེས་སོ། །དབྱེར་

(༡༦༠)མེད་མཉམ་པའི་མཉམ་ཉིད་ཡེ་ཤེས་སོ། །སོ་སོར་འབར་བའི་སོར་རྟོགས་ཡེ་ཤེས་སོ། །ལྷུན་གྱི་གྲུབ་པའི་བྱ་གྲུབ་ཡེ་ཤེས་སོ། །འོད་གསལ་དེ་ཉིད་དེ་བཞིན་གཤེགས་པ་རྣམས། །གཤེགས་ལམ་ཡིན་པའི་དེ་བཞིན་གཤེགས་པའི་རིགས། །འོད་གསལ་འཕོ་འགྱུར་བྲལ་བའི་རྡོ་རྗེའི་རིགས། །ཡོན་ཏན་དཔག་མེད་འབྱུང་བའི་རིན་ཆེན་རིགས། །སྣང་བ་སྐྱོན་གྱི་མ་གོས་མདྨའི་རིགས། །གོམས་པ་མཐར་ཕྱིན་ལྷག་མེད་འགྲུབ་པས་ན། །ལས་ཀྱི་རིགས་ཏེ་དེ་བཞིན་ཤེས་པར་མཛོད། །འོད་གསལ་མཐིང་ག་དབྱིངས་ཀྱི་དབྱིངས་ཕྱུག་མ། །དཀར་པོ་ཤར་བ་སངས་རྒྱས་སྤྱན་མ་དང་། །སེར་པོ་ཤར་བ་མ་མ་ཀི་ཡིན་ཏེ། །འོད་རྣམས་དམར་པོ་ཤར་བ་གསོད་དཀར་མོ། །ལྗང་གུ་དེ་ཉིད་དམ་ཚིགས་སྒྲོལ་མ་ཡིན། །འོད་གསལ་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །མཐའ་དབུས་

(༡༦༡)བྲལ་བའི་རིག་སྟོང་ཟང་ཀ་མ། །ཁྱབ་གདལ་ཀློང་ཡངས་མཁའ་དབྱིངས་ལྟ་བུ་འདི། །ཆོས་སྐུའི་རང་ཞལ་མངོན་སུམ་མཇལ་བ་ཡིན། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ། །འདོ་གདངས་འཇའ་ཟེར་ཐིག་ལེ་གསལ་བར་འཆར། །འདི་ནི་ཡེ་ནས་མ་བྱས་རང་ཤར་བའི། །ལོངས་སྐུའི་རང་ཞལ་ད་ལྟར་མཐོང་བ་ཡིན། །སྣ་ཚོགས་འཆར་གཞི་མ་འགགས་སྤྲུལ་པའི་སྐུ། །ཅི་ཡང་མེད་ལ་གང་ཡང་འཆར་བ་དང་། །རང་ཤར་རང་གྲོལ་མཁའ་དབྱིངས་འཇའ་མཚོན་བཞིན། །འདི་ནི་སྤྲུལ་པ་སྐུ་ཡི་རང་ཞལ་ཏེ། །ཚེ་འདིར་མཇལ་བ་ཡིན་པས་ཤེས་པར་མཛོད། །ཆོས་ཉིད་མ་འཁྲུལ་གཞི་ཡི་རིག་པ་སྟེ། །འདུ་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་ན། །གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཡིན། །འགག་མེད་གསུང་ནི་དམ་ཆོས་ཡང་དག་དོན། །

(༡༦༢)སྨྲ་བསམ་བརྗོད་མེད་སྒྲ་དང་ཚིག་ལས་འདས། །དོན་དམ་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར། །མ་གསུངས་མི་གསུང་གསུང་བར་མི་འགྱུར་རོ། །འགྱུར་མེད་རྟག་པར་སྙིང་དབུས་གནས་པ་སྟེ། །རྒྱལ་ཀུན་།ཐུགས་དང་དབྱེར་མེད་ནམ་མཁའ་ལྟར། །དབྱེ་བསལ་མེད་པའི་ཀློང་དུ་བཞུགས་མཛད་པའི། །ཡང་དག་།ཐུགས་ནི་དགེ་འདུན་དངོས་ཡིན་ཏེ། །དོན་དམ་གནས་ལུགས་དོན་གྱི་སྐྱབས་འགྲོ་ཡིན། །མཆོག་གསུམ་རང་ལ་ཡོད་པར་ཤེས་བྱས་ནས། །འབྲལ་མེད་འདི་ལ་རྟག་ཏུ་གནས་པར་མཛོད། །འོད་གསལ་དྲི་མ་བྲལ་བས་དཀར་པོ་དང་། །མ་འགག་རྩལ་ལས་ཤར་བ་སེར་པོ་དང་། །རང་གསལ་རང་བཞིན་སྣང་བས་དམར་པོ་དང་། རང་བཞིན་བྱ་བྲལ་ཡིན་པས་ལྗང་གུ་དང་། །རྟག་ཏུ་འཕོ་འགྱུར་བྲལ་བས་ཐིང་གའོ། །རླུང་ལྔ་རང་ལ་

(༡༦༣)གནས་པ་འདི་ལྟ་སྟེ། །ཡེས་ཧེས་དྲོད་དང་མ་བྲལ་མེ་མཉམ་རླུང་། །འཁོར་འདས་སོ་སོར་འཛིན་པ་སྲོག་འཛིན་རླུང་། །འོད་གསལ་གོམས་འདྲིས་བྱེད་པས་འཁོར་འདས་གཉིས། །སོ་སོར་འབྱེད་པའི་དྭངས་སྙིགས་འབྱེད་པའི་རླུང་། །འཁོར་འདས་ཀུན་ལ་ཡེ་ཤེས་འོད་ལྔ་སྟེ། །དེ་ཡིས་ཁྱབ་བྱེད་རླུང་ཡིན་ནོ། །འོད་གསལ་དེ་ཉིད་ཉམས་སུ་བླངས་བས་ན། །འཁོར་བའི་སྲོག་བཅད་སངས་རྒྱས་སར་སྐྱེལ་བས། །སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་། །འོད་གསལ་སྣང་བ་འདི་ཡི་ངང་ཉིད་ལ། །མ་བཅོས་ལྷུག་པར་བཞག་ནས་བསྒོམ་པ་གནད། །ཤེས་རབ་ལྔ་ཡང་རང་ལ་གནས་པ་ཏེ། །འོད་གསལ་ལ་རྟོགས་དང་མ་རྟོགས་ཁྱད་པར་ལས། །ཁོར་འདས་གཉིས་སུ་འབྱེད་པའི་བདག་ཉིད་ནི། །འབྱེད་པའི་ཤེས་རབ་ཡིན་ཏེ་ཡེ་ཤེས་ཀྱི།

(༡༦༤)རྩལ་སྣང་བསྡུད་པས་སྡུད་པའི་ཤེས་རབ་དང་། །ཀུན་ལ་ཁྱབ་པས་ཁྱབ་བྱེད་ཤེས་རབ་དང་། །འོད་སྣང་འགྲོ་དང་འོང་བར་བསྐྱོད་པས་ན། སྐྱོད་པའི་ཤེས་རབ་དེ་ཉིད་དོན་རྟོགས་ན། །འཁོར་བ་ལས་བསྒྲལ་སྒྲོལ་བའི་ཤེས་རབ་ཡིན། །རང་བྱུང་རིག་པ་ཐིག་ལེ་ཉག་གཅིག་འདི། །མངོན་དུ་གྱུར་བ་ད་ལྟའི་དུས་ན་བཟུང་། །ཆོས་ཉིད་མངོན་སུམ་མཐོང་བ་ཞེས་བྱ་སྟེ། །དུས་གསུམ་སངས་རྒྱས་མ་ལུས་ཞལ་མཇལ་འདྲ། །བླ་མ་འདི་ཡིན་བྱིན་རླབས་འདི་ལས་འབྱུང་། །ཡི་དམ་འདི་ཡིན་དངོས་གྲུབ་འདི་ལས་འབྱུང་། མཁའ་འགྲོ་འདི་ཡིན་འཕྲིན་ལས་འདི་ལས་འགྲུབ། །དཀྱིལ་འཁོར་འདི་ཡིན་རིགས་ལྔ་རང་ལ་གནས། །བསྐྱེད་རིམ་འདི་ཡིན་གསལ་སྣང་རང་ལ་རྫོགས། །བཟླས་བརྗོད་འདི་ཡིན་འཕྲོ་འདུ་རང་ལ་རྫོགས། །རྫོགས་རིམ་འདི་ཡིན་རང་ཤར་

