cover

སྡེ་གཞུང་རིན་པོ་ཆེའི་གསུང་འབུམ།

པོད་གཉིས་པ།

སྡེ་གཞུང་སྤྲུལ་སྐུ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན།

མཆོག་གསུམ་ཆོས་སྤྱིན་དཔེ་ཚོགས་རྩོམ་སྒྲིག་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བསྟོད་ཚོགས་ནོར་བུའི་ཕྲེང་བ།

མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ་སྡེ་གཞུང་སྤྲུལ་སྐུ་རིན་པོ་ཆེ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་ལས་བསྟོད་ཚོགས་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ཐུབ་པའི་དབང་པོའི་བསྟོད་པ།

བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཚན་དཔེའི་གཟི་འོད་འབར་བའི་སྐུ་མཆོག་འགྲོ་ཀུན་མིག་གི་བདུད་རྩིར་གྱུར། །སྣ་ཚོགས་འགྲོ་བའི་བློ་དང་འཚམ་པར་ཐེག་གསུམ་ཆོས་ཀྱི་སྒྲ་ཆེན་བསྒྲགས། །ཡུལ་དང་ཡུལ་ཅན་གཉིས་སུ་འཛིན་པའི་རྟོག་པ་མཐའ་དག་ནུབ་གྱུར་ཀྱང་། །མ་འདྲེས་ཆོས་ཀུན་སྒྲིབ་མེད་གཟིགས་པ་ཐུབ་དབང་འགྲོ་བའི་བླ་མར་འདུད། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གྲངས་མེད་འཇིག་རྟེན་ཁམས་སུ་སྐད་ཅིག་ལ། །འགག་མེད་སྐུ་ཡི་རྣམ་རོལ་སྟོན་མཛད་པ། །མཚུངས་མེད་ལྷཡི་འདྲེན་པ་མཆོག་ལ་འདུད། །བརྗོད་བྲལ་གསུང་གིས་ཆོས་ཉིད་མི་འདོར་བར། །ཁམས་དང་དབང་པོ་མོས་པ་ཐ་དད་པའི། །སྣ་ཚོགས་འགྲོ་བའི་རྣ་བར་ཆོས་ཀྱི་སྒྲ། །བློ་དང་འཚམས་པར་སྐད་ཅིག་ཉིད་ལ་སྒྲོག །རྟོག་པའི་མཚན་མ་མཐའ་དག་ཉེར་ཞི་ཡང་། །མཐའ་ཀླས་འགྲོ་རྣམས་ཐུགས་རྗེས་མི་གཏོང་ཞིང་། །ཆོས་རྣམས་དེ་ཉིད་ལྐོག་ཏུ་གྱུར་བ་མེད། །དེ་ཕྱིར་ཁྱོད་ཐུགས་གཞལ་བྱའི་ཡུལ་ལས་འདས། །བགྲངས་ཡས་བསྐལ་པར་ཚོགས་གཉིས་ལེགས་བསྒྲུབས་ཤིང་། །ཉེས་ཚོགས་མ་ལུས་རྣམ་པར་སྤངས་པའི་མཐུས། །གནས་དང་གནས་མིན་མཁྱེན་པ་ལ་སོགས་པའི། །བྲལ་སྨིན་ཡོན་ཏན་རྒྱ་མཚོའི་ཕ་མཐར་སོན། །འདྲེན་པ་ཁྱོད་ཀྱི་མཛད་འཕྲིན་ཡིད་བཞིན་ནོར། །འབད་དང་རྩོལ་བའི་རྟོག་པ་ཀུན་ཞི་ཡང་། །སྨོན་པའི་རྒྱལ་མཚན་རྩེ་མོར་ལེགས་མཆོད་ཚེ། །འགྲོ་ཀུན་རེ་བ་ཡོངས་སུ་སྐོང་བར་མཛད། །རབ་འབྱམས་ཞིང་གཙོ་ཐུབ་པའི་དབང་པོ་ལ། །རབ་དང་ཡིད་ཀྱིས་ཅུང་ཟད་བསྟོད་པའི་མཐུས། །རབ་ཏུ་དགྱེས་པའི་ཞལ་བཟང་ལེགས་བསྟན་ནས། །རབ་དགའི་ས་དེ་མངོན་དུ་འགྱུར་བར་ཤོག །ཅེས་ཐུབ་པའི་དབང་པོའི་གསང་གསུམ་ཕྲིན་ལས་དང་བཅས་པའི་ཡོན་ཏན་གྱི་ཆ་ལ་གནས་ཚུལ་གྱི་སྒོ་ནས་བསྟོད་པ་ཤཱཀྱའི་དགེ་ཚུལ་ཀུན་དགའ་རྒྱལ་མཚན་གྱིས་སྦྱར་བའོ། །དགེའོ། །

དཔལ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་ལ་བསྟོད་པ་མེ་ཏོག་ཕྲེང་བ།

བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤེས་བྱ་མཐའ་དག་རྣམ་ཀུན་གཟིགས་པས་འཇིགས་མེད་སྤོབས་པའི་གདེང་དང་ལྡན། །ལུང་དང་རིག་པའི་ང་རོ་བསྒྲགས་པས་ཕས་རྒོལ་སྦྱིན་སྐྱེས་ཚོགས་རྣམས་བསྐྲད། །འཆད་རྩོད་རྩོམ་པའི་རལ་ལྗང་གཡོ་ཞིང་ཐུབ་བསྟན་གངས་རིའི་རྒྱན་གྱུར་པ། །འཇམ་དབྱངས་བླ་མའི་ཞབས་ཀྱི་པདྨོ་ཚེ་རབས་ཀུན་ཏུ་ཐོད་དུ་འཆང་། །འདྲེན་པ་ཁྱོད་ཀྱི་དཔག་ཡས་ཡོན་ཏན་ནི། །འཕགས་མཆོག་གིས་ཀྱང་བརྗོད་པར་ནུས་མིན་ན། །བྱིས་པའི་བློ་ཅན་བདག་འདྲའི་ཡུལ་མིན་མོད། །འོན་ཀྱང་གུས་པའི་ཡིད་ཀྱིས་ཅུང་ཟད་བརྗོད། །གངས་རིའི་ལྗོངས་འདིར་མཁས་དང་གྲུབ་པ་ཡི། །སྐྱེས་མཆོག་བྱེ་བ་ལས་ལྷག་བྱུང་མོད་ཀྱང་། །འདྲེན་པའི་རྣམ་ཐར་འགྲན་ནུས་མ་མཆིས་པས། །དེ་ཕྱིར་བདག་བློ་ཁྱོད་ཀྱི་རྗེས་སུ་ཕྱོགས། །བླང་དོར་འབྱེད་པའི་བློ་གྲོས་མིག་བྲལ་བའི། །ཁ་བ་ཅན་ལྗོངས་འགྲོ་ལ་བརྩེར་དགོངས་ནས། །བསམ་བཞིན་དཔལ་ལྡན་ས་སྐྱའི་གཙུག་ལག་ཏུ། །ངོ་མཚར་ལྟས་བཅས་ལེགས་པར་འཁྲུངས་ལ་འདུད། །གང་སྔོན་འཇམ་དཔལ་དབྱངས་དངོས་ལྷག་པའི་ལྷར། །ཡང་ཡང་བསྟེན་ཅིང་རྗེས་སུ་བཟུང་གྱུར་པས། །ཚེ་འདིར་དབུ་ཚད་གྲུབ་མཐའི་རྣམ་དབྱེ་སོགས། །གཞུང་ལུགས་ཀུན་ལ་མཁྱེན་རབ་ཕུལ་དུ་གྱུར། །སྲས་བཅས་རྒྱལ་བ་དགྱེས་པར་བྱེད་པ་ཡི། །འཆད་པ་ངག་གི་འོད་སྟོང་རབ་སྤྲོས་པས། །ཁྱོད་ཀྱིས་རྣམ་གྲོལ་དོན་གཉེར་སྐྱེ་བོ་ཡི། །རྣམ་དཔྱོད་བློ་ཡི་པདྨོ་བཞད་པར་མཛད། །མུ་སྟེགས་བྱེད་དང་ཁ་བ་ཅན་ལྗོངས་ཀྱི། །སྐྱེ་བོ་དེ་རྗེས་འབྲང་བའི་ལོག་རྟོག་རྣམས། །ཁྱོད་ཀྱིས་ལུང་རིགས་མཚོན་ཆའི་ཆར་ཕབ་ནས། །བསྟན་པའི་ཚེར་མ་མཐའ་དག་འཇོམས་པར་བྱས། །དངོས་སྟོབས་རིག་པའི་ལམ་གྱིས་ལེགས་བསྒྲུབས་ནས། །ཟབ་དང་རྒྱ་ཆེའི་དེ་ཉིད་གསལ་བྱེད་ཅིང་། །བློ་ལྡན་སྐྱེ་བོའི་བློ་མུན་རབ་འཇོམས་པའི། །བསྟན་བཅོས་བདུད་རྩི་ལྟ་བུའི་དགའ་སྟོན་བསྩལ། །ཇི་སྙེད་ཆོས་ཀུན་རྨི་ལམ་སྒྱུ་མ་དང་། །སྨིག་རྒྱུ་ཆུ་ཟླ་ལྟ་བུར་ལེགས་རྟོགས་ནས། །གཉིས་འཛིན་འཁྲུལ་པའི་དྲི་མས་མ་བསླད་པར། །སྐྱེ་མེད་ཆོས་ཉིད་སྤྲོས་དང་བྲལ་བར་གཟིགས། །བཟོད་མེད་སྡུག་བསྔལ་ཁུར་གྱིས་མནར་བ་ཡི། །ཉམ་ཐག་འགྲོ་བ་ཁྱོད་ཀྱིས་གཟིགས་གྱུར་ན། །གཅེས་པའི་སྐུ་སྲོག་དག་ཀྱང་སྟེར་ནུས་པའི། །རྨད་བྱུང་ཐུགས་རྗེ་ཆེན་པོ་ཁྱོད་ལ་མངའ། །དཔག་མེད་འགྲོ་བ་སྲིད་པའི་རྒྱ་མཚོ་ལས། །གང་གི་མཐུ་ཡིས་ལེགས་པར་བསྒྲལ་བྱས་ནས། །རྣམ་གྲོལ་བདེ་བ་སྦྱིན་པའི་སྟོབས་མངའ་བ། །ཁྱོད་ཀྱི་མཛད་པ་སངས་རྒྱས་དག་དང་མཉམ། །ཞིང་འདིར་བསྟན་འགྲོའི་མཛད་པ་མཐར་ཕྱིན་ནས། །རེ་ཞིག་མྱ་ངན་འདའ་བའི་ཚུལ་བསྟན་ཀྱང་། །ཤར་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན། །མགོན་ཁྱོད་ས་བཅུའི་དཔལ་ལ་རོལ་ཞེས་ཐོས། །དེ་ཕྱིར་མི་བྱེད་དད་པས་གསོལ་འདེབས་ན། །རྡུལ་བྲལ་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །མི་ཤེས་རྨོངས་པའི་ཞགས་པས་དམ་བཅིངས་པའི། །དམན་པ་བདག་ལ་རྣམ་དཔྱོད་བློ་གྲོས་སྩོལ། །འཇམ་དབྱངས་ངུར་སྨྲིག་འཆང་བའི་ཚུལ་འཛིན་པ། །མགོན་ཁྱོད་ལྷག་པའི་ལྷ་ཡིས་རྗེས་བཟུང་ནས། །མངོན་སུམ་ལུང་བསྟན་དབུགས་དབྱུང་བསྩལ་བ་སོགས། །གསང་བ་བླ་ན་མེད་པའི་རྣམ་ཐར་ནི། །རབ་དགའི་སར་གནས་རྒྱལ་སྲས་མཆོག་གིས་ཀྱང་། །གཞལ་བར་དཀའ་ན་བདག་འདྲའི་བློ་ལས་འདས། །འོན་ཀྱང་ཅུང་ཟད་བརྗོད་པའི་བསོད་ནམས་ཀྱིས། །འདི་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །དལ་འབྱོར་རྟེན་ཐོབ་སངས་རྒྱས་བསྟན་དང་མཇལ། །དམ་པས་རྗེས་བཟུང་ཕྱི་ནང་ཤེས་བྱའི་ཆོས། །མ་ལུས་རྟོགས་ཤིང་གཞན་ལ་སྟོན་ནུས་པའི། །བློ་གྲོས་གསལ་པོའི་མིག་དང་ལྡན་གྱུར་ཅིག །མགོན་ཁྱོད་རྗེ་བཙུན་མཆོག་གིས་ལུང་བསྟན་ལྟར། །དྲི་མ་མེད་དཔལ་ཞེས་བྱར་སངས་རྒྱས་ཚེ། །འདུས་པ་དང་པོའི་འཁོར་དུ་བདག་གྱུར་ནས། །འགྲོ་བའི་འདྲེན་པ་ལུང་བསྟན་ཐོབ་པར་ཤོག །ཅེས་པ་འདི་ནི་ཤཱཀྱའི་དགེ་ཚུལ་ཀུན་དགའ་རྒྱལ་མཚན་གྱིས་སུག་བྲིས་སུ་བགྱིས་པ་མངྒ་ལཾ། དགེའོ།། །།

འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་བསྟོད་པ།

བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །ཇིང་གིར་གནམ་གྱི་རྒྱལ་པོ་ལ་སོགས་ཆེ་རྒུའི་གཙུག་ཏོར་མཐོན་པོའི་རྩེར། །ལེགས་པར་བཀོད་པའི་ཞབས་ཀྱི་རྡུལ་དཀར་ཆ་ཤས་རེས་ཀྱང་ས་གསུམ་མུན། །དག་པར་བྱེད་ཅིང་ཐུབ་བསྟན་ཀུན་དའི་འཛུམ་དཀར་བསུ་བའི་ཕྲིན་ལས་ཅན། །ཐུབ་དབང་གཉིས་པ་ཆོས་ཀྱི་རྒྱལ་པོ་བློ་གྲོས་རྒྱལ་མཚན་ཞབས་ལ་འདུད། །གང་གི་ཐུགས་སུ་རིང་ནས་ཆུད་པའི་གསང་གསུམ་ཡོན་ཏན་རྒྱལ་རྣམས་དང་། །གཉིས་སུ་མེད་ཀྱང་མཐས་ཡས་འགྲོ་ལ་བརྩེ་ཆེན་ཐུགས་རྗེ་བདག་རྐྱེན་གྱིས། །སྤྲུལ་པའི་སྒྱུ་འཕྲུལ་ནམ་ཡང་མ་འགགས་འོད་གསལ་འཁོན་རིགས་མཁའ་དབྱིངས་ལས། །ངོ་མཚར་གཟུགས་སྐུའི་ཉིན་མོར་བྱེད་པ་གངས་ལྗོངས་སྐྱེ་དགུའི་དཔལ་དུ་ཤར། །ཆུང་ངུའི་དུས་ནས་ཡོན་ཏན་ཀུན་རྫོགས་དུས་གསུམ་སྒྲིབ་མེད་ས་ལེར་གཟིགས། །རིང་དུ་སྦྱངས་པའི་བློ་ཆེན་རྣམས་ཀྱང་ཡིད་ལ་ཞུམ་པ་བསྐྱེད་པར་གྱུར། །བྱིས་པའི་ངང་ཚུལ་ཀུན་ལས་འདས་པའི་གཞོན་ནུ་འདི་ནི་འགྲོ་བའི་མགོན། །འཕགས་པ་ཡིན་ཞེས་མཚན་གྱི་ཅོད་པན་དེ་ཡི་ཚེ་ན་ཁྱོད་ཀྱིས་བརྙེས། །རྒྱ་མཚོ་ཆུ་ཡི་གཏེར་དུ་གྱུར་ཀྱང་ཆུ་ཡིས་ངོམས་པ་མེད་པ་ལྟར། །མཁས་པའི་ཡོན་ཏན་ལྷུན་གྱིས་གྲུབ་ཀྱང་མགོན་ཁྱོད་མཁས་པའི་ཚུལ་ལ་སློབ། །འཇམ་པའི་དབྱངས་དང་གཉིས་སུ་མེད་ཀྱང་འཇམ་དབྱངས་བླ་མ་གུས་པས་བསྟེན། །མི་སློབ་ལམ་མཆོག་མངོན་དུ་གྱུར་ཀྱང་ད་དུང་སློབ་པའི་བརྟུལ་ཞུགས་འཛིན། །སྟོབས་བཅུའི་ཡེ་ཤེས་མངོན་དུ་བྱས་ཤིང་དབང་བཅུའི་དབང་གིས་ཕྱུག་པའི་མཐུས། །སྟོབས་འབྱོར་ཁེངས་དྲེགས་ཆང་གིས་མྱོས་པའི་རྒྱལ་ཕྲན་འབུམ་ལ་དབང་བསྒྱུར་བའི། །ཚེ་རིང་གནམ་གྱི་ཤེ་མོང་ཐོབ་པ་རྒྱ་ནག་རྒྱལ་པོས་གུས་བཏུདདེ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་འཛམ་གླིང་བསྟན་པའི་བདག་པོར་བསྐོས། །དེ་ཚེ་གང་ཐུགས་མཁའ་དབྱིངས་མཐོན་པོར་བརྩེ་བའི་ཆུ་འཛིན་དཀྲིགས་པ་ལས། །ཟབ་རྒྱས་ཆོས་ཀྱི་ཆར་བཟང་ཕབ་སྟེ་འགྲོ་བའི་དགེ་བའི་ལོ་ཏོག་བསྐྲུན། །ཆོས་ཀུན་སྒྱུ་མ་ལྟ་བུར་གཟིགས་པ་ཆོས་བརྒྱད་རྟོག་པ་མི་མངའ་ཞིང་། །རྫུ་འཕྲུལ་ཏིང་འཛིན་སྣ་ཚོགས་བརྙེས་ཀྱང་རེ་ཞིག་མངོན་པར་འདུ་མ་མཛད། །རྟོགས་ལྡན་འགའ་ཞིག་བྱིས་པའི་སྐྱེ་བོ་ཕལ་པ་དབང་དུ་བསྡུ་བའི་ཕྱིར། །འཇིག་རྟེན་པ་དང་ཐུན་མོང་གྱུར་པའི་རྫུ་འཕྲུལ་འགྱེད་ལ་བརྩོན་པར་གྱུར། །རྨོངས་པ་ཕལ་ཆེར་དེ་ལ་གུས་ཤིང་གཞན་དག་ཆོས་ནི་འདི་ཉིད་ལ། །གདུལ་བྱའི་དད་པའི་མྱུ་གུ་སྤེལ་སླད་ཆོ་འཕྲུལ་སྟོན་པར་བཛོད་ཅེས་བསྐུལ། །དེ་ཚེ་རལ་གྲི་རྣོན་པོས་བཅད་པའི་རང་གི་ཡན་ལག་རྣམ་པ་ལྔ། །རིགས་ལྔའི་རྒྱལ་བའི་ཞིང་དུ་སྤྲུལ་ནས་རྒྱལ་པོ་འཁོར་དང་བཅས་ལ་བསྟན། །དེ་དག་ཀུན་ཀྱང་དེ་ལ་དད་ནས་མཆོད་ཅིང་གསོལ་བ་བཏབ་པའི་མཐར། །སྐུ་ཡི་བུམ་པ་ཉམ་ཉེས་གྱུར་པའི་སྣང་ཚུལ་དེ་ཡང་མཐོང་བར་མཛད། །དེ་དག་འཇིགས་ཤིང་སྐྲག་པའི་ངང་ནས་ཀྱེ་མ་འཇམ་མགོན་སྤྲུལ་པའི་སྐུ། །རྣམ་འཕྲུལ་འདི་དག་བསྡུ་བར་མཛོད་ཅེས་གདུང་པའི་དབྱངས་ཀྱིས་གསོལ་བ་བཏབ། །སླར་ཡང་ཏིང་འཛིན་དེ་ལས་བཞེངས་ནས་དེ་དག་དབུགས་དབྱུང་མཛད་པ་ལས། །གནམ་སའི་དབང་ཕྱུག་འཁོར་དང་བཅས་པ་ཤིན་ཏུ་དགའ་བའི་སྒྲ་འབྱིན་ཅིང་། །འདི་ན་ལ་ལ་མཁས་པར་གྱུར་ཀྱང་གྲུབ་པའི་གོ་འཕང་ཐོབ་པ་མེད། །འགའ་ཞིག་གྲུབ་པའི་བརྟུལ་ཞུགས་འཆང་ཡང་མཁྱེན་པའི་སྤྱན་རས་གསལ་མ་གྱུར། །མཁས་དང་གྲུབ་པ་གཉིས་ཀར་གྱུར་པའི་སྐྱེས་ཆེན་དམ་པ་འདི་འདྲ་བ། །ཨེ་མ་སྐྱབས་ཀྱི་ཡུལ་དུ་ཐོབ་པ་བདག་ཅག་སྐལ་བ་བཟང་ཞེས་གླེང་། །ལྗོངས་དེའི་མཛད་པ་རེ་ཞིག་རྫོགས་ནས་སླར་ཡང་བོད་དུ་གཤེགས་པའི་ཚེ། །ཁྱོད་སྐུའི་པདྨོ་ཡོན་ཏན་བསུང་ལྡན་གདམས་པའི་སྦྲང་རྩི་བསྒོས་པ་དང་། །བསྟོད་དབྱངས་དར་དིར་སྙན་པར་སྒྲོག་པའི་ས་ཆེན་མངའ་བ་འཁོར་དང་བཅས། །དད་ལྡན་བློ་གསལ་བུང་བའི་ཚོགས་རྣམས་འབྲལ་བར་མ་ཕོད་རྗེས་སུ་འབྲངས། །ཉི་ཟླ་ལྟ་བུའི་མཆོད་ཡོན་གཉིས་པོ་སོ་སོར་གྱེས་པའི་དུས་ཀྱི་ཚེ། །ཤར་ནུབ་གཉིས་ནས་ནམ་མཁའི་གླང་པོ་དར་དཀར་བརྐྱང་འདྲའི་རྩེ་མོ་རུ། །གྲུབ་བརྒྱའི་གཙོ་བོ་བིཪྺ་པ་དང་རྣལ་འབྱོར་དབང་ཕྱུག་བརྩེ་བ་ཆེ། །རྒྱལ་དང་དེ་སྲས་ཚོགས་ཀྱིས་བསྐོར་བ་མངོན་སུམ་སྐྱེས་ཀྱི་ཚུལ་དུ་བསྟན། །གཞན་ཡང་རྣམ་འཕྲུལ་སྣ་ཚོགས་བསྟན་ནས་བསོད་ནམས་སྟོབས་ཀྱིས་འཁོར་ལོས་བསྒྱུར། །དད་པའི་དབང་གིས་མཆི་མའི་རི་མོས་གདོང་བ་སྐྱ་བོར་གྱུར་པ་ཡི། །སློབ་མའི་གཙོ་བོ་མི་ཡི་བདག་པོ་གྲངས་མེད་འཁོར་གྱི་ཚོགས་དང་བཅས། །རྗེས་སུ་འཛིན་པའི་ལུང་བསྟན་མཛད་ནས་རང་གི་ཡུལ་དུ་བཀྱེས་ཞེས་གྲགས། །གཙང་ཕྱོགས་ཆོས་ཀྱི་འབྱུང་གནས་ཆེན་པོར་ཞབས་ཀྱི་པདྨོ་ལེགས་བཀོད་དེ། །གནས་བརྟན་མཆིམས་སྟོན་ཆེན་པོ་ལ་སོགས་ཆོས་སྨྲ་ཁྲི་འཛིན་དགུ་བརྒྱ་དང་། །སྟོང་ཕྲག་བརྒྱ་དང་བརྒྱད་ཅུའི་གྲངས་འཛིན་དགེ་འདུན་འདུས་པའི་ཚོགས་དང་བཅས། །དཔག་ཡས་གདུལ་བྱའི་འཁོར་གྱི་དབུས་སུ་ཟབ་རྒྱས་ཆོས་འཁོར་བསྐོར་བའི་ཚེ། །ལྷ་མིའི་སྟོན་པའི་བསྟན་ལ་དགའ་བའི་ལྷ་ཚོགས་གང་ན་འཁོད་པ་རྣམས། །ཡིད་འོང་སྤྲིན་དཀར་འཛུམ་པའི་ཁྲོད་ནས་ཡིད་འཕྲོག་ལུས་བྱེད་ཐོན་པ་ཡི། །མཆོད་སྤྲིན་རྒྱ་མཚོ་རྣམ་པར་སྤྲུལ་ནས་མགོན་ཁྱོད་མཆོད་པའི་ལྟད་མོ་འདི། །དད་ལྡན་སྐྱེ་བོ་ཀུན་གྱིས་མཐོང་བས་ཕལ་ཆེར་དད་པའི་ས་ལ་བཀོད། །ཡིད་འོང་བསུང་ལྡན་མེ་ཏོག་ཆར་འབེབས་འཇའ་སྤྲིན་མཛེས་པའི་གུར་ཁྱིམ་དུ། །ཕྱོགས་བཅུའི་རྒྱལ་བ་དེ་སྲས་བཅས་པ་མངོན་སུམ་བཞུགས་ནས་མགོན་ཁྱོད་དང་། །ཟབ་མོའི་ཆོས་ཀྱི་བཀའ་མཆིད་མཛད་པ་དམ་པའི་ཡོངས་འཛིན་བཅུ་གཅིག་སོགས། །དད་པའི་འདྲེན་བྱེད་རྣམ་པར་དག་པའི་སྐལ་ལྡན་སྐྱེ་བོ་ཀུན་གྱིས་མཐོང་། །རིགས་པའི་རལ་གྲིས་ཁྱོད་ཀྱི་རྣམ་ཐར་རིགས་དང་མི་རིགས་དཔྱད་པ་ན། །བ་བསྟན་སྐྱོང་བའི་ཁུར་ཆེན་བསྣམས་པ་ཐུབ་པ་གནས་བསྟན་བཅུ་དྲུག་གིས། །རྒྱལ་བའི་བསྟན་པ་ཚུལ་བཞིན་འཛིན་པ་རྒྱལ་སྲས་འདི་ཡིན་གཞན་མིན་ཞེས། །ཀུན་གྱི་ཡིད་ལ་ངེས་པ་སྐྱེད་སླད་ཀུན་ཀྱང་ཁྱོད་ཀྱི་དྲུང་དུ་བྱོན། །ཡོན་ཁྲི་ཆངས་སང་ཆེན་པོ་ལ་སོགས་དག་པའི་འཁོར་གྱིས་བསྐོར་བའི་ཚེ། །སྔ་མ་མྱོང་བའི་དྲི་བསུང་འཐུལ་ཞིང་གནས་ཡུལ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །མཆོད་པའི་དྲི་འདི་ཁྱོད་ཀྱིས་མི་བཟོད་བྱིན་རླབས་བདུད་རྩི་འདི་མྱོང་ལ། །གུས་པའི་ཡིད་ཀྱིས་གསོལ་བ་ཐོབ་དང་རྗེས་སུ་འཛིན་པར་འགྱུར་ཞེས་གསུངས། །དེའི་ཚེ་མདུན་མཁར་འཕགས་པའི་ཡུལ་གྱི་རིག་འཛིན་གྲུབ་ཐོབ་བརྒྱད་ཅུའི་ཚོགས། །དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར་བ་མངོན་སུམ་བྱོན་ནས་གདམས་པ་དང་། །ལུང་བསྟན་མངའ་གསོལ་ལེགས་པར་མཛད་དེ་སླར་ཡང་མི་སྣང་གྱུར་པ་འདི། །རིག་འཛིན་རྒྱ་མཚོའི་དེད་དཔོན་ཉིད་དུ་མགོན་ཁྱོད་གཞན་ལ་སྒྲོག་པ་འདྲ། །མདོར་ན་སྔོན་ཆད་རྒྱལ་བ་མང་པོའི་ཕྲིན་ལས་སྣོད་དུ་མ་གྱུར་པའི། །ཆེར་སྙིགས་རྒུད་པའི་དུས་ཀྱི་སྐྱེ་བོ་ཤིན་ཏུ་གཏུམ་པའི་ངང་ཚུལ་ཅན། །མི་སྲུན་གདུལ་དཀའི་འགྲོ་བ་ཕལ་ཆེར་སྣ་ཚོགས་ཐུགས་རྗེའི་ཐབས་མཁས་ཀྱིས། །རྣམ་གྲོལ་ཐར་བའི་ལམ་ལ་བཀོད་འདི་རྒྱལ་སྲས་ཁྱོད་ཀྱི་རྣམ་ཐར་ལགས། །འགྲོ་ཁམས་རྒྱ་མཚོའི་ལས་ཉོན་ཆུ་མཚོ་བསྐམས་པར་མ་གྱུར་དེ་སྲིད་དུ། །ཐུགས་རྗེ་དབང་ཕྱུག་རྒྱལ་སྲས་ཉི་མའི་ཕྲིན་ལས་སྣང་བ་མི་འགག་མོད། །བསིལ་ལྡན་ལྗོངས་ཀྱི་བསྟན་འགྲོའི་མཛད་པ་རེ་ཞིག་རྫོགས་པའི་དུས་ཀྱི་ཚེ། །ཆོས་ཀྱི་རྒྱལ་པོའི་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད། །རྒྱལ་ཀུན་ཡེ་ཤེས་སྒྱུ་མའི་རྣམ་རོལ་འཇམ་དཔལ་རྣོན་པོ་མི་གཟུགས་ཅན། །ངོ་མཚར་རྟོགས་བརྗོད་ནམ་མཁའི་མཐའ་བརྒལ་སྲིད་གསུམ་མཚུངས་མེད་ས་སྐྱ་པ། །རྒྱལ་སྲས་བྱེ་བའི་ཕྲིན་ལས་ཤུགས་འཆང་འཇམ་མགོན་གོང་མའི་རྣམ་ཐར་འདི། །གང་ཚེ་ཡིད་ལ་དྲན་པའི་མོད་ལ་སྙིམ་པའི་ཆུ་སྐྱེས་སྤྱི་བོར་ཟུམ། །རྒྱལ་བ་གཉིས་པ་འཕགས་པ་མཆོག་གི་རྣམ་ཐར་ནམ་མཁའི་མུ་ཁྱུད་ཅན། །ཇི་བཞིན་གཞལ་བའི་བློ་ཡི་ནུས་པ་རྨོངས་པ་བདག་ལ་མ་མཆིས་པས། །མདོ་ཙམ་བརྗོད་པའི་ལེགས་བྱས་འདི་ཡིས་ནམ་མཁའི་རྗེས་འགྲོ་ལུས་ཅན་གྱི། །སྲིད་ཞིའི་རྒུད་པ་མཐའ་དག་ཞི་ནས་ཐུབ་དབང་གོ་འཕང་ཐོབ་པར་ཤོག །བརྟན་པའི་འཁོར་ལོ་མི་གཟུགས་ཅན། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི། །བཀའ་ལུང་གསེར་གྱི་ཅོད་པན་ནི། །གུས་པས་སྤྱི་བོར་བླངས་ནས་ནི། །ལས་ངན་དུས་སུ་སྨིན་པའི་མཐུས། །མི་འདོད་སྣ་དགུས་གདུང་བ་ཡི། །རྨོངས་པ་ཀུན་དགའི་མིང་ཅན་གྱིས། །གང་དྲན་ཡི་གེའི་ལམ་དུ་སྤེལ། །

