cover

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

པོད་བཅོ་བརྒྱད་པ།

ཅོ་ནེ་གྲགས་པ་བཤད་སྒྲུབ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བསྙེན་གནས་ཀྱི་སྡོམ་པ་ལེན་ཚུལ།

བསྙེན་གནས་ཀྱི་སྡོམ་པ་ལེན་ཚུལ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡ། །འདིར་བསྙེན་གནས་ཀྱི་སྡོམ་པ་ལེན་པའི་ཚུལ་ཁྱད་པར་ཕྱེ་བ་ཞིག་བརྗོད་ན། དེ་ལེན་པ་ལ་ངན་སོང་ལས་ཐར་འདོད་ཙམ་དུ་མ་ཟད། འཁོར་བ་སྤྱི་ལས་ཐར་འདོད་ཡོད་པ་ཞིག་དགོས་ཤིང་། སྡོམ་པ་འདི་ཐོག་མར་ལེན་པའི་ཚེ་སོ་ཐར་གྱི་སྡོམ་ལྡན་ཞིག་གི་མདུན་དུ་ལེན་དགོས་ལ། ཕྱིས་དུས་བཟང་གསུམ་སོགས་ལ་བསྲུང་བའི་ཚེ་ཇི་ལྟར་བྱ་བ་ནི། དེ་ཡང་སྤྱིར་གང་ཟག་གཞན་གྱི་དྲུང་དུ་ལེན་དགོས་པར་བཤད་པ་ལྟར་ཡིན་ཡང་། དེ་ལྟར་ལེན་མ་ཐུབ་པའི་དམིགས་བསལ་ལྟ་བུར་རྟེན་གྱི་དྲུང་དུ་ལེན་ཚུལ་རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱིས་བཤད་པས། དང་པོ་གང་ཟག་གཞན་གྱི་དྲུང་དུ་ལེན་པའི་ཚེ། བྱུང་ན་སྟོན་པའི་སྐུ་ལ་སོགས་པའི་དྲུང་དུ་མཆོད་པ་བཤམས་ཏེ། ནམ་ལང་ཉི་མ་མ་ཤར་དུས་སུ་བསྒྲུབ་བྱ་དེ། རང་རང་རྟེན་ལ་ཕྱག་འཚལ་རང་ཉིད་མདུན་དུ་པུས་བཙུག་ཐལ་མོ་སྦྱར་ནས། རྟེན་དེ་ལ་སྟོན་པ་དངོས་ཀྱི་འདུ་ཤེས་དང་། རང་ལ་ཡང་སྟོན་པ་ལྟ་བུའི་འདུ་ཤེས་འཇོག་ཏུ་བཅུག་ལ། དལ་འབྱོར་རྙེད་དཀའ་ཚུལ་དང་། ངན་སོང་དང་འཁོར་བ་ལས་ཐར་འདོད་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་ཚུལ་དང་། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་འདོད་དགོས་ཚུལ་རྣམས་ཇི་ལྟར་འཚམ་པར་རེ་བཤད་ནས། དངོས་བཞི་ལ་མི་འདྲ་བ་ཡོད་ཀྱང་འདིར་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་སྔི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དང་། ཇི་སྲིད་འཚོའི་བར་གྱི་ཉ་སྟོང་ཚེས་བརྒྱད་ལ་བསྙེན་གནས་ཡན་ལག་བརྒྱད་པར་བཙུན་པས་གཟུང་དུ་གསོལ། ཞེས་ལན་གསུམ་བརྗོད་ཅིང་། གསུམ་པའི་མཇུག་ཏུ་སྡོམ་པ་སྐྱེ་བའི་བརྡ་སྤྲོད། དེ་ནི་ཕྱིས་སུ་རྟེན་གྱི་དྲུང་དུ་ཆོ་གས་བླངས་ན་སྐྱེ་བའི་དགོས་པ་དང་། གལ་ཏེ་ཆོ་གས་ལེན་པ་མ་གྲུབ་ཀྱང་། རྟེན་གྱི་དྲུང་དུ་ཕྱག་བྱས་ནས་བླངས་པའི་མོས་པ་བྱས་ན། སྔར་དུས་གཅིག་ཏུ་བླངས་པའི་རྟེན་འབྲེལ་གྱིས་སྐྱེ་བའི་གནད་ཡོད་པར་བཤད་པའི་ལུགས་ཡིན་པས་ལེགས། ཉི་མ་གཅིག་ཙམ་ཞིག་སྲུང་བ་ལ་ནི། སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་ཡན་ལག་བརྒྱད་པར་བཙུན་པས་གཟུང་དུ་གསོལ་ཞེས་པ་ཙམ་གྱིས་ཆོག །མཇུག་ཏུ་རང་གིས་ཐབས་ཡིན་ནོ། །དེས་ལེགས་སོ། །ཞེས་བྱ། གལ་ཏེ་ཉི་མ་ཤར་བའི་རྗེས་སུ་ལེན་འོང་ན་ཡང་བཟློག་ཏུ་མི་རུང་སྟེ། བཟློག་ན་དགེ་བའི་བར་ཆད་དུ་འགྱུར་རོ། །དེས་ན་དགོས་པའི་དབང་གཙོ་ཆེ་བར་བྱས་ཏེ། སྔར་བཞིན་བྱར་རུང་ངོ་། །གཞན་དུ་ན་སྡོམ་པ་ལེན་པའི་དུས་ཕྱི་བ་ཙམ་གྱིས་འགོག་ན། ངེས་འབྱུང་གི་བསམ་པ་མེད་ན་སྡོམ་པ་མི་སྐྱེ་བར་བཤད་པས་ཇི་ལྟར་བྱ། དེའི་ཚེ་ཁྱོད་ལ་ངེས་འབྱུང་གི་བློ་མེད་པས་སྡོམ་པ་མི་སྐྱེ་ཞེས་བྱས་ནས་བཟློག་ཏུ་མི་རུང་བ་བཞིན་ནོ། །བཟློག་ན་ནི་སྡོམ་པ་དངོས་སུ་མ་ཟད། སྡོམ་པ་རྗེས་མཐུན་པ་ལེགས་སྨོན་ཙམ་ལ་ཡང་བར་གཅོད་དུ་འགྱུར་བའམ་ཉེས་པ་ཡོད་པས་བཏང་སྙོམས་སུ་བྱ་དགོས་སྟེ། དཔེར་ན་རབ་བྱུང་དང་བསྙེན་རྫོགས་མང་པོ་སྟབས་གཅིག་བསྒྲུབ་པའི་སྐབས་བཞིན་ནོ། །གཞན་ཡང་ལུགས་མི་འདྲ་བ་མང་ཞིང་བསྲུང་བ་བརྗེད་ནས་ཟན་ཟོས་ཀྱང་བླངས་ཆོག་ལ། ཉིན་ཞག་ཕྱེད་པའི་བསྙེན་གནས་ཀྱང་ཡོད་པར་བཤད་པས། མདོར་ན་ཕྱོགས་གཅིག་མཐོང་ཙམ་གྱིས་མི་ཆོག་གི་སྤྱིར་བཏང་དམིགས་བསལ་དུས་དང་གནས་སྐབས་དགོས་དབང་སོགས་ཀྱང་ཤེས་དགོས་སོ། །མཇུག་ཏུ་བསླབ་པ་བརྗོད་པ་ནི། སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ཇི་ལྟར་བསྲུང་བ་དེ་བཞིན་དུ་བསྲུང་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་གྱིས་ཤིག །བཙུན་པ་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དང་། ཇི་སྲིད་འཚོའི་བར་གྱི་ཉ་སྟོང་ཚེས་བརྒྱད་ལ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། སང་ཉི་མ་མ་ཤར་གྱི་བར་དང་། ཇི་སྲིད་འཚོའི་བར་གྱི་ཉ་སྟོང་ཚེས་བརྒྱད་ལ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པར་བགྱིའོ། །ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །ལན་གཅིག་བརྗོད། ཐབས་ཡིན་ནོ་དང་། ལེགས་སོ་ཞེས་བྱའོ། །༈ གཉིས་པ་ཕྱིས་གང་ཟག་གཞན་གྱི་མདུན་དུ་ལེན་པར་མ་གྲུབ་ན་རྟེན་གྱི་དྲུང་དུ་ཆོ་གས་ལེན་པ་ནི། རྟེན་དེ་དག་ལ་སྟོན་པ་སོགས་དངོས་ཡིན་པའི་འདུ་ཤེས་བཞག་ནས། སྡོམ་པ་ལེན་འདོད་ཀྱི་བསམ་པས་ཕྱག་ལན་གསུམ་བྱས་ཏེ་པུས་མོ་བཙུགས་ནས་ཐལ་མོ་སྦྱར་ཏེ། སྟོན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཞེས་པ་ནས་སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་ཡན་ལག་བརྒྱད་པར་སྟོན་པས་གཟུང་དུ་གསོལ་ཞེས་པའི་བར་ལན་གསུམ་ཇར་ལྟར་དང་། མཇུག་དུ་སྟོན་པས་ཐབས་ཡིན་ནོ་ཞེས་གསུང་པར་མོས་ཏེ་རང་གིས་ལེགས་སོ་ཞེས་བརྗོད། བསླབ་པ་བརྗོད་པའི་ཚེ་ཡང་། སྟོན་པ་དགོངས་སུ་གསོལ། ཞེས་སོགས་ལན་གཅིག་བརྗོད། ཆོ་ག་འདི་ལྟར་མ་གྲུབ་ན་མོས་པས་ལེན་ཚུལ་ནི་ཇར་བཤད་པ་ལྟར་རོ། །སྡོམ་པ་འབོག་པ་པོ་ཡོད་ན་དེས་སྡོམ་པ་བསྲུང་པའི་ཕན་ཡོན་བསྡུ་ན་གནས་སྐབས་ལྷ་དང་མིའི་རྟེན་ཐོབ་པ་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་རོ་ཞེས་སོགས་སྐབས་བསྟུན་གྱིས་བརྗོད་པར་བྱའོ། །སྤྲོ་ན་ཕན་ཡོན་ལ་ལུང་མཚོན་ཙམ་ནི། བསྲུང་བ་པོ་དེ་མ་འོངས་པ་ན་བྱམས་པའི་བསྟན་པ་ལ་དགྲ་བཅོམ་པའི་གོ་འཕང་ཐོབ་པར་འགྱུར་ཞེས་གསུངས་ཏེ། བྱམས་པ་ལུང་བསྟན་པའི་མདོ་ལས། བཅུ་བཞི་དང་ནི་བཅོ་ལྔ་དང་། །དེ་བཞིན་ཟླ་གཅིག་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། ཡན་ལག་བརྒྱད་ལེགས་མཉམ་གཞག་ཅིང་། བསྙེན་གནས་གསོ་སྦྱོང་བྱས་ན་ནི། །ང་ཡི་བསྟན་ལ་ལྷགས་སོ་ཞེས། །དོན་འདི་རབ་ཏུ་གསུང་བར་འགྱུར། །ཞེས་གསུངས་ཤིང་། དེར་མ་ཟད། བསྲུང་མཁན་དེ་གནས་སྐབས་ལྷའི་རྒྱལ་པོར་འགྱུར་ཞིང་མཐར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་ཏེ། བརྒྱ་བྱིན་དང་སྟོན་པ་གཉིས་ཀས་མཐུན་པར། ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུང་ན། །དེ་ནི་ང་དང་འདྲ་བར་འགྱུར། །ཞེས་གསུངས་པ་དང་། འདུལ་བ་རྒྱ་མཚོའི་སྙིང་པོ་ལས། གནས་སྐབས་འབྲས་བུ་ལྷ་མི་དང་། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །འཐོབ་པར་འགྱུར་ཞེས་གསུངས་པའི་ཕྱིར། །ཞེས་བཤད་པ་ལྟར་རོ། །སྤྱིར་མདོའི་སྒྲས་ཟིན་ལས་ནི་འགྲོ་བ་གཞན་གྱི་རྟེན་ལ་བསྙེན་གནས་སྲུང་བ་ཡོད་པར་བཤད་ཀྱང་། དེ་ནི་ལུགས་གཞན་ཡིན་པ་དང་བར་མའི་དགེ་བ་ཙམ་ལ་དགོངས་ཀྱི། བྱེ་སྨྲའི་ལུགས་འདིར་བསྙེན་གནས་ཀྱི་སྡོམ་པ་མ་ཡིན་ལ། ཉིན་ཞག་ཕྱེད་པའི་བསྙེན་གནས་ཀྱི་སྡོམ་པ་ཡང་དེ་དངོས་མིན་ཏེ། ལེགས་སྤྱད་ཙམ་དང་བར་མའི་དགེ་བ་ཙམ་ཡིན་པའི་ཕྱིར་རོ། །སྨྱུང་གནས་ལ་བསྙེན་གནས་ཀྱི་ཐ་སྙད་ཡོད་ཀྱང་དོན་མི་འདྲ་སྟེ། སྨྱུང་གནས་ནི་ལྷའི་རྣལ་འབྱོར་ལ་གནས་ཚེ་ཟས་སྐོམ་བཀག་སྟེ་ལྟོགས་པར་གནས་པའི་དོན་ཡིན་ལ། བསྙེན་གནས་ཀྱི་སྒྲ་དོན་ནི་དགྲ་བཅོམ་ཐོབ་པ་དང་ཉེ་བར་གནས་པའི་དོན་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་གཉིས་ཀ་ཉིན་ཞག་གཅིག་ཙམ་དུ་ཁས་ལེན་པ་དང་། སྤང་བྱ་བརྒྱད་སྤོང་བར་ཁས་ལེན་པ་ཙམ་ལ་ནི་འདྲའོ། །ཞེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་གཞན་ལ་ཕན་འདོད་ཀྱི་བསམ་པས་སྦྱར་བའི་ཚེ། །པར་དུ་བརྐོ་བ་པོ་རང་གི་ཕྱག་གཡོག་འཇམ་དབྱངས་རྒྱ་མཚོའོ། །མངྒ་ལཾ། །

དགེ་བསྙེན་རབ་བྱུང་དགེ་ཚུལ་བསྙེན་རྫོགས་བཅས་བསྒྲུབ་ཚུལ་འཁྱེར་བདེ་མེ་ཏོག་ཕྲེང་མཛེས།

དགེ་བསྙེན་རབ་བྱུང་དགེ་ཚུལ་བསྙེན་རྫོགས་བཅས་བསྒྲུབ་ཚུལ་འཁྱེར་བདེ་མེ་ཏོག་ཕྲེང་མཛེས་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དང་པོར་ཐུགས་བ སྐྱེད་བར་དུ་ཚོགས་གཉིས་བསགས། །ཐ་མར་མངོན་སངས་རྒྱས་ནས་གདུལ་བྱ་ལ། །འཁོར་ལོ་རྣམ་གསུམ་བསྐོར་ནས་དོན་མཛད་པ། །ཟླ་མེད་སྟོན་པ་དེ་ལ་གུས་ཕྱག་འཚལ། །མགོན་དེས་གདུལ་བྱའི་དོན་དུ་བསླབ་གསུམ་དང་། །ཁྱད་པར་ཚུལ་ཁྲིམས་བསླབ་པ་མང་གསུངས་ལས། །རབ་བྱུང་བསྙེན་པར་རྫོགས་པའི་སྡོམ་པ་མཆོག །ཇི་ལྟར་ལེན་པའི་ཆོ་ག་འཁྱེར་བདེ་བརྗོད། །༈ དེ་ཡང་རབ་བྱུང་ནས་བསྙེན་རྫོགས་པར་གྱི་སྡོམ་པ་ཇི་ལྟར་ལེན་པའི་ཆོ་ག་རྒྱས་པ་ནི་བུ་སྟོན་རིན་པོ་ཆེ་དང་། རྒྱལ་དབང་ལྔ་བའི་ལས་ཆོག་ལས་འབྱུང་བ་ལྟར་ཡིན་པས་ལེགས་ཀྱང་། གཞན་འབོག་ཆོག་ཅུང་ཟད་བསྡུས་པ་ཡང་རེ་གཉིས་སྣང་སྟེ་དེ་དག་རྣམས་སུ་མཁན་སློབ་གཉིས་སོ་སོར་བྱེད་པ་དང་། གཅིག་གིས་ཀྱང་འཐུས་པའི་བཤད་པ་གཉིས་ཀ་འབྱུང་བའི་དབང་གིས་བློ་དམན་འགའ་ཞིག་གིས་དབྱེ་བ་ལེགས་པོར་མ་ཕྱེད་པའི་ཕྱག་ལེན་འཁྲུལ་བཅས་བྱེད་པར་མཐོང་ངོ་། །སྤྱིར་འཕགས་ཡུལ་ན་མཁན་སློབ་སོ་སོར་མཛད་པའི་སྲོལ་དར་ཡང་། བོད་ཀྱི་ཕྱོགས་འདིར་སྔོན་དུས་སུ་སོ་སོར་མཛད་པ་མང་ཞིང་ད་ལྟ་ནི་མཁན་སློབ་གཉིས་གཅིག་གིས་གོ་ཆོད་པའི་སྲོལ་དར་ཆེའོ། །དེས་ན་མཁན་སློབ་སོ་སོར་བྱེད་ན་ནི་དེ་ལ་ཞིབ་ཆ་མང་སྟེ་འདུལ་བའི་གཞུང་ཆེ་བ་ནས་ཤེས་པར་བྱ་ལ། འདིར་གཞན་འཇུག་བདེ་བའི་ཆེད་དུ་མཁན་སློབ་གཉིས་གཅིག་གིས་མཛད་པའི་ལུགས་ཙམ་ཞིག་གཞིར་བཞག་ནས་འཆད་ཅིང་། དེའི་ཚེ་བཤད་པ་རྒྱས་བསྡུས་ནི་སྐབས་དང་བསྟུན་ནོ། །དེ་ཡང་དགེ་བསྙེན། རབ་བྱུང་། དགེ་ཚུལ། བསྙེན་རྫོགས་རྣམས་ཇི་ལྟར་བྱ་བའི་ཚུལ་རིམ་པར་བརྗོད་པ་ལ། གང་དུ་བྱ་བའི་གནས་ཁང་བྱི་དོར་བྱས་ལ། སྟོན་པའི་སྐུ་བརྙན་བཟང་པོ་ཞིག་བཀྲམ་ནས་མདུན་དུ་མཆོད་པ་བཤམ། སྐུ་གསུང་ཐུགས་ཀྱི་རྟེན་གཞན་ཡོད་ན་ལེགས་མོད་མེད་ཀྱང་མི་འགལ། རབ་བྱུང་བསྙེན་རྫོགས་ཀྱི་ཡོ་བྱད་དགོས་པ་རྣམས་སྟ་གོན་བྱ་ཞིང་། དགེ་བསྙེན་དང་རབ་བྱུང་དགེ་ཚུལ་གསུམ་ལ་ལས་གྲལ་བ་ཡོད་ན་ལེགས་ཀྱང་མེད་ན་ནི་འགལ་བ་མེད་ལ། བསྙེན་རྫོགས་ལ་ནི་ལས་གྲལ་བའི་བསྙེན་རྫོགས་མང་པོ་ཡོད་ན་དང་། གཞན་དྲུག་གམ་ལྔ་དང་མ་ཐ་བཞི་ངེས་པར་དགོས་སོ། །ལས་གྲལ་བ་རྣམས་ལ་མེ་ཏོག་ཕུལ། བསྙེན་རྫོགས་བྱེད་པའི་ཚེ་ལྟུང་བཤགས་དང་ལྟུང་བ་སྤྱི་བཤགས་སྔོན་དུ་བྱས་ན་འཇུག་པ་བདེ། དེ་ནས་དགེ་བསྙེན་གཅིག་པུ་སྒྲུབ་པ་ལ་བར་ཆད་འདྲི་མི་དགོས་ཤིང་། རབ་བྱུང་དང་དཀྱུས་གཅིག་ལ་སྒྲུབ་ན་ནི་བར་ཆད་འདྲི་དགོས་སོ། །དེ་ཡང་ཐོག་མར་འདྲི་སྲོལ་ཡོད་པ་ལྟར་མཛད་ན། འོ། ཁྱེད་ཅག་རབ་ཏུ་འབྱུང་བ་ལ་བར་ཆད་ཀྱི་ཆོས་དང་མི་ལྡན་པ་ཞིག་དགོས་ལ། བར་ཆད་ཅན་རབ་བྱུང་སོགས་བྱས་ན་རྒྱུད་དེ་ལ་སྡོམ་པ་མི་སྐྱེ་བའམ། སྐྱེས་ཀྱང་ཡུན་དུ་མི་གནས་པ་སོགས་ཀྱིས་རྒྱུད་ལ་ཕན་མི་ཐོགས་ཤིང་། སྒྲུབ་མཁན་ལ་ཡང་ཉེས་པ་འབྱུང་བས་དྲི་བ་འདི་རྣམས་ལ་སེམས་མ་གཡེང་བར་ལན་ཐོབ་ཅིག །ཁྱེད་མུ་སྟེགས་ཅན་མ་ཡིན་ནམ། དེས་མ་ལགས་ཞེས་ལན་འདེབས་ཤིང་། དེ་བཞིན་དུ། ལོ་བཅྭོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅྭོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་མ་ཡིན་ནམ། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་མ༴ བྲན་ལ་སོགས་པ༴ བུ་ལོན་ཆགས་པ༴ ཕ་མས་མ་གནང་བ་མ་ཡིན་ནམ། ཕ་མས་མ་གནང་བ་ཡུལ་ཐག་མི་རིང་བ༴ ནད་པ༴ དགེ་སློང་མ་སུན་ཕྱུང་བ༴ རྐུ་ཐབས་སུ་གནས་པ༴ ཐ་དད་དུ་གནས་པ༴ གནས་པར་མི་བྱ་བ༴ ཟ་མ༴ མ་ནིང་༴ སྤྲུལ་པ༴ དུད་འགྲོ༴ མུ་སྟེགས་ཅན་ཞུགས་པ༴ མ་བསད་པ༴ ཕ་བསད་པ༴ དགྲ་བཅོམ་པ་བསད་པ༴ དགེ་འདུན་གྱི་དབྱེན་བྱས་པ༴ དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ༴ ཕམ་པར་འགྱུར་བའི་ལྟུང་བ་བཞི་པོ་དག་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ༴ རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པས་གནས་ནས་ཕྱུང་བ༴ ལག་རྡུམ་ལ་སོགས་པ༴ སྐྲ་སེར་ལ་སོགས་པ༴ སོར་མོ་གཅིག་པ་ལ་སོགས་པ༴ རྒྱལ་པོས་བཀྲབས་པ་ལ་སོགས་པ༴ རྒྱལ་པོས་མ་གནང་བ༴ རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ༴ ཆོམ་རྐུན་པར་གྲགས་པ༴ ཕུང་ཁྲོལ་བ༴ ལྷམ་མཁན༴ གདོལ་པ༴ གཡུང་པོ༴ མི་མ་ཡིན་པའི་འགྲོ་བ་པོ༴ བྱང་གི་སྒྲ་མི་སྙན་པ༴ མཚན་ལན་གསུམ་དུ་གྱུར་པ༴ སྐྱེས་པ་འདྲ་བའི་བུད་མེད༴ སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན༴ གླིང་གཞན་ནས་སྐྱེས་པ་ཚུལ་བྱད་མི་འདྲ་བ་མ་ཡིན་ནམ། ཞེས་དྲིས་པས། མ་ཡིན་ལགས་ཞེས་ཟེར་ན། འོ་ན། ཁོ་བོས་ཁྱོད་རབ་ཏུ་ད བྱུང་བར་བྱའོ། །ཞེས་སྐབས་དབྱེའོ། །དེ་ནས། བསྟན་པ་རིམ་གྱིས་བསླབ་པའི་ཕྱིར་དགེ་བསྙེན་དུ་བསྒྲུབ་པ་ལ། བསྒྲུབ་བྱ་དེ་དང་པོར་སྟོན་པ་ལ་ཕྱག་གསུམ་དང་། དེ་ནས་རང་ལ་ཡང་ཕྱག་གསུམ་བྱེད་དུ་བཅུག་སྟེ་མདུན་དུ་ཙོག་པུར་འདུག་ཏུ་འཇུག་ཅིང་། ཐལ་མོ་སྙིང་ཁར་སྦྱོར་དུ་བཅུག་ལ། ཁྱེད་རྣམས་སམ། ཁྱོད་དགེ་བསྙེན་དུ་སྒྲུབ་པ་ལ་བསམ་པ་འདི་བཞིན་གྱིས། ལུས་རྟེན་འདི་ལྟ་བུ་རྙེད་དཀའ་ཞིང་འཇིག་པར་སླ་བ་དང་། ཤི་ནས་ལས་ཀྱི་དབང་གིས་གར་སྐྱེ་རང་དབང་མེད་ཅིང་། གལ་ཏེ་ངན་འགྲོར་སྐྱེས་ན་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བས་དེ་ལ་སྐྱོབ་པའི་སྐྱབས་ནི་དཀོན་མཆོག་གསུམ་ཡིན་པས། དེ་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་དགོས། འདིར་ངན་སོང་ལས་ཐར་འདོད་ཡོད་པ་ཙམ་གྱིས་མི་ཆོག་གི འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་འཁོར་བ་སྤྱི་ལས་ཐར་འདོད་བསྐྱེད་དགོས། སྡོམ་པ་སྐྱེ་བའི་གཞི་ནི་སྐྱབས་འགྲོ་རྣམ་དག་དང་། འཁོར་བ་ལས་ཐར་འདོད་གཉིས་ཡིན་པས་དེ་གཉིས་རྣམ་དག་གམ། བཅོས་མ་ཚུན་ཆད་ཀྱིས་བསྐྱེད་དགོས་པ་ཡིན། དེར་མ་ཟད། སངས་རྒྱས་ཐོབ་འདོད་ཀྱང་དགོས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་བསླབ་པའི་གཞི་ལྔ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བླངས་ནས་མ་ཤིའི་བར་དུ་ལེགས་པར་སྲུང་སྙམ་པའི་བསམ་པ་ཁྱད་པར་ཅན་དུང་བ་ཞིག་བསྐྱེད་ལ། འདིའི་རྗེས་ཟློས་མཛོད་ཅིག །བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བར་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ། འདི་ལན་གསུམ་བརྗོད་དགོས་པས་གཉིས་པའི་རྗེས་ཟློས་གྱིིས། གསུམ་པ་སོང་བའི་རྗེས་སུ། འདི་ལ་སྐྱབས་བརྗོད། བདག་བརྗོད། གཞན་བརྗོད་གསུམ་ཡོད་པའི་བདག་བརྗོད་དགེ་བསྙེན་དུ་ཞེས་པའི་ཚིག་རྫོགས་པ་དང་མཉམ་དུ་ཁྱེད་ཀྱི་རྒྱུད་ལ་དགེ་བསྙེན་གྱི་སྡོམ་པ་སྐྱེ་ཞིང་། ངེད་ཁྱེད་ཀྱི་སློབ་དཔོན་དུ་གྱུར་པ་ཡིན་པས། དགེ་བསྙེན་དུ་ཞེས་པའི་སྐབས་སུ་ངས་སྐད་ཅུང་ཟད་མཐོ་བར་བྱས་ཏེ་སེ་གོལ་གྱི་བརྡ་སྤྲོད་པས། དེའི་ཚེ་བདག་གི་རྒྱུད་ལ་དགེ་བསྙེན་གྱི་སྡོམ་པ་སྐྱེས་པའི་དུས་ནི་འདི་ཡིན་སྙམ་པའི་ཐོབ་བློ་བསྐྱེད་པ་ཤིན་ཏུ་གལ་ཆེ་ཞིང་། སྡོམ་པ་ཐོབ་དུས་ཤེས་པ་དང་། སློབ་དཔོན་དུ་གྱུར་ནས་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བརྗོད་དགོས་པས། དེ་ཡིད་ལ་ཞོག་ལ་གསུམ་པའི་རྗེས་ཟློས་མཛོད། གསུམ་པ་སོང་བ་དང་སློབ་དཔོན་གྱིས། ཐབས་ཡིན་ནོ། །ཞེས་དང་། ལན་དུ་ལེགས་སོ། །ཞེས་བྱ། དགེ་ཚུལ་དུ་བསྒྲུབ་ན་འདིར་སློབ་པ་བརྗོད་མི་དགོས་ཤིང་། དགེ་བསྙེན་ཙམ་མ མ་རབ་བྱུང་མན་ཆད་བསྒྲུབ་ན་དེ་བརྗོད་དགོས་པས། བསླབ་པ་བརྗོད་པ་ནི། དེས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ཡིན། ཐོབ་ཀྱང་མ་བསྲུངས་ན་ཕན་ཡོན་མི་འབྱུང་བར་མ་ཟད། ཉེས་དམིགས་འབྱུང་བས་བསྲུང་ལུགས་སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་བསྲུང་བ་བཞིན་བདག་གིས་ཀྱང་བསྲུང་སྙམ་པ་གྱིས་ལ། འདིའི་ལད་མོ་གྱིས་ཤིག།༈ སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །ལན་གཅིག་གིས་ཆོག །ཐབས་ཡིན་ནོ་དང་། ལེགས་སོ་ཞེས་བརྗོད། དགེ་བསྙེན་གྱི་སྡོམ་པ་བླངས་ནས་སྐྱབས་འགྲོའི་བསླབ་བྱ་བ སྒྲུབ་དགོས་ཤིང་། དེ་ལ་མང་ཡང་བསྡུ་ན། འཇིག་རྟེན་པའི་ལྷ་ལ་དད་པས་ཕྱག་མི་འཚལ་བ་དང་། སེམས་ཅན་ལ་གནོད་འཚེ་སྤོང་བ་དང་། མུ་སྟེགས་ཅན་སོགས་དཀོན་མཆོག་ལ་མི་གུས་པ་ལ་སྙིང་གྲོགས་མི་བྱེད་པ་གསུམ་དང་། དཀོན་མཆོག་གསུམ་མཆོད་པ། སེམས་ཅན་ལ་སྙིང་བརྩེ་བ། དམ་པའི་ཆོས་ཉན་པ། བསླབ་པ་སྲུང་བ་སོགས་དང་། མདོར་ན་མི་དགེ་བཅུ་སྤོང་ཞིང་དགེ་བཅུ་ཅི་ནུས་སུ་བསྒྲུབ་པ་ལ་འབད་པར་བྱའོ།། ༈ །།དེ་ནས་རབ་བྱུང་དུ་སྒྲུབ་པ་ལ། གདིང་བ་དང་དེའི་སྟེང་དུ་བླ་གོས་ལེགས་པར་བལྟབ་ཏེ་འཇོག་པ་དང་། ལྷུང་བཟེད་དང་ཆུ་ཚགས་སོགས་སྟ་གོན་བྱ། འདིར་ཞུ་ཡུལ་དགེ་སློང་བཞི་སོགས་ཡོད་ན་ཞུ་བའི་ཚུལ་བཤད་ཀྱང་དེ་ནི་རྒྱས་པའི་ལུགས་ཡིན་པས་གྲུབ་ན་བྱས་ཆོག་མོད། མ་གྲུབ་ཀྱང་མི་འགལ་བར་ངེས་པས་བསྡུས་པའི་སྐབས་སུ་བཞག་སྟེ། བསྒྲུབ་བྱས་མཁན་པོར་འོས་པ་ལ་ཕྱག་གསུམ་བྱས་ནས་མདུན་དུ་ཙོག་པུར་ཐལ་མོ་སྦྱོར་དུ་བཅུག་ལ། ཁྱེད་རྣམས་སམ། ཁྱེད་རབ་བྱུང་དུ་སྒྲུབ་པ་ལ་མཁན་པོ་ཞིག་དགོས་ཤིང་། དེ་ཡང་གང་རུང་རུང་གིས་མི་ཆོག་པས་བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པ་དང་། འདུལ་བ་ཤེས་པའི་བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་ཞིག་དགོས་ཤིང་། དེ་ལྟ་བུ་ཁོ་བོས་འགྲུབ་རུང་དུ་ཡོད་པས་སྔར་གྱི་སློབ་དཔོན་ལ་མཁན་པོ་ཞུ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ལ་མཁན་པོར་གསོལ་གྱིས། སློབ་དཔོན་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་བདག་རབ་ཏུ་དབྱུང་བར་བགྱིའོ། །ཞེས་ལན་གཉིས་བརྗོད་དེ། གསུམ་པའི་སྐབས་སུ་མཁན་པོ་མཛད་དུ་གསོལ་ཞེས་པའི་མཇུག་ཏུ་ངེད་ཁྱེད་ཀྱི་མཁན་པོར་འགྱུར་བ་ཡིན་པས། དེ་ཡིད་ལ་ཞོག་ལ་གསུམ་པའི་རྗེས་ཟློས་ཀྱིས། གསུམ་པ་སོང་བའི་མཇུག་ཏུ་ཐབས་ལེགས་བྱའོ། །མཁན་པོར་གསོལ་བ་བཏབ་པའི་བསླབ་བྱར་མཁན་པོ་ལ་སྟོན་པའི་འདུ་ཤེས་འཇོག་ཅིང་གུས་པ་དང་། བསྙེན་བཀུར་དང་། བཀའ་བསྒྲུབ་པ་སོགས་བྱ་དགོས་སོ། །དེ་ནས་གཙུག་ཕུད་འབྲེགས་པའི་དགེ་སློང་ཞིག་ལ་འདིའི་གཙུག་ཕུད་འབྲེགས་པའི་གྲོགས་ལྡན་མཛོད་ཅིག་ཅེས་བསྒོ། དེས་ཆུ་བུམ་དང་སྐྲ་གྲི་བཟུང་ནས་གཡས་མཆོག་སྦྱིན་བྱས་པ་དེའི་སྤྱི་བོར་གཏུགས་ཏེ། ཁྱོད་གཙུག་ཕུད་འབྲེགས་པ་ལ་སྤྲོའམ་ཞེས་འདྲི་ཞིང་། དེས་ཀྱང་སྤྲོ་ལགས་ཞེས་བྱས་ནས་བྲེག་པ་མཁན་པོ་ལ་ཕུལ། མཁན་པོས་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་དགྱེས་པ་ཆེན་པོ་མཛད་དུ་གསོལ། ཞེས་བརྗོད་ཅིང་རྟེན་ཕྱོགས་སུ་གཏོར། དེ་ནས་ཡན་ལག་ལྔ་ཆུས་བཀྲུ་བའམ་ཁ་བཤལ། དེ་ནས་མཁན་པོའི་མདུན་ནས་ཕྱག་གསུམ་བྱས་ཏེ་ཙོག་བུར་འདུག་པའི་ཕྲག་གཡོན་ལ་གདིང་བ། མཐང་གོས། བླ་གོས་གསུམ་ནང་ལ་བརྒྱད་བལྟབ་ཏུ་བཀལ་ནས། ཆོས་གོས་ཀྱི་སྣེ་མོ་བསྒྲུབ་བྱའི་ལག་པ་གཡོན་པའི་ཁར་བཞག །གཉིས་ཀའི་ལག་པ་གཡས་པས་སྟེང་ནས་བཀབ་སྟེ། འདི་སྟོད་དུ་རྒྱུན་ཏུ་གྱོན་པའི་ཆོས་གོས་བླ་གོས་ཞེས་བྱ་བ་ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་འགྱུར་བ་དགེ་སྦྱོང་གི་དྲན་པ་གསོ་བ། སྦྲང་བུ་དང་ཤ་སྤྲང་དང་རླུང་དང་ཉི་མ་ལ་སོགས་པའི་ཚ་གྲང་གི་རེག་པ་ལས་སྐྱོབ་པའི་གོས་སུ་སྟོན་པས་གནང་བ་ཡིན་པས། དུས་རྒྱུན་ཏུ་སྟོད་གཡོགས་འདི་འདྲ་རེ་འཆང་སྙམ་པ་གྱིས། ཞེས་བྱས་ལ་ཕྲག་པ་གཡས་ལ་བཞག །མཐང་གོས་ཡང་སྔར་བཞིན་བཟུང་ལ། འདི་སྨད་དུ་གྱོན་པར་བྱེད་པའི་མཐང་གོས་ཞེས་བྱ་བ་སྨད་གཅེར་བ་དང་ངོ་ཚ་བའི་གནས་ལས་སྐྱོབ། སྦྲང་བུ་ལ་སོགས་པའི་རེག་པ་ལས་སྲུང་། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་འབྱུང་ཞིང་། དགེ་སྦྱོང་གི་དྲན་པ་གསོ་བའི་གོས་སུ་སྟོན་པས་གནང་བ་ཡིན་པས། དུས་རྒྱུན་ཏུ་སྨད་གཡོགས་འདི་ལྟ་བུ་རེ་འཆང་སྙམ་པ་གྱིས། སྟོན་པས་ཀྱང་སྟོད་གཡོགས་སྨད་གཡོགས་འདི་ལྟ་བུ་བསྣམས་ནས་འདིའི་ལམ་ལ་བསླབ་སྟེ་སངས་རྒྱས་ནས། རྗེས་འཇུག་རྣམས་ལ་གོས་འདི་ལྟ་བུ་གནང་བ་ཡིན་པས། གོས་འདི་ལྟ་བུ་གྱོན་ལ་སེམས་དུལ་བ་དང་ཞི་བར་བྱེད་དགོས་པ་ཡིན་ཞེས་བྱས་ལ་གཡས་སུ་སྤོ། ལྷུང་བཟེད་ནང་དུ་འབྲུ་བླུགས་ལ་གཉིས་ཀའི་ལག་པ་གཡོན་འོག་དང་། གཡས་སྟེང་ནས་བཟུང་སྟེ། འདི་ལྷུང་བཟེད་ཅེས་བྱ་བ་ཁྱིམ་པའི་ཁ་ཕོར། མུ་སྟེགས་ཀྱི་སློང་ཕོར། རབ་བྱུང་དམན་པ་གཞན་ལས་སྣོད་སྤྱད་ཀྱི་རྟགས་ཁྱད་པར་ཅན་དུ་གྱུར་པ་ཡིན། འདི་ཟས་ཀྱིས་འགེངས་པ་བཞིན་དུ་རང་གི་ཤེས་རྒྱུད་ཡོན་ཏན་གྱིས་འགེངས། འདིའི་ནང་ནས་ཟས་ལ་ལོངས་སྤྱོད་པ་བཞིན་དུ་ཆོས་ལ་ལོངས་སྤྱོད། མཐའ་གཉིས་སྤངས་པའི་བསོད་སྙོམས་སྤྱོད་པའི་སྣོད་དུ་སྟོན་པས་གནང་བ་ཡིན་པས་དུས་རྒྱུན་ཏུ་སྣོད་སྤྱད་འདི་འདྲ་རེ་འཆང་སྙམ་པ་གྱིས། དེ་ནས་གདིང་བ་སྔར་བཞིན་བྱས་ལ། འདི་གདིང་བ་བྱ་བ་ཁྱིམ་པའི་དཀར་པོ། གང་ཟག་གི་ཁྲ་བོ་ཕལ་ཆེར་མ་ཉམས་པ་དང་། དགེ་འདུན་གྱི་རྩྭའི་གདན་མ་གཏོགས་གནས་མལ་ལ་ལོངས་སྤྱོད་པའི་དུས་སུ་འདིས་བསྐྱབས་ནས་ལོངས་སྤྱོད་དགོས་པ་ཡིན། ཆུ་ཚགས་གཏད་ལ། འདི་ཆུ་ཚགས་བྱ་བ་སངས་རྒྱས་ཀྱི་བསྟན་པ་ནི་སྙིང་རྗེས་རབ་ཏུ་ཕྱེ་བ་ཡིན་ཞིང་། སོ་སོར་ཐར་པའི་སྡོམ་པ་ནི་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་ཡིན་པས། སེམས་ཅན་ཐམས་ཅད་ལ་གནོད་པ་སྤང་དགོས། ཁྱད་པར་དུ་ཆུ་འདི་འབྲེལ་ཆེ་འབྱུང་ཉེ། ནང་ནུབ་ཏུ་ཆུ་ལ་ལོངས་སྤྱོད་དགོས་པས་ཆུ་ཚགས་འདི་འདྲ་རེ་འཆང་སྙམ་པ་དང་། དེས་མཚོན་ནས་ཡོ་བྱད་གང་ལ་ཡང་སྲོག་ཆགས་ལ་མི་གནོད་པ་བྱེད་དགོས་སོ། །ཞེས་བརྗོད་དེ་སྦྱིན། དེ་ནས་མཐང་གོས་ཉིས་བལྟ བ་བྱས་པ་རྒྱ བ་ནས་བསྐོན། དེའི་སྟེང་དུ་བླ་གོས་བརྐྱང་པ་བསྐོན་ཏེ། གཡས་གཡོན་གྱི་སྣེ་མོ་གཉིས་མདུན་དུ་ལྷན་ཅིག་ཏུ་བྱས་ནས་ཐལ་མོ་སྦྱོར་དུ་བཅུག་སྟེ། མཁན་པོ་དགེ་འདུན་རྣམས་ཀྱིས་མེ་ཏོག་གཏོར་བཞིན་པར། ཐར་བའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ཚངས་པར་སྤྱོད་པ་ཚེ་མཐར་ཕྱིན་པར་གྱུར་ཅིག །ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རབ་ཏུ་བྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པར་གྱུར་ཅིག །ཅེས་སྨོན་ལམ་གདབ། དེ་ནས་བསྒྲུབ་བྱའི་གདིང་བ་ཉིས་བལྟབ་བྱས་པའི་གླེགས་བུ་ཕྱེད་པ་མདུན་ཕྱོགས་སུ་འོང་བར་བྱས་ཏེ་བཏིང་། བསྒྲུབ་བྱས་དེའི་སྟེང་ནས་སྟོན་པ་དང་མཁན་པོ་ལ་ཕྱག་གསུམ་རེ་བྱས་ཏེ་མདུན་དུ་ཙོག་བུར་འདུག་སྟེ་ཐལ་མོ་སྙིང་ཁར་སྦྱོར་དུ་བཅུག་ལ། ཁྱོད་རབ་བྱུང་དུ་སྒྲུབ་པ་འདོད་པ་དེ་ལེགས། ལེགས་པའི་རྒྱུ་མཚན་མང་ཡང་། དུས་གསུམ་གྱི་སངས་རྒྱས་འཚང་རྒྱ་བའི་ཚེ་ཁྱིམ་པའི་རྟེན་སྤངས་ཏེ། རབ་བྱུང་གི་རྟེན་ལ་འཚང་རྒྱ་བ་ཡིན་གྱི། ཁྱིམ་པའི་རྟེན་ལ་སངས་རྒྱས་པ་མེད། ཁྱིམ་པའི་རྟེན་ལ་སྦྱིན་པ་གཏོང་བ་དང་། དགེ་སྦྱོར་གཞན་བྱས་པ་ལས་རབ་བྱུང་གི་རྟེན་ལ་སྦྱིན་གཏོང་དང་། དགེ་སྦྱོར་བྱས་པ་ཐམས་ཅད་ལྷག་པར་ཕན་ཡོན་ཆེ། ཁྱིམ་པའི་རྟེན་ལ་ཆོས་བསྒྲུབ་དཀའ་ཞིང་རབ་བྱུང་གི་རྟེན་ལ་སྒྲུབ་སླ་བ་སོགས་ཁྱད་ཆོས་དུ་མ་ཡོད་པས་རབ་བྱུང་དུ་སྒྲུབ་པ་དོན་ཆེ། འདི་ལ་བརྗེ་བ་རྣམ་པ་གསུམ་དང་ལྡན་དགོས་ཤིང་། དེ་ཡང་རྟགས་ཆ་ལུགས་བརྗེ་བ། བསམ་པ་བརྗེ་བ། མིང་བརྗེ་བ་གསུམ་ལས། དང་པོ་ནི། རབ་བྱུང་གི་ཆ་ལུགས་སུ་བསྒྱུར་བ་དེ་ཡིན། བསམ་པ་བརྗེ་བ་ནི། ཁྱིམ་གྱི་ཉེས་དམིགས་རྣམས་ཤེས་ཤིང་། རབ་ཏུ་བྱུང་བའི་ཕན་ཡོན་རྣམས་བསམ་པ་དང་། འཁོར་བ་དང་ངན་སོང་གི་འཇིགས་པས་ཡིད་སྐྲག་སྟེ་དེ་ལས་ཐར་འདོད་ཀྱིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་དཀོན་མཆོག་ལ་སྐྱབས་སུ་སོང་ནས། རབ་བྱུང་གི་ཚུལ་ཁྲིམས་བླངས་ཏེ་མ་ཤིའི་བར་དུ་བསྲུང་སྙམ་པའི་བསམ་པ་ཤུགས་དྲག་བྱེད་དགོས་པ་ཡིན། མིང་བརྗེ་བ་ནི། ཁྱོད་ཀྱི་མིང་ལ་འདི་བཞིན་གྱིས་ཞེས་བྱས་ལ་མིང་སྤོ། དེ་ཡང་དཔལ་དང་གྲགས་པ་དང་བཟང་པོ་དང་དོན་ཡོད་དང་འོད་ཟེར་སོགས་དང་། མཁན་པོའི་མིང་གི་མཐའ་ཅན་གང་རུང་བྱ། མིང་སྤོས་ཏེ། ད་འདིའི་རྗེས་ཟློས་མཛོད། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེངྒེ། ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་སྤོང་ངོ་། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །ཞེས་ལན་གསུམ་བརྗོད་དེ་ཐབས་ལེགས་བྱ། རབ་ཏུ་བྱུང་བའི་བསླབ་བྱ་ནི། དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་ཁྱིམ་པའི་རྟགས་སྤོང་བ་དང་། རབ་བྱུང་གི་རྟགས་ཆ་ལུགས་དང་ལྡན་པ་དང་། མཁན་པོ་ལ་གུས་པ་སོགས་བྱེད་དགོས་སོ། །རབ་བྱུང་གཅིག་པུ་བསྒྲུབ་ན་ཕྱག་གསུམ་འཚལ་དུ་བཅུག་ལ། འགྲེང་ནས་ཐལ་མོ་སྦྱར་ཏེ། མཁན་པོ་རིན་པོ་ཆེ་བཀའ་དྲིན་ཆེ་ལགས་ཞེས་བརྗོད་དུ་གཞུག །མཁན་པོ་འཁོར་བཅས་ཀྱིས་མེ་ཏོག་འཐོར་ཞིང་། ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག་ཅེས་སོགས་དང་། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། ཞེས་སོགས་བརྗོད་པར་བྱའོ།། ༈ །། དེ་ནས་དགེ་ཚུལ་དུ་བསྒྲུབ་པ་ནི། ཐོག་མར་སྟོན་པ་དང་དེ་ནས་རང་ལ་ཕྱག་གསུམ་རེ་བྱེད་དུ་འཇུག་ཅིང་། མདུན་དུ་ཙོག་པུར་འདུག་སྟེ་ཐལ་མོ་སྙིང་ཁར་སྦྱོར་དུ་བཅུག་ནས། ཁྱོད་དགེ་ཚུལ་དུ་བསྒྲུབ་པ་ལ་ངེས་འབྱུང་གི་བསམ་པ་གལ་ཆེ་བས། ངེས་འབྱུང་གི་བསམ་པ་ནི་འཁོར་བ་ལས་ཐར་འདོད་ཀྱི་བློ་ཞིག་ལ་བྱེད་པ་ཡིན་པས། དེ་ཡང་མདོ་དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། ཞེས་གསུངས་པ་ལྟར། དམྱལ་བ་ན་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་གྱི༴ དུད་འགྲོ་ལ་གཅིག་གིས་གཅིག་གསོད་ཅིང་ཟ་བ་དང་བཀོལ་སྤྱོད་ཀྱི༴ མི་ལ་ཚེ་ཐུང་ཞིང་ན་རྒ་འཆི་བ་དང་ཕོངས་པའི༴ འདོད་ལྷ་རྣམས་ནི་ཚེ་འདིར་བག་མེད་དུ་གཡེངས་ཤིང་ཕྱི་མར་ངན་འགྲོར་ལྟུང་བའི་སྡུག་བསྔལ་ཡོད་ཅིང་། མདོར་ན་འཁོར་བ་ཁབ་ཀྱི་རྩེ་ལྟ་བུ་ཆུང་བ་ཞིག་ལའང་སྡུག་བདེན་དང་མ་འདྲེས་པའི་བདེ་བ་མེད་པས། ཁམས་གསུམ་པོ་གང་དུ་གནས་པ་དང་། གང་དང་འགྲོགས་པ་དང་། གང་ལ་ལོངས་སྤྱོད་པ་ཐམས་ཅད་ཀྱང་སྡུག་བསྔལ་བདེན་པ་ལས་མ་འདས། དེས་ན་ངན་སོང་དུ་མ་ཟད། འཁོར་བའི་སྡུག་བསྔལ་མཐའ་དག་ལས་ཐར་འདོད་དགོས་ཤིང་དེ་ལས་ཐར་བའི་སྐྱབས་དམ་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས། དེའི་ཕྱིར་དུ་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སྟོན་པ། དམ་པའི་ཆོས་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་ཞུ་བའི་སྐྱབས་འགྲོ་དང་བཅས་པའི་སྒོ་ནས་དགེ་ཚུལ་གྱི་སྡོམ་པ་བླངས་ཏེ་བསླབ་པའི་གཞི་བཅུ་པོ་རྣམས་ལེགས་པར་བསུང་བར་བྱའོ་སྙམ་པའི་བསམ་པ་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། དེ་ནས་སྔར་གྱི་རབ་བྱུང་སྒྲུབ་མཁན་དེ་མིན་ན་དེ་ལུགས་ཤེས་དགོས་ཀྱང་འདིར་དེ་ཡིན་པ་གཞིར་བྱས་ན། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་བཙུན་པས་བཟུང་དུ་གསོལ། ཞེས་པ་ལན་གཉིས་སོང་ནས། གསུམ་པའི་སྐབས་སུ་ཁྱེད་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ཡིན་ཏེ། དེ་ཡང་སྐྱབས་བརྗོད་བདག་བརྗོད་གཉིས་རྫོགས་པའི་མཇུག་གཞན་བརྗོད་ཀྱི་ཐོག་མར་དགེ་ཚུལ་དུ་ཞེས་པའི་ཚིག་རྗོགས་པ་དང་མཉམ་དུ་སྐྱེ་ཞིང་། སྐྱེས་པ་ན་ངེད་ཁྱེད་ཀྱི་དགེ་ཚུལ་གྱི་སློབ་དཔོན་དུ་གྱུར་པ་ཡིན་པས། དགེ་ཚུལ་དུ་ཞེས་པའི་སྐབས་སུ་དེས་སྐད་ཀྱི་གཟེངས་མཐོ་བ་དང་། སེ་གོལ་གྱི་བརྡ་སྤྲོད་པས་དེའི་དུས་སུ་བདག་གི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེས་པ་ཡིན་ནོ་སྙམ་པའི་ཐོབ་བློ་སྐྱེས་པ་ཤིན་ཏུ་གལ་ཆེ། སློབ་དཔོན་དུ་གྱུར་ནས་བཙུན་པ་ཞེས་མི་བརྗོད་པར་སློབ་དཔོན་ཞེས་བརྗོད་དགོས་པས་དེ་ཡིད་ལ་བཟུང་ནས་གསུམ་པའི་རྗེས་ཟློས་གྱིས་ཞེས་བརྗོད། གསུམ་པ་སོང་བ་དང་སློབ་དཔོན་གྱིས་དེ་དགེ་ཚུལ་དུ་བསྒྲུབ་པའི་ཐབས་ཡིན་ནོ་དང་། དེས་ལེགས་སོ་བྱའོ། །དེས་དངོས་གཞིའི་ཆོ་ག་གྲུབ། མཇུག་གི་ཆོ་ག་ལ་དུས་གོ་བ་དང་བསླབ་པ་བརྗོད་པ་གཉིས་ཡོད་ཀྱང་དགེ་ཚུལ་ཙམ་བསྒྲུབ་ན་སྐབས་འདིར་བྱ་དགོས་ཤིང་། བསྙེན་རྫོགས་སུ་བསྒྲུབ་ན་ནི་དེའི་དུས་གོ་དང་བསླབ་པ་བརྗོད་པའི་ནང་དུ་བསྡུས་པས་འདིར་སྒོས་སུ་བྱ་མི་དགོས་སོ། །བསྙེན་རྫོགས་མི་བྱེད་ན། མཇུག་གི་ཆོ་ག་ལ་གཉིས་ཡོད་པའི་དུས་གོ་བ་ནི་མང་དུ་ཐོས་པའི་གནས་བརྟན་ཆེ་གེ་མོས་མཛོད་ཅེས་བསྒོ། དེ་ནས་དེ་ཉིད་ཉི་མ་ཡོད་སར་ཕྱིན་ནས་ཐུར་མ་སོར་བཞི་པས་གྲིབ་ཚོད་གཞལ་ཏེ། ཐུར་མའི་གྲིབ་མ་སོར་བཞི་ལ་སྐྱེས་བུ་དང་། སོར་གསུམ་མན་ལ་རྐང་བའི་ཐ་སྙད་བྱས་པའི་དུས་ཚོད་ངེས་པར་བྱས་ནས་གྲལ་ལ་འཁོད། དུས་གོ་བརྗོད་ཚུལ་རྒྱས་པ་ནི་བསྙེན་རྫོགས་ཀྱི་སྐབས་ལྟར་ཡིན་ལ། འདིར་ཅུང་ཟད་བསྡུས་ཏེ་བརྗོད་ན། ཁྱེད་དགེ་ཚུལ་དུ་བསྒྲུབ་པའི་མཇུག་ཆོག་ལ་གཉིས་ཡོད་པའི་དང་པོ་དུས་གོ་བ་ནི། ཁྱེད་ཀྱིས་དགེ་ཚུལ་གྱི་སྡོམ་པ་ཐོབ་པའི་དུས་ནི། ལོའི་དབང་དུ་བྱས་ན་ལོ་འདི་ཡིན། ཟླ་བའི་དབང་བྱས་ནས་ཟླ་བ་འདི་ཡིན། ཟླ་བའི་ཡར་ངོ་མར་ངོ་གཉིས་ལས་འདི་ཡིན། སྔ་དྲོ་ཕྱི་དྲོ་གཉིས་ལས་འདི་ཡིན། གྲིབ་ཚོད་སྐྱེས་བུ་གཅིག་དང་། རྐང་པ་གཅིག་སོགས་སོང་བའི་དུས་སུ་ཁྱོད་ཀྱིས་དགེ་ཚུལ་གྱི་སྡོམ་པ་ཐོབ་པ་ཡིན། དེ་ཡིད་ལ་ཞོག་ལ་བསྙེན་བཀུར་གྱི་གནས་དགེ་སློང་རྣམས་དང་། རང་ལས་རྒན་པའི་དགེ་ཚུལ་རྣམས་ཡིན་པས་རྙེད་པ་དང་པོར་འབུལ་ཞིང་། ཕྱག་དང་སྔོན་དུ་ལྡང་བ་སོགས་བྱ་ཞིང་རང་ལས་བསླབ་པ་གཞོན་པའི་དགེ་ཚུལ་དང་། བར་མ་རབ་བྱུང་དང་། དགེ་བསྙེན་ཕ་མ་སོགས་ཀྱི་ཕྱག་དང་བསྙེན་བཀུར་དང་དུ་ལོང་། དེ་ལྟར་བྱས་ན་བསྟན་པའི་གོ་རིམ་ཤེས་པ་དང་། བསླབ་པ་ལ་གུས་པའི་ཕན་ཡོན་ཡོད་དོ། །མཇུག་ཆོག་གཉིས་པ་བསླབ་པ་བརྗོད་པ་ནི། སྡོམ་པ་ཐོབ་པ་ཙམ་གྱིས་མི་ཆོག་གི་བསྲུང་དགོས་ཤིང་། བསྲུང་ལུགས་ནི་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་སྤང་བྱ་བཅུ་སྤངས་ཤིང་དེ་ལས་སླར་ལོག་པར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་དེ་ལྟར་བསླབ་པར་བྱའོ་སྙམ་སྟེ་འདིའི་རྗེས་ཟློས་ཀྱིས། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དེ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་རོལ་མོའི་སྒྲ་དང་། ཕྲེང་བ་དང་སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བཅུ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །ཐབས་ཡིན་ནོ་དང་ལེགས་སོ་བྱའོ། །དེ་ལྟར་བླངས་ནས་བསྲུང་བའི་ཕན་ཡོན་དང་། མ་བསྲུང་བའི་ཉེས་དམིགས་རྣམས་ཤེས་པར་བྱ་ཞིང་། གལ་ཏེ་ལྟུང་བས་གོས་པར་གྱུར་ན་ནི་བཤགས་སྡོམ་གཞུང་ནས་འབྱུང་བ་བཞིན་བྱའོ། །དེ་ནས་ཕྱག་བྱས་ཏེ། སློབ་དཔོན་རིན་པོ་ཆེ་བཀའ་དྲིན་ཆེ་ལགས། ཞེས་ཞུ་ཞིང་། སློབ་དཔོན་འཁོར་བཅས་ཀྱིས་མེ་ཏོག་འཐོར་བ་དང་། གོང་གི་སྨོན་ལམ་བཞི་གདབ། བཞི་པའི་ཚེ་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་དང་ལྡན་པར་གྱུར་ཅིག་ཅེས་བསྒྱུར་ཁྲིམས་ཀྱི་ཚུལ་ཁྲིམས་སོགས་ཀྱང་བརྗོད་པར་བྱའོ།། ༈ །།དེ་ནས་བསྙེན་རྫོགས་སུ་བསྒྲུབ་ལ། །བསྒྲུབ་བྱ་དེའི་ཆོས་གོས་གསུམ་དང་ལྷུང་བཟེད་གདིང་བ་སོགས་ཡོ་བྱད་རྣམས་སྟ་གོན་བྱ། མཁན་སློབ་ཏུ་འོས་པ་དང་ཁ་སྐོང་དུ་འོས་པའི་དགེ་སློང་རྣམས་དང་སྟོན་པའི་སྐུ་བརྙན་མཆོད་པ་དང་བཅས་པ་རྣམས་སྟ་གོན་བྱ་ཞིང་། ལྟུང་བཤགས་དང་སྤྱི་བཤགས་སོགས་སྔར་མ་བྱས་ན་འདིར་བྱ། མེ་ཏོག་འགྱེད་ཅིང་རྩ་ཕ་གུ་བཅས་པ་ཡང་སྟ་གོན་བྱས་ཏེ། མཁན་སློབ་ཏུ་འོས་པ་ལངས་ནས་སམ། འདུག་བཞིན་པར་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་ན། དགེ་སློང་མང་དུ་ཐོས་པའི་འདུལ་བ་འཛིན་པ་ཆེ་གེ་མོ་ཁྱོད་ཀྱིས་གསང་སྟེ་སྟོན་པའི་སློབ་དཔོན་མཛད་པར་ཞུ། འདི་ནི་མཁན་སློབ་གཉིས་གཅིག་གིས་མཛད་པའི་དབང་དུ་བྱས་པ་ཡིན། གཞན་རྣམས་ཀྱིས་ལས་ཀྱི་ཁ་སྐོང་མཛད་ནས་ཚེ་དང་ལྡན་པ་འདི་ལའམ། འདི་དག་ལ་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་ཞིག་བཀས་གནང་བར་ཞུ། ཞེས་གསོལ་བ་བཏབ་ནས་སྟོན་པ་ལ་མེ་ཏོག་གཏོར། དེ་ནས་བསྒྲུབ་བྱ་ལ་སྟོན་པའི་སྐུ་གཟུགས་འདི་ལ་སྟོན་པ་དངོས་ཀྱི་འདུ་ཤེས་ཞོག་ལ་ཕྱག་གསུམ་གྱིས། ཞེས་བརྗོད། དེ་ཚར་བ་དང་། ཁྱེད་རང་དགེ་སློང་གི་དགེ་བདུན་གྱི་ནང་དུ་འཇུག་པའི་བསམ་པ་དྲག་པོས་དགེ་སློང་འདི་རེ་རེ་ལ་ཕྱག་གསུམ་གསུམ་གྱིས། ཞེས་བརྗོད་དོ། །ཡན་ལག་ལྔ་ས་ལ་གཏུགས་པའི་ཕྱག་བྱ། ཕྱག་འཚལ་བའི་ཚེ་དགེ་སློང་རེ་རེ་ནས་ཚེ་དང་ལྡན་པ་འདིའི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་མྱུར་དུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་ཅིང་མེ་ཏོག་གཏོར། དེ་ནས་རྩ་ཕ་གུའི་སྟེང་ནས་མཁན་པོ་ལ་ཕྱག་གསུམ་འཚལ་དུ་བཅུག་སྟེ། རྐང་བའི་རྟིང་བ་གཉིས་ཀྱིས་རྩ་བཏིང་བ་མནན་ནས་ཙོག་ཙོག་པོར་ཐལ་མོ་སྙིང་ཁར་སྦྱོར་དུ་བཅུག་ནས། ཁྱོད་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་དོན་དུ་གཉེར་བ་དེ་ཤིན་ཏུ་ལེགས། ལེགས་པའི་རྒྱུ་མཚན་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ་མཚན་ཏེ། །དགེ་སློང་ཞེས་བྱ་རྡོ་རྗེའི་སྲོག་ཤིང་ཡིན། །དགེ་སློང་ཞེས་བྱ་དུཿཁ་སྤོང་བ་ཡིན། །དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོ་ཡིན། །དགེ་སློང་ཞེས་བྱ་ཉོན་མོངས་སྲོག་གཅོད་དེ། །དགེ་སློང་ཞེས་བྱ་ཐར་བའི་ལམ་བགྲོད་དེ། །དགེ་སློང་རང་གི་ངོ་བོ་བསྡམ་པ་སྟེ། །ཞེས་གསུངས་སོ། །དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་བསྙེན་རྫོགས་སུ་སྒྲུབ་པ་ནི། སྒྲུབ་ཚུལ་ལ་སྤྱིར་མང་དུ་འབྱུང་ཡང་ཆོ་གའི་དབང་དུ་བྱས་ན་སྔོན་ཆོག་དང་ད་ལྟར་གྱི་ཆོ་ག་གཉིས་གསུངས་པ་ལས། འདིར་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས་པ་ལ་མཁན་པོ་དགོས་ཤིང་། དེ་ཡང་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་དགེ་སློང་ཞིག་ལ་གསོལ་བ་ལན་གསུམ་འདེབས་དགོས་པས། ངེད་ཀྱིས་མཁན་པོའི་བྱ་བ་སྒྲུབ་རུང་དུ་ཡོད་ལ། བསྙེན་པ་ནི་ཉེ་བ་དང་རྫོགས་པ་ནི་ཐར་པ་ཡིན་པས། བདག་ཐར་བ་མྱ་ངན་ལས་འདས་པ་ལ་ཁད་ཉེ་བའི་དགེ་སློང་གི་དངོས་པོ་སྒྲུབ་མཁན་མཛད་དུ་གསོལ་སྙམ་པས། བསྙེན་རྫོགས་ཀྱི་མཁན་པོར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཞེས་བརྗོད། སྔར་དགེ་ཚུལ་སྒྲུབ་མཁན་དེ་ཡིན་པའི་དབང་དུ་བཏང་ནས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ལ་མཁན་པོར་གསོལ་གྱི། སློབ་དཔོན་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་བདག་བསྙེན་པར་རྫོགས་པར་བགྱིའོ། །ཞེས་ལན་གསུམ་བྱ། འདིར་མཁན་པོ་ཡིན་ན་དེ་དང་། མཁན་སློབ་གང་རུང་མིན་ན་བཙུན་པ་ཞེས་བསྒྱུར་ཤེས་དགོས། གསུམ་པའི་མཇུག་ཏུ་བསྙེན་རྫོགས་ཀྱི་མཁན་པོར་འགྱུར་ཞིང་། མཇུག་ཏུ་ཐབས་ལེགས་བྱའོ། །དེ་ནས་ཕྱག་གསུམ་འཚོལ་ལ་ངེད་ཀྱི་མདུན་དུ་ཤོག་ཅིག་ཅེས་བསྒོ། གྲོོགས་བྱེད་པ་ཆོས་གོས་གསུམ་སོ་སོར་བལྟབ་པ་ཕྲག་པ་གཡོན་པ་ལ་བཀལ་ནས། མཁན་པོ་དང་བསྒྲུབ་བྱ་གཉིས་འགྲེང་བའམ་མ་བདེ་ན་བསྒྲུབ་བྱ་འགྲེང་སྟེ་གཉིས་ཀའི་ལག་པ་གཡོན་པ་འོག་དང་གཡས་པ་སྟེང་དུ་བྱས་ཏེ། སྣམ་སྦྱར་དངོས་སམ། དེའི་རྒྱུར་མི་རུང་བའི་དོད་ཙམ་ཡིན་ན་བཟུང་སྟེ་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབས་སྙམ་པ་གྱིས་ལ། འདིའི་རྗེས་ཟློས་གྱིས་ཤིག །སྣམ་སྦྱར་ཡིན་ན། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ། རུང་བར་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། །ཞེས་ལན་གསུམ། དངོས་མིན་པའི་དོད་ཙམ་ལ་ནི། བདག་མིང་འདི་ཞེས་བགྱི་བའི་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། །ཞེས་བྱ་དགོས་ཏེ་ཁྱད་པར་རོ། །ཐབས་ལེགས་བྱས་ཏེ་ཕྲག་པ་གཡས་སུ་སྤོ། དེ་བཞིན་དུ་ཇ་གོས་དང་མཐང་གོས་གཉིས་ལ་དེ་གཉིས་བྱིན་གྱིས་བརླབ་པའི་བསམ་པ་དང་རྗེས་ཟློས་བྱ་ཞིང་། སྣམ་སྦྱར་གྱི་གནས་སུ་ཇ་གོས་དང་མཐང་གོས་ཞེས་སྦྱོར། ཐབས་ལེགས་ཀྱང་བྱའོ། །དེ་ནས་མཐང་གོས་ཉིས་བལྟབ་བྱས་པ་བསྒྲུབ་བྱའི་རྒྱན་དང་། དེའི་སྟེང་དུ་བླ་གོས་དང་སྣམ་སྦྱར་སྦྲགས་ནས་བསྐོན་པའི་གཡོན་ཕྱོགས་ཕྲག་པ་གཡོན་དང་། གཡས་ཀྱི་སྣེ་མོ་གཡོན་གྱི་ཕྲག་པའི་སྟེང་དུ་བཞག །གཡས་ཀྱི་དཔུང་བ་ཕྱིར་ཕྱུང་སྟེ་ཐལ་མོ་སྙིང་ཁར་སྦྱོར་དུ་བཅུག་ལ་མགོ་བོར་མེ་ཏོག་གཏོར་ཏེ་སྨོན་ལམ་བཞི་པོ་བརྗོད་ཅིང་། བཞི་པ་ཚེ་རབས་ཐམས་ཅད་དུ་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་ལྡན་པར་གྱུར་ཅིག་ཅེས་བསྒྱུར། དེ་ནས་སླར་གདིང་བའི་སྟེང་ནས་དགེ་འདུན་ལ་ཕྱག་ལན་གསུམ་བྱ་ཞིང་མེ་ཏོག་གཏོར། ལུས་ཚིག་པ་ནི་འདིར་ཡང་རུང་ངོ་། །སྣམ་སྦྱར་གྱི་རྒྱུར་རུང་བའི་གོས་ཡུག་སོགས་ཡིན་ན་བལྟབ་སྟེ་བསྒྲུབ་བྱའི་ཕྲག་པ་གཡོན་པར་བཀལ་བའི་སྣེ་མོ་གཉིས་ཀ་ལག་པས་སྔར་ལྟར་བཟུང་ལ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་དགུ་པ་ལ་སོགས་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པར་བགྱིའོ། །བཀྲུའོ། །བརྐྱང་ངོ་། །དྲའོ། །བསྟེབ་བོ། །གཟུང་གདབ་བོ། །དྲུབ་བོ། ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་ལྷན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ། ཆོས་གོས་འདི་ནི་རུང་བར་སྤྱད་པར་འོས་པའོ། །ལན་གསུམ་དང་། ཐབས་ལེགས་ཀྱང་བྱའོ། །བླ་གོས་ལ་གཞན་འདྲ་བ་ལ། སྣམ་ཕྲན་བདུན་པར་བགྱི་སྟེ་གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ་དང་། མཐང་གོས་ལ་སྣམ་ཕྲན་ལྔ་པར་བགྱི་སྟེ་གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ། །ཞེས་བསྒྱུར་ཞིང་གཞན་སྔར་ལྟར་རོ། །དེ་ནས་མཁན་པོས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་འདིའི་ལྷུང་བཟེད་སྟོན་པའི་གྲོགས་ལྡན་མཛོད་ཅིག་ཅེས་བསྒོ། དེས་ལྷུང་བཟེད་སྟོང་པ་མ་ཡིན་པ་རང་གི་ལག་པ་གཡོན་པར་བཞག་པ་གཡས་པས་ཁ་བཀབ་སྟེ། དགེ་སློང་རེ་རེའི་མདུན་དུ་འགྲེང་ནས་འདུད་པ་དང་བཅས་པས། བཙུན་པའམ། ཚེ་དང་ལྡན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་འདི་མི་ཆུང་ངམ་། མི་ཆེའམ། མི་སྐྱའམ་ཞེས་འདྲི་ཞིང་། རེ་རེ་ནས་ལྷུང་བཟེད་བཟང་ངོ་ཞེས་བརྗོད་ཅིང་། སྟོན་མཁན་དེ་ལ་དགེ་སློང་གཞན་ཞིག་གིས་སྟོན་ལུགས་དེ་བཞིན་དུ་བྱའོ། །མཁན་པོ་ལ་ཡང་བསྟན་དགོས་ན་སྔར་ལྟར་སྟོན། དེ་ན་ལྷུང་བཟེད་དེ་མཁན་པོ་དང་བསྒྲུབ་བྱ་གཉིས་ཀ་འགྲེང་བའི་ལག་པ་གཡོན་པར་བཞག །གཡས་པས་སྟེང་ནས་བཀབ་སྟེ། འདི་ལྷུང་བཟེད་དུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་བསླང་བའི་སྣོད་དུ་བྱིན་གྱིས་བརླབ་པོ། །ཞེས་ལན་གསུམ་དང་། ཐབས་ལེགས་བྱའོ། །དེ་ནས་གདིང་བ་དང་ཆུ་ཚགས་སྟེར་ལུགས་རབ་བྱུང་གི་སྐབས་ཇི་ལྟ་བ་བཞིན་བྱའོ། །བསྒྲུབ་བྱའི་ལུས་ཚགས་གོང་དུའམ་སྐབས་འདིར་བྱ་བ་གཙོ་ཆེ་ཡང་གང་བདེ། བསྒྲུབ་བྱ་གདིང་བའི་སྟེང་དུ་ཚུར་བསྟན་ནས་ལས་ཐོས་པའི་ས་ཡིན་ན་རྣ་བ་འགེབས་སུ་འཇུག་ཅིང་ལས་མི་ཐོས་པར་བྱས་ལ་བཞག །དེ་ནས་མཁན་པོས། ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་གཉིས་ལས། ཐོག་མར་ཡུལ་དུས་ཀྱི་སྟོབས་ཀྱིས་བཤགས་པར་མ་ནུས་པའི་ལྟུང་བ་ཐུན་མོང་བ་ལས་ལ་མི་བསྒྲིབ་པའི་སླད་དུ། གསོལ་བའི་ལས་ཀྱིས་བྱིན་གྱིས་བརླབ་པར་བགྱི་བས། དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན་གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་བགྱི་བ། བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་བྱིན་གྱིས་བརླབས་ཏེ་བསྙེན་པར་རྫོགས་པའི་འཕྲིན་ལས་མཛད་ལ། སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་ཐུགས་མཐུན་པའི་ཕྱིར་གནས་ལ་བློ་མཐུན་བགྱི་བ་ནི། ལས་མཛད་པའི་གནས་འདི་ཉེ་འཁོར་དང་བཅས་པ་ཚུན་ཆད་བསྙེན་རྫོགས་ཀྱི་འཕྲིན་ལས་ཀྱི་གནས་སུ་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་ལགས་པ་ནང་མཚམས་དང་། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བཞེད་པ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །གསོལ་བ་ཐལ། བརྗོད་པ་འཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བཞེད་དེ། དེའི་སླད་དུ་དགེ་འདུན་གྱི་གནས་ཐམས་ཅད་ལགས་པ་ནང་མཚམས་དང་། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་ལགས་པ་ནང་མཚམས་དང་། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱི་གནས་ཐམས་ཅད་ལགས་པ་ནང་མཚམས་དང་། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུངས་དེ་དེ་བཞིན་དུ་འཛིན་ཏོ། །འདིར་གནས་གྲུབ་པ་དང་བགྱིས་པ་གཉིས་བཞག་སྟེ་ལགས་པ་ཙམ་ཞིག་བརྗོད་པ་ནི་གཙོ་ཆེ་བའི་དབང་དུ་བྱས་པའོ། །དེ་ནས་ལས་བྱེད་པ་པོས། གནས་བརྟན་མིང་འདི་ཞེས་བགྱི་བ་ཁྱེད་མཁན་པོ་མིང་འདི་ཞེས་བགྱི་བས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་པར་སྤྲོའམ། དེས་སྤྲོ་ལགས་ཞེས་ལན་གདབ། དེ་ནས། གསང་སྟེ་སྟོན་པ་བསྐོ་བའི་ལས་ལ་ཐུགས་གཏད་པར་ཞུ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་པར་སྤྲོ་བ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ། །འདི་ནི་གསོལ་བའོ། །དེ་ནས་གསང་སྟོན་དེས་བསྒྲུབ་བྱ་ལྐོག་ཏུ་འཁྲིད་ནས་རང་ལ་ཕྱག་གསུམ་འཚལ་དུ་འཇུག་ཅིང་། མདུན་དུ་ཙོག་པར་འདུག་ཏུ་བཅུག་སྟེ་སྙིང་ཁར་ཐལ་མོ་སྦྱོར་དུ་བཅུག་ལ། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་མངོན་དུ་གྱུར་པ་བཅུ་ཚང་དགོས་ཤིང་། དེའི་ནང་ནས་ཡོངས་སུ་དག་པ་མངོན་དུ་གྱུར་པ་བར་ཆད་ཀྱི་ཆོས་དང་མི་ལྡན་པ་ཞིག་དགོས། བར་ཆད་ཡོད་མེད་ངས་དྲིས་ན་ཤེས་པས་དྲི་བ་འདི་རྣམས་ལ་ལན་ལེགས་པར་ཐོབ་ཅིག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས་འདི་ནི་ཁྱོད་ཀྱི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་དྲི་ཡི། ཁྱོད་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡིན་ཞེས་སྨོས། མ་ཡིན་པ་ལ་མ་ཡིན་ཞེས་ལན་ལེགས་པར་ཐོབ་ཅིག །ཁྱོད་སྐྱེས་པ་ཡིན་ནམ། དེས་ཡིན་ལགས། སྐྱེས་པའི་དབང་པོ་དང་ལྡན་ནམ། ལྡན་ལགས། ཞེས་སོགས་དྲི་བ་དང་མཐུན་པའི་ལན་གདབ། ལོ་ཉི་ཤུ་ལོན་ནམ། ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། ཁྱོད་ཕ་མ་གསོན་པས་མ་གནང་བ་མ་ཡིན་ནམ། བྲན་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བཙོན་པ་མ་ཡིན་ནམ། རྩོད་པ་ཅན༴ བཙོང་བ༴ རྒྱལ་པོས་བཀྲབས་པ༴ རྒྱལ་པོ་ལ་བསྡིགས་པ༴ རྒྱལ་པོ་ལ་གནོད་པའི་ལས་བྱེད་པ༴ རྒྱལ་པོ་ལ་གནོད་པའི་ལས་བྱས་སམ་བྱེད་དུ་བཅུག་པ༴ ཆོམ་རྐུན་པར་གྲགས་པ༴ ཟ་མ་མ་ནིང་༴ དགེ་སློང་མ་སུན་ཕྱུང་བ༴ རྐུ་ཐབས་སུ་གནས་པ༴ ཐ་དད་དུ་གནས་པ༴ གནས་པར་མི་བྱ་བ༴ མུ་སྟེགས་ཅན༴ མུ་སྟེགས་ཅན་ཞུགས་པ༴ ཕ་བསད་པ༴ མ་བསད་པ༴ དགྲ་བཅོམ་པ༴ དགེ་འདུན་གྱི་དབྱེན་བྱས་པ༴ དེ་བཞིན་གཤེགས་པ་ལ་ངན་སེམས་གྱི་ཁྲག་ཕྱུང་བ༴ སྤྲུལ་པ༴ དུད་འགྲོ་མ་ཡིན་ནམ། མ་ལགས་ཞེས་བྱ། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་བསྙེན་པར་རྫོགས་ནས་འཇལ་མི་ནུས་པ་ཅུང་ཟད་ཀྱང་ཆགས་པ་མེད་དམ། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། ཁྱོད་ཕམ་པར་གྱུར་པ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། ཇི་ལྟར་ཁྱོད་ད་ལྟ་རབ་ཏུ་བྱུང་བ་ཡིན་ནམ། ཁྱོད་ཀྱིས་ཚངས་པར་སྤྱོད་པ་སྤྱད་དམ། ལན་སྤྱད་ལགས་ཞེས་བརྗོད། ཁྱོད་ཀྱི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི། ཁྱོད་ཀྱི་མཁན་པོའི་མིང་ཅི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོའི་མིང་འདི་ཞེས་བགྱི། ཞེས་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམས་པ་འདི་ལྟ་བུ་དག་འབྱུང་སྟེ། མཛེ་དང་། འབྲས་དང་། ཕོལ་ཡིག་དང་། འབྲུམ་ནད་དང་། ཤཀྲ་དང་། ཁྱི་རྔོ་དང་། གཡའ་བ་དང་། གློག་པ་དང་། རྐང་ཤུ་དང་། སྐེམ་ནད་དང་། སྐེམ་པ་དང་། བརྗེད་བྱེད་དང་། བཀྲེས་རྔབ་དང་། སྐྱ་རྦབ་དང་། རྐང་བམ་དང་། མཚན་པར་རྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པ་དང་། རིམས་ཉིན་རེ་བ་དང་། རྟག་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུང་བ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་པ་དང་། ཡན་ལག་ཏུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་འབྲུམ་དང་། སྐྱུགས་བྲོ་བ་དང་། ཆུ་འགགས་པ་དང་། ངལ་བ་དང་། ལུས་ཚ་བ་དང་། རྩིབས་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ་ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མེད་ལགས་ཞེས་བྱ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །ཁྱོད་ལ་ད་ལྟ་ངས་དྲིས་པ་དེ་ཉ ིད་དགེ་འདུན་གྱི་དབུས་སུ་ཡང་ཚངས་པར་མཚུངས་པར་སྤྱོད་པའི་མཁས་པ་རྣམས་ཁྱོད་ལ་འདྲི་ཡིས། དེར་ཡང་ཁྱོད་ཀྱིས་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡིན་ཞེས་དང་། མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག །དེ་ལྟར་ན་ཁྱོད་བར་ཆད་ཀྱི་དག་པར་འདུག་ཅིང་ངས་དགེ་འདུན་ལ་ཞུས་ནས་ཡོང་གི ཁྱོད་མ་བོས་ཀྱི་བར་དུ་མ་འོང་བར་འདིར་སྡོད་ཅིག །ཅེས་བརྗོད། དགེ་འདུན་གྱི་དྲུང་དུ་འོང་སྟེ་རྒན་པའི་མཐའ་ལོགས་སུ་འགྲེང་ནས་འདུད་པ་དང་བཅས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་གིས་མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་ན། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་མཆི་ཞིག་གམ། ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད། མ་བརྗོད་ན་ཉེས་བྱས་སོ། །དེ་ནས་སོང་སྟེ་བསྒྲུབ་བྱ་ལ་དགེ་འདུན་གྱིས་གནང་གི ཤོག་ཅིག་ཅེས་བརྗོད་དེ་འཁྲིད་ནས་གདིང་བའི་སྟེང་དུ་འདུག་སྟེ་དགེ་འདུན་སྤྱི་ལ་དམིགས་པའི་ཕྱག་གསུམ་འཚལ་དུ་བཅུག་ལ། རང་ཉིད་གྲལ་དུ་འཁོད་པར་བྱའོ། །དེ་ནས་བསྒྲུབ་བྱ་དེས་སྟོན་པ་ལ་ཕྱག་གསུམ་དང་། དེ་ནས་དགེ་འདུན་སྤྱི་ལ་ཕྱག་གསུམ་དང་། དེ་ནས་ལས་བྱེད་པ་རང་ལ་ཕྱག་གསུམ་བྱེད་དུ་བཅུག་སྟེ། ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པུར་ཐལ་མོ་སྙིང་ཁར་སྦྱོར་ལ་འདུག་ཅིག་ཅེས་བསྒོ། དེ་ནས་ལས་བྱེད་པས། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ། དགེ་འདུན་ལ་གསོལ་བ་ལན་གསུམ་འདེབས་དགོས་པས་འདིའི་རྗེས་ཟློས་གྱིས་ཤིག །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་དྲང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རྗེས་སུ་གཟུང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ཞེས་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག་གོ །དེ་ནས་ནང་དུ་བར་ཆད་འདྲི་བ་ནི། དགེ་འདུན་ཐུགས་ཡིད་ཆེས་པའི་ཕྱིར་དུ་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བ་ལ་ཐུགས་བསྟུན་པའི་གསོལ་བའི་ལས་བགྱིད་པས། དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་བདག་གིས་དགེ་འདུན་གྱི་ནང་དུ་མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་ལ་བར་ཆད་ཀྱི་ཆོས་རྣམས་དྲི་བར་བགྱིའོ། །འདི་ནི་གསོལ་བའོ། །དེ་ནས་ངེད་ལ་ཕྱག་གསུམ་འཚོལ་ལ་སྔར་བཞིན་ཕ་གུའི་སྟེང་དུ་འདུག་གཅིག་ཅེས་བསྒོ། འདུག་པ་དང་ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་རྒྱུད་བར་ཆད་ཀྱི་ཆོས་དང་མི་ལྡན་ཅིང་ཡོངས་སུ་དག་པ་ཞིག་དགོས། བར་ཆད་ཡོད་མེད་སྔར་གསང་སྟོན་གྱི་སྐབས་དྲིས་ཟིན་ཡང་། བར་ཆད་འགའ་ཞིག་གློ་བུར་འབྱུང་བ་ཡང་སྲིད། སྔར་མ་དྲན་པ་དྲན་པའང་སྲིད་པ་སོགས་དགོས་པ་འགའ་ཞིག་ཡོད་ཀྱང་། འདིར་གཙོ་ཆེར་དགེ་འདུན་ཐུགས་ཡིད་ཆེས་པའི་དོན་དུ་ནང་དུ་འདྲི་བ་ཡིན་པས་ལན་དྲང་པོར་ཐོབ་ཅིག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་དྲི་ཡིས་ཁྱོད་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡིན་པ་དང་། མ་ཡིན་པ་ལ་མ་ཡིན་ཞེས་སྨྲོས། ཞེས་པ་ནས། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ་ཞེས་པའི་བར་སྔར་གསང་སྟོན་གྱིས་དྲིས་པ་ལྟར་བྱའོ། །དེ་ནས་ལས་བྱེད་པས། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་མངོན་གྱུར་བཅུའི་སྒོ་ནས་བསྒྲུབ་དགོས་ཤིང་། དེ་ཡང་སྟོན་པ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་སློབ་དཔོན་དང་མཁན་པོ་དང་ཡོ་བྱེད་དང་ཡོངས་སུ་དག་པ་དང་གསོལ་བ་གདབ་པ་དང་བར་ཆད་དྲི་བ་དང་ལས་མངོན་དུ་གྱུར་པ་སྟེ་བཅུ་ལས། མངོན་གྱུར་གཞན་ཐམས་ཅད་ཕུན་སུམ་ཚོགས་པའི་ཚུལ་གྱིས་ཚང་། བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལ་བསྙེན་པར་རྫོགས་པར་འདོད་པ་མངོན་དུ་གྱུར་པ་བསམ་པའི་རྟེན་རྒྱུའི་ཀུན་སློང་ཐོབ་འདོད་དང་། དུས་ཀྱི་ཀུན་སློང་ཐབས་ཤེས། ཡུལ་དང་དུས་དང་གནས་སྐབས་དང་སེམས་ཅན་དང་ཡན་ལག་ངེས་པའི་འགལ་རྐྱེན་ངེས་པ་ལྔ་བྲལ། མཁན་སློབ་དང་ཆོ་ག་ཚང་བ་དང་བསླབ་བྱ་ལ་སློབ་འདོད་ཡོད་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་གསུམ་དང་ལྡན་པ་རྣམས་དགོས་ཤིང་། སྡོམ་པ་ལ་ངེས་འབྱུང་གི་བསམ་པས་ཟིན་པ་གལ་ཆེ་བས། བསམ་པ་འདི་བཞིན་དུ་གྱིས། ཇི་སྐད་དུ་མདོ་དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཞེས་སོགས་ནས། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་ཞེས་པའི་བར་སྔར་ལྟར་དང་། དེའི་ཕྱིར་དུ་བསྟན་པའི་གཞི་ལ་ཚུལ་ཁྲིམས་ཀྱི་བསླབ་པའི་གཙོ་བོ་སོ་སོར་ཐར་པའི་སྡོམ་པའི་ཆོ་ག་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་བླངས་ནས་མ་ཤིའི་བར་དུ་ལེགས་པར་བསྲུང་སྙམ་པ་བགྱིས་ལ་ཡིད་གཞན་དུ་མ་གཡེང་བར་སྡོད་ཅིག །དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་ཐུགས་གཏད་ཅིང་། བསྒྲུབ་བྱ་ཆོ་ག་མཁན་སློབ་དགེ་འདུན་ལ་དེ་དང་དེར་འདུ་ཤེས་མ་འཁྲུལ་པ་དེ་དང་། ལས་ཞེ་ཐག་པ་ནས་བྱེད་འདོད་པ་དང་། བསླབ་བྱ་ལ་ཕན་པར་འདོད་པའི་དགོངས་པ་གསུམ་དང་ལྡན་པའི་སྒོ་ནས་གསོལ་པའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་འདིའམ། འདི་དག་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ་སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། །གསོལ་བ་ཐལ། དེ་ལྟར་གསོལ་བ་གཅིག་དང་བརྗོད་པ་གསུམ་སྟེ་གསོལ་བཞིའི་ལས་ཀྱིས་བསྒྲུབ་དགོས་པས། བརྗོད་པ་དང་པོ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་བས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཞིག །བརྗོད་པ་དང་པོ་ཐལ། གཉིས་པ་ལ་ཐུགས་གཏད་པར་ཞུ། ཞེས་བྱས་ལ་གཉིས་པ་བྱ། བརྗོད་པ་གསུམ་པའི་སྐབས་སུ་ལས་ཆོགས་པ་ཡིན་ཏེ། མདོ་རྩར་བརྗོད་པ་ཐ་མའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ། །ཞེས་གསུངས་པ་ལྟར། མཆི་སྟེ་ཞེས་པ་ཡན་ཆད་ངོ་བོ་བརྗོད་པ་དེ་ནས་བཟུང་གསོལ་ནའི་བར་བྱ་བརྗོད་པ། དེའི་སླད་དུ་མན་ཆད་བྱེད་ལ་བརྗོད་པ་ཡིན་པས། ངོ་བོ་བརྗོད་པ་དང་བྱ་བ་བརྗོད་པ་གཉིས་རྫོགས་པ་གསོལ་ན་ཞེས་པའི་ཚིག་འགགས་པ་དང་མཉམ་དུ་ཁྱོད་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་ཞིང་ངེད་ཁྱོད་ཀྱི་སློབ་དཔོན་དུ་གྱུར་པ་ཡིན་པས། གསོལ་ན་ཞེས་པའི་སྐབས་སུ་ངེད་ཀྱིས་སྐད་གཟེངས་མཐོ་བ་ཞིག་བརྗོད་ཅིང་། སེ་གོལ་གྱི་བརྡ་སྦྱོར་བས་བདག་གི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་པའི་དུས་ནི་འདི་ཡིན་སྙམ་པའི་ཐོབ་བློ་སྐྱེས་པ་ཤིན་ཏུ་གལ་ཆེ། དེའི་སླད་དུ་ཞེས་པའི་ཚིག་བརྗོད་པའི་ཚེ་སྡོམ་པ་སྐྱེས་ཟིན་ཅིང་། དགེ་སློང་དུ་གྱུར་སྙམ་དུ་ཡིད་མ་གཡེང་བར་སྡོད་ཅིག །བརྗོད་པ་གསུམ་པ་ལ་ཐུགས་གཏད་པར་ཞུ། ཞེས་བྱས་ལ་གསུམ་པ་བྱ། དེ་ནས་དགེ་འདུན་རྣམས་ལས་ཀྱི་མཇུག་སྡུད་ལ་ཐུགས་གཏད་པར་ཞུ། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་མིང་འདི་ཞེས་བ གྱི་བ་འདི་མཁན་པོ་མིང་འདི་ཞེས་བྱ་བས་བསྙེན་པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏེ། དེ་ལྟར་གསོལ་བཞིའི་ལས་ཀྱིས་ཁྱོད་ཀྱི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་འཚལ་ཚུལ་གྱི་རྒྱུན་སྡོམ་ཞིང་འགོག་པར་བྱེད་པའི་ཆུ་ལོན་ལྟ་བུ་ཐོབ། དགེ་སློང་དུ་གྱུར་པས་དགའ་བ་བསྒོམས་ཤིག །དེས་དངོས་གཞི་གྲུབ མཇུག་གི་ཆོ་ག་ལ་དུས་གོ་བ་དང་བསླབ་པ་བརྗོད་པ་གཉིས་ཡོད་པའི་དང་པོ་ནི། གནས་བརྟན་ཆེ་གེ་མོས་མཛོད་ཅིག །ཅེས་བརྗོད། དེ་ནས་དགེ་སློང་དེས་གྲིབ་ཚོད་མཇལ་ལུགས་དགེ་ཚུལ་གྱི་སྐབས་ལྟར་བྱས་ལ། འདིར་མཇུག་ཆོག་གཉིས་ལས་དང་པོ་བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པར་བྱ་བའི་དོན་དུ་དུས་གོ་བ་ནི། བསྙེན་བཀུར་གྱི་གནས་ནི་རང་ལས་གྲིབ་མ་སོར་གཅིག་ཡན་ཆད་ཀྱི་དུས་ཀྱི་བསླབ་པ་རྒན་པའི་དགེ་སློང་རྣམས་ཡིན། གནས་མ་ཡིན་པ་རང་ལས་བསླབ་པ་གཞོན་པའི་དགེ་སློང་རྣམས་དང་། ས་གཞན་ན་གནས་པའི་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་དགེ་སློབ་མ་རྣམས་དང་། དགེ་ཚུལ་ཕ་མ་དང་དགེ་བསྙེན་མ་ལ་སོགས་པ་རྣམས་ཡིན། དེ་ཡང་རགས་པ་ལོ་དང་ཟླ་བས་འཇོག་པར་མ་ཟད། ཐ་ན་གྲིབ་མ་སོར་གཅིག་ཡན་ཆད་ཀྱིས་འཇོག་པ་ཡིན། བསྙེན་བཀུར་རང་གི་ངོ་བོ་ནི་ཕྱག་འཚལ་བ་དང་། གྲལ་འགོར་གཏོང་བ་དང་། རྙེད་པ་དང་པོར་འདྲིམ་པ་ལ་སོགས་པ་ཡིན། རིག་པར་བྱ་བའི་དངོས་པོ་དྲུག་གམ་བདུན་ཙམ་ཡོད་པ་ལས། མདོ་རྩ་འགྲེལ་ལས། ཕྲ་བའི་རིམ་པ་ནས་བཤད་ཀྱང་བརྗོད་པ་པོས་བརྗོད་བདེ་ཞིང་ཉན་པ་པོས་བཟུང་བདེ་བའི་ཕྱིར་ལོ་དྲི་མཁན་པོའི་རྗེས་སུ་འབྲངས་ནས་བརྗོད་དེ། དུས་ཚིགས་རྣམས་ཀྱི་ཕྱི་མོ་ལོ་འདི་ཡིན་པས་ད་ལོ་ལོ་འདི་ཞེས་བྱ་བ་ཡིན། དུས་ཚིགས་ལ་དགུན་དང་དཔྱིད་དང་དབྱར་དང་དབྱར་ཐུང་ངུ་དང་དབྱར་རིང་པོ་དང་ལྔ་ལས་དུས་འདི་དང་ཟླ་བ་འདི་ཡིན། དེའི་ཡར་ངོ་མར་ངོ་གཉིས་ལས་འདི་ཡིན། ཚེས་འདི་ཡིན། ཉིན་མཚན་གཉིས་ལས་ཉིན་མོ་ཡིན། སྔ་དྲོ་ཕྱི་དྲོ་གུང་གསུམ་ལས་འདི་ཡིན། གྲིབ་ཚོད་སྐྱེས་བུ་འདི་དང་རྐང་པ་འདིའི་དུས་སུ་ཁྱེད་ཀྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་སྐྱེས་པ་ཡིན་པས། དེ་རྣམས་སེམས་ལ་ཞོག་ལ་རང་ལས་རྒན་པ་རྣམས་ལ་ཕྱག་དང་གྲལ་ལ་སོགས་པའི་བསྙེན་བཀུར་སྟོབ། རྒན་པས་བསྙེན་བཀུར་སྟོབས་པ་དང་དུ་ལོང་། དེ་ལྟར་བརྩིས་པས་མཉམ་པར་གྱུར་ན་ཕྱག་བྱ་མི་དགོས་ཤིང་། གྲལ་མགྱོགས་བྱས་པས་ཆོ་ག་སྟེ། མདོ་རྩ་བ་ལས། དུས་མཉམ་པ་རྣམས་ནི་གཅིག་གིས་གཅིག་ལ་ཕྱག་མི་བྱའོ། །སྔར་འོང་བ་དང་པོ་ཡིན་ནོ་ཞེས་གསུངས་སོ། །རིག་པར་བྱས་པའི་དགོས་པ་དངོས་སུ་སྡོམ་པ་ཐོབ་པའི་དུས་ཤེས་པ་དང་བསྟན་པའི་གོ་རིམ་ཤེས་ཤིང་ཁ་ན་མ་ཐོ་བས་མི་གོས་པ་དང་། བརྒྱུད་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པར་འགྱུར་བ་ཡིན། དེ་རྣམས་ཀྱིས་རྫོགས་པའི་དུས་གོ་བ་སོང་། དེ་ནས་གཉིས་པ་གདམ་ངག་བརྗོད་པའི་དགོས་པ་ནི་ཐོབ་པ་མི་ཉམས་པར་བསྲུང་བའི་ཆེད་ཡིན་པས། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་གནས་སུ་སྤངས་ཏེ། དེ་ལ་གནས་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་འགྱུར་རོ། །བཞི་གང་ཞེ་ན། གོས་ཕྱག་དར་ཁྲོད་པ་དང་། ཟས་བསོད་སྙོམས་པ་དང་། གནས་མལ་ཤིང་དྲུང་དང་། སྨན་བཀུས་ཏེ་བོར་བ་དང་། འདོད་པ་བསོད་ནམས་ཀྱི་མཐའ་དང་། ངལ་ཤིང་དུབ་པའི་མཐའ་གཉིས་སྤངས་ལ་སྤྱོད་པ་སྟེ། ཁྱོད་ཇི་སྲིད་འཚོའི་བར་དུ་གོས་དང་ཟས་དང་གནས་མལ་དང་སྨན་མཐའ་གཉིས་སུ་མ་ལྷུང་བ་ལ་སྤྱོད་པར་སྤྲོའམ། དེས་སྤྲོ་ལགས་ཞེས་བརྗོད། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ། དགེ་སློང་གིས་དེ་བྱས་ན་བྱས་མ་ཐག་དགེ་སློང་དུ་མི་རུང་། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་སུ་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་ཏེ། དེའི་དགེ་སློང་གི་ཚུལ་ཕྱིས་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། ཤིང་ཏ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །བཞི་གང་ཞེ་ན། མི་ཚངས་པར་སྤྱོད་པ་དང་། མ་བྱིིན་པར་ལེན་པ་དང་། སྲོག་གཅོད་པ་དང་། བརྫུན་དུ་སྨྲ་བ་སྟེ། ཁྱོད་ཇི་སྲིད་འཚོའི་བར་དུ་ཕམ་པར་འགྱུར་བའི་ཆོས་བཞི་ལ་མི་སྤྱོད་དམ། དེས་མི་སྤྱོད་ལགས། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དགེ་སྦྱོང་དུ་བྱེད་པའི་ཆོས་སུ་གསུངས་ཏེ། བཞི་གང་ཞེ་ན། གཤེ་ཡང་སླར་མི་གཤེ ཁྲོས་ཀྱང་སླར་མི་ཁྲོ། བརྡེག་ཀྱང་སླར་མི་བརྡེག །མཚང་བྲུས་ཀྱང་སླར་མི་འབྲུ་བ་སྟེ། ཁྱོད་ཀྱིས་དེང་ཕྱིན་ཆད་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ལ་སྤྱོད་དམ། དེས་སྤྱོད་ལགས། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །ཁྱོད་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ན་ཅི་མ་རུང་སྙམ་དུ་སྨོན་པ་གང་ཡིན་པ་དེ། ཁྱོད་མཁན་པོར་འོས་པ་དང་སློབ་དཔོན་དུ་འོས་པ་གཉིས་དང་། དགེ་འདུན་མཐུན་པ་དང་། གསོལ་བ་དང་བཞིའི་ལས་མི་གཡོ་བ་བཞག་པར་མི་འོས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་པོ། དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་པོ། །དེ་ལྟར་ན་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང་། བསླབ་པ་ཉིད་ཀྱིས་མཉམ་པ་དང་། སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་དེ་ཁྱོད་ཀྱིས་དེང་ཕྱིན་ཆད་བསྒྲུབ་པར་བྱ་ཡི། མི་བསྒྲུབ་པར་མི་བྱའོ། །དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །ཁྱོད་ཀྱིས་དེང་ཕྱིན་ཆད་མཁན་པོ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱའོ། །མཁན་པོས་ཀྱང་ཁྱོད་ཤིའམ་གསོན་གྱི་བར་དུ་ནད་གཡོག་བྱའོ། །དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་དང་། གནས་བརྟན་རྣམས་དང་། བར་མ་རྣམས་དང་། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང་ཞེ་ས་དང་བཅས་པ་དང་། འཇིགས་པ་དང་བཅས་པའི་དབང་དུ་གྱུར་པས་གནས་པར་བྱའོ། །དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་ནོད་པར་བྱ། བཀླག་པར་བྱ། ཁ་ཏོན་བྱའོ། །ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ། །མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་བརྩོན་པ་མི་འདོར་བར་བྱའོ། །དེ་དག་ནི་ཁོ་བོས་ཁྱོད་ལ་བསླབ་པའི་གཞི་ཆེ་ལོང་ཆེ་ལོང་ཙམ་ཞིག་བརྗོད་དེ། གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་ཐོས་པར་འགྱུར་རོ། །གཞན་དག་ཀྱང་མཁན་པོ་དང་། མཁན་པོ་གཅིག་པ་དང་། སློབ་དཔོན་གཅིག་པ་དང་། གཏམ་འདྲེས་པ་དང་། ཕེབ་པར་སྨྲ་བ་དང་། སྨོན་འདྲིན་དང་། འགྲོགས་བཤེས་རྣམས་ཀྱིས་ཀྱང་རྒྱ་ཆེར་སྟོན་པར་འགྱུར་རོ། །ཤེས་རབ་མཆོག་གི་བསྟན་པ་ལ། །ཁྱོད་ནི་བསྙེན་པར་རྫོགས་པར་འགྱུར། །དལ་དང་འབྱོར་བ་རྙེད་དཀའ་བས། །འདི་དག་ཇི་ལྟ་བཞིན་དུ་བསྒྲུབ། །མཛེས་པ་རབ་ཏུ་བྱུང་བ་དང་། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས། བག་ཡོད་པར་སྒྲུབས་ཤིག །དེ་ལྟར་སྦྱོར་དངོས་མཇུག་གསུམ་གྱིས་ཁྱོད་བསྙེན་པར་རྫོགས་པར་བསྒྲུབ་པའི་ཆོ་ག་ལེགས་པར་གྲུབ་པ་ཡིན། དེ་ཡང་གཙོ་བོར་མཁན་པོའི་བདག་རྐྱེན་ལས་བྱུང་བ་ཡིན་ཏེ། རང་གིས་མཛད་དགོས་པ་རྣམས་མཛད། གཞན་ལ་བསྒོ་དགོས་པ་རྣམས་བསྒོས་ནས་མཛད་པས། ཕྱག་གསུམ་འཚོལ་ལ་མཁན་པོ་རིན་པོ་ཆེ་བཀའ་དྲིན་ཆེ་ཞེས་བརྗོད། དེས་དེ་ལྟར་བརྗོད་པ་དང་གཞན་རྣམས་ཀྱིས་མེ་ཏོག་འཐོར་བ་དང་གོང་གི་བསྙེན་རྫོགས་ཀྱི་སྐབས་སུ་འབྱུང་བའི་ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག་ཅེས་སོགས་སྨོན་ལམ་བཞི་བརྗོད་ཅིང་། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། ཞེས་སོགས་དང་། ལུས་ལ་ཆོས་གོས་གསུམ་གྱི་བཀྲ་ཤིས་ཤོག །།ཅེས་སོགས་ཀྱང་བརྗོད་པར་བྱའོ། །མངོན་མཐོ་ངེས་ལེགས་རྣམ་གཉིས་སྒྲུབ་བྱེད་གཙོ། །ཚུལ་ཁྲིམས་བསླབ་པ་ཡིན་ཏེ་ཀུན་གྱི་མཆོག །བསྙེན་རྫོགས་སྡོམ་པར་གྲགས་ཤིང་དེ་ལེན་པའི། །སྡོམ་ཆོག་མེ་ཏོག་ཕྲེང་མཛེས་འདི་ན་མཆིས། །ཚུལ་འདིར་འབད་ལས་ཐོབ་པའི་རྣམ་དཀར་དགེས། །ཚེ་རབས་ཀུན་ཏུ་དལ་རྟེན་རིམ་བརྒྱུད་ནས། །བསླབ་གསུམ་ལྡན་པའི་ཚངས་སྤྱོད་རྟེན་ཉིད་ཀྱིས། །རྒྱལ་བའི་ལུང་རྟོགས་དམ་ཆོས་འཛིན་གྱུར་ཅིག །ཅེས་པ་འདི་ནི། རང་གཞན་འགའ་ཞིག་ལ་ཕན་འདོད་ཀྱི་བསམ་པས་ཤཱཀྱའི་བཙུན་པ་ཅོ་ནེའི་ཁྲི་ཟུར་བཤད་སྒྲུབ་མིང་ཅན་གྱིས་རང་ལོ་དོན་གསུམ་ཐོག་ཏུ་དམ་པ་གོང་མའི་མན་ངག་ལ་བརྟེན་ནས་དངོས་གཞི་ཡན་ལག་འགའ་ཞིག་བསྡུས་པ་མིན་ཡང་ཅུང་ཟད་མདོར་བསྡུས་ནས་བཀོད་པའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །འདིས་ཀྱང་གཞན་ལ་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ།

གཅོད་ཀྱི་གདམས་ངག་ཐར་འདོད་ཀྱི་སྐྱེས་བུའི་ཐེག་པ་མཆོག་གི་ལམ་བཟང་།

གཅོད་ཀྱི་གདམས་ངག་ཐར་འདོད་ཀྱི་སྐྱེས་བུའི་ཐེག་པ་མཆོག་གི་ལམ་བཟང་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །གང་དེའི་རྣམ་འཕྲུལ་གྲུབ་པའི་དབང་། །མ་གཅིག་ལབས་ཀྱི་སྒྲོན་མ་ལ། །བཏུད་ནས་གཅོད་ཀྱི་གདམས་ངག་བྲི། །འདི་ལ་སྤྱིིར་བླ་མ་སྔོན་མ་དག་གིས་མཛད་པ་མང་ཞིང། ཁྱད་པར་དུ་པཎ་ཆེན་གོང་མས་མཛད་པའི་རྒྱས་བསྡུས་གཉིས་དང་། རྗེ་དགེ་འདུན་རྒྱ་མཚོས་མཛད་པའི་གཅོད་ཀྱི་གདམས་པའི་སྙིང་པོ་རྩ་ཚིག་ལྟ་བུ་ཞིག་སྣང་བ་ལས། འདིར་དེ་གཉིས་ཀྱི་སྙིང་པོ་བསྡུས་པའི་འབྲིང་པོ་ཞིག་བཤད་པར་བྱའོ། །བརྒྱུད་པ་ལ་རིང་བརྒྱུད་ཀྱི་དབང་དུ་བྱས་ན། རྗེ་བཙུན་རྣལ་འབྱོར་མ། ཐུབ་དབང་བྱམས་འཇམ་དབྱངས་སོགས་མང་དུ་འབྱུང་ལ། ཉེ་བརྒྱུད་ནི་འཆད་པར་འགྱུར་རོ། །ཉམས་ལེན་དངོས་གཞི་ལ་གཟུགས་སྐུའི་རྒྱུ་ཚོགས་བསགས་པ་དང་། ཆོས་སྐུའི་རྒྱུ་སྟོང་ཉིད་སྒོམ་ཚུལ་ལོ། །དང་པོ་ལ་གསུམ། མཆོད་ཡུལ་བསྐྱེད་ཅིང་ཡན་ལག་བདུན་པ་བྱས་ཏེ་ནང་གི་མཎྜལ་འབུལ་བ་དང་། སེམས་ཅན་ཐམས་ཅད་ཕ་མར་བསྒོམས་ནས་ཤ་ཁྲག་སྦྱིན་པ་དང་། ཡི་དམ་དང་བླ་མ་བསྒོམས་ནས་བདུད་རྩིས་མཆོད་དེ་དངོས་གྲུབ་བླང་བའོ། །དང་པོ་ལ་སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་རྣམས་སྤྱི་ལྟར་རམ། །བསྡུ་ན། ༈ །བླ་མ་མཆོག་གསུམ་ཡི་དམ་དང་། །གནས་གསུམ་མཁའ་འགྲོ་བསྟན་སྲུང་ལ། །ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕཊཿ རང་གི་སྤྱིི་བོར་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་རྩ་བའི་བླ་མ་དང་ངོ་བོ་དབྱེར་མེད་པའི་མ་གཅིག་ལབས་ཀྱི་སྒྲོན་མ་དེ་ཉིད་རྣམ་པ་རྡོ་རྗེེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའི་མཆན་ཁུང་ན་ཁ་ཊྭཱཾ་ག་བསྣམས་པ། མཆེ་བ་ཅུང་ཟད་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཅེར་མོ་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འོད་འཕྲོ་བའི་དབུས་ན། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་གར་སྟབས་ཀྱིས་བཞུགས་པ། དེའི་སྤྱིི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་དཀར་ཧཱུཾ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་བར་ཧཱ་ལྗང་ཁུ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་མཁའ་སྤྱོད་ཀྱི་གནས་ནས་རྗེ་བཙུན་རྡོ་རྗེ་ཕག་མོ་ལ་བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའ་སྤྱན་དྲངས། ཕཊཿ ཆོས་དབྱིངས་དག་པའི་ཕོ་བྲང་ནས། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །འཁོར་བཅས་བརྩེར་དགོངས་གཤེགས་སུ་གསོལ། །ༀ་ཨཻ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་ཏེ། གནོད་བྱེད་ཀྱིས་གཙོས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་འགུག་བཅིང་བསྡམས་ཤིང་དབང་དུ་བྱས་ནས་རང་གི་མཐར་འཁོད་པར་གྱུར། ཛཿཧཱུཾ་བཾ་ཧོཿ ས་སྟེང་གང་བར་སྨུག་ཤིག་གེར་གནས་པར་གྱུར། དེ་ནས་རང་ཉིད་ཀྱི་གཙོ་བྱས་ཏེ་ཐམས་ཅད་མགྲིན་གཅིག་ཏུ་སྐྱབས་གནས་ལ་ཡན་ལག་བདུན་པ་འབུལ་བར་བསམས་ལ། ངག་ཏུ། ཕཊཿ ལྷུན་གྲུབ་སྤྲོས་དང་བྲལ་བའི་ཆོས་དབྱིངས་དང་། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་རོལ་བ་ལས། །སྣ་ཚོགས་དུ་མར་སྤྲུལ་པའི་ཌཱ་ཀི་མ། །བཅོམ་ལྡན་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ། །བདེ་སྟོང་ལྷན་ཅིག་སྐྱེས་པའི་ཀློང་ཡངས་ནས། །ཟག་མེད་བདེ་ཆེན་བསྐྱེད་པའི་མཆོད་པའི་སྤྲིན། །ཕུན་ཚོགས་རྣམ་འགྱུར་སྟོང་གི་རོལ་པ་ཅན། །མ་ལུས་ཁྱེད་རྣམས་དགྱེས་པ་བསྐྱེད་ཕྱིར་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཉེས་ཚོགས་ཀུན། །རང་བཞིན་སྟོང་པའི་ངང་དུ་སོ་སོར་བཤགས། །རང་གཞན་ཀུན་གྱིས་བསྐུན་པའི་རྣམ་དཀར་ལ། །བསམ་པ་ཐག་པས་རྗེས་སུ་ཡི་རང་ངོ་། །འགྲོ་ཀུན་དོན་དུ་བསྐལ་པ་ཇི་སྲིད་བར། །དམ་པའི་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་ཞིང་། །མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། །དུས་གསུམ་རྣམ་དཀར་ལེགས་ཚོགས་ཅི་བགྱིས་པ། །ཀུན་ཀྱང་རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྔོ། །བསླུ་མེད་སྐྱབས་གནས་ཁྱེད་རྣམས་ཐམས་ཅད་ཀྱིས། །བདག་ལ་དབང་བསྐུར་བྱིན་གྱིས་རློབ་ཏུ་གསོལ། །དེ་ལྟར་གསོལ་བས་བཅོམ་ལྡན་འདས་མ་ཡི། །སྐུ་ཡི་ཆ་ནས་བདུད་རྩིའི་རྒྱུན་བབས་པས། །རང་གཞན་ཀུན་གྱི་ལུས་ཀྱི་ཆར་ཞུགས་ཏེ། །སྡིག་སྒྲིབ་ནད་གདོན་མི་ཤེས་ཀུན་སྦྱངས་ནས། །ལུས་ནི་ཤེལ་གོང་བཞིན་དུ་དག་པར་གྱུར། །དེ་ནས་བེམ་རིག་ཕྲལ་བ་ནི། རང་གི་ལུས་ཀྱི་ནང་དབུས་རྩ་དབུ་མ། །ཁ་དོག་དམར་པོ་ཡར་སྣ་སྤྱི་བོར་ཟུག །སྤྱི་གཙུག་རྒྱ་མཐོང་ཁ་ལྟར་ཐལ་ལེར་གསལ། །མར་སྣ་སྟེ་འོག་ཟུག་པའི་ལྟེ་བ་ཡི། རྩ་འཁོར་དབུས་སུ་རང་གི་རྣམ་ཤེས་ནི། །ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ། །འཕར་ཞིང་འཕུར་ལ་ཁད་པ་ཞིག་ཏུ་གྱུར། ཕཊཿ རྣམ་ཤེས་ཐེག་ལེ་གྱེན་སོང་སྙིང་མགྲིན་དང་། །སྤྱིི་བོར་སླེབ་པ་ཧྲིག་ཧྲིག་གནས་པར་འགྱུར། །ཕཊཿ སླར་ཡང་རྣམ་ཤེས་ཐིག་ལེ་གྱེན་སོང་ནས། །བཅོམ་ལྡན་འདས་མའི་ཐུགས་ཀར་ཐིམ་གྱུར་པས། བེམ་པོའི་ལུས་དེ་ས་ལ་ལིང་གིས་འགྱེལ། །བེམ་རིག་སོ་སོར་ཕྲལ་ཏེ་གནས་པར་གྱུར། །དེ་ནས་ནང་གི་མཎྜལ་ནི། ཕཊཿ བླ་མ་རྡོ་རྗེ་ཕག་མོའི་ཐུགས་ཀ་ནས། །རང་གི་རྣམ་ཤེས་དེ་ཉིད་མཁའ་འགྲོ་མ། །གྲི་ཐོད་འཛིན་པའི་རྣམ་པར་རྒྱངས་ཀྱིས་བྱུང་། །ཕཊཿ བེམ་པོའི་ལུས་ཀྱི་སྤྱི་བོ་ནས་བཟུང་སྟེ། །བརླ་རྩའི་བར་དུ་གྲི་གུག་འབར་བས་གཤགས། །ཕཊཿ སྙིང་ག་ནས་བཟུང་གཡས་གཡོན་ལག་རྩེ་དང་། །སུམ་ཕྲག་ནས་བཟུང་གཡས་གཡོན་རྐང་རྩེའི་བར། །གཤགས་ཤིང་ལྤགས་པ་སྦུད་བཤུས་དམར་ཆལ་བཀྲམ། །དེ་ནས་ནང་གི་མཎྜལ་འབུལ་བ་ནི། ཕཊཿ ལྤགས་པ་ས་གཞིར་ཁྲག་གིས་ཆག་ཆག་བཏབ། །ཤ་ཁྲག་རུས་གསུམ་མེ་ཏོག་ཚོན་བུ་དང་། །ཡན་ལག་གླིང་བཞི་ཉིང་ལག་གླིང་ཕྲན་དབུས། །ཁོག་པ་སྒལ་ཚིགས་ས་འཛིན་བརྩེགས་པའི་རྩེར། །མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་དང་། །མིག་གཉིས་ཉི་ཟླ་སྙིང་ནི་ཡིད་བཞིན་ནོར། །ནང་ཁྲོལ་རྣམས་ལས་ལྷ་མིའི་ཕུན་ཚོགས་གྱུར། །ཕཊཿ འདོད་རྒུའི་རྒྱ་མཚོ་ནང་གི་མཎྜལ་འདི། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །སངས་རྒྱས་བྱང་སེམས་དབའ་བོ་མཁའ་འགྲོ་མ། །བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་ལ། །འབུལ་བགྱི་བཞེས་ནས་བྱིན་རླབས་དངོས་གྲུབ་སྩོལ། །ཞེས་བརྗོད་ཅིང་འབུལ། ཉེས་པ་ལ་སྔོན་དུ་སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་མཚོན་ཙམ་ནི། ཀྱེ་མ་གདོན་བགེགས་ལན་ཆགས་སོགས། །སྔོན་ནས་ཕ་མར་གྱུར་པ་ཡི། །རིགས་དྲུག་འགྲོ་བའི་དོན་དུ་ནི། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །དེ་ཕྱིར་དྲིན་དུ་ཆེ་ངེས་པའི། །མར་གྱུར་རིགས་དྲུག་འགྲོ་རྣམས་ཀུན། །ངན་སོང་འཁོར་བའི་སྡུག་བསྔལ་ལས། །ཐར་བར་གྱུར་ཅིག་ཐར་བར་བྱ། །མར་གྱུར་འགྲོ་བའི་སྡུག་བསྔལ་ཀུན། །བདག་གི་སྟེང་ཤོག་བདག་ཉིད་ཀྱི། །བདེ་དགེ་ཐམས་ཅད་གཞན་ལ་སྦྱིན། །གཞན་རྣམས་བདེ་དང་ལྡན་གྱུར་ཅིག །འདྲེ་གདོན་ལ་སོགས་རིགས་དྲུག་འགྲོ །ཐམས་ཅད་རིས་མེད་གཏན་གྱི་བདེ། །བླ་མེད་བྱང་ཆུབ་གོ་འཕང་ལ། །བདག་གིས་མྱུར་དུ་དགོད་པར་བྱ། །དེ་སླད་བླ་མ་ཡི་དམ་ལྷས། །བདག་ལ་བྱིན་གྱིས་རློབ་ཏུ་གསོལ། །དེ་ནས་ཉེ་བརྒྱུད་ཀྱི་གསོལ་འདེབས་དང་བྱིན་རླབས་རྒྱུ་མཚན་ནི། ༈ ཕཊཿ རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ། །རྗེ་བཙུན་མཁྱེན་པའི་གཏེར་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་བ་གཉིས་པ་བློ་བཟང་གྲགས། །དེ་སྲས་འཇམ་དཔལ་རྒྱ་མཚོ་དང་། །མཁས་མཆོག་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ༴ གྲུབ་མཆོག་ཆོས་ཀྱི་རྡོ་རྗེ་དང་། །བློ་བཟང་དོན་གྲུབ་པཎ་ཆེན་རྗེ། །ཆོས་འདིའི་དངོས་བརྒྱུད་བླ་མ་ལ། །གསོལ་བ༴ མདོར་ན་བླ་མ་ཡི་དམ་ལྷ། །མཁའ་འགྲོའི་གཙོ་མོ་ལབས་སྒྲོན་སོགས། །གནས་གསུམ་མཁའ་འགྲོ་ཐམས་ཅད་ལ༴ གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རང་ཉིད་གཅེས་འཛིན་འདོར་བ་དང་། །གཞན་དག་གཅེས་པར་འཛིན་པ་ཡི། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ལེགས་པར་འབྱོངས་པར་བྱིན་གྱིས་རློབས། །སྲིད་པའི་རྩ་བ་གཅོད་ནུས་པའི། །བདག་མེད་གནས་ལུགས་རྟོགས་པ་དང་། །ཆོས་གཟུགས་སྐུ་གཉིས་བདེ་བླག་ཏུ། །མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །དེ་ནས་ཤ་ཁྲག་སྦྱིན་པ་ནི། འདིར་ཅུང་ཟད་རྒྱས་པར་ན། དེ་ལྟར་གསོལ་བས་བཅོམ་ལྡན་འདས་མ་ཡི། །ཞེས་པ་ནས། ལྤགས་པ་སྤུད་བཤུས་དམར་ཆལ་བཀྲམ། །ཞེས་པའི་བར་བྱ་ཞིང་། བསྡུ་ན་སྔོན་མའི་རྒྱུན་ཡོད་པར་མོས་ཏེ་མ་བྱས་ཀྱང་མི་འགལ་བར་སེམས། གང་ལྟར་ཡང་ངག་ཏུ། ཕཊཿ ཀླད་པ་ཁུ་བ་དྭངས་མ་རྣམས། །འདོད་ཡོན་མཆོད་སྤྲིན་རྒྱ་མཚོར་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས་ནས་འབུལ་བ་ནི། ཕཊཿ ཟག་མེད་བདུད་རྩིའི་རྒྱ་མཚོ་འདི། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཆོག་གསུམ་དཔའ་བོ་རྣལ་འབྱོར་མ། །བསྟན་སྲུང་ཚོགས་དང་བཅས་ལ་འབུལ། །བརྩེ་བས་བཞེས་ལ་མཆོག་ཐུན་གྱི། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཚིགས་མ་ཤ་ཁྲག་རུས་ཚོགས་ཀྱིས། །ས་སྟེང་ཁྱབ་ཅིང་གང་བར་གྱུར། །དེ་ནས་སླར་ཡང་། རང་གི་རྣམ་ཤེས་མཁའ་འགྲོ་མས། །གྲི་གུག་གཡོབ་ཅིང་འདི་སྐད་དུ། །ཕཊཿ སྲིད་རྩེ་ནས་བཟུང་མནར་མེད་པར། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །གདོན་བགེགས་ཇི་སྙེད་ཡོད་པ་རྣམས། །འདི་རུ་ཚོགས་ཤིང་འདིར་འདུས་ཤིག །ང་ཡི་སྒྱུ་མའི་ཕུང་པོ་འདི། །ཕ་མ་འདྲེ་གདོན་ལ་སོགས་པའི། །རིགས་དྲུག་འགྲོ་བའི་གླུད་དུ་འབུལ། །བླ་མ་དམ་པའི་གླུད་དུ་འབུལ། །དཀོན་མཆོག་སྲི་ཞུའི་མགྲོན་ལ་མཆོད། །མགོན་པོ་ཡོན་ཏན་མགྲོན་ལ་འབུལ། །རིགས་དྲུག་སྙིང་རྗེའི་འགྲོ་ལ་གཏོང་། །ལན་ཆགས་མགྲོན་ལ་བུ་ལོན་འཇལ། །ཕཊཿ ཁྱེད་རྣམས་ལས་ནི་མགྲོན་གང་ཞིག །ཤ་ཁྲག་རུས་པ་ནང་ཁྲོལ་དང་། །ཚེ་སྲོག་བཀྲག་མདངས་ལ་སོགས་པ། །གང་ལ་དགའ་བ་དེ་ཁྱེར་ཤིག །ཟོ་ཞིག་འཐུང་ཞིག་ཅི་དགར་གྱིས། །ཕཊཿ ལྤགས་པ་དུམ་བུར་བཏུབས་པ་རྣམས། །འདོད་རྒུ་འབྱུང་བའི་དངོས་པོར་གྱུར། །ཕཊཿ རང་རང་ཅི་ལྟར་འདོད་པ་བཞིན། །ཕུན་ཚོགས་དངོས་པོ་རྣམས་ཁྱེར་ལ། །ནམ་མཁའ་བར་སྣང་ས་གཞི་སོགས། །གང་དུ་དགའ་བའི་གནས་སུ་སོང་། །ཕཊཿ དམིགས་མེད་སྒོམ་པ་ནི། གང་གིས་སྦྱིན་དང་གང་ལ་སྦྱིན། །སྦྱིན་བྱའི་དངོས་པོ་ལ་སོགས་པ། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱང་། །སྟོང་པ་ཉིད་ཀྱི་ངང་དུ་གྱུར། །སྟོང་དང་རྟེན་འབྲེལ་ཟུང་འཇུག་པའི། །སྒྱུ་མ་ལྟ་བུའི་ངང་ཉིད་ལས། །ཐ་སྙད་བྱ་བྱེད་འཐད་པ་ཡི། །དགེ་བས་སངས་རྒྱས་ཉིད་གྱུར་ཅིག །འདི་དག་ནི་དམར་འགྱེད་དུ་གྲགས་པ་དེ་ཡིན་ལ། གསུམ་པ་ནི་དཀར་འགྱེད་དུ་གྲགས་པ་སྟེ་སྔོན་མ་དང་འདི་གཉིས་ལ་གོ་རིམ་ངེས་པ་ཅན་མི་སྣང་ངོ་། །འདི་གཉིས་སོ་སོར་ཉམས་སུ་བླངས་ཀྱང་མི་འགལ་ཞིང་། དཀྱུས་གཅིག་ལ་ཉམས་སུ་ལེན་པ་མང་ལ། སོ་སོར་བྱེད་ན་ནི་སྐྱབས་སེམས་སོགས་སྔོན་དུ་བཏང་སྟེ། ཡུལ་བསྐྱེད་པ་ནི། རང་གི་སྤྱི་བོར་སྣ་ཚོགས་པད་ཟླའི་སྟེང་། །རྩ་བའི་བླ་མ་ཉིད་དང་དབྱེར་མེད་པའི། །མཁའ་འགྲོའི་དབང་ཕྱུག་མ་གཅིག་ལབས་ཀྱི་སྒྲོན། །དེ་ཉིད་རྣམ་པ་སངས་རྒྱས་མཁའ་འགྲོ་མ། །སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་སེང་ལྡེང་ཌཱ་མ་རུ་འཁྲོལ་ཞིང་། །གཡོན་པ་དངུལ་དཀར་དྲིལ་བུ་དྲག་ཏུ་གསིལ། །དར་དཀར་དབུ་སྐྲ་ཕྱེད་བཅིངས་ལྷག་མ་འཕྱང་། །འཛུམ་སྒེག་ཉམས་ལྡན་ལྷ་རྫས་ན་བཟའ་གསོལ། །ཉི་མ་སྟོང་གི་གཟི་འོད་འབར་བའི་དབུས། །ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་གར་སྟབས་བཞུགས། །དེའི་སྤྱི་བོར་ༀ་དཀར་པོ། ཞེས་པ་ནས། བདག་ལ་དབང་བསྐུར་བྱིན་གྱིས་རློབ་ཏུ་གསོལ། །དེ་ནས་ཡི་དམ་དང་བླ་མར་བསྒོམས་ནས་མཆོད་ཅིང་དངོས་གྲུབ་ཞུ་བ་ལ་གཉིས་ཀྱི་དང་པོ་ནི། དེ་ལྟར་གསོལ་བས་བཅོམ་ལྡན་འདས་མ་ཡི། །སྐུ་ཡི་ཆ་ནས་བདུད་རྩིའི་རྒྱུན་བབས་པས། །ཞེས་པ་ནས། བོ་མོ་རག་སོ་ཕྲལ་ཏེ་གནས་པ་ཡི། །ཐུགས་ཀའི་གནས་ནས་བདག་གི་རྣམ་པར་ཤེས། །རྣམ་པ་ཡེ་ཤེས་མཁའ་འགྲོ་གྲི་ཐོད་འཛིན། །རྒྱངས་ཀྱིས་ཐོན་ནས་ནམ་མཁར་འཁོད་པར་གྱུར། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་ཉིད་དང་། །བཅུད་ཀྱི་སེམས་ཅན་འདྲེ་གདོན་ལ་སོགས་པའི། །རིགས་དྲུག་ཐམས་ཅད་ལྷ་དང་ལྷ་མོར་གྱུར། །རང་གི་སྤྱི་བོའི་བླ་མ་མཁའ་འགྲོ་དང་། །རིགས་དྲུག་ལྷར་གྱུར་ཀུན་གྱི་ཐུགས་ཀ་ནས། །འོད་འཕྲོས་རང་བཞིན་གནས་ནས་བླ་མ་དང་། །མཁའ་འགྲོ་དབྱེར་མེད་རྒྱལ་བ་ཞི་ཁྲོའི་ཚོགས། །ལྷན་ཅིག་སྤྱན་དྲངས་རང་དང་རིགས་དྲུག་ཀུན། །ལྷར་གསལ་རྣམས་ལ་ཐིམ་པས་དབྱེར་མེད་གྱུར། །དེ་ནས་བདུད་རྩིས་མཆོད་པ་ནི་འདི་ལྟར། ༈ །རང་གི་ཕུང་པོ་དཀར་ཞིང་ཆེ་ལ་སྣུམ། །ཚོ་བའི་མདུན་དུ་ཡཾ་ལས་རླུང་དཀྱིལ་སྟེང་། །རཾ་ལས་མེ་དཀྱིལ་དེ་སྟེང་ཨཱཿལས་ནི། །མི་མགོའི་སྒྱེད་བུ་ཆེན་པོ་གསུམ་དུ་གྱུར། །རང་གི་རྣམ་ཤེས་མཁའ་འགྲོ་གྲི་ཐོད་ཅན། །གྲི་གུག་ཕུང་པོ་རྙིང་བའི་སྨན་ཕྲག་ཏུ། །བཙུགས་ཏེ་ཐོད་པ་ལིང་གིས་བཀོག་བྱས་ནས། །མི་མགོའི་སྐྱེད་བུ་གསུམ་གྱི་སྟེང་བཞག་པས། །རྒྱ་ནི་སྟོང་གསུམ་ཁྱོན་དང་མཉམ་གྱུར་ནང་། །ཕུང་པོ་དེ་བཅུག་གྲི་གུག་རབ་འབར་བས། །དུམ་བུར་གཏུབས་པའི་འོག་གི་རླུང་གཡོས་ཏེ། །མེ་སྦར་རྫས་རྣམས་ཞུ་བའི་རླངས་པ་ཡིས། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཐུགས་ཀ་ནས། །ཡེ་ཤེས་བདུད་རྩི་རྣམས་བཀུག་ཐོད་པའི་ནང་། །བབས་པས་ཉེས་པའི་དྲི་མ་ཀུན་སྦྱངས་ཏེ། །ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ། མགྲོན་རྣམས་ཀུན་གྱི་ལྗགས་ཉིད་རྡོ་རྗེ་ཡི། །འོད་ཟེར་སྦུ་གུས་དྲངས་ཏེ་གསོལ་བར་གྱུར། །ༀ་གུ་རུ་སརྦ་བུདྡྷ་ཌཱ་ཀི་ནི་ས་པཱ་རི་ཝ་ར་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། བླ་མ་ཡི་དམ་མཁའ་འགྲོ་རིགས་དྲུག་མགྲོན། །ལྷར་གསལ་མ་ལུས་ཀུན་ནས་ཚིམ་གྱུར་ནས། །ཐུགས་རྒྱུད་ཟག་མེད་བདེ་བས་དགྱེས་གྱུར་ཅིག །བདེ་སྟོང་དབྱེར་མེད་ཡེ་ཤེས་སྐྱེ་གྱུར་ཅིག །དངོས་གྲུབ་ཞུ་བ་ནི། དེ་ལྟར་གསོལ་བས་ཀུན་གྱི་གནས་ལྔ་ལས། །བདུད་རྩིའི་རྒྱུན་བྱུང་རང་གི་གནས་ལྔ་རུ། །ཐིམ་པས་ལུས་ཀྱི་གནས་ལྔ་བྱིན་བརླབས་པས། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། །ཅེས་བྱའོ། །གཉིས་པ་བླ་མ་བསྒོམས་ནས་དངོས་གྲུབ་ཞུ་ཚུལ་པཎ་ཆེན་གྱི་དེར་ཤིན་ཏུ་བསྡུས་ཤིང་། འདིར་ཅུང་ཟད་བསྡུ་ན། མཆོད་ཡུལ་བསྐྱེད་པ་ནི། རང་ཉིད་མཁའ་འགྲོར་གསལ་བའི་སྤྱི་གཙུག་ཏུ། །འདྲེ་གདོན་གནོད་བྱེད་རྩ་བའི་བླ་མ་དང་། །དབྱེར་མེད་བཞུགས་པའི་མཐའ་སྐོར་སེམས་ཅན་ཀུན། །དངོས་བརྒྱུད་བླ་མ་གཞན་གྱི་རྣམ་པར་གྱུར། །དེ་དག་སྒོ་གསུམ་རྡོ་རྗེ་གསུམ་མཚན་པའི། །ཧཱུཾ་ལས་འོད་འཕྲོས་རང་བཞིན་གནས་མཆོག་ནས། །བླ་མ་རྒྱལ་བ་སྲས་བཅས་ཞི་ཁྲོའི་ཚོགས། །སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་གྱུར། །ཡན་ལག་བདུན་པ་སོགས་ནི། །སྐྱབས་གནས་རྣམས་ལ་གུས་པས་ཕྱག་འཚལ་ལོ། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་སོ་སོར་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །རྟག་པར་བཞུགས་གསོལ་དགེ་བ་ཅི་མཆིས་པ། །བླ་མེད་བྱང་ཆུབ་གོ་འཕང་ཐོབ་ཕྱིར་བསྔོ། །གླིང་བཞི་གླིང་ཕྲན་རི་རབ་ཉི་ཟླ་དང་། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །ཕྱི་ནང་བདུད་རྩི་རྒྱ་མཚོའི་མཆོད་པའི་ཚོགས། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ་ཕྱིར་འབུལ། །དངོས་གྲུབ་བླང་བ་ནི། །བླ་མ་མཁའ་འགྲོ་རྒྱལ་བ་ཞི་ཁྲོ་ལ། །གུས་པས་གསོལ་བ་འདེབས་སོ་བརྩེར་དགོངས་ནས། །བདག་ལ་དབང་བཞི་བསྐུར་བར་མཛད་དུ་གསོལ། །སྐུ་བཞི་མངོན་དུ་འགྱུར་བར་མཛད་དུ་གསོལ། །དེ་ལྟར་གསོལ་བས་བླ་མ་མཁའ་འགྲོ་ཡི། །གནས་གསུམ་ཡི་གེ་གསུམ་ལས་བདུད་རྩི་དང་། །འོད་ཟེར་དཀར་དམར་མཐིང་གསུམ་རིམ་ཅན་དང་། །ཅིག་ཅར་བྱུང་ནས་རང་གི་གནས་གསུམ་དུ། །རིམ་དང་ཅིག་ཅར་ཐིམ་པས་སྒྲིབ་བཞི་དང་། །དབང་བཞི་ཐོབ་ཅིང་སྐུ་བཞིའི་ནུས་པ་བཞག །འཁོར་རྣམས་གཙོ་བོར་ཐིམ་ཞིང་གཙོ་མོ་ཉིད། །རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། །ཆོས་རྣམས་གདོད་ནས་རང་བཞིན་གྱིས་དབེན་ཡང་། །སྒྱུ་མ་ལྟ་བུའི་རྣམ་དཀར་དགེ་ཚོགས་རྣམས། །བདག་གཞན་འགྲོ་བ་ཀུན་གྱི་དོན་ཆེད་དུ། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །གཉིས་པ་ཆོས་སྐུའི་རྒྱུ་སྟོང་ཉིད་སྒོམ་པ་ནི། འཁོར་འདས་ཆོས་རྣམས་ཐམས་ཅད་རང་རང་གི །ཆ་ཤས་དག་ལ་བརྟེན་ནས་བཏགས་ཤིང་བཞག །བརྟེན་ནས་འབྱུང་བའི་ཆོས་རྣམས་གང་ཡིན་པ། །དེ་དག་རང་གི་ངོ་བོ་ཉིད་ཀྱིས་སྟོང་། །སྟོང་པ་རང་བཞིན་མེད་པའི་ངོ་བོ་དང་། །སྣང་བ་རྟེན་འབྲེལ་སྒྱུ་མ་ལྟ་བུ་གཉིས། །གཞི་གཅིག་ལ་ནི་འགལ་མེད་འདུ་བ་ཡི། །སྣང་སྟོང་ཚོགས་པའི་ཟུང་འཇུག་ཨེ་མ་མཚར། །སྣོད་བཅུད་སྣང་བ་ཐམས་ཅད་ལྷན་ཅིག་ཏུ། །འོད་ཀྱི་རྣམ་པར་གྱུར་ནས་རང་ལ་ཐིམ། །དམིགས་མེད་མཉམ་གཞག་ནམ་མཁའ་ལྟ་བུ་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་ཉམས་ལེན་ལས། །མི་འདའི་ཚུལ་གྱིས་རྣམ་པར་རོལ་བར་གྱུར། །ཚེ་རབས་ཀུན་ཏུ་རིས་མེད་འགྲོ་རྣམས་ལ། །གཅིག་ཏུ་བརྩེ་བའི་སྙིང་རྗེ་ཆེན་པོ་དང་། །བྱམས་དང་ལྷག་བསམ་སེམས་བསྐྱེད་སྐྱེ་འཕེལ་ཐབས། ལམ་མཆོག་འདི་དང་མི་འབྲལ་ཉམས་ལེན་ཤོག །དེ་ཡི་མཐུ་ལས་ཐེག་མཆོག་ལམ་བཟང་གིས། །རང་རྒྱུད་སྨིན་ཅིང་གྲོལ་བའི་སྐལ་ལྡན་ཅིང་། །ཆོས་གཟུགས་འགྲུབ་པའི་རྒྱུ་ཚོགས་མྱུར་རྫོགས་ནས། །ཟུང་འཇུག་རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག །ཅེས་སོགས་བསྔོ་སྨོན་བྱའོ། །འདི་ཐམས་ཅད་དཀྱུས་གཅིག་ལ་ཉམས་སུ་ལེན་པའམ། མ་གྲུབ་ན་རང་གང་འདོད་པ་དེ་ཙམ་དུ་ཉམས་སུ་བླང་ཡང་རུང་ངོ་། །བསྡུས་པ་ནི་པཎ་ཆེན་རིན་པོ་ཆེའི་གསུངས་ལྟར་བཀོད་ན། སྐྱབས་སེམས་སོགས་བྱས་ཏེ། རང་གི་སྤྱི་བོར་རྩ་བའི་བླ་མ་དང་། །དབྱེར་མེད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། །ཕྱག་གཡས་གྲི་གུག་གཡོན་པ་ཐོད་ཁྲག་འཛིན། །མཆན་ཁུང་ཁ་ཊཾ་ག་ཡིས་མཛེས་པར་བརྒྱན། ཁྲོ་ཆགས་སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས། །སྐྲ་གྲོལ་གཅེར་མོ་རུས་པའི་རྒྱན་དྲུག་གསོལ། །བརྐྱངས་བསྐུམས་གར་གྱིས་པད་ཉི་རོ་གདན་བཞུགས། །རང་ལུས་དབུས་སུ་དབུ་མ་མདའ་སྨྱུག་ཙམ། །སྤྱི་བོ་ནས་བཟུང་སྤྱི་གཙུག་ཐལ་ལེར་ཟུག །སྙིང་དབུས་དྷཱུ་ཏཱིར་རང་སེམས་ཐིག་ལེའི་གཟུགས། །དཀར་འཚེར་འོད་ཀྱི་ཕུང་པོ་རྒྱ་སྲན་ཙམ། ཕཊཿ སྙིང་ག་ནས་ཐོན་སྐར་མདའ་འཕངས་པ་བཞིན། །རྗེ་བཙུན་རྣལ་འབྱོར་མ་ཡི་ཐུགས་ཀར་ཐིམ། །རང་ལུས་བེམ་པོ་ཤིང་སྡོང་བཅད་པ་བཞིན། །ལིང་གིས་འགྱེལ་བས་སྟོང་གསུམ་ཁྱོན་གང་ཞིང་། །དཀར་ཞིང་ཆེ་ལ་སྣུམ་ཞིང་མཛེས་པར་གྱུར། །སླར་ཡང་རང་སེམས་བླ་མའི་ཐུགས་ཀ་ནས། །མཁའ་འགྲོ་གྲི་གུག་འཛིན་པའི་རྣམ་པར་ཐོན། །ༀ་ཨཱཿཧཱུཾ་ལས་མི་མགོའི་སྒྱེད་བུ་ནི། །རི་རྒྱལ་ལྷུན་པོ་ལྟ་བུ་གསུམ་གྱི་སྟེང་། །གྲི་གུག་འབར་བས་ཐོད་པ་བཀོག་ནས་བཀལ། །ཕུང་པོ་རྙིང་པ་དེ་ཡི་ནང་བཅུག་སྟེ། །གྲི་གུག་གིས་བཏུབས་གཡས་སྐོར་གསུམ་དཀྲུགས་ཤིང་། །ༀ་ཨཱཿཧཱུཾ་གིས་ཟག་མེད་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པ་ཉིད། །སྲིད་ཞིའི་མགྲོན་རྣམས་མཆོད་ཅིང་ཚིམ་སྟེ་མཉེས། །དམིགས་མེད་སྟོང་པའི་ངང་ནས་དགེ་བ་རྣམས། །རྫོགས་པའི་བྱང་ཆུབ་དམ་པ་ཐོབ་ཕྱིར་བསྔོ། །དཀར་འགྱེད་དོ།། ༈ །།ཡང་དམར་འགྱེད་ནི། སྔར་བཞིན་བེམ་རིག་བྲལ་བ་ཡན་ཆད་བྱས་ནས། འདི་ལྟར། རང་སེམས་གྲི་གུག་ཐོགས་པའི་མཁའ་འགྲོ་མས། །ཕུང་པོ་རྙིང་པའི་སྨོན་མཚམས་སུམ་ཁྲག་དང་། །རྐང་ལག་བཞི་རྩེར་རྒྱ་གྲམ་བཤགས་བྱས་ཏེ། །ལྤགས་པ་བཤུས་ནས་ས་སྟེང་དམར་ཆལ་བཀྲམ། །ཤ་ཁྲག་གཏོར་མས་སྲིད་གསུམ་གང་གྱུར་པ། །དཀོན་མཆོག་སྲི་ཞུའི་མགྲོན་ལ་མཆོད་པ་འབུལ། །མགོན་པོ་ཡོན་ཏན་མགྲོན་ལ་གཏང་རག་གཏོང་། །རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པ་དང་། །གདོན་བགེགས་ལན་ཆགས་མགྲོན་ལ་བུ་ལོན་འཇལ། །རང་རང་ཇི་ལྟར་འདོད་པའི་དམ་རྫས་ཀྱིས། །སྐྱེ་འཕགས་མ་ལུས་མཉེས་ཤིང་ཚིམ་པར་གྱུར། །མཆོད་སྦྱིན་འཁོར་གསུམ་རྣམ་པར་དག་པ་དང་། །ཆུ་ཟླ་བཞིན་དུ་སྣང་ཡང་བདེན་པས་སྟོང་། །ཕཊཿ བདེན་མེད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་། །དབྱིངས་རིག་དབྱེར་མེད་རྩེ་གཅིག་མཉམ་གཞག་སྟེ། །རྗེས་ཐོབ་དགེ་ཀུན་བྱང་ཆུབ་ཆེན་པོར་བསྔོ། །ཞེས་འབྱུང་བ་ལྟར་བྱའོ། །ཡང་རྗེ་དགེ་འདུན་རྒྱ་མཚོའི་གསུང་ལས་འདི་ལྟར་འབྱུང་སྟེ། མདུན་གྱི་ནམ་མཁར་པད་སྡོང་སྟེང་། །བླ་མ་ལབས་ཀྱི་སྒྲོན་མ་ལ། །མཁའ་འགྲོ་སྡེ་ལྔ་བརྒྱུད་པ་ཡི། །བླ་མ་རྣམས་དང་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་བསམ། །དེ་ནས་བེམ་རིག་ཕྲལ་བྱས་ཤིང་། །དབྱིངས་དང་རིག་པ་དབྱེར་མེད་དང་། །རང་ཉིད་ཁྲོས་མ་ནག་མོར་བསྒོམ། །ཕྱག་གཡས་འབར་བའི་གྲི་གུག་གིས། །རི་རབ་དང་མཉམ་ཕུང་པོ་ཡི། །ཐོད་པ་ཕྲལ་ནས་མི་མགོ་ཡི། །རློན་པའི་སྒྱེད་བུ་གསུམ་ལ་བཀལ། །དེ་ནས་ཤ་ཁྲག་ཐམས་ཅད་བླུགས། །ༀ་ཨཱ་ཧཱུཾ་གིས་བདུད་རྩིར་བྱས། །ཐོད་པ་ཐོགས་པའི་ལྷ་མོའི་ཚོགས། །ནམ་མཁའ་གང་བས་རབ་ཏུ་མཆོད། །དེ་ནས་གནོད་བྱེད་གདོན་བགེགས་དང་། །རིགས་དྲུག་ཀུན་ལ་རབ་ཏུ་སྦྱིན། །འཁོར་གསུམ་དམིགས་པ་མེད་པར་བྱ། །རྩེ་གཅིག་ཆོས་ཀྱི་སྐུ་རུ་བསྔོ། །སླར་ཡང་སྔར་བཞིན་བེམ་རིག་ཕྲལ། །དབྱིངས་རིག་བསྲེས་ནས་རྣལ་འབྱོར་མས། །ཕྱག་གཡས་འབར་བའི་གྲི་གུག་གིས། །རང་གི་ཕུང་བོ་ཁ་ཕྱེ་ནས། །ཤ་དང་རུས་པ་རི་རབ་ཙམ། །ཁྲག་ནི་རྒྱ་མཚོ་ཆེན་པོར་མཚུངས། །སྲིད་པའི་རྩེ་མོ་ནས་བཟུང་སྟེ། །མནར་མེད་དམྱལ་བ་ཡན་ཆད་ཀྱི། །སྣང་སྲིད་ལྷ་སྲིན་ཐམས་ཅད་བསྡུས། །ཤ་ཟོས་ཁྲག་འཐུང་རུས་པ་མུར། །ཐམས་ཅད་བདུད་རྩིས་ཚིམ་པར་བསམ། །གཞན་ཡང་འདྲེ་གདོན་མ་ལུས་པ། །ཕ་མར་བསམས་ལ་བྱམས་བརྩེ་བསྒོམ། །བླ་མར་བསམས་ལ་མཆོད་པ་འབུལ། །ཡི་དམ་དུ་བསམས་དངོས་གྲུབ་ཞུ། །ཆོས་སྐྱོང་དུ་བསམས་འཕྲིན་ལས་བཅོལ། །ཕྱི་ནང་གསང་བའི་སློངས་ཚད་དང་། །ཚར་ཚད་ཚེ་གཏད་ངོས་ཟིན་བྱ། །བདག་འཛིན་འཁྲི་བ་ཆོད་པ་དང་། །རང་ཉིད་གཅེས་འཛིན་བཅད་བྱས་ནས། །ཆོས་ཀུན་ཁྱད་པར་འདྲེ་གདོན་སོགས། །ཡུལ་གྱི་སྟེང་ནས་རྡུལ་ཙམ་ཡང་། །གྲུབ་པ་མེད་སྙམ་བློ་ཐག་བཅད། །དམིགས་མེད་ངང་ནས་དགེ་བ་དེ། །ཀུན་ཀྱང་ཐུན་མོང་བྱང་ཆུབ་བསྔོ། །ཞེས་འབྱུང་བ་ལྟར་རོ། །སྨྲས་པ། །རྒྱལ་ཡུམ་མ་གཅིག་ལབས་སྒྲོན་མའི། །ཆོས་ཚུལ་གཅོད་ཀྱི་གདམས་པ་མཆོག །དམ་པའི་བཞེད་སྲོལ་ཇི་བཞིན་དུ། །ཚིགས་སུ་བཅད་པའི་ངག་གིས་བསྡེབས། །འདི་ཡི་དབང་ལུང་མན་ངག་རྒྱུན། །རྒྱལ་སྲས་རྗེ་བཙུན་པཎྜི་ཏའི། །དྲུང་ནས་ཐོབ་ཀྱང་ལག་ལེན་དུ། །བསྟར་བའི་འདུན་པ་སྔར་མ་སྐྱེས། །འོན་ཀྱང་བླ་ཆེན་མཁས་པ་འགས། །ཁྱོད་ཉིད་མ་གཅིག་ལབས་སྒྲོན་གྱི། །མ་འོངས་ལུང་བསྟན་དེ་ལས་ནི། །འདི་ལྟར་ཟིན་ཞེས་གསུང་ཐོས་ཚེ། །ཡིད་ལ་དགའ་བའི་དད་གུས་ཞིག །སྐྱེས་ནས་དྲིན་དུ་གཟོ་བ་དང་། །མཆོད་ཕྱིར་འདི་ཉིད་སྤེལ་འདུན་ཤར། །ཚུལ་འདིར་འབད་པའི་རྣམ་དཀར་དགེས། །སྐྱེ་ཀུན་རྒྱལ་ཡུམ་དེ་ཉིད་ཀྱིས། །དགྱེས་བཞིན་རྗེས་སུ་འཛིན་པ་དང་། །རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག །ཅེས་པ་དེ་ལྟ་བུའི་གདམས་པ་འདི་ཉིད་སྤྱིར་བྱམས་སྙིང་རྗེ་ལྷག་བསམ་སེམས་བསྐྱེད་ཀྱི་ཁྱད་པར་ཅི་རིགས་དང་ལྡན་ཅིང་། ཐེག་ཆེན་ལ་མོས་པ་ཆེ་བ་ཞིག་གིས་ཉམས་སུ་བླངས་ན་ཁྱད་ཆེ་ཞིང་། ཁྱད་པར་དུ་ཚེ་འདི་བློས་བཏང་བའི་རི་ཁྲོད་པ་འདྲེ་གདོན་སོགས་རིགས་དྲུག་གི་འགྲོ་བ་དམན་པ་རྣམས་ལ་ལྷག་པར་བྱམས་སྙིང་རྗེ་དང་ལྡན་པ་དག་གིས་ཉམས་ལེན་གྱི་སྙིང་པོར་བྱ་རིགས་སོ། །ཅེས་པ་འདི་ཡང་ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་དད་པ་ཁོ་ནས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒ་ལཾ། །ཞུས་དག །

རྗེ་བཙུན་སྤྱན་རས་གཟིགས་ཀྱི་གདམས་པ་སྙིང་པོ་དོན་གསུམ་གྱི་འཁྲིད་ཡིག་ཉམས་ལེན་སྙིང་པོ་བསྡུས་པ།

རྗེ་བཙུན་སྤྱན་རས་གཟིགས་ཀྱི་གདམས་པ་སྙིང་པོ་དོན་གསུམ་གྱི་འཁྲིད་ཡིག་ཉམས་ལེན་སྙིང་པོ་བསྡུས་པ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་ཏེ། །སྤྱན་རས་གཟིགས་ཞེས་རབ་གྲགས་པ། །གང་དེའི་ཞབས་ལ་གུས་བཏུད་ནས། །སྙིང་པོ་དོན་གསུམ་བཤད་པར་བྱ། །དེ་ཡང་རྗེ་བཙུན་སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གནང་བ་ཚེ་འདི་དང་འཆི་ཁ་དང་བར་དོའི་ཉམས་ལེན་བྱ་ཚུལ་སྙིང་པོ་དོན་གསུམ་དུ་གྲགས་པའི་གདམས་པ་འཆད་པ་ལ་གསུམ་ལས། དང་པོ་ནི། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། དངོས་གཞི་ནི་འདི་ལྟར་ཉམས་སུ་བླང་བར་བྱའོ། །ཀྱེ་མ་རྙེད་དཀའ་དོན་ཆེན་དལ་རྟེན་འདི། །འཇིག་པར་ངེས་ཤིང་ནམ་འཆི་ཆ་མེད་ལ། །ཤི་ནས་གར་སྐྱེའི་གདེངས་མེད་ངན་འགྲོ་རུ། །སྐྱེ་བར་མི་འགྱུར་ཐབས་ལ་འབད་པར་བྱ། །རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས། །མ་འདས་དེ་ཕྱིར་བདག་གཞན་འགྲོ་བ་ཀུན། ཁྱད་མེད་སྡུག་བསྔལ་རྒྱ་མཚོ་ལས་སྒྲོལ་ཕྱིར། །རྫོགས་པའི་བྱང་ཆུབ་དམ་པ་མྱུར་ཐོབ་བྱ། །རང་གི་སྤྱི་བོར་ཤེལ་དཀར་ལས་གྲུབ་པའི། །བྱང་ཆུབ་མཆོད་རྟེན་སྒོ་སྟོང་ལྡན་པ་ཡི། །བུམ་པའི་ནང་དུ་པད་དཀར་ཟླ་བའི་སྟེང་། །རྩ་བའི་བླ་མ་ཉིད་དང་དབྱེར་མེད་པའི། །རྣམ་པ་རྗེ་བཙུན་འཕགས་པ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། །དང་པོ་གཉིས་ནི་ཐུགས་ཀར་ཐལ་སྦྱར་ཞིང་། །འོག་མ་གཉིས་ཀྱིས་ཤེལ་ཕྲེང་པད་དཀར་འཛིན། །དར་དང་རིན་ཆེན་རྒྱན་གྱིས་རབ་མཛེས་ཤིང་། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་སྒོ་སྟོང་ལ། །བསྐལ་བཟང་སངས་རྒྱས་སྟོང་རྣམས་བཞུགས་གྱུར་པ། །ཀུན་ཀྱང་རིགས་ལྔའི་རྣམ་པའི་བཞུགས་སྟངས་ཅན། །ལྟེ་བའི་ཕྱོགས་བཞི་རེ་རེར་ཉེར་ལྔ་རེ། །འདིར་སྤྱན་རས་གཟིགས་ཁ་སར་པཱ་ཎིར་བསྒོམས་པའི་ལུགས་སྣང་ཡང་དོན་ལ་ཁྱད་མེད་ཅིང་། ཡིག་དྲུག་བཟླ་ན་ཕྱག་བཞི་པ་བདེ་བར་བཤད་པ་ལྟར་བཀོད་པའོ། །དེ་ནས། རང་ཉིད་སྤྱན་རས་གཟིགས་དབང་ཕྱག་བཞི་པར། །གསལ་བའི་སྙིང་རྩེ་གྱེན་དུ་ཕྱོགས་གྱུར་པ། །རྣམ་པ་པད་དམར་འདབ་མ་སྟོང་ལྡན་གྱི། །ལྟེ་བར་ཟླ་བའི་སྟེང་དུ་རང་སེམས་དང་། །དབྱེར་མེད་སྤྱན་རས་གཟིགས་དབང་ཚོན་གང་ཙམ། །འདབ་མ་རྣམས་ལ་ཨ་དཀར་སྟོང་གིས་བརྒྱན། །སྤྱི་བོའི་བླ་མ་སྙིང་ཁའི་རྗེ་བཙུན་གྱི། །རལ་བའི་རྩེ་ན་རིགས་བདག་འོད་དཔག་མེད། །དེ་དག་སྒོ་གསུམ་རྡོ་རྗེ་གསུམ་གྱིས་མཚན། །ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐའ་སྐོར་དུ། །ཡིག་དྲུག་ཆུ་ཤེལ་ཕྲེང་བ་ལྟ་བུས་མཛེས། །དེ་ལས་འོད་འཕྲོས་རང་བཞིན་གནས་མཆོག་ནས། །བླ་མ་སྤྱན་རས་གཟིགས་དབང་སངས་རྒྱས་སྟོང་། །མཆོག་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །བཀའ་སྡོད་གསང་སྔགས་རིག་སྔགས་ཚོགས་དང་བཅས། །སྤྱན་དྲངས་དམ་ཚིག་པ་རྣམས་སོ་སོ་ལ། །ཐིམ་པས་སྐྱབས་གནས་ཀུན་འདུས་བདག་ཉིད་གྱུར། །དེ་ནས་ཡན་ལག་བདུན་པ་བྱ་ཚུལ་ནི། འདོད་རྒུའི་དངོས་གྲུབ་མ་ལུས་འབྱུང་བའི་གནས། །རྩ་བརྒྱུད་བླ་མ་རྣམས་དང་ལྷག་པའི་ལྷ། །ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་ལ་སོགས། །སྐྱབས་གནས་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྲིད་ཞིའི་མཆོད་སྤྲིན་རྒྱ་མཚོ་ཐམས་ཅད་དང་། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །རང་གཞན་ཀུན་གྱིས་ཐོག་མེད་ནས་བགྱིས་པའི། །སྡིག་ལྟུང་ཉེས་ཚོགས་ཐམས་ཅད་སོ་སོར་བཤགས། །སྐྱེ་འཕགས་ཀུན་གྱིས་བསགས་པའི་རྣམ་དཀར་ལ། །བསམ་པ་ཐག་པས་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་དམ་པ་ལེགས་བསྐོར་ཞིང་། །མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། །དུས་གསུམ་བསགས་པའི་དགེ་བ་ཅི་མཆིས་པ། །ཐམས་ཅད་གཅིག་བསྡོམས་སངས་རྒྱས་ཐོབ་ཕྱིར་བསྔོ། །དེ་ནས་གསོལ་འདེབས་ནི། མ་ལུས་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་དཔུང་། །གཅིག་བསྡུས་སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །འཇིག་རྟེན་གསུམ་གྱི་མགོན་པོ་ཐུགས་རྗེ་ཅན། །ཟླ་མེད་སྐྱབས་ཀྱི་དམ་པར་གསོལ་བ་འདེབས། །གསལ་རྫོགས་མཚན་དང་དཔེ་བྱེད་དཔལ་གྱིས་མཛེས། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་རབ་ཏུ་སྒྲོགས། །ཇི་སྙེད་ཤེས་བྱ་མ་ལུས་ཀུན་གཟིགས་པ། །སྐལ་བཟང་རྒྱལ་བ་སྟོང་ལ་གསོལ་བ་འདེབས། །བླ་མ་ཀུན་འདུས་རྗེ་བཙུན་སྤྱན་རས་གཟིགས། །རྒྱལ་བ་ཀུན་འདུས་བསྐལ་བཟང་སངས་རྒྱས་སྟོང་། །མཆོག་གསུམ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །བསྟན་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཇ་མ་སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་འཕགས་མཆོག་ཐུགས་རྗེ་ཅན། །བདག་དང་ཉམ་ཐག་འགྲོ་བ་ཐམས་ཅད་ཀྱང་། །འཇིགས་རུང་ངན་འགྲོའི་གནས་ལས་སྐྱོབ་ཏུ་གསོལ། །འདི་ཕྱི་བར་དོའི་འསྔིགས་ལས༴ མནར་གཅོད་སྡུག་བསྔལ་ཆེ་ལས༴ འཁོར་བའི་སྡུག་བཇལ་མཚོ་ལས༴ དགའ་ལྡན་ཆོས་ཀྱི་མདུན་སར་དྲང་དུ་གསོལ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་གཟུང་། །ད་ལྟ་ཉིད་དུ་བྱིན་གྱིས་རློབ་ཏུ་གསོལ། །མྱུར་བ་ཉིད་དུ་བྱིན་གྱིིས་རློབ་ཏུ་གསོལ། །ཐུགས་རྗེས་གཟིགས་ཤིག་ལྷ་མཆོག་སྤྱན་རས་གཟིགས། །ཕྱི་བཤོལ་མི་མཛད་འཕགས་པ་ཐུགས་རྗེ་ཅན། །ཞེས་དད་གུས་དྲག་པོས་ལན་གསུམ་མམ་གཅིག་བྱ། ༈ །དེ་ལྟར་གསོལ་བས་སྤྱི་བོའི་ཇ་མ་དང་། །སངས་རྒྱས་ཀུན་གྱི་སྐུ་ཡི་ཆ་རྣམས་ལས། །བདུད་རྩིའི་རྒྱུན་བྱུང་རང་གི་ལུས་ཀྱི་ཆར། །ཐིམ་པས་སྡིག་སྒྲིབ་ཀུན་བྱང་བྱིན་གྱིས་བརླབས། །སླར་ཡང་བདུད་རྩིའི་ཚོགས་བྱུང་ཕྱིར་འཕྲོས་ཏེ། །བཅུད་ཀྱི་འགྲོ་བའི་སྡིག་སྒྲིབ་ཀུན་སྦྱངས་ནས། །སྤྱན་རས་གཟིགས་ཀྱི་གོ་འཕང་མཆོག་ལ་བཀོད། །སྣོད་ཀྱི་སྐྱོན་སྦྱངས་དག་པའི་ཞིང་དུ་བསྒྱུར། །རང་གཞན་ཀུན་གྱིས་ཡི་གེ་དྲུག་པའི་སྒྲ། །འུར་འུར་ཞེས་པའི་སྒྲ་ཆེན་བསྒྲག་པར་གྱུར། །ཞེས་བསམས་ལ་ཡིག་དྲུག་ཅི་འགྲུབ་བཟླའོ། །དེ་ནས། ༈ རང་གི་སྙིང་ཁའི་ཧྲཱིཿལས་འོད་འཕྲོས་ཏེ། །སྣོད་ལ་ཕོག་པས་འོད་དུ་ཞུ་གྱུར་ནས། །བཅུད་རྣམས་སྤྱན་རས་གཟིགས་སུ་གསལ་ལ་ཐིམ། །དེ་དག་འོད་དུ་ཞུ་ནས་རང་ཉིད་དང་། །སྤྱི་བོའི་བླ་མ་སྤྱན་རས་གཟིགས་ཞུ་ནས། །རང་གི་སྙིང་ཁའི་སྤྱན་རས་གཟིགས་ལ་ཐིམ། །སངས་རྒྱས་སྟོང་ཡང་སྙིང་ཁའི་ཧྲཱིཿལ་ཐིམ། །མཆོད་རྟེན་ནམ་མཁར་འཇའ་ལྟར་ཡལ་བ་དང་། །རང་ཉིད་སྙིང་ཁའི་སྤྱན་རས་གཟིགས་ལ་ཐིམ། །དེ་ཡང་ཐུགས་ཀའི་ཧྲཱིཿལ་ཐིམ་པར་གྱུར། །ཧྲཱིཿཡིག་རིམ་གྱིས་འཇའ་ལྟར་དག་གྱུར་ཏེ། །སྟོང་པ་ཉིད་ཀྱི་ངང་དུ་ཞུགས་པ་ལས། །སླར་ཡང་སྤྱན་རས་གཟིགས་ཀྱི་སྐུ་རུ་གྱུར། །རང་སེམས་བླ་མ་ཡི་དམ་དབྱེེར་མེད་དང་། །གང་སྣང་ལྷར་གསལ་སྐུ་ཡི་འཁྱེར་སོ་དང་། །སྒྲ་གྲགས་སྣང་བ་གསུང་གི་འཁྱེར་སོ་དང་། །ཆོས་ཀུན་བདེན་སྟོང་ཐུགས་ཀྱི་འཁྱེར་སོ་སྟེ། །ཉམས་ལེན་སྙིང་པོ་འཁྱེར་སོ་གསུམ་ལྡན་གྱུར། །འདིར་ཡང་ཡིག་དྲུག་ཅི་འགྲུབ་བཟླའོ། །དེ་ནས་རང་སེམས་སྐྱེ་མེད་བསྒོམ་ཚུལ་ནི། རང་སེམས་ལ་སོགས་འཁོར་འདས་ཆོས་རྣམས་ཀུན། །མིང་བརྡས་བཞག་པ་ཙམ་ཞིག་མ་གཏོགས་པར། །ངོ་བོས་གྲུབ་པ་རྡུལ་ཙམ་མེད་པས་ན། །སྟོང་སང་སྤྲོས་བྲལ་ནམ་མཁའ་ལྟ་བུར་གྱུར། །དམིགས་མེད་སྟོང་པའི་ངང་ནས་རྗེས་ཐོབ་ཏུ། །སྣང་བ་གང་ཤར་སྒྱུ་མ་རྨི་ལམ་དང་། །ཆུ་ནང་ཟླ་བ་མིག་འཕྲུལ་ཆུར་སྣང་བའི། །སྣང་སྟོང་འགལ་མེད་ངང་དུ་འཇུག་པར་གྱུར། །ཞེས་པ་ནི་ཚེ་འདིའི་ཉམས་ལེན་གྱི་སྐོར་རོ། །གཉིས་པ་འཆི་ཁའི་གདམས་ངག་གི་སྙིང་པོ་ཉམས་སུ་ལེན་པ་ལ་གཉིས་ལས། དང་པོ་མཆོད་སྦྱིན་ཚོགས་གསོག་ཇི་ལྟར་བྱ་བ་ནི། རང་ཉིད་སྤྱན་རས་གཟིགས་དབང་ཕྱག་བཞི་བར། །གསལ་བའི་མདུན་གྱི་ནམ་མཁར་སེདྒེའི་ཁྲིར། །པད་ཟླའི་གདན་ལ་རྩ་བའི་བླ་མ་དང་། །དབྱེར་མེད་རྗེ་བཙུན་འཕགས་པ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། །རྩ་ཕྱག་ཐལ་སྦྱར་ལྷག་མ་གཡས་གཡོན་གྱིས། །ཤེལ་ཕྲེང་པད་དཀར་འཛིན་ཅིང་མཚན་དཔེས་སྤྲས། །རིན་ཆེན་དར་གྱི་ན་བཟའ་གསོལ་བས་མཛེས། །འོད་ཀྱི་ཕུང་པོའི་དབུས་ན་པད་ཞབས་ཟུང་། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་མཐའ་སྐོང་དུ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །སངས་རྒྱས་བྱང་སེམས་ཞི་ཁྲོ་ཉན་རང་འཕགས། །དཔའ་བོ་མཁའ་འགྲོ་བསྟན་སྲུང་ཚོགས་རྣམས་ཀྱིས། །བསྐོར་ནས་བཞུགས་པའི་ཁྲི་འོག་ཁྲི་ཟུང་སོགས། །མཐའ་སྐོར་གདོན་བགེགས་ལན་ཆགས་མགྲོན་རྣམས་དང་། །རིགས་དྲུག་འགྲོ་བ་ཡོངས་ཀྱིས་བསྐོར་བར་གྱུར། །དེ་ནས་ལུས་ཀྱི་མཆོད་སྦྱིན་གྱི་ཚོགས་གསོག་བྱ་ཚུལ་ནི། ཐོག་མེད་ནས་བཟུང་ད་ལྟའི་བར་དག་ཏུ། །མཆོག་དམན་ལུས་ནི་གྲངས་མེད་བླངས་གྱུར་ཀྱང་། །རང་ཉིད་གཅེས་འཛིན་གོམས་པའི་དབང་གྱུར་ཏེ། །ལུས་ལ་སྙིང་པོ་ལེན་པ་མ་བྱུང་བས། །ད་རེས་ལུས་འདིར་སྙིང་པོ་བླང་བར་བྱ། །རང་སེམས་སྤྱན་རས་གཟིགས་དབང་ཚོན་གང་ཙམ། །སྙིང་ག་ནས་ཐོན་ནམ་མཁར་གནས་གྱུར་པའི། །སྤྱན་རས་གཟིགས་དེས་ཕུང་པོ་རྙིང་བ་ལ། །བལྟས་པས་མཛེས་ཚོ་ཡིད་འོང་སྣུམ་བག་ཅན། །ཞིག་ཏུ་འདུག་པར་མཐོང་ནས་མདུན་ངོས་ཀྱི། །བླ་མ་སྤྱན་རས་གཟིགས་སོགས་སྐྱབས་ཀུན་ལ། །ལུས་འདི་འབུལ་ལོ་བཞེས་ནས་དངོས་གྲུབ་སྩོལ། །ཅེས་ཞུས་དུས་བླ་མའི་ཞལ་ནས་ༀ་ཨཱཿ ཧཱུཾ། །གསུངས་པས་མི་མགོའི་སྒྱེད་པུ་རི་རབ་ཙམ། །གསུམ་དུ་གྱུར་པ་མདུན་དུ་གནས་པ་ན། །རང་སེམས་བླ་མ་ལྷ་ཡི་ཐུགས་ཀ་ནས། །མཁའ་འགྲོ་གྲི་གུག་ཐོགས་པ་ཞིག་བྱུང་སྟེ། །རང་ལུས་རྙིང་བའི་སྨིན་མཚམས་ཡན་ཆད་ཀྱི། །ཐོད་པ་ལིང་གིས་བཀོག་ནས་སྒྱེད་པུའི་སྟེང་། །བཞག་པས་སྟོང་གསུམ་ཁྱོན་དང་མཉམ་པར་གྱུར། །སླར་ཡང་གྲི་གུག་ཐོགས་པའི་མཁའ་འགྲོ་མ། །དུ་མ་སྤྲོས་ཏེ་རང་ལུས་ཕུང་རྙིང་གི །ཤ་རུས་དུམ་བུར་བཏུབ་ནས་ཐོད་པར་བླུགས། །ཐོད་པ་ཤ་ཁྲག་གིས་གང་བླ་མ་ལྷས། །སླར་ཡང་ༀ་ཨཱཿཧཱུཾ་ཞེས་གསུངས་པས། །ཤ་ཁྲག་རུས་གསུམ་ཐམས་ཅད་ཟག་མེད་ཀྱི། །བདུད་རྩིའི་ངོ་བོར་བྱིན་གྱིས་བརླབས་པར་གྱུར། །སླར་ཡང་རང་སེམས་ལྷ་ཡི་ཐུགས་ཀ་ནས། །མཁའ་འགྲོ་ཐོད་པ་ཐོགས་པ་དཔག་མེད་ཞིག །སྤྲོས་ཏེ་ཐོད་པའི་བདུད་རྩི་ལུམ་བཅུས་ནས། །རྩ་བརྒྱུད་བླ་མ་ཡི་དམ་མཆོག་གསུམ་དང་། །མཁའ་འགྲོ་ཆོས་སྐྱོང་ཚོགས་ལ་ཕུལ་བྱས་པས། །ཟག་མེད་བདེ་བས་ཚིམ་ཞིང་དགྱེས་པར་གྱུར། །དེ་བཞིན་གནོད་བྱེད་གདོན་བགེགས་ལན་ཆགས་ཀྱི། །མགྲོན་ལ་བྱིན་པས་ལན་ཆགས་ཤ་འཁོན་བྱང་། །བུ་ལོན་བྱང་ནས་སྤྱན་རས་གཟིགས་སུ་གྱུར། །དེ་ནས་མར་གྱུར་རིགས་དྲུག་མགྲོན་རྣམས་ལ། །སྔར་བཞིན་བྱིན་པས་རིགས་དྲུག་སྡུག་བསྔལ་དང་། །སྡིག་སྒྲིབ་བྱང་སྟེ་སྣོད་ཀུན་དག་ཞིང་དང་། །བཅུད་ཀྱི་སེམས་ཅན་སྤྱན་རས་གཟིགས་སུ་གྱུར། །ཅེས་བརྗོད་ཅིང་འདིར་ཡང་ཡིག་བརྒྱ་བཟླའོ། །མཐར། ཚོགས་ཞིང་བཅས་པའི་སྣོད་བཅུད་ཐམས་ཅད་ཀྱང་། །འོད་དུ་ཞུ་ནས་རང་ལ་ཐིམ་པ་ན། །རང་ཡང་མི་དམིགས་སྟོང་པ་ཉིད་དུ་གྱུར། །ཆོས་ཀུན་རང་བཞིན་སྟོང་གསལ་ནམ་མཁའི་ངང་། །སླར་ཡང་རང་ཉིད་སྤྱན་རས་གཟིགས་གྱུར་ཏེ། །མར་གྱུར་འགྲོ་བའི་དོན་ལ་རྗེས་སུ་དགོངས། །༈ གཉིས་པ་འཕོ་བའི་མན་ངག་ནི། སྐྱབས་འགྲོ་སོགས་བྱས་ཏེ། རང་ལུས་ནང་དབུས་དྲང་པོར་རྩ་དབུ་མ། །སྦ་ལྕག་ཙམ་ཞིག་ཡར་སྣ་ཚངས་བུག་དང་། །མར་སྣ་ལྟེ་འོག་ཟུག་པའི་སྙིང་དབུས་སུ། །རང་སེམས་སྤྱན་རས་གཟིགས་དབང་སྐུ་མདོག་དཀར། །ཞལ་གཅིག་ཕྱག་བཞི་ཐལ་སྦྱར་ཤེལ་ཕྲེང་དང་། །པད་དཀར་འཛིན་ཅིང་རྒྱན་དང་ན་བཟས་མཛེས། །འོད་དཀྱིལ་དབུས་སུ་སྐྱིལ་ཀྲུང་གིས་བཞུགས་གྱུར། །སྟེང་ཕྱོགས་དགའ་ལྡན་ཆོས་ཀྱི་ཕོ་བྲང་ན། །བྱམས་མགོན་གསེར་མདོག་བཟང་པོའི་བཞུགས་སྟངས་ཚུལ། །མཚན་དཔེའི་འོད་འབར་ཆོས་འཁོར་ཕྱག་རྒྱ་ཅན། །དགྱེས་པའི་ཐུགས་ཀྱིས་དགོངས་ཤིང་གཟིགས་པར་གྱུར། །སྐྱོན་བྲལ་ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །མགོན་མེད་ཉམ་ཐག་འགྲོ་བ་ཡོངས་ཀྱི་སྐྱབས། །ཐུབ་པའི་རྒྱལ་ཚབ་མི་ཕམ་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་བྱམས་མགོན་ཐུགས་རྗེ་ཅན། །མནར་གཅོད་སྡུག་བསྔལ་མཐའ་དག་ཞི་བར་མཛོད། །འཇིགས་རུང་བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། །ངན་སོང་འཁོར་བའི་འཇིགས་ལས་སྐྱོབ་ཏུ་གསོལ། །ཤི་འཕོས་དགའ་ལྡན་གནས་སུ་དྲང་དུ་གསོལ། །བྱིན་གྱིས་རློབས་ཤིག་བྱམས་མགོན་ཐུགས་རྗེའི་གཏེར། །ཐུགས་རྗེས་གཟིགས་ཤིག་བྱམས་བརྩེའི་བདག་ཉིད་ཅན། །ད་ལྟ་ཉིད་དུ་ཁྱོད་ཀྱི་དྲུང་དེར་དྲོངས། །སྐྱོན་བྲལ་ཞེས་པ་མན་གྱི་གསོལ་འདེབས་ལན་གསུམ་མམ་བདུན་སོགས་བྱའོ། ༈ །དེ་ལྟར་གསོལ་བས་རྗེ་བཙུན་ཐུགས་ཀ་ནས། །འོད་ཀྱི་སྦུ་གུ་རྒྱངས་ཀྱིས་བྱུང་ནས་ནི། །བདག་གི་སྤྱི་བོར་ཚངས་བུག་མཐའ་སྐོར་ཟུག །སླར་ཡང་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག །འོད་ཀྱི་སྦུ་གུའི་ནང་བརྒྱུད་རང་གི་སེམས། །སྤྱན་རས་གཟིགས་སུ་གསལ་བའི་ཐོར་ཅོག་རྩེར། །བཏབ་དྲངས་སྐར་མདའ་འཕངས་བཞིན་རྗེ་བཙུན་གྱི། །ཐུགས་ཀར་ཐིམ་ཞིང་སླར་ཐོན་པདྨའི་དབུས། །རྫུས་སྐྱེས་བྱམས་པའི་སྲས་ཀྱི་མཆོག་གྱུར་ནས། །བྱང་ཆུབ་ལུང་བསྟན་དམ་པ་ཐོབ་པར་ཤོག །ཞེས་པ་ནི་འཆི་ཁའི་དུས་ཀྱི་ཉམས་ལེན་ནོ། །༈ གསུམ་པ་བར་དོའི་ཉམས་ལེན་ནི། དེ་ལྟར་འབད་ཀྱང་དངོས་སུ་འཕོ་བར་མ་ནུས་ན་ཇི་ལྟར་བྱ་བ་ནི། ༈ །གལ་ཏེ་བྱམས་པའི་དྲུང་དུ་འདོད་པ་བཞིན། །དངོས་སུ་འཕོ་བར་མ་ནུས་ལས་ཉོན་གྱིས། །བར་དོ་གྲུབ་པར་གྱུར་ན་དེ་ཡི་ཚེ། །ཕྱི་ནང་གསང་བར་བསྒྱུར་བའི་མན་ངག་གིས། །དགའ་ལྡན་གནས་སམ་བདེ་བ་ཅན་ལ་སོགས། །རྣམ་དག་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། །ཕྱི་བསྒྱུར་ད་ལྟ་སྣང་བ་གང་ཤར་ཡང་། །བར་དོའི་འཁྲུལ་པའི་སྣང་བ་ཉིད་ཡིན་ཞེས། །རྒྱུན་ཆགས་དྲན་པའི་ཉམས་ལེན་གོམས་བྱས་ཏེ། །ད་བཟོད་བར་དོའི་སྣང་བ་དངོས་ཤར་ཚེ། །འཁྲུལ་སྣང་རྣམས་ལ་དེ་རུ་ངོ་ཤེས་ཤིང་། །ནང་བསྒྱུར་བཅུད་ཀྱི་སྣང་བ་གང་ཤར་བ། །སྤྱན་རས་གཟིགས་ཀྱི་སྐུ་ཡི་རྣམ་པ་དང་། །སྣོད་རྣམས་དག་པའི་ཞིང་དུ་བལྟ་ཞིང་དྲན། །གསང་བསྒྱུར་གང་ཤར་འཁྲུལ་སྣང་ཙམ་ཉིད་ལས། །མ་འདས་རང་བཞིན་མེད་པའི་སྟོང་ཉིད་དུ། །ལེགས་པར་བལྟ་བའི་ཕྱི་ནང་གསང་བ་ཡི། །ཉམས་ལེན་ཚུལ་ལ་ལེགས་པར་གོམས་བྱས་ཏེ། །བདེན་སྟོང་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱིས། །དམན་པའི་སྐྱེ་སྒོ་བཀག་ནས་དགའ་བཞིན་དུ། །གཞན་དོན་རྒྱ་ཆེན་འགྲུབ་པའི་རྟེན་བཟང་པོ། །བསམས་བཞིན་ཉིང་མཚམས་སྦྱོར་བའི་མཐུ་ཐོབ་ཤོག །དག་པའི་ཞིང་དུ་སྐྱེས་ནས་སྙིང་རྗེ་ཡིས། །མ་དག་ཞིང་གི་འགྲོ་བ་འདྲེན་པ་ལ། །མགོན་པོ་སྤྱན་རས་གཟིགས་ཀྱི་སྤྱོད་པ་ལྟར། །ལེགས་པར་སྤྱད་ནས་མྱུར་དུ་འཚང་རྒྱ་ཤོག །ཅེས་བྱའོ། །སྤྱན་རས་གཟིགས་ཀྱི་གདམས་པ་སྙིང་པོ་དོན་གསུམ་འདི་ལ་རྒྱལ་དབང་དགེ་འདུན་རྒྱ་མཚོས་མཛད་པའི་རྒྱས་པ་ཞིག་སྣང་ཡང་ལག་ལེན་དཀའ་ཞིང་། པཎ་ཆེན་གོང་མས་མཛད་པའི་འབྲིང་པོ་ཞིག་སྣང་བ་ལ་མཆོད་སྦྱིན་གྱི་སྐོར་སོགས་འགའ་ཞིག་ནི་ཤིན་ཏུ་བསྡུས་འདུག་པས། འདིར་ཅོ་ནེའི་ཁྲི་ཟུར་བཤད་སྒྲུབ་མིང་ཅན་གྱིས་རྣམ་པ་གཉིས་ཀའི་བཞེད་པ་དང་བསྟུན་ནས་ཇི་ལྟར་འཚམ་པར་གོ་བདེ་ཞིང་འཇུག་པ་བདེ་ཆེད་ཚིགས་བཅད་དུ་བྱས་ཏེ་དད་པས་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །།མངྒ་ལཾ། །