(༡༦༥)རང་གྲོལ་ཡིན། །དབང་བསྐུར་འདི་ཡིན་རིམ་དགུ་རང་ལ་དབང་། །སྡོམ་པ་འདི་ཡིན་གཉིས་སྣང་དབྱིངས་སུ་སྡོམ། །དམ་ཚིག་འདི་ཡིན་ཉམས་མེད་ཀློང་དུ་སྲུང་། །ཆོས་སྐུ་འདི་ཡིན་ངོ་བོ་སྐྱེ་བ་མེད། །ལོངས་སྐུ་འདི་ཡིན་སྐུ་གསུམ་ལམ་སྣང་རྫོགས། །སྤྲུལ་སྐུ་འདི་ཡིན་འགག་མེད་སྣ་ཚོགས་འཆར། །འདིར་རྣམས་གཞན་ནས་བཙལ་བས་རྙེད་པ་མིན། །སུས་ཀྱང་མ་བྱས་ཡེ་ནས་རང་ལ་གནས། །ཕྱི་ཡིས་འབྱུང་གཞིའི་སྒྲ་ཡིས་འདི་མི་གནོད། །ནང་གི་དུག་ལྔའི་རྐྱེན་གྱིས་འདི་མི་བསྒྲིབ། །རང་བྱུང་ཡེ་ཤེས་བྲི་གང་བྲལ་བ་ཡིན། །གདོད་ནས་གྲུབ་པའི་ཆོས་ཉིད་འོད་གསལ་གྱི། །རིག་གདངས་སྒྲོན་མའི་སྣང་བ་འདི་ཉིད་ཞི། །སྣང་ཚུལ་།རྫུན་པའི་ཆོས་ཤིག་ཡེ་ནས་མེད། །དོན་དམ་འདུས་མ་བྱས་ཀྱི་ཆོས་ཉིད་ཡིན། །འདི་ཉིད་ཡེ་ནས་རང་

(༡༦༦)ལ་གནས་པ་སྟེ། །སྐུ་གསུམ་འདུ་འབྲལ་མེད་པའི་འོད་གསལ་ཉིད། །འདི་ཉིད་ཉམས་སུ་བླངས་ན་སྣང་བ་བཞི། །རིམ་གྱིས་རང་གི་རྒྱུད་ལ་སྐྱེ་བ་ཡིན། །མཐར་ནི་ཆོས་ཟད་གདོད་མའི་གཞི་དབྱིངས་སུ། །གཞོན་ནུ་བུམ་སྐུའི་བཙན་ས་ཟིན་པར་འགྱུར། །ལས་ཉོན་སྡིག་སྒྲིབ་བག་ཆགས་མ་ལུས་པ། །བུད་ཤིང་བསྲེགས་པའི་མེ་བཞིན་ཡེ་ཤེས་ཀྱི། །དུས་གསུམ་རྒྱལ་བའི་ཆོས་སྐུ་ཐོབ་པ་ཡིན། །རང་ངོ་ཤེས་ནས་བརྩོན་པའི་གོ་བགོས་ཏེ། །ལུས་སེམས་བྲལ་ཚེ་དབྱིངས་རིག་འོད་གསལ་དང་། །སྒྱུ་ལུས་མཁའ་ལ་ན་བུན་དེངས་བ་བཞིན། །ཕྱི་གསལ་སྣང་བ་ནང་དབྱིངས་ཐིམ་པར་མཛོད། །དེ་ལྟར་ཉམས་སུ་ལེན་པའི་རིམ་པ་ནི། །ལྟ་སྒོམ་སྤྱོད་གསུམ་འབྲས་བུ་དང་ནི་བཞི། །དང་པོ་ལྟ་བ་ལྷུན་གྲུབ་འོད་གསལ་གྱིས། །ངོ་བོ་སྟོང་

(༡༦༧)པ་རང་བཞིན་གསལ་བ་དང་། །ཐུགས་རྗེ་འགག་མེད་སྣ་ཚོགས་འཆར་བ་ཉིད། །མཉམ་བཞག་ལྟ་བ་རྣམ་པ་སྣ་ཚོགས་ཏེ། །འོད་གསལ་ཆོས་ལྟ་བ་གཅིག་ན་ཡང་། རྣལ་འབྱོར་བློ་ཡི་འཆར་ཚུལ་མི་གཅིག་པར། །རྩ་ཁམས་དབང་པོ་གོམས་པའི་སྟོབས་ཀྱིས་ཡིན། །རྗེས་ཐོབ་སྒྱུར་མ་ལྟ་བུའི་སྤྱོད་པ་ནི། །མཉམ་བཞག་ལྟ་བ་དྲན་པས་མ་བརྗེད་པར། །དེ་ཡི་ངང་ལ་འགྲོ་དང་འདུག་པ་དང་། །སྤྱོད་ལམ་ཐམས་ཅད་རྐྱེན་དང་བསྲེས་པ་ཡིན། །རྗེས་ཐོབ་རྒྱ་ཡན་པ་ནི་འདི་ལྟ་སྟེ། །མཉམ་བཞག་ལྟ་བའི་རང་གདངས་བརྗེད་ནས་སུ། །ལྟ་བ་མ་དྲན་སྤྱོད་པ་གཞན་དང་འདྲེས། །སྣང་བ་རྒྱ་ཡན་ཉིད་དུ་སོང་བ་ཡིན། བསྒོམས་ནས་ཉམས་སུ་ལེན་པའི་ཚུལ་ལ་གསུམ། །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་དེ། །དང་པོ་སྤྲོས་

(༡༦༨)བཅས་ཐུན་བཞིའི་རྣལ་འབྱོར་ནི། །བདེ་བའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྐད་གཅིག་རང་ཉིད་རྡོ་རྗེ་སེམས་དཔའ་གསལ། །རང་མདུན་ནམ་མཁར་འཇའ་འོད་ཐིག་ལེ་ཀློང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ནི། །རྣམ་པ་ཆོས་སྐུ་སྟོན་པ་ཀུན་ཏུ་བཟང་། །མཁའི་མདོག་ཅན་མ་ཉམས་ཞག་སྐྱིལ་ཀྲུང་མཛད། །རྩ་གསུམ་ཀུན་འདུས་ངོ་བོར་བཞུགས་པར་བསམ། །འདོ་གསལ་སྣང་བ་བཞི་ཡི་ཡེ་ཤེས་ཉིད། །མྱུར་དུ་འཆར་བའི་གསོལ་བ་གདབ་པར་བྱ། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །བླ་མའི་གནས་གསུམ་འབྲུ་གསུམ་དཀྱིལ་འཁོར་ནས། །འོད་ཟེར་ཁ་དོག་ལྔ་ལྡན་བག་མེད་འཕྲོས། །དེ་ཡི་ནང་དུ་ཐིག་ལེ་སུམ་འདྲེལ་དང་། །ཐིག་ཕྲན་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད། །མཆོད་

(༡༦༩)རྟེན་པདྨ་གྲི་གུག་ལ་སོགས་པ། །ཕྱག་མཚན་ཡིག་འབྲུ་ཕྲ་མོ་སྣ་ཚོགས་དང་། །རྡོ་རྗེ་སེམས་པའི་སྐུ་ནི་རྐྱང་བ་དང་། །རིགས་ལྔ་ཡབ་ཡུམ་ཟུང་འབྲེལ་ལ་སོགས་པ། །ཞི་ཁྲིའི་ལྷ་ཚོགས་དཔག་ཏུ་མེད་པ་རྣམས། །བྱུང་ནས་རང་གི་གནས་གསུམ་ཀུན་ཏུ་ཡང་། །སིབ་སིབ་ཐིམ་ནས་ལུས་ཀྱི་ནང་ཀུན་ཏུ། །འཇའ་ཟེར་འོད་དང་ཐིག་ལེ་ལྔ་ལྡན་དང་། །ལྷ་སྐུ་གསུང་མཚན་ཡིག་འབྲུ་ཕྱག་མཚན་གྱིས། །གང་ནས་ཤིག་ཤིག་ཡོམ་ཡོམ་འགུལ་བར་བསམ། །མཐར་ནི་རྩ་བའི་བླ་མ་ཀུན་བཟང་ཉིད། །སྤྱི་བོའི་གཙུག་ནས་དབུ་མའི་ལམ་ཞུགས་ཏེ། །སྙིང་ཁར་པདྨའི་གདན་ལ་བཞུགས་ནས་ཀྱང་། །དགྱེས་བཞིན་ཞལ་ནི་འཛུམ་པ་དང་བཅས་པའི། །སྣང་བ་བཞི་ཡི་ཡེ་ཤེས་རང་རྒྱུད་ལ། །མྱུར་དུ་བླ་མས་སྦར་བར་བསམས་