འཕགས་མ་དབྱངས་ཅན་དམར་མོའི་བསྟོད་པ་དང་གསོལ་འདེབས།

ཡིད་འོང་ལང་ཚོའི་དཔལ་ཀུན་ལེགས་བསྡུས་ནས། །མཚར་སྡུག་རྫོགས་པར་ལྷ་མོའི་སྐུར་སྣང་བ། །བྱི་རུའི་མདངས་འཛིན་མཚན་དཔེའི་གཟི་འབར་བ། །དབྱངས་ཅན་འཕགས་མའི་སྐུ་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་གསུང་གི་ཕྲིན་ལས་མ་ལུས་པ། །ལོངས་སྤྱོད་འཁོར་ལོར་འདུས་པའི་རྟེན་འབྲེལ་གྱིས། །དྲུག་ཅུའི་ཉམས་འགྱུར་རྫོགས་པའི་དབྱངས་ལྡན་པ། །ངག་དབང་ལྷ་མོའི་གསུང་ལ་ཕྱག་འཚལ་ལོ། །ཇི་སྙེད་ཤེས་བྱའི་ཆུ་ཀླུང་མ་ལུས་པ། །ཟབ་ཡངས་མཁྱེན་པའི་སྣོད་དུ་འཁྱིལ་བ་ཡི། །ཡེ་ཤེས་རྒྱ་མཚོ་གཏིང་མཐའ་མི་མངོན་པའི། །རྒྱ་མཚོའི་ལྷ་མོའི་ཐུགས་ལ་ཕྱག་འཚལ་ལོ། །སྟོབས་བཅུའི་ཆུ་གཏེར་མཁའ་མཐའི་རྗེས་འགྲོ་བ། །མ་འདྲེས་རིན་ཆེན་བྱེ་བས་ཡོངས་སུ་གཏམས། །མི་འཇིགས་རྣམ་བཞིའི་རྦ་རླབས་གཡོ་བ་ཡི། །འཕགས་མའི་ཡོན་ཏན་རྒྱ་མཚོ་ལ་ཕྱག་འཚལ། །མཐའ་ཡས་གདུལ་བྱའི་མཁའ་ལ་ཟེར་འཕྲོབའི། །ཕྲིན་ལས་འོད་སྟོང་བདག་པོའི་གཟི་བྱིན་གྱིས། །སྐལ་བཟང་སྙིང་གི་ཆུ་སྐྱེས་རྒྱས་མཛད་པ། །རྒྱལ་ཡུམ་འཕགས་མའི་མཛད་པ་ལ་ཕྱག་འཚལ། །སྲིད་པར་བཞུགས་ཀྱང་སྐྱོན་གྱིས་མ་གོས་ཤིང་། །ཞི་བ་བརྙེས་ཀྱང་དེ་ལ་མ་ཆགས་པའི། །མགོན་མེད་བདག་གི་མགོན་གཅིག་རྗེ་བཙུན་མའི། །རབ་མཛེས་ཞབས་ཀྱི་པདྨ་ལ་ཕྱག་འཚལ། །སྐུ་མཆོག་མཐོང་ན་ཡིད་ཀྱི་མུན་པ་སེལ། །གསུང་དབྱངས་ཐོས་ན་མ་རིག་གཉིད་ལས་སློང་། །ཁྱོད་ཐུགས་དྲན་པས་སྲིད་ཞིའི་འཇིགས་འཕྲོག་པ། །བྱིན་རླབས་གཏེར་མཛོད་འཕགས་མ་ལ་ཕྱག་འཚལ། །ལག་པའི་ཨུཏྤལ་སྙིང་གི་ཐད་དུ་ཟུམ། །མཆི་མི་རྒྱུན་གྱིས་གདོང་བ་འཁྲུད་བཞིན་དུ། །བྱམས་པའི་མ་ཁྱོད་རྗེས་སུ་དྲན་ལགས་ན། །མངོན་སུམ་རྗེས་སུ་ཟུངས་ཤིག་དབྱངས་ཅན་མ། །མཛེས་པའི་སྐུ་མཆོག་མིག་གིས་མཐོང་བཞིན་དུ། །སྙན་པའི་གསུང་གིས་དབུགས་དབྱུང་ཐོབ་པ་དང་། །ཡིད་འོང་ཕྱག་གིས་མགོ་ལ་ཕྱུག་ནས་ནི། །མ་ཡིས་བུ་བཞིན་སྐྱོངས་ཤིག་དབྱངས་ཅན་མ། །རང་སྡུག་དྲན་པའི་ངུ་ངག་འབྱིན་པ་ལས། །བྱིས་པ་བདག་གིས་དེ་སྤོང་མ་ནུས་པས། །དགེ་ལེགས་སྤེལ་ཞིང་ཉེས་ལས་སྐྱོབ་པ་ཡི། །བྱམས་པའི་མ་མ་མཛོད་ཅིག་དབྱངས་ཅན་མ། །ཐོག་མེད་དུས་ནས་ཉོན་མོངས་དབང་གྱུར་པས། །ཇི་བྱས་སྡིག་ཏུ་སོང་བས་འགྱོད་ལགས་ན། །ཐར་པའི་གེགས་གྱུར་སྡུག་བསྔལ་ཀུན་གྱི་རྒྱུ། །ནོངས་པའི་དྲི་མ་ཁྲུས་ཤིག་དབྱངས་ཅན་མ། །སྔོན་བྱས་ལས་ངན་དུས་སུ་སྨིན་པའི་མཐུས། །མི་འདོད་སྣ་དགུའི་གདུང་བ་བསྐྱེད་ལགས་ན། །འཁྲུལ་སྣང་སྡུག་བསྔལ་སྤྲིན་བཞིན་དྭངས་པ་ཡི། །དགོངས་པའི་བྱིན་ཆེན་ཕོབ་ཅིག་དབྱངས་ཅན་མ། །དད་བརྩོན་བློ་ཡི་ལུས་སྟོབས་ཉམས་ཆུང་བས་། །གློ་བུར་རྐྱེན་ངན་རླུང་གིས་དེད་པའི་ཚེ། །ལམ་གོལ་བདུད་ཀྱི་གཡང་སར་མི་གཏོང་པར། །ཐུགས་རྗེའི་ཕྱག་གིས་ཟུངས་ཤིག་དབྱངས་ཅན་མ། །ཆུ་བུར་སྒྱུ་མའི་ལུས་འདི་འཇིག་སླ་བས། །དུས་མིན་འཆི་བའི་རྐྱེན་ངན་ལྷགས་པ་ན། །འཆི་མེད་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས། །རིང་འཚོའི་དབུགས་དབྱུང་སྩོལ་ཅིག་དབྱངས་ཅན་མ། །འཁོར་བའི་གྲོང་དུ་ཁྱིམ་པའི་གཡོག་བྱེད་པ། །སྟོན་པ་མཆོག་དེས་རྗེས་སུ་མ་གནང་བས། །དབེན་པའི་གནས་སུ་མི་ཚེ་སྒྲུབ་པ་དང་། །སྙོམས་པའི་རྟེན་འབྲེལ་སྒྲིགས་ཤིག་དབྱངས་ཅན་མ། །མི་སྲུན་སྲིན་མོའི་གླིང་ན་གནས་འདྲ་བའི། །དུས་ངན་མཛའ་བོའི་ངང་ཚུལ་མཐོང་ལགས་པས། །གྲོགས་ངན་དབང་གིས་ཆོས་ལས་ཉམས་བྱེད་པས། །འདུ་འཛིའི་འབྲེལ་ཐག་ཆོད་ཅིག་དབྱངས་ཅན་མ། །ལོངས་སྤྱོད་ཚེ་འདི་དཔལ་འབྱོར་སྤངས་ནས་ནི། །རི་དྭགས་བཞིན་དུ་བས་མཐའ་ཉུལ་བའི་དུས། །ལུས་སྲོག་འཚོ་བ་འཇོམས་པའི་གནོད་བྱེད་ཀྱི། །འཇིག་པ་ཀུན་ལས་སྲུངས་ཤིག་དབྱངས་ཅན་མ། །བླ་མ་མཆོག་གསུམ་སྐྱབས་སུ་རྙེད་ན་ཡང་། །ཡིད་ཆེ་དད་པ་རྒྱུ་ལ་མ་སྐྱེས་པས། །ཁྱེད་ཤེས་བླ་ོགཏད་ནམ་ཡང་མི་འགྱུར་བའི། །དཀོན་མཆོག་སྐྱབས་འོག་ཆུག་ཅིག་དབྱངས་ཅན་མ། །སྡུག་བསྔལ་ལོངས་སྤྱོད་བདེ་བར་རློམས་ནས་ནི། །འཕྲལ་སྣང་ཉམས་དགའི་ཞེན་པ་མ་ཆོད་པས། །སྲིད་པའི་བདེ་ལ་ནམ་ཡང་མི་ཆགས་པའི། །ངེས་འབྱུང་སྡོམ་པ་སྩོལ་ཅིག་དབྱངས་ཅན་མ། །འགྲོ་ཀུན་རང་གི་ཕ་མ་ཡིན་ན་ཡང་། །མ་རིག་དབང་གིས་གཉེན་ངོ་མ་ཤེས་པས། །ཀུན་ལ་སྙོམས་པའི་བྱམས་བརྩེའི་ཆུ་འཛིན་གྱིས། །བདག་རྒྱུད་བརླན་པར་མཛོད་ཅིག་དབྱངས་ཅན་མ། །བདག་ཉིད་གཅེས་པར་འཛིན་པའི་བློ་ངན་གྱིས། །གཞན་དོན་སྒྲུབ་པའི་ཁུར་ཁྱེར་མ་ནུས་པས། །རང་ཉིད་ཞི་བ་དོན་དུ་མི་གཉེར་བར། །བྱང་ཆུབ་སེམས་མཆོག་བསྐྱེད་ཅིག་དབྱངས་ཅན་མ། །སྡིག་པས་ཉོས་པའི་ལོག་འཚོའི་དུག་གི་ཆུ། །འཐུང་ན་ཐར་བའི་སྲོག་ལ་རྒོལ་བས་ན། །ཟས་གོས་གྱི་ན་ཙམ་གྱིས་ཆོག་ཤེས་པའི། །དཀའ་ཐུབ་བཟོད་པར་མཛོད་ཅིག་དབྱངས་ཅན་མ། །ཡོད་པའི་རང་སྐྱོན་ནམ་ཡང་མི་མཐོང་ཞིང་། །མེད་ཀྱང་གཞན་སྐྱོན་ཚོལ་བའི་ལས་ངན་བདག །དམན་ས་བཟུང་ནས་ཀུན་ལ་གུས་པ་ཡི། །དག་སྣང་རྒྱས་པར་མཛོད་ཅིག་དབྱངས་ཅན་མ། །འདོད་ཡོན་ཡིད་བྱེད་ཆགས་པའི་ལྕགས་སྒྲོག་གིས། །སྲིད་པའི་བཙོན་རར་བདག་ནི་བཅིང་ལགས་ན། །ཆོས་ཀུན་སྒྱུ་མར་རྟོགས་པའི་ཤེས་རབ་ཀྱིས། །ཞེན་པའི་སྒྲོག་ལས་ཁྲོལ་ཅིག་དབྱངས་ཅན་མ། །ཡིད་ལ་རླན་སྟེར་བྱམས་དང་སྙིང་རྗེའི་ཆབ། །ཞེ་སྡང་ཚ་དབལ་སྣོན་པོས་ཉམས་གྱུར་པས། །ཐུགས་རྗེའི་ཟླ་ཤེལ་འཛུམ་པའི་བསིལ་ཟེར་གྱིས། །ཀུན་འཁྲུག་གདུང་བ་སྐྱོབས་ཤིག་དབྱངས་ཅན་མ། །རྨོངས་ཆེན་མུན་པས་ཁེབས་པའི་བློ་མིག་འདིས། །གནས་ལྔ་ཤེས་བྱའི་ལྟད་མོ་མ་མཐོང་བས། །མཁྱེན་གཉིས་འོད་སྟོང་འབར་བའི་ཉིན་བྱེད་ཀྱིས། །མ་རིག་མུན་པ་སོལ་ཅིག་དབྱངས་ཅན་མ། །བག་མེད་འཆལ་གཏམ་སྒྲོག་པའི་རོ་འཛིན་འདི། །མི་བཟད་སྡིག་པའི་ཕྱགས་མར་སོང་ལགས་པས། །མཁས་ཚུལ་གསུམ་ལ་ཐོགས་མེད་སྤོབས་པ་ཡི། །ངག་གི་སྒྲིབ་པ་སྦྱོངས་ཤིག་དབྱངས་ཅན་མ། །ཚུལ་མིན་ཡིད་བྱེད་རྟོག་པའི་ཆོམ་རྐུན་གྱིས། །དགེ་བའི་ལོངས་སྤྱོད་ཉམས་པར་བྱེད་འདུག་པས། །ཐོས་བསམ་བསྒོམ་གསུམ་ཡིད་བཞིན་ནོར་བུ་ཡིས། །བདག་བློའི་རྒུད་པ་སོལ་ཅིག་དབྱངས་ཅན་མ། །དྲན་འཛིན་ཞབས་རྡོལ་བློ་ཡི་བུམ་པ་ཡིས། །རྣམ་མང་ཐོས་པའི་བཅུད་འདི་མ་བཟུང་བས། །བློ་གྲོས་ཁང་བཟང་གཟུངས་ཀྱི་སྒོ་གླེགས་ཅན། །ཤེས་བྱའི་ནོར་གྱིས་ཕྱུག་མཛོད་དབྱངས་ཅན་མ། །ཆོས་བརྒྱད་རྟོག་པའི་འཁོར་ལོ་བསྐོར་ནས་ནི། །ཆོས་དང་རང་སེམས་འདྲེས་པར་མ་ནུས་པས། །སྐྱིད་སྡུག་བཟང་ངན་སེམས་ཀྱི་འཁྲུལ་སྣང་ཀུན། །རོ་སྙོམས་རྟོགས་པ་བསྐྱེད་ཅིག་དབྱངས་ཅན་མ། །སྙིང་པོ་མེད་པའི་སྒྱུ་མའི་ལོངས་སྤྱོད་ལ། །འཛིན་ཞེན་སེར་སྣའི་འཁྲི་བ་མ་ཆོད་པས། །ཆགས་མེད་ལུས་ཀྱང་མཆོད་སྦྱིན་ནུས་པ་ཡི། །གཏོང་བའི་སྒོ་འཕར་ཕྱེ་ཤིག་དབྱངས་ཅན་མ། །རྣམ་དག་བསླབ་གསུམ་ཡིད་ཀྱི་རྫིང་དྭངས་པ། །བག་མེད་སྤྱོད་པའི་རྡུལ་གྱིས་བསླད་པའི་ཚེ། །བྱིན་རླབས་ཆུ་དྭངས་ནོར་བུའི་དག་བྱེད་ཀྱིས། །སྡིག་ལྟུང་རྙོག་མ་སྒྲུངས་ཤིག་དབྱངས་ཅན་མ། །ཉོན་མོངས་ཤུགས་དྲག་གཉེན་པོ་ཉམས་སྟོབས་ཆུང་། །རྐྱེན་དང་འཕྲད་ཚེ་སྤང་བླང་མ་ནུས་པས། །སྲོག་གི་ཕྱིར་ཡང་ཆོས་ལས་མི་འདའ་བའི། །དྲན་ཤེས་བརྟན་པར་མཛོད་ཅིག་དབྱངས་ཅན་མ། །བཟོད་པ་སྲན་ཆུང་བཟེ་རེའི་ནད་ཀྱིས་ཐེབ། །ཆོས་ཕྱིར་དཀའ་བ་དང་ལེན་མ་ནུས་པས། །སྡུག་བསྔལ་རྐྱེན་ངན་གྲོགས་སུ་འཆར་བ་ཡི། །ཞུན་མེད་སྙིང་སྟོབས་བསྐྱེད་ཅིག་དབྱངས་ཅན་མ། །སྒྱིད་ལུག་སྙོམས་ལས་མལ་དུ་ཉལ་ནས་ནི། །ལེ་ལོའི་ངང་དུ་མི་ཚེ་ཟད་འདུག་པས། །ལོང་མེད་འཆི་བ་དྲན་པའི་བསྐུལ་མ་ཡིས། །ཤུགས་དྲག་བརྩོན་འགྲུས་བསྐྱེད་ཅིག་དབྱངས་ཅན་མ། །སྐད་ཅིག་མི་གནས་ཡུལ་གྱི་རྗེས་འབྲང་བའི། །འཕྲོ་རྒོད་སེམས་ཀྱི་སྤྲོས་པས་དུབ་ལགས་ན། །རྟོག་པའི་ཟུག་རྔུས་དབེན་པའི་ཏིང་འཛིན་གྱིས། །དགའ་བདེས་སིམ་པར་མཛོད་ཅིག་དབྱངས་ཅན་མ། །མ་རིག་སྒྱུ་མའི་རྫས་སྔགས་ལས་བྱུང་བའི། །འཁྲུལ་སྣང་ཡུལ་ལ་བདེན་ཞེན་མ་ཞིག་པས། །རྟེན་འབྱུང་སྟོང་པར་ཤེས་པའི་ལྷག་མཐོང་གིས། །སྲིད་རྩ་དྲུང་ནས་ཕྱུངས་ཤིག་དབྱངས་ཅན་མ། །གཞི་མེད་རེ་དོགས་རྟོག་པའི་བྲེལ་ཚུལ་གྱིས། །སེམས་ཉིད་རིག་པ་རྣལ་དུ་མ་ཕེབས་པས། །འཁྲུལ་སྣང་བློ་ཡི་རི་མོའི་བཟང་ངན་ལ། །ངོས་འཛིན་འཁྲི་བ་ཆོད་ཅིག་དབྱངས་ཅན་མ། །གཉིས་འཛིན་འདྲེ་རྒོད་གཉེན་པོས་མ་ཐུལ་བས། །འཁྲུལ་སྣང་ཐམས་ཅད་དགྲ་རུ་ལང་པས་ན། །གང་ཤར་རྐྱེན་ངན་ཐོག་བརྫིས་ནུས་པ་ཡི། །བརྟུལ་ཞུགས་གྲུབ་པར་མཛོད་ཅིག་དབྱངས་ཅན་མ། །རྒྱ་ཆེན་སྤྱོད་ལ་གོམས་འདྲིས་ཆུང་བའི་ཕྱིར། །རྒྱལ་བའི་ཡོངས་བསྔོ་དྲན་པར་མ་ནུས་པས། །འཇམ་དཔལ་གཞོན་ནུའི་མཁྱེན་པའི་རྗེས་འགྲོ་བའི། །ཀུན་བཟང་སྤྱོད་པ་སློབས་ཤིག་དབྱངས་ཅན་མ། །རྒྱལ་དང་དེ་སྲས་རྣམ་ཐར་རྨད་བྱུང་བ། །ཀུན་རྨོངས་བདག་གི་བློ་བོར་མ་ཤོངས་བས། །ཏིང་འཛིན་རྣམ་འཕྲུལ་སྟོང་གི་སྒོ་ཕྱེ་ནས། །སྙིང་ལ་རབ་དགའ་བྱིན་ཅིག་དབྱངས་ཅན་མ། །རྒྱུ་དོན་མཐར་ཐུག་ནང་གི་རྟེན་འབྲེལ་གྱི། །དོན་འདི་བདག་གི་གློ་བུར་མ་ཆུད་པས། །གང་ཞིག་ཤེས་ན་ཀུན་མཁྱེན་འགྱུར་བ་ཡི། །ཟབ་གནད་རྟོགས་པར་མཛོད་ཅིག་དབྱངས་ཅན་མ། །རྒྱུ་འབྲས་ཐ་དད་ལྟ་བའི་རྨོངས་པ་ཡིས། །སངས་རྒྱས་གཞན་དུ་འཚོལ་བས་ངལ་བ་ལ། །སྐུ་བཞི་རང་ལ་ཡོད་པར་ཡིད་ཆེས་པའི། །སྨིན་བྱེད་དབང་བསྐུར་སྩོལ་ཅིག་དབྱངས་ཅན་མ། །མཚན་འཛིན་མ་རིག་རྟོག་པའི་དབང་གྱུར་ནས། །ལྷ་དང་ཡེ་ཤེས་རང་ངོ་མ་ཟིན་པས། །གང་ཤར་བདེ་སྟོང་རོལ་པས་དུས་འདའ་བའི། །གྲོལ་བྱེད་ལམ་བཟང་སྟོན་ཅིག་དབྱངས་ཅན་མ། །རང་བཞིན་ཤེས་ན་སངས་རྒྱས་རང་ཡིན་ཀྱང་། །གློ་བུར་དྲི་མས་འཁོར་བར་འཁྱམ་པ་ལ། །ལྷུན་གྲུབ་གནས་འགྱུར་འགལ་མེད་དོན་རྟོགས་ནས། །འབྲས་བུའི་དབུགས་དབྱུང་སྩོལ་ཅིག་དབྱངས་ཅན་མ། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་སྒྲོག་པའི་གཏམ། །ཐོས་ཀྱང་མཐོང་བའི་སྐལ་བས་དབུལ་ལགས་ན། །མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཏུ། །ཕྱིན་པའི་དེད་དཔོན་མཛོད་ཅིག་དབྱངས་ཅན་མ། །ཐོག་མར་རང་རྒྱུད་ཆོས་ཀྱི་མ་ཐུལ་བར། །གཞན་གྱི་འཆང་བ་བཀྲོལ་བར་མི་ནུས་པས། །རང་ཡང་མི་འཆིང་གཞན་ལ་ཕན་པའི་ཚེ། །ཕྲིན་ལས་རྒྱས་པར་མཛོད་ཅིག་དབྱངས་ཅན་མ། །གཉིད་ཀྱི་བདུད་པོས་ཚེ་ཐུང་འདི་ཡི་ཕྱེད། །བཅོམ་ནས་བདག་གིས་ཉམས་སུ་མ་མྱོང་བས། །འོད་གསལ་རྨི་ལམ་སྒྱུ་མའི་རྣལ་འབྱོར་གྱིས། །མཚན་མོའི་འཁྲུལ་བ་སྦྱོངས་ཤིག་དབྱངས་ཅན་མ། །ཁམས་གསུམ་སེམས་ཅན་གང་གིས་ཟ་བ་ཡིས། །མི་རྟག་གཤིན་རྗེའི་འཇིག་པ་དྲན་ལགས་ན། །འཆི་བ་བྱུང་ཡང་ཡ་ང་མི་དགོས་པའི། །གདེང་དྲོད་བདག་ལ་བྱིན་ཅིག་དབྱངས་ཅན་མ། །གདོས་བཅས་སྒྱུ་མའི་ལུས་འདི་ཞིག་ནས་ནི། །ཡིད་ལུས་བར་དོའི་སྣང་བ་ཤར་བ་ན། །མངོན་སུམ་སྐུ་ཡི་སྣང་བ་བསྟན་ནས་ནི། །ལམ་སྣ་ཁྱོད་ཀྱིས་དྲོངས་ཤིག་དབྱངས་ཅན་མ། །འབྱོར་ན་དེ་ལ་ཞེན་པའི་འཁྲི་བ་ཆོད། །རྒུད་ན་སྡུག་བསྔལ་མྱོང་བའི་སྐྱོ་གྲོགས་མཛོད། །བར་ཆད་བྱུང་ན་ལམ་གྱི་གེགས་སེལ་ཞིང་། །ཉམས་རྟོགས་བོགས་འདོན་མཛོད་ཅིག་དབྱངས་ཅན་མ། །མཐོང་བར་འདོད་ཚེ་སྐུ་ཡི་སྣང་བ་སྟོན། །འདྲི་བར་འདོད་ན་གསུང་གི་དབུག་དབྱུངས་མཛོད། །མོས་གུས་སྐྱེ་ཚེ་སྙིང་ལ་བྱིན་རླབས་ཀྱི། །བདེ་བས་ཚིམ་པར་མཛོད་ཅིག་དབྱངས་ཅན་མ། །བླ་མ་བསྒོམས་ཀྱང་ངོ་བོ་ཁྱོད་ཉིད་ཡིན། །ལྷ་ཁྱོད་བསྟེན་ཀྱང་དོན་དུ་བླ་མ་ཡིན། །འཁྲུལ་བ་ཟད་ན་ཐམས་ཅད་རང་ཡིན་པའི། །དགོངས་པ་མངོན་དུ་གྱུར་མཛོད་དབྱངས་ཅན་མ། །མདོར་ན་གཉིས་སྣང་འཁྲུལ་བའི་སྤྲོས་པ་ཀུན། །གཉིས་མེད་ཆོས་ཀྱི་དབྱིངས་སུ་མ་བསྡུས་པར། །སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་ནི། །བདག་གི་བླ་མ་མཛོད་ཅིག་དབྱངས་ཅན་མ། །ཚེ་རབས་ལས་ཀྱིས་འབྲེལ་བའི་ཡི་དམ་ལ། །སྙིང་ནས་དད་པས་གསོལ་བ་བཏབ་པའི་མཐུས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །མགོན་པོ་ཁྱོད་ཀྱིས་རྗེས་སུ་འཛིན་པར་ཤོག །དེ་ལྟར་གང་གི་ཐུགས་རྗེ་བསྐུལ་བའི་ངག །ཚིགས་སུ་བཅད་པ་ལྔ་བཅུ་རྩ་ལྔ་འདི། །སྔོ་ལྗང་ལྕུག་ཕྲན་ལོ་མའི་སྨད་གཡོག་དང་། །ཡིད་འོང་ན་བུན་མཐིང་གའི་རྐེད་ཆིང་ཅན། །རབ་དཀར་བྲག་རིའི་སྟོད་གཡོག་བགོས་པ་ཡི། །རབ་མཛེས་ས་འཛིན་བུ་མོའི་པང་པ་རུ། །རི་དྭགས་གཞོན་ནུའི་གྲོགས་པོ་འགྲོགས་ན་བདེ། །ཕུ་ཆུའི་བུ་མོའི་གླུ་སྒྲ་རྣ་བར་སྙན། །ཆུ་སྐྱེས་སྐེད་མེད་ལང་ཚོའི་དགའ་སྟོན་གྱིས། །མིག་གི་བུང་བ་མགྲོན་དུ་འགུག་པའི་ས། །བྲག་དཀར་ཁྱུང་ཆེན་ཞེས་བྱའི་རི་སུལ་དུ། །གནས་བཅས་སྒྲུབ་ལ་བརྩོན་པའི་ཀུ་ས་ལི། །ངུར་སྨྲིག་བླ་གོས་གསར་པའི་དམར་འོད་དང་། །འགྲོགས་པའི་ཚངས་སྤྱོད་སྡོམ་པའི་སྐལ་པ་ཅན། །ཀུན་དགའ་བསྟན་པའི་རྒྱལ་མཚན་ཞེས་བྱ་བས། །རང་གཤིས་ངན་པའི་རང་མཚང་མཐོང་བའི་ཚེ། །ཡིད་ཀྱི་ཟུག་རྔུ་སེམས་ཀྱིས་མ་བཟོད་ནས། །གང་ལ་གསོལ་བ་བཏབ་ན་མི་བསླུ་བ། །དབང་གི་མདངས་ལྡན་དུས་གསུམ་རྒྱལ་བའི་ཡུམ། །སྐྱབས་དེ་རྗེས་སུ་དྲན་ནས་འདི་བྲིས་སོ། །དགེ་བ་དེ་ཡིས་ཡིད་ལ་རེ་བའི་དོན། །གེགས་མེད་མྱུར་དུ་འགྲུབ་པའི་རྒྱུ་རུ་བསྔོ། །

ལྷ་མོ་དབྱངས་ཅན་མ་ལ་རྗེས་སུ་འཛིན་པར་བསྐུལ་བ།

ༀ་སྭ་སྟི། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་གི། །རབ་མཛེས་ཚེམས་ཀྱི་མྱུ་གུ་ལས་འཁྲུངས་པའི། །བློ་གཏེར་རྒྱ་མཚོའི་ལྷ་མོ་དབྱངས་ཅན་མ། །དེ་རིང་བདག་གི་སྙིང་ལ་གནས་པར་མཛོད། ༡ །ལྟ་བས་མི་ངོམས་ཡེ་ཤེས་སྒྱུ་མའི་སྐུ། །བཅུ་དྲུག་ལང་ཚོས་ལྷར་བཅས་ཡིད་འཕྲོག་མ། །དྲན་པས་ཟག་མེད་བདེ་སྟེར་ངག་གི་ལྷའི། །མཛུམ་པའི་ཞལ་རས་དེ་རིང་བདག་ལ་སྟོན། ༢ །བཅུ་ཕྲག་དྲུག་གི་ཡན་ལག་དང་འགྲོགས་པའི། །ཚངས་དབྱངས་བདུད་རྩིའི་ཟེགས་མ་གཅིག་གིས་ཀྱང་། །མ་རིག་སྲིད་པའི་གཉིད་ལས་སློང་བྱེད་པའི། །གསུང་གི་དབུགས་དབྱུང་དེ་རིང་བདག་ལ་སྩོལ། ༣ །མཁྱེན་པས་རྒྱལ་ཀུན་ཡེ་ཤེས་བསྡུས་པ་བཞིན། །བརྩེ་བས་རིས་བྲལ་འགྲོ་བའི་ཁམས་ཀུན་ཁྱབ། །ནུས་པས་དཔག་དཀའི་འཁོར་བའི་མཐའ་བསྙིལ་བའི། །ཐུགས་ཀྱི་དགོངས་པས་དེ་རིང་བྱིན་གྱིས་རློབས། ༤ །ཏིང་འཛིན་སྙན་ལ་ཉེ་རིང་མི་མངའ་བས། །གདུང་བའི་དབྱངས་ཀྱིས་བོས་པའི་སྐད་ཅིག་ལ། །མྱུར་མགྱོགས་ཐུགས་རྗེས་བྱིན་གྱིས་བརླབས་ནས་ནི། །སྙིང་ལ་སིམ་པའི་དགའ་སྟོན་དེ་རིང་སྩོལ། ༥ །ཕུན་ཚོགས་བཀོད་པ་རྒྱ་མཚོས་མཛེས་གྱུར་པའི། །ལྷོ་ཕྱོགས་ཡིད་བཞིན་རོལ་མཚོའི་དགའ་ཚལ་ནས། །སྨྲ་མཁས་འདོད་པ་རྣམས་ཀྱི་ལྷག་པའི་ལྷ། །མགོན་ཁྱོད་མངོན་སུམ་བཞུགས་ཞེས་བདག་གིས་ཐོས། ༦ །ཉམ་ཆུང་ལུས་ཀྱིས་བགྲོད་པར་མ་ནུས་པས། །ཆུ་བུར་མིག་གིས་ཕྱོགས་དེར་ཁ་བལྟས་ནས། །ཟུམ་བུའི་ཐལ་མོ་སྦྱར་བའི་གདུང་དབྱངས་ཀྱིས། །ཐུགས་རྗེ་ཐུགས་དམ་བསྐུལ་ལོ་རྗེ་བཙུན་མ། ༧ །ཡིད་འོང་ལྷ་མོའི་སྙན་པའི་གསུང་དབྱངས་ཀྱིས། །གྲུབ་གཉིས་བདུད་རྩིའི་བགོ་སྐལ་འདི་ལོངས་ཞེས། །མཆོད་སྦྱིན་དབུགས་དབྱུང་སྩོལ་བའི་སྐལ་བཟང་ལ། །རེ་བའི་མིག་འདི་ཟུམ་པའི་སྐབས་མ་རྙེད། ༨ །མྱུར་མགྱོགས་རྫུ་འཕྲུལ་མཆོག་གི་ཞབས་ལྡན་ཞིང་། །སྒྲིབ་མེད་ཡེ་ཤེས་གཟིགས་པའི་སྤྱན་མངའ་བ། །མགོན་མེད་བདག་གི་མགོན་གཅིག་རྗེ་བཙུན་མས། །ད་ནི་རྗེས་སུ་འཛིན་པར་མཛད་དུ་གསོལ། ༩ །སྲས་བཅས་རྒྱལ་བ་སྐྱེེད་པའི་ཡུམ་གྱུར་མས། །མཁྱེན་བརྩེ་ནུས་པའི་ནུ་ཞོས་ལེགས་བསྐྱངས་པས། །བློ་གྲོས་ནུས་སྟོབས་རྫོགས་པའི་མཁས་གྲུབ་ཀྱིས། །འཕགས་བོད་འཛིན་མའི་ཐ་གྲུ་ཁྱབ་པར་བྱས། ༡༠ །བདག་ཀྱང་དེ་འདྲའི་སྐལ་བཟང་ལ་ཆགས་ནས། །བྱིན་རླབས་རོ་མངར་འདོད་པའི་དད་གསུམ་གྱི། །མཆུ་སྒྲོས་རྒྱུན་དུ་གཡོ་བའི་ངང་ཚུལ་འདིས། །ཨ་མ་འབོད་པ་ཁྱེད་ཀྱིས་གསན་ལགས་སམ། ༡༡ །གང་གི་བྱིན་རླབས་སྐྱ་རེངས་དང་པོ་གཟིས། །སྙིང་ལ་རབ་དགའ་བྱིན་པ་འདིས་བསྐུལ་ནས། །མཁྱེན་བརྩེའི་ཉིན་བྱེད་སྣང་བ་ཅི་འདྲ་ཞེས། །བལྟ་འདོད་བློ་ཡི་འདྲེན་བྱེད་སྙིང་གར་འཁོར། ༡༢ །ལོང་བ་འཁྲུལ་བའི་སྨྲེ་སྔགས་འདོན་དྲུང་དུ། །བརྩེ་ལྡན་བཤེས་ཀྱི་བྱམས་པས་ལྟ་བ་བཞིན། །རྨོངས་པའི་མུན་པར་རེ་ཞིག་ཉམ་ཐག་ཀྱང་། །མགོན་ཁྱོད་བདག་གི་དྲུང་ན་བཞུགས་སྙམ་བགྱིད། ༡༣ །དེ་སླད་བདག་ནི་ལས་ངན་ཁུར་ལྕི་ཡང་། །ཐབས་མཁས་ཐུགས་རྗེ་ལྡན་པ་ཁྱེད་ལགས་པས། །ཀུན་རྨོངས་བློ་ཡི་པིར་གྱིས་བྲིས་པ་ཡི། །སྡུག་བསྔལ་རི་མོ་བསུབ་པར་མཛད་དུ་གསོལ། ༡༤ །ཚེ་རབས་གཞན་དུ་རྗེས་སུ་འཛིན་འགྱུར་མོད། །སྡིག་ལྡན་བདག་ནི་མི་ཁོམས་གནས་སུ་འགྲོ། །དེའི་ཚེ་ཕྱིར་ཞིང་སྐལ་བ་དམན་འགྱུར་པས། །ལུས་རྟེན་འདི་ལ་རྗེས་སུ་བཟུང་དུ་གསོལ། ༡༥ །རེ་ཞིག་ཐུགས་རྗེ་དུས་ལ་འཇོག་ན་ནི། །རྨོངས་པ་བདག་ནི་རྐྱེན་ངན་དབང་གྱུར་ནས། །ཕྱིར་ཞིང་ཉོན་མོངས་སྡུག་བསྔལ་འཕེལ་འགྱུར་བས། །དེ་བས་ད་ལྟ་འོ་བརྒྱལ་མི་སླའམ། ༡༦ །གལ་དེ་སྔོན་བྱས་ལས་ཀྱིས་བསྒྲིབས་གྱུར་ན། །དབང་བཅུའི་རྩལ་ལྡན་ཁྱེད་ཀྱིས་མཐུ་སྟོབས་ཀྱིས། །སེན་རྩེའི་རྡུལ་ལ་དུས་མཐའི་རླུང་བཞིན་དུ། །ད་ལྟ་ཉིད་དུ་སེལ་བར་མཛད་དུ་གསོལ། ༡༧ །བདག་བློ་འཁྲུལ་བས་ནོངས་པར་གྱུར་ན་ནི། །རྨོངས་པའི་དགྲ་འཇོམས་ཁྱེད་ཀྱིས་བྱིན་རླབས་གཟིས། །གང་ལ་ཕོག་པ་དེ་ཡི་མ་རིག་པའི། །མུན་པ་སེལ་ལ་དཀའ་བ་ཅི་ཞིག་ཡོད། ༡༨ །བགྲང་ཡས་སྐྱེ་རྒུའི་རྒུད་པ་མ་ལུས་པ། །གཅིག་ཏུ་བསྡུས་ནས་བདག་ལ་བྱིན་འདྲ་བའི། །བླུན་པོ་རང་གི་སྡུག་བསྔལ་མ་བཟོད་ནས། །གདུང་བའི་དབྱངས་འདི་ཡུས་པའི་ཚུལ་གྱིས་ཡིན། ༡༩ །སྲིན་བུའི་ཁ་ཆུས་རང་ལུས་ཇི་བཞིན་དུ། །རང་གི་འཁྲུལ་པས་རང་ཉིད་བསླུས་གྱུར་པས། །ཤིན་ཏུ་ཉམ་ཐག་སྡུག་གི་མཆི་མ་འདི། །ཐུགས་རྗེའི་ཕྱག་གིས་ཕྱི་བར་མཛད་དུ་གསོལ། ༢༠ །དོན་མེད་ཚེ་འདིའི་ལས་ལ་ཞེན་ཅིང་ཆགས། །དོན་ཆེན་གཏམ་གྱི་འདུན་མ་ཡལ་བར་བོར། །ཅོལ་ཆུང་སེམས་འདི་ཡུལ་ལྔའི་བདུད་ཀྱིས་བསླུས། །འཁྲུལ་བ་འདི་ལས་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། །གཏན་བདེའི་ཐར་པ་སྒྲུབ་ལ་སྡུག་གིས་དོགས། །འཁྲུལ་སྣང་འཁོར་བའི་ཆོས་ལ་བདེ་བར་ཞེན། །སྐྱིད་འདོད་སེམས་ཀྱིས་སྡུག་བསྔལ་རྒྱ་མཚོར་འཕང་། །རྨོངས་པ་འདི་ལས་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། ༢༢ །རང་ཉིད་གཅེས་འཛིན་འགོང་པོ་སྙིང་ལ་བཞག །འདོད་འབྱུང་གཞན་ཕན་སེམས་བསྐྱེད་ཁ་ལ་ཁྱེར། །ཆོས་གཟུགས་ཙམ་གྱིས་སངས་རྒྱས་ཐོབ་ཏུ་རེ། །བློ་ངན་འདི་ལས་ཁྱེད་ཀྱིས་བསྐྱང་དུ་གསོལ། ༢༣ །རྣམ་གཡེང་ལེ་ལོ་ལན་ཚྭའི་རོ་བཞིན་བླང་། །བསླབ་གསུམ་བསྲུང་སྡོམ་བཞི་མདོ་རྩྭ་བཞིན་བོར། །བསམ་བཞིན་རང་གིས་རང་ཉིད་དམྱལ་བར་བསྐྱུར། །ལས་ངན་འདི་ལས་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། ༢༤ །རེ་བས་བཅིངས་པས་དངོས་གྲུབ་དགའ་སྟོན་ཉམས། །དོགས་པས་བསླད་པས་འཁྲུལ་སྣང་སྒྲ་རུ་ལང་། །རྟོག་ངན་འདྲེ་ཡིས་རང་སེམས་སྡུག་ལ་སྦྱར། །ཕུང་ཁྲོལ་འདི་ལས་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། ༢༥ །རང་གནས་ལྷན་སྐྱེས་ཡེ་ཤེས་མེད་པར་བཟུང་། །སྣ་ཚོགས་འཁྲུལ་སྣང་མེད་ལ་ཡོད་པར་ཞེན། །རང་སེམས་སངས་རྒྱས་རང་གི་རྟོག་པས་སྒྲིབ། །མ་རིག་འདི་ལས་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། ༢༦ །ཀྱེ་མ་ཡོད་པ་མི་མཐོང་མེད་མཐོང་བ། །ཀུན་རྨོངས་བྱིས་པའི་ངང་ཚུལ་འདི་ལགས་པས། །སྲིད་རྩ་བདེ་ཞེན་འཁྲུལ་བའི་དྲྭ་བ་འདི། །ད་ནི་ཁྱོད་ཀྱིས་གཅོད་པར་མཛད་དུ་གསོལ། ༢༧ །སྡུག་བསྔལ་རྐྱེན་ངན་བདུད་ལས་གང་གིས་ཀྱང་། །ནམ་ཡང་བདག་བློ་གཡོ་བར་མི་ནུས་པའི། །ཐབས་ཤེས་ཟུང་འཇུག་རྒྱལ་བའི་ལམ་བཟང་ལ། །མི་འཕྲོག་ཡིད་ཆེས་སྐྱེ་བར་མཛད་དུ་གསོལ། ༢༨ །གང་གི་བྱིན་རླབས་ཟླ་བའི་ཐིག་འཕྲེང་གིས། །བདག་བློའི་ཆུ་སྐྱེས་བྲན་པའི་སྐད་ཅིག་ལ། །མི་ཟད་སྤོབས་པའི་གཏེར་བརྒྱད་གྲོལ་བ་ཡི། །སྙིང་གི་ཀུ་མུད་རྒྱས་པར་མཛད་དུ་གསོལ། ༢༩ །རབ་འབྱམས་ཤེས་བྱའི་མཁའ་ལ་ཟེར་འཕྲོ་བའི། །བདག་བློ་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལས། །ལེགས་བཤད་ངག་གི་འོད་སྟོང་གཡོ་བ་ཡིས། །ཐུབ་བསྟན་པད་ཚལ་རྒྱས་པར་མཛད་དུ་གསོལ། ༣༠ །འཁོར་བའི་གནས་ཀུན་མེ་འོབས་ལྟར་མཐོང་ནས། །སྲིད་པའི་ཕུན་ཚོགས་གང་ལའང་མི་ཆགས་པར། །བདག་འཛིན་ཞེན་པ་རྩད་ནས་གཅོད་ནུས་པའི། །ཤེས་རབ་སྣང་བ་རྒྱས་པར་མཛད་དུ་གསོལ། ༣༡ །རང་གི་བདེ་ལ་ནམ་ཡང་མི་ཆགས་ཤིང་། །གཞན་ལ་ཕན་ན་སྲོག་ཀྱང་གཏོང་ནུས་པའི། །སྙིང་རྗེས་དྲངས་པའི་གཞན་ཕན་བྱང་ཆུབ་སེམས། །བཅོས་མིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ༣༢ །ཉོན་མོང་རང་གཟུགས་ཡུལ་སྣང་སེམས་སུ་ཤེས། །སེམས་སྣང་དག་པ་ལྷ་ཡི་ངོ་བོར་མཐོང་། །གང་སྣང་རྟོགས་པའི་ཡེ་ཤེས་གྲོགས་སུ་ཤར། །ཚེ་འདིར་གྲུབ་མཐའ་སྙོགས་པར་མཛད་དུ་གསོལ། ༣༣ །ལྷག་བསམ་མ་དྲོས་ཆུ་གཏེར་ལས་འོང་བའི། །ཐོས་བསམ་བསྒོམ་པའི་ཤེས་རབ་གངྒཱའི་རྒྱུན། །འཕགས་པའི་ཡེ་ཤེས་རྒྱ་མཚོར་འདྲེས་གྱུར་ནས། །འགྲོ་བའི་ཉེར་འཚོར་འགྱུར་བར་མཛད་དུ་གསོལ། ༣༤ །ཇི་སྲིད་ཆོས་སྐུ་གཅིག་ཏུ་མ་གྱུར་བར། །སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་ནི། །བདག་གི་ཡི་དམ་ལྷ་མོ་དབྱངས་ཅན་མས། །ཐུགས་རྗེ་ཆེན་པོས་སྐྱོང་བར་མཛད་དུ་གསོལ། ༣༥ །ལྷ་དང་བླ་མའི་ཐུགས་རྗེའི་བྱིན་རླབས་དང་། །རྟེན་འབྱུང་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་དོན། །གེགས་མེད་ད་ལྟ་ཉིད་དུ་འགྲུབ་གྱུར་ཅིག༣༦ །ཚུལ་འདི་ངག་གི་ལྷ་དང་དབྱེར་མེད་པའི། །གསུང་གི་དབང་ཕྱུག་བླ་མའི་བཀའ་དྲིན་གྱིས། །བཅུ་ཕྲག་གཞུང་བཟང་ཨུཏྤལ་ཕྲེང་མཛེས་ཀྱིས། །གང་གི་བློ་གྲོས་མགྲིན་པ་མཛེས་གྱུར་པ། ༣༧ །བློ་གྲོས་གཞན་ཕན་ཟླ་བ་ཞེས་བྱ་བས། །ས་བཟང་རྣམ་རྒྱལ་གླིང་གི་དགོན་པར་སྦྱར། །དགེ་འདིས་ཕ་རྒོད་བླ་མའི་ལུང་རྟོགས་ཀྱི། །བསྟན་པ་བདག་གིས་འཛིན་ཅིང་སྤེལ་བར་ཤོག། །།དགེའོ། །དགེའོ། །