ནོར་ལྷ་མཆོད་ཚུལ་དངོས་གྲུབ་འབྱུང་གནས།

ནོར་ལྷ་མཆོད་ཚུལ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས།

ན་མོ་བཛྲ་པཱ་ཎི་ཡེ། སྔོན་ཚེ་བསོད་ནམས་ཚོགས་རབ་མང་། །རྒྱ་ཆེན་བསགས་པའི་འབྲས་སྨིན་པས། །ཡོ་བྱད་ནམ་མཁའི་མཛོད་ཆེན་ལ། །དབང་བསྒྱུར་ནོར་ལྷའི་ཚོགས་ལ་འདུད། །འདིར་ནོར་ལྷའི་རྒྱལ་པོ་རྣམས་ལ་མཆོད་ཚུལ་མདོར་བསྡུས་ཞིག་དང་། དེ་དག་གི་བཟླས་བྱའི་གཟུངས་སྔགས་དང་བཅས་པ་བརྗོད་པར་བྱ་ཏེ། །དེ་ཡང་རང་ཉིད་ཡི་དམ་གང་ལ་བརྟེན་བདེའམ། གསང་བདག་བྱེད་ན། རང་ཉིད་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། སྟག་གི་སྤགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པར་གྱུར་། ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་སྤྲིན་རྒྱ་མཚོ་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུཾ། ཨོོཾ་སརྦ་བིད་པཱུ་ར་པཱུ་ར་ནས་བཛྲ་སྥ་ར་ཎ་ཁཾ། ལམ་གསུམ་ཨོོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ། དེ་བཞིན་དུ། པཱདྱཾ། ནས་ཤཔྟ་ཨཱ་ཧཱུཾ། རཱུ་པ། ནས་སྤར་ཤ་ཨཱཿཧཱུཾ། དེ་ནས་རྒྱས་པ་བྱེད་པའི་ཚེ་བསྐྱེད་ཆོག་དགོས་ཀྱང་འདིར་བསྡུས་པ་ཡིན་པས་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ལྕང་ལོ་ཅན་སོགས་རང་བཞིན་གྱི་གནས་ནས་རྒྱལ་ཆེན་རྣམ་སྲས་ཛམ་བྷ་ལ་ནོར་རྒྱུན་མ་ལ་སོགས་པ་ནོར་ལྷའི་རྒྱལ་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ནོར་ལྷའི་ཚོགས། །འགྲོ་བའི་དོན་དུ་བརྩེར་དགོངས་ལ། །ཐོགས་མེད་འཕྲུལ་གྱིས་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་བཛྲ་ས་མ་ཛཿ པདྨ་ཀ་མ་ལ་ཡ་སྟྭཾ། མདུན་གྱི་ནམ་མཁར་རིན་ཆེན་ཕོ་བྲང་དབུས། །རྒྱལ་ཆེན་རྣམ་སྲས་ཨཱཪྱ་ཛམ་བྷ་ལ། །ནོར་རྒྱུན་མ་སོགས་ནོར་ལྷ་ཡབ་ཡུམ་རྣམས། །འཁོར་དང་བཅས་པ་དགྱེས་བཞིན་བཞུགས་པར་གྱུར། །རྒྱ་ཆེན་བསོད་ནམས་ཚོགས་ཀྱི་ས་བོན་ལས། །ལེགས་འཁྲུངས་ལོངས་སྤྱོད་འདོད་རྒུའི་དཔལ་བརྙེས་ཏེ། །མཐའ་ཡས་འགྲོ་བའི་ཕོངས་པའི་སྡུག་བསྔལ་ཀུན། །ཞི་མཛད་ནོར་ལྷའི་ཚོགས་ལ་ཕྱག་འཚལ་བསྟོད། །ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་དང་། །འབྲུ་སྨན་རིན་ཆེན་དར་སྣ་གཏོར་ཚོགས་བཅས། །ནོར་ལྷའི་རྒྱལ་པོ་འཁོར་བཅས་མཉེས་ཕྱིར་འབུལ། །མཛེས་པའི་རྒྱན་ལྡན་སྲོག་ཆགས་འདོད་འཇོའི་བ། །གཏེར་བུམ་དཔག་བསམ་ཤིང་ཆེན་རི་གླིང་དང་། །ཉི་ཟླ་བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས། །ནོར་ལྷའི་རྒྱལ་པོ་འཁོར་བཅས་མཉེས་ཕྱིར་འབུལ། རྣལ་འབྱོར་བདག་ཅག་སྦྱིན་བདག་འཁོར་བཅས་ཀྱིས། །རེ་ལྟོས་འཆའ་བའི་བསམ་པ་ཤུགས་དྲག་པོས། །ལེགས་པར་སྦྱར་པའི་མཆོད་ཚོགས་འདི་དག་ཀུན། །འབུལ་ལོ་བཞེས་ལ་འདོད་རྒུའི་དངོས་གྲུབ་སྩོལ། །གཞན་ཡང་བདག་པོས་བཟུང་དང་མ་བཟུང་བའི། །མཆོད་ཚོགས་ཇི་སྙེད་མཆིས་པ་དེ་ཀུན་ཀྱང་། །ཡོངས་བསྡུས་ནོར་ལྷའི་རྒྱལ་པོ་འཁོར་བཅས་ལ། །འབུལ་ལོ་བཞེས་ལ་འདོད་རྒུའི་དངོས་གྲུབ་སྩོལ། །མི་འཛད་རིན་ཆེན་མཛོད་ལ་དབང་བསྒྱུར་ཞིང་། །འགྲོ་ཀུན་ཕོངས་པའི་འཇིགས་ལས་སྐྱོབ་མཛད་པ། །ཐུགས་རྗེའི་བདག་ཉིད་ནོར་ལྷ་འཁོར་བཅས་ལ། །གུས་པས་འདུད་དོ་དངོས་གྲུབ་མ་ལུས་སྩོལ། །ཁྱེད་རྣམས་མཆོད་བསྟོད་བསྐུལ་བས་བདག་ཅག་གི །མི་འདོད་ཉེར་འཚེ་ཐམས་ཅད་ཞི་བ་དང་། །འདོད་དོན་ཚེ་དཔལ་ལོངས་སྤྱོད་དཔལ་འབྱོར་རྣམས། །ཡིད་ལ་བསམ་བཞིན་ཆར་ལྟར་འབེབས་པར་མཛོད། །དེ་ལྟར་གསོལ་བ་བཏབ་པས་ནོར་ལྷའི་ཚོགས། །ཐམས་ཅད་དགྱེས་བཞིན་ཚུར་བྱོན་བདག་ཉིད་ཀྱི། །སྙིང་གར་ཞུགས་ནས་བྱིན་བརླབས་རྗེས་བཟུང་སྟེ། །སྐྱེ་ཀུན་མི་འཛད་གཏེར་ལ་ལོངས་སྤྱོད་ཤོག །ཞེས་བརྗོད་ཅིང་བསམ་མོ། །ཡང་ན། དེ་ལྟར་གསོལ་བས་ནོར་ལྷའི་ཚོགས་དགྱེས་ཏེ། །ཐུགས་ཀྱིས་དགོངས་བཞིན་རང་གི་གནས་སུ་གཤེགས། །བཛྲ་མུཿ། མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། །དགེ་བ་འདི་ཡིས་ཞེས་སོགས་བརྗོད་ཅིང་བསྔོ་སྨོན་བྱའོ། །ནོར་ལྷ་མཆོད་ཅིང་གཟུངས་འདི་རྣམས་བཟླས་ན་ཚེ་རབས་ཀུན་ཏུ་ནོར་ལྷ་རྣམས་ཀྱིས་རྗེས་སུ་འཛིན་ཅིང་ལོངས་སྤྱོད་ཅན་དུ་འགྱུར་བའི་རྟེན་འབྲེལ་ཡོད་པར་བཤད་པས་སོ་སོའི་སྔགས་དང་ཐུན་མོང་གི་སྔགས་རྣམས་ལས་དང་པོ་ནི། །ཨོོཾ་བཻ་ཤྲ་མ་ཎ་ཡེ་སྭཱཧཱ། ཨོོཾ་ཛམ་བྷ་ལ་ཛཱ་ལེནྡྲ་ཡེ་སྭཱཧཱ། ཨོོཾ་མ་ཎི་བྷ་དྲ་ཡ་སྭཱཧཱ། ཨོོཾ་པཱུརྞ་བྷ་དྲ་ཡ་སྭཱཧཱ། ༀ་དྷ་ན་དཱ་ཡ་སྭཱཧཱ། ཨོོཾ་ཀི་ལི་མཱ་ལི་ནི་སྭཱ ཧཱ། ཨོོཾ་པི་ཙི་ཀུནྜ་ལི་སྭཱཧཱ། ཨོོཾ་མུ་ཁེནྡྲ་ཡ་སྭཱཧཱ། ཨོོཾ་ཙ་རནྡྲ་ཡ་སྭཱཧཱ། རྣམས་ཡབ་དང་། ཨོོཾ་བ་སུ་དྷ་རི་ནི་སྭཱཧཱ། ཨོོཾ་ཙནྡྲ་གནྟྱེ་སྭཱཧཱ། ཨོོཾ་དཱནྟ་ཡ་སྭཱཧཱ། ཨོོཾ་སུ་དཱནྟ་ཡ་སྭཱཧཱ། ཨོོཾ་ཨཱཪྱ་ཡེ་སྭཱཧཱ། ཨོོཾ་སུ་བྷ་དྲ་ཏེ་སྭཱཧཱ། ཨོོཾ་གུཔྟ་ཡེ་སྭཱཧཱ། ཨོོཾ་དེ་བཻ་སྭཱཧཱ། ཨོོཾ་སྭ་ར་སྭ་ཏྱཻ་སྭཱཧཱ། རྣམས་ཡུམ་གྱི་སྔགས་སོ། །ཡང་ཛམ་བྷ་ལའི་སྔགས། ན་མོ་ཨཱཪྱ་ཛམ་བྷ་ལ་ཡེ། ཏཏྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཨེ་ཧྱེ་ཧི། ཏིཥྛ་ཏིཥྛ། མེ་སྣ་དྷ་ཡ་སྭཱཧཱ། ཏཏྱ་ཐཱ། པཱུ་ཏ་ནེ་པཱུ་ཏ་ནེ། སུ་རུ་མེ་སུ་མ་ཏེ། སུ་ན་ཏེ་སུ་པཱུ་ཤྱེ། ཧི་ལི་མི་ལི་སྭཱཧཱ། ཡང་། ན་མོ་ཨཱཪྱ་ཛམ་བྷ་ལ། མ་ཧཱ་ཛམ་བྷ་ལ། ཏཏྱ་ཐཱ། སི་མི་སི་མི། སུ་མུ་སུ་མུ། ཙཎྜ་ཙཎྜ། ཙ་ར་ཙ་ར། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། ས་ད་ཡ་ད་མ་ལ་མ་ན་ད་མ། ཨན ནྟེ་དནྟོ་ས་ཧ། ཨཱཪྱ་ཛམ་བྷ་ལ་སྭཱཧཱ། དྷ་ན་དཱ་ཡ་སྭཱཧཱ། མ་ནོ་ཏ་ཐ་པ་རི་པཱུ་ར་ཀ་སྭཱཧཱ། ཡང་། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོོཾ་ཧྲཱིཾ་ཧྲཱཾ་ཀྴ་ཛྲིཾ་ཧྲཱིཾ་ཧྲཱཾ། དི་བྱརཏྣཽ༽ ག་པ་ཏི་ཤ་ན་ཨ་ཏ་བཱ་ཀ དེ་བ་ཡཀྵ་ས་མ་ཡ་མ་ནུ་མསྨ་ར་ཧྲཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་རྣམས་བཟླས་ན་ལགས་སོ། །ཞེས་པ་འདི་ནི། དད་སྟོབས་ལྡན་པའི་བྲག་སྣེའི་དགེ་སློང་དགེ་འདུན་དཔལ་བཟང་ཞེས་བགྱི་བས་འདི་ལྟ་བུ་ཞིག་བྲིས་ན་རང་གི་ལག་གིས་དད་པས་པར་དུ་བརྐོ་བར་བྱའོ་ཞེས་བསྐུལ་བའི་ངོ་བོར་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །མདྒ་ལཾ། །བཀྲ་ཤིས།། །།

ཀུན་སློང་འཆོས་ཚུལ་སོགས་ཉམས་ལེན་གྱི་སྐོར་བཤད་པ་བློ་གསལ་དགའ་བྱེད།

ཀུན་སློང་འཆོས་ཚུལ་སོགས་ཉམས་ལེན་གྱི་སྐོར་བཤད་པ་བློ་གསལ་དགའ་བྱེད་ཅེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཚོགས་གཉིས་རྒྱ་མཚོའི་དཔལ་ལས་འཁྲུངས་པའི་སྐུ། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་སྒྲོགས་པའི་གསུང་། །རབ་འབྱམས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཟླ་མེད་སྟོན་པ་ཤཱཀྱའི་གཙོ་དེར་འདུད། །ཁྱོད་ཀྱིས་ཇི་སྙེད་གསུངས་པའི་ཆོས་ཚུལ་ཀུན། །གདུལ་བྱ་སྨིན་གྲོལ་ལམ་ལ་འགོད་ཕྱིར་ཏེ། །གཞན་དོན་མི་འགྱུར་མཛད་པ་ཁྱོད་ལ་མེད། །དེ་སླད་ཕན་མཛད་སྐྱབས་ཀྱི་དམ་པར་ངེས། །མགོན་དེས་བསྟན་པའི་མངོན་མཐོ་ངེས་ལེགས་ལམ། །རྣམ་གྲངས་མང་ཡང་གདུལ་བྱའི་དབང་པོ་དང་། །འཚམ་པར་གསུངས་པ་སྐྱེས་བུ་གསུམ་གྱི་ལམ། །འདིར་ནི་ཚུལ་དེ་གཞིར་བྱས་བཤད་པར་བྱ། །དེ་ཡང་བློ་ལྡན་དོན་དུ་གཉེར་བ་དག་གིས་ཉིན་ཞག་ཕྲུག་གཅིག་ལ་དགེ་སྦྱོར་བྱེད་ཚུལ་དང་། ཀུན་སློང་འཆོས་ཚུལ་བཅས་དགོས་ཞེས་བསྐུལ་བའི་ངག་མ་ཟློག་པར་ཅུང་ཟད་འཆད་པ་ལ། སྤྱིར་ཉིན་ཞག་ཕྲུག་གཅིག་ལ་དགེ་སྦྱོར་གང་བྱེད་རང་གི་འདོད་པ་ལྟར་འཇུག་པ་ཡིན་གྱི་ལོགས་སུ་དགོས་པ་མ་ཡིན་ལ། ཁྱད་པར་དུ་མདོ་ཕྱོགས་ལྟར་ན་ལམ་རིམ་ནས་བཤད་པ་བཞིན་དང་། སྔགས་ཕྱོགས་ལ་དེའི་སྟེང་དུ་རྒྱུད་སྡེ་བཞི་པོ་གང་ཡིན་པའི་ལྷ་དེ་དང་དེའི་མངོན་རྟོགས་བསྒོམ་པ་དང་། བླ་མེད་ལ་ནི་གསང་བདེ་འཇིགས་སོགས་ཀྱི་བསྐྱེད་རྫོགས་གཉིས་ལྟ་བུ་རང་གང་མོས་པ་དེ་ལ་འཇུག་དགོས་པ་ཡིན་གྱི། དེ་དག་བཞག་ནས་གཞན་གྱིས་བསྒྲིགས་པ་ཙམ་ལ་འཇུག་པར་ག་ལ་རིགས། འོན་ཀྱང་ཉམས་ལེན་བསྡུས་པ་མན་ངག་གི་ཐོག་ཏུ་འབབ་པ་ཡིན་པས་ཚུལ་དེ་ཤེས་པར་བྱ་ཞིང་། དེའི་ཚེ་ཁ་ཏོན་གཞན་དང་། གཏོར་མ་གཏོང་བ་དང་། བཟའ་བཏུང་གི་ཆོ་ག་ཇི་ལྟར་བྱ་བ་སོགས་ཀྱང་སྐབས་བསྟུན་གྱིས་བྱའོ། །དེ་ལྟར་ཡིན་ཀྱང་ནང་པ་སངས་རྒྱས་པའི་ཆོས་ཀུན་གྱི་གཞི་ནི། དཀོན་མཆོག་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་ཡིན་ཏེ། འདི་བཅོས་མིན་ཞིག་ཡོད་ན་ནི་ཆོས་ཕྱོགས་གང་བྱས་ཀྱང་ནང་པ་སངས་རྒྱས་པའི་ཆོས་སུ་འགྱུར་ཞིང་། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་དང་། སྡོམ་པའི་རྟེན་བྱེད་པ་དང་། མངོན་མཐོ་དང་དེར་མ་ཟད། ངེས་ལེགས་འཐོབ་པའི་རྒྱུར་འགྱུར་རོ། །འོན་ཀྱང་ཚེ་འདིའི་ནད་སེལ་བ་ལྟ་བུ་ཙམ་གྱི་ཆེད་དུ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་ནི། སྐྱབས་འགྲོ་ཁྱད་པར་ཅན་མིན་གྱི། ཕྱི་མ་ངན་སོང་ལས་ཐར་འདོད་དང་། འཁོར་བ་ལས་ཐར་འདོད་དང་། སངས་རྒྱས་ཐོབ་འདོད་ཀྱི་ཆེད་དུ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་རྣམས་ནི་སྔ་མ་ལས་ཕྱི་མ་ཁྱད་པར་དུ་འཕགས་ཏེ། སྐྱབས་འགྲོ་ཁྱད་པར་ཅན་ཡིན་ནོ། །དེ་དག་རང་དོན་ཙམ་ལ་དམིགས་པ་ལས་གཞན་དོན་དུ་དམིགས་ནས་སྐྱབས་སུ་འགྲོ་བ་ནི་ཆེས་ཁྱད་པར་དུ་འཕགས་སོ། །དེ་ཡང་ཚིག་གིས་སྐྱབས་སུ་མཆིའོ་ཞེས་བརྗོད་པ་ནི་རྗོད་བྱེད་ཚིག་གི་སྐྱབས་འགྲོ་ཡིན་ཡང་། སྐྱབས་འགྲོ་དངོས་ནི་ལྟོས་པ་བློའི་སྐྱབས་འགྲོ་ཡིན་ཏེ། སྐྱབས་ལ་སྙིང་ཐག་པ་ནས་བློ་བཀལ་ཏེ་རེ་ལྟོས་འཆའ་བའོ། །བློ་དེ་ཤིན་ཏུ་བརྟན་པོ་ཞིག་འབྱུང་བ་ལ་ལས་འབྲས་ལ་ཡིད་ཆེས་པ་དང་། སྐྱབས་ཀྱི་ཁྱད་པར་རྣམས་གཞུང་ཆེན་མོ་དག་ལས་བཤད་པ་ལྟར་ཤེས་དགོས་ཤིང་། དེ་དག་རིགས་པའི་སྒོ་ནས་ངེས་པ་ལ་དབུ་ཚད་ཀྱི་རིགས་པ་ལེགས་པོ་ཤེས་དགོས་སོ། །སྐྱེས་བུ་གསུམ་གྱི་ལམ་ལ་རིམ་པར་བློ་སྦྱོང་བའི་ནང་དུ་ཀུན་སློང་འཆོས་ཚུལ་འདུས་ཀྱང་། ཀུན་སློང་སྤྱིི་བྱེ་བྲག་ལ་སྦྱར་ཏེ་བཤད་ན། བྱ་བ་མཆོག་དམན་གང་ཡིན་ཀྱང་ཐོག་མར་དེའི་ཆེད་དུ་བྱ་བ་དེ་དང་དེ་བྱའོ་སྙམ་པ་རྣམས་ནི་རྒྱུའི་ཀུན་སློང་དང་། བྱ་བ་དེ་དང་དེ་ལ་འཇུག་དུས་ཀྱི་ཀུན་སློང་ནི་དུས་ཀྱི་ཀུན་སློང་ཡིན་ནོ། །དཔེར་མཚོན་ན་ཐོག་མར་སྲོག་གཅོད་འདོད་སྐྱེས་པ་དང་། སྲོག་གཅོད་པའི་དུས་ཀྱི་ཀུན་སློང་ལྟ་བུ་དང་། དེའི་ཕྱིར་སྲོག་གཅོད་མི་བྱའོ་སྙམ་པ་དང་། དེ་ནས་སྲོག་གཅོད་མི་བྱེད་པའི་དུས་ཀྱི་ཀུན་སློང་ལྟ་བུའོ། །འདི་ལ་ཕྱི་མ་ཕན་འདོད་ཀྱི་བསམ་པས་སྦྱིན་པ་གཏང་བར་བྱའོ། །སྙམ་དུ་ཐོག་མར་སྐྱེས་པའི་ཕན་འདོད་དེ་ཀུན་སློང་གཙོ་བོ་ཡིན་ཞིང་། ཕྱི་མ་དམ་བཅར་ཡང་འགྱུར་ལ། སྦྱིན་པ་གཏོང་བའི་དུས་ཀྱི་གཏོང་སེམས་ནི་ཀུན་སློང་ལས་སྐྱེས་པ་ཡིན་གྱི་ཀུན་སློང་དངོས་མིན་ཡང་། དེའི་བར་སྐབས་དག་ཏུ་དུས་ཀྱི་ཀུན་སློང་འཇུག་ཚུལ་ཡང་ཤེས་པར་བྱ་སྟེ་ཚུལ་ཁྲིམས་སོགས་གཞན་ལ་ཡང་དེ་ལྟར་རོ། །ཀུན་སློང་ལ་རང་དོན་ཁོ་ནའི་དབང་དུ་གྱུར་པ་དང་། གཞན་དོན་ཁོ་ནའི་དབང་དུ་གྱུར་པ་དང་། རང་གཞན་གཉིས་ཀའི་དོན་གྱི་དབང་དུ་གྱུར་པའི་ཀུན་སློང་གསུམ་ཡོད་ཅིང་། དེ་ལ་ནི་ཚེ་འདི་དང་ཕྱི་མ་གཉིས་པོ་རེ་རེ་དང་། ཐུན་མོང་དུ་དམིགས་པའང་འབྱུང་ངོ་། །གཞན་ཡང་། ཀུན་སློང་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་དེ། དང་པོ་གཉིས་དགེ་མི་དགེའི་ལས་ལ་འཇུག་འདོད་ཀྱི་རྒྱུ་དུས་ཀྱི་ཀུན་སློང་རྣམས་དང་། གསུམ་པ་ནི་བྱིས་པའི་རྩེ་ལས་ཀྱི་ཀུན་སློང་ལྟ་བུ་སོགས་དགེ་མི་དགེ་གང་ཡང་མིན་པའི་ཀུན་སློང་རྣམས་སོ། །ཀུན་སློང་ལ་ནི་གོང་གི་སྐྱབས་འགྲོའི་སྐབས་ལྟར་ཚེ་འདི་དང་། ངན་སོང་ལས་ཐར་འདོད་དང་། ཐར་པ་ཐོབ་འདོད་དང་། སངས་རྒྱས་ཐོབ་འདོད་ཀྱི་ཀུན་སློང་རྣམས་སུ་ཡོད་དེ། སྔ་མ་ལས་ཕྱི་མ་ནི་ཁྱད་པར་ཅན་ནོ། །སྤྱིར་དགེ་བ་བྱེད་འདོད་ཀྱི་ཀུན་སློང་རྣམས་དགེ་བ་དང་མི་དགེ་བྱེད་འདོད་ཀྱི་ཀུན་སློང་རྣམས་མི་དགེ་བ་ཡིན་ཀྱང་། གཞན་ཕན་གྱི་བསམ་པས་མི་དགེ་བའི་ལས་འགའ་ཞིག་བྱེད་པའི་ཀུན་སློང་དགེ་བ་དང་། ཕྲག་དོག་འགྲན་སེམས་ཀྱིས་དགེ་བ་སྒྲུབ་པ་ལྟ་བུ་ལ་ཀུན་སློང་མི་དགེ་བ་འབྱུང་སྲིད་དོ། །དེ ས་ན་ཀུན་སློང་ཁྱད་པར་ཅན་གྱི་སྒོ་ནས་དགེ་སྦྱོར་ལ་འཇུག་ཅིང་། འཇུག་པའི་གོ་རིམ་ནི་མཐའ་གཅིག་ཏུ་འདི་ནས་བྱ་བར་མ་ངེས་ཀྱང་དང་པོ་སྐྱབས་འགྲོ་ནས་འཇུག་ཅིང་མཐར་བསྔོ་སྨོན་བྱེད་དགོས་པ་འདྲ་སྟེ། ཕྲན་ཚེགས་ལ་ནི་ངེས་པ་མེད་དོ། །འདིར་ཕྱོགས་གཅིག་གི་དབང་དུ་བྱས་ཏེ་བཤད་ན། ཕྱི་མའི་དོན་ལ་དམིགས་པའི་ཀུན་སློང་ཁྱད་པར་ཅན་གྱི་ངང་ནས་ནང་པར་ལངས་ཏེ། ལྟུང་བཤགས་ལ་སོགས་ཕྱག་མཆོད་ཡན་ལག་བདུན་པའི་སྐོར་རྣམས་རྒྱས་བསྡུས་ཅི་རིགས་བྱས་པའི་མཇུག་ཏུ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་རྣམས་སྤྱི་ལྟར་བྱ་སྟེ། དེ་ཡང་དཀར་ཆོས་ཁྱད་པར་ཅན་གཞན་རྣམས་ཀྱི་གཞི་ཡིན་པས་སྔོན་དུ་འབྱུང་གི ཆོས་ཆུང་བའི་དབང་གིས་མིན་ནོ། །དེ་ཡང་སྐྱབས་འགྲོ་ནི་ཐེག་པ་གསུམ་གྱི་དཀར་ཆོས་གཞན་ཐམས་ཅད་བསྐྱེད་པ་དང་གནས་པ་དང་སྤེལ་བའི་གཞི་ཡིན་ལ། ཚད་མེད་རྣམས་ནི་ཐེག་པ་ཆེན་པོའི་ཆོས་གཞན་འབྱུང་བ་དང་། སེམས་བསྐྱེད་དེ་ནི་ཐེག་པ་ཆེན་པོའི་ཆོས་གཞན་ཐམས་ཅད་འཛིན་ཅིང་སྤེལ་བའི་གཞི་ཁྱད་པར་ཅན་ཡིན་ནོ། །བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ན་ཡོན་ཏན་གཞན་ཡོད་དམ་མེད་ཀྱང་ཐེག་ཆེན་དུ་ཚུད་པར་འཇོག་ཅིང་། དེ་མིན་ན་ཡོན་ཏན་གཞན་བརྒྱ་ཕྲག་ཡོད་ཀྱང་ཐེག་ཆེན་པར་འཇོག་མི་ནུས་པས་ཐེག་ཆེན་པར་བྱེད་པའི་ཁྱད་ཆོས་ཀྱང་ཡིན་ནོ། །དེས་ན་སེམས་བསྐྱེད་ལྟ་ཞོག །སྐྱབས་འགྲོ་དང་ཚད་མེད་རྣམས་ཀྱང་ཉམས་ལེན་གྱི་གཙོ་བོ་ཡིན་པས། དེ་དག་ཚིག་ཙམ་ཞིག་བྱས་ནས་དགེ་སྦྱོར་ཕྲན་ཚེགས་ལ་འབད་པ་ནི་གནད་ཆུང་སྟེ་ཤེས་དགོས་སོ། །གསང་སྔགས་ཀྱི་ཉམས་ལེན་རྣམས་ནི་སྤྱིར་ཐེག་པ་ཆེན་པོའི་ཉམས་ལེན་ཡིན་ཀྱང་། སངས་རྒྱས་ཐོབ་འདོད་དང་ཐེག་ཆེན་སེམས་བསྐྱེད་ཀྱིས་མ་ཟིན་ན་ཐེག་ཆེན་གྱི་ཆོས་སུ་མི་འགྱུར་བར་ལམ་རིམ་སོགས་ལས་བཤད་ཅིང་། ཐེག་ཆེན་གྱི་སྤྱོད་པར་ཡང་མི་འགྲོ་ལ། སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་ཕྱིན་དྲུག་དང་བསླབ་གསུམ་དང་རིམ་གཉིས་བསྒོམ་པ་ལྟ་བུ་ལྟ་ཅི། ཐ་ན་དུད་འགྲོ་ལ་ཟན་ཆང་གཅིག་བྱིན་ནའང་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་གྲངས་སུ་འགྲོ་ཞིང་། དེས་མ་ཟིན་ན་སྟོང་གསུམ་རིན་པོ་ཆེས་བཀང་སྟེ་སྦྱིན་པ་བྱིན་ཀྱང་རྒྱལ་སྲས་ཀྱི་སྤྱོད་པར་མི་འགྲོ་བར་ལམ་རིམ་ལས་བཤད་དོ། །ངེས་འབྱུང་ཐར་བ་ལ་བྱེད་ཀྱང་། ངེས་འབྱུང་གི་བློ་ནི་འཁོར་བ་ལས་ཐར་བར་འདོད་པའི་བློ་ཞིག་ལ་བྱེད་ཅིང་། འཁོར་བ་ལས་ཐར་བར་བྱེད་པའི་ཐབས་དངོས་ནི། བསླབ་པ་གསུམ་དང་ཁྱད་པར་དུ་ཤེས་རབ་ཀྱི་བསླབ་པ་ཡིན་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་དངོས་སམ། རྗེས་མཐུན་ཙམ་ཡིན་ཡང་དེ་སྐྱེས་པ་ཙམ་གྱིས་ནི། ཐར་པའི་རྒྱུར་འགྱུར་བ་ཡིན་པས་གྲོགས་གཞན་གྱིས་ཟིན་པ་ལ་མ་ལྟོས་ཏེ། འཕགས་པ་ལྷས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །འོན་ཀྱང་ཐེག་ཆེན་གྱི་སྤྱོད་པར་འགྱུར་བ་ལ་ནི་སེམས་བསྐྱེད་ལ་རག་ལས་པ་ཡིན་ཏེ། སྤྱོད་པ་གཞན་རྣམས་དང་འདྲའོ། །ཇི་སྐད་དུ། ཞི་སྒོ་གཉིས་སུ་མེད་པ་རྟེན་འབྲེལ་ལམ། །ཞེས་གསུངས་པ་ལྟར། ཞི་བ་ཐར་པ་ཐོབ་བྱེད་ཀྱི་ཐབས་ཐམས་ཅད་ཀྱི་གཙོ་བོ་སྒོ་གཅིག་པུ་ནི། སྟོང་ཉིད་རྟོགས་པའི་ལྟ་བ་ཡིན་པས་དེ་ཚུལ་ཁྲིམས་ཀྱིས་ཟིན་ཞིང་བསྒོམས་པས་ཐར་པ་ཐོབ་པར་འགྱུར་གྱི། དེ་མེད་ན་ཡོན་ཏན་གཞན་གང་གིས་ཀྱང་ཐར་པ་ཐོབ་མི་ནུས་ཏེ། ཏིང་འཛིན་རྒྱལ་པོ་ལས། གལ་ཏེ་བདག་མེད་ཆོས་ལ་སོ་སོར་རྟོག །སོ་སོར་དེར་བརྟག་གལ་ཏེ་སྒོམ་བྱེད་ན། །ཐར་པ་མྱ་ངན་འདས་འཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་གིས་དེ་ནི་ཞིར་མི་འགྱུར་། །ཞེས་དང་། མདོ་སྡུད་པ་ལས་ཀྱང་། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ཞེས་སོགས་གསུངས་པ་ལྟ་བུས་མཚོན་ཏེ་མང་ཡང་མ་བྲིས། དེས་ན་བདག་མེད་རྟོགས་པའི་ཤེས་རབ་དང་། སེམས་བསྐྱེད་གཉིས་ཡོད་ན་རྟོགས་པའི་ཡོན་ཏན་གྱི་གཙོ་བོ་གཉིས་ཡོད་པར་འཇོག་གི དེ་གཉིས་དངོས་སམ་ཕྱོགས་མཐུན་ཙམ་ཡང་མེད་ན་ཡོན་ཏན་གྱི་གཙོ་བོ་དང་བྲལ་བ་ཡིན་པས་བསམ་པ་གལ་ཆེ་ཞིང་། དེ་གཉིས་ཀྱིས་སྡིག་སྒྲིབ་སྦྱོང་བ་དང་། ཡོན་ཏན་གཞན་སྒྲུབ་པ་འདྲ་བ་བཟླས་བརྗོད་གཞན་ལ་མེད་དོ། །འོན་ཀྱང་སྡིག་སྒྲིབ་སྦྱོང་བའི་ཐབས་སུ་རྒྱལ་བས་སྟོབས་བཞིའི་བཤགས་པ་གསུངས་པ་ལྟར་འབད་དགོས་ཤིང་། དེ་ལ་རྟེན་གྱི་སྟོབས་ནི་སྐྱབས་འགྲོ་སེམས་བསྐྱེད་དང་ཚད་མེད་བཞི་ལྟ་བུ་དང་། སུན་འབྱིན་པའི་སྟོབས་ནི་འགྱོད་སེམས་ཀྱིས་ཉེས་པ་བཤགས་པ་དང་། སླར་ལྡོག་པའི་སྟོབས་ནི་ཕྱིན་ཆད་ཉེས་པས་དེ་ལྟ་བུ་མི་བྱེད་པ་ཡིན་ལ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་ནི་བཟླས་པ་དང་། སངས་རྒྱས་བྱང་སེམས་ཀྱི་མཚན་བརྗོད་པ་དང་། སྟོང་ཉིད་སྟོན་པའི་མདོ་སྡེ་ཟབ་མོ་འདོན་པ་སོགས་མང་ཞིང་། དེ་དག་གིས་ཀྱང་སྡིག་ལྟུང་མང་པོ་སྦྱོང་ནུས་ཡང་། གཙོ་བོར་གྱུར་པ་ནི་བདག་མེད་ཀྱི་དོན་རྟོགས་པ་སྟེ། འདི་བསྒོམས་ན་སྡིག་ལྟུང་རྩད་ནས་གཅོད་ནུས་ཀྱི། གཞན་རྣམས་ཀྱིས་ནི་དེ་ཙམ་མི་ནུས་སོ། །ལས་དང་པོ་པ་སྟོང་ཉིད་རྟོགས་པའི་ནུས་པ་མེད་པའམ། ཡོད་པས་ཀྱང་སྡིག་ལྟུང་སྦྱོང་བའི་ཐབས་རྒྱལ་བས་གསུངས་པ་མི་འཁྲུགས་པའི་གཟུངས། ཡིག་བརྒྱ། རྣམ་པ་རྒྱལ་མའི་གཟུངས་སོགས་གཟུངས་སྔགས་ཁྱད་པར་ཅན་གཞན་དང་། ལྟུང་བཤགས་དང་། ཐེག་ཆེན་ནས་འབྱུང་བའི་སངས་རྒྱས་བྱང་སེམས་ཀྱི་མཚན་དང་། ཁྱད་པར་དུ་མི་འཁྲུགས་པ་དང་སྨན་བླའི་མཚན་ཡང་ཡང་བརྗོད་ན་ལེགས་སོ། །གྲོ་ནས་སྲན་མ་སོགས་ས་བོན་སྣ་ཚོགས་བཏབ་པ་ལས་རང་རང་གི་འབྲས་བུ་གང་ཡིན་པ་དེ་གེགས་གཞན་མེད་ན་མ་ནོར་བར་འབྱུང་གི ནོར་ནས་འབྱུང་བ་མི་སྲིད་པ་དེ་བཞིན་དུ་ཕྱིའི་དངོས་པོའི་ས་བོན་གཞན་ལས་ཀྱང་རང་གི་འབྲས་བུ་གང་ཡིན་མ་འཁྲུལ་བར་འབྱུང་ལ། ནང་རང་གཞན་གྱི་རྒྱུད་ཀྱིས་བསྡུས་པའི་ལས་དཀར་ནག་གཉིས་སོ་སོ་ལས་རྣམ་སྨིན་གྱི་འབྲས་བུ་སོ་སོར་མ་ནོར་བར་འབྱུང་བས་བཤགས་སྡོམ་གལ་ཆེའོ། །མི་དགེ་བའི་ལས་ཀྱིས་ནི་ངན་འགྲོར་སྐྱེ་ཞིང་། ངན་འགྲོར་སྐྱེ་བ་ནི་འཁོར་བར་སྐྱེ་བ་ཡིན་པས་ངན་འགྲོ་ལས་ཐར་པ་ནི་འཁོར་བ་བྱེ་བྲག་པ་ལས་ཐར་བར་འཇོག་ཀྱང་འཁོར་བ་ལས་ཐར་བར་འཇོག་མི་ནུས་ཏེ། འཁོར་བ་ལས་ཐར་ཞེས་པ་ནི་འཁོར་བ་སྤྱི་ལས་ཐར་པའི་སྒོ་ནས་འཇོག་ཅིང་། འཁོར་བ་ལས་ཐར་འདོད་མཚན་ཉིད་པ་སྐྱེས་པ་ཡང་འཁོར་བ་སྤྱི་ལས་ཐར་འདོད་སྐྱེས་པའི་སྒོ་ནས་འཇོག་གི འཁོར་བ་བྱེ་བྲག་པ་ངན་སོང་ལས་ཐར་འདོད་ཡོད་པ་ཙམ་གྱིས་མི་ཆོག་གོ །འཁོར་བ་སྤྱི་ལས་ཐར་འདོད་རྣམ་དག་སྐྱེ་བ་ལ་ངན་འགྲོར་མ་ཟད། བདེ་འགྲོའི་སྡུག་བསྔལ་སྐྱེ་རྒ་ན་འཆིས་བསྡུས་པ་རྣམས་བསམས་ནས་དེ་ལས་ཐར་འདོད་སྐྱེས་པ་ན་འཁོར་བ་སྤྱི་ལས་ཐར་འདོད་སྐྱེས་པ་ཡིན་ནོ། །ལྷ་མིའི་སྐྱེ་བ་འཛིན་པ་ལ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་འཛིན་པ་དང་། དེ་ཡང་གཞན་དོན་ཁྱད་པར་ཅན་བྱེད་པ་དང་། ཆོས་སྒྲུབ་པའི་ཆེད་དུ་བསམ་བཞིན་སྐྱེ་བ་འཛིན་པ་ཡོད་ཀྱང་དེ་ནི་འཁོར་བའི་གནས་སུ་སྐྱེས་པ་ཡིན་ཀྱང་འཁོར་བ་དངོས་གནས་སུ་སྐྱེས་བར་འཇོག་མི་ནུས་སོ། །འཁོར་བ་དངོས་གནས་པ་ནི་ལས་ཉོན་གྱི་དབང་གིས་ཉིང་འཚམས་སྦྱང་བ་ཞིག་ལ་འཇོག་སྟེ། ད་དུང་ཞིབ་ཆ་མང་ངོ་། །འཁོར་བའི་གནས་སུ་སྐྱེ་བ་བླངས་པ་ཙམ་གྱིས་ནི་འཁོར་བར་སྐྱེས་པར་མི་འཇོག་སྟེ། དཔེར་ན་རྒྱལ་བུ་གཞོན་ནུ་དོན་གྲུབ་ལྟ་བུ་དང་། སྲོང་བཙན་སྒམ་པོ་དང་། རྗེ་རིན་པོ་ཆེ་ལྟ་བུའོ། །དེ་ལ་འཁོར་བའི་རྒྱུ་དང་། འཁོར་བ་དངོས་དང་། འཁོར་བའི་གནས་དང་། འཁོར་བར་འཁོར་མཁན་རྣམས་སོ་སོར་ཕྱེད་པར་བྱའི། ཐམས་ཅད་གཅིག་ཏུ་འཁྲུལ་བར་མི་བྱའོ། །འཁོར་བའི་རྩ་བའམ་དང་པོའི་རྒྱུ་ནི་མ་རིག་པ་དང་། འཁོར་བར་འཕེན་བྱེད་ལ་ལས་དང་འགྲུབ་བྱེད་ལ་ཉོན་མོངས་ཅན་གྱི་སྲེད་ལེན་གཉིས་ཡོད་དེ། ཁྱད་པར་ཤེས་དགོས་ཤིང་། ལས་ཉོན་གྱི་དབང་གིས་འཁོར་བར་འཁོར་ཚུལ་ལ་ཞིབ་ན་མང་ཡང་། གཙོ་བོའི་དབང་དུ་བྱས་ན་རྒྱུ་ཀུན་འབྱུང་བདེན་པ་ལས་ཉོན་གྱི་དབང་གིས། འབྲས་བུ་སྡུག་བསྔལ་གསུམ་དང་ལྡན་པའི་འཁོར་བར་སྐྱེ་བ་བླངས་པ་ནི་འཁོར་བའི་སྡུག་བསྔལ་བདེན་པའི་ཕུང་པོ་གྲུབ་པ་དང་། ཡང་ཉོན་མོངས་མ་རིག་པའི་དབང་གིས་ཟག་བཅས་ཀྱི་ལས་དཀར་ནག་གཉིས་བསགས་པ་ལ་སྲེད་ལེན་གཉིས་ཀྱིས་གསོས་བཏབ་སྟེ། སྲིད་ལས་ནུས་པ་མཐུ་ཅན་དུ་གྱུར་པའི་སྒོ་ནས་རྣམ་ཤེས་ཕྱི་མར་བདེ་འགྲོ་ངན་འགྲོ་གང་རུང་དུ་ཉིང་འཚམས་སྦྱར་ནས་མིང་གཟུགས་སྐྱེ་མཆེད་སོགས་རིམ་གྱིས་འགྲུབ་པར་འགྱུར་ཞིང་། དེའི་སྟེང་དུ་རེག་ཚོར་དང་རྒ་ཤི་སོགས་ཀྱང་འགྲུབ་པར་འགྱུར་ཏེ། ཡན་ལག་བཅུ་གཉིས་ཀྱི་འཁོར་བའི་འཇུག་རིམ་མཚོན་ཙམ་མོ། །མདོར་ན་རྗེའི་ཉམས་མགུར་ལས། སྡུག་བདེན་ཉེས་དམིགས་བསམས་ལ་མ་འབད་ན། །ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང་། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམས་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །ཞེས་སོགས་གསུངས་པ་ལྟར་རྒྱུ་ཀུན་འབྱུང་དང་འབྲས་བུ་སྡུག་བདེན་གྱི་ཁྱད་པར་རྣམས་ལམ་རིམ་པ་ལྟར་ཤེས་པ་གལ་ཆེའོ། །མདོར་ན་དེ་ལྟར་འཁོར་བའི་ཉེས་དམིགས་ཤེས་ཏེ་འཁོར་བ་ལས་ཐར་འདོད་སྐྱེས་པ་ནི་ངེས་འབྱུང་སྐྱེས་པ་དང་། ཐར་པ་དོན་གཉེར་ཀྱང་སྐྱེས་པ་ཡིན་ནོ། །དེ་སྐྱེས་པ་ཙམ་ཡང་ལེགས་མོད། དེ་ཙམ་གྱིས་མི་ཆོག་གི འཁོར་བའི་རྩ་བ་མ་རིག་པ་རྩད་ནས་གཅོད་ཅིང་སྤོང་བ་ལ་གོང་དུ་བརྗོད་པ་ལྟར་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་དགོས་ཏེ། ལམ་གྱི་གཙོ་བོ་རྣམ་གསུམ་ལས། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཞེས་གསུངས་ཤིང་། ཉམས་མགུར་ལས་ཀྱང་། ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག །སྲིད་པའི་རྩ་བ་དྲུང་ནས་འབྱིན་པའི་ལམ། །གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར། །ཞེས་གསུངས་པ་ལྟར་ཡིན་པས་ཤེས་པ་གལ་ཆེ་ཞིང་། འདིར་ལྟ་བའི་རྣམ་གཞག་རྒྱས་པར་བཤད་ན་མང་དུ་དོགས་པས་མཚོན་ཙམ་ནི། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ཉིད་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ་ཞེས་དང་། འཕགས་པ་ལྷས། བརྟེན་ནས་འབྱུང་བ་གང་ཡིན་པ། །འདི་ཀུན་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་གསུངས་ཤིང་། དེ་དག་གི་དོན་རྗེས། གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །གསུངས་པ་འདི་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །ཅེས་གསུངས་ཏེ། ཆོས་ཐམས་ཅད་ཀྱི་སྟེང་དུ་དགག་བྱ་བདེན་གྲུབ་འགོག་པའི་རིགས་པ་ཀུན་གྱི་གནས་བསྡུས་པའོ། །དེའི་དོན་བསྡུ་ན་ཕྱིི་ནང་གི་དངོས་པོ་འདི་ཐམས་ཅད་རྒྱུ་རྐྱེན་ཚོགས་པ་ལས་བྱུང་ལ། དེ་རྣམས་དང་ཆོས་ཐམས་ཅད་ཀྱང་རང་རང་གི་ཆ་ཤས་ཚོགས་པའི་སྟེང་དུ་བཏགས་ཤིང་། ཆ་ཤས་རྣམས་ཀྱང་རང་རང་གི་ཆ་ཤས་ཀྱི་སྟེང་དུ་རྟོག་པས་བཏགས་ནས་ཐ་སྙད་དུ་ཡོད་པར་འཇོག་གི །ཆ་ཤས་ལ་མ་བལྟོས་པར་རང་དབང་གིས་མ་གྲུབ་པས་བདེན་པར་མ་གྲུབ་ཅེས་པའོ། །གདགས་གཞི་ཆ་ཤས་ལ་མ་ལྟོས་པར་གྲུབ་པ་ཞིག་བྱུང་ན་བདེན་པར་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ་དང་། རང་དབང་གིས་གྲུབ་པར་འགྱུར་ན་དེ་ནི་མི་སྲིད་དེ། དཔེར་ན། བུམ་པ་ལྟ་བུ་ནི་རང་གི་མཆུ་ཞབས་ལྟོ་བ་སོགས་ཀྱི་སྟེང་དུ་བཏགས་པ་དང་། ཤིང་རྟ་ལྟ་བུ་རང་གི་ཡན་ལག་ཚོགས་པའི་སྟེང་དུ་བཏགས་པ་དང་། ཁང་པ་ལྟ་བུ་རང་གི་ཆ་ཤས་ཀ་གདུང་སོགས་ཚོགས་པའི་སྟེང་དུ་བཏགས་པ་དང་། རང་གི་ལུས་འདི་ཡན་ལག་ཚོགས་པའི་སྟེང་དུ་བཏགས་པ་དང་། མགོ་ལྟ་བུ་ཐོད་སྤྱི་འགྲམ་པ་སོགས་ཚོགས་པ་ལ་བཏགས་པ་དང་། བདག་ཀྱང་ཕུང་པོ་ལྔའམ། ལུས་སེམས་ཚོགས་པ་ལ་བཏགས་པ་དང་། སེམས་ཀྱང་རྣམ་ཤེས་སེམས་བྱུང་དང་འདུ་བྱེད་སོགས་ཚོགས་པའི་སྟེང་དུ་བཏགས་པ་དང་རི་ལྟ་བུ་ས་རྡུལ་ཚོགས་པ་དང་། ཆུ་བོ་ནི་ཆུ་རྡུལ་ཕྲ་མོ་ཚོགས་པའི་སྟེང་དུ་བཏགས། རྡུལ་ཕྲན་རྣམས་ཀྱང་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་ལྟོས་ནས་བཞག་པའི་བཏགས་ཡོད་མིང་རྐྱང་ཙམ་སྟེ་རང་དབང་གིས་གྲུབ་པ་རྡུལ་ཙམ་ཡང་མེད་དོ། །དེ་ལྟར་རང་དབང་གིས་མ་གྲུབ་པས་རང་བཞིན་གྱིས་སྟོང་ཞིང་། རང་བཞིན་གྱིས་སྟོང་པ་ལ་འཁོར་འདས་ལ་སོགས་པའི་བྱ་བྱེད་ཐམས་ཅད་འཐད་ཅིང་བཞག་ཏུ་ཡོད་ལ། རང་བཞིན་གྱིས་གྲུབ་ན་བསྒྱུར་མི་རུང་བས་བྱ་བྱེད་ཐམས་ཅད་མི་རུང་སྟེ། རྗེས། རང་བཞིན་གྱིས་ནི་སྟོང་པ་ལ། །བྱ་བྱེད་འཐད་པ་མི་འགལ་ཞིང་། །དེ་ལས་ལྡོག་པར་མཐོང་བ་ན། །སྟོང་ལ་བྱ་བ་མི་རུང་ཞིང་། །བྱ་དང་བཅས་ལ་སྟོང་མེད་པས། །ཉམ་ངའི་གཡང་དུ་ལྟུང་བར་བཞེད། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རང་བཞིན་གྱིས་སྟོང་པའི་བཏགས་ཡོད་མིང་རྐྱང་སྒྱུ་མ་ལྟ་བུའི་དོན་ལ་ལས་འབྲས་སོགས་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འཐད་པ་ལ་རིགས་པ་ཡང་དག་གིས་ངེས་ཤེས་འདྲོངས་པའི་བདེན་གཉིས་ཀྱི་རྣམ་གཞག་དེ་ཇི་ལྟ་བ་བཞིན་འཇོག་དཀའ་ཡང་ཤེས་ན་ལེགས་སོ། །བྱང་ཆུབ་ཀྱི་སེམས་ནི་ཐེག་ཆེན་སེམས་བསྐྱེད་ལ་འཇོག་ཅིང་། འདི་ཞིབ་ཏུ་བཤད་ན་མང་ཡང་བསྡུ་ན། སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་གཉིས་སེམས་བསྐྱེད་ཀྱི་རྒྱུར་ངེས་པར་དགོས་ཤིང་། དེ་གཉིས་ཀྱིས་ཀུན་ནས་བསླངས་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་མི་གནས་པའི་མྱང་འདས་ལ་འགོད་པར་བྱ། དེའི་ཆེད་དུ་རང་ཉིད་ཀྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་ཚིག་གིས་བརྗོད་པ་ཙམ་མ་ཡིན་པར། སེམས་ཐོག་ཏུ་བཅོས་མིན་ཞིག་སྐྱེས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པར་འཇོག་གོ །བྱམས་སྙིང་རྗེ་གཉིས་དང་ལྷག་ཏུ་སེམས་བསྐྱེད་དང་སྟོང་ཉིད་རྟོགས་པའི་ཤེས་རབ་འདི་གཉིས་ལ་ཕན་ཡོན་རྒྱ་ཆེར་མདོ་ལས་བཤད་པ་མཐོང་སྟེ་ཟུང་འབྲེལ་དུ་བསྒོམ་རྒྱུ་བྱུང་ན་ལམ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་པ་དང་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་འགྲུབ་པར་འགྱུར་རོ། །ཉམས་ལེན་གྱི་སྙིང་པོ་བསྡུ་ན་བསླབ་གསུམ་ཡིན་ལ། འདི་གསུམ་ཕྱིན་དྲུག་ཏུ་འདུ་བ་ཡིན་ཏེ། ཚུལ་ཁྲིམས་ནི་དེའི་ཚུལ་ཁྲིམས་སུ་འདུ་ལ། ཏིང་ངེ་འཛིན་གྱི་བསླབ་པ་དང་ཤེས་རབ་ཀྱི་བསླབ་པ་གཉིས་ནི་ཕར་ཕྱིན་ཐ་མ་གཉིས་ཀྱིས་བསྡུས་པའི་ཕྱིར་རོ། །དེས་ན་ཕྱིན་དྲུག་མཚོན་ཙམ་ནི། སྦྱིན་པ་ལ་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་གཉིས་ཡོད་ཅིང་། སྦྱིན་རྒྱུའི་དངོས་པོ་ནི་སྦྱིན་བྱའི་རྫས་ཡིན་གྱི་སྦྱིན་པ་མིན་ཏེ། སྦྱིན་པ་ནི་གཏོང་སེམས་ལ་འཇོག་པའི་ཕྱིར་རོ། །ཟང་ཟིང་གི་སྦྱིན་པས་ནི་ལོངས་སྤྱོད་འགྲུབ། ཚུལ་ཁྲིམས་ལ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོགས་གསུམ་ཡོད་ཅིང་། མི་དགེ་བ་བཅུ་སྤོང་བའི་ཚུལ་ཁྲིམས་སོགས་ཏེ་སོ་སོར་ཕྱེ་ན་མང་ངོ་། །བྱེད་ལས་ནི་མངོན་མཐོ་ལྷ་མིའི་གོ་འཕང་འགྲུབ་བོ། །བཟོད་པ་ལ་ཡང་སྡུག་བསྔལ་དང་ལེན་སོགས་གསུམ་སྟེ། གཟུགས་བཟང་པོ་འགྲུབ་པོ། །བརྩོན་འགྲུས་ལ་ཡང་གསུམ་སྟེ། དགེ་བའི་ལས་ཐམས་ཅད་འགྲུབ་བོ། །བསམ་གཏན་གྱིས་སེམས་ཞི་བར་གནས་པ་དང་། ཤེས་རབ་ཀྱིས་ནི་སེམས་རྣམ་པར་གྲོལ་བར་བྱེད་དེ། འདི་གཉིས་ལ་ཡང་གསུམ་གསུམ་དུ་དབྱེ་བར་བྱ་སྟེ་མཚོན་ཙམ་མོ། །ཕན་ཡོན་དེ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་གསུངས་པ་ལྟར། མདོ་སྡུད་པ་ལས་ཀྱང་བཤད་དོ། །སྤྱིར་རྒྱས་སྲས་ཀྱི་སྤྱོད་པ་དཔག་ཏུ་མེད་པ་ཡོད་ཀྱང་། བསྡུ་ན། འཕགས་པ་རིགས་གསུམ་གྱི་མགོན་པོའི་སྤྱོད་པའི་རྗེས་སུ་སློབ་པར་འདོད་པའི་བསམ་པས་བསྔོ་སྨོན་རྒྱུན་དུ་བྱས་ན་ཁྱད་ཆེ་བར་ངེས་སོ། །དགེ་བ་ཆེ་ཆུང་གང་བྱས་ཀྱང་མཇུག་ཏུ་རྫོགས་བྱང་དུ་བསྒྱུར་བའི་བསྔོ་སྨོན་བྱ་སྟེ། བསྔོ་སྨོན་ཁྱད་པར་ཅན་གྱིས་ནི་དགེ་རྩ་ཆུང་ངུ་ཆེན་པོར་འགྲོ་ཞིང་ཆེ་ཆུང་གང་ཡིན་ཀྱང་གནས་པ་དང་། འཕེལ་བ་དང་མི་ཟད་པ་སོགས་སུ་འགྱུར་རོ། །ད་ནི་ཉམས་སུ་ལེན་ཚུལ་གཞན་ཅུང་ཟད་བཤད་པར་བྱ་སྟེ། འདི་ལ་མང་ཡང་ཚུལ་གཅིག་ནི། སངས་རྒྱས་ཆོས་ཚོགས་མ་ལན་གསུམ་དང་། དེ་ནས། རང་གི་མདུན་གྱི་ནམ་མཁའ་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་སེདྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ་གཡས་ས་གནོན་དང་། གཡོན་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་ཤིང་། ཞབས་རྡོ་རྗེའི་སྐྱིལ་དཀྲུང་གིས་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པ། དེའི་གཡས་སུ་བྱམས་མགོན་སྐུ་མདོག་དམར་སེར་ཆོས་འཁོར་གྱི་ཕྱག་རྒྱ་ཅན། གཡོན་ཀླུ་ཤིང་གི་སྡོང་པོ་སྤྱིི་བླུགས་ཀྱིས་མཚན་པ་འཛིན་ཅིང་། དབུ་ལ་བྱང་ཆུབ་མཆོད་རྟེན་གྱིས་སྤྲས་པ། གཡོན་དུ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར། གཡས་ཤེས་རབ་ཀྱི་རལ་གྲི་དང་། གཡོན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། བཅུ་དྲུག་ལོན་པའི་ན་ཚོད་ཅན། མདུན་དུ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ། ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛིན་པ། གསུམ་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྦྲས་ཤིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱབ་ཏུ་རྗེ་བཙུན་གསང་བའི་བདག་པོ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་འཕྱར་ཞིང་། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། གཡོན་བརྐྱངས་པའི་སྟོབས་ཀྱིས་བཞུགས་ལ། གཡས་ཕྱོགས་སུ་ཐོགས་མེད་སྐུ་མཆེད་ལ་སོགས་པ་རྒྱ་ཆེན་སྤྱོད་རྒྱུད་ཀྱི་བླ་མ་རྣམས་དང་། གཡོན་ཕྱོགས་སུ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་རྣམས་དང་། མཐའ་བསྐོར་དུ་ཡི་དམ་ལྷ་ཚོགས་ཐམས་ཅད་དང་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་དང་། དེ་དག་གི་སྟེང་གི་ཆར་སེདྒེའི་ཁྲི་ལ་རྒྱལ་བ་རྡོ་རྗེ་འཆང་སྟེ། མཐའ་བསྐོར་དུ་ཨིནྡྲ་བྷོ་དྷི་ས་ར་ཧ་ལཱུ་དྲིལ་ནག་གསུམ་དང་ལཱ་ལི་ཏ་ལ་སོགས་པ་ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོོཾ། མགྲིན་པ་ཨཱ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་དངོས་བརྒྱུད་ཀྱི་བླ་མ་རྣམས་དང་། ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཉན་རང་རྒྱལ་བ་ཞི་ཁྲོའི་ཚོགས་དང་བཅས་པ་སྤྱན་དྲངས། །༈ ཛཿ ཐུགས་རྗེའི་བདག་ཉིད་ཐུབ་དབང་རྡོ་རྗེ་འཆང། །བྱམས་མགོན་འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས། །ཤིང་རྟ་ཆེ་སོགས་རྩ་བརྒྱུད་བླ་མའི་ཚོགས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །རྒྱུད་སྡེ་བཞི་འབྲེལ་ཡི་དམ་ལྷ་ཚོགས་དང་། །སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས། །དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོ་བཅས། །སྤྱན་འདྲེན་འདིར་གཤེགས་བརྩེར་དགོངས་བཞུགས་སུ་གསོལ། །བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ རང་རང་གི་དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། ཀ་མ་ལ་ཡ་སྟྭཾ། ཅུང་ཟད་རྒྱས་པར་ན། ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་བྱམས་འཇམ་དབྱངས་སྤྱན་རས་གཟིགས་གསང་བའི་བདག་པོ་ལ་སོགས་པ་རྒྱལ་སྲས་བརྒྱད་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །ལན་གསུམ་ལམ་བདུན་སོགས་དང་། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་དང་རྒྱུད་སྡེ་བཞི་འབྲེལ་གྱི་ཡི་དམ་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །ལན་གསུམ་སོགས་དང་། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། ཉན་རང་འཕགས་པའི་ཚོོགས་རྣམས་དང་། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་དང་སྐྱབས་གནས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པ་སྔར་བཞིན་ནོ། །འདིར་མཆོད་དོ་སྐྱབས་སུ་མཆིའོ་ཞེས་སྦྱར་ཡང་མི་འགལ་ཞིང་། དེ་ནས། བདག་པོས་བཟུང་བ་དང་མ་བཟུང་བའི་མཆོད་པའི་ཚོགས་རྣམས་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་ཞིང་། མགྲོན་རྣམས་མཉེས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོོཾ་ཨཱ༔ཧཱུཾ། ལན་གསུམ། ཨོོཾ་སརྦ་བིད་པཱུ་ར་པཱུ་ར། ནས། ཁཾཿ ལན་གསུམ། གྲུབ་ན་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་པར་བྱ་སྟེ། འདི་མཆོད་པ་བྱིན་གྱིས་རློབ་པ་དང་འབུལ་བྱེད་ཀྱང་ཡིན་ནོ། །དེ་ནས། ཕྱོགས་བཅུ་ན་བདག་པོས་བཟུང་བ་དང་མ་བཟུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། འདོད་ཡོན་ལྔ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་པའི་རྟགས་བརྒྱད། གླིང་བཞི་རི་རབ་ཉི་ཟླ་དང་བཅས་པའི་མཆོད་ཚོགས་ཇི་སྙེད་མཆིས་པ་ཀུན་དང་། བདག་གི་ལུས་ལོངས་སྤྱོད་དགེ་བའི་དངོས་པོ་དང་བཅས་པ་ཐམས་ཅད་ཀྱང་སྐྱབས་མགོན་དམ་པ་ཁྱེད་རྣམས་ལ་འབུལ་ཞིང་མཆོད་དོ། །ལན་གསུམ་མམ་གཅིག །ས་གཞི་སྤོས་ཀྱི་མའམ། བདག་གཞན་ལུས་ངག་མ་གཉིས་སམ་གང་རུང་། སྤྲོ་ན་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་བྱའོ། །མ་གྲུབ་ན། མཆོད་དོ་ཞེས་པའི་མཇུག་ཏུ། བདག་ཅག་གིས་ཐོག་མ་མེད་པ་ནས་ད་ལྟའི་བར་བགྱིས་པའི་མི་དགེ་བ་བཅུ་དང་། མཚམས་མ་མཆིས་པ་ལྔ་དང་། སྡོམ་པ་གསུམ་གྱི་བཅས་པ་དང་འགལ་བ་དང་། མི་ཁོམ་པ་བརྒྱད་ཀྱི་གནས་སུ་སྐྱེ་བར་འགྱུར་བའི་ཉེས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་ཁྱེད་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་མི་བགྱིད་དོ། །ཞེས་པའང་ལན་གསུམ་མམ་གཅིག ༈ །དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་མཛད་པ་ཕུན་སུམ་ཚོགས་པ་དང་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་དང་། ཉན་རང་འཕགས་ཚོགས་རྣམས་དང་།རང་གཞན་ཐམས་ཅད་ཀྱིས་བགྱིས་པའི་རྣམ་དཀར་གྱི་ལེགས་ཚོགས་ཀུན་ལ་ཡུམ་གྱི་མདོ་དང་། ཕུང་པོ་གསུམ་པའི་མདོ་ལས་ཇི་ལྟར་རྗེས་སུ་ཡི་རང་བར་མཛད་པ་དེ་ལྟར་རྗེས་སུ་ཡི་རང་ཞིང་དགའ་བར་བགྱིའོ། །རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །རྒྱལ་དང་དེ་སྲས་ཐམས་ཅད་ཀྱང་མྱ་ངན་ལས་མི་འདའ་བར་སེམས་ཅན་གྱི་དོན་དུ་རྟག་པར་བཞུགས་སུ་གསོལ། འདིས་མཚོན་ཏེ་དུས་གསུམ་དུ་བསགས་པའི་རྣམ་དཀར་གྱི་ཕུང་པོ་ཅི་མཆིས་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་སངས་རྒྱས་ཐོབ་པའི་རྒྱུར་བསྔོའོ། །དེ་ཡང་འཕགས་པ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་གཞོན་ནུར་གྱུར་པས་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ་དང་། དེ་དག་གི་རྗེས་སུ་སློབ་པ་དང་། རྗེས་སུ་འཛིན་པའི་ཕྱིར་ཡོངས་སུ་བསྔོ་བར་བགྱིའོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །ཞེས་སོགས་ཀྱིས་ཀྱང་བསྔོ་ཏེ། དེ་དག་ནི་བསྔོ་བ་བླ་ན་མེད་པར་བཤད་དོ། །དེ་རྣམས་ཚིགས་བཅད་ཀྱིས་བསྡུ་བར་འདོད་ན།༈ སྐྱབས་མགོན་ཟླ་མེད་ཐུབ་དབང་རྡོ་རྗེ་འཆང་། །སེམས་དཔའ་བཞི་དང་ཤིང་རྟ་ཆེན་པོ་སོགས། །དངོས་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །སངས་རྒྱས་བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །ཉན་རང་འཕགས་ཚོགས་དཔའ་བོ་མཁའ་འགྲོ་དང་། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས། །སྐྱབས་གནས་མགྲོན་དུ་སྤྱན་དྲངས་ཐམས་ཅད་ལ། །བདག་ནི་རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཕྱོགས་བཅུའི་བདག་པོས་བཟུང་དང་མ་བཟུང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཉེར་སྤྱོད་མཆོད་པའི་ཚོགས་རྣམས་ཐམས་ཅད་འབུལ། །འདོད་ཡོན་རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད། །གླིང་བཞི་རི་རབ་ཉི་ཟླ་བཀོད་པའི་རྒྱན། །ཀུན་བཟང་སྨོན་ལམ་ལས་བྱུང་མཆོད་སྤྲིན་དང་། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །ཐོག་མ་མེད་ནས་བགྱིས་པའི་མི་དགེའི་ལས། །ཇི་སྙེད་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས། །རང་གཞན་ཀུན་གྱིས་བསྐྲུན་པའི་རྣམ་དཀར་ལ། །བསམ་པ་ཐག་པས་རྗེས་སུ་ཡི་རང་ངོ་། །འགྲོ་ཀུན་དོན་དུ་ཆོས་འཁོར་བསྐོར་བར་བསྐུལ། །རྟག་པར་མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་ཀུན་གཅིག་བསྡུས་སེམས་ཅན་དོན་གྱི་ཕྱིར། །བླ་མེད་བྱང་ཆུབ་དམ་པ་ཐོབ་ཕྱིར་བསྔོ། །ཞེས་བྱས་ཀྱང་རུང་། དེ་ནས་སླར་གསོལ་འདེབས་ཅུང་ཟད་རྒྱས་པ་བྱེད་ན། གོང་གི་ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་སོགས་ཀྱི་ཕྱག་འཚལ་དེ་གསོལ་འདེབས་སུ་བསྒྱུར་ནས་ལན་གསུམ་ལ་སོགས་པ་ཅི་འགྲུབ་བྱས་ན་ལེགས་མོད། བསྡུ་ན། ཟླ་མེད་སྟོན་པ་ཐུབ་དབང་རྡོ་རྗེ་འཆང་། །རྒྱལ་ཚབ་དམ་པ་རྗེ་བཙུན་འཇམ་པའི་དབྱངས། །སྤྱན་རས་གཟིགས་དང་གསང་བའི་བདག་པོ་སོགས། །ཉེ་སྲས་མཐུ་ཆེན་བརྒྱད་ལ་གསོལ་བ་འདེབས། །ཤིང་རྟ་ཆེ་སོགས་རྩ་བརྒྱུད་བླ་མ་དང་། ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས། །ཉན་རང་འཕགས་ཚོགས་དཔའ་བོ་མཁའ་འགྲོ་དང་། བསྟན་སྲུང་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །མདོ་སྔགས་བརྒྱུད་པའི་བླ་མ་ཐམས་ཅད་དང་། །མཆོག་གསུམ་རྒྱལ་བ་ཞི་ཁྲོའི་ཚོགས་བཅས་སོགས། །ཇི་སྙེད་སྐྱབས་སུ་འོས་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བརྩེར་དགོངས་བྱིན་གྱིས་རློབས། །ཅེས་བྱའོ། །དེ་གཉིས་གང་བྱེད་ཀྱང་མཇུག་ཏུ་བྱིན་རླབས་ཞུ་བ་ནི། །སྐྱབས་གནས་དམ་པ་ཁྱེད་རྣམས་ཀྱིས་བདག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབ་ཏུ་གསོལ། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཁྱད་པར་དུ་བདག་གི་རྒྱུད་ལ་ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། ཡང་དག་པའི་ལྟ་བ་ཕྱིན་དྲུག་བསླབ་གསུམ་རིམ་གཉིས་ལ་སོགས་པ་མདོ་སྔགས་ཀྱི་ལམ་གྱི་རིམ་པ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ། གནས་སྐབས་སུ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། ཕྱི་མ་བདེ་བ་ཅན་ནམ། དགའ་ལྡན་དུ་བྱམས་པའི་སྲས་སུ་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ། དེའི་སླད་དུ་ཁྱེད་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་སྒོ་ནས་བདག་ལ་ད་ལྟ་ཉིད་དུ་བྱིན་གྱིས་རློབ་ཏུ་གསོལ། ཞེས་ལན་གསུམ་མམ། མང་དུ་བརྗོད་ན་ལེགས། ཡང་ན། སྐྱབས་མགོན་དམ་པ་འཁོར་བཅས་ཁྱེད་རྣམས་ཀྱིས། །བདག་གི་འགལ་རྐྱེན་མི་མཐུན་ཕྱོགས་ཞི་ཞིང་། །མཐུན་རྐྱེན་ཐམས་ཅད་ཡིན་བཞིན་འགྲུབ་པ་སོགས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཁྱད་པར་ངེས་འབྱུང་བྱང་སེམས་ཡང་དག་ལྟ། །བསླབ་གསུམ་ཕྱིན་དྲུག་རིམ་གཉིས་ཀྱིིས་བསྡུས་པའི། །མདོ་སྔགས་ལུང་རྟོགས་ཡོན་ཏན་ཐམས་ཅད་ཀྱང་། །བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཅེས་བྱའོ། །སྔོན་མ་ལྟར་ན། ཞེས་གསོལ་བ་བཏབ་པས་སྐྱབས་གནས་རྣམས་ཀྱི་སྤྱི་བོ་མགྲིན་པ་ཐུགས་ཀའི་གནས་གསུམ་ལས་འོད་དང་བདུད་རྩི་དཀར་དམར་མཐིང་གསུམ་རིམ་པ་བཞིན་དུ་བྱུང་སྟེ། རང་གི་གནས་གསུམ་དུ་རིམ་པ་བཞིན་དུ་ཞུགས་ཤིང་ཐིམ་པས། སྒོ་གསུམ་གྱི་ཉེས་པའི་ཚོགས་ཐམས་ཅད་སྦྱངས་ནས་སྐུ་གསུམ་གྱི་གོ་འཕང་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །སྐྱབས་གནས་ཐམས་ཅད་ཀྱང་འོད་ཀྱི་རྣམ་པར་གྱུར་ཏེ་རང་གི་སྙིང་ཁར་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཐུབ་པའི་དབང་པོ་མོས་ཏེ་སྙིང་པོ་ཅི་འགྲུབ་བཟླ་ཞིང་། དེར་མ་ཟད། བྱམས་པ་དང་རིགས་གསུམ་མགོན་པོ་སོགས་ལྷ་གཞན་དང་གཞན་དུ་བསྒྱུར་ནས་དེ་དང་དེའི་སྔགས་བཟླས་ཀྱང་ལེགས་ཤིང་། ཕྱི་མ་ལ་ཡང་དེས་ཆོག་མོད། ཚིགས་བཅད་བྱེད་ན། དེ་ལྟར་གསོལ་བས་སྐྱབས་གནས་ཐམས་ཅད་ཀྱི། །གནས་གསུམ་དག་ལས་འོད་དང་བདུད་རྩིའི་རྒྱུན། །དཀར་དམར་མཐིང་གསུམ་རིམ་དང་ཅིག་ཅར་བྱུང་། །རང་གི་གནས་གསུམ་དག་ཏུ་ཞུགས་གྱུར་པས། །སྒོ་གསུམ་ཀུན་གྱི་སྡིག་སྒྲིབ་སྦྱངས་བྱས་ཏེ། །སྐུ་གསུམ་འགྲུབ་པའི་ནུས་པ་ཁྱད་པར་ཅན། །བཞག་སྟེ་སྐྱབས་གནས་ཐམས་ཅད་བདུད་རྩི་དང་། །འོད་ཀྱི་རྣམ་པར་རང་གི་སྙིང་ཁར་ཐིམ། །བྱིན་གྱིས་བརླབས་པས་རང་ཉིད་སྐད་ཅིག་གིས། །ཐུབ་པའི་དབང་པོའི་སྐུར་གྱུར་ཐུགས་ཀ་རུ། །ཟླ་བའི་གདན་སྟེང་མུཾ་ཡིག་སེར་པོའི་མཐར། །བཟླས་བྱའི་སྔགས་ཀྱི་འཕྲེང་བས་བསྐོར་བར་གྱུར། །ཅེས་བརྗོད་དེ། ཐུབ་པའི་དབང་པོའི་སྙིང་པོ་སོགས་བཟླ། འོད་དཔག་མེད་དང་བྱམས་པའི་དྲུང་དུ་སྐྱེ་བར་འདོད་ན་ནི་དེ་གཉིས་ཀྱི་གཟུངས་རིང་བཟླས་ན་ལེགས་སོ། །དེ་ནས། སྐྱེ་བ་ཀུན་ཏུ་ཞེས་སོགས་དང་། དགེ་བ་འདི་ཡིས་ཞེས་སོགས་དང་། དགེ་འདིས་མཚོན་ནས་ཞེས་སོགས་བསྔོ་སྨོན་ཅི་རིགས་བྱའོ། །མདོ་སྔགས་གཞུང་དོན་ཉམས་ལེན་ཚུལ། །རྣམ་གྲངས་མང་ཡང་གནད་བསྡུས་པའི། །སྙིང་པོ་ཙམ་ཞིག་རང་བློ་ལ། །ཤར་ཚོད་ཐོགས་མེད་ཚུལ་དུ་བྲིས། །ཅེས་ཉམས་ལེན་གྱི་སྐོར་ཇི་ལྟར་བྱ་བའི་ཚུལ་འདི་ནི། སྔར་ཁྱ་དགེ་དགོན་གྱི་དད་དང་རྣམ་དཔྱོད་ལྡན་པའི་དགེ་ཚུལ་དོན་ཡོད་བློ་གྲོས་དང་། དོན་ཡོད་རིན་ཆེན་རྣམ་པ་གཉིས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ཞིང་། ཕྱིས་གཡོ་སའི་དགེ་སློང་གྲགས་པ་དཔལ་འབྱོར་གྱིས་ཀྱང་བསྐུལ་བའི་ངོར། ཁྲི་ཟུར་བཤད་སྒྲུབ་མིང་ཅན་གྱིས་རང་ལོ་དོན་གཉིས་ཐོག་རང་གི་ཉམས་ལེན་དང་བསྟུན་ནས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ལི་ལ་ལུང་བློ་བཟང་དོན་གྲུབ་བོ། །འདིས་ཀྱང་གཞན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག །མདྒ་ལཾ།། །།

རྒྱལ་ཆེན་རྣམ་སྲས་ཛམ་ལ་ནོར་རྒྱུན་གསུམ་འཁོར་དང་བཅས་པ་མཆོད་ཚུལ་དངོས་གྲུབ་དཔལ་སྟེར།

རྒྱལ་ཆེན་རྣམ་སྲས་ཛམ་ལ་ནོར་རྒྱུན་གསུམ་འཁོར་དང་བཅས་པ་མཆོད་ཚུལ་དངོས་གྲུབ་དཔལ་སྟེར་ཞེས་བྱ་བ་བཞུགས།

བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྒྱ་ཆེན་བསོད་ནམས་ཚོགས་བསགས་སྨིན་པའི་འབྲས། །ཡོ་བྱད་འཛད་མེད་ནམ་མཁའི་མཛོད་ཆེན་ལ། །དབང་བསྒྱུར་ནོར་ལྷའི་རྒྱལ་པོ་འཁོར་བཅས་ཀྱི། །ཞབས་ལ་བཏུད་ནས་དེ་དག་སྒྲུབ་ཚུལ་བཤད། །འདིར་ནོར་ལྷའི་རྒྱལ་པོ་རྣམ་ཐོས་སྲས་འཁོར་བཅས་དང་། ཛམ་བྷ་ལ་དང་ནོར་རྒྱུན་མ་འཁོར་བཅས་ལ་མཆོད་ཚུལ་གསུམ་གྱི་དང་པོ་ལ་རྒྱས་བསྡུས་མང་ཡང་འདིར་འབྲིང་པོའི་དབང་དུ་བྱས་ན། ཕོ་བྲང་རྒྱས་བསྡུས་ཅི་རིགས་དང་བཅས་པའི་སྐུའམ། ཡང་ན་ཤོག་རས་སོགས་ལ་གྲུ་བཞི་སྒོ་བཞི་དང་། དེའི་ནང་ངོས་སུ་རིམ་པ་གཉིས་བྱས་པའི་ནང་མའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་བྲིས་ཏེ་མདུན་དུ་སྟེགས་ཀྱི་སྟེང་དུ་བཀྲམ་པ་ལ་དབུས་དང་ཕྱོགས་མཚམས་སུ་སྐུ་མེད་ན་ཚོམ་བུ་བཀོད་དེ། གཏོར་མ་ཟླུམ་པོ་དགུ་རིལ་བུ་དང་བཅས་པ་ལ་མར་དཀར་གྱིས་བྱུག་པ་དང་། ཆུ་གཉིས་ཉེར་སྤྱོད་དང་། གྲུབ་ན་འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྟགས་བརྒྱད་སོགས་དང་། རིན་པོ་ཆེའི་རིགས་བཤམས་རྒྱུ་བྱུང་ན་འབྱོར་བ་འཕེལ་བའི་རྟེན་འབྲེལ་ཡོད། བདག་བསྐྱེད་ལ་འཇིགས་བྱེད་དང་། རྟ་མགྲིན་ལྟ་བུ་གང་ཡང་རུང་མོད། འདིར་ཕྱག་རྡོར་ལ་བརྟེན་ན་ནི་དེ་ལའང་རྒྱས་བསྡུས་གཉིས་ལས་ཕྱི་མའི་དབང་དུ་བྱས་ན་སྐྱབས་སེམས་སོགས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། སྤྱན་གསུམ་དང་ལྡན་ཅིང་དབུ་སྐྲ་ཁམས་སེར་གྱེན་དུ་བརྗེས་ཤིང་། སྦྲུལ་དང་རིན་པོ་ཆེས་བརྒྱད་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཉི་མའི་གདན་ལ་ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པར་གྱུར་པར་བསམ། རྒྱས་པར་ནི་ཡེ་ཤེས་པ་དགུག་བསྟིམ་མཆོད་བསྟོད་དང་སྙིང་པོ་བཟླས་པ་རྣམས་བྱའོ། །མཆོད་པ་བྱིན་གྱིས་བརླབས་པ་ནི། ཨོོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོོཾ་ཨཱཿཧཱུཾ། ཨོོཾ་ཨརྒྷཾ་ཨཱཿཧཱུཾ། ནས་ཤཔྟ་ཨཱཿཧཱུཾ་དང་། སྤར་ཤ་ཨཱཿཧཱུཾ་གི་བར་དང་། ཨོོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་ཝ་རྟ་ཡ་ཨ་ཝ་རྟ་ཡ་ཧོ་བཛྲ་སྥ་ར་ཎ་ཁཾ་ཞེས་པ་ལན་གསུམ་བརྗོད་ཅིང་བྱིན་བརླབས་བྱའོ། །དེ་ནས་རྟེན་བསྐྱེད་པ་ནི། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་རང་གི་མདུན་དུ་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རིམ་པ་གཉིས་དང་ལྡན་པའི་ནང་མ་ལ་ཁང་བརྩེགས་རིན་པོ་ཆེའི་ཏོག་གིས་སྤྲས་པ། ལོགས་རྣམས་སུ་དྲ་བ་དང་དྲ་ཕྱེད་འཕྱང་ཞིང་མདའ་ཡབ་དང་ལྡན་པ། དེའི་དབུས་དང་ཕྱོགས་མཚམས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་རེ་རེ། དབུས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཻ་ལས་རྒྱལ་མཚན་བཻ་ལས་མཚན་པ་དེ་ལས་འོད་འཕྲོས། སྲིད་ཞིའི་དཔལ་འབྱོར་ཐམས་ཅད་བསྡུས་ནས་བཻ་ལ་ཐིམ། རྒྱལ་མཚན་བཻ་ཡིག་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་རིན་པོ་ཆེའི་རྒྱལ་མཚན་དང་། གཡོན་ནེའུ་ལེ་རིན་པོ་ཆེ་སྐྱུག་པ་འཛིན་ཅིང་། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། སེདྒེ་ཉལ་སྟབས་སུ་གནས་པའི་སྟེང་དུ་ཞབས་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། དེའི་ཤར་དུ་པད་ཟླའི་གདན་ལ་ཛམ་བྷ་ལ་སེར་པོ་གཡས་རིན་པོ་ཆེ། ལྷོར་གང་བ་བཟང་པོ་སེར་པོ་གཡས་བུམ་པ། ནུབ་ཏུ་ནོར་བུ་བཟང་པོ་དཀར་པོ་གཡས་ནོར་བུ། བྱང་དུ་ཀུ་བེ་ར་ནག་པོ་གཡས་རལ་གྲི། ཤར་ལྷོར་ཡང་དག་ཤེས་སེར་པོ་གཡས་གསེར་གྲི །ལྷོ་ནུབ་ཏུ་འབྲོག་གནས་ནག་པོ་གཡས་རིན་པོ་ཆེའི་མདུང་། ནུབ་བྱང་དུ་ལྔས་རྩེན་སེར་སྐྱ་གཡས་ཁང་བརྩེགས། བྱང་ཤར་དུ་འཇམ་པོ་འཁྱིལ་བ་དཀར་པོ་གཡས་གྲི་ཕུབ་བསྣམས་ཤིང་། གཡོན་ཐམས་ཅད་གཏེར་གྱི་ནེའུ་ལེ་བསྣམས་པ། རང་མདོག་དང་མཐུན་པའི་རྟ་ལ་ཆིབས་ཤིང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། དཔའ་ཞིང་བརྗིད་པའི་གཟུགས་ཅན། རིམ་པ་གཉིས་པ་ལ་གནོད་སྦྱིན་ནོར་ལྷའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེ་རྣམས་ཀྱང་གཡས་མཚོན་ཆ་སྣ་ཚོགས་དང་གཡོན་ཐམས་ཅད་ནེའུ་ལེ་འཛིན་པ། ཕྱི་རོལ་གྱི་ཕྱོགས་མཚམས་རྣམས་སུ་བུམ་བཟང་བརྒྱད། དཔག་བསམ་གྱི་ཤིང་བརྒྱད། ལྗོན་ཤིང་བརྒྱད། རྫིང་བུ་བརྒྱད། འདོད་འཇོའི་བ་བརྒྱད་ལ་སོགས་པ་སྤེལ་མར་གནས་པའོ། །ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོོཾ་དཀར་པོ། མགྲིན་པར་ཨཱ༔དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་རྟ་བདག་བརྒྱད་ནོར་ལྷའི་ཚོགས་རྣམས་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ༈ །བཻ་རི་རབ་ལྷུན་བོའི་བྱང་ཕྱོགས་ཀྱི། །ལྕང་ལོ་ཅན་ནས་ནོར་གྱི་བདག །རྣམ་མང་ཐོས་སྲས་འཁོར་དང་བཅས། །སྤྱན་དྲངས་ཐོགས་མེད་གཤེགས་སུ་གསོལ། །ཨོོཾ་བཻ་ཤྲ་ཝ་ཎ་ཡེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛ་ཛ་ཛ་ཛཿཧཱུཾ་བཾ་ཧོཿ ཨོོཾ་བཻ་སྭཱཧཱ། བཻ་ཞེས་ལན་འགའ་བརྗོད། ཨོོཾ་རཏྣ་མུ་གུ་དྲ་ཨ་བྷི་ཥིཉྩ་མཾ། ཞེས་བརྗོད་དེ་རིན་པོ་ཆེའི་དབུ་རྒྱན་ཕུལ། །དྲི་མེད་ཡིད་དུ་འོང་བ་ཡི། །བསང་གཏོར་ལ་སོགས་མཆོད་པའི་ཚོགས། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །ཨོོཾ་བཻ་ཤྲ་ཝ་ཎ་ས་པ་རི་ཝཱ་ར་བྲོཀྵ་ཎཾ་པྲ་ཏིཙྪ་ཨཱཿཧཱུཾ། སྔགས་དེ་བཞིན་དུ་སྦྱར་ཏེ། ཨརྒྷ། པཱདྱཾ། ཨཉྩ་མཱ་ཎཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ འི་བར་དང་། །མེ་ལོང་པི་ཝང་དུང་ཆོས་དང་། །རོ་མཆོག་འཇམ་མཉེན་གོས་དག་ཀྱང་། །རྒྱལ་ཆེན༴ བཞེས་ནས༴ ༀ་༴0ཉྩ་ཀ་མ་གུ་ཎ་0་ཛི་ཏེ་ཨཱཿཧཱུཾ། ག.གས་ཉ་པདྨ་བུམ་བཟང་.ང་། །དཔལ་བེའུ་རྒྱལ་མཚན་འཁོར་ལོ་རྣམས། །རྒྱན་ཆེན༴ བཞེས་ནས༴ ༀ་བཻ་༴ཨཥྚ་མདྒ་ལཾ་0་ཛ་མེ་,་ཨཱཿཧཱུཾ། འཁོར་ལོ་ནོར་བུ་བཙུན་མོ་རྟ། །བློན་པོ་གླང་པོ་དམག་དཔོན་རྣམས། །རྒྱལ་ཆེན༴ བཞེས་ནས༴ ཨོོཾ་བཻ་༴ མ་ཧཱ་ས པྟ་རཏྣ་པྲ་ཏིཙྪ་ཨཱཿཧཱུཾ། ཞེས་ཕུལ་ཏེ། ཡན་ལག་བ.ན་པ་བྱ་བ་ནི། རྒྱལ་ཆེན་རྣམ་མང་ཐོས་སྲས་ནོར་མང་ལྔ་ནི། །གསེར་གྱི་ལྷུན་པོ་ལྟ་བུ་བརྗིད་ཆགས་ཤིང་། །སྤྲིན་བྲལ་ཉི་མ་སྟོང་གི་གཟི་ལྡན་པ། །འདོད་རྒུའི་ཆར་འབེབས་ཁྱོད་ལ་ཕྱག་འཚལ་ལོ། །དཔག་མེད་བསོད་ནམས་ཚོགས་ཆེན་རབ་བསགས་མ,ས། །ཡོ་བྱད་ནམ་མཁའ་མཛོད་ལ་དབང་བསྒྱུར་ཞིང་། །འགྲོ་བའི་ཕོངས་པ་ཀུན་སེལ་དངོས་གྲུབ་མཆོག །སྩོལ་མཛད་ནོར་ལྷའི་ཚོགས་ལ་ཕྱག་འཚལ་ལོ། །ཇི་སྙེད་མཆོད་པའི་ཚོགས་རྣམས་ཐམས་ཅད་འབུལ། །སྒོ་གསུམ་ཉེས་ལྟུང་ཐམས་ཅད་སོ་སོར་བཤགས། །རང་གཞན་ཀུན་གྱི་དགེ་ལ་རྗེས་ཡི་རང་། །འགྲོ་ལ་ཕན་སྒྲུབ་འདོད་རྒུ་སྩོལ་བའི་ཕྱིར། །བསྐལ་བརྒྱར་མྱ་ངན་མི་འདའ་རྟག་པར་བཞུགས། །དགེ་ཀུན་མཆོག་,ན་དངོས་གྲུབ་ཐོབ་ཕྱིར་བསྔོ། །བསྡུ་ན་དེ་ཙམ་གྱིས་ཆོག་མོད་གལ་ཏེ་བསྐང་གསོ་མཚོན་ཙམ་བྱེད་ན། }ར་ལྟར་མཆོད་པ་དང་བསྐང་རྫས་རྣམས་རྒྱས་པར་ན་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ནས། བདག་གི་བསམ་པའི་ཞེས་སོགས་ཀྱི་མཇུག་ཏུ། ཧཱུཾ་སྔགས་དང་ཏིང་འཛིན་ཕྱག་རྒྱས་བྱིན་བརླབས་པའི། །མཆོད་རྫས་ས་དང་བར་སྣང་ཁྱོན་བཀང་སྟེ། །རྒྱལ་ཆེན་འཁོར་དང་བཅས་པའི་,གས་དམ་བསྐང་། །བདག་ཅག་རེ་ལྟོས་མཆོད་ལ་དངོས་གྲུབ་སྩོལ། །ཆུ་གཉིས་ཉེར་,ོད་རོལ་མོ་འདོད་ཡོན་ལྔ། །རྒྱལ་སྲིད་བ.ན་དང་བཀྲ་ཤིས་རྫས་བརྒྱད་ཀྱིས། །རྒྱལ་ཆེན༴ བདག་ཅག༴ \ིང་བཞི་ཉི་ཟླ་རི་རབ་ལྷུན་པོ་དང་། །དྲི་སྨན་འབྲུ་སྣ་རིན་ཆེན་སྣ་ཚོགས་ཀྱིས། །རྒྱལ་ཆེན༴ བདག་ཅག༴ གོས་སྔོན་ལུང་ཐང་ཕྲེང་བ་ཅང་ཤེས་རྟ། །གཏེར་བུམ་དཔག་བསམ་ཤིང་དང་འདོད་འཇོའི་བས། །རྒྱལ་ཆེན༴ བདག་ཅག༴ ཁྲུས་རྫིང་ཁང་བརྩེགས་གཏོར་མའི་ཚོགས་རྣམས་དང་། །ཕྱི་ནང་གསང་བའི་བྲིས་{་དམ་པ་ཡིས། །རྒྱལ་ཆེན༴ བདག༴ མགོན་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས། །མ,ན་པའི་དམ་རྫས་མཆོད་ཚོགས་འདི་བཞེས་ནས། །མི་འདོད་ཉེར་འཚེ་ཐམས་ཅད་ཞི་བ་དང་། །མ,ན་པའི་དངོས་གྲུབ་མ་ལུས་སྩལ་.་གསོལ། །.ེ་ནས། ཏདྱ་,། ཧི་ལི་མ་ཎི་བྷ་དྲ་ཞེས་སོགས་ཀྱི- གཟུངས་རིང་བཟླ་བའམ། མིན་ཡང་རུང་སྟེ། ཨོོཾ་བཻ་ཤྲ་མ་ཎ་ཡེ་སྭཱཧཱ། ཨོོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སྭཱཧཱ། ཨོོཾ་0རྞ་བྷ་དྲ་ཡ་སྭཱཧཱ། ཨོོཾ་མ་ཎི་བྷ་དྲ་ཡ་སྭཱཧཱ། ཨོོཾ་ཀུ་བེ་ར་ཡ་སྭཱཧཱ། ཨོོཾ་སམྦ་ཛ་ན་ཡེ་སྭཱཧཱ། ཨོོཾ་གུ་ཧྱ་ཏ་ན་ཡེ་སྭཱཧཱ། ཨོོཾ་ཨཱཿ0ཉྩི་ཀ་ཡེ་སྭཱཧཱ། ཨོོཾ་པི་ཙི་ཀུ0་ལི་སྭཱཧཱ། ཞེས་པ་རྣམས་ཅི་འགྲུབ་བཟླས་ནས་ཡིག་བརྒྱ་བརྗོ.། .ེ་ནས་གཏོར་མ་བསངས། .ངས་སྟོང་པའི་ངང་ལས། བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་.་ཨོོཾ་འོད་.་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བ.ད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོོཾ་བཻ་ཤྲ་ཝཎ་ཡེ་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བ.ན་དང་། ཛམ་བྷ་ལ་ཛ་ལེ ནྡྲ། ཞེས་པ་ནས་པི་ཙི་ཀུ0་ལི་ཨི་དམ་ཞེས་སོགས་.ར་ནས་སོ་སོར་འབུལ་བའམ། བསྡུ་ན། ཨོོཾ་བཻ་ཤྲ་ཝ་ཎ་ས་པ་རི་ཝཱ་ར་ཨི་དམ། ཞེས་སོགས་.ར་ཏེ་,ན་མོང་.་ཕུལ་ཡང་རུང་ངོ-། །ཨརྒྷཾ་སོགས་ཀྱིས་མཆོད་ལ། རྒྱལ་ཆེན་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་.ིན་གྱི་གཏོང་མ་འདི་བཞེས་སུ་གསོལ་བཞེས་ནས་བདག་ཅག་གི་མི་འདོད་པའི་ཉེར་འཚེ་ཐམས་ཅད་ཞི་བ་དང་འདོད་དོན་དངོས་གྲུབ་ཐམས་ཅད་སྩལ་.་གསོལ། .ེ་ནས་བསྟོད་པ་ནི། ཧཱུཾ་དཔག་མེད་.ས་ནས་ཚོགས་གཉིས་ཡོངས་རྫོགས་ཤིང་། །དྲི་བྲལ་ཞི་བའི་གོ་འཕང་མཆོག་བརྙེས་ཀྱང་། །འཇིག་རྟེན་སྐྱོང་བའི་དབང་པོའི་{ར་བསྟན་པ། །རྒྱལ་ཆེན་རྣམ་མང་ཐོས་པའི་སྲས་ལ་བསྟོ.། །ནམ་མཁའ་མཛོད་ཀྱི་ཡེ་ཤེས་མཆོག་ཐོབ་ནས། །སྲིད་གསུམ་འགྲོ་རྣམས་ཕོངས་དང་རྒུད་པ་ལས། །སྐྱོབ་མཛད་འདོད་རྒུའི་དངོས་གྲུབ་མཆོག་སྟེར་བ། །འགྲོ་བའི་མགོན་གྱུར་ཁྱོད་ལ་གུས་པས་བསྟོ.། །}ོན་ཚེ་སྟོན་པའི་དྲུང་.་བསྟན་པ་དང་། །འཇིག་རྟེན་ཁམས་ཀུན་ཆོས་བཞིན་སྐྱོང་བ་རུ། །ཞལ་བཞེས་དེ་དོན་སྒྲུབ་ལ་རྟག་གཞོལ་བ། །བསྟན་སྲུང་ཀུན་གྱི་གཙོ་བོར་གྱུར་ལ་བསྟོ.། །གནོད་.ིན་སྡེ་དཔོན་མ,་ལྡན་ཐམས་ཅད་ཀྱང་། །ཁྱོད་ཞབས་བསྟེན་ནས་བཀའ་བཞིན་སྒྲུབ་པ་ཡིས། །འགྲོ་འདིའི་ཕོངས་པ་ཀུན་ཞི་འདོད་རྒུའི་དངོས། །སྟེར་མཛད་གནོད་.ིན་རྒྱལ་པོ་ཁྱོད་ལ་བསྟོ.། །རྫུ་འཕྲུལ་སྟོབས་ལྡན་ཨཪྱ་ཛམ་ལ་སོགས། །གནོད་.ིན་སྡེ་དཔོན་ཆེན་པོ་མཆེད་བརྒྱད་ཀྱང་། རྫུ་འཕྲུལ་རྟ་ཡི་སྟེང་བཞུགས་འགྲོ་རྣམས་ཀྱི། །ཕོངས་པའི་སྡུག་བསྔལ་ཞི་བར་མཛད་ལ་བསྟོ.། །ནོར་ལྷ་གནོད་.ིན་བྱེ་བའི་ཚོགས་རྣམས་ནི། །རང་རང་ཕྱག་གཡས་མཚོན་ཆ་སྣ་ཚོགས་དང་། །གཡོན་ན་རིན་ཆེན་སྐྱུག་པའི་ནེའུ་ལེ་འཛིན། །འདོད་རྒུའི་རེ་བ་སྐོང་བར་མཛད་ལ་བསྟོ.། །ཁྱོད་རྣམས་མཆོད་ཅིང་བསྟོད་དང་བ{ལ་བའི་མ,ས། །རྣལ་འབྱོར་དཔོན་སློབ་.ིན་བདག་འཁོར་བཅས་ཀྱི། །འགལ་རྐྱེན་མི་མ,ན་ཕྱོགས་ཀུན་ཞི་བ་དང་། །མ,ན་རྐྱེན་ཐམས་ཅད་ཡིད་བཞིན་འགྲུབ་པར་མཛོ.། །རྒྱས་པར་ནི། རིན་ཆེན་དམ་པའི་ཕོ་བྲང་ནས། །ཞེས་སོགས་དང་། ཛམ་བྷ་ལ་ནི་གསེར་གྱི་མདོག །ཞེས་སོགས་ཀྱིས་བསྟོད་ཀྱང་ལེགས། མཇུག་ཏུ་སླར་མཆོད་བསྟོད་མདོར་བསྡུས་འདོད་ན་བྱ་ཞིང་། ཡིག་བརྒྱ་བརྗོད་དེ། མ་རྙེད་ཡོངས་སུ་མ་ཤེས་དང་། ཞེས་སོགས་ཚིགས་བཅད་གཅིག་གིས་བཟོད་གསོལ་དང་། {་རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །ཞེས་སོགས་ཚིགས་བཅད་གཅིག་གིས་བརྟན་བཞུགས་བྱ་ཞིང་། རྟེན་མེད་ན། བཛྲ་མུཿ ནོར་ལྷ་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར་ཞེས་བརྗོད་ཅིང་ཤིས་བརྗོད་བྱའོ།། །།༈ གཉིས་པ་ཛམྦྷ་ལ་གཙོ་འཁོར་མཆོད་ཚུལ་ནི། རས་ཤོག་ལ་གྲུ་བཞི་སྒོ་བཞི་བྱས་པའི་ནང་.་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་བཅས་པ་བྲིས་ཏེ་སྟེགས་ཀྱི་ཁར་བཀྲམ་ལ། .བུས་དང་ཕྱོགས་མཚམས་སུ་{འམ་ཚོམ་བུ་དགོད་ཅིང་བརྒྱན། མཐར་ཟླུམ་གཏོར་དགུ ཆུ་གཉིས་ཉེར་,ོད་དང་། གྲུབ་ན་འདོད་ཡོན། རྒྱལ་སྲི.། བཀྲ་ཤིས་རྟགས་བརྒྱད། རིན་པོ་ཆེ་སོགས་གང་འབྱོར་བཤམས་ནས་སྐྱབས་སེམས་སོགས་སྔོན་.་བཏང་སྟེ། བདག་བསྐྱེད་ལ་འཇིགས་བྱེད་སོགས་གཞན་གྱིས་རུང་ཡང་། ཕྱག་རྡོར་བྱེད་པ་ལ་གོས་སྔོན་ཅན་དང་གཏུམ་པོ་ལྟ་བུ་གང་ཡིན་པ་དེའི་མངོན་རྟོགས་རྒྱས་བསྡུས་སྐབས་དང་བསྟུན་ཆོག་ཀྱང་། འདིར་རང་ཉིད་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་{་མདོག་སྔོན་པོ་གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་། གཡོན་,གས་ཀར་སྡིགས་མཛུབ་མཛད་པ། ཞབས་གཡས་བ{མས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་.ངས། སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་.་མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་སྤྲིན་རྒྱ་མཚོས་ནམ་མཁའི་ཁམས་གང་བར་གྱུར། ཨོོཾ་ཨཱཿཧཱུཾ་ལན་གསུམ། ཨོོཾ་ཨརྒྷཾ་ཨཱཿ ཧཱུཾ་ནས་ཤཔྟ་དང་། རཱུ་པ་ནས་སྤར་ཤ་ཨཱཿཧཱུཾ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱས་ཏེ། ཨོོཾ་སརྦ་བིད་0་ར་0་ར་ནས་ཧོ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ། སྒྲུབ་གཞི་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་.ངས། སྟོང་པའི་ངང་ལས་རང་གི་མ.ན་.་བྷྲུཾ་ལས་རིན་པོ་ཆེའི་ཕོ་བྲང་གྲུ་བཞི་སྒོ་བཞི་པ། ཕ་གུ་དྲ་བ་དང་དྲ་ཕྱེ.། མདའ་ཡབ་སོགས་ཀྱིས་མཛེས་པར་བྱས་པའི་ཁང་བརྩེགས་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པའི་ནང་གི་དབུས་དང་ཕྱོགས་མཚམས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་རེ་རེ། .བུས་སུ་པད་ཟླའི་གདན་ལ་ཛཾ་སེར་པོ། .ེ་ཡོངས་སུ་གྱུར་པ་ལས་ཛམ་བྷ་ལ་{་མདོག་སེར་པོ། ཕྱག་གཡས་བི་ཛ་0་ར་ཀ་དང་གཡོན་གཏེར་གྱི་ནེའུ་ལེ་འཛིན་པ། ཞབས་ཀྱིས་.ང་དང་པདྨའི་གཏེར་མནན་པ། ཨུཏྤལ་སྔོན་པོའི་ཕྲེང་བ་དང་དབུ- རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། འོད་ཀྱི་དྲ་བས་མཛེས་པའོ། །.ེའི་ཤར་.་ནོར་བུ་བཟང་པོ། ལྷོར་གང་བ་བཟང་པོ། ནུབ་ཏུ་ནོར་,ིན། བྱང་.་རྣམ་ཐོས་སྲས། ཤར་ལྷོར་ཀི་ལི་མཱི་ལི། ལྷོ་ནུབ་ཏུ་པི་ཙི་ཀུ0་ལི། ནུབ་བྱང་.་གདོང་གི་དབང་པོ། བྱང་ཤར་.་ཙ་རེནྡྲ་སྟེ། ཐམས་ཅད་ཀྱང་{་མདོག་སེར་པོ། གཡས་བི་ཛ་0་ར་ཀ་དང་གཡོན་ནེའུ་ལེ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པའོ། །གཙོ་བོའི་གཡོན་.་ལྷ་མོ་ནོར་རྒྱུན་མ། གཞན་བརྒྱད་ཀྱི་གཡོན་ཕྱོགས་སུ་རིམ་པ་བཞིན་.། ཆུ་ཤེལ་མ། སོ་མ། སོ་ལེགས་མ། འཕགས་མ། ཤིན་ཏུ་བཟང་མོ། སྦས་མ། རབ་སྦས་མ། དབྱངས་ཅན་མ་སྟེ། ཐམས་ཅད་ཀྱང་གཡས་མཆོག་.ིན་དང་། གཡོན་འབྲས་ཀྱི་སྙེ་མ་འཛིན་པས་ཡབ་ཀྱི་དཀུ་ལ་བརྟེན་ཅིང་། རིན་པོ་ཆེའི་རྒྱན་དང་དར་གྱི་སྨད་གཡོགས་གསོལ་བ། ཕྱེད་སྐྱིལ་གྱི་ཚུལ་.་བཞུགས་པའོ། །.ེ་རྣམས་ཀྱི་,ི་བོར་ཨོོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ,གས་ཀར་ཧཱུཾ་སྔོན་པོ། རང་གི་,གས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ལྕང་ལོ་ཅན་སོགས་རང་བཞིན་གྱི་གནས་ནས་ཛམྦྷ་ལ་འཁོར་དང་བཅས་པ་སྐད་ཅིག་གིས་,ན་དྲངས། ཨོོཾ་ཨཱཪྱ- ཛམ་བྷ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་བཛྲ་ས་མ་ཡ་ཛ་ཛ་ཛ། ཛཿཧཱུཾ་བཾ་ཧཾཿ། དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར་སླར་ཡང་,གས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་.ན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བ{ར་.་གསོལ། ཞེས་གསོལ་བ་བཏབ་བས། .ེ་རྣམས་ཀྱིས་བུམ་པའི་ཆུས་,ི་བོ་ནས་དབང་བ{ར་ལུས་གང་། དྲི་མ་དག །ཆུའི་ལྷག་མ་,ི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་ཐམས་ཅད་ལ་རིན་འབྱུང་གིས་དབུ་རྒྱན་ཅིང་། དབང་གི་ལྷ་རྣམས་དེ་ཉིད་ལ་ཐིམ་པར་གྱུར། རབ་འབྱམས་ཞིང་ན་གང་མཆིས་པའི། །ཆུ་གཉིས་ཉེར་,ོད་མཆོད་པའི་ཚོགས། །ཛམ་ལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་.་གསོལ། །ཨོོཾ་ཨཱཪྱ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། .ེ་བཞིན་.་.ར་ཏེ་0དྱཾ་ནས་ཤཔྟ་དང་རཱུ་པ་ནས། སྤཪྴ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱའི་བར་དང་། རབ་འབྱམས་ཞིང་ན་གང་མཆིས་པའི། །རྒྱལ་སྲིད་རིན་ཆེན་སྣ་བ.ན་རྣམས། །ཛམ་ལ༴ བཞེས་ནས༴ ཙཀྲ་རཏྣ་དང་མ་ཎི་རཏྣ། སྟྲི་རཏྣ། 0་རུ་ཥ་རཏྣ། ཧ་སྟི་རཏྣ། ཨ་ཤྭ་རཏྣ། ཁཏྒ་རཏྣ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ་དང་། རབ་འབྱམས་ཞིང་ན་གང་མཆིས་པའི། །བཀྲ་ཤིས་རྟགས་བརྒྱད་ཐམས་ཅད་ཀྱང་། ཛམ་ལ༴ བཞེས་ནས༴ ཨཥྚ་མདྒ་ལཾ་0་ཛ་མེ་,་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། རི་རབ་གླིང་བཞི་ཉི་ཟླ་དང་། །བདག་ལུས་ལོངས་,ོད་དགེ་ཚོགས་བཅས། །ཛམ་ལ༴ བཞེས་ནས༴ ཨོོཾ་ཨཱཪྱ་ཛམྦྷ་ལ་ས་པ་རི་ཝཱ་ར་མ་ཧཱ་0་ཛ་མེ་,་པྲ་ཏིཙྪ་ཧཱུཾ་སྭཱཧཱ། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་.ིིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །འགྲོ་བའི་ཕོངས་པའི་སྡུག་བསྔལ་ཞི་མཛད་པ། །འཕགས་པ་ཛམ་ལ་འཁོར་དང་བཅས་ལ་བསྟོ.། །.ེ་ནས་སྙིང་པོ་བཟླ་བ་ནི། ཨོོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཨོོཾ་མ་ཎི་བྷ་དྲ་ཡེ་སྭཱཧཱ། ཨོོཾ་0རྞ་བྷ་དྲ་ཡེ་སྭཱཧཱ། ཨོོཾ- དྷ་ན་ད་ཡེ་སྭཱཧཱ། ཨོོཾ་བཻ་ཤྲ་ཝ་ཎ་ཡེ་སྭཱཧཱ། ཨོོཾ་ཀི་ལི་མཱི་ལི་ནི་ཡེ་སྭཱཧཱ། ཨོོཾ་པི་ཙི་ཀུ0་ལི་ཡེ་སྭཱཧཱ། ཨོོཾ་མུ་ཁེནྡྲ་ཡེ་སྭཱཧཱ། ཨོོཾ་ཙ་རེནྡྲ་ཡེ་སྭཱཧཱ། ཡང་། ཨོོཾ་བ་སུ་དྷཱ་རི་ནི་སྭཱཧཱ། ཨོོཾ་ཙནྡྲ་ཀཱནྟྱཻ་ཡེ་སྭཱཧཱ། ཨོོཾ་དནྟཱ་ཡེ་སྭཱཧཱ། ཨོོཾ་སུ་དནྟཱ་ཡེ་སྭཱཧཱ། ཨོོཾ་ཨཱཪྱ་ཡེ་སྭཱཧཱ། ཨོོཾ་སུ་བྷ་དྲ་ཡེ་སྭཱཧཱ། ཨོོཾ་གུཔྟ་ཡེ་སྭཱཧཱ། ཨོོཾ་དེ་བཻ་ཡེ་སྭཱཧཱ། ཞེས་པ་རྣམས་ཅི་འགྲུབ་བཟླས་ནས་ཡིག་བརྒྱ་བརྗོ.། གཏོར་མ་བྱིན་གྱིས་བརླབ་པ་ནི། བསངས་.ངས་སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་.་ཨོོཾ་འོད་.་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་མེད་ཀྱི་བ.ད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོོཾ་ཨཱ༔ཧཱུཾ་ལན་གསུམ། ལྗགས་འོད་ཟེར་གྱི་སྤུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོོཾ་ཨཱཪྱ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བ.ན་གྱིས་ཕུལ་ཏེ། ཨོོཾ་ཨཱཪྱ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད་ལ། ཁྱེད་རྣམས་ཀྱིས་མཆོད་.ིིན་གྱི་གཏོར་མ་འདི་བཞེས་ལ་འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩལ་.་གསོལ་ལོ། །བསྟོད་པ་ནི། རྒྱ་ཆེན་བསོད་ནམས་ཚོགས་བསགས་སྨིན་པའི་འབྲས། །ཡོ་བྱད་ནམ་མཁའི་མཛོད་ལ་དབང་བསྒྱུར་ཞིང་། ཁམས་གསུམ་འགྲོ་ལ་འདོད་རྒུའི་མཆོག་སྩོལ་བ། །འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོ.། །གང་{་རིན་ཆེན་གསེར་གྱི་ལྷུན་པོ་བཞིན,,རྣམ་མང་རིན་ཆེན་རྒྱུ-{ར་དོ་ཤལ་ཅན། །ཞལ་ནས་རིན་ཆེན་ཆར་འབེབས་འགྲོ་རྣམས་ཀྱི། །ཕོངས་པའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་བསྟོ.། །ངེས་དོན་རྫོགས་སངས་གོ་འཕང་མཆོག་བརྙེས་ཀྱང་། །འགྲོ་བའི་དོན་.་གནོད་.ིིན་དབང་པོའི་{ར། །མངོན་བསྟན་འཇིག་རྟེན་སྐྱོང་བའི་ཚུལ་འཛིན་པ། །ཐབས་མཁས་,གས་རྗེ་ཅན་ལ་ཕྱག་འཚལ་བསྟོ.། །ནོར་གྱི་དབང་ཕྱུག་རིན་ཆེན་མཛོད་འཆང་ཞིང་། །འཛད་མེད་གཏེར་གྱི་དཔལ་ལ་ལོངས་,ོ.་པ། །འགྲོ་ལ་འདོད་རྒུའི་དངོས་སྟེར་ནོར་གྱི་ལྷ། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་བསྟོ.། །ཁྱོད་རྣམས་མཆོད་ཅིང་གསོལ་འདེབས་འདི་དགོངས་ལ། །བདག་ཅག་ཕོངས་པའི་སྡུག་བཇལ་ཞི་བ་དང་། །གསེར་དངུལ་རིན་ཆེན་རྟ་ཕྱུགས་འབྲུ་དར་སོགས། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩལ་.་གསོལ། །ཕྱི་ནང་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །ཚེ་རིང་ནད་མེད་དབང་ཐང་དར་བ་དང་། །རྟག་ཏུ་བདེ་ལེགས་ཕུན་སུམ་ཚོགས་པ་ཀུན། །འབད་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྩོལ། །.ེ་ནས་ཡིག་བརྒྱ་ཚར་གཅིག་བརྗོད་དེ། རྟེན་ཡོད་ན། ཁྱེད་རྣམས་མཆོད་པའི་སྐབས་འདིར་བདག་ཅག་གིས། མ་འབྱོར་ཉམས་སོགས་ཉེས་ཀུན་བཟོད་བཞེས་ཏེ། །རང་གི་རྟེན་དང་དབྱེར་མེད་རྟག་བཞུགས་ནས། །མཆོག་,ན་དངོས་གྲུབ་སྩོལ་བའི་འཕྲིན་ལས་མཛོ.། །ཨོོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྗོད་དེ་མེ་ཏོག་གཏོར་ལ་བསྔོ་སྨོན་སོགས་བྱ་ཞིང་། རྟེན་མེད་ན་མ་རྙེད་ཡོངས་སུ་མ་ཤེས་དང་། ཞེས་སོགས་ཚིགས་བཅད་གཅིག་གི་མཇུག་ཏུ། ཨོོཾ་བཛྲ་མུཿམགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་དང་། ཤིས་བརྗོད་བྱའོ། །༈ གསུམ་པ་ནོར་རྒྱུན་མ་འཁོར་བཅས་མཆོད་ཚུལ་ནི། གོང་དུ་ཛམ་ལའི་སྐབས་སུ་བཤད་པ་བཞིན་དཀྱིལ་འཁོར་བྲིས་པ་སྟེགས་ཀྱི་ཁར་བཀོད་པའི་མདུན་དུ་མཆོད་གཏོར་རྣམས་སྔར་ལྟར་བཤམས་ལ། སྐྱབས་སེམས་སོགས་དང་བདག་བསྐྱེད་དང་མཆོད་པ་བྱིན་བརླབ་ཀྱང་དེ་བཞིན་བྱས་ཏེ། མདུན་གྱི་སྒྲུབ་གཞི་བསངས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་ཕོ་བྲང་གྲུ་བཞི་སྒོ་བཞི་པ། ཞེས་པ་ནས། པདྨ་དང་ཟླ་བའི་གདན་རེ་རེ། དབུས་ཀྱི་པད་ཟླའི་གདན་ལ་པཾ་ཡིག་སེར་པོ། དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་ནོར་རྒྱུན་མ། ཤར་དུ་བཟང་མོ། ལྷོར་རབ་ཏུ་བཟང་མོ། ནུབ་ཏུ་སྦས་མ། བྱང་དུ་རབ་སྦས་མ། ཤར་ལྷོར་ལྷ་མོ། ལྷོ་ནུབ་ཏུ་དབྱངས་ཅན་མ། ནུབ་བྱང་དུ་འཕགས་མ། བྱང་ཤར་དུ་ཟླ་ཤེལ་ཅན་ཏེ། དེ་ཐམས་ཅད་ཀྱང་སྐུ་མདོག་སེར་མོ། གཡས་མཆོག་སྦྱིན་དང་གཡོན་འབྲས་ཀྱི་སྙེ་མ་འཛིན་པ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་ཞིང་། བུད་མེད་སྒྱུ་མའི་རྣམ་འགྱུར་ཅན། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ནོར་རྒྱུན་མའི་བྷ་གའི་ནང་དུ་གཞལ་ཡས་ཁང་གི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཛཾ་ལས་ཛམ་ལ་སེར་པོ། གཡས་བི་ཛ་པཱུ་ར་ཀ་དང་གཡོན་ནེའུ་ལེ་འཛིན་པ། ཞབས་ཀྱིས་དུང་དང་པདྨའི་གཏེར་མནན་ཅིང་། ཞལ་ནས་རིན་པོ་ཆེའི་ཆར་འབེབས་པ། ཨུཏྤལ་སྔོན་པོའི་ཕྲེང་བ་འཛིན་པ་ནོར་རྒྱུན་མ་སེར་མོ་ལ་འཁྱུད་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཕྱིར་འཕྲོས་པའི་རིན་པོ་ཆེའི་ཚོགས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏེ་སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས་གནོད་སྦྱིིན་ཆེན་པོ་བཅུ་དྲུག་དུ་གྱུར་པ་ནི། ཤར་དུ་གང་བ་བཟང་པོ་དམར་པོ། ལྷོར་རྣམ་ཐོས་སྲས་སེར་པོ། ནུབ་ཏུ་ནོར་སྦྱིན་དམར་པོ། བྱང་དུ་ནོར་བུ་བཟང་པོ་སེར་པོ། ཤར་ལྷོར་བི་ཙི་ཀུཎྜ་ལི་དམར་པོ། ལྷོ་ནུབ་ཏུ་རོལ་པའི་ཕྲེང་བ་སྔོན་པོ། ནུབ་བྱང་དུ་སྤྱོད་པའི་དབང་པོ་སེར་པོ། བྱང་ཤར་དུ་སྒོའི་དབང་པོ་སེར་པོ་སྟེ། ཐམས་ཅད་ཀྱང་གཡས་བི་ཛ་པཱུ་ར་ཀ་དང་གཡོན་ནེའུ་ལེ་འཛིན་པ། ཤར་སྒོར་ནོར་སྦྱིན་དང་ནོར་སྦྱིན་ཆེན་པོ། ལྷོ་སྒོར་པདྨ་དང་པདྨ་ཆེན་པོ། ནུབ་སྒོར་ཀི་ལི་མཱི་ལི་དང་ཀི་ལི་མཱི་ལི་ཆེན་པོ། བྱང་སྒོར་གང་བ་དང་གང་བ་བཟང་པོ་སྟེ། དེ་ཐམས་ཅད་ཀྱང་གཅེར་བུ་ལྟོ་བ་དང་འབྲས་བུ་འཕྱང་བ་རིན་པོ་ཆེའི་ཆར་འབེབས་པའོ། །དེ་ཐམས་ཅད་ཀྱི་སྤྱི་བོར་ཨོོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། རང་བཞིན་གྱི་གནས་ནོར་ལྷའི་ཕོ་བྲང་ནས་ལྷ་མོ་ནོར་རྒྱུན་མ་ཛམ་ལ་ནོར་ལྷའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛ་ཛ་ཛ། སྐད་ཅིག་གིས་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཛཿཧཱུཾ་བཾ་ཧོཿ། རང་རང་གི་དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོོཾ་བཛྲ་ཨ་བྷི་ཥི ཉྩ་ཧཱུཾ་ཞེས་གསུངས་ཤིང་སྤྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་བོར་ལུད་པ་ལས་རིན་འབྱུང་གཙོ་བོར་བྱས་པའི་རིགས་ལྔས་དབུ་རྒྱན་པར་གྱུར་པར་བསམ། ཆུ་གཉིས་ཉེར་སྤྱོད་རོལ་མོ་སོགས། །རབ་འབྱམས་མཆོད་པའི་ཚོགས་རྣམས་ནི། །ནོར་རྒྱུན་ལྷ་མོ་འཁོར་བཅས་ལ། །འབུལ་བགྱི་བཞེས་ནས་དངོས་གྲུབ་སྩོལ། །ཨོོཾ་བ་སུ་དྷ་རི་ནི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོོཾ་བ་སུ་དྷ་རི་ནི༴ པཱདྱཾ་པྲ་ཏི ཙྪ་ཧཱུཾ་སྭཱཧཱ་ནས། ཤཔྟའི་བར་དང་། འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྟགས་བརྒྱད་ཐམས་ཅད་ཀྱང་། །ནོར་རྒྱུན༴ འབུལ་བགྱི༴ ཨོོཾ་བ་སུ་༴ 0ཉྩ་ཀ་མ་གུ་ན་མ་ཧཱ་ས པྟ་རཏྣ་ཨཥྚ་མདྒ་ལཾ་0་ཛ་མེ་,་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཤྲི་ཡེ་ཧཱུཾ། \ིང་བཞི་ཉི་ཟླ་རི་རབ་ལྷུན། །བདག་ལུས་ལོངས་,ོད་དགེ་ཚོགས་བཅས། །ནོར་རྒྱུན༴ འབུལ་བགྱི༴ ཨོོཾ་བ་སུ་དྷ་རི་ཎི༴ མ་ཧཱ་0་ཛ་མེ་,་ཨཱཿཧཱུཾ། ཞེས་པས་མཆོད་དེ། གང་སྔོན་.ིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མ,་ཡི་དཔལ་བརྙེས་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྟེར་བ། །ནོར་རྒྱུན་ལྷ་མོ་འཁོར་དང་བཅས་ལ་བསྟོ.། །.ེ་ནས་སྙིང་པོ་བཟླ་བ་ནི། ཨོོཾ་བ་སུ་དྷ་རི་ནི་སྭཱཧཱ། ཨོོཾ་བྷ་དྲ་ཡེ་སྭཱཧཱ། ཨོོཾ་སུ་བྷ་དྲ་ཡེ་སྭཱཧཱ། ཨོོཾ་གུཔྟ་ཡེ་སྭཱཧཱ། ཨོོཾ་སུ་གུཔྟ་ཡེ་སྭཱཧཱ། ཨོོཾ་དེ་བཻ་ཡེ་སྭཱཧཱ། ཨོོཾ་སྭ་ར་སྭ་ཏྱཻ་ཡེ་སྭཱཧཱ། ཨོོཾ་ཨཪྱ་ཡེ་སྭཱཧཱ། ཨོོཾ་ཙནྡྲ་ཀཱནྟྱཻ་ཡེ་སྭཱཧཱ། ཞེས་དང་། ཡང་། ཨོོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཨོོཾ་0རྞ་བྷ་དྲ་ཡེ་སྭཱཧཱ། ཨོོཾ་བཻ་ཤྲ་ཝ་ཎ་ཡེ་སྭཱཧཱ། ཨོོཾ་དྷ་ན་ད་ཡེ་སྭཱཧཱ། ཨོོཾ་མ་ཎི་བྷ་དྲ་ཡེ་སྭཱཧཱ། ཨོོཾ་པི་ཙི་ཀུ0་ལི་ཡེ་སྭཱཧཱ། ཨོོཾ་ཀི་ལི་མཱི་ལི་ནི་ཡེ་སྭཱཧཱ། ཨོོཾ་ཙ་རེནྡྲ་ཡེ་སྭཱཧཱ། ཨོོཾ་མུ་ཁེནྡྲ་ཡེ་སྭཱཧཱ། ཞེས་པ་རྣམས་ཅི་འགྲུབ་བཟླས་ནས་ཡིག་བརྒྱ་བརྗོ.། .ེ་ནས་གཏོར་མ་ནི། }གས་ཀྱིས་བསངས་.ངས་ཏེ། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་.་ༀ་འོད་.་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་ཟག་པ་མེད་པའི་བ.ད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོོཾ་ཨཱཿཧཱུཾ། ལན་གསུམ། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོོཾ་བ་སུ་དྷ་རི་ནི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ- ཧི། ལན་བ.ན་གྱིས་ཕུལ་ཏེ། ཨརྒྷཾ་སོགས་ཀྱིས་མཆོད་ལ། ནོར་ལྷའི་ཚོགས་རྣམས་ཀྱིས་མཆོད་.ིན་གྱི་གཏོར་མ་འདི་བཞེས་ཤིག །བཞེས་ནས་ཀྱང་རྣལ་འབྱོར་བ་བདག་ཅག་.ིན་བདག་འཁོར་དང་བཅས་པ་རྣམས་ལ་འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩལ་.་གསོལ། བསྟོད་པ་ནི། གསེར་མདོག་བལྟ་བས་མི་ངོམས་མཛེས་པའི་{། །རབ་སྙན་རྒྱུད་མང་འབུམ་ཕྲག་སྒྲོགས་པའི་གསུང་། །རྣམ་མང་འགྲོ་ལ་རྗེས་སུ་བརྩེ་བའི་,གས། །རྒྱལ་བའི་ཡུམ་གྱུར་ནོར་རྒྱུན་མ་ལ་བསྟོ.། །ཟག་བཅས་དངོས་ལ་ཆགས་བྲལ་འཛིན་མེད་ཀྱང་། །མ་དག་འགྲོ་ལ་བརྩེ་བས་ཉེར་དགོངས་ཏེ། །ཕུན་ཚོགས་ནམ་མཁའི་མཛོད་ཀུན་རྟག་འཆང་ཞིང་། །སྩོལ་མཛད་ནོར་གྱི་དབང་ཕྱུག་མ་ལ་བསྟོ.། །ཁྱོད་,གས་འདོད་པའི་དྲི་མས་མ་གོས་ཀྱང་། །འཇིག་རྟེན་རྗེས་མ,ན་ལྷ་མོའི་{ར་བསྟན་ཏེ། །འཕགས་མཆོག་རྨུགས་འཛིན་དབང་དང་.ོར་མཛད་པ། །རྒྱལ་ཡུམ་ལྷ་མོ་ཁྱོད་ལ་གུས་པས་བསྟོ.། །སྙིགས་.ས་སྡུག་ཅིང་ཕོངས་པའི་འགྲོ་རྣམས་ལ། །,གས་རྗེས་བརྩེར་དགོངས་འདོད་རྒུའི་དངོས་གྲུབ་མཆོག །སྟེར་མཛད་ཨཱཪྱ་ཛམྦྷ་ལ་ལ་སོགས། །ནོར་ལྷ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོ.། །ཁྱེད་རྣམས་མཆོད་བསྟོད་གསོལ་བ་བཏབ་པའི་མ,ས། །རྣལ་འབྱོར་བདག་ཅག་.ིན་བདག་འཁོར་བཅས་ཀྱི། །མི་འདོ.་ཉེར་འཚེ་ཐམས་ཅད་ཞི་བ་དང་། །བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་གྱུར་ཅིག །གནས་སྐབས་སུ་ཡང་ཡུལ་ཕྱོགས་འདི་དག་ཏུ། །འཐབ་རྩོད་མུ་གེ་ནད་ཡམས་ཀུན་ཞི་ཞིང་། །ཚེ་རིང་ནད་མེད་ལོངས་,ོད་རྒྱས་པ་སོགས། །བཀྲ་ཤིས་དཔལ་གྱིས་ཕྱོགས་ཀུན་ཁྱབ་པར་ཤོག །.ེ་ནས་ཡིག་བརྒྱ་བརྗོད་དེ། མ་རྙེད་ཡོངས་སུ་ཞེས་སོགས་བཞིས་བཟོད་གསོལ་བྱས་ནས། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། ཞེས་སོགས་རྐང་བ་བཞིས་བརྟན་བཞུགས་དང་། མེད་ན། ཨོོཾ་བཛྲ་མུཿ མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཞེས་བརྗོད་ཅིང་གཤེགས་གསོལ་དང་། བསྔོ་སྨོན་ཤིས་བརྗོད་ཅི་ལྟར་རིགས་པ་བྱའོ། །དད་ལྡན་དག་གིས་བ{ལ་བའི་ངོར། །.ོན་གཉེར་གཞན་ལའང་ཕན་པའི་ཆེ.། །ནོར་ལྷ་ཆེན་པོ་ཡོངས་གྲགས་ཀྱི། །མཆོད་ཚུལ་འཇུག་པ་བདེ་བར་བཀོ.། །.ེ་ལས་ཐོབ་པའི་རྣམ་དཀར་དགེས། །ཕོངས་པའི་སྡུག་བསྔལ་ལས་གྲོལ་ཏེ། །.ས་ཀུན་བདེ་འབྱོར་དཔལ་རྙེད་ཅིང་། །ནམ་མཁའ་མཛོད་ལ་ལོངས་,ོད་ཤོག །ཅེས་པ་འདི་ནི་མདོའི་དད་ལྡན་རྒྱ་མཚོ་སྐྱབས་ཀྱིས་འདི་ལྟ་བུ་ཞིག་གྱིས་ན་བདག་གིས་བར་.་བརྐོ་བར་བྱའོ་ཞེས་བ{ལ་བ་བརྟེན་ནས་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་དམ་པ་སྔ་མའི་གསུང་རྒྱུན་ལ་བརྟེན་ནས་བགྱིས་པ་སྟེ། ནོར་ལྷ་འདི་དག་ལ་ཚུལ་བཞིན་མཆོད་ན་ཚེ་འདིར་མ་ཟད། སྐྱེ་བ་ཕྱི་མ་རྣམས་སུ་འབྱོར་ལྡན་.་འགྱུར་བར་བཤད་པས་དོན་ཆེ་བར་ངེས་སོ། །བར་གྱི་ཡི་གེ་པ་ནི་ཐོ་ལོའི་སྔགས་འཆང་རྣམ་དཔྱོད་ཅན་ཚེ་དབང་མགོན་པོའོ།། །།མདྒ་ལཾ།

དབྱངས་ཅན་མ་དཀར་དམར་ཟུང་གི་སྦྱིན་སྲེག་སྒྲུབ་ཐབས་དང་བཅས་པ་བློ་གྲོས་པད་ཚལ་རྒྱས་བྱེད་ཉི་མ།

དབྱངས་ཅན་མ་དཀར་དམར་ཟུང་གི་སྦྱིན་སྲེག་སྒྲུབ་ཐབས་དང་བཅས་པ་བློ་གྲོས་པད་ཚལ་རྒྱས་བྱེད་ཉི་མ་ཞེས་བྱ་བ་བཞུགས།

ན་མོ་སྭ་ར་སྭ་སྟྱཻ། འཇིག་རྟེན་མེས་པོའི་ཚེམས་དཀར་པད་ཚལ་ ལས། །ལེགས་འཁྲུངས་ཚངས་སྲས་དབྱངས་ཅན་ངང་མོ་ཉིད། །སྒྲ་དབྱངས་རྒྱ་མཚོའི་རྒྱུད་མང་སྒྲོགས་བཞིན་པར། །ཚུར་བྱོན་བདག་བློའི་ཆུ་གཏེར་དཔལ་བསྐྱེད་མཛོད། །དེ་ལ་འདིར་དབྱངས་ཅན་མ་དཀར་དམར་གཉིས་ཀྱི་བསྙེན་སྒྲུབ་དང་འབྲེལ་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་རིམ་པ་མདོར་བསྡུས་པ་ཞིག་བརྗོད་པར་བྱ་སྟེ། རྣམ་དཔྱོད་དོན་དུ་གཉེར་བ་དག་གིས་ལྷ་མོ་འདི་གཉིས་གང་རུང་གི་བསྙེན་པ་སྔོན་དུ་བཏང་ནས་སྦྱིིན་སྲེག་བྱ་བ་ལ། རྫས་དང་ཡོ་བྱད་ཉེར་མཁོ་རྣམས་སྟ་གོན་བྱས་ནས། སྦྱིན་སྲེག་བྱ་བའི་གཞིའི་ས་སྔར་ལོངས་སྤྱད་པ་ཡིན་ན། ས་ཆོག་དགོས་པའི་ངེས་པ་མེད་ཀྱང་དེ་མིན་གཞན་ནས་འབྱུང་བ་ལྟར་ས་ཆོག་བྱེད་པའམ། དེ་ཙམ་མ་གྲུབ་ན་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས། ཨོོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། རང་གི་ཐུགས་ཀ་ནས་སྤྲོས་པའི་རྡོ་རྗེ་ཁྲོ་བོས་བགེགས་རྣམས་བཅོམ་ཞིང་། ཨོོཾ་ཨཱཿཧཱུཾ། རྡོ་རྗེ་གསུམ་གྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་པར་གྱུར། འདོད་ན་ཨོོཾ་བཛྲ་ཨ་མྲྀ་ཏ་ནས་ཧ་ན་ཧཱུཾ་ཕཊ། ལན་གསུམ་སོགས་བརྗོད་དེ་ཐལ་བ་ཡུངས་དཀར་དྲི་ཆུ་སོགས་ཀྱིས་སྦྱང་བར་བྱ་སྟེ། ཀུན་རྫོབ་ཀྱི་དག་པ་དང་། སའི་ཉེས་སྐྱོན་ཐམས་ཅད་རང་བཞིན་གྱིས་སྟོང་པའི་བདག་ཉིད་དུ་གྱུར་ཅེས་བརྗོད་ཅིང་བསམ་པ་ནི་དོན་དམ་པའི་སྦྱང་བའོ། །ས་གཞི་རང་བཞིན་གྱིས་དཀར་བའམ། དཀར་པོ་གཞན་གྱིས་བྱུགས་ལ་དབུས་བཙལ་ནས་ཚངས་ཟུར་གྱི་ཐིག་དང་། དེ་ནས་དབུས་ནས་ཁྲུ་ཕྱེད་ཀྱིས་ཟླུམ་བསྐོར་དང་། དེ་ལ་སོར་བཞི་བསྣན་ནས་ཟླུམ་པོར་བསྐོར་བར་བྱའོ། །ཁ་ཁྱེར་ལོགས་སུ་བསྐོར་ན་སོར་བཞི་བསྣན་ཅིང་། དབུས་ནས་སོར་བཞིས་ཟླུམ་བསྐོར་དང་། ཐབས་ཀྱི་དཔངས་སུ་སོར་བཅུ་གཉིས་དང་། སྟེང་དུ་ཁ་ཁྱེར་སོར་བཞི་པ་གུད་དུ་བཏགས་ན་ནི་ལེགས། ཁ་ཁྱེར་ལ་རྡོ་རྗེ་དང་རིན་པོ་ཆེའི་འཕྲེང་བས་བསྐོར་ཞིང་། ཟླུམ་ཐིག་ཕྱི་མའི་ཕྱོགས་བཞི་ནས་སོར་གཉིས་རེ་དོར་ཏེ་གྲུ་བཞིར་གདབ། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་། ཐབ་ཀྱི་དབུས་སུ་པདྨ་དཀར་པོ་དང་དམར་པོའམ། སྣ་ཚོགས་པདྨའི་ལྟེ་བར་དབྱངས་ཅན་མ་དཀར་མོ་ལ་པི་ཝཾ་ང མ། དེ་ལ་ཧྲཱིཾ་དཀར་པོས་མཚན་པའམ་ཧྲཱཾི་ཙམ་དགོད་ཅིང་། དམར་མོ་ལ་མེ་ལོང་ནོར་བུ་ཧྲཱཾི་ཡིག་གིས་མཚན་པའམ་ཧྲཱཾི་དགོད། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་ལ་བཾ་འདྲི་བ་དང་། རླུང་གཡབ་སྔོན་པོ་ལ་རླུང་དཀྱིལ་དང་ཡཾ་འབྲི་བར་འདོད་ན་བྱ་ལ། སྤྱིར་འགྲེ་ལ་མ་བྱས་ཀྱང་རུང་། གཞན་འདས་མ་འདས་ཀྱི་གཏོར་མ་དང་མཆོད་པ་རྣམས་དང་། སོ་རྩི། གོས་ཟུང་རྣམས་ཕྱག་ལེན་ལྟར་བཤམས། གཞི་བདག་གཏོར་མ་དང་། ཆ་གསུམ་བྱེད་པར་འདོད་ན་རུང་ཞིང་མ་བྱས་ཀྱང་ཆད་ལྷག་ཏུ་མི་འགྱུར། ཡམ་ཤིང་འོམ་བུ་སོགས་འོ་མ་ཅན་གྱི་ཤིང་། མར་ཁུ་ལ་ནི་བྱུང་ན་མར་དཀར་བཞུས་པ་དང་། མ་གྲུབ་ན་འབྲུ་མར་ཡང་རུང་། རྫས་ལ་བསྙེན་པའི་ཁ་སྐོང་བའི་སྐབས་སུ་ཏིལ་ངེས་པར་དགོས་འདུག་ཀྱང་མ་རྙེད་ན་དེ་དང་ཟར་མ་བསྲེས་ནས་འབུལ་བའི་ཕྱག་ལེན་ལྟར་ཡང་རུང་ཙམ། འདིར་རྫས་ཆེན་བཅུ་གཉིས་པོ་ཐམས་ཅད་འབུལ་རྒྱུ་བྱུང་ན་ལེགས་མེད་ན་ངེས་པར་དགོས་པ་མིན་པས་ཐམས་ཅད་དམ། ཅི་འགྲུབ་ཀྱིས་ཀྱང་རུང་ལ། ཡམ་ཤིང་དང་མར་ཁུ་གཉིས་ནི་མེད་དུ་མི་རུང་བའོ། །ཐབ་ཀྱི་ནང་གི་རི་མོ་ཤོ་རས་ཀྱིས་བཀབ་སྟེ་བུད་ཤིང་བཟང་པོ་ཟླུམ་པོར་བརྩིགས། ཨམྲྀ་ཏ་བརྒྱ་སོགས་བཟླས་པའི་བསང་ཆུ་སྟ་གོན་བྱ་ཞིང་། ཆས་བྱེད་དམ་མ་བྱས་ཀྱང་ཆོག སྟན་ཇི་ལྟར་འཚམས་པའི་སྟེང་དུ་པདྨའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་ཏེ་སྨྲ་བ་གཞན་བཅད་ནས། དཀྱིལ་འཁོར་ཆེན་མོ་རྣམས་ཀྱི་སྦྱིན་སྲེག་བྱེད་པའི་ཐོག་མར་རྡོར་དྲིལ་བྱིན་བརླབ་བྱ་ཚུལ་བཤད་ཀྱང་། ལྷ་རེ་རེ་ཙམ་གྱི་སྦྱིན་སྲེག་གི་ཐོག་མར་རྡོར་དྲིལ་བྱིན་བརླབ་བྱ་བའི་ཚུལ་མི་གསལ་བར་མཆོད་པ་བྱིན་བརླབས་ནས་འཇུག་པར་བཤད་པ་མང་ཞིང་། ཁྱད་པར་དུ་འདིའི་སྦྱིན་སྲེག་གི་ཆོ་གར་ཡང་རྡོར་དྲིལ་བྱིན་བརླབ་བྱ་བར་མ་བཤད་པ་ལྟར་རུང་བར་སྣང་ཡང་། རྡོར་དྲིལ་བྱིན་བརླབ་བྱས་ཀྱང་མི་འགལ་བས་སྤྱི་ལྟར་བྱེད་པའམ། །བསྡུ་ན། རྡོ་རྗེ་ནི་ཐབས་དང་། དྲིལ་བུ་ནི་ཤེས་རབ་སྟེ། དེ་གཉིས་ཀའང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཞེས་པ་ཙམ་གྱིས་དག་པ་དྲན་པར་བྱའོ། །དེ་ནས་ཨ་མྲྀ་ཏ་བརྗོད་ཅིང་བསང་ཆུ་ནས་བླངས་ཏེ་ཐབས་དང་མཆོད་རྫས་སོགས་ལ་རང་གི་གཡོན་ནས་བརྩམས་ཏེ་གཡས་སྐོར་དུ་བསང་གཏོར་ལན་གསུམ་བྱའོ། །སླར་ཡང་མཆོད་པ་བསང་ཆུས་བསངས། ཨོོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨོོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོད་ནས་རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར་པར་བསམས་ལ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ་ཨོོཾ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟ་ཨཱཿཧཱུཾ་གི་བར་གྱིས་བྱིན་གྱིས་བརླབས་ཤིང་། སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་ཀྱང་བྱིན་བརླབ་བྱ་བར་བཤད། སྐབས་འདིར་ཆུ་བཞི་བྱིན་བརླབས་བྱ་བར་འདོད་ན་རུང་བར་སེམས་ཀྱང་། འདིའི་སྦྱིན་སྲེག་གི་ཆོ་གར་ཆུ་གཉིས་ཙམ་འབུལ་བར་བཤད་པ་ལྟར་བྱས་ཀྱང་རུང་བས་གང་རུང་གི་ཆོག །དེ་ནས་རྡོ་རྗེའི་ཁུ་ཚུར་ལས་གུང་མོ་གཉིས་རྩེ་སྤྲད་དེ། རྫས་རྣམས་བཀྲུས་པར་བསམས་ལ། ཨོོཾ་སྭཱ ཧཱ་ཞེས་བརྗོད། ཨོོཾ་ཨཱ་སྭཱཧཱས་ཡམ་ཤིང་དང་། ཨོོཾ་ཤྲཱིཿསྭཱ ཧཱས་མར་ཁུ། ཨོོཾ་ཛྲིཾ་སྭཱཧཱས་འབྲུ། ཨོོཾ་ཀུ་རུ་ཀུ་རུ་སྭཱཧཱས། དེ་དག་ལས་གཞན་པའི་རྫས་རྣམས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་བདུད་རྩི་ལྔའི་ངོ་བོར་གྱུར་པར་བསམས། དེ་ནས་མེ་གང་ཡང་རུང་བ་ལ། ཨོོཾ་ཨཱཿཧཱུཾ་ལན་གསུམ་གྱིས་མེ་སྦར་ཏེ། དེ་ལ་འཁྱིལ་བ་ལན་གསུམ་བརྗོད་ཅིང་སྔར་ལྟར་ལན་གསུམ་བསངས་ནས་ཐབ་དུ་འཇུག་པ་དང་མཉམ་དུ། ཧྲཱིཾཿཨ་ཨཱ་ནས་ཨཾ་ཨཿའི་བར་ལན་གསུམ་དང་། ཨོོཾ་བཛྲ་ཛྭ་ལ་རཾ། ཞེས་བརྗོད་དེ་སྦོར་ཞིང་གཟི་བྱིན་བསྐྱེད། དམར་མོ་ལ་དབྱངས་མ་བརྗོད་ཀྱང་ཆོག །དེ་ནས་ཧཱུཾ་བདུན་བརྗོད་ཅིག་རླུང་གཡབ་ཀྱིས་མེ་སྦར། སླར་ཡང་ཨོོཾ་བཛྲ་ཛྭ་ལ་རཾ། ཞེས་བརྗོད་ཅིང་བླུགས་གཟར་བདུན་གྱིས་མེ་གསོོ། དེ་ནས་ཀུ་ཤ་རྣམས་ལག་ཏུ་བཟུང་ནས། ཨོོཾ་བཛྲ་སཏྭ་ཧཱུཾ། ལན་བདུན་གྱིས་བྱིན་གྱིས་བརླབས་ལ། ཨོོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་པ་ལན་གསུམ་བརྗོད་པའི་མཐར། ཀུ་ཤ་རིང་བཟུང་རེ་རྩེ་མོ་རང་གི་གཡོན་ནས་བརྩམས་ཏེ་ཐབ་ཀྱི་ཤར་དང་ལྷོ་དང་ནུབ་དང་བྱང་གི་ཁ་ཁྱེར་ལ་སྔ་མས་རྩེ་མོས་ཕྱི་མའི་རྩ་བ་གནོད་པར་དགྲམ་ཞིང་། ཐབ་ཁུང་དུ་ཀུ་ཤ་རྩེ་མོ་ཤར་དུ་བསྟན་པས་གཡོག་གོ །ཀུ་ཤ་དགོས་ཟིན་པ་དང་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བགེགས་ཐམས་ཅད་ཞི་བ་དང་བཀྲ་ཤིས་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་ལས་སྔགས་བརྗོད་ཅིང་བསང་ཆུས་ཐབ་བསངས། ཨོོཾ་སྭ་བྷཱ་ཝ་ནས་ཤུ དྡྷོཉ་ཧཾ། ཐབ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་ཐབ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། རྒྱར་ཁྲུ་གང་དང་ཟབས་སུ་ཁྲུ་ཕྱེད་པ། མུ་རན་ཁ་ཁྱེར་དང་བཅས་པ་ཁ་ཁྱེར་ལ་རྡོ་རྗེ་དང་རིན་པོ་ཆེའི་ཕྲེང་བས་བསྐོར་བ། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་མཚན་པ། དྭངས་ཤིང་ཐོགས་པ་མེད་པ་གྱུར། ཐབ་ཀྱི་ནང་དུ་རཾ་ལས་སྐྱེས་པའི་མེ་གྲུ་གསུམ་པའི་དབུས་སུ། སྣ་ཚོགས་པདྨའི་ལྟེ་བར་རཾ་ལས་བགྲང་ཕྲེང་། དེ་ཡོངས་སུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དམར་པོ་འོད་ཟེར་དཀར་པོ་འཕྲོ་བ། ཞི་ཞིང་འཛུམ་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་པ། གཡས་བགྲང་འཕྲེང་དང་། གཡོན་སྤྱི་བླུགས་བསྣམས་པ། གསུས་ཁྱིམ་ཆེ་ཞིང་སྨ་ར་དང་ཨག་ཚོམ་དང་རལ་བའི་ཐོར་ཅོག་རྣམས་དཀར་བ། དར་གྱི་ཨང་རག་གསོལ་ཞིང་སྲད་བུ་དཀར་པོའི་སེ་རལ་ཅན། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་དང་དམ་ཚིག་པའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཤར་ལྷོ་ནས་འཛིན་བྱེད་མི་ལྷའི་རྒྱལ་པོ་དྲང་སྲོང་གི་ཚོགས་དང་བཅས་པ་སྤྱན་དྲངས། ལག་པ་གཡས་མི་འཇིགས་པའི་ཕྱག་རྒྱས་མཐེ་བོང་གཡབ་ཅིང་། ཨོོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུག་ཞལ་ཟས་བཞེས་སླད་དུ། །འདི་ནི་ཡང་དག་བསྙེན་པར་མཛོད། །ཅེས་ལན་གསུམ་དང་། དེའི་མཇུག་ཏུ་སྤྱན་འདྲེན་གྱི་སྔགས་རིང་དང་ཚིག་བཅད་གཉིས་གཞུང་ཁ་ཅིག་ཏུ་འབྱུང་ཡང་། ཕལ་ཆེར་ལས་མི་འབྱུང་བས་བཞག་སྟེ། ཨོོཾ་ཨགྣ་ཡེ་མ་ཧཱ་ཀ་རུ་ཎི་ཀ་ཨེ་ཧྱེ་ཧི། ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱས་ཏེ། ཊཀྐི་ཧཱུཾ་ཛཿཐབ་ཀྱི་མེ་མཚམས་ཀྱི་ཁ་ཁྱེར་གྱི་ཀུ་ཤའི་གདན་ལ་བཞུགས་པར་གྱུར། པདྨ་ཀ་མ་ལ་ཡེ་སྟྲཾ། ཨ་མྲྀ་ཏས་ཕྱིར་འབྲང་གི་བགེགས་བསྐྲད། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ ཧཱ། ཞེས་པས་མཆོད་ཡོན་དང་། ཨོོཾ་ཨཱཿཧྲཱིཿ ནས་པཱ་དྱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱས་ཞབས་བསིལ་དབུལ། ཡང་ན་ཨོོཾ་བཛྲ་ཨགྣ་ཡེ་ཨརྒྷཾ་པྲ་ཏཱིཙྪ་དང་། དེ་བཞིན་དུ་པཱ་དྱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱས་ཞབས་བསིལ་ཏེ་ཆུ་གཉིས་དབུལ་ཞིང་། འདོད་ན་ཆུ་བཞི་ཡང་འབུལ་རུང་བར་སེམས་སོ། །དེ་ནས་ཨོོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོོཾ་བཛྲ་པཱ་ཤ་ཧཱུཾ། ཨོོཾ་བཛྲ་སྥོ་ཊ་བཾ། ཨོོཾ་བཛྲ་གྷཎྜ་ཧོཿས་གཞུག་སོགས་བྱ། འདིར་དབང་བསྐུར་རྒྱས་འདེབས་མཛད་པའི་ལུགས་འདུག་ཀྱང་། གཞུང་གཞན་ཕལ་ཆེར་ནས་དེ་མི་འབྱུང་བ་ལྟར་ཆོག་པས་བཞག་སྟེ། སླར་ཡང་ཆུ་གཉིས་ཙམ་མམ། ཆུ་བཞི་ཕུལ་རྗེས། ཨོོཾ་བཛྲ་ཨགྣ་ཡེ་པུ ཥྤེ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ནས་ཨཔྟ་པྲ་ཏཱིཙྪའི་བར་གྱིས་མཆོད་ཅིང་། ཡང་ན་སྔགས་རིང་ལ་མཆོད་སྔགས་སྦྱར་ནས་ཕུལ་ཆོག་ཅིང་། ནང་མཆོད་མི་དགོས། བསྟོད་པ་ནི་སྐབས་འདིར་འབྲེལ་བས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་སམ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །ཞེས་སོགས་ཀྱིས་བསྟོད་ཅིང་། ཡང་ན་བསྟོད་པ་རྒྱས་པ་སྤྱི་ལྟར་བྱའོ། །དེ་ནས་མེ་ལྷའི་དམ་ཚིག་གི་ཕྱག་རྒྱ་བྱས་ཏེ། ཨོོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཛྭ་ལ་ཡ། སརྦ་བྷ་སྨི་ཀུ་རུ། སརྦ་དུཥྚཾ་ཧཱུཾ་ཕཊ། ཏྲྀ་ཤྱེ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧཾ། ཞེས་པ་ལན་གསུམ་གྱིས་དམ་ཚིག་བསྒྲགས། དེ་ནས་དགང་བླུགས་བཟུང་སྟེ་མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་དང་། དགང་བླུགས་ཀྱི་ཁ་ལ་ཡཾ་ཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར་པར་བསམས་ལ། ཨོོཾ་བཛྲ་ཨགྣ་ཡེ་ཞེས་པའམ། ཨོོཾ་ཨགྣ་ཡེ་ནས་བ་ཧ་ནཱ་ཡེ་སྭཱཧཱ། ཞེས་པ་བདུན་གྱིས་མར་ཁུ་འབུལ་ཞིང་། ཕྱི་མ་ལ་ནཱ་ཡ་དང་སྭཱ ཧཱའི་བར་དུ་སྤེལ་ཚིག་གང་འདོད་པ་དེ་སྦྱོར་ཞིང་། དེ་ཡང་བདག་གི་རྣམ་དཔྱོད་རྒྱས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་དང་། ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤནྟིངྐུ་རུ་ཡེ་སྭཱཧཱ། ཞེས་པ་ལྟ་བུའོ། །དེ་ནས་རྫས་ཆེན་བཅུ་གཉིས་སམ། གང་འབྱོར་འབུལ་བའི་ཐོག་མར། ཡམ་ཤིང་བཟུང་ནས། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར། ཅེས་བརྗོད་ཅིང་བསམས། ཨོོཾ་ཨགྣ་ཡེ་ནས་བ་ཧ་ནཱ་ཡེ། ཨོོཾ་བོ་དྷི་བྲྀཀྵ་ཡེ། བདག་གི་རྣམ་དཔྱོད་ནས། ཉེས་པ་ཐམས་ཅད་དང་གཟི་བརྗིད་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིངྐུ་རུ་ཡེ་སྭཱཧཱ། བསྡུས་པ་ལ་གོང་གི་སྔགས་ཐུང་དང་རྫས་སྔགས་རྣམས་སྦྱར་བར་བཤད་པ་ལྟར་ཡང་རུང་། དེ་བཞིན་དུ་མར་ཁུ་མེ་ལྷའི་སྔགས་ཀྱི་མཐར། ཨོོཾ་ཨགྣ་ཡེ༴ བདག་གི༴ འབྱོར་རྒྱས་པ་ལ༴ ཏིལ་ལ། དེ་བཞིན་དུ། ཨོོཾ་སརྦ་པ་བཱཾ་ད་ཧ་ན་བཛྲ་ཡེ། སྡིག་པ་ཐམས་ཅད་ཤནྟིངྐུ་རུ༴ དུར་བ་ལ། ཨོོཾ་བཛྲ་ཨཱ་ཡུ་ཥེ། ཚེ་རྒྱས་པ་ལ༴ འབྲས་ལ། ཨོོཾ་བཛྲ་པུཥྚ་ཡེ། བསོད་ནམས་རྒྱས་པ་ལ༴ ཞོ་ཟན་ལ། ཨོོཾ་སརྦ་སཾ་བཱ་དེ། བདེ་བ་མཆོག་ལ་བར་དུ་གཅོད་པ༴ ཀུ་ཤ་ལ། ཨོོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ། བསྲུང་བ་མཆོག་ལ་བར་དུ༴ ཡུངས་ཀར་ལ། ཨོོཾ་སརྦ་ཨརྠ་སིདྡྷ་ཡེ། བགེགས་ཐམས་ཅད༴ སོ་བ་ལ། ཨོོཾ་བཛྲ་བི་ཛ་ཡེ། ནོར་དང་འབྲུ་རྒྱས་པ་ལ༴ ནས་ལ། ཨོོཾ་མ་ཧཱ་བེ་ག་ཡེ། མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ༴ སྲན་མ་ལ། ཨོོཾ་མ་ཧཱ་བ་ལ་ཡེ། སྟོབས་རྒྱས་པ་ལ༴ གྲ་ོལ། ཨོོཾ་བཛྲ་གྷསྨ་རི། བདག་གི༴ ནད་ཐམས་ཅད་ཤནྟིངྐུ་རུ་ཡེ་སྭཱཧཱ་ཞེས་སྦྱོར། སྐབས་འདིར་ཤེས་རབ་རྒྱས་པའི་ཆེད་དུ་བསྙེན་པ་བྱེད་པ་དང་། དེའི་ལྷག་ཆད་གྱི་ཉེས་པ་སྦྱོང་བའི་ཆེད་དུ་སྦྱིན་སྲེག་བྱེད་པ་དགོས་པའི་གཙོ་བོ་ཡིན་པས། ཏིལ་ངེས་པར་དགོས་པར་སེམས་སོ། །ཀ་ར་བུ་རམ་སྦྲང་རྩི་སྟེ་མངར་གསུམ་ལ་སྔགས་ཀྱི་མཇུག་ཏུ། ཨོོཾ་བཛྲ་མ་ལེ་པུསྟྲ་ཡ་ཞེས་དང་སྤེལ་ཚིག་བཅས་སྦྱོར། དེ་ནས་བཛྲ་ཨགྣ་ཡེ་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪའི་བར་མཆོད་དེ་བསྟོད་པའམ། མིན་ཡང་རུང་སྟེ། སླར་ཡང་སྔ་མ་ལྟར་མཆོད་ཡོན་དང་ཞབས་བསིལ་གཉིས་སམ། ཞལ་བསིལ་དང་བསང་གཏོར་འབུལ་ཡང་རུང་བར་སེམས་སོ། །འདིར་མར་ཁུ་ལན་བདུན་ཕུལ་ནས། ཨོོཾ་བཛྲ་ཛྭ་ལ་རཾ། མེ་ལྷ་མེ་འབར་བའི་རྣམ་པ་ཅན་དུ་གྱུར་ཅེས་བརྗོད་ཅིང་བསམ། །༈ དེ་ནས་འདས་པའི་མེ་ལྷ་བསྐྱེད་ཅིག་མཆོད་པ་ལ། དབྱངས་ཅན་མ་དཀར་དམར་གང་ཡིན་ཀྱང་སྦྱིན་སྲེག་གི་མེ་འབར་བའི་དབུས་བུ་བསྐྱེད་དགོས་ཤིང་། དེ་ཡང་ཐབ་ཀྱི་ནང་དུ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ། དཀར་མོ་ཡིན་ན་བཾ་ལས་པདྨ་དཀར་པོ་དང་། དམར་མོ་ལ། བཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཞེས་སོགས་སོ་སོའི་བསྒྲུབ་ཐབས་ནས་འབྱུང་བ་ལྟར་བསྐྱེད་དེ། ཐུགས་ཀ་ཧཱུཾ་སྔོན་པོ་ཞེས་པའི་མཇུག་ཏུ། སྒྲུབ་ཐབས་སུ་བཀོད་པ་ལྟར་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། འོན་ཀྱང་དཀར་མོའི་སྦྱིན་སྲེག་གི་སྐབས་སུ་ཡེ་ཤེས་པ་སྤྱན་འདྲེན་པའི་ཚུལ་སྒྲུབ་ཐབས་ཁོ་ན་ལྟར་བྱེད་མི་དགོས་པ་ནི་ལོགས་སུ་བཤད་པ་ལྟར་རོ། །དེ་ནས་མཆོད་འབུལ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་འབུལ་བའི་མཆོད་ཡོན་ འདི། །བཞེ ས་ནས་རྣམ་དཔྱོད་དངོས་གྲུབ་སྩོལ། །ཨོོཾ་ས་ར་སྭ་སྟི་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ་ཞེས་པ་དང་། དེ་བཞིན་དུ་ཤཔྟའི་བར་སྦྱར་ལ་མཆོད། དེ་ནས་དྲིལ་སྟབས་དང་བཅས་ཏེ། ཡིད་འཕྲོག་མཛེས་སྡུག་རྣམ་འགྱུར་ཅིར་ཡང་སྟོན། །སྒྲ་དབྱངས་རྒྱ་མཚོའི་སྙན་པ་འབུམ་ཕྲག་སྒྲོགས། །ཟབ་ཡངས་མཁྱེན་བརྩེ་ཉི་ཟླ་ལྟར་གསལ་བ། །ཚངས་སྲས་ལྷ་མོའི་སྐུ་གསུང་ཐུགས་ལ་ བསྟོད། །པདྨའི་བཞིན་ལ་གཡོ་ལྡན་བུང་བའི་སྤྱན། །མཐོན་མཐིང་རལ་བ་ཕྱེད་བཅིངས་ཐོར་ཚུགས་ཅན། །རོལ་སྒེག་གར་གྱིས་འགྱིངས་པའི་དབྱངས་ཅན་ མ། །བདག་ལ་རྣམ་དཔྱོད་སྤོབས་པའི་མཆོག་སྩོལ་མཛོད། །བསྟོད་གསོལ་འདི་དབྱངས་ཅན་མ་གཉིས་ཀ་ལ་སྦྱར་ཆོག །དེ་ནས་ལྷ་མོའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་གྱིས་མཚན་པར་གྱུར། ཨོོཾ་སྭ་ར་སྭ་སྟི་ཧྲཱིཾ་ཨ་ཨཱ་ནས་ཨཾ་ཨཿཞེས་པས་མར་ཁུ་ཕུལ་ནས་སྤེལ་ཚིག་སྦྱོར། དེ་ནས་ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་ཅན་དུ་གྱུར་པར་བསམས་ལ། ཨོོཾ་སྭ་ར་སྭ་སྟྱཻ་ཧྲཱིཾཿ ཨ་ཨཱ་ནས་ཨཾ་ཨཿ ཨོོཾ་བོ་དྷི་བྲྀ ཀྵ་ཡེ་སྭཱཧཱ་ཞེས་སོགས་སྔར་བཞིན་རྫས་སྔགས་སྤེལ་ཚིག་དང་བཅས་པ་སྦྱོར། ཐམས་ཅད་ལ་མ་གྲུབ་ན་ཐོག་མཐའ་གཉིས་ཙམ་ལ་སྦྱར་ཡང་རུང་། གྲངས་ནི་སྤྱིིར་གསུམ། བདུན། ཉེར་གཅིག་སོགས་མཐའ་གཅིག་ཏུ་མ་ངེས་ཀྱང་། ཡམ་ཤིང་དང་མར་ཁུ་ཏིལ་གསུམ་གྲངས་མང་བ་དང་། ཁྱད་པར་དུ་ལྷག་ཆད་གྱི་ཉེས་པ་སྦྱོང་ཆེད་ཏིལ་གྲངས་མང་དུ་འབུལ་ཞིང་། མངར་གསུམ་དང་མེ་ཏོག་དམར་པོ་ཡང་མང་ཙམ་འབུལ་བ་ལེགས། དེ་ནས་དགང་བླུགས་བདུན་ཕུལ་ནས། ཆུ་གཉིས་ཉེར་སྤྱོོད་རོལ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་ལ། སྤྱིར་འདས་པའི་མེ་ལྷ་ལ་གཏོར་མ་དགོས་པའི་ངེས་པ་མི་སྣང་ཡང་འདིར་འབུལ་བའི་སྲོལ་ཡོད་པ་ལྟར་ན། གཏོར་མ་དགང་གཟར་དུ་བཞག་ནས་བསངས་སྦྱང་ཏེ། སྟོང་པའི་ངང་ལས་ཨོོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨ་ཀ་རོའི་མཐར་ཡི་གེ་གསུམ་བཏགས་པ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོོཾ་སྭ་ར་སྭ་སྟྱཻ་ཧྲཱིཾཿ ཨ་ཨཱ་ནས ཨཾ་ཨཿ ཨོོཾ་ཨ་ཀ་རོ་སོགས་ལན་བདུན་ནམ་གསུམ་གྱི་མཐར་ཐབ་ཏུ་ཕུལ། དམར་མོ་ལ་དབྱངས་ཡིག་མ་བརྗོད་ཀྱང་རུང་། དེ་ནས་ཨོོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ ཧཱས་སོ་རྩི་དང་། ཨོོཾ་བཛྲ་ཝསྟྲ་ཡེ་སྭཱཧཱས་གོས་ཟུང་དབུལ། ཨོོཾ་སྭ་ར་སྭ་སྟི་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ལ་བསྟོད་ཅིང་། ཡིག་བརྒྱ་བཟླས་ནས་ཐལ་མོ་སྦྱར་ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་དང་། ལྷག་པ་དང་ནི་ནས་དེ་ཡང་བཟོད་པར་མཛད་དུ་གསོལ། །ཨོོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ནས། འབྱོན་པར་མཛད་དུ་གསོལ། །ཨོོཾ་ཨཱཿབཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་ཤིང་དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར། ཛཿཧཱུཾ་བཾ་ཧོཿ སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་པ་ལན་གསུམ་གྱིས་མར་ཁུ་ཕུལ་ཏེ། སླར་ཡང་ཡེ་ཤེས་ཀྱི་མེ་འབར་བ་ལས་མེ་ལྷའི་སྐུར་བཞེངས་པར་གྱུར་ཅེས་བརྗོད་དེ། རྫས་ལྷག་རྣམས་སྔར་ལྟར་སྔགས་རིང་ཐུང་གང་རུང་གིས་ཕུལ་རྗེས། སོ་རྩི་དང་གོས་ཟུང་ཀྱང་ཕུལ། གཏོར་མ་སྔར་ལྟར་བསངས་སྦྱངས་བསྐྱེད་དེ། ཨ་ཀ་རོ་ལན་གསུམ་གྱི་བྱིན་གྱིས་བརླབས་ནས། ཨོོཾ་ཨགྣ་ཡེ། ཨ་ཀ་རོ་སོགས་ལན་གསུམ་མམ་བདུན་གྱིས་སྔར་བཞིན་ཕུལ་ཏེ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །ཞེས་སོགས་ཀྱིས་བསྟོད་ཅིང་། མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །ཞེས་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིས་འཕྲིན་ལས་བཅོལ། ཡིག་བརྒྱ་བཟླས་ནས། མ་རྙེད་ཅེས་སོགས་ཀྱིས་བཟོད་གསོལ་དང་། རང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ནས། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོོཾ་ཨགྣ་ཡེ་བཛྲ་མུཿ མེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པ་ཅན་དུ་གྱུར་ཞེས་བརྗོད་ཅིང་བསྔོ་སྨོན་ཤིས་བརྗོད་བྱ། དེ་ནས་གཞི་བདག་གཏོར་མ་དང་ཆ་གསུམ་བཏང་ཀྱང་ལེགས། སླར་འབུལ་བའི་སྐབས་ཐབ་ཀྱི་ནང་གི་བུད་ཤིང་འབར་འཕྲོ་ཆེ་བ་རྣམས་དོར་ནས་ཐལ་བ་མནན་ཏེ། སྟེང་དུ་ཤིང་གསར་པ་བརྩིགས་ནས་སྔར་ལྟར་འབུལ་བ་ཡིན་ལ། དེའི་ཚེ་ཐབ་མྱུར་དུ་མི་འཇིག་པའི་ཆེད་དུ་ནང་ངོས་སུ་འཇིམ་པ་ལེགས་པོར་བྱུགས་ན་ཁྱད་ཆེའོ། །སརྦ་མངྒ་ ལཾ།། །།

དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ཤེས་རབ་མཆོག་སྟེར།

དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ཤེས་རབ་མཆོག་སྟེར་བཞུགས།

རྨད་བྱུང་མཛེས་སྡུག་ལང་ཚོ་ཅན། །སྙན་ཚིག་སྨྲ་བ་ཡོངས་ཀྱི་ལྷ། །མཁྱེན་བརྩེའི་གཏེར་གྱུར་ཚངས་སྲས་མ། །ངག་གི་དངོས་གྲུབ་སྩལ་དུ་གསོལ། ། དབྱངས་ཅན་མ་དཀར་མོ་སྒྲུབ་པར་འདོད་པས་སྐྱབས་སེམས་སྔོན་ཏུ་བཏང་ནས། རྟེན་བཀྲམ། མཆོད་པ་ཡོ་བྱད་བྱ་རྒྱུད་ལྟར་བྱིན་གྱིས་བརླབས་ལ། ཨོོཾ་སྭ་བྷཱ་ཝའམ། ཤཱུནྱ་ཏ་ཛྙཱ་ནས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧྲཱིཾཿདཀར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ། ཞལ་གཅིག ཕྱག་གཉིས་པ། གཡོན་པས་པི་ཝང་རྒྱུད་སྟོང་དང་ལྡན་པ་དཀུ་གཡོན་ཕྱོགས་སུ་བསྟན་ནས་འཛིན་ཅིང་། གཡས་པའི་ཕྱག་སོར་གྱིས་བརྡུང་བ་ལ་བརྩོན་ཞིང་། ཞབས་གཉིས་ཙོག་བུའི་ཚུལ་གྱིས་བཞུགས་པ། དར་གྱི་སྟོད་གཡོགས་དང་སྨད་གཡོགས་ཅན། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། དབུ་སྐྲ་མཐོན་མཐིང་ཕྱེད་ཐུར་དུ་འཕྱང་ཞིང་ཕྱེད་ཐོར་ཅོག་ཏུ་བྱས་པའི་རྩེ་ལ་མེ་ཏོག་གི་ཕྲེང་བ་དང་ཟླ་བ་ཕྱེད་པས་བརྒྱན་པ། འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོོཾ་དཀར་པོ་ནས་ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་གི་སྙིང་གྱེན་དུ་བསྟན་པའི་ནང་དུ་སྲོག་གི་ངོ་བོ་ཨཾ་དཀར་པོའི་ནཱ་ད་ལས་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་སྣ་བུག་གཡས་ནས་འཐོན་ཏེ། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དྲི་ཟ་དགའ་བའི་ཚལ་ནས་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། དེའི་ཤེས་རབ་ཀྱི་འཁོར་ལོ་ལ་རེག་པས་ལྕགས་ཀྱུས་ཐེབས་པ་བཞིན་དུ་དྲངས་ནས་ཤངས་བུག་གཡས་པ་ནས་ཐོན། སྐད་ཅིག་གིས་ལྷ་མོ་ཉིད་དང་བཅས་པ་སྤྱན་དྲངས། ཨོོཾ་སྭ་ར་སྭ་སྟི་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪའི་བར་གྱིས་མཆོད་ནས། ཛཿཧཱུཾ་བཾ་ཧོཿ རང་གི་སྣ་བུག་གཡོན་པ་ནས་ཞུགས། ཐུགས་ཀའི་ཨཾ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་སྙིང་གར་ལྷ་མོའི་ཤེས་རབ་ཀྱི་འཁོར་ལོ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཾཿདཀར་པོ་གྱེན་དུ་ལངས་པ། མདུན་ནས་བརྩམས་ཏེ་འདབ་མ་བརྒྱད་ལ་གཡས་བསྐོར་དུ་རིམ་པ་བཞིན། ཨ་ཨཱ་ནས་ཨཾ་ཨཿརྣམ་པ་ཟུང་རེ་རེ་དཀར་ཞིང་གསལ་བའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང་བས་མི་ཤེས་པའི་མུན་པ་བསལ་ནས་བློ་གྲོས་ཀྱི་སྣང་བ་ཐོགས་མེད་དུ་རྒྱས་པར་གྱུར་པར་བསམས་ལ། བཟླས་པ་ནི། ཧྲཱིཾཿ ཧྲཱིཾཿགྱི་ནཱ་ད་ལས་མར་མེ་མཆེད་པ་ལྟར་ཧྲཱཾི་ཡིག་གི་ཕྲེང་བ་རང་གི་ཞལ་ནས་ཐོན། ལྟེ་བར་ཞུགས། སླར་ཡང་སྙིང་གའི་ཧྲཱིཾ་ཡིག་ལ་ཐིམ་པར་བསམ་ཞིང་། ཧྲཱིཾ་རེ་རེ་བརྗོད་པ་དང་དེ་ཉིད་མགལ་མེའི་འཁོར་ལོ་ལྟར་འཁོར་བའི་འོད་ཟེར་གྱིས་སྡིག་སྒྲིབ་དང་མི་ཤེས་པའི་མུན་པ་བསལ་བློ་གྲོས་ཀྱི་སྣང་བ་ཐོགས་མེད་དུ་རྒྱས་པར་བསམས་ནས་ ཧྲཱིཾ་བཟླ། བར་བར་དུ་ ཧྲཱིཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་རང་སོགས་དང་། མཁས་པ་ཐམས་ཅད་ཀྱི་ཤེས་རབ་རྣམས་འོད་ཀྱི་རྣམ་པར་བསྡུས་ཏེ་ཧྲཱིཾ་ཡིག་ལ་ཐིམ་པར་གྱུར་པར་བསམས་ལ་ཅི་མང་བཟླའོ། །བསྙེན་ཚད་སོགས་དང་རྟགས་གཞན་ནས་འབྱུང་བ་ལྟར་ཡིན་ལ། མཐར་ཡིག་བརྒྱ་བཟླ་བ་དང་། མཆོད་བསྟོད་བྱེད་དམ་མ་བྱས་ཀྱང་རུང་བར་བཤད། གཏོར་མ་འབུལ་ན་བྱ་རྒྱུད་ལྟར་བྱིན་གྱིས་བརླབས་ནས་འོད་ཟེར་གྱིས་ལྷ་མོ་མདུན་དུ་སྤྱན་དྲངས་ཏེ། སྭ་ར་སྭ་སྟེ་ཧྲཱིཾ་གྱི་མཐར་ཨ་ཀ་རོ་བཏགས་ལ་འབུལ་ཞིང་མཆོད་བསྟོད་བྱ། བསྟོད་པ་ལ་མང་ཡང་། ཡིད་འཕྲོག་མཛེས་པའི་རྣམ་འགྱུར་ཅི་ཡང་སྟོན། །ཚངས་དབྱངས་རྒྱ་མཚོའི་གདངས་སྙན་འབུམ་ཕྲག་སྒྲོགས། །ཟབ་ཡངས་མཁྱེན་བརྩེ་ནམ་མཁའི་ཁྱོན་ལྟ་བུ། དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་བསྟོད། །པདྨའི་བཞིན་ལ་གཡོ་ལྡན་བུང་བའི་སྤྱན། །མཐོན་མཐིང་རལ་པ་ཕྱེད་བཅིངས་ཐོར་ཚུགས་ཅན། །རོལ་སྒེག་ཉམས་ཀྱིས་མཛེས་པའི་དབྱངས་ཅན་མ། །བདག་ལ་རྣམ་དཔྱོད་སྤོབས་པའི་དངོས་གྲུབ་སྩོལ། །ཞེས་བསྟོད་གསོལ་དང་། བཟོད་གསོལ། གཤེགས་གསོལ་རྣམས་བྱའོ། །འོན་ཀྱང་སྦྱིན་སྲེག་གི་ཚེ་སྒྲུབ་ཐབས་སུ་འབྱུང་བ་དང་ཅུང་ཟད་མི་འདྲ་བར་བྱས་ན་ལེགས་པས་དེ་ཡང་། ཐབ་ཀྱི་ནང་དུ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་པཾ་ལས་པདྨ་དཀར་པོ་པདྨའི་ལྟེ་བར། ཞེས་པ་ནས། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་དང་དམ་ཚིག་པའི་ཐུགས་ཀའི་ཧཱུཾ་ཧཱིུཾ་ཡིག་ལས་འོད་ཟེར་འཕྲོས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དྲི་ཟ་དགའ་བའི་ཚལ་ནས་ལྷ་མོ་དབྱངས་ཅན་མ་སྐད་ཅིག་གིས་སྤྱན་དྲངས་སྤྱན་འདྲེན་གྱི་ཚེ་ཚིགས་བཅད་སྦྱོར་བར་འདོད་ན། སྤོས་རིང་བཟུང་ནས། ཆུ་འཛིན་དཀར་པོའི་གློག་འཕྲེང་དྲྭ་བ་ཅན། །མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན། །རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །ཨོོཾ་སྭ་ར་སྭ་སྟི་མ་ཧཱ་ཀ་རུ་ཎི་ཀ་ཨེ་ཧི། ཨོོཾ་བཛྲ་ཨཾ་གུ་ཤ་ཛཿནས། གྷཎྜ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པར་བསམས་ལ། མཆོད་པ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་ཀྱིས་ཕུལ་ནས་བསྟོད། །སྦྱིིན་སྲེག་གི་སྐབས་སུ་ལྷའི་བསྐྱེད་ཆོག་ལ་རང་ཉིད་ཅེས་པའི་ཚིག་འདོར་བ་སོགས་ཀྱི་ཁྱད་པར་ཤེས་དགོས་སོ།། །།

དབྱངས་ཅན་མ་དམར་མོའི་སྒྲུབ་ཐབས་ཤེས་རབ་མཆོག་གི་དངོས་གྲུབ་འབྱུང་གནས།

དབྱངས་ཅན་མ་དམར་མོའི་སྒྲུབ་ཐབས་ཤེས་རབ་མཆོག་གི་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས།

ན་མ་སྭ་ར་སྭ་སྟི་ཡེ། འདིར་དགྲ་ནག་ནས་བཤད་པའི་དབྱངས་ཅན་མ་དམར་མོའི་མངོན་རྟོགས་བཤད་པར་བྱ་སྟེ། དེ་ཡང་གནས་ཡིད་དུ་འོང་བར། ཡོ་བྱད་སོགས་འདུ་བྱས་ལ། སྐྱབས་སེམས་སོགས་སྔོན་ཏུ་བཏང་ནས། ཚོགས་ཞིང་ནི་རང་རྗེ་བཙུན་དབྱངས་ཅན་མར་གསལ་བའི་ཐུགས་ཀའི་ཧྲཱིཾ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་སོགས་རང་བཞིན་གྱི་གནས་ནས་རྗེ་བཙུན་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའ་ཨོོཾ ་བཛྲ་ས་མཱ་ཛཿ ན་མཿསྭ་ར་སྭ་སྟི་ས་པཱ་རི་ཝཱ་ར་བྷྱཿ ཨོོཾ་སྭ་ར་སྭ་སྟི་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱའི་བར་གྱིས་མཆོད་ལ། དཀོན་མཆོག་གསུམ་ལ་ཞེས་སོགས་ལན་གསུམ་དང་། ཚད་མེད་སྔར་མ་བྱས་ན་འདིར་བསྒོམ། ཨོོཾ་སྭ་བྷཱ་ཝ་ནས་ཧཾ། ཆོས་ཐམས་ཅད་བདག་མེད་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་སེམས་ཉིད་ཧྲཱིཾ་དམར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་ངོ་བོ་མེ་ལོང་གསལ་ཞིང་དྭངས་པ་ཞིག་ཏུ་གྱུར། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་དབྱངས་ཅན་མ་དམར་མོ་བྱི་རུའི་མདོག་ཅན། ལང་ཚོ་དར་ལ་བབ་ཅིང་སྒེག་པའི་ཉམས་ལྡན། ཞལ་གཅིག ཕྱག་གཉིས་མ། སྤྱན་གཉིས་རྗེས་སུ་ཆགས་པའི་ཚུལ་གྱིས་གཟིགས་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཅུང་ཟད་འཕྱར་བའི་ཚུལ། གཡོན་པས་ཡེ་ཤེས་ཀྱི་ལེ་མོང་ཐུགས་ཀར་བསྣམས་ཤིང་། ནུ་འབུར་རབ་ཏུ་རྒྱས་པ་དབུ་སྐྲ་ནག་སྣུམ་ཕྱེད་བཅིངས་པའི་རལ་པའི་ཐོར་ཚུགས་ན་ནོར་བུས་མཚན་ཞིང་ཕྱེད་སྐུ་སྟོད་དུ་ཁེབས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། ཟླ་བའི་དཀྱིལ་འཁོར་ལ་སྐུ་རྒྱབ་བརྟེན་པ་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པའི་སྤྱི་བོར་ཨོོཾ་དཀར་པོ་ནས་ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཾ་དམར་པོ། དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ལ་སོགས་པའི་རང་བཞིན་གྱི་གནས་ནས་ལྷ་མོ་དབྱངས་ཅན་མ་དམར་མོའི་ཡེ་ཤེས་པ་སྐད་ཅིག་གིས་སྤྱན་དྲངས། ཨོོཾ་སྭ་ར་སྭ་སྟི་མ་ཧཱ་ཀ་རུ་ཎི་ཀ་ཨེ་ཧྱེ་ཧི། ཨོོཾ་བཛྲ་ས་མ་ཛཿཛཿ ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པར་བསམས་ལ། དབང་བསྐུར་རྒྱས་འདེབས་བྱེད་མི་བྱེད་གཉིས་སྣང་ཡང་། བྱེད་ན་དབང་ལྷ་སྤྱན་དྲངས་ནས་དབང་བསྐུར་བ་དང་། གཤིན་རྗེ་གཤེད་ནག་པོས་རྒྱས་འདེབས་པར་བཤད་པ་བཞིན་བྱའོ། །མཆོད་པ་ནི། ཨོོཾ་སྭ་ར་སྭ་སྟི་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ལ། རབ་དམར་བྱི་རུའི་མདངས་ལྟར་མཛེས་པའི་སྐུ། །རབ་གསལ་དྲི་ཟའི་དབྱངས་བཞིན་སྙན་པའི་གསུང་། །རབ་འབྱམས་ཤེས་བྱ་ཐོགས་མེད་མཁྱེན་པའི་ཐུགས། །རབ་མཛེས་ལྷ་མོ་དབྱངས་ཅན་མ་ལ་བསྟོད། །བཟླས་པ་ནི། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཾཿཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། ལས་ཉོན་གྱི་སྒྲིབ་པ་དང་མི་ཤེས་པ་ཐམས་ཅད་བསལ། སླར་ཡང་ས་བོན་ལས་འོད་ཟེར་འཕྲོས་སྐྱེ་འཕགས་ཐམས་ཅད་ཀྱི་རྣམ་དཔྱོད་སྤོབས་པ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཧྲཱིཾ་ཡིག་ལ་ཐིམ་པས་རང་ཉིད་བློ་གྲོས་ཀྱི་སྣང་བ་རྒྱས་པར་གྱུར་པར་བསམས་ལ། ཨོོཾ་སྭ་ར་སྭ་སྟི་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭཱཧཱ། ཞེས་ཅི་འགྲུབ་བམ། འབུམ་ཕྲག་བདུན་ནམ། བཞི་དང་གསུམ་མམ། ཐ་མ་གཅིག་བཟླའོ། །མཐར་ཡིག་བརྒྱ་བཟླ་བ་དང་མཆོད་བསྟོད་བྱ་ཞིང་། གཏོར་མ་འབུལ་ན་འོད་ཟེར་གྱིས་ལྷ་མོ་མདུན་གྱི་ནམ་མཁའ་སྤྱན་དྲངས་ཏེ། ཨོོཾ་སྭ་ར་སྭ་སྟི་ཨ་ཀ་རོ་སོགས་ཀྱིས་ཕུལ་ནས་མཆོད་བསྟོད་དང་གསོལ་གདབ་དང་གཤེགས་གསོལ་དང་བསྔོ་སྨོན་བྱའོ། །མཚན་སྔགས་ལ་སྭ་སྟི་དང་སྭ་ཏྱཻ་ཞེས་པ་གཉིས་ཀ་འབྱུང་བས་འགལ་བ་མི་སྣང་ཞིང། ཧྲཱིཾཿཡིག་གི་མཐར་ཚེག་དྲག་ཡོད་མེད་གཉིས་ལས་མེད་པ་མང་ངོ་། །སྦྱིན་སྲེག་གི་དུས་སུ་བསྟིམ་ནས་དབང་བསྐུར་རྒྱས་འདེབས་བྱེད་མི་བྱེད་སྐབས་དང་བསྟུན། དེ་ནས་མཆོད་འབུལ་སོགས་ནི་སྦྱིན་སྲེག་ནས་འབྱུང་བ་ལྟར་བྱའོ། །དམར་མོའི་སྦྱིན་སྲེག་གི་རྫས་འབུལ་སོགས་ཀྱི་ཚེ་མཚན་སྔགས་ལས་གཞན་དབྱངས་ཡིག་སྦྱར་རམ་མ་སྦྱར་གཉིས་ལས་མ་སྦྱར་ཀྱང་ཆོག་པར་སེམས་སོ།། །།རྒྱལ་ཀུན་ཡེ་ཤེས་ཕུང་པོ་གཅིག་བསྡུས་ནས། །རབ་མཛེས་ལྷ་མོའི་གར་གྱི་རྣམ་རོལ་ཏེ། །དོན་གཉེར་ཅན་ལ་རྣམ་དཔྱོད་མཆོག་སྟེར་བ། །རྗེ་བཙུན་དབྱངས་ཅན་མ་ཡིས་བློ་གྲོས་སྩོལ། །གང་གིས་དད་དུང་དྲོད་གཤེར་གྱིས་བསྐུལ་བས། །བདག་བློ་མ་ལ་ཡ་ཡི་སྐྱེད་ཚལ་ནས། །སྒྲུབ་ཐབས་ཙན་དན་ལྗོན་གསར་ཟུང་འཁྲུངས་འདིས། །གཞན་ཡིད་རྨོངས་པའི་ཚ་གདུང་ཞི་གྱུར་ཅིག །རྒྱལ་སྲས་མཁས་མང་རྣམས་ཀྱིས་ཉེར་བསྟེན་པའི། །རྒྱལ་ཡུམ་དབྱངས་ཅན་ལྷ་མོས་རྗེས་བཟུང་ནས། །རྒྱལ་ཀུན་དགོངས་པ་རྟོགས་དང་ལྷན་ཅིག་ཏུ། །རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག །ཅེས་དབྱངས་ཅན་མ་དཀར་དམར་ཟུང་གི་སྦྱིིན་སྲེག་མངོན་རྟོགས་དང་བཅས་པ་འདི་ནི་དད་དང་རྣམ་དཔྱོད་ལྡན་པའི་ལ་ལུང་དགེ་སློང་བསོད་ནམས་དཔལ་འབྱོར་དང་། ཡི་གེ་འདྲི་འདོན་དང་ལྷ་རིས་རྩིས་དཀར་ནག་སོགས་ལེགས་བཤད་དུ་མ་ལ་སྦྱངས་ཤིང་དད་དང་བློ་གྲོས་ཟུང་དུ་འབྲེལ་བའི་བདེ་ཐང་རི་རོང་ཚུལ་ཁྲིམས་རྒྱ་མཚོ་གཉིས་ཀྱིས་འདི་ལྟ་བུ་གྱིས་དང་ཁོང་རྣམ་གཉིས་ཀྱིས་པར་དུ་བསྒྲུབ་པར་བྱའོ་ནན་ཏན་ཏུ་བསྐུལ་བ་ལ་བརྟེན་ནས་ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེ་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ཡང་བསྐུལ་པ་པོ་ཚུལ་ཁྲིམས་རྒྱ་མཚོ་སྟེ། དགེ་བས་ཚེ་རབས་ཀུན་ཏུ་རྗེ་བཙུན་དབྱངས་ཅན་མ་ཟུང་གིས་འབྲལ་བ་མེད་པར་རྗེས་སུ་འཛིན་པར་གྱུར་ཅིག ། །།མདྒ་ལཾ། །

སྐྱབས་ཀྱི་ཐུགས་རྗེ་དང་རང་གཞན་ཆོས་ལ་བསྐུལ་བའི་མགུར།

སྐྱབས་ཀྱི་ཐུགས་རྗེ་དང་རང་གཞན་ཆོས་ལ་བསྐུལ་བའི་མགུར་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྐུ་རབ་མཛེས་མཚན་དཔེའི་དཔལ་གྱིས་ སྤྲས། །གསུང་ཆོས་ཕུང་བརྒྱད་ཁྲི་སྒྲོགས་པ་ཅན། །ཐུགས་ཤེས་བྱ་མ་ལུས་མངོན་གཟིགས་པ། །སྐྱབས་ཟླ་མེད་སྟོན་པ་དེ་ལ་འདུད། །མགོན་ཁྱོད་ཀྱིས་དང་པོར་ཐུགས་བསྐྱེད་དེ། །བར་གྲངས་མེད་གསུམ་དུ་ཚོགས་གཉིས་བ སགས། །མཐར་མངོན་པར་རྫོགས་པར་སངས་རྒྱས་ནས། །ཆོས་ཟབ་རྒྱས་འཁོར་ལོ་རྣམ་གསུམ་བསྐོར། །ཐུགས་ཆགས་སྡང་ཉེ་རིང་མི་མངའ་ཡང་། །ཁོང་གདུལ་བྱ་མཆོག་དམན་བར་མ་ལ། །ཐེག་གསུམ་གྱི་ཆོས་ཚུལ་ལེགས་བསྟན་ནས། །ངེས་ལེགས་ཀྱི་བྱང་ཆུབ་གསུམ་ལ་བཀོད། །དུས་གསུམ་གྱི་རྒྱལ་བ་གཞན་དག་གིས། །འདུལ་མ་ནུས་རིང་དུ་སྤངས་པའི་འགྲོ །མགོན་ཁྱོད་ཀྱིས་བརྩེ་ཆེན་ཐབས་མཁས་ ཀྱིས། །འདུལ་མཛད་པ་འདི་ཉིད་ངོ་མཚར་རྨད། །ཞིང་འདི་སོགས་སྟོང་གསུམ་བྱེ་བ་བརྒྱར། །སྐུ་དེ་སྙེད་སྤྲུལ་ཏེ་དགའ་ལྡན་ནས། །འཕོ་སོགས་ཀྱི་བཅུ་གཉིས་མཛད་པའི་ཚུལ། །ཅིག་ཅར་དུ་མིག་འཕྲུལ་ལྟ་བུར་བསྟན། །ཚུལ་དེ་ཉིད་ཕྱོགས་དུས་གཅིག་མིན་པར། །ཕྱོགས་ཀུན་དང་འཇིག་རྟེན་ཇི་སྲིད་བར། །དུས་རྒྱུན་ཆད་མེད་པར་སྟོན་མཛད་པའི། །འཕྲུལ་དེ་ཀོ་གཞན་གྱིས་བསམ་ལས་འདས། ། སྐྱབས་ཁྱོད་ལ་སྐྱེ་འཆི་མི་མངའ་ཡང་། །དུས་ཐ་མའི་གདུལ་བྱ་རྟག་འཛིན་ཅན། ། མི་རྟག་པའི་ཆོས་ལ་བསྐུལ་བའི་ཆེད། །སྐུ་ཞི་བའི་དབྱིངས་སུ་ཞུགས་ཚུལ་ བསྟན། །ད་སྐལ་དམན་བདག་ཅག་མགོན་ཁྱོད་སྐུ། །མངོན་སུམ་དུ་མཇལ་བའི་སྐལ་ཆད་པས། །ལོང་འཁྲིད་དང་བྲལ་བའི་དམུས་ལོང་བཞིན། །ངན་སོང་གི་གཡང་ཁར་བརྡེག་འཆའ་བྱེད། །དེ་ཡིན་ཀྱང་ཐུགས་རྗེའི་གཏེར་ཁྱོད་ཀྱིས། །སྡུག་བསྔལ་ཅན་དམན་པའི་འགྲོ་རྣམས་ལ། །ལྷག་པར་དུ་བརྩེར་དགོངས་རྗེས་འཛིན་པའི། །ཐུགས་བསྐྱེད་ཕྱིར་བདག་ཅག་ག་ལ་འདོར། །དེང་གསང་བདེ་དགྱེས་རྡོར་དུས་འཁོར་དང་། །ཀུན་རིག་སོགས་དཀྱིལ་འཁོར་དུ་མའི་གཙོ། །འདི་ཀུན་ཀྱང་གཞན་མིན་ཁྱོད་ཉིད་དེ། །གཅིག་མ་ཡིན་དུ་མའི་རྣམ་པར་བསྟན། །མགོན་ཁྱོད་ཀྱི་བསྟན་ལ་རྗེས་ཞུགས་ཀྱང་། །སྡོམ་གསུམ་གྱི་སྲུང་བ་ཕྲ་མོ་འགའ། །བཀའ་ཇི་བཞིན་སྒྲུབ་པར་མ་ནུས་པས། །ཉེས་ལྟུང་གི་འདམ་དུ་བྱིང་བར་གྱུར། །དོན་དེ་སླད་ཁྱོད་ཀྱི་བསྟན་པ་ལ། །ཞུགས་བདག་དང་བདག་འདྲའི་སྐྱེས་བུ་རྣམས་། ཁེ་མི་ཐོབ་གྱོང་ཞིག་འབྱུང་སྙམ་ཡང་། །དེ་ཁྱོད་མིན་བདག་ཅག་སྐྱོན་ཉིད་ ལགས། །སྔོན་དུས་སུ་ཁྱོད་ཀྱིས་ཚིགས་བཅད་ཙམ། །བསྟན་མོད་ལས་གྲོལ་བ་མང་མཆིས་ཀྱང་། །ད་འབད་ཀྱང་སྨིན་གྲོལ་ཆེས་དཀའ་བ། །འདི་བདག་ཅག་ཙམ་མིན་དུས་ཀྱི་སྐྱོན། །གང་ལྟར་ཡང་ཁྱོད་ཀྱིས་ལེགས་བསྟན་པའི། །བླང་དོར་དང་འགལ་བའི་ཉེས་ལྟུང་ཀུན། །མགོན་ཁྱོད་ཀྱི་དྲུང་དུ་མཐོལ་བཤགས་ ཀྱིས། །ཉེས་ཚོགས་ཀུན་ཁྱོད་ཀྱིས་སྦྱང་དུ་གསོལ། །སྟོན་ཁྱོད་ཀྱི་རྗེས་འཇུག་ཕྲན་བདག་ཅག །ཐར་འདོད་ཀྱི་སྐྱེས་བུ་ཡིན་ནོ་སྐད། །དྲིན་ཆེ་མོད་གནས་སྐབས་འདོད་དོན་གཞན། །འབྱུང་བདེ་ཡང་ཁྱོན་ཀྱི་དྲིན་དུ་གསལ། །རང་ངོས་ནས་སྲེད་ཞེན་ཆུང་ངེས་ཀྱང་། །གཉེན་ཕྱོགས་དང་ཧ་ཅང་ཉེ་སྐྱོན་དང་། །ཡུལ་ཆོས་ཀྱིས་ཕྲལ་ཕུགས་དགོས་སྙམ་སྟེ། །དངོས་པོ་འགའ་མི་བཟུང་དབང་མེད་གྱུར། །དོན་དེ་ཕྱིར་གཞན་གྱིས་བྱིན་པ་དང་། །བདག་ཉིད་ཀྱི་ལུས་དང་ལོངས་སྤྱོད་དགེ །ཅི་མཆིས་པ་ཀུན་ཀྱང་མགོན་ཁྱོད་སོགས། །མཆོག་གསུམ་ལ་རྟག་ཏུ་གུས་འབུལ་བཞེས། །ཚུལ་དེ་སོགས་མང་དུ་གསོལ་མཆིས་ཀྱང་། །སྙན་མི་བཙོ་མདོར་ན་ཚེ་རབས་ཀུན། །མགོན་ཁྱོད་ཀྱིས་རྗེས་སུ་འཛིན་པ་དང་། །མདོ་སྔགས་ཀྱི་བསྟན་པ་རྒྱས་བྱེད་ཤོག །༈ རྒྱལ་ཀུན་གྱི་མཁྱེན་པའི་ཕུང་པོ་རྣམས། །གཅིག་བསྡུས་ཏེ་གཞོན་ནུའི་ཚུལ་འཛིན་པ། །རྗེ་རྒྱལ་བའི་ཡབ་གྱུར་འཇམ་པའི་དབྱངས། །མི་བདག་གི་སྙིང་གའི་དབུས་སུ་བཞུགས། །མགོན་དེ་ཉིད་སྙིགས་དུས་དམ་པའི་ཆོས། །ཀུན་འཛིན་ཕྱིར་ངུར་སྨྲིག་གར་རོལ་པ། །ཕ་རྒྱལ་བ་གཉིས་པ་བློ་བཟང་གྲགས། །བུ་བདག་གི་སྤྱི་བོར་རྟག་བཞུགས་གསོལ། །རྗེ་ཁྱོད་ཀྱིས་ཐུབ་བསྟན་ཡོངས་རྫོགས་པར། །བཟུང་སྤེལ་བའི་ཚུལ་འདིར་འཛམ་གླིང་གི །རྒྱན་དྲུག་སོགས་འགྲན་པར་མི་སྤྱོད་ན། །མཁས་གཞན་གྱིས་འགྲན་བཟོད་ག་ལ་ནུས། །སྙིགས་དུས་འདིར་རྒྱལ་བ་ཉིད་བྱོན་ཀྱང་། །མགོན་ཁྱོད་ཀྱིས་བསྟན་འགྲོའི་དོན་མཛད་དང་། ། མཚུངས་མཉམ་པའང་འབྱུང་བར་མི་འགྱུར་ན། །ཆེས་ལྷག་པར་འགྱུར་པ་ག་ལ་ཞིག །དཔལ་ཨིནྡྲ་བྷོ་དྷི་ས་ར་ཧ། །ཁོང་ལཱུ་དྲིལ་ཞབས་སོགས་གྲུབ་ཆེན་ དང་། །རྗེ་ཤིང་རྟ་ཆེན་པོ་རྣམ་གཉིས་སོགས། །མཁས་གྲུབ་པའི་ཞལ་མང ་ཁྱོད་ཀྱིས་གཟིགས། །དེར་མ་ཟད་ཡི་དམ་ལྷ་ཚོགས་ཀྱི། །ཞལ་མངོན་གཟིགས་གསུང་གི་སྣང་བ་མཆོག །མངོན་སུམ་དུ་ཐོས་ཀྱིས་ཕྲན་བདག་ཅག །རྨི་ལམ་ལས་མངོན་སུམ་སྐལ་མ་མཆིས། །མགོན་ཁྱོད་ཀྱིས་ལས་འབྲས་ཕྲ་རགས་ཀུན། །ཚུལ་བཞིན་དུ་གཟིགས་ནས་བླང་དོར་མཛད། །ཕྲན་བདག་ཅག་དེ་ལྟར་མ་ནུས་པའི། །ཉེས་པ་ཀུན་ཁྱོད་ཀྱིས་སྦྱང་དུ་གསོལ། །རྗེ་ཁྱོད་ཀྱིས་འཁོར་བའི་ཕུན་ཚོགས་ ཀུན། །དོན་ཆུང་གཟིགས་སྲེད་ཞེན་དང་བྲལ་གྱིས། །འབངས་བདག་ཅག་དེ་ཉིད་དོན་གཉེར་བའི། །ཉེས་པ་ཀུན་ཁྱོན་ཀྱིས་སྦྱང་དུ་གསོལ། །ཕ་ཁྱོད་ཀྱིས་བྱང་ཆུབ་ཐུགས་བསྐྱེད་དེ། །བྱམས་སྙིང་རྗེས་གཞན་དོན་མཛད་ལགས་ཀྱིས། །སྲས་བདག་ཅག་རང་དོན་གཙོར་སྒྲུབ་པའི། །ཉེས་པ་ཀུན་ཁྱོད་ཀྱིས་སྦྱང་དུ་ གསོལ། །རྗེ་ཁྱོད་ཀྱིས་ཕྱིན་དྲུག་བསྡུ་བཞི་དང་། །བསླབ་གསུམ་དང་ཞི་ལྷག་སྒྲུབ་ལགས་ཀྱིས། །ཕྲན་བདག་ཅག་ཉིད་ཀྱི་རྗེས་འབྲང་ནས། །ཚུལ་དེ་ཀུན་སྒྲུབ་པར་བྱིན་གྱིས་རློབས། ཕ་ཁྱོད་ཀྱིས་རྒྱུད་སྡེའི་དོན་རྣམས་དང་། །རིམ་གཉིས་ཀྱི་རྟོགས་པ་མཐར་ཕྱིན་མཛད། །བུ་བདག་ཅག་ཁྱོད་ལྟར་རིམ་གཉིས་ཀྱི། །རྣལ་འབྱོར་ལ་བརྩོན་པར་བྱིན་གྱིས་རློབས། །སྐྱབས་ཁྱོད་ཀྱིས་བསྟན་དང་གདུལ་བྱ་ཡི། །དོན་སྒྲུབ་པའི་མཛད་པ་མཐར་ཕྱིན་གྱིས། །དེ་བདག་ཅག་ཁྱོད་ལྟར་བསྟན་འགྲོ་ཡི། །དོན་ཚུལ་བཞིན་སྒྲུབ་པར་བྱིན་གྱིས་རློབས། །དེ་ལྟར་དུ་རྗེ་བཙུན་ཁྱོད་ཉིད་ཀྱིས། །མདོ་སྔགས་ཀྱི་ཉམས་ལེན་རྒྱ་མཚོ་ཀུན། །རྣམ་དཔྱོད་ཀྱི་ཁྱོར་བས་བཞེས་མཛད་དེ། །བདག་ཅག་ལ་ཆུ་ཐིགས་ཙམ་ཞིག་ལུས། །དེ་ཡིན་ཕྱིར་ཁྱོད་དང་ཕྲན་བདག་ཅག །ཉམས་ལེན་པ་དེ་འབྲས་མཚུངས་དཀའ་སྟེ། །མགོན་ཁྱོད་ཉིད་སྤྲུལ་པའི་སྐྱེས་ཆེན་དང་། །བདག་ཅག་ཀུན་སོ་སྐྱེ་དམན་པ་ལགས། །རྒྱལ་ཀུན་ཀྱི་གདུང་འཚོབ་རྗེ་བཙུན་ཁྱོད། །དུས་ད་ལྟ་དགའ་ལྡན་བཞུགས་གྲགས་པས། །རྗེས་འཇུག་གི་བུ་སློབ་མོས་གུས་ཅན། །བདག་ཅག་ཀྱང་དགའ་ལྡན་གནས་དེར་དྲོངས། །ཕྲན་བདག་གིས་འཕགས་པ་ཡབ་སྲས་ཀྱི། །ལུགས་ཇི་བཞིན་ཟབ་མོའི་གནད་དོན་དག །ཐོས་བསམ་གྱིས་ཐེ་ཚོམ་ཆོད་གྱུར་པ། །ཚུལ་དེ་ཉིད་ཁྱོད་ཀྱི་དྲིན་དུ་བསམ། །རྗེ་ཁྱོད་ཀྱི་གསུང་རབ་ཐམས་ཅད་དང་། །ལམ་རིམ་པ་གཉིས་འདི་མཇལ་ཙམ་གྱི། །མོད་ཉིད་ལས་མགོན་པོ་ཁྱོད་དྲན་ཅིང་། ། རྩོལ་མེད་ཀྱི་མོས་གུས་རྟག་ཏུ་འབྱུང་། །དོན་དེ་ཕྱིར་བྱང་ཆུབ་སྙིང་པོའི་བར། །རྗེ་ཁྱོད་ཀྱི་ཞབས་ཟུང་མི་གཏོང་བས། །ཐུགས་བརྩེ་བའི་དབྱངས་ནས་འབྲལ་མེད་ དུ། །གཟུང་མཛོད་ཅིག་རྗེ་བཙུན་བླ་མ་མཁྱེན།། །།༈ བདེ་ལྡན་གྱི་ཞིང་གཙོ་འོད་དཔག་མེད། །མགོན་ཁྱོད་ལ་རྟག་ཏུ་གསོལ་འདེབས་ཀྱིས། །ཕྲན་བདག་ཅག་ཁྱོད་ཀྱི་ཞིང་མཆོག་དེར། །འོངས་འདོད་ཀྱིས་ཐུགས་རྗེའི་ལྕགས་ཀྱུས་དྲོངས། །ཤར་མངོན་དགའི་ཞིང་གི་འདྲེན་པ་ མཆོག །རྗེ་རྒྱལ་བའི་དབང་པོ་མི་འཁྲུགས་པ། །ཁྱོད་ཞིང་དེར་བདག་ཅག་སྐྱེ་འདོད་ཀྱིས། །ཐུགས་བརྩེ་བས་བཟུང་བས་དེར་དྲོངས་ཤིག །དགའ་ལྡན་གྱི་ཞིང་གཙོ་བྱམས་པ་མགོན། །ཁྱོད་ཞབས་ཟུང་སྤྱི་བོར་རྟག་བསྟེན་གྱིས། །བུ་བདག་ཅག་ཤི་འཕོས་གྱུར་མ་ཐག །ཁྱོད་དྲུང་དེར་ངེས་པར་དྲོངས་ཤིག་ཀྱེ། །ཡབ་མཁྱེན་པའི་གཏེར་ཆེན་འཇམ་པའི་དབྱངས། །རྒྱལ་ཀུན་གྱི་དམ་ཆོས་ཁྱོད་བཟུང་ལྟར། །བདག་ཅག་ཀྱང་ཟབ་ཡངས་ཤེས་རབ་ཀྱིས། །རྗེ་རྒྱལ་བའི་དམ་ཆོས་ཀུན་འཛིན་ཤོག །སྐྱབས་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས། །མ་འགྲོ་ཀུན་ཁྱོད་ཀྱིས་རྗེས་སུ་བཟུང་། །བྱིས་བདག་ཀྱང་ཁྱོད་བཞིན་འགྲོ་བ་ཡི། །དོན་ཐམས་ཅད་ཚུལ་བཞིན་སྒྲུབ་ནུས་ཤོག །རྗེ་མཐུ་སྟོབས་བདག་པོ་རྡོ་རྗེ་འཛིན། །རྒྱལ་ཀུན་གྱི་གསང་སྔགས་ཁྱོད་བཟུང་ཞིང་། །གདུག་པ་ཅན་མཐའ་དག་འདུལ་མཛད་པའི། །སྤྱོད་དེ་བཞིན་བདག་ཀྱང་འགྱུར་བར་ཤོག །དཔལ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཞབས། །ཐུབ་བསྟན་ལ་ཐུབ་དབང་གཉིས་པ་བཞིན། །ངེས་དོན་གྱི་བསྟན་པ་འཛིན་པའི་གཙོ། །བུ་བདག་ཀྱང་ཁྱོད་ལྟར་འགྱུར་བར་ཤོག །རྗེ་རྒྱལ་སྲས་ཐོགས་མེད་སྐུ་མཆེད་ཀྱང་། །ཐུབ་བསྟན་ཉིད་གསལ་མཛད་སྐྱེས་ཆེན་སྟེ། ཕྲན་བདག་ཅག་ཁྱེད་བཞིན་རྒྱལ་ཀུན་གྱི། །དམ་པའི་ཆོས་མ་ལུས་འཛིན་ནུས་ཤོག ཁོང་རིག་པའི་དབང་ཕྱུག་ཆོས་ཀྱི་གྲགས། །སྨྲ་ངན་གྱི་མུ་སྟེགས་ཚར་གཅོད་མཁས། །ཕྲན་བདག་ཀྱང་རིགས་པ་སྨྲ་བ་ཡི། །ཁྱུ་མཆོག་གཙོ་ཁྱོད་བཞིན་འགྱུར་བར་ཤོག །དཔལ་ཨིནྡྲ་བྷོ་དྷི་ས་ར་ཧ། །ལཱུ་དྲིལ་ནག་ལཱ་ལིི་ཏ་སོགས་ནི། །གྲུབ་ཐོབ་ཆེ་དངོས་གྲུབ་མཆོག་བརྙེས་པ། །བདག་ཅག་ཀྱང་ཁྱོད་རྣམས་ལྟར་འགྱུར་ཤོག །ཚུལ་དེ་ལྟར་འདོད་མོད་རང་བདེ་ཙམ། །དོན་གཉེར་བ་དམན་པའི་བསམ་པ་སྟེ། །མ་འགྲོ་བའི་དོན་དུ་བྱ་དཀའ་བའི། །རླབས་ཆེན་གྱི་སྤྱོད་པ་ཀུན་སྒྲུབ་ ཤོག། །།༈ གནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་ནས། །རྗེ་རྒྱལ་ཚབ་དམ་པ་མི་ཕམ་མགོན། །ཐུགས་བརྩེ་བའི་དབང་གིས་མྱུར་བྱོན་ནས། །མི་བདག་གི་སྤྱི་བོར་རྟག་བཞུགས་གསོལ། །མགོན་ཁྱོད་ཀྱི་གསུང་རབ་བྱམས་པའི་ཆོས། །སྡེ་ལྡ་རུ་གྲགས་འདི་འཛམ་གླིང་དུ། །དར་གྱུར་ནས་ཐུབ་བསྟན་གསལ་མཛད་པས། །རྒྱལ་ཚབ་ཏུ་གྱུར་པ་དོན་དང་བཅས། ཆེས་ལྷག་ཏུ་རྒྱལ་བའི་ཡུམ་གསུམ་གྱི། །དགོངས་འགྲེལ་མཆོག་མངོན་པར་རྟོགས་པའི་རྒྱན། །འདི་བློ་ལྡན་དོན་གཉེར་ཅན་རྣམས་ལ། །གསུང་རབ་ཀུན་ལྟ་བའི་མིག་ཏུ་གྱུར། །ཚུལ་འདི་ལ་རིང་དུ་སྦྱངས་པའི་མཐུས། །ཕྲན་བདག་གིས་རབ་འབྱམས་གཞུང་མང་དང་། །རྒྱལ་བའི་ཡུམ་ཕ་རོལ་ཕྱིན་པའི་དོན། །ཕྱོགས་ཙམ་ཞིག་མ་ཡིན་ལེགས་པར་ངེས། །དེ་ཡིན་པའི་འབྲས་རྟགས་ཤེར་ཕྱིན་གྱི། །དོན་ཟབ་གསལ་འགྲེལ་བའི་བསྟན་བཅོས་ འགའ། །བྱས་ཟིན་པ་ཕྱོགས་སུ་དར་གྱུར་ཏེ། །ཚུལ་དེ་ཉིད་ཁྱོད་ཀྱི་དྲིན་དུ་ ཤེས། །ཚེ་འདི་ཕྱིའི་དོན་དུ་དབེན་པ་ཞིག །བསྟེན་འདོད་པ་སྔོན་ནས་ཡོད་གྱུར་ཀྱང་། །གྲྭ་ཚང་གཉིས་བཙུགས་པའི་ཐོག་མ་ཡི། །བླ་མ་རུ་བསྐོས་པས་འཆད་ཉན་གྱི། །བྱ་བ་རྣམས་སྒྲུབ་པའི་བྲེལ་པ་དང་། རང་གཞན་གྱི་དོན་དུ་ཆོས་ཚུལ་ གཞན། །འདོན་ཞུགས་ཏེ་ཕྱོགས་དང་ཕྱོགས་འཚམས་སུ། །རྒྱུག་བྱས་པའི་གཡེང་བས་དེ་མ་གྲུབ། དོན་དེ་ཕྱིར་རྣམ་ཐར་མཆོག་དཀའ་ཡང་། །ཐ་སྙད་ཀྱི་རིག་གནས་དུ་མ་དང་། །མདོ་སྔགས་ཀྱི་གཞུང་མང་ལ་སྦྱངས་ཏེ། །འཆད་རྩོམ་གྱི་བྱ་བ་དུ་མ་བྱས། །ངན་སོང་གི་འཇིགས་པས་ཡིད་སྐྲག་སྟེ། །དུས་ཀུན་ཏུ་རང་གཞན་ཐམས་ཅད་ཀྱི། །སྡིག་སྒྲིབ་རྣམས་སྦྱོང་བའི་ཐབས་མང་ལ། །རབ་འབད་པའི་ངལ་བ་རིང་དུ་བསྟེན། །དེ་བྱས་ཀྱང་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་གི་ཉེས་པ་གྲངས་མེད་ཕྱིར། །ཀུན་བྱང་ངམ་མ་བྱང་སོམ་ཉི་སྟེ། །གནས་ངན་འགྲོར་མར་སྐྱེའི་གདེངས་མ་རྙེད། །འཁོར་བ་ཀུན་སྡུག་བསྔལ་རང་བཞིན་དང་། །སྙིང་པོ་མཆོག་མེད་པར་ལེགས་རྟོགས་ནས། །ཡིད་འབྱུང་བའི་ཚུལ་ལ་རབ་འབད་ དེ། །ངེས་འབྱུང་གི་བློ་ཉིད་གོམས་པར་བྱས། །དེར་འབད་ཀྱང་ཚེ་འདིར་དགོས་སྙམ་པའི། །དངོས་པོ་འགའ་བཟུང་བའི་སྲེད་ཞེན་གྱིས། །ཐར་འདོད་ཀྱི་བློ་གྲོས་ཟླ་བའི་ངོས། །རི་བོང་གི་མཚན་མས་ཅུང་ཟད་སྤྲས། །བྱམས་སྙིང་རྗེ་ལྷག་བསམ་སེམས་བསྐྱེད་ཀྱི། །དམིགས་རྣམ་ལ་ཚིག་ཙམ་མ་ཡིན་པར། །དུས་རྒྱུན་དུ་གོམས་ཤིང་གཞན་ཀུན་ལ། །ཕན་འདོད་ཀྱི་བསྔོ་སྨོན་ཤུགས་དྲག་བྱས། །དེ་ཡིན་ཀྱང་རང་ཕྱོགས་གཉེན་དག་ལ། །མི་འདོད་བཞིན་དངོས་པོ་སྟེར་བ་དང་། འགྲོ་གཞན་ལ་དེ་ལྟར་མི་ནུས་པའི། །ཉེ་རིང་གིས་གཞན་ཕན་ཅུང་ཟད་ནོངས། །ཀླུ་སྒྲུབ་ཀྱི་ལུགས་ལྟར་བདག་མེད་པའི། །ངེས་དོན་གྱི་ཚུལ་ལ་ཐོས་བསམ་དང་། །ལུང་རིགས་ཀྱིས་ཡང་ཡང་ལེགས་དཔྱད་དེ། །ཟབ་དོན་ལ་ངེས་ཤེས་ལེགས་པར་དྲངས། །དེར་འབད་མོད་ཞི་ལྷག་རྗེས་མཐུན་ལས། །མཐར་ཕྱིན་པའི་བརྟན་པ་མ་ཐོབ་པས། །བྱིང་རྒོད་ཀྱི་བྲན་གྱུར་བསྒོམས་བྱུང་གི །རྟོགས་པ་མཆོག་ནམ་མཁའི་པདྨོར་འགྲན། །ཕྱིན་དྲུག་དང་བསླབ་གསུམ་བསྡུ་བཞི་སོགས། །གཞན་དག་ཀྱང་དངོས་དང་རྗེས་མཐུན་གཉིས། །ཅི་རིགས་སུ་སྒྲུབ་པ་མ་གཏོགས་པར། །ཀུན་མཚན་ཉིད་ཚང་བ་དཀའ་གནས་གྱུར། །རླབས་ཆེན་གྱི་སྤྱོད་ཀུན་སྒྲུབ་དཀའ་ཡང་། །ཁོང་རིགས་གསུམ་མགོན་པོའི་སྤྱོད་པ་བཞིན། །སློབ་འདོད་དེ་གཞན་གྱི་སྡུག་བསྔལ་ཀུན། །རང་ཐོག་ཏུ་ལེན་འདིར་རྒྱུན་ཏུ་འབད། །རང་འདོད་པའི་ཡི་དམ་ལྷ་མང་དང་། །རིམ་གཉིས་ཀྱི་རྣལ་འབྱོར་འགའ་ཞིག་ལ། །རབ་འབད་ཀྱང་བྱིན་རླབས་ཙམ་ཞིག་ལས། །དངོས་གྲུབ་མཆོག་ལྷ་ལམ་དབྱིངས་སུ་ཐལ། ། མདོར་བརྗོད་ན་བདག་ལ་ལུང་རྟོགས་ཀྱི། །ཡོན་ཏན་མཆོག་མེད་ཀྱང་འཆད་རྩོམ་གྱིས། །རྒྱལ་བསྟན་ལ་བྱ་བ་ཅུང་ཟད་བྱས། །ད་ཤི་ཡང་འགྱོད་པ་མེད་དམ་ སྙམ། །འདི་ཀུན་ཀྱང་རང་གི་སྐྱོན་ཡོན་གཉིས། །འདྲེས་མ་རུ་བྱས་ཏེ་དད་ལྡན་ངོར། །རྟོག་དཔྱོད་ཀྱི་ཆེད་དུ་བརྗོད་པ་སྟེ། །གཞན་དག་གིས་མཐོང་ན་མི་ཁྲེལ་ཞུ།། །།༈ སྐྱབས་ཀུན་གྱི་མཁྱེན་བརྩེ་ནུས་པ་རྣམས། །གཅིག་བསྡུས་པ་འཇམ་དབྱངས་སྤྱན་རས་གཟིགས། །དཔལ་ཕྱག་ན་རྡོ་རྗེ་ཞེས་གྲགས་པའི། །རིགས་གསུམ་གྱི་མགོན་པོ་སྤྱི་བོར་བཞུགས། །ཕྲན་བདག་གིས་རང་དགར་སྨྲས་པ་ ལ། །ཡིད་ཆེས་ཀྱི་གནས་སུ་བྱེད་དཀའ་ཡང་། །ཁོང་ཚད་ལྡན་དམ་པའི་གསུང་རབ་ལས། །འབྱུང་འགའ་ཞིག་འདིར་ནི་བརྗོད་པར་བྱ། །ལུས་མི་རྟག་དབུ་བ་བརྡོས་པ་བཞིན། །སྲོག་མི་རྟག་ནམ་མཁའི་གློག་ལྟ་བུ། །དབུགས་མི་རྟག་མཁའ་ཡི་ན་བུན་འདྲ། །སེམས་མི་རྟག་ལྕང་ཁའི་བྱེའུ་བཞིན། །ནོར་མི་རྟག་སྦྲང་རྩི་བསགས་ལྟ་བུ། །གྲོགས་མི་རྟག་ཚོང་འདུས་འགྲོན་པོ་འདྲ། །ནོར་བསགས་པའི་ཐ་མར་འཛད་པ་ཡིན། །གྲོགས་འདུས་པའི་ཐ་མར་འབྲལ་བ་ཡིན། །མཐོར་སོང་བའི་ཐ་མར་རྒུད་པ་ཡིན། །ལར་སྐྱེས་པའི་ཐ་མར་འཆི་བ་ཡིན། །དུས་མ་འོངས་རི་གླིང་ས་གཞི་དང་། །རྒྱ་མཚོ་ཀུན་མེ་ཆུ་རླུང་གསུམ་གྱིས། །འཇིག་འགྱུར་ཞིང་སྣོད་བཅུད་ཀུན་སྟོང་ན། །ཕྲན་ཚེགས་ཀྱི་དངོས་རྣམས་ལྟ་ཅི་སྨོས། །འདུས་བྱས་ཀུན་མི་རྟག་སྐྱེ་འཇིག་ལྡན། །དམྱལ་བ་རུ་ཚ་གྲང་སྡུག་བསྔལ་ཆེ། །ཡི་དྭགས་ན་བཀྲེས་སྐོམ་སྡུག་བསྔལ་མང་། དུད་འགྲོ་ལ་བཀོལ་སྤྱོད་སྡུག་བསྔལ་ཆེ། །མི་རྣམས་ནི་ན་འཆིའི་སྡུག་བསྔལ་མང་། །ལྷ་མ་ཡིན་འཐབ་རྩོད་འཇིགས་པ་ཆེ། །ལྷ་རྣམས་ནི་འཆི་འཕོའི་སྡུག་བསྔལ་ལྡན། །འཁོར་བ་ན་སྡུག་བསྔལ་བརྗོད་མི་ ལང་། །འཆི་བདུད་ནི་ཉི་རྒས་གྲིབ་སོ་བཞིན། །སྐད་ཅིག་ཀྱང་མི་སྡོད་ཚུར་ཚུར་འོང་། །ཤི་གྱུར་ན་གར་སྐྱེའི་གདེངས་མེད་པས། །ཕྱི་མ་རུ་ཕན་པའི་ཆོས་སྒྲུབས་ཤིག །རང་འཇིག་རྟེན་ཕ་རོལ་འགྲོ་བའི་དུས། །སྐྱབས་བླ་མ་དཀོན་མཆོག་གསུམ་པོ་དང་། །གྲོགས་དམ་པའི་ཆོས་རྣམས་མ་གཏོགས་པར། །གཞན་སུས་ཀྱང་ཕན་གྲོགས་འགྱུར་བ་མེད། །དོན་དེ་སླད་བླ་མ་དཀོན་མཆོག་ལ། །དུས་རྟགས་ཏུ་སྙིང་ནས་སྐྱབས་འགྲོ་ཞིང་། །ལས་དཀར་ནག་གཉིས་ལ་བླང་དོར་ གྱི། །ལག་ལེན་ཉིད་ཚུལ་བཞིན་བསྒྲུབ་དགོས་སོ། །ལས་གཉིས་ལ་ཕྱིན་ཅི་ལོག་ཞུགས་ན། །ལས་འབྲས་ཉིད་ཁྱད་དུ་བསད་པའི་ཕྱིར། །རྗེ་སངས་རྒྱས་ཀྱིས་ཀྱང་སྐྱོབ་དཀའ་ན། །གཞན་དག་གིས་སྐྱོབ་པར་ག་ལ་ནུས། །རྒྱུ་གྲོ་ནས་སྲན་སོགས་ས་བོན་ལས། །རང་རང་གི་འབྲས་བུ་མ་ནོར་བར། །འབྱུང་དེ་བཞིན་དཀར་ནག་ལས་གཉིས་ལས། །འབྲས་མ་ནོར་འབྱུང་གི་ནོར་ནས་མིན། །དོན་དེ་ཕྱིར་ལས་འབྲས་གཅེས་གཟུང་ཞིང་། །ཉེས་བྱས་ཀུན་བཤགས་ལ་འབད་པ་དང་། །སླན་ཆད་དུ་མི་བྱེད་དམ་བཅའ་བའི། །སྡོམ་འདོད་པའི་བསམ་པ་དྲག་པོ་བྱ། །ལས་ཉོན་མོངས་རྣམས་ལ་རྐང་ལག་སོགས། །ཡོད་མིན་ཀྱང་ཀུན་རྫོབ་རྟེན་འབྲེལ་གྱིས། །གནས་ངན་འགྲོ་འཁོར་བ་རྣམས་སུ་ནི། །དབང་མེད་དུ་ཅི་དགར་འཁྲིད་པར་བྱེད། །དཀར་ནག་གི་ལས་རྣམས་མཁས་མིན་ཀྱང་། །བདེ་འགྲོ་དང་ངན་འགྲོ་འདི་ཀུན་གྱི། །ལུས་ཕྱི་ནང་བཀོད་པའི་དབྱིབས་སྣ་ཚོགས། །འབྱུང་འདི་ཀོ་རྟེན་འབྲེལ་བསམ་མི་ཁྱབ། །ཚུལ་དེ་བཞིན་འགྲོ་བ་སྤྱི་མཐུན་དང་། །རང་སོ་སོའི་ལས་ཀྱི་མཐུ་ལས་ནི། །སྣོད་བཅུད་ཀྱི་བཀོད་པ་སྤྱི་དང་ནི། །བྱེ་བྲག་གི་ཁྱད་པར་སྣ་ཚོགས་འབྱུང་། །ལས་གཉིས་ལ་ཉེ་རིང་མེད་མོད་ཀྱི། །ཁོང་རྟེན་འབྲེལ་ཟབ་མོའི་རྣམ་འགྱུར་ཉིད། །ཐ་དད་དུ་ངེས་པའི་ཁྱད་པར་ལས། །བདེ་སྡུག་གཉིས་སོ་སོར་ངེས་པ་ཡིན། །འཁོར་འདས་གཉིས་འབྱུང་བའི་རྒྱུ་རྐྱེན་གཙོ། །གཞི་མ་རིག་པ་དང་རིག་པ་སྟེ། །རྒྱུ་མ་རིག་ལས་ནི་འཁོར་བ་དང་། །རིག་ཉིད་ལས་ངེས་ལེགས་ཐར་པ་འབྱུང་། །དོན་དེ་ཕྱིར་མ་རིག་གཙོར་བྱས་པའི། །ཉོན་མོངས་ཕྱོགས་ཡན་ལག་བཅུ་གཉིས་ཀྱིས། །འཁོར་བ་རུ་འཁོར་བའི་འཇུག་རིམ་ ཉིད། །ཤེས་བྱས་ལ་འཁོར་བ་ཟློག་པར་བྱ། །ལྡོག་བྱེད་ཀྱི་ཐབས་ལ་མང་མོད་ཀྱང་། །ཁོང་བདག་མེད་རྟོགས་པའི་ལྟ་བ་ནི། །ཞི་བའི་སྒོ་གཉིས་པ་མེད་པ་ སྟེ། །ཐབས་ཀུན་གྱི་གཙོ་བོར་གྱུར་པ་ལགས། །དེ་ཡིན་ཀྱང་བརྟེན་ནས་བཏགས་པ་ཡི། །ང་ཙམ་ཞིག་འཁོར་དང་གྲོལ་འགྱུར་གྱི། །ལྟོས་མེད་ཀྱི་བདག་ནི་ཡོད་མིན་པས། །རྟག་ཆད་ཀྱི་མཐའ་དང་བྲལ་བར་འདོད། །ངན་སོང་ལས་ཐར་འདོད་མེད་གྱུར་ན། །འཁོར་བ་ལས་ཐར་འདོད་མི་འོང་བས། །ཐོག་མ་རུ་ངན་འགྲོར་ཐར་འདོད་དང་། །མཆོག་གསུམ་ལ་སྐྱབས་འགྲོ་རྒྱུན་ཏུ་བྱ། །ངན་སོང་ལས་ཐར་འདོད་རྣམ་དག་ཞིག །སྐྱེ་འདོད་ན་ངན་འགྲོར་སྡུག་བསྔལ་བའི། །ཁྱད་པར་ཀུན་ལེགས་པར་ཤེས་བྱས་ཏེ། །ཚུལ་དེ་ལས་ཐར་འདོད་སྙིང་ནས་བསྐྱེད། །ངན་སོང་ལས་ཐར་འདོད་སྐྱེས་ཙམ་གྱིས། །ངེས་འབྱུང་དང་ཐར་པ་དོན་གཉེར་བློ། །སྐྱེས་མིན་ཡང་འཁོར་བའི་གནས་སྤྱི་ལས། །ཐར་འདོད་ཞིག་བྱུང་ན་དེ་དག་སྐྱེས། །མ་འགྲོ་བའི་དོན་དུ་སངས་རྒྱས་ཀྱི། །གོ་འཕང་མཆོག་ཐོབ་པར་འདོད་གྱུར་ ན། །བྱམས་སྙིང་རྗེས་དྲངས་པའི་ལྷག་བསམ་དང་། །བྱང་ཆུབ་ཀྱི་སེམས་ཉིད་བསྐྱེད་པར་བྱ། །བྱང་ཆུབ་ཀྱི་སེམས་དེ་མ་སྐྱེས་ན། །མདོ་སྔགས་ཀྱི་ཆོས་ཚུལ་ཉམས་བླངས་ཀྱང་། །ཐེག་ཆེན་གྱི་ཆོས་སུ་མི་འགྱུར་བས། །དོན་དེ་ཕྱིར་འབད་ནས་སེམས་དེ་བསྐྱེད། །སྤྱོད་པ་ལ་སློབ་འདོད་མེད་ན་ནི། །སངས་རྒྱས་ཉིད་ཐོབ་པར་མི་འགྱུར་བས། །རྒྱལ་སྲས་ཀྱི་སྤྱོད་པ་ཕྱིན་དྲུག་དང་། །ལྟ་བ་ལ་ངེས་པར་འབད་པར་བྱ། །སྤྱིར་ཐམས་ཅད་མཁྱེན་པ་ལྟ་ཞོག་གི །ཐར་པ་ཙམ་ངེས་པར་འཐོབ་པ་ལ། །སྟོང་ཉིད་ཀྱི་དོན་རྟོགས་རག་ལས་པས། །ཚུལ་དེ་ཉིད་གནད་ཀྱི་དམ་པོར་བཟུང་། །སྔགས་ཕྱོགས་ནས་ཤཱུནྱ་ཏ་དང་། །སྭ་བྷཱ་ཝ་སོགས་ཀྱིས་སྟོང་ཉིད་དོན། །བསྒོམ་དགོས་པར་ཡང་ཡང་བཤད་པས་ན། །སྔགས་ཕྱོགས་སུ་དེ་ཉིད་ངེས་པར་དགོས། །དོན་དེ་ཕྱིར་སྔགས་ལམ་ཞུགས་པ་ལ། །ཐུན་མོང་བའི་ལམ་ལས་ལྟ་སྤྱོད་ཀྱི། །ཕྱོགས་རེ་ཙམ་མེད་ན་སྔགས་ལམ་དེ། །མ་ནིང་གི་རིགས་སུ་འགྱུར་དུ་དོགས། །ཚུལ་དེ་ལྟར་ཤེས་ནས་མདོ་སྔགས་ཀྱི། །ལམ་གང་ལ་ཞུགས་ཏེ་ཉམས་བླངས་ན། །ཕན་ཆེ་ཡི་གཞན་དུ་ཆོག་བསྒྲིགས་ཙམ། །བྱང་གྱུར་ཀྱང་ཕན་པ་ཆེ་ཐོབ་དཀའ། །དུས་སྙིགས་མའི་སེམས་ཅན་རྒྱུད་རགས་ པས། །ལམ་མཐོན་པོ་སྐྱེ་བ་ཆེ་དཀའ་ཡང་། །དེ་སྐྱེ་བའི་རྒྱུ་ལ་འབད་པ་དང་། ། ཕྱོགས་ཙམ་ཞིག་སྐྱེས་ཀྱང་ལེགས་པ་ཡིན། །དེ་ལྟར་དུ་བརྗོད་ཅིང་གདམས་པ་ ནི། །མི་ངེད་ལ་བབ་འབྲེལ་མི་ཆེ་ཡང་། །ཁོང་སྐྱེས་ཆེན་དམ་པའི་གསུང་ཇི་བཞིན། །བརྗོད་བྱས་ལ་འགལ་བ་མེད་དམ་སྙམ།། །།༈ ན་མོ་གུ་རུ། ཕྱོགས་རྣམས་ན་རྒྱལ་དང་དེ་སྲས། །མང་མཆིས་ཀྱང་དེང་དུས་བདག་ལ། །དམ་ཆོས་ཀྱི་བཀའ་དྲིན་ཆེ་ལྡན། །བཤེས་གཉེན་ཀུན་སྤྱི་བོར་བཞུགས་གསོལ། །སྙིགས་དུས་སུ་གངས་ཅན་མགོན་པོ། །ཐམས་ཅད་མཁྱེན་བློ་བཟང་རྒྱ་མཚོ། །རིས་མེད་ཀྱི་བསྟན་པའི་མངའ་བདག །ཞབས་པད་ཟུང་སྤྱི་བོར་བསྟེན་ནོ། །དུས་གསུམ་གྱི་སངས་རྒྱས་གཅིག་བསྡུས། །རྒྱལ་ཀུན་གྱི་གདུག་ཚོབ་བླ་མ། །པཎ་ཆེན་མཆོག་བློ་བཟང་ཆོས་རྒྱན། །སྤྱི་གཙུག་ཏུ་རྟག་པར་བཞུགས་ཤིག །མགོན་ཁྱོད་ཀྱིས་རྨད་བྱུང་ལེགས་བཤད། །ཕྱོགས་ཀུན་ཏུ་ཁྱབ་ཅིང་གཞན་ལ། །ཕན་ཐོགས་པའི་འཕྲིན་ལས་འདིས་ནི། །རྗེ་རྒྱལ་བའི་མཛད་པ་ཀུན་བསྒྲུབས། །ལར་ཐུབ་པའི་གསུང་རབ་ཀུན་དང་། །ཕ་བློ་བཟང་རྒྱལ་བ་གཉིས་པའི། །མདོ་སྔགས་ཀྱི་བསྟན་པ་མ་ལུས། །མགོན་ཁྱོད་ཀྱིས་ངེས་པར་བཟུང་ལགས། །གསུང་རབ་ཀྱི་གཞུང་ལུགས་མཁའ་ལ། ཁྱོད་ཉིད་ཀྱི་མཁྱེན་པའི་ཉི་ མ། །ཐོགས་མེད་དུ་བགྲོད་པ་མཐོང་ཚེ། །འགྱུར་མེད་ཀྱི་དད་པ་ཆེ་ཐོབ། །མཁས་རློམ་གྱི་ཟླ་བ་མང་ཡང་། །ཆོས་རྣམས་ཀུན་གཟིགས་པའི་མཁས་པ། །ངེས་དོན་གྱི་པཎ་ཆེན་ཁྱོད་ཉིད། །གཞན་དག་ནི་དེ་ཡི་གཟུགས་བརྙན། །རྗེ་ཁྱོད་ཀྱི་མཁྱེན་པའི་ཉི་མས། །མདོ་སྔགས་ཀྱི་བསྟན་པའི་པད་ཚལ། །རྒྱས་པ་དང་ལྷན་ཅིག་གདུལ་བྱའི། །དགེ་ལེགས་ཀྱི་ཆུ་སྐྱེས་བཞད་མཛད། །ཕ་བློ་བཟང་རྒྱལ་བ་གཤེགས་ཤུལ། །མགོན་ཉིད་དང་མཚུངས་པའི་བསྟན་འཛིན། །གཞན་བྱུང་བ་སྔོན་ཆད་མ་མཐོང་། །ད་འབྱུང་ངམ་མི་འབྱུང་ཐེ་ཚོམ། །དོན་དེ་སླད་ཁྱོད་ཉིད་འགྲོ་བའི། །མགོན་སྐྱབས་དང་དཔུང་གཉེན་དམ་པར། །ཡིད་ཆེས་ཀྱི་ངེས་པ་ཐོབ་པས། །ཐུགས་བརྩེ་བའི་དབྱིངས་ནས་དགོངས་ཤིག། །།༈ རྗེ་ཁྱོད་ཀྱི་གསུང་ལས་འདི་ལྟར་འབྱུང་། །དབྱིངས་རིག་པ་དབྱེར་མེད་ལྷ་ཡི་ལམ། །ཞིང་ཀུན་ཁྱབ་མི་འཕྲུལ་ཟློས་གར་མཁན། །ཕ་བདེན་མེད་རྨི་ལམ་ལྟ་བུ་ལ། །བུ་སྒྱུ་མའི་སྐྱེས་བུས་སྙིང་ནས་འདུད། །ཆོས་ཅན་ལ་བལྟས་པས་སྒྱུ་མ་ཙམ། །ཆོས་ཉིད་ལ་བལྟས་པས་ཅང་མ་མཐོང་། །སྒྱུ་མ་དང་སྣང་སྟོང་ཟུང་འབྲེལ་ལ། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །ཨ་ལ་ལ་ཡོད་མེད་མཐའ་དང་བྲལ། །མཐའ་བྲལ་གྱི་དབྱིངས་སུ་མཉམ་པར་གཞོག །ཆོས་ཉིད་ལ་བལྟས་པས་ཆོས་ཅན་བཀྲ། །ཆོས་ཅན་ལ་བལྟས་པས་སྟོང་པར་བྲོས། །སྣང་སྟོང་གཉིས་རེས་འཇོག་མི་བྱེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །དོན་དམ་གྱིས་རྒྱུ་འབྲས་བསླུ་མེད་བསྟན། །ཀུན་རྫོབ་ཀྱིས་དོན་དམ་རང་ཞལ་ཕྱེ། །བདེན་གཉིས་ཀྱི་རང་བཞིན་དབྱེར་མེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །དོན་དམ་གྱི་དབྱིངས་ལ་དཔྱད་པའི་ཚེ། །རྟེན་འབྲེལ་གྱི་མིང་ཡང་མེད་པ་དང་། །སྟོང་པ་དང་རྟེན་འབྲེལ་ཟུང་འཇུག་འདི། །འགལ་མེད་དུ་བླ་མའི་དྲིན་གྱིས་ ཤེས། །འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ། །བདེན་མེད་དུ་ཤེས་པས་བདེན་པ་གོ །བདེན་བརྫུན་གྱི་རང་བཞིན་དབྱེར་མེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །མིང་རྐྱང་གི་ཆོས་རྣམས་བདེན་པས་སྟོང་། །བདེན་སྟོང་དུ་རྒྱུ་འབྲས་རོལ་པར་ཤར། །སྟོང་པ་དང་རྒྱུ་འབྲས་དབྱེར་མེད་ལམ། །ཨེ་མ་ཧོ་བླ་མའི་དྲིན་གྱིས་རྙེད། །ཞེས་འབྱུང་སྟེ་ཚུལ་དེར་བདག་ཅག་ཀྱང་། །འཇུག་སྤྲོ་ཞིང་ཡི་རང་གཞན་ཡང་ནི། །བློ་མ་རིག་སྒྱུ་མའི་འཁྲུལ་འཁོར་འདིའི། །ཡུལ་གདོད་ནས་སྐྱེ་བ་མེད་མཐོང་བས། །ཕྱི་གཟུང་འཛིན་སྤྲོས་པ་དབྱིངས་སུ་ཐིམ། །དཔེ་ཆ བ་རོམ་རྒྱ་མཚོའི་ཀློང་དུ་བཞིན། །ཆོས་ཀུན་གྱི་གནས་ལུགས་གདོད་མའི་ གཤིས། །དོན་དབྱེར་མེད་སྤྲོས་པ་ཀུན་བྲལ་བ། །དཔེས་མཚོན་དུ་མེད་པའི་རང་བཞིན་གྱི། །དབྱིངས་འདི་འདྲའི་རང་ཞལ་བལྟས་པའི་ཚེ། །རྗེ་སངས་རྒྱས་ཆོས་དང་དགེ་འདུན་གྱི། །མཚན་ཙམ་ཡང་དམིགས་སུ་མ་མཆིས་ན། །སེམས་མ་རིག་དྲི་མས་སྦགས་མཐོང་བའི། །གནས་འཁོར་བའི་སྡུག་བསྔལ་ག་ལ་ཡོད། །ཡུལ་འོད་གསལ་ངང་དུ་རིག་པ་ཞུགས། །ཆོས་ཀུན་གྱི་ངོ་བོ་རྗེན་པར་མཐོང་། །སླར་བལྟས་ཀྱང་མཐོང་བའི་ཡུལ་ལས་འདས། །དཔེ་འགག་མེད་ནམ་མཁའི་ཕ་མཐའ་འཚོལ། །ཁྱེད་འཁོར་བས་སྐྲག་པའི་འགྲོ་ཀུན་ཀྱང་། །གཞི་བདེན་སྟོང་ཡངས་པའི་གཟིགས་མོ་མཛོད། །འདི་མཐོང་ན་སྣང་སྲིད་སྐྱེ་བོ་ཀུན། །དགྲ་གཙོ་བོར་གྱུར་ཀྱང་འཇིགས་མི་དགོས། །ལས་དགེ་སྡིག་འབྲས་བུ་མ་དམིགས་ཤིང་། །ལམ་སྤང་གཉེན་དགག་སྒྲུབ་དང་ཡང་བྲལ། །ཡིད་འབད་པས་བསྒྲུབས་པའི་འབྲས་བུས་དབེན། །དབྱིངས་འདི་འདྲ་རྒྱལ་བའི་དགོངས་པ་སྙམ། །ཡང་འཁོར་འདས་ཆོས་ལ་ཕར་བལྟས་པས། །རྐྱེན་འདི་པ་ཙམ་གྱི་རྒྱུ་དང་འབྲས། །ཆེས་ཕྲ་ཞིང་བསླུ་བ་མེད་པར་མཐོང་། །དཔེ་འཆི་མེད་ལམ་ནས་འཇའ་ཚོན་བཞིན། །དབྱིངས་སྤྲོས་བྲལ་གདོད་ནས་དག་པ་དང་། །ལས་རྒྱུ་འབྲས་བསླུ་བ་མེད་པ་ཡི། །ཡུལ་སྣང་སྟོང་རེས་འཇོག་མ་ཡིན་པའི། །དོན་ཟུང་འཇུག་མཐའ་བྲལ་དབུ་མའི་ལམ། ། ལམ་འདི་འདྲ་རྙེད་པ་བླ་མའི་དྲིན། །དྲིན་ཆེའོ་རྒྱལ་བ་གཉིས་པའི་རྗེ། །མ་དྲིན་ཅན་འགྲོ་བ་རྣམས་ཀྱིས་ཀྱང་། །དོན་འདི་འདྲ་རྟོགས་པར་བྱིན་གྱིས་ རློབས། །ཞེས་གསུངས་ཏེ་འཕགས་པ་ཀླུ་སྒྲུབ་ལུགས། །ཇི་བཞིན་དུ་གཟིགས་པའི་ཉམས་མགུར་ཏེ། །ཟབ་དོན་ལ་སྦྱངས་པའི་མཁས་མཆིས་ན། །དོན་དེ་ལྟར་ཤེས་ལ་འབད་པར་མཛོད། །ཚུལ་དེ་སྐད་སྨྲས་འདི་མཁས་གཞན་གྱིས། ། གཟིགས་གྱུར་ན་ཐུགས་ཀྱིས་མི་ཁྲེལ་ཞིང་། །འདིར་འབད་པའི་དགེ་ཀུན་གཞན་དག་ལ། །ཕན་འགྱུར་དང་སངས་རྒྱས་ཐོབ་ཕྱིར་བསྔོ། །ཅེས་པ་འདི་ནི། མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་དང་། སྙན་ངག་གི་ཚུལ་ལ་མཁྱེན་པ་རྒྱས་པའི་མོ་ནེ་ནང་ཁྲི་ཟུར་སངས་རྒྱས་དཔལ་བཟང་ཉིད་ཀྱིས་རི་ཁྲོད་ནས། ཁྱོད་ཀྱིས་སྟོན་པ་དང་རྗེ་རིན་པོ་ཆེ་སོགས་དང་སྦྱར་བའི་མགུར་ཞིག་རྩོམ་པར་མཛོད་ཅེས་བསྐུལ་བའི་ཚེ། དེ་ལྟ་བུའི་མགུར་ངེད་ལ་བབ་འབྲེལ་མི་སྣང་ཞེས་བྱས་ཀྱང་སླར་བསྐུལ་བྱུང་བའི་ངོ་བོར་དེ་ལྟ་བུ་ཡིན་ཁུལ་དུ་ཤཱཀྱའི་བཙུན་པ་ཁྲི་ཟུར་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་ནས་རང་བློར་གང་ཐོན་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། མདྒ་ལཾ།།

འཇམ་དབྱངས་སེདྒེའི་སྒྲ་ཡབ་ཡུམ་གྱི་སྒྲུབ་ཐབས།

འཇམ་དབྱངས་སེདྒེའི་སྒྲ་ཡབ་ཡུམ་གྱི་སྒྲུབ་ཐབས་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། མ་ལུས་རྒྱལ་བའི་ཡེ་ཤེས་ཀུན། །གཅིག་བསྡུས་གཞོན་ནུའི་ཚུལ་འཛིན་པ། །འཇམ་པའི་དབྱངས་ཞེས་གྲགས་པ་དེར། །བཏུད་ནས་དེ་ཡི་སྒྲུབ་ཐབས་བྲི། །དེ་ཡང་འཇམ་དབྱངས་སྨྲ་བའི་སེདྒེ་ཡབ་ཡུམ་སྒྲུབ་པར་འདོད་པས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། མཆོད་པ་བྱིན་རླབས་བྱ་བ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལ་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་སྟེར་ནུས་པའི་བྱེད་ལས་དང་ལྡན་པར་གྱུར། ཨོོཾ་ཨརྒྷཾ་ཨཱཿཧཱུཾ། ནས་ཤཔྟ་ཨཱཿཧཱུཾ། ལྷ་བསྐྱེད་པ་ནི། ཨོོཾ་ཤཱུནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སིཾ་ལས་སེདྒེ་སྔོན་པོ་རལ་བ་དམར་སེར་གྱེན་དུ་ཕྱོགས་པའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་དྷཱི༔ ལས་རལ་གྲི་དྷཱི༔ས་མཚན་པ་དང་། རང་གི་མདུན་དུ་པདྨ་དང་ཟླ་བའི་གདན་ལ་ཧྲཱིཿལས་རལ་གྲི་ཧྲཱིཿས་མཚན་པ། དེ་དག་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། བཅུ་དྲུག་ལོན་པའི་ན་ཚོད་ཅན། འཛུམ་ཞིང་ཞི་བའི་ཉམས་དང་ལྡན་པ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱས་ཨུ ཏྤ་ལའི་སྡོང་བུའི་ཡུ་བ་ནས་འཛིན་ཅིང་། གཡས་གཡོན་གྱི་འདབ་མའི་སྟེང་དུ་ཤེས་རབ་ཀྱི་རལ་གྲི་དང་། ཤེར་ཕྱིན་གྱི་གླེགས་བམ་གྱིས་མཛེས་པ། མཚན་དཔེས་སྤྲས་ཤིང་དབུ་སྐྲ་མཐོན་མཐིང་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། མེ་ཏོག་གི་ཕྲེང་བ་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་དར་གྱི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། འོད་ཀྱི་ཕུང་པོའི་དབུས་ན་འགྱིང་བ་དང་བཅས་ཏེ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་ལྷ་མོ་དབྱངས་ཅན་མ་སྔོན་མོ་ཁྲོ་འཛུམ་གྱིས་མཛེས ་ཤིང་ལང་ཚོ་རྒྱས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། འགྱིང་བག་དང་བཅས་ཏེ་བཞེངས་པའི་སྟབས་ཀྱིས་བཞུགས་པར་གྱུར། དེ་གཉིས་ཀའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་རྗེ་བཙུན་འཇམ་པའི་དབྱངས་སྨྲ་སེང་ཡབ་ཡུམ་སྤྱན་དྲངས་ཨོོཾ་ཨཱཪྱ་མཉྫུ་ཤྲཱི་སྭ་ར་སྭ་ཏི་ས་པཱ་རི་ཝ་ར་ཨཻ་ཧྱི་ཧི་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ། གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་བཟུང་ནས་ཨོོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་གང་དྲི་མ་དག ཆུ་ལྷག་མ་སྤྱི་བོར་ལུད་པ་ལས་གཉིས་ཀ་ལ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོོཾ་ཨཱཪྱ་མཉྫུ་ཤྲཱི་ཡེ་སྭ་ར་སྭ་སྟི་ཨརྒྷཾ་པྲ་ཏཱི ཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱའི་བར་གྱིས་མཆོད་དེ། མཐའ་ཡས་འགྲོ་ལ་རྣམ་དཔྱོད་སྤོབས་པ་མཆོག །སྩོལ་མཛད་རྒྱལ་བའི་ཡབ་གྱུར་འཇམ་པའི་དབྱངས། །ཡུམ་མཆོག་ཚངས་སྲས་ལྷ་མོ་དབྱངས་ཅན་མའི། །ཞབས་ལ་གུས་འདུད་རྣམ་དཔྱོད་མཆོག་སྩོལ་མཛོད། །རང་གི་སྙིང་པདྨ་འདབ་བརྒྱད་དུ་གྱུར་པའི་དབུས་སུ་འཁོར་ལོ་དམར་སེར་རྩིབས་བཞི་པའི་ལྟེ་བར་རལ་གྲི་སྔོན་པོ་སོར་བཞི་པའི་འཆང་བཟུང་ལ་དྷཱིཿས་མཚན་པ། དེའི་མཐར་སྔགས་ཕྲེང་ཁ་དོག་དམར་སེར་གྱེན་དུ་འགྲེང་ནས་གཡས་སྐོར་དུ་འཁོར་བར་གྱུར། དྷཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། རང་གི་སྣ་བུག་གཡས་པ་ནས་འཐོན། དབྱངས་ཅན་མའི་ཤངས་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་རལ་གྲི་སྔོན་པོ་འཆང་བཟུང་ལ་ཧྲཱིཿཡིག་གིས་མཚན་པ་ལ་ཐིམ། སླར་འཐོན་ཡུམ་གྱི་ཤངས་བུག་གཡས་ནས་བྱུང་། རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་གའི་ས་བོན་ལ་ཐིམ་ཞིང་མགལ་མེའི་འཁོར་ལོ་ལྟར་འཁོར་བར་གྱུར་བར་བསམས་ཏེ། ཨོོཾ་དྷཱིཿཧྲཱིཿམ་མེ་དཱི་བཾ་མཉྫུ་ཤྲི་ཡེ་མུ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་དྷཱིཿཧྲཱིཿསྭཱ ཧཱ། བསྙེན་པ་འབུམ་ཕྲག་གཅིག་ཡིན་ལ། གཞན་ཅི་འགྲུབ་བཟླ། མཐར་ཡིག་བརྒྱ་བརྗོད་ཅིང་གོང་ལྟར་མཆོད་བསྟོད་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་འཇམ་དབྱངས་ཞེས་སོགས་བསྔོ་སྨོན་བྱའོ། །གཏོར་མ་འབུལ་ན། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྗེ་བཙུན་འཇམ་དབྱངས་སྨྲ་བའི་སེདྒེ་ཡབ་ཡུམ་འཁོར་བཅས་སྤྱན་དྲངས། ཀ་མ་ལ་ཡེ་སྟྭཾ། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོོཾ་ཨཱཪྱ་མཉྫུ་ཤྲི་ཡེ་སྭ་ར་སྭ་སྟི་ས་པཱ་རི་ཝ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ་ཏེ། གཞོན་ནུའི་ཆ་ལུགས་འཆང་བ་པོ། ། ཞེས་སོགས་སམ། སྔར་གྱི་བསྟོད་པས་བསྟོད་དེ། བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །ཞེས་སོགས་ཀྱིས་འདོད་དོན་ཞུ་གསོལ་བྱ། མ་རྙེད་ཅེས་སོགས་ཀྱིས་བཟོད་གསོལ་བྱས་ནས། ཡེ་ཤེས་པ་རང་ལ་ཐིམ་པར་གྱུར། ཞེས་པའམ། ཡང་ན། བཛྲ་མུཿ གཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཞེས་པ་གང་རུང་བྱས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་སྤྱི་འགྲེ་ལྟར་བྱའོ། །ཞེས་པ་འདི་ནི་འཇམ་དབྱངས་ཀྱི་སྒྲུབ་ཐབས་ཟབ་མོ་ཞིག་ཡིན་ནོ།། །།

ཛམྦྷ་ལ་ཡབ་ཡུམ་ཟུང་འབྲེལ་གྱི་སྒྲུབ་ཐབས།

ཛམྦྷ་ལ་ཡབ་ཡུམ་ཟུང་འབྲེལ་གྱི་སྒྲུབ་ཐབས་བཞུགས།

ན་མོ་བཛྲ་པཱ་ཎི་ཡེ། སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཾ་སེར་པོ་དང་བཾ་སེར་པོ། དེ་ལས་འོད་འཕྲོས། འགྲོ་བ་རྣམས་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་ཞི་བར་བྱས། སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ནས། ཚུར་འདུས་ཛཾ་དང་བཾ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་ཛམྦྷ་ལ་སྐུ་མདོག་སེར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་བི་ཛ་བཱུ་ར་ཀ་དང་གཡོན་ནེའུ་ལེ་འཛིན་པ། ཕྱེད་སྐྱིལ་གྱིས་བཞུགས་པའི་ཞབས་ཀྱིས་དུང་དང་པདྨའི་གཏེར་མནན་པ། ཨུཏྤ་ལའི་ཕྲེང་བ་དང་རིན་པོ་ཆེའི་རྒྱན་སྣ་ཆོགས་པས་བརྒྱན་པ། དེའི་གཡོན་དུ་ཡུམ་ལྷ་མོ་ནོར་རྒྱུན་མ་སེར་མོ་ཕྱག་གཡས་མཆོག་སྦྱིན་དང་། གཡོན་ཐུགས་ཀར་འབྲས་ཀྱི་སྙེ་མ་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། བུད་མེད་སྒྱུ་མའི་རྣམ་འགྱུར་གྱིས་མཛེས་པ། ཡབ་ཀྱི་དཀུ་གཡོན་ལ་ཕྱོགས་ཏེ་ཞབས་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། དེ་གཉིས་ཀྱི་སྦྱི་བོར་ཨོོཾ་དཀར་པོ། མགྲིན་པར་ཨཱ༔དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། བྱང་ཕྱོགས་ལྕང་ལོ་ཅན་ནས་ཨཱཪྱ་ཛམྦྷ་ལ་དང་ལྷ་མོ་ནོར་རྒྱུན་མ་ལ་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཨོོཾ་བཛྲ་ཨ་བྷི་ཥཱིཉྩ་ཧཱུཾ། ཞེས་གསུངས་ཤིང་སྤྱི་བོ་ནས་དབང་བསྐུར་བས། ལུས་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རིན་འབྱུང་གིས་དབུ་བརྒྱན་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོོཾ་ཨརྒྷཾ་ཨཱཿཧཱུཾ་ཞེས་སོགས་ཀྱིས་བྱིན་བརླབས་བྱ། དེ་ནས། ཨོོཾ་ཨཱཪྱ་ཛམྦྷ་ལ་བ་སུ་དྷ་རི་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱ ཧཱ། ཞེས་པའི་བར་གྱིས་མཆོད་དེ། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །ཕོངས་པའི་སྡུག་བསྔལ་ཞི་མཛད་ཛམྦྷ་ལ། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་བསྟོད། །དེ་ནས། རང་དང་ནོར་རྒྱུན་མའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཆོགས་པ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་གྱུར་པར་བསམས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ་དང་། ཨོོཾ་བ་སུ་དྷ་རི་ཎི་སྭཱཧཱ་ཞེས་པ་གཉིས་དང་གྲུབ་ན་གཟུངས་རིང་བཟླ་སྟེ། དེ་ཡང་ཡབ་ཀྱི་གཟུངས་རིང་དང་། ཡུམ་གྱི་གཟུངས་རིང་གཉིས་ཡོད་ཅིང་། དང་པོ་ལ་འདྲ་མི་འདྲ་འགའ་རེ་འབྱུང་ཡང་གཅིག་ནི། ན་མོ་ཨཱཪྱ་ཛམྦྷ་ལ། མ་ཧཱ་ཛམྦྷ་ལ། ཏདྱ་ཐཱ། སི་མི་སི་མི། སུ་མུ་སུ་མུ། ཙཎྜ་ཙཎྜ། ཙ་ར་ཙ་ར། ས་ར་ས་ར། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། ས་ད་ཡ་ད་མ། མ་མ་ན་ད་མ། ཨ་ནནྟེ་དནྟོ་ས་ཧ། ཨཱཪྱ་ཛམྦྷ་ལ་སྭཱཧཱ། མ་ནོ་ར་ཏ་པ་རི་པཱུ་ར་ཀ་སྭཱཧཱ་ཞེས་དང་། ཡུམ་གྱི་གཟུངས་རིང་མང་དུ་འདུག་ཀྱང་ཏོན་ན་ཕན་ཡོན་ཆེ་བར་བཤད་པས་བརྗོད་ན། ན་མོ་བྷ་ག་ཝ་ཏེ། བཛྲ་ནིར་གྷོ་ཥེ། ཏ་ཐཱ་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུ དྷ་ཡ། ཏདྱ་ཐཱ། ཨོོཾ་སུ་བེ་བྷ་དྲ་བ་ཏི། བ་ལེ་མདྒ་ལ་མ་ཏེ། ཨ་ཙ་ལེ་ཨ་ཙ་བ་ལེ། ཨུད་ག་ཏ་ནི། ས་བྷ་ཝ་ཏི། དྷ་ན་ཝ་ཏི། པྲ་བྷ་ཝ་ཏི། བི་མ་ལེ། ནིར་མ་ལེ། སུ་རུ་སུ་རུ་བེ། ས་བྷ་མ་ལེ། བི་མ་ལེ། ནིར་མ་ལེ། ཨ་ཙནྟེ། ཨ་ནནྟེ། བི་ན་མ་ཏེ། བི་ཤ་ནེ། ཤི་ནེ་ཤེ། ཨཾ་ཀུ་རེ། མང་ཀུ་རེ། པྲ་བྷང་ཀ་རེ། བི་ར་མེ། བི་དྷ་མ། རི་རི་མེ། དྷི་དྷི་མེ། དྷུ་དྷུ་མེ། ཁ་ཁ་མེ། ཏ་ཏ་ཁ་མེ། ཏ་ར་ཏ་ར། ཏ་ར་བཛྲེ་བཛྲེ། བཛྲོད་བྷ་མེ། ཏ་ཀ་ཏ་ཀ ཐ་ཀེ་ཐ་ཀེ ཨུ་ཀེ་བུག་ཀེ ཐ་ཀེ ཐ་ར་ཀེ ཨ་བ་ཏ་ནེ། བར་ཤ་ནི། ནེ་ཏྲ་དྷ་ནི། སཾ་ག་ར་ནིར་གྷོ་ཥ་ཡ། མ་ནུ་སྨ་ར་སྨ་ར། སརྦ་ས་ཏྭ་ཏ་ཐཱ་ག་ཏཱ། མ་ནུ་སྨ་ར། སད་ཏ་ཡ་མ་ནུ་སྨ་ར། དྷརྨ་ས ད་ཏེ་མ་ནུ་སྨ་ར། སདྒ་སད་ཏེ་མ་ནུ་སྨ་ར། ཏ་ཊ་ཏ་ཊ། པུ་ར་པུ་ར། པཱུ་ར་ཡ་པཱུ་ར་ཡ། བྷ་ར་བྷ་ར་ཎི། ཨ་མ་ལེ། སུ་མང་ག་ལེ། ཤནྟ་མ་ཏི། ཤུ་བྷ་བ་མ་ཏི། མདྒ་ལ་མ་ཏི། མ་ཧཱ་མ་ཏི། བྷ་ཏ་མ་ཏི། པྲ་བྷ་མ་ཏི། སུ་ཙནྡྲ་མ་ཏི། ཨཱ་གཙྪ་ཨཱ་ག །ཙྪ། ས་མ་ཡ་མ་ནུ་སྨ་ར་སྭཱཧཱ། ཨ་པ་ར་ཎ་མ་ནུ་སྨ་ར་སྭཱཧཱ། པྲ་བྷ་མ་ནུ་སྨ་ར་སྭཱཧཱ། དྷི་ཏི་མ་ནུ་སྨ་ར་སྭཱཧཱ། ཙྪེ་ད་མ་ནུ་སྨ་ར་སྭཱཧཱ། ཛམྦྷ་ཡ་མ་ནུ་སྨ་ར་སྭཱཧཱ། ཧྲྀ་ད་ཡ་མ་ནུ་སྨ་ར་སྭཱཧཱ། སརྦ་སད་ཏ་ཡ་མ་ནུ་སྨ་ར་སྭཱཧཱ། ཨོོཾ་བ་སུ་དྷ་རེ་སྭཱཧཱ། ཨོོཾ་ཤྲཱི་བ་སུ་སྭཱཧཱ། ཨོོཾ་མ་ཧཱ་བ་སུ་སྭཱཧཱ། འདི་མང་དུ་བཟླས་ན་འདི་ཕྱི་གཉིས་ཀ་ལ་ལོངས་སྤྱོད་འབྱུང་བར་བཤད་དོ། །གཟུངས་རིང་ཐུང་གཉིས་ཀ་གྲུབ་ན་རབ། མིན་ཡང་གཟུངས་ཐུང་གཉིས་བཟླས་པའི་མཇུག་ཏུ་ཡིག་བརྒྱ་དང་། སླར་མཆོད་བསྟོད་བྱ་ཞིང་། གཏོར་མ་འབུལ་ན། ཨ་མྲྀ་ཏས་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་པའི་གཏོར་མ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོོཾ་ཨཱཿཧཱུཾ། ལན་གསུམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ལྕང་ལོ་ཅན་སོགས་རང་བཞིན་གྱི་གནས་ནས་ཛ མ་ལྷ་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས། ཀ་མ་ལ་ཡེ་སྟྭཾ། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོོཾ་ཨཱཪྱ་ཛམྦྷ་ལ་བ་སུ་དྷ་རི་ས་པཱ་རི་ཝ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་ཕུལ་ཏེ། གོང་གི་བསྟོད་པ་དེའམ། ཡང་ན། ཡོ་བྱད་ནམ་མཁའི་མཛོད་ལ་དབང་བསྒྱུར་ཞིང་། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་མཛད་པ། །ཛམ་ལ་ནོར་རྒྱུན་ལྷ་མོ་འཁོར་བཅས་ལ། །གུས་པས་བསྟོད་དོ་འདོད་རྒུའི་དངོས་གྲུབ་སྩོལ། །ཅེས་བསྟོད་ཅིང་འདོད་དོན་ཞུ། མ་རྙེད་ཅེས་སོགས་ཀྱིས་བཟོད་གསོལ་བྱས་ནས། ཡེ་ཤེས་པ་གཤེགས་གསོལ་བྱ་བའམ། ཡང་ན། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་རང་ཡབ་ཡུམ་ལ་ཐིམ་པས་རང་ཉིད་ཛམྦྷ་ལར་གྱུར་པའི་སྤྱི་བོར་ཨོོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །ཛམ་ལ་འཁོར་བཅས་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་བྱའོ། །ཞེས་འཇམ་དབྱངས། སྤྱན་རས་གཟིགས། ཛམ་ལ་རྣམ་པ་གསུམ་གྱི་སྒྲུབ་ཐབས་འདི་ནི། རང་ཉིད་ཀྱི་ཕྱག་གཡོན་འཇམ་དབྱངས་རྒྱ་མཚོ་དང་། གཞི་པའི་ཤེས་རབ་རྒྱ་མཚོ་གཉིས་ཀྱིས་འདི་ལྟ་བུ་ཞིག་འབྲི་བར་མཛོད་དང་། ངེད་རྣམ་གཉིས་ཀྱིས་པར་དུ་བསྒྲུབ་པར་བྱའོ་ཞེས་ཟེར་ཏེ་བསྐུལ་བའི་ངོ་བོར་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མདྒ་ལཾ། །#div1 ལོ་གསར་གྱི་དུས་སུ་དཔལ་ལྡན་ལྷ་མོའི་ཚེས་གཏོར་འབུལ་ཚུལ།

ལོ་གསར་གྱི་དུས་སུ་དཔལ་ལྡན་ལྷ་མོའི་ཚེས་གཏོར་འབུལ་ཚུལ་བཞུགས།

ན་མོ་བཛྲ་བྷཻ་ར་ཝ་ཡེ། རྒྱལ་བའི་ཡབ་གཅིག་དྲག་མོའི་སྐུར། །མངོན་བཞེངས་གཤིན་རྗེ་གཤེད་ཀྱི་ཡུམ། །ལྷ་མོ་ནག་མོ་རེ་མ་ཏིའི། །ཞབས་པད་གུས་མཆོད་བདག་ཅག་སྐྱོངས། །འདིར་ལོ་གསར་གྱི་དུས་སུ་ཐོག་མར་དཔལ་ལྡན་ལྷ་མོ་ལ་ཚེས་གཏོར་འབུལ་ཚུལ་སྔོན་མ་དེ་འགའ་ཞིག་ལ་འདོན་མི་བདེ་བར་མཐོང་ནས། བདེ་བའི་ཆེད་དུ་ཕྱེ་ནས་བརྗོད་པར་བྱ་སྟེ། དེ་ཡང་འདིའི་མངོན་རྟོགས་ནས་སྨན་རག་འབུལ་བའི་ཚུལ་ཞིག་འབྱུང་བ་འདི་ནི། སྔ་འགྱུར་ཐེག་པ་ནས་བརྒྱུད་པའི་ལུགས་ཡིན་འདུག་ཀྱང་། ལྷ་མོ་འདིའི་ངོ་བོ་ནི་རྒྱུད་ནས་འབྱུང་བའི་ལྷ་མོ་ནག་མོ་ཞེས་བྱ་བ་སྟོན་པ་ཉིད་དང་ཕྱག་ན་རྡོ་རྗེས་བསྔགས་པ་དང་བཅས་ཏེ་བསྟན་སྲུང་ཐམས་ཅད་ཀྱི་གཙོ་མོར་བཀའ་བསྒོས་པ་དེ་ཉིད་ཡིན་ཏེ། ལྷ་མོ་དེ་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་ལྷ་མོ་ཁྱད་པར་ཅན་གསུམ་ཡོད་པའི་ནང་ནས་མ་ཏི་རེ་མ་ཏི་ཞེས་བྱ་བ་དེ་ལྷ་མོ་འདི་ཉིད་ཡིན་པར་སྣང་བའི་ཕྱིར་རོ། །དེར་མ་ཟད་མགོན་པོའི་ཡུམ་ལྷ་མོ་དང་ཆོས་རྒྱལ་གྱིི་ཡུམ་ཙ་མུཎྜི་གཉིས་ཀྱང་ལྷ་མོ་འདི་དང་རྒྱུད་གཅིག་གོ །དེས་ན་མཐུ་རྩལ་བྱིན་བརླབས་ཤིན་ཏུ་མྱུར་བས་དབུས་གཙང་གཉིས་སུ་རྒྱལ་དབང་དང་པཎ་ཆེན་སྔ་ཕྱི་རྣམས་ཀྱིས་ཀྱང་བསྟེན་ཅིང་། བསྟན་སྲུང་ཐམས་ཅད་ཀྱི་གཙོ་བོར་མཛད་ནས་མཆོད་པའི་རྒྱུན་ཕྱོགས་འདིར་དར་བ་བཞིན་དུ་མཆོད་གཏོར་སོགས་འབུལ་ཚུལ་ནི། དཔལ་ལྡན་ལྷ་མོའི་སྐུ་རྟེན་བྱིན་ཅན་ཕྱག་ལེན་བཞིན་བཀྲམ། མཆོད་གཏོར་དམ་རྫས་སྤྱན་གཟིགས་སོགས་ཕྱི་ནང་གསང་བའི་རྟེན་རྫས་རྣམས་ཕུལ་དུ་བྱུང་བར་བྱ་ཞིང་གོ་རིམ་དང་བཀོད་པ་མཛེས་པར་བྱས་ཏེ་སྒྲུབ་པ་པོ་རྣམས་འཁོད་ནས། མཆོད་གཏོར་དམ་རྫས་སྤྱན་གཟིགས་སོགས་བྱིན་གྱིས་བརླབ་པོ། །འདིར་འགའ་ཞིག་ལྟར་འདི་ཉིན་ལྷ་མོའི་སྐྱེད་ཆོག་ཞིག་སྔོན་དུ་བཏང་ན་འདི་འགལ་བ་མེད་ཀྱང་། ངེས་པར་དགོས་པ་ནི་མིན་ཏེ། འདིར་རབ་འབྱམས་རྒྱལ་བ་མས་ལྷ་མོ་འཁོར་བཅས་སྤྱན་དྲངས་ནས་ནམ་མཁར་བཞུགས་པར་མོས་པ་དེ་ཉིད་ལ་མཆོད་རྫས་རྣམས་འབུལ་བར་གསུངས་ཀྱི། སྐྱེད་ཆོག་ལོགས་སུ་བྱ་བར་མ་བཤད་པའི་ཕྱིར་རོ། །དེས་ན་རྣམ་དབྱེ་ཤེས་དགོས་སོ། །ཐོག་མར་སྤྱན་འདྲེན་པ་ནི། བྷྱོཿ རབ་འབྱམས་རྒྱལ་བ་ཀུན་གྱི་འཕྲིན་ལས་མ། ཞེས་པ་ནས། མྱུར་དུ་གཤེགས་སུ་གསོལ། ཞེས་དང་། དེ་ནས་རྒྱུན་དུ་ལྷ་མོ་ཁྱོད་བསྟེན་ནོ། །ཞེས་པ་ནས། དུས་བབ་ཀྱིན་ད་ཚུར་སྤྱོན། །ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛཿཛཿ ནག་མོ་གདུག་ཅན། ནས། གདན་ལ་བཞུགས། ཟ་བྱེད་ནག་མོ། ནས་ཕྱག་བགྱིད་དོ། །སྐུ་གསུམ་ལྷུན་གྲུབ་མ་ཡང་བརྗོད་དེ། མཆོད་པ་སྔར་བྱིན་གྱིས་མ་བརླབས་ན་འདིར་བྱིན་རླབས་བྱས་ནས། ཇི་ལྟར་་འབུལ་ཚུལ་ནི། བྷྱོཿ བདག་གི་དངོས་བཤམས། །ཞེས་སོགས་ཀྱིས་ཨརྒྷཾ་ནས་ཤཔྟའི་བར་དང་། རཱུ་པ་ནས་སྤཪྴའི་བར་ཀྱིས་མཆོད། དེ་ནས་མཆོད་དོ་ཕྱོགས་བཅུ་ཞེས་པ་ནས། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། སྐབས་འདིར་ནང་མཆོད་བསྡུ་ན་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ་ཧིས་ཀྱང་ཆོག་པར་སྣང་ངོ་། །དེ་ནས། ཕྲ་མོ་སྤོམ་པོ་ནས། པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ནང་མཆོད་དང་། ཆུ་དང་མ་འདྲེས་ནས་རཀྟ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་རཀྟ་འབུལ། དེ་ནས་ཤ་ཁྲག་ལ་སོགས་ནས། བཞེས་སུ་གསོལ། ཞེས་བརྗོད་ཅིང་། འབུལ་གཏོར་ལ་དམིགས་ཏེ། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པའི་ལྗགས། །ནས་གསོལ་བར་གྱུར། ༀ་ཀཱ་ལི་དེ་བི་ནས་ཁ་ཁ་ཁཱ་ཧི་ཞེས་པ་ལན་བདུན་ནམ་ཉེར་གཅིག་གིས་འབུལ། སྐབས་འདིར་དཔལ་ལྷ་དང་ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་སོགས་ལ་གཏོར་མ་འབུལ་ན་སྤྱན་དྲངས་ཏེ་གཞུང་བཞིན་ཕུལ་ནས། བྷྱོཿ དཔལ་ལྡན་ལྷ་མོ་དཔག་པར་དཀའ་བ་ཁྱོད། །ཞེས་པ་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་གྱི་ཡན་ལག་བདུན་པ་བྱའོ། །དེ་ནས་རྟེན་རྫས་ལ་བྱ་ཁྱི་ནད་རྐྱལ་མ་གཏོགས་འབུལ་བ་ནི། བྷྱོཿ སྤྲིན་གྱི་ཤུགས་འཆང་དྲེའུ་རྐྱང་སེར་འདི། །སྲིན་པོའི་ཐོད་སྒ་ནས་ཡུད་ཀྱིས་བསྐོར་བའི་བཞོན་པ་འདི། །དཔལ་ལྡན་དམག་ཟོར་རྒྱལ་མོའི་རྟེན་དུ་འབུལ། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་རྟེན་དུ་འབུལ། རྟེན་ལས་མ་འདའ་འབེམ་ལས་མ་གཡོ་བར། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་པ་་དང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །རྫུ་འཕྲུལ་ཤུགས་ལྡན་རླུང་ལྟར་ནས་འཛིན་མའི་རྒྱན་གྱུར་རྟ་ནག་ཚོགས་འདི་དག །དཔལ་ལྡན༴ འཁོར་ཚོགས༴ རྟེན་ལས༴ སངས་རྒྱས༴ རབ་བརྗིད་ཨིནྡྲ་ནཱི་ལའི་ནས། གཡག་རོག་ཞོལ་ཆེན་འདི། དཔལ་ལྡན༴ འོ་མའི་རྒྱུད་འཛིན་འདོད་པ་ཀུན་འཇོ་ཞིང་། །ཆར་སྤྲིན་ལྟ་བུར་མཛེས་པའི་རྔ་ཞོལ་ཅན། །རྣམ་བཀྲ་་དར་གྱི་ཅོད་པན་མང་པོས་བརྒྱན། །ནོར་འཛིན་མཛེས་བྱེད་ཞོལ་མོའི་ཆོགས་་འདི་དག། །དཔལ་ལྡན ༴ འཇམ་པའི་སྤུ་ཚོགས་ཆར་ནས་ལུག་ནག་ཚོགས་འདི་དག །དཔལ་ལྡན༴ འཇིགས་རུང་བདུད་སྡེའི་ནས གོ་ཁྲབ་འདི༴ དཔལ་ལྡན༴ གང་ཞིག་བཏབ་པས་ནས། མཚོན་ཆ་འབར་བ་འདི། དཔལ་ལྡན༴ དམ་ཉམས་དགྲ་བགེགས་ནས་ནད་ཐོད་འདི། དཔལ་ལྡན༴ གཞན་ཡང་སྔོ་་དམར་མཚོན་གྱི་གྲུ་གུ་དང་། རེ་ནག་གོས་དང་ནས་ཆ་རྐྱེན་དམ་པ་འདི། དཔལ་ལྡན༴ བྷྱོཿ རི་ལྟར་སྤུངས་པའི་ནས་དུ་མས་བརྒྱན་པ་འདི། །དཔལ་ལྡན༴ རྡོ་རྗེའི་ཐོག་དང་ནས་མཚོན་ཆ་འདི། དཔལ་ལྡན༴ ཉི་ཟླ་རི་རབ་ནས་མཆོད་སྤྲིན་འདི། །དཔལ་ལྡན༴ དུས་གསུམ་རྒྱལ་བའི་ནས་བླ་མེད་རྟེན་མཆོག་འདི། དཔལ་ལྡན༴ འཁོར༴ རྟེན༴ སངས་རྒྱས༴ དེ་ནས་གཞན་ཡང་་དཔལ་ལྡན་ལྷ་མོ་ལ། བསྟན་པ་སྲུང་བའི་ཆ་རྐྱེན་དུ། ཞེས་པ་ནས༴ འབད་མེད་ལྷུན་གྱི་གྲུབ་པར་མཛོད། ཅེས་པའི་བར་བརྗོད། སྐབས་འདིར་གཏོར་ཆེན་འབུལ་བར་བྱ་སྟེ། ཤ་ཁྲག་ལ་སོགས་ཀྱི་མཇུག་ཏུ། དཔལ་ལྡན་ལྷ་མོ་་འཁོར་དང་བཅས་པའི་ལྗགས་ནས་དྲང་ཏེ་གསོལ་བར་གྱུར། ༀ་ཀཱ་ལི་དེ་ཝི་ནས་ཁཱ་ཧིའི་བར་ཉུང་མཐའ་ཉེར་ལྔ་ནས་མང་མཐའ་བརྒྱའི་བར་བརྗོད་ཅིང་འབུལ། དེ་ནས་མཆོད་པ་དང་ནང་མཆོད་ཀྱང་འདོད་ན་ཕུལ་ཆོག །གཏོར་རྫོངས་ནི། བྷྱོཿ ཤ་ཆེན་ཚོགས་ནི་རི་ལྟར་སྤུངས། ཞེས་པ་ནས། ལོངས་སྤྱོད་འཕེལ་བར་མཛོད། །ཞེས་པའི་བར་དང་། གཞི་བདག་གི་གཏོར་མ་ཡང་བསྔོ། དེ་ནས་བྷྱོཿལྷ་ལ་དབང་བསྐྱུར་ལྷ་མོ་དཔལ་འབར་མ། དབང་པོ་བརྒྱ་བྱིན་བུ་མོ་ཡིད་འོང་མ། །སུམ་ཅུ་རྩ་གསུམ་གནས་ཀྱི་གཙོ་མོ་སྟེ། ལྷ་མོ་རེ་མ་ཏི་ལ་ཕྱག་འཚལ་ལོ། །ཀླུ་ལ་དབང་བསྒྱུར། །གཙུག་ན་རིན་ཆེན་བུ་མོ་ནོར་འཛིན་མ། རོལ་མཚོ་བདུན་གྱི་གནས་ཀྱི༴ ཀླུ་མོ་རེ་མ༴ གནོད་སྦྱིན་དབང་བསྒྱུར༴ གང་བ་བཟང་མོའི་བུ་མོ་གཟི་ལེགས་མ། །བྱ་དཀར་ཅན་གྱི་གནས་ཀྱི༴ གནོད་སྦྱིན་རེ་མ༴ བདུད་ལ་དབང་བསྒྱུར༴ རེ་ལྟེ་་འགོ་ཡག་བུ་མོ་དྲི་ལྡན་མ། །བདུད་མཁར་རྩེ་དགུའི་གནས་ཀྱི༴ བདུད་མོ་རེ་མ༴ ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ནས་འཕེལ་བར་མཛད་དུ་གསོལ། །ཞེས་པའི་བར་དང་། བྷྱོཿ དཔལ་གྱི་གཟུགས་ལ་འདོད་ཁམས་གཙོ་མོ་ཁྱོད། །དྲེའུ་རྟ་ཞོན་ནས་དཔག་ཚད་ལྔ་བརྒྱར་རྒྱུག །།བེ་ཅོན་ནད་ཐོད་དམ་པའི་རང་རྟགས་འཛིན། །རེ་ལྡེའི་སྟོད་གཡོགས་སྤྲུལ་གྱི་ཤམ་བུ་ཅན། །ལྟེ་བར་ཉི་ཤར་གཙུག་ན་ཟླ་བ་རྒྱས། །འདོད་རྒྱུའི་མཆོག་་སྦྱིན་དབྱིངས་ཕྱུག་དཔལ་འབར་མ། ལྷ་མོ་རེ་མ་ཏི་ལ་བསྟོད་པར་བགྱི། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཞེས་པས་བསྟོད་ལ། དེ་ནས་ཐམས་ཅད་ཕངས་ཏེ། བྷྱོཿ ཆོས་དབྱིངས་དབང་ཕྱུག་མ་གཅིག་བདུད་ཀྱི་ཡུམ། ཞེས་པ་ནས། བྱ་ཁྱི་ལྕེ་སྤྱང་ལ་སོགས་འཁོར་དང་བཅས། །ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་དང་། །ཡུལ་ལྷ་གཞི་བདག་གཉན་པོ་་འཁོར་དང་བཅས། །དགྲ་བོའི་སྲོག་ལ་དབང་བྱེད་བཤན་པའི་ཚོགས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཅེས་བརྗོོད་དེ་གཏོར་མ་བྱང་ཤར་མཚམས་སུ་གཤེགས་ལ། ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །འཛམ་བུ་ཏི་བའི་ཞལ་ཟས༴ སྨན་རག་ཕུད་ཀྱི་མཆོད་པ༴ ཛ་གད་དཔའ་བོའི་སྨན་ཕུད༴ གཙང་མ་ཕུད་ཀྱི་གསེར་སྐྱེམས༴ སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་གཏོང་། །ད་བཅོལ་ལེགས་པའི་གསོལ་འདེབས་གཉེན་པོར་བཞེས། །འཁོར་རྣམས་སྐྱོང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམས་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླགས་པ་དང་། །བསྟན་པ་རྒྱས་པའི་ལས་འདི་ཁྱོད་ཀྱིས་སྒྲུབས། །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་སྐྱོངས་ཡུན་རིང་ཞབས་བརྟན་ཤོག །ཞེས་པ་དང་། དེ་ནས་སླར་གདན་ལ་འཁོད་དེ། མངའ་གསོལ་བྱ་བ་ནི། བྷྱོཿ རྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མ་དང་། །བདེ་ཆེན་ཆོས་སྐུའི་ངང་དུ་རོ་གཅིག་ཀྱང་། །རབ་འབྱམས་འཕྲིན་ལས་སྒྲུབ་མཛད་ལྷ་མོ་ཁྱོད། །བཀའ་བརྒྱུད་བླ་མའི་ཚོགས་སུ་མངའ་གསོལ་ལོ། །ལྷན་ཅིག་སྐྱེས་དངོས་བདེ་ཆེན་ནམ་མཁའི་ངང་། །གྲངས་མེད་གཟུགས་སྐུའི་སྒྱུ་འཕྲུལ་དྲ་བ་ཅན། །མ་ལུས་རྒྱལ་བའི་ཡུམ་ཁྱོད་རྒྱུད་སྡེ་བཞིའི། །དཀྱིལ་་འཁོར་ལྷ་ཚོགས་ངོ་བོར་མངའ་གསོལ་ལོ། །སྐུ་གསུམ་ལྷུན་གྲུབ་རྫོགས་པའི་་སངས་རྒྱས་ཏེ། །སྤངས་རྟོགས་དབྱེར་མེད་ཞིར་གྱུར་དམ་པའི་ཆོས། །རིག་གྲོལ་མཐར་ཕྱིན་འཕགས་ཚོགས་ཀུན་གྱི་གཙོ། །སྐྱབས་གནས་དཀོན་མཆོག་གསུམ་དུ་མངའ༴ འོད་སྲུང་བསྟན་པའི་མཇུག་ཏུ་ལྷ་མོ་ཁྱོད། །ཉི་མའི་གཉེན་་དང་སྨོན་ལམ་ལྷན་ཅིག་པས། །ཞིང་འདིར་ཐུབ་བསྟན་སྲུང་དང་སྤེལ་མཛད་པའི། །བཀའ་སྲུང་ཀུན་གྱི་གཙོ་མོར༴ ཞིང་སྐྱེས་ལྷན་ཅིག་སྐྱེས་དང་སྔགས་སྐྱེས་ཀྱི། །གནས་གསུམ་མཁའ་གྲོའི་ཚོགས་ལ་དབང་བསྒྱུར་ཞིང་། །ཐོགས་མེད་དངོས་གྲུབ་ཆར་འབེབས་ལྷ་མོ་ཁྱོད། །མཁའ་འགྲོ་ཀུན་གྱི་གཙོ་མོར༴ ཁྱོད་ནི་སྲིད་གསུམ་མ་ལུས་ཀུན་གྱི་བདག །འདོད་ཁམས་དབང་བསྒྱུར་སྡེ་བརྒྱད་བྲན་དུ་འཁོལ། །འཇིག་རྟེན་འཇིག་རྟེན་འདས་པའི་སྲུང་མའི་གཙོ། །སྣང་སྲིད་ཀུན་གྱི་བདག་མོར༴ བདག་ཅག་དཔོན་སློབ་མི་ནོར་དགོན་གནས་བཅས། །ཀུན་གྱི་སྲུང་མར་མངའ་གསོལ་གཉེར་གཏད་ཀྱི། །དེང་ནས་བཟུང་ཏེ་བྱང་ཆུབ་སྙིང་པོའི་བར། །རབ་འབྱམས་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཞིག །དེ་ནས་ཡིག་བརྒྱ་བརྗོད་དམ་མིན་ཀྱང་མ་རྙེད་ཡོངས་སུ་ཞེས་སོགས་ཀྱིས་བཟོད་གསོལ་དང་། འདིར་ནི་གཟུགས་དང་ཞེས་སོགས་ཀྱིས་རྟེན་ལ་བསྟིམ་པར་བྱའོ། །བཀྲ་ཤིས་ནི། །བྷྱོཿ དྲན་པ་ཙམ་གྱིས་དངོས་གྲུབ་མཆོག་སྩོལ་བའི། །རྩ་བ་བརྒྱུད་པའི་བླ་མ་མཆོག་རྣམས་དང་། །སྐུ་བཞིའི་བདག་ཉིད་དཀྱིལ་འཁོར་འཁོར་ལོའི་གཙོ། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །རབ་ཞི་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། ཐབས་མང་སྤྲུལ་པས་བསྟན་པ་སྲུང་མཛད་ཅིང་། །སྒྲུབ་པ་པོ་རྣམས་བུ་བཞིན་སྐྱོང་མཛད་པའི། །དཔལ་ལྡན་དམག་ཟོར་རྒྱལ་མོའི༴ ཆོས་བཞིན་སྒྲུབ་པའི་གང་ཟག་སྐྱོང་བ་དང་། བསྟན་དགྲ་དམ་ཉམས་ཕྱེ་མར་འཐགས་པ་ལ། །ནམ་་ཡང་གཡེལ་བ་མེད་པའི་འཕྲིན་ལས་ཅན། །གདུག་པའི་འཁོར་ཚོགས་རྒྱ་མཚོའི༴ བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྲུབ་པའི། །ཡོན་ཏན་རྒྱ་མཚོ་མཆོག་གི༴ འབད་དང་རྩོལ་བ་མི་དགོས་པའི། །ཞེས་པ་ནས། བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་དང་། གཞན་ཡང་ཤིས་བརྗོད་ཅི་རིགས་བྱའོ། །ཅེས་པ་འདི་ཡང་འགའ་ཞིག་གིས་བསྐུལ་པས་རྐྱེན་བྱས་ཏེ་གཞན་ལའང་ཕན་སྙམ་པའི་བསམ་པས་གཞུང་ན་ཁ་འཕངས་ཤིང་ཐོར་རྣམས་ཡོད་པ་རྣམས་བླངས་ཏེ་འདོན་བདེ་བར་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་བསྒྲིགས་པ་སྟེ། པར་གྱི་ཡི་གེ་པ་ནི་དཀའ་བཅུ་འཇམ་དབྱངས་དོན་ཡོད་དོ། །མངྒལཾ།། །།

འཇིགས་བྱེད་དཔའ་བོ་གཅིག་པའི་མངོན་རྟོགས་བསྡུས་པའི་རྣམ་གྲངས་བརྗོད་པ་བདུད་ལས་རྒྱལ་བྱེད།

འཇིགས་བྱེད་དཔའ་བོ་གཅིག་པའི་མངོན་རྟོགས་བསྡུས་པའི་རྣམ་གྲངས་བརྗོད་པ་བདུད་ལས་རྒྱལ་བྱེད་ཅེས་བྱ་བ་བཞུགས།

ན་མོ་བཛྲ་བྷཻ་ར་ཝ་ཡེ། འདིར་འཇིགས་བྱེད་བདུད་ལས་རྣམ་རྒྱལ་དུ་གྲགས་པ་དཔའ་བོ་གཅིག་པའི་སྒྲུབ་ཐབས་བསྡུས་པ་ཞིག་བརྗོད་པར་བྱ་སྟེ། བསྡུས་པ་བྱེད་ཚུལ་ལ་རྒྱ་གཞུང་ནས་གཞལ་ཡས་ཁང་ཡོད་མེད་གཉིས་འབྱུང་བ་ལྟར། བོད་ཀྱི་མཁས་པས་མཛད་པ་ལ་ཡང་དེ་གཉིས་འདུག་ཅིང་། །འོན་ཀྱང་ལཱ་ལི་ཏའི་བཞེད་པ་ནི་གཞལ་ཡས་ཁང་ཡོད་པའི་ལུགས་སོ། །གཞལ་ཡས་ཁང་ཡོད་པའི་ཕྱོགས་ལའང་བསྐྱེད་ཚུལ་མི་འདྲ་བ་རྒྱ་གཞུང་དང་བོད་ཀྱི་མཛད་པའི་སྒྲུབ་ཐབས་གཉིས་ཀ་ནས་འབྱུང་ཡང་། །འདིར་པཎ་ཆེན་གོང་མ་དང་ཅང་སྐྱ་ཞབས་ཀྱིས་མཛད་པའི་དཔའ་བོ་གཅིག་པའི་མངོན་རྟོགས་ལས་གཞལ་ཡས་ཁང་བསྐྱེད་ཚུལ་བསྡུས་པ་མཛད་པའི་རྗེས་སུ་འབྲང་ནས་འཆད་པ་ལ། ཡོ་བྱད་དགོས་པ་རྣམས་ཚོགས་པར་བྱས་ཏེ། །རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། ནང་མཆོད་བྱིན་རླབས་རྒྱས་པ་ནི་བཅུ་གསུམ་མ་ལྟར་དང་། བསྡུ་ན། གཉིས་ལས། དང་པོ་ནི། ཧྲཱིཿཥྚཱིཿས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཨཱཿལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དབུས་དང་ཕྱོགས་བཞིར་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་ཤ་ལྔ་གོ་ཀུ་ད་ཧ་ནས་མཚན་པ་མཚམས་བཞི་དང་དགུས་ལཾ་མཾ་པཾ་ཏཾ་བཾ་ལས་བདུད་རྩི་ལྔ་བི་ར་ཤུ་མ་མུས་མཚན་པ། །དེ་དག་གི་སྟེང་དུ་ༀ་ཨཱཿཧཱུཾ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རླུང་ལ་ཕོག །རླུང་གཡོས། མེ་སྦར། ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་ཁོལ། །ཡི་གེ་གསུམ་གྱི་འོད་ཟེར་གྱིས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་སྤྱན་དྲངས་ནས་ཡི་གེ་གསུམ་ལ་ཐིམ་པས་ཐོད་པར་ལྷུང་ནས་ཞུ་བས་སྦྱངས་རྟོགས་སྤར་གསུམ་བྱས་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། པཎ་ཆེན་གྱི་དེར་བསྡུ་ན། ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད་པར་བཤད། མཆོད་པ་བྱིན་གྱིས་བརླབ་ཚུལ་བསྡུས་པ་ཡོད་ཀྱང་བཅུ་གསུམ་མ་ལྟར་བྱས་ན་ལེགས། ཚོགས་ཞིང་ནི། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་མུ་མེད་པ་གསལ་བར་བྱས། །དེ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་ཀྱིས་བསྐོར་བའི་རྡོ་རྗེ་འཇིགས་བྱེད་བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། །འོད་ཟེར་རང་གི་སྙིང་ཁར་ཐིམ། །གང་གི་དྲིན་གྱི་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་སམ། བསྡུ་ན། ན་མོ་གུ་རུ་བཛྲ་བྷཻ་ར་ཝ་ཡ་བྷྱཿ ཞེས་པས་ཕྱག་བྱ། རང་གི་སྙིང་ཁའི་ཧཱུཾ་གི་འོད་ཟེར་ལས་བྱུང་བའི་ཙ་རྩི་ཀ་དཀར་མོ། །ཕག་མོ་སྔོན་མོ། །དབྱངས་ཅན་མ་དམར་མོ། །གཽ་རི་ལྗང་ཁུ་རྣམས་ཕྱག་ན་མཆོད་རྫས་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་མཆོད་པར་གྱུར། །ༀ་ཧྲཱིཿཥྚཱིཿཧ་ༀ་ཧཱུཾ་ཧཱུཾ་ཕཊ། ༀ་ཝི་ཀྲྀ་ཏཱ་ན་ན་དུཥྚཾ་ས་ཏྭ་ད་མ་ཀ་གཿགཿགཿ ༀ་ཀུ་མཱ་ར་རཱུ་བི་ཎེ་ཛཿཛཿཧཱུཾ་ཕཊ། ༀ་ཧྲཱིཿཧ་ཧེ་ཕཊ། ༀ་དཱིབྟ་ལོ་ཙ་ན་ཝི་ཀྲྀ་ཏཱ་ན་ན་མ་ཧཱ་ཨ་ཊྚ་ཊྚ་ཧཱ་ས་ན་དི་ནི་དཱིཔྟ་ཡ་སྭཱཧཱ། ༀ་བཛྲ་ནཻ་ཝིདྱཱ་ཨཱཿཧཱུཾ། ༀ་བཛྲ་ཤཔྟ་ཨཱཿཧཱུཾ། མཆོད་ལྷ་བསྡུ་ན། རང་གི་སྙིང་ཁའི་ཧཱུཾ་ལས་བྱུང་བའི་ལྷ་མོ་རྣམས་ཀྱི་མཆོད་པར་གྱུར། ཅེས་བྱ། སྡིག་པ་རྣམས་ནི་བཤགས་པར་བྱ། །སྐྱེས་ཤིང་བྱུང་བ་རྣམས་ནི་བསམ། །མི་བྱེད་པར་ཡང་སྤྱན་སྔར་བརྗོད། །དེ་བཞིན་བསོད་ནམས་རྗེས་ཡི་རང་། །བདག་གིས་བདེར་འགྲོ་ཡོངས་སུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་བདག་གིས་དགྲོལ། །བྱང་ཆུབ་གནས་ལ་དགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་འདི་དབུལ་བར་བགྱི། །ཡང་དག་རྫོགས་པའི་སངས་རྒྱས་དང་། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་པར་བགྱི། །ཞེས་པས་བདུན་རྣམ་དག་བྱ། བསྡུས་པ་ལ་རིགས་ལྔའི་སྡོམ་བཟུང་མི་དགོས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ཚད་མེད་བཞི་བསྒོམས་ཏེ་བསོད་ནམས་ཀྱི་ཚོགས་གསོག །དེ་ནས། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ ྅་ཧཾ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར། རྟག་ཆད་ལ་སོགས་པ་མཐའ་བཞི་དང་བྲལ་བ་རང་བཞིན་སྟོང་པ་ཉིད་དུ་གྱུར། ཅེས་པས་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་འཆི་བ་ཆོས་སྐུའི་ལམ་འཁྱེར་བསྒོམ། འདིའི་རྒྱ་གཞུང་དག་ན་གཞལ་ཡས་ཁང་གི་སྐོར་བསྡུས་ཤིང་། །འདིར་ཡང་གཞལ་ཡས་ཁང་བསྡུས་ཏེ་བསྒོམ་པ་ལ་པཎ་ཆེན་རིན་པོ་ཆེས་འབྱུང་བཞི་བསྒོམ་པར་མ་བཤད་ཅིང་། ཅང་སྐྱ་ཞབས་ཀྱི་སྒྲུབ་ཐབས་བསྡུས་པ་ལས་འབྱུང་བཞི་བསྡུས་ནས་བསྐྱེད་པ་ལྟར་བྱས་ན། སྟོང་པའི་ངང་ལས་ཡཾ་རཾ་བ}་ལས་བྱུང་བའི་འབྱུང་བཞིའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པའི་འོད་ཟེར་ལས་རྡོ་རྗེའི་ས་གཞི་རབ་གུར་བླ་རེ་མེ་རི་དང་བཅས་པ། དེའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་སྲུང་བའི་འཁོར་ལོའི་དབུས་སུ་ཧཱུཾ་ལས་བྱུང་བའི་ཆོས་འབྱུང་གི་ནང་དུ་པདྨའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། འདིར་པཎ་ཆེན་གྱི་དེར་དུར་ཁྲོད་སྔར་ལྟར་བསྐྱེད་པར་མཛད་ལ། ཅང་སྐྱ་ཞབས་ཀྱི་བསྡུས་པ་དེར་བསྐྱེད་པའི་སྐབས་འདིར་དུར་ཁྲོད་ཀྱི་གསལ་ཁ་མི་སྣང་ཡང་། ཉེར་བསྡུ་ལ་དུར་ཁྲོད་འབྱུང་། གཞལ་ཡས་ཁང་གི་ནང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་པའི་མདོག་ཅན་གྱི་སྟེང་དུ་ཨ་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ནས། དྷིཿས་མཚན་པའ་ིབར་རམ། ཡང་ན། དཀྱིལ་འཁོར་གྱི་སྟེང་དུ་ཨཱཿ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ། ཞེས་ཅང་སྐྱ་ཞབས་ཀྱིས་བཤད་པ་ལྟར་རམ། གང་ལྟར་ཡང་། དེ་ལས་འོད་ཟེར་འཕྲོོས་བདེ་བར་གཤེག་པ་ཐམས་ཅད་སྤྱན་དྲངས། དྷཱིཿལ་ཐིམ་དེ་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཡིད་ཙམ་ཁྲོས་པ། ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་གྱི་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར། ཞེས་བར་དོ་ལོངས་སྐུའི་ལམ་ཁྱེར་བསྒོམས། བསྡུ་ན། འཇམ་དཔལ་སེར་པོ་གཡས་རལ་གྲི་དང་གཡོན་གླེགས་བམ་འཛིན་པ། མཚན་དཔེས་སྤྲས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཞེས་བྱར་རུང་སྟེ་རྒྱ་གཞུང་འགའ་ལས་ཀྱང་དེ་བཞིན་དུ་བཤད། གང་བྱས་ཀྱང་། དེའི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་དང་། རྡོ་རྗེ་རྣོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་དང་། སེམས་མ་རྡོ་རྗེ་མ་ལ་སོགས་པའི་རིག་མ་རྣམས་སྤྱན་དྲངས། ཞེས་པའམ། ཅང་འགྱས་ཕྱོགས་བཅུ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་རྣམས་སྤྱན་དྲངས། ཞེས་བཤད་དེ་གང་རུང་གིས་ཆོ་ག་གང་ཡིན་ཀྱང་། འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པ་ལས་འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་འཁོར་དུ་གྱུར། དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ཁ་འོད་ཟེར་ལྔ་དང་ལྡན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་རྣམས་སྤྱན་དྲངས། ཧཱུཾ་ལ་ཞུགས་པ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ་རྩེ་དགུ་པ་རྭ་ཤིན་ཏུ་གདེང་པ། འོད་ཟེར་ལྔ་དང་ལྡན་པ་ལྟེ་བ་ལ་ཧཱུཾ་ཡིག་གིས་མཚན་པ། དེ་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་རྣམས་སྤྲོས་ཏེ། ནམ་མཁའི་ཁམས་ཐམས་ཏིལ་གྱི་གང་བུ་བཞིན་དུ་གང་བ་ཉི་མ་ལ་གནས་པས། །སེམས་ཅན་རྣམས་སྨིན་པར་བྱས་ནས་རྡོ་རྗེ་འཇིགས་བྱེད་ཐོབ་པར་བྱས་པ་དང་ལྷན་ཅིག །ཏུ་འདུས་ནས་རྡོ་རྗེ་ལ་ཐིམ་པར་གྱུར། ཞེས་སམ། བསྡུ་ན་ཅང་སྐྱས་ཉི་མ་ལ་ཞུགས་པ་ལས་ཉི་མའི་སྟེང་དུ་ཧཱུཾ་ཡིག་མཐིང་ཁ་དེ་ལས་འོད་ཟེར་འཕྲོོས། སངས་རྒྱས་དང་ནས། སྤྱན་དྲངས། ཧཱུཾ་ལ་ཐིམ་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་དགུ་པ་ཧཱུཾ་གིས་མཚན་པར་གྱུར། དེ་ལས་སངས་རྒྱས་དང་ནས། ཚོགས་རྣམས་སྤྲོས་ཏེ་སེམས་ཅན་ཐམས་ཅད་རྡོ་རྗེ་འཇིག་བྱེད་ཀྱི་གོ་འཕང་ལ་བཀོད་པ་དང་ལྷན་ཅིག་ཏུ་འདུས་ནས་རྡོ་རྗེ་ལ་ཐིམ་པར་གྱུར། ཞེས་བཤད་པ་ལྟར་ཡང་རུང་སྟེ་རྒྱ་གཞུང་འགའ་ཞིག་ལས་ཀྱང་ངོ་། །གང་ལྟར་ཡང་། ཟླ་བ་ཉི་མ་རྡོ་རྗེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གྱི་སྟེང་དུ་རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག །ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། །ཞེས་དང་། བྲེལ་བའི་ཚེ་བསྡུ་ན། སྦྲུལ་དང་རུས་པའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་། ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། །ཅེས་པ་ཙམ་གྱིས་ཀྱང་འགྲུབ་སྟེ། གསང་བདེ་འཇིགས་གསུམ་སོགས་ཀྱི་བསྙེན་པའི་སྐབས་ལྟ་བུ་ལ་དལ་བྲེལ་གྱི་དབང་གིས་ཐུན་བཞི་ལ་རྒྱས་བསྡུས་གང་རུང་བྱ་བ་བཤད་པའི་ཕྱིར་རོ། །འོན་ཀྱང་གཞུང་ལྟར་བསྐྱེད་ཆོག་རྒྱས་པ་བྱས་ན་ལེགས་པས། ཁམས་གསུམ་པོ་ཟ་བར་ནུས་པ། །ཧ་ཧ་ཞེས་སྒྲོག་ཅིང་ལྗགས་འདྲིལ་བ། །མཆེ་བ་རྣམ་པར་གཙིགས་པ་ཁྲོ་གཉེར་ཅན། ཁྲོ་གཉེར་གྱི་འགྲམ་དུ་སྨིན་མ་དང་སྤྱན་འཇིག་པའི་དུས་ལྟར་འབར་བ། །སྐྲ་ཁམ་སེར་གྱེན་དུ་བརྫེས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་བསྡིགས་མཛུབ་བྱེད་པ། འཇིགས་པ་རྣམས་ཀྱང་འཇིག་པར་མཛད་པ། ཕཻཾ་ཀ་རའི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོགས་པ། མིའི་ཁྲག་དང་ཞག་དང་རྐང་དང་ཚིལ་བུ་ཟ་བ། འཇིགས་སུ་རུང་བའི་ཐོད་པ་བསྐམ་པོ་ལྔས་ཐོད་བྱས་ཤིང་། མི་མགོ་རློན་པ་ལྔ་བཅུའི་ཐོད་པའི་འཕྲེང་བས་བརྒྱན་པ། སྤྲུལ་ནག་པོའི་མཆོད་ཕྱིར་ཐོགས་ཞིང་མི་རུས་ཀྱི་འཁོར་ལོ་དང་རྣ་ཆ་ལ་སོགས་པ་རུས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། གསུས་པ་ཆེ་བ་གཅེར་བུའི་གཟུགས་ཅན། མཚན་མ་གྱེན་དུ་བསྒྲང་བ། སྨིན་མ་དང་རྫི་མ་དང་སྨ་ར་དང་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་ཞིང་། རྩ་ཞལ་ནག་པོ་མ་ཧེའི་གདོང་ཅན་ཤིན་ཏུ་ཁྲོས་པ། རྭ་རྣོན་པོ་ཅན། དེའི་སྟེང་མ་རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ་རབ་ཏུ་འཇིག་པ་ཞལ་ན ས་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཡིད་ཙམ་ཁྲོས་པ། གཞོན་ནུའི་རྒྱན་གྱིས་བརྒྱན་ཅིང་སྤྱི་བོར་རལ་པ་ལྔ་དང་ལྡན་པ། རྭའི་རྩ་བའི་གཡས་ཀྱི་ཞལ་དང་པོ་སྔོན་པོ། དེའི་གཡས་ཞལ་དམར་པོ། གཡོན་ཞལ་སེར་པོ། རྭའི་ར་བའི་གཡོན་གྱི་ཞལ་དང་པོ་དཀར་པོ། དེའི་གཡས་ཞལ་དུད་ཁ། གཡོན་ཞལ་ནག་པོ། །ཞལ་རྣམས་ཤིན་ཏུ་ཁྲོས་པ། ཞལ་དགུ་པོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པའོ། །ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་མགོ་གཡས་དང་སྤུ་ཕྱི་བསྟན་ཏེ་ལག་པ་དང་རྐང་པའི་པགས་པ་གཡོན་པ་ནས་བརྐྱངས་ཏེ་འཛིན་པ། ལྷག་མ་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་བྷི་དྷི་པཱ་ལ། གསུམ་པ་ན་གཏུན་ཤིང་། བཞི་པ་ན་ཆུ་གྲི ལྔ་པ་ན་ཀ་ཎ་ཡ། དྲུག་པ་ན་དགྲ་སྟ། བདུན་པ་ན་མདུང་། བརྒྱད་པ་ན་མངའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱུག་ཐོ། །བཅུ་གཅིག་པ་ན་ཁ་ཊྭཱཾ་ག །བཅུ་གཉིས་པ་ན་འཁོར་ལོ། བཅུ་གསུམ་བ་ན་རྡོ་རྗེ་རྩེ་ལྔ་པ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅོ་ལྔ་པ་ན་རལ་གྲི །བཅུ་དྲུག་པ་ན་ཅང་ཏེའུ་བསྣམས་ཤིང་། ལྷག་མ་གཡོན་གྱི་དང་པོ་ན་ཁྲག་གིས་གང་བའི་ཐོད་པ། གཉིས་པ་ན་ཚངས་པའི་མགོ །གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། །བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། །བཅུ་གཉིས་པ་ན་མེ་ཐབ། །བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་ལྔ་པ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་རས་བསྣམས་པའོ། །ཞབས་གཡས་ཀྱི་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་གླང་། བཞི་པས་བོང་བུ། ལྔ་པས་རྔ་མོ། །དྲུག་པས་ཁྱི། །བདུན་པས་ལུག །བརྒྱད་པས་ཝ་དང་། གཡོན་གྱི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག །བཞི་པས་ནེ་ཙོ། །ལྔ་པས་ཁྲ། དྲུག་པས་བྱ་ཆེན་པོ། །བདུན་པས་ཁྱིམ་བྱ། བརྒྱད་པས་བཞད་མནན་པ། ཚངས་པ་དང་དབང་པོ་དང་ཁྱབ་འ ཇུག་དང་དྲག་པོ་དང་། གཞོན་ནུ་གདོང་དྲུག་དང་ལོག་འདྲེན་དང་ཟླ་བ་དང་ཉི་མ་རྣམས་ཁ་སྦུབ་ཏུ་བྱས་ཏེ་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། འདིར་ནི་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་རོ། །རྗེའི་གཞུང་དང་ཅང་སྐྱའི་དེར་སྐབས་འདིར་སྐྱེ་མཆེད་བྱིན་རླབས་མཛད་ཅིང་། པཎ་ཆེན་གྱི་དེར་སྐྱེ་མཆེད་བྱིན་རླབས་ཀྱི་མཇུག་ཏུ་ཡེ་ཤེས་སེམས་དཔའ་བསྐྱེད་པར་མཛད་དེ་མི་འགལ་ཡང་འདིར་སྔ་མ་ལྟར་བྱས་ན། དེའི་མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣར་ཁཾ། ལྕེར་རཾ། དཔྲལ་བར་ཀཾ །ལྟེ་བར་སཾ། སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧུཾ། ཞེས་དང་། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ཡིད་ཙམ་ཁྲོས་པ་ཞེས་སོགས་སྔར་གྱི་བསྐྱེད་ཚུལ་གཉིས་གང་རུང་བྱ། དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ། ཞེས་སེམས་དཔའ་སུམ་བརྩེགས་བྱ། དེ་ནས། ༀ་ཧྲཱིཿཧ་བྷོ་མ་ཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪ་ཨསྨཱ་ད་པཱུ་ཛ་པྲ་ཏི་གྲྀཧྞནྟུ་པྲ་སཱ་ད་མེ་དྷཱི་མན་ཀུ་རུ་སྭཱཧཱ། ཞེས་པའི་མཇུག་གམ། པཎ་ཆེན་གྱི་དེར་སྔགས་དེ་མི་སྣང་ཞིང་རྒྱ་གཞུང་འགའ་ལས་ཀྱང་མ་བཤད་པ་ལྟར་རམ། གང་ལྟར་ཡང་། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཧྲཱིཿཥྚཱིཿས་བགེགས་བསྐྲད། ༀ་ཧྲཱིཿཥྚིཿཧ་སོགས་ཀྱིས་མཆོད་དེ། མུངྒ་ར་ཛཿ ཞེས་སོགས་མན་གཞུང་ལྟར་བྱ་བའམ་བསྡུ་ན། པཎ་ཆེན་གྱི་དེར་ཛཿཧཱུཾ་བཾ་ཧོཿ ས་དགུག་གཞུག་བྱ་བར་བཤད་ཅིང་། སྔགས་ཀྱི་སྤྱན་འདྲེན་མེད་པར་སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། །མཆོད་སྔགས་ཀྱང་མེད་པར། ཁྱེད་རྣམས་ཀྱིིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ནས། ཤྲི་ཡེ་ཨཱཿཧཱུཾ། ཞེས་དབང་བསྐུར། ལུས་གང་། དྲི་མ་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་ཅིང་། དབང་གི་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་གྱུར། ཅེས་བཤད་པ་ལྟར་ཡང་རུང་སྟེ། རྒྱ་གཞུང་ཕལ་ཆེར་ལས་སྐབས་འདི་གོང་འོག་ཏུ་མཆོད་པ་གཅིག་ལས་མ་བཤད་པས་སབ། །དབང་ལྷར་གསོལ་འདེབས་བྱེད་པའི་ཚུལ་གཅིག་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་ཙ་རྩི་ཀ་ལ་སོགས་པས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་གང་། ཞེས་བསྡུས་ནས་བྱ་སྟེ་གཞན་ལས་ཀྱང་ངོ་། །དེ་ནས་མཆོད་པ། ༀ་ཡ་མཱནྟ་ཀ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ནས། སྤ ཪྴའི་བར་རམ། ཡང་ན། ༀ་ཧྲཱིཿཥྚཱིཿཧ་སོགས་ཀྱིས་མཆོད། ནང་མཆོད་ནི། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཞལ་དུ་ༀ་ཨཱཿཧཱུཾ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ་དུ་ༀ་ཨཱཿཧཱུཾ། ཞེས་པ་ཙམ་མོ། །བླ་བརྒྱུད་གཞན་གང་རིགས་བྱ། ༀ་ཧྲཱིཿཥྚཱིཿ ནས་ཧཱུཾ་ཕཊ། ༀ་ཨཱཿཧཱུཾ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ཆོས་སྐྱོང་སྲུང་མ་རྣམས་དང་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། དཔའ་བོ་དང་རྣལ་འབྱོར་མ་དང་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། གཞི་བདག་གཉུག་མར་གནས་པ་དང་སེམས་ཅན་ཐམས་ཅད་ལྷར་གྱུར་པ་རྣམ་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་རང་གི་ལུས་ལ་ཞུགས་པར་གྱུར། ༀ་ཧྲཱིཿཥྚཱིཿནས་ཧཱུཾ་ཕཊ། ༀ་ཨཱཿཧཱུཾ། མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་མཉེས་ཤིང་ཚིམ་པར་གྱུར། ཅེས་སམ། ཡང་ན་བཅུ་གསུམ་མ་ལྟར་བྱ་ཞིང་འདིའི་རྒྱ་གཞུང་ཕལ་ཆེར་ན་ནང་མཆོད་ཀྱི་སྐོར་མི་གསལ་བས་ཤིན་ཏུ་བསྡུ་ན་བླ་མའི་རྗེས་སུ་ཧྲཱིཿཥྚཱིཿས་མཆོད་ཀྱང་རུང་ངོ་། །བསྟོད་པ་ནི། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་དཔལ་དཔལ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང་། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེའི་ཐབས་ཀྱིས་ཁྲོ་རྒྱལ་སྐུར་བསྟན་པ། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཞེས་སམ། སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་པ་གཉིས་སམ་གང་རུང་དང་། བསྡུ་ན། གཟུགས་མཆོག་མས་བསྟོད། དག་པ་ནི་པཎ་ཆེན་གྱི་དེ་དང་རྒྱ་གཞུང་འགའ་ཞིག་ན་མི་སྣང་ཞིང་མ་བྱས་ཀྱང་རུང་ལ། འགའ་ཞིག་ནས་འབྱུང་བ་ལྟར་བྱེད་ན། མཚན་མ་གྱེན་དུ་བསྒྲེང་བ་ནི་བདེ་བ་ཆེན་པོ་རྒྱས་པ་ཞེས་བྱ་ཞིང་གཞན་བཅུ་གསུམ་མ་ལྟར་རོ། །ཕྲེང་བ་བྱིན་རླབས་ནི་རྒྱུན་པའི་ཞལ་འདོན་ལ་ངེས་པ་མེད་ཀྱང་བསྙེན་པའི་སྐབས་ཡིན་ན། ཧྲཱིཿཥྚཱིཿས་བསངས། སྭ་བྷཱ་ཝ ས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་གྲི་ཐོད་འཛིན་པར་གྱུར་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ༀ་ཡ་མཱནྟ་ཀ་ཨརྒྷཾ་ནས་ཤཔྟའི་བར་ཡིས་མཆོད་ལ། གཟུགས་མཆོག་མས་བསྟོད་ནས། ཡ་མཱནྟ་ཀ་བཟླ། རྡོ་རྗེ་འཇིགས་བྱེད་འོད་དུ་ཞུ་བ་ལས་མི་མགོའི་ཕྲེང་བའི་རྣམ་པར་གྱུར། ཅེས་སམ། ཤིན་ཏུ་བསྡུ་ན། ཕྲེང་རྡོག་རྣམས་ཧཱུཾ་ལས་མི་མགོའི་ཕྲེང་བའི་རྣམ་པ་ཅན་དུ་གྱུར། ཅེས་བྱའོ། །བཟླས་པ་ནི། ༀ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། །ཡ་ད་ཡོ་ནི་ར་ཡཀྵེ་ཡ་ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཅེས་རྩ་སྔགས་དང་། ༀ་ཧྲཱིཿཥྚཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཅེས་ལས་སྔགས་དང་། ༀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅེས་སྙིིང་པོ་རྣམས་ཅི་འགྲུབ་བཟླ། མཇུག་ཏུ། ༀ་ཡ་མཱནྟ་ཀ་ས་མ་ཡ་ནས་ཧཱུཾ་ཕཊ་ཅེས་གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བཟླས་ནས། ༀ་ཡ་མཱཏྣ་ཀ་ཨརྒྷཾ་སོགས་དང་། ནང་མཆོད་འབུལ་ཞིང་། སངས་རྒྱས་ཀུན་གྱི་ཞེས་སོགས་དང་། གཟུགས་མཆོག་མ་གང་རུང་གིས་བསྟོད། དེ་ནས་གཏོར་མ་འབུལ་ན་བྱིན་གྱིས་བརླབས་ཏེ། དམ་ཚིག་པ་བསྐྱེད་མི་བསྐྱེད་པའི་ཚུལ་གཉིས་ལས་བསྡུས་ཏེ་བསྐྱེད་ན། །མདུན་དུ་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ཡེ་ཤེས་པའི་དཀྱིལ་འཁོར་ཕྱོགས་སྐྱོང་རྣམས་ཀྱི་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ༔ དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྤུ་གུ་ཅན་དུ་གྱུར་པས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་ཧྲཱིཿཥྚཱིཿནས་ཧཱུཾ་ཕཊ། བཛྲ་བྷཻ་ར་ཝ་ཡ་ཨ་དྷི་པ་ཏི་ཨི་མཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ལན་གསུམ་མམ་བདུན་གྱིས་ཕུལ་ནས། ༀ་ཧྲཱིཿཥྚཱིཿ སོགས་ཀྱིས་མཆོད་པ་དང་ནང་མཆོད་འབུལ། གཉིས་མེད་ཐུན་མོང་ཞེས་སོགས་ཀྱིས་བསྟོད། ཕྱོགས་སྐྱོང་རྣམས་སྐད་ཅིག་གིས་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གྱུར། །ཕྱོགས་སྐྱོང་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཞེས་སོགས་བརྗོད་དེ། རྩ་སྔགས་ཚར་གཅིག་གི་རྗེས་སུ། ༀ་བྷུ་ཙ་ར་ནཾ། ཞེས་པ་ནས། བྷུ་ཏེ་བྷྱཿ ཞེས་པ་གསུམ་གྱིས་བསྔོ། །ༀ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། །ད་ཤ་སོགས་ཀྱི་མཐར་འབྲུ་གསུམ་བཏགས་ཏེ་ནང་མཆོད་ཕུལ་ནས། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་ནས། དེའི་བར་ཆད་ཞི་བའི་འཕྲིན་ལས་མཛོད་ཅིག །ཅེས་འཕྲིན་ལས་བཅོལ། །ལས་གཤིན་ལ་གཏོར་འབུལ་བསྡུས་པ་བྱེད་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་ལས་ཀྱི་གཤིན་རྗེ་ཡབ་ཡུམ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ཀ་མ་ལ་ཡེ་སྟྭཾ། ༀ་ཀཱ་ལ་རཱུ་པ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱི་ཕུལ་ནས། འཇམ་དཔལ་བཀའ་ཉན་མས་བསྟོད། ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་བདག་གི་བར་གཅོད་ཞི་བའི་འཕྲིན་ལས་མཛོད་ཅིག །དེ་ནས་གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བཟླས་ནས། མ་རྙེད་ཡོངས་སུ་ཞེས་སོགས་ཀྱིས་བཟོད་གསོལ་བྱས་ཏེ། ༀ་ཨཱཿཧཱུཾ། བཛྲ་མུཿ འཇིག་རྟེན་ལས་འདས་པའི་མགྲོན་གྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་རང་ཉིད་ལ་ཐིམ། མགྲོན་གཞན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་བྱ། རྣམ་དག་བསམ་པས་སོགས་ཀྱི་སྨོན་ལམ་གདབ། ཉེར་བསྡུ་ནི། དུར་ཁྲོད་སྲུང་འཁོར་དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། ཞེས་པ་ནས། མི་དམིགས་པར་གྱུར། ཅེས་དང་། སྟོང་པའི་ངང་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པའི་སྤྱི་བོར་ༀ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཞེས་སམ། ཡང་ན། དེའི་མིག་ཏུ་ཀྵིཾ། ཞེས་སོགས་དང་། དེ་ནས་ཤིས་བརྗོད་བྱའོ།། །ཡང་གཞལ་ཡས་ཁང་མེད་པར་བསྐྱེད་ཚུལ་མི་འདྲ་བ་འགའ་རེ་སྣང་ཡང་གཅིག་ནི། སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འ ཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། ནང་མཆོད་སོགས། ཧྲཱིཿཥྚཱིཿས་བསངས། །སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པ་སོ་སོའི་ནང་དུ་མཆོད་པ་རྣམས་ཁྱད་པར་གསུམ་ལྡན་དང་ནང་མཆོད་དང་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ། དང་། ༀ་ཨཱཿཧཱུཾ། ལན་གསུམ་གྱི་བྱིན་གྱིས་བརླབས་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་ལ་ཧཱུཾ་ལས་ཁྲོ་བོ་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་ཞེས་པ་ནས། མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ནས། འོད་ཟེར་ལྔ་འཕྲོ་བ། དེའི་མིག་གཉིས་སུ་ཀྵཱིཾ། ནས། ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་དཔལ་རྡོ་རྗེ་འཇིགས་བྱེད་མདུན་གྱི་ནམ་མཁར་སྤྱན་དྲངས། །ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ༀ་ཡ་མཱནྟ་ཀ་ཨརྒྷཾ་ནས་ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱ་ཧཱའི་བར་གྱིས་མཆོད། ཡ་མཱནྟ་ཀས་ནང་མཆོད་དབུལ། གཟུགས་མཆོག་མས་བསྟོད། རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་སྔགས་ཕྲེང་ལ་ཐིམ་པར་གྱུར། བར་བསམས་ལ། སྔགས་གསུམ་ཅི་འགྲུབ་དང་། ཡིག་བརྒྱ་བཟླ། གཏོར་འབུལ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དཔལ་རྡོ་རྗེ་འཇིགས་བྱེད་མདུན་གྱི་ནམ་མཁར་སྤྱན་དྲངས། །ལྗགས་འོད་ཟེར་གྱི་སྤུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་ཡ་མཱནྟ་ཀ་ཨི་དཾ་བ་ལིང་ཏ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་འབུལ། ༀ་ཡ་མཱནྟ་ཀ་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། ནང་མཆོད་ཀྱང་དབུལ། སྔར་ལྟར་བསྟོད། མ་རྙེད་ཅེས་སོགས་ཀྱི་བཟོད་གསོལ་བྱས་ནས། རྟེན་ཡོད་ན། འདིར་ནི་གཟུགས་དང་། ཞེས་སོགས་ཀྱིས་བརྟན་བཞུགས་དང་། མེད་ན། ༀ་བཛྲ་མུཿ ཡེ་ཤེས་པ་རང་གནས་སུ་གཤེགས་པར་གྱུར། དགེ་བ་འདི་ཡིས་ཞེས་སོགས་ཀྱི་བསྔོ་སྨོན་བྱའོ། །ཞེས་འཇིགས་བྱེད་དཔའ་བོ་གཅིག་པའི་མངོན་རྟོག་གཏོར་འབུལ་དང་བཅས་པའི་ངག་འདོན་བསྡུས་པའི་རིམ་པ་བརྗོད་པ་འདི་ནི། ཅོ་ནེའི་དཔོན་གྱི་གདུང་རྒྱུད་དུ་འཁྲུངས་ཤིང་དད་དང་རྣམ་དཔྱོད་ལྡན་པའི་དཔོན་ཨོས་ལཱཽ་ཡེ་ཤེས་བློ་བཟང་དཔལ་འབྱོར་ཞེས་བྱ་བས་ཁོ་བོས་འཇིགས་བྱེད་དཔའ་གཅིག་གི་མངོན་རྟོགས་རྒྱས་པ་མ་ལྕོགས་པའི་ཚེ། བསྡུས་པ་བྱ་ཚུལ་ཞིག་གྱིས་ཞེས་གསུང་གིས་བསྐུལ་བའི་ངོ་བོར། ཁྲི་ཟུར་བཤད་སྒྲུབ་མིང་ཅན་གྱིས་དཔའ་གཅིག་གི་མངོན་རྟོག་ཞིག་སྔར་བྱས་ཟིན་ཀྱང་འདིར་སླར་ཡང་དོན་གཉེར་ཤེས་འདོད་ཅན་གཞན་རེ་གཉིས་ལའང་ཕན་ཆེར་བསྡུས་པ་བྱེད་ཚུལ་མི་འདྲ་བ་འགའ་ཞིག་རྣམ་གྲངས་སུ་བཀོད་ནས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་པོ།། །།