(༡༧༠)པ་ཡིན། །བར་དུ་ཁྲེགས་ཆོད་རིག་པ་རྗེན་བསྐྱངས་ཤིང་། །མཐའ་ལ་བདེ་སྟོང་གཏུམ་མོ་འབར་འཛག་བསྒོམ། །ནམ་ལང་པ་ནས་ཉི་ཤར་བར་དུ་ནི། ཁ་སྟོན་འདོན་དང་དཔེ་ཆུ་ལྟ་བར་བྱེད། །ཉིན་གུང་ཐོད་རྒལ་ལྟ་ཞིང་སྦྱོང་བར་བྱེད། །ཉིན་ཕྱེད་ཉིད་ལ་ཕྱག་བསྐོར་ཆོས་སྤྱོད་བྱ། །ཕྱི་གྲོ་ཉིད་ལ་ཐོད་གལ་བསྒོམ་པར་བྱ། །དགོང་མོ་ཆོས་སྐྱོང་ཉིད་ལ་གཏོར་བསྔོ་གཏོང་། །སྲོད་ཐུད་དང་པོར་འཆི་བ་མི་རྟག་བསྒོམ། །བར་དུ་བསྐྱེད་རིམ་བསྒོམ་ཞིང་བསྙེན་སྔགས་བཟླ། །གཉིད་ཀྱི་དུས་སུ་རྨི་ལམ་འོད་གསལ་སྦ། །ཐུན་མགོར་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །བསྔོ་བས་རྗེས་ནི་ཡོངས་སུ་འདེབས་པ་སྟེ། །དམ་པ་གསུམ་ནི་ཐུན་རྣམས་ཀུན་ལ་ཤེས། །འདི་ནི་སྨིན་ཁྲིད་བྱེད་པའི་ལུགས་ཡིན་པས། རིམ་གྱིས་བ་ལ་འདི་ལྟར་བསྒོམ་པར་གནང་། །

(༡༧༡)ལུས་བརྩལ་འདོན་དང་སེམས་ཀྱི་བོག་རྣམས་འབྱུང་། །རླུང་རིག་རིམ་གྱིས་དལ་ལ་འབབ་ནས་འོང་། འོད་གསལ་ཉམས་ལེན་དུས་ན་བརྩོན་པས་འབད། །རྨི་ལམ་ཉམས་སྣང་ཀུན་ལ་མི་ཞེན་པར། །བདེན་མེད་རང་གདངས་འཇོག་པར་མན་ངག་ཡིན། །དགའ་བྲོད་མེད་པར་ལྟ་བའི་རང་གདངས་སྐྱོང་། སྤྲོས་མེད་འོད་གསལ་བསྒོམ་པའི་རྣལ་འབྱོར་བས། །ཉིན་མཚན་དུས་དྲུག་ཀུན་ལ་རྟག་ཏུ་ནི། །ལྷུན་གྲུབ་ཐོད་རྒལ་ཉིད་ལ་སྐྱོང་བར་བྱེད། །སྲོང་ཐུན་དང་པོར་དབང་པོ་གནད་དུ་བསྡུ། །བདེ་བའི་གདན་ལ་དྲང་སྲོང་འདུག་སྟངས་བྱ། །རང་ཉིད་སྐད་གཅིག་རྡོ་རྗེ་སེམས་དཔའ་གསལ། །དབུ་མ་མཚན་ཉིད་བཞི་ལྡན་ལྟེ་བ་རུ། །པདྨ་དམར་པོ་འདབ་བཞིའི་གདན་གྱི་སྟེང་། །ཨ་ཡིག་དམར་པོ་རེག་བྱ་ཚ་བ་ལས། །མེ་འབར་དབུ་མའི་ལམ་དུ་ཡར་སོང་ཏེ། །

(༡༧༢)སྤྱི་བོའི་ཧཾ་ལ་ཕོག་པས་བྱང་སེམས་ཉིད། །བདུད་རྩིའི་རྒྱུན་ལྟར་དཀར་ནར་མང་བབས་པས། །དཔེར་ན་མེ་ལ་མར་ཁུ་བསྣན་པ་བཞིན། །མེ་གསོས་བྱས་ཏེ་ཆེས་ཆེར་རབ་འབར་ནས། །ལས་ཉོན་བག་ཆགས་མ་ལུས་བསྲེགས་པར་བསམ། །བདེ་དྲོད་སྐྱེས་ཚེ་བདེ་སྟོང་ངང་ལ་བཞག་ །དེ་ལྟར་བྱས་ན་འོད་གསལ་འཕེལ་ཆེ་ཞིང་། །མྱུར་དུ་ཚད་ལ་ཕེབས་པས་ཤིན་ཏུ་ཟབ། །ནམ་གུང་ཤེས་བྱ་བུམ་པར་ཞུགས་པ་ཡི། །ལུས་ཀྱི་གནད་ནི་སེང་གེ་ཉལ་ལུགས་བཅས། །གཞིག་གཡས་ས་ལ་ཕབ་ནས་སྲིན་མཛུབ་ཀྱིས། །སྣ་གཡས་བཀག་ནས་ཡིད་གཞན་མ་ཡེངས་པར་། །རང་ལུས་རྡོ་རྗེ་སེམས་དཔའི་སྐུར་གསལ་ཏེ། །དབུས་སུ་དབུ་མ་མཐིང་ག་མདའ་སྨྱུག་འདྲ། །སྙིང་གའི་ཐད་ཀྱི་དབུ་མའི་ནང་ཉིད་དུ། །པདྨ་དམར་པོ་འདབ་བཞིའི་ལྟེ་བ་རུ། །

(༡༧༣)ཨ་ཡིག་དཀར་པོ་འོད་ཟེར་འཕྲོ་བ་གཅིག །ཨ་དཀར་དེ་འདྲ་ཚངས་པའི་གནས་སུ་གཅིག །དེ་གཉིས་བར་གྱི་དབུ་མའི་ནང་ཉིད་དུ། །ཨ་དཀར་ཤེལ་ཕྲེང་བརྒྱུས་པ་ལྟ་བུ་བསྒོམ། །མཐར་ནི་གཅིག་ནས་གཅིག་ཏུ་ཐིམ་པ་ཡིས། །སྙིང་གའི་ཨ་ལ་ཐིམ་སྟེ་ས་དེ་ལས། །འོད་ཟེར་འཕྲོས་ནས་དབུ་མའི་ནང་ཉིད་དུ། །འོད་ཀྱི་གང་བར་བསྒོམ་པའི་ངང་ཉིད་ལ། །གཉིས་པར་བྱས་ནས་སད་དུས་སྔར་བཞིན་བསྒོམ། །འོད་གསལ་དབྱིངས་སུ་གཉིད་ནི་སྦ་བ་ཡིན། །ནང་དུ་སྟོང་པའི་འོད་གསལ་ཏིང་འཛིན་སྐྱེ། །ཕྱིར་ནི་སྣང་བའི་འོད་གསལ་ཉམས་ཤར་ནས། །ཉིན་མཚན་དབྱེར་མེད་ཐོད་རྒལ་ཉམས་དང་འདྲེས། །གནད་ཀྱི་གདམས་ཟབ་ཡིན་པའི་སྙིང་ལ་ཆོངས། །ཐོ་རང་དུས་སུ་རིག་པ་སྟོང་པའི་ངང་། །ཧ་

(༡༧༤)ཞེས་དབུགས་རིང་ལན་གསུམ་དྲག་ཏུ་འཕང་། གདན་གྱི་སྟེང་དུ་སེངྒེ་འདུག་སྟངས་བྱ། །སྤྱི་བོའི་སྟེང་གི་ནམ་མཁའི་གཞུ་གང་ཐད། །སྙིང་གའི་ཨ་ལས་ཨ་ཡིག་གཉིས་པ་འཕྲོས། །ཨ་དེ་ནམ་མཁའི་དབྱིངས་སུ་འདུག་པ་ལ། །དེ་ལ་སེམས་གཏད་བསྒོམ་པར་བྱེད་པ་ཡིན། །དེ་ནས་ཇེ་ཐོར་མི་དམིགས་དབྱིངས་སུ་ཡལ། །དེ་ལྟར་ཉིན་མཚན་ཁ་སྦྱོར་བསྒོམས་པ་ཡིས། །གསལ་སྟོང་གཉིས་མེད་ཡེ་ཤེས་ཀ་དག་གི། །གནས་ལུག་མངོན་རྒྱུར་ཤེས་པར་འགྱུར་བར་གསུངས། མཐར་ཐུག་རིག་པའི་དོན་བབས་པ་ཡིན། འོད་གསལ་ཐོད་རྒལ་བསྒོམ་པའི་རྣལ་འབྱོར་རྣམས། །ཉིན་མཚན་རིས་མེད་འོད་གསལ་འཁོར་ཡུག་གདལ། །ཡིད་མེད་སྒོམ་མེད་ངང་དུ་མཉམ་པར་བཞག །རྩོལ་མེད་