དབྱངས་ཅན་མའི་བསྟོད་པ་ཀ་ཕྲེང་ཅན།

ཀ་མ་ལ་དང་རབ་རྒྱས་ཟླ་བའི་སྟེང་། །ཁ་ཏོག་བྱེ་རུའི་མདངས་འཛིན་ལྷག་པའི་ལྷ། །ག་ནས་བསམས་ཀྱང་སྐུ་དྲིན་མཚུངས་མེད་པ། །ང་ཡི་སྐྱབས་གཅིག་རྒྱ་མཚོའི་ལྷ་མོར་འདུད། །ཅ་ག་དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཆ་ཤས་ཡོན་ཏན་རྫོགས་པའི་ངག་གི་ལྷ། །ཇ་ཆང་མ་ཡིན་བདག་བློའི་ཆུ་གཏེར་ལ། །ཉ་གང་ཕྲིན་ལས་འོད་དཀར་རྩེན་པར་མཛོད། །ཏ་ཐཱ་ག་ཏའི་ལེགས་གསུང་སྡེ་སྣོད་གསུམ། །ཐ་ན་ཚིག་ཟུར་ཙམ་ཡང་མ་ཉམས་པར། །ད་ལྟ་ཉིད་དུ་ཁོང་དུ་ཆུད་ནས་ནི། །ན་ཟླ་གཞན་གྱིས་འགྲན་ཟླ་མེད་པར་མཛོད། །པ་སངས་ལྟར་གསར་དྲི་མེད་བློ་གྲོས་ཀྱིས། །ཕ་མཐའ་བྲལ་བའི་ཤེས་བྱའི་གནས་ཚུལ་ལ། །བ་ལྟར་རྨོངས་པའི་བརྟུལ་ཞུགས་མི་འཛིན་པར། །མ་ལུས་ཇི་བཞིན་རྟོགས་པའི་སྤོབས་པ་སྩོལ། །ཙ་ཏུར་རྒྱུད་སྡེའི་དགོངས་དོན་མ་ལུས་པ། །ཚ་ཟེར་འོད་ཀྱིས་སྣང་བ་བསྐྱེད་པ་བཞིན། །ཛ་བའི་མདངས་འཛིན་ལྷ་མོའི་བྱིན་རླབས་ཀྱིས། །ཝ་ལེར་ཡིད་ལ་འཆར་བར་མཛད་དུ་གསོལ། །ཞྭ་ལྟར་བཀུར་བར་འོས་པའི་མཁས་པ་ནས། །ཟ་བ་སློང་བའི་སྤྲང་པོ་ཡན་ཆད་ཀྱིས། །འ་འུར་བསྟོད་པའི་རྣ་ལུང་སྦྱིན་བྱེད་པའི། །ཡ་མཚན་བསྔགས་འོས་འབུམ་གྱིས་ཕྱུག་པར་མཛོད། །ར་ག་ལྟར་དམར་དབྱངས་ཀྱི་རྒྱལ་མོའི་སྐུ། །ལ་འུར་མཐོང་བའི་སྐལ་བཟང་ལ་བརྟེན་ནས། །ཤ་དང་ཤེས་རབ་ཆོས་ཀྱི་སྤྱན་ལ་སོགས། །ས་ལམ་རྟོགས་པའི་ཡོན་ཏན་རྒྱས་པར་མཛོད། །ཧ་ལ་དང་མཚུངས་ལས་ཉོན་འཇོམས་པའི་ཕྱིར། །ཨ་ཏི་དང་པའི་ཡིད་ཀྱིས་གསོལ་འདེབས་ན། །ཧ་ཅང་མྱུར་བའི་ཐུགས་རྗེ་ཆེན་པོ་ཡིས། །ཨ་མ་ངག་དབང་ལྷ་མོས་བྱིན་གྱིས་རློབས། །རྣམ་དཔྱོད་སྤོབས་པ་བསྐྱེད་མཛད་ལྷག་པའི་ལྷ། །རྣམ་འདྲེན་བླ་མ་མཆོག་དང་དབྱེར་མེད་པས། །རྣམ་ཀུན་འབྲལ་མེད་ཐུགས་བརྩེས་ལེགས་བསྐྱངས་ནས། །རྣམ་མཁྱེན་ཡེ་ཤེས་ཐོབ་པར་མཛད་དུ་གསོལ།། །།ཞེས་པ་འདི་ནི་བློ་གྲོས་གཞན་ཕན་ཟླ་བས་སྨྲས་པའོ། །

སྒྲ་དབྱངས་ལྷ་མོའི་བསྟོད་པ།

ན་མཿཤྲཱི་མ་ཧཱ་གུ་རུ་སར་སྭཏྱ། རྒྱལ་ཀུན་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྐུ། །རབ་འབྱམས་རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ། །སྐྱབས་གནས་རྒྱ་མཚོ་སྤྲོ་དང་བསྡུ་བའི་བདག །དབྱངས་ཅན་ལྷ་མོ་དྲན་ནོ་ཐུགས་རྗེས་དགོངས། །རྨད་བྱུང་ཚོགས་གཉིས་ཤིང་རྟས་ལེགས་དྲངས་ཤིང་། །བྲལ་སྨིན་ཡོན་ཏན་རྒྱ་མཚོ་འོད་སྟོང་འབར། །བློ་གསར་བློ་ཡི་པདྨོའི་གཉེན་གྱུར་པ། །སྨྲ་བའི་ཉི་མ་ལྷ་མོ་ཁྱོད་དྲན་ནོ། །རྣམ་ཀུན་མཁྱེན་པའི་ཆ་ཤས་ཡོངས་སུ་རྫོགས། །དམིགས་མེད་བརྩེ་ཆེན་རི་བོང་གཟུགས་ཀྱིས་བཀྲ། །ཕྲིན་ལས་འོད་དཀར་ཕྲེང་བའི་འཁོར་ཡུག་ཅན། །སྙིང་གི་མུན་སེལ་ལྷ་མོ་ཁྱོད་དྲན་ནོ། །རབ་མཛེས་སྐུ་མཆོད་མཚན་དཔེའི་རྒྱན་གྱིས་བཀླུབས། །ཡིད་འོང་གསུང་སྙན་ཡན་ལག་དྲུག་ཅུའི་སྤྲས། །ཟབ་ཡངས་མཁྱེན་པས་ཤེས་བྱ་ཐམས་ཅད་ཁྱབ། །ང་ཡི་སྐྱབས་གཅིག་ལྷ་མོ་ཁྱོད་དྲན་ནོ། །ཡེ་ཤེས་སྤྱན་གྱིས་རྟག་ཏུ་འཚོ་མཛད་པའི། །བྱམས་པའི་མ་ཁྱོད་ད་ལྟ་གང་ན་བཞུགས། །ཐུགས་རྗེའི་ཕྱག་གཡས་རིང་ནས་བརྐྱངས་ནས་ནི། །བདག་གི་མགོར་བཞག་བྱིན་གྱིས་བརླབ་པར་མཛོད། །ཡིད་འཕྲོག་སྐུ་ཡི་མཛེས་པ་མཐོང་བཞིན་དུ། །གསུང་གི་དབུགས་དབྱུང་ནམ་ཞིག་ཐོབ་སྙམས་ནས། །བདག་གི་མིག་གཉིས་ཟུམ་པའི་སྐབས་བྲལ་བས། །ད་ནི་མྱུར་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །བརྩེ་ལྡན་མ་ཁྱོད་དྲུང་དུ་བཞུགས་ན་ཡང་། །རང་གི་ཉེས་པས་བདག་གིས་མི་མཐོང་བས། །ཐོག་མེད་དུས་ནས་བསགས་པའི་སྒོ་གསུམ་གྱི། །སྡིག་སྒྲིབ་མྱུར་དུ་འདག་པར་བྱིན་གྱིས་རློབས། །ལས་ངན་རྐྱེན་གྱིས་འབྱུང་བ་འཁྲུགས་པ་དང་། །མི་དང་མི་མིན་གདོན་གྱིས་བསྐྱེད་པ་ཡི། །ལུང་རྟོགས་ཡོན་ཏན་རྒྱུད་ལ་སྐྱེ་བའི་གེགས། །ལུས་སེམས་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། །རིང་ནས་གོམས་པའི་བག་ཆགས་ཤུགས་བརྟས་པས། །ཡོན་ཏན་འཇོམས་ཤིང་ཕུང་ཁྲོལ་ཀུན་གྱིས་རྒྱུ། །རང་དབང་མེད་པར་སྡིག་ལ་སྦྱོར་བ་ཡི། །ཆོས་མིན་རྣམ་རྟོག་འགག་པར་བྱིན་གྱིས་རློབས། །གང་ན་འཇིག་པ་མེད་པའི་བརྟུལ་ཞུགས་ཅན། །རི་དྭགས་དབང་པོ་གནས་པའི་ངང་ཚུལ་བཞིན། །ཞུམ་ཞིང་བག་ཚའི་རྣམ་པ་མི་འབྱུང་བར། །འཁོར་གྱི་འཇིགས་པ་ཞི་བར་བྱིན་གྱིས་རློབས། །མ་རིག་སྦུབས་ཆུད་བདག་བློའི་ཆུ་སྐྱེས་ལ། །ཐུགས་བརྩེའི་འོད་ཀྱི་ཕྲེང་བས་རེག་ཙམ་གྱིས། །ཕུལ་བྱུང་བློ་ཡི་འདབ་མ་རབ་རྒྱས་པའི། །སྤོབས་པའི་གཏེར་ཆེན་གྲོལ་བར་བྱིན་གྱིས་རློབས། །སྲིད་ལ་མ་ཞེན་ངེས་འབྱུང་ཚུལ་ཁྲིམས་དག །རང་ལ་མ་ཞེན་གཞན་ཕན་སེམས་མཆོག་འབྱོངས། །ཐ་མལ་མ་ཞེན་དག་མཉམ་ཆེན་པོར་རྟོགས། །རྣམ་དག་སྡོམ་གསུམ་ལྡན་པར་བྱིན་གྱིས་རློབས། །རྣམ་མང་ཐོས་པའི་ཡིད་བཞིན་དབང་གི་རྒྱལ། །ཡང་དག་བསམ་པས་བྱི་དོར་ལེགས་པར་བསྒྲུབས། །ཇི་བཞིན་བསྒོམ་པའི་རྒྱལ་མཚན་རྩེར་མཆོད་ནས། །སྲིད་ཞིའི་རྒུད་པ་ཞི་བར་བྱིན་གྱིས་རློབས། །འཆད་ལ་འགྲན་མེད་སྨྲ་བའི་སེང་གེར་གྱུར། །རྩོམ་པ་ཐོགས་མེད་ངག་གི་དབང་ཕྱུག་གྲུབ། །རྩོད་ལ་འཇིགས་མེད་སྤོབས་པའི་གདེངས་ཐོབས་ནས། །ཐུབ་བསྟན་ཡུན་དུ་འཛིན་པར་བྱིན་གྱིས་རློབས། །ཁྱད་པར་གྲུབ་པའི་དབང་ཕྱུག་ས་སྐྱ་པའི། །དྲི་མེད་གསུང་གི་གསང་མཛོད་ལེགས་བཟུང་ནས། །ལེགས་བཤད་བདུད་རྩིའི་དགའ་སྟོན་སྤྲོས་པ་ཡིས། །དོན་གཉེར་རེ་བ་འགེངས་བར་བྱིན་གྱིས་རློབས། །སྲིད་པའི་ཕུན་ཚོགས་གནོད་པའི་དུག་ལྟར་སྤང་། །ཡེངས་མེད་བསྒོམ་པ་ཆུ་བོའི་རྒྱུན་བཞིན་བསྐྱངས། །ཉམས་རྟོགས་ཡོན་ཏན་དབྱར་གྱི་མཚོ་བཞིན་འཕེལ། །མྱུར་དུ་གྲུབ་མཐའ་སྙོགས་པར་བྱིན་གྱིས་རློབས། །དོན་ཡོན་རྣམ་བཞིས་བླ་མ་མཉེས་པར་བྱས། །སྒོ་གསུམ་སྤྱོད་པ་བླ་མའི་བཀའ་བཞིན་བསྒྲུབས། །སྣང་སྲིད་ཆོས་ཀུན་བླ་མའི་ངོ་བོར་ཤར། །བླ་མའི་ལམ་གྱིས་གྲོལ་བར་བྱིན་གྱིས་རློབས། །སྡིག་ཅན་བདུད་ཀྱང་དགེ་བའི་བཤེས་སུ་མཐོང་། །སྡུག་བསྔལ་གདུང་བ་བརྩོན་པའི་གྲོགས་སུ་གྱུར། །མ་དག་དུག་ལྔ་གཉེན་པོའི་ལམ་དུ་ཤར། །སྤང་ཐོབ་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །དད་པའི་དབང་གིས་ཡོན་ཏན་ཅན་ལ་གུས། །སྙིང་རྗེའི་དབང་གིས་དམན་ལ་ལྷག་པར་བྱམས། །བརྩོན་པའི་དབང་གིས་སྤང་རྟོགས་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཤེས་རབ་ཆེན་པོས་སྲིད་ལ་ཆགས་པ་སྤངས། །སྙིང་རྗེ་ཆེན་པོས་འཁོར་བ་དང་དུ་བླང་། །ཐབས་མཁས་སྤྱོད་པས་དུས་གསུམ་རྒྱལ་བ་ཡི། །ཕྲིན་ལས་བདག་གིས་སྐྱོང་བར་བྱིན་གྱིས་རློབས། །དེང་ནས་བཟུང་སྟེ་གནས་སྐབས་ཐམས་ཅད་དུ། །ལས་ཀྱི་དབང་གིས་སྐྱིད་སྡུག་ཅི་བྱུང་ཡང་། །སྙིང་གི་ཉི་མ་ལྷ་མོ་ཁྱོད་ཉིད་ལ། །རྒྱུན་དུ་གསོལ་བ་འདེབས་པར་བྱིན་གྱིས་རློབས། །གསོལ་བ་འདེབས་སོ་བློ་གཏེར་ལྷག་པའི་ལྷ། །བྱིན་གྱིས་རློབས་ཤིག་འཕགས་མ་དབྱངས་ཅན་མ། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །འབྲལ་མེད་རྗེས་སུ་འཛིད་པར་མཛད་དུ་གསོལ། །བླ་མ་ཁྱོད་ཡིན་ངོ་བོ་ཐ་དད་མེད། །ཡི་དམ་ཁྱོད་ཡིན་དངོས་གྲུབ་རྒྱ་མཚོའི་གཏེར། །མཁའ་འགྲོ་ཁྱོད་ཡིན་འཇིགས་པ་ཀུན་ལས་སྐྱོབ། །ཁྱོད་ལས་སྐྱབས་གཞན་མེད་དོ་རྗེ་བཙུན་མ། །སྤང་རྟོགས་མཐར་ཐུག་ཐུབ་པའི་ཆོས་སྐུ་ལས། །བདེན་གཉིས་མཐར་ཐུག་ཆོས་ཀྱང་མི་དམིགས་ཤིང་། །དེ་ཉིད་མངོན་བྱེད་ཚོགས་ཀྱི་མཐར་ཐུག་སྟེ། །དེ་བས་དཀོན་མཆོག་གསུམ་པོའང་ཁྱོད་ལགས་སོ། །ཆོས་སྲུང་ནོར་ལྷ་ཁྱོད་ཀྱིས་ཕྲིན་ལས་ཏེ། །མདོར་ན་རབ་འབྱམས་སྐྱབས་གནས་རྒྱ་མཚོའི་ཚོགས། །འཕགས་མ་ཁྱོད་ལས་གཞན་དུ་མ་མཐོང་བས། །ཁྱོད་ལས་སྐྱབས་གཞན་བདག་གིས་གང་དུ་བཙལ། །ལྷ་དང་བླ་མའི་བྱིན་རླབས་སེམས་ལ་ཞུགས། །ལས་ངན་རྐྱེན་གྱི་འཇིགས་པ་ཀུན་ལས་ཐར། །ལུང་དང་རྟོགས་པའི་ཡོན་ཏན་ལྷུན་གྱིས་གྲུབ། །འདི་དང་གཏན་དུ་དགེ་བའི་བཀྲ་ཤིས་ཤོག །དེ་ལྟར་འཕགས་མའི་ཐུགས་རྗེ་བསྐུལ་བའི་ངག །བྱིན་རླབས་ཉིད་བྱེད་འདྲེན་པའི་ཤིང་ལྟ་འདི། །ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་གྱིས། །བཀྲ་ཤིས་ལྷ་རྩེ་ཞེས་བྱའི་དགོན་པར་སྦྱར། །དགེའོ།། །།

ལྷ་མོ་རིག་བྱེད་མའི་བསྟོད་པ་སྲིད་ཞིའི་ལེགས་ཚོགས་འགུགས་པའི་ལྕག་ཀྱུ།

བླ་མ་ལ་ཕྱག་འཚལ་ལོ། །གསུང་གི་རྡོ་རྗེའི་དམིགས་མེད་སྙིང་རྗེའི་མདངས། །ངོ་མཚར་ཉམས་བརྒྱས་སྒེག་པ་ལྷ་མོའི་སྐུར། །ཡོངས་ཤར་བྱེ་རུའི་མདངས་འཛིན་ལྷག་པའི་ལྷ། །རྗེ་བཙུན་རིག་བྱེད་མ་ལ་ཕྱག་འཚལ་ལོ། །ཉེས་པས་མ་གོས་ཐབས་ཀྱི་པདྨའི་སྟེང་། །ཉོན་མོངས་མུན་སེལ་ཤེས་རབ་འོད་སྟོང་བདག །བདག་འཛིན་བདུད་བཅོམ་མི་རོའི་གདན་སྟེང་ན། །རབ་མཛེས་གར་གྱིས་རོལ་བ་ཁྱོད་ལ་བསྟོད། །རྟོག་པའི་གྲྭ་ཟུར་སྤངས་པའི་ཆོས་ཉིད་ཀྱི། །གནས་ལས་མངོན་སུམ་རྟོགས་པའི་འཛུམ་པའི་ཞལ། །དཀར་གསལ་ཡིད་འོང་ཚེམས་ཀྱིས་ཕྲེང་བ་དང་། །བདུད་འཇོམས་མཆེ་བའི་མྱུ་གུའི་མཛེས་ལ་བསྟོད། །སྟོང་ཉིད་བཅུ་ཅུག་ལང་ཚོ་དང་བའི་གཟིས། །ལྷར་བཅས་ཡིད་ཀྱི་བརྟན་པ་འཕྲོག་བྱེད་ཅིང་། །འགྲོ་ལ་རྗེས་ཆགས་ཚངས་པའི་གནས་པ་བཞིའི། །ཕྱག་གིས་འགྲོ་བ་རྗེས་སུ་འཛིན་ལ་བསྟོད། །དུས་གསུམ་སྒྲིབ་མེད་གཟིགས་པའི་ཡེ་ཤེས་ཀྱི། །སྤྱན་གསུམ་རྣམ་པར་བཀྲ་བའི་ཟུར་མིག་གིས། །ཁམས་གསུམ་འགྲོ་ལ་རྟག་པར་ཉེར་དགོངས་པ། །ཐུགས་རྗེའི་དབང་ཕྱུག་འཕགས་མ་ཁྱོད་ལ་བསྟོད། །དམར་སྣུམ་གྱེན་དུ་བསྐྱོད་པའི་དབུ་སྐྲ་ཡིས། །མཁའ་དབྱིངས་མཛེས་པར་བྱེད་པའི་སྣང་ཚུལ་འདིས། །རྒྱལ་བ་རྒྱལ་མཚོའི་རྗེས་འགྲོའི་ཡོན་ཏན་གྱི། །མངོན་རྟོགས་འགྲོ་ལ་ངོམས་པ་ཁྱོད་ལ་བསྟོད། །མཚན་རྟོག་འཁྲུལ་པ་གཅིག་ཅར་ཟ་བ་ལ། །རིངས་པའིི་སྟབས་ཀྱིས་ཡུན་ཙམ་ཁྲོས་ན་ཡང་། །བརྩེ་བས་རྗེས་ཆགས་ནམ་ཡང་མི་འདོར་བའི། །མཐོང་བས་ཡིད་འཕྲོག་ལྷ་མོ་ཁྱོད་ལ་བསྟོད། །ཉོན་མོངས་མ་སྤངས་རང་ངོ་ཡེ་ཤེས་སུ། །མཐོང་བའི་རང་མདངས་ཐོད་པའི་ཅོད་པན་དང་། །ཕུང་པོའི་དག་པ་བདེ་གཤེགས་རིགས་ལྔའི་ལྷར། །མཚོན་བྱེད་ཕྱག་རྒྱས་སྤྲས་པ་ཁྱོད་ལ་བསྟོད། །རྟེན་འབྲེལ་གཙོ་བོ་ནང་གི་རྩ་ཡིག་གི། །ཐ་མལ་སྣང་བ་དབྱིངས་སུ་དག་པའི་བརྡར། །མགོ་རློན་ལྔ་བཅུའི་ཕྲེང་བ་དོ་ཤལ་གྱིས། །བརྒྱན་པའི་བདུད་འཇོམས་ལྷ་མོ་ཁྱོད་ལ་བསྟོད། །རྣམ་ཀུན་མཆོག་ལྡན་སྟོང་པའི་གཞུ་བདུངས་ཏེ། །ཀུན་ཁྱབ་རིས་བྲལ་སྙིང་རྗེའི་མདའ་དང་བཅས། །ཟུང་འཇུག་ཐབས་མཁས་ཕྱག་གིས་ལེགས་བསྐུལ་བས། །ཁམས་གསུམ་དབང་སྡུད་ལྷ་མོ་ཁྱོད་ལ་བསྟོད། །ཤེས་རབ་ལྕགས་ཀྱུས་ཞི་བའི་ཡོན་ཏན་འགུགས། །སྙིང་རྗེའི་ཞགས་པས་འགྲོ་བ་རྗེས་སུ་འཛིན། །ཐབས་ཤེས་ཟུང་འཇུག་ཞབས་ཀྱི་སྟངས་སྟབས་ཀྱིས། །སྲིད་ཞིའི་རྒུད་སེལ་ལྷ་མོ་ཁྱོད་ལ་བསྟོད། །དད་ལྡན་སྒྲུབ་ལ་དངོས་གྲུབ་སྟེར་བའི་ཕྱིར། །སིལ་ཁྲོལ་སྒྲ་འབྱིན་རཏྣའི་རྒྱན་གྱིས་ཀླུབས། །གདུག་ཅན་དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིར། །སྣམ་དཀྲིས་སྟག་གི་པགས་པས་མཛེས་ལ་བསྟོད། །སྲིད་པའི་མུན་པས་གཞར་ཡང་མ་གོས་ཤིང་། །མཁྱེན་བརྩེ་ནུས་པའི་གཟི་བྱིན་སྟོང་འབར་བས། །རྣམ་གསལ་ཉི་མའི་རྒྱབ་ཡོལ་མཛད་པ་ཡི། །ཡེ་ཤེས་སྐུ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །གནས་གསུམ་མཁའ་འགྲོའི་གཙོ་མོ་རྗེ་བཙུན་མའི། །གསང་གསུམ་ཡོན་ཏན་ཡིད་ལ་དྲན་པའི་བློས། །སྒོ་གསུམ་གུས་པས་ཁྱོད་ལ་སྐྱབས་སུ་མཆི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདུད་རྩིའི་ཆུས། །ལུས་ངག་ཡིད་ཀྱི་དྲི་མ་ཀུན་སྦྱངས་ནས། །ལྷ་སྔགས་ཡེ་ཤེས་ངང་ལས་མི་གཡོ་བའི། །ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་འཕགས་མ་ཐུགས་རྗེའི་དབང་ཕྱུག་གིས། །སྒྲིབ་བྲལ་ཡེ་ཤེས་གཟིགས་པས་འཚོ་བཞིན་དུ། །དུས་ཀུན་བདག་ནི་སྐྱོང་བར་བྱིན་གྱིས་རློབས། །མ་རིག་དབང་གིས་སྲིད་པའི་འཚོར་ལྷུང་སྟེ། །ལས་དབང་བཙན་པོའི་ཆད་པས་མནར་བ་བདག །རྣམ་རྟོག་འཁྲུལ་བའི་དབང་དུ་མི་འགྲོ་བར། །རང་སེམས་དབང་དུ་འདུ་བར་བྱིན་གྱིས་རློབས། །གཞན་དབང་བདུད་བཞིའི་འཆིང་བ་ལས་གྲོལ་ནས། །རང་སྣང་དབང་དུ་འདུས་པའི་རྟེན་འབྲེལ་གྱིས། །ལྷ་དང་ལྷ་མིན་མི་དབང་མཐུ་ཆེན་སོགས། །མ་ལུས་དབང་དུ་འདུ་བར་བྱིན་གྱིས་རློབས། །གསོག་འཇོག་རྩོལ་གྲུབ་དྲི་མས་མ་གོས་པའི། །ཏིང་འཛིན་ནམ་མཁའ་མཛོད་ལ་དབང་འབྱོར་བས། །བརྩེ་བའི་ལག་བརྐྱངས་སྦྱིན་པའི་དགའ་སྟོན་གྱིས། །ཕོངས་པའི་རེ་བ་སྐོང་བར་བྱིན་གྱིས་རློབས། །རྨོངས་པའི་དབང་གིས་ཉམ་ཐག་གྱུར་པ་ལ། །བརྩེ་བའི་དབང་གིས་ཆོས་སྦྱིན་ལེགས་སྤེལ་བས། །རྟེན་འབྲེལ་དབང་གིས་ཐེག་མཆོག་སྣོད་གྱུར་ཏེ། །ཐུབ་དབང་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཁྱད་པར་གྲུབ་པའི་དབང་ཕྱུག་ས་སྐྱ་བའི། །ཟབ་རྒྱས་ཆོས་ཀྱི་གསང་མཛོད་ལེགས་བཟུང་ནས། །བཤད་དང་སྒྲུབ་པའི་འཕྲིན་ལས་འོད་ཟེར་གྱིས། །གདུལ་བྱའི་པད་ཚལ་སྐྱོང་བར་བྱིན་གྱིས་རློབས། །གང་དུ་བདག་ཉིད་གནས་པའི་ས་ཕྱོགས་སུ། །མི་དང་མི་མིན་འབྱུང་པོའི་ཚོགས་རྣམས་ཀྱི། །ཕན་ཚུན་གནོད་པའི་བསམ་སྦྱོར་རབ་སྤངས་ཏེ། །སྡེ་འཁྲུགས་འཐབ་རྩོད་ཞི་བར་བྱིན་གྱིས་རློབས། །མདོར་ན་བདག་ཉིད་མཐོང་ཐོས་དྲན་རེག་གིས། །འགྲོ་བའི་བློ་སྣ་ཆོས་ལ་བསྒྱུར་ནས་ནི། །རྣམ་གྲོལ་ཐར་བའི་ས་བོན་འདེབས་ནུས་པའི། །ལྷུན་གྲུབ་ཕྲིན་ལས་རྒྱས་པར་བྱིན་རློབས། །དབང་བཅུའི་རྩལ་ལྡན་ལྷ་མོའི་བྱིན་རླབས་ཀྱིས། །དབང་གི་ཆུ་བོ་སྙིང་ལ་ལེགས་ཞུགས་པས། །དབང་ལས་བྱུང་བའི་ཉམས་མྱོང་ཡེ་ཤེས་ཀྱི། །དབང་དུ་ཆོས་ཀུན་འདུ་བར་བྱིན་གྱིས་རློབས། །དབང་གི་མདངས་ལྡན་རྒྱལ་ཡུམ་རིག་བྱེད་མའི། །དབང་བཞིའི་ལམ་བཟང་ཚུལ་བཞིན་བསྒོམ་པའི་མཐུས། །དབང་ཕྱུག་བརྒྱད་ལྡན་ཆོས་ཀྱི་རྒྱ་སྲིད་ལ། །དབང་བསྐུར་མྱུར་དུ་ཐོབས་པར་བྱིན་གྱིས་རློབས། །ཞེས་ལྷ་མོ་རིག་བྱེད་མའི་བསྟོད་པ་སྲིད་ཞིའི་ལེགས་ཚོགས་འགུགས་པའི་ལྕག་ཀྱུ་ཞེས་བྱབ་འདི་ནི། མང་དུ་ཐོས་པའི་རྣམ་འབྱོར་པ་ཀུན་དགའ་རྒྱལ་མཚན་གྱིས་བཀྲ་ཤིས་ཆོས་ལུང་རི་ཁྲོད་དུ་སྦྱར་བ་དགེ་ཞིང་བཀྲ་ཤིས།། །།

རྗེ་བཙུན་རིག་བྱེད་དབང་མོ་ལ་བསྟོད་པ་ཡིད་འཕྲོག་མ།

ན་མོ་གུ་རུ་བྷྱཿཡིད་འཕྲོག་སྐུ་ཡིས་སྲིད་གསུམ་དབང་དུ་བྱེད། །རབ་སྙན་གསུང་གིས་འགྲོ་བ་རྗེས་སུ་འཛིན། །ཟབ་ཡངས་ཐུགས་ནི་དུས་གསུམ་འཕགས་མའི་ཚོགས། །སྐྱེད་མི་ཡུམ་གྱུར་མ་ལ་ཕྱག་འཚལ་ལོ། །དཔག་ཡས་མཁྱེན་པའི་ལང་ཚོ་དར་བབས་ཤིང་། །བརྩེ་ཆེན་པདྨ་རཱ་གའི་མདངས་འཛིན་མ། །ཕྲིན་ལས་ཨུཏྤལ་གཞོན་ནུའི་ཕྱག་མཚན་གྱིས། །སྲིད་ཞིའི་ལེགས་ཚོགས་འགུགས་པ་ཁྱོད་ལ་བསྟོད། །འཛུམ་མའི་སྤྱན་ཟུང་པདྨོའི་མཚར་སྡུག་གིས། །སྐལ་བཟང་བུང་བའི་ཚོགས་ཀྱིས་ཡིད་འགུགས་ཤིང་། །གྲུབ་གཉིས་སྦྲང་རྩིའི་བཅུད་ཀྱིས་ཚིམ་མཛད་མ། །བཅོམ་ལྡན་འདས་མ་ཁྱོད་ལ་སྐྱབས་སུ་མཆི། །ཉོན་མོངས་ཤུགས་དྲག་ལས་ཀྱི་ཆད་པས་མནར། །རྐྱེན་ངན་ཡུལ་གྱི་འཇིགས་པ་ཆེར་མཐོང་ནས། །སྙིང་ནས་ཁྱོད་ལ་སྐྱབས་སུ་མཆི་ལགས་ན། །མྱུར་མགྱོགས་ཐུགས་རྗེའི་ཟུངས་ཤིག་རྗེ་བཙུན་མ། །དུག་ལྔ་སྐྱེས་ཀྱང་ལས་ངན་མི་གསོག་ཅིང་། །འགལ་རྐྱེན་བྱུང་ཡང་རང་ཚུགས་མི་འཆོར་བར། །རྐྱེན་ངན་བྱང་ཆུབ་ལམ་དུ་སློང་ནུས་པའི། །དྲན་ཤེས་བརྟན་པར་མཛོད་ཅིག་རྗེ་བཙུན་མ། །ཕྱི་ནང་གསང་བའི་རྐྱེན་ངན་བར་ཆད་སོལ། །འདི་ཕྱི་བར་དོའི་འཇིགས་པ་ཀུན་ལས་སྐྱོབས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདག་རྒྱུད་ལ། །མྱུར་དུ་འཇུག་པར་མཛོད་ཅིག་རྗེ་བཙུན་མ། །ལས་ངན་སྡིག་པའི་མུན་པ་དབྱིངས་སུ་སངས། །རྐྱེན་ངན་འཁྲུལ་བའི་སྣང་བ་སྤྲིན་བཞིན་ཡལ། །ཉམས་མྱོང་རྟོགས་པའི་ཡོན་ཏན་དབྱར་མཚོ་བཞིན། །འཕེལ་ཞིང་རྒྱས་པར་མཛོད་ཅིག་རྗེ་བཙུན་མ། །རང་སྣང་འཁྲུལ་བའི་རྟོག་པ་དབང་དུ་འདུས། །གཞན་སྣང་འགྲོ་བའི་བློ་སྣ་ཆོས་ལ་བསྒྱུར། །གཉིས་མེད་ཡེ་ཤེས་ལྷ་མོའི་རང་ཞལ་མཇལ། །དོན་གཉིས་མཐར་ཕྱིན་མཛོད་ཅིག་རྗེ་བཙུན་མ། །སྐྱབས་གནས་ཀུན་འདུས་བླ་མ་རྗེ་བཙུན་མས། །ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་མི་གཏོང་བར། །སྲིད་ཞིའི་འཇིག་པ་ཀུན་ལས་བསྐྱངས་ནས་ནི། །མྱུར་དུ་ཁྱོད་རང་ལྟ་བུར་བྱིན་གྱིས་རློབས། །ཞེས་པ་འདིའང་རྩང་ཆེན་གོས་ཀྱི་དབེན་གནས་སུ་བློ་གྲོས་གཞན་ཕན་ཟླ་བས་སྦྱར་བ་དགེའོ།། །།