“#div1 འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས།

འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས་བཞུགས།

ན་མོ་བཛྲ་བྷེ་ར་ཝ་ཡེ། འདིར་དམ་པ་བརྒྱུད་པའི་མན་ངག་ལས་འབྱུང་བ་ལྟར་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་ཞིག་བརྗོད་པར་བྱ་སྟེ། དེ་ཡང་གྲུབ་ན་བྲིས་སྐུ་དང་ཕྱི་ནང་གི་མཆོད་པ་སོགས་སྟ་གོན་བྱས་ཏེ། རང་ཉིད་སྐད་ཅིག་གིས་དཔའ་རྡོ་རྗེ་འ ཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། མཆོད་གཏོར་རྣམས་བཅུ་གསུམ་མ་ལྟར་བྱིན་གྱིས་བརླབས་ལ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །ཞེས་སོགས་ཚིགས་བཅད་གཅིག་གིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། ཚོགས་ཞིང་ན ི། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིག་བྱེད་ཆེན་པོའི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། །རང་གི་སྙིང་གའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། །ༀ་ཡ་མཱནྟ་ཀ་ས་པཱ་རི་ཝ་ར་ཨརྒྷཾ། པཱ་དྱ། པུཥྤེ། ནས། ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ་ཞེས་པའི་བར་གྱིས་མཆོད་ལ། སྡིག་པ་རྣམས་ནི་བཤགས་པར་བྱ། །ཞེས་སོགས་བདུན་རྣམ་དག་དང་། ཚད་མེད་བཞི་བཅུ་གསུམ་མ་ལྟར་བྱ། དེ་ནས། ༀ་སྭ་བྷཱ་ཝས་སྟོང་པར་སྦྱངས། རང་གཞན་གྱི་ཆོས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པའི་མ་ཧེ་སྔོན་པོ་དྲག་ཏུ་ཁྲོས་པའི་གདན་གྱི་སྟེང་དུ་ཧཱུཾ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ་རྩེ་དགུ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། མ་ཧེའི་གདོང་པ་ཅན། རྭ་རྣོན་པོ་གཉིས་དང་ལྡན་པ། གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། ལྗགས་འདྲིལ་བ། མཆེ་བ་རྣམ་པར་གཙིགས་ཤིག་ཁྲོ་གཉེར་བསྡུས་པ། སྤྱན་གསུམ་བགྲད་ཅིང་དབུ་སྐྲ་ཁམ་སེར་གྱེན་དུ་བརྗེས་པ། ཐོད་སྐམ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། སྦྲུལ་དང་མི་རུས་ཀྱིས་བརྒྱན་ཅིང་དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་རབ་ཏུ་འབར་བ། གཅེར་བུའི་གཟུགས་ཅན། མཚན་མ་གྱེན་དུ་བསྒྲེང་བ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ༀ། །མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་དཔལ་རྡོ་རྗེ་འཇིས་བྱེད་ཀྱི་ཡེ་ཤེས་པ་སྤྱན་དྲངས། ཧྲཱིཿཥྚིཿས་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ༀ་ཡ་མཱནྟ་ཀ་ཨརྒྷཾ་ནས་ཤཔྟའི་བར་སྔར་བཞིན་མཆོད་ལ། ནང་མཆོད་ནི། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ཡ་མཱནྟ་ཀ་ༀ་ཨཱཿཧཱུཾ། ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །ཞེས་སོགས་ཀྱིས་བསྟོད་ལ་སྔགས་གསུམ་ག་ཅི་འགྲུབ་བཟླས་ནས་ཡིག་བརྒྱ་བཟླ་ཞིང་། མཆོད་བསྟོད་བྱས་ནས། དགེ་བ་འདི་ཡིས་ཞེས་སོགས་བསྔོ་སྨོན་བྱེད་པའམ། །གཏོར་མ་འབུལ་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཡེ་ཤེས་པ་སྤྱན་དྲངས། ཀ་མ་ལ་ཡེ་སྟྭཾ། ལྗགས་འོད་ཟེར་གྱི་སྤུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཡ་མཱནྟ་ཀའི་མཐར་ཨི་དཾ་བ་ལིང་ཏ་བཏགས་ལ་ལན་བདུན་ནམ་གསུམ་གྱི་དབུལ། སྔར་ལྟར་མཆོད་བསྟོད་བྱ་ཞིང་བཟོད་གསོལ་བྱས་ནས་གཤེགས། །འདིར་ཆོས་རྒྱལ་ལ་གཏོར་མ་ཕུལ་ན་ལེགས་པར་བཤད་དོ། །ཅེས་པ་འདི་ནི་ཅོ་ནེའི་ཨོས་ལཱོ་ཡེས་ཀྱི་ཆོས་བློན་དད་ལྡན་མགོན་པོ་རྒྱལ་མཚན་གྱིས་དཔེ་སྔོན་མའི་འཕྲོ་ལ་འདི་ལྟ་བུ་ཞིག་གྱིས་དང་ཁོ་བོས་པར་དུ་བརྐོ་བར་བྱའོ་ཞེས་བསྐུལ་བ་ལྟར་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་པོ། །མངྒལཾ།། །།

ཡོངས་འཛིན་བླ་མའི་གསོལ་འདེབས་བརྟན་བཞུགས་སྨོན་ལམ།

ཡོངས་འཛིན་བླ་མའི་གསོལ་འདེབས་བརྟན་བཞུགས་སྨོན་ལམ་བཅས་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །སྡུག་ཀུན་ཉེ་བར་ཞི་བ་དམ་པའི་ཆོས། །ཐར་ལམ་ཚུལ་བཞིན་སྒྲུབ་མཛད་དགེ་འདུན་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་དངོས་རྗེ་བཙུན་ཙོང་ཁ་པ། །སྤྱན་རས་གཟིགས་དབང་པད་དཀར་འཛིན་པའི་དཔལ། །བསྟན་པའི་ཉི་མ་པཎ་ཆེན་ཐམས་ཅད་མཁྱེན། །ཟླ་མེད་བླ་མ་གསུམ་ལ་གསོལ་བ༴ བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་བསྟན། །ཇི་བཞིན་འཛིན་པའི་གྲགས་པ་རབ་འབར་ཞིང་། །འཆད་རྩོད་རྩོམ་པའི་བློ་གྲོས་གསལ་ལྡན་པ། །བཤད་སྒྲུབ་བསྟན་པའི་ཉི་མར༴ ངེས་འབྱུང་ཚུལ་ཁྲིམས་སྙིང་རྗེའི་ཞིང་ས་ལས། །ལེགས་འཁྲུངས་ལྷག་བསམ་དག་པའི་ལྗོན་ཤིང་རྫོགས། །གཞན་ཕན་འཕྲིན་ལས་འབྲས་བུ་དྲི་བསྲུང་ཅན། །བཤེས་གཉེན་དཔག་བསམ་ལྗོན་པར༴ མདོ་སྔགས་གཞུང་དང་ཐ་སྙད་རིག་ཚུལ་ཀུན། །ཇི་བཞིན་འབྱེད་པའི་རྣམ་དཔྱོད་རྩ་ལྡན་ཞིང་། །ཟབ་དོན་གཟིགས་ལ་སྙིགས་དུས་འགྲན་བྲལ་བ། །ཡོངས་འཛིན་དགེ་བའི་བཤེས་ལ༴ བརྟན་པའི་འཁོར་ལོ་ཉིད་ཀྱིས་བྱིན་བརླབ་པས། །ཕྱོགས་འདིར་མདོ་སྔགས་གཞུང་ལུགས་སྤེལ་བ་ལ། །ཤིང་རྟ་ཆེན་པོ་གཉིས་པ་ལྟར་གྱུར་པ། །ཟླ་མེད་ཡོངས་འཛིན་མཆོག་ལ༴ རྒྱལ་དང་དེ་སྲས་གཞན་གྱི་རིང་སྤངས་ཤིང་། །འདུལ་བ་མ་ནུས་ཕྱོགས་འདིའི་གདུལ་བྱ་རྣམས། །ཆོས་ཚུལ་སྣ་ཚོགས་ཐབས་ཀྱིས་འདུལ་མཛད་པའི། །བཤེས་གཉེན་དམ་པའི་ཞབས་ལ༴ ཐུབ་པའི་ཉི་མ་ཞིང་གཞན་གཤེགས་པའི་ཤུལ། །བློ་བཟང་སྨྲ་བའི་ཟླ་བ་ཇི་བཞིན་དུ། །རྒྱལ་བའི་གདུང་འཚོབ་དགེ་བའི་བཤེས་གཉེན་དུ། །རྣམ་རོལ་རྗེ་བཙུན་བླ་མར༴ གཞུང་ལུགས་མང་དུ་ཐོས་པའི་རྣམ་དཔྱོད་ཀྱིས། །རྒྱལ་བ་གཉིས་པའི་བསྟན་པ་སྤེལ་སྙམ་ཚེ། །མགོན་དེ་དགྱེས་པའི་མཚན་མ་མངོན་གཟིགས་པ། །བློ་བཟང་བསྟན་པའི་གཉེན་ལ༴ ཐུབ་བསྟན་སྤྱི་དང་བློ་བཟང་རྒྱལ་བའི་བསྟན། །འཛིན་མཛད་སྔོན་བྱོན་ད་ལྟའི་དུས་བཞུགས་དང་། །མ་འོངས་འབྱོན་འགྱུར་ཇི་སྙེད་མཆིས་རྣམས་ལ། །གསོལ་བ་འདེབས་སོ་རྗེས་བཟུང་བྱིན་གྱིས་རློབས། །བླ་མ་མཆོག་གསུམ་རྟེན་འབྲེལ་བདེན་སྟོབས་ཀྱིས། །ཐུབ་བསྟན་བཤད་གྲུབ་གཉིས་ཀྱིས་འཛིན་མཛད་པའི། །བཤེས་གཉེན་ཚོགས་རྣམས་བསྟན་པའི་དཔལ་ཉིད་དུ། །བསྐལ་པའི་བར་དུ་རྟག་པར་བཞུགས་སུ་གསོལ། །དངོས་བརྒྱུད་བླ་མ་ཡི་དམ་མཆོག་གསུམ་གྱི། །ཐུགས་རྗེ་བྱིན་རླབས་བདག་ཅག་དད་མོས་མཐུས། །མ་འོངས་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ངན་སོང་ངན་འགྲོའི་གནས་ལས་ཐར་གྱུར་ཅིག །རྟག་ཏུ་དལ་འབྱོར་རྟེན་བཟང་རིམ་བརྒྱུད་དེ། །ཆོས་བཞིན་སྤྱོད་པའི་སྐལ་པ་ཆེ་ལྡན་ཞིང་། །དགེ་བའི་བཤེས་ཀྱིས་རྗེས་སུ་འཛིན་པ་དང་། །མདོ་སྔགས་ཆོས་ཚུལ་ཐོས་བསམ་མཐར་ཕྱིན་ཤོག །འཁོར་བ་མཐའ་དག་སྡུག་བསྔལ་རང་བཞིན་ལས། །མ་འདས་མཐོང་ནས་ཐར་པ་དོན་གཉེར་བློ། །ཚུལ་བཞིན་བསྐྱེད་དེ་སྙིང་རྗེའི་རྩ་བ་ཅན། །བྱང་ཆུབ་སེམས་མཆོག་མངོན་དུ་འགྱུར་བར་ཤོག །དེ་ནས་ཕྱིན་དྲུག་བསླབ་གསུམ་རིམ་གཉིས་སོགས། །རྒྱལ་སྲས་སྤྱོད་པའི་གནས་རྣམས་ཐམས་ཅད་ལ། །ཞུམ་པ་མེད་པའི་ཚུལ་གྱིས་ལེགས་བསླབ་ནས། །མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །དེ་ཉིད་མ་ཐོབ་ཚེ་རབས་ཀུན་ཏུ་ཡང་། །མི་ཁོམ་གནས་ལས་ཐར་ཏེ་དག་པའི་ཞིང་། །བདེ་བ་ཅན་དུ་ངེས་པར་སྐྱེ་བ་དང་། །རྒྱལ་བ་འཁོར་བཅས་མཆོད་ཅིང་མཉེས་བྱེད་ཤོག །ཞིང་དེའི་གཙོ་བོ་མགོན་པོ་འོད་དཔག་མེད། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས། །རྒྱལ་བ་འཁོར་དང་བཅས་པས་དགྱེས་བཞིན་དུ། །རྗེས་སུ་བཟུང་ནས་འགྲོ་བའི་དོན་བྱེད་ཤོག །རྨད་བྱུང་སྲས་བཅས་ཞེས་སོགས་ཀྱང་བརྗོད་པར་བྱའོ། །ཅེས་པ་འདི་ནི། སྣ་ལམ་པ་རྣམས་ཀྱིས་ཤིང་གླང་ལོར་མ་ཎི་བུམ་སྒྲུབ་བྱེད་པའི་ཐོག་ཏུ་ཁོ་བོ་ཅག་བོས་པའི་ཚེ། ལ་མར་ནང་གི་བཀའ་རམ་རྣམས་བསྙེན་རྫོགས་པ་རྣམས་དང་སྣ་ལམ་འགོ་བ་ཛུད་ཀན་རྒན་པོ་སོགས་སྐྱ་སེར་ཐམས་ཅད་ཀྱིས་ཐུན་མོང་དུ་རང་ལ་ཆོས་འབྲེལ་ཡོད་པ་རྒྱུ་མཚན་དུ་བྱས་ནས་གསོལ་འདེབས་བརྟན་ཞུགས་སྨོན་ལམ་དང་བཅས་པ་འདི་ལྟ་བུ་ཞིག་གྱིས་དང་། མ་ཎིའི་བསྐུལ་མའི་ནང་དུ་འཇུག་པར་བྱའོ། །ཞེས་བསྐུལ་བ་ལ་བརྟེན་ནས། གཡོ་སའི་ཁྲི་ཟུར་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་ཉིད་ཀྱིས་རང་ལ་བསྟོད་པ་མི་འོས་བཞིན་དུ་བསྐུལ་བ་པོ་རྣམས་ཀྱི་ངོ་བཟློག་མ་ནུས་པར་གཡར་ཁྲལ་ཙམ་དུ་མྱུར་བར་སྦྱར་བ་སྟེ། དད་དང་རྣམ་དཔྱོད་ལྡན་པའི་སྣ་ལམ་རབ་འབྱམས་པ་ངག་དབང་རབ་བརྟན་གྱིས་དད་པས་པར་དུ་སྒྲུབ་པའི་ཚེ། པར་གྱི་ཡི་གེ་པ་ནི་ཐོ་ལོའི་ཚེ་དབང་མགོན་པོའོ། །མངྒལཾ།། །།

གསོལ་འདེབས་བརྟན་བཞུགས་སྨོན་ལམ་དང་བཅས་པ།

གསོལ་འདེབས་བརྟན་བཞུགས་སྨོན་ལམ་དང་བཅས་པ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། དཔལ་ལྡན་རིགས་བརྒྱའི་བདག་པོ་རྡོ་རྗེ་འཆང་། །བདེ་ལྡན་ཞིང་གི་གཙོ་བོ་ཚེ་དཔག་མེད། །དེ་སྲས་ཐུ་བོ་འཕགས་མཆོག་སྤྱན་རས་གཟིགས། །སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །རྒྱལ་ཀུན་མཁྱེན་རབ་རྗེ་བཙུན་འཇམ་པའི་དབྱངས། །གསང་སྔགས་རིག་སྔགས་བདག་པོ་རྡོ་རྗེ་འཛིན། །མགོན་དེའི་རྣམ་འཕྲུལ་ཨིནྡྲ་བོ་དྷི་ཆེ། །གྲུབ་དབང་པདྨ་ཀཱ་རར་གསོལ་བ་འདེབས། །དེ་སྲས་ཐུ་བོ་ཆོས་རྒྱལ་ཁྲི་སྲོང་རྗེ། །དྲི་མེད་བཤེས་གཉེན་བཻ་རོ་ཙ་ན་དང་། །ནམ་མཁའི་སྙིང་པོ་རྡོ་རྗེ་བདུད་འཇོམས་སོགས། །སྔོན་བྱོན་རིག་འཛིན་རྣམས་ལ༴ བསྟན་པའི་དཔལ་གྱུར་ཀུན་དགའ་རྒྱལ་མཚན་རྗེ། །སྙིགས་དུས་རྒྱལ་བ་གཉིས་པ་བུ་སྟོན་ཞབས། །ཐམས་ཅད་མཁྱེན་དངོས་བློ་བཟང་གྲགས་པའི་དཔལ། །རྗེ་བཙུན་བློ་བཟང་སྦྱིན་པར༴ རྒྱལ་བ་གཉིས་པར་གྲགས་པའི་མདོ་སྔགས་བསྟན། །བཤད་དང་སྒྲུབ་པའི་སྒོ་ནས་ལེགས་བཟུང་ནས། །མཆོག་དམན་འགྲོ་ལ་ཕན་བདེའི་ལམ་སྟོན་པ། །ཡོངས་འཛིན་དགེ་བའི་བཤེས་ལ༴ གང་གི་བདག་ལ་མཆོད་སྦྱིན་སྩལ་རྣམས་དང་། ཁྱད་པར་གསང་སྔགས་ཆོས་ཚུལ་ཚིག་བཅད་གཅིག །ཡན་ཆད་བཀའ་དྲིན་མཛད་པའི་དྲིན་ཅན་རྗེ། །དངོས་བརྒྱུད་བླ་མ་རྣམས་ལ༴ མདོར་ན་མཆོག་གསུམ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་བསྟན་བསྲུང་བཅས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །སྒོ་གསུམ་ཉེས་པའི་ཚོགས་རྣམས་སོ་སོར་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། །ཇི་སྙེད་བསགས་པའི་དགེ་བ་མ་ལུས་པ། །རྡོ་རྗེ་འཆང་དབང་མྱུར་དུ་ཐོབ་ཕྱིར་བསྔོ། །བདག་ཅག་གསང་སྔགས་ཐེག་པའི་སྒོར་ཞུགས་ནས། །རྩ་བ་ཡན་ལག་ཕྱོགས་གཏོགས་དམ་ཚིག་དང་། །སྡོམ་པ་ཉམས་པའི་ཉེས་ཀུན་མཐོལ་བཤགས་ཀྱིས། །སླན་ཆད་མི་བགྱི་བྱང་ཞིང་དག་པར་མཛོད། །དམ་ཚིག་སྡོམ་པ་སྣ་གཅིག་ཡན་སྲུང་དང་། །ཡི་དམ་ལྷ་ལ་བློ་གཏད་གསོལ་བཏབ་ཅིང་། །བསྒོམ་བཟླས་ཕྱོགས་ཙམ་བགྱིས་པའི་རྣམ་དཀར་དགེས། །སྐྱེ་ཀུན་ལྷག་པའི་ལྷ་ཡིས་རྗེས་འཛིན་ཤོག །དེ་ཡི་མཐུ་ལས་རང་གཞན་དོན་གྲུབ་ཕྱིར། །འབད་ཚེ་གཞན་གྱི་ནད་གདོན་ཞི་བ་སོགས། །ཞི་བའི་ལས་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཚེ་དཔལ་བསོད་ནམས་ལོངས་སྤྱོད་རྒྱས་པ་སོགས། །རྒྱས་པའི་ལས་ཀུན་འགྲུབ་པར༴ འཁོར་དང་ལོངས་སྤྱོད་གདུལ་བྱ་དབང་སྡུད་སོགས། །དབང་གི་ལས་ཀུན་འགྲུབ་པར༴ གདུག་པ་ཚར་གཅོད་བསད་རེངས་བསྐྲད་རྨོངས་སོགས། །དྲག་པོའི་ལས་ཀུན་འགྲུབ་བར༴ མདོར་ན་ལས་བཞིའི་སྒོ་ནས་གཞན་གྱི་དོན། །ཇི་བཞིན་བྱེད་པའི་མཐུ་ནུས་དཔལ་ལྡན་ཅིང་། །གང་ལ་གང་འ ཚམས་ཐབས་ཀྱིས་འགྲོ་བའི་དོན། །སྒྲུབ་པའི་རིག་འཛིན་གོ་འཕང་ཐོབ་པར་ཤོག །ཇི་སྲིད་རྒྱལ་བའི་གོ་འཕང་མ་ཐོབ་པར། །དེ་སྲིད་མི་ཁོམ་གནས་ལས་ཐར་གྱུར་ཏེ། །ལྷ་མིའི་རྟེན་བཟང་རིམ་པར་ཐོབ་པ་དང་། །གསང་སྔགས་སྒྲུབ་པའི་སྐལ་བ་ལྡན་པར་ཤོག །ཚེ་རབས་ཀུན་ཏུ་དལ་འབྱོར་རྟེན་རྙེད་ཚེ། །དཀར་ནག་ལས་འབྲས་ཕྲ་ལའང་ངེས་རྙེད་དེ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་མི་འདོར་ཞིང་། །སྡིག་སྤོང་དགེ་བ་མཐའ་དག་སྒྲུབ་པར་ཤོག །རྟག་ཏུ་བླ་མ་དགེ་བའི་བཤེས་གཉེན་དང་། །འཕྲད་ནས་མདོ་སྔགས་དམ་ཆོས་ཉམས་བླངས་ཏེ། །མར་གྱུར་འ གྲོ་བའི་དོན་དུ་སངས་རྒྱས་ཀྱི། །གོ་འཕང་དམ་པ་མྱུར་དུ་ཐོབ་གྱུར་ཅིག །ཅེས་པ་འདི་ཡང་དད་སྟོབས་ལྡན་པའི་སྣ་ལམ་སྔགས་འཆང་རྡོ་རྗེ་དབང་ཕྱུག་གིས་བསྐུལ་བའི་ངོ་བོར་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་ཐོགས་མེད་དུ་བྲིས་སོ། །མངྒལཾ།། །།

ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས་བསམ་འཕེལ་དབང་རྒྱལ།

ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས་བསམ་འཕེལ་དབང་རྒྱལ་བཞུགས།

ན་མོ་བ་སུ་དྷ་རི་ཡེ། ལྷ་མོ་ནོར་རྒྱུན་མ་སྒྲུབ་པར་འདོད་པས། སངས་རྒྱས་ཆོས་ཚོགས་མའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་ཏུ་བཏང་ནས། རང་ཉིད་སྐད་ཅིག་གིས་ལྷ་མོ་ནོར་རྒྱུན་མར་གྱུར་བར་བསམས། །མཆོད་པ་ཡོད་ན། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ་ནས། ཤཔྟ་ཨཱཿཧཱུཾ་གི་བར་གྱིས་བྱིན་གྱིས་རླབས། །ཚོགས་ཞིང་ནི། རང་གི་ཐུགས་ཀའི་བཾ་ཡིག་ལས་འོད་ཟེར་འཕྲོས། །རང་བཞིན་གྱི་གནས་ནས་ལྷ་མོ་ནོར་རྒྱུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱཿ ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ནས། ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ནས། སངས་རྒྱས་འགྲུབ་པར་ཤོག །བར་གྱིས་སྐྱབས་སེམས་བྱ། །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་སོགས་ཀྱིས་ཚད་མེད་བཞི་བསྒོམ། །ཚོགས་ཞིང་རྣམས་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར་པར་བསམས། ༀ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་བཾ་སེར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམ་ཀྱི་དབུལ་ཞིང་ཕོངས་པའི་སྡུག་བསྔལ་ཐམས་ཅད་བསལ། སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ཏེ་བཾ་ལ་ཐིམ། །དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་ནོར་རྒྱུན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་མ། རལ་བའི་ཐོར་ཚུགས་ཕྱེད་ཐོར་ཅོག་ཏུ་བཅིངས་ཤིང་། ཕྱེད་ལན་འབུར་འཕྱང་བ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་འབྲས་ཀྱི་སྙེམ་དང་རིན་པོ་རིན་པོ་ཆེའི་བུམ་པ་འཛིན་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ་ལ་སོགས་པའི་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་། དར་བཟང་པོའི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། ཞི་ཞིང་འཛུམ་པ་སྒེག་པའི་ཉམས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཁར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་ལྷ་མོ་ནོར་རྒྱུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། པཉྩ་ཀཱུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། །དེ་རྣམས་ཀྱིས་བདུད་རྩིའི་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ནས་ཨཱཿཧཱུཾ། ཞེས་གསུངས་ཤིང་། སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པ་ལས་རིན་འབྱུང་གིས་དབུ་བརྒྱན་པར་བསམ། ༀ་བ་སུ་དྷེ་རི་ནི་ས་པཱ་རི་ཝ་ར་ཨརྒྷ་ནས། ཤཔྟ་པྲ་ཏཱི་ཙྪ་སྭཱཧཱའི་བར་གྱིས་མཆོད། །ཕུན་ཚོགས་དགེ་ལེགས་ཀུན་འབྱུང་བཅོམ་ལྡན་མ། །དཔལ་དང་འབྱོར་བའི་དབང་ཕྱུག་ནོར་རྒྱུན་མ། ཡིད་ལ་རེ་བའི་བཀྲ་ཤིས་སྩོལ་མཛད་པ། །བསམ་འཕེལ་དཀྱིལ་འཁོར་དབང་ཕྱུག་མ་ལ་བསྟོད། །རང་གི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་བཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། །སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་ལྷན་ཅིག་འོད་དང་བདུད་རྩིའི་རྣམ་པར་སྤྱན་དྲངས་ནས། རང་གི་ཐུགས་ཀའི་སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ་པར་གྱུར་བར་བསམས་ལ། ༀ་བ་སུ་དྷ་རི་ནི་སྭཱཧཱ། ༀ་ཤྲཱི་བ་སུ་ནི་དྷ་ན་ཀྵེ་ཏྲེ་སྭཱཧཱ། གཉིས་ཀའམ་གང་རུང་བཟླ། བསྙེན་ཆེད་རབ་ལ་ངེས་པ་མ་མཆིས་ཀྱང་། འབྲིང་ཡིག་གྲངས་སམ། སུམ་འབུམ། ཐ་མ་འབུམ་ཕྲག་གཅིག་བྱའོ། །ཐུན་གྱི་མཐར་ཡིག་བརྒྱ་གསུམ་མམ་བདུན་བཟླས། །མཆོད་བསྟོད་བྱ། །གཏོར་མ་འབུལ་ན། །མར་དཀར་རམ་ཟན་ལས་ཟླུམ་གཏོར་བྱས་ནས་མར་དཀར་བཞུས་ཏེ་བླུག །ཡང་ན་རིན་པོ་ཆེའི་རིགས་དངོས་སམ་ཟན་ལས་ནོར་བུའི་དབྱིབས་བྱས་ནས་འཇོག །བྱིན་རླབས་ནི། ཨ་མྲྀ་ཏས་བསངས་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ལས་གཏོར་མ་དཀར་གསུམ་མངར་གསུམ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། རང་གི་ཐུགས་ཀའི་བཾ་ཡིག་ལས་འོད་ཟེར་འཕྲོས་ཞེས་སོགས་ཚོགས་ཞིང་ལྟར་སྤྱན་དྲངས་ལ། ཨ་ཀཱ་རོ་ལན་གསུམ་མམ་བདུན་དང་། མཚན་སྔགས་ཀྱི་མཐར་པ་ལིང་ཏ་བཏགས་ལ་ཕུལ་ནས་མཆོད་ཅིང་བསྟོད། །བཅོམ་ལྡན་འདས་བདག་ལ་དཔལ་དང་འབྱོར་བ་ཕུན་སུམ་ཚོགས་པའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ༀ་བཛྲ་མུཿ གཏོར་མགྲོན་རང་གནས་སུ་གཤེགས་པར་གྱུར། །ཅེས་བརྗོད་ཅིང་བསམ། །སྨོན་ལམ་གདབ། །སྤྱོད་ལམ་ནི་ཤ་ཆང་སོགས་ལ་འཛེམ་ཞིང་། གཙང་སྦྲ་ལ་གནས་པ་དང་། རྒྱུན་དུའང་ལྷ་མོའི་སྐུ་དྲན་བཞིན་པར་སྔགས་བཟླས་ན་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་ནོར་རྒྱུན་མའི་མངོན་རྟོགས་བསམ་འཕེལ་དབང་རྒྱལ་ཞེས་བྱ་བ་འདི་ནི། བཀའ་བཅུ་འཇམ་དབྱངས་དོན་ཡོད་ཀྱིས་བསྐུལ་བ་ལྟར། བཤད་སྒྲུབ་མིང་ཅན་གྱིས་སྦྱར་ཞིང་། པར་དུ་རྐོ་བ་པོ་ནི་བློ་གྲོས་ལྡན་པའི་སྔགས་འཆང་ཚེ་དབང་རྒྱ་མཚོའོ། །སརྦ་མངྒལཾ།། །།

རྡོར་དྲིལ་སོགས་ཀྱི་རྣམ་གཞག་བཤད་པ།

རྡོར་དྲིལ་སོགས་ཀྱི་རྣམ་གཞག་བཤད་པ་བཞུགས།

ན་མོ་བཛྲ་སཏྭ་ཡེ། ངེས་དོན་ལྷན་སྐྱེས་ཡེ་ཤེས་རྡོ་རྗེ་དང་། །ཟབ་མོའི་དེ་ཉིད་རྟོགས་པའི་དྲིལ་བུ་གཉིས། །དབྱེར་མེད་ཟུང་འཇུག་རྡོ་རྗེ་འ ཆང་ཞབས་ལ། །གུས་པས་འདུད་དོ་སྙིང་དབུས་རྟག་རོལ་ཞིག །འདིར་རྣལ་འབྱོར་རོལ་བའི་དགའ་སྟོན་ལས་རྡོར་དྲིལ་སོགས་ཀྱི་རྣམ་གཞག་རྒྱས་པར་གསུངས་པ་འཐོར་འཁྲུགས་སུ་ཡོད་པའི་དོན་ཉེར་མཁོ་འགའ་ཞིག་བསྡུས་ནས་གོ་བདེར་བརྗོད་པར་བྱ་སྟེ། དེ་ལ་ཐོག་མར་རྡོར་དྲིལ་གྱི་རྣམ་གཞག་འཆད་པ་ལ། དབྱེ་བ་དང་རྣམ་གཞག་སོགས་ལས། དང་པོ་ནི། དེ་གཉིས་ལ་སྒྲས་བརྗོད་ཀྱིས་དབྱེ་ན་དྲང་ངེས་གཉིས་རེ་སྟེ། དྲང་དོན་ལ་མན་ངག་སྙེམ་ལས་བཤད་པ་ལྟར། རྡོ་རྗེ་རྩེ་ཀ་ཅིག་པ་དང་། རྩེ་གསུམ་པ་དང་། རྩེ་ལྔ་པ་དང་། རྩེ་དགུ་པ་དང་། རྩེ་བཅུ་གཉིས་པ་དང་རྭ་ཉི་ཤུ་བའི་སྣ་ཚོགས་རྡོ་རྗེ་རྣམས་དང་། དྲིལ་བུ་ལ་ནི་རྩེ་ལྔ་པ་དང་རྩེ་དགུ་བས་ཡུ་བ་བྱས་པ་གཙོ་ཆེ་ལ། སྣ་ཚོགས་རྡོ་རྗེས་ཡུ་བ་བྱས་པའང་ཡོད་དོ། །རྩེ་གསུམ་པ་དང་ལྔ་བ་དང་དགུ་བ་ལ་ནི་ཞི་དྲག་གི་དབྱེ་བས་ཕྱོགས་རྭ་ཟུམ་པ་དང་གདེངས་བ་གཉིས་རེ་ཡོད་ལ། འོན་ཀྱང་དམ་ཚིག་གི་རྡོ་རྗེ་ནི་རྩེ་ལྔ་བར་ངེས་སོ། །མཁའ་འགྲོ་རྒྱ་མཚོ་ལས་ནི། དེ་ལྟར་ལ་སོགས་དྲིལ་བུ་ཆེ། རྩེ་མོ་སྟོང་གི་བར་དུའོ། །ཞེས་འབྱུང་བ་ལྟར་རྡོར་དྲིལ་གཉིས་ལའང་རྩེ་མོ་གཅིག་པ་ནས་རྩེ་མོ་སྟོང་གི་བར་ཡོད། གཉིས་པ་ལ་རྡོ་རྗེའི་རྒྱུ་ནི། རྡོ་རྗེ་མཁའ་འགྲོ་ལས། རྡོ་རྗེ་དག་ནི་ཐམས་ཅད་ཀྱང་། གསེར་ལ་སོགས་པ་ལེགས་པར་བརྡུངས། ཞེས་དང་། དེའི་འགྲེལ་པར་གསེར་དང་འཁར་བ་སོགས་དང་ཐ་མ་ཤིང་ལས་ཀྱང་བྱར་རུང་བར་བཤད་དེ། དྲིལ་བུའི་ཡུ་བ་ལའང་དེ་ལྟར་རོ། །ཚད་ནི། སམ་བྷུ་ཊི་ལས། ཆ་གསུམ་བཟུང་བའི་གནས་གསལ་ཤིང་། །ཞེས་དང་། མན་སྙེ་ལས་ཀྱང་དེ་བཞིན་དུ་བཤད། ཆ་གསུམ་ནི་པད་འདབ་དང་བཅས་པའི་དབུས་ཆ་གཅིག་དང་། རྭ་གཉིས་ཀྱི་སྲིད་ལ་ཆ་རེ་སྟེ་གསུམ་མོ། །ཆ་གསུམ་ཚད་མཉམ་པ་ནི་རྡོ་རྗེ་ཚད་མའི་སྦྱིའི་ལུས་ཚད་ཡིན་ཏེ་དཀྱིལ་འཁོར་ཀྱི་འོག་གཞིའི་རྡོ་རྗེ་སོགས་ནི་དེ་ལྟར་མིན་ནོ། སྲིད་ནི་སོར་བཞི་པ་ནས་ཉི་ཤུའི་བར་བཤད་ཀྱང་དེར་མ་ངེས་སོ། །རྡོ་རྗེ་ཆ་དགུར་བྱེད་པའི་ཚེ་དབུས་ཀྱི་ལྟེ་བ་པད་འདབ་ཀྱི་ཆ་གསུམ་དང་ཕྱོགས་ཀྱི་རྡོ་རྗེ་གཉིས་པོ་རེ་ལའང་ཆ་གསུམ་རེའོ། །ཆ་གསུམ་ཉེར་བདུན་དུ་བྱེད་པའི་ཚེ་ལྟེ་བ་དང་རྡོ་རྗེ་གཉིས་ཀྱི་དབུས་ཀྱི་བོམ་ཆ་དང་མཐའ་གཞོལ་བའི་ཆ་རེ་རེ་ལའང་གསུམ་རེར་ཕྱེ་བའོ། །རྡོ་རྗེ་མཁའ་འགྲོ་ལས། དབུས་ནི་ཟུར་བརྒྱད་དག་ཅུ་བྱ། །ཞེས་པའི་དོན་ཨ་བྷྱས་རྡོ་རྗེའི་ལྟེ་བ་ཟུར་བརྒྱད་ཀྱི་དབྱིབས་ཅན་དུ་བྱ་བར་བཤད་ལ། ཕྲེང་བ་དང་མན་སྙེར། དབུས་རྭ་གྲུ་བཞི་བ་དང་། བྷ་ཝ་བྷ་དྲས་ནི་དབུས་རྭ་ཟླུམ་པོ་དང་། ཕྱོགས་རྭ་རྣམས་ནི་ཅུང་ཟད་ཟུར་བཞི་བའི་རྣམ་པ་ཅན་དུ་བྱ་བར་བཤད་ཅིང་། དབུས་རྭ་ཅུང་ཟད་ཟུར་བརྒྱད་དུ་བྱེད་པའང་ཡོད་ལ། གཉིས་ཀས་རྭ་རྣམས་ཀྱི་འགོ་མཇུག་ཕྲ་ཞིང་དབུས་སྦོམ་པ་དང་། དབུས་རྭའི་ལྟེ་བར་སྐེ་རགས་སུམ་བཤིབས་བྱས་པའི་སྐེ་དཀྲིས་དབུས་མ་གཞན་གཉིས་ལས་གཉིས་འགྱུར་གྱིས་མཐོ་ཞིང་། ཕྱོགས་རྭ་རྣམས་ཀྱི་གཡས་གཡོན་དུ་འོད་ཟེར་གྱི་རྣམ་པ་ཅན་བྱ་བར་བཤད་དོ། །རྡོ་རྗེ་མཁའ་འགྲོར། ཀུན་གྱི་རྩེ་མོ་དབུ་མ་ཟླུམ་ཞེས་གསུངས་པའི་དོན། ཨ་བྷྱས་དབུས་རྭའི་འོག་གཞི་ཟླུམ་པོར་བྱ་བའི་དོན་དང་། ལྷ་ཝ་བྷ་དྲས་རྭ་དབུས་མ་ཉིད་ཟླུམ་པོའི་དོན་དུ་འཆད་པ། མཁས་གྲུབ་རྗེ་ནི། དབུས་རྭའི་ལུས་གྲུ་བཞི་ཡིན་པ་ལ་འོག་ངོས་ཟུར་རིམ་གྱི་མི་མངོན་པར་སོང་ནས་གདན་ལ་ཞུག་པའི་གོང་ཙམ་ནས་ཟླུམ་པོར་བྱ་བའི་དོན་དུ་འཆད་དོ། ཁ་ཅིག་ཕྱོགས་རྭ་རྣམས་དབུས་རྭ་ལ་ཕྱོགས་ནས་ཟུག་པའི་དོད་འབྱར་བ་ལྟ་བུར་མཛད་འདུག་ཀྱང་། དབུས་མ་ལ་ཟུག་པའི་ཚུལ་དུ་བྱས་པ་ནི་མང་ངོ་། །པད་མ་རྣམས་ནི་དབུས་མཐོ་ཞིང་རྩ་བ་རིམ་གྱིས་གཞོལ་བ་དང་རྩེ་མོ་ཅུང་ཟད་གཞོལ་བའོ། །སམ་བྷུ་ཊིར་རྭ་གནས་པའི་ཟླ་བའི་སྟེང་གི་མཐའ་ནས་མུ་ཁྱུད་ཀྱི་རྣམ་པའི་རི་མོས་བསྐོར་བར་བཤད་པ་ལྟར་བྱའི། ད་ལྟ་ཟླ་བའི་ཕྱི་མཐའ་ནས་མུ་ཏིག་གི་ཕྲེང་བ་ལྟ་བུ་གསུམ་གྱིས་བསྐོར་བར་བྱས་པ་ནི་དོན་མིན་པར་བཤད། རྡོ་རྗེ་མཁའ་འགྲོའི་འགྲེལ་པར། །དེ་ལ་རི་མོ་གཉིས་ཀྱིས་བསྐོར་བ་སྟེ་ཞེས་པའི་དོན་འཆད་པ་ན། མཁས་གྲུབ་རྗེས། ལྟེ་པའི་གཡས་གཡོན་དུ་རི་མོ་སྟེ་མུ་ཏིག་གི་ཕྲེང་བ་ལྟ་བུ་རེ་རེ་བ སྐོར་བར་གསུངས་ཤིང་། ཞེས་བཤད་པས་གསུམ་རེ་བྱས་པ་ནི་བརྟག་བྱའི་གནས་ཡིན་ལ། འོན་ཀྱང་མན་སྙེར་ལྟེ་བའི་མཐར་རིན་པོ་ཆེ་དང་པ་ཊ་དང་མུ་ཁྱུད་ཀྱིས་བསྐོར་བ་དང་ལྟེ་བར་ཧཱུྃ་ཡིག་འབྲི་བར་ཡང་བཤད་དོ། །སམ་བྷུ་ཊི་ལས། ཆུ་སྲིན་ཁ་ནས་བྱུང་བ་ཡི། །ཞེས་ཕྱོགས་རྭ་རྣམས་ཆུ་སྲིན་ཀྱི་ཁ་ནས་འཐོན་པར་བཤད་ཅིང་། ཆུ་སྲིན་གདོང་གི་དཔངས་ཚད་ནི། མན་སྙེར། ཆུ་སྲིན་གྱི་གདང་རྭའི་བཞི་ཆའོ་ཞེས་འབྱུང་བ་ལྟར་ཏེ། དོན་འཆད་ཚུལ་མི་འདྲ་བ་ཡོད་དོ། །རྡོ་རྗེ་སོར་བཅུ་བ་ལྟ་བུ་ལ་ཆུ་སྲིན་གྱི་སྣ་རྭ་རྣམས་ནས་ཀྱི་ཞེང་གི་ཕྱེད་ཙམ་ཕྱིར་འཕགས་ཤིང་གཞན་ལ་དེས་མཚོན་ནས་འཕགས་ཚུལ་མ་མ་འདྲ་བར་ཤེས་པར་བྱའོ། །དེས་ན་ཆུ་སྲིན་གྱིས་སྣ་ནི་རྭའི་ཕྱིར་འོང་བར་བྱའི་ནང་དུ་འོང་བར་བྱས་པ་ནི་དོན་མིན་ནོ། །རྡོ་རྗེ་མཁའ་འགྲོ་རྩ་འགྲེལ་ལས། རྡོ་རྗེ་ཆུ་ཞེང་མཉམ་པར་བཤད་པའི་དོན་ནི། རྭ་གཉིས་གང་རུང་གི་སུག་ཆེས་ནས་སྲད་བུས་བསྐོར་བ་བརྐྱངས་ན་ཕྱགས་རྭའམ་དབུས་རྭའི་རྩེ་དང་མཉམ་པ་དང་། ལྟེ་བའི་སྦོམ་ལ་སྐོར་བ་གཅིག་རྡོ་རྗེ་ཕྱེད་དང་སྐོར་བ་གཉིས་རྡོ་རྗེ་གཅིག་གི་སྲིད་དང་མཉམ་པའི་དོན་དུ་བཤད་དོ། །རྭ་རྣམས་ནི་རང་ཕྱོགས་ཀྱི་པད་འདབ་ཀྱི་ཐད་ཀྱི་ཟླ་བ་ནས་འཐོན་པ་ནི་འདྲའོ། །དྲག་པོའི་རྡོ་རྗེ་ཕྱོགས་མཚམས་ཀྱི་རྭ་རྣམས་དབུས་རྭ་རམ་རེག་པར་ཕྱིར་གྱེས་ཤིང་། རྭ་རྣམས་ཀྱང་རྩེ་མོ་ཤིན་དུ་རྣོ་བའོ། །རྭ་གསུམ་པ་ལ་ནི་ཕྱོགས་རྭ་གཉིས་ཙམ་དང་། རྩེ་གཅིག་པ་ལ་ནི་ཕྱོགས་རྭ་མེད་ཅིང་གཞན་རྣམས་སྔར་བཤད་པ་དང་འདྲ་ལ། རྭ་ཉི་ཤུ་བ་ནི་ཕྱོགས་རེར་རྭ་ལྔ་ལྔ་སྟེ། རྒྱན་གྱི་རྡོ་རྗེའི་བཤད་པ་སོགས་ནི་མ་བྲིས་སོ། །དེ་ནས་དྲིལ་བུའི་རྣམ་གཞག་བཤད་པར་བྱ་སྟེ། རྒྱུ་ནི། རྡོ་རྗེ་མཁའ་འགྲོ་ལས། ཀུན་ལ་འཁར་བའམ་ཡང་ན་ནི། །ལྕགས་གསུམ་ལས་ནི་དྲིལ་བུ་སྟེ། །ཞེས་གསུངས་པའི་ལྕགས་གསུམ་ནི་གསེར་དངུལ་ཟངས་གསུམ་ལ་སོགས་པའོ། །དེ་ཡང་སྟེང་གི་ཆའི་དབང་དུ་བྱས་ཤིང་། འོག་གི་ཆ་ནི་ལི ར་གྲགས་པའི་འཁར་བ་ལ་བྱའོ། །མཁའ་འགྲོ་རྒྱ་མཚོ་ལས། དྲིལ་བུ་རྟག་ཏུ་ཆ་གསུམ་ལྡན། །ཞེས་གསུངས་ཏེ། ཆ་གསུམ་ནི། བླ་མ་ཁ་ཅིག་ཁོག་པ་ཆ་གཅིག །སྟེང་གི་དབྱུགས་པ་ཆ་གཉིས་ཏེ་ཆ་གསུམ་ལ་བཞེད་ལ། མཁས་གྲུབ་རྗེ་ནི། བཟང་བོ་ཡོངས་གཟུང་ལས། །དྲིལ་བུ་ཀུན་དུ་ཆ་དྲུག་ལ། །ཞེས་སོགས་བཤད་པ་ལྟར། ཆ་དྲུག་ཏུ་བྱེད་པའི་ཚེ་ཁོག་པ་ཆ་བཞི་དང་། སྟེང་གི་དབྱུག་པ་ཆ་གཉིས་སུ་བྱས་ནས་ཆ་གཉིས་རེ་གཅིག་ཏུ་བསྡོམས་པས་ཆ་གསུམ་དུ་འགྱུར་བར་བཞེད་དེ། སྟེང་གི་རྡོ་རྗེ་ཕྱེད་པ་པད་མ་དང་བཅས་པ་ལ་ཆ་གཅིག་དང་ཤེས་རབ་མའི་ཞལ་བུམ་གདན་དང་བཅས་པ་ཆ་གཅིག་སྟེ་གཉིས་ཀྱིས་གཟུགས་མེད་ཀྱི་གནས་དང་། ཁོག་པའི་སྟེང་གི་ལྷ་མོ་བརྒྱད་ཀྱི་མཚན་མ་འགོད་པའི་གནས་ཀྱི་གཟུགས་དང་། དེའི་འོག་གི་ཆ་ནང་གི་དབྱུག་གུ་ནམ་མཁའ་དང་བཅས་པས་འདོད་ཁམས་མཚོན་པར་གསུངས། ཁོག་པའི་སྟེང་ནས་དྲ་བ་དྲ་ཕྱེད་ཀྱི་སྣེ་ཡན་ཆ་གཉིས་དང་། དེའི་འོག་ཆ་གཉིས་སུ་བྱས་པས་ཆ་བཞིའོ། །བཟང་པོ་ཡོངས་གཟུང་ལས། དྲིལ་བུ་དེ་ཡི་ནང་གི་མཁའ། །ཞེང་དང་མཆུ་རུ་མཉམ་པ་ཡིན། །ཞེས་མཆུ་ཞེང་མཉམ་པར་བཤད་པ་ནི། ཁོག་པའི་དཔངས་དང་ཁ་བ་ལང་གི་མཆུ་ལྟར་ཅུང་ཟད་ཞུམ་པའི་ནང་གི་རྒྱ་ཆེ་བའི་ཁྱོན་གཉིས་ཚད་མཉམ་པའི་དོན་ནོ། །མཆུ་ཞུམ་པ་དེའི་ཕྱི་མཐའི་སྟེང་དུ་མུ་ཏིག་གི་ཕྲེང་བ་གཉིས་ཀྱི་བར་དུ་རྡོ་རྗེའི་ཕྲེང་བ་གྱེན་བསྒྲེངས་དང་། དྲ་བ་དྲ་ཕྱེད་ཀྱི་སྟེང་དང་པད་འདབ་ཀྱི་རྩེའི་བར་དུ་རྡོ་རྗེའི་ཕྲེང་བ་མཆུར་ཉལ་བར་བྱ་སྟེ། འོན་ཀྱང་རྒྱུད་འགྲེལ་ལས་ཉལ་འགྲེང་གང་བྱེད་མི་གསལ་ལོ། །དྲིལ་བུའི་ཁོག་པའི་སྟེང་དུ་དབྱུག་པ་ཇི་ལྟར་འཚམ་པ་ལ་ཕྲེད་པ་གསུམ་དང་། དེའི་སྟེང་དུ་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་བུམ་པ་དང་། དེའི་སྟེང་དུ་བུམ་པ་དང་ཚད་མཉམ་པའི་ཤེས་རབ་མའི་ཞལ་དང་། དེའི་སྟེང་དུ་པད་མ་སྐེ་རགས་ཟླ་བ་དང་བཅས་པའི་རྡོ་རྗེ་ཕྱེད་པའོ། །བུམ་པའི་དོད་དུ་བུག་པ་བྱས་པ་ནི་གང་ནས་ཀྱང་མ་བཤད་པས་མི་འཐད་དོ། ཁོག་པའི་ཕྱི་སྟེང་གི་པད་འདབ་བརྒྱད་ལ་ལྷ་མོ་བརྒྱད་ཀྱི་ས་བོན་འགོད་པར་བྱ་ཞིང་། ཕྲེང་བ་དང་མན་སྙེར་ལྷོ་ནས་བརྩམས་པའི་དབང་དུ་བྱས་ནས་ཕྱོགས་སུ་གཡས་སྐོར་དུ། སྦྱན་མ། མཱ་མ་ཀི །གོས་དཀར་མོ། །སྒྲོལ་མ་བཞིའི་ས་བོན་ཡཾ་མཾ་བཾ་ཏཾ་བཞི་དང་། མཚམས་སུ་ནོར་སྦྱིན་མ་དང་། ཙུནྡ་དང་། ཁྲོ་གཉེར་ཅན་དང་། ཕྲེང་མ་མའི་བོན་བཾ་ཙུཾ་བྷྲཾ་མཾ་བཞི་འགོད་པར་བཤད་ལ། སམ་བྷུ་ཊི་དང་གདན་བཞི་སོགས་ལས། ཤར་ནས་བརྩམས་ཏེ་ཕྱོགས་བཞིར་སྒྲོལ་མ་སོགས་བཞི་དང་། མཚམས་སུ་སྔར་ལྟར་ལྷ་མོ་བཞིའི་ས་བོན་འགོད་པར་བཤད་དེ། སྒྲོལ་མའི་ས་བོན་ཤར་དུ་འོང་བར་བྱས་ནས་ཤེས་རབ་མའི་ཞལ་ཡང་ཤར་ལ་བལྟ་བར་གསུངས་སོ། །སྒྲོལ་མའི་ས་བོན་ཤར་དུ་འགོད་པ། འདི་ནི་སྤྱན་མ་ཤར་དང་ཤར་ལྷོ་སྒྲོལ་མ་བྱང་དང་བྱང་ཤར་དུ་འོང་བ་དང་མི་འདྲ་ཞིང་མཚོན་དོན་ཁྱད་པར་ཅན་ཡོད་པའི་དབང་གིས་ཏེ་མི་འགལ་ལོ། །ས་བོན་བཀོད་པའི་པད་འདབ་ཀྱི་རྩེའི་འོག་ཏུ་སྐེ་རགས་གཉིས་ཀྱི་བར་དུ་རྡོ་རྗེའི་ཕྲེང་བ་དང་། དེའི་འོག་དྲིལ་བུའི་ཁོག་པའི་ལོགས་སུ་དྲ་བ་དྲ་ཕྱེད་འཕྱང་བ་སྟེ། ཕྱོགས་མཚམས་ཀྱི་འདབ་མའི་ཐད་ཀར་དྲ་བ་རྫོགས་པ་རེ་དང་དེ་དག་གི་བར་བར་དུ་སྲོག་ཆགས་ཀྱི་ཁ་ནས་དྲ་ཕྱེད་སུམ་བཤིབས་འཕྱང་བའོ། །དྲ་བ་བརྒྱད་ཀྱི་ནང་དུ་ཤར་དུ་འཁོར་ལོ། །ལྷོར་རིན་ཆེན། ནུབ་ཏུ་པད་མ། བྱང་དུ་རལ་གྲི། ཤར་ལྷོར་སྤྱན། ལྷོ་ནུབ་ཏུ་རྡོ་རྗེ། ནུབ་བྱང་དུ་པད་མ། བྱང་ཤར་དུ་ཨུ ཏྤལ་འགོད་ཅིང་། དྲ་བ་དྲ་ཕྱེད་ལ་ཨུཏྤལ་སོགས་པ་ཇི་ལྟར་རིགས་པར་འཕྱང་བའོ། །དཔའ་བོའི་དྲིལ་བུ་ནི་གཞན་སྔར་ལྟར་ལ། སྲིད་དུ་སོར་དགུ་དང་ཁ་སོར་ལྔ་བ་སྟེ། ལྷ་མོའི་མཚན་མ་འགོད་པའི་གནས་དང་དྲ་བ་དྲ་ཕྱེད་སྤངས་པའོ། །འདི་ལ་ཕྲེང་པ་གཉིས་ཀྱང་དགོས་ཤིང་། ཕྲེང་བ་མེད་པའི་བྱི་བོ་ནི་དཔའ་བོའི་དྲིལ་བུ་མིན་ནོ། །གཞན་ཡང་རིགས་བཞིའི་དེ་བཞིན་གཤེགས་པའི་དྲིལ་བུ་ལ། རྣམ་སྣང་གི་དྲིལ་བུར་རྡོ་རྗེ་ཕྲེང་བ་གཉིས་ཀྱི་དོད་དུ་འཁོར་ལོའི་ཕྲེང་བ་གཉིས། རིན་འབྱུང་གི་དྲིལ་བུར་རིན་པོ་ཆེ། སྣང་མཐའི་དྲི་བུར་པད་མ། དོན་གྲུབ་ཀྱི་དྲིལ་བུ་ལ་རལ་གྲིའི་ཕྲེང་བ་གཉིས་རེ་བྱ་བ་སྟེ། གཞན་རྣམས་ནི་སྔར་རྡོ་རྗེ་སེམས་དཔའི་དྲིལ་བུ་ལ་བཤད་པ་ལྟར་རོ། །དྲིལ་བུ་ཐམས་ཅད་ཀྱི་ནང་གི་དབྱུགས་པ་ནི་རྒྱུ་ལྕགས་ལས་བྱས་ཤིང་ཟུར་བརྒྱད་ཀྱི་རྣམ་པ་ཅན་དབུས་ཅུང་ཟད་སྦོམ་པའོ། །རྣལ་འབྱོར་རྒྱུད་ལས་ནི། རྡོ་རྗེ་རྩེ་ལྔ་བས་མཚན་པའི་རིན་པོ་ཆེ་དང་པད་མའི་ཡུ་བ་ཅན་གྱི་དྲིལ་བུ་ཡང་བཤད་དོ། ༤ །དེ་ནས་དག་པ་སོགས་རྒྱས་པར་ནི་རྣལ་འབྱོར་རོལ་བའི་དགའ་སྟོན་སོགས་སུ་གསལ་བ་ལྟར་ཡིན་ལ། འདིར་དེ་དག་གི་དོན་བསྡུས་ཏེ་བཤད་ན། རྡོ་རྗེ་རྩེ་ལྔ་བའི་སྟེང་རྭའི་དབུས་མ་རྣམ་སྣང་དང་། ཕྱོགས་ཀྱི་རྭ་བཞི་མི་བསྐྱོད་པ་སོགས་རྣམ་པར་དག་པ་དང་མཚོན་ཞིང་། ལྷ་དེ་ལྔའི་ངོ་བོར་མོས་པ་དང་། སྟེང་གི་པད་མ་འདབ་མ་བརྒྱད་ནི་འཕགས་ལམ་ཡན་ལག་བརྒྱད་དག་ཅིང་། བྱམས་པ་ལ་སོགས་པ་སེམས་དཔའ་བརྒྱད་ཀྱི་ངོ་བོར་མོས་པ་དང་། རྡོ་རྗེའི་ལྟེ་བ་རྡོར་སེམས་དང་། འོག་གི་པད་འདབ་བརྒྱད་ནི་སྒོམ་བཞི་དང་། ཙུན་ད་སོགས་བཞིའི་ངོ་བོ་དང་། འོག་རྭ་ལྔ་ནི། དབུས་རྭ་ཡེ་ཤེས་ཀྱི་མཁའ་འགྲོ་མ། ཤར་རྭ་རྡོ་རྗེའི་མཁའ་འགྲོ་མ། བྱང་རྭ་དྲག་མོ། ནུབ་རྭ་རོ་ལངས་མ། ལྷོ་རྭ་གཏུམ་མོའི་ངོ་བོ་དང་དེ་དག་རྣམ་པར་དག་པའོ། །རྭ་དགུ་མར། མན་སྙེར་སྟེང་རྭའི་དབུས་རྭ་མི་བསྐྱོད་པ། ཤར་རྭ་སོགས་བཞི་ནི་རྣམ་སྣང་སོགས་དང་། མཚམ ས་རྭ་བཞི་ནི་སྤྱན་སོགས་བཞི་དང་། འོག་གི་དབུས་རྭ་རྡོར་སེམས་དང་ཕྱོགས་མཚམས་ཀྱི་རྭ་རྣམས་སེམས་དཔའ་བརྒྱད་ཀྱི་ངོ་བོར་མོས་བར་བཤད་ལ། བྷ་ཝ་བྷ་དྲས། སྟེང་རྭའི་དབུས་རྭ་རྣམ་སྣང་དང་ཕྱོགས་མཚམས་ཀྱི་རྭ་བརྒྱད་སེམས་དཔའ་བརྒྱད་དང་། འོག་རྭ་བརྒྱད་སྒོམ་བཞི་སོགས་གོང་དུ་བཤད་པ་ལྷ་མོ་བརྒྱད་ཀྱི་ངོ་བོར་བཤད་ནས་དབུས་རྭ་གང་དང་སྦྱོར་བར་མ་བཤད་ཀྱང་སྤྱན་མ་དང་སྦྱོར་བ་ཐོབ་བོ། །རྭ་རྣམས་ཆུ་སྲིན་གྱི་ཁ་ནས་འཐོན་པ་ནི་འགྲོ་བ་སྙིང་རྗེ་མི་གཏོང་བའི་དོན་དང་། རིན་པོ་ཆེའི་ཕྲེང་བ་རྣམས་ཀྱིས་གདུལ་བྱའི་རེ་བ་བསྐོང་བ་དང་། པདྨས་འཁོར་བའི་སྐྱོན་རྣམ་པར་དག་པ་དང་། དབུས་རྭའི་སྐེད་དཀྲིས་གསུམ་གྱིས་སྐུ་གསུང་ཐུགས་མཚོན་པ་སོགས་སོ། །རྡོ་རྗེ་གཞི་ལམ་འབྲས་གསུམ་གྱི་རྣམ་དག་མཚོན་ཚུལ་ནི། གཞི་ལ་ཆོས་རྣམས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་མཚོན་ཞིང་། ལམ་དུས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་དང་། འབྲས་དུས་ཀྱི་རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མཚོན་པའོ། །རྡོ་རྗེའི་རྭ་ལྔས་ནི་རྒྱལ་བའི་ཆོས་དབྱིངས་ཡེ་ཤེས་ལ་མེ་ལོང་ལྟ་བུའི་ཡེ་ཤེས་སོགས་བཞིར་ཕྱེ་བའི་ཡེ་ཤེས་ལྔ་མ་མཚོན་ཞིང་། རྭ་དགུ་མའི་ཕྱོགས་མཚམས་ཀྱི་རྭ་གཉིས་རེ་གཅིག་ཏུ་བྱས་ནས་སྔར་བཞིན་མཚོན་པ་འདྲའོ། །རྡོར་དྲིལ་གཉིས་ལ་རིམ་གཉིས་དང་སྦྱར་བའི་མཚོན་དོན་གཞན་མང་ཡང་མདོར་བ སྡུ་ན་ལམ་འབྲས་གཉིས་ཀྱི་ཐབས་ཀྱི་ཆ་ཐམས་ཅད་རྡོ་རྗེས་མཚོན་ཞིང་། ཤེས་རབ་ཀྱི་ཆ་རྣམས་དྲིལ་བུས་མཚོན་པའོ། །རྡོ་རྗེའི་སྐད་དོད་ནི་མི་ཕྱེད་པ་སྟེ་ངེས་དོན་གྱི་ཡེ་ཤེས་ཀྱི་རྡོ་རྗེ་དེ་མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པའི་དོན་དང་། དྲིལ་བུའི་སྐད་དོད་གྟཎྜ་ཞེས་པ་སྟེ། ཆོས་ཀྱི་རྣམ་གྲངས་སྣ་ཚོགས་པ་ཐམས་ཅད་ཀྱང་དྲིལ་ན་བདག་མེད་པ་ལས་མ་འདས་པའི་དོན་དང་། དྲིལ་བུའི་ཆ་གསུམ་གྱིས་ཁམས་གསུམ་མཚོན་ཞིང་། དྲིལ་བུའི་སྒྲ་དང་ཤེས་རབ་མའི་ཞལ་གྱིས་ཁམས་གསུམ་རང་བཞིན་མེད་པར་རྟོགས་པའི་ཤེར་ཕྱིན་མཚོན་ནོ། །གཞན་ཡང་། རྣལ་འབྱོར་རྒྱུད་ལས། རྡོ་རྗེ་རྩེ་ལྔ་པ་ལ་དང་པོའི་རྡོ་རྗེ་ཞེས་བཤད་ཅིང་དེ་དག་རྡོ་རྗེ་སེམས་དཔའི་རྡོ་རྗེ་གཉིས་མིང་གི་རྣམ་གྲངས་ཡིན་ལ། དང་པོའི་དོན་ལ་གཉིས་ཏེ་སྟོན་པ་དང་པོར་འོག་མིན་དུ་སངས་རྒྱས་པའི་མངོན་བྱང་ལྔའི་ནང་མཚན་གྱི་རྡོ་རྗེ་དེ་རྡོ་རྗེ་རྩེ་ལྔ་པ་ཡིན་པའི་རྒྱུ་མཚན་གྱིས་དང་། གདོད་མ་ཉིད་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཚུལ་གྱིས་ཐོག་མ་མེད་པའི་ཆོས་ཉིད་རྟོགས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ལྔའི་རང་བཞིན་ཅན་དེ་ལྷ་ཐམས་ཅད་འབྱིན་པ་པོ་ཡིན་པའི་ཕྱིར་དང་པོ་དང་། མི་ཕྱེད་པའི་ཕྱིར་རྡོ་རྗེ་ཞེས་བྱ་ལ། དེ་ཉིད་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་ལའང་དང་པོའི་རྡོ་རྗེ་ཞེས་བྱའོ། །རྒྱུད་སྡེ་གོང་མར་རྡོ་རྗེ་བྱིན་བརླབ་དང་དམ་ཚིག་སྦྱིན་པའི་སྐབས་སུ་ཐོག་ཐ་མེད་པའི་སེམས་དཔའ་ནི། ཞེས་སོགས་རྐང་བ་བཞི་བརྗོད་ཅིང་དོན་དྲན་དགོས་པ་མང་བས། དོན་བསྡུ་ན་ཐོག་ཐ་མེད་པའི་སེམས་ཀྱི་རྒྱུན་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་ལ་དྲི་མ་རིམ་གྱིས་བསལ་ནས་རྣམ་པར་དག་པའི་ཡེ་ཤེས་ཆོས་ཀྱི་སྐུ་དེ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་ལ། དེ་ནི་དགའ་བ་ཆེ་སྟེ་མཚན་མ་མེད་ཀྱི་ཆོས་ཀྱི་དགའ་བ་ཆེན་པོ་དང་ལྡན་པའོ། །ཀུན་ཏུ་བཟང་བོ་ནི་འདིར་དགེ་བའི་ཚོགས་ཏེ་དེ་ལས་བྱུང་བའོ། །ཀུན་གྱི་བདག་ཉིད་ནི་ཆོས་རྣམས་ཀྱི་རང་བཞིན་སྟོང་བ་ཉིད་དོ། །རྡོར་སེམས་ཀྱི་ཡུམ་རྡོ་རྗེ་སྙེ་མའི་བདག་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་བདག་པོ་ནི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རྒྱུ་ཆོས་ཀྱི་དབྱིངས་དང་དེ་རྟོགས་པའི་ཡེ་ཤེས་ཏེ། དེ་ཉིད་ལ་བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་རྡོ་རྗེ་འཆང་ངོ་ཞེས་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ། །ཡང་དྲིལ་བུ་བྱིན་བརླབ་སོགས་ཀྱི་ཚེ་སྲིད་པ་ངོ་བོ་ཉིད་ཀྱིས་དག་ཅེས་སོགས་རྐང་བ་བཞི་བརྗོད་ཅིང་དེའི་དོན་དྲན་དགོས་པས་དོན་ནི་སྲིད་པ་ནི་འཁོར་བར་སྐྱེ་པའི་རྒྱུན་ཏེ། དེ་ཉིད་ངོ་བོ་ཉིད་དམ་རང་བཞིན་གྱིས་ཡོངས་སུ་དག་པའོ། །དེ་ལྟར་ཡིན་ཀྱང་བདག་ཏུ་ལྟ་བ་རྣམས་ཀྱིས་བདག་ཏུ་སྒྲོ་བཏགས་པའི་ངོ་བོ་ཉིད་ཀྱིས་སྲིད་པ་རང་བཞིན་གྱིས་མེད་པ་དང་འགལ་བར་བྱས་པའི་ཚུལ་གྱིས་རང་བཞིན་གྱིས་གྲུབ་པར་བཟུང་ཞིང་། བྱང་ཆུབ་སེམས་དཔའ་མཆོག་རྣམས་ཀྱིས་ནི་སྲིད་པ་རང་བཞིན་གྱིས་རྣམ་པར་དག་པར་གཟིགས་ནས་སྲིད་པའི་མཆོག་སངས་རྒྱས་སུ་མཛད་པར་འགྱུར་རོ་ཞེས་པ་ནི་གོ་བདེ་བར་བྱས་པ་སྟེ་ཀུན་སྙིང་དང་ཤནྟི་བ་དང་ཨ་བྷྱས་རྣམས་ཀྱིས་བཤད་པ་གཞན་འདྲ་ཡང་། ཀུན་སྙིང་གིས་ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས་ཞེས་པ་ལ་འབྲུ་སྣོན་མཛད་ཁྱད་པར་རོ། །ཡང་འདི་དེ་སངས་རྒྱས་ཐམས་ཅད་ཀྱི། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཅེས་སོགས་ཤོ་ལོ་ཀ་གཅིག་འབྱུང་བའི་དོན་ནི། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོ་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་ངེས་དོན་གྱི་དྲིལ་བུ་ཡིན་ལ། དེ་སྟོན་པའི་གསུང་གིས་སྟོང་ཉིད། སྒྲ་དབྱངས་སྣ་ཚོགས་པས་གཞན་ལ་སྟོན་པར་མཛད་དོ། །དྲིལ་བུ་འདི་ཡང་དེ་དང་འདྲ་སྙེ་སྟོང་ཉིད་སྟོན་པའི་དབྱངས་ཀྱི་རྗེས་སུ་འགྲོ་བའི་ཤེས་རབ་དེ་ཉིད་མཚོན་པར་བཤད་དེ་འདི་ཁྱོད་ཀྱིས་བཅད་པར་བྱའོ་ཞེས་པའོ། །ཡང་ཐམས་ཅད་ནམ་མཁའི་མཚན་ཉིད་དེ། ཞེས་སོགས་འབྱུང་བའི་དོན་འདི་ལྟར། ནམ་མཁའ་ཐོགས་བཅས་ཀྱི་རེག་བྱ་བཀག་ཙམ་གྱི་མཚན་ཉིད་ཅན་དུ་འཇོག་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དགག་བྱས་བདེན་གྲུབ་བཀག་པའི་བདེན་སྟོང་ངོ་། །ནམ་མཁའ་ལ་ནི་ཐོག་བཅས་བཀག་ཙམ་ལས་འཇོག་བྱེད་ཀྱི་མཚན་ཉིད་ངོ་བོས་གྲུབ་པ་གཞན་མེད་ལ། ཐོགས་བཅས་བཀག་པའི་སྟོང་ཆ་མཐོང་བས་ནམ་མཁའ་མཐོང་བ་འཇོག་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་སྟེང་དུ་བདེན་གྲུབ་བཀག་ཙམ་གྱི་མེད་དགག་མཐོང་བས་སྟོང་ཉིད་མཐོང་བར་འཇོག་ཅིང་། དེའི་ཚེ་ཡུལ་དང་ཡུལ་ཅན་གྱི་ཡེ་ཤེས་གཉིས་ནམ་མཁའ་ལྟར་མཉམ་པར་སྦྱོར་བའི་ཚུལ་གྱིས་ཆོས་ཐམས་ཅད་ཀྱི་མཆོག་ཆོས་ཉིད་བདེན་སྟོང་མཉམ་པ་ཉིད་གསལ་བ་སྟེ་རྟོགས་པའི་ཡེ་ཤེས་བསྒོམ་པར་བྱའོ་ཞེས་པའོ། །འདི་དག་གིས་ཀྱང་དྲིལ་བུའི་མཚན་དོན་དང་རྣམ་དག་བཤད་དོ། །འོ་ན་དྲང་ངེས་ཀྱི་རྡོར་དྲིལ་གཉིས་ཀྱི་ནང་ནས་རྡོར་དྲིལ་མཚན་ཉིད་པ་གང་དུ་འཇོག་ཅེ་ན། འདི་ལ་བཞེད་པ་མི་མཐུན་པ་སྣང་སྟེ། ཁ་ཅིག་ངེས་དོན་གྱི་རྡོ་རྗེ་ནི་རྡོ་རྗེ་དངོས་ཡིན་གྱི། དྲང་དོན་གྱི་རྡོ་རྗེ་ལ་རྡོ་རྗེ་ཞེས་གཏགས་པ་ཙམ་ཡིན་པའི་ཕྱིར་རྡོ་རྗེ་དངོས་མིན་ནོ་ཞེས་གསུངས་ལ། ཁ་ཅིག་ནི་སྔ་མ་ལས་ལྡོོག་སྟེ་དྲང་དོན་གྱི་རྡོ་རྗེ་དེ་རྡོ་རྗེ་མཚན་ཉིད་པར་སྨྲའོ། ཁོ་བོ་ནི་དྲང་ངེས་ཀྱི་མདོ་སྡེ་གཉིས་ཀ་མདོ་སྡེ་ཡིན་པ་ལྟར་དྲང་ངེས་ཀྱི་རྡོ་རྗེ་གཉིས་ཀའང་རྡོ་རྗེ་ཡིན་ཞེས་བྱས་ཀྱང་མི་འགལ་ལམ་སྙམ་སྟེ། འོན་ཀྱང་ངེས་དོན་གྱི་རྡོ་རྗེ་ལ་རྡོ་རྗེའི་སྒྲ་བཤད་འཇུག་གཉིས་ཀ་ཡོད་ལ། དྲང་དོན་གྱི་རྡོ་རྗེ་ལ་རྡོ་རྗེའི་སྒྲ་བཤད་དུ་མེད་ཀྱང་འཇུག་ཏུ་རུང་བར་མངོན་ཏེ། དཔེར་ན་གཟུགས་མེད་ཁམས་པའི་ཉན་ཐོས་ཀྱི་སྒྲ་བཤད་དུ་མེད་ཀྱང་འཇུག་ཏུ་རུང་བ་བཞིན་ནོ། །གལ་ཏེ་དྲང་དོན་གྱི་རྡོ་རྗེ་ནི་མཚོན་བྱེད་ཀྱི་དཔེ་ཡིན་པས་རྡོ་རྗེ་དངོས་གནས་པར་མི་རིགས་སོ་སྙམ་ན། དེ་ཡང་མི་འགལ་ཏེ། དཔེར་ན་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུ་པོ་ནི་དགེ་འདུན་དེ་དང་དེ་དངོས་ཡིན་པར་བཞག་ཏུ་རུང་བ་བཞིན་ནོ། །དེར་མ་ཟད་དྲིལ་བུ་ལའང་དྲང་ངེས་གཉིས་སུ་བྱར་རུང་བས། དྲང་དོན་གྱི་རྡོ་རྗེ་རྡོ་རྗེ་མ་ཡིན་ན། དྲང་དོན་གྱི་དྲིལ་བུའང་དྲིལ་བུ་མ་ཡིན་པར་འགྱུར་བར་ཀུན་ནས་མཚུངས་ཏེ་དཔྱད་པར་བྱའོ། །དེ་ལྟར་རྡོར་དྲིལ་གྱི་མཚོན་དོན་ལེགས་པར་ཤེས་དགོས་ཏེ། མི་ཤེས་བཞིན་དྲིལ་བུ་དཀྲོལ་བ་ནི། སམ་བྷུ་ཊི་ལས། དེ་ཉིད་མེད་པའི་རྣལ་འབྱོར་བ། །གླིང་བོ་དྲིལ་བུ་དཀྲོལ་བ་བཞིན། །རྣལ་འབྱོར་དེ་ཉིད་དམན་པ་ཡི། །རང་གི་དངོས་གྲུབ་རིང་དུ་བརྟག །ཅེས་དང་། གདན་བཞིའི་འགྲེལ་པ་སོགས་ལས་ཀྱང་སྔ་མ་ལྟར་གསུངས་པ་བཞིན་ཉེས་དམིགས་སུ་འགྱུར་རོ། །རྡོར་དྲིལ་བྱིན་བརླབ་ནི་རྒྱུད་སྡེ་གོང་མ་གཉིས་གང་རུང་ནས་འབྱུང་བ་ལྟར་རྒྱས་བསྡུས་སྐབས་ཐོབ་ཀྱིས་བྱ་ལ། བསྐྱེད་ཆོག་ལ་བྱས་པའི་རྡོ་རྗེ་ལ་འགོ་མཇུག་གཞག་དཀའ་ཡང་། རྡོར་དྲིལ་གྱི་དག་པ་དང་མཚོན་དོན་གྱི་སྐབས་ནས་བཤད་པ་བཞིན་བསྐྱེད་ཆོག་བྱས་པ་ལ་ནི་ལྷ་ཕོ་མོའི་ཁྱད་པར་གྱིས་འགོ་མཇུག་ཡོད་པས་མི་ནོར་བའི་མཚན་མ་མཛད་པ་ལྟར་ལེགས་སོ། །དེ་ནས་ཅང་ཏེའུའི་རྣམ་གཞག་བསྡུ་ན། རྒྱུ་ནི་རྡོ་རྗེ་ཅན་གྱི་ཤིང་དང་། ཙན་དན་བ་ལང་མགོའི་རྩ་བ་དང་། ཙན་དན་དམར་པོ་གསུམ་མཆོག་ཡིན་ལ། མ་རྙེད་ན་འདོད་པའི་ཤིང་གང་ཡང་རུང་བའོ། །ཚད་ནི་རབ་ཚད་མཆུར་སོར་བཅུ་གཉིས་དང་ཁའི་ཐད་ཀར་སོར་དྲུག །འབྲིང་དཔངས་སུ་སོར་བཅུ་དང་ཁའི་ཞེང་སོར་ལྔ། ཐ་ཚད་དཔངས་སོར་ལྔ་དང་ཁ་དེའི་ཕྱེད་དོ། །གཞན་ཡང་སྐྱེས་པ་ལོ་བཅུ་དྲུག་པ་དང་བུད་མེད་ལོ་བཅུ་གཉིས་པའི་ཐོད་པ་ལས་བྱས་པའི་ཅང་ཏེའུ་འང་ཡོད་ལ། དེའི་ཁ་གཡོགས་ལྤགས་པའི་ནང་དུ་རང་གི་ལྷ་ཡབ་ཡུམ་གྱི་སྔགས་འབྲི་བ་དང་། གཡོགས་ནི་སྤྲེའུའི་པགས་པ་ལེགས་པར་བཤད་དོ། །ཅང་ཏེའུ ས་ནི་བདེ་སྟོང་གི་ཡེ་ཤེས་དང་དེའི་སྒྲ་སྒྲོགས་པར་མཚོན་ཞིང་། མཁའ་འགྲོ་དབང་དུ་སྡུད་པ་དང་ལྷ་མཆོད་དེ་མཉེས་པར་བྱེད་པ་སོགས་མང་ངོ་། །ཡང་བགྲང་ཕྲེང་གི་རྒྱུ་ནི་ས་མ་བྷུ་ཊི་ལས། ཤེལ་དང་ཉ་ཕྱིས་མུ་ཏིག་དང་། ཁམས་ནི་དཀར་བོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །ཕྲེང་བ་ཡི་ནི་མཚན་ཉིད་དེ། །གསེར་དང་དངུལ་དང་ཟངས་མ་དང་། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་ཕྲེང་བ་ཉིད། །རྣམ་པར་མཁན་པས་བགྲང་བར་བྱ། །གུར་གུམ་ལ་སོགས་དྲི་སྦོས་ཀྱིས། །དྲི་ནི་ཐམས་ཅད་བྱང་བར་དུ། །བསྒྲུབས་ཤིང་དྲིལ་བུ་བྱས་ནས་ནི། །དབང་ལ་ཡོངས་སུ་རབ་ཏུ་གྲགས། །རྒྱུ་རཀྴ་དང་ལུད་ཐང་དང་། །དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་ཡོངས་སུ་གྲགས། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་དི་ཙེ་ནི་ལས་ཀུན་བྱེད། །ཅེས་གསུངས་བ་ལྟར་རོ། ཁམས་དཀར་བོ་ནི་རུས་པ་དང་། རྡོའི་བྱད་པར་དཀར་བོའོ། །ཧེ་རུ་ཀ་མངོན་འབྱུང་ལས་ཕྲེང་བའི་རྒྱུ་ལ་མི་འདྲ་བ་མང་དུ་བཤད་ཀྱང་མ་བྲིས་ལ་རིལ་བུ་བྱས་ནས་ནི་ཞེས་ཕྲེང་རྡོག་རྣམས་རྒྱུ་དེ་དག་ལ་རིལ་བུར་བྱ་བའམ། རིལ་བུར་གྲུབ་ཟིན་ཡིན་ན་དྲི་བཟང་དེ་དག་བྱུགས་པར་གསུངས་སོ། །ཕྲེང་བའི་གྲངས་ནི། ཁ་སྦྱོར་ལས། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། དབང་ལ་དེ་ཡི་ཕྱེད་ནོ། །བརྒྱ་ཕྲག་གཅིག་གི་ཞི་བ་ལ། །དེ་བ ཞིན་རྒྱས་ལ་བརྒྱ་ལྷག་བརྒྱད། །མངོན་སྦྱོད་ལ་ནི་དྲུག་ཅུ་ཉིད། །ཞེས་གསུངས་པ་ལྟར་རོ། །གང་ལས་རྒྱུ་བའི་སྲད་བུ་དང་བྱིན་བརླབ་བྱ་ཚུལ་སོགས་ནི། ཁ་སྦྱོར་དད་གདན་བཞི་དང་སྡོམ་འབྱུང་དང་སྔགས་རིམ་སོགས་ལས་བཤད་པ་བཞིན་ཏེ་ཇི་ལྟར་རིགས་པར་བྱའོ། །ཡང་ཁ་ཊྭཱཾ་ཀའི་ཡུ་བ་ནི་རྒྱུ་ཤིང་སོགས་ལས་བྱས་ཤིང་དམར་སྣེ་རྩེ་གཅིག་པ་དང་། དབྱུག་པའི་སྟེང་དུ་བུམ་པ་སེར་པོ། །དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་མི་མགོ་སུམ་བརྩེགས་ཏེ། ཡས་རིམ་ནས་སྟེང་དུ་སྐམ་པོ་དཀར་བོ། །དེའི་འོག་ཏུ་རྙིད་པ་དམར་པོ། །དེའི་འོག་ཏུ་རློན་པ་ནག་པོ། དེ་གསུམ་གྱི་སྟེང་དུ་རྡོ་རྗེ་ནག་པོ་རྩེ་ལྔ་ཡོངས་རྫོགས་གྱེན་བགྲེང་ངོ་། །སྔ་མ་ཁ་ཅིག་རྡོ་རྗེ་ཕྱེད་པར་བཞེད་པའང་ཡོད་ལ། མར་སྣ་རྡོ་རྗེ་ཕྱེད་པར་འདོད་པ་ནི་མངོན་བརྗོད་དང་འགལ་ལོ། །སྣ་ཚོགས་རྡོ་རྗེ་ལས་དྲིལ་བུ་འཕྱང་བར་བྱས་པ་ནི་གང་ནས་མ་བཤད་པས། དྲིལ་ཆུང་སོགས་ནི་བུམ་པ་ལས་འཕྱང་བར་བྱའོ། །ཡུ་བའི་རིང་ཐུང་ལ། རིང་ཚད་རང་གི་ལུས་ཚད་དང་། ཐུང་ཚད་སོར་བཅུ་གཉིས་སོ་ཞེས་ཁ་ཅིག་འདོད་ཀྱང་། ཁྲུ་གང་སོགས་ཇི་ལྟར་རིགས་པར་བྱར་རུང་ངོ་། ཁ་ཊྭཱཾ་ཀས་བདེ་བ་ཆེན་པོའི་ལྷ་སྐུ་དང་། མགོ་གསུམ་གྱིས་སྐུ་གསུང་ཐུགས་མཚོན་པ་སོགས་སོ། །ཐོད་པའི་རྒྱུ་ནི། སྡོམ་འབྱུང་ལས། འཇིམ་པའི་རང་བཞིན་རུས་སྦལ་སྐྱེས། །དེ་བཞིན་འཁར་བ་ཟངས་ལྕགས་སྐྱེས། །གསེར་སྐྱེས་དངུལ་ལས་སྐྱེས་པ་ཡང་། །དུང་སྐྱེས་དེ་བཞིན་ཉ་ཕྱིས་ཉིད། །ན་རི་ཀེ་ལ་གཙོ་བོ་མཆོག །།དེ་བཞིན་གཞན་ལས་གང་བྱུང་བ། །རྭ་ལས་བྱུང་དང་ཤིང་སྣོད་སོགས། །གཞན་ཡང་རྡོ་སྣོད་ཁྱད་པར་རོ། །ཞེས་གསུངས་པ་ལྟར། ཐོད་པ་དངོས་ཡོད་ན་དེས་གྲུབ་ཅིང་། མེད་ན་རྒྱུ་དེ་རྣམས་ལས་ཐོད་པའི་དབྱིབས་བྱས་ནས་ནང་མཆོད་སོགས་ཀྱི་སྣོད་དུ་བྱེད་པའོ། །ཐོད་པ་བརྟག་ཐབས་ལ་བཤད་ཚུལ་མང་ཡང་། མཚོན་ཙམ་ཁ་ལྟ་ཕྱོགས་ནི། སྡོམ་འབྱུང་ལས། ལྷོ་རུ་ཁ་བལྟས་བྲམ་ཟེ་འཇོམས། །བདེན་བྲལ་དུ་འགྱེལ་བ་ལང་འཇོམས། །ཆུ་རུ་བལྟས་པས་སྔགས་པ་དམན། །རླུང་བལྟས་སྔགས་ནི་འཇིགས་པར་བྱེད། །བྱང་དུ་ཁ་བལྟས་དབང་ཕྱུག་འགྱུར། །དབང་ལྡན་སྔགས་ཀྱི་དངོས་གྲུབ་སྟེ། །མ་ཉམས་པ་ཡི་བརྟུལ་ཞུགས་རྒྱུན། །མེ་དང་ལྡན་པ་ཉེ་བར་འཕྲོག །དེ་བཞིན་འོག་བལྟས་ཆོམ་རྐུན་ནོ། །སྟེང་དུ་ཁ་བལྟས་བུད་མེད་འཇོམས། །ལོགས་སུ་འགྱེལ་བ་གཏུམ་པོ་སྟེ། །སྣོད་ཀྱི་མཚན་ཉིད་རྣམ་ཤེས་བྱ། །ཞེས་གསུངས་ལ། དུམ་བུ་གཅིག་པ་སོགས་ཀྱི་བཟང་ངན་ནི། དེ་ཉིད་ལས། དུམ་བུ་གཅིག་པས་གནས་སུ་འགྱུར། །དཀྱིལ་འཁོར་དབང་ཕྱུག་དུམ་བུ་གཉིས། །དུམ་གསུམ་བསྒྲུབ་པའི་དངོས་གྲུབ་སྟེ། །སྔགས་ཀྱི་དངོས་གྲུབ་ཆ་བཞི་བ། །ལྔ་བ་ལ་ནི་ཞི་དང་བྱས། །དུམ་དྲུག་སློང་མོ་པར་ཞེས་བྱ། །དབང་བྱེད་དུམ་བུ་བདུན་པ་སྟེ། །དུམ་བརྒྱད་པ་ཡང་དེ་བཞིན་སྤངས། །ཞེས་ཐོད་པ་དུམ་པ་བདུན་པ་ཡན་བཟང་བའི་ཕྱོགས་དང་། བརྒྱད་པས་མཚོན་ནས་དགུ་བ་སོགས་ངན་པའི་ཕྱོགས་སུ་གསུངས་པ་ལྟར་རོ། ཁ་དོག་ནི། དུང་དང་ཀུན་ཟླ་མདོག་མཚུངས། །སྣུམ་ཞིང་མཛེས་པར་དགེ་བར་བལྟ། །ཞེས་སོགས་ཀྱིས་འཆད་ཅིང་། མདོར་ན་ཁ་ལྟ་ཕྱོགས་དང་དུམ་བུ་དར་ཁ་དོག་དང་དབྱིབས་དང་བུ་ག་སོགས་ཀྱི་བརྟག་ཐབས་བཤད་པ་རྣམས་དང་། རྒྱན་དང་བགོ་བའི་རྣམ་གཞག་རྒྱས་པར་བཤད་པ་འདི་རྣམས་མང་དུ་དོགས་པས་མ་བྲིས་སྟེ། རྣལ་འབྱོར་རོལ་བའི་དགའ་སྟོན་ཉིད་ལས་ཤེས་པར་བྱའོ། །དེ་ནས་དགང་བླུགས་ཀྱི་རྣམ་གཞག་ནི། རྗེའི་སྦྱིན་སྲེག་ཆེན་མོར་གསུངས་པ་བཞིན་བརྗོད་ན། དགང་བླུགས་ཀྱི་རྒྱུ་ནི་གསེར་དངུལ་ཟངས་ལྕགས་ར་གན་སོགས་ལས་བྱ་བར་བཤད་པ་ལྟར་རོ། །དགང་གཟར་གྱི་ལུ་བའི་སྲིད་ནི། ཚད་ལྡན་གྱི་རྩ་ཐེབ་སོར་ཉེར་བཞི་ལ་ཡུ་བའི་འོག་ཏུ་རིན་སོར་གསུམ་པ་དང་དེའི་འོག་ཏུ་སོར་གསུམ་པ་རྡོ་རྗེ་དང་དེ་གཉིས་ཡུ་བ་བཅས་པ་ལ་སོར་སུམ་ཅུ་སྟེ། བླུགས་གཟར་གྱི་ཡུ་བའང་དེ་ལྟར་རོ། །དགང་གཟར་གྱི་ཡུ་བའི་སྦོམ་ཚད་ནི། རྡོ་རྗེ་དང་བཅས་པའི་ལག་པས་བདེ་བར་བཟུང་དུ་བྱང་བ་ཡིན་ལ། བླུགས་གཟར་གྱི་སྦོམ་ནི། སྔ་མའི་སྦོམ་ཚད་ལས་ཕྱེད་ཀྱིས་ཕྲ་བའོ། །དགང་གཟར་གྱི་ཡུ་བའི་སྟེང་དུ་ནི། དབྱིབས་གྲུ་བཞི་བ། རྒྱར་སོར་བཞི་བའི་དབུས་སུ་ཟབ་སོར་གཉིས་ཀྱིས་དམའ་བ་ལ་རྡོ་རྗེ་རྩེ་ལྔ་བ་སོར་གཉིས་པས་མཚན་པ་དང་གྲུ་བཞི་བའི་སྟེང་གི་རྒྱར་སོར་ཕྱེད་ལ་རྡོ་རྗེའི་འཕྲེང་བས་བསྐོར་ཞིང་། གྲུ་བཞི་བའི་སྟེང་དུ་པད་འདབ་ཀྱི་དབྱིབས་ཅན་སོར་བཞི་བ། ཟབས་སུ་མཐེའུ་ཆུང་གི་ཚད་ལ་སོར་བཞི་བའི་རྡོ་རྗེས་མཚན་པ། སྲིད་དུ་བཅུད་འཛག་པའི་བུ་ག་མཐེ་བོང་ངམ་མཐེའུ་ཆུང་གི་ཚད་ཙམ་གྱི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་སོར་བཞི་བའོ། །ཞེས་པ་ནི་ལུགས་གཅིག་སྟེ། དེ་དང་ཅུང་མི་འདྲ་བ་ཞིག་ཡོད་པའི་ཚུལ་འཆད་པ་ནི། ཡང་ན་ཡུ་བའི་སྟེང་གི་ཆར་པད་འདབ་གྱི་རྣམ་པ་ཅན་སྲིད་དུ་སོར་བརྒྱད་པ་ཇི་ལྟར་མཛེས་པ་ལ། རྒྱར་གྲུ་བཞི་སོར་བཞི་པ་ཟབས་སུ་སོར་གཉིས་ཀྱིས་དམའ་བའི་དབུས་སུ་རྡོ་རྗེ་སོར་བཞི་བ་རྩེ་གསུམ་པའམ་རྩེ་ལྔ་པས་མཚན་པ་སྟེ། ཡུ་བའི་སྐོར་དང་བཅུད་ཀྱི་བུ་ག་སྔར་དང་འདྲའོ། །བླུགས་གཟར་གྱི་ཡུ་བའི་སྟེང་དུ་ཁ་པད་འདབ་ལྟ་བུ་རྒྱར་སོར་གཉིས་པ། ཟབས་སུ་སོར་གཅིག་པ། དབུས་སུ་རྡོ་རྗེ་ལྔ་པས་མཚན་པའོ། །ཡང་ཕྱེད་བཅས་བཞི་བརྒྱ་པ་ལས། སོར་བཞིའི་མཐར་ནི་རྡོ་རྗེ་སྟེ། །བར་དུ་པད་མའི་འདབ་མའི་དབྱིབས། །ཞེས་གསུངས་པའི་དོན་འཆད་པ་ན་ཤན་ཏི་བས། མཐར་ཞེས་པ་ཐམས་ཅད་ཀྱི་སྟེེང་དུ་རྡོ་རྗེ་རྩེ་གསུམ་པ་ཡོད་ལ། བར་དུ་ཞེས་པ་རྩེ་གསུམ་པ་དང་ཟུར་བཞིའི་བར་དུ་པད་འདབ་ཀྱི་དབྱིབས་འདྲ་བ་ཡོད་པ་ལ་བཤད་པ་ལས། འོག་གི་སོར་བཞི་པ་གྲུ་བཞི་བའི་སྟེང་གི་མཐའ་ནས་གྱེན་ཏུ་མཐེའི་ཆུང་གི་ཚད་སོང་བའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་ཕྱོགས་བཞིར་བྱ་ཞིང་། དེ་དང་ནང་གི་ཟུར་འོག་མ་བཞིའི་བར་དུ་པད་འདབ་ཀྱི་རྣམ་པ་བྱའོ། །སོར་ཕྱེད་པ་ལ་བསྐོར་བའི་རྡོར་ཕྲེང་ནི་སོར་བཞི་བའི་དབུས་སུ་རྒྱར་སོར་གསུམ་པ་དང་དཔངས་སུ་སོར་གཉིས་པའི་བུག་པ་ཡོད་པའི་སྟེང་ངོས་ནས་ཕྱོགས་སུ་སོར་ཕྱེད་ཡོད་པ་བྱའོ། །ཞེས་གསུངས་ཏེ་ཅུང་ཟད་མི་འདྲ་བ་ཡོད་པས་ཁྱད་པར་ཕྱེད་པར་བྱའོ། །དགང་བླུགས་ཀྱི་སྐོར་འདི་དག་ཚིག་ཟུར་རེ་མ་གཏོགས་རྗེ་ཉིད་ཀྱི་གསུང་ཇི་ལྟ་བ་བཞིན་ཏེ། གོ་མི་བདེ་བའི་དབང་གིས་དགོངས་པ་ལེན་ཚུལ་ལ་ཁྱད་པར་བྱུང་སྟེ་དགང་བླུགས་ལ་ཅུང་ཟད་མི་འདྲ་བ་མཐོང་ངོ་། །ཡང་གྲུབ་ན། ཞི་སོགས་ཀྱི་དབྱེ་བས་དགང་གཟར་གྱི་ལྟེ་བར་ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་དབྱིབས་སོ་སོར་བྱས་པ་ལ། འཁོར་ལོ་རིན་པོ་ཆེ་པདྨ་རྡོ་རྗེ་སོ་སོའི་མཚན་མ་བྱ་ཞིང་། མ་གྲུབ་ན་མ་བྱས་ཀྱང་མི་འགལ་བར་བཤད་པ་ལྟར་ཡང་ཤེས་དགོས་སོ། །དེ་ལྟར་བླ་མ་ཡབ་སྲས་རྣམ་གཉིས་ཀྱི། །དགོངས་དོན་སྙིང་བོ་མདོར་བསྡུས་བཀོད་པའི་དགེས། །འདི་དང་ཕྱི་མ་ཀུན་དུ་ཡབ་སྲས་ཀྱིས། །འབྲལ་མེད་བུ་ལྟར་རྗེས་སུ་འཛིན་གྱུར་ཅིག །ཅེས་པ་འདི་ཡང་ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའོ། །མདྒ་ལཾ།། །།

རྒྱལ་པོ་གསེར་གྱི་ལག་པའི་སྨོན་ལམ་དང་འབྲེལ་བའི་མར་མེ་ཇི་ལྟར་འབུལ་བའི་ཚུལ་བདེ་ལེགས་འབྱུང་གནས།

རྒྱལ་པོ་གསེར་གྱི་ལག་པའི་སྨོན་ལམ་དང་འབྲེལ་བའི་མར་མེ་ཇི་ལྟར་འབུལ་བའི་ཚུལ་བདེ་ལེགས་འབྱུང་གནས་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། འདིར་མར་མེ་འབུལ་ཚུལ་ཁྱད་པར་ཅན་ཞིག་བརྗོད་པར་བྱ་སྟེ། མཆོད་པ་རྣམས་སྟ་གོན་བྱས་ནས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྒྱས་བསྡུས་ཅི་རིགས་སྔོན་དུ་བཏང་། ཚེ་དཔག་སོགས་ལྷ་གཞན་གྱི་སྒོ་ནས་ཀྱང་རུང་མོད། སྤྱན་རས་གཟིགས་བདག་བསྐྱེད་བྱེད་ན་ཆོ་ག་གསུམ་བསྐྱེད་དམ། བསྡུ་ན། ༈ རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར་པར་བསམ་ལ། བྱིན་བརླབས་ནི། ཨོོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་ཨོོཾ་ལས་རིན་པོ་ཆེའི་སྣོད་ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོོཾ་འོད་དུ་ཞུ་བ་ལས་བྱུང་བའི་མར་མེ་ལ་སོགས་པའི་མཆོད་པའི་ཚོགས་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་ཞིང་ཁྱབ་པར་གྱུར། ཨོོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ། ཨོོཾ་ཨཱཿཧཱུཾ། ལན་གསུམ། ཨོོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ་ལན་གསུམ། ཨོོཾ་ཨརྒྷཾ་ཨཱཿཧཱུཾ་ནས། ཤཔྟ་ཨཱཿཧཱུཾ། བསྡུ་ན་དེས་མཆོག །རྒྱས་པར་ན། ཨོོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱཿཏེ་བཛྲ་སིདྡྷི་ཧཱུཾ་ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཨོོཾ་ཨ་མྲྀ་ཏ་ཧཱུཾ་ཕཊ། ཨོོཾ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿཎཾ་ཨདྱ་ནུཏྤནྣ་ཏྭད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཨོོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཞེས་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ཏེ། བདག་གི་བསམ་པའི་ཞེས་སོགས་བརྗོད། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་། ལྷ་ཀླུ་གཞི་བདག་འཁོར་བཅས་མདུན་གྱི་ནམ་མཁར་སྤྱན་དྲངས། ཛཿ རྡོ་རྗེ་འཆང་ཆེན་ལ་སོགས་པ། །རྩ་བརྒྱུད་བླ་མ་ཐམས་ཅད་དང་། །གསང་བདེ་འཇིགས་གསུམ་ལ་སོགས་པ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །རྒྱལ་བ་ཤཱཀྱ་ཐུབ་པ་སོགས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །ཉེ་བའི་སྲས་ཆེན་རྣམ་བརྒྱད་སོགས། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། །ཉན་ཐོས་ཆེན་པོ་མཆོག་བརྒྱད་སོགས། །ཉན་རང་འཕགས་ཚོགས་ཐམས་ཅད་དང་། །ཡེ་ཤེས་མགོན་པོ་ལ་སོགས་པ། །ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱང་། །དེ་རིང་མཆོད་སྦྱིན་ཆེན་པོ་ཡི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཚངས་པ་བརྒྱ་བྱིན་དབང་ཕྱུག་སོགས། །སྟེང་གི་ལྷ་ཚོགས་ཐམས་ཅད་དང་། །དགའ་བོ་འཇོག་པོ་ལ་སོགས་པ། །འོག་གི་ཀླུ་ཆེན་ཐམས་ཅད་དང་། །ས་ཡི་ལྷ་མོ་བརྟན་མ་སོགས། །ས་བདག་གཞི་བདག་ཐམས་ཅད་ཀྱང་། །དེ་རིང་མཆོད་སྦྱིན་ཆེན་པོ་ཡི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དགྱེས་བཞིན་མྱུར་དུ་གཤེགས་ནས་ཀྱང་། །རང་རང་གདན་ལ་བཞུགས་སུ་གསོལ། །ཀཱ་མ་ལ་ཡ་སྟྭཾ། ཧཱུཾ། སྟོང་གསུམ་འཇིག་རྟེན་ཁམས་འདི་ན། །མཆིས་པའི་མཆོད་ཡོན་ཞབས་བསིལ་དང་། །མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་དང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྟགས་བརྒྱད་ལ་སོགས་དང་། །གླིང་བཞི་རི་རབ་ལྷུན་པོ་དང་། །ཉི་ཟླ་སྨན་དང་ནགས་ཚལ་ནི། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས། །གུས་པས་འབུལ་ལོ་བརྩེ་བས་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཁྱད་པར་སྟོང་གསུམ་ཁྱོན་ལྟར་དུ། །ཡངས་པའི་རིན་ཆེན་སྣོད་དབུས་སུ། །མར་གྱི་རྒྱ་མཚོ་འཁྱིལ་བའི་ནང་། །རི་རབ་ལྟ་བུར་རབ་བརྟན་པའི། །སྡོང་བུ་སྣུམ་ལྡན་བཙུགས་པ་ལས། །འཇིག་རྟེན་ཁམས་ཀུན་གསལ་བྱེད་པའི། །ཉི་ཟླའི་འོད་ལྡན་མར་མེ་མཆོག །བརྒྱ་ཕྱག་གྲངས་ལྡན་འདི་རྣམས་ནི། །རྡོ་རྗེ་འཆང་ཆེན་ལ་སོགས་པ། །རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གུས་པས་འབུལ་ལོ་བཞེས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གསང་བདེ་འཇིགས་གསུམ་ལ་སོགས་པ། །ཡི་དམ་ལྷ་ཚོགས་ཐམས་ཅད་ལ། །གུས་པས་འབུལ་ལོ༴ མཆོག་དང་ཐུན་མོང་༴ རྒྱལ་བ་ཤཱཀྱ་ཐུབ་པ་སོགས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །གུས་པས༴ མཆོག་དང་༴ ཉེ་བའི་སྲས་ཆེན་བརྒྱད་ལ་སོགས། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །གུས༴ མཆོག༴ ཉན་ཐོས་ཆེན་པོ་མཆོག་བརྒྱད་སོགས། །ཉན་རང་འཕགས་པ་ཐམས་ཅད་ལ། །གུས༴ མཆོག༴ མྱུར་མཛད་ཡེ་ཤེས་མགོན་པོ་སོགས། །ཆོས་སྐྱོང་སྲུང་མ་ཐམས་ཅད་ལ། ། གུས༴ མཆོག༴ གཞན་ཡང་ལྷ་ཀླུ་གཞི་བདག་སོགས། །མགྲོན་དུ་འོས་པ་ཐམས་ཅད་ལ། །གུས་པས་འབུལ་ལོ་བཞེས་ནས་ཀྱང་། །རབ་བརྟན་ཚེ་ཡི་དངོས་གྲུབ་སྩོལ། །གསེར་དངུལ་རིན་ཆེན་དངོས་གྲུབ་སྩོལ། །སྣ་ཚོགས་འབྲུ་ཡི༴ རྐང་བཞི་ཕྱུགས་ཀྱི༴ མྱུར་མགྱོགས་རྟ་ཡི༴ ཟས་མཆོག་རོ་བརྒྱའི༴ འཇམ་གཉེན་གོས་ཀྱི༴ བཞོན་མར་འོ་ཞོའི༴ ལོངས་སྤྱོད་སྙན་གྲགས༴ ནད་མེད་བདེ་སྐྱིད༴ སྣ་ཚོགས་འབྲུ་བཅུད༴ ལོ་ཏོག་རྒྱས་པའི༴ དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཁྱད་པར་མན་ལན་གསུམ་སོགས་བརྗོད་ཀྱང་ལེགས་སོ། །དེ་ནས་སྔོན་རྒྱལ་པོ་གསེར་གྱི་ལག་པས་མར་མེ་ཕུལ་བའི་ལོ་རྒྱུས་མདོ་ནས་འབྱུང་བ་ལྟར་སྨོན་ལམ་གདབ་ཅིང་འབུལ་བ་ནི། ༈ །མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་གྱུར་ཅིག །སྙིང་པོ་ནི་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ཅིག །འོད་ཀྱིས་ནི་སྲིད་པའི་རྩེ་མོ་མན་ཆད་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་དང་། གཞན་ཡང་ལྕགས་རི་ཆེན་པོའི་ཕྱི་རྒྱབ་ན་སེམས་ཅན་རང་གི་ལས་ཀྱི་སྒྲིབ་པས་བསྒྲིབས་པའི་མུན་ནག་ཆེན་པོའི་ནང་ན་རང་གི་ལག་པ་བརྐྱང་བསྐུམ་ཡང་མི་མཐོང་བའི་གནས་ཚུན་ཆད་སྣང་ཞིང་གསལ་བར་གྱུར་ཅིག །ཡུན་ནི་དུས་གསུམ་གྱི་སངས་རྒྱས་ཇི་སྲིད་བཞུགས་པ་དེ་སྲིད་དུ་གནས་པར་གྱུར་ཅིག །གྲངས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་གྲངས་མེད་པ་རེ་རེའི་སྤྱན་ལམ་དུ་གསལ་བར་གྱུར་ཅིག །མར་མེ་འདི་གཟུགས་མེད་པའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེ་ལྟར་གསལ་བའི་མོད་ལ་གཟུགས་མེད་པའི་ལྷ་རྣམས་མར་མེའི་འོད་ཀྱིས་བསྐུལ་མ་ཐག་ཏུ་མཚན་དང་དཔེ་བྱེད་དུ་ལྡན་ནས་སྙོམས་པར་འཇུག་པའི་སྐྱེ་མཆེད་བཞི་ལས་གྲོལ་ཏེ། དེ་བཞིན་གཤེགས་པའི་བསམ་གཏན་ལ་སོགས་པ་སྙོམས་པར་འཇུག་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །མར་མེ་འདི་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །གཟུགས་ན་སྤྱོད་པའི་ལྷ་རྣམས་ཏིང་ངེ་འཛིན་གྱི་དགའ་བདེ་རྩེ་གཅིག་པ་ཉམས་སུ་མྱོང་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཅིག །མར་མེ་འདི་འདོད་ཁམས་ཀྱི་ལྷ་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །འདོད་ཁམས་ཀྱི་ལྷ་རྣམས་ཀྱང་ལྷའི་འདོད་པའི་ལོངས་སྤྱོད་ལ་སེམས་མ་ཆགས་ཤིང་། རང་གི་སེམས་ལ་བལྟ་བས་བསམ་གཏན་བཞི་ལ་རིམ་གྱིས་སྙོམས་པར་འཇུག་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །མར་མེ་འདི་ལྷ་མ་ཡིན་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །ལྷ་མ་ཡིན་རྣམས་ཀྱི་ང་རྒྱལ་དང་ཁྲོ་གཏུམ་དང་སེམས་ཀྱི་གདུག་པ་ཞི་ནས་ཚད་མེད་པ་བཞི་དང་ལྡན་ནས་ཞི་གནས་ཀྱི་སེམས་ཡིད་ལ་བྱེད་པ་དང་ལྡན་པར་གྱུར་ཅིག །མར་མེ་འདི་གླིང་བཞིའི་མི་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །གླིང་བཞིའི་མི་རྣམས་ཀྱང་སྡུག་བསྔལ་བརྒྱད་ལས་ཐར་ནས་བརྩོན་འགྲུས་ཀྱིི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་གྱུར་ཅིག །མར་མེ་འདི་བྱོལ་སོང་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །བྱོལ་སོང་རྣམས་གཅིག་ལ་གཅིག་ཟ་བ་དང་། བརྡེག་བརྡུང་དང་། བསད་པ་དང་། བཀོལ་བའི་སྡུག་བསྔལ་དང་བླུན་རྨོངས་ལས་ཐར་ནས་ཤེས་རབ་རྣམ་པ་གསུམ་དང་ལྡན་པར་གྱུར་ཅིག །མར་མེ་འདི་གཤིན་རྗེའི་འཇིག་རྟེན་དུ་སྣང་ཞིང་གསལ་བར་གྱུར་ཅིག །གཤིན་རྗེ་རྣམས་གསོད་གཅོད་བྱེད་པ་དང་བརྡེག་བརྡུང་གི་ལས་ལས་ཐར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་བསྒྲགས་པས་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་དང་ལྡན་པར་གྱུར་ཅིག །མར་མེ་འདི་ཡི་དྭགས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །ཡི་དྭགས་རྣམས་ཀྱང་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་ཐར་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་གྱིས། ཟས་དང་སྐོམ་གྱི་ཕོངས་པ་རྣམས་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་ཞིང་སྦྱིིན་པའི་ཕ་རོལ་ཏུ་ཕྱིན་པའི་དབང་དང་ལྡན་པར་གྱུར་ཅིག །མར་མེ་འདི་དམྱལ་བའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དམྱལ་བ་རྣམས་ནི་སྔོན་གྱི་ལས་ངན་པའི་རྣམ་པར་སྨིན་པས་ཚ་གྲང་གི་སྡུག་བསྔལ་བཟོད་པར་དཀའ་བ་ཉམས་སུ་མྱོང་བ་ལས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེའི་བྱིན་གྱིས་བརླབས་ཀྱིས་དམྱལ་བའི་སྡུག་བསྔལ་ཚད་མེད་པ་ལས་ཐར་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་གྱུར་ཅིག །མར་མེ་འདི་འཛམྦུའི་གླིང་གི་ཕྱི་རོལ་མུན་ནག་ནང་ན་འཐོམས་པའི་སེམས་ཅན་རང་གི་རྐང་ལག་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེ་དག་སྔོན་གྱི་ལས་ངན་པའི་རྣམ་པར་སྨིན་པས་ཟས་དང་སྐོམ་འདོད་པ་ལས། ནམ་མཁའ་ལ་ནི་རང་གི་ལྕགས་ཀྱི་སེན་མོ་ཡོད་པ་བསྙབས་པས་ཟས་དང་སྐོམ་མ་རྙེད་ནས་རང་གི་ལུས་ཟིན་པ་དང་ཤ་བཅད་དེ་ཟ་བ་དེ་དག་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཐུགས་རྗེའི་བྱིན་གྱིས་མུན་ནག་ཆེན་པོར་འཐོམས་པ་ལས་ཐར་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །གཞན་ཡང་མར་མེ་འདི་ཀླུའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེས་ཀླུ་རྣམས་གཏི་མུག་དང་སེར་སྣའི་མདུད་པ་ལས་གྲོལ་ཏེ་གཏོང་བའི་བློ་དང་ལྡན་ཞིང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། མེ་དང་། བྱེ་ཚན་ལ་སོགས་ཏེ་འཇིགས་པ་ཆེན་པོ་བརྒྱད་ལས་ཐར་ནས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་སྲོག་འཚོ་བའི་ཞི་གནས་ཀྱི་ཆུ་ཐིག་སྙིང་ལ་གནས་ནས་འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་གྱུར་ཅིག །མར་མེ་འདི་ལྟོ་འཕྱེ་ཆེན་པོའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེས་ལྟོ་འཕྱེ་ཆེན་པོའི་སྡུག་བསྔལ་ཞི་ནས་དགའ་བ་རྒྱ་མཚོ་རྣམ་པར་འཕྲུལ་བའི་ཤུགས་དང་ལྡན་པར་གྱུར་ཅིག །མར་མེ་འདི་གླིང་གི་སྤྱིིར་གནས་པའི་ས་བདག་དང་། ལྷ་དང་། ཀླུ་དང་། ས་བདག་གི་རྒྱལ་པོ་པེ་ཏ་ལི། སའི་རྒྱལ་པོ་ཆེན་པོ་དང་། རྒྱ་མཚོ་ཆེན་པོ་དང་། མཚོ་ཕྲན་དང་། རྫིང་དང་། ན་བ་ལ་གནས་པ་དང་། ཀླུང་ཆེན་པོ་དང་། ཀླུང་ཕྲ་མོ་དང་། ཆུ་མིག་དང་། ལུ་མ་ལ་གནས་པ་དང་། གངས་རི་མཐོན་པོའི་རྒྱུད་ལ་གནས་པ་དང་། རི་ནག་པོ་དང་གཡའ་དང་། ཤ་སྲང་དང་། སྤང་རི་དང་། ནགས་ཆེན་པོ་དང་། ཤིང་གཅིག་པ་དང་། གཙུག་ལག་ཁང་དང་། མཆོད་རྟེན་དང་། གྲོང་ཁྱེར་དང་། ལྗོངས་ན་གནས་པ་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག །དེ་དག་སོ་སོའི་འཁྲུལ་བའི་རྟོག་པ་ཐམས་ཅད་བྱང་ནས་དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །དེ་ལྟར་མར་མེའི་འདིའི་ཡོན་ཏན་ནི་བདག་གིས་ཀྱང་གཏན་པ་མེད་པའི་མཆོད་སྦྱིན་འདི་ཕུལ་བས། བདག་དང་མཐའ་ཡས་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཞབས་དྲུང་དུ་སྐྱེས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དཔལ་མགོན་དུ་གྱུར་ཅིག །ཅེས་པ་འདི་ནི་རྒྱལ་པོ་གསེར་གྱི་ལག་པས་རང་གི་ལག་པ་གཡས་ལ་སྣུམ་རས་དཀྲིས་ཏེ་མེ་སྦར་ནས་སངས་རྒྱས་མར་མེ་མཛད་འཁོར་བཅས་ལ་ཕུལ་བའི་ཚེ་སྨོན་ལམ་དུ་བཏབ་པའོ། །ད་ལྟ་ཁ་ཅིག་ཚེ་ཆོག་དང་སྤྲེལ་ཡང་། སྨོན་ལམ་འདི་ལྟར་བྱས་ཏེ་ཕུལ་ན་ཕན་ཡོན་ལྷག་པར་ཆེ་བས་ལེགས་སོ། །དེ་ནས་སྨོན་ལམ་གཞན་གདབ་པ་ནི། ༈ །འདི་ལྟར་མར་མེ་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་བདག་སོགས་འགྲོ་བ་ཐམས་ཅད་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་བར་གྱུར་ཅིག །སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་གྱུར་ཅིག །ཚ་གྲངས་བཀྲེས་སྐོམ་གྱི་སྡུག་བསྔལ་ཐམས་ཅད་ལས༴ དབུལ་ཞིང་ཕོངས་པའི་སྡུག་བསྔལ་ཐམས་ཅད་ལས༴ འཐབ་ཅིང་རྩོད་པའི་སྡུག་བསྔལ་ཐམས་ཅད་ལས༴ འབྱུང་བ་འཁྲུགས་པའི་ནད་དང་གནོད་པ་ཐམས་ཅད་ལས༴ གདོན་གྱིས་བསྐྱེད་པའི་ནད་དང་གནོད་པ་ཐམས་ཅད་ལས༴ ལུས་ཚེ་སྲོག་ལ་བར་དུ་གཅོད་པའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །བསོད་ནམས་ལོངས་སྤྱོད་ལ་བར་དུ་གཅོད་པའི་གནོད་པ་ཐམས་ཅད ༴ དབང་ཐང་རིགས་རྒྱུད་ལ་བར་དུ་གཅོད་པའི་གནོད་པ་ཐམས་ཅད༴ སྙན་གྲགས་འཁོར་གཡོག་ལ་བར་དུ་གཅོད་པའི་གནོད་པ་ཐམས་ཅད༴ རྟ་ཕྱུགས་སྒོ་ནོར་ལ༴ ཁ་ཟས་གོས་བཟང་ལ༴ བཞོན་མར་འོ་ཞོ་ལ༴ འབྲུ་བཅུད་ལོ་ཏོག་ལ༴ མདོར་ན་འཇིག་རྟེན་ཁམས་ཀྱི་མི་ནད་ཕྱུགས་ནད་འཐབ་རྩོད་འཁྲུགས་ལོངས་ལ་སོགས་པའི་བཀྲ་མི་ཤིས་པའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །དེ་ནས་གཡང་ལེན་མདོར་བསྡུས་བྱེད་པར་འདོད་ན་གཡང་རྟེན་གྱི་རྫས་ཅི་འགྲུབ་བསགས་ནས། ༈ །ཀྱཻའམ་ཧཱུཾ། དཀོན་མཆོག་གསུམ་གྱི་བྱིན་བརླབས་རྣམས། །དེ་རིང་གནས་འདིར་གཡང་དུ་བྱོན། །ཚངས་པ་ལ་སོགས་ལྷ་ཡི་གཡང་། །དེ་རིང་གནས་འདིར་གཡང་དུ་བྱོན། །དགའ་བོ་ལ་སོགས་ཀླུ་ཡི་གཡང་། །དེ་རིང་གནས་འདིར་གཡང་དུ་བྱོན། །ཉི་མ་ལ་སོགས་གཟའ་ཡི་གཡང་། །དེ་རིང་༴ སྨིན་དྲུག་ལ་སོགས་རྒྱུ་སྐར་གཡང་། །དེ་རིང་༴ འཛམ་བྷ་ལ་སོགས་ནོར་ལྷའི་གཡང་། །དེ་རིང་༴ འཁོར་ལོས་བསྒྱུར་སོགས་མི་ཡི་གཡང་། །དེ་རིང་༴ རྒྱལ་སྲིད་རིན་ཆེན་བདུན་གྱི་གཡང་། །དེ་རིང་༴ བཀྲ་ཤིས་རྟགས་བརྒྱད་དག་གི༴ དེ་རིང་༴ ཡིད་བཞིན་ནོར་བུའི་དཔལ་གྱི༴ དེ་རིང་༴ བུམ་པ་བཟང་པོའི་གཏེར་གྱི༴ དེ་རིང་༴ དཔག་བསམ་ཤིང་ཆེན་རྒྱས་པའི༴ དེ་རིང་༴ རྒྱ་མཚོ་ཆེན་པོ་ཟབ་པའི༴ དེ་རིང་༴ རི་རབ་ལྷུན་པོ་མཐོ་བའི༴ དེ་རིང་༴ ཉི་མ་ཟླ་བ་གསལ་བའི༴ དེ་རིང་༴ ནམ་མཁའི་ཁམས་ནི་ཡངས་པའི༴ དེ་རིང་༴ ས་གཞིའི་ཁྱོན་ནི་རྒྱ་ཆེའི་གཡང་། །དེ་རིང་གནས་འདིར་གཡང་དུ་བྱོན། །མདོར་ན་འཇིག་རྟེན་འཇིག་རྟེན་འདས། །གཡང་རྣམས་ཐམས་ཅད་འདིར་འདུས་ཤིག །སྦྱིན་བདག་འཁོར་དང་བཅས་རྣམས་ཀྱི། །ཚེ་དཔལ་བསོད་ནམས་རྒྱས་པར་ཤོག །དབང་ཐང་རིགས་བརྒྱུད་དར་བར་ཤོག །སྙན་གྲགས་འཁོར་གཡོག་རྒྱས་པར་ཤོག །བསམ་དོན་ཐམས་ཅད་འགྲུབ་པར་ཤོག །ལྷ་ཡི་བཀྲ་ཤིས་ཀུན་ཐོབ་ཤོག །ཀླུ་ཡི་བཀྲ་ཤིས་ཀུན་ཐོབ་ཤོག །ལྷ་མིན་བཀྲ་ཤིས་ཀུན་ཐོབ་ཤོག །མི་ཡི་བཀྲ་ཤིས་ཀུན་ཐོབ་ཤོག །བཀྲ་ཤིས་ཐམས་ཅད་ཐོབ་གྱུར་ནས། །རྟག་ཏུ་བདེ་སྐྱིད་ལྡན་པར་ཤོག །དེ་ནས། སྐྱབས་གནས་དམ་པ་ཁྱེད་རྣམས་ནི། །མཆོད་སྤྱིན་གནས་སུ་སྤྱན་དྲངས་ནས། །མཆོད་པའི་སྐབས་འདིར་བདག་ཅག་གི །མ་འབྱོར་བ་སོགས་ཉེས་པའི་ཚོགས། །ཅི་མཆིས་ཐུགས་ཀྱིས་བཟོད་བཞེས་ནས། །རང་རང་སོ་སོའི་གནས་སུ་གཤེགས། །ཞེས་བརྗོད་ཅིང་གཤེགས་གསོལ་བྱའོ། །ཕྱི་མའི་དོན་གཙོ་བོར་ཡིན་ན། གཡང་གི་སྐོར་བཞག་ཆོག་གོ །དེ་ལྟར་རྟེན་གྱི་དྲུང་དུ་མར་མེ་ཕུལ་བའི་ཕན་ཡོན་ནི། འཕགས་པ་མར་མེ་འབུལ་བ་ཞེས་བྱ་བའི་མདོ་ལས། ཤཱ་རིའི་བུ། མར་མེ་འབུལ་བ་ཅུང་ཟད་ཅིག་ཕུལ་བ་ལས་མངོན་པར་འགྲུབ་པའི་བསོད་ནམས་ཀྱི་ཕུང་པོ་དེའི་རྣམ་པར་སྨིན་པ་ནི། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས། ལྷ་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོར་དང་བྲམ་ཟེར་བཅས་པའི་སྐྱེ་དགུས་བསྟན་པར་མི་ནུས་སོ། །ཞེས་དང་། ཤཱ་རིའི་བུ་མར་མེ་ཕུལ་བ་དེས་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་དཔག་ཏུ་མེད་གྲངས་མེད་པ་ཡོངས་སུ་བཟུང་བར་འགྱུར་བའི་དོན་དེ་ནི་དེ་བཞིན་གཤེགས་པས་མཁྱེན་ཏེ། ཞེས་དང་། ཤཱ་རིའི་བུ་གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བ་དེ་འཆི་དུས་ཀྱི་ཚེ་སྣང་པ་བཞི་ཐོབ་སྟེ། བཞི་གང་ཞེ་ན། མདུན་ན་ཉི་མའི་དཀྱིལ་འཁོར་འཆར་བ་མཐོང་བ་དང་། མདུན་ན་ཟླ་བའི་དཀྱིལ་འཁོར་འཆར་བ་མཐོང་བ་དང་། ལྷའི་འཁོར་གནས་པ་མཐོང་བ་ནས། སངས་རྒྱས་མཐོང་བ་སྟེ། ཞེས་པའི་བར་དང་། མར་མེ་ཕུལ་བའི་རྣམ་སྨིན་འདི་ཡིན་ཏེ། །འཆི་དུས་བྱེད་ཚེ་དྲན་པ་ཉམས་མི་འགྱུར། །དེ་ལ་ཕྱོགས་རྣམས་སྣང་བར་གྱུར་པར་འབྱུང་། །སྔོན་ཆད་མ་མཐོང་གཟུགས་བཟང་རྣམས་ཀྱང་མཐོང་། །དེ་ནི་ཤི་འཕོས་མཐོ་རིས་ངེས་འགྲོ་ཤིང་། །ལྷ་ཡི་སྟན་ལ་དེ་ལུས་འདུག་པར་ཤེས། །ཞེས་དང་། ཤཱ་རིའི་བུ་མར་མེ་ཕུལ་ནས་དེ་ལྟར་རྣམ་པར་སྨིན་པ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བ་ཡིན་ནོ། །ཞེས་དང་། མར་ཁུར་མ་ཟད། ཏིལ་གྱི་མར་མེ་ཡང་དེ་དང་འདྲ་བར་མཆོག་ཡིན་ཏེ། དེ་ཉིད་ལས། ཏིལ་གྱི་མར་མེ་རྗེས་སུ་བཟུང་ནས་ཆོས་ཀྱི་མར་མེ་རྗེས་སུ་འཛིན་ཏོ། །མར་མེ་ཕུལ་བའི་དགེ་བའི་རྩ་བ་དེས་ཚོགས་དཔག་ཏུ་མེད་པ་བརྒྱད་འཐོབ་སྟེ། །ཞེས་སོགས་དེར་ཕན་ཡོན་མང་དུ་བཤད་ཀྱང་མཚོན་ཙམ་མོ། །གཞན་ཡང་ལས་རྣམ་པར་འབྱེད་པའི་མདོ་ལས། །མར་མེ་ཕུལ་བའི་ཕན་ཡོན་ནི་བཅུ་སྟེ། །བཅུ་གང་ཞེ་ན། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་། །ཤའི་མིག་རྣམ་པར་དག་པ་འཐོབ་པ་དང་། ལྷའི་མིག་རྣམ་པར་དག་པ་འཐོབ་པར་འགྱུར་བ་དང་། དགེ་བ་དང་མི་དགེ་བའི་ཆོས་རྣམས་ཤེས་པར་འགྱུར་བ་དང་མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང་། ཤེས་རབ་ཀྱི་སྣང་བ་འཐོབ་པར་འགྱུར་བ་དང་། དེ་འཁོར་བ་ན་འཁོར་བའི་ཚེ་ནི་མུན་པ་ན་གནས་པར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་མྱ་ངན་ལས་འདའ་བ་སྟེ། དེ་དག་གོ །ཞེས་གསུངས་སོ།། །།ཞེས་པ་འདི་ནི་དད་དང་རྣམ་དཔྱོད་ལྡན་པའི་ཚེ་གཟུངས་སོགས་ལ་མར་ནང་བ་འགའ་ཞིག་གིས་བསྐུལ་བའི་ངོ་བོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བ་སྟེ། ཕྱིས་སྣ་ལམ་སྔགས་འཆང་རྣམ་རྒྱལ་ཞེས་བྱ་བས་དད་པས་པར་དུ་བསྒྲུབས་པའི་ཚེ་པར་གྱི་ཡི་གེ་པ་ནི་ཐོ་ལོའི་སྔགས་འཆང་ཚེ་དབང་མགོན་པོའོ།། །།མདྒ་ལཾ།

ཀླུ་གཏོར་བདུད་རྩིའི་ཆུ་རྒྱུན།

ཀླུ་གཏོར་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥ་ཡ། རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་ཞེས་རབ་ཏུ་གྲགས། །གང་དེའི་ཞབས་ལ་གུས་བཏུད་ནས། །ཀླུ་གཏོར་ཆོ་ག་བྱ་ཚུལ་བཤད། །དེ་ཡང་གླུ་གཏོར་གྱི་ཆོ་ག་ཇི་ལྟར་བྱ་བའི་ཚུལ་མཁས་པ་དག་གིས་མཛད་པ་རེ་གཉིས་སྣང་ཡང་། འདིར་གཞན་དག་གི་བསྐུལ་བ་ལ་བརྟེན་ནས་སྔོན་ལ་དེ་དག་གི་བཞེད་པ་ཕྱོགས་གཅིག་ཏུ་བསྒྲིགས་ནས་འཆད་པ་ལ་གསུམ། སྔོན་ཏུ་ཇི་ལྟར་བྱ་བ་དང་། དངོས་གཞིའི་སྐོར་དང་། མཇུག་གི་རིམ་པའོ། །དང་པོ་ནི། རས་ཤོག་སོགས་ཀྱི་སྟེང་དུ་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པའི་དབུས་སུ་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་བཅས་པ་ལ་ཡི་གེ་ཕུ་བྲིས་ཏེ་མཐར་ཆུ་རིས་བྱས་ལ་མདུན་དུ་སྟེགས་ཀྱི་ཁར་དགོད། མཆོད་པ་གཞན་དང་སྣོད་དུ་དཀར་གསུམ་མངར་གསུམ་དང་ཀླུ་སྨན་སྣ་ཚོགས་བསྲེས་པའི་རིལ་བུ་དང་ཆང་བུ་གང་རུང་བྱ་ཞིང་ཟླུམ་གཏོར་མཛད་པའང་སྣང་། ཆུ་གཙང་དང་འོ་མ་བསྲེས་པ་ལ་ཀླུ་སྨན་བཏབ་དང་། གྲུབ་ན་རིན་པོ་ཆེ་དང་འབྲུ་སྣ་དང་དཀར་གསུམ་མངར་གསུམ་དང་ཀླུ་སྨན་རྣམས་སྣོད་སོ་སོར་བཤམས་ཤིང་། སྙུགས་ལྡེམ་ལ་དར་དང་ཚོན་སྐུད་སོགས་ཀྱིས་བརྒྱན་པར་བྱའོ། །དེ་ནས་རང་ཉིད་ཁྲུས་དང་གཙང་སྦྲ་དང་ལྡན་པས་ཤ་ཆང་སྒོག་བཙོང་སོགས་སྤངས་ཏེ། ཁ་བྱང་ཤར་རམ་གཞན་དུ་ཕྱོགས་པར་ཡང་རུང་ངོ་། །གཉིས་པ་ལ་གསུམ། བདག་བསྐྱེད། མདུན་བསྐྱེད། བསྔོ་ཚུལ་ལོ། །དང་པོ་ནི། པཎ་ཆེན་རིན་པོ་ཆེས་སྤྱན་རས་གཟིགས་གང་ཡང་རུང་བས་བྱ་བར་བཤད་ལ། རྒྱལ་དབང་ལྔ་པས་ཁ་སར་པཱ་ཎིའི་བདག་བསྐྱེད་མཛད་ཅིང་། གཞན་དུ་སེང་གེའི་སྒྲའི་སྒོ་ནས་བྱ་བར་བཤད་པས་འདིར་ཕྱི་མ་ལྟར་བྱས་ན་ཁྱད་ཆེ་བར་བསམས་ཏེ། དེ་བཞིན་དུ་བྱ་བའི་སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་སོགས་བྱས་ལ། །སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དམར་པོའི་ལྟེ་བར་སིཾ་ལས་སེང་གེ་དཀར་པོའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲཱིཾཿཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། དེ་གཉིས་བྱས་ཚུར་འདུས། ཧྲཱིཾཿཡིག་ལ་ཐིམ་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་སེང་གེའི་སྒྲ་སྐུ་མདོག་དཀར་པོ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་གཞོན་ནུ་དཀར་ཐུབ་པའི་ཚུལ་འཛིན་ཅིང་། རལ་པའི་ཅོད་པཎ་ཅན། ཕྱག་གཡས་ས་གནོན་དང་གཡོན་ཟླ་གདན་ལ་བརྟེན་པའི་མཐེབ་མཛུབ་གཉིས་ཀྱིས་པད་མའི་རྩ་བ་ནས་བཟུང་སྟེ་རྩེ་མོ་གཉིས་སུ་གྱེས་པའི་སྟེང་དུ་ཡེ་ཤེས་ཀྱི་རལ་གྲི་དང་། དྲི་ཞིམ་པོའི་མེ་ཏོག་གིས་བཀང་བའི་ཐོད་པ་བསྣམས་པ། སྐུའི་གཡས་སུ་སྦྲུལ་དཀར་པོ་ཁ་ནས་ཁྲག་འཛག་པས་དཀྲིས་པའི་རྩེ་གསུམ་ཟླ་བ་ལ་བཙུགས་པ། རས་སྐུད་དམར་པོའི་ཚངས་སྐུད་དང་། རས་བཟང་པོའི་ཤམ་ཐབས་གསོལ་ཞིང་། སྐུ་ལས་འོད་ཟེར་ལྔ་དང་དེ་བཞིན་གཤེགས་པའི་ཚོགས་འཕྲོ་བ། ཞབས་དཀྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་གཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་སེང་གེའི་སྒྲའི་ཡེ་ཤེས་པ་དང་། དབང་གི་ལྷ་རྣམས་སྤྱན་དྲངས། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་སོགས་བ་བཏབ་པ། དེ་རྣམས་ཀྱིས་ཨོོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་སྤྱི་བོ་ནས་དབང་བསྐུར་བས་ལུས་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་བརླབ་བྱ་བ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་གང་བར་གྱུར། ཨོོཾ་ཨརྒྷཾ་ཨཱཿཧཱུཾ་ནས། ཤཔྟ་ཨཱཿཧཱུཾ། གིས་བྱིན་གྱིས་བརླབས་ལ། ཨོོཾ་སིང་ཧ་ནཱ་ད་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་ཞེས་སོགས་ཀྱིས་བསྟོད་ལ། རང་གི་ཐུགས་ཀའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་ཧྲཱིཿཡིག་ལ་ཐིམ་པར་གྱུར་པར་བསམས་ལ། ཨོོཾ་ཨཱཿཧྲཱིཿསིདྷ་ནཱ་ད་ཧཱུཾ་ཕཊ། ཞེས་པ་ཅི་འགྲུབ་དང་། གཟུངས་རིང་བཟླས་ནའང་ལེགས། མཐར་ཡིག་བརྒྱ་དང་མཆོད་བསྟོད་སྔར་བཞིན་བྱའོ། །དེ་ནས་ཀླུ་གཏོར་གྱི་རྫས་རྣམས་བྱིན་གྱིས་བརླབས་པ་ནི། ཨ་མྲྀ་ཏས་བསངས། སྭབྷཱུ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིས་ཀླུ་ནད་ཐམས་ཅད་སེལ་བར་བྱེད་ཅིང་། འདོད་རྒུ་འབྱུང་བའི་གཏེར་ཆེན་པོར་གྱུར། ཨོོཾ་ཨཱ་ཧཱུཾ། ལན་གསུམ་དང་། རྒྱས་པར་ན་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་བརླབ་བྱ་ཞིང་། བསྡུ་ན། ཨོོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ རྟཱ་ཡ་ཨཱ རྟཱ་ཡ་ཧོཿབཛྲ་སྥ་ར་ཎ་ཁཾ། ལན་གསུམ། ཨོོཾ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ། གི་བར་གྱིས་བྱིན་བརླབ་ཞིང་། བདག་གི་བསམ་པའི་ཞེས་སོགས་ཀྱིས་བདེན་སྟོབས་བརྗོད་དོ། །གཉིས་པ་མདུན་བསྐྱེད་ནི་། ཨམྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་རིན་པོ་ཆེའི་བྲག་གསེར་གྱི་བྱ་སྐྱིབས་ཅན་གྱི་འོག་ཏུ། མཚོ་དང་རྫིང་བུ། ལྡེང་ཀ ཆུ་མིག །ཁྲོན་པ། འབབ་ཆུ། ནེའུ་གསིང་། སྤངས་ལྗོངས་སྐྱེད་ཚལ་སོགས་དང་བཅས་པའི་ཕོ་བྲང་རིན་པོ་ཆེ་ལས་གྲུབ་པའི་ནང་དུ། ཕུཿལས་ཀླུ་རྒྱལ་ཝ་རུ་ཎས་གཙོ་བྱས་པའི་ཀླུ་ཆེན་བརྒྱད་སྟོད་མིའི་རྣམ་པ་དང་སྨད་སྦྲུལ་མཇུག་ཅན། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། འཁོར་དུ་ཀླུ་གཉན་ས་བདག་མ་ལུས་པའི་ཚོགས་ཀྱིས་བསྐོར་བར་གྱུར། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་རྒྱ་མཚོ་ཆེན་པོ་ནས་ཝ་རུ་ཎ་སོགས་ཀླུ་རྒྱལ་འཁོར་དང་བཅས་པ་དང་། འཇིག་རྟེན་ཁམས་ཀྱི་ཀླུ་གཉན་ས་བདག་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པ་མ་ལུས་སེལ་མཛད་པའི། །བསྟན་ལ་རབ་དཀའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་མ་ལུས་འཁོར་བཅས་གནས་འདིར་གཤེགས། །རྒྱལ་རིགས་རྗེ་རིགས་དམངས་རིགས་དང་། །བྲམ་ཟེ་གདོལ་པ་ལ་སོགས་པ། །ཀླུ་གཉན་ས་བདག་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོོཾ་ནཱ་ག་རཱ་ཛ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿ ཛཿཧཱུཾ་བཾ་ཧོ། རང་རང་དགྱེས་པའི་པད་གདན་ལ། །བཞུགས་ནས་མཆོད་ཚོགས་བཞེས་སུ་གསོལ། །པདྨ་ཀ་མ་ལ་ཡ་སྟྭཾ། གསུམ་པ་བསྔོ་ཚུལ་ལ་གཉིས། དངོས་དང་། སྨོན་ལམ་མོ། །དང་པོ་ནི། རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །ཕྱག་སོར་རྩེ་ལས་བདུད་རྩིའི་རྒྱུན་བབས་པ། །མཆོད་པའི་ཚོགས་དང་ལྷན་ཅིག་འདྲེས་པ་དེ། །ཀླུ་གཉན་ས་བདག་ཀུན་ཚིམ་ལོངས་སྤྱོད་གྱུར། ཞེས་བརྗོད། དེ་ནས་ལག་པ་གཡས་ཀྱིས་མཆོད་གཏོར་གྱི་སྣོད་དུ་ཆུ་རྒྱུན་སྦྲེང་ཞིང་། གཡོན་པས་སེ་གོལ་གདབ་ལ། ཨོོཾ་བ་སུ་ཀི་མཾ་སྭཱཧཱ། ཞེས་བརྒྱ་རྩ་བརྗོད་པ་ནི་ཀླུ་གཏོར་ཀྱི་དངོས་གཞིར་བཤད། སྐབས་འདིར་པཎ་ཆེན་རིན་པོ་ཆེའི་དེ་ཙམ་མ་གཏོགས་སྔགས་གཞན་མ་བཤད་ལ། རྒྱལ་དབང་ལྔ་པའི་ཀླུ་གཏོར་ཆོ་ག་དེ་ནས། ན་མཿསརྦ་ཏ་ཐཱ་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ཎ་ཁཾ་སྭཱཧཱ། ཞེས་པ་དང་། ནཱ་ག་རཱ་ཛཱ་ས་པཱ་ཝཱ་ར་ཨ་མྀ་ཏ་ཨུ་ད་ག་པཱུ་ཛི་ཏེ་ཨཱཿཧཱུཾ། ཞེས་པ་ལན་མང་དུ་བརྗོད་པར་བཤད་དེ་རྒྱས་བསྡུས་སོ། །དཔེ་གཞན་ཞིག་ན་འདིར་ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་བྱས་ཏེ། ཨོོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུམ་ཕུ་སྭཱ ཧཱ། ཞེས་ལན་གསུམ་དང་སེ་གོལ་གདབ་ཅིང་། ཨོོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུམ་སུ་སྭཱཧཱ། ལན་གསུམ་གྱིས་ཀླུ་ལ་གཏོར་མ་ཟུར་དུ་བསྔོས་ན་ལེགས་པར་བཤད་དོ། །རྒྱལ་དབང་གིས་སྐབས་འདི་ནས་སྨོན་ལམ་གདབ་པ་མ་གཏོགས་གཞན་མ་བཤད་ཅིང་། པཎ་ཆེན་རིན་པོ་ཆེས་འདི་ལྟར་བཤད་དེ། ཀླུ་ཚོགས་ཀུན་གྱི་རྗེར་གྱུར་པའི། །གདེངས་ཀ་ནོར་བུའི་འོད་ཟེར་གྱིས། །འདོད་རྒུའི་དངོས་གྲུབ་མཆོག་སྩོལ་བའི། །ཝ་རུ་ཎ་ལ་ཕྱག་འཚལ་ལོ། །མཐའ་ཡས་དང་ནི་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་དང་ནི་དུང་སྐྱོང་དང་། །པད་མ་དང་ནི་ཆུ་ལྷ་དང་། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་དང་ནི་རྒྱ་མཚོ་ཆེ། །དཔལ་གྱི་འོད་དང་འོད་ཆེན་དང་། །གཟུགས་ཆེན་སྤྲུལ་བཟང་སྟོབས་པོ་ཆེ། །ཀླུ་ཡི་རྒྱལ་པོ་འཁོར་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །མཛེས་པའི་དཀར་གསུམ་མཆོད་པ་དང་། །མངར་གསུམ་འོ་མའི་རྒྱ་མཚོ་འཁྱིལ། །རིན་ཆེན་མཛེས་པའི་ཐེམ་སྐས་ཅན། །ཀླུ་ཡི་སྡུག་བསྔལ་སྐྱོབ་བྱེད་པའི། །མཐུན་པའི་རྫས་སུ་འདི་གྱུར་ཅིག །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་། །ཀླུ་ལས་གྱུར་པའི་ནད་ཀྱི་རིགས། །མཐོང་བའི་དུག་དང་རེག་པའི་དུག །བསམ་ངན་དུག་དང་ཁ་བླངས་དུག །སྦྱོར་བའི་དུག་ལ་སོགས་པ་ཀུན། །མ་ལུས་མྱུར་དུ་ཞི་གྱུར་ཅིག །བདག་པས་གཅེས་པའི་རྫས་ཁྱེར་ལ། །ཀླུ་ཡི་ནད་རྣམས་ཞི་བར་མཛོད། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་དང་། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །ཅེས་བརྗོད་ཅིང་འཕྲིན་ལས་བཅོལ་བར་བཤད་པ་ལྟར་བྱའོ། །གཉིས་པ་སྨོན་ལམ་ནི། ཀྱཻ། ཀླུ་ཆེན་བརྒྱད་པོ་འཁོར་བཅས་སོགས། །ས་བདག་ཀླུ་གཉན་ཐམས་ཅད་ལ། །བདུད་རྩི་སྨན་མཆོད་ཕུལ་བྱས་པས། །ཚིམ་ཞིང་དགའ་བས་རྒྱས་གྱུར་ཅིག །སྨན་གྱི་རྒྱལ་པོ་བཟང་དྲུག་གིས། །དོན་སྣོད་ཉམས་པ་སོས་གྱུར་ཅིག །ཛཱ་ཏི་གུར་གུམ་བཟང་པོ་ཡིས། །ཤ་ཁྲག་མཚན་ཉམས་སོས་གྱུར་ཅིག །མགྲོན་བུ་དུང་དང་དར་དམར་གྱིས། །སོ་རུས་ལྕེ་ཉམས་སོས༴ རྨ་བྱའི་མདོངས་དང་དར་ཚོན་ལྔས། །གཟི་མདངས་ཉམས་པ་སོས༴ སྙིང་མཁལ་གླ་གོར་ཤོ་ཤ་ཡིས། །སྙིང་མཁལ་གློ་ནད་སོས༴ དབང་ལག་ཆུ་སྲིན་སྡེར་མོ་ཡིས། །ཡན་ལག་ཉམས་པ་སོས༴ སུ་ཤས་རྩེ་དང་རྡོ་རྒྱུས་ཀྱིས། །རྩ་རྒྱུས་ཉམས་པ་སོས༴ དཀར་དམར་ཚལ་དང་རིན་ཆེན་གཟིས། །ཁྲག་མིག་ཉམས་པ་སོས༴ ཟིན་ཧུན་རས་སྐུད་སྦྲུལ་ཤུན་གྱིས། །རྩ་ལྤགས་ཉམས་པ་སོས༴ གཞན་ཡང་སྤང་སྤོས་བྱི་ཐང་ཀ །སླེ་ཏྲེས་ཐང་ལོ་སྙུག་ལོ་དང་། །ཨུཏྤལ་རིན་ཆེན་འབྲས་བུ་གསུམ། །ཐལ་ཀར་རྡོ་རྗེ་ཏིལ་དཀར་ནག །རྒྱ་མཚོའི་ཝུ་བ་རྒུན་འབྲུམ་དང་། །དཀར་གསུམ་མངར་གསུམ་འབྲུ་སྨན་དྲིས། །ས་བདག་ཀླུ་གཉན་ཐམས་ཅད་ཀྱི། །ཕུང་ཁམས་སྐྱེ་མཆེད་ཉམས་པ་སོགས། །ནད་རྣམས་ཐམས་ཅད་སོས་གྱུར་ཅིག །བང་མཛོད་ཉམས་པ་གང་གྱུར་ཅིག །སོ་སོའི་རེ་བ་སྐོང་གྱུར་ཅིག །འསྔིགས་པ་ཀུན་ལས་ཐར་གྱུར་ཅིག །ཚེ་དཔལ་བསོད་ནམས་རྒྱས་གྱུར་ཅིག །དགོས་རྒུའི་ཡོ་བྱད་འབྱོར་གྱུར་ཅིག །བྱམས་པའི་སེམས་དང་ལྡན་གྱུར་ཅིག །རྣལ་འབྱོར་སྦྱིན་བདག་འཁོར་བཅས་པ། །གནོད་འཚེའི་བསམ་སྦྱོར་ཞི་གྱུར་ཅིག །འཇིག་རྟེན་ཁམས་སུ་ཆར་འབེབས་ཤིང་། །ལོ་ཏོག་རྩི་བཅུད་རྒྱས་གྱུར་ཅིག །རང་གཞན་བསམ་པའི་དོན་ཐམས་ཅད། །ཡིད་བཞིན་དུ་ནི་འགྲུབ་གྱུར་ཅིག །ཞེས་པ་དང་། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང་། །ཆོས་རྣམས་དེ་ལྟར་ཤེས་པར་གྱིས། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྐར་མ་རབ་རིབ་མར་མེ་དང་། །ཞེས་སོགས་ཀྱི་མསྔུག་ཏུ། རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཕན་པའི་འབྲས་བུ་བདེ་བ་འབྱུང་། །གནོད་པའི་འབྲས་བུ་སྡུག་བསྔལ་འབྱུང་། །ས་བོན་ཚ་བ་རྣམ་པ་བཞིས། །འབྲས་བུ་ཚ་བ་སྐྱེད་པར་འགྱུར། །ས་བོན་མངར་བ་བཏབ་པ་ལས། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་དང་བཅས་པའི་ཆོས་བཤད་པ། །ཁྱེད་རྣམས་ཀྱིས་ནི་ཤེས་པར་གྱིས། །ཞེས་བརྗོད། དེ་ནས་ཀླུའི་སྡིག་པ་སྦྱོང་བའི་ཆེད་དུ་མི་འཁྲུགས་པའི་གཟུངས་ལན་བདུན་ནམ་གསུམ་བརྗོད་དེ། འདི་ལྟར་བགྱིས་པའི་དགེ་བའི་མཐུས། །ཀླུ་གཉན་ས་བདག་ཐམས་ཅད་ཀྱིས། །ནད་དང་སྡུག་བསྔལ་འཇིགས་ཞི་ནས། །བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ཤོག །ངན་སོང་གནས་ལས་ཐར་གྱུར་ཏེ། །ལྷ་མིའི་ལུས་རྟེན་མཆོག་ཐོབ་ནས། །དམ་ཆོས་སྒྲུབ་པའི་སྐལ་ལྡན་ཅིང་། །སངས་རྒྱས་གོ་འཕང་ཐོབ་གྱུར་ཅིག །དེ་ནས། རྨད་བྱུང་སྲས་བཅས་སོགས་བསྔོ་སྨོན་ཅི་རིགས་བྱའོ། །གསུམ་པ་ནི། དེ་ལྟར་དངོས་སུ་བཤམས་པ་དང་། །ཡིད་ཀྱི་སྤྲུལ་པ་ལས་བྱུང་བའི། །མཆོད་གཏོར་ཀླུ་སྨན་སྣ་ཚོགས་ཀྱིས། །ཀླུ་གཉན་ས་བདག་ཁྱེད་རྣམས་ལ། །མཆོད་པའི་སྐབས་འདིར་མ་འབྱོར་ཞིང་། །ཉམས་པ་སོགས་ཀྱིས་ཁྱེད་རྣམས་ནི། །དགྱེས་པ་བསྐྱེད་པར་མ་གྱུར་དང་། །ཕོག་ཐུག་ནོངས་པའི་ཉེས་པ་ཀུན། །བཟོད་པར་བཞེས་ནས་དགྱེས་བཞིན་དུ། །རང་རང་སོ་སོའི་གནས་གཤེགས་མཛོད། །བཛྲ་མུཿ ནཱ་ག་རཱ་ཛཱ་ས་པཱ་རི་ཝ་ར་སརྦ་གཙྪ། ཁྱུང་གི་ཕྱག་རྒྱ་བྱས་ཏེ། གལ་ཏེ་མི་འགྲོ་བ་ཡོང་ན། ཨོོཾ་ག་རུ་ཊ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱཧཱ། ཀླུ་གཉན་ས་བདག་ཐམས་ཅད་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ཚར་མང་དུ་གཏོང་བར་འདོད་ན། རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །ཞེས་པ་ནས། ཁྱེད་རྣམས་ཀྱིས་ནི་ཤེས་པར་གྱིས། །ཞེས་པའི་བར་ཟློས་ནས་བྱའོ། ། གོང་དུ་བཤད་པ་དེ་སྤྱི་བཅོས་གཙོ་ཆེ་ལ། །གལ་ཏེ་སྒེར་བཅོས་ཟུར་དུ་བྱེད་ན། ཀླུ་གཉན་གྱི་གཟུགས་བཅོས་ནས་སྣོད་དང་ཤིང་ལེབ་སོགས་ཀྱི་སྟེང་དུ་བཞག་ལ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། སྦྱིིན་པའི་བདག་པོ་འཁོར་བཅས་ལ་གནོད་ཅིང་འཚེ་བར་བྱེད་པའི་ཀླུ་གཉན་ས་བདག་གང་ཡིན་པ་གང་ན་གནས་ཀྱང་འདིར་བཀུག་ཏེ། གཟུགས་བརྙན་འདི་ཉིད་ལ་ཐིམ་པར་གྱུར། ཛཿཧཱུཾ་བཾ་ཧོཿ དེ་དངོས་གནས་སུ་མོས་ནས་ཀླུ་དབང་དང་སྤྱན་རས་གཟིགས་སེདྒེའི་སྒྲའི་གཟུངས་རིང་ཐུང་གཉིས་ཀ་མང་དུ་བཟླས་པའི་བུམ་ཆུ་སོགས་དང་། ཀླུ་སྨན་འོ་མ་སོགས་གཟུགས་བརྙན་དེ་ལ་གཏོར་བཞིན་པར་ཀླུ་གཉན་ས་བདག་ལ་གནོད་པར་གྱུར་པའི་ནད་ཐམས་ཅད་ཞི་བར་གྱུར་ཅིག །ཅེས་མང་དུ་བརྗོད། གྲུབ་ན་དེ་དག་གཏོར་བཞིན་པར། །ཨོོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། དང་། ཨོོཾ་དེ་བྱ་ཨ་མྲྀ་ཏ་ནན་ཏར་བྷི་ཤ་ལི་ཏེ་པྲ་ཏིཙྪ་བ་ས་ནན་ན་མ་སྭཱཧཱ། ཞེས་པ་གཉིས་ཅི་འགྲུབ་དང་། ཨོོཾ་སརྦ་ནཱ་ག་བྷུ་མི་པ་ཏི་བྱཱ་དྷི་དུཿ ཁ་པྲ་ཤ་མ་ན་ཡེ་སྭཱཧཱ། ཞེས་པ་རྣམས་བརྗོད་ཅིང་། མཐར་གཤེགས་ཏེ་གཟུགས་བརྙན་དེ་ཆུ་བོར་འདོར་བའམ། བྱ་ཁྱི་སོགས་ཀྱིས་མི་ཟ་བའི་གནས་ཞིག་ཏུ་བསྐྱེལ་ལོ།། ༈ །།ཀླུ་གཏོར་གཏོང་བའི་ཚེ། ཀླུ་ཐེབས་ཡོད་མེད་ལྟ་བའི་སྲོལ་འདུག་པ་ལྟར་ལྟ་ན། པཎ་ཆེན་རིན་པོ་ཆེས་མཛད་ཟེར་བ་ཞིག་ལས། ཧོར་ཟླ་དང་པོའི་ཚེས་བརྒྱད། ཚེས་དགུ བཅུ་བཞི། བཅུ་དྲུག །ཉེར་ལྔ་རྣམས་ཀླུ་ཐེབས། ༧ དེ་བཞིན་དུ་ཧོར་ཟླ་གཉིས་པའི་ཚེས་བདུན། ཚེས་བཅུ། བཅུ་གསུམ། ཉེར་གཅིག་རྣམས་དང་། ༧ གསུམ་པའི་ཚེས་ལྔ། བཅུ་བཞི། ཉེར་གཉིས། ཉེར་ལྔ་རྣམས་དང་། ༧ བཞི་པའི་བཅུ་བཞི། བཅུ་དྲུག །ཉེར་གསུམ། ཉེར་ལྔ། གནམ་གང་རྣམས་དང་། ༧ ལྔ་པའི་ཚེས་གཅིག །ཚེས་བདུན། བཅུ་དགུ །ཉེར་གསུམ། ཉེར་ལྔ་རྣམས་དང་། ༧ དྲུག་པའི་བཅྭོ་བརྒྱད། ཉེར་ལྔ། ཉེར་དགུ །གནམ་གང་རྣམས་དང་། ༧ བདུན་པའི་ཚེས་གཅིག །བཅུ་གཅིག །བཅུ་དྲུག །ཉེར་གཅིག །ཉེར་གསུམ། ཉེར་དགུ་རྣམས་དང་། ༧ བརྒྱད་པའི་ཚེས་གཉིས། ཚེས་བརྒྱད། བཅུ་གཉིས། ཉེར་བདུན། ཉེར་དགུ་རྣམས་དང་། ༧ དགུ་པའི་ཚེས་གཉིས། བཅུ་གཉིས། བཅུ་བདུན་རྣམས་དང་། ༧ བཅུ་པའི་ནང་དུ་ཀླུ་ཉལ་བས་ཐེབས་ལྡོག་གཉིས་ཀ་མེད། ༧ བཅུ་གཅིག་པའི་ཚེས་གཅིག །ཚེས་དགུ །བཅུ་བཞི། ཉེར་གཅིག་རྣམས་དང་། ༧ བཅུ་གཉིས་པའི་ཚེས་གཉིས། ཚེས་བརྒྱད། བཅུ་དྲུག །བཅུ་བདུན། བཅུ་དགུ་རྣམས་ལ་ཀླུ་ཐེབས་པས། ཀླུ་གཏོར་བཏང་ན་ལེགས་པར་བཤད་ཅིང་། ཀླུ་ལྡོག་པའི་དུས་སུ་མི་གཏོང་བར་བཤད་ཀྱང་ནད་པའི་ཆེད་ཡིན་ན་ནམ་བཏང་ཡང་ཆོག་གོ །ཅེས་པ་འདི་ནི། དད་ལྡན་གཞན་གྱིས་བསྐུལ་བ་ལྟར། ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་བགྱིས་ཤིང་། བར་དུ་རྐོ་བ་པོ་ནི་འཁྱིལ་ཆེན་སྔགས་འཆང་དད་ལྡན་བསྐལ་བཟང་རྒྱ་མཚོ་སྟེ་གཞན་ལ་ཕན་ཐོབ པར་གྱུར་ཅིག །པར་གྱི་ཡི་གེ་པ་ནི་འཁྱིལ་ཆེན་ཚེ་དབང་རྒྱ་མཚོའོ། །མདྒ་ལཾ། བཀྲ་ཤིས། ཤུ་བཾ།