(༡༧༥)ལྷུག་པའི་ངང་ལས་ཡེ་ཤེས་འཆར། །ཞེན་མེད་ལྟ་བའི་རང་མདངས་སྐྱོང་བར་འཚལ། །གསུམ་པ་ཤིན་ཏུ་སྤྲོས་མེད་བསྒོམ་པ་ནི། ཐོ་རང་དུས་སུ་སེང་གེའི་འདུག་སྟངས་བྱ། །རླུང་རོ་ཧུར་སྒྲ་དང་བཅས་དྲག་ཤུགས་ཀྱིས། །ཕྱི་རུ་ལམ་གསུམ་དྲག་ཏུ་འཕངས་ནས་སུ། །ཟླ་བའམ་མར་མེའི་འོད་ལ་བལྟ་བར་བྱ། །ཉི་ཤར་དུས་སུ་ཉི་མར་བལྟ་བ་དང་། །ཉིན་ཕྱེད་ནམ་མཁའ་སྤྲིན་བྲལ་དབྱིངས་སུ་ནི། །རིག་པ་སྟོང་གསལ་བཞག་ནས་བསྒོམ་པ་ཡིན། །དགུང་མོ་ལ་ཡང་ཉི་མའི་འོད་ལ་བལྟ། །སྲོད་ཀྱི་དུས་སུ་དྲང་སྲོང་འདུག་སྟངས་བྱ། །ཟླ་བའམ་མར་མེའི་འོད་ལ་བལྟ་བར་བྱ། །ནམ་གུང་གཉིད་ནི་འོད་གསལ་སྦ་བ་ཡིན། །ལུས་ནི་འདུག་སྟངས་གསུམ་པོ་གང་བྱས་ཀྱང་། །མ་བསྡམས་མ་བསྒྲིམ་ལྷོད་ཆ་ཆེ་

(༡༧༦)བའི་ངང་། །ལུས་གནད་མ་འཆོར་བ་ཡི་བདེ་འདུག་བཅས། །ལུས་བདེ་རྩ་རླུང་བདེ་བས་རྐྱེན་མི་འབྱུང་། །མིག་ནི་གཟིགས་སྟངས་གསུམ་པོ་གང་བྱས་ཀྱང་། །རྩོལ་བས་མ་གཅུན་ལུས་སེམས་རང་བབས་སུ། །ཁོང་གློད་བྱས་ན་རྐྱང་ཞག་མི་འགུལ་བར། །ཉི་འོག་ཁྲུ་གང་ཙམ་གྱི་མཁའ་ལ་བལྟ། །རེས་འགའ་རླུང་ནི་སོ་མཆུ་མ་རེག་པར། །ཁ་ནས་དལ་བུས་འབྱིན་རྔུབ་བྱེད་པར་གཅེས། །རླུང་རིག་དལ་བས་ཡེ་ཤེས་མྱུར་དུ་འགྲུབ། །མིག་གིས་དལ་བུས་སྟེང་འོག་དབྱིངས་སྣང་ཁྲོད།།མི་འགུལ་གསལ་སྟོང་ངང་དུ་ཤིག་གེར་བཞག །འོད་གསལ་རང་བབས་སྟོག་མེད་ཏིང་འཛིན་འཆར། ཕྱི་ཡུལ་རྐྱེན་གསུམ་བྲལ་བའི་ནམ་མཁའ་ལ། །རང་རིག་སྐྱེ་མེད་ངོས་གཟུང་བྲལ་བར་བཞག །སྟོང་གསལ་དབྱེར་

(༡༧༧)མེད་རང་གདངས་ངང་གིས་འཆར། །འོད་གསལ་སྣང་བ་མྱུར་དུ་འཕེལ་བར་གསུངས། །དེ་ནས་སྤྱོད་པའི་རིམ་པ་དང་པོ་ནི། །མཚན་ལྡན་བླ་མ་བསྟན་ནས་མན་ངག་ཞུས། །ཐོས་པས་སྒྲོ་འདོགས་བཅད་ནས་སྤང་བླང་བྱེད། །བསམ་པས་དཔྱད་ནས་ཉོན་མོངས་ཟིལ་གནོན་བྱེད། །བསྒོམ་པས་དོན་ཐོག་བཞག་ནས་ཉོན་མོངས་ཀུན། །རྩད་ནས་འབྱིན་པར་བྱེད་ཕྱིར་མངོན་གྱུར་གནོན། །བར་དུ་གང་ལ་ངེས་ཤེས་སྐྱེ་བའི་ཚེ། །ཡིད་ཆེས་བརྟན་པོས་རྙེད་པའི་མན་ངག་དེ། །ཐེ་ཚོམ་མེད་པར་བློ་ཐག་བཅད་ནས་སུ། །རི་དྭགས་བཞིན་དུ་གཅིག་པུར་རོ་ལ་འགྲོ། །ཉེ་འབྲེལ་གཉེན་གྱི་འབྲེལ་ཐག་གཅོད་པར་བྱ། །ཉམས་ལེན་སྙིང་པོའི་གནད་ལ་འབད་པར་བྱེད། །ངག་གི་སྨྲ་བཅད་འཇིག་རྟེན་གཏམ་

(༡༧༨)འཆལ་སྤངས། །གཞན་ལ་ཚིག་ཅིག་མི་བཤད་ཐོམ་མེར་འདུག །ལྐུགས་པའི་ངང་ཚུལ་དྲན་རིག་བསམ་གཏན་གནས། །ཐ་མལ་གཏམ་རྣམས་རང་རྡོལ་སྨྲ་བ་དང་། །སྨྱོན་པ་བཞིན་དུ་ངོ་ཚའི་གནས་ཀུན་བྲལ། །གཟའ་གཏད་མེད་པའི་སྤྱོད་པ་ངང་གིས་འབྱུང་། །གཙང་ངེ་མེད་པར་ཁྱི་ཕག་སྤྱོད་པ་འདྲ། །ཟས་གསོ་གང་ལ་གདམ་ཁ་མི་བྱེད་པར། །བཟང་ངན་མེད་པར་འཆོལ་ཉོག་སྤྱོད་པའི་དུས། །རང་སེམས་དབང་འདུས་གཞན་སེམས་ཟིལ་གྱིས་གནོན། སུ་ལ་མི་འཇིགས་ཡ་ང་བག་ཚ་མེད། །སེངྒེ་རྒྱལ་པོས་གངས་རི་ཟིན་པ་ལྟར། །སྐྱེ་འགྲོ་སྡེར་ཆགས་ཚོགས་རྣམས་ཟིལ་གྱིས་གནོན། །སྣང་བ་དབང་བསྒྱུར་སྤྱོད་པ་དེ་དུས་འབྱུང་། །ཆོས་ཉིད་འོད་གསལ་འཁོར་ཡུག་མེད་པར་གནས།

(༡༧༩)།རྫུ་འཕྲུལ་ཐོགས་མེད་རིག་བྲག་ཟང་ཐལ་འགྲོ། །མཁའ་ལ་བྱ་བཞིན་ཆུ་ནང་ཉ་ལྟར་འཁྱུག །ཕྱི་ཡི་འབྱུང་བཞི་རང་དབང་བསྒྱུར་བར་བྱེད། །གཞན་སྣང་བསྒྱུར་ནས་བསད་པ་གསོ་བར་ནུས། །གསང་གཏམ་གོ་ནུས་ཉོན་མོངས་ཡེ་ཤེས་འགྱུར། །སྤྱོད་པ་རིམ་གྱིས་རང་ཚོད་བལྟས་ནས་སྤྱད། །ལྟ་སྒོམ་བོག་འདོན་འབྱུང་བ་གནད་ཡིན་ནོ། །འབྲས་བུའི་དབྱེ་བ་གནས་སྐབས་མཐར་ཐུག་གཉིས། །དང་པོ་ལྷུན་གྲུབ་འོད་གསལ་འཆར་བ་ལ། །བཟང་ལ་མི་རེ་ངན་ལ་མི་འགོག་པར། །ཤར་བ་དེ་ལ་ཞེན་འཛིན་མེད་པར་སྤྱད། །ལམ་རྟགས་ཡོན་ཏན་མ་ལུས་རྩལ་རྫོགས་སོ། །གཉིས་པ་ལྷུན་གྲུབ་སྣང་བཞི་མཐར་ཕྱིན་ནས། །ནང་དབྱིངས་ཀ་དག་ཆོས་སྐུ་མངོན་གྱུར་ཏེ། །སྐུ་དང་ཡེ་ཤེས་