རིག་བྱེད་དབང་མོའི་བསྟོད་པ་ཀ་ཕྲེང་མ།

ཕ་གཅིག་ལྷ་དང་བླ་མ་དབྱེར་མེད་ལ། །རྩེ་གཅིག་དད་པའི་ཡིད་ཀྱིས་གསོལ་བ་འདེབས། །ཀ་མ་ལ་དང་ཉིན་བྱེད་དཀྱིལ་འཁོར་སྟེང་། །ཁ་དོག་ཡིད་འོང་ལི་ཁྲིའི་མདངས་འཛིན་མ། །ག་ཤལ་ཐོད་སྐམ་ཕྲེང་བས་བརྒྱན་པ་ཡི། །ང་ཡི་སྐྱབས་གཅིག་རྣལ་འབྱོར་མ་ལ་འདུད། །ཅ་ག་རབ་མཛེས་རུས་པའི་རྒྱན་གྱིས་བཀླུབས། །ཆ་ཤས་ཡོན་ཏན་རྫོགས་པའི་རྣལ་འབྱོར་མས། །ཇ་ཆང་ལས་མངར་བདེ་ཆེན་བསྐྱེད་སླད་དུ། །ཉ་རྒྱས་ཟླ་ལྟའི་འཛུམ་ཞལ་བདག་ལ་སྟོན། །ཏ་ཐཱ་ག་ཏ་བསྐྱེད་པའི་ཡུམ་མཆོག་མས། །ཐ་བ་སེམས་ཀྱི་སྒྲིབ་པ་ཀུན་བཅོམ་ནས། །ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར། །ན་མར་འཕགས་མས་ཐུགས་རྗེ་བསྐྱང་དུ་གསོལ། །པ་སངས་ལྟར་དཀར་ཡིད་ཆེས་དད་པ་ཡིས། །ཕ་གཅིག་བླ་མའི་ངོ་བོར་ཁྱོད་བསྟེན་ན། །བ་མཆོག་འདོད་འཇོའི་ངང་ཚུལ་ཇི་བཞིན་དུ། །མ་ལུས་དངོས་གྲུབ་བདག་ལ་བསྩལ་དུ་གསོལ། །ཙ་ཏུར་སྐུ་ཡི་དབང་ཕྱུག་རྗེ་བཙུན་མས། །ཚ་ཟེར་འོད་ཀྱི་པད་ཚལ་ཇི་བཞིན་དུ། །ཛ་ཡའི་དགོངས་པ་ལུང་རྟོགས་དམ་པའི་ཆོས། །ཝ་ལེར་ཡིད་ལ་འཆར་བར་མཛད་དུ་གསོལ། །ཞྭ་ཐོད་བཞིན་དུ་མ་ཁྱོད་རིགས་བདག་ཏུ། །ཟ་ཉལ་ལ་སོགས་དུས་ཀུན་དྲན་བྱས་ནས། །འ་འུར་སྔགས་ཀྱི་ང་རོས་ཁྱོད་འབོད་ན། །ཡ་མཚན་བསམ་འདས་དངོས་གྲུབ་བདག་ལ་སྩོལ། །ར་གའི་མདོག་མཚུངས་རྡོ་རྗེ་བཙུན་མོའི་སྐུ། །ལ་ལ་མ་ཡིན་དུས་ཀུན་མཐོང་བའི་མཐུས། །ཤ་ཤ་དྷ་རའི་ཆུ་གཏེར་ཇི་བཞིན་དུ། །ས་ལམ་རྟོགས་པ་སྐྱེད་ཅིག་བཅོམ་ལྡན་མ། །ཧ་ཅང་མི་འགྱངས་མྱུར་བའི་ཐུགས་རྗེ་ཡིས། །ཨ་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས། །ཧ་ཧའི་དབྱངས་ཀྱི་གད་མོ་དང་འགྲོགས་པའི། །ཨ་ལ་ལ་ཞེས་གསུང་གིས་དབུགས་དབྱུང་མཛོད། །མི་བྱེད་སྙིང་ནས་དད་པའི་གདུང་ཤུགས་ཀྱིས། །ཚེ་རབས་ལས་ཀྱིས་འབྲེལ་བའི་ཡི་དམ་ལྷར། །རྒྱུན་ཆད་མེད་པར་གསོལ་བ་འདེབས་ལེགས་ན། །འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའམ་སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པ་དགེ་ཞིང་བཀྲ་ཤིས།། །།

གསོལ་འདེབས་དང་སྨོན་ལམ་སྐྱབས་གནས་ཀུན་འདུས་མ།

བླ་མ་ལ་ཕྱག་འཚལ་ལོ། །སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་དང་། །དབྱེར་མེད་བདག་གི་སྐྱབས་མགོན་རྗེ་བཙུན་མས། །ད་ལྟ་ཉིད་དུ་བྱིན་གྱིས་བརླབས་ནས་ནི། །དགོངས་པ་དབྱེར་མེད་འགྱུར་བར་མཛད་དུ་གསོལ། །རྣམ་མང་སྲིད་ཞིའི་ཉམས་འགྱུར་མ་ལུས་པ། །རང་རིག་དོན་གྱི་ལྷ་མོའི་རང་རྩལ་དུ། །ཤེས་པའི་མོད་ལ་རང་སྣང་འཁྲུལ་བའི་ཚོགས། །ལྷག་པའི་ལྷ་རུ་འཆར་བར་བྱིན་གྱིས་རློབས། །ཡུལ་སྣང་དགའ་སྡུག་ཆགས་སྡང་རེ་དོགས་བློ། །གང་ཤར་བདེ་བ་ཆེན་པོའི་ཡེ་ཤེས་སུ། །མཐོང་བའི་མོད་ལ་འཁྲུལ་སྣང་འཁོར་བའི་མཚང་། །ད་ལྟ་ཉིད་དུ་ཞིག་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་བླ་མ་རྗེ་བཙུན་མ། །མ་ལུས་རིགས་ཀྱི་བདག་པོ་ཡིད་ཆེས་ནས། །ལྷ་གཅིག་སྐྱབས་ཀུན་འདུས་པའི་ངོ་བོ་རུ། །མཐོང་བའི་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །རང་སྣང་རྒྱལ་བ་སྐུ་གསུམ་ལྷ་ཚོགས་རྣམས། །རང་རིག་སེམས་ལས་ཕྱི་རོལ་མ་གྱུར་བས། །རང་བཞིན་འོད་གསལ་འདུ་འབྲལ་མེད་པའི་ལྷའི། །རང་ཞལ་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །རང་ངོ་མ་འཕྲོད་རྟོག་པའི་འཁྲུལ་འཁོལ་གྱིས། །རང་སེམས་སྒྱུ་མའི་སྐྱེས་བུ་དུབ་གྱུར་པས། །རང་གནས་བདེ་ཆེན་བརྗོད་བྲལ་ཁང་བཟང་དུ། །རང་བབ་ལྷོད་ཀྱིས་འདུག་པར་བྱིན་གྱིས་རློབས། །འཛིན་པས་མ་བཅོས་དམིགས་པའི་གཏད་སོ་ཞིག །ཡེངས་བས་མ་ཁྱེར་སྒྲུབ་པའི་ཞེ་འདོད་ཟད། །ཞེན་པས་མ་བཅིངས་དགག་སྒྲུབ་འཁྲུལ་པ་ཡལ། །མཉམ་ཉིད་ལམ་དུ་ལོངས་པར་བྱིན་གྱིས་རློབས། །རེ་བས་མ་བཅིངས་རྒྱལ་བའི་བྱིན་རླབས་ཞུགས། །དོགས་པས་མ་བསླད་བདུད་སྡེ་བར་ཆད་ཞི། །ཆོས་ལ་ཡིད་ཆེས་སོམས་ཉི་མདུད་པ་གྲོལ། །བག་ཡངས་དགེ་སྦྱོར་འཕེལ་བར་བྱིན་གྱིས་རློབས། །ནམ་ཡང་མི་ཞུམ་སྙིང་སྟོབས་སེམས་ལ་ཞུགས། །ཉམས་པ་མེད་པའི་དྲན་ཤེས་རྒྱུད་ལ་འབྱོར། །རྐྱེན་ངན་ལམ་ཁྱེར་གདམས་པའི་ཉམས་ལེན་གྱིས། །གང་སྣང་གྲོགས་སུ་འཆར་བར་བྱིན་གྱིས་རློབས། །མེད་སྣང་བདག་འཛིན་འགོང་བོ་རྡུལ་དུ་བརླགས། །འཁྲུལ་སྣང་གཞན་གྱི་སྡུག་བསྔལ་དང་དུ་བླངས། །ཚོགས་གཉིས་སྒྱུ་མའི་མེ་ཡི་ལས་ཉོན་གྱི། །སྨིག་རྒྱུའི་ཆུ་བོ་སྐེམ་པར་བྱིན་གྱིས་རློབས། །ཞེན་མེད་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་གྱིས། །སྒྱུ་ལུས་ཕུང་པོ་མཆོད་སྦྱིན་མགྲོན་དུ་བསྔོས། །སྙེམ་བྱེད་བདུད་ཀྱི་འཁྲི་བ་རྩད་ནས་བཅད། །གཅོད་ཡུལ་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ཀུན་འབྱུང་བདེན་པ་འཕགས་པའི་ལམ་དུ་རིག །སྡུག་བསྔལ་ཕུང་པོ་ལྷག་པའི་ལྷ་རུ་མཐོང་། །གཞན་དུ་མ་བཙལ་སངས་རྒྱས་རང་ལས་རྙེད། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །ཚེ་འདིའི་ཞེན་པ་གནོད་པའི་དུག་བཞིན་སྤངས། །ཆོས་བརྒྱད་རྟོག་པ་ལམ་ཁའི་རོ་བཞིན་བོར། །རང་ཉིད་ཡིད་བྱེད་གཤེད་མ་ལྟར་མཐོང་ནས། །ཚེ་དང་སྒྲུབ་པ་སྙོམས་པར་བྱིན་གྱིས་རློབས། །འདུ་འཛིས་དབེན་པའི་བས་མཐའི་རི་སུལ་བཟུང་། །ཟད་པ་མེད་པའི་ཆོག་ཤེས་ནོར་གྱིས་ཕྱུག །ཡེངས་པ་མེད་པའི་རྩེ་གཅིག་ཏིང་འཛིན་གྱིས། །བླ་མའི་ཐུགས་དགོངས་རྫོགས་པར་བྱིན་གྱིས་རློབས། །འབྲེལ་བ་མེད་པའི་ང་བདག་ཁྱད་དུ་བསད། །ཐོག་མེད་གཉེན་གྱུར་འགྲོ་བ་བདག་ཏུ་བཟུང་། །བྱས་ཡུལ་མེད་པའི་དགེ་བ་འགྲོ་ལ་བསྔོ། །ཕ་མ་དྲིན་ལན་འཁོལ་བར་བྱིན་གྱིས་རློབས། །མཆོག་འཛིན་ཞིག་པས་ཀུན་གྱིས་སྤྱི་བོར་བཀུར། །རང་སེམས་ཐུལ་བས་གཞན་སྣང་དབང་དུ་འདུས། །ལྷག་བསམ་འབྱོངས་པས་ཕྲིན་ལས་དར་ཞིང་རྒྱས། །ཉམ་ཐག་མགོན་སྐྱབས་བྱེད་པརབྱིན་གྱིས་རློབས། །དོན་དམ་དབྱིངས་སུ་ལས་འབྲས་མ་གྲུབ་ཀྱང་། །རྟེན་འབྱུང་རྒྱུ་འབྲས་འཆར་ཚུལ་མི་འགོག་པའི། །ཟུང་འཇུག་རྒྱལ་བ་དགྱེས་པའི་ལམ་བཟང་ལ། །ཡིད་ཆེས་སྙིང་ནས་སྐྱེ་བར་བྱིན་གྱིས་རློབས། །འཛིན་མེད་ཚུལ་གྱིས་རྒྱལ་བའི་ཆོས་མཛོད་བཟུང་། །དམིགས་མེད་ངང་ནས་འགྲོ་ལ་སྙིང་རྗེ་བསྐྱེད། །བདེན་མེད་རྟོགས་བཞིན་འཁྲུལ་སྣང་འགྲོ་བའི་དོན། །ལྷུན་གྲུབ་རྒྱུན་མི་ཆད་པར་བྱིན་གྱིས་རློབས། །བརྩོན་པས་སྒྲུབ་པའི་དུས་གསུམ་དགེ་བའི་ཚོགས། །མ་ཉམས་མ་གོད་འཇམ་དཔལ་དཔའ་བོ་ཡི། །མཁྱེན་པའི་ཡོངས་བསྔོ་སྨོན་པ་མེད་དབྱིངས་སུ། །སྙེག་པའི་ཡོངས་བསྔོ་དྲན་པར་བྱིན་གྱིས་རློབས། །འཆི་ཁའི་སྣང་བ་ལྷ་དང་བླ་མར་ཤར། །བར་དོ་མེད་པར་དག་པའི་ཞིང་ཁམས་སུ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ཏེ། །ངོ་མཚར་ལྟས་བཅས་འགྲོ་བར་བྱིན་གྱིས་རློབས། །དགོངས་པ་ཆོས་ཀྱི་སྐུ་ལས་མ་གཡོས་པར། །ཕྲིན་ལས་རྒྱལ་བ་རྒྱ་མཚོའི་རྗེས་འགྲོ་བས། །འཁྲུལ་སྣང་འཁོར་བའི་སྡུག་བསྔལ་མ་ཟད་པར། །མ་ལུས་འགྲོ་བའི་མགོན་སྐྱབས་བྱེད་པར་ཤོག །ཅེས་པ་འདི་ནི་རྗེ་བླ་མ་རྫོགས་པའི་སངས་རྒྱས་འཇམ་པའི་དབྱངས་བློ་གཏེར་དབང་པོའི་ཞལ་སྔ་ནས་དང་། འཁོར་ལོའི་མགོན་པོ་འཇམ་མགོན་ངག་དབང་ལེགས་པའི་འབྱུང་གནས་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ཞལ་སྔ་ནས་ལ་སོགས་པ་དམ་པ་དུ་མའི་བཀའ་དྲིན་གྱིས་བསྐྱངས་པའི་རི་སུལ་ཉུལ་བའི་རྣམ་འབྱོར་པ་ཀུན་དགའ་རྒྱལ་མཚན་གྱིས་གཙང་ཆེན་གོས་ཀྱི་དབེན་གནས་སུ་བྲིས་པའོ།། །།

རྗེ་བཙུན་བླ་མའི་བསྟོད་པ་བྱིན་རླབས་མྱུར་འཇུག

ན་མོ་གུ་རུ་བྷྱཿངག་གི་དབང་ཕྱུག་འཁོན་རིགས་ས་སྐྱ་པའི། །དྲི་མེད་གསུང་གི་གསང་བའི་མཛོད་བཟུང་ནས། །ལེགས་བཤད་བདུད་རྩིས་སྐལ་ལྡན་སྐྱོང་མཛད་པ། །ཆོས་ཀྱི་རྒྱལ་པོ་བླ་མའི་ཞབས་ལ་འདུད། །ཚུལ་ཁྲིམས་དག་པས་སྲིད་པ་རྒྱབ་ཀྱིས་ཕྱོགས། །ལྷག་བསམ་འབྱོངས་བས་འགྲོ་ལ་བུ་ལྟར་བརྩེ། །ཐབས་ལ་མཁས་པས་འཁོར་འདས་མཉམ་ཉིད་གཟིགས། །བདག་ཉིད་ཆེན་པོ་བླ་མའི་ཞབས་ལ་འདུད། །ཡུན་རིང་བརྩོན་པས་ཟབ་མོའི་དམ་ཆོས་བཙལ། །དེ་དོན་བསམས་པས་སྒྲོ་འདོགས་ནང་ནས་བཅད། །ཇི་བཞིན་བསྒོམས་པས་ཉོན་མོང་གཡུལ་ངོ་བཅོམ། །སྤངས་རྟོགས་མཐར་བྱིན་བླ་མའི་ཞབས་ལ་འདུད། །དཀའ་སྤྱད་དྲག་པོས་སྒྲུབ་པའི་རྒྱལ་མཚན་བཙུགས། །ཟབ་དོན་བསྒོམས་པས་ཉམས་རྟོགས་ནང་ནས་ཤར། །ལྷ་དང་བླ་མས་མངོན་སུམ་བྱིན་གྱིས་བརླབས། །གྲུབ་པའི་དབང་ཕྱུག་བླ་མའི་ཞབས་ལ་འདུད། །དམན་ས་བཟུང་ནས་གོང་མའི་རྣམ་ཐར་སྐྱོང་། །ཆོས་བརྒྱད་སྤངས་ནས་སྙིང་པོའི་སྒྲུབ་པ་མཛད། །བདག་བདེ་བོར་ནས་གཞན་དོན་ཁུར་དུ་བཞེས། །དོན་གཉིས་མཐར་ཕྱིན་བླ་མའི་ཞབས་ལ་འདུད། །སྙིང་སྟོབས་ཆེན་པོས་རྒྱལ་སྲས་སྤྱོད་ལ་འཇུག །མྱུར་ལམ་ཟབ་མོས་ཚོགས་གཉིས་མྱུར་ཏུ་རྫོགས། །ངེས་གསེང་ལམ་གྱིས་དྲོད་རྟགས་མངོན་དུ་གྱུར། །ས་ལམ་མཐར་ཕྱིན་བླ་མའི་ཞབས་ལ་འདུད། །རྣམ་དག་སྡོམ་གསུམ་ཉེས་པའི་དྲི་མས་དབེན། །གསང་གསུམ་སྤྱོད་པ་བཅོས་མའི་ཁྱུ་ལས་རིང་། །རྒྱུ་གསུམ་དབྱེར་མེད་དགོངས་པ་མངོན་དུ་གྱུར། །སྐྱབས་གསུམ་ཀུན་འདུས་བླ་མའི་ཞབས་ལ་འདུད། །སྔོན་བྱུང་རྟོགས་བརྗོད་སྒྲིབ་མེད་མངོན་སུམ་གཟིགས། །ད་ལྟའི་ཤེས་བྱ་ལྐོག་ཏུ་མ་གྱུར་ཅིང་། །འབྱུང་འགྱུར་ལུང་བསྟན་ཇི་བཞིན་ཐོག་ཏུ་བབས། །དུས་གསུམ་ཀུན་མཁྱེན་བླ་མའི་ཞབས་ལ་འདུད། །ཐུགས་རྗེ་ཕྱག་གིས་ལོག་པའི་ལམ་ནས་དྲངས། །ཟབ་དགུའི་གདམས་པས་བློ་ཡི་དབུལ་བ་བསལ། །བྱིན་རླབས་མཐུ་ཡིས་བར་ཆད་འཇིགས་ལས་བསྐྱངས། །སྐུ་དྲིན་མཚུངས་མེད་བླ་མའི་ཞབས་ལ་འདུད། །སྲིད་ཞིའི་འཇིགས་པ་ཀུན་སེལ་སྐྱབས་ཀྱི་མཆོག །རྣམ་གྲོལ་བདེ་བའི་དབུགས་འབྱིན་ཆོས་ཀྱི་རྗེ། །རང་ངོ་སངས་རྒྱས་ཀུན་ལས་ལྷག་པའི་མགོན། །བླ་མའི་བཀའ་དྲིན་དྲན་པར་བྱིན་གྱིས་རློབས། །ཆོས་བརྒྱད་ཚེ་འདིའི་རྟོག་པ་སྤངས་ནས་ནི། །རྟག་ཏུ་དབེན་པའི་རི་ལ་གནས་བཅས་ཏེ། །ལྷག་བསམ་བྱང་ཆུབ་སེམས་ལ་བློ་སྦྱངས་ནས། །ཚེ་དང་སྒྲུབ་པ་སྙོམས་པར་བྱིན་གྱིས་རློབས། །འཁོར་བའི་ཆོས་ལ་ཞེན་པ་གཏིང་ནས་ལོག །ཉམས་ཀྱི་ཆོས་ལ་གསལ་སྣང་རབ་ཏུ་བརྟན། །དག་པའི་ཆོས་ལ་སྤྲོ་བ་རང་ཏུ་བརྟས། །ཐུན་མོང་ལམ་རྟགས་འབྱོངས་བར་བྱིན་གྱིས་རློབས། །ཚད་མ་བཞི་ལྡན་གསུང་ངག་ལྡན་པའི་བཅུད། །དབང་བཞིའི་ལམ་ལ་གོམས་པ་མཐར་ཕྱིན་ནས། །སྙན་བརྒྱུད་བཞི་ཡི་རྟེན་འབྲེལ་འགྲིགས་པ་ལས། །གྲུབ་མཐའ་རྣམ་བཞི་སྙོགས་པར་བྱིན་གྱིས་རློབས། །མདོར་ན་དེང་ནས་བྱང་ཆུབ་མ་ཐོབ་བར། །རྗེ་བཙུན་ཁྱེད་དང་ནམ་ཡང་མི་འབྲལ་ཞིང་། །མཉེས་པ་གསུམ་གྱི་མཆོད་པའི་སྤྲིན་ཕུང་གིས། །དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པར་ཤོག །བླ་མའི་ཞབས་པད་ནམ་མཁའི་ཁམས་ལྟར་བརྟན། །མཆོག་གི་བསྟན་པ་ཉིན་མོའི་འོད་བཞིན་གསལ། །སློབ་མའི་ཕྲིན་ལས་ནོར་འཛིན་ཕྱོགས་ཀུན་ཁྱབ། །ཕུན་ཚོགས་དགེ་ལེགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཆོས་རྗེ་བླ་མ་མཆོག་གི་རྣམ་ཐར་ལ་སྙིང་ནས་དད་པ་ཐོབ་པའི་སྐལ་བ་ཅན་འདི་ཕྱིའི་བདེ་སྐྱིད་བླ་མའི་བྱིན་རླབས་ལ་རེ་བ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་དགེའོ། །སརྦ་མངྒ་ལཾ།། །།

བླ་མ་རྒྱང་འབོད་དང་གསོལ་འདེབས་སྐོར།

མི་ཉག་ཀ་བཞི་ལ་ཐོག་ཏུ་གསུངས་པའི་བླ་མ་རྒྱང་འབོད།

ན་མོ་གུ་རུ། །སྡོམ་གསུམ་བཀའ་དྲིན་སྩོལ་བའི་དྲིན་ཅན་གྱི་བླ་མ། །སྐྱབས་གནས་མཆོག་གསུམ་འདུས་པ་སྐྱབས་ཀུན་གྱི་ངོ་བོ། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་བཞུགས་པའི། །མཚུངས་མེད་དྲིན་ཆེན་བླ་མ་སྙིང་དབུས་ནས་དྲན་ནོ། །བདག་འཛིན་འཁྲུལ་པ་ཞིག་པས་འཁོར་བ་ལ་མི་གནས། །དམིགས་མེད་ལྷག་བསམ་འབྱོངས་པས་ཞི་བ་ལ་མ་ཆགས། །ཟུང་འཇུག་རྒྱལ་སྲས་སྤྱོད་པས་སྙིགས་དུས་ཀྱི་འགྲོ་བ། །ཐར་པའི་གླིང་དུ་འདྲེན་པའི་བླ་མ་དེ་མཁྱེན་ནོ། །མ་རིག་འཁྲུལ་པའི་སྲོག་རྩ་བརྡོལ་བ་ལས་བྱུང་བའི། །ཀུན་བཏགས་འཁོར་བའི་ཁྲག་མཚོ་སྲིད་རྩེ་རུ་འཕྱུར་བ། །རང་བཞིན་སྟོང་པའི་ཞལ་དུ་ཧུབ་གཅིག་གིས་གསོལ་བའི། །ཧེ་རུ་ཀཿ་དཔལ་འཇམ་མགོན་བླ་མ་དེ་མཁྱེན་ནོ། །གསལ་བ་སྙིང་རྗེའི་རང་གཟུགས་ཞི་བ་ཡི་ལྷ་ཚོགས། །སྟོང་པ་དབྱིངས་ཀྱི་རང་མདངས་ཁྲོ་ཚོགས་སུ་ཤར་བ། །ཟུང་འཇུག་འཁོར་ལོའི་མགོན་པོ་རིགས་ཀུན་གྱི་བདག་པོ། །གདན་གསུམ་ཚང་བའི་དེད་དཔོན་བླ་མ་དེ་མཁྱེན་ནོ། །ཕྱི་ནང་འཁྲུལ་པའི་རྫུན་རིས་རང་སེམས་སུ་བསྡུ་ཞིང་། །རང་སྣང་རྩ་རླུང་ཐིག་ལེ་ལྷ་སྐུ་རུ་སྦྱངས་ནས། །གང་སྣང་དག་པ་རབ་འབྱམས་འབའ་ཞིག་ཏུ་ཤར་བ། །མཚུངས་མེད་གྲུབ་པའི་དབང་ཕྱུག་བླ་མ་དེ་མཁྱེན་ནོ། །རོ་རྐྱང་འཁོར་བའི་ལམ་དུ་ལས་རླུང་གིས་བསྐུལ་བའི། །གཟུང་འཛིན་ཉི་ཟླའི་རྒྱུ་བ་སྐད་ཅིག་ལ་བཅད་དེ། །སྒྲ་གཅན་དབུ་མའི་ལྟོ་བར་ཡུད་ཙམ་ལ་འདེབས་པ། །དཔལ་ལྡན་དཔའ་བོའི་དབང་ཕྱུག་བླ་མ་དེ་མཁྱེན་ནོ། །འཁྲུལ་སྣང་ཡན་པར་ཤོར་བའི་རྒྱུད་གསུམ་གྱི་དྲེགས་པ། །རང་སེམས་དག་པའི་སྣང་ངོར་སྐུ་གསུམ་གྱི་ལྷ་ཚོགས། །རང་ངོ་ལེགས་པར་འཕྲོད་པའི་རྟེན་འབྲེལ་གྱི་དབང་གིས། །རང་སྣང་དབང་དུ་འདུས་པའི་བླ་མ་དེ་མཁྱེན་ནོ། །ནམ་ཡང་འདུ་འབྲལ་མེད་པའི་མོས་གུས་ཀྱི་ངང་ནས། །རྩེ་གཅིག་གདུང་བའི་དབྱངས་ཀྱིས་གསོལ་བ་རང་འདེབས་ན། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་མངོན་སུམ་དུ་གཟིགས་ནས། །དགོངས་པ་དབྱེར་མེད་འགྱུར་བར་བྱིན་གྱིས་རང་རློབས་ཤིག །དོན་མེད་ཚེ་འདིའི་བྱ་བ་དུག་བཞིན་སྤངས་ནས། །རྟག་ཏུ་དབེན་པའི་རི་ལ་གཅིག་པུ་རུ་གནས་ཏེ། །ཡེངས་མེད་སྒྲུབ་ལ་བརྩོན་པའི་རྟེན་འབྲེལ་གྱི་དབང་གིས། །ན་དགའ་ཤི་སྐྱིད་འབྱུང་བའི་སྐལ་བཟང་ལ་སྨོན་ནོ། །འདིར་སྣང་ཆེ་དགུའི་ཞལ་འཛུམ་ཐོབ་པ་རང་མེད་ཀྱང་། །མཚུངས་མེད་བླ་མའི་ཞལ་ལུང་སྙིང་དབུས་སུ་བཅངས་ནས། །ཆོས་བརྒྱད་རྡུལ་དུ་གཞིག་པའི་བརྟུལ་ཞུགས་ཀྱི་ངང་ནས། །འཇིགས་མེད་བཙན་ས་ཟིན་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་མི་ཉག་ཀ་བཞི་ལ་ཐོག་ཏུ་ཀུན་དགའ་རྒྱལ་མཚན་གྱིས་སྨྲས་པ་དགེ།

རྗེ་བླ་མ་རྡོ་རྗེ་འཆང་ལ་རྟོགས་འབུལ་གྱི་མགུར་དབྱངས།

རྗེ་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་། །དཔལ་ངག་གི་དབང་ཕྱུག་ཆོས་ཀྱི་རྗེ། །ཕ་འཇམ་མགོན་ལེགས་པའི་མཚན་ཅན་ལ། །སྙིང་རུས་པའི་ནས་གཏིང་ནས་སྐྱབས་སུ་མཆི། །མགོན་ཁྱེད་ཀྱི་གསང་གསུམ་བྱིན་རླབས་རྣམས། །བུ་བདག་གི་རྒྱུད་ལ་ཞུགས་ནས་ནི། །ཐུགས་དབྱེར་མེད་བྱང་ཆུབ་མ་ཐོབ་པར། །དུས་འབྲལ་བ་མེད་པར་བསྐྱབ་ཏུ་གསོལ། །བདག་སྔོན་བྱས་ལས་ཀྱིས་འཕེན་པ་ཡིས། །ཡུལ་མདོ་སྨད་ཕྱོགས་སུ་སྐྱེས་ན་ཡང་། །ཚེ་སྔོན་གྱི་བྱེད་པ་མཐུ་བཙན་པས། །སྐྱབས་སྐུ་དྲིན་མཚུངས་མེད་ཁྱེད་དང་འཕྲད། །ཐུགས་བརྩེ་བས་རྗེས་སུ་བཟུང་ནས་ནི། །ཆོས་ཟབ་དགུའི་གདམས་པ་བདག་ལ་གནང་། །སྔོན་ལས་ཀྱི་འབྲེལ་བའི་ཡི་དམ་ལ། །སེམས་གུས་པས་གསོལ་བ་ཐོབ་ཅིག་དང་། །ཁྱོད་རྗེས་སུ་འཛིན་པར་འགྱུར་རོ་ཞེས། །རྗེ་ཁྱེད་ཀྱིས་བདག་ལ་ལུང་བསྟན་མཛད། །ཚུལ་དེ་བཞིན་ཉམས་སུ་ལེན་བའི་ཚེ། །སྤྱིར་ལས་ངན་དུས་སུ་སྨིན་པ་དང་། །སྒོས་སྡིག་པའི་གྲོགས་ཀྱི་རྐྱེན་དབང་གིས། །བཟོད་ཤིན་ཏུ་དཀའ་བའི་སྡུག་བསྔལ་གྱིས། །དུས་རྒྱུན་ཆད་མེད་པར་མནར་ན་ཡང་། །སྐྱབས་ཀུན་འདུས་རྩ་བའི་བླ་མ་ལ། །ཡིད་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །སེམས་བདེ་བའི་ངལ་བསོ་ཅུང་ཟད་ཐོབ། །ཉམས་རྟོགས་པ་བདག་ལ་མ་མཆིས་ཀྱང་། །མ་མཁའ་འགྲོ་རྒྱ་མཚོའི་ཐུགས་ཀྱི་བཅུད། །རྗེ་རྣལ་འབྱོར་དབང་ཕྱུག་ཞལ་གྱི་ཆབ། །དཔལ་བརྩེ་བ་ཆེན་པོའི་རིང་ལུགས་ལ། །བློ་ཡིད་ཆེས་ཀྱི་དད་པ་ཅུང་ཟད་སྐྱེས། །ཆོས་ཟབ་པར་གྲགས་པ་ཕལ་ཆེར་ལ། །ད་ཁོ་བོ་འགྲམ་ཆུ་མི་ལྡང་བར། །མི་དབུལ་པོས་ནོར་བུ་རྙེད་པ་ལྟར། །སེམས་ཚིམ་པར་གྱུར་ཏོ་ཆོས་ཀྱི་རྗེ། །ད་རེ་ཞིག་དབེན་པའི་རི་ཁྲོད་དུ། །ལས་ཆགས་སྡང་གི་བྱ་བ་སྤངས་ནས་ནི། །ང་སྡོད་པའི་དམ་བཅའ་བགྱིས་གྱུར་ན། །ཕ་ཁྱེད་ཀྱི་ཐུགས་དགོངས་རྫོགས་ལགས་སམ། །གནས་ངོ་མཚར་རི་ཁྲོད་དགོན་པ་རུ། །སྐྱབས་མཚན་ལྡན་བླ་མ་སྤྱི་བོར་བསྒོམ། །ཆོས་བྱང་ཆུབ་སེམས་ལ་བློ་སྦྱངས་ནས། །བདག་གནས་པའི་དུས་ཤིག་ནམ་འོང་ན། །གཞི་དམ་ཚིག་སྡོམ་པ་སྲོག་ལྟར་སྲུང་། །ལམ་རིམ་གཉིས་རྒྱུན་ཆད་མེད་པར་བསྒོམ། །ཉམས་རྟོགས་པའི་རྩལ་ཁ་རབ་ཏུ་འབར། །སེམས་སྐྱིད་པའི་དུས་ཤིག་ནམ་འོང་ན། །གཞི་མ་དག་འཁོར་བ་ལྕགས་ཀྱི་ཁམས། །ལམ་སྨིན་གྲོལ་གཉིས་ཀྱི་འགྱུར་རྩི་ཡིས་། །གནས་ཡོངས་གྱུར་འབྲས་བུའི་གསེར་བཟང་པོ། །ངས་མཐོང་བའི་དུས་ཤིག་ནམ་འོང་ན། །ཆོས་གཞི་དང་ལམ་དང་འབྲས་བུ་རྣམས། །ཁོང་གྲུབ་མཐའ་གཞན་གྱིས་ཐ་དད་འབྱེད། །ཆོས་དེ་གསུམ་བདེན་པ་གཉིས་ཆར་དུ། །དོན་ངོ་བོ་དབྱེར་མེད་རྟོགས་གྱུར་ན། །དཔལ་ས་སྐྱའི་ཆོས་ཀྱི་སྙིང་པོ་ཡིན། །མིང་འཁོར་འདས་དབྱེར་མེད་ཅེས་སུ་གྲགས། །གནད་འདི་བཞིན་རྟོགས་པའི་རྣལ་འབྱོར་པས། །མར་འཁོར་བའི་རྒྱུ་འབྲས་སྡུག་ཀུན་གཉིས། །འདི་མ་སྤངས་ལམ་དུ་ཁྱེར་ནས་ནི། །དུས་བསྐལ་པའི་ཡུན་ལ་མི་ལྟོས་པར། །ཚེགས་ཆུང་ངུས་སངས་རྒྱས་ཐོབ་པར་འདུག །དུས་དེང་སང་མཁས་པ་མང་ན་ཡང་། །གནད་འདི་འདྲ་རྟོགས་པ་ཉིན་སྐར་ཙམ། །ཁོང་རྒྱལ་བའི་གསུང་ལ་ཅོ་འདྲི་ཞིང་། །མགོ་ཤིན་ཏུ་མཁྲེགས་པའི་རྟོག་གེ་བས། །ལོ་དུ་མའི་བར་དུ་བརྟགས་ན་ཡང་། །ཁྱོད་ཁྱོད་མིན་ཁྱོད་མིན་ཁྱོད་ཡིན་ཞེས། །དོན་མེད་པའི་ཆགས་སྡང་འུར་ཆོམས་ལས། །གནད་སྙིང་པོ་ཟིན་པ་ཤིན་ཏུ་ཉུང་། །དུས་སྙིགས་མའི་སྐྱེ་བོ་གདུག་རྩུབ་ཆེ། །ལས་ཇི་ལྟར་བྱས་ཀྱང་མགུ་མི་ནུས། །ད་དེ་འདྲའི་ངོ་འཛིན་བྱེད་པ་ལས། །རང་གཅིག་པུར་གནས་ན་མི་ལེགས་སམ། །ཡིད་རྩེ་གཅིག་སྒྲུབ་ལ་བརྩོན་ནས་ནི། །རང་མི་འཆིང་གཞན་ཡང་བཀྲི་ནུས་པའི། །སེམས་མི་འཇིགས་གདེང་དྲོད་རྙེད་པ་ན། །ཕ་ཁྱེད་ཀྱི་ཕྲིན་ལས་བདག་གིས་སྐྱོང་། །དེ་འཐད་པར་དགོངས་སམ་སྐྱབས་ཀྱི་མཆོག །བུ་བདག་གིས་གནས་ཚུལ་ཇི་ལྟར་བགྱི། །ཕ་སྐུ་དྲིན་མཚུངས་མེད་ཁྱོད་ཀྱིས་དགོངས། །མགོན་ཁྱོད་ཀྱི་བཀའ་བཞིན་ཁོ་བོས་བསྒྲུབ། །ཚེ་འདི་ཕྱི་བར་དོ་ཐམས་ཅད་དུ། །མི་བདག་ལ་སྐྱིད་སྡུག་ཅི་བྱུང་ཡང་། །ཕ་བླ་མའི་བྱིན་རླབས་ཁོ་ན་ལ། །དུས་རྒྱུན་དུ་རེ་བ་བགྱིད་པ་ལགས། །ཞེས་པའང་ཀུན་དགའ་རྒྱལ་མཚན་གྱིས་རྗེ་བླ་མ་རྡོ་རྗེ་འཆང་ལ་རྟོགས་འབུལ་གྱི་མགུར་དབྱངས་དགེའོ།། །།