བསྐལ་བཟང་སངས་རྒྱས་སྟོང་གི་མཚན་རྣམ་པར་བསྟན་པ།

བསྐལ་བཟང་སངས་རྒྱས་སྟོང་གི་མཚན་རྣམ་པར་བསྟན་པ་ཞེས་བྱ་བ་བཞུགས།

ན་མོ་སརྦ་བུདྡྷ་ཡེ། གདུལ་བྱའི་ཕན་བདེའི་པདྨོའི་ཚལ། །རྒྱས་མཛད་བསྐལ་པ་བཟང་པོ་ཡི། །རྒྱལ་བ་ཉི་མ་སྟོང་ཕྲག་དག །ཇི་སྐད་བཤད་པའི་མཚན་བརྗོད་བྱ། །ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་ཐུབ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་སྲུང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱམས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེདྒེ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་གསལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐུབ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་གཉིས་པ་ལ་ཕྱག་འཚལ་ལོ། །༧ སངས་རྒྱས་རྒྱུ་སྐར་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་དེད་དཔོན་ལ༴ སངས་རྒྱས་ལག་ཆེན་ལ༴ སངས་རྒྱས་སྟོབས་ཆེན་ལ༴ སངས་རྒྱས་རྒྱུ་སྐར་རྒྱལ་པོ་ལ༴ སངས་རྒྱས་རྩི་སྨིན་ལ༴ སངས་རྒྱས་སྙན་པའི་ཏོག་ལ༴ སངས་རྒྱས་འོད་ཆེན་ལ༴ སངས་རྒྱས་གྲོལ་བའི་ཕུང་པོ་ལ༴ སངས་རྒྱས་རྣམ་པར་སྣང་མཛད་ལ༴ ༧ སངས་རྒྱས་ཉི་མའི་སྙིང་པོ་ལ༴ སངས་རྒྱས་ཟླ་བ་ལ༴ སངས་རྒྱས་འོད་འཕྲོ་ལ༴ སངས་རྒྱས་འོད་བཟང་ལ༴ སངས་རྒྱས་མྱ་ངན་མེད་པ་ལ༴ སངས་རྒྱས་སྐར་རྒྱལ་ལ༴ སངས་རྒྱས་རབ་གསལ་ལ༴ སངས་རྒྱས་ཕྲེང་ཐོགས་ལ༴ སངས་རྒྱས་ཡོན་ཏན་འོད་ལ༴ སངས་རྒྱས་དོན་གཟིགས་ལ༴ ༧ སངས་རྒྱས་མར་མེ་ལ༴ སངས་རྒྱས་མཐུ་ལྡན་ལ༴ སངས་རྒྱས་སྨན་པ་ལ༴ སངས་རྒྱས་དེས་པ་ལ༴ སངས་རྒྱས་མཛོད་སྤུ་ལ༴ སངས་རྒྱས་བརྟན་ལྡན་ལ༴ སངས་རྒྱས་ལྷའི་དཔལ་ལ༴ སངས་རྒྱས་གདུལ་དཀའ་ལ༴ སངས་རྒྱས་ཡོན་ཏན་རྒྱལ་མཚན་ལ༴ སངས་རྒྱས་སྒྲ་གཅན་ལ༴ ༧ སངས་རྒྱས་ཚོགས་ལྡན་ལ༴།སངས་རྒྱས་ཚངས་པའི་དབྱངས་ལ༴ སངས་རྒྱས་ཚིགས་བརྟན་ལ༴ སངས་རྒྱས་མི་འགྱིང་ལ༴ སངས་རྒྱས་འོད་མཛད་ལ༴ སངས་རྒྱས་ལྷུན་པོ་ཆེན་པོ་ལ༴ སངས་རྒྱས་རྡོ་རྗེ་ལ༴།སངས་རྒྱས་སྡོམ་ཅན་ལ༴ སངས་རྒྱས་མི་བསྙེངས་པ་ལ༴ སངས་རྒྱས་རིན་ཆེན་ལ༴ ༧ སངས་རྒྱས་པདྨའི་སྤྱན་ལ༴ སངས་རྒྱས་སྟོབས་ལྔ་ལ༴ སངས་རྒྱས་མེ་ཏོག་འོད་ཟེར་ལ༴ སངས་རྒྱས་ཡེ་ཤེས་དགྱེས་ལ༴ སངས་རྒྱས་གཟི་ཆེན་ལ༴ སངས་རྒྱས་ཚངས་པ་ལ༴ སངས་རྒྱས་འོད་དཔག་མེད་ལ༴ སངས་རྒྱས་ཀླུས་བྱིན་ལ༴ སངས་རྒྱས་བརྟན་པར་གཤེགས་ལ༴ སངས་རྒྱས་མཐོང་བ་དོན་ཡོད་ལ༴ ༧ སངས་རྒྱས་བརྩོན་འགྲུས་བྱིན་ལ༴ སངས་རྒྱས་བཟང་སྐྱོང་ལ༴ སངས་རྒྱས་དགའ་བོ་ལ༴ སངས་རྒྱས་འཆི་མེད་ལ༴ སངས་རྒྱས་སེདྒེའི་རྒྱལ་མཚན་ལ༴ སངས་རྒྱས་རྒྱལ་བ་ལ༴ སངས་རྒྱས་ཆོས་ལྡན་ལ༴ སངས་རྒྱས་མཆོག་ཏུ་དགའ་བའི་རྒྱལ་པོ་ལ༴ སངས་རྒྱས་ཁ་ལོ་བསྒྱུར་བ་ལ༴ སངས་རྒྱས་དགྱེས་པར་གཤེགས་པ་ལ༴ ༧ སངས་རྒྱས་ཆུ་ལྷ་ལ༴ སངས་རྒྱས་ཡོན་ཏན་ཡན་ལག་ལ༴ སངས་རྒྱས་སྤོས་ཀྱི་གླང་པོ་ལ༴ སངས་རྒྱས་རྣམ་གཟིགས་ལ༴ སངས་རྒྱས་འབྲུག་སྒྲ་ལ་ཕྱག༴ སངས་རྒྱས་སེམས་ལེགས་ལ༴ སངས་རྒྱས་ཡིད་བཟང་ལ༴ སངས་རྒྱས་དྲི་མེད་ལ༴ སངས་རྒྱས་ཟླ་བ་ལ༴ སངས་རྒྱས་གྲགས་ཆེན་ལ༴ ༧ སངས་རྒྱས་གཙུག་ན་ནོར་བུ་ལ༴ སངས་རྒྱས་དྲག་ཤུལ་ལ༴ སངས་རྒྱས་སེདྒེའི་སྟབས་ལ༴ སངས་རྒྱས་ལྗོན་པ་ལ༴ སངས་རྒྱས་རྣམ་རྒྱལ་ཅན་ལ༴ སངས་རྒྱས་ཤེས་རབ་བརྩེགས་ལ༴ སངས་རྒྱས་ལེགས་གནས་ལ༴ སངས་རྒྱས་བློ་གྲོས་ལ༴ སངས་རྒྱས་ཡན་ལག་སྐྱེས་ལ༴ སངས་རྒྱས་བློ་མཐའ་ཡས་ལ༴ ༧ སངས་རྒྱས་གཟུགས་བཟང་ལ༴ སངས་རྒྱས་མཁྱེན་ལྡན་ལ༴ སངས་རྒྱས་འོད་ཟེར་ལ༴ སངས་རྒྱས་བརྟུལ་ཞུགས་བརྟན་ལ༴ སངས་རྒྱས་བཀྲ་ཤིས་ལ༴ སངས་རྒྱས་བདེན་པའི་ཏོག་ལ༴ སངས་རྒྱས་པདྨ་ལ༴ སངས་རྒྱས་སྲེད་མེད་བུ་ལ༴ སངས་རྒྱས་ལག་བཟང་ལ༴ སངས་རྒྱས་ཡེ་ཤེས་འབྱུང་གནས་ལ༴ ༧ སངས་རྒྱས་ཡོན་ཏན་འོད་འཕྲོ་ལ༴ སངས་རྒྱས་ཚངས་བྱིན་ལ༴ སངས་རྒྱས་རིན་ཆེན་འབྱུང་གནས་ལ༴ སངས་རྒྱས་ལྷའི་མེ་ཏོག་ལ༴ སངས་རྒྱས་དོན་ལེགས་སེམས་པ་ལ༴ སངས་རྒྱས་ཆོས་ཀྱི་དབང་ཕྱུག་ལ༴ སངས་རྒྱས་བློ་གྲོས་ལ༴ སངས་རྒྱུས་སྤོབས་པ་བརྩེགས་པ་ལ༴ སངས་རྒྱས་རྡོ་རྗེ་རྒྱལ་མཚན་ལ༴ སངས་རྒྱས་ཕན་བཞེད་ལ༴ ༧ སངས་རྒྱས་རྣམ་རོལ་ལྡན་ལ༴ སངས་རྒྱས་མུན་དང་བྲལ་བ་ལ༴ སངས་རྒྱས་སྒྲ་གཅན་ལྷ་ལ༴ སངས་རྒྱས་རི་བོའི་རྒྱལ་མཚན་ལ༴ སངས་རྒྱས་ཚོགས་ཅན་ལ༴ སངས་རྒྱས་རིན་ཆེན་སྙིང་པོ་ལ༴ སངས་རྒྱས་ཤིན་ཏུ་མཐོར་གཤེགས་ལ༴ སངས་རྒྱས་སྐར་རྒྱལ་ལ༴ སངས་རྒྱས་རུ་རིང་ལ༴ སངས་རྒྱས་ཡོན་ཏན་གྲག་ལ༴ ༧ སངས་རྒྱས་ཉི་ཟླ་ལ༴ སངས་རྒྱས་ཉི་འོད་ལ༴ སངས་རྒྱས་སྐར་མཁན་ལ༴ སངས་རྒྱས་སེདྒེའི་ཏོག་ལ༴ སངས་རྒྱས་དུས་མཁྱེན་རྒྱལ་པོ་ལ༴ སངས་རྒྱས་དཔལ་གྱི་སྙིང་པོ་ལ༴ སངས་རྒྱས་སྲིད་མཐའ་གཟིགས་པ་ལ༴ སངས་རྒྱས་གློག་གི་འོད་ལ༴ སངས་རྒྱས་གསེར་གྱི་རི་བོ་སེདྒེའི་བྱིན་ལ༴ སངས་རྒྱས་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ལ༴ ༧ སངས་རྒྱས་མཆོག་དགའ་གྲགས་པ་ལ༴ སངས་རྒྱས་བརྩོན་འགྲུས་བརྟན་པ་ལ༴ སངས་རྒྱས་གྲགས་རྫོགས་ལ༴ སངས་རྒྱས་བསྙེངས་བྲལ་ལ༴ སངས་རྒྱས་མཆོད་འོས་ལྷ་ལ༴ སངས་རྒྱས་སྒྲོན་ཆེན་ལ༴ སངས་རྒྱས་འཇིག་རྟེན་འོད་ལ༴ སངས་རྒྱས་སྤོས་དྲི་ཞིམ་པོ་ལ༴ སངས་རྒྱས་ཡོན་ཏན་མཆོག་འཛིན་ལ༴ སངས་རྒྱས་མུན་བྲལ་ལ༴ སངས་རྒྱས་སེདྒེའི་འགྲམ་ལ༴ སངས་རྒྱས་རིན་ཆེན་གྲགས་ལ༴ སངས་རྒྱས་སྐྱོན་རབ་ཞི་བ་ལ༴ སངས་རྒྱས་བདུད་རྩི་འཆང་ལ༴ སངས་རྒྱས་མིའི་ཟླ་བ་ལ༴ སངས་རྒྱས་ཤིན་ཏུ་གཟིགས་ལ༴ སངས་རྒྱས་རབ་བརྒྱན་ལ༴ སངས་རྒྱས་ནོར་འོད་ལ༴ སངས་རྒྱས་རི་བོ་བརྩེགས་པའི་ཏོག་ལ༴ སངས་རྒྱས་ཆོས་ཀྱི་འབྱུང་གནས་དོན་ངེས་ལྡན་ལ༴ ༧ སངས་རྒྱས་ཆོས་བྱིན་ལ༴ སངས་རྒྱས་རིན་ཆེན་འབྱུང་གནས་ལ༴ སངས་རྒྱས་སྐྱེ་དབང་མཚུངས་པ་ལ༴ སངས་རྒྱས་སེདྒེའི་སྟབས་གཤེགས་ལ༴ སངས་རྒྱས་བློ་གནས་ལ༴ སངས་རྒྱས་གདུགས་མཛེས་ལ༴ སངས་རྒྱས་གཙོ་བོ་ལ༴ སངས་རྒྱས་ཤིན་ཏུ་འཕགས་པའི་དཔལ་ལ༴ སངས་རྒྱས་སེདྒེའི་སྒྲ་ལ༴ སངས་རྒྱས་རྣམ་པར་རོལ་ལྡན་ལ༴ ༧ སངས་རྒྱས་ཀླུ་འོད་ལ༴ སངས་རྒྱས་མེ་ཏོག་རི་ལ༴ སངས་རྒྱས་ཀླུ་དགའ་ལ༴ སངས་རྒྱས་སྤོས་ཀྱི་དབང་ཕྱུག་ལ༴ སངས་རྒྱས་ཤིན་ཏུ་གྲགས་པ་ལ༴ སངས་རྒྱས་སྟོབས་ལྷ་ལ༴ སངས་རྒྱས་ཡོན་ཏན་འཕྲེང་ལྡན་ལ༴ སངས་རྒྱས་ཀླུའི་ལག་ལ༴ སངས་རྒྱས་མིག་རྒྱན་ལ༴ སངས་རྒྱས་ལེགས་པར་སྦྱངས་པའི་བློ་ལ༴ ༧ སངས་རྒྱས་ཟིལ་གནོན་ཡེ་ཤེས་ལ༴ སངས་རྒྱས་མཐའ་ལས་སྤྱན་ལ༴ སངས་རྒྱས་བདེན་པ་གསུང་ལ༴ སངས་རྒྱས་ཉི་མའི་འོད་ལ༴ སངས་རྒྱས་ངེས་བློ་ལ༴ སངས་རྒྱས་མཐའ་ཡས་གཟུགས་ལ༴ སངས་རྒྱས་རྣམ་སྣང་མཛད་ལ༴ སངས་རྒྱས་རིན་ཆེན་ཏོག་ལ༴ སངས་རྒྱས་ཐེ་ཚོམ་སྤངས་ལ༴ སངས་རྒྱས་འཇིག་རྟེན་འདས་པ་ལ༴ ༧ སངས་རྒྱས་དོན་ཡོད་རྣམ་པར་གནོན་པ་ལ༴ སངས་རྒྱས་ཏོག་མཛད་ལ༴ སངས་རྒྱས་མེ་ཏོག་རྒྱལ་མཚན་ལ༴ སངས་རྒྱས་རི་དབང་རྒྱལ་ལ༴ སངས་རྒྱས་གཟི་བརྗིད་ཆེན་པོ་ལ༴ སངས་རྒྱས་དོན་མཛད་ལ༴ སངས་རྒྱས་གྲགས་པ་མཐའ་ཡས་ལ༴ སངས་རྒྱས་རིན་ཆེན་ལྷ་ལ༴ སངས་རྒྱས་དོན་གནས་མཁྱེན་ལ༴ སངས་རྒྱས་བློ་རྫོགས་ལ༴ ༧ སངས་རྒྱས་མྱ་ངན་མེད་ལ༴ སངས་རྒྱས་དྲི་བྲལ་ལ༴ སངས་རྒྱས་ཚངས་ལྷ་ལ༴ སངས་རྒྱས་སའི་དབང་ཕྱུག་ལ༴ སངས་རྒྱས་མེ་ཏོག་སྤྱན་ལ༴ སངས་རྒྱས་རྣམ་འབྱེད་སྐུ༴ སངས་རྒྱས་ཆོས་འོད་ལ༴ སངས་རྒྱས་ཀུན་གཟིགས་ལ༴ སངས་རྒྱས་ཡོན་ཏན་འོད་གསལ་ལ༴ སངས་རྒྱས་དྲི་མེད་ཟླ་བའི་ཞལ་ལ༴ ༧ སངས་རྒྱས་རིན་ཆེན་འོད་ལ༴ སངས་རྒྱས་རིན་ཆེན་ཏོག་ལ༴ སངས་རྒྱས་གྲགས་པའི་ཇ་མ་ལ༴ སངས་རྒྱས་འོད་བྱེད་ལ༴ སངས་རྒྱས་གཟི་བརྗིད་དཔག་མེད་ལ༴ སངས་རྒྱས་དུས་མཁྱེན་ལ༴ སངས་རྒྱས་སེདྒེའི་སྐུ་ལ༴ སངས་རྒྱས་མཁས་བློ་ལ༴ སངས་རྒྱས་རྒྱལ་དཀའ་ལ༴ སངས་རྒྱས་ཡོན་ཏན་ཕུང་པོ་ལ༴ ༧ སངས་རྒྱས་ཟླ་བའི་ཏོག་ལ༴ སངས་རྒྱས་མཐུ་ཐོབ་པ་ལ༴ སངས་རྒྱས་མཐུ་རྩལ་མཐའ་ཡས་ལ༴ སངས་རྒྱས་ཟླ་བ་ལ༴ སངས་རྒྱས་དྲི་མེད་ལ༴ སངས་རྒྱས་དོན་ཀུན་གཟིགས་པ་ལ༴ སངས་རྒྱས་དཔའ་བོ་ལ༴ སངས་རྒྱས་འབྱོར་ལྡན་ལ༴ སངས་རྒྱས་བསོད་ནམས་ལ༴ སངས་རྒྱས་སྒྲོན་མ་ལ༴ ༧ སངས་རྒྱས་ཡོན་ཏན་འོད་འཕྲོ་ལ༴ སངས་རྒྱས་བློ་ཡངས་ལ༴ སངས་རྒྱས་ལེགས་སྐྱེས་ལ༴ སངས་རྒྱས་ནོར་ལྷ་ལ༴ སངས་རྒྱས་ཡིད་གཉིས་སྤོང་བ་ལ༴ སངས་རྒྱས་འཛིན་པ་དཔག་མེད་ལ༴ སངས་རྒྱས་མཆོག་སྲེད་ལ༴ སངས་རྒྱས་ཆོམས་མེད་ལ༴ སངས་རྒྱས་མི་གནས་ལ༴ སངས་རྒྱས་དེར་གནས་ལ༴ ༧ སངས་རྒྱས་ཚོགས་ཅན་གཙོ་བོ་ལ༴ སངས་རྒྱས་འགྲོ་བའི་འོད་ཟེར་ལ༴ སངས་རྒྱས་ཕལ་ཆེན་ལ༴ སངས་རྒྱས་རྒྱལ་ལ༴ སངས་རྒྱས་གཟི་བརྗིད་མཐའ་ཡས་ལ༴ སངས་རྒྱས་དོན་གྱི་བློ་གྲོས་ལ༴ སངས་རྒྱས་སྨན་པའི་རྒྱལ་པོ་ལ་ཕྱག༴ སངས་རྒྱས་ཐ་བ་སྤངས་ལ༴ སངས་རྒྱས་རིམས་ནད་མེད་ལ༴ སངས་རྒྱས་ལེགས་བྱིན་ལ༴ ༧ སངས་རྒྱས་གྲགས་བྱིན་ལ༴ སངས་རྒྱས་མེ་ཏོག་བྱིན་ལ༴ སངས་རྒྱས་སྐྱེས་བུས་སྦྱིན་ལ༴ སངས་རྒྱས་རྡོ་རྗེའི་སྡེ་ལ༴ སངས་རྒྱས་ཕལ་ཆེན་བྱིན་ལ༴ སངས་རྒྱས་ཞི་བའི་བློ་གྲོས་ལ༴ སངས་རྒྱས་སྤོས་ཀྱི་གླང་པོ་ལ་ཕྱག་ལ༴ སངས་ཕྱག་སྲེད་མེད་ལ༴ སངས་རྒྱས་ངེས་པ་ལ༴ སངས་རྒྱས་མི་ཚུགས་པ་ལ༴ ༧ སངས་རྒྱས་ཉི་ཟླ་ལ༴ སངས་རྒྱས་གློག་གི་ཏོག་ལ༴ སངས་རྒྱས་མཆོད་པ་ལ༴ སངས་རྒྱས་དཔལ་སྦས་ལ༴ སངས་རྒྱས་ཡེ་ཤེས་ཉི་མ་ལ༴ སངས་རྒྱས་དོན་གྲུབ་ལ༴ སངས་རྒྱས་ལྷུན་པོ་བརྩེགས་པ་ལ༴ སངས་རྒྱས་དགྲ་འདུལ་ལ༴ སངས་རྒྱས་པདྨ་ལ༴ སངས་རྒྱས་དགྲ་བཅོམ་གྲགས་པ་ལ༴ ༧ སངས་རྒྱས་ཡེ་ཤེས་འགྲོས་ལ༴ སངས་རྒྱས་ཉོན་མོངས་བྲལ་ལ་ཕྱག༴ སངས་རྒྱས་འདམ་བུ་ལ༴ སངས་རྒྱས་སྤོས་བཟང་ལ༴ སངས་རྒྱས་ཡུལ་འཁོར་རངས་ལ༴ སངས་རྒྱས་ལྷ་གྲགས་ལ༴ སངས་རྒྱས་སྲིད་མཐའ་གཟིགས་ལ༴ སངས་རྒྱས་ཟླ་བ་ལ༴ སངས་རྒྱས་སྒྲ་གཅན་ལ༴ སངས་རྒྱས་རིན་ཆེན་ཟླ་བ་ལ༴ ༧ སངས་རྒྱས་སེདྒེའི་རྒྱལ་མཚན་ལ༴ སངས་རྒྱས་བསམ་གཏན་དགྱེས་ལ༴ སངས་རྒྱས་རྫོགས་ལྡན་ལ༴ སངས་རྒྱས་རྣམ་རོལ་ལ༴ སངས་རྒྱས་ཡོན་ཏན་རིན་ཆེན་ལ༴ སངས་རྒྱས་དགྲ་བཅོམ་གྲགས་པ་ལ༴ སངས་རྒྱས་པ་དངོས་ལ༴ སངས་རྒྱས་མཛོད་སྤུ་ལྡན་ལ༴ སངས་རྒྱས་སྤོབས་གྲགས་ལ༴ སངས་རྒྱས་རྡོ་རྗེ་ནོར་བུ་ལ༴ ༧ སངས་རྒྱས་ཚེ་དཔག་མེད་ལ༴ སངས་རྒྱས་ནོར་བུ་བཀོད་པ་ལ༴ སངས་རྒྱས་དབང་ཆེན་ལ༴ སངས་རྒྱས་ཡོན་ཏན་འབྱུང་གནས་ལ༴ སངས་རྒྱས་ལྷུན་པོ་གྲགས་པ་ལ༴ སངས་རྒྱས་འོད་ཟེར་བཅུ་པ་ལ༴ སངས་རྒྱས་མ་སྨད་ལ༴ སངས་རྒྱས་གླང་པོའི་འགྲོས་ལ༴ སངས་རྒྱས་ཡིད་འཐད་ལ༴ སངས་རྒྱས་རིན་ཆེན་ཟླ་བ་ལ༴ ༧ སངས་རྒྱས་ཞི་བ་ལ༴ སངས་རྒྱས་རབ་གསལ་རྒྱལ་པོ་ལ༴ སངས་རྒྱས་ཁ་ལོ་བསྒྱུར་ལ༴ སངས་རྒྱས་དགའ་བའི་དབང་ཕྱུག་ལ༴ སངས་རྒྱས་གཙུག་ན་རིན་ཆེན་ལ༴ སངས་རྒྱས་བསྙེངས་བྲལ་ལ༴ སངས་རྒྱས་རིན་ཆེན་སྙིང་པོ་ལ༴ སངས་རྒྱས་ཟླ་བའི་ཞལ་ལ༴ སངས་རྒྱས་དྲི་མེད་གྲགས་པ་ལ༴ སངས་རྒྱས་ཞི་བའི་གཟི་བརྗིད་ལ༴ ༼༣༽སངས་རྒྱས་དགའ་བའི་ཏོག་ལ༴ སངས་རྒྱས་སྒྲ་གཅན་ལྷ་ལ༴ སངས་རྒྱས་ཚོད་བཟང་ལ༴ སངས་རྒྱས་ལྷ་དགའ་ལ༴ སངས་རྒྱས་རིན་ཆེན་ཕུང་པོ་ལ༴ སངས་རྒྱས་མཛེས་པར་གཤེགས་པ་ལ༴ སངས་རྒྱས་སེདྒེའི་ཕྱོགས་པ་ལ༴ སངས་རྒྱས་ཤིན་ཏུ་མཐོར་གཤེགས་ལ༴ སངས་རྒྱས་སྐྱེ་དབང་ལ༴ སངས་རྒྱས་བློ་གྲོས་བཟང་པོ་ལ༴ ༧ སངས་རྒྱས་འཇིག་རྟེན་འོད་ལ༴ སངས་རྒྱས་རིན་ཆེན་གཟི་བརྗིད་ལ༴ སངས་རྒྱས་སྐལ་ལྡན་ཤིན་རྟ་ལ༴ སངས་རྒྱས་ཀུན་རྒྱལ་ལ༴ སངས་རྒྱས་དགའ་བ་བཀོད་པ་ལ༴ སངས་རྒྱས་སྟེགས་མཛད་ལ༴ སངས་རྒྱས་སྤོས་ཀྱི་གླང་པོ་ལ༴ སངས་རྒྱས་བློ་གྲོས་འོད་འཕྲོ་ལ༴ སངས་རྒྱས་རི་བོའི་རྒྱལ་མཚན་ལ༴ སངས་རྒྱས་སྤོས་བཟང་ལ༴ ༧ སངས་རྒྱས་ཆོས་བརྟན་ལ༴ སངས་རྒྱས་གཟི་བརྗིད་དྲག་ཤུལ་ལ༴ སངས་རྒྱས་ཆོས་ཀྱི་ནོར་བུ་ལ༴ སངས་རྒྱས་བཟང་བྱིན་ལ༴ སངས་རྒྱས་བདེ་གཤེགས་ཟླ་བ་ལ༴ སངས་རྒྱས་ཚངས་པའི་དབྱངས་ལ༴ སངས་རྒྱས་སེདྒེའི་ཟླ་བ་ལ༴ སངས་རྒྱས་དཔལ་ལ༴ སངས་རྒྱས་ལེགས་སྐྱེས་ལ༴ སངས་རྒྱས་ཐུབ་མེད་ཚོགས་ལ༴ སངས་རྒྱས་གྲགས་པའི་བཤེས་གཉེན་ལ༴ སངས་རྒྱས་བདེན་པ་ལ༴ སངས་རྒྱས་དཀའ་ཐུབ་ཆེན་པོ་ལ༴ སངས་རྒྱས་ལྷུན་པོའི་འོད་ཟེར་ལ༴ སངས་རྒྱས་ཡོན་ཏན་བརྩེགས་པ་ལ༴ སངས་རྒྱས་མཆོད་གྲགས་ལ༴ སངས་རྒྱས་ཆོས་གྲགས་ལ༴ སངས་རྒྱས་སྦྱིན་འོད་ལ༴ སངས་རྒྱས་གློག་འབྱིན་ལ༴ སངས་རྒྱས་བདེན་གསུམ་ལ༴ ༧ སངས་རྒྱས་འཚོ་བྱེད་ལ༴ སངས་རྒྱས་ན་ཚོད་བཟང་པོ་ལ༴ སངས་རྒྱས་ལེགས་པའི་ཚོགས་ཅན་ལ༴ སངས་རྒྱས་རྣམ་ངེས་བློ་གྲོས་ལ༴ སངས་རྒྱས་སྲིད་མཐའ་ནོར་བུའི་སྤོས་ལ༴ སངས་རྒྱས་རྒྱལ་བས་དགྱེས་པ་ལ༴ སངས་རྒྱས་སེདྒེའི་འོད་ཟེར་ལ༴ སངས་རྒྱས་རྣམ་པར་སྣང་མཛད་ལ༴ སངས་རྒྱས་གྲགས་མཆོག་ལ༴ སངས་རྒྱས་ཐུགས་རབ་གཞུངས་པ་ལ༴ ༧ སངས་རྒྱས་ནོར་བུའི་ཟླ་བ་ལ༴ སངས་རྒྱས་དྲག་ཤུལ་འོད་ཟེར་ལ༴ སངས་རྒྱས་བརྟུལ་ཞུགས་ཐུབ་མེད་ལ༴ སངས་རྒྱས་འཕྲོས་མཆོད་ལ༴ སངས་རྒྱས་ནོར་བུའི་ཚོགས་ལ༴ སངས་རྒྱས་འཇིག་རྟེན་བླ་མ་ལ༴ སངས་རྒྱས་གླང་ཆེན་སེདྒེའི་ལ༴ སངས་རྒྱས་ཟླ་བ་ལ༴ སངས་རྒྱས་རིན་ཆེན་འོད་ཟེར་ལ༴ སངས་རྒྱས་སྒྲ་གཅན་སྦེད་པ་ལ༴ ༧ སངས་རྒྱས་ཡོན་ཏན་རྒྱ་མཚོ་ལ༴ སངས་རྒྱས་འོད་ཟེར་ལྡན་པ་ལ༴ སངས་རྒྱས་རབ་ཏུ་ཞི་སྟབས་ལ༴ སངས་རྒྱས་འཇིག་རྟེན་བཟང་པོ་ལ༴ སངས་རྒྱས་མྱ་ངན་མེད་ལ༴ སངས་རྒྱས་ཤུགས་བཅུ་པ་ལ༴ སངས་རྒྱས་སྟོབས་དགྱེས་ལ༴ སངས་རྒྱས་མཐུ་དཔལ་ལ༴ སངས་རྒྱས་མཐུ་ཐོབ་ལ༴ སངས་རྒྱས་མཐུ་ཆེན་ལ༴ ༧ སངས་རྒྱས་ཡོན་ཏན་སྙིང་པོ་ལ༴ སངས་རྒྱས་བདེན་པར་སྤྱོད་པ་ལ༴ སངས་རྒྱས་དགེ་མཆོག་རྒྱལ་པོ་ལ༴ སངས་རྒྱས་སྐར་རྒྱལ་ལ༴ སངས་རྒྱས་འོད་ཟེར་ཆེན་པོ་ལ༴ སངས་རྒྱས་གློག་འོད་ལ༴།སངས་རྒྱས་ཡོན་ཏན་རྒྱ་ཆེན་ལ༴ སངས་རྒྱས་རིན་པོ་ཆེ་ལ༴ སངས་རྒྱས་དཔལ་འོད་ལ༴ སངས་རྒྱས་བདུད་འདུལ་ལ༴ ༧ སངས་རྒྱས་གོ་བགོས་ལ༴ སངས་རྒྱས་སེདྒེའི་ཕྱག་ལ༴ སངས་རྒྱས་མེ་ཏོག་བཟང་པོ་ལ༴ སངས་རྒྱས་རིན་ཆེན་མཐོན་པོ་ལ༴ སངས་རྒྱས་རྒྱ་མཚོ་ལ༴ སངས་རྒྱས་ས་འཛིན་ལ༴ སངས་རྒྱས་དོན་བློ་མངའ་བ་ལ༴ སངས་རྒྱས་ཡོན་ཏན་བསགས་ལ༴ སངས་རྒྱས་ཡོན་ཏན་ཚོགས་ལ༴ སངས་རྒྱས་རིན་ཆེན་མེ་ལ༴ སངས་རྒྱས་འཇིག་རྟེན་འདས་པ་ལ༴ ༧ སངས་རྒྱས་འཇིག་རྟེན་ཟླ་བ་ལ༴ སངས་རྒྱས་དབྱངས་སྙན་ལ༴ སངས་རྒྱས་ཚངས་པའི་ཏོག་ལ༴ སངས་རྒྱས་ཚོགས་ཅན་གཙོ་བོ་ལ༴ སངས་རྒྱས་སེདྒེའི་སྟབས་ལ༴ སངས་རྒྱས་དྲག་ཤུལ་བྱིན་ལ༴ སངས་རྒྱས་ཆོས་ཀྱི་དབང་ཕྱུག་ལ༴ སངས་རྒྱས་གཟི་བརྗིད་འོད་ལ༴ སངས་རྒྱས་འོད་ཟེར་ཆེན་པོ་ལ༴ ༧ སངས་རྒྱས་རིན་ཆེན་གྲགས་པ་ལ༴ སངས་རྒྱས་ཚོགས་ཅན་གསལ་བ་ལ༴ སངས་རྒྱས་གྲགས་པ་མཐའ་ཡས་ལ༴ སངས་རྒྱས་འོད་ཟེར་དོན་ཡོན་ལ༴ སངས་རྒྱས་ལྷའི་དྲང་སྲོང་ལ༴ སངས་རྒྱས་སྐྱེ་དབང་ལ༴ སངས་རྒྱས་དགེ་འདུན་བརྟན་ལ༴ སངས་རྒྱས་ཕྱོགས་བཟང་ལ༴ སངས་རྒྱས་ཏོག་ལ༴ སངས་རྒྱས་ཡུལ་འཁོར་མེ་ཏོག་ལ། །༧ སངས་རྒྱས་ཆོས་ཀྱི་བློ་གྲོས་ལ༴ སངས་རྒྱས་རླུང་གི་ཤུགས་ལྟར་གཤེགས་པ་ལ༴ སངས་རྒྱས་ལེགས་བསམ་གྲགས་པ་ལ༴ སངས་རྒྱས་སྣང་ལྡན་ལ༴ སངས་རྒྱས་ལྷ་ཚོགས་ལ༴ སངས་རྒྱས་ཡོན་ཏན་སྲུང་ལ༴ སངས་རྒྱས་དོན་གྱིས་བློ་གྲོས་ལ༴ སངས་རྒྱས་བསྙེངས་པ་མེད་ལ༴ སངས་རྒྱས་གྲོགས་བརྟན་ལ༴ སངས་རྒྱས་འོད་གནས་མཚུངས་པ་ལ༴ ༧ སངས་རྒྱས་ནོར་ཞབས་ལ༴ སངས་རྒྱས་ཐར་པའི་གཟི་བརྗིད་ལ༴ སངས་རྒྱས་ངོས་བཟང་ལ༴ སངས་རྒྱས་བློ་བཟང་ལ༴ སངས་རྒྱས་ཀུན་ཏུ་གཟི་བརྗིད་ལ༴ སངས་རྒྱས་ཡེ་ཤེས་མཆོག་ལ༴ སངས་རྒྱས་ཚངས་པར་གནས་ལ༴ སངས་རྒྱས་བདེན་པ་གསུང་བ་ལ༴ སངས་རྒྱས་བློ་བཟང་ལ༴ སངས་རྒྱས་སྟོབས་བྱིན་ལ་ཕྱག༴ ༧ སངས་རྒྱས་སེདྒེའི་སྟོབས་ལ༴ སངས་རྒྱས་མེ་ཏོག་ཏོག་ལ༴ སངས་རྒྱས་ཡེ་ཤེས་འབྱུང་གནས་ལ༴ སངས་རྒྱས་མེ་ཏོག་བྱིན་ལ༴ སངས་རྒྱས་ཡོན་ཏན་སྙིང་པོ་ལ༴ སངས་རྒྱས་ཡོན་ཏན་གྲགས་པ་ལ༴ སངས་རྒྱས་གྲགས་པ་རྨད་བྱུང་ལ༴ སངས་རྒྱས་མི་ཚུགས་པ་ལ༴ སངས་རྒྱས་བསྙེངས་པ་མེད་ལ༴ སངས་རྒྱས་ཉི་འོད་ལ༴ ༧ སངས་རྒྱས་ཚངས་རབ་གཤེགས་པ་ལ༴ སངས་རྒྱས་ལྷའི་མཐུ་རྩལ་ལ༴ སངས་རྒྱས་ཡེ་ཤེས་དགྱེས་པ་ལ༴ སངས་རྒྱས་ལྷ་བདེན་ལ༴ སངས་རྒྱས་ནོར་བུའི་སྙིང་པོ་ལ༴ སངས་རྒྱས་ཡོན་ཏན་གྲགས་པ་ལ༴ སངས་རྒྱས་ཡེ་ཤེས་དཔལ་ལ༴ སངས་རྒྱས་བཅིངས་མེད་ལ༴ སངས་རྒྱས་བརྟུལ་ཞུགས་བརྟན་ལ༴ སངས་རྒྱས་ལྷའི་གཟི་བྱིན་ལ༴ ༧ སངས་རྒྱས་ཚངས་པར་ཐུབ་པ་ལ༴ སངས་རྒྱས་དལ་བར་བཞུད་པ་ལ༴ སངས་རྒྱས་བརྟུལ་ཞུགས་དཀའ་ཐུབ་ལ་༴ སངས་རྒྱས་འོད་ཟེར་ཕུང་པོ་ལ༴ སངས་རྒྱས་གཟི་བརྗིད་ཆེན་པོ་ལ༴ སངས་རྒྱས་ཙམ་པ་ཀ་ལ༴ སངས་རྒྱས་དགའ་མཛད་ལ༴ སངས་རྒྱས་ཚོགས་ཅན་བཟང་ལ༴ སངས་རྒྱས་དབང་པོའི་རྒྱལ་མཚན་ལ༴ སངས་རྒྱས་དགྱེས་ཆེན་ལ༴ ༧ སངས་རྒྱས་སྣ་མའི་མེ་ཏོག་འོད་ལ༴ སངས་རྒྱས་ཚོགས་ཆེན་འོད་ལ༴ སངས་རྒྱས་བསྐྲུན་མཛད་ལ༴ སངས་རྒྱས་མདངས་འགྲོ་ལ༴ སངས་རྒྱས་དོན་ལེགས་ངེས་ལ༴ སངས་རྒྱས་ཁྱུ་མཆོག་ལ༴ སངས་རྒྱས་ལག་བཟང་ལ༴ སངས་རྒྱས་འོད་ཟེར་ཆེན་པོ་ལ༴ སངས་རྒྱས་བསམ་པར་བྱིན་ལ༴ སངས་རྒྱས་བསོད་ནམས་འོད་ལ༴ སངས་རྒྱས་རིན་ཆེན་དབྱངས་ལ༴ སངས་རྒྱས་རྡོ་རྗེའི་སྡེ་ལ༴ སངས་རྒྱས་འབྱོར་ལྡན་ལ༴ སངས་རྒྱས་སེདྒེའི་སྟོབས་ལ༴ སངས་རྒྱས་དྲི་མེད་སྤྱན་ལ༴ སངས་རྒྱས་འོད་སྲུང་ལ༴ སངས་རྒྱས་བློ་གསལ་ལ༴ སངས་རྒྱས་ཡེ་ཤེས་འགྲོས་ལ༴ སངས་རྒྱས་གཟི་བརྗིད་དྲག་ཤུལ་ལ༴ སངས་རྒྱས་འོད་ཟེར་ཆེན་པོ་ལ༴ ༈ སངས་རྒྱས་ཉི་འོད་ལ༴ སངས་རྒྱས་དྲི་མེད་འོད་ལ༴ སངས་རྒྱས་གཟི་བརྗིད་རྣམ་འབྱེས་ལ༴ སངས་རྒྱས་ཁེངས་མེད་ལ༴ སངས་རྒྱས་སྦྲང་རྩིའི་ཞལ་ལ༴ སངས་རྒྱས་ཟླ་འོད་ལ༴ སངས་རྒྱས་གློག་འབྱིན་ལ༴ སངས་རྒྱས་རབ་ཞིར་གཤེགས་པ་ལ༴ སངས་རྒྱས་མི་འཁྲུགས་པ་ལ༴ སངས་རྒྱས་དགྲ་བཅོམ་གྲགས་པ་ལ༴ ༧ སངས་རྒྱས་ཆོས་ཀྱི་ཡོན་ཏན་ལ༴ སངས་རྒྱས་ཞིང་བཟང་ལ༴ སངས་རྒྱས་བཀོད་པའི་རྒྱལ་པོ་ལ༴ སངས་རྒྱས་མངོན་པར་འཕགས་པ་ལ༴ སངས་རྒྱས་སྦྱིན་སྲེག་འོད་འཕྲོ་ལ༴ སངས་རྒྱས་པདྨ་དཔལ་ལ༴ སངས་རྒྱས་རིན་ཆེན་བཀོད་ལ༴ སངས་རྒྱས་ཤིན་ཏུ་བཟང་ལ༴ སངས་རྒྱས་རིན་ཆེན་མཆོག་ལ༴ སངས་རྒྱས་ཐུགས་ཤིན་ཏུ་གཞུངས་པ་ལ༴ ༼༥༽ སངས་རྒྱས་རྒྱ་མཚོས་བྱིན་ལ༴ སངས་རྒྱས་ཚངས་ཏོག་ལ༴ སངས་རྒྱས་ཟླ་བའི་གདུགས་ལ༴ སངས་རྒྱས་འོད་འཕྲོ་ལ༴ སངས་རྒྱས་དྲི་མེད་རྒྱལ་པོ་ལ༴ སངས་རྒྱས་ཡེ་ཤེས་གྲགས་ལ༴ སངས་རྒྱས་ཀུན་རྒྱལ་ལ༴ སངས་རྒྱས་ཡོན་ཏན་འོད་ལ༴ སངས་རྒྱས་སྒྲ་གྲགས་ལ༴ སངས་རྒྱས་ཟླ་རྒྱས་ལ༴ ༧ སངས་རྒྱས་པདྨའི་འོད་ཟེར་ལ༴ སངས་རྒྱས་བརྟུལ་ཞུགས་བཟང་པོ་ལ༴ སངས་རྒྱས་སྒྲོན་རྒྱལ་ལ༴ སངས་རྒྱས་གློག་གི་འོད་ལ༴ སངས་རྒྱས་འོད་ཟེར་རྒྱལ་པོ་ལ༴ སངས་རྒྱས་སྐར་མཁན་ལ༴ སངས་རྒྱས་གྲགས་རྫོགས་ལ༴ སངས་རྒྱས་པདྨའི་སྙིང་པོ་ལ༴ སངས་རྒྱས་རྒྱལ་ལ༴ སངས་རྒྱས་སྤྱན་མཛེས་ལ༴ ༧ སངས་རྒྱས་རྙོག་པ་མེད་དོན་ལ༴ སངས་རྒྱས་དྲག་ཤུལ་སྡེ་ལ༴ སངས་རྒྱས་བསོད་ནམས་གཟི་བརྗིད་ལ༴ སངས་རྒྱས་མཐུ་རྩལ་ལ༴ སངས་རྒྱས་ཐོགས་མེད་བློ་ལ༴ སངས་རྒྱས་སྒྲ་གཅན་ལྷ་ལ༴ སངས་རྒྱས་ཡེ་ཤེས་ཕུང་པོ་ལ༴ སངས་རྒྱས་ཁ་ལོ་བསྒྱུར་ལ༴ སངས་རྒྱས་སྐྱེ་དབང་མཚུངས་ལ༴ སངས་རྒྱས་མེ་ཏོག་ཏོག་ལ༴ ༧ སངས་རྒྱས་སྒྲ་གཅན་འཛིན་ལ༴ སངས་རྒྱས་སྨན་ཆེན་པོ་ལ༴ སངས་རྒྱས་རྒྱུ་སྐར་རྒྱལ་པོ་ལ༴ སངས་རྒྱས་སྨན་པའི་རྒྱལ་པོ་ལ༴ སངས་རྒྱས་བསོད་ནམས་གླང་པོ་ལ༴ སངས་རྒྱས་གཅོད་མཛད་ལ༴ སངས་རྒྱས་རྣམ་གྲགས་རྒྱལ་པོ་ལ༴ སངས་རྒྱས་ཉི་མའི་འོད་ཟེར་ལ༴ སངས་རྒྱས་ཆོས་མཛད་ལ༴ སངས་རྒྱས་བློ་གྲོས་བཟང་པོ་ལ་ཕྱག༴ ༧ སངས་རྒྱས་ཡོན་ཏན་དབང་མཚུངས་ལ༴ སངས་རྒྱས་རྡོ་རྗེའི་སྡེ་ལ༴ སངས་རྒྱས་ཤེས་རབ་བརྩེགས་ལ༴ སངས་རྒྱས་ལེགས་གནས་ལ༴ སངས་རྒྱས་བློ་སྦྱངས་ལ༴ སངས་རྒྱས་ཚངས་དབྱངས་ལ༴ སངས་རྒྱས་ཡོན་ཏན་མཆོག་ལ༴ སངས་རྒྱས་འབྲུག་སྒྲ་དབྱངས་ལ༴ སངས་རྒྱས་མངོན་ཤེས་ཏོག་ལ༴ སངས་རྒྱས་ཏོག་འོད་ལ༴ ༧ སངས་རྒྱས་དགེ་བ་ལ༴ སངས་རྒྱས་ཚངས་པ་ལ༴ སངས་རྒྱས་སྐྱེས་མཆོག་ལ༴ སངས་རྒྱས་སྤྱན་སྡུག་ལ༴ སངས་རྒྱས་ཀླུས་བྱིན་ལ༴ སངས་རྒྱས་བདེན་པའི་ཏོག་ལ༴ སངས་རྒྱས་བརྒྱན་པ་ལ༴ སངས་རྒྱས་ཞུམ་པ་མེད་པའི་དབྱངས་ལ༴ སངས་རྒྱས་རིན་ཆེན་འོད་ལ༴ སངས་རྒྱས་དབྱངས་བྱིན་ལ༴ ༧ སངས་རྒྱས་སེདྒེ་ལ༴ སངས་རྒྱས་འོད་ཟེར་སྣ་ཚོགས་ལ༴ སངས་རྒྱས་ཡེ་ཤེས་ཕུང་པོ་ལ༴ སངས་རྒྱས་པདྨའི་ཕུང་པོ་ལ༴ སངས་རྒྱས་མེ་ཏོག་རྒྱས་ལ༴ སངས་རྒྱས་མཐུ་རྩལ་སྟོབས་ལ༴ སངས་རྒྱས་བསོད་ནམས་ཕུང་པོ་ལ༴ སངས་རྒྱས་གཟུགས་མཆོག་ལ༴ སངས་རྒྱས་སྐར་མཁན་ལ༴ སངས་རྒྱས་ཟླ་བ་སྒྲོན་མ་ལ༴ ༧ སངས་རྒྱས་གཟི་བརྗིད་ཕུང་པོ་ལ༴ སངས་རྒྱས་བྱང་ཆུབ་རྒྱལ་པོ་ལ༴ སངས་རྒྱས་མི་བཟད་པ་ལ༴ སངས་རྒྱས་ཡན་ལག་རྒྱས་པ་ལ༴ སངས་རྒྱས་ཡུལ་འཁོར་ཤེས་རབ་ལ༴ སངས་རྒྱས་མཆོག་མ་ལ༴ སངས་རྒྱས་གཟི་བརྗིད་ཚིམ་མཛད་ལ༴ སངས་རྒྱས་ཤེས་རབ་བྱིན་ལ༴ སངས་རྒྱས་མགོན་པོ་ལ༴ སངས་རྒྱས་འཇམ་དབྱངས་ལ༴ སངས་རྒྱས་ཆགས་མེད་མཛོད་ལ༴ སངས་རྒྱས་གཙོ་བོས་བྱིན་ལ༴ སངས་རྒྱས་གཙོ་ཆེན་ལ༴ སངས་རྒྱས་ཡེ་ཤེས་མཐུ་རྩལ་ལ༴ སངས་རྒྱས་འོད་འཕྲོ་ཅན་ལ༴ སངས་རྒྱས་དབང་པོ་ལ༴ སངས་རྒྱས་ཤུགས་ཅན་ལ༴ སངས་རྒྱས་སྐར་རྒྱལ་ལ༴ སངས་རྒྱས་འོད་བཟང་ལ༴ སངས་རྒྱས་གྲགས་པ་བྱིན་ལ༴ ༧ སངས་རྒྱས་བརྟུལ་ཞུགས་བཟང་ལ༴ སངས་རྒྱས་རྒྱལ་པོ་ལ༴ སངས་རྒྱས་དོན་གྲུབ་ལ༴ སངས་རྒྱས་སེདྒེའི་སྡེ་ལ༴ སངས་རྒྱས་ནོར་ལྷའི་བུ་ལ༴ སངས་རྒྱས་གྲགས་པ་ལ༴ སངས་རྒྱས་རྒྱལ་བ་ལ༴ སངས་རྒྱས་རྒྱ་ཆེན་སྙིང་པོ་ལ༴ སངས་རྒྱས་བསོད་ནམས་འོད་ཟེར་ལ༴ སངས་རྒྱས་སྨང་འདོན་ལ། །༼༦༽ སངས་རྒྱས་སྒྲོན་མའི་རྒྱལ་པོ་ལ༴ སངས་རྒྱས་ཡེ་ཤེས་བརྩེགས་ལ༴ སངས་རྒྱས་ལྷ་མཆོག་ལ༴ སངས་རྒྱས་ས་བདག་ལ༴ སངས་རྒྱས་གྲོལ་བརྙེས་ལ༴ སངས་རྒྱས་གཙུག་གི་གསེར་ལ༴ སངས་རྒྱས་སྒྲ་གཅན་བཟང་པོ་ལ༴ སངས་རྒྱས་དཀའ་ཐུབ་ལ༴ སངས་རྒྱས་ཐུབ་གསལ་ལ༴ སངས་རྒྱས་ཟླ་བའི་འོད་ཟེར་ལ༴ ༧ སངས་རྒྱས་གསེར་འོད་ལ༴ སངས་རྒྱས་ལེགས་བྱིན་ལ༴ སངས་རྒྱས་ལྷའི་ཡོན་ཏན་དབང་པོ་ལ༴ སངས་རྒྱས་ཆོས་གདུགས་ལ༴ སངས་རྒྱས་བསོད་ནམས་ལག་ལ༴ སངས་རྒྱས་ཆགས་མེད་ལ༴ སངས་རྒྱས་ཡེ་ཤེས་གྱ་ནོམ་ལ༴ སངས་རྒྱས་བློ་གྲོས་ཞི་བ་ལ༴ སངས་རྒྱས་གཟི་བྱིན་ཐམས་ཅད་ལ༴ སངས་རྒྱས་རྩི་སྨན་ལ༴ ༧ སངས་རྒྱས་རྣམ་གྲོལ་ཏོག་ལ༴ སངས་རྒྱས་འོད་མཛོད་ལ༴ སངས་རྒྱས་ཡེ་ཤེས་རྒྱལ་པོ་ལ༴ སངས་རྒྱས་འཇིགས་མཛད་ལ༴ སངས་རྒྱས་ཆུ་བོ་སྤོང་ལ༴ སངས་རྒྱས་ཐོགས་མེད་གྲགས་པ་ལ༴ སངས་རྒྱས་བདེན་པའི་ཕུང་པོ་ལ༴ སངས་རྒྱས་དབྱངས་སྙན་ལ༴ སངས་རྒྱས་རི་དབང་མཚུངས་ལ༴ སངས་རྒྱས་ཆོས་བརྩེགས་ལ༴ ༧ སངས་རྒྱས་ཐར་པའི་གཟི་བརྗིད་ལ༴ སངས་རྒྱས་ལེགས་མཛད་ལ༴ སངས་རྒྱས་རབ་ཏུ་ཞི་བའི་སྐུ་ལ༴ སངས་རྒྱས་ཡིད་འོང་གསུང་ལ༴ སངས་རྒྱས་བློ་སྦྱངས་ལ༴ སངས་རྒྱས་ཆུའི་ལྷ་ལ༴ སངས་རྒྱས་འགྲོས་མཆོད་ལ༴ སངས་རྒྱས་སེདྒེའི་ལོགས་ལ༴ སངས་རྒྱས་ཆོས་ཀྱི་མཐུ་རྩལ་ལ༴ སངས་རྒྱས་བསྐལ་བཟང་ལ༴ ༧ སངས་རྒྱས་མི་འཁྲུགས་མདོག་ལ༴ སངས་རྒྱས་གཟི་བརྗིད་ལ༴ སངས་རྒྱས་རྟོགས་མཛད་ལ༴ སངས་རྒྱས་སྤྱན་ལེགས་ལ༴ སངས་རྒྱས་དོན་གནས་བློ་ལ༴ སངས་རྒྱས་སྣང་བའི་འོད་ཟེར་ལ༴ སངས་རྒྱས་སྤོས་གཟི་ལ༴ སངས་རྒྱས་ཀུན་དགའ་གྲགས་ལ༴ སངས་རྒྱས་དོན་ཡོད་གཤེགས་ལ༴ སངས་རྒྱས་ཁྲོ་བཅོམ་ལ༴ སངས་རྒྱས་གཟུགས་མཆོག་ལ༴ སངས་རྒྱས་ལེགས་བཤད་ལ༴ སངས་རྒྱས་རབ་སྦྱིན་གྲགས་པ་ལ༴ སངས་རྒྱས་འོད་གཙང་ལ༴ སངས་རྒྱས་ལྷའི་ཉི་མ་ལ༴ སངས་རྒྱས་ཤེས་རབ་བྱིན་ལ༴ སངས་རྒྱས་མཉམ་པར་གཞག་པའི་བདག་ཉིད་ལ༴ སངས་རྒྱས་གཟི་མདངས་ལ༴ སངས་རྒྱས་རྒྱལ་རིགས་ལ༴ སངས་རྒྱས་སྐལ་ལྡན་ཤིང་རྟ་ལ༴ ༧ སངས་རྒྱས་གསེར་མཆོག་ལ༴ སངས་རྒྱས་རྣམ་གྲོལ་གཙུག་ལ༴ སངས་རྒྱས་ཆོས་ལྡན་ལ༴ སངས་རྒྱས་སྤོས་གནས་ལ༴ སངས་རྒྱས་དྲེགས་པ་སྤངས་ལ༴ སངས་རྒྱས་ཡེ་ཤེས་མཛད་ལ༴ སངས་རྒྱས་ཚངས་པར་གཤེགས་ལ༴ སངས་རྒྱས་ཙནྡན་ལ༴ སངས་རྒྱས་མྱ་ངན་མེད་ལ༴ སངས་རྒྱས་སེདྒེའི་འོད་ཟེར་ལ༴ ༧ སངས་རྒྱས་ཡུལ་འཁོར་ཏོག་ལ༴ སངས་རྒྱས་པདྨའི་སྙིང་པོ་ལ༴ སངས་རྒྱས་གཟི་བརྗིད་མཐའ་ཡས་ལ༴ སངས་རྒྱས་ལྷའི་འོད་ལ༴ སངས་རྒྱས་ཤེས་རབ་མེ་ཏོག་ལ༴ སངས་རྒྱས་མཁས་པ་ལ༴ སངས་རྒྱས་ཡེ་ཤེས་འབྱོར་ལྡན་ལ༴ སངས་རྒྱས་ཚངས་པའི་དབྱིག་ལ༴ སངས་རྒྱས་ཕྱག་ན་རིན་པོ་ཆེ་ལ༴ སངས་རྒྱས་དབང་ཕྱུག་ལ༴ སངས་རྒྱས་རྫོགས་པར་གསུང་པ་ལ༴ སངས་རྒྱས་མཆོག་གསུང་ལ༴ སངས་རྒྱས་མཆོད་འོས་ལ༴ སངས་རྒྱས་སྐར་རྒྱལ་ལ༴ སངས་རྒྱས་ཉི་མ་ལ༴ སངས་རྒྱས་འདམ་ལས་བརྒལ་བ་ལ༴ སངས་རྒྱས་ཡེ་ཤེས་བརྙེས་ལ༴ སངས་རྒྱས་གྲུབ་པ་ལ༴ སངས་རྒྱས་རྨ་བྱ་ལ༴ སངས་རྒྱས་ཆོས་བྱིན་ལ༴ ༧ སངས་རྒྱས་ཕན་པར་བཞེད་པ་ལ༴ སངས་རྒྱས་ཡེ་ཤེས་ལྡན་ལ༴ སངས་རྒྱས་རྣམ་པར་བཅོམ་པ་ལ༴ སངས་རྒྱས་གྲགས་པ་ལ༴ སངས་རྒྱས་འོད་ཟེར་དྲ་བ་ལ༴ སངས་རྒྱས་བཻཌཱུཪྱའི་སྙིང་པོ་ལ༴ སངས་རྒྱས་མེ་ཏོག་ལ༴ སངས་རྒྱས་ལྷའི་རྒྱལ་པོ་ལ༴ སངས་རྒྱས་ཟླ་བ་ལ༴ སངས་རྒྱས་དྲན་པའི་འོད་ལ༴ ༼༧༽ སངས་རྒྱས་དགེ་འོད་ལ༴ སངས་རྒྱས་ཡོན་ཏན་འོད་ལ༴ སངས་རྒྱས་རིན་ཆེན་དཔལ་ལ༴ སངས་རྒྱས་སྐྱེས་བུ་ཟླ་བ་ལ༴ སངས་རྒྱས་སྒྲ་གཅན་ལ༴ སངས་རྒྱས་བདུད་རྩིའི་འོད་ལ༴ སངས་རྒྱས་འཇིག་རྟེན་མཆོག་ལ༴ སངས་རྒྱས་སྐར་འོད་ལ༴ སངས་རྒྱས་ཞི་བའི་སྟབས་ལ༴ སངས་རྒྱས་ཡེ་ཤེས་རྒྱ་མཚོ་ལ༴ ༧ སངས་རྒྱས་རི་དབང་ལ༴ སངས་རྒྱས་རབ་ཞི་ལ༴ སངས་རྒྱས་ཡོན་ཏན་མཐའ་ཡས་སྟོབས་ལ༴ སངས་རྒྱས་ལྷ་དབང་ལ༴ སངས་རྒྱས་དབྱངས་སྙན་ལ༴ སངས་རྒྱས་ངོས་བཟང་ལ༴ སངས་རྒྱས་དོན་གནས་ལ༴ སངས་རྒྱས་ཡོན་ཏན་གཟི་བརྗིད་ལ༴ སངས་རྒྱས་མཁྱེན་ལྡན་ཟླ་མེད་ལ༴ སངས་རྒྱས་ང་རོ་དཔག་མེད་ལ༴ ༧ སངས་རྒྱས་འོད་བཟང་ལ༴ སངས་རྒྱས་ཤིན་ཏུ་ཐུགས་གཞུངས་ལ༴ སངས་རྒྱས་དོན་དགོངས་གཏི་མུག་བྲལ་ལ༴ སངས་རྒྱས་དབྱངས་ཀྱི་ཡན་ལག་ཁྱད་པར་འཕགས་པ་ལ༴ སངས་རྒྱས་མཆོག་ཏུ་མཛེས་པར་གཤེགས་ལ༴ སངས་རྒྱས་ཞི་དོན་ལ༴ སངས་རྒྱས་སྐྱོན་མེད་ལ༴ སངས་རྒྱས་བློ་སྦྱངས་དགེ་བ་ལ༴ སངས་རྒྱས་པདྨའི་མཛོད་ལ༴ སངས་རྒྱས་འོད་ཟེར་བཟང་པོ་ལ༴ ༧ སངས་རྒྱས་སྤོབས་པའི་མདོག་ལ༴ སངས་རྒྱས་སྟེགས་བཟང་ལ༴ སངས་རྒྱས་ཚོགས་དབང་ལ༴ སངས་རྒྱས་བསྙེངས་བྲལ་ལ༴ སངས་རྒྱས་ཡེ་ཤེས་བཞད་པ་ལ༴ སངས་རྒྱས་སྤོབས་པའི་སྤྱན་ལ༴ སངས་རྒྱས་བློ་མཆོག་ལ༴ སངས་རྒྱས་ཟླ་བ་ལ༴ སངས་རྒྱས་རིན་ཆེན་ཟླ་འོད་ལ༴ སངས་རྒྱས་བསྙེངས་མེད་ལ༴ ༧ སངས་རྒྱས་གཟིགས་པ་ཆེན་པོ་ལ༴ སངས་རྒྱས་ཚངས་དབྱངས་ལ༴ སངས་རྒྱས་དབྱངས་བཟང་ལ༴ སངས་རྒྱས་ཤེས་རབ་ཆེ་སྟེགས་ལ༴ སངས་རྒྱས་བློ་གྲོས་ཟླ་མེད་ལ༴ སངས་རྒྱས་རྡོ་རྗེ་མ ཁྲེགས་ལ༴ སངས་རྒྱས་བློ་གྲོས་ལ༴ སངས་རྒྱས་ལྗོན་ཤིང་དབང་པོ་ལ༴ སངས་རྒྱས་གདངས་སྙན་ལ༴ སངས་རྒྱས་བསོད་ནམས་སྟོབས་ལ༴ ༧ སངས་རྒྱས་མཐུ་དཔལ་ལ༴ སངས་རྒྱས་འཕགས་པ་དགྱེས་ལ༴ སངས་རྒྱས་མཐུ་སྟོབས་ལ༴ སངས་རྒྱས་སྐར་མ་དགྱེས་ལ༴ སངས་རྒྱས་སྤྲིན་གྱི་རྔ་སྒྲ་ལ༴ སངས་རྒྱས་སྡུག་པའི་ཞལ་ལ༴ སངས་རྒྱས་ཡེ་ཤེས་ལྡན་ལ༴ སངས་རྒྱས་འབྱོར་ལྡན་ལ༴ སངས་རྒྱས་ཕུང་པོ་ལ༴ སངས་རྒྱས་གསལ་བ་ལ༴ ༧ སངས་རྒྱས་ཆོས་ཀྱི་རྒྱལ་མཚན་ལ༴ སངས་རྒྱས་ཡེ་ཤེས་ང་རོ་ལ༴ སངས་རྒྱས་ནམ་མཁའ་ལ༴ སངས་རྒྱས་མཆོད་སྦྱིིན་ང་རོ་ལ༴ སངས་རྒྱས་ཤེས་རབ་རྣམ་རྒོད་ལ༴ སངས་རྒྱས་ཡོན་ཏན་འོད་ཟེར་གཟི་བརྗིད་ལ༴ སངས་རྒྱས་དྲང་སྲོང་དབང་པོ་ལ༴ སངས་རྒྱས་བློ་ལྡན་ལ༴ སངས་རྒྱས་སྤོབས་པའི་ཚོགས་ལ༴ སངས་རྒྱས་མཆོད་སྦྱིན་བཟང་པོ་ལ༴ ༧ སངས་རྒྱས་ཟླ་ཞལ་ལ༴ སངས་རྒྱས་ཤིན་ཏུ་གཟིགས་པ་ལ༴ སངས་རྒྱས་རྡུལ་བྲལ་ལ༴ སངས་རྒྱས་ཡོན་ཏན་ཚོགས་ལ༴ སངས་རྒྱས་ཏོག་ལྡན་ལ༴ སངས་རྒྱས་བསོད་ནམས་རྒྱལ་མཚན་ལ༴ སངས་རྒྱས་ཡུལ་འཁོར་སྤོབས་པ་ལ༴ སངས་རྒྱས་རིན་ཆེན་རབ་འབྱོར་ལ༴ སངས་རྒྱས་ཟླ་བ་དགྱེས་པ་ལ༴ སངས་རྒྱས་སེདྒེའི་སྟོབས་ལ༴ སངས་རྒྱས་དབང་སྒྱུར་རྒྱལ་པོ་ལ༴ སངས་རྒྱས་བདུད་རྩི་གསལ་བ་ལ༴ སངས་རྒྱས་བསམ་གཏན་སྙོམས་པ་ལ་ཕྱག༴ སངས་རྒྱས་འཁྲུགས་མེད་ལ༴ སངས་རྒྱས་དྲི་མ་རབ་ཏུ་ཞི་བ་ལ༴ སངས་རྒྱས་ཕྱོགས་མ་བསླད་པ་ལ༴ སངས་རྒྱས་མཛེས་པ་ལ༴ སངས་རྒྱས་ཞལ་བཟང་ལ༴ སངས་རྒྱས་ཤུགས་གནས་ཡེ་ཤེས་ལྡན་ལ༴ སངས་རྒྱས་གསུང་དབང་ལ༴ ༧ སངས་རྒྱས་གཟི་བརྗིད་ཆེན་པོ་ལ༴ སངས་རྒྱས་བློ་གྲོས་ཟབ་མོ་ལ༴ སངས་རྒྱས་བདུད་རྩི་ལ༴ སངས་རྒྱས་ཆོས་ཀྱི་སྟོབས་ལ༴ སངས་རྒྱས་མཆོད་ལྡན་ལ༴ སངས་རྒྱས་མེ་ཏོག་འོད་ལ༴ སངས་རྒྱས་ཁམས་གསུམ་མཆོད་གནས་ལ༴ སངས་རྒྱས་སྒྲ་གཅན་ཉི་མའི་སྙིང་པོ་ལ༴ སངས་རྒྱས་ལྷས་མཆོད་ལ༴ སངས་རྒྱས་ཐར་པའི་རྒྱལ་མཚན་ལ༴ ༼༨༽ སངས་རྒྱས་དགེ་གཙུག་ལ༴ སངས་རྒྱས་བདུད་རྩིའི་འོད་ཟེར་ལ༴ སངས་རྒྱས་རྡོ་རྗེ་ལ༴ སངས་རྒྱས་བརྟན་པ་ལ༴ སངས་རྒྱས་རིན་ཆེན་ཕུང་པོ་ལ༴ སངས་རྒྱས་མཛེས་པར་གཤེགས་པ་ལ༴ སངས་རྒྱས་ཉི་ལྟར་གཤེགས་ལ༴ སངས་རྒྱས་དག་པའི་འོད་ལ༴ སངས་རྒྱས་ཡོན་ཏན་གཙུག་ལ༴ སངས་རྒྱས་དཔལ་རྫོགས་ལ༴ ༧ སངས་རྒྱས་སེདྒེའི་སྟབས་ལ༴ སངས་རྒྱས་གྱེན་དུ་འཕགས་པ་ལ༴ སངས་རྒྱས་མེ་ཏོག་བྱིན་ལ༴ སངས་རྒྱས་འོད་འགྱེད་ལ༴ སངས་རྒྱས་པདྨ་ལ༴ སངས་རྒྱས་ཡེ་ཤེས་དགྱེས་ལ༴ སངས་རྒྱས་བཀོད་མཛེས་ལ༴ སངས་རྒྱས་གཏི་མུག་མེད་གནས་ལ༴ སངས་རྒྱས་རྨ་མེད་ལ༴ སངས་རྒྱས་ཏོག་གི་རྒྱལ་མཚན་ལ༴ ༧ སངས་རྒྱས་བདེ་བར་དགོངས་པ་ལ༴ སངས་རྒྱས་གཏི་མུག་མེད་ལ༴ སངས་རྒྱས་ཆོ་ག་མཁྱེན་ལ༴ སངས་རྒྱས་དག་པའི་རྒྱ་མཚོ་ལ༴ སངས་རྒྱས་རིན་ཆེན་མངའ་བ་ལ༴ སངས་རྒྱས་མི་དམའ་བ་ལ༴ སངས་རྒྱས་དགའ་མཛད་ལ༴ སངས་རྒྱས་རྨ་བྱའི་ང་རོ་ལ༴ སངས་རྒྱས་མ་ཞུམ་པ་ལ༴ སངས་རྒྱས་སྲིད་སྲེད་དྲི་མ་སྤངས་ལ༴ ༧ སངས་རྒྱས་སྤྱོད་པའི་སྟེགས་ལ༴ སངས་རྒྱས་ལྷ་མང་སྙན་གྲགས་ལ༴ སངས་རྒྱས་རིན་ཆེན་སྟབས་ལ༴ སངས་རྒྱས་པདྨ་བསྣམས་ལ༴ སངས་རྒྱས་དཔལ་ལ༴ སངས་རྒྱས་དགྲ་རྒྱལ་ལ༴ སངས་རྒྱས་འབྱོར་ལྡན་གྲགས་ལ༴ སངས་རྒྱས་ཡུལ་འཁོར་བཟང་པོ་ལ༴ སངས་རྒྱས་མེ་ཏོག་འོད་ལ༴ སངས་རྒྱས་སེདྒེའི་ང་རོ་ལ༴ ༧ སངས་རྒྱས་ཟླ་ལྟར་ཤར་ལ༴ སངས་རྒྱས་འཇོམས་པའི་མཆོག་ལ༴ སངས་རྒྱས་མི་གཡོ་བ་ལ༴ སངས་རྒྱས་ཕན་ལྡན་གཤེགས་པ་ལ༴ སངས་རྒྱས་བསོད་ནམས་སྒྲོན་མའི་རྒྱལ་པོ་ལ༴ སངས་རྒྱས་དབྱངས་ཀྱིས་བསྐུལ་བ་ལ༴ སངས་རྒྱས་གོའུ་ཏ་མ་ལ༴ སངས་རྒྱས་མདངས་སྟོབས་ལ༴ སངས་རྒྱས་བློ་གནས་རང་བཞིན་ལ༴ སངས་རྒྱས་ཟླ་བ་བཟང་ལ༴ ༧ སངས་རྒྱས་བྱང་ཆུབ་ཡན་ལག་མེ་ཏོག་ལ༴ སངས་རྒྱས་བཀྲ་ཤིས་ལ༴ སངས་རྒྱས་ལེགས་སྟོན་ལ༴ སངས་རྒྱས་གཟི་བརྗིད་སྟོབས་ལ༴ སངས་རྒྱས་དགེ་བའི་སྒྲོན་མ་ལ༴ སངས་རྒྱས་མཐུ་རྩལ་བརྟན་པོ་ལ༴ སངས་རྒྱས་ལྷའི་སྒྲ་ལ༴ སངས་རྒྱས་རབ་ཏུ་ཞི་བ་ལ༴ སངས་རྒྱས་ཉི་མའི་ཞལ་ལ༴ སངས་རྒྱས་ཐར་པའི་བརྟུལ་ཞུགས་ལ༴ ༧ སངས་རྒྱས་ཚུལ་ཁྲིམས་འོད་ལ༴ སངས་རྒྱས་བརྟུལ་ཞུགས་གནས་པ་ལ༴ སངས་རྒྱས་རྡུལ་མེད་ལ༴ སངས་རྒྱས་སྙིང་པོ་འཕགས་པ་ལ༴ སངས་རྒྱས་མིག་སྨན་ལ༴ སངས་རྒྱས་འཕེལ་བར་མཛད་ལ༴ སངས་རྒྱས་སྤོས་འོད་ལ༴ སངས་རྒྱས་དུས་མཁྱེན་ལ༴ སངས་རྒྱས་དྲན་པའི་དབང་པོ་ལ༴ སངས་རྒྱས་ཐོགས་མེད་རྒྱལ་མཚན་ལ༴ ༧ སངས་རྒྱས་བྱང་ཆུབ་མཆོག་བགྲོད་ལ༴ སངས་རྒྱས་སྤྱོད་པ་གསལ་ལ༴ སངས་རྒྱས་རིན་ཆེན་དགྱེས་ལ༴ སངས་རྒྱས་ཆོས་ཀྱི་དབང་ཕྱུག་ལ༴ སངས་རྒྱས་ལྷ་ཐམས་ཅད་པ་ལ༴ སངས་རྒྱས་བཤེས་གཉེན་ཆེན་པོ་ལ༴ སངས་རྒྱས་བཤེས་གཉེན་བཟང་པོ་ལ༴ སངས་རྒྱས་རབ་ཏུ་ཞི་བའི་སྟབས་ལ༴ སངས་རྒྱས་བདུད་རྩིའི་རྒྱལ་པོ་ལ༴ སངས་རྒྱས་ལྷུན་པོའི་འོད་ལ༴།།༧ སངས་རྒྱས་འཕགས་པས་བསྟོད་ལ༴ སངས་རྒྱས་སྣང་ལྡན་ལ༴ སངས་རྒྱས་གཟི་བརྗིད་འབར་བ་ལ༴ སངས་རྒྱས་སྣང་བ་གཟིགས་ལ༴ སངས་རྒྱས་ལེགས་སྦྱངས་རྣམ་པར་སྨིན་ལ༴ སངས་རྒྱས་ལེགས་པར་དགྱེས་ལ༴ སངས་རྒྱས་མྱ་ངན་བྲལ་ལ༴ སངས་རྒྱས་རིན་ཆེན་འོད་ལ༴ སངས་རྒྱས་སྤྱོད་ལྡན་ལ༴ སངས་རྒྱས་བསོད་ནམས་སྟོབས་ལ༴ ༧ སངས་རྒྱས་ཡོན་ཏན་རྒྱ་མཚོ་ལ༴ སངས་རྒྱས་རྨད་དུ་བྱུང་བ་ལ༴ སངས་རྒྱས་ང་རྒྱལ་སྤོང་ལ༴ སངས་རྒྱས་བདུད་རླག་མཛད་ལ༴ སངས་རྒྱས་བག་ཆགས་བརྒལ་བའི་སྟོབས་ལ༴ སངས་རྒྱས་མི་ཕྱེད་བློ་མངའ་ལ༴ སངས་རྒྱས་རྒྱ་མཚོ་ལ༴ སངས་རྒྱས་དག་མཛད་ལ༴ སངས་རྒྱས་ཚོགས་ཅན་གྲོལ་རྒྱལ་ལ༴ སངས་རྒྱས་དགའ་བའི་འོད་ལ་ཕྱག་འཚལ་ལོ། །༼༩༽ སངས་རྒྱས་བྱང་ཆུབ་རྒྱལ་མཚན་ལ༴ སངས་རྒྱས་ཡེ་ཤེས་རིན་ཆེན་ལ༴ སངས་རྒྱས་ཤིན་ཏུ་བསིལ་བ་ལ༴ སངས་རྒྱས་ཚངས་རྒྱལ་ལ༴ སངས་རྒྱས་ཡེ་ཤེས་དགྱེས་ལ༴ སངས་རྒྱས་རྫུ་འཕྲུལ་ཏོག་ལ༴ སངས་རྒྱས་སྐྱེ་དབང་མཚུངས་པ་ལ༴ སངས་རྒྱས་སའི་དབང་ཕྱུག་ལ༴ སངས་རྒྱས་ཉི་མ་དགྱེས་ལ༴ སངས་རྒྱས་སྒྲ་གཅན་ཟླ་བ་ལ༴ ༧ སངས་རྒྱས་མེ་ཏོག་འོད་ལ༴ སངས་རྒྱས་སྨན་པའི་བདག་པོ་ལ༴ སངས་རྒྱས་མདངས་མངའ་ལ༴ སངས་རྒྱས་བསོད་ནམས་དགྱེས་ལ༴ སངས་རྒྱས་དགའ་སྟོབས་ལ༴ སངས་རྒྱས་དབྱངས་སྙན་ལ༴ སངས་རྒྱས་ཆོས་ཀྱི་དབང་ཕྱུག་ལ༴ སངས་རྒྱས་ཚངས་པའི་དབྱངས་ལ༴ སངས་རྒྱས་སྤྱོད་བཟང་ལ༴ སངས་རྒྱས་འཁྲུལ་མེད་བློ་ལ༴ ༧ སངས་རྒྱས་དབྱངས་ཆེན་ལ༴ སངས་རྒྱས་སྙན་གྲགས་ལ༴ སངས་རྒྱས་རྟོགས་ལྡན་ལ༴ སངས་རྒྱས་གཟི་བརྗིད་རྣམ་པར་གྲགས་ལ༴ སངས་རྒྱས་འགྲོ་བའི་དབང་ཕྱུག་ལ༴ སངས་རྒྱས་ལྗོན་པ་ལ༴ སངས་རྒྱས་གཏི་མུག་རབ་ཟད་ལ༴ སངས་རྒྱས་དཔག་མེད་ལྷ་ལ༴ སངས་རྒྱས་ཟླ་བ་བཟང་པོ་ལ༴ སངས་རྒྱས་སྤོབས་པ་མཐའ་ཡས་ཏོག་ལ༴ ༧ སངས་རྒྱས་བརྟུལ་ཞུགས་བསྟར་ལ༴ སངས་རྒྱས་མཆོད་གནས་ལ༴ སངས་རྒྱས་མྱ་ངན་ལས་རྒལ་བ་ལ༴ སངས་རྒྱས་དགེ་དགྱེས་ལ༴ སངས་རྒྱས་འགྲོ་བའི་བློ་གྲོས་ལ༴ སངས་རྒྱས་དགྱེས་པར་གཤེགས་ལ༴ སངས་རྒྱས་ཞབས་མཛེས་ལ༴ སངས་རྒྱས་ཨུདྤལ་ལ༴ སངས་རྒྱས་དུས་གནས་མེ་ཏོག་ལ༴ སངས་རྒྱས་སྤོབས་པ་མཐའ་ཡས་འོད་ཟེར་ལ༴ ༧ སངས་རྒྱས་དྲང་སྲོང་གསལ་བ་ལ༴ སངས་རྒྱས་ཡོན་ཏན་བརྩོན་འགྲུས་ལ༴ སངས་རྒྱས་སྙིང་པོ་ལ༴ སངས་རྒྱས་ལྟ་བདག་ལ༴ སངས་རྒྱས་རིན་ཆེན་མཐོན་པོ་ལ༴ སངས་རྒྱས་གསལ་བ་ལ༴ སངས་རྒྱས་སྐལ་ལྡན་ཤིང་རྟ་ལ༴ སངས་རྒྱས་བསོད་ནམས་བློ་གྲོས་ལ༴ སངས་རྒྱས་སྦྱིན་སྲེག་ཕུང་པོ་ལ༴ སངས་རྒྱས་ཡོན་ཏན་མཐའ་ཡས་གཟི་བརྗིད་ཕུང་པོ་ལ༴ ༧ སངས་རྒྱས་སེདྒེའི་སྟོབས་ལ༴ སངས་རྒྱས་མི་གཡོ་བ་ལ༴ སངས་རྒྱས་རབ་གསལ་ལ༴ སངས་རྒྱས་འོད་སྤྱོད་ལ༴ སངས་རྒྱས་གླུ་དབྱངས་ལ༴ སངས་རྒྱས་འཁོར་ལོ་འཛིན་ལ༴ སངས་རྒྱས་དབྱིག་མཆོག་ལ༴ སངས་རྒྱས་འཇིག་རྟེན་དགའ་བ་ལ༴ སངས་རྒྱས་ཆོས་ཀྱི་ཟླ་བ་ལ༴ སངས་རྒྱས་མཐའ་ཡས་གྲགས་པ་ལ༴ ༧ སངས་རྒྱས་སྤྲིན་གྱི་ཏོག་ལ༴ སངས་རྒྱས་ཤེས་རབ་འགྲོས་ལ༴ སངས་རྒྱས་སྤོས་བཟང་ལ༴ སངས་རྒྱས་ནམ་མཁའི་དབྱངས་ལ༴ སངས་རྒྱས་ལྷ་ལ༴ སངས་རྒྱས་ལྷ་རྒྱལ་ལ༴ སངས་རྒྱས་ནོར་བུ་གསལ་ལ༴ སངས་རྒྱས་ནོར་བཟང་ལ༴ སངས་རྒྱས་སྒྲོན་མ་ལ༴ སངས་རྒྱས་རིན་ཆེན་ང་རོའི་དབྱངས་ལ༴ ༧ སངས་རྒྱས་སྐྱེ་དབང་རྒྱལ་པོ་ལ༴ སངས་རྒྱས་སྒྲ་གཅན་སྦེེད་པ་ལ༴ སངས་རྒྱས་དགེ་མཛད་ལ༴ སངས་རྒྱས་སེདྒེའི་བློ་གྲོས་ལ༴ སངས་རྒྱས་རིན་ཆེན་གྲགས་པ་ལ༴ སངས་རྒྱས་དོན་མཛད་ལ༴ སངས་རྒྱས་མཛད་མཐའ་གཟིགས་ལ༴ སངས་རྒྱས་སྲིད་པའི་མེ་ཏོག་ལ༴ སངས་རྒྱས་མཛོད་སྤུ་ལྡན་པ་ལ༴ སངས་རྒྱས་སྤོབས་པ་མཚུངས་མེད་ལ༴ ༧ སངས་རྒྱས་ཡེ་ཤེས་རྣམ་འབྱེད་ང་རོ་ལ༴ སངས་རྒྱས་སེདྒེའི་མཆེ་བ་ལ༴ སངས་རྒྱས་མཛེས་པར་གཤེགས་ལ༴ སངས་རྒྱས་བསོད་ནམས་སྒྲོན་མ་ལ༴ སངས་རྒྱས་བཀྲ་ཤིས་ལྡན་ལ༴ སངས་རྒྱས་ཡུལ་འཁོར་མྱ་ངན་མེད་པ་ལ༴ སངས་རྒྱས་བློ་གྲོས་སེམས་པ་ལ༴ སངས་རྒྱས་བློ་ལྡན་ལ༴ སངས་རྒྱས་ཆོས་སྒྲོན་སྤྱན་ལ༴ སངས་རྒྱས་ཤིན་ཏུ་གཟིགས་པ་ལ༴ ༧ སངས་རྒྱས་ཤུགས་འདོར་ལ༴ སངས་རྒྱས་སྟོབས་ཆེན་ལ༴ སངས་རྒྱས་མེ་ཏོག་ལ༴ སངས་རྒྱས་བརྟན་པའི་དབྱངས་ལ༴ སངས་རྒྱས་བདེ་ལྡན་ལ༴ སངས་རྒྱས་དོན་གསུང་ལ༴ སངས་རྒྱས་དགྱེས་པ་གསལ་ལ༴ སངས་རྒྱས་སེདྒེའི་ཞལ་ལ༴ སངས་རྒྱས་གཙུག་ཕུད་ལ༴ སངས་རྒྱས་སྣང་མཛད་ལ་ཕྱག་འཚལ་ལོ། །༼༡༠༽ གཞན་ཡང་བསྐལ་བ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པའི་དམ་པའི་ཆོས་རྣམས་དང་། དེ་དག་གི་འཁོར་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་མཆིས་པ་ཐམས་ཅད་ལའང་ཕྱག་འཚལ་ཞིང་། མཆོད་དོ་སྐྱབས་སུ་མཆིའོ། ༧ །སྐབས་འདིར་སྨན་བླ། མི་འཁྲུགས་པ། འོད་དཔག་མེད་ཀྱི་མཚན་སོགས་གང་མོས་བརྗོད་ཀྱང་ཆོག་གོ །བདག་ལ་བདོག་པའི་ཡོ་བྱད་རྣམས་དང་། ཕྱོགས་བཅུའི་ཞིང་རབ་འབྱམས་ན་མཆིས་པའི་མཆོད་པའི་ཚོགས་ཐམས་ཅད་ཀྱང་འབུལ་ལོ། །བདག་གིས་ཚེ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་བསགས་པའི་སྒོ་གསུམ་གྱི་སྡིག་ལྟུང་ཐམས་ཅད་མཐོལ་ལོ། །འཆགས་སོ། །མི་འཆབ་བོ། །སླན་ཆད་ཀྱང་མི་བགྱིད་དོ། །རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱིས་བསྐྲུན་པའི་དགེ་ཚོགས་མཐའ་དག་ལ་རྗེས་སུ་ཡི་རང་ངོ་། །རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་པར་བསྐུལ་ལོ། །དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ་ལོ། །འདི་ལྟར་བགྱིས་པའི་ལེགས་ཚོགས་ཀུན་དུས་གསུམ་དུ་བསགས་པའི་དགེ་བ་དང་ལྷན་ཅིག་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་སངས་རྒྱས་ཐོབ་པའི་རྒྱུར་བསྔོའོ། །ཇི་སྲིད་དུ་ཀུན་མཁྱེན་རྒྱལ་བའི་གོ་འཕང་མཆོག་མ་ཐོབ་ཀྱི་བར་དེ་སྲིད་སྐྱེ་བ་ཐམས་ཅད་དུའང་དལ་འབྱོར་ཚང་བའི་མིའི་ལུས་རྣམ་པར་ཐོབ་ནས་དམ་པའི་ཆོས་མཐའ་དག་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཁྱད་པར་དུ་བསྐལ་པ་བཟང་པོའི་སངས་རྒྱས་འབྱུང་འགྱུར་ཐམས་ཅད་ཀྱི་དུས་སུ་དེ་དག་གི་འཁོར་གྱི་མཆོག་ཏུ་གྱུར་ནས་དེ་རྣམས་ཀྱི་དམ་པའི་ཆོས་ཐམས་ཅད་ལེགས་པར་འཛིན་ནུས་པར་གྱུར་ཅིག །དེའི་མཐུས་སངས་རྒྱས་སྟོང་པོ་ཐམས་ཅད་ཀྱི་ཞིང་གི་སྣོད་བཅུད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་ཀུན་དང་། འཁོར་གྱི་གྲངས་དང་སྐུ་ཚེའི་ཚད་ཅི་ཙམ་པ་དང་། ཆོས་བསྟན་པ་གང་གིས་སེམས་ཅན་ཇི་སྙེད་ཅིག་སྨིན་ཅིང་གྲོལ་བར་མཛད་པ་མཐའ་དག་ཕྱོགས་གཅིག་ཏུ་བསྡོམས་པ་དེ་ལྟ་བུ་བདག་ཉིད་ཀྱིས་ངེས་པར་འགྲུབ་པར་གྱུར་ཅིག། ༈ །།རྨད་བྱུང་སྲས་བཅས་སོགས་ཀྱང་བརྗོད་པར་བྱའོ། །སངས་རྒྱས་དེ་རྣམས་ཀྱི་མཚན་ནས་གུས་པས་བརྗོད་པ་སོགས་བྱས་ན། སྡིག་སྒྲིབ་ཐམས་ཅད་འདག་པ་དང་། ངན་སོང་གསུམ་དང་། འཁོར་བའི་སྡུག་བསྔལ་ལས་ཐར་བར་འགྱུར་བ་དང་། བསྐལ་པ་བཟང་པོའི་སངས་རྒྱས་དེ་རྣམས་ཀྱིས་རྗེས་སུ་འཛིན་པ་དང་། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཐོབ་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་ཞིག་ཡོད་དོ། །སྤྱིར་མདོ་སྡེ་ལས་སངས་རྒྱས་བྱང་སེམས་གཅིག་གི་མཚན་བརྗོད་ནའང་ལས་སྒྲིབ་མང་པོ་འདག་ནུས་པ་སོགས་ཀྱི་ཕན་ཡོན་ཡོད་པར་བཤད་པས། སངས་རྒྱས་སྟོང་གི་མཚན་བརྗོད་ཅིང་གསོལ་བ་འདེབས་པར་བྱེད་ན་ལྟ་ཅི་སྨོས་སྙམ་སྟེ་འདི་ལ་འབད་པ་ནི། ལས་དང་པོ་པའི་ཉམས་ལེན་གྱི་སྙིང་པོར་ཤེས་པར་བྱའོ།། །།སྨྲས་པ། ཚུལ་འདི་མདོ་སྡེ་བསྐལ་པ་བཟང་པོ་དང་། །ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཡིས། །མཛད་པའི་བསྐལ་བཟང་རྒྱན་གྱི་ཕྲེང་བ་གཉིས། །བསྡུར་ནས་བརྩོན་པ་ཆེན་པོས་ལེགས་པར་སྦྱར། །ཚུལ་འདིར་སྒོ་གསུམ་འབད་པའི་མཚོ་ཆེན་ལས། །ཀུན་ནས་འཁྲུངས་པའི་དགེ་ལེགས་ཀུནྡའི་གཉེན། །རབ་ཏུ་དཀར་བ་གང་ཞིག་མཆིས་པ་དེས། །འགྲོ་ཀུན་ཉེས་མུན་སྟུག་པོ་ཞི་གྱུར་ཅིག །ཅེས་པ་འདི་ནི་སྔར་གནས་བརྟན་བློ་བཟང་དམ་ཆོས་ཀྱིས་འདི་ལྟར་སྒྲིགས་པ་ཞིག་དགོས་ཞེས་བསྐུལ་བ་བཞིན་ཅོ་ནེའི་ཁྲི་ཟུར་བཤད་སྒྲུབ་མིང་ཅན་གྱིས་བྲིས་ནས་པར་ཐུང་དུ་བརྐོས་ཟིན་ཀྱང་ཕྱིས་དད་འབྱོར་ལྡན་པ་རྒྱ་མཚོ་སྐྱབས་ཀྱིས་འདི་ཉིད་ངེད་ཀྱི་གསུང་འབུམ་དུ་འཇུག་པ་དང་ཚོགས་གསོག་སྒྲིབ་སྦྱོང་གི་ཆེད་དུ་ཁོ་བོས་པར་རིང་དུ་བརྐོ་བར་བྱའོ་ཞེས་ཁས་བླངས་ཏེ་པར་དུ་བསྒྲུགས་པའི་དགེ་བའི་མཐུས། འགོ་པ་ཐོ་ལོ་པ། རྣམ་རྒྱལ་མ ཚོ། རྒྱ་མཚོ་སྐྱབས། རིན་ཆེན་སྨན། ལྷ་མོ་མ ཚོ། ཚེ་དབང་མཚོ། ཆོས་སྐྱོང་ཚེ་རིང་། ཤེས་རབ་བཀྲ་ཤིས། དོན་གྲུབ་བཀྲ་ཤིས་སོགས་སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ཚེ་འདིའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། ཕྱི་མ་བདེ་བ་ཅན་ལ་སོགས་པའི་དག་པའི་ཞིང་དུ་སྐྱེ་ཞིང་ཁྱད་པར་དུ་བསྐལ་བཟང་སངས་རྒྱས་སྟོང་པོ་ཐམས་ཅད་ཀྱི་དུས་སུ་འཁོར་གྱིི་མཆོག་ཏུ་གྱུར་ནས་དེ་དག་གི་དམ་པའི་ཆོས་འཛིན་པ་དང་བྱང་ཆུབ་ཀྱི་ལུང་བསྟན་པ་ཐོབ་ཅིང་ཚོགས་རྫོགས་སྒྲིབ་པ་བྱང་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །པར་གྱི་ཡི་གེ་པ་ནི་ཐོ་ལོའི་ཚེ་དབང་མགོན་པོའོ། །པར་གྱི་བསྐོས་ནི་ཤ་རི་དགུང་དགེ་འདུན་ཚེ་རིང་གིས།། །།མངྒ་ལཾ།། །།

སྡིག་སྒྲིབ་ཀུན་འཇོམས།

སྡིག་སྒྲིབ་ཀུན་འཇོམས་ཞེས་བྱ་བ་བཞུགས།

སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ།། ༧ མདོ་བརྒྱད་བརྒྱ་པར། བཅོམ་ལྡན་འདས་དེ་བཞིན་གཤེགས་པར་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ༴ སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ༴ སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ༴ སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ༴ སངས་རྒྱས་ཆོས་རྒྱ་མཚོའི་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ༴ སངས་རྒྱས་སྨན་གྱི་བླ་བཻཌཱུ ཪྱའི་འོད་ཀྱི་རྒྱལ་པོ་ལ༴ སངས་རྒྱས་བཅུ་པར། སངས་རྒྱས་ཡོན་ཏན་བསྐལ་བ་དཔག་ཏུ་མེད་པ་ལས་འདས་པ་ལ༴ སངས་རྒྱས་ཡོན་ཏན་རིན་ཆེན་བཀོད་པའི་དཔལ་གཟི་བརྗིད་ཀྱི་ཕུང་པོ་བསྐལ་པ་ལ༴ སངས་རྒྱས་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་ལ༴ སངས་རྒྱས་སྤོབས་པ་དཔག་ཏུ་མེད་པ་བཀོད་པ་ཡང་དག་པར་སྤྱོད་པ་ལ༴ སངས་རྒྱས་སྤྲིིན་གྱི་འབྲུག་སྒྲ་སྒྲ་དབྱངས་སྟོང་པ་ལ༴ སངས་རྒྱས་ཉི་མའི་འོད་དམ་པ་དཔལ་གྱི་གཟི་བརྗིད་འབྱུང་བ་ལ༴ སངས་རྒྱས་རྣམ་པ་མང་པོའི་གཟི་བརྗིད་ཀྱི་རྒྱལ་པོ་དཔལ་འབྱུང་བ་ལ༴ སངས་རྒྱས་བསྐལ་པ་གྲངས་མེད་པར་ཀུན་ཏུ་འབྱུང་བ་ལ༴ སངས་རྒྱས་དགེ་བ་གསེར་གྱི་ནམ་མཁའི་ངེས་པར་སྒྲོགས་པ་བཀོད་པའི་དཔལ་གྱི་གཟི་བརྗིད་འབྱུང་བ་ལ༴ སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་འཕྲུལ་བའི་གཟི་བརྗིད་འབྱུང་བ་ལ༴ ༈ སངས་རྒྱས་བརྒྱད་པར། སངས་རྒྱས་ཤིན་ཏུ་ཡོངས་སུ་བསྒྲགས་པའི་དཔལ་ལ༴ སངས་རྒྱས་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ༴ སངས་རྒྱས་ཤིན་ཏུ་རྣམ་པར་གནོན་པ་གྲགས་མཆོག་དཔལ་ལ༴ སངས་རྒྱས་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བའི་རྩལ་ལ༴ སངས་རྒྱས་ཡོན་ཏན་བཀོད་པའི་དཔལ་ཀུན་ཏུ་སྣང་བ་ལ༴ སངས་རྒྱས་སྨན་གྱི་རྒྱལ་པོ་དཔལ་ཐོགས་པ་མེད་པ་ལ༴ སངས་རྒྱས་རིན་པོ་ཆེའི་པདྨ་ལ་རྣམ་པར་གནོན་པས་བཞུད་པ་ལ༴ སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་གནས་པ་སཱ་ལའི་རྒྱལ་པོ་ལ༴།། །། བཀྲ་ཤིས་བརྒྱད་པར། སངས་རྒྱས་སྒྲོན་མའི་རྒྱལ་པོ་ལ༴ སངས་རྒྱས་རྩལ་བརྟན་དོན་གྲུབ་དགོངས་པ་ལ༴ སངས་རྒྱས་ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན་ལ༴ སངས་རྒྱས་བྱམས་པའི་བརྒྱད་པའི་དཔལ་ལ༴ སངས་རྒྱས་དགེ་བར་གྲགས་པ་དཔལ་ལ༴ སངས་རྒྱས་ལྷུན་པོ་ལྟར་འཕགས་པ་རྩལ་རབ་གྲགས་པའི་དཔལ་ལ༴ སངས་རྒྱས་སེམས་ཅན་ཐམས་ཅད་ལ་དགོངས་པ་གྲགས་པའི་དཔལ་ལ༴ སངས་རྒྱས་ཡིད་ཚིམ་པར་མཛད་པ་རྩལ་རབ་གྲགས་པའི་དཔལ་ལ༴ དྲ་བ་ཅན་གྱིས་ཞུས་པར། སངས་རྒྱས་རིན་ཆེན་འོད་ཟེར་ཟླ་བས་བརྒྱན་པ་མཁས་པ་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ༴ སངས་རྒྱས་མེ་ཏོག་འོད་ཀྱིས་རྣམ་པར་རོལ་བས་མངོན་པར་མཁྱེན་པ་ལ༴ སངས་རྒྱས་མེ་ཏོག་རྒྱས་པ་སཱ་ལའི་རྒྱལ་པོ་ལ༴ སངས་རྒྱས་ཟླ་བའི་དཀྱིལ་འཁོར་རྣམ་དག་ལ༴ སངས་རྒྱས་རབ་ཏུ་ཞི་བ་མཁས་པ་གཟི་བརྗིད་ཀྱི་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ༴ སངས་རྒྱས་བརྩོན་འགྲུས་གྲངས་མེད་པས་ཡང་དག་པར་རབ་ཏུ་གནས་པ་ལ། ། སྤྲིན་ཆེན་པོར། སངས་རྒྱས་བློ་གྲོས་མི་ཟད་པ་ལ༴ སངས་རྒྱས་རིན་ཆེན་རྒྱལ་མཚན་ལ༴ སངས་རྒྱས་འོད་དྲི་མ་མེད་པའི་སྙིང་པོ་ལ༴ སངས་རྒྱས་རྣམ་པར་འཕྲུལ་པས་དང་བས་བྱེད་པའི་གྲགས་པ་ལ༴ སངས་རྒྱས་ཀུན་གྱིས་བསྲུངས་ལ༴ སངས་རྒྱས་སེདྒེ་རྣམ་པར་རོལ་བའི་རྒྱལ་པོ་ལ༴ སངས་རྒྱས་ལྷུན་པོའི་རྒྱལ་པོ་མངོན་པར་འཕགས་ལ༴ སངས་རྒྱས་དམ་པའི་ཆོས་ཀུན་ཏུ་སྲུང་བའི་ཏོག་ཏུ་གྱུར་པ་ལ༴།། ཕྱོོགས་བཅུའི་མུན་སེལ་ནས། སངས་རྒྱས་རྗེས་སུ་སྐྱོང་བ་ལ༴ སངས་རྒྱས་སེམས་དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བསྙེངས་པ་དང་བག་ཚ་བ་དང་བྲལ་བས་མངོན་པར་འཕགས་པའི་རྒྱལ་པོ་ལ༴ སངས་རྒྱས་ཁོ་ན་དང་རྒྱགས་པ་རྣམ་པར་གནོན་པ་ལ༴ སངས་རྒྱས་རིན་ཆེན་གཟུགས་བཀོད་འོད་སྣང་ལ༴ སངས་རྒྱས་བདུད་དང་ཡིད་གཉིས་ཀུན་འཇོམས་རྣམ་པར་གནོན་པ་ལ༴ སངས་རྒྱས་སེམས་དང་པོ་བསྐྱེད་པས་ཕྱིར་མི་ལྡོག་པའི་འཁོར་ལོ་འབྱུང་བའི་དཔལ་ལ༴ སངས་རྒྱས་རིན་ཆེན་གདུགས་འཕགས་སྣང་ལ༴ སངས་རྒྱས་བྱང་ཆུབ་སེམས་དཔའ་འདུལ་བ་ལ༴ སངས་རྒྱས་སྐྲག་མེད་མུན་བྲལ་ཏིང་ངེ་འཛིན་མངོན་པར་འཕགས་པའི་རྒྱལ་པོ་ལ༴ སངས་རྒྱས་དང་པོ་སེམས་བསྐྱེད་པ་ཐེ་ཚོམ་གཅོད་མཛད་ཉོན་མོངས་བསྐྱོད་ལ༴ ཁྱེའུ་རིན་ཆེན་ཟླ་བའི་མདོར། སངས་རྒྱས་དཔལ་བཟང་པོ་ལ༴ སངས་རྒྱས་ཙན་དན་དཔལ་ལ༴ སངས་རྒྱས་སྣང་བ་མཐའ་ཡས་ལ༴ སངས་རྒྱས་ཏོག་གི་དཔལ་ལ༴ སངས་རྒྱས་མྱ་ངན་མེད་པའི་དཔལ་ལ༴ སངས་རྒྱས་རིན་པོ་ཆེའི་མཆོད་སྡོང་ལ༴ སངས་རྒྱས་མེ་ཏོག་དཔལ་ལ༴ སངས་རྒྱས་མངོན་པར་ཤེས་པ་ཆུང་དང་འབྲིང་དང་ཆེན་པོས་རྣམ་པར་རོལ་བ་ལ༴ སངས་རྒྱས་སྣང་བའི་དཔལ་ལ༴ སངས་རྒྱས་ནོར་དཔལ་ལ༴ སངས་རྒྱས་རྒྱ་མཚོའི་དཔལ་ལ༴།། མེ་ཏོག་ཚོགས་ཀྱི་མདོར། སངས་རྒྱས་རིན་ཆེན་འབྱུང་གནས་ལ༴ སངས་རྒྱས་རིན་ཆེན་དམ་པ་ལ༴ སངས་རྒྱས་རིན་ཆེན་སྣང་བ་ལ༴ སངས་རྒྱས་རིན་ཆེན་ཏོག་ལ༴ སངས་རྒྱས་རིན་ཆེན་རབ་སྣང་ལ༴ སངས་རྒྱས་མི་འཁྲུགས་པ་ལ༴ སངས་རྒྱས་འོད་ཆེན་པོ་ལ༴ སངས་རྒྱས་དབྱངས་དཔག་མེད་ལ༴ སངས་རྒྱས་བདུད་རྩི་དབྱངས་ལ༴ སངས་རྒྱས་གྲགས་པ་ཆེན་པོ་ལ༴ སངས་རྒྱས་གྲགས་པ་མཐའ་ཡས་ལ༴ སངས་རྒྱས་རིན་ཆེན་སྣང་བ་ལ༴ སངས་རྒྱས་བདེ་བ་ཆེན་པོ་ཐོབ་ལ༴ སངས་རྒྱས་སྐར་མ་མར་མེ་སྣང་བ་ལ༴ སངས་རྒྱས་བདེན་བའི་དབྱངས་ལ༴ སངས་རྒྱས་དྲི་མེད་མཐའ་ཡས་ལ༴ སངས་རྒྱས་ཟླ་བ་ལྟར་དཀར་བ་ལ༴ སངས་རྒྱས་ཟླ་འོད་ལ༴ སངས་རྒྱས་དྲི་མ་མེད་པའི་འོད་ལ༴ སངས་རྒྱས་འོད་དག་པ་ལ༴།སངས་རྒྱས་ཉི་འོད་ལ༴ སངས་རྒྱས་རིན་ཆེན་མཐའ་ཡས་ལ༴ སངས་རྒྱས་པདྨོ་བླ་མ་ལ༴ སངས་རྒྱས་ཡན་ལག་བླ་མ་ལ༴ སངས་རྒྱས་གསེར་འོད་དམ་པ་ལ༴ སངས་རྒྱས་ཚངས་པའི་དབང་ཕྱུག་རྒྱལ་པོ་ལ༴ སངས་རྒྱས་གསེར་ལྟར་སྣང་བ་ལ༴ སངས་རྒྱས་གསེར་གྱི་འབྱུང་གནས་ལ༴ སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ་ལ༴ སངས་རྒྱས་མེ་ཏོག་ཐམས་ཅད་ཀྱི་དྲིའི་དབང་ཕྱུག་རྒྱལ་པོ་ལ༴ སངས་རྒྱས་སཱ་ལའི་རྒྱལ་པོ་ལ༴ སངས་རྒྱས་བརྟན་པའི་སྡེ་མཚོན་ཆས་ཉོན་མོངས་པ་སེལ་བ་ལ༴ སངས་རྒྱས་དཔལ་གྱི་སྙིང་པོ་སྣང་བ་ལ༴ སངས་རྒྱས་སྤོས་དཔག་མེད་སྣང་བ་ལ༴ སངས་རྒྱས་སེདྒེའི་དབྱངས་ལ༴ སངས་རྒྱས་མཐུ་ཆེན་པོ་བརྩོན་འགྲུས་ཀྱིས་ངེས་པར་འབྱུང་བས་སྙིང་པོ་ཟིལ་གྱིས་གནོན་པ་ལ༴ སངས་རྒྱས་རྡ་དབྱངས་རྒྱལ་པོ་ལ༴ སངས་རྒྱས་ཟླ་བའི་བླ་མ་ལ༴ སངས་རྒྱས་མེ་ཏོག་ཟིལ་གྱིས་གནོན་པ་ལ༴ སངས་རྒྱས་འཇིག་རྟེན་གྱི་སྒྲོན་མེ་ལ༴ སངས་རྒྱས་མེ་ལ༴ སངས་རྒྱས་རིན་པོ་ཆེའི་རྨད་ལ༴ སངས་རྒྱས་ཟུག་རྔུ་མེད་པའི་བློ་ལ༴ སངས་རྒྱས་སྤྲུལ་པ་ཚད་མེད་པར་སྣང་བ་ལ༴ སངས་རྒྱས་རི་རབ་རྣམ་པར་གནོན་པ་ལ༴ སངས་རྒྱས་རིན་པོ་ཆེའི་གླང་པོ་དམ་པ་ལ༴ སངས་རྒྱས་རིན་ཆེན་འདུལ་བའི་དཔལ་ལ༴ སངས་རྒྱས་ཕྱིར་མི་ལྡོག་པའི་འཁོར་ལོ་རིན་ཆེན་རྟག་ཏུ་དོན་དཔལ་ལ༴ སངས་རྒྱས་ཀུན་ཏུ་རྣམ་པར་སྣང་མཛད་རྣམ་པར་དག་པ་ཐོབ་པ་ལ༴ སངས་རྒྱས་ཉི་ཟླ་སྒྲོན་མ་ལ༴ སངས་རྒྱས་རི་རབ་ཅེས་བྱ་ལ༴ སངས་རྒྱས་རི་རབ་མངོན་པ་ལ༴ སངས་རྒྱས་རི་རབ་འདྲ་བ་ལ༴ སངས་རྒྱས་ཀུན་ཏུ་སྤོས་ལ༴ སངས་རྒྱས་སྣང་བ་ཡོངས་སུ་དག་པ་ལ༴ སངས་རྒྱས་ཆོས་ཀྱི་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་ལ༴ སངས་རྒྱས་ཡོན་ཏན་ཆེན་པོ་ལ༴ སངས་རྒྱས་སྤོས་འོད་ལ༴ སངས་རྒྱས་འོད་འཕྲོ་ལ༴ སངས་རྒྱས་འོད་ཚད་མེད་ལ༴ སངས་རྒྱས་འོད་བཏང་བ་ལ༴ སངས་རྒྱས་ཟླ་བའི་སྒྲོན་མ་ལ༴ སངས་རྒྱས་ཟླ་འོད་ལ༴ སངས་རྒྱས་ཟླ་བ་སྣང་ལ༴ སངས་རྒྱས་མེ་འོད་ལ༴ སངས་རྒྱས་རྣམ་པར་རྒྱལ་བའི་སྣང་ལ༴ སངས་རྒྱས་མཆོག་མཛད་ལ༴ སངས་རྒྱས་མང་པོའི་བླ་མ་ལ༴ སངས་རྒྱས་པདྨའི་སྡེ་ལ༴ སངས་རྒྱས་པདྨོའི་དབྱངས་ལ༴ སངས་རྒྱས་རིན་ཆེན་མང་ལ༴ སངས་རྒྱས་སེདྒེའི་ང་རོ་ལ༴ སངས་རྒྱས་སེདྒེའི་དབྱངས་ལ༴ སངས་རྒྱས་དཔའ་བོའི་སྡེ་ལ༴ སངས་རྒྱས་ཡང་དག་པར་བླངས་པ་ཐམས་ཅད་ལས་བརྒལ་བ་ཐེ་ཚོམ་གཅོད་པ་ལ༴ སངས་རྒྱས་འཁོར་རིན་པོ་ཆེ་དང་མེ་ལྟ་བུ་ལ༴ སངས་རྒྱས་མྱ་ངན་མེད་པ་ལ༴ སངས་རྒྱས་དམ་པའི་དགའ་སྟོན་ལ༴ སངས་རྒྱས་དབང་པོའི་འབྱུང་གནས་ལ༴ སངས་རྒྱས་དབྱངས་ཚད་མེད་པ་ལ་ཕྱག༴ སངས་རྒྱས་མར་མེ་མཛད་ལ༴ སངས་རྒྱས་རིན་པོ་ཆེ་སྣང་བ་ལ༴ སངས་རྒྱས་ཚེ་དཔག་མེད་ལ༴ སངས་རྒྱས་རྣམ་པར་རྒྱལ་བ་མངའ་བ་ལ༴ སངས་རྒྱས་རྣམ་པར་རྒྱལ་བའི་དབྱངས་ལ༴ སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་ལ༴ སངས་རྒྱས་རྡོ་རྗེས་རབ་ཏུ་འཇོམས་པ་ལ༴ སངས་རྒྱས་རིན་ཆེན་མེ་ལ༴ སངས་རྒྱས་ཟླ་བའི་འོད་ལ༴ སངས་རྒྱས་བཟང་པོ་དམ་པའི་དཔལ་ལ༴ སངས་རྒྱས་པདྨོ་ལ་བཞུད་པ་ལ༴ སངས་རྒྱས་གསེར་སྣང་བས་རྣམ་པར་གནོན་པ་ལ༴ སངས་རྒྱས་མ་ཕམ་པའི་དཔལ་ལ༴ སངས་རྒྱས་ཚད་མེད་པའི་བླ་མ་ལ༴ སངས་རྒྱས་མ་བརླན་པའི་གླང་པོ་དམ་པ་ལ༴ སངས་རྒྱས་བརྩོན་འགྲུས་གྲངས་མེད་པ་ལ་བཞུགས་པའི་དཔལ་ལ༴ སངས་རྒྱས་དགོངས་པ་བརྗོད་ཀྱི་མི་ལང་བ་ལ༴ སངས་རྒྱས་གཏི་མུག་མེད་པའི་སྤོས་དཔལ་ལ༴ སངས་རྒྱས་ཟླ་བ་དཔལ་ལ༴ སངས་རྒྱས་རྣམ་པར་མི་རྟོག་པའི་འོད་ལ༴ སངས་རྒྱས་ནམ་མཁའ་སྣང་བ་ལ༴ སངས་རྒྱས་སྤྱོད་པ་ཡོངས་སུ་དག་པའི་ཏོག་ལ༴ སངས་རྒྱས་གཏེར་ལེགས་པར་གནས་པའི་རྒྱལ་པོ་ལ༴ སངས་རྒྱས་དོན་ཐམས་ཅད་གྲུབ་པ་ལ༴ སངས་རྒྱས་ཤེས་རབ་ཀྱིས་སྦེེད་པའི་དཔལ་ལ༴ སངས་རྒྱས་གཏམ་ཤིན་ཏུ་ཡོངས་སུ་དག་པར་མཛད་པ་ལ༴ སངས་རྒྱས་བཻཌཱུཪྱའི་སྙིང་པོ་ལ༴ སངས་རྒྱས་ཡོན་ཏན་ཤིན་ཏུ་ཡོངས་སུ་དག་པར་རབ་ཏུ་གནས་པ་ལ༴ སངས་རྒྱས་རིན་ཆེན་སྣང་བས་རྣམ་པར་གནོན་པའི་མཆོད་རྟེན་ལ༴ སངས་རྒྱས་ཚད་མེད་པའི་ཁྲེལ་ཡོད་པ་གསེར་དམ་པའི་དཔལ་ལ༴ སངས་རྒྱས་པདྨ་དམ་པ་རྣམ་པར་འཕྲུལ་པའི་དཔལ་ལ༴ སངས་རྒྱས་རིན་ཆེན་དག་པ་འབྱུང་བའི་དཔལ་ལ༴ སངས་རྒྱས་གློག་གི་སྒྲོན་མ་ཏོག་གི་རྒྱལ་པོ་ལ༴ སངས་རྒྱས་ཏ་ལའི་རྒྱལ་པོ་མངོན་པར་འཕགས་པའི་དཔལ་ལ༴ སངས་རྒྱས་ཆོས་ནམ་མཁའི་སྒྲོན་མ་ལ༴ སངས་རྒྱས་ཡོན་ཏན་ཐམས་ཅད་འབྱུང་བ་ལ༴ སངས་རྒྱས་བཟང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོ་ལ༴ སངས་རྒྱས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་གཟུགས་འཛིན་པ་ལ༴།། ཐར་པ་ཆེན་པོ་ནས་འབྱུང་བའི་མཚན་འགའ་ཞིག་ནི། སངས་རྒྱས་མར་མེ་གསལ་ཉི་ཁྲི་ལ༴ སངས་རྒྱས་མར་མེ་མཛད་སུམ་ཁྲི་ལ༴ སངས་རྒྱས་འོད་མི་གཡོ་བ་འབུམ་ཕྲག་བརྒྱ་ལ༴ སངས་རྒྱས་གསལ་རྒྱལ་འབུམ་ཕྲག་བཅུ་ལ༴ སངས་རྒྱས་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་འབུམ་ཕྲག་བརྒྱ་ལ༴ སངས་རྒྱས་དབང་ཕྱུག་ཐོབ་པའི་རྒྱལ་པོ་འབུམ་ཕྲག་བརྒྱ་ལ༴ སངས་རྒྱས་འོད་ཀྱི་མཚན་མས་རྣམ་པར་བརྒྱན་པའི་རྒྱལ་པོ་ཉི་ཁྲི་ལ༴ སངས་རྒྱས་ཀུན་ཏུ་དཔལ་སུམ་ཁྲི་ལ༴ སངས་རྒྱས་འོད་མི་འགྱུར་བ་བརྒྱད་ཁྲི་བཞི་སྟོང་ལ༴ སངས་རྒྱས་འོད་ཟེར་རྣམ་པར་བཀོད་པ་འབུམ་ཕྲག་བརྒྱད་ཅུ་ལ༴ སངས་རྒྱས་ལུང་བསྟན་པ་པདྨའི་འོད་ལྔ་བརྒྱ་ལ༴ གཞན་ཡང་མདོ་སྡེ་མང་པོར། སངས་རྒྱས་མི་བསྐྱོད་པ་ལ༴ སངས་རྒྱས་རྣམ་པར་སྣང་མཛད་ལ༴ སངས་རྒྱས་རིན་ཆེན་འབྱུང་ལྡན་ལ༴ སངས་རྒྱས་འོད་དཔག་མེད་ལ༴ སངས་རྒྱས་དོན་ཡོད་གྲུབ་པ་ལ༴ སངས་རྒྱས་རྣམ་པར་གཟིགས་ལ༴ སངས་རྒྱས་གཙུག་ཏོར་ཅན་ལ༴ སངས་རྒྱས་ཐམས་ཅད་སྐྱོབ་ལ༴ སངས་རྒྱས་ལོག་པར་དད་སེལ་ལ༴ སངས་རྒྱས་གསེར་ཐུབ་ལ༴ སངས་རྒྱས་འོད་སྲུང་ལ༴ སངས་རྒྱས་རིན་ཆེན་འོད་འཕྲོ་ལ༴ སངས་རྒྱས་རྒྱལ་བའི་དབང་པོ་ལ༴ སངས་རྒྱས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་ལ༴ སངས་རྒྱས་པདྨོ་དམ་པའི་དཔལ་ལ༴ སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ལ༴ སངས་རྒྱས་གདུགས་དམ་པའི་དཔལ་ལ༴ སངས་རྒྱས་དགའ་བའི་དཔལ་ལ༴ སངས་རྒྱས་དཔའ་བརྟན་པ་སྡེ་གདབ་པའི་རྒྱལ་པོ་ལ༴ སངས་རྒྱས་སཱ་ལའི་དབང་པོའི་མེ་ཏོག་རབ་ཏུ་རྒྱས་པ་ལ༴ སངས་རྒྱས་རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ༴ སངས་རྒྱས་ཀུན་ཏུ་བཟང་པོ་ལ༴ སངས་རྒྱས་ཨུཏྤལ་རྒྱས་པ་བསུང་གི་ཏོག་གི་རྒྱལ་པོ་ལ༴ སངས་རྒྱས་རྡོ་རྗེ་སྙིང་པོས་རབ་ཏུ་འདུལ་བ་ལ༴ སངས་རྒྱས་རབ་ཏུ་གདོན་མི་ཟ་བར་པདྨོ་རྒྱས་པའི་སྐུ་ལ༴ སངས་རྒྱས་སེདྒེ་ལ༴ སངས་རྒྱས་རིན་པོ་ཆེའི་གཙུག་ཕུད་ལ༴ སངས་རྒྱས་ཆོས་ཀྱི་འོད་ཟེར་རབ་ཏུ་རྒྱས་པའི་སྐུ་ལ༴ སངས་རྒྱས་ཐམས་ཅད་མཁྱེན་པའི་བློ་གྲོས་འོད་ཟེར་གྱི་རྒྱལ་པོ་ལ༴ སངས་རྒྱས་ཟླ་བའི་ཐུགས་ལ༴ སངས་རྒྱས་དཔལ་བཟང་པོ་ལ༴ སངས་རྒྱས་མཛེས་ཆེན་ལ༴ སངས་རྒྱས་འཇིག་རྟེན་གྱི་དཀྱིལ་འཁོར་དབང་པོའི་རྒྱལ་པོ་ལ༴ སངས་རྒྱས་དགའ་བའི་སྤྱན་ལ༴།སངས་རྒྱས་རྒྱ་མཚོའི་དཔལ་ལ༴ སངས་རྒྱས་གསེར་གྱི་གཟུ་བ་ལ༴ སངས་རྒྱས་མཐའ་ཡས་པའི་ཡོན་ཏན་འོད་ཟེར་ལ༴ སངས་རྒྱས་སྨོན་ལམ་ཐམས་ཅད་འབྱུང་བའི་རིན་པོ་ཆེའི་གཟི་བརྗིད་ཤིན་ཏུ་འཕགས་པའི་རྒྱལ་པོ་ལ༴ སངས་རྒྱས་གྲགས་པའི་སྒྲ་དབྱངས་ཀྱི་རྒྱལ་པོ་ལ༴ སངས་རྒྱས་ཡེ་ཤེས་རྡོ་རྗེའི་རྒྱ་མཚོའི་དབང་པོ་ལ༴ སངས་རྒྱས་ཀུན་གཟིགས་ལ༴ སངས་རྒྱས་འོད་ཞི་སྤོས་སྣང་དཔལ་ལ༴ སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལ༴ གཞན་ཡང་སངས་རྒྱས་གཅིག་དང་བཅུ་དང་བརྒྱ་དང་སྟོང་དང་ཁྲི་དང་འབུམ་དང་བྱེ་བ་ཁྲག་ཁྲིག་གདྒཱའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པ་རྣམས་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ། །ཐེག་པ་གསུམ་གྱི་སྡེ་སྣོད་ཐམས་ཅད་ལ༴ གང་ཞིག་ཆགས་པ་དང་བྲལ་པ་འགོག་པའི་བདེན་པ་དང་། གང་གིས་ཆགས་པ་དང་བྲལ་བ་ལམ་གྱི་བདེན་པས་བསྡུས་པའི་དམ་པའི་ཆོས་རྣམས་ལ་ཕྱག་འཚལ་ལོ། ། ༈ བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག༴ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ༴ བྱང་ཆུབ་སེམས་དཔའ་བྱམས་པ་ལ༴ བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ༴ བྱང་ཆུབ་སེམས་དཔའ་ས་ཡི་སྙིང པོ་ལ༴ བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ༴ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ༴ བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མ་ལ༴།བྱང་ཆུབ་སེམས་དཔའ་འོད་ཀྱི་ཏོག་ལ༴ བྱང་ཆུབ་སེམས་དཔའ་དབང་པོ་ཞི་བ་ལ༴ བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ༴ བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ༴ བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ༴ བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ༴ བྱང་ཆུབ་སེམས་དཔའ་འོད་དཔག་མེད་ལ༴ བྱང་ཆུབ་སེམས་དཔའ་སྤོ་བ་བརྩེགས་པ་ལ༴ བྱང་ཆུབ་སེམས་དཔལ་མྱ་ངན་དང་མུན་པ་ངེས་པར་འཇོམས་པའི་བློ་གྲོས་ལ༴ བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ལ༴ བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ལ༴ བྱང་ཆུབ་སེམས་དཔའ་ངན་སོང་ཀུན་འདྲེན་ལ༴ བྱང་ཆུབ་སེམས་དཔའ་དཔའ་བར་འགྲོ་བ་ལ༴ བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག་ལ༴ བྱང་ཆུབ་སེམས་དཔའ་ཟླ་བའི་འོད་ལ༴ བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ༴ བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ༴ བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ལ༴ བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་ལ༴ བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ལ༴ བྱང་ཆུབ་སེམས་དཔའ་སེདྒེའི་ཏོག་ལ༴ བྱང་ཆུབ་སེམས་དཔའ་དོན་གྲུབ་བློ་གྲོས་ལ༴ བྱང་ཆུབ་སེམས་དཔའ་སྤྱོད་པ་རབ་ཏུ་ཞི་བའི་བློ་གྲོས་ལ༴ བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ལ༴ བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྟག་པར་སྦྱོར་ལ༴ བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེར་སེམས་ལ༴ བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག་གི་རྒྱལ་མཚན་ལ༴ བྱང་ཆུབ་སེམས་དཔའ་འཕགས་པ་ཆོས་འཕགས་ལ༴ བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ུལ༴ བྱང་ཆུབ་སེམས་དཔའ་མཚན་ཉིད་དད་ལ༴ བྱང་ཆུབ་སེམས་དཔའ་འཇིགས་མེད་ལ༴ བྱང་ཆུབ་སེམས་དཔའ་ཐོགས་མེད་ལ༴ བྱང་ཆུབ་སེམས་དཔའ་སྟོབས་དཔག་མེད་ལ །བྱང་ཆུབ་སེམས་དཔའ་ཁམས་གསུམ་འཕགས་ལ༴ བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ༴ རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཀྱི་ཚོགས་ཐམས་ཅད་ལ༴ དེ་རྣམས་ལ་ཕྱག་འཚལ་ནས་ཕྱོགས་བཅུ་ན་བདག་པོས་བཟུང་བ་དང་མ་བཟུང་བའི་ལྷ་དང་མིའི་ཡོ་བྱད་ཕུན་སུམ་ཚོགས་པ་རྣམས་དང་། བདག་གིས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་འབུལ་ཞིང་མཆོད་དོ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་སྐྱེ་བ་ཐམས་ཅད་དུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ཉེས་པའི་ཚོགས་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །སླན་ཆད་ཀྱང་མི་བགྱིད་དོ། །རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ། །འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་ཀུན་ཀྱང་བདག་དང་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུར་བསྔོའོ། །དེའི་མཐུས་བདག་འདི་ནས་ཤི་འཕོས་ཏེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ནས་ཇི་ལྟར་འཕགས་པ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་གཞོན་ནུར་གྱུར་པའི་སྤྱོད་པ་ཅི་འདྲ་བ་དེ་འདྲ་བར་བདག་གིས་སྤྱད་དེ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སངས་རྒྱས་པའི་ཚེ་ནའང་འཕགས་པ་རིགས་གསུམ་གྱི་མགོན་པོའི་མཛད་པ་ཕུན་སུམ་ཚོགས་པ་ཅི་འདྲ་བ་དེ་འདྲ་བའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སྒྲུབ་པར་གྱུར་ཅིག །ཅེས་བྱའོ། །འདི་ལྟར་བགྱིས་པའི་ཕན་ཡོན་ནི། གནས་སྐབས་སུ་ནད་གདོན་གྱིས་མི་ཚུགས་པ་དང་། ངན་སོང་ལས་ཐར་པ་དང་། སངས་རྒྱས་དེ་དག་གི་ཞིང་དུ་སྐྱེ་བ་དང་། སངས་རྒྱས་དེ་རྣམས་དང་མི་འབྲལ་བ་དང་། སྡིག་སྒྲིབ་ཐམས་ཅད་འདག་པ་དང་། འདོད་པའི་དོན་འགྲུབ་པ་དང་། མཐར་སངས་རྒྱས་ཉིད་མྱུར་དུ་འཐོབ་པར་འགྱུར་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་མདོ་དེ་དང་དེ་ལས་གསུངས་པས་མོས་པའི་བློ་དང་ལྡན་པ་རྣམས་ཀྱིས་དོན་ཆེ་ལ་ཉེན་ཆུང་བ་འདི་ལ་འབད་པར་བྱ་ཞིང་ཡིད་ཆེས་པར་བྱ་བའི་ཕྱིར་མདོ་དེ་རྣམས་ལའང་བལྟ་བར་བྱའོ། །དེ་ལྟ་བུའི་སངས་རྒྱས་བྱང་སེམས་ཀྱི་མཚན་ནི་རབ་འབྱམས་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས་རང་གཞན་སྤྱིི་དང་མ་འོངས་པའི་འགྲོ་བ་མང་པོ་ལ་ཕན་པར་འགྱུར་པ་སྙིང་ནས་བསམས་ཏེ་མདོ་དེ་དང་དེ་དག་ལས་བཏུས་ནས་བཀོད་པའོ།། །།འདི་སྔར་པར་ཐུང་གི་གྲྭར་བཞུགས་པ་ལས། ༈ རྗེ་ཉིད་ཞི་བར་གཤེགས་པ་ལ་ཉེ་བར་ཕྱོགས་པའི་ཚེ་བྱང་ཆུབ་སེམས་དཔའི་མཚན་འདི་དག་ཀྱང་ནང་དུ་བཅུག་ལ་གསུང་འབུམ་གྱི་གྲྭར་ཆུད་པར་གྱིས་ཤིག་ཅེས་རང་གི་སློབ་མ་འཇམ་དབྱངས་རྒྱ་མཚོ་དང་། ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་གཉིས་ལ་བརྩེ་བའི་ལྟ་སྟངས་དང་བཅས་གསུང་གི་ཐ་མས་གདམས་པ་སྤྱི་བོར་བླངས་ཏེ་དེ་གཉིས་ཀྱིས་པར་དུ་བསྒྲུབས་པའོ། །དགེ་བ་འདིས་ཀྱང་ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་དམ་པས་རྗེས་སུ་འཛིན་པ་དང་། མཐར་ཐུག་སངས་རྒྱས་པའི་ཚེ་འཁོར་གྱི་ཐོག་མར་སྐྱེ་བར་གྱུར་ཅིག། །།མདྒལཾ། །

ཆོས་སྐྱོང་ལྕམ་སྲིང་གི་བསྐང་གསོ།

ཆོས་སྐྱོང་ལྕམ་སྲིང་གི་བསྐང་གསོ་བཞུགས།

ན་མོ་ཧ་ཡ་གྲྀ་ཝ་ཡེ། འདིར་ཆོས་སྐྱོང་ལྕམ་སྲིང་གི་བསྐང་གསོ་སྔོན་མ་དེ་ངག་འདོན་ལ་ཁ་སྐོང་དང་ཁྲུགས་བསྡེབས་འགའ་རེ་བྱེད་དགོས་པ་སྣང་བ་རྣམས་བྱས་ཏེ་གོ་རིམ་འབྲེལ་ཞིང་འདོན་ཆ་དང་མཐུན་པར་འཇུག་པ་བདེ་བར་བརྗོད་ན། མཆོད་གཏོར་རྣམས་ཕྱག་ལེན་བཞིན་དུ་བཤམས་ཏེ་བྱིན་གྱིས་བརླབས་ལ། ཆོས་སྐྱོང་འཁོར་བཅས་བསྐྱེད་པ་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་རྟ་ཁྲག་དང་མི་ཁྲག་གི་རྒྱ་མཚོ་ཆེན་པོ་དམར་ལ་དྭངས་པ་རྦ་ཀློང་གྲུ་གསུམ་བསྣོལ་མར་འཁྲུག་པའི་དབུས་་སུ་ཟངས་ཀྱི་རི་གྲུ་བཞི་པའི་སྟེང་དུ་པདྨ་ཉི་མ་རྟ་རོ་མི་རོ་བརྩིགས་པའི་གདན་ལ། པྲཾ་དང་ཟངས་གྲི་ལས་སྐྱེས་པའི་གནོད་སྦྱིན་ཆེན་པོ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་འབར་བ་དང་བཅས་པའི་ཟངས་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་བས་དམ་ཉམས་ཀྱི་སྲོག་རྩ་གཅོད་ཅིང་། གཡོན་མདའ་གཞུ་དང་དགྲ་བགེགས་ཀྱི་གློ་སྙིང་ཐུགས་ཀར་འཛིན་པའི་མཆན་ཁུང་གཡོན་ན་བསེའུ་རུ་མཚོན་དམར་པོ་བསྣམས་པ། ཞལ་རབ་ཏུ་གདངས་ཤིང་མཆེ་བ་རྣོན་པོ་བཞི་གཙིགས་ནས་ལྗགས་རྣམ་པར་བསྐྱོད་པ། སྤྱན་གསུམ་དང་ལྡན་ཞིང་ཁྲོ་གཉེར་ཤིན་ཏུ་བསྡུས་པ། སྨིན་མ་དང་མ་ར་དུས་མཐའི་མེ་ལྟར་རབ་ཏུ་འབར་ཞིང་དབུ་སྐྲ་ཁམ་སེ ར་ལྟག་པར་བཅིངས་པ། མི་མགོ་སྐམ་པོ་ལྔའི་དབུ་བརྒྱན་དང་། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྐུ་ལ་ཟངས་ཀྱི་བེག་ཙེ་དང་དར་གྱི་རལ་གུ་དམར་པོས་བརྒྱན་ཅིང་། ཞབས་ལ་སག་ལྷམ་དམར་པོ་གསོལ་བ། སྒེག་པ་དཔའ་བ་མི་སྡུག་པའི་གཟུགས་ཅན་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དེའི་གཡོན་དུ་མཾ་ལས་རིག་པའི་ལྷ་མོ་གདོང་དམར་མ་སྐུ་མདོག་སྔོ་ནག་གདོང་པ་བསེ། སོ་དུང་། སྨིན་མ་གཡུ། མིའིི་རལ་བ་ལ་མཆོང་དང་མུ་མེན་གྱིས་བརྒྱན་ཅིང་། གསེར་གྱི་རྣ་རྒྱན་འཕྱང་བ། གཅེར་མོ་སྤྱན་དང་ཞལ་བགྲད་ཅིང་། གཡས་ཟངས་ཀྱི་རལ་གྲི་དགྲ་ལ་འཕྱར་ཞིང་། གཡོན་ལྕགས་ཀྱི་ཕུར་བུ་བགེགས་ལ་འདེབས་པ། དྲེད་མོ་མེ་ཟན་ལ་ཞོན་པ། གཙོ་བོའི་གཡས་སུ་པྲཾ་ལས་ལས་མཁན་སྲོག་བདག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་མདུང་དམར་འཕྱར་ཞིང་གཡོན་བཙན་གྱི་ཞགས་པ་དགྲ་ལ་འདེབས་པ། བསེ་ཁྲབ་དང་བསེ་རྨོག་གྱོན་ཅིང་ལྕེ་སྤྱང་སྨྱོན་པ་ལ་ཞོན་པ། མཚན་མོ་རྒྱུ་ཞིང་དགྲ་བགེགས་ལ་འོ་དོད་འབོད་པ། གཙོ་འཁོར་གསུམ་གྱི་ཤར་དུ་མི་དམར་ཁྲ་མ། ལྷོར་རོ་ཙི་མི་དམར། ནུབ་ཏུ་ཀྲོ་དྷི་མི་་དམར། བྱང་དུ་སྲོག་བདག་ཀོ་ཤང་། ཤར་ལྷོར་ཨཾ་ཀྲི་མི་དམར། ལྷོ་ནུབ་ཏུ་རོ་ཀྲི་མི་དམར། ནུབ་བྱང་དུ་ཧཾ་ཤང་མི་དམར། བྱང་ཤར་དུ་སྲོག་བདག་ཐལ་བ་སྟེ། གྲི་ཐོགས་བརྒྱད་དང་བཤན་པ་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ། གཡས་ཟངས་ཀྱི་རལ་གྲི་འཕྱར་ཞིང་། གཡོན་ལ་ལ་རྒྱུ་མའི་ལག་དོགས་བྱེད་པ། ལ་ལ་གློ་སྙིང་མཆིན་པ་འབྲད་པ། ལ་ལ་སྙིང་ཁྲག་ཀླད་པ་བལྡག་པ། ལ་ལ་ཤ་ཁྲག་སྦར་གྱི་འདེབས་པ། ལ་ལ་རུས་པ་རྐང་མར་འཆའ་བ། ལ་ལ་པགས་པ་དམར་བཤུས་བྱེད་པ། ལ་ལ་ཤ་གདན་དམར་པོ་འདིངས་པ། ཐམས་ཅད་ཀྱང་དགྲ་བོའི་སྲོག་ལེན་ཅིང་། མི་ལྤགས་ཀྱི་གཡང་གཞི་དང་བ་གླང་གི་ཀོ་བ་རློན་པ་གྱོན་པ། གཞན་ཡང་བཙན་དམར་སྟོང་། བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང་། མ་མོ་འབུམ་སྡེ། ཐེའུ་རང་སྟོང་ལ་སོགས་པ་དམ་ཅན་རྒྱ་མཚོའི་དམག་ཚོགས་དཔག་ཏུ་མེད་པས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བྱང་ཤར་མ་རུ་ཙེའི་དུར་ཁྲོད་བྲག་དམར་པོ་མཆོག་ལྡིང་གི་ཕོ་བྲང་ནས་གནོད་སྦྱིན་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། །ཀྱེ། ཡུལ་གཅིག་མྱ་ངམ་འདས་པ་བདུན་གྱི་ཕ་རོལ་ན། །མདའ་ན་ཁྲག་མཚོ་ཕུ་ན་ཟངས་བྲག་བརྩེགས། །མི་རོ་རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་དུ་མ་མཚོ་རུ་འཁྱིལ། ཁོར་ཡུག་ཟངས་རིའི་ཕྲེང་བས་ཀུན་ནས་བསྐོར། །བསེ་མཁར་སྨུག་པོ་མཆོང་གི་བ་གམ་ཅན། །ཐོད་པ་བརྩེགས་པའི་གཞལ་ཡས་ཆེན་པོ་ནས། །ཆོས་སྐྱོང་དྲེགས་པ་ལྷམ་སྲིང་གཤེགས་སུ་གསོལ། །འཁོར་ཚོགས་བཤན་པའི་ཚོགས་ཀྱང་གཤེགས་སུ་གསོལ། །ཞིང་བཅུའི་དམ་ཉམས་་དགྲ་བོ་འདུལ་བ་དང་། །རྣལ་འབྱོར་བདག་གིས་ལས་བཅོལ་བསྒྲུབ་པའི་ཕྱིར། །ད་ལྟ་ཉིད་དུ་གནས་འདིར་གཤེགས་སུ་གསོལ། །ད་ལྟ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང་། །རིངས་པའི་ཚུལ་གྱིས་མཆོད་གཏོར་འདི་བཞེས་ལ། །ནག་པོའི་ཕྱོགས་དང་གང་ལ་དམིགས་པ་ཡི། །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རཀྨོ་པྲ་ཎ་ཨཱརྨ་ས་པ་རི་ཝཱ་ར་ཨ་ཀཪྵ་ཡ་ཛཿཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །པདྨ་ཀ་མ་ལ་་ཡེ་སྟཾ། དེ་ནས་འདིར་ཕྱག་འཚལ་བའམ་ཡང་ན་སྔོན་དུ་མཆོད་པ་འབུལ་བ་ནི། བསྡུ་ན་ༀ་རཀྨོ་པྲ་ཎ་ནས་ཨརྒྷཾ་སོགས་སྔགས་ཙམ་གྱིས་འབུལ་ཞིང་རྒྱས་པར་ན། སྟོང་གསུམ་ཁྱོན་ལྟར་ཡངས་པའི་བནྡྷི་ནང་། ར་ད མར་ཁྲག་ཆང་མཚོ་ལྟར་འཁྱིལ་བ་འདི། །ཆོས་སྐྱོང་ལྕམ་སྲིང་འཁོར་དང་བཅས་ལ་འབུལ། །བཞེས་ནས་དགྲ་བགེག་མ་ལུས་ཚར་ཅོད་མཛོད། །ༀ་རཀྨོ་པྲ་ཎ་ཨཱཏྨ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏི་ཙྪ་ཡེ་སྭཱཧཱ། ཐོག་ཐ་དེ་བཞིན་དུ་དང་། དབང་པོའི་མེ་ཏོག་རི་ལྟར་སྤུངས་པ་འདི། ༴ ཤ་ཆེན་ཚིལ་ཆེན་དུད་སྤྲིན་འཁྲིགས་པ་འདི། ༴ ཞུན་ཆེན་སྒྲོན་མེ་ཉི་ལྟར་འབར་བ་འདི། ༴ གསེར་ཞུན་འཁྱིལ་འདྲ་མཁྲིས་པའི་དྲི་ཆབ་འདི། ༴ དགྲ་བགེགས་ཤ་ཁྲག་སྤུངས་པའི་ཞལ་ཟས་འདི། ༴ སྙན་བརྗིད་སིལ་ཉན་རོལ་མོའི་སྒྲ་དབྱངས་འདི། །ཆོས་སྐྱོང་༴ བཞེས༴ ཚར་གཅོད་མཛོད། ༀ་རཀྨོ་པྲ་ཎ་ནས་པཱ་ཕྱཾ་སོགས་སྤྱར་ནས་འབུལ་ཞིང་། སྔགས་ཀྱི་མཐར་ༀ་ཨཱཿཧཱུཾ་བཏགས་ལ་ནང་མཆོད་ཕུལ་ཏེ། ཧཱུཾ་ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུངས་གདུལ་ཕྱིར་དྲག་པོའི་སྐུར་བསྟན་ནས། །མཐུ་སྟོབས་ཕུན་ཚོགས་བསྟན་པ་སྲུང་མཛད་པའི། །སྒྲོལ་གྱིང་བཤན་པ་དམར་པོ་ལ་ཕྱག་འཚལ། །བཀའ་ཡི་འཁོར་གནས་ཡེ་ཤེས་སྲུང་མའི་ཚོགས། །རྣལ་འབྱོར་འདོད་པའི་བདེ་སྟེར་གསང་བའི་ཡུམ། །ལས་བྱེད་བཤན་པ་གཏུམ་པོ་སྡེ་ལྔ་དང་། །མ་མོ་ཐེའུ་རང་ཚོགས་ལ་གུས་པས་འདུད། །ཅེས་བསྟོད། པས་འདིར་གཏོར་མ་འབུལ་ལམ། མ་ཕུལ་ཀྱང་ཆོག་པས། ཡིག་བརྒྱ་བརྗོད་དེ། ཀྱཻ། རྡོ་རྗེ་འཆང་ཆེན་པདྨ་ཀཱ་ར་སོགས། །དངོས་དང་བརྒྱུད་པའི་བླ་མ་མཆོག་གསུམ་ལྷ། །ཡི་དམ་དཔའ་བོ་མཁའ་འགྲོ་བསྟན་སྲུང་དང་། །སྲོག་བདག་དམར་པོ་འཁོར་བཅས་དགོངས་སུ་གསོལ། །སེམས་ཉིད་རང་བཞིན་མཁའ་ལྟར་རྣམ་དག་ཀྱང་། །གློ་བུར་ཉོན་མོངས་སྤྲིན་གྱིས་གཡོགས་པའི་མཐུས། །ནོངས་པར་གང་གྱུར་བཤགས་དང་བཤགས་ཡུལ་དང་། །བཤགས་བྱ་དམིགས་མེད་ངང་དུ་དག་པར་བགྱི། །ཅེས་བཤགས་པ་བྱས་ནས་བརྐང་རྫས་མཆོད་པ་དང་བཅས་པ་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱི་བརླབས་ཏེ། ཀྱཻ། དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་རྩལ་ཅན། །སྲོག་བདག་དམར་པོ་འཁོར་བཅས་སྤྱན་ལམ་དུ། །ནམ་མཁའ་གང་བའི་དམ་རྫས་སྤྱན་གཟིགས་ཚོགས། །འབྱུང་ཞིང་རྒྱས་ལ་ཐུགས་དམ་སྐོངས་གྱུར་ཅིག །ར་དམར་ཁྲག་ཆང་མཆོད་ཡོན་མཚོ་ལྟར་འཁྱིལ། །དབང་པོ་ལྔ་ཡི་མེ་ཏོག་རི་ལྟར་སྤུངས། །ཤ་ཆེན་ཚིལ་ཆེན་དུད་པ་སྤྲིན་ལྟར་འཁྲིགས། །ཞུན་ཆེན་སྒྲོན་མེ་ཉི་ལྟར་འབར་བ་འདིས། །གནོད་སྦྱིན་དྲེགས་པ་ལྕམ་སྲིང་ཐུགས་དམ་བསྐང་། །ལས་མཁན་སྲོག་བདག་དམར་པོའི་ཐུགས་དམ་བསྐང་། གྲི་ཐོག་བཤན་པའི་ཚོགས་ཀྱི་ཐུགས་དམ་བསྐང་། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་་ཐུགས་དམ་བསྐང་། །འཁོར་དང་བཅས་པའི་ཐུགས་དམ་སྐོངས་གྱུར་ནས། །རྣལ་འབྱོར་དཔོན་སློབ་ཉམས་ཆགས་སོས་གྱུར་ཅིག །མི་མཐུན་རྐྱེན་དང་བར་གཅོད་བཟློག་པ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གསེར་ཞུན་འཁྱིལ་འདྲ་མཁྲིས་པའི་དྲི་ཆབ་དང་། །དགྲ་བགེག་ཤ་ཁྲག་སྤུངས་པའི་ཞལ་ཟས་དང་། །སྙན་བརྗིད་རོལ་མོའི་སྒྲ་ཡིས་སྟོང་གསུམ་ཁྱབ། །རོ་བརྒྱ་ལྡན་པའི་གསེར་སྐྱེམས་དམ་པ་འདིས༴ རྣོ་སྡུག་རྭ་གཡོ་ཤ་རྒྱས་དལ་གྱིས་་འགྲོ །མཛེས་པའི་སྤུ་ལྡན་འཚམས་སྤྲིན་ཕུང་པོ་བཞིན། །འཇའ་ཚོན་ལྟར་བཀྲ་དར་གྱི་རྒྱན་ཆ་ཅན། །སྤྱན་གཟིགས་བསེ་ཡི་ར་སྐྱེས་ཁམ་པ་འདི༴ ཞོལ་གཡག་ཁམ་པ་རྣམས་ནི་ངར་འཇོ་བྱེད། །མཛེས་ལྡན་རྟ་མཆོག་རྣམས་ནི་གློག་བཞིན་འགྱུ། །དུར་བྱ་སྲིན་བྱའི་གར་གྱིས་མཁའ་ལམ་ཁྱབ། །བསེ་ཁྲབ་དམ་ཉམས་ཀླད་ལ་ལྡིང་བ་འདིས། ༴ སྲ་ཞིང་བརྟན་པ་རྡོ་རྗེའི་གོ་ཁྲབ་དང་། །རྣོ་ངར་མི་བཟད་སྣ་ཚོགས་མཚོན་ཆ་དང་། །དུར་བྱའི་སྒྲོས་བརྒྱན་དར་དམར་གཡོ་བས་མཛེས། །དགྲ་བགེགས་སྙིང་ལ་ཐོག་ལྟར་རྒྱུག་པ་འདིས༴ ཤ་ཁྲག་གཏོར་མའི་ཚོགས་ཀྱིས་ས་བཞི་གང་། །ཕྱི་ནང་འདོད་ཡོན་ཚོགས་ཀྱིས་བར་སྣང་གང་། །རྒྱལ་སྲིད་རིན་ཆེན་བདུན་གྱིས་ནམ་མཁའ་གང་། །དངོས་བཤམས་ཡིད་ཀྱིས་སྤྲུལ་བའི་མཆོད་སྤྲིན་འདིས༴ སྒྲོལ་གྱིང་སྲོག་བདག་དམར་པོ་འཁོར་བཅས་ཀྱིས། །གནོད་བྱེད་དགྲ་བགེག་ཐམས་ཅད་ཚར་ཆོད་ལ། །ཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་དུ། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་དུ་ཕོབ། །དེ་ནས་ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ཞེས་སོགས་བཟློག་པ་སྤྱིར་ལྟར་བྱས་ནས་མཐུན་པའི་དངོས་གྲུབ་མ་བརྗོད། དེ་ནས་བཟླས་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཆོས་སྐྱོང་གི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་བས་ལས་ཐམས་ཅད་སྒྲུབ་པར་གྱུར་ཅེས་བརྗོད་དམ་ཡིན་ཡང་རུང་ངོ་། །ༀ་རཀྨོ་པྲ་ཎ་ཨཱཏྨ་ཀྵི་རུ་པུ་རུ་ཥ་ལོ་ཧི་ཏ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་ཡབ་ཀྱི་སྔགས་དང་། ༀ་རཀྨོ་ཡ་མ་ཙིཏྟ་ཛྭ་ལ་རཾ་པྲ་ཏི་དེ་ཝི་ཧཱུཾ་སྲོག་ལ་ཡ་མ་ཛཿསརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཕཊ། ཅེས་་ཡུམ་གྱི་སྔགས་ཅི་མང་བཟླས་པའི་མཐར་ཡིག་བརྒྱ་བརྗོད་དེ་གཏོར་མ་བྱིན་གྱིས་བརླབས་ནས། ཆོས་སྐྱོང་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྤུ་གུ་ཅན་དུ་གྱུར་པས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ༀ་རཀྨོ་པྲ་ཎ་ཨཱདྨ་ས་པ་རི་ཝཱ་ར་སརྦ་བིགྷྣན་ཤ་ཏྲུཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་བདུན་གྱིས་གཏོར་མ་དབུལ། སླར་ཡང་མཆོད་པ་དང་ནང་མཆོད་ཕུལ་ནས། ཀྱཻ་རྒྱ་གར་ཡུལ་གྱི་དགྲ་ལྷ། མ་རུ་ཙེའི་གནས་སྲུང་། ལི་ཡུལ་ཆོས་ཀྱི་སྲུང་མ། མ་ཧཱ་དེ་བའི་བཀའ་ཉན། གཤིན་རྗེའི་གཤེད་ཀྱི་བཀའ་སྡོད། ཡབ་གནོད་སྦྱིན་ཟངས་ཀྱི་རལ་བ་ཅན་དང་། ཡུམ་སྲིན་མོ་ཁྲག་གི་རལ་བ་ཅན་གྱི་སྲས་གནོད་་སྦྱིན་ཆེན་པོ་ཟངས་ཀྱི་བེག་ཙེ་ཅན། སྲིང་མོ་སྲིད་པའི་ལྷ་མོ་གདོང་དམར་མ། འཁོར་སྲོག་གཅོད་བཤན་པའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕངས་སྟོད། བླ་མའི་སྐུ་ཚེ་སྲིངས། རྣལ་འབྱོར་པ་བདག་གི་སངས་རྒྱས་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་ཐམས་ཅད་སོལ། མཐུན་རྐྱེན་ཐམས་ཅད་སྒྲུབས། གནོད་བྱེད་དགྲ་བགེགས་ཐམས་ཅད་དྲག་པོའི་ཆད་པས་སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་འཕྲིན་ལས་མཛོད་ཅིག་ཅེས་བཀའ་བསྒོ། དེ་ནས། ཀྱཻ་བྱང་ཤར་མ་རུ་ཙེ་ཡི་དུར་ཁྲོད་ནས། ཞེས་སོགས་ཀྱི་སྤྱི་བསྟོད་འདི་བྱེད་པའམ། འདིར་མ་བྱས་ཀྱང་རུང་བར་སྣང་ཞིང་། བསྟོད་པ་ནི། ཀྱཻ། སྣ་ཚོགས་པདྨ་ཉི་མའི་དཀྱིལ་འཁོར་སྟེང་། །རྟ་རོ་མི་རོ་བསྣོལ་བའི་ཁྲི་སྟེང་ན། །གཏུམ་ཆེན་དགྲ་བགེགས་སྲོག་འཕྲོག་བཤན་པ་ནི། །པདྨ་རཱ་གའི་མདོག་ཅན་ཁྱོད་ལ་བསྟོད། །བདུད་དཔུང་ཚར་གཅོད་འབར་བའི་ཟངས་གྲི་གཡས། །གཡོན་པས་མདའ་གཞུ་དགྲ་བགེགས་གློ་སྙིང་དང་། །ལྷབ་ལྷབ་བ་དན་གཡོ་བའི་མདུང་དམར་་འཛིན། །དམ་ཉམས་ཀུན་གྱི་སྲོག་འཕྲོག་ཁྱོད་ལ་བསྟོད། །ཞལ་གདངས་མཆེ་བ་གཙིགས་ཤིང་རྔམས་པའི་ཞལ། །དུས་མཐའི་མེ་ལྟར་སྤྱན་གསུམ་སྡང་མིག་གཡོ། །དམར་སེར་རལ་པ་ལྟག་པའི་ཕྱོགས་སུ་བཅིངས། །སྒྲོལ་གྱིང་སྲོག་བདག་དམར་པོ་ཁྱོད་ལ་བསྟོད། ཁྱོད་ཀྱི་གཡོན་ན་ལྷ་མོ་གདོང་དམར་མ། །ཕྱག་གཡས་ཟངས་གྲི་ལྕགས་ཀྱི་ཕུར་བུ་གཡོན། །སྲིན་མོའི་གཟུགས་ཅན་དྲེད་མོ་མི་ཟན་ཆིབས། །ཆར་སྤྲིན་ལྟར་སྔོ་གཅེར་མོ་ཁྱོད་ལ་བསྟོད། །གཡས་ན་ལས་མཁན་ཆེན་པོ་དབང་གི་མདོག །བསེ་ཡི་ཁྲབ་རྨོག་གྱོན་ཞིང་མདུང་དམར་གཡས། །གཡོན་པས་ཞགས་པ་འདེབས་ཤིང་ལྕེ་སྤྱང་ཆིབས། །སྐྱེ་འགྲོ་ཀུན་གྱི་སྲོག་ལེན་ཁྱོད་ལ་བསྟོད། །གཞན་ཡང་དཔལ་མགོན་ཁྱོད་ཀྱི་བཀའ་་འཁོར་ན། །སྲོག་གཅོད་ལས་བྱེད་བཤན་པ་བུན་ནུ་ནུ། །བཙན་དམར་བདུད་དང་སྲིན་པོ་ཉེར་རེ་རེ། །ཐེའུ་རང་སྟོང་གིས་མཚོན་སྣ་སྣ་ཚོགས་འགྱེད། །མ་མོ་འབུམ་ནི་ནད་ཡམས་བུ་ཡུག་འཚུབ། །མི་བསྲུན་འཁོར་ཚོགས་དང་བཅས་ཁྱེད་རྣམས་ཀྱིས། །དམ་རྫས་མཆོད་གཏོར་རྒྱ་མཚོ་འདི་བཞེས་ལ། །དམ་ཉམས་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དང་། ཁམས་གསུམ་འགྲོ་བ་ཐམས་ཅད་དབང་དུ་བསྡུས། །ཞི་རྒྱས་དབང་དྲག་འཕྲིན་ལས་ཐམས་ཅད་བསྒྲུབས། །ཞེས་དང་། འདིའི་མཇུག་ཏུ། སྔར་བཅོལ་ལེགས་པའི་གཏང་རག་གཉན་པོ་གཏོང་། །ད་ཅོལ་ལེགས་པའི་གསོལ་འདེབས་རྟེན་དུ་འབུལ། རྒྱལ་བའི་བསྟན་དང་བསྟན་འཛིན་གཅེས་པར་སྐྱོངས། །རྣལ་འབྱོར་བདག་གི་གནས་ལུས་ལོངས་་སྤྱོད་དང་། །འཁོར་དང་ཡོ་བྱད་བཞོན་པ་ལ་སོགས་པ། །བཅོལ་ལོ་བལྟས་་སོ་སྲུང་མ་མཐུ་རྩལ་ཅན། །ཉིན་གསུམ་བྱ་ར་རྒྱང་ནས་མ་གཡེལ་ཅིག །མཚན་གསུམ་མེལ་ཚེ་དྲུང་ནས་མ་གཡེལ་ཅིག །རྟག་ཏུ་སྒྲུབ་པའི་སྟོངས་གྲོགས་མ་གཡེལ་ཅིག །བླ་མས་བཅོལ་བའི་ཕྲིན་ལས་མ་གཡེལ་ཅིག །སྡང་བའི་དགྲ་ལ་མངོན་པའི་རྟགས་སྟོན་ལ། །རྣལ་འབྱོར་བདག་གི་མགོན་སྐྱབས་དཔུང་གཉེན་མཛོད། །བླ་མའི་སྐུ་དགྲ་བསྟན་པའི་སྤྱི་དགྲ་དང་། །རྣལ་འབྱོར་སྒོས་དགྲ་སེམས་ཅན་ཡོངས་ལ་འཚེ། །མ་ཉེས་ལོག་པར་ལྟ་བའི་་དགྲ་དང་བགེགས། །དཔལ་མགོན་ཁྱོད་ཀྱིས་སྒྲོལ་ལ་བསྟན་པ་སྲུངས། །ཞེས་སྦྱར་ན་ལེགས་སོ། །དེ་ནས་བྱེ་བྲག་གི་བསྐུལ་དོད་ན། །བྷྱོཿ རིགས་པའི་ལྷ་མོ་གདོང་དམར་མ། །ཞེས་སོགས་སམ། བསྡུ་ན། ཀྱཻ་ཆོས་སྐྱོང་དྲེགས་པ་ལྕམ་སྲིང་འཁོར་བཅས་ལ། །གུས་པས་མཆོད་བསྟོད་འཕྲིན་ལས་བཅོལ་བའི་མཐུས། །རྣལ་འབྱོར་བདག་ཅག་དགོན་ག །ནས་སྦྱིན་བདག་ལ། །གནོད་ཅིང་འཚེ་བའི་དགྲ་འགེགས་འབྱུང་པོ་དང་། ཁྱད་པར་ནོར་རྫས་རྐུ་འཕྲོག་བྱེད་པ་རྣམས། །དྲག་པོའི་ལས་ཀྱིས་མྱུར་དུ་ཚར་ཆོད་ལ། །བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ཀུན། །གཡེལ་མེད་སྲུང་ཞིང་སྐྱོབ་པའི་འཕྲིན་ལས་མཛོད། ཞེས་པ་དང་། མཐར་བཟོད་གསོལ་དང་རྟེན་་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་བྱའོ།། ༧ །།དེ་ནས་ཐ་འོག་པའི་གཏོར་འབུལ་བསྡུས་པ་ནི། ཧཱུཾ རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། །རང་བཞིན་གནས་ནས་ཐ་འོག་ཆོས་ཀྱི་རྒྱལ། །འཁོར་བཅས་སྤྱན་དྲངས་བརྟན་པར་བཞུགས་སུ་གསོལ། །ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །རིན་ཆེན་བདུན་དང་གླིང་བཞི་རི་རབ་སོགས། །ཕྱི་ནང་མཆོད་སྤྲིན་དམ་རྫས་གཏོར་མར་བཅས། །སྤྲུལ་པའི་ཆོས་རྒྱལ་འཁོར་བཅས་མཉེས་ཕྱིར་འབུལ། །རྫུ་འཕྲུལ་ཤུགས་ལྡན་མྱུར་མགྱོགས་རྟ་ནག་སྟེང་། །རྔམས་བརྗིད་དྲག་ཤུལ་་དཔའ་བའི་རྣམ་འགྱུར་ཅན། །རྡོ་རྗེ་བུམ་པ་བཟུང་ནས་འགྱིང་ཚུལ་གྱིས། །གནོད་བྱེད་དགྲ་བགེགས་ཕྱེ་མར་འཐག་ལ་བསྟོད། །མཐུ་ཆེན་ཁྱོད་ལ་མཆོད་བསྟོད་གསོལ་བཏབ་པས། །རྣལ་འབྱོར་བདག་ཅག་འབྲལ་མེད་རྟག་སྲུང་ཞིང་། །འགལ་རྐྱེན་བར་ཅད་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་འདོད་དོན་ཡིད་བཞིན་འགྲུབ་བར་མཛོད། །ཅེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་འགའ་རེ་ལ་ཕན་འདོད་ཀྱི་བསམ་པས་ཅོ་ནེའི་དགོན་ཉིད་དུ་བསྒྲིགས་པའོ།། །།སརྦ་མངྒལཾ།།