(༡༨༠)འདུ་འབྲལ་མེད་པར་བཞུགས། །ཆོས་སྐུ་ཆོས་དབྱིངས་ངང་ལས་མ་གཡོས་བཞིན། །སླར་ཡང་གཟུགས་སྐུ་གཉིས་ཀྱི་གདུལ་བྱའི་དོན། །གང་ལ་གང་འདུལ་རྒྱུན་ཆད་མེད་པར་མཛད། །ད་ནི་སྣང་བཞིའི་ཡེ་ཤེས་ཚད་རྣམས་སྟོན། །བཞུགས་སྟངས་གསུམ་དང་གཟིགས་སྟངས་གནད་གསུམ་གྱིས། །གཅུན་ནས་ཉེ་ཟེར་བལྟས་པས་འོད་ཁྱིམ་ནང་། །རིག་པ་རྡོ་རྗེ་ལུག་རྒྱུད་གསལ་བར་སྣང་། །ཆོས་ཉིད་མངོན་གསུམ་སྣང་བ་མཐོང་བ་ཡིན། །ཡིད་དཔྱོད་འཛིན་པའི་ལྟ་ལས་བྲལ་བ་ཡིན། །རིག་གདངས་དབྱིངས་ཀྱི་ར་བར་ཚུད་ནས་སུ། །ཐིག་ལེ་སུམ་འབྲེལ་སྣང་བ་མཐོང་བའི་ཚེ། །ཆོས་ཉིད་མངོན་གསུམ་སྣང་བ་རྫོགས་པའོ། །འདི་དུས་ཚེ་འཕོས་སྤྲུལ་སྐུའི་ཞིང་དུ་སྐྱེ། །གཉིས་པ་ཉམས་སྣང་

(༡༨༡)གོང་འཕེལ་སྣང་བ་ནི། །ཤེས་ཉམས་བདེ་གསལ་མི་རྟོག་ཏིང་འཛིན་གྱི། །ངང་ལ་གནས་ཤིང་རིག་པ་སྟོང་པའི་གཞི། །སྔར་ལས་འདོ་གསལ་ཤེས་གདངས་གསལ་བ་དང་། །ཡིད་རྟོག་ཉམས་ཀྱི་འོད་གསལ་གོང་དུ་འཕེལ། །མེ་ཁྱེར་མར་མེ་དུ་བ་སྨིག་རྒྱུ་དང་། །སྤྲིན་དེངས་མཁའ་ལ་ཉི་ཟླ་གཟའ་སྐར་བཞིན། །མ་ངེས་སྣ་ཚོགས་གོ་རིམ་མེད་པར་འཆར། །ཚུགས་མི་ཐུབ་ཅིང་གསལ་འགྲིབ་མི་བརྟེན་པར། །མཐར་གྱུར་འགྲོ་བའི་ཉམས་ཞེས་བརྗོད་པ་ཡིན། །སྣང་ཉམས་དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ། །དབྱིངས་སྣང་འོད་ཀྱི་རང་བཞིན་གོང་འཕེལ་ནས། །འོད་ལྔ་གྱེན་འགྲེང་རྩིབ་ཤར་ཟླུམ་པོ་དང་། མདའ་མདུང་གྲི་གུག་ཕྱག་མཚན་རྣམ་པ་དང་། །མཆོད་རྟེན་པདྨ་འཁོར་ལོ་མཁར་

(༡༨༢)ཐོབ་དང་། །རྒྱ་གྲམ་གཟུགས་བརྙན་སྣ་ཚོགས་དཔག་མེད་དང་། །ཕྲ་བའི་རི་མོ་དྲ་བ་དྲ་ཕྱེད་དང་། །མིག་མང་རིས་དང་མ་ངེས་སྣ་ཚོགས་འཆར། །གོ་རིམ་མེད་པར་རང་གནས་ཡུལ་དུ་གང་། །འོད་རྣམས་རྗེ་གསལ་རི་མོ་རྗེ་བཀྲ་དང་། །འཆར་བའི་སྣང་བ་ཇི་བཟང་ཇེ་མང་དུ། །སོང་བས་ཉམས་སྣང་གོང་འཕེལ་བརྗོད་པ་ཡིན། །སྔོན་སྣང་ཡལ་ནས་རྗེས་སྣང་ཐིག་ལེའི་ནང་། །ལྷ་སྐུའི་དབུ་དང་སྐུ་ཕྱེད་ཤར་བ་དང། །རྡོར་སེམས་སྐུ་རྒྱབ་ཚང་བར་འཆར་བའི་དུས། །ཉམས་སྣང་གོང་འཕེལ་སྣང་བ་རྫོགས་པ་ཡིན། །ཕྱི་ཡི་ཡུལ་སྣང་རྩལ་དེ་འཕེལ་བ་བཞིན། །ནང་གི་རིག་པའི་རྩལ་རྣམས་དེ་བཞིན་འཕེལ། །སྤྱན་དང་མངོན་ཤེས་དཔག་མེད་འཆར་བར་གསུངས། །འདི་ཡི་དུས་སུ་ཚེ་དུས་བྱས་པ་ན། །བར་དོ་མེད་པར་འཚང་ནི་རྒྱ་བར་གསུངས། །

(༡༨༣)གསུམ་པ་རིག་པ་ཚད་ཕེབས་བཤད་པ་ལ། །གཉིས་སྟེ་མདོར་བསྟན་རྒྱས་པར་བཤད་པ་ནི། །དབྱིངས་སྣང་རྒྱས་ཐེབས་འབྱུང་བཞིའི་སྣང་བ་དག །འོད་གསལ་མཐའ་དབུས་བྲལ་བའི་སྣང་བ་ཤར། །རིགས་ལྔ་ཡབ་ཡུམ་ཟུང་ལྡན་ཚོམ་བུ་བཅས། །ལྔ་ལྔའི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར། །འདི་དེས་རང་ལུས་འབྲེལ་ནས་ཕུང་པོའི་ཚོགས། །འོད་ཟེར་འབར་བའི་སྣང་བ་འཆར་བར་འགྱུར། །དང་པོ་ཕྱི་ཡི་སྣང་ཚད་དབང་བསྒྱུར་ནུས། །འབྱུང་བཞིར་ཐོགས་རྡུགས་མེད་པར་ཟང་ཐལ་འགྲོ། །རིག་པ་གང་བཅུག་འགུལ་བར་ནུས་པ་ཡི། །སྣང་སེམས་གཏད་མེད་ཉིད་དུ་འགྱུར་བའོ། །ནང་གི་ལུས་ཚད་སྣང་བ་ཐམས་ཅད་ནི། །རིགས་ལྔའི་ཞིང་ཁམས་ཉིད་དུ་འཆར་བ་དང་། །རིགས་ལྔའི་ཐུགས་ཀའི་འོད་ཟེར་

(༡༨༤)རང་གི་སྙིང་། དཀྱིལ་ལ་འོད་གདངས་ཟུག་ནས་རང་ཉིད་ལ། འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་དང་། །འོད་ཀྱི་པདྨ་སྟོང་ལྡན་འབར་བའི་སྟེང་། །རང་ཉིད་འདུག་ཅིང་འོད་ལུས་སྣང་ཞིང་གསལ། །མཛོད་སྤུ་ལས་ནི་ལྔ་ལྡན་འདོམ་གང་སྣང་། །སྤྱི་བོར་ཡེ་ཤེས་རླུང་གིས་གཏེགས་པ་ཡིས། །ཐིག་ལེ་ཆེན་པོ་མཁར་གཞོང་རྩེག་མར་སྣང་། །གོ་རིམ་མ་ངེས་དགུ་ལྔ་སྣང་བར་གསུངས། །ཡེ་ཤེས་རླུང་རྣམས་སོར་མོར་ཚུད་པ་ལས། །འོད་ཟེར་སྣ་ལྔ་འཕྲོས་ཤིང་འོད་རྩ་རུ། །ཡེ་ཤེས་རང་གདངས་གསལ་བའི་རང་ཉིད་ལས། །རང་ལུས་བ་སྤུའི་བུ་ག་རེ་རེའི་ནང་། །ཞིང་ཁམས་གྲངས་མེད་སངས་རྒྱས་གྲངས་མེད་བྱོན། །སེམས་ཅན་གྲངས་མེད་འགྲོ་འདུལ་གྲངས་མེད་སྣང་། །དུང་ཁང་ཁྲོ་བོ་སྙིང་ཁར་ཞི་བའི་ལྷ། །རིག་གདངས་ཕྱིར་