གང་དྲན་དུ་གསུངས་པའི་མགུར་དབྱངས།

བླ་མ་ལ་ཕྱག་འཚལ་ལོ། །རྗེ་རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །མ་མཁའ་ཁྱབ་འགྲོ་བ་ཡོངས་ཀྱི་མགོན། །སྒོས་སྤྲང་པོ་བདག་གི་སྐྱབས་ཀྱི་མཆོག །ཕ་བླ་མའི་ཞབས་ཀྱི་བདྨོར་འདུད། །དཔལ་ངག་གི་དབང་ཕྱུག་ས་སྐྱ་པའི། །གསུང་དྲི་མེད་གདམས་པའི་མཛོད་བཟུང་ནས། །སྤྲང་བདག་ལ་ལེགས་པར་འདོམས་མཛད་པ། །མགོན་ཁྱེད་ཀྱི་སྐུ་དྲིན་སྙིང་ནས་དྲན། །ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་རྣམས། །ཕ་སྐུ་དྲིན་དབང་པོ་ཁྱོད་ཉིད་ལ། །སྙིང་ཐག་པའི་སེམས་ཀྱིས་འབུལ་ལགས་ན། །ཐུགས་བརྩེ་བས་བདག་གིར་མཛད་དུ་གསོལ། །རྗེ་བླ་མ་སྐྱབས་གནས་ཀུན་འདུས་ཞེས། །ཁོང་དད་ལྡན་ཀུན་གྱིས་སྒྲོག་མོད་ཀྱང་། །སྐྱབས་ཐམས་ཅད་བླ་མར་འདུས་པ་ཡི། །ཚུལ་ཇི་བཞིན་རྟོགས་པ་ཉུང་བར་འདུག །བུ་དད་ལྡན་བདག་གི་བློ་ངོ་ན། །སྐྱབས་རྒྱལ་བ་སྐུ་གསུམ་ལྷ་ཚོགས་རྣམས། །མགོན་ཁྱེད་ལས་གཞན་དུ་མ་མཐོང་བས། །ཕ་ཆོས་རྗེ་རིགས་ཀྱི་བདག་པོར་ཤེས། །ལས་ངན་པའི་ཐག་པས་སྦྲེལ་བ་ཡི། །མི་མང་པོ་གཅིག་ཏུ་འདུས་པའི་ས། །ཡུལ་མདོ་ཁམས་སྨད་ཅེས་བྱ་བ་འདིར། །གནས་ཕུན་སུམ་ཚོགས་པ་རྙེད་དཀའ་ཡང་། །ཕ་ཁྱེད་ཀྱི་རྗེས་ཤུལ་བསྙེག་པའི་ཕྱིར། །དུས་ད་ལྟ་མི་མེད་ལུང་སྟོང་དུ། །ཕྱི་མི་ཆོས་ཀྱི་བྱ་བ་སྤངས་ནས་ནི། །རང་གྲོགས་མེད་གཅིག་པུར་འཁུམས་ལགས་ཀྱང་། །ཕྱི་ཡུལ་རྐྱེན་གྱི་མཚོ་བས་དོགས་པ་དང་། །ནང་རྟོག་ངན་རྒྱུ་འགྲུལ་མང་བ་དང་། །རྒྱུད་ལེ་ལོའི་འདམ་དུ་བྱིང་འདུག་པས། །ད་མྱུར་མགྱོགས་ཐུགས་རྗེས་བསྐྱབ་ཏུ་གསོལ། །དུས་སྙིམས་མའི་གནས་གྲོགས་ལོངས་སྤྱོད་ལ། །ཡིད་ཞེན་པ་གཏིང་ནས་ལོག་ནས་ནི། །ད་མི་ཚེའི་ལྷག་མ་ཅི་ཡོད་ལ། །གནས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །གཤིས་རིག་སྟོང་གཉུག་མའི་ཡེ་ཤེས་འདི། །ཕ་བླ་མའི་ངོ་བོར་མཐོང་ནས་ནི། །དུས་རྟག་ཏུ་དྲན་པའི་མོས་གུས་ཀྱིས། །དབྱིངས་རང་ཞལ་མཇལ་བར་བྱིན་གྱིས་རློབས། །ལས་ཉོན་མོངས་འཁོར་བའི་རྩ་བ་འདིའི། །དོན་བརྟགས་ཤིང་དཔྱད་ན་རྣམ་རྟོག་ཙམ། །རྣམ་རྟོག་འདི་ལམ་དུ་ཁྱེར་ཤེས་ན། །ཚོགས་གཉིས་ཀྱང་འདི་ཡིས་རྫོགས་པར་འདུག །རྐྱེན་ཕྱི་ནང་གི་བར་ཆད་ཇི་སྙེད་པ། །རང་སེམས་ལས་གཞན་དུ་མི་རྙེད་པས། །སེམས་སྐྱེ་མེད་སྟོང་པའི་གནད་ཤེས་ན། །བར་ཆད་ཀྱང་སྲུང་བའི་འཁོར་ལོར་འཆར། །བདུད་ཤེས་ནས་སྤོང་བ་ཆོས་དང་མཐུན། །བདུད་རང་སེམས་སུ་ཤེས་ན་ལམ་གྱི་གྲོགས། །བདུད་ཆོས་ཉིད་དུ་མཐོང་ན་ལྟ་བའི་གནད། །བདུད་དངོས་གྲུབ་ཏུ་ལེན་པ་གདམས་ངག་ཡིན། །སྐྱོན་གཏན་ནས་མེད་པ་ཤིན་ཏུ་དཀོན། །སྐྱོན་ཡོན་ཏན་དུ་རློམ་ན་བར་ཆད་དེ། །སྐྱོན་སྤངས་ནས་གྲོལ་བ་ཀུན་ལ་ཡོད། །སྐྱོན་ཡོན་ཏན་དུ་སློང་བ་ངེད་ཀྱི་ལུགས། །སྐྱེ་འཆི་དང་བར་དོའི་སྡུག་བསྔལ་འདི། །སྐུ་གསུམ་གྱི་ངོ་བོར་ཐག་བཅད་ནས། །ཐབས་ཟབ་མོ་ལམ་བྱེད་བཞི་ལྡན་གྱིས། །བསྒོམ་ནུས་ན་སྐུ་གསུམ་མངོན་དུ་བྱེད། །གཞི་འཁོར་བའི་རྒྱུ་འབྲས་སྡུག་ཀུན་གཉིས། །ཐབས་སྨིན་གྲོལ་ལམ་གྱིས་སྦྱངས་པ་ལས། །དུས་མྱུར་དུ་སྐུ་དང་ཡེ་ཤེས་སུ། །གནས་གྱུར་ན་འཁོར་འདས་དབྱེར་མེད་ཡིན། །ཆོས་ཟབ་མོའི་དོན་འདི་ཤེས་པའི་ཚེ། །དུས་སྐད་ཅིག་གཅིག་གི་ཉམས་ལེན་ལ། །ལམ་ཟབ་མོའི་སྦྱོར་དངོས་རྗེས་གསུམ་གྱི། །གནད་མ་ལུས་ཚང་བའི་ངེས་ཤེས་སྐྱེ། །འཁྲུལ་སྣང་གི་ཚོར་བ་བདེ་སྡུག་ལ། །བླང་དོར་དུ་ཞེན་པའི་སྲེད་པ་འདི། །འཁོར་བ་རུ་འཆིང་བྱེད་ཡིན་མོད་ཀྱང་། །བདེ་སྡུག་ལ་ངོ་བོས་འཆིང་གྲོལ་མེད། །འཆིང་གྲོལ་འདི་བློ་ཡི་འཛིན་སྟངས་ཏེ། །ཞེན་མེད་ཀྱི་ཐབས་ཀྱིས་ཟིན་པའི་ཚེ། །འཁོར་བ་ཡང་ལྷ་དང་ཡེ་ཤེས་སུ། །འཆར་བ་ཞིག་ལམ་འདིིའི་ཁྱད་ཆོས་ཡིན། །རང་སེམས་འདི་ཡན་པར་མི་འཆོར་བར། །འཛིན་མེད་ཀྱི་ལྟ་བས་རྒྱས་ཐེབས་ན། །བདེ་སྡུག་གི་སྣང་བ་དཔེ་ཡི་ནི། །ཡེ་ཤེས་སུ་འཆར་བ་སུ་ཡིས་འགོག །གནད་ཟིན་ན་མ་བསྒོམས་ཀྱང་ཡེ་ཤེས་ཡིན། །བློ་རྨོངས་ན་བསྒོམ་ཡང་འཁོར་བའི་རྒྱུ། །ངོ་ཤེས་ན་ཉོན་མོངས་ཡེ་ཤེས་ཏེ། །གནད་འཆུག་ན་ལམ་ཡང་འཁྲུལ་བ་ཡིན། །མྱོང་བཞིན་པའི་སྡུག་བསྔལ་རྣམ་རྟོག་ཡིན། །རྣམ་རྟོག་ལས་ལོགས་ན་ཆོས་ཉིད་མེད། །སྡུག་བསྔལ་དུ་སྣང་བའི་རྣམ་རྟོག་འདི། །ཆོས་ཉིད་ལ་ལྟ་བའི་མེ་ལོང་ཡིན། །སྡུག་བསྔལ་འདི་སུས་ཀྱང་མི་འདོད་མོད། །མཐའ་གཅིག་ཏུ་སྤང་བྱ་མ་ཡིན་ཏེ། །བདེ་སྐྱིད་ཀྱང་འདི་ལས་འབྱུང་བའི་ཕྱིར། །སྡུག་བསྔལ་འདི་བདེ་བའི་ལམ་ས་ཡིན། །རྣམ་རྟོག་ལས་བྱུང་བའི་འཁྲུལ་སྣང་ཀུན། །ཕྱི་རོལ་དུ་ཞེན་ན་སླར་ཡང་འཁྲུལ། །རང་སེམས་སུ་ཤེས་ནས་མ་བཅོས་པར། །རང་བབས་སུ་ཞོག་དང་རང་གསལ་འཆར། ༈ །བློ་སུས་ཀྱང་གཞལ་བར་མི་ནུས་པའི། །རིགས་དྲུག་གི་འཁྲུལ་སྣང་སྣ་ཚོགས་འདི། །སེམས་རྨོངས་པའི་པིར་གྱིས་བྲིས་པ་ལས། །དོན་གཞན་པའི་བྱེད་པ་པོ་ནི་མེད། །ཁོང་དུས་གསུམ་འཕགས་ཚོགས་ཐམས་ཅད་ཀྱི། །ས་ལམ་གྱི་ཡོན་ཏན་མ་ལུས་པ། །ཐབས་མཁས་པའི་སེམས་ཀྱི་རྟེན་འབྲེལ་ལས། །ཀུན་བྱེད་པའི་བྱེད་པོ་གཞན་མི་རྙེད། །རྒྱུ་དེས་ན་སྲིད་ཞིའི་ཉམས་འགྱུར་ཀུན། །སེམས་རིག་པའི་འཆར་སྒོ་ཙམ་ཞིག་ལས། །དོན་ཕྱི་རོལ་ན་གྲུབ་པ་མི་འདུག་པས། །ཆོས་ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་ཡིན། །བོད་བསིལ་ལྡན་ཁ་བའི་ལྗོངས་འདི་རུ། །སྔོན་བྱོན་པའི་མཁས་གྲུབ་དེ་དག་ལ། །ཡུལ་སྣང་འདི་སེམས་སུ་བཞེད་པ་དང་། །མི་བཞེད་པའི་ལུགས་གཉིས་བྱུང་ན་ཡང་། །ཆོས་རྣམས་ཀྱི་ཆོས་ཉིད་གཅིག་ཡིན་པས། །དེ་ཇི་བཞིན་གཏན་ལ་འབེབས་པ་ལ། །གནས་སྐབས་ཀྱི་བརྗོད་ཚུལ་མི་མཐུན་ཡང་། །མཐར་ཐུག་གི་དགོངས་དོན་གཅིག་པར་སྣང་། །དཔལ་དགྱེས་པ་རྡོ་རྗེའི་རྩ་བཤད་ཀྱི། །རྒྱུད་ཟབ་མོ་འདི་ཡི་རྗེས་འབྲངས་ནས། །རྣལ་འབྱོར་གྱི་དབང་ཕྱུག་བིཪྺཔ། །ཡབ་སྲས་ཀུན་སྣང་བ་སེམས་སུ་བཞེད། །སྔགས་བླ་མེད་རྒྱུད་ཀྱི་དགོངས་པ་བཞིན། །ཚེ་གཅིག་གིས་སངས་རྒྱས་སྒྲུབ་པ་ལ། །ཕྱི་སྣང་བ་སེམས་སུ་སྒྲུབ་པ་འདི། །གནད་ཤིན་ཏུ་ཆེ་བའི་ཆོས་གཅིག་ཡིན། །ཆོས་ཟབ་མོ་ནང་གི་དེ་ཉིད་ནི། །ལུགས་གཞན་ལ་ཞིབ་ཏུ་མ་གྲགས་ཤིང་། །ཆོས་འདི་ཡི་ཟབ་ཁྱད་ཡིན་མོད་ཀྱང་། །དོན་ཇི་བཞིན་རྟོགས་པ་ཉུང་བར་འདུག །རང་རྩ་བ་བཅད་ན་མ་གྲུབ་པའི། །སེམས་དངོས་མེད་སྒྱུ་མའི་མཁན་པོ་དེས། །འཁོར་འདས་ཀྱི་སྣང་བ་མ་ལུས་པ། །མེད་བཞིན་དུ་སྤྲུལ་པ་ངོ་མཚར་ཆེ། །སྣང་བ་འདི་སེམས་སུ་ལེགས་ཤེས་ན། །དུས་རིང་ཐུང་བཟང་ངན་ཡངས་དོག་སོགས། །འགལ་བ་ལྟར་སྣང་བ་མི་འགལ་བས། །གནད་ཤེས་ན་བསྒོམ་གྱི་གྲོགས་སུ་འཆར། །རང་སྣང་འདི་སེམས་སུ་མ་ཤེས་ན། །བླ་མ་ལ་མོས་གུས་མི་སྐྱེས་ཏེ། །མཛད་སྤྱོད་ལ་སྐྱོན་དུ་བཟུང་བ་ཡིས་། །དངོས་གྲུབ་ཀྱི་སྐལ་བ་ཆད་པ་མང་། །དག་མ་དག་གི་སྣང་བ་རང་སེམས་ལས། །ཕྱི་རོལ་ན་མེད་པའི་ཚུལ་ཤེས་ན། །སྐྱོན་རང་སྐྱོན་དུ་ཤེས་ནས་དམན་ས་ཟིན། །ཁོང་གཞན་ལ་དག་སྣང་སྐྱེ་བར་འགྱུར། །དབང་ཐོབ་པའི་སེམས་དཔའ་མཆོག་རྣམས་ཀྱི། །མཐུ་བསམ་མི་ཁྱབ་པའི་རྫུ་འཕྲུལ་ཡང་། །བདེན་མེད་ཀྱི་སྣང་བ་རང་སེམས་སུ། །ངོ་ཤེས་པའི་མཐུ་ལས་བྱུང་བར་སྣང་། །གདོན་ལོག་འདྲེན་འབྱུང་པོའི་ཆོ་འཕྲུལ་ཡང་། །ཕྱི་རོལ་དུ་བཟུང་ན་སྐྱོན་ཡིན་ཡང་། །རང་སྣང་དུ་ཤེས་པའི་རྣལ་འབྱོར་པར། །བདུད་སྡེ་ཡང་ལམ་གྱི་གྲོགས་སུ་འཆར། ༈ །སྐྱབས་གཅིག་ལ་སྐྱབས་གནས་ཐམས་ཅད་འདུས། །ཆོས་གཅིག་ལ་ཉམས་ལེན་ཀུན་ཚང་ཞིང་། །གནད་གཅིག་གིས་ས་ལམ་བགྲོད་ནུས་པ། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཡིན། །ཚུལ་འདི་ལྟར་ཉམས་སུ་ལེན་པ་ལ། །དུས་དང་པོ་བླ་མ་སངས་རྒྱས་སུ་བསྒོམ། །སྐྱབས་ཐམས་ཅད་འདུས་པར་ཐག་བཅད་ནས། །ཡིད་མོས་གུས་གདུང་བས་གསོལ་བ་འདེབས། །བར་བླ་མ་སངས་རྒྱས་དངོས་སུ་མཐོང་། །སྐྱབས་ཐམས་ཅད་བླ་མའི་ངོ་བོར་ཤར། །ཡིད་ཁྱེད་ཤེས་ཀྱི་དད་པ་རྒྱུད་ལ་སྐྱེས། །རྗེ་བླ་མའི་བྱིན་རླབས་སེམས་ལ་ཞུགས། །མཐར་རང་སེམས་སངས་རྒྱས་རང་ཞལ་མཇལ། །བླ་མ་དང་ཐུགས་ཡིད་དབྱེར་མེད་འདྲེས། །ཡིན་ལུགས་ཀྱི་མྱོང་བ་ནང་ནས་ཤར། །སྒྲོ་སྐུར་གྱི་སྤྲོས་པ་རང་སར་ཞིག ༈ །སེམས་སྐྱེ་བ་མེད་པ་ཞེས་བྱ་བ། །དེ་ཁ་ཚིག་ཙམ་དུ་མ་ཤོར་བར། །མཐའ་བཞི་ལས་ངེེས་པར་མ་སྐྱེས་པའི། །གནད་ལེགས་པར་ཁོང་དུ་ཆུད་པ་ན། །མ་སྐྱེས་ཀྱང་སྣང་བ་མི་འགལ་ཞིང་། །སྣང་བཞིན་དུ་ངོ་བོས་མ་གྲུབ་པས། །སྟོང་རྟེན་འབྱུང་འགལ་བ་མེད་པ་ལ། །དོན་ཡིད་ཆེས་ཀྱི་ངེས་པ་རྙེད་པར་འགྱུར། །དུས་དེ་ཚེ་རྣམ་ཐར་སྒོ་གསུམ་གྱི། །སྟོང་ཉིད་ཀྱང་གཟུགས་སུ་འཆར་ནུས་ཤིང་། །གཟུགས་དེས་ཀྱང་སྣང་བས་མི་འཆིང་བར། །སྟོང་གསལ་ལ་ངེས་པ་འདྲེན་པ་ཡིན། །གནད་འདི་འདྲ་ཤེས་ན་ཉམས་ལེན་གྱི། །ལམ་ཟབ་གསལ་གཉིས་མེད་བསྐྱེད་རིམ་དེ། །མིང་རྐྱང་པ་ཙམ་དུ་མ་ཤོར་བར། །དོན་ཚུན་བཞིན་རྒྱུད་ལ་འབྱོར་བར་འགྱུར། །སྔོན་རྒྱལ་བ་གཉིས་པ་ཀླུ་སྒྲུབ་རྗེས། །ཆོས་སྟོང་ཉིད་སེང་གེའི་སྒྲ་བསྒྲགས་པའི། །དོན་ཟབ་མོ་དབུ་མའི་ལྟ་བ་ནི། །མི་དེ་ཡི་བློ་ལ་མཛའ་བ་འདྲ། །བདག་འཁོར་བར་འཆིང་བྱེད་མ་རིག་པ། །གཉིས་འཛིན་གྱི་རྣམ་རྟོག་ཡིན་མོད་ཀྱང་། །ཁོ་བརྟགས་ཤིང་དཔྱད་ན་སྟོང་པར་ཡལ། །དེས་བཅིངས་བའི་བདག་ཀྱང་དེ་བཞིན་རྫུན། །དོན་དེ་ལྟར་སྤང་བྱ་མ་རྙེད་པས། །དེ་སྤོང་བའི་གཉེན་པོ་མི་རྙེད་དེ། །མོ་གཤམ་བུའི་མཚན་གཞི་མ་གྲུབ་པས། །དེ་གསོད་པའི་གཤེད་མ་མི་རྙེད་བཞིན། །ཆོས་གང་ཡང་དོན་ལ་མ་གྲུབ་པས། །དམིགས་གཏད་ཀྱི་མཚན་མ་མི་རྙེད་ཀྱང་། །རྟེན་འབྱུང་ལ་བསླུ་བ་མེད་པའི་ཕྱིར། །ཐ་སྙད་དུ་བླང་དོར་འཁོར་འདས་ཡོད། །གནད་འདི་འདྲའི་དབྱེ་བ་ཤེས་གྱུར་ན། །ཆོས་ཀུན་གྱི་དེ་ཉིད་ལེགས་ཤེས་ཤིང་། །དོན་རྟོགས་རྒྱུ་མེད་པའི་དོན་རྟོགས་པས། །སེམས་གྲོལ་རྒྱུ་མེད་པ་གྲོལ་ཞེས་གསུངས། །ཉོན་མོངས་འདི་རང་དགར་སྤྱད་ན་ཕུང་། །འདི་སྤང་ན་ཡེ་ཤེས་ཀྱི་རྒྱུ་མི་རྙེད། །ཐབས་མཁས་པས་བསྟེན་ན་ཉོན་མོངས་ཉིད། །ཡེ་ཤེས་སུ་ཤེས་ནས་གྲོལ་བར་འགྱུར། །འཁྲུལ་སྣང་འདི་དོན་དམ་མ་ཡིན་ཏེ། །དོན་དམ་ཡང་དེ་ལས་གཞན་ན་མེད་། །གནད་ཤེས་ན་ཆུ་དང་ཆབ་རོམ་བཞིན། །དེ་གཉིས་ཀྱང་འགལ་བ་མེད་པ་ཡིན། །ཕུང་པོ་ལ་ཞེན་ན་བདུད་ཡིན་ཏེ། །འདི་སྤངས་ན་ཞི་བའི་མཐའ་རུ་ལྷུང་། །ཆོས་ཟབ་མོ་དག་པ་རྣམ་གསུམ་གྱིས། །སྦྱང་ནུས་ན་མྱུར་དུ་སངས་རྒྱས་ཐོབ། །སྡུག་བསྔལ་ལ་སྐྲག་ནས་སྤོང་བ་དང་། །དགའ་བཞིན་དུ་དང་དུ་ལེན་པ་དང་། །བདེན་མེད་དུ་ཤེས་ནས་བརྟེན་པ་ཡི། །གནད་གསུམ་གྱིས་སྡུག་བསྔལ་ལམ་དུ་བྱེད། །དུས་ད་ལྟའི་འཁྲུལ་སྣང་གི་སྡུག་བསྔལ་འདི། །ངོ་ཤེས་ན་བདེ་ཆེན་ཡེ་ཤེས་ཏེ། །བློ་དགག་སྒྲུབ་སྤྲོས་པ་མི་མང་བར། །སེམས་མ་བཅོས་པར་ཞོག་དང་གནད་འའག་ཡིན། །ཕྱི་སྣང་བ་སེམས་ཀྱི་སྤྲུལ་བར་ཤེས། །སེམས་ཡུལ་ལ་ཞེན་པའི་འཁྲི་བ་ཆོད། །ཡུལ་གང་ཤར་ལ་འགལ་སྒྲུབ་མི་འཚོར་བར། །བློ་རེ་དོགས་དང་བྲལ་ན་དགའ་བ་ལ། །སྐྱེན་ཐམས་ཅད་ཀྱི་རྩ་བ་ཞེན་པ་སྟེ། །མར་ངན་སོང་གསུམ་གྱི་སྡུག་བསྔལ་ནས། །ས་ལམ་གྱི་བར་ཆད་ཐམས་ཅད་ཀྱང་། །འཛིན་ཞེན་ཀྱི་རྟོག་པ་འདི་ལས་བྱུང་། །བློ་ཞེན་མེད་ཀྱི་དགེ་བ་བསྒྲུབ་ཤེས་ན། །དགེ་ལེགས་ཀུན་འདུ་བར་སྨོ་ཅི་དགོས། །སྐྱབས་མཐར་ཐུག་ཐུབ་པའི་ཆོས་སྐུ་ལ། །བློ་ཞེན་མེད་ཀྱི་ངང་དུ་འདུ་བར་འདུག །།སྒོས་ཚེ་འདིར་ཞེན་པའི་རྟེས་ངན་འདིས། །བློ་ཆོས་སུ་འགྲོ་རུ་མ་བཅུག་པར། །མི་བདག་ནི་དེ་སྔ་ཡན་ཆོད་ཕུང་། །གྲོགས་གཞན་ཡང་འདི་ཡིས་ཕུང་བར་འདུག ༈ །དུས་གྲངས་མེད་གསུམ་གྱི་ཚོགས་གཉིས་ཀྱང་། །གཞི་རང་གི་སེམས་སྣང་འདི་ཉིད་ཡིན། །སྐུ་བཞི་དང་ཡེ་ཤེས་རྣམ་ལྔ་ཡང་། །སེམས་འདི་ལས་གཞན་དུ་རྙེད་མི་འགྱུར། །ཆོས་གཞི་ལམ་འབྲས་གསུམ་དབྱེར་མེད་དེ། །ཐབས་ཟབ་མོ་སྦྱང་གཞི་སྦྱོང་བྱེད་ཀྱི། །ལམ་ཤིན་ཏུ་གསང་བའི་ཉེ་ལམ་འདིས། །སངས་རྒྱས་ཞེས་སྨྲ་བ་མི་རིང་ཉེ། །གནད་འདི་དག་བསྒོམས་པའི་བློ་གྲོས་ཀྱི། །ཉམས་མྱོང་ཞིག་བདག་ལ་མ་མཆིས་ཀྱང་། །མོས་གུས་ཀྱིས་གསོལ་བ་བཏབ་པའི་མཐུས། །གོ་ཡུལ་དུ་བླ་མའི་དྲིན་གྱིས་ཡིན། ༈ །ད་ཚེ་མཇུག་གི་བདེ་སྐྱིད་འབྱུང་རེ་བས། །མི་གཞན་གྱི་ངོ་སྲུང་མཐུན་འཇུག་གི། རེ་དོགས་ཀྱི་ངལ་ཁུར་ལེན་པ་ཡི། །སྡིག་སྡུག་གི་རྩ་བ་བོར་ནས་ནི། །གནས་མི་མེད་དབེན་པའི་རི་ཁྲོད་དུ། །གྲོགས་བྱ་དང་ནགས་ཚལ་དང་འགྲོགས་ནས། །ཆོས་བྱང་ཆུབ་སེམས་ལ་བློ་སྦྱངས་ནས། །ཤི་ཐུབ་ན་སྐྱིད་པའི་ཡང་རྩེ་ལགས། ༈ །འཁོར་བ་འདི་སྤང་བྱར་གྲགས་མོད་ཀྱང་། །རང་སྣང་འདི་ལྷ་དང་ཡེ་ཤེས་སུ། །ངོ་ཤེས་ཚེ་སྤང་བྱ་མི་རྙེད་པས། །དོན་འཁོར་འདས་ངོ་བོ་དབྱེར་མེད་ཡིན། །བར་ཆད་འདི་མེད་ན་དགའ་ལགས་ཀྱང་། །འདི་མེད་ན་དངོས་གྲུབ་མི་ཐོབ་པས་། །ཐབས་མཁས་པས་ལམ་དུ་ཁྱེར་ཤེས་ན། །དངོས་གྲུབ་ཀྱི་མཚམས་སྦྱོར་བར་ཆད་ཡིན། །ཕྱི་ཡུལ་རྐྱེན་ངན་པ་མེད་ས་མེད། །འདི་གཉེན་པོས་སྤང་དུ་མི་ལང་གི། གནད་ཤེས་ནས་ལམ་དུ་ཁྱེར་ནུས་ན། །རྐྱེན་ངན་འདི་དགེ་སྦྱོར་གྱི་བསྐུལ་མ་ཡིན། །སེམས་འཁྲུལ་པའི་དབང་དུ་གྱུར་པ་ལ། །ཕྱི་ཡུལ་སྣང་དགྲ་རུ་ལྡང་མོད་ཀྱང་། །ནང་ཡིན་ལུགས་ཤེས་པའི་རྣལ་འབྱོར་པར། །འདི་ཐམས་ཅད་དགེ་བའི་བཤེས་སུ་འཆར། །འཁོར་བ་ལ་ངེས་འབྱུང་ནས་བཟུང་སྟེ། །མཐར་ཐུག་གི་སྐུ་དང་ཡེ་ཤེས་སོགས། །ལམ་འབྲས་ཀྱི་ཡོན་་ཏན་མ་ལུས་པ། །སེམས་རིག་ཐོག་གཅིག་ཏུ་དྲིལ་ནས་ནི། །གནད་ཚང་བར་ཉམས་སུ་ལེན་པ་འདི། །ཁོང་ས་སྐྱའི་འཇམ་མགོན་རིན་པོ་ཆེའི། །བཀའ་སྲོག་འདིའི་ཟབ་ཁྱད་ཡིན་པའི་ཕྱིར། །གནད་ཤེས་ན་སྙིང་ནས་ཡིད་ཆེས་སྐྱེ། །སྡུག་བསྔལ་ཀུན་འདི་ལས་བྱུང་བའི་ཕྱིར། །རྣམ་རྟོག་འདི་སྐྱོན་གྱི་གོང་བུ་ཡིན། །གནས་ལུགས་ཀྱང་འདི་ལས་རྙེད་པའི་ཕྱིར། །ཡོན་ཏན་ཡང་འདི་རང་ཆེ་བར་འདུག །འཁྲུལ་སྣང་འདི་རྣམ་རྟོག་ལས་བྱུང་ཡང་། །འདི་མེད་ན་གནས་ལུགས་མི་རྙེད་དེ། །རྣམ་རྟོག་གི་ངོ་བོ་སྐྱོང་ཤེས་ན། །ཆོས་ཉིད་ལ་ལྟ་བའི་མེ་ལོང་ཡིན། །རྣམ་རྟོག་འདི་ཆོས་ཉིད་མ་ཡིན་ཀྱང་། །ཆོས་ཉིད་ལས་གཞན་པའི་རྣམ་རྟོག་མེད། །ངོ་ཤེས་ན་འཁྲུལ་པའི་རྣམ་རྟོག་འདི། །དབྱིངས་ཆོས་སྐུའི་རང་ཞལ་མཇལ་བ་ཡིན། །དུས་གསུམ་གྱི་རྒྱལ་བ་བསྐྱེད་པའི་རྒྱུ། །རྒྱལ་སྲས་ཀུན་གཤེགས་པའི་ལམ་བཟང་པོ། །ཆོས་ཀུན་གྱི་སྙིང་པོ་བྱང་ཆུབ་སེམས། །འདི་རྒྱུད་ལ་སྐྱེས་ན་ཅི་མ་རུང་། །ཁམས་གསུམ་གྱི་སྡུག་བསྔལ་སེལ་བའི་སྨན། །སྲིད་ཞི་ཡི་དགེ་ལེགས་ཀུན་གྱི་རྒྱུ། །ཆོས་བྱང་ཆུབ་སེམས་ཀྱི་ནོར་བུ་མཆོག །འདི་དོན་དུ་གཉེར་ན་སུས་ཀྱང་རྙེད། །གང་སྣང་བ་ཆོས་ཉིད་ལས་མི་གཡོ་བས། །གཤིས་གནས་ལུགས་རྟོགས་པའི་རྣལ་འབྱོར་པར། །སྐྱོན་གཞན་ནས་བཙལ་ཡང་མི་རྙེད་པའི། །དུས་དེ་འདྲ་འབྱུང་ཞེས་བླ་མས་གསུངས། །ཕྱི་ཡུལ་སྣང་སེམས་ཀྱི་སྤྲུལ་པར་ཤེས། །སེམས་ཡུལ་ལ་ཞེན་པའི་འཁྲི་བ་ཆོད། །ཡུལ་གང་ཤར་ལ་དགག་སྒྲུབ་མི་འཆོར་བར། །བློ་རེ་དོགས་དང་བྲལ་ན་དགའ་བ་ལ། །ཆོས་རིམ་གཉིས་ལྷན་དུ་བསྒོམ་པའི་ཚེ། །གཞི་བདེན་གཉིས་གཏན་ལ་འབེབས་པ་དང་། །ལམ་ཚོགས་གཉིས་ཤུགས་ཀྱིས་རྫོགས་པ་ཞིག །དུས་གཅིག་ལ་བྱུང་ན་དགའ་བ་ལ། །མཉམ་ཉིད་ཀྱི་ལྟ་བ་ཀློང་དུ་གྱུར། །སྤང་ཐོབ་ཀྱི་རེ་དོགས་ནང་ནས་ཞིག །མཉམ་ཉིད་ལས་ནམ་ཡང་མི་གཡོ་བའི། །སྐལ་བཟང་ཞིག་བྱུང་ན་དགའ་བ་ལ། །གནས་སྐབས་ཀྱི་ལས་བཞིའི་དངོས་གྲུབ་ཀྱང་། །རང་སེམས་ལས་གཞན་དུ་མ་མཆིས་ཏེ། །སེམས་འཁྲུལ་རྟོག་ཞིག་ན་ཡོན་ཏན་རྒྱས། །འདི་དབང་དུ་འདུས་ན་དགྲ་བགེགས་ཐུལ། །དོན་མཐར་ཐུག་མཆོག་གི་དངོས་གྲུབ་ཀྱང་། །གཞན་གང་དུ་བཙལ་ཡང་མི་རྙེད་དེ། །སེམས་འཁྲུལ་པའི་དྲི་མ་ཟད་པ་ལ། །སངས་རྒྱས་ཞེས་མིང་དུ་བཏགས་པར་ཟད། །སེམས་མྱ་ངན་དྲག་པོས་ནོན་པའམ། །ཆགས་སྡང་གི་རྟོག་པ་སྐྱེས་པའི་ཚེ། །ཤར་བཞིན་པའི་དུས་ན་རང་བཞིན་གྱི། །མ་སྐྱེས་པར་ཤེས་པ་གནད་དུ་ཆེ། །སེམས་འཚུབ་ཚེ་ཡོད་ཡོད་འདྲ་ན་ཡང་། །འདི་བཞག་ན་རྫུན་པའི་རང་མཚང་ངོམ། །དོན་དེ་ཕྱིར་འཇུར་བུས་བཅིངས་པའི་སེམས། །འདི་གློད་ན་གྲོལ་ཞེས་གསུང་བར་འདུག །བདེ་སྡུག་འདི་ཕྱི་རུ་བཟུང་ནས་ནི། །རྩོལ་སྒྲུབ་ཀྱིས་རང་སྡུག་ཉོ་བ་ལས། །དགེ་སྡིག་འདི་སེམས་སུ་ངོ་ཤེས་ནས། །བདེ་སྐྱིད་འདི་སེམས་ལ་བཙལ་ན་དགའ། །ཕ་མཚན་ལྡན་བླ་མས་རྗེས་བཟུང་ནས། །ཆོས་མདོ་རྒྱུད་གཉིས་ཀྱི་བཅུད་བསྡུས་པ། །ལམ་གསུང་ངག་འདི་དང་འཕྲད་པའི་ཚེ། །ད་མ་ཡེངས་མ་ཡེངས་སྙོམས་ལས་ཅན། །སྐྱབས་མཚན་ལྡན་བླ་མ་སྤྱི་བོར་བསྒོམ། །ལམ་གསང་ཆེན་རིམ་གཉིས་ཟབ་མོའི་དོན། །དུས་རྒྱུན་ཆད་མེད་པར་ཉམས་སུ་ལོངས། །ད་ཤི་ཡང་འགྱོད་པ་མེད་པར་གྱིས། །སྐྱབས་དཀོན་མཆོག་ཀུན་འདུས་བླ་མ་རྗེའི། །ཐུགས་དམིགས་པ་མེད་པའི་བྱིན་རླབས་ཀྱིས། །དུས་ད་ལྟ་ཉིད་དུ་བྱིན་བརླབས་ནས། །བུ་བདག་གི་རེ་སྨོན་འགྲུབ་པར་མཛོད། །ཅེས་ཀུན་དགའ་རྒྱལ་མཚན་གྱིས་གང་དྲན་སྨྲས་པའོ།། །།