སློབ་དཔོན་བཤད་སྒྲུབ་མིང་ཅན་གྱི་རྣམ་ཐར་ཟུར་པ་གཟུར་གནས་དགའ་བྱེད།

སློབ་དཔོན་བཤད་སྒྲུབ་མིང་ཅན་གྱི་རྣམ་ཐར་ཟུར་པ་གཟུར་གནས་དགའ་བྱེད་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྣམ་དཀར་ལེགས་ཚོགས་ཚོགས་གཉིས་ཀྱིས་བསྐྲུན་སྐུ་མཆོག་མཚན་དཔེའི་དཔལ་གྱིས་མཛེས། །རྣམ་དག་ཆོས་ཚུལ་ཚུལ་བཞིན་སྟོན་མཛད་གསུང་མཆོག་ཡན་ལག་དྲུག་ཅུ་མངའ། །རྣམ་མང་ཆོས་ཀུན་ཀུན་ནས་མངོན་གཟིགས་ཐུགས་མཆོག་ཆགས་ཐོག་མི་མངའ་བ། །གང་ལ་མངའ་བ་ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་པོར་གུས་ཕྱག་འཚལ། །རིང་མོ་ཉིད་ནས་མངོན་པར་སངས་རྒྱས་ཀྱང་། །སེམས་དཔའི་ཚུལ་གྱིས་རབ་འབྱམས་ཞིང་རྣམས་སུ། །རྒྱལ་བའི་མཛད་པ་སྒྲུབ་པའི་ཁུར་བཞེས་པ། །རྒྱལ་ཚབ་མི་ཕམ་འཇམ་པའི་དབྱངས་ལ་འདུད། །ཐུགས་བསྐྱེད་སྨོན་ལམ་དག་པའི་འཚམས་སྦྱོར་གྱིས། །ཐུབ་པའི་ལུང་རྟོགས་དམ་ཆོས་མ་ལུས་པ། །ཇི་བཞིན་འཛིན་མཛད་ཀླུ་སྒྲུབ་ཐོགས་མེད་སོགས། །འཕགས་ཡུལ་མཁས་གྲུབ་ཚོགས་རྣམས་ཀུན་ལ་འདུད། །བྱང་ཕྱོགས་རྒྱུད་དུ་སྔོན་མེད་དམ་པའི་ཆོས། །བསྒྱུར་ཞིང་དགོངས་འགྲེལ་འཆད་ཉན་ལ་སོགས་ཀྱིས། །ཐུབ་བསྟན་སྲོལ་བཟུང་དར་ཞིང་རྒྱས་མཛད་པའི། །ལོ་པཎ་བཀའ་དྲིན་ཅན་རྣམས་རྟག་ཏུ་བསྔགས། །མདོ་རྒྱུད་དགོངས་འགྲེལ་བཅས་པའི་ཚིག་དོན་རྣམས། །ཇི་བཞིན་ཐུགས་ཆུད་གཞན་ལ་ལེགས་འདོམས་པ། །བསྟན་པའི་མངའ་བདག་ཆོས་རྗེ་བུ་སྟོན་དང་། །བློ་བཟང་རྒྱལ་བ་གཉིས་པར་གྲགས་ལ་འདུད། །བློ་བཟང་ཉིན་བྱེད་དབང་པོ་གཤེགས་པའི་ཤུལ། །མཁས་མང་རྒྱུ་སྐར་ཚོགས་རྣམས་གཞུང་ལུགས་མཁར། །རྩེ་དགས་རོལ་དང་ལྷན་ཅིག་མེ་འཁྱེར་འགའ། །ལེགས་བཤད་གཤོག་བསྐྱོད་འཕུར་ལྡིང་ལྟ་བུར་བྲེལ། ༈ །དེ་ཡང་སྔོན་དུ་བདག་གིས་ནི། །ཚེ་འདིར་ཐོས་བསམ་ཇི་ལྟ་བུར། །བྱས་པའི་རྣམ་ཐར་ཐུན་མོང་བ། །གཞན་གྱིས་བསྐུལ་ལྟར་རྒྱས་ཙམ་ཞིག །བྲིས་ཟིན་པར་དུ་བརྐོས་ཤིང་སྤེལ། །དེ་ལས་ལྷག་པའི་རྣམ་ཐར་ཞིག །བདག་ལ་གཏན་ཡོད་མ་ཡིན་ཀྱང་། །དད་ལྡན་གཟུར་གནས་བུ་སློབ་འགས། །ཉིད་ཀྱི་རྣམ་ཐར་ཐུན་མོང་དང་། །ཐུན་མོང་མིན་པའི་ཁྱད་པར་ཞིག །ཅིས་ཀྱང་དགོས་ཞེས་བསྐུལ་བ་དང་། །འགའ་ཞིག་སྔོན་གྱི་སྐྱེ་བརྒྱུད་དང་། །དགེ་སྦྱོར་བྱས་ཚུལ་ཇི་ལྟ་བུ། །ཡིན་རྣམས་མ་སྦས་གསལ་བ་རུ། །ཞུ་ཞེས་བསྐུལ་བ་མ་བཟློག་པར། །འདོད་པའི་རྗེས་སུ་འབྲང་སྟེ་བྲི། །དེ་ལ་རྣམ་ཐར་ཐུན་མོང་བ། །ཚེ་འདིར་དངོས་སུ་བྱས་པ་སྟེ། །དེ་ནི་སྔོན་དུ་བརྗོད་པ་དང་། །མཐོང་བ་ལས་ནི་ཤེས་ཟིན་ཀྱང་། །བསྐུལ་བའི་དོན་དུ་སླར་ཡང་ནི། །བསྡུས་ཏེ་འགའ་ཞིག་བསྣན་བྱས་ཤིང་། །དངོས་ཀྱི་ཉམས་སྣང་དང་འབྲེལ་བའི། །ཐུན་མོང་མ་ཡིན་རྣམ་ཐར་ནི། །ནམ་མཁའི་པདྨོའི་རྗེས་འགྲོ་ཡང་། གཟུགས་བརྙན་ལྟ་བུ་མཚོན་ཙམ་བརྗོད། །དེ་ཡང་ལས་སྨོན་འབྲེལ་བ་ཡིས། །དབུས་སུ་སོང་སྟེ་གྲྭ་ཚང་དུ། །ཞུགས་ནས་ལོ་འགོ་ཕྱེད་གཉིས་ཙམ། །བསྡུས་གྲྭར་བསྡད་དེ་བསྡུས་གཞུང་དཔེ། །ཤོག་གྲངས་ཉིས་བརྒྱ་ལྷག་ཙམ་ཞིག །བློ་ལ་བཟུང་ཞིང་བྱང་བར་བྱས། །བསྡུས་གཞུང་ཆེ་ཆུང་ཀུན་གྱི་དོན། །མྱུར་དུ་གོ་ཞིང་ཤེས་གྱུར་པས། །སྔོན་གྱི་བག་ཆགས་ཡིན་འདྲ་བསམ། །ཚུལ་དེར་མ་ཟད་རྣམ་འགྲེལ་གྱི། །ཡན་ལག་བློ་རྟགས་རྣམ་གཉིས་དང་། །གཞུང་གི་ཆ་འགའ་དཔེ་འཛིན་བྱས། །དེ་ལྟར་སྦྱངས་པའི་འབྲས་རྟགས་ལ། །བསྡུས་གཞུང་དཔེ་མང་བཀོད་ཟིན་ཅིང་། །བློ་རྟགས་གཉིས་ཀྱི་པར་ཡང་བརྐོས། །རྭ་བ་སྟོད་དང་སེ་རར་ཡང་། །བསྡུས་གྲྭའི་གཞུང་གི་ཚོགས་ལང་དང་། །དམ་བཅའ་དག་ཀྱང་འགའ་རེ་བཞག །གཞུང་ལ་ཞུགས་ནས་སེ་ར་ཡི། །ཚོགས་ཆེན་དབུས་སུ་རི་རའི་སྐབས། །ཚོགས་ལང་ལན་བདུན་ལེགས་པར་བྱས། །དབུ་ཕར་འདུལ་མཛོད་བཞི་པོ་ཀུན། བློར་བཟུང་སྐྱོར་ཞིང་མ་བརྗེད་ཐོག །ལྷ་པར་མིང་བདག་བྱས་ནས་ནི། །རྒྱུད་གྲྭར་ཞུགས་ཤིང་དེ་ཉིད་དུ། །དམ་བཅའ་ལན་གསུམ་བར་དུ་བཞག །བཀྲ་ཤིས་ལྷུན་པོར་བསྙེན་རྫོགས་ཆེད། །སོང་ཚེ་དེ་གའི་མཁས་འགའ་དང་། །བརྒལ་བརྟག་བྱས་པས་དེ་དག་གིས། །ཚོགས་ཆེན་དམ་བཅའ་བཞག་ན་ལེགས། །ཟེར་ཡང་ཆགས་སྡང་འོང་སྙམ་སྟེ། །འཇོག་པར་ཁས་ནི་མ་བླངས་སོ། །དེ་ནས་སེ་འབྲས་དགའ་ལྡན་དུ། །དམ་བཅའ་བཞག་སྟེ་རང་ཡུལ་ལ། །འོངས་པས་ལེགས་སྨོན་འབྲེལ་བ་ཡིས། །བཀའ་འགྱུར་ཚར་ཕྱིན་བསྒྲགས་པ་དང་། །མཚན་ཉིད་གྲྭ་ཚང་འདི་ཉིད་ཀྱི། །ཐོག་མའི་བླ་མར་ལེགས་པར་བསྐོས། །དེ་ཚེ་ཀོའུ་ཤྲིའི་ཞབས་ཉིད་དང་། །ལྷན་ཅིག་ཐབས་ཤེས་ཟུང་འབྲེལ་གྱིས། །གྲྭ་ཚང་གསར་དུ་འདེབས་པ་དང་། །བསྒྲིག་ལམ་ཀུན་སྤྱོད་གསར་བཅོས་ཏེ། །འཆད་ཉན་ལེགས་པར་འཕེལ་བར་བྱས། །དེ་ལྟར་ཆོས་དང་འཇིག་རྟེན་གྱིས། །གྲྭ་ཚང་འདི་ལ་ཐོག་མ་རུ། །ཕན་འདོགས་ངེས་པར་ཆེ་ན་ཡང་། །བྱས་བཟོ་མེད་པ་འགའ་ཞིག་གིས། །མ་ཤེས་མོད་ཀྱང་གཞན་དག་མཉེས། །དེ་བཞིན་རྒྱུད་གྲྭ་གསར་བཙུགས་ཀྱི། །ཐོག་མའི་སློབ་དཔོན་བྱས་ནས་ཀྱང་། །རྒྱུད་འགྲེལ་བསྐྱེད་རྫོགས་འཆད་རྩོམ་སོགས། །རྒྱུད་གྲྭར་ཕན་འདོགས་དུ་མ་བྱས། །མདོར་ན་དགོན་འདིའི་མཁན་པོ་དང་། །རྒྱུད་པའི་སློབ་དཔོན་ལན་གཉིས་རེ། །བྱས་ཐོག་དབང་བསྐུར་འཆད་རྩོམ་གྱིས། བསྟན་དང་འགྲོ་ལ་ཕན་མང་བསྒྲུབས། །གྲྭ་ཚང་སློབ་དཔོན་བྱེད་པ་ནས། །ད་ལྟར་རང་ལོ་དོན་གསུམ་པར། །མདོ་སྔགས་དགོངས་འགྲེལ་བསྟན་བཅོས་ཀྱི། །རྩོམ་དཔེ་པོ་ཏི་བཅུ་ལྷག་ཙམ། །བྱུང་འདི་སྔོན་ནས་ད་ཡི་བར། །པར་གྲུབ་ཡོངས་རྫོགས་འགའ་རེ་དང་། །ལེ་ཚན་རང་རང་འདོད་པ་བཞིན། །ཕྱོགས་འདིའི་སྟོད་སྨད་གཡས་གཡོན་དང་། །ཕོ་བྲང་ནང་སོགས་རྒྱ་སོག་གི །ཡུལ་དུ་འཁྱེར་ཏེ་དར་བ ར་གྱུར། །ཚུལ་དེར་མ་ཟད་སེ་ར་ཡི། །གྲྭ་ཚང་བླ་མ་དཀའ་རམ་འགས། །དགོས་ཚུལ་བྱུང་ལྟར་དུ་མ་ཞིག །སྔ་ཕྱིར་པར་ཏེ་བསྐུར་བྱས་པས། །སེ་འབྲས་དགེ་གསུམ་རྒྱུད་པ་འགར། །ཕུལ་དང་བྲིས་པས་དར་གྱུར་ཞེས། །གྲྭ་ཚང་བླ་མ་ཉིད་ཀྱིས་གསུང་། །ང་ལ་རྣམ་ཐར་ཡོད་འདོད་ན། །འདི་ཉིད་རྣམ་ཐར་མཆོག་ཏུ་ཟུངས། །ཕྱོགས་འདིར་སྔ་ནས་ད་ཡི་བར། །མཁས་པ་མ་བྱོན་མིན་ན་ཡང་། །སྨོན་ལམ་བཟང་པོའི་འབྲས་སྨིན་ལས། །རྩོམ་པའི་འབྲེལ་པ་མང་པོ་ཞིག །འཇོག་པའི་དུས་བབ་སྐལ་ལྡན་པ། །བདག་ཉིད་ཁོ་ན་ཡིན་ནམ་སྙམ། །གཞན་ཡང་སྦྱིན་བདག་དད་ལྡན་འགས། །བོས་ཚེ་ཡུལ་གྲོང་དེ་དག་གི །ཕོ་མོ་སྐྱ་སེར་མང་པོ་ལ། །རང་རང་འདོད་པའི་ཆོས་ལུང་དང་། །བསླབ་པ་སྟེར་དང་བན་བོན་འགས། །ཨུ་ཚུགས་ནན་གྱིས་བསྐུལ་བའི་ངོར། །དེ་དག་སོ་སོའི་འདོད་པ་བཞིན། །དེ་བ་རྫོགས་ཆེད་དཔེ་དུ་མའི། །འདོན་ཚུལ་གཡར་ཁྲལ་ཚུལ་དུ་ནི། །དབང་མེད་བྱེད་དགོས་མང་བྱུང་ཡང་། །ཆོས་སམ་དེ་མིན་མ་ཤེས་མོད། །བསམ་བ་རྫོགས་བྱས་དགེ་བར་གྱུར། །གསོན་གཤིན་དོན་དུ་རྡོ་རྗེ་འཇིགས་བྱེད་དང་། །རྣམ་སྣང་ཆོ་གའི་ཚུལ་ལ་མང་ཞུགས་ཏེ། །ཡུལ་ཆོས་དབང་བྱས་གཞན་གྱི་དོན་བསྒྲུབས་ཀྱང་། །རང་གཞན་དོན་གཉིས་འདྲེས་མར་བྱས་སྙམ་སེམས། །དེ་ནས་ནང་གི་རྣམ་ཐར་ནི། །རང་རྒྱུད་འདུལ་ཚུལ་དང་བསྟུན་ཏེ། །ཅུང་ཟད་བརྗོད་བྱ་དེ་ཡང་ནི། །བཀའ་གདམས་གོང་མའི་གསུང་རིགས་ལས། ལྷག་པའི་ལྷ་ཡི་ཞལ་མཐོང་ཙམ། །ཡོན་ཏན་གཙོ་བོར་མི་འཛིན་པར། །རྒྱུད་ལ་བྱམས་པ་སྙིང་རྗེ་དང་། །སེམས་བསྐྱེད་ལྟ་བ་རྣམ་དག་སོགས། །སྐྱེས་ན་ཡོན་ཏན་མཆོག་ཏུ་བཞེད། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་བསྟན་པའི་འཇུག་སྒོ་སྟེ། །འདི་མེད་བསམ་གཏན་གཟུགས་མེད་དང་། །མངོན་ཤེས་ཡོད་ཀྱང་རྒྱལ་བསྟན་ལ། །ཞུགས་པ་མིན་ན་ནང་པ་ཡི། །དམ་ཆོས་ཁྱད་འཕགས་གཞན་ལྟ་ཅི། །དེ་ཉིད་གཞིར་བྱས་ངན་སོང་དང་། །འཁོར་བའི་སྡུག་བསྔལ་ཁྱད་པར་ཀུན། །ལེགས་པར་ཤེས་ནས་ཐར་འདོད་བློ། །ཡང་ཡང་གོམས་བྱས་ངེས་འབྱུང་མཆིས། །གང་ལ་ངེས་འབྱུང་མེད་གྱུར་ན། །དེ་ལ་ཐར་པ་དོན་གཉེར་བློ། །རྣམ་དག་ཡོད་པ་མི་སྲིད་ཕྱིར། །ཐར་འདོད་ཅེས་པའང་ཚིག་ཙམ་འགྱུར། ཁ་ཅིག་ཡིད་ལ་འདི་སྙམ་སེམས། །ངེས་འབྱུང་བློ་ལ་མ་སྦྱངས་པར། །ཐོག་མ་ཉིད་ནས་སངས་རྒྱས་ཀྱི། །གོ་འཕང་ཐོབ་འདོད་འབྱུང་སྲིད་པས། །ངེས་འབྱུང་མེད་ཀྱང་ཐར་འདོད་དང་། །སངས་རྒྱས་དོན་གཉེར་འབྱུང་ངོ་ཟེར། །དེ་ལའང་ངེས་འབྱུང་ཕྱོགས་གཅིག་ཙམ། །ཡོད་ཀྱང་མཚན་ཉིད་མ་རྫོགས་ཕྱིར། །སངས་རྒྱས་ཐོབ་འདོད་དོན་གཉེར་ཡང་། །ཕྱོགས་གཅིག་ཙམ་སྟེ་ཚུལ་འདི་ལ། །བརྒལ་བརྟག་མང་ཡང་འདིར་མི་བརྗོད། །རང་ལ་ཆུང་ངུའི་དུས་སུ་ཡང་། །སྙིང་རྗེ་བཅོས་མིན་རང་ཆས་སུ། །ཡོད་ཅིང་བསམ་ཤེས་བྱམས་སྙིང་རྗེ། །ཡང་ཡང་གོམས་བྱས་ད་ལྟ་ནི། །ཚིག་ཙམ་མ་ཡིན་བཅོས་མིན་མཆིས། །དེ་ཕྱིར་ཉམས་ལེན་སྙིང་པོ་མཆོག །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །གཞན་ཕན་ལྷག་བསམ་རྣམ་དག་དང་། །བྱང་ཆུབ་སེམས་ཀྱི་དམིགས་རྣམ་ལ། །ཉིན་རེ་བཞིན་དུ་གོམས་བྱས་པས། །ལྷག་བསམ་རྣམ་དག་ཡོད་ངེས་ཀྱང་། །བྱང་ཆུབ་སེམས་ནི་སྐྱེས་སོ་ཞེས། །བརྗོད་ཅིང་ཁས་བླངས་ནུས་མ་ལགས། །བྱང་ཆུབ་སེམས་ནི་སྐྱེས་གྱུར་ན། །ཡོན་ཏན་གཞན་དག་མེད་ན་ཡང་། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་རུ། །འགྱུར་བར་ངེས་ཕྱིར་རང་གིས་རང་། །བྱང་ཆུབ་སེམས་དཔར་འདོད་མི་རིགས། །རང་གིས་རློམ་པའི་དབང་བྱས་ན། །ཐེག་པ་ཆེན་པོའི་གཞུང་མང་ལ། །ཐོས་བསམ་འདི་ཙམ་བྱས་པ་དང་། །བྱམས་དང་སྙིང་རྗེ་ལྷག་བསམ་སོགས། །སེམས་བསྐྱེད་སྐྱེ་བའི་རྒྱུ་རྣམས་ལ། །ཡང་ཡང་དེ་ཙམ་འབད་བྱས་པས། བྱང་ཆུབ་སེམས་ནི་བསྐྱེད་སྙམ་ཞིང་། །གལ་ཏེ་དེ་ནི་མ་སྐྱེས་ན། །ཐེག་པ་ཆེན་པོའི་གཞུང་ལུགས་དོན། །ལུང་དང་རིགས་པས་གཏན་ཕབ་པའི། །འབྲས་བུ་མཆོག་དེ་མ་བྱུང་བས། །ལུས་སེམས་ངལ་བ་བརྒྱ་ཕྲག་གིས། །ཐེག་ཆེན་ལ་འབད་དོན་ཆུང་ཞིང་། །གཞན་ལ་བཤད་པའང་ཚིག་ཙམ་སྙམ། །དེ་ཕྱིར་བྱང་ཆུབ་སེམས་མཆོག་ནི། །ཁོ་བོའི་རྒྱུད་དང་རིང་མ་སོང་། །བདག་མེད་རྟོགས་པའི་ལྟ་བ་ལ། །གྲུབ་མཐའ་རྣམ་བཞིའི་ལུགས་ཀྱི་དབང་། །མཆོག་དམན་ཐ་དད་ཡོད་སྲིད་མོད། །ཀུན་ཀྱང་ལྷག་པ་ཤེས་རབ་ཀྱི། །བསླབ་པ་སྐྱེ་བའི་དམིགས་པར་འགྱུར། །ནང་པའི་གྲུབ་མཐའ་རྣམ་བཞི་ལས། །དམའ་བ་བྱེ་བྲག་སྨྲ་བའི་ལུགས། །ཕྱི་རོལ་པས་ནི་རྟག་པའི་བདག །ཁས་ལེན་བྱེ་སྨྲས་དེ་བཀག་ནས། རྟག་གཅིག་རང་དབང་ཅན་ཉིད་ཀྱིས། །སྟོང་པའི་བདག་མེད་བསྒོམས་བྱས་པས། །ཐར་པ་ཐོབ་པར་འགྱུར་ཞེས་འདོད། །དེ་བཞིན་མདོ་སྡེ་པ་དང་ནི། །སེམས་ཙམ་དབུ་མ་རང་རྒྱུད་པ། །རྣམས་ཀྱི་ལུགས་ལའང་ཁྱད་པར་ཡོད། །དེ་ཀུན་བསྒོམ་བྱ་ཡིན་མོད་ཀྱི། །རང་ལུགས་དབུ་མ་ཐལ་འགྱུར་བའི། །ལུགས་བཞིན་ལྟ་བ་བསྒོམ་དགོས་ཤིང་། །དེ་ཡང་མགོན་པོ་ཀླུ་སྒྲུབ་ལུགས། །དཔལ་ལྡན་ཟླ་བས་ཚིག་གསལ་དང་། །དབུ་མ་འཇུག་པར་གཏན་ཕབ་བཞིན། །ཤེས་དགོས་འཕགས་པ་ཡབ་སྲས་ལུགས། །ཇི་བཞིན་འགྲེལ་མཛད་རྗེ་བླ་མའི། །གསུང་རབ་ཚོགས་ལས་འབྱུང་ཞིང་ལྟོས། །བདག་ཀྱང་རྒྱལ་བ་གཉིས་པ་དེའི། །རྗེས་འབྲང་མགོན་པོ་ཀླུ་སྒྲུབ་ཀྱི། །ལུགས་ལྟར་ལྟ་བའི་སྐོར་ལ་སྦྱངས། །དེ་ཚེ་འཕགས་པས་བྱིན་བརླབས་པས། །རྗེ་ཡི་གསུང་ལྟར་ངེས་དོན་གྱི། །ལྟ་བའི་གནད་ལ་ངེས་པ་རྙེད། །དེ་ཡང་དོན་དམ་དཔྱོད་བྱེད་ཀྱི། །རིགས་པས་དཔྱད་ན་མི་རྙེད་ཙམ། །དཀའ་བ་མིན་གྱི་རང་བཞིན་གྱིས། །སྟོང་སང་ནམ་མཁའ་ལྟ་བུ་ལ། །མིང་རྐྱང་བཏགས་ཡོད་ཙམ་ཞིག་གི །དཀར་ནག་ལས་འབྲས་ལ་སོགས་པའི། །བྱ་བྱེད་ཐམས་ཅད་གནོད་མེད་དུ། །འཇོག་ཚུལ་ཤེས་དེ་དཀའ་བ་ཡིན། །མཚོན་ན་འདས་པའི་དངོས་པོ་རྣམས། །ད་ལྟ་མེད་ཀྱང་སྤྱིར་ཡོད་ཅིང་། །དེ་བཞིན་མ་འོངས་དངོས་རྣམས་ཀུན། །ད་ལྟ་མེད་ཀྱང་ཡོད་ངེས་སུ། འདོད་དགོས་དཀར་ནག་ལས་འབྲས་སོགས། །འཁོར་འདས་ཀུན་ཀྱང་རིག་ཤེས་ཀྱིས། །དཔྱད་ནས་རྙེད་པར་མི་འཇོག་ཀྱང་། །མ་དཔྱད་ཐ་སྙད་བློ་ངོ་ལྟར། །ཀུན་རྫོབ་ཏུ་ནི་ཡོད་པར་འདོད། །དེ་ཡང་མེ་ལོང་ཆུ་ནང་གི །གཟུགས་བརྙན་བཞིན་དུ་ཀུན་རྫོབ་རྣམས། །བདེན་པར་སྣང་ཡང་སྣང་བཞིན་སྟོང་། །སྟོང་བཞིན་སྣང་བས་གཞི་གཅིག་ལ། །བདེན་གཉིས་འདུ་བའི་འཇོག་ཚུལ་དེ། །ལེགས་པར་ཤེས་ན་ལྟ་བ་ལ། །མཁས་པར་འདོད་ཀྱི་གཞན་དུ་ན། །རང་བཞིན་གྲུབ་པའི་ཆོས་རྡུལ་ཙམ། །མེད་ཅེས་ཚིག་གིས་བརྒྱ་བརྗོད་ཀྱང་། །སྒྲ་སྤྱི་ཟློས་པ་ཙམ་དུ་ཟད། །དེ་ལྟར་རང་བཞིན་སྟོང་པའི་དོན། །རིགས་པ་བརྒྱ་ཕྲག་དག་གིས་ནི། །ཡང་ཡང་དཔྱད་ཅིང་ངེས་བྱས་པས། །དཔྱད་བསྒོམ་ཙམ་ཞིག་ཡོད་ངེས་ཀྱང་། །བྱིང་རྒོད་རགས་པའི་བྲན་གྱུར་ཏེ། །ཞི་ལྷག་གཉིས་ཀྱི་དབང་བྱས་པའི། །འཇོག་བསྒོམ་ཕྱོགས་གཏོགས་ཙམ་ཞིག་ལས། །མཚན་ཉིད་ཚང་བ་བསྐྱེད་མ་ནུས། །འོན་ཀྱང་བསླབ་གསུམ་ནང་ཚན་གྱི། །ཤེས་རབ་བསླབ་པ་ཡོངས་ངེས་ཏེ། །ལྷག་པ་ཤེས་རབ་བསླབ་པ་ལ། །ཀུན་རྫོབ་དོན་དམ་ལ་དམིགས་གཉིས། །ཀུན་རྫོབ་རིག་པའི་གནས་ལྔ་པོ། །ཅི་རིགས་ཤེས་པའི་ཤེས་རབ་དང་། །དོན་དམ་བདག་མེད་ཕྲ་རགས་ཀུན། །རྟོགས་པའི་བློ་གྲོས་ཉིད་ལ་བཤད། །ལྷག་པ་བསམ་གཏན་བསླབ་པ་ཡང་། །ཕྱོགས་ཙམ་ཡོད་དེ་དེ་ལ་ནི། །ཀུན་རྫོབ་དོན་དམ་ལ་དམིགས་དང་། །དཔྱད་བསྒོམ་འཇོག་བསྒོམ་རྣམ་པ་གཉིས། །སྤྱིར་ནི་དགེ་བའི་དམིགས་རྟེན་ཞིག །དེ་ལ་རིང་ཐུང་གང་ཡིན་ཀྱང་། །རྩེ་གཅིག་གནས་པ་ཙམ་བྱུང་ན། །ཏིང་འཛིན་ཡིན་ཞེས་སྔགས་རིམ་ལས། །བཤད་ཅིང་ཕྱི་ནང་གཉིས་ཀ་ཡི། །ཏིང་འཛིན་བསྒོམ་ཚུལ་མང་འབྱུང་སྟེ། །བསམ་གཏན་ཞེས་པའི་གྲངས་སུ་འགྲོ །སྔགས་ཀྱི་སྐབས་སུ་ལྷ་སྐུ་སོགས། །དམིགས་རྟེན་བྱས་ནས་དཔྱད་བསྒོམ་དང་། །འཇོག་བསྒོམ་བྱ་བའི་ཚུལ་བཤད་ལྟར། །འབད་པས་བརྟན་པོ་མ་བྱུང་ཡང་། །ཞི་ལྷག་རྗེས་མཐུན་གྱིས་བསྡུས་པའི། །བསམ་གཏན་ཤེས་རབ་ཟུང་འབྲེལ་ཙམ། །ཡོད་པར་རང་གི་ཚད་མས་ངེས། །ལྷག་པ་ཚུལ་ཁྲིམས་བསླབ་པ་ལ། །རྣམ་པ་མང་ཡང་མདོར་བསྡུ་ན། །སོ་ཐར་བྱང་སེམས་གསང་སྔགས་ཀྱི། །ཚུལ་ཁྲིམས་བསླབ་པ་ཅི་ནུས་བསྲུང་། །ཚུལ་ཁྲིམས་བསླབ་པ་ཕྲ་བ་ནི། །ལས་འབྲས་ཕྲ་ཞིང་ཕྲ་བ་རུ། །འདུས་ཕྱིར་སངས་རྒྱས་ཁོ་ནའི་ཡུལ། །ད་ལྟའི་སོ་སྐྱེས་ག་ལ་ནུས། །དེ་བཞིན་ཕྱིན་དྲུག་ཕྱོགས་ཙམ་སྟེ། །ཆོས་ཀྱི་སྦྱིིན་པ་དུ་མ་དང་། །དགེ་འདུན་མཆོད་དེ་ཡོན་དུ་མ། །ཕུལ་ཞིང་རང་གི་ལུས་ལོངས་སྤྱོད། །དགེ་ཀུན་གཞན་ལ་གཏོང་བའི་སེམས། །རྒྱུན་ཏུ་གོམས་བྱས་སྦྱིན་པ་དང་། །ཚུལ་ཁྲིམས་སྔར་བཤད་ལྟ་བུ་སྟེ། །རང་དོན་ཁོ་ན་ཡིད་བྱེད་དང་། །བྲལ་ཏེ་བྱང་ཆུབ་སེམས་དཔའ་ཡི། །ཚུལ་ཁྲིམས་མཆོག་ཏུ་མདོ་ལས་བཤད། །ཆོས་ཀྱི་ཕྱིར་རུ་དཀའ་སྤྱད་དང་། །ཆོས་ལ་ངེས་སེམས་བཟོད་པ་རྣམས། །རྟག་ཏུ་ཡོད་ཅིང་སྡུག་བསྔལ་ཀུན། །དང་དུ་ལེན་ཅིག་གནོད་པ་ལ། །བཟོད་པའི་བཟོད་པའང་ཡོད་པའི་ཁུལ། །དགེ་ལ་སྤྲོ་བའི་བརྩོན་འགྲུས་ནི། །རྟག་ཏུ་ཡོད་ཅིང་སེམས་ཅན་དོན། །བྱ་དཀའ་མང་པོ་བསྒྲུབ་པ་དང་། །བྱང་ཆུབ་དོན་དུ་ངན་འགྲོ་རུ། །བསྐལ་བར་གནས་ཀྱང་མི་སྐྱོ་བའི། །གོ་ཆའི་བརྩོན་འགྲུས་ཡོད་པའི་ཁུལ། །དེ་ནས་བསམ་གཏན་ཤེས་རབ་རྣམ་པ་གཉིས། །གོང་དུ་བརྗོད་ཟིན་ཡུམ་གྱི་མདོ་ལས་ནི། །དགོན་ནམ་གྲོང་སོགས་དག་ཏུ་གནས་བྱས་ཀྱང་། །ཉན་རང་ཡིད་བྱེད་དམན་པའི་སེམས་བོར་ཏེ། །གཞན་གྱི་དོན་དུ་བྱང་ཆུབ་བསྒྲུབ་བཞིན་པར། །གཟུགས་སོགས་འདོད་ཡོན་ལྔ་ལ་སྤྱོད་གྱུར་ཀྱང་། །དེ་ནི་བྱང་ཆུབ་སེམས་དཔའི་དབང་བྱས་པའི། །བསམ་གཏན་གནས་དང་དབེན་པའི་མཆོག་ཏུ་བཤད། ༈ །ཡང་ནི་ཐུན་མོང་མ་ཡིན་པའི། །རྣམ་ཐར་རྨི་ལམ་བཟང་ཙམ་ཡན། །དགོས་ཞེས་ནན་ཏན་བསྐུལ་བའི་ལན། །ཡང་དག་འདེབས་རྒྱུ་མི་སྣང་ཡང་། །བསྐུལ་བའི་ངོ་བཟློག་མ་ནུས་པར། །རྨི་ལམ་བཟང་པོ་ཐར་ཐོར་ཞིག། བྱུང་བའི་རྣམ་ཐར་ཐུན་མོང་མིན། །གཟུགས་བརྙན་ཙམ་ཞིག་བརྗོད་པར་བྱ། །དེ་ཡང་གཞོན་ནུའི་དུས་ཀྱི་ཚེ། །སངས་རྒྱས་ལྟ་བུའི་སྐུ་འགའ་ཞིག །ཤར་གྱི་ཕྱོགས་ཀྱི་ནམ་མཁའ་ནས། །ནུབ་ཕྱོགས་འབྱོན་པ་རེ་གཉིས་རྨིས། །དེ་ནི་ཅི་ཡིན་ཤེས་མ་བྱུང་། །སྔ་སོར་ཐུབ་དབང་བྱམས་པ་ཡི། །སྐུ་དང་སྐུ་བརྙན་ཅི་རིགས་པ། །ལན་མང་རྨི་ལམ་འབྱུང་བ་ཞིག །ཡོད་ཀྱང་ཕྱིས་སུ་དེ་མི་སྣང་། །མཚན་ཉིད་བླ་མར་བསྐོས་པའི་སྐབས། །ང་ནི་ལུང་པ་ཞིག་གི་ནང་། །ཤར་དུ་ཕྱོགས་ནས་ཡོད་པའི་ཚེ། །བྱ་དངོས་བྲག་རྩེའི་ནམ་མཁའ་ན། །སྟོན་པ་སྐུ་མདོག་གསེར་བཙོ་མའི། །མདངས་ལྟར་འོད་གསལ་རབ་མཛེས་པ། །སྐྱེས་བུ་ཆེན་པོའི་ཚད་ཙམ་ཞིག །བཞུགས་ཤིང་རང་གི་མདུན་ངོས་གྱི། །ཤར་ཕྱོགས་ནམ་མཁའི་དབྱིངས་ཉིད་ནས། །འཇམ་དབྱངས་དམར་སེར་འོད་དང་བཅས། །རབ་མཛེས་སྐུ་ཞིག་ནུབ་ཕྱོགས་སུ། །འབྱོན་གྱིན་འདུག་པར་ཤུགས་དྲག་པོས། །དད་ཅིང་གསོལ་འདེབས་བྱེད་པ་ན། །ཚུར་བྱོན་བདག་གི་མདུན་དུ་སླེབ། །མགྱོགས་པར་ཕྱག་འཚལ་སྙམ་པའི་ཚེ། །བྱེད་ལོང་མེད་པར་རང་ལ་ཐིམ། །གཉིད་སད་དགའ་སྤྲོས་ལུས་སེམས་བརྟས། །བྱིན་གྱིས་བརླབས་པ་ཡིན་ནམ་སྙམ། །གང་ལྟར་དགའ་བའི་རྨི་ལམ་ཡིན། ཁྲི་བ་སྔོན་མ་བྱེད་པའི་དུས། །ནུབ་ཀྱི་ཕྱོགས་ནས་སྟོན་པའི་སྐུ། །འོད་དང་བཅས་པ་ཆེ་ཙམ་ཞིག །བཞུགས་ཞིང་དེ་ཡི་ཐུགས་ཀ་ནས། །འོད་ཟེར་སྐར་མདའ་ལྟ་བུ་གཉིས། །བཤིབས་ཏེ་བྱུང་བའི་འོད་ཟེར་གཅིག །རང་གི་མགོ་ཐོག་རྒྱང་རིང་སོང་། །གཅིག་ནི་ང་ཡི་མགོ་ཐོག་ཏུ། །ཟུག་གམ་མ་ཟུག་ཐེ་ཚོམ་ཞིང་། །ཟུག་ན་དགའ་སྙམ་སེམས་པའི་ཚེ། །གཉིད་སད་ཡིད་ལ་དགའ་བ་སྐྱེས། །དེ་ཚེ་ཇོ་བོའི་ལྷ་ཁང་ཐོག །ཁྲི་སྟེང་རྗེ་ཉིད་བཞུགས་འདུག་པ། །མཐོང་ནས་བྱིས་སྐས་བཙུགས་པའི་ཐོག །སོང་ནས་ཕྱག་དབང་ཞུ་རྨིས་ཀྱང་། །བར་ཆད་ཅུང་ཟད་ཡོད་པར་ཤེས། །ལམ་གཙོའི་འགྲེལ་པ་རྩོམ་པའི་སྐབས། །ང་ནི་གནས་བཟང་ཞིག་ཏུ་ནི། །ཁ་ནི་ཤར་དུ་ཕྱོགས་གནས་ཚེ། །མདུན་ཐད་ཤར་ཕྱོགས་ནམ་མཁའ་ནས། །མགོན་པོ་ཀླུ་སྒྲུབ་ཞབས་ཀྱི་སྐུ། །གསེར་མདོག་ལྟ་བུ་རབ་མཛེས་ཤིང་། །ཡིད་འཕྲོག་མདངས་དང་རབ་ལྡན་པ། །སྐྱེས་བུ་ཆེན་པོའི་ཚད་ཙམ་ཞིག །ནུབ་ཕྱོགས་འབྱོན་གྱིན་འདུག་པ་ལ། །འདི་ནི་འཕགས་མཆོག་ཀླུ་སྒྲུབ་བོ། །སྙམ་སྟེ་དད་ཅིང་ཐར་སྦྱར་བས། །སྐད་ཅིག་ང་ཡི་མདུན་ཐད་བྱོན། །དགྱེས་པའི་རྣམ་འགྱུར་སྟོན་བཞིན་དུ། །རང་ལ་ཐིམ་སོང་གཉིད་སད་ཚེ། །འདི་ནི་ངེས་པར་བྱིན་རློབ་པའི། །རྨི་ལྟས་བཟང་པོ་ཞིག་ཡིན་ངེས། །སྙམ་དུ་བསམ་ཞིང་ཡིད་ལ་བཟུང་། །རྒྱུད་བླའི་བསྡུས་དོན་རྩོམ་པའི་སྐབས། །བྱམས་སྐུ་དམར་པོ་རབ་མཛེས་ཤིང་། །ཡིད་འཕྲོག་བྱམས་པ་དངོས་ལྟ་བུ། །འོད་དང་བཅས་ཞིག་འདུན་གྱི་མཁར། །བྱོན་བཞུགས་བྱིན་རླབས་མཛད་པ་ལ། །དད་ཤུགས་དྲག་པོས་གསོལ་འདེབས་དང་། །གཉིད་སད་དགའ་སྤྲོ་ཆེ་སྐྱེས་ཤིང་། །ང་ལ་ཡ་མཚན་ཆེ་བསམ་པའི། །བབ་འབྲེལ་དེ་འདྲ་ག་ལ་ཡོད། །སྙམ་དུ་ཤར་བས་དགའ་རབ་ཡིན། །གཞན་ཡང་སྨན་བླ་མི་འཁྲུགས་པ། །འོད་དཔག་མེད་གསུམ་དངོས་ལྟ་བུ། །རྨི་ལམ་ལན་འགའ་བྱུང་གྱུར་ཏེ། །གསོལ་འདེབས་མང་དུ་བྱས་པ་ཡི། །ཐུགས་རྗེ་ཡིན་ནམ་སྙམ་དུ་བསམ། །ཡང་གཅིག་ཇོ་བོའི་ལྷ་ཁང་སྟེང། །འཇམ་དབྱངས་འཇིགས་བྱེད་རྗེ་རྣམ་གསུམ། །བསྒྲིགས་ནས་བཞུགས་པ་རྨིས་པ་བྱུང་། །ན་ནིང་བཅུ་པའི་ནང་ཉིད་དུ། །ང་ནི་ལམ་ནས་ཤར་ཕྱོགས་སུ། །འགྲོ་བའི་མདུན་ཐད་ཤར་ངོས་ནས། །མི་གཉིས་བཤིབས་ཏེ་འོང་བ་ཡི། །གཡས་ཀྱི་དེ་ཉིད་འཇམ་པའི་དབྱངས། །ཡིན་པར་མཐོང་ནས་རྒྱུགས་བྱས་ཏེ། །རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །བཅུ་དྲུག་ལོན་པའི་ན་ཚོད་ཅན། །གང་དུ་འབྱོན་ཞེས་ཚིག་བརྗོད་ཅིང་། །སྐུ་ལ་འཇུས་ཤིང་འཁྱུད་པ་ན། །གཉིད་སད་དགའ་སྤྲོ་ཁྱད་ཅན་སྐྱེས། །བདེ་མཆོག་རྒྱུད་འགྲེལ་དེ་རྩོམ་ཚེ། །རྗེ་ཉིད་འབྱོན་གྱིན་ཡོད་དོ་ཞེས། །སྒྲ་འུར་བཅས་ཏེ་བྱུང་བ་ན། །བལྟས་པས་རྗེ་ཉིད་འབྱོན་འདུག་པས། །དད་ཅིང་ཕྱག་བྱར་འདོད་པ་ན། །གཉིས་སད་དགའ་བ་ཅུང་ཟད་སྐྱེས། །གཞན་ཡང་རྗེ་ཡི་རྟོགས་བརྗོད་ཀྱི། །འགྲེལ་པ་བྱེད་དུས་ཁྲི་སྟེང་ན། །རྗེ་ཉིད་བཞུགས་ལ་ཕྱག་འཚལ་རྨིས། །དེ་སོགས་གཞན་ཡང་ཡོད་གྱུར་ཀྱང་། །ཁྱད་འཕགས་ཡིན་ནམ་སྙམ་པ་ནི། །དྲིས་ལན་འགྲེལ་པ་དེ་རྩོམ་པའི། །ཐོག་ཐ་བར་གསུམ་དག་ཏུ་ནི། །རྗེ་ཉིད་ཤིན་ཏུ་མཛེས་པའི་སྐུ། །ལྟ་བས་ཆོག་མི་ཤེས་པ་ཞིག །འཛུམ་པ་དང་ལྡན་པཎ་ཞྭ་དང་། །ཆོས་གོས་གསོལ་བ་ལྷ་ལྟ་བུ། །སྔ་ཕྱི་མ་འགྱུར་གཅིག་པ་ཉིད། །ལན་གསུམ་ཟློས་ཏེ་བྱུང་ནས་ནི། །དགྱེས་པའི་རྣམ་འགྱུར་སྟོན་རྨིས་པ། །འདི་ནི་ངེས་པར་དགའ་རབ་ཞིག །ཡིན་ནམ་སྙམ་དུ་མ་བརྗེད་ཡོད། །འགའ་ཞིག་ད་ལྟ་བརྗེད་སོང་ཞིང་། །སྒྲོལ་མའི་སྐུ་སྟོད་དངོས་བསྟན་ཏེ། །སྐུ་སྨད་སྤྲིན་དུ་སྦས་པ་དང་། །ནུ་མ་གཡས་པའི་ནུ་ཞོ་ནི། །རང་ལ་བླུད་པ་སོགས་ཀྱང་རྨིས། །གཞན་ཡང་བདེ་མཆོག་འཇིགས་བྱེད་སོགས། །ལྷ་འགའི་སྐུ་བརྙན་རྨི་ལམ་དུ། །བྱུང་བ་ཡོད་དེ་རྨི་ལམ་ལ། །ངེས་པ་མེད་པས་འདིར་མ་བཀོད། །སྤྱིིར་ནི་གཞན་ལ་ཕན་ཐོགས་པའི། །དཔེ་རྩོམ་བྱེད་པའི་དུས་སུ་ནི། །རྨི་ལམ་བཟང་པོ་རེ་འབྱུང་བས། །རྨི་ལམ་བཟང་ཙམ་མང་དུ་བྱུང་། །རྨི་ལམ་སྒྱུ་མ་མིག་འཕྲུལ་སོགས། །སྣང་བ་ལྟར་དུ་མ་གྲུབ་པས། །དེ་ལ་བདེན་པའི་དངོས་པོ་རུ། །བཟུང་བར་བྱ་བ་ག་ལ་ཡོད། །ཐུན་མོང་མ་ཡིན་རྣམ་ཐར་གཟུགས་བརྙན་དང་། །རྨི་ལམ་ལྟ་བུར་བསྟན་ཕྱིར་རྨི་ལམ་དུ། །འཁྲུལ་བའི་སྣང་བ་སྔ་ཕྱིར་འབྱུང་བ་འགའ། །འཁྲུལ་གཏམ་ལྟ་བུར་གཞན་གྱི་འདོད་ངོར་བསྒྲགས། ༈ །ད་ནི་དགེ་སྦྱོར་གཞན་འགའ་ཞིག །ཇི་ལྟར་བྱས་པའི་ཚུལ་ཙམ་ཞིག །དད་ལྡན་དག་གིས་བསྐུལ་བ་ལྟར། །བརྗོད་ཀྱིས་རང་ཉིད་སྒྲོགས་ཕྱིར་མིན། །དེ་ཡང་ཉིན་ཞག་ཕྲུག་གཅིག་ལ། །མཚོན་ན་གཞན་རྣམས་ཤེས་འགྱུར་བས། །ནང་པར་ལྟུང་བཤགས་ནས་འབྱུང་སོགས། །སངས་རྒྱས་བྱང་སེམས་ཉིས་བརྒྱ་དང་། །ཉི་ཤུའི་སྐོར་གྱི་མཚན་བརྗོད་དེ། །ཕྱག་མཆོད་ཡན་ལག་བདུན་པ་དང་། །སྐྱབས་འགྲོ་སྨོན་འཇུག་སྡོམ་ལེན་ཞིག །ཚད་མེད་བཞི་དང་བཅས་ལ་འབད། །དེ་ནས་འགྱུར་སྔགས་གཉིས་བརྗོད་དེ། །དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་། །འཇམ་དབྱངས་གཉིས་དང་དབྱངས་ཅན་མའི། །སྙིང་པོ་བརྗོད་དེ་དམིགས་སྐོར་གྱི། །རིམ་པས་ངག་ལ་བྱིན་རླབས་གཉིས། །དེ་ནས་འཇམ་དབྱངས་དཀར་པོ་ཡི། །སྙིང་པོ་ཉེར་གཅིག་བཟླ་བ་དང་། །ཝཱ་གི་ཤྭ་ར་བཅྭོ་ལྔ་ཙམ། །འོད་ཟེར་ཅན་དང་རི་ཁྲོད་མ། །སོར་འབྲང་གདུགས་དཀར་ནོར་རྒྱུན་མ། །ཀུ་རུ་ཀུ་ལེ་ཙུནྡ་དང་། །ཁྲོ་གཉེར་ཅན་དང་རལ་གཅིག་མ། །འབྱུང་འདུལ་ལྷ་མོ་ནག་མོ་དང་། །སེངྒེའི་སྒྲ་དང་སྨན་བླ་དང་། །བདེ་གཤེགས་སྤྱི་སྙིང་གཙུག་ཏོར་ཅན། །ཀླུ་དབང་རྣམ་སྲས་འཁོར་བཅས་ཀྱི། །སྔགས་རྣམས་ལན་ནི་བདུན་རེ་དང་། །གཙུག་ཏོར་འབར་བ་ཟླ་བའི་འོད། །རྡོ་རྗེ་སྡེར་མོ་སྟོབས་པོ་ཆེ། །བདུད་རྩི་འཁྱིལ་བའི་སྔགས་རིང་སོགས། །བརྗོད་དེ་ལྷ་ཚོགས་དེ་དག་ནི། །མ་བརྗེད་ཙམ་དང་དྲན་ཙམ་བྱས། ༈ །དེ་ནས་རྣམ་འཇོམས་མངོན་རྟོགས་དང་། །གཟུངས་རིང་ཚར་གཅིག་འབྲིང་པོ་གསུམ། །གཟུངས་ཐུང་དེ་ལས་མང་ཙམ་བརྗོད། །རྟ་མགྲིན་ཕྱག་རྡོར་གཏུམ་པོ་དང་། །མི་གཡོ་མགོན་གསུམ་ཚོགས་ཞིང་དུ། །བྱས་ཏེ་ཡན་ལག་བདུན་པའི་མཐར། །རང་ལ་བསྟིམ་ནས་རྟ་མགྲིན་སོགས། །དེ་དང་དེ་རུ་རིམ་བསྒོམས་ཏེ། །རྟ་མགྲིན་ཕྱག་རྡོར་རྣམ་གཉིས་ཀྱི། །སྔགས་ནི་ཅི་འགྲུབ་ཙམ་ཞིག་དང་། །མི་གཡོ་མགོན་གྱི་སྙིང་པོ་ནི། །ཕྲེང་སྐོར་གཅིག་ཙམ་རྒྱུན་ཏུ་བརྗོད། །༈ དེ་ནས་ཚེ་དཔག་འཁོར་བཅས་རྣམས། །ཚོགས་ཞིང་བྱས་ཏེ་ཕྱག་མཆོད་སོགས། །ཡན་ལག་བདུན་དང་དེ་ཡི་མཇུག །ཉི་གཞོན་འཆར་ཀ་མ་ཉིད་དང་། །གསོལ་འདེབས་བྱས་མཐར་རང་ཉིད་ལ། །བསྟིམས་ནས་དེར་བསྒོམས་ས་བོན་གྱིས། །སྣོད་བཅུད་ནུས་པ་ཕུན་ཚོགས་སོགས། །བཀུག་ནས་རང་ལ་བསྟིམ་པ་དང་། །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱང་། །ཚེ་དཔག་མེད་ཀྱི་རྣམ་པ་རུ། །སྤྱན་དྲངས་བསྟིམ་ནས་དེར་བསྒོམས་ཏེ། །གཟུངས་ཐུང་བརྒྱ་ཚར་གཟུངས་རིང་ཀྱང་། །ཅི་འགྲུབ་བཟླས་ཏེ་དམིགས་སྐོར་བྱས། །དེ་ནས་ནམ་མཁར་པད་སྡོང་སྟེང་། །སེང་ཁྲིར་ཐུབ་པའི་དབང་པོའི་མཐར། །བྱམས་པ་འཇམ་དབྱངས་སྤྱན་རས་གཟིགས། །ཕྱག་རྡོར་དེ་མཐར་གཡས་གཡོན་རྒྱབ། །རྒྱ་ཆེར་ཟབ་མོ་ལྟ་བརྒྱུད་དང་། །རྡོ་རྗེ་འཆང་ལ་སྔགས་བརྒྱུད་ཀྱི། །བླ་མ་རྣམས་ཀྱིས་བསྐོར་བ་དང་། །སྟེང་དུ་རྗེ་དང་ཇོ་བོ་ལ། །དངོས་ཀྱི་བླ་མས་བསྐོར་བ་ཞིག །ཟུར་དུ་བྱས་ཤིང་དེ་ཀུན་གྱི། །མཐར་ནི་རྒྱུད་སྡེ་བཞི་འབྲེལ་གྱི། །ལྷ་ཚོགས་རྣམས་དང་སངས་རྒྱས་དང་། །བྱང་སེམས་ཉན་རང་དཔའ་བོ་དང་། །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ཀྱིས། །བསྐོར་བ་བསྐྱེད་ཅིང་སྤྱན་དྲངས་བསྟིམ། །སོ་སོར་ཕྱག་དང་མཆོད་པ་སོགས། །ཡན་ལག་བདུན་པ་རྒྱས་ཙམ་དང་། །མཆོད་པའི་སྤྲིན་གྱི་གཟུངས་ཀྱང་ཏོན། །སླར་ཡང་གསོལ་འདེབས་ཚིགས་བཅད་དང་། །ཚིག་ལྷུག་བྱས་པ་ལན་བདུན་སོགས། །སོ་སོར་བརྗོད་ཅིང་ངེས་འབྱུང་དང་། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཕྱིན་དྲུག་བསླབ་གསུམ་རིམ་གཉིས་སོགས། །སྐྱེ་བའི་གསོལ་གདབ་ལན་མང་དང་། །སྐྱེ་ཀུན་རྗེས་སུ་འཛིན་པ་ཡི། །གསོལ་འདེབས་ལ་སོགས་བྱས་བའི་མཐར། །འོད་ཀྱི་རྣམ་པར་རང་ཉིད་ཀྱི། །སྙིང་ཁར་ཐིམ་ནས་བྱིན་རླབས་པར། །མོས་ཏེ་ངེས་འབྱུང་བྱམས་སྙིང་རྗེ། །ལྷག་བསམ་སེམས་བསྐྱེད་ལྟ་བ་ཡི། །དམིགས་སྐོར་ཚིག་ཙམ་མ་ཡིན་པར། །ཡིད་ཁུལ་ངེས་པ་དག་ལ་འབད། །དེ་ཚེ་སྤྱོད་པ་ཕྱིན་དྲུག་ལ། །སློབ་པའི་བསམ་པ་ཤུགས་དྲག་པོས། །འཕགས་པ་རིགས་གསུམ་མགོན་པོ་ཡི། །སྤྱོད་པ་ཇི་བཞིན་སྤྱོད་འགྱུར་པའི། །སྨོན་ལམ་སྐབས་འདིར་མ་ཟད་ཀྱི། །སྔར་ནས་བསམས་ཤིང་ལེགས་པར་བཏབ། །འདི་ནི་ང་ཡི་སེམས་བསྐྱེད་དུ། །གོ་བར་གྱིས་ལ་ཉམས་སུ་ལོངས། །༈ དེ་ནས་ཐུབ་དབང་བྱམས་འཇམ་དབྱངས། །སྤྱན་རས་གཟིགས་དང་ཕྱག་རྡོར་དུ། །རིམ་བཞིན་བསམས་ཏེ་དེ་དག་གི །སྙིང་པོ་ཕྲེང་སྐོར་རེ་ཙམ་བརྗོད། །དེ་ནས་དམ་ཚིག་རྡོ་རྗེ་ཡི། །བསྒོམ་བཟླས་བྱས་ནས་སྤྱི་གཙུག་ཏུ། །རྡོར་སེམས་བསྐྱེད་བསྟིམ་ཡིག་བརྒྱ་ནི། །ཉེར་གཅིག་ཙམ་རེ་བརྗོད་པར་བྱས། །དེ་ནས་གསང་འདུས་རྒྱས་བསྡུས་ལས། །གཙོ་ཆེར་བསྡུས་པའི་བསྒོམས་བཟླས་དང་། །འཇིགས་བྱེད་བཅུ་གསུམ་དཔའ་གཅིག་གཉིས། །གཙོ་ཆེར་བདུད་ལས་རྣམ་རྒྱལ་གྱི། །ཞི་ཁྲོའི་བསྒོམ་བཟླས་བྱས་པའི་མཐར། །བཅུ་གསུམ་ལྷ་ཚོགས་སྙིང་ཁ་རུ། །བཀོད་དེ་བཟླས་པ་ཅི་འགྲུབ་བྱས། །དེ་ནས་བདེ་མཆོག་རྒྱས་བསྡུས་ལས། །གཙོ་ཆེར་ལྷ་ལྔའི་བསྒོམ་བཟླས་བྱས། །མཇུག་ཏུ་ལུས་དཀྱིལ་ལྷ་རྫོགས་པར། །ལུས་ལ་གསལ་བཏབ་དེ་དག་གི །སྙིང་པོ་བསྡུས་པ་ཧཱུཾ་བཾ་སོགས། །ཅི་འགྲུབ་གོ་ཆའི་སྔགས་གཉིས་དང་། །རྩ་སྔགས་བཅས་བཟླས་འོད་གསལ་དུ། །བསྡུས་ནས་ལྡང་ཞིང་སྨོན་ལམ་བྱས། །དེ་ནས་ཀུན་རིག་ཚོགས་ཞིང་ནི། །ཟུར་དུ་བཀོད་ལྟར་གསལ་བཏབ་ནས། །ཡན་ལག་བདུན་བྱས་གསོལ་བཏབ་མཐར། །སྙིང་ཁར་བཀོད་དེ་སྙིང་པོ་རྣམས། །ཅི་འགྲུབ་བཟླས་ཤིང་སྦྱོང་རྒྱུད་ནས། །འབྱུང་ལྟར་རིགས་ལྔའི་སྔགས་རིང་རྣམས། །ཅི་འགྲུབ་བཟླས་ཤིང་འཇུག་སྡུད་བྱས། །དེ་ནས་གཞན་ཞིག་བྱས་མོད་ཀྱང་། །མ་བཀོད་མཚན་བརྗོད་ཚར་གཅིག་བསྒྲགས། །བདེ་གསང་གཉིས་ཀྱི་རྒྱུད་དག་ལས། །ལེའུ་རེ་གཉིས་ལ་སོགས་པ། །ཅི་འགྲུབ་ཏོན་ཏེ་སྔ་དྲོ་ཡི། །འདོན་པའི་རིམ་པ་འགྲུབ་པར་བྱས། །༈ དེ་ནས་དཔེ་ལ་བལྟ་བ་དང་། །རྩོམ་པའི་རིམ་པ་ལ་སོགས་པ། །ལུགས་གཉིས་བྱ་བ་ཅི་རིགས་དང་། །ཐར་པ་ཆེན་པོོ་ནས་འབྱུང་བའི། །སངས་རྒྱས་བྱང་སེམས་རྣམས་ཀྱི་མཚན། །རྫོགས་པར་ལོགས་སུ་བཀོད་པ་དང་། །སྤྲིན་ཆེན་མདོ་དང་མུན་སེལ་དང་། །མེ་ཏོག་ཚོགས་དང་པད་དཀར་དང་། །སངས་རྒྱས་བཅུ་པ་བཀྲ་ཤིས་བརྒྱད། །དྲ་བ་ཅན་འོད་ཁྱེའུ་ཞུས་མདོ། །སངས་རྒྱས་དབུ་རྒྱན་སྟོབས་བསྐྱེད་དང་། །མདོ་སྡེ་རིམ་ལྔ་གསེར་འོད་དང་། །སྤང་སྐོང་ཕྱག་རྒྱ་ནས་འབྱུང་བའི། །སངས་རྒྱས་བྱང་སེམས་མཚན་རྣམས་དང་། །ལྔ་སྟོང་བཞི་བརྒྱ་ལྔ་བཅུ་ནས། །གསུངས་པའི་མཚན་སྔགས་རབ་སྤེལ་བ། །བརྒྱ་ལྷག་སྐོར་དང་གཞན་ཡང་ནི། །བསམ་གྱིས་མི་ཁྱབ་མདོ་ཉིད་ནས། །འབྱུང་བའི་སངས་རྒྱས་བཅུ་རྣམས་དང་། །སངས་རྒྱས་བཅུ་གཉིས་སར་འབྱུང་བའི། །བདེ་བར་གཤེགས་པ་བཅུ་གཉིས་དང་། །འཇམ་དཔལ་ཞིང་བཀོད་ནས་འབྱུང་བའི། །སངས་རྒྱས་བྱང་སེམས་མཚན་བཅས་ནི། །ཉི་མ་གཅིག་ལ་འདོན་པའམ། །ཡང་ན་དོན་ཞགས་གཟུངས་རིང་དང་། །གཙུག་ཏོར་དྲི་མེད་གཟུངས་རིང་དང་། །གསང་བ་རིང་བསྲེལ་རྒྱན་འབུམ་གསུམ། །སྟོན་པ་ཉེ་བའི་སྲས་བརྒྱད་ཀྱི། །གཟུངས་རིང་རྣམས་དང་སྟོང་འགྱུར་དང་། །ཀུན་བཟང་གཟུངས་རིང་ཞེས་བྱ་དང་། །དཀོན་མཆོག་ཡེ་ཤེས་ཏ་ལ་དང་། །ཡིད་བཞིན་འ ཁོར་ལོ་སྟོང་ཆེན་གཟུངས། །འཆི་མེད་རྔ་སྒྲ་སྒོ་མཐའ་ཡས། །རྣམ་སྣང་འོད་ཀྱི་རྒྱལ་པོ་ཡི། །གཟུངས་རིང་གཉིས་དང་དཔལ་ཆེན་དང་། །རྨ་བྱའི་ཡང་སྙིང་འཛམ་ལ་དང་། །ནོར་རྒྱུན་གཉིས་ཀྱི་གཟུངས་རིང་དང་། །འཇམ་དབྱངས་སྡིག་པ་ཞི་བྱེད་དང་། །སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་སྔགས། །ཤེར་ཕྱིན་མཚན་སྔགས་ལང་གཤེགས་སྔགས། །ཉི་ཁྲི་བསྡུས་གཟུངས་དེ་ཡི་སྔགས། །སྟོང་ཕྲག་བརྒྱ་པ་གཟུང་འགྱུར་དང་། །བརྒྱད་སྟོང་ཏིང་འཛིན་རྒྱལ་པོའི་སྔགས། །ཕལ་བོ་ཆེ་སྔགས་ཕར་ཕྱིན་བཅུ། །ཐོབ་འགྱུར་ཚོགས་བདག་བདུད་གཞོམ་སྔགས། །སངས་རྒྱས་ཡན་ལག་དང་ལྡན་དང་། །ཚིགས་བཅད་གཉིས་པ་སྒོ་དྲུག་གཟུངས། །འཕགས་པ་གདོན་མི་ཟ་བ་དང་། །སྡིག་སྒྲིབ་ཀུན་འཇོམས་ཆགས་པ་མེད། །ཡངས་པའི་གྲོང་ཁྱེེར་འཇུག་པ་དང་། །འདོན་པ་འབུམ་འགྱུར་འགྲོ་བའི་སྔགས། །སྨོན་ལམ་དོན་འགྲུབ་མི་བརྗེད་གཟུངས། །གོས་ཐོབ་ཡིད་འོང་ཚིག་བཙན་དང་། །ལས་འགྲུབ་མཆོག་ཐོབ་སྔགས་རྣམས་ནི། །ཉི་མ་གཅིག་ལ་འདོན་པར་བྱས། །མདོར་ན་སྔོན་དུས་གཟུངས་སྔགས་དང་། །སངས་རྒྱས་བྱང་སེམས་མཚན་དེ་རྣམས། །ཉིན་གཅིག་ལ་ནི་རྫོགས་བྱས་ཀྱང་། །ད་ལྟ་འདོན་རྒྱུ་གཞན་མང་སྟབས། །རེ་མོས་བྱས་ཏེ་འདོན་པར་བརྩོན། །ཕྱི་དྲོ་སླར་ཡང་མཚན་བརྗོད་དང་། །སྟོན་པ་ཉེ་བའི་སྲས་ཆེན་བརྒྱད། །ཛཾ་ལ་ལྷ་མོ་ནག་མོ་ཡི། །མཚན་བརྒྱ་བརྒྱད་པ་རྣམས་ལས་ནི། །གསུམ་རེ་རེ་མོས་བྱེད་པ་དང་། །གཞན་ཡང་སྔགས་ཚན་དུ་མ་ཞིག །ལོགས་སུ་བྲིས་ནས་ཡོད་པ་དང་། །སྡུད་པ་རྡོར་གཅོད་མངོན་རྟོགས་རྒྱན། །ལམ་སྒྲོན་ལམ་གཙོ་རྗེས་མཛད་དང་། །རིན་པོ་ཆེ་ཡི་མཐའ་ཉིད་དང་། །འཇམ་དཔལ་གནས་པ་ཆོས་བཞིའི་མདོ། །ཆོས་བཅུ་འདའ་ཀ་ཡེ་ཤེས་དང་། །འདུ་ཤེས་བཅུ་གཅིག་རྒྱལ་བློས་ཞུས། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །མཚན་མཆོག་བརྒྱ་རྩ་བརྒྱད་པ་དང་། །བཟང་སྤྱོད་རྣམས་ལས་གང་ཐུབ་ཏོན། །གཞན་ཡང་བརྒྱ་རྩ་བསྡུས་པ་དང་། །རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་གཉིས། །རྐྱེན་དབང་མ་གཏོགས་མ་ཆགས་ཙམ། །སྔོན་དུས་སྒྲོལ་མ་རྣམ་རྒྱལ་མའི། །གཟུངས་རིང་ཚར་ནི་ཉེར་གཅིག་རེ། །ད་ལྟ་འདོན་རྒྱུ་གཞན་མང་སྟབས། །དེ་གཉིས་བཅྭོ་ལྔ་བཅུ་གསུམ་ནས། །མ་ཐ་བདུན་རེ་སྔོན་དུས་ནས། །ད་ལྟའི་བར་དུ་ཅི་ཙམ་ཞིག །བྲེལ་བ་བྱུང་ཡང་ཆགས་པ་མེད། །སྒྲོལ་མའི་ཡི་གེ་བཅུ་པ་དང་། །དམ་བཅས་གཟུངས་དང་རྣམ་རྒྱལ་མའི། །གཟུངས་ཐུང་རྣམས་ཀྱང་བརྒྱ་རྩ་རེ། །གཞན་ཡང་མི་འཁྲུགས་པ་ཡི་གཟུངས། །ཕལ་ཆེར་ཉེར་གཅིག་རེ་བརྗོད་ཅིང་། །བྱམས་པའི་གཟུངས་རིང་འཇམ་དཔལ་ཀྱི། །ཤེས་རབ་བློ་འཕེལ་སྤྱན་རས་གཟིགས། །བཅུ་གཅིག་ཞལ་གྱི་གཟུངས་རིང་རྣམས། །སྔོན་ཚེ་ཉེར་གཅིག་རེ་ཏོན་ཀྱང་། །ད་ལྟ་ཕལ་ཆེར་བཅྭོ་ལྔ་དང་། །བཅུ་གཅིག་དགུ་དང་མ་ཐ་བདུན། །དེ་བཞིན་ཚུལ་ཁྲིམས་རྣམ་དག་དང་། །དོན་ཞགས་གཟུངས་ཐུང་སྤྱན་རས་གཟིགས། །དྲན་དང་ཡིད་བཞིན་འཁོར་ལོའི་གཟུངས། །ཨུཥྞི་ཥ་དང་གསེར་བཟང་དང་། །གཙུག་ཏོར་དྲི་མེད་གཟུངས་ཐུང་དང་། །དེ་བཞིན་གཤེགས་པའི་ཡེ་གེ་བརྒྱ། །བཻ་ཌཱུཪྱ་སྣང་གཟུངས་རྣམས་ཀྱང་། །བཅྭོ་ལྔ་མ་ཐ་བདུན་ཙམ་ཞིག །།ཅི་ཙམ་བྲེལ་ཡང་མ་ཆགས་སོ། །༈ དེ་ནས་མཚན་མོ་འགོ་ཉེ་ནས། །བདེ་མཆོག་བསྐྱེད་ཆོག་བསྡུས་པ་ལ། །བརྟེན་ནས་པདྨ་འདབ་སྟོང་སྟེང་། །འཁོར་ལོ་ལྔ་བསྐྱེད་དབུས་སུ་ནི། །སེང་ཁྲི་པད་ཉིའི་གདན་སྟེང་དུ། །བདེ་མཆོག་རྩ་བའི་བླ་མ་དང་། །དབྱེར་མེད་བྱས་ནས་བསྐྱེད་པ་ཡི། །མཐའ་སྐོར་འཁོར་ལོ་ལྔ་ཡི་སྟེང་། །སྙིང་པོའི་རྣལ་འབྱོར་མ་བཞི་དང་། །འཁོར་ལོ་གསུམ་དང་སྒོ་མཚམས་བརྒྱད། །དེ་མཐར་རྒྱལ་བ་ཞི་ཁྲོ་དང་། །སྟེང་དུ་རྡོ་རྗེ་འཆང་ལ་སོགས། །བསྐྱེད་ཅིང་བསྟིམས་ནས་ཕྱི་ནང་གསང་། །ཡན་ལག་བདུན་དང་ཏིང་འཛིན་གྱི། །དབང་བཞི་བླངས་ཏེ་གསོལ་གདབ་མང་། །བྱས་མཐར་འཁོར་རྣམས་གཙོ་བོ་ལ། །བསྡུས་ཏེ་རང་གི་ཚངས་བུག་ནས། །ཞུགས་ནས་རང་གི་རྩ་འཁོར་ནང་། །མི་ཤིགས་ཐིག་ལེའི་དབུས་སུ་ནི། ཧཱུཾ་ཡིག་ཚུལ་དུ་བླ་མ་ལྷ། །རང་སེམས་དབྱེར་མེད་བྱས་ཏེ་བསམ། །རྫོགས་རིམ་མཚན་ཉིད་ཚང་བ་ཞིག །མ་ནུས་མོད་ཀྱང་དེ་ཉིད་ཀྱིས། །རྫོགས་རིམ་ཆ་ཙམ་མཚོན་པར་བྱས། །དེ་ནས་ཕྱོགས་བཅུའི་དཔའ་བོ་དང་། །དཔའ་མོ་ཐམས་ཅད་བདེ་མཆོག་གི །ལྷ་མཆོག་རྣམས་དང་དབྱེར་མེད་དུ། །མོས་ནས་སྤྱན་དྲངས་ལུས་ཀྱི་ཆར། །ཐིམ་ཞུགས་མོས་ཤིང་སྔགས་གསུམ་གྱིས། །ལུས་དཀྱིལ་ཉིད་དུ་གྱུར་བསམས་ཏེ། །བཟླས་པ་ཐམས་ཅད་རྫོགས་བྱས་ནས། །སྨོན་ལམ་བཏབ་ཅིང་མཇུག་སྡུད་བྱས། །༈ དེ་ནས་རང་ཉིད་མི་བསྐྱོད་པར། །བསྒྱུར་ཏེ་མདུན་གྱི་ནམ་མཁའ་རུ། །སྔར་བཞིན་པད་སྡོང་སེང་ཁྲིའི་སྟེང་། །རྗེ་བཙུན་ཙོང་ཁ་པ་ལ་སོགས། །འདུས་པའི་རྩ་བརྒྱུད་བླ་མ་དང་། །དབྱེར་མེད་རྡོ་རྗེ་འཆང་བསྐྱེད་དེ། །སྐུ་ལ་ལུས་དཀྱིལ་ལྷ་བཀོད་ཅིང་། །དེ་མཐར་རྣམ་སྣང་ལ་སོགས་པ། །འདུས་པའི་ལྷ་ཚོགས་ཡི་དམ་དང་། །སངས་རྒྱས་བྱང་སེམས་ལ་སོགས་ཀྱིས། །བསྐོར་དང་སྟེང་གི་ཆ་ལ་ནི། །འདུས་པའི་རྩ་བརྒྱུད་བླ་མ་ལ། །མདོ་སྔགས་བླ་མའི་ཚོགས་རྣམས་ཀྱིས། །བསྐོར་ནས་བཞུགས་བསྐྱེད་སྤྱན་དྲངས་བསྟིམ། །ཕྱི་ནང་གསང་བའི་མཆོད་པ་ནི། །ཡན་ལག་བདུན་བཅས་བྱས་པའི་མཐར། །ཐུན་མོང་ཐུན་མོང་མ་ཡིན་པའི། །རིགས་ལྔའི་སྡོམ་གཟུངས་བཅས་བྱས་ཏེ། །དམིགས་བརྩེ་མ་ནི་ཉེར་གཅིག་བརྗོད། །འོན་ཀྱང་རྐང་པ་བཞི་པ་ལ། །དབྱེར་མེད་རྡོ་རྗེ་འཆང་ལ་གསོལ་བ་འདེབས་སོ། །ཞེས་པར་བསྒྱུར་ནས་ཏོན་བྱས་ཤིང་། །དེ་ཚེ་རྩ་བའི་བླ་མ་དང་། །རྗེ་ཉིད་རིགས་གསུམ་མགོན་པོ་རྣམས། །དབྱེར་མེད་མོས་ཏེ་གསོལ་འདེབས་བྱས། །དེ་ནས་ཏིང་འཛིན་དབང་བཞི་དང་། །གསོལ་གདབ་ལ་སོགས་བདེ་མཆོག་སྐོར། །བཤད་བཞིན་བསྒོམ་བཟླས་རྫོགས་པར་བྱས། །འོན་ཀྱང་ཕྱོགས་བཅུའི་རྒྱལ་བའི་ཚོགས། །འདུས་པའི་ལྷ་དང་དབྱེར་མེད་དུ། །བྱས་ནས་ལུས་ཀྱི་ཆ་རྣམས་ལ། །ཞུགས་ནས་དེ་དང་དབྱེར་མེད་པར། །བཞུགས་མོས་རིམ་གྱིས་ཚིག་བརྗོད་ནས། །གསལ་བཏབ་སོ་སོའི་བཟླས་པ་དང་། །མཐར་ནི་ཡབ་ཡུམ་སྦྱོར་མཚམས་ནས། །སྤྲོས་པའི་འོད་ཟེར་ཕྱོགས་བཅུར་སོང་། །སེམས་ཅན་ཀུན་གྱི་སྒྲིབ་སྦྱངས་ནས། །ཧཱུཾ་དང་དེ་རྣམས་རྡོ་རྗེ་འཆང་། །ཉིད་གྱུར་རང་ལ་ཐིམ་ཚུལ་སོགས། །བདག་བསྐྱེད་མཇུག་ཏུ་འབྱུང་ལྟར་བྱས། །༈ དེ་ནས་རང་ཉིད་འཇིགས་བྱེད་དུ། །བསྒྱུར་ནས་ཧཱུཾ་ཡིག་འོད་ཟེར་གྱིས། །རང་བཞིན་གནས་ནས་གཤིན་རྗེ་གཤེད། །བཅུ་གསུམ་མ་དང་ཞེ་དགུ་མའི། །ལྷ་ཚོགས་བླ་བརྒྱུད་བཅས་པ་དང་། །ཡི་དམ་རྒྱལ་བ་ཞི་ཁྲོའི་ཚོགས། །སྤྱན་དྲངས་སྔར་བཞིན་པད་སྡོང་དབུས། །ཉི་མའི་གདན་ལ་འཇིགས་བྱེད་སོགས། །བཅུ་གསུམ་ལྷ་ཚོགས་བཞུགས་མོས་ནས། །གཙོ་བོ་རྒྱས་བསྡུས་ཅི་རིགས་དང་། །འཁོར་རྣམས་བསྡུས་ཏེ་གསལ་བཏབ་ཅིང་། །དེ་མཐར་འཇིགས་བྱེད་ཞེ་དགུ་མའི། །ལྷ་ཚོགས་རྣམས་དང་མཐའ་སྐོར་དུ། །ཡི་དམ་རྒྱལ་བ་ཞི་ཁྲོའི་ཚོགས། །སྔར་བཞིན་བཞུགས་པར་མོས་པ་དང་། །སྟེང་དུ་འཇིགས་བྱེད་བླ་བརྒྱུད་བཅས། །གསལ་གཏབ་གང་དྲིན་གཟུགས་མཆོག་སོགས། །རྒྱས་བསྡུས་སྐབས་བསྟུན་ཕྱི་ནང་གི །མཆོད་པ་རྣམས་སོགས་ཡན་ལག་བདུན། །གསང་བའི་མཆོད་པ་སྡོམ་བཟུང་དང་། །བསྟོད་པ་དབང་བཞི་ལེན་པ་སོགས། །གོང་དུ་བརྗོད་པ་ལྟ་བུ་དང་། །གསོལ་འདེབས་ལ་སོགས་གསང་འདུས་ཀྱི། །སྐབས་ལྟར་བྱས་ཏེ་ཐུགས་ཀ་ཡི། །ས་བོན་འོད་ཀྱིས་བཅུ་གསུམ་མའི། །ལྷ་ཚོགས་སྔར་བཞིན་སྤྱན་དྲངས་ཏེ། །སྙིང་ཁར་བཞུ གས་མོས་སྔགས་རྣམས་བགྲང་། །བསྔོ་སྨོན་མཐར་ནི་རྡོར་སེམས་སུ། །བསྒྱུར་ཏེ་ཀུན་རིག་རྟེན་བརྟེན་པའི། །ལྷ་ཚོགས་སྤྱན་དྲངས་ནམ་མཁའ་རུ། །བཞུགས་མོས་ཚོགས་ཞིང་བསྐྱེད་ཚུལ་ལྟར། །སྔགས་བརྗོད་རིམ་པར་གསལ་བཏབ་སྟེ། །བསྟོད་ཕྱག་ཡན་ལག་བདུན་པ་རྣམས། །བྱས་མཐར་སླར་ཡང་བསྟོད་པ་དང་། །གཞན་དོན་གཙོར་དམིགས་གསོལ་འདེབས་བྱས། །༈ དེ་ནས་རང་གི་སྙིང་ཁ་རུ། །བཞུགས་པར་མོས་ནས་བཟླས་པ་རྣམས། །ཚང་བར་བྱས་ཤིང་རིགས་ལྔ་ལས། །རྒྱལ་མཆོག་མེ་ཏོག་ཆེར་རྒྱས་ཀྱི། །གཟུངས་རིང་གཉིས་ཀྱང་འདོན་པར་བྱས། །དེ་ནས་རང་གཞན་གཉིས་ཀའི་ཆེད། །འོད་དཔག་མེད་དང་མི་འཁྲུགས་པ། །ཤཱཀ་ཐུབ་བདེ་གཤེགས་མཆེད་བདུན་དང་། །རྒྱལ་སྲས་བརྒྱད་དང་ཡེ་ཤེས་བླ། །འོད་ཀྱི་ཏོག་དང་སྨོན་ལམ་བློ། །དབང་པོ་ཞི་དང་ནམ་མཁའ་མཛོད། །སང་སང་པོ་ཡི་དབྱངས་ལ་སོགས། །རྒྱལ་སྲས་ཆེན་པོ་འགའ་ཞིག་རྣམས། །ལྷན་ཅིག་སྤྱན་དྲངས་ནམ་མཁའ་ལ། །བཞུགས་པར་མོས་ཏེ་སོ་སོ་ཡི། །མཚན་ནས་བརྗོད་དེ་ཕྱག་འཚལ་བ། །དབྱར་དགུན་ཁྱད་ཀྱིས་ལན་བདུན་ནམ། །ལྔ་རེར་བཅས་ཏེ་མཆོད་འབུལ་དང་། །མཆོད་པའི་སྤྲིན་གྱི་གཟུངས་བརྗོད་ཅིང་། །ཡན་ལག་བདུན་པ་བྱས་པའི་མཐར། །སླར་ཡང་ཕྱག་འཚལ་གསོལ་འདེབས་སུ། །བསྒྱུར་ནས་བདུན་ལྔ་ཅི་རིགས་དང་། །རང་གཞན་ཕྱིི་མར་བདེ་ཅན་དང་། །དགའ་ལྡན་གནས་སུ་སྐྱེེ་བ་ཡི། །སྨོན་ལམ་ཤུགས་དྲག་ལེགས་པར་བྱས། །མཐར་ནི་རང་གི་སྙིང་ཁ་རུ། །བཞུགས་མོས་འོད་དཔག་མེད་ཉིད་ཀྱི། །གཟུངས་རིང་ཉེར་གཅིག་བཅྭོ་ལྔ་སོགས། །བརྗོད་དེ་བསྔོ་སྨོན་དག་ཀྱང་བྱས། །དེ་མཐར་སྒྲིབ་སྦྱོང་ཆེད་དམིགས་ཏེ། །ཤེར་སྙིང་ལྟ་བ་དང་འབྲེལ་དང་། །སེང་གདོང་སྔགས་བགྲང་བཟློག་པའི་ཁུལ། །རང་དང་བསྟན་དང་འགྲོ་དོན་ལ། །དམིགས་ནས་ལན་གསུམ་ཐལ་བརྡབ་བྱས། །དེ་ནས་ཀུན་ཏུ་མྱུར་བའི་སོགས། །སྨོན་ལམ་ཁྱད་པར་ཅན་འགའ་དང་། །བྱམས་དང་སྙིང་རྗེ་གཏོང་ལེན་ལ། །བརྟེན་ནས་སྦྱོང་བའི་ཚུལ་ཞིག་བྱས། །མཇུག་ཏུ་འཇིགས་བྱེད་མགོན་ཆོས་སོགས། །ཆོས་སྐྱོང་རྣམས་ལ་གཏོར་འབུལ་དང་། །སྲུང་འཁོར་མཚོན་ཙམ་བསྒོམས་བྱས་ཏེ། །ཁྲོ་བཅུའི་སྙིང་པོ་མི་གཡོ་མགོན། །ཕྱག་རྡོར་གཏུམ་པོ་རྟ་མགྲིན་དང་། །འཇིགས་བྱེད་སྔགས་གསུམ་མཚོན་ཙམ་དང་། །རང་ཉིད་འཇིགས་བྱེད་དུ་བསམ་པའི། །ལུས་ཀྱི་གནས་སུ་ཡི་གེ་དང་། །ལྷ་འགའ་བཀོད་དེ་སྲུང་བྱས་པ། །ཡན་གྱི་ཞག་གཅིག་དགེ་སྦྱོར་འགྲུབ། །འོན་ཀྱང་གྲོང་ཆོག་ལ་སོགས་པའི། །རྐྱེན་གྱིས་སྔ་དྲོའི་དགེ་སྦྱོང་ལས། །གསང་བདེ་འཇིགས་གསུམ་མངོན་རྟོགས་དང་། །དཔེ་ཐོག་འདོན་དགོས་ལ་སོགས་པ། །འགའ་ཞིག་ཆགས་མོད་གཟུངས་རྣམས་ནི། །ཞར་ཞོར་རྟ་ཐོག་སོགས་ཀུན་ལས། །ཏོན་ཅིང་དེ་བཞིན་སྒྲོལ་མ་དང་། །རྣམ་རྒྱལ་གཟུངས་རིང་སོགས་ཀྱང་ངོ་། །གཞན་ནི་གསང་བདེ་འཇིགས་གསུམ་དང་། །ཀུན་རིག་ཚོགས་ཞིང་ལ་སོགས་འགའ། །རྒྱས་བསྡུས་ཁྱད་པར་མ་གཏོགས་པར། །ནན་ཏན་མ་ཆགས་བྱས་པའི་ཁུལ། །དེ་ལྟར་འདོན་ཚན་མང་པོ་ལ། །ཞུགས་འདི་ཚེ་རབས་ཐམས་ཅད་དུ། །ཡི་དམ་དུ་མས་བྱིན་རློབ་ཅིང་། །དགོངས་པར་འགྱུར་པའི་རྟེན་འབྲེལ་ཡོད། །ཇི་སྐད་སྨྲས་པ་འདི་དག་ལ། །ཅུང་ཟད་ཞིབ་ཆ་མ་ཐོན་པ། །མཆིས་མོད་རེ་གཉིས་ཆད་པ་ལས། །སྒྲོ་བཏགས་ལྷག་པ་བཀོད་མེད་སྙམ། །༈ ཞོར་ལ་ཁ་ཅིག་གསུང་པ་ལྟར། །སྔོན་གྱི་སྐྱེ་བརྒྱུད་གང་ཡིན་པ། །རང་གིས་གསལ་བར་མ་ཤེས་ཀྱང་། །སྔོན་ཚེ་རྗེ་ཡི་བུ་སློབ་ཞིག །ཡིན་འདྲ་བསམ་ཞིང་ཚེ་འདིའི་སྔོན། །བཙུན་པ་ཆོས་ལྡན་ཞིག་གམ་སྙམ། །མདོ་ན་ད་ལྟ་ཡོད་པ་ཡི། །དཔོན་གྱི་ལོ་རྒྱུས་ཞིག་ཏུ་ནི། །སྔ་སོང་རྗེ་དྲུང་རིན་པོ་ཆེ། །ཕྱོགས་འདིར་བྱོན་སྐབས་དབོན་རྒྱུད་ལ། །ཀོའུ་ཤྲི་ནང་སོ་འབྱུང་བ་དང་། །ལྷན་ཅིག་གྲགས་པའི་མིང་ཅན་ཞིག །འབྱུང་ཞིང་དེ་ཉིད་དགོན་པ་འདི། །ཐོག་མར་འདེབས་མཁན་སློབ་དཔོན་པ། །རིན་ཆེན་ལྷུན་པོའི་སྐྱེ་བརྒྱུད་ཡིན། །དེ་དང་ཀོའུ་ཤྲི་རྣམ་པ་གཉིས། །ཟུང་འབྲེལ་མདོ་སྔགས་བསྟན་པ་ཉིད། །རྒྱས་པར་བྱེད་པ་འོང་ངོ་ཞེས། །ལུང་བསྟན་མཛད་ཅེས་བཀོད་སྣང་སྟེ། །བདེན་ནམ་མི་བདེན་ཅང་མ་ཤེས། །མཛོད་དགེར་ཡོད་པའི་སྐུ་རྟེན་པོས། །འདི་ཡི་སྐྱེ་བརྒྱུད་ཡིན་ནོ་ཞེས། །བརྗོད་ཅེས་ཟེར་ཡང་བཏང་སྙོམས་བྱས། །བླ་ཆེན་འགའ་ཞིག་འདི་སྐད་དུ། །ཁྱོད་ཉིད་མ་གཅིག་ལ་བསྒྲོན་གྱི། །མ་འོངས་ལུང་བསྟན་ལས་ཟིན་ཅིང་། །སློབ་དཔོན་ཟླ་བ་གྲགས་པ་ཡི། །སློབ་མ་མཆོག་འདིའི་སྐྱེ་བརྒྱུད་ཙམ། །རྨི་ལམ་ལྟ་ངན་ཡིན་སྙམ་ཟེར། །གང་ལྟར་སྔོན་གྱི་སྐྱེ་བརྒྱུད་ཙམ། །བཟང་བས་ཕན་ཐོགས་འགྱུར་དཀའ་ཡི། །རང་གཞན་དག་ལ་ཕན་ཐོགས་པའི། །ཡོན་ཏན་ཉམས་ལེན་བཅས་པ་དགོས། །མེད་ན་ཚེ་སྔོན་ཚངས་པ་དང་། །བརྒྱ་བྱིན་འཁོར་བསྒྱུར་ལ་སོགས་ཀྱི། །སྐྱེ་བ་བཟུང་བ་སྲིད་གྱུར་ཏེ། །དེ་དག་བཟང་བས་རང་ཉིད་ཀྱི། །སྐྱེ་བ་འདི་ཕྱིར་ཕན་ནམ་ཅི། །གལ་ཏེ་སངས་རྒྱས་བྱང་སེམས་ཀྱི། །སྤྲུལ་པའི་སྐྱེ་བརྒྱུད་ཞིག་ཡིན་ན། །དགའ་མོད་སྙིགས་དུས་སོ་སྐྱེ་ལ། །དེ་འདྲ་འབྱུང་བའི་རེ་བ་ནི། །བདག་ལྟ་རྣམས་ལ་ག་ལ་མཆི། །འོན་ཀྱང་ཨང་དཀར་ཞབས་དྲུང་དང་། །མཆེད་པའི་སྐུ་སྐྱེ་ལ་སོགས་འགས། །སྐྱེ་བརྒྱུད་གང་ཡིན་དྲིས་བྱུང་ཚེ། །ལན་ནི་འདེབས་རྒྱུ་དོན་མཐུན་ཞིག །མ་རྙེད་དེ་ལ་འདི་ལྟར་བརྗོད། །སྔོན་གྱི་སྐྱེ་བ་འདི་ཡིན་ཞེས། །ངོས་བཟུང་མེད་ཀྱང་ཀླུ་སྒྲུབ་ཀྱིས། །ལམ་གསུམ་ཐོག་ཐ་དབུས་མེད་པར། །འཁོར་བའི་འཁོར་ལོ་མགལ་མེ་ཡི། །ཞེས་སོགས་གསུངས་ལྟར་སྐྱེ་བརྒྱུད་ཡོད། །ཅེས་སྨྲས་དེ་འདྲ་དོན་མཐུན་ཡིན། །གཞན་ཡང་བླ་ཆེན་འགའ་ཞིག་གི །རྣམ་ཐར་དག་ལས་སྦྱིན་བདག་འདིས། །རྟ་ནོར་འདི་དང་འདི་ཕུལ་སོགས། །བཀོད་པ་ལྟར་ན་འདི་ལྟ་བུ། །བརྗོད་ན་འགལ་བ་མེད་སྙམ་སྟེ། །དེ་ཡང་དཀོན་མཆོག་དྲིན་ལས་ནི། །དངོས་པོ་བཟང་མང་རྙེད་པ་ལས། །དགེ་སློང་སྦྱིན་པ་ཕུན་ཚོགས་ཉིད། །དབུས་སུ་འགྲོ་སྐབས་གོས་ཡུག་འགའ། །དར་ཡུག་མང་དང་ཁ་བཏགས་ནི། །སྟོང་དང་ལྔ་བརྒྱའི་སྐོར་རྣམས་དང་། །དངུལ་སྲང་ཉིས་བརྒྱ་བཅས་བསྐུར་ཏེ། །སེར་འབྲས་དགེ་གསུམ་བཀྲ་ཤིས་ལྷུན། །རྣམས་ལ་མང་ཇ་རྣམ་གཞག་དང་། །གྲྭ་ཚང་སྨད་ལ་ཁ་བཏགས་ཀྱི། །འགྱེད་དང་ཁང་ཚན་ལ་དངུལ་འགྱེད། །མཚོན་ཙམ་བཅས་པ་རྣམས་བྱས་ཤིང་། །རྒྱལ་དབང་པཎ་ཆེན་རྣམས་གཉིས་ལ། །རང་དཔགས་དངུལ་གོས་འབུལ་ཆེན་དང་། །དེ་ཀའི་བླ་ཆེན་གྲགས་ཆེ་འགར། །འབུལ་བའི་མཚོན་བྱེད་རྣམ་མང་དང་། །ཇོ་བོའི་སྐུ་མདུན་བརྒྱ་མཆོད་སོགས། །དགེ་རྩ་ཆེ་ཕྲ་ཅི་རིགས་བསྒྲུབས། །དགོན་འདིར་རང་ཉིད་སླེབ་པ་ནས། །ད་ལྟའི་བར་དུ་ལས་སྣ་ཡང་། །ལྔ་བཏང་རྒྱུད་པར་འགྱེད་དྲུག་དང་། །མཚན་ཉིད་གྲྭ་ཚང་འགྱེད་བདུན་བྱས། །དབྱར་གནས་སྐབས་སུ་འགྱེད་གཅིག་དང་། །ཁྲི་ཐོག་ཡོད་དུས་དགུ་གཏོར་སྐབས། །འགྱེད་ཕུལ་ལྟ་བུ་འདིར་མ་བཀོད། །སྤྱིིར་ནི་བསོད་ནམས་ཚོགས་གསོག་ལ། །དཀོན་མཆོག་མཆོད་དང་སྦྱིན་གཏོང་ནི། །མཆོག་ཡིན་མོད་ཀྱང་ཐར་འདོད་ཀྱིས། །བྱམས་དང་སྙིང་རྗེ་ལྷག་བསམ་དང་། །ལྟ་བ་སྨོན་ལམ་རླབས་ཆེན་རྣམས། །བྱེད་པ་ཕན་ཡོན་ཆེ་ཚུལ་ནི། །བཟང་སྤྱོད་རྡོར་གཅོད་ལ་སོགས་པའི། །མདོ་སྡེ་ཟབ་ལས་བཤད་ལྟར་ཡིན། །རྩོམ་དཔེ་པོ་ཏི་བཅུ་ལྷག་ཙམ། །བར་དུ་བསྒྲུབ་པའི་རྒྱུ་རྐྱེན་ལ། །གང་སོང་དངུལ་ཕབ་བརྩིས་བྱས་ན། །དངུལ་སྲང་སུམ་བརྒྱ་ལྷག་ཙམ་ཞིག །བརྫུན་མེད་ངེས་པར་སོང་སྣང་ངོ་། །དངོས་པོ་འགའ་ཞིག་སྐྱེ་ཡུལ་དང་། །གཞན་གྱིས་དབང་མེད་འཁྱེར་གྱུར་ཏེ། །ཆུད་ཟོས་སོང་བ་དག་ཀྱང་ཡོད། །གཞན་ཡང་ཕ་མ་དགེ་ཚུལ་སོགས། །གཤེགས་པའི་དགེ་རྩ་བཏང་བའི་སྐོར། །འགའ་ཞིག་ཡོད་མོད་དེ་ཐམས་ཅད། །འདི་རུ་འགོད་པར་མ་བྱས་སོ། །དེ་ལྟར་རྣམ་ཐར་ཐུན་མོང་དང་། །ཐུན་མོང་མིན་པའི་གཟུགས་བརྙན་ཙམ། །དད་ལྡན་འགའ་ཡིས་བསྐུལ་བའི་ངོར། །མ་སྦས་སྒྲོ་སྐུར་མེད་པར་བཀོད། །རྣམ་ཐར་ཐུན་མོང་རྣམ་གཞག་མཚོན་ཙམ་ཞིག །སྔོན་ནས་བྲིས་ཟིན་སྔོན་མ་ལས་ལྷག་པའི། །བརྗོད་རྒྱུ་གཞན་ཞིག་བརྗོད་དུ་མི་སྣང་ཡང་། །ནན་ཏན་བསྐུལ་བའི་ནན་ངོར་འདི་ལྟར་བྲིས། །དེ་ཡང་ཐུན་མོང་མིན་པའི་རྣམ་ཐར་མཆོག །བརྗོད་རྒྱུ་མ་རྙེད་རྣམ་ཐར་ཐུན་མོང་བའི། །བྱ་བྱེད་མཆོག་དམན་མང་པོས་ས་བཅད་དེ། །བརྗོད་འདིས་མཁས་རྣམས་མ གུ་བར་མི་ནུས་ཤིང་། །དོན་གཉེར་ཅན་དག་སྤྱོད་པ་རྒྱ་མཚོའི་ནང་། །རྣམ་ཐར་ཡིད་བཞིན་ནོར་བུ་ལེན་འདོད་ཀྱང་། །མ་རྙེད་དགོས་ཆུང་རྣམ་ཐར་མཆིང་བུ་མང་། །ཕྱིན་ཐོབ་ལྕི་བའི་ཁུར་གྱིས་ངལ་སྙམ་སེམས། །དེ་ལྟ་ན་ཡང་དད་སྟོབས་བསྐུར་བའི་དགེས། །ཚེ་རབས་ཀུན་ཏུ་ལྷ་མིའི་རྟེན་རྙེད་ཅིང་། །དམ་པའི་མགོན་གྱིས་བརྩེ་བས་རྗེས་བཟུང་ནས། །མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་ནི། ཁྱ་དགེའི་སློབ་དཔོན་རྡོ་རྗེ་འཆང་བློ་གྲོས་རྒྱ་མཚོའི་གདན་ས་པ་སྐུ་སྐྱེ་སྔགས་རམས་པ་ངག་དབང་བསྟན་འཛིན་རྒྱ་མཚོ་སོགས་བླ་ཆེན་འགའ་ཞིག་དང་། ཁྱད་པར་ཅོ་ནེའི་ས་སྐྱོང་ཆེན་པོ་འཇམ་དབྱངས་ནོར་བུས་རྣམ་ཐར་འདི་ལྟ་བུ་ཞིག་བགྱིས་ཞེས་གསུང་གིས་བསྐུར་བ་ལྟར། ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་གཡར་ཁྲལ་དུ་སྦྱར་བའོ། །མངྒ་ལཾ།། །།

རྒྱུད་སྡེ་རྣམ་བཞིའི་དཀྱིལ་འཁོར་བའི་ལྷ་མང་པོའི་མཚན་ཐོ་རིན་ཆེན་བུམ་བཟང་།

རྒྱུད་སྡེ་རྣམ་བཞིའི་དཀྱིལ་འཁོར་བའི་ལྷ་མང་པོའི་མཚན་ཐོ་རིན་ཆེན་བུམ་བཟང་ཞེས་བྱ་བ་བཞུགས།

ན་མ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྒྲིབ་བྲལ་ལྷན་སྐྱེས་བདེ་ཆེན་ཡེ་ཤེས་དང་། རླུང་སེམས་ཙམ་གྱི་རང་བཞིན་སྒྱུ་མའི་སྐུ། །དབྱེར་མེད་ཟུང་འཇུག་རིགས་རྣམས་ཀུན་གྱི་རྗེ། །ཁྱབ་བདག་རྡོ་རྗེ་འཆང་ཆེན་ཞབས་ལ་འདུད། །མགོན་དེས་གདུལ་བྱའི་དོན་དུ་རྒྱུད་སྡེའི་རིམ། །སྟོང་ཕྲག་སུམ་ཅུ་རྩ་གསུམ་གསུངས་ཀུན་གྱི། །དཀྱིལ་འཁོར་ལྷ་ཡི་རབ་དབྱེ་བརྗོད་དཀའ་ཡང་། ཆེ་ལོང་ཙམ་ཞིག་དད་པས་བརྗོད་པར་བྱ། །དེ་ཡང་སྦྱིར་དཀྱིལ་འཁོར་གྱི་ལྷའི་དབྱེ་བ་དང་མཚན་ཙམ་ཞིག་ཇི་ལྟར་ཡིན་པ་ཤེས་ཤིང་བཟུང་ན་ཡང་ཕན་ཡོན་ཆེ་བར་བཤད་པས། འདིར་དཀྱིལ་འཁོར་གྲགས་ཆེ་ཆུང་ཅི་རིགས་ཕལ་ཆེ་བའི་གྲངས་དང་། ལྷ་རྣམས་ཀྱི་མཚན་གྱི་དབྱེ་བ་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་ཡང་རྒྱུད་སྡེ་བཞི་དང་ཕ་རྒྱུད་མ་རྒྱུད་རིམ་པས་ཕྱེ་ན་མང་ཡང་དེ་ལྟར་སོ་སོར་གསལ་བར་མ་ཕྱེ་བར་གསང་འཇིགས་གཉིས་ནས་བཟུང་སྟེ་བརྗོད་ན། གསང་འདུས་མི་བསྐྱོད་པའི་དཀྱིལ་འཁོར་ལ་ལྷ་སོ་གཉིས་ཏེ། གཙོ་བོ་མི་བསྐྱོད་པ་ཡབ་ཡུམ། འཁོར་རྣམ་སྣང་རིན་འབྱུང་འོད་དཔག་མེད་དོན་གྲུབ་སྟེ་གཤེགས་པ་བཞི་དང་། སྤྱན་མ་མཱ་མ་ཀི་གོས་དཀར་མོ་སྒྲོལ་མ་སྟེ་ཡུམ་བཞི་དང་། གཟུགས་རྡོ་རྗེ་མ་སྒྲ་རྡོ་རྗེ་མ་དྲི་རྡོ་རྗེ་མ་རོ་རྡོ་རྗེ་མ་སྟེ་རྡོ་རྗེ་མ་བཞི་དང་། བྱམས་པ་ས་སྙིང་ཕྱག་རྡོར་ནམ་སྙིང་འཇིག་རྟེན་དབང་ཕྱུག་འཇམ་དཔལ་སྒྲིབ་སེལ་ཀུན་བཟང་སྟེ་སེམས་དཔའ་བརྒྱད་དང་། གཤིན་རྗེ་གཤེད་ཤེས་རབ་མཐར་བྱེད་རྟ་མགྲིན་བགེགས་མཐར་བྱེད་མི་གཡོ་བ་འདོད་རྒྱལ་དབྱིག་སྔོན་ཅན་སྟོབས་པོ་ཆེ་གཙུག་ཏོར་འཁོར་བསྒྱུར་གནོད་མཛེས་རྒྱལ་པོ་ཏེ་ཁྲོ་བོ་བཅུའོ། །རྡོ་རྗེ་འཆང་དང་ཞེ་སྡང་རྡོ་རྗེ་གཉིས་དཀྱིལ་འཁོར་གྱི་གཙོ་བོར་སོང་བ་ཡོད་ཀྱང་དེ་གཉིས་མི་བསྐྱོད་པར་འདུས་པས་མི་འགལ་ལོ། །དེ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཏེ་གཞན་ལྷ་སོ་གཉིས་པོ་རེ་རེ་ནས་གཙོ་བོར་སོང་བའི་དཀྱིལ་འཁོར་སོ་གཉིས་ཡོད་པ་རྩ་རྒྱུད་འགྲེལ་པ་དང་བཅས་པ་ལས་བཤད་ཅིང་། ཇོ་བོ་རྗེས་གསང་འདུས་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་དང་། སངས་རྒྱས་ཡེ་ཤེས་ཀྱིས་གསང་འདུས་འཇམ་རྡོར་ལྷ་བཅུ་དགུ་མ་བཤད་པ་བཞིན་ནོ། །དེའི་ལྷ་བཅུ་དགུ་ནི། འཇམ་རྡོར་ཡབ་ཡུམ། གཤེགས་པ་བཞི། ཡུམ་བཞི། ཆོས་དབྱིངས་རྡོ་རྗེ་མ་དང་རེག་བྱ་རྡོ་རྗེ་མ་གཉིས་དང་། སྒོ་བཞིའི་ཁྲོ་བོ་བཞི་རྣམས་སོ། །རྩ་རྒྱུད་ཀྱི་ལེའུ་དང་པོའི་ཚིག་ཟིན་ལས་གཙོ་བོ་ཡབ་ཡུམ་གཉིས་གཅིག་ཏུ་བྱས་ནས་གཤེགས་པ་བཞི། ཡུམ་བཞི། སྒོ་བ་བཞི་སྟེ་ལྷ་བཅུ་གསུམ་བཤད་དེ་འདི་བཞིན་བཞེད་པའང་ཡོད་ཀྱང་། ལྷ་སོ་གཉིས་ནི་ཡོངས་སུ་རྫོགས་པའོ།། ༈ །།གཤིན་རྗེ་གཤེད་ལ་དཔའ་གཅིག་དང་དེའི་ལྷ་བཅུ་གསུམ་མ་དང་། དགྲ་ནག་བཅུ་གསུམ་མ་དང་། གཤེད་དམར་བཅུ་གསུམ་མ་གཉིས་དང་ཞེ་དགུ་མ་རྣམས་སུ་ཡོད་ཅིང་། འཇིགས་བྱེད་དཔའ་གཅིག་ནི་འཁོར་མེད་པའི་འཇིགས་བྱེད་ཡབ་རྐྱང་ཞལ་ཕྱག་ཡོངས་རྫོགས་སོ། །འཇིགས་བྱེད་བཅུ་གསུམ་མ་ནི་གཙོ་བོ་འཇིགས་བྱེད་ཡབ་ཡུམ། གཏི་མུག་སེར་སྣ་འདོད་ཆགས་ཕྲག་དོག་གཤིན་རྗེ་གཤེད་བཞི་དང་། ཐོ་བ་དབྱུག་པ་པདྨ་རལ་གྲི་གཤིན་རྗེ་གཤེད་བཞི་དང་། ཙ་རྩི་ཀ་ཕག་མོ་དང་དབྱངས་ཅན་མ་གོ་རི་སྟེ་ཡུམ་བཞི་རྣམས་སོ། །འདི་དག་གི་ཡབ་ཡུམ་རྣམས་སོ་སོར་ཕྱེ་ནས་ཉེར་དྲུག་གོ །དགྲ་ནག་བཅུ་གསུམ་མ་དང་། གཤེད་དམར་བཅུ་གསུམ་མའི་གཙོ་བོ་གཉིས་མ་གཏོགས་འཁོར་རྣམས་ནི་འཇིགས་བྱེད་བཅུ་གསུམ་མ་དང་འདྲའོ། །ཡང་འཇིགས་བྱེད་མ་རོ་ལངས་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་ཞིག་ཀྱང་བཤད་དོ། །༈ ཞེ་དགུ་མ་ལ་རྒྱུ་དང་འབྲས་བུའི་ཞེ་དགུ་མ་གཉིས་ལས། དང་པོ་ནི། གཙོ་བོ་འཇམ་དབྱངས། འཁོར་ཕྱོགས་བཞིར་གཏི་མུག་སེར་སྣ་འདོད་ཆགས་ཕྲག་དོག་རྡོ་རྗེ་སྟེ་བཞི་དང་། མཚམས་སུ་སེམས་མ་རྡོ་རྗེ་མ་རིན་ཆེན་རྡོ་རྗེ་མ་ཆོས་རྡོ་རྗེ་མ་ལས་ཀྱི་རྡོ་རྗེ་མ་བཞི་དང་། ཤར་དུ་རྡོ་རྗེ་རྣོན་པོ་རལ་གྲི་བྱམས་པ་འཇམ་དཔལ་ཡེ་ཤེས་སྐུ་ངག་གི་དབང་ཕྱུག་ཟླ་འོད་ཡེ་ཤེས་མཚོ་སྟེ་བརྒྱད་དང་། ལྷོར་རྡོ་རྗེ་སྣ་ཚོགས་གནོད་སྦྱིན་ཁུ་ཚུར་ཆོས་སྲུང་བ་རྣོན་པོ་རྒྱུ་དྲ་བ་ཅན་གྱི་འོད་དེ་བརྒྱད་དང་། ནུབ་ཏུ་རྡོ་རྗེ་སྨྲ་བ་རྡོར་སེམས་རྒྱལ་པོ་ཆགས་པ་ལེགས་པ་རིན་ཆེན་ཉི་མའི་འོད་ཉི་མ་སྟེ་བརྒྱད་དང་། བྱང་དུ་རྡོ་རྗེ་དབལ་བཞེད་པ་སྤོས་ཀྱི་གླང་པོ་ཡེ་ཤེས་ཏོག་ཐབས་ཀྱིས་འགྲོ་བ་རྒྱ་མཚོའི་བློ་གྲོས་བློ་གྲོས་མི་ཟད་པ་བདུད་རྩིའི་འོད་དེ་བརྒྱད་དང་། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་སྟེ་བཞི་དང་། མཚམས་བཞིར་རྡོ་རྗེ་གནོད་མཛེས་གཙུག་ཏོར་ཧཱུཾ་མཛད་གཞན་གྱིས་མི་ཐུབ་པ་བཞི་རྣམས་སོ། །གཉིས་པ་འབྲས་བུའི་ལྷ་ཞེ་དགུ་ནི། ཁྲོ་བོའི་རྡོ་རྗེ་དང་མགོ་དང་ལག་པ་སོགས་ཞེ་དགུ །ཡོངས་སུ་གྱུར་པ་མ་དབུས་སུ་འཇིགས་བྱེད་དང་། ནང་གི་ཕྱོགས་བཞི་ལ་སོགས་པ་རྒྱུའི་ལྷ་རྣམས་ཀྱི་གནས་སུ་རྡོ་རྗེ་མགོ་དང་ལག་པ་ལ་སོགས་པའི་མིང་ཅན་གྱི་འབྲས་བུའི་ལྷ་རྣམས་ཏེ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་མ་ཧེའི་གདོང་པ་ཅན་ནོ།། ༈ །།བདེ་མཆོག་གི་སྐོར་ལ་ཡབ་སྐོར་དང་ཡུམ་སྐོར་གཉིས་ཀྱི་དང་པོ་ལ་ལྷ་རེ་གཉིས་མ་དང་། བཅུ་གསུམ་མ་དང་། ལྷ་ལྔ་མ་སོགས་མང་ཡང་དང་པོ་ནི། དབུས་སུ་གཙོ་བོ་ཡབ་ཡུམ་གཉིས་དང་། ཕྱོགས་བཞིར་མཁའ་འགྲོ་མ་ལཱ་མ་དུང་སྐྱེས་མ་གཟུགས་ཅན་མ་བཞི་དང་། ཐུགས་ཀྱི་འཁོར་ལོར་ཁཎྜ་ཀཱ་པ་ལ་དང་རབ་གཏུམ་མ། མ་ཧཱ་ཀཾ་ཀ་ལ་དང་གཏུམ་མིག་མ། ཀངྐ་ལ་དང་འོད་ལྡན་མ། མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། པུ་ར་བཻ་རི་ཎ་དང་དཔའ་བོའི་བློ་ཅན་མ། འོད་དཔག་མེད་དང་ལཝ་རི། རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་བརྒྱད་ཟུང་དང་། གསུང་གི་འཁོར་ལོར་མྱུ་གུ་ཅན་དང་ས་སྲུང་མ། རྡོ་རྗེ་རལ་བ་དང་འཇིགས་བྱེད་ཆེན་མོ། དཔའ་བོ་ཆེན་མོ་དང་རླུང་གི་ཤུགས་ཅན་མ། རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ། རབ་ཏུ་བཟང་པོ་དང་སྔོ་བསངས་ལྷ་མོ། རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། འཇིགས་བྱེད་ཆེན་པོ་དང་རྟ་སྣ་མ། མིག་མི་བཟང་དང་བྱ་གདོང་མ་སྟེ་བརྒྱད་ཟུང་དང་། སྐུའི་འཁོར་ལོར་སྟོབས་པོ་ཆེ་དང་འཁོར་ལོའི་ཞུགས་ཅན་མ། རིན་ཆེན་རྡོ་རྗེ་དང་དུང་སྐྱེས་མ། རྟ་མགྲིན་དང་ཆང་འཚོང་མ། ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མ། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་བརྒྱད་ཟུང་དང་། དམ་ཚིག་གི་འཁོར་ལོར་སྒོ་བཞི་དང་མཚམས་བཞིར་ཁ་གདོང་མ་འུག་གདོང་མ་ཁྱི་གདོང་མ་ཕག་གདོང་མ་སྟེ་བཞི་དང་། གཤིན་རྗེ་བརྟན་མ་དང་ཕོ་ཉ་མོ་དང་མཆེ་བ་མ་དང་གཤིན་རྗེ་འཇོམས་མ་བཞི་སྟེ་བརྒྱད་དང་བཅས་པ་ཁྱོད་བསྡོམས་རེ་གཉིས་སོ། །འདིར་ལཱུ་དྲིལ་གཉིས་ལྷའི་གྲངས་འདྲ་ཡང་ཕྱག་དང་ཕྱག་མཚན་སོགས་ལ་མི་འདྲ་བ་ཡོད་དོ། །སྐུ་གསུང་ཐུགས་ཀྱི་དཔའ་བོ་རྣམས་སོ་སོར་བྱས་པའི་དཀྱིལ་འཁོར་གསུམ་ཡོད་པར་བཤད་ཅིང་། ལྷ་བཅུ་གསུམ་མ་ནི་གཙོ་བོ་ཡབ་ཡུམ་ལ་སྙིང་པོའི་རྣལ་འབྱོར་མ་བཞི་དང་། སྒོ་མཚམས་བརྒྱད་ཀྱིས་བསྐོར་བའོ། །ལྷ་ལྔ་མ་ནི་གཙོ་བོ་ཡབ་ཡུམ་ལ་རྣལ་འབྱོར་མ་བཞིས་བསྐོར་བ་དང་། ལྷན་སྐྱེས་ནི་འཁོར་མེད་པའི་གཙོ་བོ་ཡབ་ཡུམ་སྟེ་ཞལ་གཅིག་ཕྱག་གཉིས་པ་གཙོ་ཆེའོ། །༈ གཞན་ཡང་བདེ་མཆོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ལ་ཕག་མོ་དམར་མོས་འཁྱུད་ཅིང་། སྔ་མ་ལྟ་བུའི་མཁའ་འགྲོ་མ་བཞི་དང་། ཞལ་གཅིག་ཕྱག་གཉིས་པའི་དཔའ་བོ་ཉེར་བཞི་དང་། སྔ་མ་ལྟ་བུའི་སྒོ་མཚམས་བརྒྱད་ཀྱིས་བསྐོར་བ་དང་། བདེ་མཆོག་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ལ་ཕག་མོ་དམར་མོས་འཁྱུད་ཅིང་། མཁའ་འགྲོ་མ་བཞི་སྐུ་མདོག་སེར་པོ་དང་། ཐུགས་འཁོར་གྱི་དཔའ་བོ་རྣམས་སྐུ་མདོག་ནག་པོ་དང་དཔའ་མོ་རྣམས་དཀར་པོ། གསུང་འཁོར་གྱི་དཔའ་བོ་རྣམས་སྐུ་མདོག་དམར་པོ་དང་དཔའ་མོ་རྣམས་ཀྱང་དམར་པོ། སྐུ་འཁོར་གྱི་དཔའ་བོ་རྣམས་སྐུ་མདོག་དཀར་པོ་དང་དཔའ་བོ་རྣམས་དམར་པོ། སྒོ་མཚམས་མ་རྣམས་ཞལ་གཅིག་ཕྱག་གཉིས་མའོ། །གཉིས་པ་ཡུལ་སྐོར་ལ་རྡོ་རྗེ་ཕག་མོ་ལྷ་སོ་བདུན་མ་ནི། དབུས་སུ་རྡོ་རྗེ་ཕག་མོ་དམར་མོ་ལ་རྣལ་འབྱོར་མ་བཞིས་བསྐོར་བ་དང་། འཁོར་ལོ་གསུམ་ལ་ཡབ་རྣམས་བཞག་སྟེ་རབ་གཏུམ་མ་ལ་སོགས་པ་ཡུམ་ཉེར་བཞི་སྟེ་དེ་རྣམས་སྐུ་མདོག་དཀར་པོ་དང་། དམ་ཚིག་གི་འཁོར་ལོར་སྒོ་མཚམས་བརྒྱད་སྤྱི་ལྟར་རོ། །ཡང་རྡོ་རྗེ་ཕག་མོ་ལྷ་སོ་བདུན་མ་ནི། དབུས་སུ་རྡོ་རྗེ་ཕག་མོ་སྔོན་མོ་ལ་མཁའ་འགྲོ་མ་བཞི་དང་བདེ་མཆོག་སྔོན་པོ་ཕྱག་གཉིས་པའི་སྐབས་ལྟར་དང་། འཁོར་ལོ་གསུམ་གྱི་རྩིབས་རྣམས་ལ་ཕག་མོ་དམར་མོའི་སྐབས་ལྟར་དང་། དམ་ཚིག་གི་འཁོར་ལོར་བདེ་མཆོག་ཕྱག་གཉིས་པའི་སྐབས་ལྟར་རོ། །རྡོ་རྗེ་ཕག་མོ་སེར་མོ་ལྷ་སོ་བདུན་ནི། དབུས་སུ་ཕག་མོ་སེར་མོ་དང་། མཁའ་འགྲོ་མ་བཞི་ཕྱག་གཉིས་མ་དང་། སྐུ་གསུང་ཐུགས་ཀྱི་དཔའ་མོ་རྣམས་སྐུ་མདོག་དམར་ནག་དཀར་བའོ། །སྒོ་མཚམས་མ་རྣམས་སྐུ་མདོག་སྤྱི་ལྟར་དང་ཕྱག་གཉིས་མའོ། །འོན་ཀྱང་གཡོན་མི་མགོ་འཛིན་པ་སྡིགས་མཛུབ་མཛད་པའོ། །དེར་མ་ཟད་ཕག་མོ་ལྷ་ལྔ་མ་དང་བཅུ་གསུམ་མ་ཡང་ཡོད་དོ།། ༈ །བདེ་མཆོག་རྡོར་སེམས་ལྷ་སོ་བདུན་ནི། དབུས་སུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་དམར་ཞལ་གསུམ་ཕྱག་དྲུག་པ་རང་འདྲའི་ཡུམ་ལ་འཁྱུད་པ། ཕྱོགས་བཞིར་རྣམ་སྣང་སོགས་གཤེགས་པ་བཞི་ཞལ་གཅིག་ཕྱག་བཞི་བ། མཚམས་བཞིར་སྤྱན་སོགས་ལྷ་མོ་བཞི་སྟེ་མཱ་མ་ཀི་ཞལ་གཅིག་ཕྱག་གཉིས་དང་གཞན་གསུམ་ཕྱག་བརྒྱད་མ་དང་། རིམ་པ་གཉིས་པའི་ཕྱོགས་མཚམས་སུ་རྡོ་རྗེ་དྲག་མོ་གཟུགས་རྡོ་རྗེ་མ་འདོད་ཆགས་རྡོ་རྗེ་མ་རྡོ་རྗེ་ཞི་བ་མ་རྣམས་དང་། རྡོ་རྗེ་གནོད་སྦྱིན་མ་རྡོ་རྗེ་མཁའ་འགྲོ་མ་སྒྲ་རྡོ་རྗེ་མ་ས་རྡོ་རྗེ་མ་རྣམས་དང་། རིམ་པ་གསུམ་པར་བཞད་མ་སྒེག་མོ་གླུ་མ་གར་མ་རྣམས་དང་། གླིང་བུ་མ་པི་ཝང་མ་མུ་ཀུཎྜ་མ་རྫ་རྔ་མ་རྣམས་དང་། ཕྱིའི་སྣམ་བུར་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་མ་རྣམས་དང་། མེ་ལོང་མ་རོ་མ་རེག་བྱ་མ་ཆོས་མ་རྣམས་དང་། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་མ་སོགས་བཞིའོ། །བདེ་མཆོག་འཁོར་ལོ་བསྒྱུར་བ་དྲུག་ནི། ཕྱི་དཀྱིལ་གྱི་ནང་གི་དབུས་སུ་རྡོར་སེམས་ཀྱི་དཀྱིལ་འཁོར། མཐར་རྣམ་སྣང་རིན་འབྱུང་སྣང་མཐའ་མི་བསྐྱོད་པ་དོན་གྲུབ་གྱི་དཀྱིལ་འཁོར་རྣམས་ཀྱིས་བསྐོར་བ་དང་། དཀྱིལ་འཁོར་དབུས་མའི་གཙོ་བོ་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་སྦྱོར་བ། མཐར་མཁའ་འགྲོ་མ་ལཱ་མ་དུང་སྐྱེས་མ་གཟུགས་ཅན་མ་རྣམས་དང་། ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ་ལ་སོགས་པ་ཐུགས་ཀྱི་དཔའ་བོ་དཔའ་མོ་ཟུང་བཞི་དང་། རྣམ་སྣང་གི་དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་མཁའ་འགྲོ་དཀར་པོ་ཡུམ་བཅས་དང་། མཐར་ཆང་དགྲ་དང་དཔའ་བོའི་བློ་ཅན་མ་ལ་སོགས་ཐུགས་ཀྱི་དཔའ་མོ་དཔའ་མོ་ཟུང་བཞི་དང་། རིན་འབྱུང་གི་དཀྱིལ་འཁོར་གྱི་དབུས་སུ་རིན་ཆེན་མཁའ་འགྲོ་སེར་མོ་ཡུམ་བཅས་དང་། མཐར་མྱུ་གུ་ཅན་དང་ས་ཀླུང་མ་ལ་སོགས་གསུང་གི་དཔའ་བོ་དཔའ་མོ་ཟུང་བཞི་དང་། སྣང་མཐའི་དཀྱིལ་འཁོར་གྱི་དབུས་སུ་པདྨ་མཁའ་འགྲོ་དམར་མོ་ཡུམ་བཅས་དང་། མཐར་ཤིན་ཏུ་བཟང་མོ་དང་སྔོ་བསངས་ལྷ་མོ་སོགས་གསུང་གི་དཔའ་བོ་དཔའ་མོ་ཟུང་བཞི་དང་། མི་བསྐྱོད་པའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེའི་མཁའ་འགྲོའི་ནག་པོ་ཡུམ་བཅས་དང་། མཐར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་སོགས་སྐུའི་དཔའ་བོ་དཔའ་མོ་ཟུང་བཞི་དང་། དོན་གྲུབ་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སྣ་ཚོགས་མཁའ་འགྲོ་ལྗང་ཁུ་ཡུམ་བཅས་དང་། མཐར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་སོགས་སྐུའི་དཔའ་བོ་དཔའ་མོ་ཟུང་བཞི་དང་། ཕྱི་དཀྱིལ་གྱི་སྒོ་དང་མཚམས་སུ་ཁ་གདོང་མ་སོགས་སྒོ་མཚམས་མ་བརྒྱད་དང་བཅས་པའོ། །ཀྱཻ་རྡོར་གྱི་སྐོར་ལ། ཀྱཻ་རྡོར་ལྷ་བཅུ་བདུན་མའི་དཀྱིལ་འཁོར་བཞི་ལས་སྙིང་པོའི་ཀྱཻ་རྡོར་ནི། དཀྱིལ་འཁོར་གྱི་དབུས་སུ་ཀྱཻ་རྡོར་སྐུ་མདོག་ནག་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་བདག་མེད་མ་དང་སྦྱོར་བ། འདབ་མ་བརྒྱད་ལ་ཕྱོགས་མཚམས་སུ་གཽ་རི་སེར་མོ། ཆོམ་རྐུན་མ་དམར་མོ། རོ་ལངས་མ་དཀར་སེར། །སྨ་ནི་ལྗང་སེར། པུ་ཀ་སི་སེར་མོ། ཤ་ཝ་རི་དཀར་མོ། ཙཎྜ་ལི་སྔོན་མོ། ཌོཾ་བྷི་ནི་ནག་མོ་རྣམས་དང་། དེའི་ཕྱི་རོལ་ཏུ་མཚམས་བཞིར་གླིང་བུམ་པི་ཝང་མ་མུ་ཀུཎྜ་རྫ་རྔ་མ་རྣམས་དང་། སྒོ་བཞིར་རྟ་གདོང་མ་ཕག་གདོང་མ་ཁྱི་གདོང་མ་སེང་གདོང་མ་རྣམས་ཏེ་བཅུ་བདུན་ནོ། ཡང་ཐུགས་ཀྱཻ་རྡོ་རྗེའི་ལྷ་བཅུ་བདུན་མ་ནི། དབུས་སུ་ཀྱཻ་རྡོར་ནག་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་དང་སྦྱོར་བ། ཕྱོགས་མཚམས་སུ་རྡོ་རྗེ་དྲག་མོ་གཟུགས་རྡོ་རྗེ་མ་འདོད་ཆགས་རྡོ་རྗེ་མ་རྡོ་རྗེ་ཞི་བ་མ་དང་། རྡོ་རྗེ་གནོད་སྦྱིན་རྡོ་རྗེ་མཁའ་འགྲོ་སྒྲ་རྡོ་རྗེ་མ་ས་རྡོ་རྗེ་མ་རྣམས་དང་། ཕྱི་རོལ་ཏུ་གླིང་བུ་མ་པི་ཝང་མ་མུ་ཀུཎྜ་རྫ་རྔ་མ་རྣམས་དང་། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་རྣམས་སོ། །ཡང་གསུང་ཀྱཻ་རྡོ་རྗེའི་ལྷ་བཅུ་བདུན་མ་ནི། དབུས་སུ་ཀྱཻ་རྡོ་ནག་པོ་ཞལ་གཅིག་ཕྱག་བཞི་པ་ཡུམ་ཕག་མོ་དང་བཅས་ཤིང་། འཁོར་རྣམས་ཐུགས་ཀྱཻ་རྡོ་རྗེ་དང་འདྲའོ། །ཡང་། སྐུ་ཀྱཻ་རྡོ་རྗེའི་ལྷ་བཅུ་བདུན་མ་ནི། དབུས་སུ་ཀྱཻ་རྡོར་ནག་པོ་ཞལ་གཅིག་ཕྱག་གཉིས་པ་ཡུམ་བདག་མེད་མ་ལ་འཁྱུད་ཅིང་། འཁོར་རྣམས་ནི་ཐུགས་ཀྱཻ་རྡོ་རྗེ་དང་འདྲའོ། །ཀྱཻ་རྡོར་ལྷ་དགུའི་སྒྲུབ་ཐབས་བཞི་ལས་དང་པོ་ནི། དབུས་སུ་ཀྱཻ་རྡོར་སྔོན་པོ་ཞལ་བརྒྱད། ཕྱག་བཅུ་དྲུག་པ། ཞབས་བཞི་པ་ཡུམ་བདག་མེད་མ་དང་སྦྱོར་བ། ཕྱོགས་མཚམས་སུ་སྔར་ལྟར་གཽ་རི་ཙཽ་རི་བེ་ཏ་ལི་གྷསྨ་རི་རྣམས་དང་། པུ་ཀ་སི་རི་ཁྲོད་མ་གདོལ་བ་མོ་གཡུང་མོ་རྣམས་སོ། །ཡང་། ཐུགས་ཀྱཻ་རྡོར་ལྷ་དགུ་ནི། དབུས་སུ་ཀྱཻ་རྡོར་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་རྡོ་རྗེ་ལུ་གུ་རྒྱུད་དང་སྦྱོར་བ། འཁོར་རྣམས་སྔར་ལྟར་རོ། །ཡང་། གསུང་ཀྱཻ་རྡོར་ལྷ་དགུ་ནི། དབུས་སུ་ཀྱཻ་རྡོ་རྗེ་ལྡན་ལ་ཞལ་གཅིག་ཕྱག་གཉིས་པ་ཡུམ་བདག་མེད་མ་དང་སྦྱོར་བ། འཁོར་རྣམས་ཀྱང་སྔར་ལྟར་རོ། །སྐུ་ཀྱཻ་རྡོར་ལྷ་དགུ་ནི། དབུས་སུ་ཀྱཻ་རྡོར་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཡུམ་བཅས་ཕྱེད་སྐྱིལ་གྱིས་བཞུགས་པ་སྟེ་གཞན་ཐུགས་ཀྱཻ་རྡོ་རྗེ་ལྷ་དགུ་དང་འདྲའོ། ༈ །ཀྱཻ་རྡོར་ཡུམ་སྐོར་ལ་གཉིས་ལས་བདག་མེད་མ་ལྷ་མོ་ཉེར་གསུམ་ལ་ནི། དབུས་སུ་རྡོ་རྗེ་བདག་མེད་མ་སྔོན་མོ་ཞལ་གཅིག་ཕྱག་བཞི་མ། འཁོར་དུ་རྡོ་རྗེ་མ་གཽ་རི་མ་ཆུ་མ་མཁའ་འགྲོ་མ་བཞི་ས་དང་། གཽ་རི་ཙཽ་རི་བེ་ཏ་ལི་གྷསྨ་རི་བཞི་དང་། པུ་ཀ་སི་སོགས་བཞི་དང་། མཁའ་སྤྱོད་མ་དང་ས་སྤྱོད་མ་གཉིས་དང་། གླིང་བུ་མ་སོགས་བཞི་དང་། རྟ་གདོང་མ་སོགས་བཞི་སྟེ་གོང་གི་ཀྱཻ་རྡོར་གྱི་སྐབས་ལྟར་རོ། །ཡང་། བདག་མེད་མ་ལྷ་མོ་བཅྭོ་ལྔ་ནི། དབུས་སུ་བདག་མེད་མ། འཁོར་དུ་རྡོ་རྗེ་མ་སོགས་བཞི་དང་། གཽ་རི་སོགས་བརྒྱད་དང་མཁའ་སྤྱོད་མ་དང་ས་སྤྱོད་མ་གཉིས་རྣམས་སོ།། ༈ །།འཇམ་དཔལ་རྡོ་རྗེའི་ལྷ་ཞེ་གསུམ་པ་ནི། དབུས་སུ་རྣམ་སྣང་འཇམ་པའི་རྡོ་རྗེ་སྐུ་མདོག་སེར་པོ་ཞལ་གསུམ་ཕྱག་དྲུག་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་སྦྱོར་བ། ནང་གི་ཕྱོགས་བཞིར་མི་བསྐྱོད་པ་ལ་སོགས་པ་ཡབ་བཞི་ཞལ་གསུམ་ཕྱག་དྲུག་པ་ཡུམ་བཅས། མཚམས་བཞིར་སྤྱན་སོགས་བཞི་དང་། ཡང་སེམས་མ་རྡོ་རྗེ་མ། རིན་ཆེན་རྡོ་རྗེ་མ། ཆོས་རྡོ་རྗེ་མ། ལས་ཀྱི་རྡོ་རྗེ་མ་རྣམས་དང་། ཙུནྡ་ཕྱག་ཉེར་དྲུག་མ། རིན་ཆེན་སྐར་མདའ། ཁྲོ་གཉེར་ཅན། རྡོ་རྗེ་ལྕགས་སྒྲོག་མ་རྣམས་དང་། ཕྱི་རོལ་གྱི་སྣམ་བུ་ལ་ཕྱོགས་རེར་བཞི་བཞི་སྟེ་བྱམས་པ་འཇམ་དཔལ་སྤོས་ཀྱི་གླང་པོ་ཡེ་ཤེས་ཏོག་བཟང་སྐྱོང་བློ་གྲོས་རྒྱ་མཚོ་བློ་གྲོས་མི་ཟད་པ་སྤོབས་པ་བརྩེགས་པ་རྣམས་དང་། མཐུ་ཆེན་ཐོབ་མྱ་ངན་དང་མུན་པ་སེལ་བ་དྲ་བ་ཅན་གྱི་འོད་ཟླ་བའི་འོད་འོད་དཔག་མེད་ནམ་མཁའ་མཛོད་སྒྲིབ་སེལ་སྤོས་ཀྱི་གླང་བོ་སྟེ་དེ་རྣམས་ནི་ཞལ་གསུམ་ཕྱག་དྲུག་པའོ། །སྒོ་དང་མཚམས་སུ་གསང་འདུས་ལྟར་གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ་རྣམས་སོ། །༈ མཁའ་འགྲོ་རིགས་བསྡུས་ནི། ཕྱིའི་དཀྱིལ་འཁོར་གྱི་དབུས་སུ་དཀྱིལ་འཁོར་ལྔ་ཡོད་པའི་དབུས་མ་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར། ཤར་མ་སངས་རྒྱས་མཁའ་འགྲོ །ལྷོ་མ་རིན་ཆེན་མཁའ་འགྲོ །ནུབ་མ་པདྨ་མཁའ་འགྲོ། བྱང་མ་སྣ་ཚོགས་མཁའ་འགྲོ་དཀྱིལ་འཁོར་ཏེ། དབུས་མའི་གཙོ་མོ་རྡོ་རྗེ་མཁའ་འགྲོ་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཞབས་བཞི་པ་དེའི་ཕྱོགས་མཚམས་སུ་གཽ་རི་ཙཽ་རི་བེ་ཏ་ལི་། སྨ་རི་བཞི་དང་། པུ་ཀ་སི་ཤ་ཝ་རི་ཙཎྜ་ལི་ཌོཾ་བྷི་ནི་བཞི་རྣམས་ཀྱིས་བསྐོར་བའོ། །ཤར་མའི་དབུས་སུ་སངས་རྒྱས་མཁའ་འགྲོ་སྔོན་པོ་ཞལ་གསུམ་ཕྱག་བཅུ་དྲུག་མ། དེའི་ཕྱོགས་མཚམས་སུ་ཀཾ་པ་མ་ཞགས་པ་རྔ་ཟླུམ་མ་ལྕགས་ཀྱུ་མ་རྣམས་དང་། མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་མ་རྣམས་སོ། །ལྷོ་མའི་དབུས་སུ་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ་ཞལ་ཕྱག་གི་གྲངས་སྔ་མ་ལྟ་བུ། དེའི་ཕྱོགས་མཚམས་སུ་ཉི་ཕྱག་མ་མར་མེ་མ་སྐར་མདའ་མ་གློག་ཕྱག་མ་རྣམས་དང་། སྒེག་མོ་མ་ཕྲེང་བ་མ་གླུ་མ་གར་མ་རྣམས་སོ། །ནུབ་མའི་དབུས་སུ་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་ཞལ་ཕྱག་སྔར་ལྟར་དང་། དེའི་ཕྱོགས་མཚམས་སུ་པདྨ་མ་ཆོས་འབྱུང་མ་ལྕགས་སྒྲོག་མ་རང་འཁྱུད་མ་རྣམས་དང་། གླིང་བུ་མ་པི་ཝང་མ་རྔ་ཟླུམ་མ་རྫ་རྔ་མ་རྣམས་སོ། །བྱང་མའི་དབུས་སུ་སྣ་ཚོགས་མཁའ་འགྲོ་རྟ་གདོང་ཅན་ལྗང་གུ་ཞལ་ཕྱག་སྔར་ལྟར་དང་། དེའི་ཕྱོགས་མཚམས་སུ་སྒོ་ལྕགས་མ་ལྡེ་ཀྱོག་མ་སྒོ་གླེགས་མ་ཡོལ་བ་མ་རྣམས་དང་། སྤྱན་མ་ལ་སོགས་པ་བཞི་རྣམས་སོ། །ཕྱིའི་གཞལ་ཡས་ཁང་གི་སྒོ་མཚམས་སུ་གཽ་རི་ཙཽ་རི་སོགས་གོང་དུ་བཤད་པ་ལྟར་བརྒྱད་རྣམས་ཀྱིས་བསྐོར་བའོ།། ༈ །རྡོ་རྗེ་ཧཱུཾ་མཛད་ཁྲོ་བོ་བཅུས་བསྐོར་བ་ནི། དབུས་སུ་འཇིག་རྟེན་གསུམ་རྒྱལ་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་བཅས་དང་། མཐར་ཁྲོ་བོ་དབྱུག་སྔོན་ཅན་ཉི་མ་གཙུག་ཏོར་འཁྱིལ་པ་བཞི་དང་། རྡོ་རྗེ་གནོད་སྦྱིན་དུས་ནག་པོ་ཆེན་པོ་འཇིགས་རུང་ནག་པོ་བཞི་དང་། སྟེང་དུ་གཙུག་ཏོར་འཁོར་བསྒྱུར་དང་འོག་ཏུ་རྡོ་རྗེ་ས་འོག་སྟེ་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་བཞི་པའོ།། ༈ །།ལྷ་མོ་ཀུ་རུ་ཀུ་ལ་ལྷ་བཅྭོ་ལྔ་ནི། དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་མ་ཀུ་རུ་ཀུ་ལ་དམར་མོ་ཞལ་གཅིག་ཕྱག་བཞི་མ། མཐར་རྡོ་རྗེ་མ་གཽ་རི་ཆུ་མ་མཁའ་འགྲོ་མ་བཞི་དང་། གཽ་རི་ཙཽ་རི་ནས་སྔར་ལྟར་མཁའ་སྤྱོད་མ་དང་ས་སྤྱོད་མ་སྟེ་བཅུའོ། །སྒྲོལ་མ་ལྷ་བཅུ་གཅིག་ནི། དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སྒྲོལ་མ་སེར་མོ་ཞལ་བཞི་ཕྱག་བརྒྱད་མ། མཐར་མེ་ཏོག་སྒྲོལ་མ་དེ་བཞིན་དུ་བདུག་སྤོས་མར་མེ་དྲི་ཆབ་སྒྲོལ་མ་བཞི་དང་། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་བཞི། སྟེང་འོག་ཏུ་གཙུག་ཏོར་རྣམ་རྒྱལ་དང་གནོད་མཛེས་མ་རྣམས་དང་བཅས་པའོ། །རྡོ་རྗེ་བདུད་རྩི་ལྷ་ཉེར་གཅིག་ནི། དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་བདུད་རྩི་ལྗང་སེར་ཞལ་གསུམ་ཕྱག་དྲུག་པ་ཡུམ་བཅས། མཐར་ཞི་བ་མ་ཞི་གདོང་མ་ཟླ་ལྡན་མ་རི་བོ་ཅན་བཞི་དང་། ཟླ་དཀྱིལ་མ་ཟླ་ཚེས་མ་ཡིད་འོང་མ་ཡིད་ཚིམ་མ་བཞི་དང་། རིམ་པ་གཉིས་པར་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་མ་བཞི་དང་། སྣམ་བུ་ལ་གླིང་བུ་པི་ཝང་མུ་ཀུཎྜ་རྫ་རྔ་མ་བཞི་དང་། སྒོ་བཞིར་ཁྲོ་གཉེར་རིམ་ལྡན་དང་འཇིགས་སྡིགས་རྟའི་གཟུགས་ཅན་ཚོགས་ཀྱི་གཙོ་བོ་སྟེ་བཞི་རྣམས་སོ། །ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པའོ། །རྡོ་རྗེ་ཧཱུཾ་མཛད་ལྷ་ཉེར་དགུ་ནི། དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་ཧཱུཾ་མཛད་ནག་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་བཅས། མཐར་རྡོ་རྗེ་སྙིང་པོ་མ་མཚོན་ཆ་མ་རེག་བྱ་རྡོ་རྗེ་མ་ཀི་ལི་ཀི་ལ་མ་བཞི་དང་། ལྷ་སྣ་མ་ནང་མར་པི་ཝང་མ་གླིང་བུ་མ་གླུ་མ་རྫ་རྔ་མ་བཞི་དང་། སྒེག་མོ་ཕྲེང་བ་མ་གླུ་མ་གར་མ་བཞི་དང་། ཕྱི་མར་བྱམས་པ་འཇམ་དཔལ་ནམ་སྙིང་ཕྱག་ན་རིན་ཆེན་ཀུན་བཟང་འཇིག་རྟེན་དབང་ཕྱུག་སྒྲིབ་སེལ་ས་སྙིང་སྟེ་བརྒྱད་དང་། མཚམས་སུ་མེ་ཏོག་མ་བདུག་སྤོས་མ་མར་མེ་མ་དྲི་ཆབ་མ་བཞི་དང་། སྒོ་བཞིར་ལྕགས་ཀྱུ་མ་ལ་སོགས་པ་བཞི་རྣམས་སོ། །རྡོ་རྗེ་ཁྲག་འཐུང་ལྷ་ཉེར་གཅིག་ནི། དབུས་སུ་རྡོ་རྗེ་ཁྲག་འཐུང་སྔོན་པོ་ཞལ་བཞི་ཕྱག་བརྒྱད་པ། མཐར་གཙིགས་ཆེན་མ་རྣམ་པར་གཙིགས་མ་གཏུམ་མོ་གཡུང་མོ་བཞི་དང་། སེར་སྐྱ་མ་ཀུ་ལི་ནི་དྲག་མོ་འཇིགས་བྱེད་མ་བཞི་དང་། ལྷ་སྣམ་ལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་མ་བཞི་དང་། པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་མ་བཞི་དང་། སྒོ་བཞིར་བ་གླང་སྣ་གླང་ཆེན་སྣ་ཞལ་མཛེས་མ་ཞལ་སྡུག་མ་བཞི་རྣམས་སོ།། ༈ །།བདུད་རྩི་འཁྱིལ་པ་ལྷ་བཅུ་གསུམ་ནི། དཀྱིལ་འཁོར་གྱི་དབུས་སུ་ཁྲོ་བོ་བདུད་རྩི་འཁྱིལ་པ་ནག་པོ་ཞལ་གསུམ་ཕྱག་དྲུག་པ། ཕྱོགས་མཚམས་སུ་རྡོ་རྗེ་བདུད་རྩི་མ་བདུད་རྩིའི་ཞལ་མ་བདུད་རྩིའི་ལུས་ཅན་མ་བདུད་རྩིའི་སྤྱན་མ་བཞི་དང་། ཨ་མེ་མ་གཟུགས་བཟང་མ་མཛེས་མ་བདེ་སྒྲུབ་མ་བཞི་དང་། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་མ་སོགས་བཞི་རྣམས་ཏེ་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པའོ། །སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་ནི། དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་ཐོད་པ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ་ཡུམ་བཅས། དེའི་ཕྱོགས་བཞིར་ཕྲེང་བ་ཅན་ཐོད་པ་ཅན་འཇིགས་པ་ཅན་མི་ཐུབ་མ་བཞི་དང་། རིམ་པ་གཉིས་པར་དགེ་བའི་སྐེ་རག་མ་གཟུགས་ཅན་མ་རྣམ་རྒྱལ་མ་འདོད་མ་བཞི་དང་། འདོད་ཅན་མ་དུས་ཅན་མ་མཚོ་ཆེན་མ་བྱེད་མ་གསོད་མ་བཞི་དང་། གསུམ་པར་སྒྲོལ་མ་འཇིགས་མཐོང་མ་ལེགས་མཐོང་མ་ཐུབ་དཀའ་མ་བཞི་དང་། དགེ་མ་གྲིབ་གནོན་མ་དུས་མཚན་མ་རླུང་གྲགས་ཆེན་མོ་བཞི་དང་། སྒོ་བཞིར་མཛེས་མ་ནོར་འཛིན་མ་སྐལ་བཟང་མ་ཡིད་འོང་མ་བཞི་སྟེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པའོ།། ༈ །།ཡང་ཐོད་པ་ལྷ་དགུ་ནི་དབུས་སུ་སངས་རྒྱས་ཐོད་པ། མཐར་འདབ་མ་བརྒྱད་ལ་སྣ་ཚོགས་བདེ་མ་འདོད་མ་ས་འོག་ན་གནས་མ་ལེགས་བཟང་མ་བཞི་དང་། ཆང་འཚོང་མ་འབྱུང་མོ་ཕྱག་བཞི་མ་ནམ་མཁར་གནས་མ་བཞི་རྣམས་སོ།། ༈ །།སྒྱུ་མ་ཆེན་མོ་ལྷ་ལྔ་ནི། དབུས་སུ་བཅོམ་ལྡན་འདས་སྒྱུ་མ་ཆེན་མོ་སྐུ་མདོག་ནག་པོ་ཞལ་བཞི་ཕྱག་བཞི་པ་ཡུམ་བཅས། ཕྱོགས་བཞིར་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་མཁའ་འགྲོ་མ་བཞིའོ།། ༈ །།རྣལ་འབྱོར་མ་ནམ་མཁའ་ལྷ་ང་བརྒྱད་ནི། དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་རྣལ་འབྱོར་ནམ་མཁའ་སྐུ་མདོག་ནག་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་བཅས། ཕྱོགས་མཚམས་སུ་རྡོ་རྗེ་མཁའ་འགྲོ་མ་འཇིགས་བྱེད་མཁའ་འགྲོ་མ་རོ་ལངས་མ་གཏུམ་མོ་བཞི་དང་། སེདྒེ་མ་སྟག་མོ་ལྕེ་སྤྱང་མ་འུག་པ་མ་བཞི་དང་། མཁའ་འགྲོ་མ་མར་མེ་མ་འཇིགས་བྱེད་མ་ཀམ་པོ་ཙི་བཞི་དང་། ལྷ་སྣམ་ལ་པུ་ཀ་སི་ཏྲ་མི་ཊཱི་གཏུམ་མོ་འཇིགས་བྱེད་མ་ཁྲག་མ་ཤམ་དྲག་ཤུལ་མ་འབར་མ་མི་སྡུག་མ་རྣམས་དང་། ཐོད་པ་མ་རྡོ་རྗེ་མ་བུམ་པ་ཅན་མ་སྒེག་མོ་དྲི་ཆབ་མ་པི་ཝང་མ་མེ་ཏོག་མ་གླུ་མ་བདུག་སྤོས་མ་གར་མ་མར་མེ་མ་རྣམས་དང་། སྒོ་མཚམས་རྣམས་སུ་ཁྱབ་འཇུག་ཚངས་པ་དབང་ཕྱུག་གདོང་དྲུག་དབང་པོ་ལུས་ངན་གཤིན་རྗེ་ཆུ་ལྷ་རྣམས་དང་། ཕྱིའི་ལྷ་སྣམ་ལ་ཀེང་རུས་འཇིགས་བྱེད་ཁ་ཊྭཾ་ཀའི་སྲིན་པོ་ཚོགས་ཀྱི་དབང་ཕྱུག་དྲིལ་བུའི་རྣ་བ་ཅན་རྣམས་དང་། གཏུམ་མོའི་དབང་ཕྱུག་ལྷ་འདུན་སའི་ལྷ་རིམ་གྱིས་དབང་ཕྱུག་ཛཱཾ་ཀ་ར་འཇིགས་སུ་རུང་བ་རྣམས་དང་། དྲག་པོའི་འདོད་པ་ཤཎྜི་ལའི་དབང་ཕྱུག་ཌ་མ་རུའི་འདུལ་བྱེད་རྔ་སྒྲའི་འཇིགས་བྱེད་རྣམས་དང་གཏུམ་བུ་རའི་དབང་ཕྱུག་སྭཱ་ར་ན་དོ་མཆེ་བ་གཙིགས་པ་གཞུ་འཛིན་རྣམས་ཏེ་ཡུམ་དང་བཅས་པའོ། །༈ ཡེ་ཤེས་ཀྱི་མཁའ་འགྲོ་ལྷ་བཅུ་གསུམ་པ་ནི། དབུས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྔོན་མོ་ཞལ་གསུམ་ཕྱག་དྲུག་མ། ཕྱོགས་བཞིར་རྡོ་རྗེ་མཁའ་འགྲོ་མ་འཇིགས་བྱེད་མཁའ་འགྲོ་མ་རོ་ལངས་མ་གཏུམ་མོ་བཞི་དང་། མཚམས་སུ་སེདྒེ་མོ་སེདྒེའི་གདོང་བ་ཅན་སྟག་མ་སྟག་གདོང་ཅན་ལྕེ་སྤྱང་མ་སྤྱང་གདོང་ཅན་འུག་པ་མ་འུག་གདོང་ཅན་བཞི་དང་། སྒོ་བཞིར་རྒྱལ་བའི་དབང་ཕྱུག་མ་གསལ་བྱེད་མ་འཇིགས་བྱེད་མ་ཀམ་པོ་ཛི་སྟེ་བཞིའོ། །༈ གཞན་ཡང་ཕྱག་རྡོར་འཁོར་ཆེན་སོགས་བླ་མེད་ཀྱི་དཀྱིལ་འཁོར་ཤིན་ཏུ་མང་ངོ་།། ༈ །།དཔལ་དུས་ཀྱི་འཁོར་ལོ་ལྷ་དྲུག་བརྒྱ་སོ་བཞི་ནི། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་དང་། ཐུགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྐུ་མདོག་ནག་པོ་ཞལ་གསུམ་ཕྱག་ཉེར་བཞི་པ་སྣ་ཚོགས་ཡུམ་དང་སྦྱོར་བ། མཐར་ཕྱོགས་མཚམས་ཀྱི་འདབ་མ་རྣམས་སུ་ནག་པོ་འབར་མ་དམར་མོ་འབར་མ་སེར་མོ་འབར་མ་དཀར་པོ་འབར་མ་བཞི་དང་། དུ་བ་མ་སྨིག་སྒྱུ་མ་མར་མེ་མ་མཁའ་སྣང་མ་བཞི་དང་། བདེ་གཤེགས་འཕར་མའི་ཕྱོགས་མཚམས་སུ་དོན་གྲུབ་རིན་འབྱུང་རྣམ་སྣང་འོད་དཔག་མེད་བཞི་དང་། ཡང་སྒྲོལ་མ་སོགས་ཡུམ་བཞི་ལ་ཡབ་བཞིས་འཁྱུད་པ་དང་། ལྷ་སྣམ་ལ་ཀུན་བཟང་ནམ་སྙིང་ཕྱག་རྡོར་ས་སྙིང་ཆོས་དབྱིངས་རྡོ་རྗེ་མ་སྒྲིབ་སེལ་སྐྲ་རྡོ་རྗེ་མ་འཇིག་རྟེན་དབང་ཕྱུག་བརྒྱད་ལ་རིམ་པ་བཞིན་དུ་ཆོས་དབྱིངས་རྡོ་རྗེ་མ་དྲི་རྡོ་རྗེ་མ་སྒྲ་རྡོ་རྗེ་མ་གཟུགས་རྡོ་རྗེ་མ་ཀུན་བཟང་རེག་བྱ་རྡོ་རྗེ་མ་ཕྱག་རྡོར་རོ་རྡོ་རྗེ་མ་རྣམས་ཀྱིས་འཁྱུད་པ་སྟེ་ལྷ་ཕོ་གཉིས་ཀྱིས་ཚུར་སྐྱོར་བའོ། །ཡང་རེག་བྱ་རྡོ་རྗེ་མ་རོ་རྡོ་རྗེ་མ་དྲི་རྡོ་རྗེ་མ་གཟུགས་རྡོ་རྗེ་མ་བཞི་ལ་སྒྲིབ་སེལ་འཇིག་རྟེན་དབང་ཕྱུག་ནམ་སྙིང་ས་སྙིང་བཞིས་འཁྱུད་པ་དང་། སྒོ་བཞིར་ཁྲོ་བོ་ཤིན་ཏུ་སྟོབས་རྨོངས་བྱེད་རེངས་བྱེད་ང་རྒྱལ་བྱེད་བཞི་ལ་ཡུམ་རེངས་བྱེད་མ་ང་རྒྱལ་བྱེད་མ་ཤིན་ཏུ་སྟོབས་མ་རྨོངས་བྱེད་མ་བཞིས་འཁྱུད་པ་དང་། གསུང་དཀྱིལ་གྱི་འདོད་སྣམ་ལ་དྲི་ཆབ་མ་ཕྲེང་བ་མ་བདུག་སྤོས་མ་མར་མེ་མ་བཞི་དང་། སྒེག་མོ་བཞད་མ་བདུད་རྩི་མ་མི་ཟད་མ་བཞི་དང་། གར་མ་འདོད་པ་མ་སྒྲ་མ་གླུ་མ་བཞི་སྟེ་བཅུ་གཉིས་དང་། ཡང་ཙ་རྩི་ཀ་ནག་མོ་ཡབ་བཅས་ལ་འཇིགས་བྱེད་མ་དང་དྲག་མོ་དུས་ཀྱི་མཆེ་བ་མ་མེ་འབར་གདོང་མ་རླུང་ཤུགས་མ་རབ་གཏུམ་མ་དྲག་མིག་མ་སྣ་ཆེན་མ་བརྒྱད་ཀྱིས་བསྐོར་བ་དང་། ཡང་ཁྱབ་འཇུག་མ་ནག་པོ་ཡབ་བཅས་ལ་དཔལ་མོ་དང་སྒྱུ་མ་མོ་གྲགས་མ་ཕུན་ཚོགས་མ་རྣམ་རྒྱལ་མ་དཔལ་ལྡན་རྒྱལ་མ་རྒྱལ་བྱེད་མ་དཔལ་ལྡན་འཁོར་ལོ་ཅན་རྣམས་ཀྱིས་བསྐོར་བ་དང་། ཡང་ཕག་མོ་དམར་མོ་ཡབ་བཅས་ཀེང་རུས་མ་དུས་མཚན་མ་རབ་ཁྲོས་གདོང་མ་དུས་ཀྱི་ལྕེ་མ་གཙིགས་མ་ནག་མོ་འཇིགས་རུང་མ་གཟུགས་ངན་མ་རྣམས་ཀྱིས་བསྐོར་བ་དང་། ཡང་གཞོན་ནུ་མ་དམར་མོ་ཡབ་བཅས་ལ་ལུས་མེད་མ་གཞོན་ནུ་མ་རི་དྭགས་བདག་མ་རིན་ཆེན་ཕྲེང་བ་མ་མིག་བཟང་མ་སྡུག་མ་བཟང་མོ་རྣམས་ཀྱིས་བསྐོར་བ་དང་། ཡང་དབང་མོ་སེར་མོ་ཡབ་བཅས་ལ་རྡོ་རྗེ་འོད་མ་རྡོ་རྗེ་ལུས་ཅན་གསེར་ལྡན་མ་ལས་དབང་མ་རི་མོ་སྣ་ཚོགས་མཆུ་ཤིང་མ་ཟུག་རྔུ་མ་ཤིན་ཏུ་མིག་འབྲས་མ་རྣམས་ཀྱིས་བསྐོར་བ་དང་། ཡང་ཚངས་མ་སེར་མོ་ཡབ་བཅས་ལ་སཱ་བིརྟྲི་པདྨའི་སྤྱན་ཆུ་སྐྱེས་ཅན་བློ་གྲོས་མ་ངག་དབང་མ་གླུ་མ་གློག་མ་དྲན་མ་རྣམས་ཀྱིས་བསྐོར་བ་དང་། ཡང་དྲག་མོ་དཀར་མོ་ཡབ་བཅས་ལ། གོ་རི་མ་ཀཾ་ཀ་མ་རྟག་མ་མྱུར་མ་ཏོ་ཏ་ལཱ་མཚོན་བྱེད་མ་དམར་སེར་མ་ནག་མོ་རྣམས་ཀྱིས་བསྐོར་བ་དང་། ཡང་བདུན་ཚོགས་མ་དཀར་མོ་ཡབ་བཅས་ལ་དཔལ་ལྡན་མ་ཟླ་བའི་རི་མོ་མ་རི་བོང་འཛིན་པའི་གདོང་མ་དང་སའི་གདོང་ཅན་མ་ཉམས་དགའ་མ་པདྨའི་དབང་ཕྱུག་མ་སྤྱན་མྱུར་མ་དྲི་མེད་རི་བོང་འཛིན་མ་རྣམས་ཀྱིས་བསྐོར་བ་དང། ཡང་སྐུ་དཀྱིལ་གྱི་སྣམ་བུ་སོགས་པདྨའི་ལྟེ་བར་བདེན་བྲལ་བདག་པོ་ཡུམ་བཅས་ལ་ནག་པ་ཟླ་བའི་ཚེས་ལ་ལྷུ་བའི་ལྷ་མོ་ཉ་རྡོ་རྗེ་མ་ཉཱི་རྡོ་རྗེ་མ་ཉིར་༽ རྡོ་རྗེ་ཉུ་རྡོ་རྗེ་མ་བཞི་དང་། ཉིལ་༽རྡོ་རྗེ་མ་ཉཾ་རྡོ་རྗེ་མ་ཛྷ་རྡོ་རྗེ་མ་ཛྷི་རྡོ་རྗེ་མ་ཛྷིར་༽རྡོ་རྗེ་མ་ཛྷུ་རྡོ་རྗེ་མ་ཛྷྀལ་༽ རྡོ་རྗེ་མ་ཛྷི་རྡོ་རྗེ་མ་བརྒྱད་དང་། ཛ་རྡོ་རྗེ་མ་ཛི་རྡོ་རྗེ་མ་ཛུ་རྡོ་རྗེ་མ་ཛིལ་༽རྡོ་རྗེ་མ་ཛི་རྡོ་རྗེ་མ་ཚ་རྡོ་རྗེ་མ་ཚི་རྡོ་རྗེ་མ་ཚྀར་༽རྡོ་རྗེ་མ་ཚུ་རྡོ་རྗེ་མ་ཚྀལ༽རྡོ་རྗེ་མ་ཚཾ་རྡོ་རྗེ་མ་ཙ་རྡོ་རྗེ་མ་ཙི་རྡོ་རྗེ་མ་ཙྀར་༽ རྡོ་རྗེ་མ་ཙུ་རྡོ་རྗེ་མ་ཙྀལ་༽རྡོ་རྗེ་མ་བཅུ་དྲུག་སྟེ་ཉེར་བརྒྱད་རྣམས་ཀྱིས་བསྐོར་བ་དང་། ཡང་རླུང་ལྷ་ནག་པོ་ཡུམ་བཅས་ལ་ས་ག་ཟླ་བའི་ཚེས་ཀྱི་ལྷ་མོ་ཙ་རྡོ་རྗེ་མ་ཙི་རྡོ་རྗེ་མ་ཙྀར༽་རྡོ་རྗེ་མ་ཙཱུ་རྡོ་རྗེ་མ་བཞི་ལ་སོགས་པ་རྡོ་རྗེ་མ་ཉེར་བརྒྱད་ཀྱིས་བསྐོར་བ་དང་། ཡང་གཤིན་རྗེ་དམར་པོ་ཡུམ་བཅས་ལ་དབོ་ཟླ་བའི་ཚེས་ཀྱི་ལྷ་མོ་ཀཱུ་རྡོ་རྗེ་མ་ཀཱ་རྡོ་རྗེ་མ་ཀྲྀ་རྡོ་རྗེ་མ་ཀཱུ་རྡོ་རྗེ་མ་སོགས་རྡོ་རྗེ་མ་ཉེར་བརྒྱད་ཀྱིས་བསྐོར་བ་དང་། ཡང་མེ་ལྷ་དམར་པོ་ཡུམ་བཅས་ལ་སྣྲོན་ཟླ་བའི་ཚེས་ཀྱི་ལྷ་མོ་ཎ་ཎི་ཎྲྀ་ཎུ་རྡོ་རྗེ་མ་སོགས་རྡོ་རྗེ་མ་ཉེར་བརྒྱད་ཀྱིས་བསྐོར་བ་དང་། ཡང་གདོང་དྲུག་དམར་པོ་ཡུམ་བཅས་ལ་ཆུ་སྟོད་ཟླ་བའི་ཚེས་ཀྱི་ལྷ་མོ་ཊཱ་ཊཱི་ཊ྄ྀ་ཊཱུ་རྡོ་རྗེ་མ་སོགས་རྡོ་རྗེ་མ་ཉེར་བརྒྱད་ཀྱིས་བསྐོར་བ་དང་། ཡང་ལུས་ངན་སེར་པོ་ཡུམ་བཅས་ལ་རྒྱལ་ཟླ་བའི་ཚེས་ཀྱི་ལྷ་མོ་སཱ་རྡོ་རྗེ་མ་སཱི་རྡོ་རྗེ་མ་སྲྀ་རྡོ་རྗེ་མ་སཱུ་རྡོ་རྗེ་མ་སོགས་རྡོ་རྗེ་མ་ཉེར་བརྒྱད་ཀྱིས་བསྐོར་བ་དང་། ཡང་དབང་པོ་སེར་པོ་ཡུམ་བཅས་ལ་ཐ་སྐར་ཟླ་བའི་ཚེས་ཀྱི་ལྷ་མོ་ན་ནི་ནྲྀ་ནུ་རྡོ་རྗེ་མ་སོགས་རྡོ་རྗེ་མ་ཉེར་བརྒྱད་ཀྱིས་བསྐོར་བ་དང་། ཡང་ཚངས་པ་སེར་པོ་ཡུམ་བཅས་ལ་སྨིན་དྲུག་ཟླ་བའི་ཚེས་ཀྱི་ལྷ་མོ་ཏཱ་ཏཱི་ཏྲྀ་ཏུ་རྡོ་རྗེ་མ་སོགས་རྡོ་རྗེ་མ་ཉེར་བརྒྱད་ཀྱིས་བསྐོར་བ་དང་། ཡང་དྲག་པོ་དཀར་པོ་ཡུམ་བཅས་ལ་མགོ་ཟླ་བའི་ཚེས་ཀྱི་ལྷ་མོ་ཐཀཐིཀ་ཐྲྀ་ཐཀུ་༽རྡོ་རྗེ་མ་སོགས་རྡོ་རྗེ་མ་ཉེར་བརྒྱད་ཀྱིས་བསྐོར་བ་དང་། ཡང་ཆུ་ལྷ་དཀར་པོ་ཡུམ་བཅས་ལ་གྲོ་བཞིན་ཟླ་བའི་ཚེས་ཀྱི་ལྷ་མོ་མ་མི་མྲྀ་མཱུ་རྡོ་རྗེ་མ་སོགས་རྡོ་རྗེ་མ་ཉེར་བརྒྱད་ཀྱིས་བསྐོར་བ་དང་། ཡང་ཚོགས་བདག་དཀར་པོ་ཡུམ་བཅས་ལ་ཁྲུམས་སྟོད་ཟླ་བའི་ཚེས་ཀྱི་ལྷ་མོ་པཱ་པཱི་པྲྀ་པཱུ་རྡོ་རྗེ་མ་སོགས་རྡོ་རྗེ་མ་ཉེར་བརྒྱད་ཀྱིས་བསྐོར་བ་དང་། ཡང་ཁྱབ་འཇུག་ནག་པོ་ཡུམ་བཅས་ལ་མཆུ་ཟླ་བའི་ཚེས་ཀྱི་ལྷ་མོ་ང་ངི་ངརྀ་༽ང་རྡོ་རྗེ་མ་སོགས་རྡོ་རྗེ་མ་ཉེར་བརྒྱད་ཀྱིས་བསྐོར་བ་རྣམས་སོ། །ཡང་དབྱུག་སྔོན་ཅན་ལ་འོད་ཟེར་ཅན་དང་འདོད་རྒྱལ་ལ་ཙུནྡ་དང་སྟོབས་པོ་ཆེ་ལ་རྡོ་རྗེ་ལྕགས་སྒྲོག་མ་དང་མི་གཡོ་བ་ལ་ཁྲོ་གཉེར་ཅན་དང་། གཙུག་གཏོར་འཁོར་བསྒྱུར་ལ་ཤིན་ཏུ་སྔོན་མོ་དང་གནོད་མཛེས་རྒྱལ་པོ་ལ་དྲག་མིག་མས་འཁྱུད་པ་དང་། ཡང་ཀླུ་པདྨ་དང་སྟོབས་རྒྱུ་ལ་ཁྱི་གདོང་མ་དང་ཕག་གདོང་མ། ནོར་རྒྱས་དང་དུང་སྐྱོང་ལ་ཕག་གདོང་མ་དང་རྒོད་གདོང་མ། འཇོག་པོ་དང་པདྨ་ཆེན་པོ་ལ་ལྕེ་སྤྱང་གདོང་མ་དང་མཁའ་ལྡིང་གདོང་མ། མཐའ་ཡས་དང་རིགས་ལྡན་ལ་སྟག་གདོང་མ་དང་འུག་གདོང་མ། རྒྱལ་བ་དང་རྣམ་པར་རྒྱལ་བ་ལ་སྔོན་མོ་དང་རྡོ་རྗེ་མིག་ཅན་མས་འཁྱུད་པ་དང་། ཡང་ཁྱི་གདོང་མ་བྱ་རོག་གདོང་མ་དང་རྒོད་གདོང་མ། འཇོག་པོ་དང་པདྨ་ཆེན་པོ་ལ་ལྕེ་སྤྱང་གདོང་མ་དང་མཁའ་ལྡིང་གདོང་མ། མཐའ་ཡས་དང་རིགས་ལྡན་ལ་སྟག་གདོང་མ་དང་འུག་གདོང་མ། རྒྱལ་བ་དང་རྣམ་པར་རྒྱལ་བ་ལ་སྔོན་མོ་དང་རྡོ་རྗེ་མིག་ཅན་མས་འཁྱུད་པ་དང་། ཡང་ཁྱི་གདོང་མ་བྱ་རོག་གདོང་མ་ཕག་གདོང་མ་རྒོད་གདོང་མ་སྟག་གདོང་མ་འུག་གདོང་མ་ལྕེ་སྤྱང་གདོང་མ་མཁའ་ལྡིང་གདོང་མ་སྔོན་མོ་དང་རྡོ་རྗེ་མིག་ཅན་མ་གཉིས་ཏེ་བཅུ་དང་། ཡང་ཉི་མ་དང་ཟླ་བ་མིག་དམར་ལྷག་པ་མཇུག་རིང་སྤེན་པ་པ་སངས་ཕུར་བུ་སྒྲ་གཅན་དུས་མེ་བརྟན་པ་རི་ཥི་དང་། རྒྱུ་སྐར་ཉེར་བརྒྱད་ཁྱིམ་བཅུ་གཉིས་ཆ་བཅུ་དྲུག་ཕྱོགས་སྐྱོང་བཅུ་དགའ་བྱེད་དབང་ཕྱུག་དང་བྷྲྀང་གི་རི་ཏི་ངང་ནག་པོ་ཆེན་པོ་དྲིལ་བུའི་སྣ་ཅན་ཞིང་སྐྱོང་རྣམས་དང་འཕྲོག་མ་དང་གྲུབ་པ་ཐབས་ཅད་དང་། ཡང་དབྱེ་འདོད་མ་དང་གོས་འདོད་མ་འཁྲུག་འདོད་མ་མཆོལ་འདོར་མ་སྤྲོ་འདོད་མ་གདུང་འདོད་མ་རེག་བྱ་འདོད་མ་ཡན་ལག་བསྐྱོད་མ་ལྷག་མ་ཟ་འདོད་མ་དང་། བསྐྱོད་འདོད་མ་ཟ་འདོད་མ་དྲི་འདོད་མ་གར་འདོད་མ་སྐེམ་འདོད་མ་འགུག་འདོད་མ་རྒྱུགས་འདོད་མ་ཟག་འདོད་མ་གཡུལ་འདོད་མ་དང་། རེངས་འདོད་མ་དྲི་ཆབ་འདོད་མ་བརྙོས་འདོད་མ་རྒྱལ་འདོད་མ་བཅིངས་འདོད་མ་འཁྲིག་འདོད་མ་ཕུར་བུ་འདེབས་འདོད་མ་འཆིང་འདོད་མ་དང་། རྒྱས་འདོད་མ་རྒྱན་འདོད་མ་སྟན་འདོད་མ་སྲིད་འདོད་མ་སྨྲ་འདོད་མ་རོལ་མོ་འདོད་མ་འཆང་འདོད་མ་རྩོད་འདོད་མ་སྡིག་འདོད་མ་སྟེ་སོ་དྲུག་བཅས་བསྡུས་ནས་བཤད་པའོ།། ༈ །།རྣལ་འབྱོར་རྒྱུད་དེ་ཉིད་བསྡུས་པ་ནས་བཤད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་པཱི་ལྟང་གསུམ་ནི། དཀྱིལ་འཁོར་གྱི་དབུས་སུ་རྣམ་སྣང་དཀར་པོ་ཞལ་བཞི་ཕྱག་བརྒྱད་པ་ཕྱོགས་བཞིར་སེམས་མ་རྡོ་རྗེ་མ་རིན་ཆེན་རྡོ་རྗེ་མ་ཆོས་ཀྱི་རྡོ་རྗེ་མ་ལས་ཀྱི་རྡོ་རྗེ་མ་བཞི་དང་། ཤར་དུ་པདྨའི་ལྟེ་བར་མི་བསྐྱོད་པ། འདབ་མ་བཞིར་རྡོ་རྗེ་སེམས་དཔའ་རྡོ་རྗེ་རྒྱལ་པོ་རྡོ་རྗེ་ཆགས་པ་རྡོ་རྗེ་ལགས་པ་བཞི་དང་། ལྷོའི་པདྨའི་ལྟེ་བར་རིན་འབྱུང་། འདབ་མ་བཞིར་རྡོ་རྗེ་རིན་ཆེན་རྡོ་རྗེ་གཟི་བརྗིད་རྡོ་རྗེ་རྒྱལ་མཚན་རྡོ་རྗེ་བཞད་པ་བཞི་དང་། ནུབ་ཀྱི་པདྨའི་ལྟེ་བར་སྣང་བ་མཐའ་ཡས། འདབ་མ་ལ་རྡོ་རྗེ་ཆོས་རྡོ་རྗེ་རྣོན་པོ་རྡོ་རྗེ་རྒྱུ་རྡོ་རྗེ་སྨྲ་བ་བཞི་དང་། བྱང་གི་པདྨའི་ལྟེ་བར་དོན་གྲུབ། འདབ་མ་ལ་རྡོ་རྗེ་ལས་རྡོ་རྗེ་སྲུང་བ་རྡོ་རྗེ་གནོད་སྦྱིན་རྡོ་རྗེ་ཁུ་ཚུར་བཞི་དང་། གྲྭ་བཞིར་སྒེག་མོ་མ་ཕྲེང་བ་མ་གླུ་མ་གར་མ་བཞི་དང་། ལྷ་སྣམ་ལ་བྱམས་པ་མཐོང་བ་དོན་ཡོད་མྱ་ངན་དང་མུན་པ་ངེས་འཇོམས་ཀྱི་བློ་དང་། སྤོས་ཀྱི་གླང་པོ་དཔའ་འགྲོ་ནམ་མཁའ་མཛོད་ཡེ་ཤེས་ཏོག་དང་། འོད་དཔག་མེད་ཟླ་འོད་བཟང་སྐྱོང་དྲ་བ་ཅན་གྱི་འོད། རྡོ་རྗེ་སྙིང་པོ་བློ་གྲོས་མི་ཟད་པ་སྤོབས་པ་བརྩེགས་པ་ཀུན་བཟང་རྣམས་དང་། མཚམས་སུ་བདུག་པ་མ་མེ་ཏོག་མ་མར་མེ་མ་དྲི་ཆབ་མ་དང་། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་སོགས་བཞིའོ།། ༈ །།ཀུན་རིག་རྩ་བའི་ལྷ་སོ་བདུན་དང་མགྲོན་ཐབས་ཀྱི་ལྷ་ནི། དབུས་སུ་རྣམ་སྣང་ཞལ་བཞི་ཕྱག་གཉིས་པ། ཕྱོགས་བཞིར་ངན་སོང་སྦྱོང་བའི་རྒྱལ་པོ་རྒྱལ་མཆོག་རིན་ཆེན་ཤཱཀྱ་རིགས་དབང་མེ་ཏོག་ཆེར་རྒྱས་བཞི། མཚམས་སུ་སྤྱན་མ་མཱ་མ་ཀི་གོས་དཀར་མོ་སྒྲོལ་མ་བཞི་དང་། ཕྱོགས་བཞིའི་རྩིབས་རྣམས་ལ་གོང་དུ་སྨོས་པའི་རྡོ་རྗེ་སེམས་དཔའ་ནས་རྡོ་རྗེ་ཁུ་ཚུར་གྱི་བར་བཞི་བཞི་སྟེ་བཅུ་དྲུག་དང་། ནང་གི་མཚམས་བཞིར་སྒེག་མ་སོགས་བཞི་དང་། ཕྱིའི་མཚམས་བཞིར་བདུག་པ་མ་སོགས་བཞི་དང་། ནང་གི་སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་སོགས་བཞི་དང་། ལྷ་སྣམ་ནང་མའི་ཕྱོགས་བཞིར་བྱམས་པ་ནས་ཀུན་བཟང་གི་བར་བཞི་བཞི་སྟེ་བཅུ་དྲུག་དང་། བར་པའི་ཕྱོགས་བཞིར་དགའ་བོ་ནས་འོད་སྲུང་གི་བར་བཞི་བཞི་སྟེ་བཅུ་དྲུག་དང་། ཕྱི་མའི་ཕྱོགས་མཚམས་སུ་གདུང་སེལ་ནས་ཡིད་མྱུར་པའི་བར་བཅུ་གཉིས་དང་། ཕྱིའི་སྒོ་བཞིར་འཇིག་རྟེན་གསུམ་སྣང་ནས་དྲིལ་བུ་མའི་བར་ཁྲོ་བོ་བཅུ་གཉིས་དང་ཁྲོ་མོ་བཞི་སྟེ་བཅུ་དྲུག་རྣམས་དང་། ཕྱིའི་ཁོར་ཡུག་ཏུ་རྒྱལ་ཆེན་བཞི་ལ་སོགས་པ་གཙང་རིགས་ཀྱི་དཔལ་མགོན་དོན་ལྔ་འཁོར་དང་བཅས་པ་རྣམས་ཏེ་བསྡུས་ནས་བཤད་པའོ། །༈ གཙུག་དགུའི་ལྷ་སོ་བདུན་ནི། དབུས་སུ་ཤཱཀྱ་སེདྒེ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱོགས་མཚམས་སུ་རྡོ་རྗེ་གཙུག་ཏོར་རིན་ཆེན་གཙུག་ཏོར་པདྨའི་གཙུག་ཏོར་སྣ་ཚོགས་གཙུག་ཏོར་བཞི་དང་། གཙུག་ཏོར་གཟི་བརྗིད་གཙུག་ཏོར་རྒྱལ་མཚན་གཙུག་ཏོར་རྣོན་པོ་གཙུག་ཏོར་གདུགས་དཀར་བཞི་དང་། དེའི་ཕྱི་རོལ་ཏུ་སྒེག་མོ་མ་ཕྲེང་བ་མ་གླུ་མ་གར་མ་བཞི་དང་། ལྷ་སྣམ་ལ་བྱམས་པ་མཐོང་བ་དོན་ཡོད་ནས་ཀུན་ཏུ་བཟང་པོའི་བར་ཀུན་རིག་གི་མགྲོན་ཐབས་ཀྱི་སེམས་དཔའ་བཅུ་དྲུག་ལྟར་དང་། དེའི་ཕྱོགས་མཚམས་སུ་མེ་ཏོག་མ་བདུག་པ་མར་མེ་དྲི་ཆབ་མ་བཞི་དང་། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞི་རྣམས་སོ།། ༈ །།སྒྱུ་འཕྲུལ་དྲ་བའི་རྒྱུད་དང་སློབ་དཔོན་འཇམ་དཔལ་གྲགས་པས་མཚན་བརྗོད་རྣལ་འབྱོར་རྒྱུད་དུ་བཀྲལ་བའི་ལུགས་ཀྱི་ཆོས་དབྱིངས་གསུང་དབང་ལྷ་ཉིས་བརྒྱ་ཉེར་གཅིག་ནི། དབུས་སུ་བཅོམ་ལྡན་འདས་འཇམ་པའི་དབྱངས་སྐུ་མདོག་སེར་པོ་ཞལ་བཞི་ཕྱག་བརྒྱད་པ། དེའི་མཐར་ཕྱོགས་མཚམས་སུ་གཙུག་ཏོར་ཆེན་པོ་གཙུག་ཏོར་གདུགས་དཀར་གཙུག་ཏོར་གཟི་བརྗིད་ཕུང་པོ་རྣམ་པར་རྒྱལ་བའི་གཙུག་ཏོར་བཞི་དང་། གཙུག་ཏོར་འོད་ཟེར་རྣམ་འཕྲོ་གཙུག་ཏོར་འཕགས་པ་གཙུག་ཏོར་ཆེར་འཕགས་པ་གཙུག་ཏོར་རྒྱལ་བ་བཞི་དང་། ཤར་གྱི་རེ་མིག་གི་དབུས་སུ་མི་བསྐྱོད་པ་ཞལ་བཞི་ཕྱག་བརྒྱད་པའི་མཐར་རྡོ་རྗེ་སེམས་དཔའ་སོགས་བཞིས་བསྐོར་བ་དང་། ལྷོའི་དབུས་སུ་རིན་འབྱུང་སེར་པོ་ཞལ་བཞི་ཕྱག་བརྒྱད་པའི་མཐར་རྡོ་རྗེ་རིན་ཆེན་སོགས་སེམས་དཔའ་བཞི་དང་། ནུབ་ཀྱི་དབུས་སུ་སྣང་མཐའ་དམར་པོ་ཞལ་བཞི་ཕྱག་བརྒྱད་པའི་མཐར་རྡོ་རྗེ་ཆོས་སོགས་སེམས་དཔའ་བཞི་དང་། བྱང་གི་དབུས་སུ་དོན་གྲུབ་ལྗང་ཁུ་ཞལ་བཞི་ཕྱག་བརྒྱད་པའི་མཐར་རྡོ་རྗེ་ལས་སོགས་སེམས་དཔའ་བཞིས་བསྐོར་བ་དང་། དབང་ལྡན་དུ་སྤྱན་མ་མེར་མཱ་མ་ཀི་བདེན་བྲལ་དུ་གོས་དཀར་མོ་རླུང་དུ་སྒྲོལ་མ་སྟེ་བཞི་དང་སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་སོགས་བཞིའོ།། ༈ །།དཀྱིལ་འཁོར་གཉིས་པའི་ཤར་དུ་མོས་སྤྱོད་ཀྱི་ས་མ་རབ་དགའི་ས་མ་དྲི་མེད་མ་འོད་བྱེད་མ་འོད་འཕྲོ་མ་སྦྱངས་དཀའ་མ་མངོན་གྱུར་མ་རིང་དུ་སོང་མ་མིག་གཡོ་མ་ལེགས་པའི་བློ་གྲོས་མ་ཆོས་ཀྱི་སྤྲིན་མ་ཀུན་ཏུ་འོད་མ་སྟེ་བཅུ་གཉིས་དང་། ལྷོར་རིན་ཆེན་པདྨའི་ཕ་རོལ་ཏུ་ཕྱིན་མ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་མ། དེ་བཞིན་དུ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་ཐབས་སྨོན་ལམ་སྟོབས་ཡེ་ཤེས་ལས་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་བཅུ་གཉིས་དང་ནུབ་ཏུ་ཚེ་ལ་དབང་བ་དེ་བཞིན་དུ་སེམས་དང་ཡོ་བྱད་ལས་སྐྱེ་བ་རྫུ་འཕྲུལ་མོས་པ་སྨོན་ལམ་ཡེ་ཤེས་ཆོས་ལ་དབང་བ་སྟེ་བཅུའི་སྟེང་དུ་དེ་བཞིན་ཉིད་མ་དང་སངས་རྒྱས་ཀྱི་བྱང་ཆུབ་མ་གཉིས་ཏེ་བཅུ་གཉིས་དང་། བྱང་དུ་དབྱིག་གི་བློ་གྲོས་མ་རིན་ཆེན་སྐར་མདའ་གཙུག་ཏོར་རྣམ་རྒྱལ་འོད་ཟེར་ཅན་མ་རི་ཁྲོད་ལོ་མ་ཅན་དུག་སེལ་མ་དང་། སྒོ་མཐའ་ཡས་མ་ཙུནྡ་ཤེས་རབ་འཕེལ་མ་ལས་སྒྲིབ་རྣམ་སེལ་མ་ཡེ་ཤེས་མི་ཟད་པའི་ཟ་མ་ཏོག་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་མ་སྟེ་བཅུ་གཉིས་དང་། སྒོ་བཞིར་ཆོས་སོ་སོར་ཡང་དག་རིག་མ་དེ་བཞིན་དུ་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོར་ཡང་དག་རིག་མ་བཞི་དང་། མཚམས་སུ་སྒེག་མོ་མ་ཕྲེང་བ་མ་གླུ་མ་གར་མ་བཞི་དང་བཅས་ལྷ་མོ་ང་དྲུག་དང་། སྣམ་བུ་ལ་ཤར་དུ་ཀུན་བཟང་བློ་གྲོས་མི་ཟད་པ་ས་སྙིང་ནམ་སྙིང་བཞི་དང་། ལྷོར་ནམ་མཁའ་མཛོད་ཕྱག་ན་རིན་ཆེན་བློ་གྲོས་རྒྱ་མཚོ་རྡོ་རྗེའི་སྙིང་པོ་བཞི་དང་། ནུབ་ཏུ་སྤྱན་རས་གཟིགས་མཐུ་ཆེན་ཐོབ་ཟླ་འོད་དྲ་བ་ཅན་གྱི་འོད་བཞི་དང་། བྱང་དུ་འོད་དཔག་མེད་སྤོབས་པ་བརྩེགས་པ་མྱ་ངན་དང་མུན་པ་ཐམས་ཅད་ངེས་འཇོམས་བློ་གྲོས་སྒྲིབ་པ་རྣམ་སེལ་བཞི་སྟེ་བཅུ་དྲུག་དང་། ཤར་སྒོར་གཤིན་རྗེ་མཐར་བྱེད་ལྷོར་ཤེས་རབ་མཐར་བྱེད་ནུབ་ཏུ་པདྨ་མཐར་བྱེད་བྱང་དུ་བགེགས་མཐར་བྱེད་བཞི་དང་། མཚམས་སུ་འཇིག་རྟེན་གསུམ་རྒྱལ་རྡོ་རྗེ་ཉི་མ་ཧེ་རུ་ཀ་རྟ་མཆོག་སྟེ་བརྒྱད་དང་། སྟེང་འོག་ཏུ་འཁོར་བསྒྱུར་དང་གནོད་མཛེས་གཉིས་ཏེ་བཅུའོ། །དཀྱིལ་འཁོར་གསུམ་པའི་གྲྭ་བཞིར་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་མ་བཞི་དང་། གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེ་མ་བཞི་སྟེ་བརྒྱད་དང་། དཀྱིལ་འཁོར་བཞི་པའི་ཕྱོགས་མཚམས་སུ་བརྒྱ་བྱིན་གཤིན་རྗེ་ཆུ་ལྷ་ལུས་ངན་བཞི་དང་། དབང་ཕྱུག་མེ་ལྷ་སྲིན་པ་ཀླུང་ལྷ་སྟེ་བརྒྱད་དང་། དེའི་ཕྱི་རོལ་ཏུ་ཚངས་པ་ཁྱབ་འཇུག་དབང་ཕྱུག་གདོང་དྲུག་བཞི་རང་གི་ཡུམ་དང་བཅས་པ་དང་། ཚངས་མ་ཁྱབ་འཇུག་མ་དྲག་མོ་གཞོན་ནུ་མ་དབང་མོ་རྣམས་ནི་རང་གི་ཡབ་ལ་འཁྱུད་པ་དང་། ཕག་མོ་ཙ་མུཎྜི་འབྲིང་གི་རི་ཏི་ཚོགས་བདག་ནག་པོ་ཆེན་པོ་དགའ་བྱེད་དབང་ཕྱུག་དང་། ཉི་མ་ཟླ་བ་མིག་དམར་ལྷག་པ་ཕུར་བུ་པ་སངས་སྤེན་པ་སྒྲ་གཅན་མཇུག་རིང་དང་། སྟོབས་བཟང་རྒྱལ་བར་བྱེད་པ་སྦྲང་རྩིར་བྱེད་པ་དཔྱིད་ཀྱི་ལྷ་དང་། མཐའ་ཡས་ནོར་རྒྱས་སོགས་ཀླུ་ཆེན་བརྒྱད་དང་། ཐག་བཟང་རིས་སྟོབས་ལྡན་ཚིམ་བྱེད་རྣམ་པར་སྣང་བྱེད་དེ་ལྷ་མ་ཡིན་གྱི་རྒྱལ་པོ་བཞི་དང་། ནམ་མཁའ་ལྡིིང་གི་རྒྱལ་པོ་མིའམ་ཅིའི་རྒྱལ་པོ་དྲི་ཟའི་རྒྱལ་པོ་རིག་འཛིན་གྱི་རྒྱལ་པོ་བཞི་དང་། གང་བ་བཟང་པོ་ནོར་བུ་བཟང་པོ་ནོར་སྦྱིན་རྣམ་ཐོས་སྲས་པི་ཙི་ཀུཎྜ་ལི་ཀི་མཱ་ལི་སྒོའི་དབང་བོ་སྤྱོད་པའི་དབང་བོ་སྟེ་ནོར་ལྷ་བརྒྱད་དང་། ཐ་སྐར་བྲ་ཉེ་སྨིན་དྲུག་སྣར་མ་མགོ་ལག་ནབས་སོ་རྒྱལ་སྐག་མཆུ་གྲེ་དབོ་མེ་བཞི་ན ག་བ་ས་རི་ས་ག་ལྷ་མཚམས་སྣྲོན་སྣུབས་དང་། ཆུ་སྟོད་ཆུ་སྨད་བྱེ་བཞིན་གྲོ་བཞིན་མོན་གྲེ་མོན་གྲུ་ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་སྟེ་རྒྱུ་སྐར་ཉེར་བརྒྱད་དང་། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་སོགས་བཞི་རྣམས་སོ།། ༈ །།སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་ལྷ་ཚོགས་ནི། དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་སྣང་མཛད་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་གཡས་སུ་སྤྱན་རས་གཟིགས། གཡོན་དུ་ཕྱག་རྡོར། མདུན་དུ་རྡོ་རྗེ་འཛིན་བཅུ་གཉིས་དང་། ཡང་སྤྱན་མ་དང་སྤྱན་རས་གཟིགས་སྒྲོལ་མ་ཁྲོ་གཉེར་ཅན་གོས་དཀར་མོ་གྲགས་ལྡན་མ་དང་། རྟ་མགྲིན་ཕྱག་རྡོར་མཱ་མ་ཀི་རྡོ་རྗེ་རྩེ་མོ་རྡོ་རྗེ་ལུ་གུ་རྒྱུད་མ་ཕོ་ཉའི་ཚོགས་དང་བཅས་པ་ཁྲོ་ཟླ་ཁྲོ་བོའི་ཚོགས་དང་བཅས་པ། རྡོ་རྗེ་འཛིན་པ་རྡོ་རྗེ་འཁོར་ལོ་རྡོ་རྗེ་མཆེ་བ་རྡོ་རྗེ་མགོན་པོ་རྡོ་རྗེ་ཞི་བ་རྡོ་རྗེ་ཆེན་པོ་རྡོ་རྗེ་པདྨ་ཡངས་པའི་མིག་རྡོ་རྗེ་བཟང་པོ་རྡོ་རྗེ་སྤྲོས་མེད་ནམ་མཁའ་མཐའ་ཡས་འགྲོ་བ་ནག་པོ་རྣམས་དང་། མི་གཡོ་བ་དང་འཇིག་རྟེན་གསུམ་རྒྱལ་མངོན་ཕྱོགས་དམར་པོ་གཉིས་དང་། དཀྱིལ་འཁོར་བར་མར་ཤཱཀྱ་ཐུབ་པ། སངས་རྒྱས་སྤྱན་མ་ལྷ་མོ་མཛོད་སྤུ་མ་གཙུག་གཏོར་ཆེར་འབྱུང་གཙུག་ཏོར་གྱོན་འབྱུང་གཙུག་ཏོར་སྒྲ་དབྱངས་དང་། གཙུག་ཏོར་གདུགས་དཀར་རྒྱལ་བའི་གཙུག་ཏོར་གཙུག་ཏོར་རྣམ་རྒྱལ་གཙུག་ཏོར་རྣམ་པར་འཐོར་བ་གཙུག་ཏོར་གཟི་བརྗིད་དང་། གནས་གཙང་མའི་ལྷ་དབང་ཕྱུག་ཀུན་ཏུ་མེ་ཏོག་འོད་ཀྱི་ཕྲེང་བ་ཅན་ཡིད་མགྱོགས་རྣམ་སྒྲ་རྣམ་པར་སྒྲོག་པ་དང་། མེ་ལྷའི་འཁོར་འོད་སྲུང་གཽ་ཏ་མ་མརྒད་ཏ་གར་ག་ཏ་བ་ཤིཥྠ་ཨདྒི་ར་དང་། གཤིན་རྗེ་ནག་པོ་འཆི་བདག་འཇོམས་པ་གཞོན་ནུ་མ་ཁྱབ་འཇུག་མ་ཕག་མོ་ཙ་མུཎྜི་དང་བདེན་བྲལ་ནག་པོ་དང་། ལྷའི་དབང་པོ་ཆུ་ལྷ་ཉི་མ་དེའི་ཆུང་མ་རྒྱལ་བ་དང་རྣམ་པར་རྒྱལ་བ་གཉིས་དང་། ཚངས་པ་སའི་ལྷ་མོ་དབྱངས་ཅན་མ་ཁྱབ་འཇུག་སྐེམ་བྱེད་རླུང་ལྷ་བདེ་བྱེད་ཨུ་མ་ཟླ་བ་དང་། ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་དེའི་ཡུམ་གཉིས་དང་། ས་བདག་སེར་པོ་ཀླུ་དགའ་བོ་ཉེ་དགའ་དང་། རྡོ་རྗེ་དམ་པ་སྦྱིན་པ་དྲ་བའི་འོད་ཅན་དྲི་མེད་འོད་རིན་ཆེན་ཅོད་པན་ཅན་སྐྲ་ཅན་མ་ཉེ་བའི་སྒྲ་ཅན་མ་སྣ་ཚོགས་མ་ནོར་ལྡན་མ་དང་འགུག་མ་དང་། སྒྲིབ་སེལ་ངོ་མཚར་ཅན་མི་འཇིགས་སྦྱིན་པ་ངན་སོང་སྦྱོང་བ་སྐྱོང་སེམས་བློ་གྲོས་བྱམས་པ་མངོན་བྱུང་དང་བློ་ཆེན་སྙིང་རྗེས་གདུངས་པ་གདུང་བ་ཞི་མཛད་བློ་གྲོས་བསམ་མི་ཁྱབ་པ་དང་། སའི་སྙིང་པོ་རིན་ཆེན་འབྱུང་གནས་རིན་ཆེན་ལགས་འཛིན་རྡོ་རྗེ་ཕྱག་ན་རིན་པོ་ཆེ་བསམ་པ་བརྟན་པ་དང་། ནམ་མཁའི་སྙིང་པོ་ནམ་མཁའི་བློ་གྲོས་རྣམ་དག་བློ་གྲོས་སྤྱོད་པའི་བློ་གྲོས་ནམ་མཁའ་དྲི་མེད་བརྟན་པའི་བློ་གྲོས་དང་གདུལ་དཀའ་དང་མངོན་ཕྱོགས་གཉིས་དང་བཅས་པ་རྣམས་སོ། །༈ སྤྱོད་རྒྱུད་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ནས་བཤད་པའི་ལྷ་སོ་གསུམ་ནི། དཀྱིལ་འཁོར་གྱི་དབུས་སུ་ཕྱག་ན་རྡོ་རྗེ་འབྱུང་འདུལ་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། ཕྱོགས་མཚམས་སུ་དབང་ཕྱུག་ཆེན་པོ་ཁྱབ་འཇུག་ཚངས་པ་སྨིན་དྲུག་གི་བུ་ཚོགས་བདག་ཉི་མ་སྒྲ་གཅན་དགའ་བྱེད་དབང་ཕྱུག་དང་། དཔལ་མོ་ཐིག་ལེ་མཆོག་མ་ཟླ་བ་དཀའ་ཟློག་མ་རིན་ཆེན་དཔལ་མོ་དབྱངས་ཅན་མ་ལྷ་མཛེས་མ་དབང་བོ་འབྱོར་མ་དང་། བརྒྱ་བྱིན་གཤིན་རྗེ་ཆུ་ལྷ་གནོད་སྦྱིན་མེ་ལྷ་སྲིན་པོ་རླུང་ལྷ་དབང་ཕྱུག་དང་། སེདྒེའི་རྒྱལ་མཚན་མ་རྣམ་པར་རྒྱལ་མ་པདྨ་ལྡན་མ་འཕྲོག་མ་མཆོག་འཕྲོག་མ་རིན་ཆེན་དབང་ཕྱུག་མ་རྣམས་སོ།། ༈ །།བྱ་རྒྱུད་ལ་གདུགས་དཀར་ལྷ་ཉེར་བདུན་ནི། དབུས་སུ་གདུགས་དཀར་མོ་ཅན་ཕྱོགས་མཚམས་སུ་གཏུམ་པ་ཆེན་མོ་འབར་བ་ཆེན་མོ་དཀར་མོ་ཆེན་མོ་འཕགས་མ་སྒྲོལ་མ་བཞི་དང་། རྒྱལ་བའི་རྡོ་རྗེ་པདྨའི་མངོན་མཚན་གཞན་གྱིས་མི་ཐུབ་མ་རྡོ་རྗེའི་མཆུ་ཅན་བཞི་དང་། ཞི་བ་ལྷས་མཆོད་མ་ཞི་བ་གསེར་ཕྲེང་མ་དཀར་ཆེན་འབར་མ་འཕགས་མ་སྒྲོལ་མ་བཞི་དང་། སྒོ་བཞིར་རྡོ་རྗེ་ལུ་གུ་རྒྱུད་རྡོ་རྗེ་གཞོན་ནུ་མ་ལག་ན་རྡོ་རྗེ་རྡོ་རྗེ་རིན་ཆེན་ཏེ་བཅུ་དྲུག་དང་། རྣམ་པར་བསྒྱིངས་མ་གསེར་འོད་ལྟ་བུ་རྡོ་རྗེ་འགྲོས་དཀར་མོ་དང་བཞི་དང་། པདྨའི་སྤྱན་ཟླ་བའི་འོད་སངས་རྒྱས་དཔལ་པདྨོའི་སྤྱན་བཞི་དང་། ཉི་མའི་འོད་དང་ཟླ་བ་རྡོ་རྗེ་མ་གཉིས་དང་བཅུ་ཁྱོན་ཉེར་བདུན་ཏེ་ལྷ་ཉེར་གསུམ་མ་ཡང་ཡོད་དོ།། ༈ །།རྣམ་པར་རྒྱལ་མ་ལྷ་སོ་གསུམ་ནི། དབུས་སུ་གཙུག་ཏོར་རྣམ་པར་རྒྱལ་མ་ཞལ་གསུམ་ཕྱག་བརྒྱད་མ། ཕྱོགས་མཚམས་སུ་ནམ་མཁའ་དང་མཉམ་པ་དང་ནོར་བུའི་སྙིང་པོ་དང་འོད་དཔག་མེད་དང་རྔ་སྒྲའི་དབྱངས་རྣམས་ལས་བྱུང་བའི་གཙུག་ཏོར་སྔོ་སེར་དམར་ལྗང་བཞི་དང་། སའི་སྙིང་པོ་དང་རྡུལ་གྱི་སྙིང་པོ་དང་གཟི་བརྗིད་སྙིང་པོ་དང་རླུང་གི་སྙིང་པོ་རྣམས་ལས་བྱུང་བའི་གཙུག་ཏོར་སྔོ་སེར་དམར་ལྗང་ཁུ་བཞི་དང་། ཡང་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་བཅུ་དྲུག་སྟེ་ཐམས་ཅན་ཀྱང་ཞལ་གཅིག་ཕྱག་གཉིས་པ་ཚེའི་བུམ་པ་བསྣམས་པའོ། །དེའི་ཕྱི་རོལ་ཏུ་སྒོ་བཞི་དང་གྲྭ་བཞིར་ལྷའི་བུའི་བདུད་འཆི་བདག་གི་བདུད་ཉོན་མོངས་པའི་བདུད་ཕུང་པོའི་བདུད་རྣམས་ཞི་བར་བྱེད་པའི་ལྷ་མོ་རྣམ་པར་རྒྱལ་མ་སྔོ་སེར་དམར་ལྗང་ཁུ་བཞི་དང་། རྡོ་རྗེ་ཕྲེང་བ་མ་ཚེ་སྦྱིན་མ་སྒྱུ་འཕྲུལ་ཆེན་མོ་གསེར་གྱི་འོད་ཅན་ཚེ་སྟེར་མ་རྣམས་སོ།། ༈ །།རྣམ་རྒྱལ་ལྷ་དགུ་ནི། དབུས་སུ་རྣམ་པར་རྒྱལ་མ། གཡས་གཡོན་དུ་སྤྱན་རས་གཟིགས་མཐུ་ཆེན་ཐོབ་གཉིས། ཕྱོགས་བཞིར་མི་གཡོ་བ་འདོད་རྒྱལ་དབྱིག་སྔོན་སྟོབས་པོ་ཆེ་བཞི་དང་། སྟེང་དུ་གནས་གཙང་མའི་ལྷའི་བུ་གཉིས་དང་བཅས་པའོ།། ལྷ་མོ་འོད་ཟེར་ཅན་ལྷ་ཉེར་ལྔ་ནི། དབུས་སུ་ལྷ་མོ་འོད་ཟེར་ཅན་ཞལ་གསུམ་ཕྱག་དྲུག་པ། འཁོར་དུ་ཨརྐ་མ་སི་མརྐ་མ་སི་ཨནྟ་ར་དྷ་ན་མ་སི་ཏེ་ཛོ་མ་སི་བཞི་དང་། ཨུ་ཏ་ཡ་མ་སི་གུ་ལ་མ་མ་སི་བ་ན་མ་སི་ཙི་བཱ་ར་མ་སི་བཞི་དང་། སྣམ་བུ་ལ་མ་ཧཱ་ཙི་ར་མ་སི་ཝ་ར་ཧ་མ་སི་པ་ཏ་ཀྲ་མ་སི་བཱ་རཱི་ལཱི་མ་སི་བཞི་དང་། པ་ར་ཀྲ་མ་སི་པ་ད་ལི་ཨུ་ར་མ་མ་སི་བ་ར་ལི་བཞི་དང་། བརྟི་ལི་བ་དེ་ལི་བཱ་ར་ལི་བ་ར་ཧ་མུ་ཁི་བཞི་སྟེ་ལྷ་མོ་ཉི་ཤུ་དང་། སྒོ་བཞིར་ཨ་ལོ་ཏ་ལོ་ཀ་ལོ་ས་ད་ཙ་ལོ་སྟེ་ལྷ་མོ་བཞི་རྣམས་སོ།། ༈ །།ཡང་འོད་ཟེར་ཅན་ལྷ་ལྔ་དེ་ལ་བརྟི་ལི་སོགས་བཞིས་བསྐོར་བའོ།། །། ༈ གྲྭ་ལྔ་ལྷ་བཅུ་གསུམ་ནི། དབུས་སུ་སོ་སོར་འབྲང་མ་སྐུ་མདོག་སེར་པོ་ཞལ་བཞི་ཕྱག་བཅུ་གཉིས་མ། ཤར་དུ་སྟོང་ཆེན་རབ་འཇོམས་དཀར་པོ་ཞལ་གཅིག་ཕྱག་བཅུ་མ། ལྷོར་གསང་སྔགས་རྗེས་འཛིན་པ་ནག་མོ་ཞལ་གསུམ་ཕྱག་བཅུ་གཉིས་མ། ནུབ་ཏུ་བསིལ་བའི་ཚལ་ཆེན་མ་དམར་པོ་ཞལ་གསུམ་ཕྱག་བརྒྱད་མ། བྱང་དུ་རྨ་བྱ་ཆེན་མོ་ལྗང་ཁུ་ཞལ་གསུམ་ཕྱག་བརྒྱད་མ་བཞི་དང་། རིམ་པ་གཉིས་པར་ཀ་ལི་དུས་མཚན་མ་རྣ་བ་མ་གཽ་རི་བཞི་དང་། སྒོ་བཞིར་ལྕགས་ཀྱུ་མ་སོགས་བཞི་རྣམས་སོོ།། ༈ །།ལྷ་མོ་ནོར་རྒྱུན་མ་ལྷ་བཅུ་དགུ་ནི། དབུས་སུ་ལྷ་མོ་ནོར་རྒྱུན་མ་སེར་མོ་ཞལ་གཅིག་ཕྱག་དྲུག་པ། རྒྱབ་ཏུ་སངས་རྒྱས་རྡོ་རྗེ་འཛིན་པ་རྒྱ་མཚོའི་དབྱངས་ངེས་པར་སྒྲོག་པ། གཡས་སུ་སྤྱན་རས་གཟིགས་དང་གཡོན་དུ་ཕྱག་རྡོར་གཉིས། སྣམ་བུ་ལ་དབུས་སུ་ལྷ་མོ་ཨི་ལ་ཉེར་མཁོ་ཐམས་ཅད་ལ་དབང་བྱེད་མ། དེའི་གཡས་སུ་ཛམྦྷ་ལ་གཡོན་དུ་ཆུ་བདག་གཉིས། མཚམས་སུ་པི་ཙི་ཀུཎྜ་ལི་ཀི་ལི་མཱ་ལི་སྒོའི་དབང་པོ་སྤྱོད་པའི་དབང་པོ་བཞི་དང་། སྦས་མ་ཤིན་ཏུ་སྦས་མ་དབྱངས་ཅན་ཟླ་བ་ཆུ་ཤེལ་མ་བཞི་དང་། སྣམ་བུ་ཕྱི་མ་ལ་གང་བ་བཟང་པོ་ནོར་བུ་བཟང་པོ་ནོར་སྦྱིན་རྣམ་ཐོས་སྲས་བཞི་རྣམས་སོ།། ༈ །།རྣམ་ཐོས་སྲས་ལྷ་དགུ་འཁོར་བཅས་ནི། དབུས་སུ་རྣམ་ཐོས་སྲས་སེར་པོ། ཕྱོགས་མཚམས་སུ་ཛམྦྷ་ལ་གང་བ་བཟང་པོ་ནོར་བུ་བཟང་པོ་ཀུ་བེ་ར་བཞི་དང་། ཡང་དག་ཤེས་འབྲོག་གནས་ལྔ་རྩེན་འཇམ་པོ་འཁྱིལ་བ་བཞི་སྟེ་རྟ་བདག་བརྒྱད་འཁོར་དང་བཅས་པའོ།། ༈ །།ཛམྦྷ་ལ་ལྷ་དགུ་ནི། དབུས་སུ་ཛམྦྷ་ལ་སེར་པོ། ཕྱོགས་མཚམས་སུ་ནོར་བུ་བཟང་པོ་གང་བ་བཟང་པོ་ནོར་སྦྱིན་རྣམ་ཐོས་སྲས་བཞི་དང་། ཀི་ལི་མཱ་ལི་པི་ཙི་ཀུཎྜ་ལི་མུ་ཁེཎྜ་ཙ་རནྡྲ་བཞི་སྟེ་བརྒྱད་དང་། དེ་དག་གི་ཡུམ་ནོར་རྒྱུན་མ་དང་། ཆུ་ཤེལ་མ་སོ་མ་སོ་ལེགས་མ་འཕགས་མ་ཤིན་ཏུ་བཟང་མོ་སྦས་མ་རབ་སྦས་མ་དབྱངས་ཅན་མ་སྟེ་བརྒྱད་རྣམས་དང་། ཡང་ནོར་རྒྱུན་མ་ལ་བཟང་མོ་རབ་ཏུ་བཟང་མོ་སྦས་མ་རབ་སྦས་མ་ལྷ་མོ་དབྱངས་ཅན་མ་འཕགས་མ་ཆུ་ཤེལ་ཅན་མ་བརྒྱད་ཀྱིས་བསྐོར་བ་དང་། ཡང་ནོར་རྒྱུན་མའི་བྷ་གའི་ནང་དུ་གཞལ་ཡས་ཁང་གི་དབུས་སུ་ཛམ་ལྷ་ཡུམ་བཅས་ལ། གང་བ་བཟང་པོ་སོགས་ནོར་ལྷ་ཡབ་བརྒྱད་དང་། ཡང་ནོར་སྦྱིན་དང་ནོར་སྦྱིན་ཆེན་པོ་པདྨ་དང་པདྨ་ཆེན་པོ་ཀི་ལི་མཱ་ལི་དང་ཀི་ལི་མཱ་ལི་ཆེན་པོ་གང་བ་དང་གང་བ་བཟང་པོ་རྣམས་དང་བཅས་པས་བསྐོར་བ་ཞིག་ཀྱང་ཡོད་དོོ།། །། ༈ རིག་པ་ཆེན་མོ་ལྷ་ཞེ་དྲུག་གམ་ལྔ་བཅུ་ནི། འདི་གཟའ་ཡུམ་གྱི་རྟོག་པ་ལ་བརྟེན་པ་ཡིན་པས་གཟའ་རྣམས་དཀྱིལ་དུ་འོང་བར་མཛད་དེ། དབུས་ཀྱི་པདྨའི་ལྟེ་བར་གཟའ་ཉི་མ་དམར་པོ་དཀའ་ཐུབ་ཅན་གྱི་གཟུགས་ཅན། ཤར་དུ་ཟླ་བ་དཀར་པོ་བྲམ་ཟེའི་གཟུགས་ཅན། ལྷོར་བཀྲ་ཤིས་དམར་པོ་དགེ་སློང་གི་རྣམ་པ་ཅན། ནུབ་ཏུ་ལྷག་པ་སེར་པོ་ཚངས་སྤྱོད་ཀྱི་ཆ་བྱད་ཅན། བྱང་དུ་ཕུར་བུ་སེར་པོ་དགེ་སློང་གི་རྣམ་པ་ཅན། མེར་བ་ཝ་སངས་དཀར་པོ་ཕྱུགས་བདག་གི་བརྟུལ་ཞུགས་འཛིན་པ། བདེན་བྲལ་དུ་སྤེན་པ་ནག་པོ་ཕྱོགས་ཀྱི་གོས་ཅན། རླུང་དུ་སྒྲ་གཅན་དམར་ནག་འཇིགས་སུ་རུང་བའི་རྣམ་པ་ཅན། དབང་ལྡན་དུ་མཇུག་རིང་དུ་བའི་མདོག་ཅན་ཀླུའི་རྣམ་པ་ཅན་ནོ། །དེའི་ཕྱི་རོལ་གྱི་ཤར་དུ་སངས་རྒྱས་བཅོམ་ལྡན་འདས། ལྷོར་ཕྱག་རྡོར། ནུབ་ཏུ་འཇིག་རྟེན་དབང་ཕྱུག །བྱང་དུ་འཇམ་དཔལ། དབང་ལྡན་དུ་གཟའི་རིགས་རྣམས་དང་། མེར་རྒྱུ་སྐར་རྣམས་དང་། བདེན་བྲལ་དུ་གནོད་བྱེད་རྣམས་དང་། རླུང་དུ་གཟའ་ཐམས་ཅད་ཀྱི་ཡུམ་རྗེ་བཙུན་རིག་པ་ཆེན་མོ་དང་། སྒོ་བཞིར་རྒྱལ་ཆེན་བཞི་དང་བཅས་པའོ། །འདིར་ལྷ་འགོད་ཚུལ་གཞན་དང་མི་འདྲ་བ་ཞིག་སྣང་སྟེ་འདིའི་ལུགས་སོ།། ༈ །།གཞན་ཡང་ཐུབ་པ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་གཙོ་འཁོར་ལྔ་ནི། དབུས་སུ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་སྐུ་མདོག་སེར་པོ། ཕྱོགས་བཞིར་བྱང་སེམས་རྡོ་རྗེ་འཛིན་དང་རྡོ་རྗེ་འཛིན་ཆེན་པོ་ཁྱེའུ་མཐའ་ཡས་བུ་མོ་མཐའ་ཡས་ཏེ་བཞིའོོ།། ༈ །།ཀླུ་དབང་གཙོ་འཁོར་ལྔ་ནི། དབུས་སུ་ཀླུ་དབང་གི་རྒྱལ་པོ་སྐུ་མདོག་སྔོན་པོ། །ཕྱོགས་བཞིར་སྒྲིབ་སེལ་བྱམས་པ་འཇམ་དཔལ་སྤྱན་རས་གཟིགས་དང་བཞིའོ། །མི་འཁྲུགས་པ་ལྷ་དགུའམ་བཅུ་གསུམ་ནི། དབུས་སུ་མི་འཁྲུགས་པ་སྐུ་མདོག་སྔོན་པོ། ཕྱོགས་མཚམས་སུ་པདྨ་ཅན་དང་འཇིགས་བྲལ་མ། འོད་ལྡན་མ་དང་རྣམ་རྒྱལ་མ། མདངས་ལྡན་མ་དང་དྲི་མེད་མཛེས་མ། རྒྱལ་བ་ཅན་དང་ཡིད་གཞུང་མ་བརྒྱད་བཅས་ལྷ་དགུའམ། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་མ་སོགས་བཞི་སྟེ་བཅུ་གསུམ་མོ།། རྡོ་རྗེ་རྣམ་འཇོམས་ལྷ་བཅྭོ་ལྔ་ནི། དབུས་སུ་རྡོ་རྗེ་རྣམ་འཇོམས། ཕྱོགས་མཚམས་སུ་རྡོ་རྗེ་ཕུར་བུ་བཻ་ཅོན་ཐོ་བ་ཁྲོ་བོ་ཆེན་པོ་བཞི་དང་། འདོད་རྒྱལ་དབྱིག་སྔོན་ཅན་མི་གཡོ་བ་སྟོབས་པོ་ཆེ་བཞི་དང་། སྟེང་འོག་ཏུ་ཧཱུཾ་མཛད་དང་གནོད་མཛེས་གཉིས་ཏེ་བཅུ་དང་། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་མ་སོགས་བཞིའོོ།། ༈ །།ཡང་རྣམ་འཇོམས་ལྷ་བཅུ་གསུམ་ནི། དབུས་སུ་རྡོ་རྗེ་རྣམ་འཇོམས་དཀར་པོ། །ཕྱོགས་བཞི་སྤྱན་སོགས་བཞི། མཐར་ཁམས་གསུམ་རྣམ་རྒྱལ་གཤིན་རྗེ་གཤེད་རྟ་མགྲིན་བདུད་རྩི་འཁྱིལ་བ་དང་། དབྱིག་སྔོན་ཅན་དོན་ཡོད་ཞགས་པ་ཁྲོ་གཉེར་ཅན་རྡོ་རྗེ་འཁོར་ལོའོ། །༈ ཡང་ལྷ་ཉེར་བདུན་ནི། རྣམ་འཇོམས་ཀྱི་མཐར་རྡོ་རྗེ་གཏུམ་པོ་ཕུར་བུ་བེ་ཅོན་ཐོ་བ་བཞི་དང་། སྒེག་སོགས་བཞི་དང་བདུག་པ་མ་སོགས་བཞི་དང་། ཕྱོགས་སྐྱོང་བཅུ་དང་སྒོ་བ་བཞི་རྣམས་སོ། །དེ་མ་ཡིན་པའི་ལྷ་བཅྭོ་ལྔ་མ་དང་ལྷ་ལྔ་མ་དང་། དཀྱིལ་འཁོར་གཞན་དྲུག་ཀྱང་བཤད་དེ་མ་བཀོད་དོོ།། ༈ །།སྤྱན་རས་གཟིགས་པདྨ་གར་དབང་ལྷ་དགུ་ནི། དབུས་སུ་པདྨ་གར་གྱི་དབང་ཕྱུག་དམར་པོ། ཕྱོགས་མཚམས་སུ་རྣམ་གཟིགས་མ་སྒྲོལ་མ་དབྱུག་པ་མ་ཁྲོ་གཉེར་ཅན་བཞི་དང་། གར་དབང་མ་སྣ་ཚོགས་པདྨ་སྣ་ཚོགས་མདོག་ཅན་གནས་ཅན་མ་བཞིའོ།། །།༈ དོན་ཡོད་ཞགས་པ་ལྷ་ལྔ་ནི། དབུས་སུ་དོན་ཡོད་ཞགས་པ་དཀར་པོ། །མཐར་དོན་ཡོད་ལྕགས་ཀྱུ་རྟ་མགྲིན་རལ་གཅིག་མ་ཁྲོ་གཉེར་ཅན་རྣམས་སོ།། ༈ །།ཡང་སྤྱན་རས་གཟིགས་ལྷ་ལྔ་ནི། སྤྱན་རས་གཟིགས་དམར་པོ་ལ་སྤྱན་སོགས་ཡུམ་བཞིས་བསྐོར་བའོོ།། ༈ །།འཇམ་དབྱངས་སེདྒེའི་སྒྲ་ལྷ་བཅུ་གསུམ་ནི། སེདྒེའི་སྒྲ་སྐུ་མདོག་སེར་པོ། མཐར་ནོར་བཟང་རྟ་མགྲིན་ཟླ་འོད་ཉི་འོད་བཞི་དང་། རྣམ་སྣང་རིན་འབྱུང་སྣང་མཐའ་དོན་གྲུབ་བཞི། སྤྱན་སོགས་བཞི་རྣམས་སོོ།། ༈ །།འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔ་ནི། འཇམ་དབྱངས་ཨ་ར་པ་ཙ་ན་དང་། མཐར་དྲ་བ་ཅན་ཟླ་འོད་སྒྲ་ཅན་མ་ཉེ་བའི་སྒྲ་ཅན་མ་རྣམས་སོ།། ༈ །།སྒྲོལ་མ་ནོར་སྦྱིན་མ་ལྷ་བཅུ་གསུམ་ནི། ནོར་སྦྱིན་མ་ལྗང་ཁུ། སྒོ་བཞིར་རྡོ་རྗེ་རིན་ཆེན་པདྨ་དྲིའི་སྒྲོལ་མ་བཞི་དང་། མཚམས་སུ་མེ་ཏོག་བདུག་སྤོས་མར་མེ་དྲིའི་སྒྲོལ་མ་བཞི་དང་། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་མ་སོགས་བཞི་རྣམས་སོོ།། ༈ །།འཕགས་མ་ཀུ་རུ་ཀུ་ལེ་ལྷ་བཅུ་གསུམ་ནི། ལྷ་མོ་ཀུ་རུ་ཀུ་ལེ་སྐུ་མདོག་དམར་མོ་ཕྱག་བརྒྱད་མ། ཕྱོགས་མཚམས་སུ་དང་བའི་སྒྲོལ་མ་རྫོགས་པ་རྒྱལ་བ་སྣང་བའི་སྒྲོལ་མ་བཞི་དང་། ཙུནྡ་མི་ཐུབ་མ་མར་མེའི་སྒྲོལ་མ་གཽ་རིའི་སྒྲོལ་མ་བཞི་དང་། སྒོ་བཞིར་རོ་ལངས་མ་གཞན་གྱིས་མི་ཐུབ་མ་རལ་གཅིག་མ་གནྡྷ་རི་བཞི་རྣམས་སོ། །༈ རྡོ་རྗེ་ཕག་མོ་ལྷ་ལྔ་ནི། ཕག་མོ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱོགས་བཞིར་མཁའ་འགྲོ་མ་ལཱ་མ་དུང་སྐྱེས་མ་གཟུགས་ཅན་མ་བཞིའོ།། ༈ །།ཕག་མོ་དོན་ཐམས་ཅད་གྲུབ་པ་ལྷ་ལྔ་ནི། ཕག་མོ་དམར་པོ་ཞལ་གཅིག་ཕྱག་བཞི་མ། ཕྱོགས་བཞིར་རྡོ་རྗེ་སྣམ་ཤིན་ཏུ་འཇིགས་མ་སྟོང་ཆེན་མོ་ལྗགས་བསྐྱོད་མ་དང་བཞིའོ། །༈ རྟ་མགྲིན་ལྷ་ལྔ་ནི། རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་དྲུག་པ། མཐར་རྟའི་རྡོ་རྗེ་མ་ཕག་མོ་ལྕེ་སྤྱང་རྡོ་རྗེ་མ་ལྷ་མོ་དཀར་མོ་དང་བཞི་རྣམས་སོ།། ༈ །།གཞན་ཡང་ཚེ་དཔག་མེད་ལྷ་དགུའམ་བཅུ་གསུམ་གྱི་དཀྱིལ་འཁོར་དང་། གཙུག་ཏོར་དྲི་མེད་ལྷའི་དཀྱིལ་འཁོར་དང་། ཕྱག་རྡོར་མི་གཡོ་བ་སོགས་བྱ་རྒྱུད་དུ་གཏོགས་པའི་དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱ་ཡོད་པར་བཤད་པས་མཐའ་དག་བརྗོད་པར་ག་ལ་ནུས། ཡང་རྒྱུད་དང་རྒྱ་བོད་ཀྱི་གཞུང་གི་སྒྲུབ་ཐབས་རྒྱ་མཚོ་སོགས་ནས་འཇམ་དབྱངས་སྤྱན་རས་གཟིགས་འོད་ཟེར་ཅན་སྒྲོལ་མ་སོགས་ལྷ་རེ་རེའི་སྒྲུབ་ཐབས་ཀྱང་ཤིན་ཏུ་མང་པོ་ཞིག་གསུངས་པ་རྣམས་ཀྱི་མིང་ཙམ་ཡང་འབྲི་བར་མ་སྤོབས་ཀྱང་། འདིར་ཆེ་ལོང་ཙམ་ཞིག་བྲིས་པ་ནི་དཀྱིལ་འཁོར་གྱི་ལྷ་འདི་དག་གི་མཚན་གྱི་རྣམ་གྲངས་འདི་ལྟར་གཞན་གྱིས་ཤེས་པར་གྱུར་ན་ལེགས་སྙམ་པའི་དད་པས་ཡིད་དྲངས་ཏེ་ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་དམ་པ་སྔ་མའི་མན་ངག་ལ་བརྟེན་ནས་བཀོད་པའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །ཚུལ་འདིར་འབད་ལས་བྱུང་བའི་དགེས། །སྐྱེ་ཀུན་ཡི་དམ་འདི་རྣམས་ཀྱིས། །འབྲལ་མེད་རྗེས་སུ་བཟུང་གྱུར་ཏེ། །རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག །།མདྒལཾ།