(༡༨༥)ཤར་འཁོར་འདས་མ་ལུས་པ། །ཞི་ཁྲོས་དཀྱིལ་འཁོར་ཉིད་དུ་གསལ་བར་སྣང་། །རང་བཞིན་སྤྲུལ་པ་འགྲོ་འདུལ་སྤྲུལ་པ་དང་། །སྣ་ཚོགས་སྤྲུལ་པ་བསམ་མི་ཁྱབ་པར་སྣང་། །གསང་བ་རིག་པ་ཚད་ལ་ཕེབས་པ་ནི། །ཀུན་རྟོག་མུན་པའི་བག་ཆགས་སྒྲིབ་དག་ནས། །དྲི་མེད་ཆོས་དབྱིངས་མཁའ་ལ་ཉི་མ་ཤར། །མངོན་ཤེས་དྲུག་ཐོབ་ཆོས་རྣམས་དུས་གཅིག་ཤེས། །གནས་ཀྱི་ཆོད་པའི་གཞན་ཡུལ་མཐོང་བ་དང་། །ཞིང་ཁམས་ཚད་མེད་མཐོང་ཞིང་ཏིང་འཛིན་དབང་། །ཡོན་ཏན་བརྗོད་ལས་འདས་པ་ཐོབ་པར་གསུངས། །ཚེ་འདི་ཉིད་ལ་ལོངས་སྐུའི་ཞིང་དུ་གྲོལ། །ཆོས་ཉིད་ཟད་པའི་སྣང་བ་འཆར་ཚུལ་ནི། །གནམ་སྟོང་ཟླ་བ་དབྱིངས་སུ་ནུབ་པ་ལྟར། །ཕྱིར་གསལ་མེད་པར་ནང་གསལ་ཡེ་ཤེས་ནི། །ཐིམ་ལ་

(༡༨༦)མ་རྨུགས་ཕྲ་བའི་ཚུལ་དུ་ཡོད། །སྐུ་དང་ཐིག་ལེ་རིམ་གྱི་ཡལ་ནས་སུ། །ནང་དབྱིངས་ཀ་དག་དབྱིངས་སུ་ཐིམ་པའི་དུས། །གཞོན་ནུ་བུམ་སྐུའི་རྒྱལ་ས་བརྙེས་པ་སྟེ། །ཆོས་ཟད་དོན་གྱི་འབྲས་བུ་ཐོབ་པ་ཡིན། །རང་རིག་ཉིད་ལ་བྲི་གང་བྲལ་བས་ན། །ཡར་ལ་འཕེལ་བའི་ཆེ་རུ་མ་སོང་ཞིང་། །མར་ལ་ཟད་དུས་ཆུང་ངུར་མ་སོང་བར། །རང་གདངས་གཞི་ལ་རང་ཐིམ་སོང་བ་སྟེ། །ཤེལ་གྱི་འོད་རྣམས་རང་ལ་ཐིམ་པ་བཞིན། །ཕྱིར་སྣང་ཐམས་ཅད་ནང་དབྱིངས་ཐིམ་པའི་ཚེ། །ཆོས་ཉིད་བསམ་བརྗོད་བྲལ་བའི་ངང་ལ་གནས། །སྣང་བ་མེད་པས་ཟད་ཅིང་བརྡ་རུ་བཏགས། །ལྷུན་གྲུབ་སྣང་ཆ་ནང་དབྱིངས་ཐིམ་པའི་དུས། །ཀ་དག་སྤྲིན་བྲལ་ནམ་མཁའི་ལྟ་བུའི་ངང་། །གནས་པ་དེ་ལ་སྣང་བ་བཤད་པ་ཡིན། །ཡུལ་སྣང་རིག་གདངས་གཞི་ལ་ཐིམ་

(༡༨༧)པའི་དུས། །དར་གཅིག་ངང་ལ་ནང་དུ་ཐིམ་པའི་བར། །དེ་ལ་ཐ་སྙད་སྣང་བ་བཏགས་པ་ཡིན། །འདི་དུས་ཕྱི་ཡི་ཉམས་སྣང་དབྱིངས་སུ་ཟད། །ནང་གི་སྒྱུ་ལུས་ཆོས་ཉིད་དབྱིངས་སུ་ཟད། །གསང་བ་རྟོག་ཚོགས་ཟད་ནས་འཁྲུལ་བ་དག །འཁོར་འདས་བཟང་ངན་འདུ་ཤེས་དྲན་བསམ་ཀུན། །རྗེས་མེད་སོང་ནས་མིང་ཙམ་མི་དམིགས་པའི། །ཏིང་འཛིན་རྒྱུན་དུ་ཆོས་ཉིད་ངང་ལ་གནས། །མངོན་ཤེས་རྫུ་འཕྲུལ་མངའ་དབང་བསྒྱུར་བ་དང་། །ཤེས་སྒྲིབ་ཕྲ་བ་ཀུན་གཞིའི་སྒྲིབ་པ་ཉིད། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་བཅོམ་པས། །སྒྲིབ་བྲལ་ཀ་དག་དབྱིངས་སུ་འཚང་རྒྱའོ། །སྐྱེ་བར་དབང་ཐོབ་འཕོ་ཆེན་སྐུར་བཞེངས་ཏེ། །འགྲོ་དོན་དཔག་ཏུ་མེད་པར་མཛད་པ་ཡིན། །ཕྱིར་སྣང་རིམ་ཟད་ལག་སོར་ལྔ་རྩེར་

(༡༨༨)ནས། །ཟེར་འཕྲོས་དེ་ལ་ཤེས་པ་གཏད་པའི་ཚེ། །སྣོད་བཅུད་ཐམས་ཅད་ཆུ་ཟླ་ལྟ་བུར་མཐོང་། །རང་ལུས་མེ་ལོང་ནང་གི་གཟུགས་བརྙན་ལྟར། །ཡེ་ཤེས་སྒྱུ་མའི་སྐུ་རུ་རང་སྣང་བས། །ཕྱི་ནང་ཟང་ཐལ་འབྱུང་བཞིའི་གནོད་ལས་བྲལ། །རྡོ་རྗེ་ལྟ་བུའི་སྐུ་ནི་ཐོབ་པ་ཡིན། །དེ་ཚེ་སྤྲུལ་པ་བསམ་མི་ཁྱབ་པ་ཡིས། །རང་གཞན་རྣམས་ཀྱི་འགྲོ་དོན་དཔག་མེད་མཛད། །རི་བྲག་འགུལ་ནུས་པོའི་སྒྲ་སྐད་འབྱིན། །དཔག་བསམ་ཤིང་ལས་ཆོས་ཀྱི་སྒྲ་འབྱུང་སྟེ། །འདོད་དགུའི་ཆར་འབེབ་འཇིག་རྟེན་བདེ་ལ་བཀོད། །འཇུག་པར་དབང་ཐོབ་ནང་དབྱིངས་འཇུག་པ་ལ། །སེམས་ཅན་དཔག་མེད་གྲོལ་བར་ནུས་པ་དང་། སྲིན་བུ་ལ་ཡང་འོད་ལུས་ཡར་ནས་སུ། །ཀ་དག་གདོད་མའི་གཞི་ཡི་ནང་དབྱིངས་ལ། །མི་སྣང་སྐད་ཅིག་

(༡༨༩)ཉིད་ལ་གཤེགས་ནས་ཀྱང་། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས། །སྐྱེ་འཇུག་གཉིས་ཀྱིས་འཇིག་རྟེན་ཁམས་རྣམས་ལ། །གདུལ་བྱ་དུས་ལས་སྐད་གཅིག་མི་གཡེལ་བར། །འགྲོ་དོན་རྒྱུན་མི་འཆད་པར་མཛད་པའོ། །བརྩོན་འགྲུས་རབ་རྣམས་ཚེ་འདི་ལ་ཡང་། །ལྷུན་གྲུབ་སྣང་བཞི་ཡེ་ཤེས་མཐར་ཕྱིན་ནས། །ཀུན་བཟང་གདོད་མའི་མགོན་པོའི་ས་ཆེན་དུ། །ཕུང་པོ་ལྷག་མེད་འཇའ་ལུས་ཆོས་སྐུ་ཐོབ། །ཐེག་དགུའི་ཡང་རྩེ་མན་ངག་གསང་བའི་དོན། །འདི་དང་འཕྲད་པ་སྔོན་གྱི་ལས་སྨོན་ཡིན། །མི་འཇིགས་གདེངས་ཆེན་མངོན་དུ་མ་གྱུར་བར། །འབད་ནས་ཉམས་སུ་ལེན་དགོས་སྙིང་གི་བུ། །དང་པོ་མི་འགུལ་གསུམ་གྱི་གཞི་བཅས་པ། །དྲན་རྟོག་རྒྱུན་ཆད་རིག་པ་གཡོ་མེད་གནས། །