ཐར་རྩེ་མཁན་རིན་པོ་ཆེ་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གྱིས་བསྐུལ་ངོར་གསུངས་པའི་མགུར་དབྱངས།

ན་མོ་གུ་རུ་བྷྱཿདུས་གསུམ་སངས་རྒྱས་ཐམས་ཅད་འདུས་པ་ཡི་ངོ་བོ། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་བཞུགས་པ། །སྨིན་གྲོལ་གདམས་པའི་བདུད་རྩིའི་བཀའ་དྲིན་གྱིས་སྐྱོང་བའི། །དྲིན་ཆེན་རྩ་བའི་བླ་མ་སྙིང་དབུས་ནས་དྲན་ནོ། །ཟོལ་མེད་གདུང་བའི་དབྱངས་ཀྱིས་རྒྱང་རིང་ནས་འབོད་ན། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་དགྱེས་བཞིན་དུ་འཚོ་ཞིང་། །དམིགས་མེད་ཐུགས་རྗེ་ཆེན་པོས་བདག་སོགས་ཀྱི་རྒྱུད་ལ། །དགོངས་པའི་བྱིན་ཆེན་ཕོབ་ཅིག་དྲིན་ཆེན་གྱི་བླ་མ། །དཔལ་ལྡན་སྐུ་བཞིའི་དབང་ཕྱུག་རྒྱལ་ཀུན་གྱི་ངོ་བོ། །ལུང་རྟོགས་དམ་ཆོས་འབྱུང་གནས་ཐེག་གསུམ་གྱི་ལམ་སྟོན། །གསུམ་ལྡན་དགེ་འདུན་བྱེ་བའི་གཙུག་རྒྱན་དུ་བཞུགས་པའི། །སྐྱབས་གནས་དཀོན་མཆོག་གསུམ་འདུས་བླ་མ་དེ་མཁྱེན་ནོ། །གནས་གསུམ་མཁའ་འགྲོ་རྒྱ་མཚོའི་གསང་མཛོད་ལས་བྱུང་བའི། །སྔོན་བྱོན་གྲུབ་བརྒྱའི་གཤེགས་ཤུལ་གསང་ཆེན་གྱི་མྱུར་ལམ། །བློ་དང་བརྩོན་པའི་སྟོབས་ཀྱིས་བདེ་བླག་ཏུ་བགྲོད་པའི། །མཚུངས་མེད་གྲུབ་པའི་དབང་ཕྱུག་བླ་མ་དེ་མཁྱེན་ནོ། །དགོངས་པ་སངས་རྒྱས་རྣམས་དང་དབྱེར་མེད་དུ་བཞུགས་ཀྱང་། །སྙིགས་དུས་འགྲོ་བའི་སྣང་ངོར་མི་གཟུགས་སུ་བྱོན་ནས། །ལས་སྨོན་མཐུན་པའི་སྐལ་ལྡན་གདུལ་བྱ་ཡི་ཚོགས་ལ། །རྣམ་གྲོལ་ལམ་བཟང་སྟོན་པའི་བླ་མ་དེ་མཁྱེན་ནོ། །ཟབ་རྒྱས་གདམས་པའི་བདུད་རྩི་དགྱེས་བཞིན་དུ་བསྩལ་བ། །ཐོས་བསམ་བསྒོམ་པའི་སྙིམ་པས་ཚུལ་བཞིན་དུ་མྱངས་ན། །ལུང་རྟོགས་ཡོན་ཏན་ཆོས་ཀྱི་རྒྱལ་སྲིད་ལ་དབང་བའི། །དགའ་སྟོན་ཉམས་སུ་མྱོང་བའི་བྱིན་རླབས་ཤིག་ཞུའོ། །དོན་མེད་ཚེ་འདིའི་བྱ་བ་རྒྱང་རིང་དུ་སྤངས་ནས། །ཡིད་མཐུན་དབེན་པའི་གནས་སུ་སྒྲུབ་པ་ལ་གཞོལ་ཞིང་། །མྱུར་དུ་ཟབ་ལམ་རྟོགས་པའི་དྲོད་ཚད་དང་འཕྲད་ནས། །བླ་མའི་འཕྲིན་ལས་སྐྱོང་བའི་སྐལ་བཟང་ལ་སྨོན་ནོ། །སྣང་སྲིད་འཁོར་འདས་ཆོས་ཀུན་རང་སེམས་སུ་ཐག་ཆད། །གཉུག་མ་སེམས་ཀྱི་ཆོས་ཉིད་མངོན་སུམ་དུ་མཐོང་ནས། །རང་སེམས་བླ་མའི་ཐུགས་དང་དབྱེར་མེད་དུ་གྱུར་པའི། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རང་རློབས་ཤིག །མཚན་རྟོག་འཁྲུལ་པའི་སྣང་བ་སྤྲིན་བཞིན་དུ་ཡལ་ནས། །སྣོད་བཅུད་དག་པ་ལྷ་ཡི་དཀྱིལ་འཁོར་དུ་ཤར་བ། །དེ་ཡང་བདེ་བ་ཆེན་པོའི་ཡེ་ཤེས་སུ་མཐོང་བའི། །མྱུར་དུ་གྲུབ་མཐའ་སྙོགས་པའི་དངོས་གྲུབ་ཅིིག་ཞུའོ། །བདེ་འབྱུང་བསྟན་པའི་ཉི་མ་ནུབ་རི་ལ་འཛེགས་ཏེ། །ཆེར་སྙིགས་རྒུད་པའི་མུན་པ་ཕྱོགས་ཀུན་ཏུ་ཁྱབ་ཚེ། །ཕྲིན་ལས་བསིལ་ཟེར་བྱེ་བའི་དཔལ་ཡོན་དང་འགྲོགས་པའི། །རྗེ་བཙུན་སྨྲ་བའི་ཟླ་བའི་འོད་དཀར་འདི་བྱུང་ངོ་། །དཔལ་ལྡན་མཚན་མོའི་མགོན་ཁྱོད་མངོན་སུམ་དུ་མཇལ་ནས། །ལེགས་བཤད་གསུང་གི་སྣང་བ་སྙིང་དབུས་སུ་ཤར་བས། །ཡུན་རིང་སེམས་ལ་ཉལ་བའི་རྨོངས་པ་ཡི་མུན་པ། །དེ་རིང་བླ་མའི་དྲིན་གྱིས་ག་ཤེད་ལ་ལངས་སོང་། །མཚུངས་མེད་བླ་མའི་དགོངས་པ་ཇི་བཞིན་དུ་རྟོགས་ནས། །ས་བསྟན་ཉིན་མོར་བྱེད་པའི་སྐལ་བཟང་ལ་སྨོན་པ། །རྐྱེན་ངན་ཡུལ་གྱི་འཚེ་བ་གང་ནས་ཀྱང་འབྱུང་བས། །བར་ཆད་བདུད་ལས་རྒྱལ་བའི་བྱིན་རླབས་ཤིག་གནོང་ཤོག །གངས་ལྗོངས་སྐལ་ལྡན་གདུལ་བྱའི་བསོད་ནམས་ཀྱི་ཞིང་མཁར། །བླ་མའི་ཉིན་བྱེད་དཀྱིལ་འཁོར་ཡུན་རིང་དུ་གནས་ཤིང་། །ཕུན་ཚོགས་ཕན་བདེའི་པད་ཚལ་ཕྱོགས་ཀུན་ཏུ་རྒྱས་པའི། །དགེ་མཚན་ནུབ་པ་མེད་པའི་སྨོན་འདུན་ཞིག་ཞུའོ། །རྒྱལ་བ་གཉིས་པ་འཇམ་མགོན་ས་སྐྱ་པའི་རིང་ལུགས། །ཀུན་མཁྱེན་ཀུན་དགའ་བཟང་པོའི་བཀའ་སྲོལ་ལས་བྱུང་བ། །རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་རྒྱུན་འདི། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་ལ་སྨོན་ནོ། །ཇི་ལྟར་སྨོན་པའི་གནས་ཀུན་གེགས་མེད་དུ་འགྲུབ་པའི། །མཐུན་འགྱུར་སྲས་བཅས་རྒྱལ་བས་བདེན་གསུང་གིས་སྒྲོགས་ཤིང་། །དམིགས་མེད་ཐུགས་རྗེའི་སྤྱན་གྱིས་རྗེས་འཇུག་ལ་གཟིགས་པའི། །དཔལ་ལྡན་རྩ་བརྒྱུད་བླ་མས་བྱིན་གྱིས་རང་རློབས་ཤིག། །།ཅེས་པ་འདི་ནི་ཡོངས་རྫོགས་བསྟན་པའི་བདག་པོ་ཐར་རྩེ་མཁན་རིན་པོ་ཆེ་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གྱིས་བཀྲ་ཤིས་པའི་ལྷ་རྫས་དང་རིན་ཆེན་གཉིས་པའི་སྐྱེས་བཅས་བཀའ་བསྩལ་བ་སྤྱི་བོར་གུས་པས་བླངས་ཏེ། རྗེ་ཉིད་ཀྱི་བཀའ་འབངས་སུ་གཏོགས་པ་ཡུལ་ལི་ཐང་ཕྱོགས་སུ་སྐྱེས་པའི་བཙུན་གཟུགས་ཀུན་དགའ་རྒྱལ་མཚན་གྱིས་དགའ་ལྡན་ས་བཟང་གླིང་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཤུབྷཾ།

བཀྲ་ཤིས་ཆོས་ལྡན་དང་གཉེར་ངག་དབང་རིན་ཆེན་གཉིས་ཀྱི་བཞེད་སྐོང་དུ་གནང་བའི་གསོལ་འདེབས།

སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་། །སྡོམ་གསུམ་བཀའ་དྲིན་སྩོལ་བའི་དྲིན་ཆེན་རྗེ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཐོག་མེད་དུས་ནས་སྲིད་པར་འཁྱམས་ན་ཡང་། །རང་གི་ཉེས་པས་ད་དུང་འཁོར་བར་ལུས། །ད་རེས་འཁྲུལ་སྣང་ཕྱི་མའི་སྡུག་བསྔལ་ལ། །འཇིགས་ནས་ཆོས་ལ་འཇུག་པར་བྱིན་གྱིས་རློབས། །འདོད་ལྔའི་ཡུལ་གྱི་བདེ་བའི་བསླུ་བྲིིད་འདིས། །རང་གཞན་ཐམས་ཅད་བསླུས་པར་མཐོང་ནས་ནི། །འཁྲུལ་སྣང་ཚེ་འདིའི་བདེ་ལ་མི་ཆགས་པར། །ལྷ་ཆོས་སྙིང་ནས་དྲན་པར་བྱིན་གྱིས་རློབས། །ཇི་ལྟར་བྱས་ཀྱང་མགུ་བར་མི་ནུས་པའི། །གཞན་གྱི་ངོ་སྲུང་ཐག་པ་བཅད་ནས་ནི། །གང་ལ་བསྟེན་ན་ནམ་ཡང་མི་བསླུ་བའི། །བླ་མ་མཆོག་གསུམ་དྲན་པར་བྱིན་གྱིས་རློབས། །ཡོན་ཏན་མེད་བཞིན་བླ་མའི་ཁུར་འཛིན་པ། །སྐྱབས་སུ་བཟུང་ཡང་ཕན་པ་འབྱུང་དཀའ་བས། །སྤངས་རྟོགས་མཐར་ཕྱིན་འཇམ་མགོན་བླ་མ་ལ། །སངས་རྒྱས་དངོས་སུ་མཐོང་བར་བྱིན་གྱིས་རློབས། །སྡིག་པས་སྦགས་པའི་རང་གི་འཁྲུལ་རྟོག་འདིས། །གཞན་གྱི་ཡོན་ཏན་མཐོང་བར་མི་ནུས་པས། །བླ་མའི་མཛད་པ་ཇི་ལྟར་བསྟན་ན་ཡང་། །ཡོན་ཏན་འབའ་ཞིག་མཐོང་བར་གྱིས་རློབས། །ལན་ཅིག་རྙེད་དཀའི་དལ་བའི་རྟེན་བཟང་འདི། །ཡེངས་མ་ལམ་དུ་མི་ཚེ་ཟད་འདུག་པས། །དགུང་ཉི་ཙམ་གྱི་ཚེ་མཇུག་འདི་ཉིད་ལ། །རྣམ་དག་ལྷ་ཆོས་འགྲུབ་པར་བྱིན་གྱིས་རློབས། །སྙིང་ནས་ཆོས་ལ་འཇུག་འདོད་སྐྱེས་པ་ན། །བར་ཆད་ཉི་རྡུལ་ལས་ཀྱང་ཆེས་མང་བས། །བླ་མ་མཆོག་གསུམ་ལྷ་ཡི་བྱིན་མཐུ་ཡིས། །སྐྱེན་ངན་གཡུལ་ལས་རྒྱལ་བར་བྱིན་གྱིས་རློབས། །འགྲུབ་དུས་མེད་པའི་ཚེ་འདིའི་ཕུན་ཚོགས་ལ། །སྙིང་པོ་མེད་པའི་ངང་ཚུལ་འདི་མཐོང་ནས། །འགྲུབ་པར་ངེས་པ་བླ་མའི་བཀའ་བཞིན་དུ། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །སངས་རྒྱས་དངོས་འདྲའི་བླ་མ་འདི་འདྲ་བ། །སྔོན་གྱི་དུས་ནའང་མཇལ་བར་དཀའ་བས་ན། །མོས་གུས་བླ་མའི་རྣལ་འབྱོར་ཁོ་ན་ལ། །ཉམས་ལེན་གནད་དུ་འཁེལ་བར་བྱིན་གྱིས་རློབས། །བླ་མའི་བྱིན་རླབས་ཞུགས་པའི་སྐད་ཅིག་ལ། །འཁྲུལ་སྣང་སྡུག་བསྔལ་སྤྲིན་བཞིན་ཡལ་ནས་ནི། །ད་ལྟ་ཤི་ཡང་འགྱོད་པ་མེད་སྙམ་པའི། །དགའ་བདེ་སྙིང་ལ་འཆར་བར་བྱིན་གྱིས་རློབས། །སླན་ཆད་བདག་གི་སྤྱོད་པ་མ་ལུས་པ། །དཔལ་མགོན་བླ་མ་མཉེས་པའི་མཆོད་སྤྲིན་དུ། །གྱུར་ནས་དོན་གཉིས་ལྷུན་གྱིས་འགྲུབ་པ་ཡི། །ཕན་བདེའི་དགའ་སྟོན་འཕེལ་བར་བྱིན་གྱིས་རློབས། །ཚེ་རབས་ཀུན་ཏུ་བླ་མ་རིན་པོ་ཆེས། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་ནི། །ས་དང་ལམ་གྱི་ཡོན་ཏན་ཀུན་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་སྙིང་ནས་བརྩེ་བའི་གྲོགས་མཆོག་དམ་པ་ཚེ་རབས་གཞན་དུའང་འཕྲད་པར་ངེས་པ་བཀྲ་ཤིས་ཆོས་ལྡན་དང་། གཉེར་ངག་དབང་རིན་ཆེན་གཉིས་ཀྱི་བཞེད་སྐོང་དུ། མང་དུ་ཐོས་པའི་བླ་གཟུགས་ཡུལ་ལི་ཐང་ཕྱོགས་སུ་སྐྱེས་པ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་མགྱོགས་པར་སྨྲས་པའོ། །སརྦ་དཱ་མངྒལཾ།

ལེགས་པ་རིན་པོ་ཆེའི་གསོལ་འདེབས།

དུས་གསུམ་རྒྱལ་བའི་ཡེ་ཤེས་སྒྱུ་མའི་འཕྲུལ། །བདུད་འདུལ་མཐུ་ཆེན་རྡོ་རྗེ་ནག་པོ་ཆེ། །དེང་འདིར་བདག་གི་མགོན་གཅིག་ཆོས་ཀྱི་རྗེ། །ངག་དབང་ལེགས་པའི་ཞབས་ལ་གསོལ་བ་འདེབས། །རྗེ་བཙུན་བླ་མའི་རྣམ་པར་ཐར་པ་ལ། །སྐྱོན་དུ་འཛིན་པའི་རྟོག་པ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བྱིན་རླབས་སེམས་ལ་འཇུག་པར་བྱིན་གྱིས་རློབས། །བླ་མ་མཆོག་གསུམ་ལྷ་ཡི་བྱིན་མཐུ་དང་། །དམ་ཅན་སྲུང་མ་རྒྱ་མཚོའི་མཐུ་སྟོབས་ཀྱིས། །དཔལ་མགོན་བླ་མའི་ཞབས་པད་བརྟན་པ་དང་། །འཕྲིན་ལས་དར་ཞིང་རྒྱས་པར་མཛད་དུ་གསོལ། །བླ་མ་རྫོགས་པའི་སངས་རྒྱས་ལ། །མོས་གུས་ཐོབ་པའི་སློབ་མ་ཡིས། །ས་ག་ཟླ་བའི་དཀར་ཕྱོགས་ཀྱི། །རྒྱལ་བ་གསུམ་པར་བྲིས་པ་དགེ། ༈ །ༀ་སྭ་སྟི། ངག་གི་དབང་ཕྱུག་འཇམ་མགོན་བླ་མའི་གསང་གསུམ་བྱིན་རླབས་བདུད་རྩིའི་རྒྱུན། །གང་ཐུགས་བློ་ཡི་བུམ་པ་བཟང་པོར་མ་མཉམ་ལེགས་པར་བསྐྱིལ་མཛད་པ། །མདོ་རྒྱུད་ཀུན་གྱི་སྙིང་པོའི་བཅུད་ལྡན་གསང་ཆེན་ཆོས་ཀྱི་ཨ་མྲྀ་ཏས། །སྐལ་བཟང་གདུལ་བྱའི་དགའ་སྟོན་སྤེལ་མཁས་དཔལ་ལྡན་བླ་མས་བདག་སྐྱོངས་ཤིག །

རིན་པོ་ཆེ་གདན་འདྲེན་ཞུ་ཡིག

ངག་གི་དབང་ཕྱུག་འཇམ་དབྱངས་བླ་མ་ཡི། །གསང་གསུམ་བྱིན་རླབས་སྙིང་ལ་ལེགས་ཞུགས་པས། །ཟབ་རྒྱས་གདམས་པའི་གཏེར་མཛོད་གཅིག་གྱུར་པ། །ཆོས་ཀྱི་སྤྱན་ལྡན་བླ་མའི་ཞབས་དྲུང་དུ། །མི་ཕྱེད་དད་པའི་ཆུ་ལས་སྐྱེས་པ་ཡི། །ཞུ་མཆིད་མེ་ཏོག་གསར་པའི་ཆུན་པོ་འདི། །སྙིང་ནས་གུས་པའི་སེམས་ཀྱིས་འབུལ་ལགས་ན། །དགྱེས་པའི་སྤྱན་རས་གཡོ་བར་མཛད་དུ་གསོལ། །ད་ལྟ་རིན་པོ་ཆེ་སྐུ་ཁམས་བཟང་ཞིང་བཅད་རྒྱ་གྲོལ་ནས་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ལ་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་བཞིན་དུ་བཞུགས་ཡོད་ལས་ཆེ་སྙམ་པ་ཙམ་ལས་སྐད་ཆ་ཅི་ཡང་མ་ཚོར། །འདིར་ཡང་མཆོག་གསུམ་བྱིན་མཐུས་གནས་སྐབས་ཉེར་འཚེས་དབེན་ཞིང་ལྟར་སྣང་ལ་བསྙེན་མཚམས་ལྟ་བུར་འཁུམ་ལགས། མཚམས་ཞུ། ན་ནིང་ཟླ་འོད་ངེད་གཉིས་དེར་མདུན་ན་འོང་སྐབས་ཞལ་མཇལ་གསུང་ཐོས་ཀྱི་སྐལ་པས་དབེན་རུང་། འབྱུང་འགྱུར་རྗེས་སུ་འཛིན་རྒྱུའི་གསུང་ཕྲིན་གནང་བ་ལའང་དབྱར་རྔ་ཐོས་པའི་རྨ་བྱ་བཞིན་དུ་དགའ་སྤྲོ་ཕུལ་དུ་ཕྱིན་པ་བྱུང་ལགས། ད་དགོས་སྙིང་པོར་དྲིལ་བའི་ཞུ་བ་ནི། བདག་གིས་དེ་སྔ་འཇམ་མགོན་རྡོ་རྗེ་འཆང་བློ་གཏེར་དབང་པོའི་ཞལ་སྔ་ནས་དང་། དགེ་བའི་བཤེས་གཉེན་དུ་མའི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་བྱུང་རུང་། ཅུང་ཟད་ཐོས་པ་རྣམས་ཀྱང་གོ་ཡུལ་དུ་ལུས། སྐྱེས་སྦྱང་གི་བློ་གྲོས་དམན་ཞིང་། ཉོན་མོངས་པའི་གཞན་དབང་དུ་གྱུར་པས་ཉམས་ལེན་སྣ་གཅིག་བྱས་པ་ནི་མེད་པས། ད་ཆོས་མེད་དུ་འཆིར་དོགས་པས་བླ་མ་ཞིག་བསྟེན་པར་འདོད་ཀྱང་། འཇམ་མགོན་རྡོ་རྗེ་འཆང་ནི་མ་བཞུགས། གཞན་འདི་ཕྱོགས་ན་རང་ལུགས་ཀྱི་སྨིན་གྲོལ་གྱི་གདམས་པ་ཞུ་འོས་སུའང་མ་མཆིས་ཏེ། དམ་ཚིག་གསོ་བའི་དབང་ཙམ་ཞུ་བའི་ཡུལ་ཡང་མི་རྙེད་པར་འདུག །ཆོས་ཀྱི་རྗེ་ཁྱེད་ཀྱི་རྣམ་ཐར་ལ་ཁ་མིན་པར་སྙིང་ནས་དད་པ་ཐོབ་ཅིང་། བདག་གི་ཁུ་བོ་ཆོས་ཀྱི་སྤྱན་ལྡན་དེ་དང་། ཉིད་རིན་པོ་ཆེ་རྣམ་གཉིས་བླ་སློབ་ཏུ་གྱུར་ཅིང་ཐུགས་ནང་ཤིན་ཏུ་གཙང་བའི་སྟོབས་ཀྱིས་དེའི་དམ་ཚིག་ལ་དགོངས་ནས་བརྩེ་བས་རྗེས་སུ་འཛིན་པའི་རེ་བ་ཞིག་བདོག །དེས་ན་མགོན་པོ་ཁྱེད་ཉིད་འདི་ཕྱི་གཏན་གྱི་སྐྱབས་གནས་སུ་བཟུང་ནས། མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ཅིང་བཀའ་བཞིན་བསྒྲུབས་ཏེ་དལ་འབྱོར་དོན་ཡོད་ཞིག་བྱུང་ན་སྙམ་པ་ཁ་ཙམ་མ་ལགས་སོ། །གཞན་འདི་ཕྱོགས་ན་བློ་གྲོས་གསལ་བ་དོན་གཉེར་ཅན་རེ་གཉིས་ཡོད་རུང་། དབང་ལུང་ཁྲིད་གསུམ་གསུང་མཁན་སུ་ཡང་མ་བྱུང་བས། ལམ་དུས་ཙམ་ཁ་ཏོན་དུ་བྱེད་པ་ཉིན་སྐར་ཙམ་དུ་ཟད་པས་དེས་ན་ལོང་བ་བཤེས་མེད་ཐང་སྟོང་དུ་འཁྱམ་པ་ལྟ་བུ་བདག་ཅག་ཐུགས་ཀྱིས་མི་འདོར་བར་ཞུ་ཞུ། ཡོས་ལོ་ཟླ་བ་བཞི་བའི་ནང་ཙམ་ལ་སྡེ་དགེ་ཕྱོགས་སུ་འབྱོན་ཐུབ་པ་ཞིག་ལན་བརྒྱར་གསོལ་བ་འདེབས་ན། དུས་ལ་བབས་པར་དགོངས་ཏེ་ཅིས་ཀྱང་བཀའ་དྲིན་སྐྱོང་ཐུབ་པ་ཞུ་ཞུ། འོན་ཏེ་སྡེ་དགེ་ཕྱོགས་སུ་འབྱོན་སྟབས་མ་བདེ་ན། ཟླ་བ་ལྔ་པའི་ནང་ཙམ་ལ་སེལ་ཤུལ་དགོན་དུ་འབྱོན་ཐུབ་པ་ཞིག་མཛད་རོགས་དང་། ངེད་རྣམས་དེར་ཆིབས་བསུར་བསླེབ་འོང་ལགས། གལ་ཏེ་སྨད་ཕྱོགས་འདིར་གཏན་ནས་འབྱོན་པའི་སྐལ་པ་མ་བྱུང་ཚེ་མགོན་ཁྱེད་གང་དུ་བཞུགས་པ་དེར་ང་རང་བསླེབ་འོང་ངེས་ལགས་པས། དེ་ལུགས་གསུང་ཕྲིན་ཞིག་སྩོལ་ཐུབ་པར་ཞུ་ཞུ། འདིར་སྨྲས་པ། སྐུ་མཆོག་པད་དཀར་མིག་གིས་མ་མཐོང་ཡང་། །གྲགས་སྙན་གསུང་ཞིག་ཐོས་པའི་མོད་ཉིད་ན། །ཟབ་དོན་སྦྲང་རྩིའི་རོ་ལ་ཆགས་པ་ཡི། །གུས་ལྡན་བུང་བས་མགྲིན་རྔ་ཅིར་ཡང་འཁྲོལ། །བྱང་ཆུབ་སེམས་ཀྱི་རྩ་བ་རབ་ཏུ་བརྟན། །ཚོགས་གཉིས་ཡལ་ག་རྒྱས་པའི་ལྗོན་བཟང་ཁྱོད། །བསྟེན་ན་གྲུབ་གཉིས་རོ་བརྒྱའི་བཅུད་ལྡན་པའི། །དཔག་ཡས་ཡོན་ཏན་འབྲས་བུས་ཕྱུག་ཅེས་ཐོས། །རྨད་བྱུང་བརྩོན་པའི་དེད་དཔོན་གྱིས་བླངས་པའི། །ལུང་རྟོགས་ཡོན་ཏན་རིན་ཆེན་བྱེ་བའི་གཏེར། །གང་བློ་མཛོད་ཀྱི་ནོར་དུ་སྤྲོད་པའི་ཕྱིར། །རྒྱལ་བའི་སྲས་ཁྱོད་འགྲོ་བའི་སྦྱིན་བདག་ལགས། །གང་ཞིག་བསླབ་གསུམ་ནོར་གྱིས་དབུལ་གྱུར་ཅིང་། །སྣ་ཚོགས་ཉོན་མོངས་དུཿཁས་རབ་ཏུ་གདུང་། །ཆོས་མེད་སྤྲང་པོའི་ནང་དུ་འཁྱམས་པ་ཡི། །ཕོངས་པ་བདག་ནི་སློང་མོ་བ་དང་མཚུངས། །དེ་སླད་གདུགས་ཀྱིས་གདུང་བའི་གླང་པོ་དག །པད་མའི་མཚོ་ལ་དགའ་བས་འཇུག་པ་ལྟར། །རྨོངས་ཤིང་སོམ་ཉིའི་མུན་པར་འཕྱན་པ་ཡི། །བླུན་པོ་བདག་ནི་ཁྱོད་ཞབས་བསྟེན་ལ་སྤྲོ། །དང་པོར་མགོན་ཁྱོད་བསྟེན་ཅིང་བཀའ་བཞིན་བསྒྲུབས། །དེ་ནས་ཡིད་འོང་དབེན་པའི་གནས་ཤིག་ཏུ། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་སྐལ་བཟང་ཞིག །ནམ་ཞིག་འབྱུང་ཞེས་བདག་ནི་ཡང་ཡང་སེམས། །དེ་གཅིག་མ་ལགས་བདག་གི་ཆོས་ཀྱི་གྲོགས། །སྨྲ་བའི་ཟླ་བ་ལེགས་བཤད་འོད་དཀར་ཅན། །དེས་ཀྱང་སྐོམ་པའི་གདུང་བས་ཆུ་བཞིན་དུ། །མགོན་ཁྱོད་ཡང་ཡང་ཡིད་ལ་སེམས་ཤིང་མཆིས། །འཇིགས་རུང་བདུད་སྡེའི་སྨག་རུམ་འཇོམས་པ་ཡི། །གང་ཐུགས་མཁྱེན་བརྩེའི་དཀྱིལ་འཁོར་འོད་བརྒྱ་པས། །ཉམ་ཆུང་བདག་བློའི་ཆུ་སྐྱེས་མི་སྐྱོང་ན། །ཕོངས་པ་བདག་གིས་སྐྱབས་གནས་སུ་ལ་ཞུ། །མགོན་མེད་དགོན་པར་འཁྱམ་པའི་སྐྱེ་བོ་བཞིན། །ལེགས་ལམ་སྟོན་པའི་བཤེས་དང་བྲལ་བ་ཡི། །ཉམ་ཐག་བདག་ཅག་ཐུགས་རྗེས་མི་འདོར་བར། །རེ་བ་སྐོང་བར་མཛོད་ཅིག་ཆོས་ཀྱི་རྗེ། །སྐུ་མཆོག་པད་དཀར་མིག་གི་བདུད་རྩིར་གྱུར། །གསུང་སྙན་རྔ་སྒྲས་རྣ་བའི་དཔལ་བསྐྱེད་ཅིང་། །ཐུགས་རྗེའི་ཟེར་གྱིས་བློ་ཡི་མུན་འཇོམས་པའི། །དུས་དེ་བདག་ལ་རིང་བར་མ་གྱུར་ཅིག །ཆེར་སྙིགས་རྒུད་པའི་དུས་འདིར་སྐྱེས་གྱུར་ནས། །མི་འདོད་སྣ་དགུས་གདུང་བ་བདག་ཅག་ལ། །རྗེས་སུ་བརྩེ་བས་མདོ་སྨད་ལྗོངས་འདི་རུ། །ཅིས་ཀྱང་འབྱོན་པར་མཛོད་ཅིག་ཆོས་ཀྱི་རྗེ། །གཅིག་ཏུ་མཆོག་གསུམ་ལྷ་ཡི་བྱིན་མཐུ་དང་། །གཉིས་སུ་ཆོས་རྗེ་ཁྱེད་ཀྱི་ཐུགས་བསྐྱེད་དང་། །གསུམ་དུ་དམ་ཅན་སྲུང་མའི་མཐུ་སྟོབས་ཀྱིས། །ཇི་ལྟར་སྨོན་པ་ཐོག་ཏུ་ཁེལ་གྱུར་ཅིག །