སྣོད་བཅུད་ཀྱི་རྣམ་གཞག་གསལ་བར་བྱེད་པའི་སྒྲོན་མེ།

སྣོད་བཅུད་ཀྱི་རྣམ་གཞག་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཚོགས་གཉིས་མགྱོགས་འགྲོས་ཆོས་སྐུའི་ནམ་མཁའ་ལ། །ཉེ་བར་དྲངས་པའི་གཟུགས་སྐུའི་ཉིན་མོར་བྱེད། །ཚད་མེད་འཕྲིན་ལས་འོད་སྟོང་འཕྲོ་བ་ཅན། །ཐུབ་དབང་པདྨའི་གཉེན་ལ་གུས་ཕྱག་འཚལ། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །བཅུ་དྲུག་ལང་ཚོའི་དཔལ་འཛིན་གཞོན་ནུའི་སྐུ། །དྲན་པ་ཡིས་ཀྱང་བློ་ཡིས་མཆོག་སྟེར་བ། །རྗེ་བཙུན་བརྟན་པའི་འཁོར་ལོས་དགེ་ལེགས་སྩོལ། །རྒྱལ་བའི་གསུང་རབ་སྤྱི་དང་ཁྱད་པར་དུ། །མངོན་པའི་མདོ་དང་དགོངས་འགྲེལ་ནས་འབྱུང་བའི། །སྣོད་བཅུད་རྣམ་གཞག་ཅུང་ཟད་འཆད་འདོད་ཀྱིས། །དོན་གཉེར་ཅན་རྣམས་དགའ་བའི་ཡིད་ཀྱིས་ཉོན། །འདི་ལ་གཉིས། མངོན་པའི་ལུགས་བཞིན་དུ་ཅུང་ཟད་ཕྱེ་སྟེ་བཤད་པ་དང་། ཕལ་ཆེན་དང་དུས་འཁོར་གྱི་ལུགས་བསྡུས་ནས་བཤད་པའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། སྣོད་བཅུད་ཀྱི་རྒྱུ་བཤད་པ་དང་། གསུང་རབ་དག་ནས་བཤད་ཚུལ་བསྟན་པའོ། །དང་པོ་ནི། སྤྱིར་སྣོད་བཅུད་འགྲུབ་པའི་རྒྱུ་ནི་སེམས་ཅན་སྤྱི་མཐུན་གྱི་ལས་དང་སེམས་ཡིན་ཏེ། མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་པ་དང་། དབུ་མ་འཇུག་པ་ལས་ཀྱང་། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །ཞེས་འབྱུང་བའི་ཕྱིར། བྱེ་བྲག་ཏུ་སེམས་ཅན་སོ་སོའི་ལས་དང་སངས་རྒྱས་བྱང་སེམས་ཀྱི་ཚོགས་སམ་སྨོན་ལམ་གྱི་མཐུ་ལས་ཞིང་ཁྱད་པར་ཅན་འགྲུབ་པར་འགྱུར་བ་ཡོད་དེ། ཕལ་པོ་ཆེ་ལས། ཇི་ལྟར་ས་བོན་ཁྱད་པར་གྱིས། འབྲས་བུ་སྣ་ཚོགས་འབྱུང་བ་ལྟར། དེ་བཞིན་ལས་ཀྱི་ཁྱད་པར་གྱིས། །སེམས་ཅན་རྣམས་དང་ཞིང་འབྱུང་སོགས། །ཀླུ་ཡི་རྒྱལ་པོས་སྤྲིན་ཕུང་རྣམས། །ནམ་མཁའི་དབྱིངས་སུ་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་སྨོན་ལམ་གྱིས། །ཞིང་རྣམས་ཀུན་དུ་འབྱུང་བ་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། རྒྱུད་རེ་གཉིས་དང་ཕལ་ཆེན་དང་ཡབ་སྲས་མཇལ་བའི་མདོ་དང་དུས་འཁོར་དང་ས་སྡེ་སོགས་ནས་བཤད་ཚུལ་མི་འདྲ་བ་མང་དུ་འབྱུང་སྟེ་འགའ་ཞིག་ནི་འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་ལ། རྟེན་དཀྱིལ་འཁོར་གསུམ་བཤད་པ། བརྟེན་པ་རི་མཚོ་གླིང་གསུམ་བཤད་པ། ཚ་གྲང་དམྱལ་བའི་གནས་བཤད་པ། ཉི་ཟླ་འཆར་ཚུལ་དང་ཚད་བཤད་པ། ལྷའི་གནས་བཤད་པ། སྟོང་གསུམ་ངོས་བཟུང་བ། འགྲོ་བ་རྣམས་ཀྱི་ལུས་དང་ཚེ་ཚད་བཤད་པ། ཚད་དེ་གཞལ་བའི་ཐབས་བཤད་པ། སྣོད་བཅུད་ཀྱི་ཁྱད་ཆོས་བྱེ་བྲག་ཏུ་བཤད་པ་དང་དགུ། དང་པོ་ལ་རླུང་དང་ཆུ་དང་ས་དཀྱིལ་བཤད་པ་གསུམ། དང་པོ་ནི། མཛོད་ལས། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི། །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སྣོད་བཅུད་གཉིས་ཡོད་པ་དེ་ལ་སྣོད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་གསུམ་འདིའི་འོག་གཞིར་རྟེན་རླུང་གི་དཀྱིལ་འཁོར་ཆེན་པོ་གཅིག་གནས་པར་འདོད་པ་དེའི་ཆགས་ཚུལ་ཡོད་དེ། དང་པོ་ནམ་མཁའ་ལྟར་སྟོང་པར་གནས་པ་ལས་སེམས་ཅན་སྤྱི་མཐུན་གྱི་ལས་སྟོབས་ཀྱིས་ལོ་དུ་མར་རླུང་འཇམ་པོ་རིམ་གྱིས་འཁྲིགས་པ་ལས་འཐབ་བྲལ་ཡན་ཆད་ཆགས་པའི་རྗེས་སུ་ཆགས་པའི་ཕྱིར། རླུང་དཀྱིལ་དེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། རྔམས་ཏེ་དཔངས་སུ་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ་ཡོད་ཅིང་། རྒྱར་དཔག་ཚད་གྲངས་མེད་གཅིག་ཡོད་པའི་ཕྱིར། རླུང་དཀྱིལ་འདིའི་རྒྱར་དཔག་ཚད་དེ་ལྟར་མང་བའི་རྒྱུ་མཚན་ཡོད་དེ། སྟོང་གསུམ་འཇིག་རྟེན་ཁམས་ཀྱི་འོག་གི་རླུང་དཀྱིལ་ནི་གཅིག་གིས་གོ་ཆོད་ཅིང་། ཆུ་ས་རྣམས་སོ་སོ་བ་མིན་པའི་ཕྱིར། གཉིས་པ་ནི། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། སྟོང་ཕྲག་དག་ནི་ཉི་ཤུའོ། །ཞེས་བྱུང་། ཆུ་དཀྱིལ་ཆོས་ཅན། ཁྱོད་ཆགས་ཚུལ་ཡོད་དེ། རླུང་དཀྱིལ་གྱི་སྟེང་དུ་སེམས་ཅན་རྣམས་ཀྱི་ལས་ཀྱིས་སྤྲིན་གསེར་གྱི་སྙིང་པོ་ཅན་འདུས་ཏེ་ཆར་གྱི་རྒྱུན་ཤིང་རྟའི་འཕང་ཙམ་མམ་གཉའ་ཤིང་ཙམ་ལོ་དུ་མར་བབས་པ་ལས་ཆགས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་དག་ནི་ཉི་ཤུ་སྟེ་ཉི་ཁྲི་ཡོད་པའི་ཕྱིར། གསེར་གྱི་སྙིང་པོ་ཅན་ཞེས་པའི་དོན་ཡོད་དེ། བསྲུབས་ན་གསེར་འབྱུང་རུང་གི་སྙིང་པོ་ཅན་ཡིན་པའི་ཕྱིར། ཆུ་མཐའ་ཆོས་ཅན། ཕྱིར་འཕོ་བ་མེད་སྟེ། སེམས་ཅན་གྱི་ལས་དབང་གིས་འཛིན་པའི་ཕྱིར། གསུམ་པ་ནི། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། ལྷག་མ་དག་ནི་གསེར་དུ་འགྱུར། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི །ཕྱེད་དང་ལྔ་རྣམས་ཁ་ནའོ། ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །ཞེས་བྱུང་། གསེར་དཀྱིལ་ཆོས་ཅན། ཁྱོད་ཆགས་ཚུལ་ཡོད་དེ། སྔར་གྱི་ཆུ་དཀྱིལ་དེ་སེམས་ཅན་སྤྱི་མཐུན་གྱི་ལས་སྟོབས་ཀྱིས་རླུང་གིས་བསྲུབས་པ་ལས་བྱིས་ནི་རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད་དུ་གྱུར་ཏེ། ལྷག་མ་སུམ་འབུམ་ཉི་ཁྲི་དག་ནི་ཆུ་དེའི་སྟེང་དུ་ཁྱོད་དུ་འགྱུར་བའི་ཕྱིར། དེ་ཡང་སའི་དཀྱིལ་འཁོར་ལོགས་ནས་འོངས་པ་མིན་གྱི་ཆུ་དཀྱིལ་སྔ་མ་དེའི་སུམ་ཆ་གསེར་གྱི་དཀྱིལ་འཁོར་དུ་འགྱུར་བ་ཡིན་ཏེ། དཔེར་ན་འོ་མའི་སྟེང་གི་སྤྲིས་མ་ཆགས་པ་ལྟར་འགྱུར་པའི་ཕྱིར། ཆུ་དང་གསེར་གྱི་དཀྱིལ་འཁོར་གཉིས་པོ་ཆོས་ཅན། ཁྱོད་ཀྱི་རྒྱ་ཚད་མཉམ་པ་ཡིན་ཏེ། ཐད་ཀར་ཆེ་ཆུང་མེད་པར་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི་ཕྱེད་དང་ལྔ་རྣམས་ཁོ་ནར་ངེས་པའི་ཕྱིར། དེ་གཉིས་ཆོས་ཅན། ཁྱོད་ཀྱི་ཁོར་ཡུག་གི་ཚད་ཡོད་དེ། ཁོར་ཡུག་ཏུ་ནི་ཞིང་གི་སུམ་འགྱུར་འབུམ་ཕྲག་སུམ་ཅུ་རྩ་བདུན་ཏེ་སུམ་འབུམ་བདུན་ཁྲི་དང་བརྒྱ་ཕྲག་ཕྱེད་དང་བཞི་ཡོད་པའི་ཕྱིར། ཟླུམ་པོའི་མཐའ་སྐོར་ནི་ཞིང་གི་སུམ་འགྱུར་དུ་ངེས་པའི་ཕྱིར། མཁས་པ་ཁ་ཅིག །སྣོད་ཆགས་པའི་ཐོག་མ་རླུང་གི་དཀྱིལ་འཁོར་ཆགས་པ་ནས་ཡིན་གསུང་པ་ནི་མི་འཐད་དེ། ཚངས་པའི་འཇིག་རྟེན་ཐོག་མར་ཆགས་ནས་རླུང་དཀྱིལ་རྗེས་སུ་ཆགས་པ་སོགས་ཡིན་པའི་ཕྱིར། དེར་ཐལ། མེས་འཇིག་གི་རྗེས་སུ་དེ་ལྟར་ཆགས་པར་འགྱུར་པའི་ཕྱིར། འདོད་ཁམས་ཆགས་པའི་སྣོད་ཀྱི་ཐོག་མ་ཡང་རླུང་དཀྱིལ་ནས་མ་ཡིན་ཏེ། ཚངས་རིས་ནས་འཐབ་བྲལ་གྱི་བར་ཆགས་པའི་རྗེས་སུ་རླུང་དཀྱིལ་ཆགས་པ་རང་འགྲེལ་དང་འགྲེལ་བཤད་ལས་གསལ་བར་བཤད་པའི་ཕྱིར། འོན་ཀྱང་། ཆགས་པ་དང་པོའི་རླུང་ནས་ནི་ཞེས་པ་དང་མི་འགལ་ཏེ་དེ་ནི་ཐོག་མའི་རླུང་ཡིན་གྱི་རླུང་དཀྱིལ་དེའི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར། ཁོར་ཡུག་གི་ཕྱི་མཐའ་རུ་ཆུ་དང་གསེར་དཀྱིལ་གྱི་ལྷག་མ་མེད་པ་ནི་མིན་ཏེ། ལྕགས་རིའི་ཕྱི་རོལ་ཏུ་ཡང་ཕྱོགས་རེ་རེར་དེ་གཉིས་དཔག་ཚད་སྟོང་དང་ཉིས་བརྒྱ་དང་བརྒྱད་ཅུ་རྩ་ཕྱེད་དང་བརྒྱད་རེ་ལྷག་ལུས་ལ་ཡོད་པའི་ཕྱིར། དེར་ཐལ། རྒྱལ་སྲས་མ་ལས། དེ་ནི་ཁོར་ཡུག་གི་ཕྱི་རོལ་ན་ཆུ་དང་གསེར་གྱི་དཀྱིལ་འཁོར་དེ་ཙམ་ལྷག་པའི་ཕྱིར་ཉེས་པ་མེད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། རི་དགུ་རྒྱུ་དང་དབྱིབས་ཚད་ཀྱི་སྒོ་ནས་བཤད་པ། མཚོ་བརྒྱད་ཀྱི་དབྱིབས་ཚད་བཤད་པ། གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ཚད་དབྱིབས་བཤད་པ། འཛམ་བུའི་གླིང་གི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་དང་བཞི། དང་པོ་ནི། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་བལྟ་ན་སྡུག་རི་དང་། །རྟ་རྣ་དང་ནི་རྣམ་འདུད་དང་། །མུ་ཁྱུད་འཛིན་རི་འོད་དེ་ནས་ནི། །གླིང་རྣམས་ཡིན་ནོ་དེ་དག་གི །ཕྱི་རོལ་ན་ནི་ཁོར་ཡུག་སྟེ། །བདུན་ནི་གསེར་ཡིན་དེ་ལྕགས་སོ། །ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །ཆུ་ཡི་ནང་དུ་བརྒྱད་ཁྲི་དག །ནུབ་པོ་དེ་བཞིན་སྟེང་དུ་ཡང་། །དཔག་ཚད་དག་ནི་བརྒྱད་ཁྲིའོ། །བརྒྱད་པོའི་འཕང་དུ་ཕྱེད་ཕྱེད་དཔྲི། དེ་དག་རྔམས་སུའང་འཕང་དང་མཉམ། །ཞེས་འབྱུང་། ཤེས་བྱ་ཆོས་ཅན། གསེར་དཀྱིལ་གྱི་སྟེང་དེ་ལ་ཆར་གྱི་རྒྱུན་སྔར་བཞིན་བབས་པ་ལས་རྒྱ་མཚོ་ཆེན་པོ་དཔངས་སུ་དཔག་ཚད་བརྒྱད་ཁྲི་བཞི་ཡོད་པ་ཞིག་ཆགས་པ་རླུང་གིས་བསྲུབས་པས་ཁམས་རབ་ལས་རི་རྣམས་ཀྱི་དབུས་སུ་རི་གཞན་ལས་ལྷུན་བརྗིད་ཆེ་བའི་ལྷུན་པོ་ཆགས། ཡང་དེ་ལྟར་བསྲུབས་པས་ཁམས་འབྲིང་ལས་གསེར་རི་གཉའ་ཤིང་འཛིན་དང་གཤོལ་མདའ་འཛིན་དང་སེང་ལྡེང་ཅན་དང་དེ་བཞིན་དུ་བལྟ་ན་སྡུག་རི་དང་རྟ་རྣ་དང་རྣམ་འདུད་དང་མུ་ཁྱུད་འཛིན་རི་བདུན་གྲུ་བཞིར་བསྐོར་བའི་ཚུལ་གྱིས་ཆགས་ཤིང་། ཡང་ཁམས་ཐ་མ་ལས་དེ་ནས་ཕྱི་རོལ་ཏུ་ནི་གླིང་རྣམས་ཀྱང་ཆགས་ནས་གནས་པའི་ཕྱིར། དེ་དག་གི་ཕྱི་རོལ་ན་ནི་ཁོར་ཡུག་ཏུ་བསྐོར་བའི་ལྕགས་རི་ཡོད་ཅིང་དེ་རྣམས་ཀྱི་རྒྱུའི་ཁྱད་པར་ཡོད་དེ། གཉའ་ཤིང་འཛིན་སོགས་རི་བདུན་ནི་གསེར་དང་། ཁོར་ཡུག་དེ་ལྕགས་ལས་གྲུབ་པའི་ཕྱིར། ལྷུན་པོ་ཆོས་ཅན། རིན་པོ་ཆེ་བཞིའི་རང་བཞིན་ལས་གྲུབ་པ་ཡིན་ཏེ། ཤར་དངུལ། ལྷོ་བཻཌཱུཪྱ། ནུབ་ཤེལ། བྱང་གསེར་ལས་གྲུབ་པའི་ཕྱིར། དེའི་རྒྱུ་མཚན་གྱིས་གླིང་སོ་སོའི་ངོས་ཀྱི་ནམ་མཁའ་ཡང་དེ་དག་གི་མདོག་ཏུ་སྣང་བ་ཡིན་ཏེ། རང་འགྲེལ་ལས། གང་གི་རང་བཞིན་ཡིན་པ་དེའི་མཐུས་དེའི་ནམ་མཁའ་ཡང་དེའི་ཁ་དོག་ཏུ་སྣང་སྟེ། ཞེས་གསུངས་པའི་ཕྱིར། ལྷོ་ཕྱོགས་ཀྱི་ནམ་མཁའ་སྔོན་པོར་སྣང་བའི་རྒྱུ་མཚན་ཡོད་དེ། རི་རབ་ཀྱི་ལྷོ་ངོས་བཻཌཱུཪྱ་སྔོན་པོའི་རང་བཞིན་ཅན་ཡིན་པའི་དབང་གིས་ཡིན་པའི་ཕྱིར། རི་དགུ་པོ་ཆོས་ཅན། ཁྱོད་ཀྱི་དཔངས་ཚད་ཡོད་དེ། ཆུའི་ནང་དུ་གསེར་དཀྱིལ་ལ་ཐུག་པར་དཔག་ཚད་བརྒྱད་ཁྲི་རེ་མཉམ་པར་ནུབ་ཅིང་རི་རབ་ནི་དེ་བཞིན་དུ་ཆུའི་སྟེང་དུ་ཡང་དཔག་ཚད་དག་ནི་བརྒྱད་ཁྲི་འཕགས་པའི་ཕྱིར། གཉའ་ཤིང་འཛིན་སོགས་རི་གཞན་བརྒྱད་པོ་ནི་ཆོས་ཅན། ཆུའི་སྟེང་དུ་སྔ་མ་ལས་ཀྱི་ཕྱི་མ་འཕང་སྟེ་རྔམས་སུ་ཕྱེད་ཕྱེད་དབྲི་བ་ཡིན་ཏེ། གཉའ་ཤིང་འཛིན་གྱི་ཆུ་མཚམས་ཡན་ཆད་ལ་དཔག་ཚད་བཞི་ཁྲི། དེ་བཞིན་དུ་གཉིས་པ་ལ་དེའི་ཕྱེད་ཉིས་ཁྲི། གསུམ་པ་ལ་ཆིག་ཁྲི། བཞི་པ་ལ་ལྔ་སྟོང་། ལྔ་པ་ལ་ཉིས་སྟོང་ལྔ་བརྒྱ། དྲུག་པ་ལ་ཆིག་སྟོང་དང་ཕྱེད་དང་སུམ་བརྒྱ། བདུན་པ་ལ་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད་པའི་ཕྱིར། རི་བརྒྱད་པོ་དེ་དག་ཆོས་ཅན། ཆུ་མཚམས་ཡན་གྱི་རྔམས་སུ་འཕང་སྟེ་འདིར་ཞིང་དང་ཚད་མཉམ་པ་ཡིན་ཏེ། རྒྱ་དཔངས་གཉིས་མཉམ་པའི་ཕྱིར། འདི་ལྟར་ན་འཕང་ལ་རྔམས་ཞིང་གཉིས་ཀྱི་སྒྲ་འཇུག་པར་གས ལ་ཞིང་། རི་ཕྱི་མ་ལས་ནང་མ་མཐུག་པའི་དབང་ངོ་། །རི་ལྷག་མ་བདུན་ཆོས་ཅན། ཁྱོད་ཀྱི་ངོས་བཞིའི་དཀྱུས་ཚད་ཡོད་དེ། སྔ་མ་ལས་ཕྱི་མ་ཆེ་བའི་ཕྱིར་ཏེ། སྔ་མ་ལས་ཕྱི་མའི་དཀྱུས་ཚད་རང་གི་སྔ་མའི་མཚོ་དང་རང་གི་ཞེང་ཚད་ཉིས་འགྱུར་རེས་ལྷག་པའི་ཕྱིར། གཉའ་ཤིང་འཛིན་ཆོས་ཅན། ཁྱོད་ཀྱི་ངོས་རེ་དང་མཐའ་སྐོར་གྱི་ཚད་གཉིས་ཡོད་དེ། ཕྱིའི་ངོས་གཅིག་གི་ཟུར་ནས་ཟུར་དུ་དཔག་ཚད་སུམ་འབུམ་ཉིས་ཁྲི་དང་། མཐར་དེའི་བཞི་འགྱུར་ས་ཡ་གཅིག་དང་ཉིས་འབུམ་བརྒྱད་ཁྲི་ཡོད་པའི་ཕྱིར། ཟུར་སྔ་མ་གྲུབ་སྟེ། རི་རབ་དང་དེའི་གཡས་གཡོན་གྱི་མཚོ་དང་རང་གི་ཞེང་ཚད་གཉིས་རྣམས་བསྡོམས་པ་ལ་ཚད་དེ་ལྟར་ཡོད་པའི་ཕྱིར། དེ་བཞིན་དུ་གཤོལ་མདའ་འཛིན་ཆོས་ཅན། ངོས་རེ་དང་མཐའི་ཆད་ཡོད་དེ། ངོས་རེར་བཞི་འབུམ་བཞི་ཁྲི་རེ་དང་མཐར་ས་ཡ་གཅིག་དང་བདུན་འབུམ་དྲུག་ཁྲི་ཡོད་པའི་ཕྱིར། སེང་ལྡེང་ཅན་ཆོས་ཅན། ངོས་རེ་དང་མཐའི་ཚད་ཡོད་དེ། ངོས་རེར་ལྔ་འབུམ་རེ་དང་མཐའ་ས་ཡ་གཉིས་ཡོད་པའི་ཕྱིར། བལྟ་ན་སྡུག་རི་ཆོས་ཅན། ངོས་རེ་དང་མཐའི་ཚད་ཡོད་དེ། ངོས་རེ་ལྔ་འབུམ་སུམ་ཁྲི་རེ་དང་མཐར་ས་ཡ་གཉིས་དང་ཆིག་འབུམ་ཉིས་ཁྲི་ཡོད་པའི་ཕྱིར་རྟ་རྣ་ཆོས་ཅན། ངོས་རེ་དང་མཐའི་ཚད་ཡོད་དེ། ངོས་རེར་ལྔ་འབུམ་བཞི་ཁྲི་ལྔ་སྟོང་རེ་དང་མཐར་ས་ཡ་གཉིས་དང་ཆིག་འབུམ་བརྒྱད་ཁྲི་ཡོད་པའི་ཕྱིར། རྣམ་འདུད་ཆོས་ཅན། ངོས་རེ་དང་མཐའི་ཚད་ཡོད་དེ། ངོས་རེར་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་ལྔ་བརྒྱ་རེ་དང་མཐར་ས་ཡ་གཉིས་དང་ཉིས་འབུམ་ཆིག་ཁྲི་ཡོད་པའི་ཕྱིར། མུ་ཁྱུད་འཛིན་ཆོས་ཅན། ངོས་རེ་དང་མཐའི་ཚད་ཡོད་དེ། ངོས་རེར་ལྔ་འབུམ་ལྔ་ཁྲི་དྲུག་སྟོང་ཕྱེད་དང་སུམ་བརྒྱ་རེ་དང་མཐའ་སྐོར་དུ་ས་ཡ་གཉིས་དང་ཉིས་འབུམ་ཉིས་ཁྲི་ལྔ་སྟོང་ཡོད་པའི་ཕྱིར། ཁ་ཅིག་ཅུང་ཟད་མི་འདྲ་བ་རེ་བཤད་ཀྱང་དོན་ནི་འདི་ཁོ་ན་ལྟར་རོ། །རི་བདུན་པོ་ཆོས་ཅན་སོ་སོའི་སྒྲ་བཤད་པ་ཡོད་དེ། ཉི་ཟླ་གཉའ་ཤིང་ལྟར་འཛིན་པའམ་རྩེ་མོ་ན་བྲག་གཉའ་ཤིང་ལྟ་བུ་ཡོད་པས་ན་གཉའ་ཤིང་འཛིན་དང་། དེ་བཞིན་དུ་རྩེ་མོ་གཤོལ་མདའ་ལྟར་ཡོད་པ་དང་། རྩེ་མོ་སེང་ལྡེང་གི་ནགས་ཡོད་པ་དང་། རྩེ་མོ་ལྟ་ན་སྡུག་ཅིང་མཛེས་པ་ཡོད་པ་དང་། རྩེ་མོ་རྟའི་རྣ་བ་ལྟར་ཡོད་པ་དང་། རྩེ་མོ་དབུས་སུ་འདུད་པའི་ཚུལ་དུ་ཡོད་པ་དང་། རྩེ་མོ་འཁོར་ལོའི་མུ་ཁྱུད་ལྟར་ཡོད་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། གཉིས་པ་ནི། དེ་དག་བར་བདུན་རོལ་མཚོ་ཡིན། །དང་པོ་སྟོང་ཕྲག་བརྒྱད་ཅུའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན། །དེ་ཡི་ངོས་ལ་སུམ་འགྱུར་རོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ། །ལྷག་མ་ཕྱི་ཡི་རྒྱ་མཚོ་ཡིན། །འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། །ཉི་ཤུ་གཉིས་སོ་ཞེས་བྱུང་། རོལ་མཚོ་བདུན་པོ་ཆོས་ཅན། བཞག་ཏུ་ཡོད་དེ། ལྷུན་པོ་ནས་མུ་ཁྱུད་འཛིན་ལ་ཐུག་པ་དེ་དག་གི་བར་བདུན་གྱི་མཚོ་བདུན་པོ་དེ་ཁྱོད་དུ་འཇོག་པ་ཡིན་པའི་ཕྱིར། མཚོ་དང་པོ་ཆོས་ཅན། ཁྱོད་ཀྱི་ཞེང་ཚད་ཡོད་དེ། སྟོང་ཕྲག་བརྒྱད་ཅུ་སྟེ་བརྒྱད་ཁྲི་ཡོད་པའི་ཕྱིར། དེ་ནི་ཆོས་ཅན། ནང་གི་རྒྱ་མཚོ་ཡིན་ཏེ། མཚོ་བརྒྱད་ཀྱི་ནང་མ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ངོས་ཚད་ཡོད་དེ། རང་གི་ཐང་ཀའི་སུམ་འགྱུར་ཡོད་པའི་ཕྱིར་ཏེ། ངོས་རེ་ལ་ཉིས་འབུམ་བཞི་ཁྲི་རེ་དང་མཐར་དེའི་བཞི་འགྱུར་དགུ་འབུམ་དྲུག་ཁྲི་ཡོད་པའི་ཕྱིར། རོལ་མཚོ་གཞན་དྲུག་གི་ཁ་ཞེང་ནི་སྔ་མ་ལས་ཕྱི་མ་ཕྱེད་ཕྱེད་ཀྱིས་དབྲི་བ་ཡིན་ཏེ། རིམ་བཞིན་བཞི་ཁྲི་དང་ཉིས་ཁྲི་དང་ཆིག་ཁྲི་དང་ལྔ་སྟོང་དང་། ཕྱེད་དང་སུམ་སྟོང་དང་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་པའི་ཕྱིར། མཚོ་དེ་རྣམས་ཆོས་ཅན། དཀྱུས་ཚད་སྔ་མ་ལས་ཕྱི་མ་ཆེ་སྟེ། རོལ་མཚོ་དང་པོའི་ངོས་རེར་དཔག་ཚད་ཉིས་འབུམ་བཞི་ཁྲི་དང་མཐར་དགུ་འབུམ་དྲུག་ཁྲི། གཉིས་པའི་ངོས་རེར་བཞི་འབུམ་རེ་དང་མཐར་ས་ཡ་གཅིག་དང་དྲུག་འབུམ། གསུམ་པའི་ངོས་རེར་བཞི་འབུམ་བརྒྱད་ཁྲི་རེ་དང་མཐར་ས་ཡ་གཅིག་དང་དགུ་འབུམ་ཉིས་ཁྲི། བཞི་པའི་ངོས་རེར་ལྔ་འབུམ་ཉིས་ཁྲི་དང་མཐར་ས་ཡ་གཉིས་དང་བརྒྱད་ཁྲི། ལྔ་པའི་ངོས་རེར་ལྔ་འབུམ་བཞི་ཁྲི་རེ་དང་མཐར་ས་ཡ་གཉིས་དང་ཆིག་འབུམ་དྲུག་ཁྲི། དྲུག་པའི་ངོས་རེར་ལྔ་འབུམ་ལྔ་ཁྲི་རེ་དང་མཐར་ས་ཡ་གཉིས་དང་ཉིས་འབུམ། བདུན་པའི་ངོས་རེར་ལྔ་འབུམ་ལྔ་ཁྲི་ལྔ་སྟོང་རེ་དང་མཐའ་སྐོར་དུ་བཞི་འགྱུར་ས་ཡ་གཉིས་དང་ཉིས་འབུམ་ཉིས་ཁྲི་ཡོད་པའི་ཕྱིར། བདུན་པོ་དེ་ཆོས་ཅན། རོལ་མཚོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དགའ་བོ་དང་ཉེ་དགའ་ལ་སོགས་ཀླུའི་རྒྱལ་པོ་རྣམས་རྩེ་ཞིང་རོལ་བས་ན་དེ་སྐད་ཅེས་བརྗོད་པའི་ཕྱིར། མཚོ་སྔ་མ་བདུན་པོ་ནང་གི་རྒྱ་མཚོ་ཡིན་ལ། མུ་ཁྱུད་འཛིན་དང་ཁོར་ཡུག་གི་བར་གྱི་མཚོ་ཆོས་ཅན། ཕྱིའི་རྒྱ་མཚོ་ཞེས་བྱ་སྟེ། མཚོ་གཞན་གྱི་ཕྱིའི་ལྷག་མའི་རྒྱ་མཚོ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཞེང་ཚད་ཡོད་དེ། དེའི་བར་ལ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་དག་ནི་ཉི་ཤུ་རྩ་གཉིས་ཡོད་པའི་ཕྱིར། གསུམ་པ་གླིང་རྣམས་ཚད་དབྱིབས་ཀྱི་སྒོ་ནས་བཤད་པ་ནི། དེ་ལ་ནི། འཛམ་བུའི་གླིང་སྟེ་ངོས་གསུམ་ལ། སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། གཅིག་ལ་དཔག་ཚད་ཕྱེད་དང་བཞི། །ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། །དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེའི་དབུས་སྟོང་ཕྲག་ཕྱེད་དང་གསུམ། །སྒྲ་མི་སྙན་བརྒྱད་གྲུ་བཞི་མཉམ། །དེ་ཡི་བར་གྱི་གླིང་བརྒྱད་ནི། ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །ཞེས་བྱུང་། གླིང་རྣམས་ཆོས་ཅན། གང་ལ་གནས་པ་ཡོད་དེ། ཕྱིའི་རྒྱ་མཚོར་རྩ་བ་ས་གཞིར་ཐུག་པའི་ཚུལ་གྱིས་གནས་པའི་ཕྱིར། རི་རབ་ཀྱི་ལྷོ་ན་ཡོད་པའི་འཛམ་བུའི་གླིང་ཆོས་ཅན། ཁྱོད་ཀྱི་སྒྲ་དོན་དབྱིབས་ཚད་སོགས་ཡོད་དེ། ཤིང་འཛམ་བུའི་འབྲས་བུ་མཚོ་ནང་དུ་ལྷུང་བའི་སྒྲ་དང་ཤིང་དེས་མཚོན་པས་ན་འཛམ་བུའི་གླིང་དང་། དབྱིབས་ཤིང་རྟ་ལྟ་བུ་དང་། ངོས་གཞན་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་རེ་དང་། ལྷོ་ཕྱོགས་ཀྱི་ངོས་གཅིག་ལ་དཔག་ཚད་ཕྱེད་དང་བཞི་ཡོད་པའི་ཕྱིར། ཤར་གྱི་ལུས་འཕགས་གླིང་ཆོས་ཅན། ཁྱོད་ཀྱི་དབྱིབས་ཚད་སོགས་ཡོད་དེ། དབྱིབས་ནི་ཟླ་ཁམ་དང་འདྲ་ལ། ཚད་ནི་ངོས་གསུམ་འཛམ་བུའི་གླིང་འདི་དང་འདྲ་བ་དཔག་ཚད་སྟོང་ཕྲག་གཉིས་རེ་དང་ལྕགས་རིའི་ཕྱོགས་ཀྱི་ངོས་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་པའི་ཕྱིར། སྒྲ་དོན་ཡོད་དེ། ལུས་འཛམ་བུའི་གླིང་པའི་ལུས་ལས་འཕགས་ཤིང་མཛེས་པས་ན་དེ་ལྟར་བརྗོད་པའི་ཕྱིར། ནུབ་ཕྱོགས་ཀྱི་བ་ལང་སྤྱོད་ཆོས་ཅན། ཁྱོད་ཀྱི་དབྱིབས་ཚད་ཡོད་དེ། དབྱིབས་ཟླུམ་པོ་དང་། ཚད་ནི་མཐར་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ལ་དེའི་དབུས་ཐད་ཀར་ཞེང་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་ཡོད་པའི་ཕྱིར། སྒྲ་དོན་ཡོད་དེ། བ་ལང་དང་ནོར་བུ་ལ་སྤྱོད་པས་ན་དེ་སྐད་བརྗོད་པའི་ཕྱིར། བྱང་གི་སྒྲ་མི་སྙན་ཆོས་ཅན། ཁྱོད་ཀྱི་དབྱིབས་ཚད་ཡོད་དེ། དབྱིབས་གྲུབ་བཞིར་མཉམ་ཞིང་། ཚད་ནི་ངོས་རེར་དཔག་ཚད་ཉིས་སྟོང་རེ་ཡོད་ཅིང་མཐའ་སྐོར་དུ་དཔག་ཚད་སྟོང་ཕྲག་བརྒྱད་ཡོད་པའི་ཕྱིར། སྒྲ་དོན་ཡོད་དེ། དེ་ན་ཡོད་པའི་མི་རྣམས་འཆི་བའི་ཚེ་ཞག་བདུན་གྱི་གོང་དུ་འཆིའོ་ཞེས་པའི་སྒྲ་མི་སྙན་པ་ནམ་མཁའ་ལས་འབྱུང་བས་ན་དེ་ལྟར་བརྗོད་པའི་ཕྱིར། གླིང་དེ་རྣམས་ཆོས་ཅན། ཁྱོད་ལ་གླིང་ཞེས་བརྗོད་པའི་སྒྲ་དོན་ཡོད་དེ། མཐའ་ཆུས་བསྐོར་བའི་ཚུལ་གྱིས་སོ་སོར་གནས་པས་ན་དེ་སྐད་ཅེས་བརྗོད་པའི་ཕྱིར། གླིང་དེ་དག་ན་བྱ་བ་བྱེད་ཚུལ་དང་། མི་རྣམས་ཀྱི་བྱད་དབྱིབས་ཀྱི་ཁྱད་པར་ཡོད་དེ། གླིང་གཞན་ཆེད་དུ་བྱས་པའི་ཁ་ཟས་ཟ་ལ། སྒྲ་མི་སྙན་ན་མ་རྨོས་པའི་ལོ་ཏོག་སོགས་ལ་སྤྱོད། སྔ་མ་གསུམ་བག་མ་གཏོང་ལེན་དང་ཉོ་ཚོང་དང་གནས་ཁང་འབུབ་པ་སོགས་ཡོད། སྒྲ་མི་སྙན་ན་དེ་ལྟ་བུ་མེད་ལ། བྱད་དབྱིབས་ཀྱི་ཁྱད་པར་ནི་གདོང་རང་རང་གི་གླིང་གི་དབྱིབས་ལྟ་བུ་ཡིན་པའི་ཕྱིར། གླིང་བཞི་པོ་དེའི་བར་གྱི་གླིང་ཆོས་ཅན། ཁྱོད་ལ་བརྒྱད་ཡོད་དེ། གཡོན་སྐོར་གྱིས་ཤར་དུ་ལུས་དང་ལུས་འཕགས་གཉིས། བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་གཉིས། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ་གཉིས། ལྷོར་རྔ་ཡབ་དང་རྔ་ཡབ་གཞན་གཉིས་ཏེ་བརྒྱད་ཡོད་པའི་ཕྱིར། གླིང་ཕྲན་བརྒྱད་པོ་དེ་ཆོས་ཅན། ཁྱོད་ཀྱི་ཚད་དབྱིབས་ཡོད་དེ། རང་གི་དབུས་ཀྱི་གླིང་ལས་ཕྱེད་ཀྱིས་ཆུང་ཞིང་དབྱིབས་ནི་རང་རང་གི་དབུས་ཀྱི་གླིང་ལྟ་བུ་ཡིན་པའི་ཕྱིར། མཁས་པ་ཁ་ཅིག །གླིང་གཡོག་རྣམས་རང་རང་གི་གཙོ་བོའི་གླིང་དང་ཚད་འདྲ་བར་འདོད་ཀྱང་མི་འཐད་དེ། དེ་བརྒྱད་ན་གནས་པའི་མིའི་ལུས་ནི་དབུས་གླིང་གི་མི་རྣམས་ལས་ཕྱེད་ཀྱིས་ཆུང་བར་བཤད་པས་ཀྱང་གླིང་གཡོག་རྣམས་དབུས་གླིང་ལས་ཆུང་བར་གྲུབ་པའི་ཕྱིར། རྔ་ཡབ་གླིང་ན་མིར་མ་ཟད་དེ། དེ་ན་སྲིན་པོ་ཡང་གནས་པའི་ཕྱིར། བཞི་པ་འཛམ་བུའི་གླིང་གི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་ནི། འདི་ན་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡང་བའི་ཚུ་རོལ་ན། །མཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། འཛམ་གླིང་འདི་ནི་ཁྱད་ཆོས་དུ་མ་དང་ལྡན་ཏེ། རྡོ་རྗེ་གདན་འདི་ནས་བྱང་དུ་རི་ནག་པོ་གསུམ་གསུམ་སྟེ་དགུ་འདས་པའི་ཕ་རོལ་ན་གངས་རི་ཆེན་པོ་ཏི་སེ་ཞེས་བྱ་བ་ཡོད་ཅིང་། དེ་ནས་ཀྱང་ཕ་རོལ་དཔག་ཚད་ལྔ་བཅུ་ན་སྤོས་ངད་ལྡང་བའི་རི་བོ་ཡོད་ལ། ཡང་དེ་ནས་དཔག་ཚད་ལྔ་བཅུའི་ཚུ་རོལ་ན་ཀླུའི་རྒྱལ་པོ་མ་དྲོས་པ་གནས་པའི་མཚོ་མ་དྲོས་པ་ཞེས་བྱ་བ་དབྱིབས་གྲུ་བཞི་དང་། མཆུ་ཞེང་གཉིས་ལའང་དཔག་ཚད་ལྔ་བཅུ་རེ་ཡོད་ཅིང་། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ་པ་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་ཞིག་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་དབུས་ན་ཤིང་ཁྱད་པར་ཅན་ཡོད་དེ། དེར་འཛམ་བུའི་ཤིང་འབྲས་བུ་མངར་པོ་དང་ལྡན་པ་ལྷས་ཀྱང་ལོངས་སྤྱོད་དུ་རུང་བའི་ཤིང་ཁྱད་པར་ཅན་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་འབབ་པ་ཡིན་ཏེ། ཤར་ན་དངུལ་གྱི་བྲག་གླང་ཆེན་འདྲ་བའི་ཁ་ནས་གངྒཱ་གངུལ་གྱི་བྱེ་མ་འདྲེན་པ་དང་། ལྷོར་གསེར་གྱི་བྲག་ཁྱུ་མཆོག་གི་ཁ་འདྲ་བ་ནས་སིནྡྷ་གསེར་གྱི་བྱེ་མ་དང་། ནུབ་ན་བཻཌཱུཪྱའི་བྲག་རྟའི་ཁ་འདྲ་བ་ནས་བཀྵུ་བཻཌཱུཪྱའི་བྱེ་མ་དང་། བྱང་ན་རྡོ་རྗེའི་བྲག་སེང་གེའི་ཁ་འདྲ་བ་ནས་སི་ཏ་ཞེས་བྱ་བ་རྡོ་རྗེའི་བྱེ་མ་འདྲེན་ཅིང་། དེ་རེ་རེ་འང་ཆུ་བྲན་ལྔ་བརྒྱ་རེ་བཅས་ནས་མཚོ་མ་དྲོས་པ་ལ་གཡས་སྐོར་ལན་བདུན་རེ་བྱས་ནས་རང་རང་གི་ཕྱོགས་སུ་འབབ་པའི་ཕྱིར། དེ་ལྟར་འབབ་པའི་རྒྱུ་མཚན་ཡོད་དེ། ཀླུ་རྒྱལ་མ་དྲོས་པ་དེ་སྤྲུལ་པའི་ཀླུ་ཁྱད་པར་ཅན་ཡིན་ཞིང་དེའི་སྨོན་ལམ་གྱི་མཚོན་དོན་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་དེ་ལྟར་དུ་འབབས་པའི་ཕྱིར། རི་སྤོས་ངད་ལྡང་ཆོས་ཅན། ཁྱོད་ཀྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན་བྲག་གསེར་གྱི་བྱ་སྐྱིབས་ཞེས་བྱ་བ་རང་འདྲ་བརྒྱ་སྟོང་གི་བསྐོར་བ་ཡོད་དེ། ཞིང་དུ་དཔག་ཚད་ལྔ་བཅུ། འཕང་དུ་དཔག་ཚད་བྱེད་དང་བཞི། མཐར་དཔག་ཚད་ཉིས་བརྒྱ་ཡོད་པ། ལྟ་ན་སྡུག་ཅིང་མཛེས་པ་ཡིན་པའི་ཕྱིར། བྱ་སྐྱིབས་དེ་ཆོས་ཅན། ཁྱོད་ཀྱི་བྱ་དང་ཤར་ན་ཤིང་དང་རྫིང་བུ་གཉིས་ཡོད་དེ། བྱང་ན་ཤིང་སཱ་ལི་རབ་བརྟན་དང་ཤར་ན་རྫིང་བུ་དལ་གྱིས་འབབ་པ་ཞེས་བྱ་བ་གཉིས་ཡོད་པའི་ཕྱིར། སྔར་བཤད་པ་དེ་དག་གི་ཉེ་སྐོར་དུ་གང་རྒྱུ་བ་ཡོད་དེ། བརྒྱ་བྱིན་གྱི་གླང་ཆེན་གཡུལ་ངོར་སྤྱོད་པ་རབ་བརྟན་ཞེས་བྱ་བ་སྲིད་དུ་དཔག་ཚད་ཕྱེད་དང་གསུམ་དང་། ཞེང་དུ་དཔག་ཚད་གཅིག །འཕང་དུ་དཔག་ཚད་ཕྱེད་གཉིས་ཡོད་པ་འཁོར་གླང་པོ་ཆེ་བརྒྱ་སྟོང་དང་བཅས་དགུན་གསེར་གྱི་བྱ་སྐྱིབས་དང་། དཔྱིད་སཱ་ལ་རབ་བརྟན་དང་། དབྱར་རྫིང་བུ་དལ་གྱིས་འབབ་པར་གནས་པའི་ཕྱིར། འཛམ་གླིང་ཆོས་ཅན། ཁྱོད་ཀྱི་ཁྱད་ཆོས་གཞན་ཡང་ཡོད་དེ། དབུས་སུ་སངས་རྒྱས་ཀྱི་བཞུགས་གནས་རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་དང་བཅས་པ། ཤར་ན་འཇམ་དཔལ་གྱི་གནས་རི་བོ་རྩེ་ལྔ། ལྷོ་ན་སྤྱན་རས་གཟིགས་ཀྱི་གནས་གྲུ་འཛིན། ནུབ་ན་མཁའ་འགྲོའི་གསང་མཛོད་ཀྱི་གནས་ཨོ་ཌི་ཡ་ན། བྱང་ན་ཆོས་རྒྱལ་རིགས་ལྡན་སོ་གཉིས་སམ་སོ་གསུམ་གྱི་གནས་ཤམྦྷ་ལ་ཡོད་པའི་ཕྱིར། གཞན་ཡང་ཁྱད་པར་དུ་མ་བཤད་པ་ཡོད་དེ། གླིང་འདི་ལ་གླིང་གཡོག་ལྔ་བརྒྱ་དང་། ཡུལ་ཕྲན་སྟོང་དང་བཅོ་བརྒྱད་དང་། བཅུ་དྲུག་སོགས་དུ་མ་བཤད་པའི་ཕྱིར་ཏེ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཡུལ་ཀ་ཤ་དང་བ་ཧུ་དང་ཐོ་གར་ལ་སོགས་པ་སྟོང་དང་། དྲན་པ་ཉེར་གཞག་ལས་བཅོ་བརྒྱད་དང་། གསང་བའི་མདོ་ལས་བཅུ་དྲུག་དང་། ལུང་ཕྲན་ཚེགས་ལས་མཉན་ཡོད་ལ་སོགས་པ་དྲུག་ཀྱང་བཤད་པའི་ཕྱིར། །གསུམ་པ་དམྱལ་བའི་གནས་བཤད་པ་ནི། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མར་མུར་དང་རོ་མྱགས་དང་། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། །ཞེས་བྱུང་། འཛམ་བུའི་གླིང་འདི་ཆོས་ཅན། ཁྱོད་ཀྱི་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པའི་དམྱལ་བའི་ཡས་སྟེང་ཡོད་དེ། དེ་ནས་དེའི་རྔམས་སུ་ཐུར་དང་རྒྱ་ཚད་ལའང་དཔག་ཚད་སྟོང་ཕྲག་ཉི་ཤུ་དེ་ཙམ་རེ་ཡོད་པའི་ཕྱིར། ས་སྡེ་ལས་མ་དྲོས་མཚོའི་འོག་ཏུ་བཤད་པ་དང་མི་འགལ་ཏེ། མ་དྲོས་མཚོ་ནི་གླིང་འདི་མཚོའི་བྱེ་བྲག་ཡིན་པའི་ཕྱིར། མནར་མེད་དེ་ཡི་སྟེང་ན་དམྱལ་བ་བདུན་ཡོད་དེ། ཡང་སོས་སོགས་བདུན་ཡོད་པའི་ཕྱིར། ཚ་དམྱལ་བརྒྱད་པོ་ཀུན་ཆོས་ཅན། འཁོར་དུ་མ་ཡོད་དེ། ཁྱོད་རེ་རེ་ལའང་ལྷག་མ་འཁོར་བཅུ་དྲུག་རེ་ཡོད་པའི་ཕྱིར། དེར་ཐལ། བརྒྱད་པོ་དེ་དག་གི་ངོས་བཞི་རེ་རེ་ན་མེ་མར་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲི་གཏམས་པའི་ལམ། སོགས་ཏེ་ཆུ་བོ་རབ་མེད་བཞི་བཞི་ལ་ལྕགས་རིས་བསྐོར་ནས་ཡོད་པའི་ཕྱིར། སོགས་སྒྲས་གཞན་ཡང་སྡུད་དེ། རལ་གྲིའི་ལོ་མ་དང་ཤལ་མ་ལི་སོགས་སྡུད་པའི་ཕྱིར། ཚ་ད མྱལ་བརྒྱད་པོ་ཆོས་ཅན། ཁྱོད་ཀྱི་ཐད་ཀར་གཞན་གྲང་དམྱལ་བརྒྱད་ཡོད་དེ། དེ་དག་ཏུ་ཆུ་བུར་ཅན་ལ་སོགས་པ་བརྒྱད་ཡོད་པའི་ཕྱིར། ངན་སོང་གཞན་གྱི་ཡི་དྭགས་ཀྱི་གནས་ཡོད་དེ། གནས་ཀྱི་རྩ་བ་ནི་འཛམ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་སོང་བ་ན་ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ཡོད་པའི་ཕྱིར། དེར་མ་ངེས་ཏེ། ཡི་དྭགས་འགའ་ཞིག་དང་། ཉེ་ཚེ་བའི་དམྱལ་བའི་གནས་རྒྱ་མཚོའི་འགྲམ་དང་མི་ཡུལ་ནའང་ཡོད་པའི་ཕྱིར། ཡི་དྭགས་དང་དམྱལ་བའི་གཤིན་རྗེའི་རྒྱལ་པོ་ནི་གང་ཟག་ཏུ་འདོད་ཅིང་ངོ་བོ་གཅིག་ཏུ་བཞེད་པ་དང་མི་བཞེད་པའི་ཚུལ་གཉིས་ཡོད་ལ། ཐིག་ནག་པོ་འདེབས་མཁན་ལ་སོགས་པའི་གཤིན་རྗེའི་གཟུགས་སུ་སྣང་བ་ལ་འདོད་ཚུལ་གཉིས་ཡོད་དེ། བྱེ་སྨྲས་གང་ཟག་ཏུ་འདོད་ཅིང་། མདོ་སྡེ་པ་དང་དབུ་སེམས་རྣམས་ཀྱིས་འབྱུང་བཞིའི་ཁྱད་པར་ལ་འདོད་ཅེས་བཤད་པའི་ཕྱིར། དུད་འགྲོའི་གནས་ཡོད་དེ། ཐང་དང་ཆུ་དང་ནམ་མཁའ་སོགས་ལ་གནས་པ་ཡོད་ཀྱང་རྩ་བའི་གནས་ནི་རྒྱ་མཚོ་ཆེན་པོ་ཉིད་ཡིན་པའི་ཕྱིར། ལྷ་མ་ཡིན་གྱི་གནས་ཡོད་དེ། རི་རབ་ཀྱི་ཆུ་འཚམས་མན་གྱི་ཁོང་སེང་ན་གཙོ་བོར་གནས་ཤིང་། ཁ་འཐོར་ནི་གཞན་དག་ནའང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཆུ་མཚམས་མན་གྱི་ཁོང་སེང་དང་པོ་ལྷ་མ་ཡིན་གྱ ི་དབང་པོ་སྒྲ་གཅན་འཁོར་བཅས་དང་། དེ་ནས་འོག་ཏུ་མགུལ་ཕྲེང་དང་། དེ་ནས་བརྟན་པ་ད ང་། དེ་ནས་ཐག་བཟང་རིས་འཁོར་བཅས་ཡོད་པར་གདགས་པ་ལས་བཤད་པའི་ཕྱིར། ལྷ་མིན་རྣམས་ཀྱི་ཡོ་བྱད་ཀྱི་ཁྱད་པར་ཡོད་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཇི་ལྟར་ཡོད་པ་ལྟ་བུའི་དོད་རེ་རེ་ཡོད་པའི་ཕྱིར་ཏེ། མཚོན་ན་ལྷའི་གླང་ཆེན་གཡུལ་ངོར་སྤྱོད་པའི་དོད་དུ། ལྷ་མིན་ལ་གླང་ཆེན་བཟོད་དཀར་ཡོད་པ་བཞིན་ནོ། །དེའི་ཕྱིར་དེ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་པའི་ལྷ་ལ་འགྲན་ནུས་པ་ཡིན་ཏེ། འོན་ཀྱང་ལྷ་རྣམས་ནི་བསོད་ནམས་མཐུ་ཆེ་བ་ཡིན་ནོ། །བཞི་པ་ཉི་ཟླའི་འཆར་ཚུལ་ལ། །དངོས་དང་། དུས་ཚིགས་ཀྱི་རྣམ་གཞག་གཉིས། དང་པོ་ནི། ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །དཔག་ཚད་ལྔ་བཅུ་གཅིག་དང་བཅས། །ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཞེས་བྱུང་། ཉི་ཟླ་གཉིས་ཆོས་ཅན། ཁྱོད་གང་ནས་འཆར་བའི་ཚུལ་ཡོད་དེ། ལྷུན་པོའི་ཆུ་འཚམས་ཡན་ཆད་ཀྱི་ཕྱེད་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པའི་ཐད་ནས་འཆར་བའི་ཕྱིར། །གང་གིས་རྟེན་བྱས་ནས་འཆར་བ་ཡོད་དེ། སེམས་ཅན་གྱི་ལས་ཀྱི་མཐུས་རང་ཉིད་འདེགས་བྱེད་དང་འཕུལ་བྱེད་ཀྱི་རླུང་སྟོབས་ཀྱིས་འཆར་བའི་ཕྱིར། ཉི་ཟླ་སྐར་གསུམ་འཕུལ་བྱེད་ཀྱི་རླུང་ལ་མགྱོགས་བུལ་ཁྱད་པར་ཡོད་དེ། སྐར་མ་ཉི་ཟླ་གསུམ་རིམ་པ་བཞིན་སྡ་མ་མགྱོགས་ཤིང་། ཕྱི་མ་ཕུལ་བའི་ཕྱིར། ཉི་མའི་ལྷོ་བྱང་གི་བགྲོད་གཉིས་ཀྱི་ཚེ་མཐོ་མན་མི་མཉམ་སྟེ། བྱང་བགྲོད་ཀྱི་ཚེ་མཐོ་ལ་ལྷོ་བགྲོད་ཀྱི་ཚེ་དེ་ལས་དམའ་བའི་ཕྱིར། སྤྱིར་ཉི་ཟླ་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པ་དང་འཆར་བ་བཤད་པ་ནི་སྟོན་དཔྱིད་ལྟ་བུའི་དུས་ཀྱི་ཚེ་ཡིན་ཡང་། དེའི་ཚེ་གཉའ་ཤིང་འཛིན་གྱི་རྩེ་མོའི་ཐད་ཀ་ན་ཡོད་པ་མིན་ཏེ། ཉི་ཟླ་བྱང་བགྲོད་མཐར་ཐུག་གི་དུས་སུ་ཡང་ལྷོ་གླིང་འདིའི་དབུས་ནས་བྱང་ཕྱོགས་སུ་མི་འོང་བའི་ཕྱིར། ཉི་ཟླའི་ཚད་ཡོད་དེ། ཟླ་བའི་དཀྱིལ་འཁོར་གྱི་རྒྱར་ནི་དཔག་ཚད་ལྔ་བཅུ་དང་། ཉི་མའི་དཀྱིལ་འཁོར་གྱི་རྒྱར་དཔག་ཚད་ང་གཅིག་དང་བཅས་ལ། གཉིས་ཀའི་མཐའ་སྐོར་དུ་ནི་སུམ་འགྱུར་དང་། གཉིས་ཀ་རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་གཅིག་གི་བཅོ་བརྒྱད་ཆ་གཅིག་ཡོད་པའི་ཕྱིར། ངོ་བོའི་ཁྱད་པར་ཡོད་དེ། ཉི་མའི་འོག་ངོས་མེ་ཤེལ་དང་ཟླ་བའི་འོག་ངོས་ཆུ་ཤེལ་ལས་གྲུབ་ཅིང་། དེ་གཉིས་ཀའ་ིསྟེང་ན་གསེར་གྱི་རྭ་བ་འཕང་དུ་དཔག་ཚད་ཕྱེད་པས་བསྐོར་བ་ཡོད་ཅིང་། སྐྱེད་མོས་ཚལ་སོགས་དང་། ནང་དུ་ལྷའི་གྲོང་ཁྱེར་དུ་མ་དང་། ལྷའི་བུ་ཉི་མ་དང་ཟླ་བ་འཁོར་བཅས་གནས་པའི་ཕྱིར། ཟླ་བའི་ངོས་ཀྱི་གཟུགས་བརྙན་དེ་ལ་བཤད་ཚུལ་མི་འདྲ་བ་ཡོད་ཀྱང་སྟོན་པ་རི་བོང་དུ་སྐྱེ་བ་བཞེས་པའི་རི་བོང་གི་གཟུགས་བརྙན་བྲིས་པ་ལྟར་འདོད་པར་བྱ་སྟེ། རི་བོང་ཅན་ཞེས་པ་དང་མཐུན་པའི་ཕྱིར། སྐར་མའི་གྲངས་ཚད་ཡོད་དེ། གླིང་བཞི་གཅིག་ལ་སྐར་མ་དུང་འཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་ལྔ་ཡོད་ཅིང་། ཚད་ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད་དང་། འབྲིང་ལ་བཅུ་ནས་བཅུ་གཉིས་བར་དང་། ཆུང་བར་རྒྱང་གྲགས་གསུམ་དང་གཅིག་ཡོད་པར་བཤད་པའི་ཕྱིར། བྱེད་ལས་ཡོད་དེ། ཉི་མས་གྲང་བ་རྣམས་དྲོ་བ་དང་ཟླ་བས་ཚ་བ་རྣམས་བསིལ་བར་བྱེད་ཅིང་། རྩི་ཤིང་ལོ་ཏོག་སོགས་སྐྱེད་པའི་གྲོགས་བྱེད་ཅིང་། གནོད་པའང་ཅི་རིགས་བྱེད་པར་འགྱུར་བའི་ཕྱིར། བྱ་བ་བྱེད་ཚུལ་ཡོད་དེ། མཚོན་ན་སྒྲ་མི་སྙན་དུ་ནམ་ཕྱེད་པ་དེའི་ཚེ་ལུས་འཕགས་སུ་ཉི་མ་ནུབ་པ་དང་། འཛམ་བུའི་གླིང་འདིར་ཉི་མ་ཕྱེད་པ་དང་བ་ལང་སྤྱོད་དུ་ཉི་མ་ཤར་བ་བཞི་དུས་མཉམ་པ་དེ་བཞིན་དུ་གླིང་གཞན་ལའང་འདྲ་བའི་ཕྱིར། འདི་ལའང་འདོད་པ་མི་འདྲ་བ་ཡོད་དེ། ཉིན་མཚན་མཉམ་པའི་དུས་གཅིག་ལ་འདོད་པ་དང་། ཉེན་ཞག་རེ་རེ་འང་དེ་ལྟར་འགྱུར་བའི་འདོད་ཚུལ་གཉིས་ཡོད་པའི་ཕྱིར། རང་ལུགས་ནི་ཕྱི་མ་ལྟར་རུང་སྟེ། རྗེ་ནོར་བཟང་བས་ལེགས་པར་གཏན་ལ་ཕབ་པ་ལྟར་འདོད་པའི་ཕྱིར། གཉིས་པ་དུས་ཚིགས་ནི། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུར་འགྱུར་རོ་ཉིན་མོ་བཟློག །ཉིན་མཚན་རིང་བ་ཐང་གཅིག་གོ །ཉི་མ་ལྷོ་བྱང་བགྲོད་ཆེའོ། །ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་སྒྲིབ་པར་སྣང་། །ཞེས་བྱུང་། འདི་ལ་ཚིག་དོན་དང་། སྤྱི་དོན་དང་། མཐའ་དཔྱད་པ་གསུམ། དང་པོ་ནི། རགས་རྩིས་དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དབྱར་གྱི་ཟླ་བ་གཉིས་པ་ཁྲུམས་ཟླའི་ཕྱོགས་ཐ་མ་ཧོར་ཟླ་བརྒྱད་པའི་ཡར་ངོའི་ཚེས་བདུན་བརྒྱད་ལ་ཉིན་མཚན་མཉམ་པ་ལས། ཚེས་དགུ་ནས་མཚན་མོ་རིང་བར་འགྱུར་ཏེ། དེ་ནས་ཟླ་བ་གསུམ་གྱི་བར་ཟླ་བ་རེ་རེར་ཐད་ཅིག་སུམ་ཅུ་འམ་ཡུད་ཙམ་བཅོ་བརྒྱད་ཀྱི་བར་དུ་རིམ་གྱིས་འཕེལ་ནས་བཅུ་གཅིག་པའི་ཚེས་བརྒྱད་ལ་དགུན་ཉི་ལྡོག་ཅིང་། དེ་ནས་ཟླ་བ་གསུམ་གྱི་བར་དུ་ཐང་ཅིག་དང་ཡུད་ཙམ་རེས་ཉིན་མོ་རིང་བ་དང་མཚན་མོ་ཐུང་ངུར་རིམ་གྱིས་གྱུར་ཏེ། དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དགུན་རྣམས་ཀྱི་ནི་ཟླ་བ་བཞི་པ་དབོ་ཟླའི་ཡར་ངོ་གཉིས་པའི་ཚེས་བརྒྱད་ལ་དཔྱི་ཉིན་མཚན་མཉམ་པར་འབྱུང་ཞིང་། དེ་ནས་ཡང་མཚན་མོ་ཐུང་ངུ་དང་ཉིན་མོ་རིང་བར་གྱུར་ཏེ་ཟླ་བ་གསུམ་རྫོགས་པའི་ཚེ་ལྔ་པའི་ཚེས་བརྒྱད་ལྟ་བུ་ལ་དབྱར་ཉི་མཐར་ཐུག་འབྱུང་བ་སོགས་ཡིན་པའི་ཕྱིར། ཉིན་མོ་བཟློག་ཞེས་པའི་དོན་ཡང་ཡོད་དེ། ཉིན་མཚན་རིང་ཐུང་གོ་བཟློག་ཏུ་འབྱུང་བ་ལ་བྱེད་ཀྱི། ཉི་ལྡོག་གི་དུས་ཙམ་ལ་མི་བྱེད་པའི་ཕྱིར། དགུན་ཉི་ལྡོག་པ་ནས་ཉིན་མོ་རིང་བར་འགྲོ་ཡང་དེ་མཚན་མོ་ལས་རིང་བར་མ་ངེས་ཏེ། མཚན་མོ་ལས་ཉིན་མོ་རིང་བ་ནི་དཔྱིད་ཉིད་མཚན་མཉམ་ཟིན་ནས་འབྱུང་བའི་ཕྱིར། ཉིན་མཚན་གང་རུང་ཆོས་ཅན། ཁྱོད་རིང་ཐུང་དུ་འགྱུར་བའི་ཚད་ཡོད་དེ། ཞག་རེ་ལ་ཐང་ཅིག་རེས་འཕེལ་འགྲིབ་ཀྱི་རིང་ཐུང་དུ་འགྱུར་བའི་ཕྱིར། ཐང་ཅིག་གི་ཚད་ཡོད་དེ། ཞག་གཅིག་གི་ཆ་དགུ་བརྒྱར་བྱས་པའི་ཆ་གཅིག་ལ་བྱེད་པའི་ཕྱིར། དེ་ཆོས་ཅན། རིང་ཐུང་དུ་འགྱུར་བའི་དུས་ཡོད་དེ། ལྷོ་བགྲོད་ཀྱི་ཚེ་ཐུང་། བྱང་བགྲོད་ཀྱི་ཚེ་རིང་བར་འགྱུར་བའི་ཕྱིར་ཏེ། ཉི་མ་བྱང་བགྲོད་ཀྱི་ཚེ་མཐོར་སོང་བའི་དབང་གིས་འཆར་སྔ་ལ། ནུབ་པ་ཕྱི་བས་ཉིན་མོ་རིང་ལ་མཚན་མོ་ཐུང་ཞིང་། ཟླ་བ་ལའང་ཕྱོགས་འདྲ་བའི་ཕྱིར། ཉི་ཟླ་གཉིས་ལྷོ་བྱང་དུ་བགྲོད་པ་རེས་མོས་ཡིན་ཏེ། དེ་གཉིས་ལས་གཅིག་ལྷོ་བགྲོད་ཀྱི་ཚེ་ཅིག་ཤོས་བྱང་བགྲོད་ཡིན་ལ། གཅིག་བྱང་བགྲོད་ཀྱི་ཚེ་ཅིག་ཤོས་ལྷོ་བགྲོད་བྱེད་པའི་ཕྱིར། ཚེས་གསུམ་ལྟ་བུ་ལ་ཟླ་བ འི་དཀྱིལ་འཁོར་མ་རྫོགས་པའི་རྒྱུ་མཚན་ཡོད་དེ། དེའི་ཚེ་ཟླ་བ་ཉི་མའི་དཀྱིལ་འཁོར་དང་ཉེ་བ་ལས་ཉི་འོད་ཟླ་བའི་གཞལ་མེད་ཁང་ལ་བབས་པ་ན་ཕ་རོལ་གྱི་ངོས་སུ་ཟླ་བ་རང་གི་གྲིབ་མ་བབས་པ་ལས་འགྲིབ་པར་སྣང་བར་གྲགས་པའི་ཕྱིར། དཔེར་ན། མཚན་མོ་ཀ་བ་དང་མར་མེའི་འོད་ཉེ་བ་ན་ཀ་བ་རང་གི་གྲིབ་མས་ཕར་ངོས་སྒྲིབ་པར་བྱེད་པ་བཞིན་དུའོ། །གཉིས་པ་སྤྱི་དོན་ལ། དུས་ཚིགས་གང་ལས་བྱུང་བ་དང་། བྱེད་པ་པོ་ཡོད་མེད་དང་། དུས་ཚིག་སོ་སོར་བཤད་པ་དང་གསུམ། དང་པོ་ནི། རྒྱས་པར་བཤད་ན་མང་ཡང་འདིར་བསྡུས་ནས་བཤད་པར་བྱ་སྟེ། བསྐལ་པ་དང་པོའི་མི་རྣམས་ཀྱི་ལུས་ཀྱི་འོད་སོགས་ཉམས་ནས་འཇིག་རྟེན་དུ་མུན་པ་བྱུང་བ་ལ་བརྟེན་ནས་མྱ་ངན་བྱས་པས་སྤྱི་མཐུན་གྱི་ལས་ཀྱིས་ཉི་ཟླ་གཟའ་སྐར་སོགས་བྱུང་སྟེ། དེ་ལ་བརྟེན་ནས་ཉིན་མཚན་དང་དུས་ཚིགས་ཀྱི་རྣམ་གཞག་རྣམས་བྱུང་བའི་ཕྱིར། གཉིས་པ་ཡོད་དེ། དེའི་ཚེ་ཉི་ཟླ་སོགས་གོ་རིམ་མ་ངེས་པར་རྒྱུ་བ་ལས་བདག་ཅག་གི་སྟོན་པ་འདི་དྲང་སྲོང་རྔ་བོང་དུ་གྱུར་པའི་དུས་སུ་རྒྱུ་སྐར་སོགས་ཀྱི་གོ་རིམ་མཛད་པར་བཤད་པས་བྱེད་པ་པོ་ཡོད་པའི་ཕྱིར། གསུམ་པ་ནི། སྤྱིར་དུས་ཀྱི་ཐ་སྙད་ལ་དུ་མ་ཡོད་ཀྱང་འཆི་མེད་མཛོད་ལས་འདི་ལྟར་བཤད་དེ། མིག་འཛུམ་བཅོ་བརྒྱད་མཐར་གནས་ལ། །དེ་སུམ་ཅུ་ལ་སྐད་ཅིག་བགྲང་། །དེ་ནི་བཅུ་གཉིས་ཡུད་ཙམ་ཡིན། །དེ་སུམ་ཅུ་ལ་ཉིན་ཞག་གཅིག །དེ་དག་བཅོ་ལྔར་ཕྱོགས་སུ་གྲགས། །སྔ་ཕྱིའི་ཕྱོགས་ནི་དཀར་ནག་གཉིས། །དེ་གཉིས་བསྡོམས་པས་འཇལ་བྱེད་དོ། །མཆུ་ཟླ་ལ་སོགས་གཉིས་གཉིས་ལ། །དེ་ཚིགས་དེ་གསུམ་བགྲོད་པ་གཅིག་ལྷོ་བྱང་བཀོད་པ་གཉིས་ལ་ལོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། ལོ་རྣམ་པ་གསུམ་ཡོད་དེ། ཚེས་ལོ་ཉིན་ཞག་གི་ལོ་ཁྱིམ་ལོ་གསུམ་ཡོད་པའི་ཕྱིར། དེ་གསུམ་གྱི་ཁྱད་པར་ཅུང་ཟད་རྒྱས་པ་ཞིག་གཞན་དུ་བཤད་ཟི ན་པས་འདིར་བསྡུ་ན་དེ་གསུམ་གྱི་ཁྱད་པར་ཡོད་དེ། ཉི་མས་ཁྱིམ་བཅུ་གཉིས་ལ་རང་འགྲོས་ཀྱིས་རྫོགས་པར་སྤྱོད་པའི་ཚུལ་གྱིས་བགྲོད་གཉིས་རྫོགས་པའི་ལོ་དེ་ཁྱིམ་ལོ་དང་། ནམ་ལངས་ནས་ནམ་ལངས་ཀྱི་བར་ཉིན་ཞག་གི་ཟླ་བ་བཅུ་གཉིས་ལ་ཉིན་ཞག་གི་ལོ་དང་། ཟླ་བའི་འཕེལ་འགྲིབ་ཀྱི་ཆ་རེ་རྫོགས་པའི་ཚེས་ཞག་གི་ཟླ་བ་བཅུ་གཉིས་རྫོགས་པ་ལ་ཚེས་ཞག་གི་ལོར་འཇོག་པའི་ཕྱིར། གཞན་ཡང་ལོའི་དབྱེ་བ་ཡོད་དེ། རབ་བྱུང་ལ་སོགས་པའི་དྲུག་ཅུ་ཡོད་ཅིང་། དེ་ཡང་མེ་ཡོས་སོགས་ལོ་རྒན་དྲུག་ཅུ་དང་དོན་གཅིག་ཏུ་འགྱུར་བའི་ཕྱིར། ཟླ་བ་དང་ཞག་ལའང་དེ་གསུམ་ཡོད་དེ། ལུག་གླང་འཁྲིག་པ་ཀ་རྐ་ཊ་སོགས་ཁྱིམ་ཟླ་དང་ཁྱིམ་ཞག །སྟག་གི་ཟླ་བ་ལ་སོགས་པའི་ཟླ་བ་བཅུ་བཞི་དང་། མགོ་ལ་སོགས་པའི་ཟླ་བ་བཅུ་གཉིས་དང་ཞག་སོགས་ཀྱི་ཐ་སྙད་ཀྱང་ཡོད་པའི་ཕྱིར། སྤྱིར་ལོ་འགོ་ངོས་འཛིན་ལ་མང་དུ་ཡོད་ཀྱང་འདུལ་མངོན་གྱི་ལུགས་ལ་ལོ་འགོ་འཛིན་ཚུལ་ཡོད་དེ། ཧོར་ཟླ་བཅུ་བའི་མར་ངོའི་ཚེས་གཅིག་ནས་འཛིན་པའི་ཕྱིར། ལོ་ལ་དུས་ཚིགས་བྱེད་ཚུལ་དུ་མ་ཡོད་དེ། གསུམ་དང་བཞི་དང་ལྔ་དང་དྲུག་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མགོ་རྒྱལ་མཆུ་དབོའི་ཟླ་བ་བཞི་ནི་དགུན་དང་། ནག་པ་ས་ག་སྣྲོན་ཆུ་སྟོད་ཀྱི་ཟླ་བ་བཞི་ནི་དཔྱིད། གྲོ་བཞིན་ཁྲུམས་ཐ་སྙད་སྨིན་དྲུག་གི་ཟླ་བ་བཞི་ནི་དབྱར་དུས་སུ་འཇོག་པའི་ཕྱིར། དུས་ཚིགས་ལ་བཞིར་འཇོག་ཚུལ་ཡོད་དེ། དགུན་དཔྱིད་དབྱར་སྟོན་བཞིར་བྱས་ནས་རྒྱུ་སྐར་སྔ་མ་གསུམ་གསུམ་དང་སྦྱར་ནས་འཇོག་པའི་ཕྱིར། དུས་ཚིགས་ལ་ལྔར་འབྱེད་ཚུལ་ཡོད་དེ། དགུན་དང་དཔྱིད་དང་དབྱར་ཙམ་དང་དབྱར་ཐུང་ངུ་དང་དབྱར་རིང་པོའི་དུས་དང་ལྔར་འཇོག་པའི་ཕྱིར་ཏེ། དབྱར་ཐ་ཆུང་གི་ཚེས་བཅུ་དྲུག་ལ་དབྱར་ཐུང་ངུ་ཞེས་པ་མ་གཏོགས་སྔ་མ་དང་འདྲ་བའི་ཕྱིར། དུས་ཚིགས་ལ་དྲུག་ཏུ་འབྱེད་ཚུལ་ཡོད་དེ། དགུན་སྟོད་དགུན་སྨད་སོགས་གཉིས་གཉིས་ཕྱེ་བས་དྲུག་ཏུ་འགྱུར་བ་ལྟར་ཡིན་པའི་ཕྱིར། དུས་ཚིགས་ལ་དབྱེ་བ་དེ་ལྟར་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། གསུམ་དུ་ཕྱེ་བ་ནི་ཕྱག་དར་ཁྲོད་པའི་གོས་ཤེས་པ་དང་། བཞིར་ཕྱེ་བ་ནི་འཇིག་རྟེན་གྲགས་པ་དང་སྒོ་བསྟུན་པ་དང་། ལྔར་ཕྱེ་བ་ནི་དབྱར་ཐུང་ངུ་ཤེས་པ་དང་། དྲུག་ཏུ་ཕྱེ་བ་ནི་གསོ་སྦྱོང་བཅུ་བཞི་པ་དང་ཞག་མི་ཐུབ་འབྱུང་བའི་དུས་ཤེས་པའི་ཆེད་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། ལོ་དྲི་བ་ལས། རྒྱལ་དང་དབོ་དང་ས་ག་ཅན། ཞེས་སོགས་དང་། རང་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི་ཞེས་སོགས་འབྱུང་བ་ལྟར་ཡིན་པའི་ཕྱིར། ཟླ་བཤོལ་འདོད་ཚུལ་ལ་ཞིབ་རྩིས་དང་རགས་རྩིས་གཉིས་ཡོད་ཅིང་དང་པོ་ནི་གཞན་དུ་ཤེས་པར་བྱ་དགོས་ལ། རགས་རྩིས་ལ་འདོན་ཚུལ་ཡོད་དེ། ཚེས་ཞག་ལས་ཉིན་ཞག་ཡུད་ཙམ་ཕྱེད་ཀྱིས་རིང་བ་ལ་བརྟེན་ནས་ཟླ་བ་གཉིས་གཉིས་ན་ཉིན་ཞག་རེ་མ་ཐུབ་པའི་དབང་གིས་ལོ་ལྔ་ལྔ་ནས་ཟླ་བཤོལ་འདོན་པ་དང་། ཚེས་ཞག་གིས་ཁྱིམ་ཞག་གི་དོད་མ་ཐུབ་པ་ལ་བརྟེན་ནས་ཁྱིམ་ལོ་གཉིས་དང་ཟླ་བ་ཕྱེད་དང་དགུ་ནས་ཟླ་བཤོལ་འདོན་པའི་ཚུལ་གཉིས་ཡོད་པའི་ཕྱིར། འདི་སྐོར་གཞན་དུ་བཤད་ཟིན་པས་དེ་ཙམ་མོ། །གཉིས་པ་མཐའ་དཔྱད་པ་ལ་ཁ་ཅིག །དུས་བཞི་ཅིག་ཅར་བ་ཡིན་ཏེ། གླིང་བཞིར་དགུན་བཞི་དུས་ཅིག་ཅར་གྲུབ་པ་སོགས་ཡིན་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། གླིང་བཞི་སོ་སོར་དུས་བཞི་རིམ་ཅན་དུ་འབྱུང་བའི་ཕྱིར། དེར་ཐལ། འཛམ་གླིང་འདི་ལྟ་བུར་དབྱར་རྗེས་སུ་སྟོན། སྟོན་རྗེས་སུ་དགུན། དགུན་རྗེས་སུ་དཔྱིད་འབྱུང་བ་མངོན་སུམ་དུ་གྲུབ་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། དེ་ལྟར་ན་དབྱར་ཉི་མཐར་ཐུག་པའི་ཚེ་ཉིན་ཞག་གཅིག་ཏུ་ཆུ་ཚོད་དྲུག་ཅུ་ལྷག་དང་། དགུན་ཉི་མཐར་ཐུག་པའི་ཚེ་ཉིན་ཞག་གཅིག་ལའང་དེ་ལྟར་དུ་འགྱུར་བར་ཐལ་བ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར། ཁ་ཅིག །གང་ལ་ལྟོས་ཀྱང་ཚེས་ཞག་དེ་ཉིན་ཞག་ལས་ཐུང་བས་ཁྱབ་པར་ཐལ། ཞག་གསུམ་གྱི་ནང་ནས་ཚེས་ཞག་ཐུང་བའི་ཕྱིར་ནས་མ་ཁྱབ་སྟེ། སྤྱིར་དེ་ལྟར་ཡིན་ཀྱང་ཟླ་བའི་རྐང་པའི་དབང་གིས་ཚེས་འཕེལ་དུས་ཆུ་ཚོད་རེ་བཞིའི་བར་དུ་འབྱུང་བ་ཡོད་ཅིང་། འགྲིབ་དུས་ཆུ་ཚོད་ང་བཞིའི་བར་དུ་འོང་སྲིད་པའི་ཕྱིར། དེར་ཐལ། ཟླ་བའི་སྔ་རྐང་ལུགས་འབྱུང་གི་དུས་སུ་ཚེས་འཕེལ་དུས་ཟླ་བའི་འཕེལ་འགྲིབ་བུལ་ལ། ཕྱི་རྐང་རིམ་མིན་གྱི་དུས་སུ་ཚེས་འགྲིབ་པ་ན་ཟླ་བའི་འཕེལ་འགྲིབ་མགྱོགས་པས་ཚེས་ཡུན་ཐུང་བར་འགྱུར་བའི་ཕྱིར། དེར་ཐལ། ཚེས་འཕེལ་དུས་ལྷག་པ་བསྡུད་མ་དང་། ཚེས་འགྲིབ་དུས་ཆད་པ་བསྡུད་མར་འབྱུང་བ་རི་མོས་རྟོགས་པའི་ཕྱིར། དེ་ལ་ཁོ་ན་རེ། ཉིན་ཞགས་ལའང་རིང་ཐུང་འབྱུང་བར་ཐལ། དམ་བཅའ་འཐད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཉིན་ཞག་དང་ཆུ་ཚོད་དྲུག་ཅུ་རེར་ངེས་པའི་ཕྱིར། ཁ་ཅིག །ཞག་གསུམ་འཇོག་ཚུལ་ལ་དཀའ་སླའི་ཁྱད་པར་མེད་ཟེར་ན། དེ་ཡོད་པར་ཐལ། ཉིན་ཞག་འཇོག་སླ་ཞིང་། དེ་ལས་ཚེས་ཞག་ཅུང་དཀའ་ལ། དེ་ལས་ཁྱིམ་ཞག་འཇོག་དཀའ་བའི་ཕྱིར། ཁ་ཅིག །ལོ་བཤོལ་འདོན་རིགས་པར་ཐལ། ཟླ་བཤོལ་འདོན་རིགས་པའི་ཕྱིར་ན་མ་ཁྱབ་སྟེ། ཟླ་བཤོལ་བཏོན་ཟིན་ནས་ལོ་བཤོལ་ལོགས་སུ་འདོན་རྒྱུ་མེད་པའི་ཕྱིར། འོན་ཀྱང་འདིར་དཔྱད་རྒྱུ་ཡོད་དེ། ད་ལྟའི་བརྩི་ལུགས་རྩིས་ལོ་དྲུག་ཅུ་སོང་བའི་ཚེ་ཁྱིམ་ལོ་དབང་བཙན་པར་སོང་ནས། དེའི་ཚེ་ཚེས་ལོ་དང་ཉིན་ཞག་གི་ལོ་ཁོ་ན་དང་སྦྱར་ཏེ་བརྩིས་ན་དེ་ལས་ལྷག་འོངས་སྲིད་པའི་ཕྱིར་དཔྱད་པར་བྱའོ། །ལྔ་པ་ལྷ་རྣམས་ཀྱི་གནས་བཤད་པ་ལ། ས་དང་འབྲེལ་བའི་གནས་དང་། མ་འབྲེལ་བའི་གནས། སེམས་ཅན་གྱི་ཁྱད་ཆོས། གོང་འོག་གི་བར་གྱི་ཐག་ཚད་དང་བཞི། དང་པོ་ལ། རྒྱལ་ཆེན་བཞི་པོ་དང་། སུམ་ཅུ་རྩ་གསུམ་པའི་གནས་གཉིས། དང་པོ་ནི། འདི་ལ་བང་རིམ་བཞི་ཡོད་དེ། བར་གྱི་ཐག་ནི་སྟོང་ཕྲག་བཅུ། །སྟོང་ཕྲག་དག་ནི་བཅུ་དྲུག་དང་། །བརྒྱད་དང་བཞི་དང་གཉིས་འཕགས་སོ། །དེ་ལ་ལག་ན་གཞོང་ཐོགས་དང་། །འཕྲེང་ཐོགས་དང་ནི་རྟག་མྱོས་དང་། །རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས། །རི་ནི་བདུན་པོ་དག་ལ་ཡང་། །ཞེས་བྱུང་། རི་རབ་ཀྱི་ཆུ་འཚམས་ཡན་ཆད་འདི་ལ་ཆོས་ཅན། བང་རིམ་བཞི་ཡོད་དེ། དེ་རེ་རེའི་བར་གྱི་ཐག་ནི་དཔག་ཚད་སྟོང་བཅུ་བཅུ་སྟེ་ཁྲི་ཕྲག་རེ་རེ་ཡོད་པའི་ཕྱིར། བང་རིམ་དེ་དག་ཆོས་ཅན། རི་རབ་ལས་ཕྱིར་འཕགས་ཚུལ་བཞི་ཡོད་དེ། བང་རིམ་དང་པོ་འོག་མ་ནི་རི་རབ་ལས་ཕྱིར་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་། གཉིས་པ་སྟོང་ཕྲག་བརྒྱད་དང་། གསུམ་པ་སྟོང་ཕྲག་བཞི་དང་། བཞི་པ་སྟོང་ཕྲག་གཉིས་ཕྱིར་འཕགས་པའི་ཕྱིར། བང་རིམ་དེ་ལ་ལྷ་གང་གནས་པ་ཡོད་དེ། དང་པོ་ལ་ལག་ན་གཞོང་ཐོགས་དང་། གཉིས་པ་ལ་འཕྲེང་ཐོགས་དང་། གསུམ་པ་ལ་རྟག་མྱོས་དང་། བཞི་པ་ལ་རྒྱལ་ཆེན་བཞི་དང་དེའི་འཁོར་གྱི་ལྷ་རྣམས་གནས་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཤར་ཕྱོགས་ན་ཡུལ་འཁོར་སྲུང་གནས་པ་སོགས་ཡིན་པའི་ཕྱིར་ཏེ། དེར་མ་ཟད་གསེར་གྱི་རི་བདུན་པོ་དག་ལ་ཡང་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་གནས་པའི་ཕྱིར། གཉིས་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་ལ་གཉིས། དང་པོ་ནི། ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། དེ་ཡེ་ངོས་ལ་བརྒྱད་ཁྲིའོ། །ཞེས་བྱུང་། ལྷུན་པོ་ཆོས་ཅན། ཁྱོད་ཀྱི་རྩེ་ན་སུམ་ཅུ་རྩ་གསུམ་པའི་གནས་ཡོད་དེ། བརྒྱ་བྱིན། ནོར་ལྷ་བརྒྱད། དྲག་པོ་བཅུ་གཅིག །ཉི་མ་བཅུ་གཉིས། ཐ་སྐར་གྱི་བུ་དང་བཅས་པའི་ལྷའི་གཙོ་བོ་སུམ་ཅུ་རྩ་གསུམ་བཞུགས་པའི་གནས་ཡོད་པའི་ཕྱིར་ལྷུན་པོའི་རྩེ་ཆོས་ཅན། ཁྱོད་ཀྱི་རྒྱ་ཚད་ཡོད་དེ། ངོས་རེ་རེར་དཔག་ཚད་བརྒྱད་ཁྲི་རེ་ཡོད་པའི་ཕྱིར་ཏེ། རི་ཐམས་ཅད་ཀྱི་ཆུ་འཚམས་ཡན་དཔངས་ཞེང་མཉམ་པར་མཚུངས་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། གནས་དང་ཚལ་དང་ས་གཞི་དང་ཤིང་དང་འདུན་མ་དང་། དང་པོ་ནི་ཕྱོགས་འཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེའི་གནས་དབུས་ན། །གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། །ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། །དཔག་ཚད་ཕྱེད་དང་གཉིས་གསེར་གྱི། །རང་བཞིན་གཞི་བཀྲ་མཉེན་པ་ཡོད། །དེ་ན་རྣམ་པར་རྒྱལ་བྱེད་དེ། །ངོས་ལ་ཉིས་བརྒྱ་ལྔ་བཅུའོ། །ཞེས་བྱུང་། ལྷུན་པོ་ཆོས་ཅན། ཁྱོད་ཀྱི་ཕྱོགས་ཀྱི་འཚམས་རེ་གྲྭ་བཞིན་ཁང་པ་བརྩེགས་པ་བཞི་ཡོད་ཅིང་དེར་གང་གནས་པ་ཡོད་དེ། ལྷ་རྣམས་སྲུངས་པ་པོའི་གནོད་བྱིན་ལག་ན་རྡོ་རྗེ་གནས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་རྩེའི་དབུས་ན་གནས་ཡོད་དེ། བརྒྱ་བྱིན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ཡོང་བའི་ཕྱིར། གྲོང་ཁྱེར་དེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། ངོས་རེར་དཔག་ཚད་ཉིས་སྟོང་ལྔ་བརྒྱ་དང་། འཕང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པའི་ཕྱིར། དེ་ཆོས་ཅན། རྒྱུ་གང་ལས་གྲུབ་པ་ཡོད་དེ། གསེར་གྱི་རང་བཞིན་ལས་གྲུབ་ཅིང་། ས་གཞི་ཚོན་སྣ་ཚོགས་ཀྱིས་བཀྲ་བར་བྱས་པ། རྐང་པ་བཞག་ན་ནེམ་ནེམ་དང་། བཏེགས་ན་པར་ཅེས་བྱེད་པའི་འཇམ་ཞིང་མཉེན་པ་དང་ལྡན་པའི་ཕྱིར། གྲོང་ཁྱེར་དེ་ཆོས་ཅན། ཁྱོད་ཀྱི་དབུས་ན་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཡོད་དེ། དེའི་ངོས་རེ་རེར་དཔག་ཚད་ཉིས་བརྒྱ་ལྔ་བཅུ་དང་། མཐའ་སྐོར་དུ་དཔག་ཚད་སྟོང་དང་། ལྟ་ན་སྡུག་ལས་ཀྱང་གྱེན་དུ་དཔག་ཚད་ཕྱེད་དང་ལྔ་འཕགས་པའི་ཕྱིར། གཉིས་པ་ནི། ཕྱི་རོལ་སྣ་ཚོགས་ཤིང་རྟ་དང་། རྩུབ་འགྱུར་འདྲེས་ཚལ་དགའ་བས་བརྒྱན། ཞེས་བྱུང་། གྲོང་ཁྱེར་ལྟ་ན་སྡུག་ཆོས་ཅན། ཁྱོད་ཀྱི་ཕྱོགས་བཞིར་ལྷའི་ཚལ་བཞི་ཡོད་དེ། ཤར་དུ་ཤིང་རྟ་སྣ་ཚོགས་ཀྱི་ཚལ་དང་། ལྷོ་ན་ཤེས་རྒྱུད་རྩུབ་པར་འགྱུར་པའི་ཚལ་དང་། ནུབ་ན་ལྷའི་ཕོ་མོ་འདྲེས་ཤིང་རྩེ་བའི་ཚལ་དང་། བྱང་ན་ཡིད་དགའ་བར་བྱེད་པའི་ཚལ་རྣམས་ཀྱིས་བརྒྱན་ནས་ཡོད་པའི་ཕྱིར། ཤིང་རྟ་སྣ་ཚོགས་ཀྱི་ཚལ་དེ་ཆོས་ཅན། ཁྱོད་དུ་གླང་ཆེན་ས་སྲུང་ཡོད་ཅིང་དེའི་ཚད་དང་འཕྲུལ་ཡོད་དེ། ལུས་དཀར་ཞིང་མགོ་དམར་བ་མཆེ་བ་དྲུག་ལྡན། སྲིད་དུ་དཔག་ཚད་གཅིག་དང་ཁོར་ཡུག་བདུན་ཡོད་པ་འཁོར་གླང་པོ་ཆེ་བརྒྱ་སྟོང་དང་ལྡན་པ། མགོ་སོ་གསུམ་སྤྲུལ་ཏེ་མགོ་གཙོ་བོ་ལ་དབང་པོ་དང་གཞན་སོ་གཉིས་ལ་ཉེ་དབང་སོ་གཉིས་གཞོན་ནས་འགྲོ་བ་སོགས་ཀྱི་འཕྲུལ་དུ་མ་དང་ལྡན་པའི་ཕྱིར། གསུམ་པ་སོགས་ནི། དེ་དག་གི་ནི་ཕྱོགས་བཞི་ན། །ཉི་ཤུས་བཅད་ན་ས་གཞི་བཟང་། །བྱང་ཤར་འཚམས་ན་ཡོངས་འདུས་སྟེ། །ལྷོ་ནུབ་འཚམས་ན་ཆོས་བཟང་ངོ་། །ཞེས་བྱུང་། སྐྱེད་ཚལ་དེ་དག་ཆོས་ཅན། ཁྱོད་ཀྱི་ཕྱོགས་བཞི་ན་གནས་བཞི་ཡོད་དེ། །དཔག་ཚད་ཉི་ཤུས་བཅད་པ་ན་ས་གཞི་བཟང་པོ་ཚལ་རྣམས་ལ་འགྲན་ནུས་པ་བཞི་ཡོད་པའི་ཕྱིར། བཞི་པ་ནི། ལྟ་ན་སྡུག་ཆོས་ཅན། ཁྱོད་ཀྱི་བྱང་ཤར་ན་ཤིང་ཁྱད་པར་ཅན་ཡོད་དེ། རྩ་བ་དཔག་ཚད་ལྔ་བརྒྱ་ཐུར་དུ་ཟུག་ཅིང་དེ་ཙམ་གྱེན་དུ་འཕགས་པའི་ཡོངས་འདུ་ས་བརྡོལ་ཞེས་བྱ་བ་ཡལ་འདབ་མེ་ཏོག་འབྲས་བུ་དྲི་ཕུན་སུམ་ཚོགས་པ་དང་ལྡན་པ་ཡོད་པའི་ཕྱིར། ལྔ་པ་ནི། དེ་ཆོས་ཅན། ཁྱོད་ཀྱི་ཕྱི་རོལ་ལྷོ་ནུབ་འཚམས་ན་ཆོས་བཟང་ལྷའི་འདུན་ས་ཡོད་དེ། དེའི་མཆུ་ཞེང་ལ་དཔག་ཚད་སུམ་བརྒྱ་དང་གྱེན་དུ་ཁྱོད་ལས་འཕགས་ཤིང་། ནང་དུ་བརྒྱ་བྱིན་གྱིས་གསེར་ཁྲི་དང་། ཉ་དབང་རྣམས་ཀྱི་ཁྲི་དང་བཅས་པ་ཡོད་པའི་ཕྱིར། དབང་པོ་དང་ཉེ་དབང་རྣམས་ཀྱི་མཛད་པ་ཡོད་དེ། ཚེས་བརྒྱད་དང་བཅོ་ལྔའི་དུས་སུ་རྒྱལ་ཆེན་བཞི་དང་བཅས་ནས་འཛམ་བུའི་གླིང་གི་སེམས་ཅན་གྱིས་ཆོས་དང་ཆོས་མིན་གང་བྱེད་ལྟ་ཉུལ་མཛད་པ་ཡིན་པའི་ཕྱིར་རོ། །གཉིས་པས་དང་མ་འབྲེལ་བའི་གནས་ནི། དེ་སྟེང་ལྷ་རྣམས་གཞལ་མེད་ཁང་། ཞེས་བྱུང་། ཤེས་བྱ་ཆོས་ཅན། ས་དང་མ་འབྲེལ་བའི་གནས་ཡོད་དེ། སུམ་ཅུ་རྩ་གསུམ་གྱི་སྟེང་ན་འཐབ་བྲལ་སོགས་འདོད་ལྷ་དྲུག་དང་། ཚངས་ཆེན་སོགས་གཟུགས་ཁམས་ཀྱི་གནས་བཅུ་བདུན་རྣམས་ཡོད་པའི་ཕྱིར། གནས་དེ་དག་གང་ལ་བརྟེན་པ་ཡོད་དེ། རླུང་དང་སྤྲིན་གྱི་ཕུང་པོ་ཅི་རིགས་ལ་བརྟེན་པའི་ཕྱིར་རོ། །གསུམ་པ་སེམས་ཅན་གྱི་ཁྱད་ཆོས་ལ། འདོད་པ་ལ་སྤྱོད་ཚུལ་དང་། ལྷའི་སྐྱེ་ཚུལ་དང་། བདེ་བའི་ཁྱད་པར་གསུམ། དང་པོ་ནི། འདོད་པ་སྤྱོད་པ་དྲུག་ཡིན་ནོ། །གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །དགོད་དང་བལྟས་པས་འཁྲིག་པ་ཡིན། །ཞེས་བྱུང་། གོང་མ་གཉིས་ཀྱི་འདོད་པ་མི་སྤྱོད་ཅིང་འདོད་པའི་ལྷ་དྲུག་ཆོས་ཅན། ཁྱོད་ཀྱིས་འདོད་པ་ལ་སྤྱོད་ཚུལ་ཡོད་དེ། ཁྱོད་ལས་རིམ་པ་བཞིན་སུམ་ཅུ་རྩ་གསུམ་དང་རྒྱལ་ཆེན་བཞིའི་ལྷ་གཉིས་ནི་མི་ལྟར་དབང་པོ་གཉིས་སྤྲད་ནས་འདོད་པ་སྤྱོད་ཅིང་། འཐབ་བྲལ་བས་འཁྱུད་པ་ཙམ་དང་། དགའ་ལྡན་པས་ལག་པ་བཅངས་པ་ཙམ་དང་། འཕྲུལ་དགའ་བས་དགོད་པ་ཙམ་དང་། གཞན་འཕྲུལ་དབང་བྱེད་པས་བལྟས་པ་ཙམ་གྱིས་འཁྲིག་པའི་བདེ་བ་ལ་སྤྱོད་པར་བྱེད་པའི་ཕྱིར། འོག་མ་གཉིས་མི་ལྟར་དབང་པོ་གཉིས་སྤྲད་ཀྱང་ཁྱད་པར་ཡོད་དེ། དེ་རྣམས་རྩ་རྒྱུད་རྒྱུ་མ་སོགས་མེད་པས་དབང་པོའི་སྒོ་ནས་རླུང་ཉི་ཚེ་འབྱུང་གི ཁུ་ཁྲག་འབྱུང་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། བྱིས་པ་ལོ་ལྔ་ལོན་པ་ནས། །ལོ་བཅུ་ལོན་པ་ལྟ་བུའི་བར། །དེ་དག་ཏུ་སྐྱེ་གཟུགས་ཅན་རྣམས། །ཀུན་རྫོགས་གོས་དང་བཅས་པ་ཉིད། །ཅེས་བྱུང་། འདོད་པའི་ལྷ་ལས་བུ་སྐྱེ་ཚུལ་ཡོད་དེ། ལྷ་ཕོ་མོ་གང་གི་པང་པར་བུའམ་བུ་མོ་གང་བརྫུས་ཏེ་བྱུང་བ་དེ་དེའི་བུ་དང་བུ་མོར་འཇོག་པའི་ཕྱིར་ཏེ། ཚད་ནི་རྒྱལ་ཆེན་བཞི་པ་ལ་ད་ལྟའི་བྱིས་པ་ལོ་ལྔ་ལྟ་བུ་ནས་གཞན་འཕྲུལ་དབང་བྱེད་པ་ལ་བྱེས་པ་ལོ་བཅུ་ལོན་པ་ལྟ་བུའི་བར་འདོད་ལྷ་དེ་དག་ཏུ་སྐྱེ་བའི་ཕྱིར། གཟུགས་ཁམས་སམ་གཟུགས་ཅན་གི་ལྷ་རྣམས་ཆོས་ཅན། ཆུང་རིམ་གྱིས་སྐྱེ་བ་མ་ཡིན་ཏེ། སྐྱེས་མ་ཐག་ནས་ལུས་རྫོགས་ཤིང་གོས་དང་བཅས་པ་ཉིད་དུ་སྐྱེ་བའི་ཕྱིར། འདོད་ལྷའི་ནང་ནས་ཀྱང་བརྒྱ་བྱིན་ཡང་རྫོགས་པར་སྐྱེ་བས་སྐྱེ་བ་བརྗེས་པ་ལྷ་གཞན་གྱིས་མི་ཤེས་པར་གསུངས་ཏེ། དམིགས་བསལ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། འདོད་པ་སྐྱེ་བ་གསུམ་པོ་ནི། །འདོད་པའི་ལྷ་དང་མིར་བཅས་རྣམས། །བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གསུམ་ལས་ས་དགུ་ཡིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། འདོད་པ་སྐྱེ་བ་གསུམ་ཡོད་དེ། འདོད་པའི་ལྷ་དང་མིར་བཅས་པ་རྣམས་ལ་འཇོག་པའི་ཕྱིར་ཏེ། མི་དང་འདོད་ལྷ་འོག་མ་བཞི་ནི་ཡུལ་ཇི་ལྟར་བྱུང་བ་ལ་འདོད་པ་སྤྱོད་པ་དང་པོ་ཡིན་ལ། འདོད་ལྷ་ལྔ་བ་འཕྲུལ་དགའ་བ་ནི་རང་གིས་འདོད་པ་སྤྲུལ་པ་ལ་སྤྱོད་པའི་འདོད་པ་སྐྱེ་བ་གཉིས་པ་དང་། གཞན་འཕྲུལ་བ་ནི་རང་གི་འདོད་པ་བཞིན་བདག་གིས་སྤྲུལ་པ་དང་གཞན་གྱིས་སྤྲུལ་པ་ལ་འདོད་པ་སྤྱོད་པ་གསུམ་པ་ཡིན་པའི་ཕྱིར། གཞན་ཡང་བདེ་བ་སྐྱེ་བ་གསུམ་གསུངས་ཏེ། བསམ་གཏན་དང་པོ་གསུམ་ལས་ས་གསུམ་གསུམ་སྟེ་དགུར་ཕྱེ་བས་རིམ་པ་བཞིན་དུ་བསམ་གཏན་དང་པོ་གསུམ་ནི་དབེན་པ་ལས་སྐྱེས་པའི་བདེ་བ་དང་། གཉིས་པ་གསུམ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་བདེ་བ་དང་། གསུམ་པ་གསུམ་ནི་དགའ་བ་མེད་པའི་བདེ་བ་ལ་སྤྱོད་པར་འཇོག་པའི་ཕྱིར་རོ། །བཞི་པ་བར་ཐག་གི་ཚད་ནི། གནས་ནས་གནས་འོག་ཇི་སྲིད་པ། །དེ་ནས་དེ་ཡི་གོང་དེ་སྲིད། །ཅེས་བྱུང་། ཤེས་བྱ་ཆོས་ཅན། གནས་དེ་དག་གི་བར་ཐག་གི་ཚད་ཡོད་དེ། རྒྱལ་ཆེན་བཞིའི་གནས་ནས་གནས་འོག་མ་འཛམ་བུའི་གླིང་གི་བར་ལ་དཔག་ཚད་བཞི་ཁྲི་ཇི་སྲིད་ཡོད་པ་དེ་བཞིན། རྒྱལ་ཆེན་བཞི་ནས་སུམ་ཅུ་རྩ་གསུམ་བར་དཔག་ཚད་བཞི་ཁྲི་དང་། སུམ་ཅུ་རྩ་གསུམ་ནས་འཐབ་བྲལ་བར་ལ་བརྒྱད་ཁྲི། དེ་ནས་དགའ་ལྡན་པར་ལ་ཁྲི་ཚོ་བཅུ་དྲུག །དེ་ནས་འཕྲུལ་དགའ་བར་ལ་སོ་གཉིས། དེ་ནས་གཞན་འཕྲུལ་དབང་བྱེད་པར་ལ་རེ་བཞི། དེ་ནས་ཚངས་རིས་བར་ཁྲི་ཁྲག་བརྒྱ་དང་ཉེར་བརྒྱད་ཡོད་པ་སོགས་རིགས་འགྲེ་སྦྱོར་རིགས་པའི་ཕྱིར། མདོར་ན་འདི་ལྟར་ཡིན་ཏེ། གནས་དེ་དང་དེ་ནས་འཛམ་གླིང་བར་ལ་ཚད་ཅི་ཙམ་ཡོད་པ་དེ་བཞིན་དུ། དེ་ནས་དེ་ཡི་གོང་མའི་གནས་ཀྱི་བར་ཚད་དེ་སྲིད་ཙམ་ཞིག་ཡོད་པའི་ཕྱིར། ཡང་རྫུ་འཕྲུལ་གཞན་བརྟེན་མ་གཏོགས་པ། དེ་དག་གོང་མ་མཐོང་བ་མེད། ཅེས་གསུངས་ཏེ། གནས་འོག་མར་སྐྱེས་པའི་གང་ཟག་རང་སྟོབས་ཀྱིས་གནས་གོང་མ་རྣམས་སུ་བགྲོད་པ་དང་མཐོང་ནུས་པ་མེད་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། རྫུ་འཕྲུལ་ཐོབ་པ་དང་གཞན་གྱིས་དེ་དག་ཏུ་འཁྲིད་པ་ལྟ་བུ་གཞན་ལ་བརྟེན་པ་དང་གོང་སའི་ཏིང་ངེ་འཛིན་ཐོབ་པ་ལྟ་བུ་མ་གཏོགས་པའི་དབང་དུ་བྱས་པའི་ཕྱིར། དྲུག་པ་སྟོང་གསུམ་ངོས་བཟུང་བ་ནི། གླིང་བཞི་དང་ནི་ཉི་ཟླ་དང་། རི་རབ་དང་ནི་འདོད་ལྷ་དང་། ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་བྱུང་། སྟོང་གསུམ་ལས་དང་པོ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་ཆོས་ཅན། འཇོག་ཚུལ་ཡོད་དེ། གླིང་བཞི་རེ་རེ་ལ་སྟོང་དང་། དེ་བཞིན་དུ། ཉི་མ་དང་ཟླ་བ་དང་རི་རབ་དང་འདོད་ལྷ་དྲུག་དང་ཚངས་པའི་འཇིག་རྟེན་སྟོང་ལོངས་པ་ལ་ནི་སྟོང་སྤྱི་ཕུད་དམ་སྟོང་དང་པོ་ཡིན་པར་འདོད་པའི་ཕྱིར། སྟོང་གཉིས་པ་དང་གསུམ་པ་ཆོས་ཅན། འཇོག་ཚུལ་ཡོད་དེ། སྟོང་དང་པོ་དེ་སྟོང་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཡིན་ཞིང་། སྟོང་གཉིས་པ་དེ་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོར་འཇོག་པའི་ཕྱིར། སྟོང་གསུམ་པོ་དེ་ཆོས་ཅན། འཆགས་འཇིག་ཀྱང་དུས་མཉམ་པ་ཡིན་ཏེ། མེ་ཆུ་སོགས་ཀྱི་རྐྱེན་གྱི་དུས་མཉམ་དུ་འཇིག་ཅིང་སླར་འཆགས་པ་འབྱུང་བ་ཡིན་པའི་ཕྱིར། སྟོང་གསུམ་པོ་དེ་རེ་རེ་ལའང་ལྕགས་རི་ནག་པོ་རེ་རེས་བསྐོར་བ་ཀུན་བཏུས་ལས་བཤད་ཅིང་དེ་ཡང་སྔ་མ་ལྕགས་ཀྱི་འཁོར་ལོ་སྒྱུར་བ་དང་བཞི་ཡོད་པའི་ཕྱིར། དེ་དག་ལས་མས་རིམ་བཞིན་དུ་གསེར་གྱི་འཁོར་སྒྱུར་གྱི་གླིང་བཞི་དང་། དངུལ་གྱིས་གླིང་གསུམ་དང་། ཟངས་ཀྱིས་གླིང་གཉིས་དང་། ལྕགས་ཀྱི་འཁོར་སྒྱུར་གྱིས་གླིང་གཅིག་ལ་དབང་བྱེད་པ་ཡིན་ཏེ། མཆོག་དང་ཉེ་བའི་མཆོག་དང་འབྲིང་དང་ཐ་མ་ཡིན་པའི་ཕྱིར། འདི་དག་གང་ལས་བཤད་ཚུལ་ཡོད་དེ། གདགས་པ་ལས་བསྟན་ཅིང་། མདོ་གཞན་དག་ལས་ཀྱང་བཤད་པའི་ཕྱིར། འཁོར་སྒྱུར་ཆོས་ཅན། ཁྱོད་གླིང་གཅིག་ལ་ལྷན་ཅིག་གམ་དུས་གཅིག་ཏུ་མི་འབྱུང་སྟེ། འགྲན་ཟླ་མེད་པའི་ལས་བསགས་པའི་གང་ཟག་ཡིན་པའི་ཕྱིར། དཔེར་ན། རྫོགས་པའི་སངས་རྒྱས་གཉིས་བསྟན་པ་གཅིག་ལ་དུས་གཅིག་ཏུ་མི་འབྱུང་བ་བཞིན་ནོ། །འོན་ཀྱང་། ཞིང་གཞན་གྱི་སངས་རྒྱས་ནི་ཞིང་འདིར་སྟོན་པའི་དྲུང་དུ་འབྱོན་པ་ལ་ངེས་པ་མེད་དོ། །གསུམ་པ་ནི། ཕས་བསུ་རང་འགྲོ་གཡུལ་བཤམས་དང་། མཚོན་བརྩམས་པས་རྒྱལ་གནོད་པ་མེད། ཅེས་བྱུང་། འཁོར་སྒྱུར་ཆོས་ཅན། ཁྱོད་བཞིས་ས་ལ་དབང་བསྒྱུར་ཚུལ་ཡོད་དེ། གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རང་ལ་རྒྱལ་ཕྲན་རྣམས་ཀྱིས་ཕས་ནས་བསུས་ཏེ་རྒྱལ་བོ་བྱེད། དངུལ་ལ་ནི་རང་ཉིད་དེར་འགྲོ་བ་སྟེ་སོང་ནས་འདུད་ཅིང་རྒྱལ་པོ་བྱེད། ཟངས་ལ་ནི་གཡུལ་བཤམས་པ་ཙམ་གྱིས་འདུད། ལྕགས་ལ་ནི་མཚོན་འདེབས་བརྩོམས་པར་ཙམ་གྱིས་འདུད་ཅིང་དབང་དུ་འགྱུར་བས་གཞན་ལ་གནོད་པ་ཅི་ཡང་མེད་པའི་ཕྱིར། བཞི་པ་ནི། ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་དང་རྫོགས་པས་འཕགས་པ་ཡིན། །ཞེས་བྱུང་། འཁོར་སྒྱུར་ཆོས་ཅན། ཁྱོད་དང་ཐུབ་པ་ལ་མཚན་བཟང་ཡོད་པར་མཚུངས་ཀྱང་ཁྱད་པར་ཡོད་དེ། ཐུབ་པ་སངས་རྒྱས་ཀྱི་མཚན་ནི་གནས་འགྲུས་པར་ཡུལ་ན་མ་འདྲེས་པར་གནས་པ་དང་། འོད་གསལ་ཞིང་ཆ་རྫོགས་པ་སོགས་ཀྱིས་ཁྱད་པར་དུ་འཕགས་ལ། ཁྱོད་ཀྱི་མཚན་ནི་དེ་ལྟར་མ་ཡིན་པའི་ཕྱིར། གཉིས་པ་སྤྱི་དོན་ལ། རྒྱུ་དང་དུས་དང་འབྱུང་ཚུལ་དང་ཡོན་ཏན་གྱི་ཁྱད་པར་དང་དགོས་པ་གང་གི་ཆེད་དུ་འབྱུང་བ་དང་ལྔ། དང་པོ་རྒྱུ་ཡོད་དེ། བསོད་ནམས་ཀྱི་མཐུ་ཆེན་པོ་བྱས་པ་ལས་བྱུང་བའི་ཕྱིར། གཉིས་པ་དུས་ཡོད་དེ། རྫོགས་ལྡན་མ་གཏོགས་མི་འབྱུང་བ་བཤད་ཟིན་པ་ལྟར་ཡིན་པའི་ཕྱིར། གསུམ་པ་འབྱུང་ཚུལ་ཡོད་དེ། རྒྱལ་བོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ཚེས་བཅོ་ལྔའི་དུས་གསོ་སྦྱོང་ལ་གནས་པ་ན། གསེར་འཁོར་ཅན་དུ་འགྱུར་བ་ལ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཡོད་པ་དཔག་ཚད་ལྔ་བརྒྱ་པ་བརྒྱ་བྱིན་གྱིས་སྟེར་བར་འགྱུར་བའི་ཕྱིར། བཞི་པ་ཡོན་ཏན་ནམ་ཕུན་ཚོགས་ཀྱི་ཁྱད་པར་ཡོད་དེ། རྒྱལ་སྲིད་རིན་ཆེན་བདུན་དང་། ཉེ་བའི་རིན་ཆེན་བདུན་དང་། ཡོ་བྱད་ཀྱི་རིན་ཆེན་བདུན་སོགས་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། འཁོར་ལོ་ནོར་བུ་སོགས་བདུན་འབྱུང་བའི་ཕྱིར། འདི་དག་གི་ཁྱད་པར་རྒྱས་པ་ནི་ཆོས་ཡང་དག་པར་སྡུད་པ་དང་དྲན་པ་ཉེར་གཞག་དང་མངོན་བྱུང་སོགས་ལས་འབྱུང་བ་ལྟར་ཤེས་པར་བྱ་སྟེ་འདིར་མི་འཆད་དོ། །གཉིས་པ་གྲུབ་སྟེ། རལ་གྲི་དང་ལྤགས་པ་དང་ཁང་པ་དང་གོས་དང་ནགས་ཚལ་དང་མལ་ཆ་དང་ལྷམ་སྟེ་བདུན་འབྱུང་བའི་ཕྱིར། དེའི་བྱེད་ལས་ཀྱང་གཞན་དུ་ཤེས། གསུམ་པ་གྲུབ་སྟེ། མུ་ས་ལ་གར་པ་དང་། བཻཌཱུཪྱ་དང་གསེར་དང་དངུལ་དང་མུ་ཏིག་དང་ཤེལ་དང་རྡོའི་སྙིང་པོ་སྟེ་བདུན་འབྱུང་བའི་ཕྱིར། ལྔ་པ་འབྱུང་བའི་དགོས་པ་ཡོད་ཏེ། སེམས་ཅན་མང་པོ་དགེ་བཅུ་ལ་འགོད་པའི་ཆེད་དུ་འབྱུང་བའི་ཕྱིར། འཁོར་སྒྱུར་དུ་འགྱུར་བ་ནི་བྱང་སེམས་ཁོ་ནར་མ་ངེས་ཏེ། སངས་རྒྱས་ཀྱི་རིགས་ཅན་ལམ་མ་ཞུགས་ནའང་དེར་འགྱུར་བ་ཡོད་པའི་ཕྱིར། མདོ་ལས་དགེ་རྩ་འདི་བྱས་ན་འཁོར་སྒྱུར་དུ་འགྱུར་གསུངས་པ་ནི་འཁོར་སྒྱུར་དངོས་གནས་པར་དགོངས་པའི་ངེས་པ་མེད་དེ། ཕལ་ཆེར་སྟོབས་ཀྱིས་འཁོར་སྒྱུར་དུ་འགྱུར་བ་ལ་དགོངས་ཤིང་། ལ་ལ་ནི་དེར་སྐྱེ་བའི་རྒྱུ་འཛིན་པ་ཙམ་ལ་དགོངས་པའི་ཕྱིར། དགུ་པ་སྣོད་ལས་ཕྱི་མ་རིམ་གྱིས་མཐོ་བར་གཞན་ལས་བཤད་ལྟར་ཡིན་ཏེ། དེ་གསུམ་སྔ་མ་ལས་ཕྱི་མ་རྒྱ་ཆེ་བའི་ཕྱིར། སྟོང་གསུམ་ལ་ནི་གཅིག་ཁོ་ནར་མ་ངེས་ཏེ། སྟེང་འོག་དང་ཐད་ཀའི་ཕྱོགས་ཕྱོགས་ན་སྟོང་གསུམ་གྱི་གྲངས་མཐའ་མེད་པ་ཡོད་པའི་ཕྱིར་ཏེ། ནམ་མཁའ་ལ་ནི་མཐའ་མེད་པའི་ཕྱིར། འདི་དག་ནི་ཐེག་ཆེན་ཐུན་མོང་བ་ལྟར་ན་མཆོག་སྤྲུལ་གཅིག་གི་ཞིང་ཡིན་ལ། ཞིང་ཐམས་ཅད་འཇོག་ཚུལ་འདི་ཁོ་ན་ལྟར་མ་ངེས་ཏེ། སངས་རྒྱས་ཀྱི་ཞིང་དབྱིབས་ཚད་དང་འབྱུང་འཇིག་སོགས་སྣ་ཚོགས་པ་ཡོད་པའི་ཕྱིར་རོ། །བདུན་པ་འགྲོ་བ་རྣམས་ཀྱི་ལུས་དང་ཚེ་ཚད་བཤད་པ་ལ། ལུས་ཚད་དང་ཚེ་ཚད་གཉིས། དང་པོ་ལ། མིའི་ལུས་ཚད་དང་། ལྷའི་ལུས་ཚད་གཉིས། དང་པོ་ནི། འཛམ་བུའི་གླིང་པ་རྣམས་ཀྱི་ཚད། ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད། །ཅེས་བྱུང་། ཤེས་བྱ་ཆོས་ཅན། གླིང་བཞིའི་མི་རྣམས་ཀྱི་ལུས་ཚད་ཡོད་དེ། འཛམ་བུའི་གླིང་པའི་མིའི་ལུས་ནི་ཁ་ཅིག་ཁྲུ་བཞི་པ་དང་། ཕལ་ཆེར་ནི་ཁྲུ་ཕྱེད་དང་བཞི་ཡིན་ལ། ཤར་གྲུ་བརྒྱད། བ་ལང་སྤྱོད་པ་བཅུ་དྲུག །བྱང་སྒྲ་མི་སྙན་པ་སོ་གཉིས་ཞེས་ལུས་སྔ་མ་ལས་ཕྱི་མ་ཉིས་འགྱུར་དུ་བསྐྱེད་པའི་ཕྱིར། གཉིས་པ་ལ། འདོད་ལྷ་དང་། གཟུགས་ཁམས་པའི་ལུས་ཚད་གཉིས། དང་པོ་ནི། འདོད་དང་ལྡན་པའི་ལྷ་ཡི་ལུས། །བཞི་ཆ་ནས་ནི་རྒྱང་གྲགས་དག །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །ཅེས་བྱུང་། འདོད་དང་ལྡན་པའི་ལྷའི་ལུས་ཚད་ཡོད་དེ། རྒྱལ་ཆེན་རིགས་བཞི་པ་རྒྱང་གྲགས་ཀྱི་བཞི་ཆ། སུམ་ཅུ་རྩ་གསུམ་པ་བཞི་ཆ་གཉིས། འཐབ་བྲལ་བ་བཞི་ཆ་གསུམ། དགའ་ལྡན་པ་རྒྱང་གྲགས་གཅིག །འཕྲུལ་དགའ་བ་རྒྱང་གྲགས་གཅིག་དང་བཞི་ཆ་གཅིག །གཞན་འཕྲུལ་བ་རྒྱང་གྲགས་ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད་པའི་ཕྱིར། གཉིས་པ་ནི། གཟུགས་ཅན་དང་པོ་དཔག་ཚད་ཕྱེད། དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་དོར་རོ། །ཞེས་བྱུང་། དེ་ཆོས་ཅན། གཟུགས་ཁམས་པའི་ལུས་ཚད་ཡོད་དེ། གཟུགས་ཅན་དང་པོ་ཚངས་རིས་པའི་ལུས་དཔག་ཚད་ཕྱེད་དང་། དེ་ཡི་གོང་མ་བཞི་ལ་དཔག་ཚད་ཕྱེད་ཕྱེད་བསྐྱེད་པས་འདུན་ན་འདོན་དཔག་ཚད་གཅིག །ཚངས་ཆེན་ཕྱེད་གཉིས། འོད་ཆུང་གཉིས་དང་། འོད་ཅུང་གི་ལྟག་ཡན་ཆད་ཀྱི་ལུས་ནི་སྔ་མ་ལས་ཕྱི་མ་ཉིས་འགྱུར་བྱས་པས་ཚད་མེད་འོད་དཔག་ཚད་བཞི། འོད་གསལ་བརྒྱད། དགེ་ཆུང་བ་བཅུ་དྲུག །དགེ་རྒྱས་སོ་གཉིས། སྤྲིན་མེད་ཉིས་འགྱུར་ལས་དཔག་ཚད་གསུམ་དོར་བས་བརྒྱ་ཉེར་ལྔ། འབྲས་བུ་ཆེ་བ་ལྔ་བརྒྱ། མི་ཆེ་བ་སྟོང་། མི་གདུང་བ་ཉིས་སྟོང་། གྱ་ནོམ་སྣང་བ་བཞི་སྟོང་། ཤིན་ཏུ་མཐོ་བ་བརྒྱད་སྟོང་། འོག་མིན་པའི་ལུས་དཔག་ཚད་ཁྲི་དྲུག་སྟོང་ཡོད་པའི་ཕྱིར། གཉིས་པ་ཆེ་ཚད་ལ། བདེ་འགྲོ་དང་ངན་འགྲོ་དང་མ་ངེས་པའི་འཆི་བ་ཡོད་མེད་གསུམ། དང་པོ་ལ་མི་དང་ལྷའི་ཚེ་ཚད་གཉིས། དང་པོ་ནི། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་བྱུང་། མི་དག་ཆོས་ཅན། ཁྱོད་ཀྱི་ཚེ་ཚད་ཡོད་དེ། སྒྲ་མི་སྙན་ན་ཚེ་སྟོང་དང་། ནུབ་དང་ཤར་གཉིས་ན་དེའི་ཕྱེད་ཕྱེད་སྤངས་པ་སྟེ་ནུབ་ལྔ་བརྒྱ་དང་ཤར་ན་ཕྱེད་དང་སུམ་བརྒྱ་རེ་ཡིན་ལ། འཛམ་བུའི་གླིང་པའི་མིའི་ཚེ་མ་ངེས་པའི་ཕྱིར་ཏེ། ཐ་མར་ཚེ་ལོ་བཅུ་པ་དང་བསྐལ་པ་དང་པོའི་ཚེ་ལོ་ནི་དཔག་ཏུ་མེད་པ་ཐུབ་པའི་ཕྱིར། གཉིས་པ་ལ། འདོད་ལྷ་དང་གཟུགས་དང་གཟུགས་མེད་ཁམས་པའི་ཚེ་ཚད་གསུམ། དང་པོ་ནི། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ལ་གཉིས་འགྱུར་རོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། འདོད་ལྷ་དྲུག་གི་ཚེ་ཚད་ཡོད་དེ། མི་རྣམས་ཀྱི་ལོ་ལྔ་བཅུ་ལ་འདོད་པ་དག་གི་ལྷ་རྣམས་ལས་འོག་མ་རྒྱལ་ཆེན་རིགས་བཞི་པ་དག་གི་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་དང་། དེ་བཅུ་གཉིས་ལོར་བྱས་པ་དེས་ན་རང་གི་ཚེ་ལོ་ལྔ་བརྒྱ་ཡིན་ཞིང་། གོང་མ་སུམ་ཅུ་རྩ་གསུམ་པ་ཡན་ཆད་ཞག་དང་ལོ་གཉིས་གཉིས་འགྱུར་དུ་བྱས་ནས་ཟླ་བ་ལོ་སྔར་ལྟར་བརྩིས་ན། མི་ལོ་བརྒྱ་ལ་སུམ་ཅུ་རྩ་གསུམ་པའི་ཉིན་ཞག་གཅིག་སོགས་བྱས་པས་རང་ལོ་སྟོང་། དེ་བཞིན་དུ་ཉིས་བརྒྱ། བཞི་བརྒྱ། བརྒྱད་བརྒྱ། སྟོང་དང་དྲུག་བརྒྱ་ལ་རིམ་པ་བཞིན་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་པའི་ཞག་རེ་དང་། དེ་སུམ་ཅུ་ལ་ཟླ་བར་བྱས་པས་རིམ་བཞིན་རང་ལོ་ཉིས་སྟོང་། བཞི་སྟོང་། བརྒྱད་སྟོང་། ཁྲི་དྲུག་སྟོང་ཐུབ་པ་ཡིན་པའི་ཕྱིར། གཉའ་ཤིང་འཛིན་ཡན་ཆད་ན་ཉི་མའི་བྱ་བ་ལ་མ་ལྟོས་ཀྱང་ཉིན་ཞག་གི་ཁྱད་པར་འཐད་དེ། ཀུནྡ་ཁ་ཕྱེ་ནས་པདྨ་ཁ་ཟུམ་པ་དང་བྱ་སྐད་མི་འབྱིན་པ་སོགས་ཀྱི་ཚེ་མཚན་དུས་སུ་འཇོག་པའི་ཕྱིར། གཉིས་པ་ནི། གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡིས། །ཞེས་བྱུང་། གཟུགས་ཅན་གྱི་ཁམས་ཆོས་ཅན། ཁྱོད་དུ་ཉིན་མཚན་གྱི་ཐ་སྙད་མེད་ཀྱང་ལྷའི་ཚེ་ཚད་ཡོད་དེ། རང་ལུས་གཞལ་བའི་དཔག་ཚད་གྲངས་ཀྱིས་བར་བསྐལ་མིན་པའི་བསྐལ་པར་བགྲངས་པས་བརྩི་བའི་ཕྱིར། དེར་ཐལ། ཚངས་རིས་པའི་ལུས་དཔག་ཚད་ཕྱེད་ཡིན་པ་དེ་བཞིན་དུ། ཚེ་བར་བསྐལ་བཞི་བཅུ་ལ་བསྐལ་པ་གཅིག་ཏུ་བྱས་པའི་བསྐལ་པ་དང་། དེ་བཞིན་དུ་འདུན་ན་འདོན་བསྐལ་ཆེན་གཅིག །ཚངས་ཆེན་པ་དེ་བཞི་བཅུ་ལ་བསྐལ་པ་གཅིག་བྱས་པའི་ཕྱེད་གཉིས། འོད་ཆུང་ཡན་བསྐལ་ཆེན་ཡིན་པས་འོད་ཆུང་བསྐལ་ཆེན་གཉིས་ནས་འོག་མིན་པ་བསྐལ་ཆེན་ཁྲི་དྲུག་སྟོང་ཡོད་པས་ལུས་ཚད་ལྟར་ཡིན་པའི་ཕྱིར། གསུམ་པ་ནི། གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པས་ལྷག་པ་ཡིན། །འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། །ཞེས་བྱུང་། གཟུགས་མེད་ཀྱི་ལྷ་ཆོས་ཅན། ཁྱོད་རྣམས་ཀྱི་ཚེ་ཚད་ཡོད་དེ། ཁྱོད་ལས་གཟུགས་མེད་དང་པོ་བསྐལ་པ་སྟོང་ཕྲག་ཉི་ཤུ་ཡིན་ལ། དེའི་གོང་མ་གསུམ་རིམ་པར་བསྐལ་ཆེན་ཉི་ཤུ་ཉི་ཤུ་རེས་ལྷག་པས་ལྷག་པ་ཡིན་པའི་ཕྱིར། དེར་ཐལ། རྣམ་ཤེས་མཐའ་ཡས་བཞི་ཁྲི། ཅི་ཡང་མེད་དྲུག་ཁྲི། སྲིད་རྩ་བརྒྱད་ཁྲི་ཡིན་པའི་ཕྱིར། བསྐལ་པ་དེ་དག་ཆོས་ཅན། བར་བསྐལ་ཙམ་མིན་ཏེ། འོད་ཆུང་ནས་བཟུང་སྲིད་རྩེའི་བར་བསྐལ་ཆེན་གྱིས་བརྩི་ལ། གཟུགས་ཁམས་དེ་ཡི་འོག་མ་ཚངས་རིས་ནས་བསྐལ་ཆེན་དེའི་ཕྱེད་ལ་བསྐལ་པར་བྱས་པའི་ཚུལ་དེས་རྩི་བའི་ཕྱིར། དེས་ན་ཚངས་འདུན་པའི་ཚེ་ཆད་ནི་བསྐལ་ཆེན་གྱི་ཕྱེད་ཙམ་ལ་འཇོག་པ་ནི་མིན་ཏེ། དེ་ཕྱེད་དང་གཉིས་ལ་འཇོག་པར་བཤད་པའི་ཕྱིར་རོ། །གཉིས་པ་ངན་འགྲོའི་ཚེ་ཚད་ལ། ཚ་དམྱལ། དུད་འགྲོ། ཡི་དྭགས། གྲང་དམྱལ་གྱི་ཚེ་ཚད་དང་བཞི། དང་པོ་ནི། ཡང་སོས་ལ་སོགས་དྲུག་རིམ་བཞིན། འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ་ཞེས་བྱུང་། ཚ་དམྱལ་བ་ཆོས་ཅན། ཁྱོད་ཀྱི་ཚེ་ཚད་ཡོད་དེ། ཡང་སོས་དང་། སོགས་པས་ཐིག་ནག་དང་བསྡུས་འཇོམས་དང་ངུ་འབོད་དང་ངུ་འབོད་ཆེན་པོ་དང་ཚ་བ་དྲུག་པོ་དེ་དག་རྣམས་ཀྱི་ཚེ་ཚད་དང་ལོའི་བརྩི་ཚུལ་ནི་རིམ་པ་བཞིན་འདོད་ལྷ་དྲུག་གི་ཚེ་དང་ཉིན་ཞག་མཉམ་པ་སོགས་ཀྱིས་བརྩི་བའི་ཕྱིར། དེར་ཐལ། རྒྱལ་ཆེན་བཞི་པ་རང་ལོ་ལྔ་བརྒྱ་ནས་གཞན་འཕྲུལ་བ་ཁྲི་དྲུག་སྟོང་ལ་འཇོག་ཅིང་། དེ་དྲུག་ཡང་སོས་ལ་སོགས་པ་དྲུག་གི་ཞག་རེ་ཡིན་ལ། ཚུལ་དེས་ཟླ་བ་དང་ལོ་ཡང་བརྩིས་པ་ན། ཡང་སོས་པ་རང་ལོ་ལྔ་བརྒྱ། ཐིག་ནག་པ་སྟོང་། བསྡུས་འཇོམས་པ་ཉིས་སྟོང་། ངུ་འབོད་པ་བཞི་སྟོང་། ངུ་འབོད་ཆེན་པོ་པ་བརྒྱད་སྟོང་། ཚ་བ་རང་ལོ་ཁྲི་དྲུག་སྟོང་ལ་འཇོག་པའི་ཕྱིར། དེས་ན་དམྱལ་བ་དེ་དག་གི་ཚེ་ཚད་བརྩི་ཚུལ་ནི་འདོད་པའི་ལྷ་དང་འདྲ་བ་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར། རབ་ཏུ་ཚ་བ་དང་མནར་མེད་ཀྱི་ཚེ་ཚད་ཡོད་དེ། རབ་ཏུ་ཚ་བའི་ཚེ་བར་བསྐལ་ཕྱེད་དང་། མནར་མེད་ནི་བར་གྱི་བསྐལ་པ་གཅིག་ཏུ་འཇོག་པའི་ཕྱིར། གཉིས་པ་ནི། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ་ཞེས་བྱུང་། དུད་འགྲོ་ཆོས་ཅན། ཁྱོད་རྣམས་ཀྱི་ཚེ་ཚད་ཡོད་དེ། ཐུང་བ་རྣམས་ནི་མཐའ་གཅིག་ཏུ་མ་ངེས་ཤིང་། ཀླུ་ལྟ་བུ་ཚེ་མཆོག་ཏུ་རིང་བ་ནི་བར་གི་བསྐལ་པ་གཅིག་ཐུབ་པ་ཡོད་པའི་ཕྱིར། གསུམ་པ་ནི། ཡི་དྭགས་རྣམས། ཟླ་བ་ཉིན་ཞག་གི་ལྔ་བརྒྱ། ཞེས་བྱུང་། ཡི་དྭགས་ཆོས་ཅན། ཁྱོད་ཀྱི་ཚེ་ཚད་ཡོད་དེ། མིའི་ཟླ་བ་གཅིག་ལ་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པའི་ཕྱིར། ལྷ་མིན་ཆོས་ཅན། ཚེ་ཚད་ཡོད་དེ། སུམ་ཅུ་རྩ་གསུམ་པ་ལྟར་ཐུབ་པའི་ཕྱིར། བཞི་པ་ནི། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་བྱུང་། གྲང་དམྱལ་བ་ཆོས་ཅན། ཁྱོད་ཀྱི་ཚེ་ཚད་ཡོད་དེ། ཏིལ་སྦྱངས་ཏེ་ཏིལ་གྱི་བང་བ་མག་དྷའི་བྲེ་བོ་ཆེ་ཁལ་བརྒྱད་ཅུ་ཤོང་བའི་ཏིལ་གྱི་ནང་ནས་ལོ་བརྒྱ་བརྒྱ་ཞིང་ཏིལ་གཅིག་རེ་ཕྱུང་བས་ཟད་པར་གྱུར་པའི་ཡུན་ཚད་དང་། ཆུ་བུར་ཅན་གྱི་ཚེ་ཡུན་མཉམ་ལ། དེའི་ལྷག་མ་ཆུ་བུར་རྡོལ་བ་སོགས་བདུན་ནི་སྔ་མ་ལས་ཕྱི་མ་ཉི་ཤུ་ཉི་ཤུས་འཕར་ཞིང་རིང་བར་འགྱུར་བའི་ཕྱིར། གྲང་དམྱལ་དུ་མ་ཟད། ཚ་དམྱལ་ཡང་སྔ་མ་ལས་ཕྱི་མ་བརྒྱད་འགྱུར་གྱིས་རིང་སྟེ། རི་མོས་འགྲུབ་པའི་ཕྱིར། གསུམ་པ་ནི། སྒྲ་མི་སྙན་མ་གཏོགས་པར་འཆི། ཞེས་བྱུང་། སྒྲ་མི་སྙན་པ་ཆོས་ཅན། ཁྱོད་མ་གཏོགས་པ་ཞེས་བརྗོད་པ་ལ་དགོས་པ་ཡོད་དེ། ཁྱོད་ཚེ་མ་རྫོགས་པར་མི་འཆི་ལ། འགྲོ་བ་གཞན་གྱི་ཚེ་ཚད་བཤད་པ་ལྟར་མ་ངེས་པའི་ཕྱིར། མི་ལ་ཚེ་ངེས་པ་ཡོད་དེ། སྲིད་པ་ཐ་མ་པའི་མི་རྣམས་དང་། འཁོར་བ སྒྱུར་སོགས་གྱི་ཚེ་ངེས་པའི་ཕྱིར་རོ། །བརྒྱད་པ་ཚད་དེ་གཞལ་ཐབས་ལ། དེ་རྩོམ་བྱེད་ཀྱི་གཞི་དང་། བརྩམས་པའི་འཇལ་བྱེད་གཉིས། དང་པོ་ནི། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། སྐད་ཅིག་ཅེས་བྱུང་། ཤེས་བྱ་ཆོས་ཅན། རྩོམ་བྱེད་ཀྱི་གཟུགས་དང་མིང་དུ་དུས་ཀྱི་ཐུང་མཐའ་ཡོད་དེ། རྡུལ་ཕྲ་རབ་དེ་གཟུགས་ཀྱི་ཐུང་མཐའ་དང་། ཡི་གེ་ཀ་དང་ཁ་ལྟ་བུ་མིང་གི་ཐུང་མཐའ་དང་། དུས་མཐའི་སྐད་ཅིག་མ་དེ་དུས་ཀྱི་ཐུར་མཐའ་ཡིན་པའི་ཕྱིར། སྐད་ཅིག་མའི་ཚད་ཡོད་དེ། རྡུལ་ཕྲ་རབ་གཅིག་བླ་འོག་བསྒྱུར་བ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ལ། ཡུལ་གྱི་ཚད་དང་། དུས་ཀྱི་ཚད་གཉིས། དང་པོ་ནི། ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། རྡུལ་ཕྲ་རབ་སོགས་ལས་རྒྱང་གྲགས་དང་དཔག་ཚད་འགྲུབ་ཚུལ་ཡོད་དེ། རྩོམ་བྱེད་དང་པོ་རྡུལ་ཕྲ་རབ་དང་། དེ་བདུན་བསགས་པས་རྡུལ་ཕྲན་གཅིག་དང་། དེ་བཞིན་དུ་ལྕགས་རྡུལ་དང་ཆུ་རྡུལ་དང་རི་བོང་གི་རྡུལ་དང་ལུག་རྡུལ་གླང་རྡུལ་དང་ཉི་ཟེར་གྱི་རྡུལ་དང་སྲོ་མ་དང་དེ་ལས་བྱུང་བ་ཤིག་དང་། དེ་བཞིན་དུ་ནས་དང་སོར་ཚིག་ཞེས་བྱ་བ་རྣམས་རིམ་པ་བཞིན་དུ་གོང་ནས་གོང་དུ་བདུན་འགྱུར་བསྒྱུར་བའི་སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་གཞུ་འདོམ་གང་། གཞུ་འདོམ་དེ་དག་ལྔ་བརྒྱ་རྣམས་ལ་ནི་རྒྱང་གྲགས་གཅིག་དང་། དེ་ཙམ་གྲོང་ལས་འཕགས་པ་ལ་དགོན་པར་འབོད་ཅིང་། རྒྱང་གྲགས་དེ་བརྒྱད་ལོངས་ལ་དཔག་ཚད་ཅེས་བྱ་བར་འཇོག་པའི་ཕྱིར། གཉིས་པ་ལ། ལོ་དང་བསྐལ་བ་བཤད་པ་གཉིས། དང་པོ་ནི། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཏུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་བྱུང་། ཐང་ཅིག་ཆོས་ཅན། ཁྱོད་ཀྱི་རྩོམ་གཞི་ཡོད་དེ། དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག །དེའི་སྐད་ཅིག་མ་དེ་དག་དྲུག་ཅུའི་ཡུན་ལ་ནི་ཁྱོད་ཉིད་དུ་འཇོག་པའི་ཕྱིར། ཡུད་ཙམ་དང་ཉིན་ཞག་དང་ཟླ་བ་གསུམ་ནི་ཆོས་ཅན། འཇོག་ཚུལ་ཡོད་དེ། སྔ་མ་སྔ་མ་གོང་ནས་གོང་དུ་སུམ་ཅུར་འགྱུར་བའི་ཚུལ་གྱིས་ཡུད་ཙམ་ཉིན་ཞག་ཟླ་བ་གསུམ་དུ་རིམ་པར་འཇོག་པའི་ཕྱིར། ལོ་ཆོས་ཅན། འཇོག་ཚུལ་ཡོད་དེ། ལོ་རེ་རེ་ལ་ཞག་མི་ཐུབ་དོར་བ་དེ་རྣམས་དང་བཅས་པ་ཡི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་འཇོག་པའི་ཕྱིར། དེར་ཐལ། ཞག་མི་ཐུབ་པ་དྲུག་ཡོད་ཀྱང་ཉིན་ཞག་གི་ལོ་བརྩི་བའི་ཚེ་དེ་དྲུག་བསྣན་ནས་ཚང་དགོས་ཏེ། མ་ཚང་ན་ཉིན་ཞག་སུམ་བརྒྱ་དྲུག་ཅུ་མི་ལོང་བས་ཉིན་ཞག་གི་ལོ་མི་རྫོགས་པའི་ཕྱིར། དེར་ཐལ། ཞག་གསུམ་སོ་སོའི་ལོར་འཇོག་པ་ལ་ནི་རང་རང་གི་ཞག་པོ་སུམ་བརྒྱ་དྲུག་ཅུ་ངེས་པར་ཚང་དགོས་པའི་ཕྱིར། ཞག་གསུམ་གྱི་རྣམ་དབྱེ་ལེགས་པར་ཤེས་པ་ལ་ཞག་ལྷག་དང་ཟླ་ལྷག་འདོན་ཚུལ་ཤེས་དགོས་ཏེ། དེ་ལ་ཚེས་ཞག་དང་ཁྱིམ་ཞག་གི་བར་ཁྱད་དང་དེ་དང་ཉིན་ཞག་གི་བར་ཁྱད་སོགས་ཤེས་དགོས་པའི་ཕྱིར། གཉིས་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། བསྐལ་པ་རྣམ་པ་མང་བཤད་པ། ཞེས་བྱུང་། བསྐལ་པ་ཆོས་ཅན། ཁྱོད་ལ་རྣམ་པ་མང་དུ་བཤད་དེ། བར་བསྐལ། འཇིག་བསྐལ། སྟོང་བསྐལ། འཆགས་བསྐལ། གནས་བསྐལ། བསྐལ་པ་ཆེན་པོ་སོགས་བཤད་པའི་ཕྱིར། གཉིས་པ་ལ། འཇིགས་བསྐལ། འཆགས་བསྐལ། གནས་བསྐལ། སྟོང་བསྐལ། བསྐལ་ཆེན་དང་ལྔ། དང་པོ་ནི། འཇིག་པའི་བསྐལ་བ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །ཞེས་བྱུང་། འཇིག་བསྐལ་ཆོས་ཅན། བཞག་ཏུ་ཡོད་དེ། མནར་མེད་ཀྱི་དམྱལ་བའི་སྲིད་པར་གསར་སྐྱེ་མེད་པ་ནས་བསམ་གཏན་དང་པོ་གསུམ་གྱི་གང་འཇིག་རྒྱུའི་སྣོད་དེ་ཟད་པའི་བར་ལ་འཇོག་པའི་ཕྱིར། གཉིས་པ་ནི། འཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །ཞེས་བྱུང་། འཆགས་བསྐལ་ཆོས་ཅན། བཞག་ཏུ་ཡོད་དེ། འཆགས་པར་རྩོམ་པའི་དང་པོ་རླུང་འཇམ་བུ་ཁད་ཀྱིས་ལྡང་བ་ནས་ནི་དམྱལ་བའི་སྲིད་པར་སེམས་ཅན་གཅིག་སྐྱེས་པའི་བར་ལ་འཇོག་པའི་ཕྱིར། འདིའི་རླུང་ནས་ཞེས་པ་ནི་བཤད་པ་ལྟར་ཡིན་གྱི། འོག་གཞིའི་རླུང་དཀྱིལ་ནས་འགོ་རྩོམ་པར་འདོད་པ་ནི་མི་འཐད་དེ། བསམ་གཏན་དང་པོ་གསུམ་པོ་གང་རུང་འཆགས་པའི་རླུང་ལྡང་བ་སྔོན་དུ་མ་སོང་བར་འོག་གཞིའི་རླུང་དཀྱིལ་འཆགས་པ་མི་འབྱུང་བའི་ཕྱིར། དེར་ཐལ། ཐོག་མར་ས་དང་མ་འབྲེལ་བའི་གནས་ཡས་རིམ་གྱིས་ཆགས་ཤིང་། དེ་ནས་ས་དང་འབྲེལ་བ་ནི་མས་རིམ་ནས་ཆགས་པ་ཡིན་པའི་ཕྱིར་ཏེ། དེ་ཡང་འཇིག་པའི་རྗེས་སུ་ཆགས་པ་ན་ཐོག་མར་བསམ་གཏན་དང་པོའི་གནས་ཚངས་པའི་གཞལ་མེད་ཁང་ཆགས། དེ་ནས་འདུན་ན་འདོན་དང་ཚངས་རིས་ཀྱི་གནས་ཆགས། དེ་ནས་རླུང་འོག་ཏུ་བབས་པ་ལས་གཞན་འཕྲུལ་དབང་བྱེད་ནས་འཐབ་བྲལ་གྱི་བར་ཆགས། དེ་ནས་འོག་གི་རླུང་དཀྱིལ་སོགས་ཆགས་པའི་ཕྱིར། གཞན་ཡང་དེ་ལྟར་ཐོག་མར་ཆགས་པའི་རླུང་ལྡང་བ་ནས་ཡིན་ཏེ། འདིའི་ཐད་ཀྱི་རྒྱལ་སྲས་མ་ལས། གང་གི་ཚེ་ནམ་མཁའ་ལ་རླུང་འཇམ་པོ་འཇམ་པོ་དག་ལྡང་བ་དེ་ནས་བཟུང་སྟེ་ཞེས་གསུངས་པའི་ཕྱིར། གསུམ་པ་ལ། བར་གྱི་ཁུག་པ་བཅོ་བརྒྱད་བཤད་པ། མཐའི་མ་ཐོག་དང་ཡར་འཕེལ་བཅུ་དགུའི་འཚམས་བསྟན་པ། དེ་རྣམས་གནས་བསྐལ་དུ་བསྟན་པ་ལྔ། དང་པོ་ནི། བར་གྱི་བསྐལ་པ་དཔག་མེད་ནས། ཚེ་ལོ་བཅུ་པའི་བར་དུའོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། གནས་བསྐལ་གྱི་ཡ་ཐོག་དང་བར་བསྐལ་དང་པོ་ཡོད་དེ། ཚེ་ལོ་དཔག་མེད་འགྲིབ་པའི་འཚམས་ཞིག་ནས་ཚེ་ལོ་བཅུ་པའི་བར་ཚད་ལ་དེར་འཇོག་པའི་ཕྱིར། གཉིས་པ་ནི། དེ་ནས་ཡར་སྐྱེ་མ་བྲི་བའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང་། །ཞེས་བྱུང་། བར་གྱི་ཁུག་པ་ཆོས་ཅན། ཁྱོད་ལ་བཅོ་བརྒྱད་ཡོད་དེ། ཚེ་ལོ་བཅུ་པ་དེ་ནས་ཡར་བརྒྱད་ཁྲིའི་བར་སྐྱེ་ཞིང་འཕེལ་བ་དང་། ཡང་མར་བཅུ་པའི་བར་བྲི་བ་རེ་ནི་བར་བསྐལ་རེ་དང་བར་གྱི་ཁུག་པ་རེར་བྱས་པའི་དེ་འདྲའི་ཁུག་པ་བཅོ་བརྒྱད་ལོངས་པ་ནི་ཡ་ཐོག་རིང་མོ་ལས་གཞན་དུ་འཇོག་པའི་ཕྱིར། གསུམ་པ་ནི། ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། ཞེས་བྱུང་། མཐའི་མ་ཐོག་རེང་མོ་ཡོད་དེ། ཁུག་པའི་རྗེས་སུ་ཚེ་ལོ་བཅུ་པ་ནས་བརྒྱད་ཁྲིའི་བར་དུ་ཡར་སྐྱེ་བ་སྟེ་འཕེལ་བ་ནི་གཅིག་ཁོ་ན་ཡིན་ལ། མར་འགྲིབ་པ་མི་འབྱུང་བ་དེ་གནས་བསྐལ་གྱི་ཐ་མ་མ་ཐོག་ཞེས་བྱ་བར་འཇོག་ཅིང་། དེ་བརྒྱད་ཁྲི་ནས་འཇིགས་བསྐལ་གྱི་འགོ་རྩོམ་པར་བྱེད་པའི་ཕྱིར། བཞི་པ་ནི། དེ་དག་ཚེ་ནི་བརྒྱད་ཁྲིའི་བར། །ཞེས་བྱུང་། ཡར་འཕེལ་དེ་དག་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། ཚེ་ལོ་བཅུ་པ་ནས་བརྒྱད་ཁྲིའི་བར་དུ་ཡར་འཕེལ་གྱི། དེ་ཡན་ཆད་དུ་མི་འཕེལ་བའི་ཕྱིར། ཐོག་མཐའ་གཉིས་རྐྱང་པར་བཅོ་བརྒྱད་ཁུག་པ་ཡིན་ལ་ཡུན་ཚད་མེ་མཉམ་པའི་སྐྱོན་མེད་དེ། རྐྱང་པ་རེ་རེའི་ཡུན་ལའང་ཁུག་པ་རེ་རེའི་ཡུན་ཚད་ཡོད་པའི་ཕྱིར་ཏེ། རྐྱང་པ་གཉིས་བུལ་ལ་ཁུག་པ་མྱུར་བའི་ཕྱིར། ལྔ་པ་ནི། དེ་ལྟར་འཇིག་རྟེན་ཆགས་པ་འདི། བར་གྱི་བསྐལ་པ་ཉི་ཤུར་གནས། ཞེས་བྱུང་། ཤེས་བྱ་ཆོས་ཅན། གནས་བསྐལ་ཡོད་དེ། དེ་ལྟར་འཇིག་རྟེན་ཆགས་ཟིན་པ་འདི་བར་བསྐལ་ཡ་ཐོག་དང་ཁུག་པ་བཅོ་བརྒྱད་དང་མ་ཐོག་དང་བཅས་པའི་བར་གྱི་བསྐལ་པ་ཉི་ཤུར་གནས་པ་ཡིན་པའི་ཕྱིར། ཚེ་ལོ་དཔག་མེད་ནས་གནས་བསྐལ་གྱི་འགོ་འཛིན་པ་མི་འཐད་དེ། དེ་ནི་འཆགས་བསྐལ་དུ་འདུ་བ་ཡིན་པའི་ཕྱིར། གནས་བསྐལ་གྱི་འགོ་ཚེ་ལོ་བརྒྱད་ཁྲིའི་ཐོག་མ་ནས་འཛིན་པ་སའི་དངོས་གཞིའི་ལུགས་ཡིན་ཀྱང་མཛོད་རང་འགྲེལ་གྱི་ལུགས་ལ་ནི་ཅུང་མ་ཡིན་ཏེ། དམྱལ་བར་འཛམ་གླིང་ལྟ་བུའི་མི་ཞིག་མ་སྐྱེས་བར་དུ་གནས་བསྐལ་གྱི་འགོ་མི་འཛིན་པའི་ཕྱིར། ཚེ་ལོ་དཔག་མེད་ཀྱི་དུས་སུ་བྱུང་བའི་མིའི་ཚེ་ཚད་འཛིན་མི་ནུས་པ་མིན་ཏེ། དེ་དག་གི་གཟུགས་དང་ཚེ་སོགས་ཚངས་རིས་པ་དང་འདྲ་བའི་ཕྱིར། དེར་ཐལ། རྩ་བར། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། ཞེས་པ་དང་། རང་འགྲེལ་ལས། བསྐལ་པ་དང་པོའི་མི་རྣམས་ནི་གཟུགས་ན་སྤྱོད་པ་བཞིན་དུ་གྱུར་ཏེ་ཞེས་གསུངས་པའི་ཕྱིར། བཞི་པ་ནི། ཆགས་པ་དང་ནི་འཇིགས་པ་དང་། ཞིག་ནས་འདུག་པ་དག་མཉམ་མོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། དེ་ལྟར་འཇིག་རྟེན་འཆགས་པ་དང་གནས་པ་དང་འཇིག་པ་དང་ཞིག་ནས་འདུག་པ་སྟོང་པའི་བསྐལ་པ་བཞིའི་ཚང་མཉམ་པ་དག་ཡིན་ཏེ། བཞི་པོ་རེ་རེར་བར་བསྐལ་ཉི་ཤུ་ཉི་ཤུ་རེས་མཉམ་པའི་ཕྱིར། ལྔ་པ་ལ། བསྐལ་ཆེན་ངོས་བཟུང་བ་དང་། ཞར་ལ་སངས་རྒྱས་སོགས་འབྱུང་ཚུལ་གཉིས། དང་པོ་ནི། དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། ཞེས་བྱུང་། བསྐལ་ཆེན་ཆོས་ཅན། ཡོད་དེ། བཤད་མ་ཐག་པའི་བར་བསྐལ་དེ་དག་བརྒྱད་ཅུ་ལ་ནི་ཁྱོད་དུ་འཇོག་པའི་ཕྱིར། གཉིས་པ་ལ། སངས་རྒྱས། རང་རྒྱལ། འཁོར་སྒྱུར་འབྱུང་ཚུལ་དང་གསུམ། དང་པོ་ནི། དེ་གྲངས་མེད་གསུམ་ལ་སངས་རྒྱས། །འབྱུང་ངོ་མར་ནི་འགྲིབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང་། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སངས་རྒྱས་འབྱུང་ཚུལ་ཡོད་དེ། བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས་དེ་འབྱུང་བའི་ཕྱིར། གྲངས་མེད་དེ་ནི་གྲངས་གཏན་མེད་པ་མ་ཡིན་ཏེ། གྲངས་ཀྱི་གནས་དྲུག་ཅུར་བགྲང་དུ་མེད་པས་ན་གྲངས་མེད་ཅེས་བཤད་པ་ཙམ་ཡིན་པའི་ཕྱིར། གྲངས་མེད་དེ་ཆོས་ཅན། ཁྱོད་བརྩི་ཚུལ་ཡོད་དེ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་།ས་ཡ་བྱེ་བ་དུང་འཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཆེན་པོའི་ཟླ་དང་བཅས་པ་ནི། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམ་དཀྲེག་མི་འཁྲུག་ཁྱད་ཕྱིན་དང་། །བང་སྟེང་དེར་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིན་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡའ་ཤེས་དང་། །རྣམ་འབྱུང་སྟོབས་མིག་ཉི་ཤུ་གཅིག །བར་དུ་བརྒྱད་ནི་མ་རྙེད་པས། །རང་གི་མིང་གང་རུང་བ་གཞུག །གྲངས་མེད་པར་དུ་བཅུ་འགྱུར་བསྒྲེས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། །ཆེན་པོ་དང་བཅས་པ་བཅུ་འགྱུར་བྱ་ཚུལ་ཡོད་དེ། །དུང་འཕྱུར་བཅུ་ལ་ཐེར་འབུམ་གཅིག །དེ་བཅུ་ལ་ཐེར་འབུམ་ཆེན་པོ་གཅིག །དེ་བཅུ་ལ་ཁྲག་ཁྲིག་གཅིག །དེ་བཅུ་ལ་ཁྲག་ཁྲིག་ཆེན་པོ་གཅིག་ཏུ་འཇོག་པ་སོགས་ཡིན་པའི་ཕྱིར། རང་འགྲེལ་ལས་སྟོབས་མིག་ཆེན་པོ་བཅུ་ལ་གྲངས་མེད་པ་ཞེས་བཤད་ཀྱང་སྤྱི་འགྲོ་ལ་དེའི་རྗེས་སུ་ཚད་མེད་བཞིའི་མིང་ཅན་ཆེན་པོ་དང་བཅས་པ་ནས་གྲངས་མེད་གཅིག་དང་། དེ་ནས་བཅུ་འགྱུར་དུ་བྱས་ཏེ་དེ་གཉིས་དང་། དེ་གསུམ་དུ་འཇོག་པ་ལྟར་ཡང་རུང་སྟེ། བར་དུ་བརྒྱད་ནི་མ་རྙེད་པས། །ཞེས་སོགས་ཀྱི་དོན་དུ་སྣང་བའི་ཕྱིར། དེར་མ་ཟད་གྲངས་ཀྱི་རྣམ་གྲངས་གཞན་ཡང་མང་སྟེ། འཇམ་དཔལ་རྩ་རྒྱུད་དང་ཕལ་ཆེར་ནས་གྲངས་ཀྱི་གནས་བརྒྱ་ཉེར་གསུམ་དང་། སྡོང་པོ་བཀོད་པ་ལས་བཞི་བཅུ་དང་། ཡང་བརྒྱ་དང་ལྔ་བཤད་པའི་ཕྱིར། དེ་དག་ནི་གྲངས་མེད་གསུམ་ལས་ཀྱང་ལྷག་སྟེ། དེས་གྲངས་མེད་གྲངས་མེད་པ་ཡང་བརྩི་ནུས་པའི་ཕྱིར། སངས་རྒྱས་དེ་དག་ཆོས་ཅན། ཁྱོད་འབྱུང་བའི་དུས་ཡོད་དེ། ཡར་འཕེལ་བའི་ཚེ་སེམས་ཅན་སྐྱོ་ཤས་ཆུང་བས་མི་འབྱོན་ལ། མར་འགྲིབ་པ་ཡི་བརྒྱད་ཁྲི་ནས་བརྒྱའི་བར་ལ་འབྱུང་བའི་ཕྱིར། ཕྱི་མ་གྲུབ་སྟེ། བརྒྱ་ཕྱིན་ཆད་ཧ་ཅང་སྙིགས་མ་ལྔ་བདོ་བའི་དབང་གིས་མི་འབྱུང་བའི་ཕྱིར། གཉིས་པ་ནི། རང་སངས་རྒྱས་རྣམས་གཉིས་ཀ་ལ། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་བྱུང་། རང་སངས་རྒྱས་རྣམས་ཆོས་ཅན། འབྱུང་བའི་དུས་ཡོད་དེ། ཡར་འཕེལ་མར་འགྲིབ་གཉིས་ཀ་ལ་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ཚེགས་སྤྱོད་བསེ་རུ་ལྟ་བུ་གཉིས་ཡོད་པ་ལས་བསེ་རུ་ལྟ་བུའི་རང་རྒྱལ་འབྱུང་བའི་རྒྱུ་ཡོད་དེ། བསྐལ་པ་བརྒྱ་ཡི་རྒྱུ་ཚོགས་བསགས་པ་ལས་འབྱུང་བའི་ཕྱིར། དེར་ཐལ། འདིར་བསེ་རུ་ལྟ་བུའི་རང་རྒྱལ་སློབ་པ་ནི་རང་གི་བྱང་ཆུབ་ཏུ་རིགས་ངེས་པར་འདོད་པའི་ཕྱིར། གསུམ་པ་འཁོར་སྒྱུར་འབྱུང་ཚུལ་ལ། ཚིག་དོན་དང་། སྤྱི་དོན་གཉིས། དང་པོ་ལ། འབྱུང་བའི་དུས། དབྱེ་བ། འཁོར་ལོས་སྒྱུར་ཚུལ། སངས་རྒྱས་དང་འཁོར་བསྒྱུར་གྱི་མཚན་གྱི་ཁྱད་པར་བཞི། དང་པོ་ནི། འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། །ཞེས་བྱུང་། འཁོར་ལོས་སྒྱུར་བ་ཆོས་ཅན། ཁྱོད་འབྱུང་བའི་དུས་ཡོད་དེ། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་ཁོ་ནར་འབྱུང་གི །དེ་ཕྱིན་ཆད་སྣོད་མིན་པས་མི་འབྱུང་བའི་ཕྱིར། སྒྲ་དོན་ཡོད་དེ། འཁོར་ལོའི་སྒོ་ནས་སྐྱེ་བོ་ལ་དབང་སྒྱུར་བས་ན་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ནི། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། དེ་དག་གླིང་གཅིག་གླིང་གཉིས་དང་། །གླིང་གསུམ་བཞི་ལ་མས་རིམ་བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཞེས་བྱུང་། འཁོར་སྒྱུར་ཆོས་ཅན། ཁྱོད་ལ་རིགས་བཞི་ཡོད་དེ། གསེར་གྱི་འཁོར་ལོ་ཡོད་པས་གསེར་གྱི་འཁོར་སྒྱུར་དང་། དེ་བཞིན་དུ་དངུལ་དང་ཟངས་དང་བཅུད་ཀྱི་ཁྱད་ཆོས་ལ། དངོས་དང་། འཇིག་བསྐལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། བསྐལ་པ་དང་པོའི་ཁྱད་པར། དེ་ལས་འགྲིབ་ཚུལ། མཐར་ཇི་ལྟར་འབྱུང་ཚུལ་དང་གསུམ། དང་པོ་ནི། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །ཞེས་བྱུང་། སྔར་བསྐལ་བ་དང་པོར་བྱུང་བའི་སེམས་ཅན་མི་རྣམས་ཆོས་ཅན། གཟུགས་ཅན་གྱི་ལྷ་བཞིན་ཏེ། གཟུགས་མཛེས། ཡན་ལག་དང་ཉིད་ལག་ཚང་བ། རང་ལ་འོད་ཡོད་པ། དགའ་བ་ཟས་སུ་ཟ་བ། ཚེ་དཔག་མེད་ཐུབ་པར་མདོ་ལས་བཤད་པ་བཞིན་ཡིན་པའི་ཕྱིར། གཉིས་པ་ནི། དེ་ནས་རིམ་གྱིས་རོ་ལ་ཆགས། །ལེ་ལོས་གསོག་འཇོག་བྱས་ནས་ནི། །འཛིན་བཅས་རྣམས་ཀྱི་ཞིང་དཔོན་སྟབས། །དེ་ནས་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་ཡིན་ནོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། དེ་ནས་རིམ་གྱིས་འགྲིབ་ཚུལ་ཡོད་དེ། བསྐལ་པ་དང་པོའི་མི་གཟུགས་ཀྱི་ལྷ་འདྲ་བ་དེ་དག་གིས་སའི་ཞག་དང་རོ་སྦྲང་རྩིའི་རོ་ལྟ་བུ་བྱུང་བ་སོགས་མྱངས་པས་རོ་ལ་ཆགས་ཤིང་། ལེ་ལོས་གསོག་འཇོག་བྱས་ནས་བདག་ཏུ་འཛིན་པ་དང་བཅས་པ་རྣམས་ཀྱིས་ཞིང་བཏབ་སྟེ་ལོངས་སྤྱོད་ཀྱི་ཆེད་དུ་འཐབ་རྩོད་བྱུང་ནས་དཔོན་དུ་མང་པོས་བཀུར་བའི་རྒྱལ་པོ་བསྐོས། དེ་ལ་ཀུན་གྱིས་ཞིང་གི་དྲུག་ཆ་བསྟབས་པར་བྱས་པས་རྒྱལ་རིགས་ཀྱི་ཐོག་མ་བྱུང་བའི་ཕྱིར། དེ་ནས་རིགས་ལྷག་མ་རྣམས་དང་ལས་ལམ་བྱུང་ཚུལ་ཡོད་དེ། དེའི་ཚེ་ཁྱིམ་ལས་བྱོལ་ནས་ནགས་ཁྲོད་སོགས་སུ་རྩ་བ་དང་འབྲས་བུ་ཟ་ཞིང་ཚངས་པར་སྤྱད་པ་རྣམས་ལ་བྲམ་ཟེ་དང་། ཁྱིམ་དུ་གནས་ཀྱང་རྐུ་སོགས་མི་བྱེད་པའི་འབྱོར་ཅན་ལ་རྗེ་རིགས་དང་སོར་མོ་དང་རྐུ་དང་སྲོག་གཅོད་སོགས་བྱེད་པ་ལ་དམངས་རིགས་དང་གདོལ་བའི་རིགས་ཞེས་པའི་ཐ་སྙད་དུ་བྱུང་ཞིང་། དེ་ནས་རྫུན་དང་སྲོག་གཅོད་སོགས་མི་དགེ་བའི་ལས་ཀྱི་ལམ་ལྷག་པ་སྟེ་འཕེལ་བས། རིམ་གྱིས་ཚེ་བྲི་ནས་ལོ་ནི་ཐུང་བ་བཅུ་པའི་བར་དུ་ཡང་འབྱུང་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། །ཞག་རྣམས་དང་ནི་ཟླ་བ་དང་། །ལོ་བདུན་དག་ཏུ་གོ་རིམ་བཞིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། མཐར་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། བཅུད་ཀྱི་སེམས་ཅན་ནི་མཚོན་དང་ནད་དང་མུ་གེའི་བསྐལ་པ་བར་མ་གསུམ་པོ་དག་གིས་ཚར་ཕྱིན་པ་སྟེ་རྫོགས་པར་བྱེད་པའི་ཕྱིར། དེ་གསུམ་གྱི་ཡུན་ཚད་ཡོད་དེ། གོ་རིམ་བཞིན་དུ་མཚོན་གྱི་བསྐལ་པ་ཞག་བདུན་རྣམས་དང་། དེའི་སྔོན་དུ་ནད་ཀྱི་བསྐལ་པ་ཞག་བདུན་ཟླ་བ་བདུན་དང་། དེའི་སྔོན་དུ་མུ་གེའི་བསྐལ་པ་ལོ་བདུན་ཟླ་བ་བདུན་ཞག་བདུན་འབྱུང་བའི་ཕྱིར། དེ་དག་ཏུ་མི་སྐྱེ་བའི་ཐབས་ཡོད་དེ། ཉི་མ་འགའ་ཞིག་ཏུ་སྲོག་གཅོད་སྤོང་བའི་སྡོམ་པ་བསྲུངས་པས་མཚོན་བསྐལ་དང་། དགེ་འདུན་ལ་ཨ་རུ་ར་སོགས་སྨན་ཕུལ་བས་ནད་བསྐལ་དང་། དགེ་འདུན་ལ་བསོད་སྙོམས་ཕུལ་བས་མུ་གེའི་བསྐལ་བར་མི་སྐྱེ་བར་བཤད་པའི་ཕྱིར། གཉིས་པ་འཇིག་བསྐལ་བྱེ་བྲག་ཏུ་བཤད་པ་ལ། འཇིག་རྐྱེན། འཇིག་བྱ། འཇིག་པའི་རྒྱུ་མཚན། ཇི་ལྟར་འཇིག་ཚུལ་དང་བཞི། དང་པོ་ནི། མེ་དང་ཆུ་དང་རླུང་དག་གིས། །འཇིག་པ་དག་ནི་ཡང་གསུམ་ཡིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སྣོད་འཇིག་རྐྱེན་ལ་གསུམ་ཡོད་དེ། ད་ལྟའི་ཉི་མ་འདི་དང་ཉི་མ་གཞན་དྲུག་རིམ་གྱིས་བྱུང་ནས་མེ་དང་། ཆར་ཆེན་པོ་འབབ་པའི་ཆུ་དང་། དྲག་པོའི་རླུང་དག་གིས་འཇིག་པ་དག་ནི་གསུམ་ཡིན་པའི་ཕྱིར། ཡང་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། མུ་སྟེགས་པས་རྡུལ་ཕྲ་རབ་མི་འཇིག་པར་འདོད་ཀྱང་འདིར་དེ་ཡང་འཇིག་པར་སྟོན་པའི་ཕྱིར། གཉིས་པ་ནི། བསམ་གཏན་གཉིས་སོགས་གསུམ་པོ་ནི། དེ་དག་གི་ཚེ་གོ་རིམ་བཞིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། འཇིག་པ་གསུམ་གྱི་འཇིག་བྱ་དང་གང་ལུས་པ་ཡོད་དེ། བསམ་གཏན་གཉིས་པ་དང་། སོགས་ཀྱིས་གསུམ་པ་དང་བཞི་པ་གསུམ་གྱི་འོག་མན་ཆད་མེ་ཆུ་རླུང་གསུམ་གྱིས་འཇིག་པར་བྱེད་ཅིང་། དེ་དག་གི་རྩེ་མོ་སྟེ་གོང་མ་གསུམ་དེའི་ཚེ་མི་འཇིག་པའི་ཕྱིར། དེར་ཐལ། མེས་བསམ་གཏན་དང་པོ་མན་ཆད་དང་། ཆུས་བསམ་གཏན་གཉིས་པ་མན་ཆད་དང་། རླུང་གིས་རང་གི་འཇིག་བྱ་བསམ་གཏན་གསུམ་པ་མན་ཆད་འཇིག་ཅིང་། རང་རང་གི་གོང་མ་ལུས་པ་གཉིས་པ་དང་གསུམ་པ་དང་བཞི་པ་རྣམས་མི་འཇིག་པའི་ཚུལ་གོ་རིམ་བཞིན་དུ་སྦྱོར་བ་ཡིན་པའི་ཕྱིར། གསུམ་པ་ནི། དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། བཞི་པ་ན་མེད་མི་གཡོ འི་ཕྱིར། །མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་བྱུང་། ཤེས་བྱ་ཆོས་ཅན། དེ་ལྟར་འཇིག་པའི་རྒྱུ་མཚན་ཡོད་དེ། འཇིག་བྱེད་མེ་ཆུ་རླུང་གསུམ་དང་མཐུན་པའི་སྐྱོན་གསུམ་གྱི་དབང་གིས་ཡིན་པའི་ཕྱིར། དེར་ཐལ། སེམས་ཅན་དེ་དང་དེའི་ནང་གི་སྐྱོན་བསམ་གཏན་དང་པོ་ན་རྟོག་དཔྱོད་མེ་ལྟ་བུ་དང་། གཉིས་པ་ན་བསམ་གཏན་གྱི་སྐྱོན་དགའ་བདེ་ཆུ་ལྟ་བུ་དང་། གསུམ་པ་ན་དེའི་སྐྱོན་དབུགས་འབྱུང་རྔུབ་ཀྱི་རླུང་ཡོད་པས་ན་ཕྱི་རྐྱེན་དེ་གསུམ་གྱི་དབང་གིས་འཇིག་པར་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། རྟོག་དཔྱོད་ཀྱིས་ཡིན་མེ་ལྟར་གདུང་བར་བྱེད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཤིན་སྦྱངས་ཀྱི་དགའ་བ་དེས་ལུས་མཉེན་ཅིང་ཆུ་ལྟར་རླན་པར་བྱེད་པའི་ཕྱིར། གསུམ་པ་གྲུབ་སྟེ། དབུགས་ཀྱི་འབྱུང་རྔུབ་རླུང་ལྟར་བྱེད་པའི་ཕྱིར། །བསམ་གཏན་བཞི་པ་ན་འཇིག་པ་དེ་གསུམ་མེད་དེ། བསམ་གཏན་བཞི་པའི་ཏིང་ངེ་འཛིན་ནི། སྐྱོན་དེ་དག་གིས་མི་གཡོ་བའི་ཕྱིར། འོ་ན་དེ་དག་རྟག་པ་ཡིན་ནམ་ཞེ་ན། མི་རྟག་པ་ཡ ིན་ཏེ། བཞི་པ་དེའི་གཞལ་མེད་ཁང་སེམས་ཅན་དང་བཅས་ཏེ་ལྷན་ཅིག་འབྱུང་བ་དང་ལྷན་ཅིག་འཇིག་པར་བྱེད་པའི་ཕྱིར། དེར་ཐལ། དེ་དག་གི་སྣོད་རྣམས་སྐར་མ་ལྟར་མ་འབྲེལ་བར་སོ་སོར་གནས་པས་སོ་སོ་ལས་ཐུན་མོང་དུ་འཛིན་པ་མིན་པའི་ཕྱིར། བཞི་པ་ནི། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། དེ་ནས་འཇིག་བྱེད་གསུམ་གྱིས་འཇིག་ཚུལ་ཡོད་དེ། མེ་ཡིས་འཇིག་པའི་ཚུལ་བདུན་འབྱུང་ཞིང་། དེ་ནས་ཆུ་ཡིས་འཇིག་པ་གཅིག་འབྱུང་། དེ་ལྟར་མེས་འཇིག་བདུན་རེའི་མཇུག་ཏུ་ཆུས་འཇིག་རེ་རེ་འབྱུང་ཞིང་ཆུས་འཇིག་བདུན་ཐལ་ནས་ནི། དེའི་རྗེས་སུ་མེ་ཡིས་འཇིག་པ་བདུན་དང་། དེ་ནས་ནི་མཇུག་ཏུ་རླུང་གིས་འཇིག་པ་གཅིག་འབྱུང་བ་ཡིན་པའི་ཕྱིར། མེས་འཇིག་གི་ཚེ་ཉི་མ་གཅིག་པ་འདི་བདུན་འགྱུར་གྱི་ཚ་བར་སོང་ནས་འཇིག་པ་དང་། ཉི་མ་གཞན་དྲུག་ལོགས་སུ་འབྱུང་བར་འདོད་པའི་ཚུལ་གཉིས་སྣང་བ་ལས་ཕྱི་མ་ལྟར་མངོན་ནོ། །མེས་འཇིག་མང་ཞིང་དེ་ལས་ཆུས་འཇིག་ཉུང་བ་དང་རླུང་གིས་འཇིག་པ་གཅིག་འབྱུང་བའི་རྒྱུ་མཚན་ཡོད་དེ། ཚངས་ཆེན་དང་འོད་གསལ་དང་དགེ་རྒྱས་པའི་ཚེ་ཚད་ཀྱི་ཁྱད་པར་གྱིས་ཡིན་པའི་ཕྱིར། དེ་ལྟར་ན་བསྐལ་ཆེན་རེ་བཞིན་རླུང་འཇིག་འབྱུང་བ་ཡིན་ཏེ། མེས་འཇིག་བདུན་ཚན་བརྒྱད་དང་། ཆུས་འཇིག་བདུན་ཚན་གཅིག་དང་། དེ་ནས་རླུང་གིས་འཇིག་པ་གཅིག་འབྱུང་བའི་ཕྱིར་རོ། །གཉིས་པ་ལ། ཕལ་ཆེན་སོགས་དང་། དུས་འཁོར་གྱི་ལུགས་གཉིས། དང་པོ་ནི། སྟོང་གསུམ་གྱི་རྣམ་གཞག་ཕལ་ཆེར་ནི་མངོན་པ་ལྟར་ཡིན་ཡང་ཁྱད་པར་གཞན་ལ། མི་མཇེད་ཀྱི་འཇིག་རྟེན་འདི་སོགས་ཀྱི་འོག་གཞི་ནི་རླུང་གི་དཀྱིལ་འཁོར་རི་རབ་ཀྱི་རྡུལ་དང་གྲངས་མཉམ་པའི་སྟེང་ན་སྤོས་ཆུའི་རྒྱ་མཚོ་ནོར་བུ་ཀུན་ནས་སྣང་བས་བརྒྱན་པ་ལ་པདྨ་ཆེན་པོ་སྦོས་ཀྱི་རྒྱལ་མཚན་ཁྱེར་བ་འོད་དང་ཟེ་བ་སྣ་ཚོགས་ཞེས་བྱ་བ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་འདི་གནས་ལ། དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་དག་དབྱིབས་སྣ་ཚོགས་དང་སྣོད་ཚུལ་སྣ་ཚོགས་ཀྱི་སྒོ་ནས་ཕྱོགས་དང་མཚམས་ཐམས་ཅད་དུ་ནམ་མཁའ་ལྟར་མཐའ་མེད་པའི་ཚུལ་གྱིས་ཡོད་དོ། །གང་ལ་བརྟེན་པ་ནི། ནམ་མཁའ་སྟོང་པ་དང་འབྱུང་བ་དང་སྤྲིན་དང་འོད་དང་པདྨ་དང་སངས་རྒྱས་བྱང་སེམས་ཀྱི་མཐུ་དང་བྱིན་རླབས་སོགས་ལ་བརྟེན་ནས་གནས་སོ། །དབྱིབས་ནི་གྲུ་བཞི་དང་གྲུ་གསུམ་དང་ཟླུམ་པོ་དང་ཟླ་གམ་ལ་སོགས་པ་སྣ་ཚོགས་པའོ། །བཀོད་པ་ནི། ཞིང་ལ་ལར་གླིང་བཞི་དང་རི་རབ་དང་ཉི་ཟླ་སོགས་ཡོད་ཅིང་འགའ་ཞིག་ན་དེ་དག་མེད་དེ། མཚོན་ན་སྟོང་གསུམ་འདིར་གླིང་བཞི་ཡོད་ཅིང་བདེ་བ་ཅན་སོགས་འགའ་ཞིག་ན་མེད་ལ། ཞིང་འགའ་ཞིག་གི་འབྱོར་བ་ནི་བསམ་གྱིས་མི་ཁྱབ་སྟེ་ལྷ་དང་མིའི་ལོངས་སྤྱོད་ཐམས་ཅད་ལས་འདས་པ་འཕགས་པའི་གང་ཟག་འབའ་ཞིག་གི་ལོངས་སྤྱོད་བྱར་གྱུར་པ་དག་ཡོད་ཅིང་། ལ་ལ་ནི་འབྲིང་དང་ཐ་མ་ཅི་རིགས་སོ། །ཚད་ནི་ཞིང་ལ་ལའི་རྒྱ་ཁྱོན་གྱི་ཚད་མཐའ་མེད་པ་ལྟ་བུའང་ཡོད་ལ། ཚེའི་ཚད་ཀྱང་ཤིན་ཏུ་རིང་བ་ཡང་ཡོད་དེ། དཔེར་ན་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཤཱཀ་ཐུབ་དང་ཚེ་དཔག་མེད་དང་རྡོ་རྗེ་རབ་འཇོམས་དང་འོད་ཟེར་ཤིན་ཏུ་སྟུག་པོ་དང་ཆོས་ཀྱི་རྒྱལ་མཚན་དང་སེང་གེ་དང་རྣམ་པར་སྣང་མཛད་དང་ཆོས་ཀྱི་འོད་ཟེར་དང་ཡེ་ཤེས་རྒྱལ་པོ་དང་ཟླ་བའི་བློ་གྲོས་དང་སངས་རྒྱས་དང་དཔལ་བཟང་པོ་རྣམས་ཀྱི་ཞིང་སྔ་མ་སྔ་མའི་བསྐལ་བར་རེ་ཕྱི་མ་ཕྱི་མའི་ཉིན་ཞག་རེར་བཤད་ཅིང་། ཁྱད་པར་དུ་སངས་རྒྱས་དཔལ་བཟང་པོའི་ཞིང་གི་ཉིན་ཞག་གཅིག་ལ་སྔ་མ་ལྟར་བརྩིས་པའི་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་སྙེད་འདས་པའི་གྲངས་ཚད་གཅིག་ཡོད་པར་བཤད་པའི་རིགས་པས་དེའི་ཞིང་གི་མི་རྣམས་ཀྱི་ཚེ་ཚད་ཀྱང་དེ་ལས་ལྷག་མང་བ་ཞིག་ཐུབ་པར་ཤེས་སོ། །སྐུའི་ཚད་ནི་ཁ་ཅིག་རི་རབ་ལྟ་བུ་དང་མཐེ་བོང་ལྟ་བུ་ཡང་ཡོད་པར་བཤད། སངས་རྒྱས་ཀྱི་ཞིང་ལ་ལའི་སྟོང་གསུམ་ན་ཉི་ཟླ་ཟུང་གཅིག་གིས་བྱ་བ་བྱེད་ལ། འགའ་ཞིག་ན་སངས་རྒྱས་རང་གི་འོད་དང་ནོར་བུ་དང་པདྨ་དང་ལྗོན་པ་སོགས་དང་ལྷ་མི་རང་རང་གི་འོད་ཀྱིས་ཆོག་པ་སོགས་ཀྱང་ཡོད་ཅིང་། ལ་ལ་ན་ནི་མུན་པས་ཁྱབ་སྟེ་སངས་རྒྱས་ཀྱང་མེད་དོ། །ཞིང་ལ་ལར་སངས་རྒྱས་མང་པོ་ཡོད་པར་ཡང་བཤད་མཛོད་ལས་སངས་རྒྱས་གཉིས་ལྷན་ཅིག་མི་འབྱུང་བར་བཤད་པ་དང་འགལ་བ་མེད་དོ། །གོང་དུ་བཤད་པའི་སྟོང་གསུམ་དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་མཚམས་སྦྱོར་དང་། དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་རྒྱུད་དང་། དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་རྒྱ་མཚོ་བར་མ་དང་། དེ་བྱེ་བ་ཕྲག་བརྒྱ་ལོངས་པ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་གཅིག་སྟེ་སྐབས་འདིར་མཆོག་གི་སྤྲུལ་སྐུ་གཅིག་གི་ཞིང་ངོ་། །དེ་དག་འ ཆགས་འཇིག་ཀྱང་མཉམ་དུ་བྱེད་ཅིང་། གཞི་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་དེ་འདྲ་བ་རེ་ནི་རྣམ་སྣང་གངས་ཅན་མཚོའི་སྤྲུའི་ཁུང་བུ་རེ་དང་སྐུའི་རྡུལ་རེ་རེ་ནའང་ཡོད་པར་བཤད་དེ་སོ་སྐྱེའི་ཡུལ་མིན་ལ། དེ་ཐམས་ཅད་རྫོགས་པ་ནི་ལོངས་སྐུ་གཅིག་གི་ཞིང་ངོ་། །མི་མཇེད་ཀྱི་ཞིང་འདི་རྣམ་སྣང་དེའི་ཕྱག་གི་ལྷུང་བཟེད་ཀྱི་ནང་ན་པདྨ་ཟེའུ་འབྲུ་དང་ལྡན་པ་ཉེར་ལྔ་བརྩེགས་པའི་བཅུ་གསུམ་པའི་སྟེང་ན་ཡོད་པར་བཤད་པ་སོགས་སོ། །དེས་ན་ཁ་ཅིག་ཕལ་ཆེན་གྱི་ལུགས་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་དེ་ལོངས་སྐུ་གཅིག་གི་ཞིང་དུ་འདོད་པ་ནི་བརྟག་པའི་གནས་སོ། །གཉིས་པ་དུས་འཁོར་གྱི་ལུགས་ལ་བཤད་ཚུལ་ཅུང་ཟད་མི་འདྲ་བ་རེ་སྣང་ཡང་བཻ་དཀར་གྱི་བཞེད་པ་ལྟར་བཤད་ན། ཚད་འཇམ་བྱེད་ནི་མངོན་པ་དང་མི་འདྲ་བ་ཡོད་དེ། རྡུལ་ཕྲ་རབ་དང་རྡུལ་ཕྲན་དང་སྐྲ་རྩེ་དང་སྐེ་ཚེ་དང་ཤིག་དང་ནས་རྣམས་རིམ་བཞིན་བརྒྱང་འགྱུར་དུ་བྱས་པའི་ནས་བརྒྱད་ལ་སོར་ཚད་དང་། སོར་མོ་ཉེར་བཞིར་གྲུ་གང་དང་། ཁྲུ་བཞིར་འདོམ་གང་། དེ་སྟོང་ཕྲག་གཉིས་ཀྱི་ཚད་ལ་རྒྱང་གྲགས་དང་། རྒྱང་གྲགས་བཞི་བསྡོམས་པ་ལ་དཔག་ཚད་གཅིག་གོ །ཚད་དེའི་དབང་དུ་བྱས་པའི་རླུང་དཀྱིལ་དཔངས་སུ་དཔག་ཚད་སྟོང་ཕྲག་ལྔ་བཅུ་དང་དབུས་ཀྱི་ཞིང་ལ་འབུམ་ཕྲག་བཞི། དེའི་སྟེང་དུ་ལུགས་འདིར་མེ་དཀྱིལ་ཡང་ཡོད་པས་དེའི་ཞིང་ལ་འབུམ་ཕྲག་གསུམ། དེའི་སྟེང་དུ་ཆུ་དཀྱིལ་ཞིང་ལ་འབུམ་ཕྲག་གཉིས། དེའི་སྟེང་དུ་ས་དཀྱིལ་ཞིང་ལ་འབུམ་ཕྲག་གཅིག །དེ་སོ་སོའི་དཔངས་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་རེ་ཡོད་ལ། བཞི་ཀ་དབྱིབས་ཟླུམ་པོ་དང་མཐའ་སྐོར་སུམ་འགྱུར་ཏེ། རླུང་མཐར་འབུམ་ཕྲག་བཅུ་གཉིས་དང་། མེ་མཐར་འབུམ་ཕྲག་དགུ་དང་། ཆུ་མཐར་འབུམ་ཕྲག་དྲུག་དང་། ས་མཐར་འབུམ་ཕྲག་གསུམ་ཡོད་ཅིང་འོག་མས་སྟེང་མ་སྐྱོང་བའི་ཚུར་གྱིས་སོ། །ལྷུན་པོ་ཆུའི་ནང་དུ་ནུབ་པ་ལྟ་བུ་མ་ཡིན་པར་ས་དཀྱིལ་དེའི་དབུས་སུ་གནས་ལ། ལྷུན་པོའི་རྩ་བའི་ཐད་ཀའི་ཞིང་ལ་དཔག་ཚད་སྟོང་ཕྲག་བཅུ་དྲུག་སྟེ་དོན་ལ་ཆིག་ཁྲི་དྲུག་སྟོང་། མཐའི་ཁོར་ཡུག་གི་ཞིང་ལ་སྟོང་ཕྲག་གཅིག །ལྷུན་པོའི་དཔངས་ལ་དཔག་ཚད་འབུམ། བསིལ་རིའི་སྟེང་གི་ཐད་ཀར་ལྷུན་པོའི་ཞེང་ལ་དཔག་ཚད་ལྔ་ཁྲི། ལྷུན་པོའི་རྐེད་པ་ནས་རིམ་གྱིས་སྟོང་ཇེ་སྦོམ་དུ་སོང་སྟེ་སྟེང་གི་ཐད་ཀར་དཔག་ཚད་འབུམ། དབྱིབས་ཟླུམ་པོ། ཤར་ཨིནྡྲ་ནཱི་ལ། ལྷོ་པདྨ་རཱ་ག་དམར་པོ། ནུབ་ཀརྐེ་ཏ་སེར་པོ། བྱང་ཟླ་བ་ཆུ་ཤེལ་དཀར་པོ། དབུས་མརྒད་ལྗང་ཁུ། རི་རབ་ཀྱི་སྟེང་གི་ཕྱོགས་མཚམས་སུ་བརྒྱ་བྱིན་སོགས་ཕྱོགས་སྐྱོང་བཅུ། ལྷུན་པོའི་ཁོར་ཡུག་གི་མཐའ་ནས་ཕྱིའི་བསིལ་རིའི་བར་ལ་དཔག་ཚད་སྟོང་ཕྲག་བཅུ་དྲུག་ཡོད་པ་དེ་ཆ་བཅོ་བརྒྱད་དུ་ཕྱེ་བ་ལ་ཟླུམ་པོར་རིམ་པ་བཞིན་དུ་གླིང་མཚོ་རི་གསུམ་གསུམ་སྟེ། ནང་ནས་ཕྱིར་ཟླ་བའི་གླིང་དང་སྦྲང་རྩིའི་མཚོ་དང་འོད་སྔོན་གྱི་རི་གསུམ། དེ་བཞིན་དུ་འོད་དཀར་གླིང་མར་གྱི་མཚོ་མནྡ་རའི་རེ། ཀུ་ཤའི་གླིང་ཞོའི་མཚོ་ནི་ཥའི་རི། མིའི་ཉིའི་གླིང་འོ་མའི་མཚོ་ནོར་བུའི་རི། ཁྲུང་ཁྲུང་གླིང་ཆུའི་མཚོ་དྲོ་བའི་རི། དྲག་པོའི་གླིང་ཆང་གི་མཚོ་བསིལ་རིའོ། །ལྷུན་པོའི་སྟེང་གི་ཞེང་དཔག་ཚད་ལྔ་ཁྲིར་འདོད་པ་ཡོད་ཀྱང་འབུམ་ཡོད་པའི་ལུགས་འདིར་ལྷུན་པོའི་ཁ་ཁྱེར་གྱི་འོག་གི་ཁོངས་སྐྱིབས་ན་རི་མཚོ་གླིང་རྣམས་ཡོད་དེ། ས་དཀྱིལ་གྱི་ཞེང་ལའང་དཔག་ཚད་འབུམ་ཡོད་པས་དེའི་ཞེང་དང་ལྷུན་པོའི་སྟེང་གི་ཞེང་ཚད་མཉམ་པའི་ཕྱིར་རོ། །བསིལ་རིའི་ཕྱིར་གླིང་བཅུ་གཉིས་པོ་བསྡོམས་པ་ལ་འཛམ་གླིང་ཆེན་པོ་ཞེས་བྱའོ། །གླིང་དེ་རྣམས་ཀྱི་བར་ཆུས་བཅད་པ་མ་ཡིན་པར་འབྲེལ་ནས་ཡོད་པའི་གླིང་སོ་སོའི་དབུས་སུ་རང་རང་མཚོན་བྱེད་ཀྱི་མཚན་མ་ཤར་ན་ཟླ་གམ། ལྷོར་གྲུ་གསུམ། བྱང་དུ་ཟླུམ་པོ། ནུབ་ཏུ་གྲུ་བཞི་པ་སྟེ་རིམ་པ་བཞིན་དུ་ཞེང་དཔག་ཚད་སྟོང་ཕྲག་བདུན་དང་བརྒྱད་དགུ་དང་བཅུའོ། །ལྷོ་གླིང་དབུས་མ་འདི་ལ་འཛམ་གླིང་ཆུང་ངུ་ཞེས་བྱ་ལ། མཚམས་བཞིའི་གླིང་ལ་ཉེ་བའི་གླིང་ཞེས་བརྗོད་དོ། །སྤྱིར་ཕྱོགས་བཞིའི་གླིང་རྣམས་ངོས་གསུམ་མའི་ཚུལ་དུ་གནས་ཀྱང་ཁྱིམ་འཁོར་ལུགས་ཀྱིས་ངོས་གཉིས་པར་ཡང་འགྱུར་རོ། །རི་རབ་ཀྱི་རྩ་བའི་དབུས་ཀྱི་ཚངས་ཐིག་ནས་གླིང་རྣམས་ཀྱི་མཐའི་བར་དཔག་ཚད་ལྔ་ཁྲི་རེ་ཡོད་དེ། དེ་ནས་ས་དཀྱིལ་གྱི་མཐའི་བར་དེ་ཙམ་རེ་ཡོད་པས་སོ། །འཛམ་གླིང་འདིའི་ལྷོ་བྱང་གི་ཚད་ལ་དཔག་ཚ ད་ཉིས་ཁྲི་ལྔ་སྟོང་ཡོད་པའི་དབུས་ཕྱེད་ནས་བྱང་ངོས་སུ་དཔག་ཚད་ཁྲི་དང་ཉིས་སྟོང་ལྔ་བརྒྱའི་ས་ཆ་དེ་དུམ་བུ་དྲུག་ཏུ་ཕྱེ་བ་ལ་ཡུལ་དྲུག་གནས་ཏེ། བྱང་ནས་རིམ་པ་བཞིན་དུ་གངས་ཅན་དང་ཤམ་བྷ་ལ་དང་རྒྱ་ནག་དང་ལི་དང་བོད་དང་འཕགས་ཡུལ་ལོ། །ཞིབ་ན་བོད་འདི་ལྷོ་གླིང་ཤར་མ་ན་ཡོད་པར་བཤད། ཕྱེད་ཀྱི་ལྷོར་ཁྲི་དང་ཉིས་སྟོང་ལྔ་བརྒྱའི་སར་འགྲོ་བ་ཅི་རིགས་དང་། འགའ་ཞིག་ནི་སྟོང་པའི་སར་བཤད་དེ། ཕྱོགས་གཞན་ཡང་ཅི་ལྟར་རིགས་པར་མཚོན་ནོ། །གླིང་རྣམས་ཀྱི་མཐའ་ནས་ཆུ་མེ་རླུང་དཀྱིལ་གསུམ་པོ་སྔ་མ་ལས་ཕྱི་མ་དཔག་ཚད་སྔ་བཅུར་རིམ་པར་ཕྱིར་འཕགས་སོ། །རླུང་དཀྱིལ་གྱི་འོག་ཏུ་རྡོ་རྗེའི་ཁ་རྩེའི་དམྱལ་བ་ཡོད་ཅིང་། དམྱལ་བ་གཞན་བདུན་ནི་རླུང་མེ་ཆུའི་དཀྱིལ་འཁོར་གྱི་ཆ་ལ་གནས་པར་བཤད་དེ་མི་མཐུན་པ་ཡོད་དོ། །ས་དཀྱིལ་གྱི་ཕྱེད་གོང་གི་ཁོང་སེང་ནས་ལྷ་མིན་དང་ཕྱེད་མན་ན་ཀླུ་གནས་སོ། །ས་སྟེང་ན་མི་དང་བསིལ་རི་སོགས་ཀྱི་སྟེང་དུ་རིམ་པར་འདོད་ལྷ་དྲུག་དང་། དེའི་གོང་དུ་གཟུགས་དང་གཟུགས་མེད་ཀྱི་ལྷ་རྣམས་གནས་སོ། །བསིལ་རི་འདི་མངོན་པའི་ལུགས་ཀྱིས་མུ་ཁྱུད་འཛིན་རིའི་དོད་དོ། །ཉི་ཟླ་རྒྱུ་སྐར་རྣམས་བསིལ་རིའི་ཕྱི་རོལ་དཔག་ཚད་ཆིག་ཁྲི་ཉིས་སྟོང་ལྔ་བརྒྱ་ཚུན་ནས་ཁྱོན་དེ་ཙམ་ནམ་མཁར་གཡས་སྐོར་གྱིས་རྒྱུ་སྟེ། ཞིབ་པར་མི་འཆད་ཅིང་ཕལ་ཆེར་ནི་སྔར་ལྟར་རོ། །འོན་ཀྱང་འདི་བའི་ལུགས་ཀྱི་ཞག་གསུམ་གྱི་ཁྱད་པར་ཅུང་ཟད་བཤད་ན། མི་དཀྱུས་མ་ཞིག་གི་དབུགས་འབྱུང་འཇུག་གཉིས་གཅིག་ཏུ་བྱས་པ་ལ་དབུགས་གཅིག །དེ་དྲུག་ལོངས་པ་ལ་ཆུ་སྤང་གཅིག །དེ་དྲུག་ཅུར་ཆུ་ཚོད་གཅིག །དེ་དྲུག་ཅུ་ལོངས་པའི་ཚད་ལ་ཉིན་ཞག་གཅིག་ཏུ་འཇོག་ཅིང་། མདོར་ན་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་ཚད་ལ་ཉིན་ཞག་གཅིག་སྟེ། ངོ་བོ་ནི་ནམ་ལངས་ནས་ནམ་ལངས་ཀྱི་བར་ལ་འཇོག་གོ །ཟླ་བ་འཕེལ་འགྲིབ་བྱེད་པའི་དཀར་ནག་གི་ཆ་བཅོ་ལྔ་བཅོ་ལྔ་རེས་བཞག་པའི་ཆ་རེར་ཆུ་ཚོད་ང་དགུ། ཆུ་སྲང་གསུམ། དབུགས་ལྔ། རི་མཁའ་རིའི་ཆ་བཅུ་དྲུག་རེ་སྟེ་ཚེས་ཞག་གཅིག །ཉི་མས་གོ་ལའི་རྒྱུ་སྐར་གྱི་ཁྱིམ་བཅུ་གཉིས་གཡོན་སྐོར་དུ་བགྲོད་པའི་ཁྱིམ་རེར་ཁྱིམ་ཟླ་རེ་དང་། དེ་ལ་ཆ་སུམ་ཅུར་ཕྱེ་བའི་ཆ་རེར་ཆུ་ཚོད་དྲུག་ཅུ། ཆུ་སྲང་གཉིས། དབུགས་བཞི། རི་མཁའ་རིའི་ཆ་བརྒྱ་རེ་བརྒྱད། མདའ་རོའི་ཆ་ལྔ་བཅུ་རྣམས་བསྡོམས་པའི་ཡུན་ནི་ཁྱིམ་ཞག་གཅིག །དེ་སུམ་ཅུ་ལ་ཁྱིམ་ཟླ་གཅིག །དེ་དྲུག་ལ་བགྲོད་པ་རེ། བགྲོད་གཉིས་ལ་ཟླ་བ་བཅུ་གཉིས་ཏེ་བསྡོམས་པས་ཁྱིམ་ལོ་གཅིག་གོ ཁྱིམ་ལོ་དེ་ལ་ཉིན་ཞག་སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅུ་དྲུག །ཆུ་སྲང་བཅུ་བཞི། དབུགས་གཅིག །འདོད་ཆ་བཅུ་གཉིས། རི་མཁའ་རིའི་ཆ་བརྒྱ་ཉེར་གཅིག་དང་། ཚེས་ཞག་སུམ་བརྒྱ་དོན་གཅིག །ཆུ་ཚོད་བཞི། ཆུ་སྲང་སོ་དྲུག །དབུགས་ལྔ། འདོད་ཆ་བདུན་རྣམས་འབྱུང་ངོ་། །མངོན་པའི་ལུགས་ཀྱི་ཞག་གཅིག་ལ་སྐད་ཅིག་མ་ས་ཡ་གསུམ་དང་ཉིས་འབུམ་བཞི་ཁྲི་འབྱུང་བ་དེར་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱས་བགོས་ན་ཐོབ་ནོར་བརྒྱ་ལྔ་བཅུ་འབྱུང་ཡང་། དབུགས་གཅིག་གི་ཡུན་ལ་སྐད་ཅིག་མ་བརྒྱ་ལྔ་བཅུ་རྫོགས་ཤིན་ཏུ་དཀའ་བས་མངོན་པའི་ལུགས་དེ་རགས་རྩིས་སུ་གསལ་ཞིང་དོན་ནི་ཁྱིམ་ཞག་གཅིག་ལ་དགོངས་པར་མངོན་ཏེ། ཉིན་ཞག་ལ་ཚུལ་དེ་མི་བདེ་བར་ཤེས་སོ། ཁྱིམ་བཅུ་གཉིས་ཀྱི་རྒྱུ་སྐར་རྣམས་རླུང་འགྲོས་ཀྱི་གཡས་སྐོར་ཡིན་ཀྱང་། རང་འགྲོས་ནི་ཉི་མས་རྒྱུ་སྐར་ལ་གཡོན་སྐོར་དུ་ལོངས་སྤྱོད་པའི་སྒོ་ནས་བཞག་པ་སྟེ། རགས་རིམ་ཙམ་ཞིག་བདག་གིས་དུས་ཚིགས་ཀྱི་ཡིག་ཆ་ལོགས་སུ་བྲིས་ཡོད་པ་དེར་བཤད་ཟིན་པས་འདིར་དེ་ཙམ་མོ། །འོ་ན་རྣམ་གཞག་མི་འདྲ་བ་དེ་དག་འགལ་ལོ་ཞེ་ན། འདི་དག་གི་འགལ་སྤོང་གཞན་གྱིས་ཅི་རིགས་བཤད་ཅིང་ཁྱད་པར་དུ་མཁས་གྲུབ་རྗེས་དུས་འཁོར་ཊིཀ་ཆེན་སོགས་ལས་བཤད་པ་ལྟར་ཡིན་པས་རྒྱས་པར་འདིར་མི་བརྗོད་ཀྱང་། མཚོན་ཙམ་ནི་དེ་ལྟར་མི་འདྲ་བར་བཤད་ཀྱང་སྐྱོན་མེད་དེ། གདུལ་བྱ་མི་འདྲ་བའི་དབང་གིས་ཡིན་པའི་ཕྱིར་ཏེ། མངོན་པའི་ཆེད་དུ་བྱ་བའི་གདུལ་བྱའི་སྣང་ངོར་རང་གི་གཞུང་ནས་བཤད་པའི་རི་གླིང་སོགས་ཀྱི་རྣམ་པ་ཅན་དུ་སྣང་ལ། དུས་འཁོར་གྱི་གདུལ་བྱའི་ངོར་ཡང་རང་གི་ལུགས་ཀྱི་རི་གླིང་སོགས་ཀྱི་རྣམ་པར་སྣང་བ་འབྱུང་ཞིང་། དེ་ལས་གཞན་པའི་གདུལ་བྱ་ལའང་རིགས་འགྲེ་བའི་ཕྱིར། དཔེར་ན། ལས་ཅན་གྱི་ལྷ་མི་ཡི་དྭགས་གསུམ་གྱིས་བརླན་ཞིང་གཤེར་བ་ཕོར་པ་གང་ལ་བལྟས་པའི་ཚེ་བརླན་གཤེར་དེ་ཉིད་ལྷའི་ངོར་བདུད་རྩི་དང་། མིའི་ངོར་ཆུ་དང་། ཡི་དྭགས་ཀྱི་ངོར་རྣག་ཁྲ་ལྟ་བུར་སྣང་བ་འབྱུང་ཞིང་དེ་དངོས་གནས་པ་གསུམ་ཡང་གྲུབ་པ་བཞིན་ནོ། །དེ་ཡང་སེམས་ཅན་སྤྱི་མཐུན་དང་། སོ་སོའི་ལས་དང་སངས་རྒྱས་བྱང་སེམས་ཀྱི་འཕྲུལ་དང་སྨོན་ལམ་དང་མཐུ་བསམ་གྱིས་མི་ཁྱབ་པས་རང་རང་གི་ལུགས་གང་གཙོ་བོར་བྱེད་པ་དེ་དང་བསྟུན་ནས་ཁས་བླང་བར་བྱའི་འགལ་བར་མི་བསམ་སྟེ། ཇི་སྐད་དུ། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །ཞེས་པ་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞེས་སོགས་གསུངས་པ་ལྟར་རོ། །སྨྲས་པ། ཇི་ལྟར་ནམ་ཁའི་ཁམས་ཉིད་ལ། །མཐའ་དབུས་མེད་པ་ཇི་བཞིན་དུ། །སེམས་ཅན་རྣམས་དང་སངས་རྒྱས་ཀྱི། །གྲངས་ཀྱང་ཕ་མཐའི་ཚད་དང་བྲལ། །སེམས་ཅན་ལས་སམ་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་སྨོན་ལམ་མཐུས། །སྣོད་བཅུད་བཀོད་པ་སྣ་ཚོགས་ཞིག །སྒྱུ་མ་མིག་འཕྲུལ་ལྟ་བུར་སྣང་། །དེ་ཡི་རྣམ་གཞག་མདོ་ཉིད་དང་། །བསྟན་བཅོས་དག་ལས་མང་བཤད་ཀྱང་། །འདིར་ནི་དེ་ལས་སྙིང་པོ་ཙམ། །བསྡུས་ནས་མཁས་པའི་དགོངས་བཞིན་སྨྲས། །དེ་ཡང་ལེགས་བཤད་དོན་གཉེར་བའི། །བློ་ལྡན་འགའ་ཡི་དོན་ཕྱིར་ཏེ། །དགེ་ཀུན་གཞན་ལ་ཕན་ཆེད་དང་། །སངས་རྒྱས་ཐོབ་པའི་རྒྱུར་བསྔོའོ། །ཅེས་སྣོད་བཅུད་ཀྱི་རྣམ་གཞག་ཅུང་ཟད་བསྟན་པ་འདི་ནི། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྔར་རང་གིས་བྱས་པའི་མཛོད་ཀྱི་ཊཱིཀྐ་ནས་ལོགས་སུ་ཕྱུང་སྟེ་མཇུག་ཏུ་བསྣོན་མ་ཅུང་ཟད་དང་བཅས་ཅོ་ནེ་དགོན་ཉིད་དུ་སྦྱར་བའོ། །མངྒལཾ་བྷ་ཝཱནྟུ། དགེའོ།། །།