(༡༩༠)དབྱིངས་རིག་གཉིས་ལ་འདུ་འབྲལ་མེད་པ་ཡིན། །རླུང་རིག་དལ་བའི་འོད་གསལ་འཕེལ་བར་འགྱུར། །སྡོད་པ་གསུམ་གྱི་ཚད་ཀྱིས་བཟུང་བ་ནི། །དབྱིངས་རིག་གནས་དང་བརྟན་པའི་སྡོད་ཚད་ཉིད། །ཕྱི་སྣང་བསྐྱོད་བྱེད་རླུང་ཟད་དབྱིངས་རིག་གཉིས། །འགྲོ་འོང་བྲལ་བའི་རང་སར་སྡོད་པ་དང་། །སྐྱོད་བྱེད་རླུང་ཟད་ནང་ལུས་གཡོ་འགུལ་མེད། །བརྗོད་བྱེད་རླུང་ཟད་རྟོག་འགྱུར་སྲིད་པ་སྟོང་། །ཚད་ནི་རྨི་ལམ་ཉིད་ཀྱིས་བཟུང་བ་སྟེ། བརྩོན་འགྲུས་རབ་རྣམས་ཚེ་འདི་ཉིད་ལ་ཡང་། །རྨི་ལམ་དབྱིངས་སུ་ཟད་ནས་རྒྱུན་ཆད་དེ། །གཉིད་ཀྱང་འོད་གསལ་བདེ་བ་ཆེན་པོར་འཆར། །ཚེ་འདི་ཉིད་ལ་གྲོལ་བའི་རྟགས་ཡིན་ནོ། །བརྩོན་འགྲུས་འབྲིང་གིས་རྨི་ལམ་གང་རྨིས་ཉིད། །རྨི་ལམ་ཡིན་པར་ཤེས་པའི་རྟགས་ཉིད་

(༡༩༡)ཀྱིས། །བར་དོར་མངོན་པར་རྫོགས་འཚང་རྒྱ་བའོ། །ཐ་མས་རྨི་ལམ་ངན་པ་རྒྱུན་ཆད་ནས། །རྨི་ལམ་བཟང་པོ་ཤ་སྟག་རྨིས་པ་ཡིས། །རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་གསུངས། །སྒོ་གསུམ་རྟགས་རྣམས་འཆར་བར་བསྟན་པ་ལས། །དང་པོ་ཆོས་ཉིད་མངོན་ལ་སུམ་རྟགས་གསུམ་ནི། །ཕྱི་ལུས་གཡོ་འགུལ་མེད་པར་སྡོད་པ་དང་། ངག་གིས་མི་སྨྲ་ལྐུགས་པ་བཞིན་དུ་སྡོད། །ནང་གི་སེམས་ནི་གར་གཏད་དེ་རུ་སྡོད། །ཉམས་སྣང་གོང་འཕེལ་རྟགས་གསུམ་བསྟན་པ་ནི། །ལུས་ནི་ཕྱི་ངོར་རྒྱན་གྱི་སྤྲོས་པ་བྲལ། །ངག་ནི་ལྟོས་མེད་བྱུང་རྒྱལ་རང་ཚིག་རྡོལ། །སེམས་ནི་འཁོར་བའི་གནས་ལ་འཇུག་མི་སྲིད། །རིག་པ་ཚད་ཕེབས་རྟགས་གསུམ་བསྟན་པ་ནི། །ལུས་ནི་འབྱུང་བཞི་

(༡༩༢)གང་ལ་ཐོགས་མེད་པར། །ཟང་ཐལ་ཕྱི་ནང་མེད་པར་འགྲོ་བ་དང་། །ངག་ནི་ཅི་སྨྲ་གཞན་ཡིད་འཕྲོག ནས་སུ། །དད་པའི་རྒྱུན་བྱེད་འགྲོ་ལ་ཕན་པ་འབྱུང་། །སེམས་ནི་འཁོར་བའི་གནས་ལ་ཕྱིར་མི་ལྡོག །ཆོས་ཉིད་ཟད་པའི་རྟགས་གསུམ་བསྟན་པ་ནི། །ལུས་ནི་མི་རོ་བཞིན་དུ་འཇིགས་སྐྲག་བྲལ། །ངག་ནི་བྲག་ཆའི་སྒྲ་བཞིན་གཞན་རྗེས་ཟློ། །སེམས་ནི་ན་བུན་བཞིན་དུ་དབྱིངས་སུ་ཡལ། བག་ཆགས་ཕུང་པོ་མི་སྣང་འཚང་རྒྱ་ནུས། །ཐོབ་པ་གསུམ་གྱི་གཟེར་གདབ་བསྟན་པ་ནི། །སྐྱེ་བར་དབང་ཐོབ་འཕོ་ཆེན་སྐུར་བཞེངས་ནས། །འགྲོ་དོན་ཐོབ་པ་མེད་པར་རྒྱ་ཆེན་བྱེད། །གང་འདོད་སྤྲུལ་ནས་འགྲོ་དོན་དཔག་མེད་མཛད། །འགྲོ་གཞན་རིག་པ་བཅུག་ནས་དེ་ཉིད་ཀྱིས། །རང་བྱུང་རིག་

(༡༩༣)པའི་ཡེ་ཤེས་གནས་གནད་ཀྱིས། །འབྱུང་བ་རང་སར་དག་ནས་འཚང་རྒྱ་ཞིང་། འཇུག་པར་དབང་ཐོབ་ཀ་དག་ནང་དབྱིངས་སུ། །ཟག་བཅས་མི་སྣང་འཚང་རྒྱ་ནུས་པའོ། །རླུང་སེམས་དབང་ཐོབ་རླུང་གི་ཡོན་ཏན་འབྱུང་། །གཞན་རྣམས་འཕོས་ཚེ་རིག་པ་བཅུག་ནས་སུ། །རིག་པ་ཀ་དག་ཆེན་པོར་བཞུགས་པའི་ཚེ། །བཟང་ངན་ལས་ལ་མི་ལྟོས་གྲོལ་བར་བྱེད། །རི་བྲག་ཟང་ཐལ་མཁའ་ལ་བྱ་བཞིན་འཕུར། །འབྱུང་བཞིའི་གནོད་པ་གང་གིས་མི་ཚུགས་པར། །མངོན་པར་ཤེས་པ་ཕྱོགས་མེད་འཆར་བའོ། །ད་ནི་གདེངས་བཞིའི་གྲོད་ཚད་བསྟན་པ་ནི། །ཡར་གྱི་སངས་རྒྱས་ཐོབ་ཏུ་རེ་བ་དང་། །མི་ཐོབ་སྙམ་པའི་དོགས་པ་མེད་པའི་གདེང་། །རིག་དྲུག་གནས་སུ་མི་སྐྱེས་རེ་བ་

(༡༩༤)དང་། སྐྱེ་འགྲོ་སྙམ་པའི་དོགས་པ་མེད་པའི་གདེང་། དེ་བཞིན་ཐོབ་ནས་རང་བྱུང་རིག་པ་ཉིད། །འཁྲུལ་བའི་སྣང་བ་བྲལ་ནས་གཞི་རུ་སར། །དཔེར་ན་སེང་གེས་གངས་རི་ཟིན་པ་ལྟར། །ཡེ་གྲོལ་གཞི་ལ་ཕྱིན་པས་ས་དང་བྲལ། །གདོད་མའི་ཀུན་བཟང་རྒྱལ་ས་ཟིན་པ་ཡིན། །ལྷུན་གྲུབ་སྣང་བཞིའི་ཉམས་རྣམས་རྫོགས་པའི་བར། །ཕྱི་ཡིས་བཅུ་དོན་གྱི་ཐོབ་ཚུལ་ནི། །མཚན་ལྡན་བླ་མའི་རང་ངོ་སྤྲོད་པའི་དུས། །གང་ཟག་དེས་ནི་ཆོས་ཉིད་བདེན་མཐོང་ཚེ། །སེམས་ལ་དགའ་བ་སྐྱེས་པས་ས་དང་པོ། །སྣང་བ་ཐམས་ཅད་རིག་གདངས་རང་སྣང་ལ། །རང་ངོ་ཤེས་པ་དྲི་བྲལ་གཉིས་པ་ཡིན། །དེ་གོམས་བྱེད་པ་འོད་བྱེད་གསུམ་པའོ། །དེ་གོམས་འོད་གསལ་སྣ་ཚོགས་སྣང་བ་ཡིས། །