གསོལ་འདེབས་དངོས་གྲུབ་མཆོག་སྩོལ།

ༀ་སྭ་སྟི། །རྣམ་དག་སྤྱོད་པས་འགྲོ་བའི་དོན་མཛད་སྐུ་ནི་རྒྱལ་བའི་སྤྲུལ་པའི་སྐུ། །ཟབ་རྒྱས་ཆོས་ལ་རྫོགས་པར་ལོངས་སྤྱོད་དྲི་མེད་གསུང་ནི་ལོངས་སྤྱོད་རྫོགས། །འཁྲུལ་བའི་དྲི་མས་གཞར་ཡང་མ་གོས་གཉིས་མེད་ཆོས་སྐུའི་ཐུགས་མངའ་བ། །སྐུ་གསུམ་དབྱེར་མེད་བླ་མ་མཆོག་ལ་སྒོ་གསུམ་གུས་པས་སྐྱབས་སུ་འཆི། །དགེ་འདུན་རྒྱ་མཚོའི་ཆུ་གཏེར་འཕེལ་བྱེད་སྐུ་ཡི་ཟླ་བ་རྒྱལ་བའི་སྲས། །གདུལ་བྱའི་ཉོན་མོངས་ཚ་གདུང་འགོག་པའི་གསུང་གི་བསིལ་ཟེར་དམ་པའི་ཆོས། །སྒྲིབ་གཉིས་མུན་པ་དྲུང་ནས་འབྱིན་པའི་ཐུགས་ཀྱི་ཉིན་བྱེད་སངས་རྒྱས་ཏེ། །སྐྱབས་གསུམ་ཀུན་འདུས་བླ་མའི་ཞབས་པད་བྱང་ཆུབ་བར་དུ་སྤྱི་བོས་མཆོད། །མཁྱེན་པའི་ཡེ་ཤེས་ཕ་མཐའ་བྲལ་བ་ཇི་སྙེད་ཤེས་བྱའི་རྗེས་སུ་འགྲོ། །བརྩེ་བའི་ཐུགས་རྗེ་ཕྱོགས་སུ་མ་ལྷུང་རིས་མེད་འགྲོ་བའི་གྲངས་དང་མཉམ། །ནུས་པའི་ཕྲིན་ལས་ཐོགས་པ་མེད་པས་དཔག་དཀའི་འཁོར་བའི་མཐའ་བསྙིལ་བ། །དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་བླ་མའི་ཞབས་ལ་གུས་ཕྱག་འཚལ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་གནས་སྐུ་ཡི་སྤྱོད་པ་རྣམ་པར་དག །གདམས་པ་རྒྱ་མཚོའི་བདུད་རྩིའི་མཛོད་འཆང་གསུང་གི་འཕྲིན་ལས་འགྲོ་བ་སྡུད། །ཆོས་ཉིད་བདེན་པ་མངོན་སུམ་གཟིགས་པས་དགོངས་པ་སངས་རྒྱས་ཀུན་དང་མཉམ། །བླ་མའི་ཡོན་ཏན་ཡིད་ལ་དྲན་པས་སྙིམ་པའི་ཆུ་སྐྱེས་སྤྱི་བོར་ཟུམ། །སྐུ་ཡི་སྣང་བརྙན་མཐོང་བ་ཡིས་ཀྱང་དད་པའི་ཆུ་གཏེར་འཕེལ་བར་བྱེད། །གསུང་གི་སྒྲ་དབྱངས་ཐོས་པའི་མོད་ལ་ཐར་པའི་ས་བོན་འདེབས་བྱེད་ཅིང་། །ཐུགས་ཀྱི་དགོངས་པས་བྱིན་གྱིས་བརླབས་པས་སྲིད་ཞིའི་འཇིགས་པ་ཀུན་སེལ་བ། །ཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོས་བྱང་ཆུབ་བར་དུ་བསྐྱང་དུ་གསོལ། །ལུས་དང་ལོངས་སྤྱོད་དགེ་བའི་ཚོགས་རྣམས་མ་ལུས་བློ་ཡིས་ཡོངས་བསྡུས་ནས། །ཀུན་ཏུ་བཟུང་པོའི་མཆོད་སྤྲིན་རྒྱ་མཚོར་བྱིན་གྱིས་བརླབས་ནས་གུས་པ་ཡིས། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མ་དྭང་བའི་ཡིད་ཀྱིས་རྟག་མཆོད་ན། །དམིགས་མེད་ཐུགས་རྗེས་འབྲལ་བ་མེད་པར་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །སྣ་ཚོགས་ལས་ངན་ཁུར་གྱིས་ནོན་ཅིང་དད་བརྩོན་བློ་ཡི་ལུས་སྟོབས་ཞན། །གློ་བུར་རྐྱེེན་ངན་རླུང་གིས་དེད་ཅིང་མགོན་མེད་ཉམ་ཐག་གྱུར་པ་བདག །བརྩེ་ཆེན་ཐུགས་རྗེའི་ཕྱག་གིས་དྲངས་ནས་རྣམ་གྲོལ་བདེ་བའི་ཁང་བཟང་དུ། །ངལ་བསོའི་དབུགས་འབྱིན་མྱུར་དུ་མཛོད་ཅིག་འཇམ་མགོན་བླ་མ་ཆོས་ཀྱི་རྗེ། །རང་བཞིན་འོད་གསལ་སེམས་ཀྱི་ས་གཞིར་གཞན་ཕན་སེམས་ཀྱི་ས་བོན་བཏབ། །ངེས་འབྱུང་སྙིང་རྗེའི་རླན་གྱིས་བསྐྱེད་བསྲིང་ཐབས་མཁས་ཞིང་པས་ལེགས་བསྲུངས་ཤིང་། །རྣམ་དག་ལྟ་བའི་སྙེ་མ་དུད་ཅིང་རྣམ་མང་ཡོན་ཏན་འབྲས་བུས་ཕྱུག །མཐའ་ཡས་འགྲོ་བའི་ཉེར་འཚོར་འགྱུར་བའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། །སྨིན་བྱེད་བདུད་རྩིའི་ཟས་ཀྱིས་འཚོ་ཞིང་བསྐྱེད་རྫོགས་ལང་ཚོའི་དཔལ་འབར་ཞིང་། །གཉིས་མེད་སྤྱོད་པའི་རྒྱན་གྱིས་མཛེས་ཤིང་ཧེ་རུ་ཀཿ་དཔལ་བླ་མ་རྗེ། །གཤེགས་པའི་ལམ་བཟང་མྱུར་དུ་བགྲོད་དེ་འགྱུར་མེད་རྟོགས་པའི་གདེང་དྲོད་ཀྱིས། །རིག་འཛིན་མཁའ་འགྲོའི་ཚོགས་གྲལ་མཐོང་བའི་སྐལ་བཟང་དེ་ཡང་མྱོང་བར་མཛོད། །ཚོགས་གཉིས་ཟླ་བའི་མ་མ་ལས་འོང་གང་སྐུའི་དཀྱིལ་འཁོར་པདྨོའི་གཉེན། །རྨད་བྱུང་ཐུགས་བསྐྱེད་ཤིང་རྟས་དྲངས་ཤིང་གདུལ་བྱའི་བསོད་ནམས་ཞིང་གི་མཁའ། །དམ་ཆོས་གསུང་གི་ཚ་ཟེར་འགྱེད་བཞིན་ད་དུང་བསྐལ་པ་གནས་ཀྱི་བར། །མི་ནུབ་རྟག་བརྟན་གཟི་བྱིན་འབར་བཞིན་བཀྲ་ཤིས་སྣང་བ་བརྟན་པར་ཤོག །བླ་མའི་ཐུགས་རྗེས་འགྲོ་རྒྱུད་འཛིན་མར་མི་མཐུན་དགུན་གྱི་རེག་བསལ་ནས། །མོས་གུས་དཔྱིད་ཀྱི་མ་མས་ལེགས་བསྐྱངས་གནས་སྐབས་དབྱར་གྱི་ཕུན་ཚོགས་དང་། །མཐར་ཐུག་རྣམ་གྲོལ་སྟོན་གྱི་འབྲས་བཟང་གཡུར་དུ་ཟ་བའི་དགའ་སྟོན་གྱིིས། །སྐྱེ་རྒུ་རྒྱ་མཚོའི་ཕན་བདེའི་དགའ་སྟོན་མཆོག་ཏུ་འཕེལ་ཞིང་རྒྱས་གྱུར་ཅིག །ཅེས་པ་འདི་ནི་བཟོ་རིག་འཕྲུལ་ལས་བྱུང་བའི་སྣང་བརྙན་ངོ་མཚར་བ་མཇལ་བས་མོས་གུས་ཀྱི་རྐྱེན་བྱས་ཏེ་ས་ག་ཟླ་བའི་ཡར་ཚེས་བཅུ་བཞི་མགོན་པོའི་དུས་ཆེན་གྱི་སྔ་དྲོའི་ཆར་རྗེ་ཉིད་ཀྱི་སློབ་འབངས་མོས་གུས་དང་ལྡན་པ་ཀུན་དགའི་མིང་ཅན་གྱིས་བྲིས་པ་དགེ་ཞིང་བཀྲ་ཤིས།། །།

གཉེར་བཀྲ་ཤིས་ཆོས་ལྡན་གྱི་བཞེད་སྐོང་དུ་གནང་བའི་གསོལ་འདེབས།

འཇམ་དབྱངས་བླ་མའི་དགོངས་པ་ཐུགས་སུ་ཆུད། །རྒྱལ་བས་ལུང་བསྟན་ཀུན་དགའ་བཟང་པོ་ཡི། །བསྟན་པའི་རྒྱལ་མཚན་ཡུན་ཏུ་འཛིན་མཛད་པ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །བརྩེ་ཆེན་ཐུགས་ཀྱིས་རྗེས་སུ་བཟུང་ནས་ནི། །སྲིད་དང་ཞི་བའི་འཇིགས་པ་མཐའ་དག་ལས། །མགོན་པོ་ཁྱེད་ཀྱིས་སྐྱོབ་པར་མཛད་དུ་གསོལ། །ཞེས་པ་འདི་ནི་གཉེར་བཀྲ་ཤིས་ཆོས་ལྡན་གྱི་བཞེད་སྐོང་དུ་ཀུན་དགའ་རྒྱལ་མཚན་གྱིས་བྲིས་པ་དགེའོ། །

བླ་མ་ལ་བྱིན་གྱིས་རློབས་པར་བསྐུལ་བ།

རང་བློ་ཡང་དག་ཆོས་དང་མ་འདྲེས་པར། །ལྟར་སྣང་གཞན་དོན་སྒྲུབ་པའི་རྣམ་གཡེང་གིས། །གཞན་དབང་འདུ་འཛིའི་གཡང་ལ་བསྐྱུར་མཐོང་ནས། །བློ་སྣ་བཙན་ཆོད་ནུས་པར་བྱིན་གྱིས་རློབས། །མི་མེད་དབེན་པའི་རི་སུལ་ཉམས་དགའ་བར། །དགོས་མེད་ཚེ་འདིའི་བྱ་བ་ཀུན་སྤངས་ནས། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །འཇིགས་མེད་བཙན་ས་ཟིན་པར་བྱིན་གྱིས་རློབས། །མཚན་ལྡན་བླ་མ་སངས་རྒྱས་དངོས་སུ་མཐོང་། །ཟབ་ལམ་གདམས་པ་སྙིང་གི་བཅུད་དུ་ཁུག །ཉམས་ལེན་སྒྲུབ་ལ་བརྩོན་པའི་ལྕགས་ཀྱིས་བསྐུལ། །ལམ་རྟགས་ཡོན་ཏན་རྙེད་པར་བྱིན་གྱིས་རློབས། །རྗེ་བཙུན་བླ་མ་དྲན་པའི་སྐད་ཅིག་ལ། །སྐུ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །དེ་ལས་གཞན་དུ་མེད་པར་ཐག་ཆོད་ནས། །ཐུགས་ཡིད་དབྱེར་མེད་འགྱུར་བར་བྱིན་གྱིས་རློབས། །མ་དག་འཁྲུལ་སྣང་བདེན་མེད་སྒྱུ་མར་མཐོང་། །ཉམས་མྱོང་ཏིང་འཛིན་ཞེན་མེད་རྒྱན་དུ་ཤར། །དག་པ་རབ་འབྱམས་རྒྱལ་བའི་ཆོས་ཀྱི་སྐུ། །ཡེ་ཤེས་མིག་གིས་མཐོང་བར་བྱིན་གྱིས་རློབས། །མགོན་ཁྱོད་སྐྱབས་སུ་བརྙེད་པའི་བཀའ་དྲིན་གྱིས། །འགྱོད་བཞིན་འཆི་བའི་ཤུལ་ལམ་མི་བསྙེག་པར། །རྗེ་བཙུན་བླ་མའི་ཐུགས་རྗེས་མདུན་བསུས་ཏེ། །དག་པའི་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། །

སྐྱེས་མཆོག་རྣམས་ལ་གདམས་པའི་སྐོར།

གཞོན་ནུ་ཀུན་རྒྱལ་ལ་གདམས་པ་རང་མཚང་སྒྲོག་པའི་སྤྲིན་གྱི་རྔ་གསང་།

རྡོ་རྗེ་འཛིན་དངོས་བློ་གྲོས་རྒྱལ་མཚན་དཔལ། །ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་བླ་མ་རྗེ། །འགྲོ་བའི་རྩ་ལག་ཕ་གཅིག་དགེ་བའི་བཤེས། །འདྲེན་མཆོག་བླ་མ་རྣམས་ལ་གུས་བཏུད་ནས། །དགའ་བསྐྱེད་ཡུལ་ལྔའི་པད་ཚལ་རྒྱས་པ་རུ། །གང་ཞིག་འདོད་པའི་སྦྲང་རྩི་དོན་གཉེར་ནས། །ཡིད་ཀྱི་སྦྲང་མ་རྣམ་པར་འཁྱམས་པ་ཡི། །སྙིང་གི་བུ་ལ་གདམས་པ་བཤད་ཀྱིས་ཉོན། །མཁས་ཤིང་ལང་ཚོ་གསར་པའི་ཉི་གཞོན་དེ། །ཁེངས་དྲེགས་ཤིང་རྟའི་བཞོན་པ་ལ་བརྟེན་ནས། །ལུགས་ཟུང་ལྷ་ཡི་རྫིང་རིང་བརྒལ་བའི་ཚེ། །ཉེས་ལྟུང་སྒྲ་གཅན་གདུག་པས་ཟོས་པ་མཚར། །ཉམ་ཐག་འབྱོར་བས་ཕོངས་པའི་འགྲོ་བ་ཡིས། །འདོད་དགུ་སྦྱིན་པའི་གཏེར་བཟང་ཐོབ་པ་ལྟར། །ད་ལྟའི་རྙེད་དཀའི་མི་ལུས་རིན་ཆེན་འདི། །རྣམ་གཡེང་ངང་དུ་མ་གཏོང་སྙིང་གི་བུ། །པད་སྡོང་འདར་བའི་འདབ་རྩེའི་ཆུ་ཐིགས་བཞིན། །ཚེ་འདི་ཡུན་རིང་གནས་པའི་གདེང་མེད་ཅིང་། །སང་དང་ཕྱི་མའི་སྔ་ཕྱི་རྙེད་དཀའ་བས། །ནམ་འཆི་ཆ་མེད་སོམས་ཤིག་སྙིང་གི་བུ། །གླིང་བཞིའི་བདག་པོའི་འབྱོར་པ་ཐོབ་གྱུར་ཀྱང་། །རྣམ་པར་དཔྱད་ན་སྙིང་པོ་མ་མཆིས་ན། །ད་ལྟའི་དཔོན་ཙམ་ཇི་ལྟར་འབད་པས་སྐྱོངས། །ཚེ་འདི་བློ་ཡིས་ཐོངས་ཤིག་སྙིང་གི་བུ། །ད་ལྟ་ལྷན་དུ་ཚོགས་པའི་མི་རྣམས་ཀྱང་། །གང་ཚེ་ལས་ཀྱིས་སོ་སོར་འབྲལ་བ་ན། །ཆ་རྒྱུས་མེད་པའི་ཡུལ་དུ་གཅིག་པུར་འགྲོ། །ཉེ་དུའི་ཁ་འཛིན་སྐྱུར་ཅིག་སྙིང་གི་བུ། །ཁྱོད་དང་ཡུད་ཙམ་འབྲལ་བར་མི་འཟོད་པའི། །ཡུལ་ལ་མངོན་པར་ཆགས་པའི་གྲོགས་བཟང་གིས། །ཡང་ཡང་བསླུས་པས་ད་དུང་སྲིད་པར་འཁྱམས། །ལས་བསྐོས་འདི་དག་བརྗེད་དམ་སྙིང་གི་བུ། །གཉེན་དང་གྲོགས་ལ་ཆགས་པའི་བདུད་པོ་འདིས། །ལྟར་སྣང་ཕན་པ་སྒྲུབ་པའི་བསླུ་བྲིད་ཀྱིས། །བརྩེ་མེད་གཤིན་རྗེའི་ལག་ཏུ་སྤྲད་ཀྱིས་དོགས། །གཅིག་པུར་རི་ཁྲོད་འགྲིམས་ཤིག་སྙིང་གི་བུ། །རྐྱེན་གྱིས་བསླུས་ཚེ་ཆགས་སྡང་བདུད་པོ་འདིས། །ལོ་མང་སྒྲུབ་པ་བྱས་པའི་རྟོགས་ལྡན་ཡང་། །བརླག་པར་འགྱུར་ན་ཁྱོད་ལྟ་སྨོས་ཅི་འཚལ། །རང་སེམས་ཡན་པར་མ་གཏོང་སྙིང་གི་བུ། །རང་དོན་བསྒྲུབ་ཕྱིར་གཞན་མགོ་སྐོར་དུ་རེ། །རང་སྐྱོན་སྦ་ཞིང་ཆོས་སྲིད་སྐྱོང་འདོད་ནས། །གཡོ་ཆེན་བརྫུན་གྱིས་གཞན་དག་བསླུ་བྱེད་པའི། །ཁྲམ་པ་དེ་འདྲ་མ་བྱེད་སྙིང་གི་བུ། །སྐྱོ་ཤས་སྐྱེས་ཀྱང་རང་ཁྱིམ་དམ་དུ་བཟུང། །བྱ་བཏང་ལགས་མོད་དཔོན་སྡེའི་ཁ་འཛིན་བྱས། །འཆི་བ་དྲན་ཡང་ཚེ་འདིའི་ཆེ་ཐབས་སྒྲུབ། །ཆོས་པ་ངོ་མཚར་ཆེ་འོ་སྙིང་གི་བུ། །ཆགས་པས་བཅིང་བས་ཅི་བྱས་ཚེ་འདིར་སོང་། །ཁྲོ་བས་རྦད་ནས་གྲོགས་རྣམས་སུན་པར་བྱས། །རྨོངས་པས་བསླུས་པས་བླང་དོར་བརྗེད་ནས་འདུག །བདག་ཡིད་སྐྱོ་བར་གྱུར་ཏོ་སྙིང་གི་བུ། །ངེས་འབྱུང་རྭ་གདེང་རྡོ་རྗེའི་གུར་ཁང་གི། །ཕྱི་རོལ་སྒྲུབ་པའི་མེ་དཔུང་འབར་བ་རུ། །འཆི་བ་དྲན་པའི་བདེན་པས་མྱུར་ཁུག་ལ། །ཞེན་པའི་བདུད་པོ་སྲོགས་ཤིག་སྙིང་གི་བུ། །ད་ནི་ཡུན་རིང་ཨེ་སྡོད་མི་ཤེས་པས། །དཔོན་ཆས་བརླག་ཀྱང་འཇིག་རྟེན་བྱ་བ་སྤོང་། །སྲིང་མོ་འཁྱལ་ཡང་འགྱོད་པ་མི་བྱ་བར། །ཚེ་ལྷག་ཆོས་ལ་སྤྱོད་ཅིག་སྙིང་གི་བུ། །གང་ཞིག་སྙིང་རྗེའི་རྩ་བ་ཉམས་དམས་ཤིང་། །སྦྱིན་སོགས་ཐབས་མང་རྐྱེན་གྱིས་བོར་གྱུར་བས། །གཞན་ཕན་སེམས་མཆོག་ལྗོན་པ་ཉམས་ནས་སོང་། །རིས་བྲལ་བརྩེ་བ་སྒོམས་ཤིག་སྙིང་གི་བུ། །བདག་ལྟའི་ཁང་བཟང་ཉམས་དགར་གནས་བཅས་ཤིང་། །རྣམ་གཡེང་དགའ་མར་འདོད་པའི་ཟུར་མིག་གཡོ། །རྣམ་མང་རྟོག་པའི་བྱ་བས་དུབ་གྱུར་པས། །ལྟ་བའི་ངལ་གསོ་སྟེན་ཅིག་སྙིང་གི་བུ། །གང་ཞིག་གྲགས་སྙན་འདོད་པའི་སྤྲིན་གསེབ་ནས། །ཟོལ་མེད་རྣམ་དག་དམ་ཆོས་སྒྲུབ་བོ་ཞེས། །སྒྲ་ཆེན་བསྒྲགས་པ་ནམ་མཁའི་དབྱིངས་སུ་དེངས། །ཁ་ཞེ་མཚུངས་གིན་མི་འདུག་སྙིང་གི་བུ། །གྲགས་འདོད་བཅོས་མའི་ངོམ་ཆོས་ཙམ་ཞིག་ལས། །སྡོམ་གསུམ་བསླབ་བྱའི་ཚོགས་རྣམས་ཡལ་བར་བོར། །དམ་ཚིག་མངོན་ལྐོག་བྱེད་པའི་ཚུལ་འཆོས་མཁན། །རང་ཞེ་རང་ལ་ཁྲེལ་ལམ་སྙིང་གི་བུ། །སྔར་བྱས་སྡིག་ལ་འགྱོད་པར་མི་འགྱུར་ལ། །ཕྱིན་ཆད་སྡོམ་པའི་དམ་བཅའ་མ་མཆིས་ཤིང་། །རྣམ་པར་གཡེང་བའི་སྒོམ་བཟླས་སྒྲིབ་པ་ཡི། །གཉེན་པོར་སོང་བ་མེད་དོ་སྙིང་གི་བུ། །སྔོན་ཚེ་དལ་འབྱོར་རྟེན་བཟང་སྦྱིན་པའི་མ། །འཆི་བདག་རྒྱལ་པོའི་ཁྲིམས་སར་ཁྲིད་པའི་ཚེ། །བུ་འདིས་དམ་པའི་ཆོས་ཤིག་འགྲུབ་རེ་བའི། །ཨ་མའི་ཞལ་ཆེམས་དྲན་ནམ་སྙིང་གི་བུ། །ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་བླ་མ་ལས། །ཡང་གསང་བླ་ན་མེད་པའི་ཟབ་ཆོས་ཐོས། །རྣ་བའི་དབང་པོ་སྐལ་པ་བཟང་ལགས་ཀྱང་། །ཉམས་ལེན་མེད་པས་འགྱོད་དོ་སྙིང་གི་བུ། །ཁྱོད་ཀྱིས་དམ་པ་དུ་མའི་སྤྱན་སྔ་རུ། །སེམས་དཔའ་ཡིས་ཀྱང་སྤྱད་པར་དཀའ་བ་ཡི། །དོན་གཉིས་བསྒྲུབ་ཅེས་དམ་བཅའི་ཁུར་ཆེན་པོའི། །ཁས་བླངས་རལ་བར་ཤེས་སམ་སྙིང་གི་བུ། །བག་མེད་སྤྲིན་ལས་ཉེས་པའི་ཆར་འབབ་པས། །སྡིག་ལྟུང་བ་ཚྭའི་རྒྱ་མཚོ་རྣམ་པར་འཕེལ། །བཟོད་དཀའ་ངན་འགྲོའི་གཡང་སར་ཁྱེར་གྱིས་དོགས། །ཚ་གྲང་སྡུག་བསྔལ་སོམས་ཤིག་སྙིང་གི་བུ། །ད་ལྟ་ཉིན་གཅིག་བཀྲེས་པའི་སྡུག་བསྔལ་ཙམ། །བཟོད་པའི་ནུས་པ་ཁྱོད་ལ་མ་མཆིས་ན། །འཇིགས་ཆེན་ནད་ཀྱིས་ཤིན་ཏུ་ཉམ་ཐག་ཚེ། །སྲན་པའི་བློ་སྟོབས་ཡོད་དམ་སྙིང་གི་བུ། །ནམ་ཞིག་ལས་རླུང་དྲག་པོས་རྒྱབ་ནས་དེད། །འཇིགས་རུང་གཤིན་རྗེའི་ཕོ་ཉས་མདུན་ནས་ཁྲིད། །ཐར་མེད་དམྱལ་བའི་སྡུག་བསྔལ་སྙིང་ལ་འཆར། །དེ་ཚེ་མགོན་སྐྱབས་མེད་དོ་སྙིང་གི་བུ། །ལྕགས་སྲེག་ས་གཞིར་གཅེར་བུ་ངུ་ཞིང་རྒྱུག །ཤ་རུས་ལྤགས་པའི་ཚོགས་རྣམས་འབར་ཞིང་བསྲེག །རྔམ་འཇིགས་གཤིན་རྗེས་དྲལ་ཞིང་གཏུབ་པའི་ཚེ། །དེ་ན་གཉེན་བཤེས་མེད་དོ་སྙིང་གི་བུ། །འཁྱག་རུམ་ས་གཞིར་གངས་རིའི་ཕྲེང་བས་བསྐོར། །ཁ་བ་བུ་ཡུག་འཚུབས་ཤིང་གྲང་བས་གདུང་། །ཀྱི་ཧུད་ལ་སོགས་སྐད་ངན་སྒྲོག་པའི་དུས། །ནམ་འོང་ངེས་པ་མེད་དོ་སྙིང་གི་བུ། །མེ་མུར་འོབས་དང་རོ་མྱག་འདམ་དུ་བྱིང་། །རལ་གྲིས་གཏུབ་ཅིང་སྤུ་གྲིའི་ཐང་དུ་འགྱེལ། །རབ་མེད་ཆུ་བོ་བརྒལ་ཡང་ཐར་དུས་མེད་། །མི་འཇིགས་དཔའ་བར་སེམས་སམ་སྙིང་གི་བུ། །ཇི་ལྟར་ཚེས་པའི་དུས་ཀྱི་ཟླ་བ་ལྟར། །རྣམ་དག་ཆོས་པའི་དགེ་བློ་འཕེལ་ནས་འགྲོ། །ཁྱོད་ཀྱི་ལྷག་བསམ་མར་ངོ་བཞིན་དུ་འགྲིབ། །ལས་ཀྱིས་མནར་འདི་མཐོང་ངམ་སྙིང་གི་བུ། །རྣམ་དག་ཚུལ་ཁྲིམས་གཙང་མའི་རྟ་བཞོན་ནས། །བདེ་མཆོག་ཐར་པའི་གླིང་དུ་འགྲོ་བ་ལ། །སྒོ་གསུམ་བག་མེད་ཆང་གིས་མྱོས་གྱུར་ནས། །རྡོ་རྗེ་དམྱལ་བའི་གཡང་སར་ལྟུང་ལ་ཉེ། །རང་མཚང་མཐོང་ནས་འགྱོད་པར་གྱུར་ན་ཡང་། །རང་དབང་མེད་པས་ད་གཟོད་ངན་འགྲོར་འགྲོ། །རང་གིས་རང་ཉིད་བསླུས་པ་འདི་དྲན་ཚེ། །རང་སྲོག་རང་གིས་བཅད་ཀྱང་ཕངས་པ་མེད། །སྟོན་མཆོག་ཐུགས་རྗེའི་བསྟན་པའི་རྗེས་ཞུགས་ཤིང་། །ཡོངས་འཛིན་དུ་མའི་ཞབས་རྡུལ་བསྟེན་པའི་མཐུས། །སྡུག་བསྔལ་མཐའ་ཅན་ཞིག་ཏུ་གྱུར་ན་ཡང་། །འཇིགས་རུང་གཡང་ས་དྲན་ཚེ་མཆི་མ་འཆོར། །ཟབ་རྒྱས་གཞུང་མང་མཐོང་ཚེ་བློ་མི་ཟུམ། །སྨྲ་བརྗོད་ཉུང་ཞིང་སྙོམ་ལས་མལ་དུ་ཉལ། །སྲིད་པ་བསྒྲུབས་ན་ལྕེ་བདེ་བློ་གྲོས་གསལ། །མ་རབས་སྐྱེ་བོ་སྐལ་དམན་ཁྱོད་འདྲ་སུ། །དལ་འབྱོར་ལུས་ལ་བསླབ་གསུམ་རྒྱན་སྤྲས་ཤིང་། །གཏན་བདེའི་གྲོགས་པོ་འཚོལ་དུ་ཕྱིན་པ་ན། །རྣམ་པར་གཡེང་བའི་དགྲ་བོ་དཔུང་བཅས་ཀྱིས། །ཀྱེ་མ་ཆོས་ཀྱི་རྒྱན་བཟང་འཕྲོག་ལ་ལྟོས། །ད་ནི་ཁོ་བོ་སྡོམ་གསུམ་ནོར་གྱིས་ཕོངས་། །བཅས་དང་རང་བཞིན་ལྟུང་བའི་ཁུར་ཁུར་ནས། །གྲོགས་མེད་གཅིག་པུར་ཉམ་ངའི་ལམ་དེར་འགྲོ། །བདག་ནི་ལྷར་བཅས་འགྲོ་བའི་སྙིང་རྗེའི་ཡུལ། །དམན་པ་བདག་ལ་ཐོས་པའི་ནོར་མེད་ཅིང་། །ངོ་ཚའི་གོས་དང་ཁྲིམས་ཀྱི་བཞོན་པ་བྲལ། །བློ་གྲོས་མིག་ལྡོངས་སྒོམ་པའི་ཟས་ཀྱིས་ཕོངས་། །གཅེར་བུ་ལེགས་པའི་ཡོན་ཏན་ཀུན་གྱིས་དབེན། །ཀྱེ་མ་ཚུལ་མིན་ཡིད་བྱེད་ལྟོ་བ་ཡངས། །འདོད་ཆགས་ཁྲག་གི་རྒྱ་མཚོ་རྣམ་པར་འཕེལ། །ཞེ་སྡང་མི་གཙང་འདམ་གྱིས་གང་ཞིང་འཐོར། །གཏི་མུག་ལྤགས་པས་རྣམ་པར་བསྒྲིབས་ནས་ཡོད། །བསྟན་པ་ནུབ་ཅིང་བསྟན་འཛིན་མཆོག་རྣམས་གཤེགས། །སྟོན་པས་བཅས་པ་སྒྲུབ་པ་ཕལ་ཆེར་ཟད། །བདག་སོགས་བསྟན་བཤིག་དུ་མ་དེང་སང་འཕེལ། །སྔོན་གྱི་ལེགས་བྱས་དམན་པ་ད་གཟོད་གོ། །མདོར་ན་ཕྱུགས་དང་ཁྱད་པར་མ་མཆིས་པའི། །བླུན་རྨོངས་བདག་ཀྱང་རང་གི་ཚུལ་འདི་ལ། །ཅུང་ཟད་སྐྱོ་བར་གྱུར་ན་བརྩེ་ལྡན་པའི། །མཁས་རྣམས་སྨོས་ཀྱང་ཅི་དགོས་གྲོགས་པོ་དག །ཁོ་བོ་འཆི་བའི་དུས་ལ་བབ་གྱུར་ནས། །སྲོག་གི་དབང་པོ་འགག་ལ་ཉེ་བའི་དུས། །རྗེ་བཙུན་བླ་མར་གསོལ་བ་འདེབས་ནུས་ན། །དེ་ཚེ་ཐུགས་རྗེའི་ལྕགས་ཀྱུས་མ་གཏོང་ཞིག །གལ་ཏེ་ལས་ཀྱིས་དམྱལ་བར་འཚེད་གྱུར་ན། །ཁྱེད་ཀྱི་མཐུ་སྟོབས་ཐོགས་པ་མ་མཆིས་པས། །འདྲེན་པ་མཆོག་གིས་ཐུགས་རྗེའི་ཕྱག་བརྐྱངས་ནས། །ཉམ་ཐག་བདག་གི་སྡུག་བསྔལ་བསལ་དུ་གསོལ། །བླ་མ་མཆོག་ལས་རེ་ས་བདག་ལ་མེད། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་འདེབས་ན། །འདི་དང་ཕྱི་མ་བར་དོའི་གནས་རྣམས་སུ། །ཨེ་མ་སྐྱོབས་ཤིག་སྐྱོབས་ཤིག་བཀའ་དྲིན་ཅན། །སྙིང་རྗེའི་གཏེར་ཆེན་བླ་མ་སྙིང་ནས་བསྟེན། །སྙིང་པོའི་གདམས་པ་སྙིང་གཏམ་ཚུལ་དུ་གསུངས། །སྙིང་གི་བཅུད་དུ་བཟུང་བའི་སྙིང་ནོར་འདི། །སྙིང་གི་བུ་ལ་སྙིང་དུ་བསམས་ནས་གཏད། །གཞོན་ནུ་གཞོན་ནུའི་བྱ་བས་གཡེང་བ་ལ། །བརྩེ་ཆེན་བརྩེ་བ་དྲག་པོས་མ་བཟོད་ནས། །བློ་ལྡན་བློ་ཡིས་བཤེས་གཉེན་བསྐུལ་བ་ལས། །ལེགས་བྱུང་ལེགས་པར་བཤད་པའི་གཏམ་འདིའོ། །མ་ཆགས་ཚེ་འདིར་ཞེན་པ་གཏིང་ནས་ཆོད། །མ་སྡོད་གཅིག་པུར་དབེན་པའི་རི་ལ་བྱོན། །མ་བརྗེད་ཨ་མའི་ཞལ་ཆེམས་སྙིང་ལ་ཆོངས། །མ་ཡེངས་དམ་པའི་ལྷ་ཆོས་མྱུར་དུ་མཛོད། །ཚུལ་འདི་གཞོན་ནུ་ཀུན་དགའི་རྣམ་ཐར་ལ། །ཡིད་འབྱུང་གཏིང་ནས་སྐྱེས་པའི་སྙོམས་ལས་པ། །བསླབ་གསུམ་རྒྱལ་པོའི་ཁྲིམས་ཀྱིས་མ་ཐུལ་བའི། །ཕོ་རྒོད་བློ་གྲོས་མི་ཟད་ཅེས་བྱས་སྦྱར། །དགེའོ།། །།