མདོ་རྒྱུད་ཟབ་མོའི་གནད་དོན་འཁོར་བའི་འཇུག་རིམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་བཤད་པ་དོན་གྱི་སྙིང་པོ་གསལ་བ།

མདོ་རྒྱུད་ཟབ་མོའི་གནད་དོན་འཁོར་བའི་འཇུག་རིམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་བཤད་པ་དོན་གྱི་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོཥཱ་ཡ། ལྷ་མིའི་འདྲེན་མཆོག་ཐུབ་དབང་རྡོ་རྗེ་འཆང་། །བྱམས་བརྩེའི་བདག་ཉིད་མི་ཕམ་འཇམ་པའི་དབྱངས། །ཤིང་རྟ་ཆེ་སོགས་འཛམ་གླིང་རྒྱན་རྣམས་དང་། །རྒྱལ་བ་གཉིས་པ་བརྒྱུད་པར་བཅས་ལ་འདུད། །གསུང་རབ་ཀུན་གྱི་བརྗོད་བྱའི་སྙིང་པོའི་དོན། །འཁོར་འདས་གཉིས་ཀྱི་རྣམ་གཞག་ཆེས་མང་ཡང་། །འདིར་ནི་འཁོར་བའི་འཇུག་རིམ་མདོར་བསྡུས་ཞིག །བློ་ལྡན་འགའ་ལ་ཕན་ཕྱིར་བཤད་པར་བྱ། །འདི་ལ་གསུམ། འཁོར་བ་ངོས་བཟུང་བ་དང་། འཁོར་བའི་འཇུག་རིམ་ཉིད་བཤད་པ་དང་། དེ་ལྟར་ཤེས་པའི་དགོས་པའོ། །དང་པོ་ནི། ཁ་ཅིག །རྣམ་འགྲེལ་ལས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་གསུངས་པ་ལ་བརྟེན་ནས་འཁོར་བ་པའི་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འཁོར་བར་འདོད་ལ། ཁ་ཅིག །མགོན་པོ་ཀླུ་སྒྲུབ་ཀྱིས་རིན་ཆེན་འཕྲེང་བ་ལས། ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་གསུངས་པ་ལ་བརྟེན་ནས། །ལས་ཉོན་གྱི་དབང་གིས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཁོར་བ་ནི་འཁོར་བའོ་ཞེས་བཞེད་ཅིང་། གཞན་དག །ལས་ཉོན་གྱི་དབང་གིས་ཡང་སྲིད་དུ་ཉིང་མཚམས་སྦྱར་བ་དང་སྦྱོར་བའི་ཆའམ་བཅིངས་པའི་ཆ་ཁྱད་པར་བ་ཞིག་འཁོར་བར་བཞེད་དེ། དེ་ཡང་ལམ་རིམ་ཆེན་མོ་ལས། སྐྱེ་གནས་ཀྱི་སྒོ་ནས་མངལ་ལ་སོགས་པ་བཞིར་ཕུང་པོ་ཉིད་མཚམས་སྦྱར་བ་ནི་བཅིངས་པའི་ངོ་བོ་ཡིན་པས་དེ་ལས་གྲོལ་བ་ནི་ཐར་བའོ། །ཞེས་དང་། སྔགས་རིམ་ཆེན་མོ་ལས་ཁྱབ། བདག་ཏུ་འཛིན་པའི་ཀུན་འབྱུང་ལས་སྡུག་བསྔལ་གྱི་ཕུང་པོ་ཉིད་མཚམས་སྦྱོར་བའི་འཁོར་བ་དང་། ཞེས་འཁོར་འདས་ངོས་བཟུང་བ་ལྟར་འདོད་དེ་རང་ལུགས་ཀྱང་དེ་ལྟར་རོ། །གཉིས་པ་ལ་གསུམ། འཇུག་རིམ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་དང་འཕྲོས་དོན་ནོ། །དང་པོ་ལ་གཉིས། འཁོར་བའི་རྩ་བ་ངོས་བཟུང་ནས་དེའི་དབང་གིས་འཁོར་བར་འཁོར་ཚུལ་དང་། འཇུག་རིམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ཡོད་དེ། རང་ཅག་སོ་སྐྱེའི་རྒྱུད་ཀྱི་ངའོ་སྙམ་པ་དང་ང་ཡིའོ་སྙམ་དུ་ཡུལ་རང་བཞིན་གྱིས་སྟོང་པའི་ཆོས་ཞིག་ལ་རང་ངོས་ནས་གྲུབ་པར་འཛིན་པའི་འཇིག་རྟེན་ལྟ་འམ་མ་རིག་པ་དེ་ཉིད་འཁོར་བའི་རྩ་བ་ཡིན་ཞིང་། དེའི་དབང་གིས་ལས་དཀར་ནག་གཉིས་བསགས་ཏེ། ལས་དེའི་དབང་གིས་བདེ་འགྲོ་དང་ངན་འགྲོའི་འཁོར་བར་འཁོར་བ་ཡིན་པའི་ཕྱིར་ཏེ། བརྒྱད་སྟོང་པ་ལས། རབ་འབྱོར་འདི་ཅི་སྙམ་དུ་སེམས། སེམས་ཅན་རྣམས་ཡུན་རིང་པོ་ནས་ང་འཛིན་པ་དང་ང་ཡིར་འཛིན་པ་ལ་སྤྱོད་དམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། སེམས་ཅན་རྣམས་ཡུན་རིང་པོ་ནས་ངར་འཛིན་པ་དང་ངར་ཡི་འཛིན་པ་ལ་སྤྱོད་དོ། །བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས། ངར་འཛིན་དང་ང་ཡིར་འཛིན་པ་སྟོང་པ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས་སྟོང་པ་ལགས་སོ། །བདེ་བར་གཤེགས་པ་སྟོང་པ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས། ངར་འཛིན་པ་ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བ་འཁོར་རམ། གསོལ་བ། བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། ངར་འཛིན་དང་ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བར་འཁོར་རོ། །ཞེས་དང་། མདོ་སྡུད་པ་ལས་ཀྱང་། སེམས་ཅན་ཡོངས་སུ་རྟོགས་པ་ཟས་ལ་འདོད་བྱེད་ཅིང་། །འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །བདག་དང་བདག་གི་ཆོས་གཉིས་ཡང་དག་མིན་སྟོང་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མ དུད་པ་བོར། །དཔེར་ན་དོགས་པའི་འདུས་ཤེས་ཀྱིས་ནི་དུག་ལངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མིན་རྟོག་སྐྱེ་ཞིང་འཇིག །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན་དང་བདག་གིས་མི་དམིགས་རྣམ་པར་བྱང་བར་གསུངས། ཞེས། བདག་ཏུ་འཛིན་པའི་དབང་གིས་འཁོར་བར་འཁོར་བ་དང་། བདག་མེད་རྟོགས་པས་འཁོར་བ་ལས་གྲོལ་བར་བསྟན་ཤིང་། དེའི་དོན་འཆད་པ་ན་མགོན་པོ་ཀླུ་སྒྲུབ་ཀྱིས། གལ་ཏེ་འདི་ཀུན་སྟོང་པ་དང་། །སྐྱེ་མེད་ངོ་བོ་མེད་ཡིན་ན། །བདེ་དང་སྡུག་བསྔལ་སོགས་འཇུག་འདིར། །ཇི་ལྟར་ལས་ཀྱིས་འཁོར་བར་འགྱུར། །ཞེས་ལས་ཉོན་སོགས་རང་བཞིན་གྱིས་མེད་ན། དེའི་དབང་ཇི་ལྟར་སེམས་ཅན་འཁོར་བར་འཁོར་ཞེས་དོགས་པ་བཀོད་ནས། དེའི་ལན་དུ། བདག་ཏུ་རློམ་པ་གྱུར་མ་ཐག །འདོད་ཆགས་ལ་སོགས་དྲི་མ་ཡིས། །བརྟགས་པས་གཞན་གྱིས་དབང་གྱུར་པས། །འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མའི་རྣམ་པར་ཡང་དག་འབྱུང་། །དེ་ལས་དགེ་དང་མི་དགེའི་ལས། །དེ་ལས་བདེ་འགྲོ་ངན་འགྲོར་སྐྱེ། །ཞེས་ལས་ཉོན་སོགས་རང་བཞིན་གྱིས་མེད་ཀྱང་། བདག་མེད་པ་ལ་བདག་ཏུ་འཛིན་པའི་མ་རིག་པའི་དབང་གིས་སེམས་ཀྱི་སྟེང་དུ་ལས་དཀར་ནག་གཉིས་སྒྱུ་མ་བཞིན་དུ་བསགས་ནས། ལས་དེའི་དབང་གིས་བདེ་འགྲོ་དང་ངན་འགྲོའི་འཁོར་བར་ཡང་སྒྱུ་མ་བཞིན་དུ་འཁོར་བར་བཤད་པ་དང་། མགོན་པོས་རིན་ཆེན་འཕྲེང་བར་ཡང་། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། ངར་འཛིན་ཡོད་ན་ཡང་ལས་སྟེ། དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་ངར་འཛིན་མ་རིག་པའི་དབང་གིས་ལས་བསགས། དེའི་དབང་གིས་འཁོར་བར་སྐྱེ་བར་བསྟན་པ་ལྟར་དང་། ཡང་མགོན་པོས་སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་པ་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་དངོས་པོ་རྣམས་བདེན་པར་འཛིན་པའི་མ་རིག་པ་ལས་རྟེན་འབྲེལ་ཡན་ལག་བཅུ་གཉིས་འབྱུང་བར་གསུངས་པ་དང་། འཕགས་པ་ལྷས་ཀྱང་། དེ་ལྟར་སེམས་ཅན་དགེ་བའི་བཤེས་གཉེན་དང་བྲལ་བས་རང་གི་སེམས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་མ་རྟོགས་པར་ངར་འཛིན་པ་དང་ང་ཡིར་འཛིན་པ་དང་གསོ་བ་དང་གསོག་ལ་བརྟེན་ནས་དགེ་བ་དང་མི་དགེ་བ་ལ་སོགས་བརྟགས་པས་འཁོར་བ་ཐོག་མ་མེད་པ་ནས་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ། །ཞེས་དང་། དཔལ་ལྡན་ཟླ་བས་ཀྱང་། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། ལྟ་ལས་བྱུང་། ཞེས་དང་། རྗེ་ཉིད་ཀྱིས་ཀྱང་། འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །ཞེས་མ་རིག་པ་འཁོར་བའི་རྩ་བར་བསྟན་པ་ལྟར་ཡིན་པའི་ཕྱིར། དེ་ལྟར་འཁོར་བའི་རྩ་བ་ཉོན་མོངས་ཡིན་ཀྱང་། གཙོ་བོ་ནི་དེས་བསགས་པའི་ལས་དགེ་སྡིག་གི་དབང་གིས་འཁོར་བར་འཁོར་བ་ཡིན་ཏེ། དེ་ཡང་འཁོར་བའི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་སེམས་ཀྱིི་སེམས་དང་འབྲེལ་བའི་ལས་ཀྱི་ཐུན་མོང་བའི་བདག་པོའི་འབྲས་བུ་ཡིན་ལ། སེམས་ཅན་ཀྱི་སྐྱེ་བ་དང་ཕུང་པོ་ལྔ་ལྡོག་ནས་སེམས་ཅན་རང་རང་གི་ལས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར་ཏེ། མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ལས་ནི་སེམས་པ་དང་དེས་བྱས། །ཞེས་དང་། དཔལ་ལྡན་ཟླ་བས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་དུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །ཞེས་དང་། རྗེས་དེའི་ཐད་ཀྱི་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་ལས་ཀྱང་། སེམས་ཅན་གྱི་འཇིག་རྟེན་ནི་རང་གི་སེམས་ཀྱིས་བསགས་པའི་ལས་དང་ཉོན་མོངས་པས་བདག་གི་དངོས་པོ་རྙེད་པ་ཡིན་ལ། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་པ་ནི་སེམས་ཅན་དེ་དག་ཁོ་ནའི་སེམས་ཉིད་ཀྱིས་བསགས་པའི་ཐུན་མོང་བའི་ལས་ཀྱིས་འགོད་པ་སྟེ་བསྐྱེད་དེ། རླུང་གི་དཀྱིལ་འཁོར་ནས་འོག་མིན་གྱི་སྣོད་ཀྱི་མཐར་ཐུག་པའོ། །དེ་ལ་རྨ་བྱ་ལ་སོགས་པའི་མདོངས་ལ་སོགས་པ་སྣ་ཚོགས་པ་ནི། སེམས་ཅན་དེ་རྣམས་ཁོ་ནའི་ལས་ཐུན་མོང་མ་ཡིན་པས་བསྐྱེད་པའོ། །པདྨ་ལ་སོགས་པའི་འདབ་མ་དང་ཁ་དོག་སྣ་ཚོགས་པ་ནི། སེམས་ཅན་གྱི་ཐུན་མོང་གི་ལས་ཀྱིས་བསྐྱེད་པའོ། །དེ་བཞིན་དུ་གཞན་ལ་འང་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གཉིས། འཁོར་ཚུལ་བཤད་པ་དང་། འཆི་རིམ་སོགས་བཤད་པའོ། །དང་པོ་ནི། འཁོར་བའི་སེམས་ཅན་རྣམས་འཁོར་བར་ཇི་ལྟར་འཁོར་བའི་ཚུལ་ཡོད་དེ། རིན་ཆེན་འཕྲེང་བ་ལས། ལམ་གསུམ་ཐོག་མཐའ་དབུས་མེད་པར། འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །ཞེས་སོགས་དང་དབུ་མ་འཇུག་ལས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། བདག་གིས་འདི་ཞེས་དངོས་ལ་ཆགས་བསྐྱེད་པས། ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །ཞེས་སོགས་གསུངས་པ་ལྟར་འཁོར་བ་ཡིན་པའི་ཕྱིར། དེ་ཡང་དཔེ་དང་ཆོས་མཐུན་སྦྱོར་ཚུལ་ཡོད་དེ། ཟོ་ཆུན་གྱི་འཁྲུལ་འཁོར་དང་ཆོས་མཐུན་རྣམ་པ་དྲུག་ཏུ་སྦྱོར་བའི་ཚུལ་ལྟར་འཁོར་བ་ཡིན་པའི་ཕྱིར་ཏེ། ཟོ་ཆུན་གྱི་འཁྲུལ་འཁོར་དེ་ལ་ཐག་པས་བསྡམས་པ་ལ་སོགས་པའི་ཁྱད་པར་གྱི་ཆོས་དྲུག་ཡོད་པ་དེ་བཞིན་དུ། འཁོར་བ་པོ་ལས་ཉོན་གྱི་ཐག་པས་བསྡམས་པ་དང་། རྣམ་ཤེས་བསྐྱེད་པས་འཁོར་བ་དང་། སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་འཁོར་བ་དང་། ངན་འགྲོའི་རྒྱུ་གསོགས་ལ་ཞིང་བདེ་འགྲོའི་རྒྱུ་གསོག་དཀའ་བ་དང་། སྔ་ཕྱི་བར་འཚམས་མེད་པར་འཁོར་བ་དང་། སྡུག་བསྔལ་གསུམ་གྱིས་གདུང་བར་བྱེད་པའི་ཚུལ་གྱིས་འཁོར་བའི་ཕྱིར། དེ་ལྟར་ན་འདིར་འགྱུར་ཏེ། གང་འཁོར་ན་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་འཁོར་གང་གིས་འཁོར་དུ་བཅུག་ན་རང་གི་སེམས་མ་དུལ་བ་འདིས་སོ། །གནས་གང་དུ་འཁོར་ན་སྲིད་རྩེ་ནས་མནར་མེད་ཀྱི་བར་དུའོ། །ཚུལ་ཇི་ལྟར་དུ་འཁོར་ན་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་དེ་མི་འཁོར་བའི་སྐབས་མེད་པའི་ཚུལ་གྱིས་སོ། །རྐྱེན་གང་གིས་འཁོར་ན་ལས་དང་ཉོན་མོངས་པའི་དབང་གིས་ཏེ། དེ་ཡང་མི་དགེ་བའི་ལས་དང་ཉོན་མོངས་ཀྱི་དབང་གིས་ངན་འགྲོ་དང་། དགེ་བའི་ལས་དང་ཉོན་མོངས་ཀྱི་དབང་གིས་བདེ་འགྲོར་འཁོར་བ་ཡིན་པའི་ཕྱིར། དེའི་ཚུལ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་ཡིན་པའི་ཕྱིར་ཏེ། མི་དགེ་བའི་ལས་དང་འབྲེལ་བའི་ཡན་ལག་བཅུ་གཉིས་ཀྱིས་ངན་འགྲོ་དང་། དགེ་བའི་ལས་དང་འབྲེལ་བའི་ཡན་ལག་བཅུ་གཉིས་ཀྱིས་བདེ་འགྲོར་འཁོར་བ་ཡིན་པའི་ཕྱིར་ཏེ། མ་རིག་པས་ཀུན་ནས་བསླངས་ཏེ་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཞིག་དང་རྣམ་ཤེས་ཀྱི་སྟེང་དུ་ལས་དཀར་ནག་གི་བག་ཆགས་བཞག །ལས་དེ་ལ་སྲེད་ལེན་གཉིས་ཀྱིས་གསོས་བཏབ། སྲིད་ལས་ནུས་པ་མཐུ་ཅན་དུ་སོང་སྟེ། མིང་གཟུགས་ནས་རྒ་ཤིའི་བར་འགྱུར་བའི་ཚུལ་གྱིས་འཁོར་བའི་ཕྱིར། རྟེན་འབྲེལ་ཚར་གཅིག་གི་དབང་དུ་བྱས་ན་མ་རིག་པ་ནས་རྒ་ཤིའི་བར་གོ་རིམ་སྔར་བཤད་པ་ལྟར་ཡིན་ཀྱང་སྤྱིར་གོ་རིམ་དེ་ཁོ་ན་ལྟར་མ་ངེས་ཏེ། ཉོན་མོངས་གསུམ་ལས་ལས་གཉིས་དང་དེ་ལས་སྡུག་བསྔལ་བདུན་དང་། བདུན་ལས་ཀྱང་ཉོན་མོངས་གསུམ་དང་དེ་ལས་ལས་གཉིས་འབྱུང་བའི་ཚུལ་གྱིས་འཁོར་བའི་ཕྱིར་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། གསུམ་པོ་དག་ལས་གཉིས་འབྱུང་ཞིང་གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་ལྔ། འཆི་རྐྱེན། འཆི་སེམས། དྲོད་སྡུད་ཚུལ། བར་དོ་འགྲུབ་ལུགས། སྐྱེ་བ་ལེན་ཚུལ་ལོ། །དང་པོ་ནི། འཆི་བའི་རྐྱེན་དེ་ལ་མང་དུ་ཡོད་དེ། ཚེ་ཟད་ནས་འཆི་བ། །ཚེ་མ་ཟད་ཀྱང་བསོད་ནམས་ཟད་ནས་འཆི་བ། ཟས་མ་འཕྲོད་པས་འཆི་བ། ནད་སྣ་ཚོགས་དང་། གདོན་སྣ་ཚོགས་ཀྱིས་འཆི་བ། རྒྱལ་པོའི་ཆད་པ་དང་། གཅན་གཟན་དང་། ཕ་རོལ་གྱི་དགྲ་དང་། མཚོན་ལ་སོགས་པས་འཆི་བ་སྟེ་དུས་དང་དུས་ཡིན་གྱི་འཆི་བའི་རྐྱེན་དུ་མ་བཤད་པ་ལྟར་ཡོད་པའི་ཕྱིར། ཡང་འདོད་པའི་མི་ལྟ་བུའི་དབང་དུ་བྱས་ཀྱི་གཞན་ལ་མ་ངེས་ཏེ། གཟུགས་ཁམས་དང་གཟུགས་མེད་ཁམས་པའི་ལྷ་ལ་ནི་ཚེ་དང་བསོད་ནམས་ཟད་ནས་འཆི་བ་ཡོད་ཀྱི། ནད་གདོན་མཚོན་ལ་སོགས་པའི་རྐྱེན་གྱིས་འཆི་བ་མེད་པའི་ཕྱིར་རོ། །གཉིས་པ་སྤྱིར་འཆི་སེམས་དེ་ལ་གསུམ་ཡོད་དེ། དད་སོགས་ཀྱི་དགེ་སེམས་དྲན་བཞིན་པར་འཆི་བ་དང་། སྡིག་སེམས་ཁོང་ཁྲོ་སོགས་དང་བཅས་བཞིན་དུ་འཆི་བ་དང་། དགེ་མི་དགེ་བའི་སེམས་མངོན་འགྱུར་བ་མེད་པར་ལུང་མ་བསྟན་གྱིས་འཆི་བ་དང་གསུམ་ཡོད་པའི་ཕྱིར། དགེ་མི་དགེ་བའི་སེམས་ནི་འདུ་ཤེས་རགས་པ་རྒྱུ་བའི་བར་ཡོད་ཀྱི། འདུ་ཤེས་ཕྲ་མོ་རྒྱུ་བའི་འཆི་མེད་དེ་དེའི་དུས་སུ་དེ་གཉིས་ལྡོག་ནས་ལུང་མ་བསྟན་གྱི་སེམས་སུ་འགྱུར་བའི་ཕྱིར། གསུམ་པ་དྲོད་སྡུད་ཚུལ་ཡོད་དེ། མི་དགེ་བ་བྱེད་བྱེད་པ་ནི་ཐོག་མར་ལུས་ཀྱི་སྟོད་ནས་དྲོད་སྡུད་ལ། དགེ་བ་བྱེད་བྱེད་པ་ནི་ཐོག་མར་ལུས་ཀྱི་སྨད་ནས་དྲོད་སྡུད་ཅིང་། གཉིས་ཀའང་སྙིང་གའི་བར་དུ་སྡུད་པར་འདྲ་ཡང་། གློ་བུར་དུ་འཆི་བ་དང་། ལ་ལ་དྲོད་གྲང་གིས་ཀྱང་ལེགས་པར་བརྟགས་དགོས་པར་སྣང་བའི་ཕྱིར་རོ། །དྲོད་སྙིང་ཀར་བསྡུས་ཏེ་མཐར་རྣམ་ཤེས་སྙིང་ག་ནས་འཐོན་དགོས་པ་ཡིན་ཏེ། མངལ་དུ་རྣམ་ཤེས་འཇུག་པ་ན་ཐོག་མར་སྙིང་ག་འཆགས་པའི་ཕྱོགས་ནས་འཇུག་པ་ཡིན་པའི་ཕྱིར། རྣམ་ཤེས་ཐོག་མར་སྙིང་ག་ནས་འཕོ་ཡང་དེ་ནས་སྤྱི་བོ་དང་ལྟེ་བ་དང་འོག་སྒོ་སོགས་གང་རུང་ནས་འཐོན་འགྲོ་བ་ཡིན་ཏེ། ཇི་སྐད་དུ། བཤང་ལམ་དམྱལ་བ་ཡི་དྭགས་ཁ། །ཆུ་ལམ་དུད་འགྲོ་མིག་ནས་མི། །ལྟེ་བར་འདོད་ལྷ་རྣར་གནོད་སྦྱིན། །སྨིག་དབུས་གཟུགས་ཁམས་སྤྱི་བོར་གཟུགས་མེད། །ཞེས་གསུངས་པ་ལྟར་རམ། ཡང་སྨིན་མཚམས་གཟུགས་མེད་རྣ་བ་འདོད་ཁམས་ཏེ། །མི་གནས་གཟུགས་ཁམས་སྣ་བུག་གཡོན་པར་མི། །གཡས་པར་ལྷ་མིན་ཁ་ནས་ཤ་ཟ་སྲིན། །ལྟེ་བར་ཡི་དྭགས་ཆུ་ལམ་དུད་འགྲོ་སྟེ། །འོག་སྒོར་དམྱལ་བ་དེ་དག་གནས་སུ་སྐྱེ། །ཞེས་འབྱུང་བ་ལྟར་སྒོ་དེ་རྣམས་ནས་རྣམ་ཤེས་ཕྱིར་འཐོན་ནས་འགྲོ་བ་དེ་རྣམས་སུ་སྐྱེ་བར་མ་ངེས་ཀྱང་སྐྱེ་སྲིད་པར་བཤད་པ་བཞིན་ཡིན་པའི་ཕྱིར། རྣམ་ཤེས་འཕོ་ཞེས་པ་ནི་རྒྱལ་པོ་འཁོར་བཅས་འགྲོ་བ་ན་རྒྱལ་པོ་འགྲོ་ཞེས་བརྗོད་པ་ལྟར། གཙོ་བོའི་དབང་དུ་བྱས་ཀྱི། རྣམ་ཤེས་ཁོ་ན་འཕོ་བ་ནི་མིན་ཏེ། དེའི་གྲོགས་སུ་ཚོར་བ་བཏང་སྙོམས་དང་འདུ་ཤེས་ཕྲ་མོ་དང་འདུ་བྱེད་དང་རེག་པ་རྣམས་ཀྱང་འོང་ཞིང་། དེ་དག་ལ་བཏགས་པའི་ང་ཙམ་ཞིག་ཀྱང་ཡོད་པའི་ཕྱིར། སྤྱིར་འཆི་བ་ལ་རིམ་གྱིས་འཆི་བ་དང་ཅིག་ཅར་འཆི་བ་གཉིས་ཡོད་དེ། འདོད་ཁམས་པའི་མི་རྣམས་ཕལ་ཆེར་འབྱུང་བ་རིམ་གྱིས་བསྡུས་ནས་འཆི་ལ། ལྷ་དང་དམྱལ་བ་ལ་སོགས་པ་བརྫུས་སྐྱེས་རྣམས་དབང་པོ་རྣམས་ཅིག་ཅར་དུ་འགགས་ནས་འཆི་བའི་ཕྱིར། འདོད་ཁམས་ཀྱི་མི་ལའང་འབྱུང་བའི་ཐིམ་རིམ་བྱེད་དབང་མེད་པར་འཆི་བ་ཡོད་དེ། གདོན་དང་མཚོན་དང་གཡང་དུ་ལྷུང་བ་དང་རི་བྲག་ཉིལ་བ་ལ་སོགས་པས་སྲོག་དབང་འགགས་ནས་ཅིག་ཅར་དུ་འཆི་བ་ཡོད་པའི་ཕྱིར། སྲོག་དབང་འགགས་ན་དེ་ལ་བརྟན་པའི་དབང་པོ་གཞན་གྱི་ནུས་པ་ཡང་འགག་བར་འགྱུར་ཏེ། སྡུད་པ་ལས། དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་གཞན། །གང་དག་ཇི་སྙེད་ཡོད་པ་ཐམས་ཅད་འགག་པར་འགྱུར། །ཞེས་གསུངས་པའི་ཕྱིར། བཞི་པ་བར་དོ་འགྲུབ་ཚུལ་ནི། པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱི་ལུགས་ལ། རྣམ་ཤེས་ཕྱིར་ཐོན་མ་ཐག་ཏུ་བར་དོ་གྲུབ་པ་ཡིན་ལ། མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་ཀྱིས་ནི་བར་དོ་ཐོག་མར་སྙིང་ཁར་གྲུབ་པར་འདོད་ཅིང་། པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་ནི་སྒྱུ་ལུས་ལ་ཕྱི་ལྡང་ནང་ལྡང་གཉིས་ཀ་ཡོད་པར་བཞེད་པ་ལྟར་ན་བར་དོ་ཡང་དེ་དང་འདྲའོ། །བར་དོའི་ངོ་བོ་ནི། ལུས་ལ་ཤ་ཁྲག་སོགས་མེད་པའི་རླུང་གི་ལུས་ཅན། དབང་པོ་ཀུན་ཚང་བ། ཟས་སུ་དྲི་ཟ་བ། གང་དུ་སྐྱེ་འགྱུར་གྱི་འགྲོ་བ་དེའི་ལུས་ཀྱི་དབྱིབས་ཅན། བོང་ཚོད་ལ་འཛམ་བུའི་གླིང་བའི་མིའི་བར་དོ་ནི་བྱིས་པ་ལོ་ལྔའམ་དྲུག་ལོན་པ་ལྟ་བུ་སྟེ། གླིང་གཞན་གྱི་བར་སྲིད་ནི་དེ་ལས་ཆེ་བར་ཤེས་སོ། །དམྱལ་བའི་བར་དོ་ནི་སྡོང་དུ མ་མེས་ཚིག་པ་ལྟ་བུ། ཡི་དྭགས་ཀྱི་བར་དོ་ཆུ་ལྟ་བུ། དུད་འགྲོའི་བར་དོ་དུ་བ་ལྟ་བུ། འདོད་པའི་ལྷ་མིའི་བར་དོ་གསེར་ལྟ་བུ། གཟུགས་ཁམས་པའི་བར་དོ་དཀར་པོར་བཤད་ཅིང་། གཟུགས་མེད་དུ་སྐྱེ་ན་ནི་བར་དོ་མེད་དེ། གང་དུ་ཤི་བ་དེར་མིང་བཞིའི་ཕུང་པོ་ཙམ་ལས་འགྲུབ་པས་སོ། །ལྷའི་བར་དོ་དང་། མིའི་བར་དོས་ལྷ་དང་མིའི་བར་དོ་བ་མཐོང་གི །རིགས་མི་མཐུན་པའི་བར་དོ་མི་མཐོང་ངོ་། །འོན་ཀྱང་གོང་མའི་བར་དོས་འོག་མའི་བར་དོ་མཐོང་བར་འདོད་པའང་ཡོད། བར་དོ་བ་དབང་པོ་ཀུན་ཚང་བར་བཤད་པ་ལ་ཁ་ཅིག་སྐྱེས་ཙམ་ནས་ཡོང་བའི་བར་དོ་སོགས་དབང་པོ་མ་ཚང་ཞེས་ཟེར་ཏེ་བརྟག་ཅིང་། དེར་མ་ཟད། སྲིན་བུའི་བར་དོ་ལྟ་བུ་ཇི་ལྟར་ཡིན་དཔྱད་དགོས་ལ། དངོས་པོའི་གནས་ཚོད་དང་། མཐོང་སྣང་གཉིས་ཀྱི་ཁྱད་པར་ཡང་ཕྱེད་དགོས་སོ། །ཚེ་ཚད་ནི་ཞག་བདུན་རེ་ཡིན་ལ། སྐྱེ་བའི་རྐྱེེན་མ་རྙེད་ན་བར་དོ་དེ་ཉིད་དུ་སྐྱེ་ལ། དེ་ཡང་བདུན་ཕྲག་བདུན་ཚུན་ཆད་གནས་སྲིད་ཀྱི། དེ་ཕན་ཆད་གནས་མི་སྲིད་པས་སྐྱེ་གནས་བཞི་པོ་གང་རུང་དུ་ཉིང་འཚམས་སྦྱོར་དགོས་སོ། །སྐྱེ་བའི་རྐྱེན་རྙེེད་ན་སྐྱེ་གནས་སུ་འགྲོ་སྟེ། གལ་ཏེ་ཁྱིར་སྐྱེ་བ་ཞིག་ཡིན་ན། རྐྱེན་མ་ཚོགས་ན་དོམ་དུ་སྐྱེ་བ་ཡང་ཡོད་དོ། །མཛོད་ལས། མི་ལྡོག་དེ་ནི་དྲི་ཟའོ། །ཞེས་ལྷའི་བར་དོར་སྐྱེས་ན་མིར་མི་འགྱུར་བར་བཤད་ཀྱང་། ཀུན་བཏུས་ལས། ཅི་སྟེ་ན་ལྡོག་གོ །ཞེས་བར་སྲིད་འགྱུར་བར་བཤད་པས་རང་ལུགས་ཕྱི་མ་ལྟར་ཏེ། རིམ་ལྔ་གས ལ་སྒྲོན་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར་རོ། །ལྔ་པ་སྐྱེ་བ་ལེན་ཚུལ་ནི། མངལ་དུ་སྐྱེ་ན་ནི། བར་སྲིད་པ་དེས་རང་དང་རིས་མཐུན་པའི་སེམས་ཅན་མཐོང་སྟེ་རྩེ་བ་བྱ་འདོད་ནས་སྐྱེ་གནས་སུ་འགྲོ་བར་འགྱུར་ལ། དེ་ཡང་ཕ་མའི་ཁུ་ཁྲག་ལ་འཁྲུལ་ནས་ཕ་མ་ཉལ་པོ་བྱེད་པ་སྒྱུ་མ་བཞིན་དུ་མཐོང་སྟེ། དེ་ལ་ཆགས་པར་འགྱུར་ལ། མོར་སྐྱེ་བུད་མེད་དང་འབྲལ་བར་འདོད་ཅིང་སྐྱེས་པ་ལ་ཆགས་ཏེ་ཉལ་བར་འདོད། ཕོར་སྐྱེ་ན་ལྡོག་སྟེ་སྐྱེས་པ་དང་འབྲལ་འདོད་ཅིང་བུད་མེད་ལ་ཆགས་ཏེ་ཉལ་བར་འདོད་དོ། །དེའི་ཚེ་དེར་ཇི་ལྟ་ཇི་ལྟར་ཉེ་བར་ཕྱོགས་པ་དེ་ལྟ་དེ་ལྟར་སྐྱེས་པ་དང་བུད་མེད་དེ་ཉིད་མ་མཐོང་བར་དེའི་ཕོ་མོའི་དབང་པོ་ཙམ་ཞིག་མཐོང་བར་འགྱུར་རོ། །དེ་ནས་དེ་ལ་ཁྲོས་ཏེ་མི་འདོད་པ་སྐྱེས་པའི་རྐྱེན་གྱིས་བར་དོ་བ་དེ་ཤི་འཕོས་ནས་མངལ་དུ་སྐྱེ་བ་འཛིན་པར་འགྱུར་ཏེ། མཛོད་ལས། བློ་ནི་ཕྱིན་ཅིག་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ །ཞེས་གསུངས། བར་སྲིད་འགགས་ནས་ཕ་མའི་ཁུ་ཁྲག་འདྲེས་པའི་དབུས་སུ་ཉིང་འཚམས་སྦྱོར་ཞིང་། དེའི་ཚེ་ཐོག་མར་མིང་གཞིའི་ཕུང་པོ་འགྲུབ་ལ། དེ་ནས་སྐྱེ་མཆེད་སོགས་རིམ་གྱིས་འགྲུབ་པར་འགྱུར་ཏེ། དེའི་ཚུལ་དགའ་བོ་མངའ་འཇུག་ལས་རྒྱས་པར་གསུངས་པའི་དོན་བདག་གིས་གཞན་དུ་བྲིས་ཟིན་པས་འདིར་མི་འཆད་ལ། རླུང་སྐྱེ་ཚུལ་ནི་འོག་ཏུ་འཆད་པར་འགྱུར་རོ། །མངལ་སྐྱེས་སྐྱེ་རིམ་ལྟར་སྒོང་སྐྱེས་དང་དྲོད་སྐྱེས་ཕྱོགས་ཙམ་འདྲ་ལ། བརྫུས་སྐྱེས་ནི་དབང་པོ་ལྔ་ཅིག་ཅར་དུ་སྐྱེ་བ་ཡིན་ཏེ། མཛོད་རང་འགྲེལ་ལས། བརྫུས་ཏེ་སྐྱེ་བ་ཐམས་ཅད་ནི་དབང་པོ་རྣམས་ཚང་བར་སྐྱེ་ཞིང་འཆིའོ། །ཞེས་གསུངས་པའི་ཕྱིར། ཡང་། འདོད་གཟུགས་ཀྱི་ལྷ་དང་དམྱལ་བ་དང་ཡི་དྭགས་དང་དུད་འགྲོར་སྐྱེ་ན་ཡང་རང་ནས་རང་གིས་མཐུན་གྱི་སྐྱེ་བའི་གནས་ལ་ཁྲོས་ནས་བར་སྲིད་འགགས་ཏེ། སྐྱེ་སྲིད་དུ་འགྲོ་ལོ་དྲོད་གཤེར་དུ་སྐྱེ་ན་དྲི་དང་། བརྫུས་ཏེ་སྐྱེ་ན་གནས་དང་། ཚ་དམྱལ་དུ་སྐྱེ་ན་དྲོ་བ་དང་། གྲང་མྱལ་དུ་སྐྱེ་ན་བསིལ་བ་འདོད་པའི་རྐྱེན་གྱིས་སྐྱེ་གནས་དེ་དང་དེར་འགྲོ་བར་ཡང་བཤད་དོ། །བར་སྲིད་མངལ་དུ་འཇུག་པའི་ཚེ་སྒོ་གསུམ་གང་རུང་ནས་འཇུག་པ་ཡིན་ཏེ། ཐོག་མར་ཕའི་ཁ་དང་སྤྱི་བོ་དང་མའི་པདྨ་གང་རུང་ནས་ཞུགས་ཏེ་དེ་ནས་ཁུ་ཁྲག་གི་དབུས་སུ་འཇུག་པ་ཡིན་པའི་ཕྱིར་ཏེ། ཁ་ནས་འཇུག་པ་རྒྱུད་རྡོ་རྗེ་འཕྲེང་བ་དང་སྡོམ་འབྱུང་ལས་བཤད་ལ། སྤྱི་བོར་ནས་འཇུག་པ་རྣམ་གཞག་རིམ་པ་དང་། མངལ་སྒོ་ནས་འཇུག་པ་མཛོད་འགྲེལ་ལས་བཤད་པའི་ཕྱིར་རོ། །གཉིས་པ་འཇུག་རིམ་ཐུན་མོངས་མ་ཡིན་པའི་ཚུལ་བཤད་པ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རིམ་ལྔ་གསལ་སྒྲོན་ལས། ང་དང་ང་ཡིར་འཛིན་པ་ལས་འབྱུང་བའི་ལས་དང་ཉོན་མོངས་པས་དར་གྱི་སྲིན་བུ་བཞིན་དུ་བཅིངས་ནས་སྔོན་བསགས་པའི་ལས་གཉིས་ཀྱི་འབྲས་བུ་མྱོང་བའི་མཐར། དོན་དམ་པའི་འཆི་བའི་འོད་གསལ་དུ་འཇུག་པའི་རིམ་གྱིས་ཕུང་པོ་རྙིང་པ་སྤངས་ཏེ། ཆོས་ཀྱི་དབྱིངས་འཆི་བའི་འོད་གསལ་གྱི་རྒྱུ་མཐུན་པ་སྟེ་འབྲས་བུ་རླུང་སེམས་ཙམ་གྱི་བར་དོའི་ལུས་བླངས་ནས། ལས་གཉིས་གང་ཡང་རུང་བས་བསྐུལ་ནས་འགྲོ་བ་ལྔར་ཟོ་ཆུན་གྱི་འཁྲུལ་འཁོར་གྱི་ཚུལ་གྱིས་ཡང་དང་ཡང་དུ་ཉིད་མཚམས་སྦྱོར་ཞིང་འཁོར་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །ཞེས་ང་དང་ང་ཡིར་འཛིན་པའི་འཇིག་ལྟའི་དབང་གིས་ལས་བསགས་ནས་དེའི་དབང་གིས་འཁོར་བར་འཁོར་བར་གསུངས་པ་ལྟར་དང་། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་ཀྱང་། ཇི་ལྟར་མེས་བསྲེགས་དངོས་པོ་མེད། །རྒྱུ་མེད་པར་ནི་ཐིམ་ནས་འགྲོ། སླར་ཡང་སྲོག་གི་རླུང་ཤར་ནས། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང་། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་ལས་སྐྱེ། །དེ་ལས་ཆགས་སོགས་བག་ཆགས་དང་། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། ཞེས་དཔེར་ན་ཤིང་མེས་བསྲེགས་པ་ན་ཤིང་གི་དངོས་པོ་མེད་པར་འགྱུར་བ་དེ་བཞིན་དུ། འཆི་བའི་ཚེ་ཡང་རླུང་རིམ་གྱིས་ཐིམ་ནས་འཆི་ཞིང་། ཡང་ཤི་བའི་འོད་གསལ་ལས་ཀྱི་རླུང་ཤར་ཏེ་དེ་དང་རྣམ་ཤེས་གཉིས་ལྷན་ཅིག་ཏུ་འཇིག་རྟེན་གསུམ་དུ་གནས་པའི་སྐྱེ་བ་ལེན་པ་དང་། ལས་ཀྱི་རླུང་དེ་ལས་ཀྱང་ཆགས་སོགས་ཀྱི་ཀུན་རྟོག་རྣམས་སྐྱེ་ཞིང་། དེས་ལས་གཉིས་བསགས་ནས་ཡང་འཆི་ཞིང་ཡང་སྐྱེ་བ་སོགས་འཁོར་ལོ་བསྐོར་བ་བཞིན་དུ་འགྱུར་བར་བསྟན་པ་ལྟར་རོ། །གཉིས་པ་ལ་གཉིས། ཁམས་ཕྲ་བ་རླུང་དང་རྣམ་ཤེས་འདྲེས་ནས་འཇིག་རྟེན་པ་ལ་འཁོར་བའི་བྱ་བ་བྱེད་ཚུལ་དང་། རྣལ་འབྱོར་པ་ལ་ཐར་བའི་བྱ་བ་བྱེད་ཚུལ་བཤད་པའོ། །དང་པོ་ནི། འཇིག་རྟེན་པ་རྣམས་ཀྱི་སྐྱེ་འཆིའི་རིམ་པ་ཐམས་ཅད་ནི་རླུང་གིས་བྱེད་པ་ཡིན་ཏེ། དེའི་ཚུལ་ཡང་མངལ་སྐྱེས་ལྟ་བུ་འཆི་བའི་ཚེ། ས་ཆུ་ལ་ཐིམ། ཆུ་མེ་ལ། མེ་རླུང་ལ། རླུང་སྣང་བ་ལ། སྣང་བ་མཆེད་པ་ལ། མཆེད་པ་ཉེར་ཐོབ་ལ། ཉེར་ཐོབ་འོད་གསལ་ལ་ཐིམ་ཞིང་སེམས་ཕྲ་རུ་ཕྲ་རུ་འགྲོ་བ་དེ་རླུང་གི་གཡོ་བ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཇེ་ཕྲ་ཇེ་ཕྲར་སོང་བའི་སྒོ་ནས་འབྱུང་བ་ཡིན་པའི་ཕྱིར་ཏེ། བཤད་རྒྱུད་རྡོ་རྗེ་འཕྲེང་བར་བཤད་པའི་དོན། འཕགས་པ་ལྷས། ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པའོ། །མེ་ཡང་ཕྲ་བའི་ཁམས་པའོ། །རླུང་ནི་སེམས་ལ་རྣམ་པར་ཐིམ། །སེམས་ནི་སེམས་ལས་བྱུང་ལ་ཐིམ། །མ་རིག་པ་ལ་སེམས་བྱུང་ངོ་། །དེ་ཡང་འོད་གསལ་བ་ལ་འགྲོ། །འདི་ནི་སྲིད་གསུམ་འགོག་པའོ། །ཞེས་དང་། རྗེའི་རིམ་ལྔ་གསལ་སྒྲོན་ལས་ཀྱང་དེ་ཡང་ས་ཆུ་མེ་རླུང་བཞི་སྔ་མ་ཕྱི་མ་ལ་ཐིམ་པ་ན་རླུང་གི་གཡོ་བ་ཇེ་ཆུང་ཇེ་ཆུང་དུ་སོང་བའི་ཐབས་བཞིན་གྱི་རྟོག་པ་གཡོ་བའི་རླུང་རྣམ་ཤེས་སྣང་བ་དང་པོ་ལ་ཐིམ་པ་ན་རང་བཞིན་གྱི་རྟོག་པ་རྣམས་ལོག་པས་སྟོང་པ་དང་པོ་འཆར་རོ། །དེ་ནས་སྟོང་པ་གཉིས་པ་དང་གསུམ་པ་དང་བཞི་པ་འོད་གསལ་འཆར་ཏེ། ཞེས་གསུངས་པའི་ཕྱིར། རྒྱུད་ཀྱི་མཆན་བུ་ལས་ཀྱང་ལུགས་འབྱུང་གི་སྣང་བའི་ཐིམ་རིམ་གསུངས་ཏེ། དེ་ཉིད་ལས། འགྲོ་ཚུལ་ཇི་ལྟར་ཞེ་ན། རྣམ་ཤེས་དང་པོ་སྣང་བ་གང་དུ་འཇུག་པ་འམ་འགྲོ་བ་ནི་གཉིས་པ་སྣང་བ་མཆེད་པའི་མིང་ཅན་དུ་ཐིམ་པར་འགྲོ་སྟེ་སྣང་བ་མཆེད་པ་དེ་ནི་སྣང་བ་གསུམ་པ་སྟོང་པ་ཆེན་པོར་འཇུག་ལ། ཉེར་ཐོབ་དེ་ཡང་འོད་གསལ་བར་འགྲོ་སྟེ་ཐིམ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ས་སོགས་རྣམས་རིམ་གྱིས་ཐིམ་པའི་ཚེ་ཕྱི་ནང་གི་རྟག་གཉིས་གཉིས་འབྱུང་བ་ཡིན་ཏེ། ལུས་ཀྱིས་ཁམས་ཐིམ་པ་ན་ཕྱི་རྟགས་སུ་ལུས་ཀྱི་ཉམས་སྟོབས་འཆོར་ཞིང་སྐེམ། ནང་རྟགས་སུ་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར། དེའི་རྗེས་སུ་ཆུ་ཁམས་ཐིམ་པ་ན་ཕྱི་རྟགས་ཁ་སྣ་བསྐམས་ཤིང་བརྫེས། ནང་རྟགས་དུ་བ་ལྟ་བུའི་སྣང་བ་འཆར། དེའི་རྗེས་སུ་མེ་ཁམས་ཐིམ་པ། ཕྱི་རྟགས་དྲོད་སྡུད། ནང་རྟགས་མེ་ཁྱེར་ལྟ་བུའི་སྣང་བ་འཆར། དེའི་རྗེས་སུ་རླུང་ཁམས་རགས་པ་རྣམ་ཤེས་ལ་ཐིམ་པར་རྩོམ་པ་ན་ཕྱི་རྟགས་དབུགས་བརྩེགས་མར་འབྱུང་། ནང་རྟགས་སུ་མར་མེ་འབར་བ་ལྟ་བུའི་སྣང་བར་འཆར། དེ་ནས་རང་བཞིན་བརྒྱད་ཅུའི་བཞོན་པའི་རླུང་རྣམས་དབུ་མའི་ནང་དུ་ཐིམ་པ་ན་ཕྱི་རྟགས་སུ་ཁ་སྣ་ནས་དབུགས་ཀྱི་རྒྱུ་བ་འགགས་ནས་འགྲོ་བས་ཕྱི་དབུགས་ཆད་པ་ཞེས་ཟེར། དེའི་ཚེ་མིག་གིས་གཟུགས་མི་མཐོང་། རྣ་བས་སྒྲ་མི་ཐོས། སྣས་དྲི་མི་ཚོར། ལྕེས་རོ་མི་མྱོང་། ལུས་ཀྱིས་རེག་བྱ་མི་ཚོར་ཞིང་། ཡིད་ངོར་སྟོན་གྱི་ནམ་མཁའ་གཡའ་དག་པ་སྟོང་སང་ངེ་བ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་དཀར་ལམ་གྱི་སྣང་བ་འཆར་ཏེ་དེ་ལ་སྣང་བ་ཞེས་ཟེར། དེ་ནས་སྣང་བའི་རླུང་ཐིམ་པ་ན་དེ་ལྟ་བུའི་ནམ་མཁའ་སྟོང་སང་ལ་ཉི་འོད་ཀྱིས་ཁྱབ་པ་འདྲ་བའི་དམར་ལམ་གྱི་སྣང་བ་འཆར་ཏེ་དེ་ལ་མཆེད་པ་ཞེས་ཟེར། དེ་ནས་མཆེད་པའི་རླུང་ཐིམ་པ་ན་དེ་ལྟ་བུའི་ནམ་མཁའ་སྟོང་སང་ལ་མུན་པས་ཁྱབ་པ་འདྲ་བའི་ནག་ལམ་གྱི་སྣང་བ་འཆར་ཏེ་དེ་ལ་ཉེར་ཐོབ་ཞེས་ཟེར་ཏེ། ཉེར་ཐོབ་ཀྱི་སྟོད་ཡིན་ལ། དེ་ནས་དྲན་མེད་དུ་བརྒྱལ་ནས་འགྲོ་བ་ཉེར་ཐོབ་ཀྱི་སྨད་ཡིན། དེ་ནས་བརྒྱལ་པ་ལྟ་བུ་དེ་སང་ནས་སྟོན་གྱི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་ལྟ་བུའི་སྟོངས་དེ་བའི་སྣང་བ་འབའ་ཞིག་འཆར་བ་ནི་འཆི་བ་འོད་གསལ་ཞེས་ཟེར། རྗེའི་མན་ངག་ཡིག་ཆུང་ཉེར་གཅིག་ཏུ་གྲགས་པ་ལས། དེ་ལ་ཐ་མལ་བའི་མི་རྣམས་ཞག་གསུམ་གྱི་བར་དུ་གནས། དེ་ནས་རྟགས་འོང་། ལུས་ནད་ཀྱིས་ལེགས་པར་མནར་ནས་ཟུང་ཟད་དྲགས་པ་ཞག་ཏུ་མ་སོང་ཡང་དྲི་མ་འོང་བ་མ་གཏོགས། ཁམས་དཀར་དམར་གྱི་རྟགས་མི་ཡོང་ཡང་སྲིད་ཅེས་བཤད་དེ། དེ་ཡང་རྣམ་ཤེས་སྙིང་ག་ནས་ཕྱིར་ཐོན་པ་དང་ནང་དབུགས་ཆད་ཅིང་དེ་དང་མཉམ་དུ་ཁམས་དཀར་པོ་རྟགས་ཀྱི་རྩེ་ནས་ཕྱིར་འབྱུང་ཞིང་། ཁམས་དམར་པོ་སྣ་སྒོ་ནས་ཕྱིར་འབྱུང་བ་ཡིན་ནོ། །ས་ཆུ་ལ་ཐིམ་པ་སོགས་ཀྱི་དོན་ནི། ལུས་ཀྱིས་ཁམས་སོགས་རགས་པས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་པའི་དོན་ཡིན་གྱི། ས་སོགས་ཡེ་མེད་དུ་སོང་བ་ནི་མིན་ཏེ། དེའི་ཚེ་ལུས་ཀྱི་ཤ་ཁྲག་སོགས་ཡོད་པའི་ཕྱིར་རོ། །བརྫུས་སྐྱེས་ལྟ་བུས་འཆི་བ་འོད་གསལ་ཡུད་ཙམ་རེ་མྱོང་བར་བཤད་ཅིང་། བར་དོར་སྐྱེ་བའི་ཚེ་འཆི་བ་འོད་གསལ་ལས་རླུང་ཆེར་གཡོས་པ་ན་ཉེར་ཐོབ་འབྱུང་ཞིང་བར་དོའི་ལུས་གྲུབ། དེ་ནས་མཆེད་པ། དེ་ནས་སྣང་བ། དེ་ལས་ཀུན་རྟོག་གི་བཞོན་པའི་རླུང་སྐྱེ་ཞིང་། དེ་ཡང་རླུང་གི་གཡོ་བ་སྔ་མ་ལས་ཕྱི་མ་ཇེ་རགས་ཇེ་རགས་སུ་སོང་བའི་ཚུལ་གྱིས་འབྱུང་ཞིང་། ཁྱད་པར་སྐྱེ་སྲིད་དུ་སྐྱེ་བ་འཛིན་པའི་ཚེ་འབྱུང་བཞིའི་སྐྱེ་རིམ་ནི་འདི་ལྟར་ཡིན་ཏེ། རྡོར་འཕྲེང་ལས། སྲ་བའི་ཁམས་དང་ཆུ་ཉིད་དང་། །དེ་བཞིན་མེ་དང་རླུང་དག་ནི། །རྣམ་པར་ཤེས་པས་བླངས་ནས་སུ། །སྲིད་གསུམ་གནས་སུ་སྐྱེ་བར་འགྱུར། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས་ཀྱང་། །རྣམ་ཤེས་ལས་ནི་རླུང་སྐྱེ་སྟེ། །དེ་ལས་མེ་ནི་ཡང་དག་འབྱུང་། །འདི་ལས་ཆུ་རྣམས་ཡང་དག་འབྱུང་། །དེ་ལས་ས་ནི་ཡང་དག་འབྱུང་། །འདི་རྣམས་ལས་ནི་ཕུང་པོ་འབྱུང་། །དེ་ལས་སྐྱེ་མཆེད་རྣམས་ཀྱང་ངོ་། །ཞེས་དང་། འཕགས་པ་ལྷས་ཀྱང་། འོད་གསལ་བ་ལས་སྟོང་པ་ཆེ། །སྟོང་པ་ལས་ཀྱང་ཐབས་འབྱུང་ཞིང་། །དེ་ལས་ཤེས་རབ་སྐྱེ་བར་བྱེད། །དེ་ལས་རླུང་ནི་ཡང་དག་འབྱུང་། །རླུང་ལས་མེ་ནི་ཡང་དག་འབྱུང་། །མེ་ལས་ཆུ་ནི་ཡང་དག་འབྱུང་། །ཆུ་ལས་ཀྱང་ནི་ས་སྐྱེ་སྟེ། །སེམས་ཅན་རྣམས་ཀྱི་འབྱུང་བ་འདིའོ། །ཞེས་གསུངས་པའི་ཕྱིར། འབྱུང་བཞིའི་སྐྱེ་རིམ་འདི་ལྟར་བཤད་པ་ནི་རགས་པའི་སྐྱེ་རིམ་གྱི་དབང་དུ་བྱས་པ་ཡིན་ཏེ། གཞན་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་ཚེ་ཡང་འབྱུང་བ་ཕྲ་མོ་བཞི་ཡོད་པར་བཤད་པའི་ཕྱིར་རོ། །རྒྱུད་ཀྱི་མཆན་བུ་ལས་ཀྱང་ལུགས་ཟློག་གི་སྣང་བའི་སྐྱེ་རིམ་གསུངས་ཏེ། དེ་ཉིད་ལས། ལུགས་ལས་ལྡོག་པའི་ཚུལ་གྱིས་སྐྱེ་བའི་ཚེ་ན་འོད་གསལ་ལས་མ་རིགས་པའོ། །འོད་གསལ་ལས་མ་རིག་པ་འབྱུང་བ་དེ་བཞིན་དུ་མ་རིག་པ་ལས་སྣང་བ་མཆེད་པ་འདི་འབྱུང་ཞིང་། སྣང་བ་མཆེད་པ་དེ་ལས་སྣང་བ་འབྱུང་བའོ། །ཞེས་གསུངས་པའི་ཕྱིར། འབྱུང་བའི་སྐྱེ་རིམ་དེ་ཡང་རླུང་གི་དབང་ཡིན་ཏེ། རིམ་ལྔ་གསལ་སྒྲོན་ལས། དེ་ནས་འོད་གསལ་གྱི་རླུང་ལས་རླུང་ཆེར་གཡོས་པ་ན་ཉེར་ཐོབ་དང་། དེ་ནས་མཆོད་པ་དང་སྣང་བ་ཡང་སྔ་མ་སྔ་མ་ལས་རླུང་གཡོ་བ་ཇེ་ཆེར་སོང་བའི་དབང་གིས་འབྱུང་ཞིང་། སྣང་བའི་རླུང་ལས་གཡོ་ཆེ་བས་ཆེར་སོང་བ་ན་རང་བཞིན་རྣམས་སྐྱེའོ། །དེ་ལྟར་ན་སྐྱེ་འཆིའི་རིམ་པ་ནི་རླུང་གིས་བྱེད་ལ། ཞེས་གསུངས་པའི་ཕྱིར། བར་དོ་དང་སྐྱེ་གནས་སུ་ཉིང་མཚམས་སྦྱོར་ཚུལ་ནི་སྔར་བཤད་ཟིན་པ་ལྟར་རོ། །འོན་ཀྱང་འདིར་ཤིན་ཏུ་ཕྲ་བའི་རླུང་སེམས་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་ལྷན་སྐྱེས་ཀྱི་རླུང་ནི་སྲོག་འཛིན་གྱི་རླུང་ཕྲ་བ་ཡིན་ལ། དེ་ནས་དེ་ལས་སྲོག་འཛིན་གྱི་རླུང་རགས་པ་སྐྱེ་དེའི་རྩ་བའི་གནས་སྙིང་ག་ཡིན། དེ་ནས་མེར་མེར་པ་ལ་སོགས་པ་རིམ་གྱིས་འཕེལ་ཏེ། ཟླ་བ་དང་པོ་ལ་སེམས་ཅན་དེའི་ལུས་ཉའི་རྣམ་པ་ལྟ་བུར་འབྱུང་། ཟླ་བ་གཉིས་པ་ལ་སྲོག་འཛིན་གྱི་རླུང་དེ་ལས་ཐུར་མེས་ཀྱི་རླུང་སྐྱེ་སྟེ་དེའི་རྩ་བའི་གནས་གསང་གནས་ཡིན། དེའི་ཚེ་རྐང་ལ་བཞི་མགོ་དང་བཅས་པ་ལྔའི་རྩ་བ་འབུར་པོ་ལྔ་དོད་པ་རུས་སྦལ་གྱི་རྣམ་པ་ལྟ་བུ། ཟླ་བ་གསུམ་པ་ལ་ཐུར་སེལ་ལས་མཉམ་གནས་ཀྱི་རླུང་སྐྱེ་སྟེ་དེའི་རྩ་བའི་གནས་ལྟེ་བ་ཡིན། དེའི་ཚེ་ཡན་ལག་ལྔ་རགས་པ་ཙམ་ཚང་བ་ལ་སྟོད་ཅུང་ཟད་རྒུར་བ་ཕག་རྒོད་ཀྱི་རྣམ་པ་ལྟ་བུ། ཟླ་བ་བཞི་པ་ལ་མཉམ་གནས་ལས་གྱེན་རྒྱུའི་རླུང་སྐྱེ་སྟེ་དེའི་རྩ་བའི་གནས་མགྲིན་པ་ཡིན། དེའི་ཚེ་སྟོད་ཅུང་ཟད་རྒྱས་པ་སེང་གེའི་རོ་སྟོད་ལྟ་བུ། ཟླ་བ་ལྔ་པ་ལ་གྱེན་རྒྱུ་ལས་ཁྱབ་བྱེད་ཀྱི་རླུང་སྐྱེ་སྟེ་དེའི་རྩ་བའི་གནས་ཚིགས་རྣམས་ཡིན། དེའི་ཚེ་མིའུ་ཐུང་གི་རྣམ་པ་ལྟ་བུ་ཡོད། ཟླ་བ་དྲུག་པ་ལ་མིག་གི་སྒོར་རྒྱུ་བའི་རླུང་ཀླུ་དང་འབྱུང་བས་སྐྱེ། ཟླ་བ་བདུན་པ་ལ་རྣ་བའི་སྒོར་རྒྱུ་བའི་རླུང་རུས་སྦལ་དང་འབྱུང་བ་ཆུ་སྐྱེ། ཟླ་བ་བརྒྱད་པ་ལ་སྣའི་སྒོར་རྒྱུ་བའི་རླུང་རྩངས་པ་དང་འབྱུང་བ་མེ་སྐྱེ། ཟླ་བ་དགུ་པ་ལ་ལྕེ་ལ་རྒྱུ་བའི་རླུང་ལྷས་སྦྱིན་དང་འབྱུང་བ་རླུང་སྐྱེ། ཟླ་བ་བཅུ་པ་ལུས་ལ་རྒྱུ་བའི་རླུང་གཞུ་ལས་རྒྱལ་དང་འབྱུང་བ་བུ་ག་ནམ་མཁའ་རྣམས་སྐྱེ་བ་ཡིན་ནོ། །ཡང་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་གཞོན་པ་ཡིན། །ཞེས་དང་། རིམ་ལྔ་ལས་ཀྱང་། སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཞེས་དང་། གང་ཚེ་སྣང་བ་ལྡན་གྱུར་པ། །རླུང་གི་བཞོན་པར་གྱུར་པ་ཡིན། །དེ་ཚེ་རང་བཞིན་དེ་ཐམས་ཅད། །མ་ལུས་ལུས་པ་མེད་པར་འབྱུང་། །རླུང་གི་གང་དང་གང་གནས་པ། །རང་བཞིན་དེ་དང་དེ་རྗེས་སྤྱོད། །ཞེས་རྣམ་ཤེས་སྤྱི་དང་ཁྱད་པར་སྣང་བ་གསུམ་གྱི་རྣམ་ཤེས་དང་ཀུན་རྟོག་ཐམས་ཅད་ཀྱི་བཞོན་པ་རླུང་ཡིན་པར་བཤད་ཅིང་། རྡོ་རྗེ་འཕྲེང་བ་ལས། སྙིང་པོར་གྱུར་པ་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གིས་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་མཐོང་། །ཞེས་རླུང་ལས་གཞན་དུ་ཁམས་གསུམ་ན་གཞན་གྱི་ཕྲ་བའི་ལུས་མེད་པ་དང་། རླུང་གིས་སེམས་ཅན་གྱི་ལུས་བྱེད་པར་གསུངས་སོ། །ཡང་རྡོ་རྗེ་འཕྲེང་བ་ལས། སྐྱེ་དང་གནས་དང་འཇིག་པ་དང་། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྲིད་འཇིག་རྟེན་གྱིས་བརྟགས་པ། །སེམས་ཀྱི་རླུང་གི་རྣམ་འཁྲུལ་ལོ། །ཞེས་འགྲོ་བ་རྣམས་ཀྱི་སྐྱེ་འཆི་གནས་གསུམ་དང་བར་དོ་རྣམས་རླུང་སེམས་ཙམ་གྱི་རྣམ་འཁྲུལ་དུ་གསུངས་པ་དང་། དགོངས་པ་ལུང་སྟོན་ལས་ཀྱང་། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བཏགས་འདི་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །རླུང་ལས་སླར་ཡང་འགགས་པ་ཡིན། ཞེས་སེམས་ཅན་རྣམས་ཀྱི་སྐྱེ་འཆི་ཡང་རླུང་གིས་བྱེད་པར་གསུངས་སོ། །ཡང་། རླུང་གི་གཙོ་བོ་ནི་སྲོག་འཛིན་གྱི་རླུང་ཡིན་ལ། རླུང་དེས་འཁོར་བར་འཁོར་བའི་རྒྱུ་བྱེད་ཀྱང་འཁོར་བའི་རྩ་བ་ནི་མ་ཡིན་ཏེ། གསལ་སྒྲོན་ལས། རླུང་འཁོར་བའི་རྩ་བར་སྟོན་པ་མིན་ཏེ། ཞེས་པ་ནས། དེས་ན་རླུང་གིས་འཁོར་བ་བསྐྱེད་པར་གསུངས་པ་ནི་བདག་འཛིན་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་འཁོར་བ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང་། འཁོར་བའི་རྩ་བ་ནི་མདོ་ཕྱོགས་དང་འདྲ་བར་བདག་འཛིན་དུ་ངེས་པའི་ཕྱིར་རོ། །རླུང་སོ་སོའི་བྱེད་ལས་ཡོད་དེ། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། དབང་པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བ་རྒྱུ་བ་དང་། །དུས་རྣམས་ཀུན་དུ་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །ཅེས་དང་། དྲི་ཆུ་རླུང་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་སོགས། །འོག་ཏུ་འདྲེན་པའི་ཐུར་སེལ་བར། །རྟག་ཏུ་རྣལ་འབྱོར་པས་ཤེས་བྱ། །ཞེས་དང་། རྒོད་དང་ཟ་དང་བལྡག་པ་དང་། །ཀུན་ཏུ་འཐུང་དང་འཛིན་པ་དང་། །ལྟེ་གནས་བཟའ་བཏུང་ལ་སོགས་རྣམས། །མཉམ་པར་འདྲེན་ཕྱིར་མཉམ་གནས་སོ། །ཞེས་དང་། གྱེན་དུ་འགྲོ་ཞིང་སྡུད་པ་དང་། །བཟའ་དང་མྱང་སོགས་ཟ་བ་ནི། །ཤེས་ནས་ལྷན་ཅིག་འབྱོར་བ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། ཁྱབ་དང་འཛིན་པ་ཉིད་དང་ནི། །འགྲོ་དང་དེ་བཞིན་ལྡོག་པ་དང་། །ཚིགས་རྣམས་ཀུན་ལ་ཁྱབ་པས་ན། ཁྱབ་བྱེད་ཅེས་ནི་བྱ་བར་བཤད། །ཞེས་འབྱུང་བ་ལྟར་བྱེད་པ་ཡིན་པའི་ཕྱིར་ཏེ། སྲོག་འཛིན་གྱིས་ནི་སྲོག་རིང་དུ་འཚོ་ཞིང་། ཡན་ལག་གི་རླུང་རྣམས་དབང་པོའི་སྒོར་འབྱུང་འཇུག་གི་བྱ་བ་བྱེད། ཐུར་སེལ་གྱིས་བཤང་གཅི་ཁུ་ཁྲག་རྣམས་འོག་ཏུ་འདྲེན་པའི་བྱ་བ་བྱེད། མཉམ་གནས་ཀྱིས་བཟའ་བཏུང་རྣམས་ལྟེ་བར་རོ་མཉམ་དུ་འཇུ་བ་དང་དྭངས་མ་རྣམས་སྙིང་ཀར་འདྲེན་པར་བྱེད། གྱེན་རྒྱུས་བཟའ་བཏུང་བྱས་པ་རྣམས་ལྕེ་དང་ལྷན་ཅིག་ལྡད་པ་དང་མྱོང་བ་དང་འོག་རླུང་སྟེང་དང་ཕྱི་རླུང་ནང་དུ་སྡུད་པ་དང་། ངག་སྨྲ་བརྗོད་ཀྱི་རྒྱུ་བྱེད། ཁྱབ་བྱེད་ཀྱིས་ལུས་འགུལ་བསྐྱོད་དང་འགྲོ་འོང་གི་བྱ་བ་བྱེད་པའི་ཕྱིར། དེ་ནི་རྩ་བའི་རླུང་གི་བྱེད་ལས་ཡིན་ལ། ཡན་ལག་གི་རླུང་ལྔ་ནི། དབང་པོའི་ཤེས་པ་འདྲེས་པས་རིམ་པ་བཞིན་དུ་མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་སོགས་ཀྱི་བྱ་བ་བྱེད་དེ། རིམ་ལྔ་ལས། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། ཤེས་དང་ཡན་ལག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་གསུངས་པའི་ཕྱིར། རླུང་གི་རྣམ་གཞག་རྒྱས་པར་ནི་གཞུང་ཆེ་བ་ནས་ཤེས་པར་བྱའོ། །གཉིས་པ་ནི། སྔར་བཤད་པ་དེ་རྣམས་ནི་ཐུན་མོང་གི་བྱ་བ་བྱེད་ཚུལ་ཡིན་ལ། རྣལ་འབྱོར་པ་ལ་ཐུན་མོང་མ་ཡིན་པའི་ཐར་པའི་བྱ་བ་བྱེད་ཚུལ་ཡོད་དེ། རྩ་བ་དང་ཡན་ལག་གི་རླུང་རྡོར་བཟླས་བྱས་པའི་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་སྟོང་པ་གསུམ་དང་དཔེ་དོན་གྱི་འོད་གསལ་འདྲེན་ཅིང་། དེ་ལ་བརྟེན་ནས་དག་མ་དག་གི་སྒྱུ་མའི་སྐུ་གཉིས་འགྲུབ་པས་མཆོག་གི་དངོས་གྲུབ་ཀྱང་འཐོབ་པར་འགྱུར་བའི་ཕྱིར་ཏེ། རིམ་ལྔ་ལས། དེ་ཉིད་རླུང་དང་ཡན་ལག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང་། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཞེས་དང་། གསལ་སྒྲོན་ལས་ཀྱང་། རླུང་ལ་རྡོར་བཟླས་བྱས་པས་། །འདྲེན་པ་དང་། ཕྲ་བའི་རླུང་གིས་སྒྱུ་མའི་སྐུ་བསྐྱེད་པར་བྱེད་པས་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། མདོ་ཕྱོགས་ནས་ཀྱང་རླུང་གིས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་བསྐྱེད་པར་བཤད་ཅིང་། སྔགས་ཕྱོགས་ནས་སྔར་ལྟར་རླུང་གིས་བཅུད་ཀྱི་སེམས་ཅན་ཡང་བསྐྱེད་པར་བཤད་མོད། རླུང་ཙམ་གྱིས་དེ་ལྟར་བྱེད་པ་མ་ཡིན་ཏེ། དེ་ལ་གྲོགས་སེམས་ཅན་གྱི་ལས་དང་ཉོན་མོངས་པ་གཉིས་དགོས་པར་སྔར་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །སྤྱིར་སྣོད་ཀྱི་འཇིག་རྟེན་གང་ཡིན་ལས་ཉོན་གྱིས་འགྲུབ་པ་མ་ཡིན་ཏེ། སངས་རྒྱས་བྱང་སེམས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་ཞིང་ཁྱད་པར་ཅན་འགྲུབ་པར་བཤད་པའི་ཕྱིར་རོ། །རླུང་གི་ཐིམ་རིམ་ལས་སེམས་ཅན་སྐྱེ་འཆི་བྱེད་པའི་ཚེ་ཡིད་ཀྱི་རྣམ་ཤེས་རླུང་དང་འདྲེས་ཏེ་རླུང་སེམས་ངོ་བོ་གཅིག་ཏུ་གྱུར་པའི་ང་ཙམ་སྐྱེ་འཆི་བྱེད་ཀྱི། རླུང་དང་སེམས་ཙམ་ལ་ནི་སེམས་ཅན་དང་འཆི་བའི་ཐ་སྙད་མི་འཐོབ་ཏེ། རླུང་དང་སེམས་རེ་རེ་ནས་གང་ཟག་ཏུ་མི་རུང་བའི་ཕྱིར་ཏེ། གང་ཟག་གི་ཤིན་དུ་ཕྲ་བའི་རླུང་སེམས་གཉིས་གང་ཟག་གི་གདགས་གཞི་ཡིན་གྱི། བཏགས་དོན་གང་ཟག་མ་ཡིན་པའི་ཕྱིར་ཏེ། གང་ཟག་ནི་རླུང་སེམས་གཉིས་ལ་བཏགས་པའི་ང་ཙམ་ཞིག་ལ་འཇོག་པའི་ཕྱིར་ཏེ། རིམ་ལྔ་གསལ་སྒྲོན་ལས། རླུང་སེམས་ཙམ་ལས་དོན་གཞན་པའི་འཁོར་བར་འཁོར་མཁན་གྱི་གང་ཟག་མེད་པར་གསུངས་པ་ནི། གང་ཟག་ཏུ་ཐ་སྙད་བཏགས་པའི་བཏགས་དོན་རླུང་སེམས་མིན་ཀྱང་། དེ་འདོགས་པའི་གཞི་སེམས་ཅན་གྱི་གཉུགས་མའི་ལུས་ངོས་བཟུང་བར་བཞེད་ནས་ཡིན་ནོ། །ཞེས་དང་། གང་ཟག་ཏུ་ཐ་སྙད་འདོགས་པའི་གཞི་གཙོ་བོ་ནི་རླུང་སེམས་གཉིས་ཡིན་མོད་ཀྱང་རགས་པའི་ལུས་ཀྱང་དེའི་རྟེན་དུ་མི་འགལ་བ་སོགས་ཤེས་པར་བྱའོ། །ཞེས་གདགས་གཞི་དང་བཏགས་དོན་སོ་སོར་ཕྱེ་ནས་བཤད་པ་ལྟར་ཡིན་པའི་ཕྱིར། །འཆི་བ་འོད་གསལ་གྱི་དུས་དང་བར་དོར་གནས་པའི་ཚེ་རགས་པའི་ལུས་འདི་ལྟ་བུ་དང་བཅས་པའི་གང་ཟག་མིན་ཀྱང་གང་ཟག་ཙམ་ཞིག་ནི་ཡོད་དེ། འཆི་བ་འོད་གསལ་གྱི་ཚེ་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལ་བཏགས་པའི་གང་ཟག་ཞིག་དང་། བར་དོའི་ཚེ་རླུང་གི་ལུས་ཅན་བཞིན་ལག་གི་རྣམ་པ་ཅན་གྱི་གང་ཟག་ཞིག་འབྱུང་བའི་ཕྱིར། འོ་ན། ད་ལྟའི་ལུས་འདི་ལྟ་བུ་དང་ལྡན་པའི་ཚེ་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལ་བཏགས་པའི་གང་ཟག་ཞིག་ཡོད་དམ། མེད་ཅེ་ན། ཡོད་དེ། ད་ལྟའི་རྟེན་འདི་ལ་ཕུང་པོ་རགས་པ་འདི་དང་བཅས་པའི་རགས་པའི་གང་ཟག་ཞིག་དང་། ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལ་བཏགས་པའི་ཕྲ་བའི་གང་ཟག་གཉིས་ཡོད་ཅིང་། ད་ལྟའི་ལུས་འདི་ཕྲ་བའི་གང་ཟག་དེའི་གནས་ཁང་དང་འདྲ་བའི་ཕྱིར་ཏེ། རྗེའི་གསལ་སྒྲོན་ལས། ད་ལྟ་གཟུགས་ལུས་རགས་པའི་སྐབས་སུ་ཡང་གཉུགས་མའི་ལུས་ནི་རླུང་སེམས་ཙམ་ཞིག་གི་ལུས་ཡིན་པས། ལུས་རགས་པ་ནི་དེའི་གནས་ཁང་དང་འདྲའོ། །ཞེས་གསུངས་པའི་ཕྱིར། འོ་ན། རྟེན་འདི་རྒྱུད་གཉིས་སུ་ཐལ་ཏེ། འདི་ལ་གང་ཟག་ཕྲ་རགས་གཉིས་ཡོད་པའི་ཕྱིར་ཞེ་ན། དེ་ལྟར་ཡོད་ཀྱང་རྒྱུད་གཉིས་སུ་མི་འགྱུར་ཏེ། གསལ་སྒྲོན་ལས། ད་ལྟའི་རྣམ་ཤེས་ཀྱི་རྟེན་ལ་འབྱུང་ལུས་ཤིན་ཏུ་རགས་པའི་གཟུགས་ལུས་དང་། ཕྲ་བའི་རླུང་གི་ལུས་གཉིས་ཡོད་ཀྱང་རྒྱུད་གཉིས་སུ་མི་འགྱུར་བ་དང་། རགས་པའི་ལུས་ཀྱི་གོ་ས་སྤངས་ནས་ཕྲ་བའི་ལུས་གནས་མི་དགོས་པ་དང་། ཞེས་པ་ནས། རགས་ལུས་ཀྱང་དེའི་རྟེན་དུ་མི་འགལ། ཞེས་དང་། འདི་ལྟར་སེམས་ཅན་གྱི་ལུས་ནི་གཉིས་ཏེ། གནས་སྐབས་པ་དང་གཉུག་མ་བའི་ལུས་སོ། །དེའི་དང་པོ་ནི། རླུང་སེམས་ཙམ་གྱིས་ལུས་ལས་གཞན་པའི་རྣམ་སྨིན་གྱི་འབྱུང་ལུས་རགས་པ་ལ་སོགས་པའོ། །གཉིས་པ་ནི་རླུང་སེམས་ཙམ་ལས་གྲུབ་པའི་ལུས་སོ། །ལུས་རགས་པ་ནི་དང་པོར་མངལ་དུ་ཉིང་མཚམས་སྦྱར་བ་ལ་སོགས་པའི་སྐབས་སུ་མ་སྐྱེས་ཀྱང་སེམས་ཅན་གྱི་ལུས་མེད་པ་མ་ཡིན་ལ། དེ་བཞིན་དུ་ཤི་བའི་ཚེ་འབྱུང་ལུས་རགས་པ་དོར་ཡང་། སེམས་ཅན་གྱི་ལུས་མི་ལྡོག་པས་གཉུག་ལུས་མིན་ཏེ། ཆུ་ལ་ཚ་བ་བཞིན་ནོ། །རླུང་སེམས་ཀྱི་ལུས་ནི་གནས་སྐབས་དེ་རྣམས་ཐམས་ཅད་དུ་ཡང་མི་ལྡོག་པས་གཉུག་མའི་ལུས་ཏེ། ཆུ་ལ་གཤེར་བ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། རླུང་སེམས་ཙམ་གྱི་ལུས་ཞེས་གསུངས་པ་ནི་རླུང་དང་སེམས་ཤིན་ཏུ་ཕྲ་བ་གཉིས་དང་ངོ་བོ་གཅིག་པའི་ལུས་ལ་དགོངས་ཀྱི། རླུང་སེམས་གཉིས་ཀ་ལུས་མ་ཡིན་ཏེ། ལུས་ཞེས་པ་ནི་གཟུགས་ཅན་ཞིག་ལ་འཇོག་པས། སེམས་ལུས་དང་གཟུགས་ཅན་དུ་མི་རུང་བའི་ཕྱིར། དེ་ལྟར་ན་གང་ཟག་ཡིན་ན་རྐང་ལག་མགོ་རྣམས་ཡོད་མི་དགོས་ཏེ། ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་གྱི་གང་ཟག་སོགས་འགའ་ཞིག་ལ་དེ་རྣམས་མེད་པའི་ཕྱིར། ལུས་ཕྲ་རགས་གཉིས་ཀས་བྱ་བ་བྱེད་དུས་ཀྱི་ཁྱད་པར་ཡོད་དེ། ལུས་རགས་པའི་སྐབས་སུ་དེའི་བྱ་བ་མངོན་གྱུར་དུ་འོང་ཞིང་ཕྲ་བའི་བྱ་བ་མི་མངོན་ལ། ཕྲ་བའི་སྐབས་སུ་དེའི་བྱ་བ་མངོན་གྱུར་དུ་འོང་ཞིང་རགས་པའི་བྱ་བ་བྱེད་ཚུལ་མི་མངོན་པར་འགྲོ་བའི་ཕྱིར། འཆི་བ་འོད་གསལ་ལྟ་བུའི་སྐབས་སུ་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་པའི་ལུས་སེམས་གཉིས་ཡོད་པའི་ལུས་ནི་རླུང་ཕྲ་བ་དང་སེམས་ནི་ཡིད་ཀྱི་ཤེས་པ་ཤིན་ཏུ་ཕྲ་བ་ཞིག་ཡིན་ཏེ། དེའི་ཚེ་རགས་པའི་རླུང་དང་དབང་པོའི་ཤེས་པ་རྣམས་འགགས་ནས་མེད་པའི་ཕྱིར། དེ་འདྲའི་རླུང་སེམས་ཙམ་ལ་བརྟེན་ནས་བཏགས་པའི་ང་དེ་ལ་དབྱིབས་ཆེ་ཆུང་གི་ཁྱད་པར་དབྱེ་དཀའ་སྟེ། དེས་སེམས་ཅན་གྱི་ལུས་རགས་པ་ཆེ་བ་རིང་པ་ལྟ་བུ་དང་། ལུས་ཕྲ་མོ་ལ་ཆུང་བ་རྡུལ་ཕྲན་ལྟ་བུ་ཡང་འཛིན་ནུས་པའི་ཕྱིར་ཏེ། དེས་ལུས་ཆེ་བ་སྒྲ་གཅན་ལྟ་བུ་དང་། ཆུང་བ་སྲིན་བུ་ཕྲ་མོ་ལྟ་བུ་ཡང་འཛིན་པའི་ཕྱིར་རོ། །ཚུལ་དེ་ནི་བཟང་སྐྱོང་གིས་ཞུས་པའི་མདོ་ལས་ཤིན་ཏུ་རྒྱས་པར་བཤད་དེ། །ཤེས་དགོས་པ་ཡོད་དོ། །སྤྱོད་བསྡུས་ལས། རླུང་གིས་རྣམ་པར་ཤེས་པ་བཅིངས་པ་ཡིན་ནོ། །ཞེས་དང་། འདིའི་བཞོན་པ་གང་ཞེ་ན། རླུང་ཞེས་བྱ་སྟེ་སེམས་རྡོ་རྗེ་གང་ཡིན་པ་རྟ་ལྟ་བུ་ལ་ཞོན་ནས་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །ཞེས་རྣམ་ཤེས་རླུང་གི་རྟ་ལ་ཞོན་ནས་ཡུལ་འགྲོ་བར་གསུངས་ཀྱང་། མི་དང་རྟ་གཉིས་བཞིན་ངོ་བོ་ཐ་དད་དུ་ཞོན་ནས་བགྲོད་པ་ནི་མ་ཡིན་ཏེ། རླུང་ཕྲ་བ་དང་རྣམ་ཤེས་གཉིས་ཆུ་ལ་ཆུ་བཞག་པ་འམ་མར་ལ་མར་བཅུག་པ་བཞིན་དུ་ངོ་བོ་གཅིག་པའི་སྒོ་ནས་ཡུལ་བགྲོད་པ་ཡིན་པའི་ཕྱིར་ཏེ། རྗེའི་གསལ་སྒྲོན་ལས། འོ་ན་ཇི་ལྟར་ཡིན་སྙམ་ན། རྣམ་ཤེས་ནི་ལུས་ཅན་མིན་པས་དེ་ལ་རང་དབང་དུ་ཡུལ་བགྲོད་པའི་འགྲོ་འོང་གི་ནུས་པ་མེད་ལ། རླུང་དང་མཉམ་པར་ཞུགས་ན་ནི་ཡུལ་བགྲོད་པའི་ནུས་པ་ཡོད་དེ། ཞེས་དང་། དེས་ན་རླུང་གི་སྒོ་ནས་ཡུལ་བགྲོད་པ་ནི་སེམས་ཀྱིས་རླུང་ལ་ཞོན་ནས་འགྲོ་བའི་དོན་ཏེ། ཞེས་དང་། སྤྱོད་བསྡུས་ལས། ཁམས་ཕྲ་བ་དང་རྣམ་པར་ཤེས་པ་སྣང་བ་དག་ནི་གཟུགས་མེད་པས་མར་གྱི་ནང་དུ་མར་བཅུག་པ་བཞིན་དུ་འདྲེས་པར་གྱུར་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་རྫོགས་པར་བྱེད་དོ། །ཞེས་མར་ལ་མར་བཅུག་པ་བཞིན་དུ་འདྲེས་པར་གསུངས་པའི་རླུང་སེམས་གཉིས་ནི་ལ་ག་སྨིས་ངོ་བོ་གཅིག་པར་བཤད་པར་ལེགས་སོ། །ཞེས་གསུངས་པའི་ཕྱིར། ད་ལྟའི་ལུས་རགས་པ་དང་བཅས་པའི་སྐབས་འདི་མ་ཞིག་པར་སྐྱེ་བ་ཕྱི་མར་མི་འགྲོ་བ་ནི་མངོན་སུམ་གྱིས་མཐོང་བས་ན། ཕྱི་མར་འགྲོ་བ་པོ་དངོས་ནི་རླུང་སེམས་ཙམ་ལ་བཏགས་པའི་ང་ཉིད་ཡིན་ཏེ། རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པར་སྟེ། །རང་དབང་དུ་ནི་འབྱུང་བ་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་བའོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་བཅིངས་གྱུར་བ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འཆི་བ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པ། །འཁོར་བ་ཉིད་དུ་ཤེས་པར་བྱ། །ཞེས་པའི་དོན་འཆད་པ་ན། །རྗེས་གསལ་སྒྲོན་ལས། ཚིགས་བཅད་དང་པོས་ནི་སེམས་ཅན་རྣམས་འཆི་བའི་འོད་གསལ་སྔོན་དུ་སོང་བ་ལ་མ་ལྟོས་པར་རང་དགར་མི་འབྱུང་བས་འོད་གསལ་སྟོང་པ་ལས་སྐྱེ་བར་བསྟན་ཏོ། །ཚིགས་བཅད་གཉིས་པས་ནི་འཆི་བ་འོད་གསལ་གྱི་རླུང་སེམས་གང་གི་དབང་གིས་སེམས་ཅན་སྐྱེ་བ་བླངས་ཏེ་འཁོར་བ་འཁོར་བའི་རླུང་སེམས་དེ་ཉིད་ཐབས་མཁས་པའི་རྣལ་འབྱོར་པ་ལ་སྒྱུ་མའི་སྐུར་ཤར་ནས་འཚང་རྒྱ་བར་བསྟན་ཏོ། །ཞེས་དང་། ཚིག་བཅད་གསུམ་པ་ནི་རླུང་སེམས་ཀྱི་རང་བཞིན་ཙམ་ཞིག་ལས་མ་གཏོགས་པའི་སྐྱེ་འཆི་བྱེད་པ་པོ་མེད་པས། དེ་ཙམ་ཞིག་འཁོར་བར་འཁོར་བར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། འོ་ན་གཞུང་ཆེ་བ་ནས་རླུང་སེམས་ཙམ་ལས་སྒྱུ་ལུས་འགྲུབ་པར་གསུངས་པའི་སྒྱུ་ལུས་དེ། སྒྱུ་ལུས་པ་ཉིད་ལ་བྱེད་དམ། དེའི་ལུས་ལ་བྱེད་ཅེ་ན་འདི་ལ་གཉིས་ཏེ། སྒྱུ་ལུས་པ་དང་དེའི་ལུས་དང་དེའི་སེམས་གསུམ་སོ་སོར་མ་ཕྱེ་བར་སྒྱུ་ལུས་ཞེས་སྤྱིར་གསུངས་པ་དང་། སོ་སོར་ཕྱེ་ནས་ཀྱང་གསུངས་པ་ཡོད་མོད། དོན་ལ་ནི་སོ་སོར་འབྱེད་དགོས་པ་ཡིན་ཏེ། གསལ་སྒྲོན་ལས། རྒྱུ་ལུས་གྲུབ་པའི་ཐུགས་ཀྱི་ཉེར་ལེན་གྱི་རྒྱུ་ནི་སེམས་སྔ་མ་དང་། ལྷན་ཅིག་བྱེད་པའི་རྐྱེན་ནི་རླུང་ཡིན་ལ། དེའི་སྐུའི་ཉེར་ལེན་ནི་རླུང་དང་སེམས་སྔ་མ་ནི་ལྷན་ཅིག་བྱེད་རྐྱེན་ནོ། །ཞེས་གསུངས་པའི་ཤུགས་ཀྱིས་རླུང་སེམས་དེ་གཉིས་ལ་བརྟེན་ནས་བཏགས་པའི་ང་ཞིག་སྒྱུ་ལུས་པར་བཤད་པ་མ་ཟད། དེའི་ཚུལ་གསལ་བར་གོང་དུ་ལུང་དྲངས་པ་ལྟར་ཡིན་པའི་ཕྱིར་རོ། །འོན་ཀྱང་སྒྱུ་ལུས་ཐོབ་པའི་གང་ཟག་དེ་ཉིད་ལ་སྒྱུ་ལུས་པ་ཞེས་བརྗོད་པའང་ཡོད་པས་ཕྱེད་པར་བྱའོ། །རིགས་པ་དེས་གཟུགས་མེད་ཁམས་དང་བར་དོའི་སེམས་ཅན་སོགས་ཀྱི་གདགས་གཞི་ཡང་ཤེས་སོ། །གལ་ཏེ་གཟུགས་མེད་ཁམས་ན་རླུང་སེམས་ཡོད་དམ་མེད། མེད་ན་དེར་སེམས་ཅན་ཡང་མེད་པར་འགྱུར་བས་མི་འཐད་ལ། ཡོད་ན་ནི་རླུང་ཡོད་པས་གཟུགས་ཀྱང་ཡོད་པར་འགྱུར་བའི་ཕྱིར་ཡང་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། གསལ་སྒྲོན་ལས། རླུང་ལ་གཟུགས་མེད་ཅེས་གསུངས་པ་ནི་ཁམས་རགས་པ་ལྟར་གྱི་གཟུགས་མེད་པ་ལ་དགོངས་ཀྱི། ཁམས་ཕྲ་བའི་འོད་ཟེར་ལྔ་མེད་པ་མིན་ཏེ། ཞེས་གསུངས་པ་ལྟར། གཟུགས་མེད་ན་རླུང་ཡོད་པས་ཕྲ་བའི་གཟུགས་ཡོད་ཀྱང་། དེ་ན་གཟུགས་མེད་པར་གསུངས་པ་ནི་རགས་པའི་གཟུགས་མེད་པ་ལ་དགོངས་པས་རྗེས་བདག་བྱིན་རླབས་ཀྱི་འགྲེལ་བར་གསལ་བར་བཤད་པའི་ཕྱིར་རོ། །གསུམ་པ་ནི། འཁོར་བའི་འཇུག་རིམ་དེ་ལྟར་ཤེས་དགོས་པ་ཡིན་ཏེ། འཁོར་བའི་འཇུག་རིམ་ཐུན་མོང་བ་ཤེས་ན་ངའོ་སྙམ་པའི་ངར་འཛིན་མ་རིག་པ་ལས་ཆགས་ལྡང་གི་བློ་སྐྱེ་ཞིང་། དེ་ལ་བརྟེན་ནས་ཟག་བཅས་ཀྱི་ལས་དགེ་སྡིག་གཉིས་གསོག །ལས་ཀྱི་དབང་གིས་བདེ་འགྲོ་དང་ངན་འགྲོའི་འཁོར་བར་འཁོར་ཚུལ་ཤེས་པ་དེ་འབྱུང་ལ། འཁོར་བའི་འཇུག་རིམ་ཐུན་མོང་མ་ཡིན་པ་ཤེས་ན་ངར་འཛིན་གྱི་མ་རིག་པའི་བཞོན་པར་གྱུར་པའི་ལས་རླུང་དེ་ཉིད་ཀྱིས་འཁོར་བ་འགྲུབ་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པར་ཤེས་པ་དེ་འབྱུང་ཞིང་། དེ་ལ་བརྟེན་ནས་འཁོར་བ་ལས་ལྡོག་པའི་རིམ་པ་ཡང་ཤེས་པར་འགྱུར་བའི་ཕྱིར་ཏེ། དང་པོ་ཤེས་པ་ལ་བརྟེན་ནས་མ་རིག་པ་འཁོར་བའི་རྩ་བར་ཤེས་ཏེ་སྤོང་འདོད་དང་ཐར་པ་ཐོབ་འདོད་ཀྱི་བློ་སྐྱེ་ལ། ཕྱི་མ་ཤེས་པ་ལ་བརྟེན་ནས་ལས་རླུང་འགོག་པའི་ཆེད་དུ་འབད་ཅིང་། བླ་མེད་ཀྱི་རིམ་གཉིས་ལ་འཇུག་པ་དེ་འབྱུང་བའི་ཕྱིར་ཏེ། གསལ་སྒྲོན་ལས། སྔར་བཤད་པ་ལྟར་ཐེག་པ་གཉིས་ཐུན་མོང་གི་འཁོར་བའི་འཇུག་རིམ་ཤེས་ན། དེའི་རྩ་བ་བདག་འཛིན་ལྡོག་དགོས་པར་ཤེས་ནས་བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པར་འཚོལ་བ་ཞིག་འོང་། ཐུན་མོང་མ་ཡིན་པ་རླུང་གི་དབང་གིས་འཁོར་བར་འཇུག་རིམ་ཤེས་ན། ཀུན་རྟོག་གཡོ་བའི་ལས་རླུང་དགག་དགོས་པར་མཐོང་ནས་དེ་འགོག་པའི་ཐབས་སུ་ལུས་ལ་གནད་དུ་བསྣུན་པའི་གདམས་པ་ཕུ་ཐག་གཅོད་པ་ཞིག་འོང་ཞིང་། ཐབས་དེས་དྲངས་པའི་བདེ་བ་ཆེན་པོ་བདག་མེད་པའི་དོན་ངེས་པར་བྱས་པའི་བདེ་སྟོང་སྦྱོར་བའི་ལམ་སྙིང་པོར་བྱས་ནས་སྐྱོང་བ་འོང་བས། གདམས་ངག་གི་གནད་མི་འཆུག་གོ །ཞེས་གསུངས་པ་ལྟར་འབྱུང་བའི་ཕྱིར་རོ། །སྨྲས་པ། མདོ་རྒྱུད་གཞུང་ལུགས་རྒྱ་མཚོ་ཆེར། །རྣམ་དཔྱོད་སོར་རྩེ་རབ་བསྐྱོད་དེ། །ལེགས་བཤད་ཡིད་བཞིན་ནོར་བླངས་ནས། །ཐུབ་བསྟན་རྒྱལ་མཚན་རྩེ་མོར་མཆོད། །གང་འདི་ལྟོ་དང་གོས་ཙམ་ཞིག །འཚོལ་ཕྱིར་བྲེལ་ལ་ཕན་དཀའ་ཡང་། །ལེགས་བཤད་བདུད་རྩི་མྱོང་འདོད་འགར། ཕན་པར་ཕྱིན་ནམ་སྙམ་ནས་བྲིས། །ཚུལ་འདིར་འབད་པའི་འོ་མཚོ་ལས། །འཁྲུངས་པའི་རྣམ་དཀར་བསིལ་ཟེར་བྱེད། །གང་ཞིག་ཐོབ་དེ་འགྲོ་བ་ཡི། །ཡིད་མུན་ཚ་གདུང་སེལ་ཕྱིར་བསྔོའོ། །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་ཅོ་ནེའི་གཟིམ་ཁང་ཉིད་ནས་དད་པས་སྦྱར་བའོ། །བཀྲ་ཤིས།། །།