(༡༩༥)དེ་ཉིད་དུས་སུ་འོད་འཕྲོ་བཞི་པའོ། །དེ་ནས་ཡེ་ཤེས་སྣང་མཐོང་གོམས་པ་ཡིས། །ཉོན་མོངས་སྦྱངས་ནས་འོད་གསལ་རྒྱ་ཆེན་མཐོང་། །སྦྱང་དཀའ་བས་ནི་ལྔ་པ་ཐོབ་པའོ། །དེ་ནས་འོད་ལུས་ལྷ་སྐུ་མངོན་མཐོང་དུས། །མངོན་དུ་འགྱུར་བའི་དྲུག་པ་ཐོབ་པའོ། །དེ་གོམས་མཐར་ཕྱིན་ཉོན་མོངས་ཚོགས་རྣམས་ལས། །རིང་དུ་སོང་བ་བདུན་པ་ཐོབ་པའོ། །དེ་ནས་འོད་གསལ་གཡོ་མེད་གནས་པ་ནི། །མི་གཡོ་བས་ན་བརྒྱད་པ་ཐོབ་པའོ། །དེ་ནས་དཀྱིལ་འཁོར་ཡོངས་རྫོགས་མཐོང་བའི་ཚེ། །ལེགས་པའི་བློ་གྲོས་དགུ་པ་ཐོབ་པའོ། །དེ་ནས་ཡེ་ཤེས་རང་སྣང་ལྷུག་པར་ཤར། །ཆོས་ཀྱི་སྤྲིན་ལྟར་བཅུ་པ་ཐོབ་པའོ། །བྱང་ཆུབ་སེམས་པའི་ས་བཅུ་དང་དངོས་མིན་ཡང་། དོན་གྱིས་ཐོབ་ཕྱིར་སྦྱར་ནས་བཤད་པར་གསུངས།

(༡༩༦)ནང་གི་འབྲས་བུ་སྣང་བཞིའི་ཡེ་ཤེས་ཀྱི། །བཅུ་དྲུག་ས་རྣམས་རྫོགས་པའི་རིམ་པ་ནི། །ཆོས་ཉིད་མངོན་གསུམ་སྣང་བ་མཆེད་པ་མིག །ཉེ་བར་མཆེད་པ་མིག་གི་ཁོ་ན་ཉིད། །རྡོ་རྗེ་ལུག་རྒྱུད་མཐོང་བ་ཐོབ་པ་དང་། །དེ་ལ་གོམས་པ་རྙེད་པ་ཉེར་ཐོབ་བོ། །ཉམས་སྣང་གོང་འཕེལ་སྣང་བ་མཆེད་པའོ། །ཐིག་ལེ་མཐོང་བ་ཉེ་བར་མཆེད་པ་དང་། ཁ་དོག་ལྔ་ལྡན་ཤར་བ་ཐོབ་པ་དང་། འགུལ་འཁྲིགས་སྣ་ཚོགས་འཆར་བ་ཉེར་ཐོབ་བོ། །ཚད་ཕེབས་སྣང་བ་སྐུ་རྐྱང་མཆེད་པ་དང་། །ཡབ་ཡུམ་ཟུང་འབྲེལ་མཐོང་བ་ཉེར་མཆེད་དང་། །ཚོམ་བུ་ལྔ་གསལ་དུས་ན་ཐོབ་པའོ། །དཀྱིལ་འཁོར་རྫོགས་པར་མཐོང་བ་ཉེར་ཐོབ་བོ། །ཆོས་ཟད་སྐུ་དང་ཡེ་ཤེས་བྲལ་བ་མཆེད་པའོ། །སྟོང་པ་གཏད་མེད་ཉེ་བར་མཆེད་པ་དང་། །བརྗོད་མེད་

(༡༩༧)བསམ་བྲལ་ཡིན་པ་ཐོབ་པ་དང་། །བལྟར་མེད་ཆོས་ཉིད་མ་གྲུབ་ཉེར་ཐོབ་བོ། །སྣང་བཞིའི་ས་འདི་སྦྱང་བགྲོད་མེད་པས་ན། །རྩ་བ་རིག་པ་འོད་གསལ་ས་གཅིག་ལ། །སྣང་ཆ་སོ་སོ་དབྱེ་ནས་བསྟན་པ་ཡིན། །དོན་ལ་རིག་པའི་ས་གཅིག་ཡིན་པར་གསུངས། །རྡོ་རྗེ་འཆང་གིས་ཆེན་ཐོབ་པ་ལ། །དོན་དུ་ཐོབ་མེད་ལམ་ཡང་སྦྱང་དུ་མེད། །བསྐྱེད་རྫོགས་ཚོལ་སྒྲུབ་ངལ་བ་ཡེ་ནས་མེད། །རང་རིག་རྣམ་དག་གདོད་མའི་ས་གཅིག་ལ། །ཐེག་པ་ཀུན་འདུས་ས་ལམ་མ་ལུས་རྫོགས། །ཆོས་མཐོང་གོང་འཕེལ་གཉིས་ཀྱི་སྤྲུལ་སྐུ་དང་། །ཚད་ཕེབས་ལོངས་སྐུ་ཟད་པའི་ཆོས་སྐུ་ཡིན། །སླར་ཡང་ཤེལ་འོད་ནང་དུ་ནུབ་པ་ལྟར། །ཕྱི་སྣང་སྐུ་དང་ཞིང་ཁམས་ནང་དུ་ཐིམ། །སྐུ་གསུམ་ཡེ་ཤེས་འདུ་

(༡༩༨)འབྲལ་མེད་པར་བཞུགས། །དེ་ལྟར་ཆོས་སྐུ་དབྱིངས་ལས་མ་གཡོས་བཞིན། །གཟུགས་སྐུ་གཉིས་ཀྱིས་གང་འདུལ་འགྲོ་དོན་བྱེད། །དཔག་བསམ་ཤིང་དང་བུམ་པ་བཟང་པོ་བཞིན། །འགྲོ་དོན་རྒྱུན་མི་ཆད་པར་མཛད་པའོ། །གཞི་ཡེ་ཁྲེགས་ཆོད་རིག་པ་མངོན་དུ་གྱུར། ལམ་གྱི་སྣང་བཞི་ཡེ་ཤེས་མཐར་ཕྱིན་ཏེ། །འབྲས་བུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །གཞོན་ནུ་བུམ་སྐུའི་རྒྱལ་ས་ཟིན་པར་ཤོག །ཅེས་པ་འདི་དད་ལྡན་གྱི་སློབ་མཆོག་ཚེ་དབང་རྡོ་རྗེས་ལྷ་རེག་དང་ཐེག་ཆེན་གྱི་རྫས་དང་མཆོད་པའི་ཡོ་བྱད་བཅས་བསྐུལ་བར་བརྟེན་ནས་ཚིག་དོན་རིན་པོ་ཆེའི་མཛོད་དང་ཞབས་དཀར་ཚང་གི་ཐོད་རྒལ་ལ་གཞི་བྱས་བླ་མའི་མན་ངག་གིས་ཟུར་བརྒྱན་ཏེ་སོག་ཚ་པདྨ་ཡུལ་གྱི་ཁྲིམས་ཁངས་ནས་ཉམས་ལེན་འདོད་མཁན་རྣམས་ལ་ཡི་གེའི་དབུལ་སྐབས་དེ་དག་ལའང་ཅུང་ཟད་ནམ་སྙམ་ནས་གསང་སྐུང་དང་བཅས་ལ་གྲུབ་དབང་

(༡༩༩)རྫོགས་ཆེན་པ་བློ་གྲོས་རྒྱ་མཚོ་འམ་མ་ཏི་ས་རས་གང་ཤར་བློ་བྲིས་སུ་བགྱིས་པའོ། །འདི་ལ་འགལ་འཁྲུལ་ཉེས་བཤད་ཅི་མཆིས་པ། །ཆོས་བདག་རིག་འཛིན་སྲུང་མའི་ཚོགས་ལ་འཆགས། །ལེགས་པར་གནས་པའི་ཆ་ཙམ་མཆིས་སྲིད་ན། །མཐོང་ཐོས་དྲན་རེག་རིག་འཛིན་ས་ཐོབ་ཤོག །དགེའོ། དགེའོ། དགེའོ། སརྦ། མངྒ་ལཾ།། །།