བྱམས་པ་བློ་གྲོས་ཕུན་ཚོགས་ལ་གདམས་པ།

སྐྱེས་དང་སྦྱངས་པའི་བློ་གྲོས་མི་དམན་ཞིང་། །ཚུལ་ཁྲིམས་རྣམ་གསུམ་སྲོག་བས་གཅེས་པར་སྲུང་། །རྩེ་གཅིག་སྒྲུབ་ལ་གཞོལ་བའི་ནན་ཏན་ཅན། །སྙིང་དང་འདྲ་བའི་གྲོགས་ཁྱོད་ཡུད་ཙམ་དགོངས། །ཁྱོད་ཀྱིས་ན་བཟའ་སོགས་སྤོང་དག་མཛད་ནས་རྙེད་བཀུར་དང་དུ་མི་ལེན་པར། འདོད་ཡོན་ལ་རྒྱབ་ཀྱིས་ཕྱོགས་ཏེ་དཀའ་སྤྱད་དྲག་པོས་བྱང་ཆུབ་སྒྲུབ་པ་ནི་ངོ་མཚར་ཆེ། བདག་ཀྱང་རྗེས་སུ་ཡི་རང་། འོན་ཀྱང་ཁ་ཟས་དང་སྤྱོད་ལམ་ཧ་ཅང་དམ་ཆེ་ནས་གནང་བཀག་གི་དུས་ཚོད་མ་ཤེས་པར་འབྱུང་བ་སྙོམ་པའི་ཁ་ཟས་སྤངས་པས་ལུས་སྲོག་གི་བར་ཆད་དུ་གྱུར་ན་ཚུལ་ཁྲིམས་དཀའ་སྤྱད་ཀྱི་བདུད་ཟེར་བ་ཡིན། དེ་བཞིན་དུ་ལུས་ལ་ནད་ཞུགས་ཀྱང་གཉེན་པོ་ཟས་དང་སྨན་སོགས་མི་བསྟེན་པ་འདུག་ལ་བཟོད་པ་སྲན་ཚུགས་ཀྱི་བདུད་ཟེར་བ་ཡིན། དགེ་སྦྱོར་ཧ་ཅང་གྲིམ་ཆེས་པས་ཁམས་ཀྱིས་མ་ཐུབ་ནས་བློ་སུན་ཏེ་ཕྱིར་ལོག་བརྒྱབས་པ་ལ་བརྩོན་འགྲུས་ཐང་ཆད་ཀྱི་བདུད་ཟེར་བ་ཡིན་པས་ཉིད་ཀྱི་འཚོ་བ་ཧ་ཅང་ཞན་དུ་མ་འཇུག་ལགས། ཉིད་ཀྱི་ཐུགས་ལ་གཤིན་གསོན་གྱི་དད་རྫས་འདི་ཉེས་པ་ཤིན་ཏུ་ཆེ་བས་དེ་ཟ་བ་ལས་ཅུང་ཟད་ལྟོགས་ན་དགའ་དགོངས་པ་ཡིན་ཚོད་འདྲ་བས། གཤིན་ཟས་དེ་ཉིད་ཀྱིས་མ་གསོལ་ཀྱང་ཆོག་པར་འདུག །གཞན་གསོན་པོའི་སྐུ་རིམ་སོགས་ལ་འོང་བའི་ཆོས་མཐུན་གྱི་རྙེད་པ་ཅུང་ཟད་རེ་བླངས་ནས་ཆོས་སྒྲུབ་པའི་རྟེན་འཚོ་བ་དང་། ལུས་ཀྱི་སྲིད་འབུ་གསོ་བ་སོགས་ལ་དགོང་ནས་གསོལ་བཅས་ལེགས་པོ་རེ་མཛད་ན་དེ་ཙམ་སྐྲག་མི་དགོས་ཏེ། ཇི་སྐད་དུ། ལུས་འདི་དགྲ་དང་འདྲ་མོད་ཀྱི། །དེ་ལྟ་ནའང་དེ་བསྲུང་བྱ། །ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་ལས་བསོད་ནམས་ཆེན་པོ་འབྱུང་། །ཞེས་དང་། གཞན་ལས་ཀྱང་དེ་འདྲ་བ་མང་དུ་གསུངས་ཤིང་། ཐེག་དམན་ཉན་ཐོས་ཀྱི་ལུགས་ལ་མཐའ་གཉིས་སུ་མ་ལྷུང་བའི་ཟས་གོས་ཟེར་བ་ཡིན་པས་ཁ་ཟས་ཧ་ཅང་ཞན་ཆེ་ན་ངལ་ཞིང་དུབ་པའི་མཐར་ལྷུང་བ་ཡིན། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་བསམ་པ་སེམས་བསྐྱེད་ཀྱིས་ཟིན་ན་འདོད་ཡོན་ལ་སྤྱད་ཀྱང་ཉེས་པ་མེད་པར་གསུངས་པས། ཁྱེད་དུས་རྒྱུན་དུ་མཚམས་བསྙེན་སྒྲུབ་ལ་བརྩོན་པ་ཞིག་གིས་ཐུགས་བསྐྱེད་དང་བསྔོ་བ་རེ་མཛད་ན་ཆོས་མཐུན་གྱི་ཁ་ཟས་ཙམ་ལ་རང་གཞན་གཉིས་ཀའི་ཚོགས་རྫོགས་པའི་མཐུན་རྐྱེན་དུ་འགྱུར་བ་ལས་དཀོར་སྒྲིབ་ཅུང་ཟད་ཀྱང་འབྱུང་དོན་མི་འདུག །ཁྱད་པར་དུ་གསང་ཆེན་རྡོ་རྗེ་ཐེག་པའི་ལུགས་ལ་ནི། འཇུག་པ་བདེ་བའི་རྣལ་འབྱོར་གྱིས། །གསང་སྔགས་རྒྱལ་པོ་ཚེ་འདིར་འགྲུབ། །ཅེས་ཟེར་བ་ཡིན་པས་སྒོ་གསུམ་རྡོ་རྗེ་གསུམ་དང་མི་འབྲལ་བར་སྣང་བ་དཀྱིལ་འཁོར་གྱི་འཁོར་ལོར་ཤེས་པའི་གདེང་ཞིག་ཡོད་ན་འདོད་ཡོན་ལ་ཇི་ལྟར་སྤྱད་ཀྱང་ཉེས་པ་མེད་པར་མ་ཟད་རྟོགས་པའི་བོགས་འདོན་དུ་འགྱུར་པ་ཡིན་མོད། དེ་གང་ཟག་རབ་ཀྱི་སྤྱོད་ཡུལ་ཡིན་པས་དེ་འདྲ་མི་ནུས་དགོངས་ན། ཉིད་ཀྱིས་ཁ་ཟས་ཀྱི་བྱ་བ་མཛད་པའི་དུས་ན། མཁའ་སྤྱོད་མའི་བླ་མཆོད་ནས་འབྱུང་བའི་ཁ་ཟས་ཀྱི་རྣལ་འབྱོར་དེའམ། གཞན་ཀྱེ་རྡོར་གྱི་རྣམ་བཤད་རྣམས་ན་ཁ་ཟས་ཀྱི་རྣལ་འབྱོར་རྒྱས་བསྡུས་དུ་མ་ཞིག་འདུག་པ་དེ་རྣམས་ལས་ཐུགས་ལ་གང་མོས་ཤིག་ལག་ལེན་ལ་འདེབས་པར་མཛོད་དང་། དེས་ཁ་ཟས་ཙམ་ལ་དཀོར་སྒྲིབ་མེད་པར་མ་ཟད་ཚོགས་རྫོགས་པའི་རྐྱེན་དུ་འགྱུར་བ་ནི་རྒྱལ་བའི་བཀའ་བླ་མའི་ལུང་ཟེར་བ་ཡིན་པས་དེ་ལ་ཐེ་ཚོམ་མཛད་མི་དགོས། འོ་ན་དཀོན་མཆོག་བརྩེགས་པའི་མདོ་ལས། ཐུབ་པས་དད་རྫས་ཟོས་པའི་ཉེས་པ་གསུངས་པ་ན་དེ་ལ་སྐྲག་ནས་དགེ་སློང་ལྔ་བརྒྱས་བསླབ་པ་ཕུལ་ཏེ། ཁྱིམ་པར་བབས་པ་ལ་སྟོན་པས་ལེགས་སོ་གནང་ནས་མ་འོངས་པ་ན་བྱམས་པའི་འཁོར་དུ་ལུང་བསྟན་པ་མིན་ནམ་ཞེ་ན། ཡིན་མོད་དེའི་དགོངས་གཞི་སྔོན་ཐུབ་པ་བཞུགས་པའི་དུས་ན་དགེ་འདུན་ཕལ་ཆེར་འཕགས་པའི་གང་ཟག་ཡིན་ཅིང་། སྦྱིན་བདག་རྣམས་ཀྱང་ལས་འཕྲོ་དང་སྐལ་པ་མི་དམན་པས་དད་གུས་ཤིན་ཏུ་ཆེ་བས་དེའི་དབང་གིས་གོས་ངུར་སྨྲིག་འཆང་བ་ཐམས་ཅད་ལ་འཕགས་པ་དངོས་ཀྱི་འདུ་ཤེས་ཀྱིས་བཀུར་སྟི་བྱེད་པ་ཡིན། དེས་ན་སོ་སྐྱེའི་དགེ་འདུན་ལ་འཕགས་པའི་གང་ཟག་ཏུ་བཟུང་ནས་ཡོན་ཕུལ་བ་ན་དེ་ཤེས་བཞིན་དུ་དང་དུ་བླང་བ་ལ་ཉེས་པ་འབྱུང་བའམ། སྦྱིན་བདག་ཁྱད་པར་ཅན་རྣམས་ཀྱིས་གཏན་གྱི་སྐྱབས་གནས་སུ་བཟུང་ནས་བཀུར་སྟི་བྱེད་པའི་ཡུལ་དེ་དག་ལ་འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཚུལ་ཁྲིམས་ཙམ་ལས་མེད་པ་སོགས་ལ་དགོངས་སམ་སྙན་པ་དང་། དགོས་པ་ངེས་འབྱུང་གི་བསམ་པས་མ་ཟིན་པའི་ཚུལ་ཁྲིམས་ཙམ་མམ། ངག་ནུས་ཅུང་ཟད་རེ་ཡོད་པ་སོགས་ཡོན་ཏན་སྣ་རེ་དང་ལྡན་ཡང་དད་རྫས་བླང་དུ་མི་རུང་བར་གོ་བ་དང་། དེང་སང་གི་སྐྱེ་བོ་རང་རྒྱུད་ན་ལུང་རྟོགས་ཀྱི་ཡོན་ཏན་སྤུ་ཙམ་མེད་ཅིང་། ཤའི་ཚོ་རྗིད་དང་ཐུད་ཀྱི་སྲབ་མཐུག་ལ་ཐུགས་དམ་བྱེད་པ། ནོར་རྫས་ཀྱི་ཆེད་དུ་སྤྱང་ཀི་ཟས་ཚོལ་དུ་ཞུགས་པ་ལྟར་རྒྱུ་བ་རྣམས་ཀྱིས། གཤིན་གསོན་གྱི་དད་རྫས་བག་མེད་དུ་སྤྱོད་པ་དགག་པའི་དོན་དུ་འཕགས་པའི་གང་ཟག་རྣམས་ཀྱིས་ཚུལ་བསྟན་དེ་འདྲ་ཞིག་གནང་བ་ཡིན་ནམ་སྙམ་སྟེ། གལ་ཏེ་མིན་ན་སོ་སྐྱེའི་དགེ་འདུན་ཡོན་གནས་སུ་མི་འགྱུར་ཞིང་། དེར་མ་ཟད་སྐུ་ཚེ་གཅིག་ལ་དགེ་སློང་གི་བསླབ་བྱ་ཕྲ་རགས་ཐམས་ཅད་ཚུལ་བཞིན་དུ་སྲུང་བའི་ཕན་ཡོན་ལས། ཆོས་མཐུན་གྱི་བསོད་སྙོམས་ཙམ་བཞེས་པའི་ཉེས་པ་ཆེ་ན། དགེ་སློང་གི་རྟེན་བྱང་ཆུབ་སྒྲུབ་པའི་སྐལ་བ་མེད་པར་འགྱུར་ཏེ། དགེ་སློང་གིས་གསོག་འཇོག་བྱེད་མི་ཆོག་པས་རང་ལ་ནི་ཟ་རྒྱུ་མེད། གཞན་གྱི་ཟས་ནི་བླང་དུ་མི་རུང་ཞིང་འདོད་ཁམས་པ་ཡིན་པས་ཟས་གཏན་ནས་མེད་ན་འཚོ་མི་ནུས་པའི་ཕྱིར་རོ། །དེས་ན་དགེ་རྩ་ཡོངས་སུ་སྦྱོང་བའི་མདོ་ལས། ལྡན་དང་གྲོལ་ལ་ང་ཡིས་གནང་བ་སྟེ། །ཞེས་ཚུལ་ཁྲིམས་དང་ལྡན་པས་དད་རྫས་བླང་དུ་རུང་བར་གསུངས་ཤིང་། གཞན་ཡང་། སློབ་པ་བྱིན་པ་སྤྱོད་པ་སྟེ། །མི་སློབ་པར་ནི་བདག་པོར་སྤྱོད། །ལྷག་མ་ལེ་ལོས་བཅོམ་པ་ཡི། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། །བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད་། །ཅེས་ཀློག་སྤོང་གི་ལས་ལ་བརྩོན་ན་སྟོན་པས་རྗེས་སུ་གནང་བ་ཡིན་པས་ཉེས་པ་མེད་པར་གསུངས་ལ། ལར་སྟོན་པའི་རྗེས་འཇུག་རྣམས་ཀྱིས་ཐུབ་པའི་སྔོན་གྱི་སྐྱེས་རབས་དང་ཆ་མཐུན་པ་ཞིག་དགོས་ལ་སྔོན་གྱི་སྐྱེས་རབས་ཕལ་ཆེར་ན་རྙེད་བཀུར་དང་འདོད་ཡོན་ལ་རྒྱབ་ཀྱིས་ཕྱོགས་ནས་དབེན་པར་བསམ་གཏན་ལ་གཞོལ་བར་མཛད་པ་ནི་དུ་མ་ཞིག་འདུག་ཀྱང་། དབེན་པར་བཞུགས་པའི་དུས་ན་ཆོས་མཐུན་གྱི་རྙེད་པ་རེ་འབུལ་མཁན་བྱུང་ཚེ་ཁོང་གི་ཆོས་ཀྱི་མཐུན་རྐྱེན་དང་། ཕ་རོལ་པོའི་ཚོགས་རྫོགས་པའི་རྐྱེན་དུ་འགྱུར་བ་ལས། དཀོར་སྒྲིབ་ལ་སྐྲག་ནས་མ་བཞེས་པ་མི་དྲན་པས། ཨ་ཙ་རས་རྟ་ཞོན་པ་ལྟ་བུའི་དགེ་སྦྱོར་དེ་བར་ཆད་དུ་འགྲོ་ཉེན་ཆེ་བས་ཧ་ཅང་གུ་དོག་མ་མཛད་རོགས་སྐུ་ཚེ་རིང་། འཚོ་བ་ཞན་པའི་སྟོབས་ཀྱིས་ལུས་ཀྱི་འབྱུང་ཁམས་རྒུད་ནས་ནད་གཞི་ཆེན་པོ་རེའི་རྒྱུར་ཨེ་འགྱུར་གོ་དཀའ་བས། དེ་ལུགས་མཛོད། འོ་ན་རྗེ་བཙུན་མི་ལ་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེ་སོགས་ཀྱིས་དཀའ་སྤྱད་མཛད་པ་མ་མཐོང་ངམ་ཞེ་ན། མཐོང་མོད་ཁོང་རྣམས་སྲིད་པ་ཐ་མ་པ་ཡིན་པས་གཞན་དང་མི་འདྲ། ཁ་ཟས་མེད་རུང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ལུས་འཚོ་ནུས་པ་ཡིན། དེར་མ་ཟད་རྗེ་མི་ལས་ཀྱང་། བྲག་ལ་སྒོམ་པའི་སྒོམ་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །འཚང་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །ཞེས་ཡོན་མཆོད་གཉིས་ཀ་ལ་ཕན་པར་གསུངས་ཀྱི་གནོད་པར་མ་གསུངས་སོ། །ལར་ཁྱེད་ཀྱི་ཐུགས་ལ་ཟས་ནོར་ཅུང་ཟད་རེ་ཕུལ་ཚེ་དེ་ལ་སྒྲོལ་མ་དང་སྐྱབས་འགྲོ་སོགས་མང་པོ་རེ་བཏོན་ཡོད་གསུངས་ནས་དམིགས་ཀྱིས་བཀར་ཏེ་བསྔོ་བ་དང་སྨོན་ལམ་མཛད་པ་དེ། ཁྱེད་ཀྱི་ཐུགས་དུས་རྒྱུན་དུ་ཞལ་འདོན་མཛད་པ་དེ་རང་གི་སྒྲིབ་སྦྱོང་ཡིན་དགོངས་ནས་ཤིན་ཏུ་སྨར་ཞིང་། སྐབས་སྐབས་སུ་གཞན་གྱི་སྐུ་རིམ་མཛད་པ་ལ་གཞན་གྱི་ཆེད་ཡིན་གསུངས་ཅུང་ཟད་ལོད་པའི་སྣང་བ་ཞིག་ཨེ་འདུག་ལགས། ཡོད་ན་ཐུགས་རྒྱ་ཅུང་ཟད་ཆུང་བ་ཡིན་ཏེ། སེམས་བསྐྱེད་ལེགས་པོ་ཞིག་ཡོད་ནས་བཟུང་། རྒྱུན་དུ་གྲོང་ཆོག་སོགས་ལ་བྱོན་ཀྱང་རང་གི་སྒྲིབ་སྦྱོང་དུ་འགྲོ་བ་དང་། རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ་ཡང་གཞན་དོན་ཁོ་ན་ཞིག་དགོས་པ་ཁྱེད་ཀྱིས་ལོས་མཁྱེན་། དེས་ན་བདག་མེད་ཀྱི་གནས་ལུགས་མངོན་སུམ་དུ་མ་རྟོགས་ཀྱི་བར་དུ་རང་དོན་གྱི་འཁྲི་བ་ཅུང་ཟད་ཙམ་མི་འབྱུང་བ་དཀའ་རུང་། འདི་ངའི་ཡིན་དེ་གཞན་གྱི་ཡིན་ཟེར་ནས་ནོར་རྫས་བགོ་བ་ལྟར་མི་མཛད་པར། དགེ་བ་གང་བསྒྲུབས་བློས་ལིང་གིས་བཏང་སྟེ། དམིགས་ཡུལ་གྱིས་ཐོག་དྲངས་པའི་སེམས་ཅན་སྤྱི་ལ་བསྔོ་སྨོན་རེ་མཛད་ནས་རང་དོན་གྱི་ཞེན་པ་ཅི་ཆོད་ད་ལྟ་ནས་མཛད་དགོས་པ་མ་ཡིན་ནམ། ལམ་མཐུན་རྐྱེན་རེ་འབུལ་མཁན་བྱུང་ཚེ། ཨ་ལ་རེ་དགའ་སེམས་ཅན་འདི་དང་ངེད་གཉིས་ལ་ཆོས་མཐུན་གྱི་འབྲེལ་བ་ལེགས་པོ་ཞིག་ཞོག་བྱུང་། མ་འོངས་པ་ངས་འདིའི་དོན་བྱེད་པར་ནུས་སོ་སྙམ་པ་དེ། སངས་རྒྱས་ཐོབ་པར་འདོད་རྣམས་ལ་ངེས་པར་དགོས་ཏེ། ཚོགས་རྫོགས། ཞིང་སྦྱངས། གདུལ་བྱ་སྨིན་པར་བྱས་ནས་སངས་རྒྱས་དགོས་པའི་ཕྱིར་རོ། །ད་དུང་ཞུ་རྒྱུ་མང་པོ་ཞིག་འདུག་རུང་། ཡི་གེས་འཇིགས་པས་དེ་ཙམ་ལས་མ་སྤྲོས་སོ། །འདིར་སྨྲས་པ། སྡོམ་པ་གསུམ་ལ་སྲུང་སྡོམ་མ་ནུས་ཤིང་། །ཟབ་མོའི་ལམ་ལ་ཉམས་ལེན་མི་བྱེད་པར། །རྒྱུན་དུ་བག་མེད་སྤྱོད་པས་དུས་འདའ་བ། །བདག་ལས་སྐལ་པ་ངན་པ་སུ་ཞིག་ཡོད། །དེས་ན་སླད་ཚའི་རྡུལ་མང་སྤུངས་པ་ལ། །ཡིད་དང་མཐུན་པའི་དྲི་ཞིམ་མེད་པ་ལྟར། །སྐྱོན་བརྒྱ་ཚང་བའི་སྐྱེ་བོ་བདག་འདྲ་ལས། །ལེགས་བཤད་འབྱུང་བ་ཤིན་ཏུ་དཀའ་ན་ཡང་། །རང་གཞན་གྲུབ་མཐའ་རྒྱ་མཚོའི་མཐར་སོན་པ། །སྨྲ་བའི་དབང་པོ་གཞན་ཕན་ཆོས་རྗེ་ལས། །ཟབ་རྒྱས་གཞུང་མང་ཡང་ཡང་ཐོས་པའི་ཕྱིར། །གོ་ཡུལ་ཙམ་དུ་བླང་དོར་ཕྱོགས་ཙམ་ཤེས། །དེས་ན་ཁྱོད་ལ་གསོལ་བའི་དོན་དེ་ཀུན། །རང་ལ་ཉམས་མྱོང་མེད་པའི་བཤད་ཡམ་ཙམ། །ལགས་མོད་ཡིད་ཆེས་ལུང་དང་མི་འགལ་བས། །ཤེས་མེད་བླུན་པོའི་ཁ་ཏ་ལྟ་བུ་མིན། །སྣ་ཚོགས་སྤྱོད་ངན་རྒྱན་དུ་འཛིན་པ་ཡི། །མ་རབས་སྐྱེ་བོ་བདག་འདྲའི་ཁ་སྒོ་ལས། །ཐོན་པའི་ཚིག་ཀྱང་བླ་མའི་བཀའ་བཞིན་དུ། །ཉིད་ཀྱི་ཐུགས་ལ་ཅིས་ཀྱང་བཅག་པར་ཞུ། །ལེགས་བཤད་ཡིན་ན་བྱིས་པའི་ངག་ལས་ཀྱང་། །བླང་འོས་ཡིན་ཞེས་མཁས་རྣམས་གསུངས་པའི་ཕྱིར། །རྨོངས་པ་བདག་གིས་འཆལ་གཏམ་སྒྲོགས་པ་ཡང་། །ཆོས་དང་མཐུན་ན་ཁྱེད་ཀྱིས་ལེན་པར་རིགས། །འདི་ན་ཀུན་གྱིས་སྨད་པའི་མུ་ཏོ་བས། །རྒྱལ་པོའི་སྲས་ལ་བསླབ་བྱ་སྟོན་པ་ལྟར། །བདག་འདྲས་ཁྱེད་ལ་གདམས་ངག་སྦྱིན་པ་ནི། །གཞན་གྱིས་ཁྲེལ་བར་འགྱུར་བའི་གནས་ཡིན་མོད། །རིང་ནས་མཐུན་པར་འགྲོགས་པའི་ཆོས་ཀྱི་གྲོགས། །ཚེ་འདིའི་སྤུན་ལས་ལྷག་པའི་བརྩེ་གདུང་ཅན། །ཁྱོད་དང་བདག་གཉིས་ཤིན་ཏུ་སྙིང་ཉེ་བས། །ཇི་ལྟར་སྨྲས་ཀྱང་སྐྱོན་དུ་འགྱུར་བ་མིན། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བར་དུ་བརྩོན་པས་ཚོགས་གཉིས་ལེགས་བསྒྲུབ་ནས། །ཐ་མར་མངོན་སངས་རྒྱས་བའི་ཚུལ་འདི་ནི། །རྒྱལ་བའི་སྲས་པོ་སྤྱི་ཡི་རྣམ་ཐར་ཡིན། །དང་པོར་ཟླ་བ་དུ་མར་བསྙེན་སྒྲུབ་མཛད། །བར་དུ་རྒྱུན་ཆད་མེད་པར་དཀོར་ལ་འབྱམ། །ཐ་མར་གཉེན་གྱི་ཆད་པའི་མཐའ་ལྷུང་བ། །གྲོང་ཆོག་མཁན་པོའི་རྣམ་ཐར་གཟིགས་ལགས་སམ། །དང་པོར་དཀའ་བ་སྤྱད་དེ་ཟ་ཆོག་བསླབས། །བར་དུ་བརྫུན་དང་ཚོང་གི་འཁོར་ལོ་བསྐོར། །ཐ་མར་སྐྱོང་བྱེད་རྒན་པོའི་ཚུལ་འཛིན་པའི། །ཨ་ཁུའི་དལ་འབྱོར་དོན་ཡོད་མ་བྱས་སོ། །དང་པོར་བླ་མ་བསྟེན་ནས་ཐོས་པ་བཙལ། །བར་དུ་མཆོག་དམན་ཀུན་ལ་སྐུར་པ་བཏབ། །ཐ་མར་ཐམས་ཅད་དགྲ་རུ་ལྡང་བ་འདི། །ད་ལྟའི་ཐོས་བསམ་བྱས་པའི་ལག་རྗེས་རེད། །སུམ་རྩེན་གནས་སུ་རྒྱུ་བའི་ལྷའི་བུ་དག །རྩུབ་འགྱུར་ཚལ་དུ་ཞུགས་པ་ཇི་བཞིན་དུ། །ཇི་ཙམ་མཁས་པའི་གཞུང་ལ་སྦྱངས་པ་རྣམས། །དེ་ཙམ་གདུག་རྩུབ་ཆེ་བ་དུས་ཀྱི་སྐྱོན། །གང་ཞིག་སོལ་བའི་ཕུང་པོ་བརྟེན་པའི་མི། །དེ་དག་དེ་ཡི་རྡུལ་གྱིས་གོས་པ་བཞིན། །ལོག་ལྟས་བསླད་པའི་སྐྱེ་བོ་གདུག་པ་ཅན། །བརྟེན་པ་དེ་དག་དེ་ཡི་རྗེས་སུ་འགྲོ། །དགྲ་བཅོམ་མཐུ་ལྡན་གཞན་གྱི་རྫུ་འཕྲུལ་གྱིས། །གཞན་དག་འཆི་མེད་ལམ་དུ་འགྲོ་བ་བཞིན། །ཆོས་མཐུན་སྐྱེས་བུ་མཆོག་དང་འགྲོགས་པ་ལས། །འགའ་ཞིག་ཆོས་ཀྱི་འབྱོར་བས་ཕྱུག་པར་གྱུར། །གཙང་མའི་ཟས་ཀྱིས་འཚོ་བའི་ལྷ་རྣམས་ནི། །མི་གཙང་དངོས་པོ་ཆུང་ཡང་སྤོང་པར་བྱེད། །དེ་བཞིན་རྣམ་དཀར་སྒྲུབ་པའི་དམ་པ་རྣམས། །ཉེས་པ་ཆུང་ཡང་དུག་བཞིན་འཛེམ་པར་མཛད། །མི་གཙང་ཟས་སུ་ཟ་བའི་ཕག་པ་རྣམས། །དེ་ལ་སྐྱོན་དུ་ལྟ་བ་མེད་པ་ལྟར། །དཀོར་ནག་ལན་ཚྭའི་རྒྱ་མཚོར་བྱིང་བ་འགའ། །ད་དུང་དཀོར་ཆུས་ངོམས་པར་མ་གྱུར་ཏོ། །བསྟན་པའི་སྒོར་ཞུགས་བསྟན་པ་བཤིག་ལ་བརྩོན། །ཆོས་གཏམ་བྱེད་བཞིན་ཆོས་མིན་སྤྱོད་པས་གཡེངས། །རང་གཤིས་ངན་པས་རང་གཞན་ཕུང་ལ་སྦྱོར། །བདག་དང་བདག་འདྲའི་གནས་སྐབས་དེ་འདྲར་གྱུར། །དེ་སླད་དུས་མཐའི་སྐྱེ་བོ་ཕལ་མོ་ཆེའི། སྤྱོད་པ་ཆོས་དང་མཐུན་པར་མ་མཐོང་བས། །སྙིང་ནས་ཆོས་ལ་མོས་པའི་སྡོམ་བརྩོན་ཁྱེད། ཤིན་ཏུ་སྐལ་པ་བཟང་པོ་ལེགས་སོ་ཨང་། །གྲོགས་མཆོག་ཁྱེད་ཀྱིས་ཚེ་འདི་བློས་བཏང་ནས། །རྩེ་གཅིག་སྒྲུབས་ལ་བརྩོན་པར་མཛད་དགོངས་ན། །མན་ངག་གནད་ཀྱི་ཟིན་པའི་དམ་ཆོས་ཤིག །དགོས་ཀྱི་དགའ་སྤྱོད་ཁོ་ནས་གྲོལ་བ་མིན། །སྟོན་པ་མཆོག་ལ་སྐྱབས་སུ་མི་འཛིན་ཅིང་། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པ་ཡི། །དཀའ་ཐུབ་ཁོ་ནས་གྲོལ་བར་འདོད་པ་དག །ཞི་བའི་ལམ་དང་མཐུན་པར་མ་གཟིགས་ནས། །ལྷ་མིའི་རྣམ་འདྲེན་ཤཱཀྱའི་སྲས་དེ་ཡིས། །ལོ་དྲུག་དཀའ་བ་སྤྱད་པའི་ཐབས་མཁས་ཀྱིས། །ཉམ་ངའི་ལམ་དུ་གོལ་བའི་མུ་སྟེགས་བྱེད། །ཕལ་ཆེར་ཡང་དག་ལམ་ལ་བཀོད་ཅེས་ཐོས། །ཐབས་མཁས་འཇུག་བདེ་རྒྱལ་སྲས་ལམ་བཟང་ནས། །བདེ་མཆོག་ཆོས་སྐུའི་རྒྱལ་སར་གཤེགས་པའི་ཕྱིར། །བདེ་བར་གཤེགས་ཞེས་བགྱི་བ་ལགས་པས་ན། །ཉིད་ཀྱང་བདེ་ནས་བདེ་བར་འབྱོན་པར་ཞུ། །སྙིང་དང་འདྲ་བའི་སྡོམ་བརྩོན་ཁྱོད་ཉིད་ལ། །སྙིང་ནས་གུས་པའི་སེམས་ཀྱིས་ལེགས་བསྐུལ་ནས། །སྙིང་གཏམ་ཡི་གེར་བྲིས་ཏེ་ཕུལ་བ་འདི། །སྙིང་གི་དཀྱིལ་དུ་སྦ་བར་མཛད་དུ་གསོལ། །གཞན་ཡང་སླད་མའི་སྐྱེ་བ་ཐམས་ཅད་དུ། །ཁྱོད་དང་བདག་གཉིས་ནམ་ཡང་མི་འབྲལ་ཞིང་། །ཕན་ཚུན་དམ་ཆོས་སྒྲུབ་པའི་གྲོགས་གྱུར་ཏེ། །བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག། །།ཅེས་པ་འདི་ནི་སྡོམ་བརྩོན་དམ་པ་བྱམས་པ་བློ་གྲོས་ཕུན་ཚོགས་ལ་སྡེ་གཞུང་སྤྲུལ་མིང་ཀུན་དགའ་རྒྱལ་མཚན་གྱིས་ནང་ཞུས་ཀྱི་ཚུལ་དུ་སྤྲིང་བའོ། །དགེའོ།། །།

བྱམས་པ་བློ་གྲོས་ཕུན་ཚོགས་ལ་གདམས་པ་གཉིས་པ།

བླ་མ་ལ་ཕྱག་འཚལ་ལོ། །མཆོག་གསུམ་བླ་མ་གཙུག་ཏུ་ཁུར་ཞིང་། །སྡོམ་གསུམ་མིག་འབྲས་བཞིན་དུ་བསྲུངས་ནས། །སྒོ་གསུམ་སྤྱོད་པ་ཆོས་དང་མཐུན་པའི། །གྲོགས་མཆོག་ཁྱེད་ལ་འདི་སྐད་ཞུའོ། །ཉིན་མོ་སྐྱེ་བོའི་འདུ་ཚོགས་ཉུང་ཞིང་། །མཚན་མོ་སྒྲ་ཡི་ཀླག་ཅོར་མེད་པར། །ཡེངས་མེད་བརྩོན་པས་ཏིང་འཛིན་སྒྲུབ་པ། །དམ་པ་གོང་མའི་རྣམ་ཐར་ལགས་མོད། །བསྟན་པའི་ཉི་མ་ནུབ་རིར་ཕེབས་པས། །ཕན་བདེའི་འོད་སྣང་ཉམས་ལ་ཉེ་ཞིང་། །སྣ་ཚོགས་སྤྱོད་ངན་རྒྱན་དུ་འཛིན་པའི། །མི་སྲུན་སྐྱེ་བོས་ཕྱོགས་ཀུན་གང་བས། །ནད་དང་འཁྲུག་རྩོད་མུ་གེ་ལ་སོགས། །སྡུག་བསྔལ་མུན་པ་འཐིབ་པའི་དུས་འདིར། །གྲོགས་མེད་གཅིག་པུ་དབེན་པའི་གནས་སུ། །སྒྲུབ་ཚུགས་ཟིན་པ་ཤིན་ཏུ་དཀའ་བས། །བྱམས་དང་སྙིང་རྗེས་སེམས་རྒྱུད་བཏུལ་ནས། །ཐབས་མཁས་སྤྱོད་པས་གྲོགས་དང་བསྟུན་ཏེ། །འདུ་འཛིའི་འབྲེལ་ཐག་ཅི་ཆོད་ངང་ནས། །གནས་དེར་བཞུགས་པ་འཐད་དམ་སྙམ་ལགས། །འདུ་འཛི་སྡུག་བསྔལ་རྒྱུ་རུ་མཐོང་བའི། །སྐྱོ་ཤེས་གཏིང་ནས་སྐྱེ་བ་མེད་ན། །གང་དུ་ཕྱིན་ཀྱང་འདུ་འཛིའིདགྲ་ལས། །ཐར་བར་དཀའ་འོ་སྙིང་གི་གྲོགས་པོ། །སྐྱིད་སྡུག་དུས་སྐབས་བཟང་ངན་སྣ་ཚོགས། །འབྱུང་བ་འཁོར་བའི་ཆོས་ཉིད་ལགས་པས། །དེ་ནས་གྲོགས་ཁྱེད་གང་དུ་བཞུགས་ཀྱང། །ཡུན་རིང་སྡོད་པའི་དམ་བཅའ་མ་མཛད། །ནག་ཕྱོགས་བདུད་སྡེའི་མཐུ་དཔུང་དར་བའི། ཆེར་སྙིགས་རྒུད་པའི་དུས་ངན་འདི་ན། །ཆོས་མཐུན་བསམ་པ་འགྲུབ་པར་དཀའ་བས། །ལྷ་དང་བླ་མར་གསོལ་བ་ཐོབ་མཛོད། །བཀའ་དྲིན་སུམ་ལྡན་བླ་མ་མཆོག་ལ། །དཀོན་མཆོག་གསུམ་པོ་ཚང་བར་ཤེས་པའི། །མོས་གུས་ངང་ནས་གསོལ་བ་བཏབ་ན། །བསམ་དོན་ཆོས་བཞིན་འགྲུབ་ཅེས་ཐོས་སོ། །རྣམ་རྟོག་འཁྲུལ་པའི་རྗེས་སུ་འབྲང་ན། །སྣང་བ་ཐམས་ཅད་དགྲ་རུ་ལྡང་བས། །ཉམས་དང་རྨི་ལམ་བཟང་ངན་སོགས་ལ། །རེ་དོགས་དགག་སྒྲུབ་གང་ཡང་མ་མཛད། །བདུད་དང་བར་དུ་གཅོད་པ་མཐའ་དག །སེམས་ཉིད་འཁྲུལ་པའི་སྣང་བ་ཙམ་ལས། །ལོགས་ན་མེད་པའི་ཆོས་ཉིད་ཤེས་ན། །བདུད་ཀྱང་ཆོས་ཀྱི་གྲོགས་པོ་ཡིན་སྐད། །འཁོར་འདས་དབྱེར་མེད་ལྟ་བའི་ཀློང་ན། །འཁོར་འདས་ཆོས་ལ་སྤང་བླང་མེད་པས། །གཉུག་མ་སྤྲོས་བྲལ་སེམས་ཀྱི་ཆོས་ཉིད། །ཡང་དག་ལྟ་ལ་འདྲིས་གོམས་མཛོད་ཅིག །ཁྱད་པར་རང་རེ་མཆེད་གྲོགས་ཐམས་ཅད། །གནས་འདིར་སྡོད་ལ་བར་དུ་གཅོད་པ། །གློ་བུར་དགྲ་སྣང་འབྱུང་བ་མེད་པའི། །ཕྲིན་བཅོལ་ཡེ་ཤེས་སྤྱན་རས་གསལ་ཞིང་། །རྫུ་འཕྲུལ་མྱུར་བའི་ཞབས་དང་ལྡན་པའི། །སྲུང་མའི་ཚོགས་ལ་ཞུ་བ་གལ་ཆེ། །ལས་ངན་བདག་གི་འཁྲུལ་པའི་རྟོག་པ། །ཡི་གེར་བྲིས་ལ་དགོས་པ་ཅི་ཡོད། །འོན་ཀྱང་ཁྱོད་གསུང་མི་ལྡོག་ཙམ་དུ། །ཅུང་ཟད་བྲིས་ཏེ་ཕུལ་བ་དེ་ལགས། །མ་འོངས་སླད་མའི་སྐྱེ་བ་ཀུན་ཏུ། །ལྟ་སྤྱོད་མཐུན་པའི་གྲོགས་སུ་གྱུར་ནས། །བྱང་ཆུབ་བར་དུ་འགྲོགས་ནས་འགྲོ་བར། །སྙིང་ནས་སྨོན་ནོ་སྙིང་གི་གྲོགས་པོ། །དགེའོ།། །།

བྱམས་པ་བློ་གྲོས་ཕུན་ཚོགས་ལ་གདམས་པ་གསུམ་པ།

གང་ཞིག་བརྟེན་ན་དགེ་ལེགས་ཀུན་སྩོལ་ཞིང་། །དྲན་པས་སྲིད་ཞིའི་འཇིགས་པ་སེལ་མཛད་པ། །ཆོས་ཀྱི་རྒྱལ་པོ་དཔལ་མགོན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཀྱེ་ལགས་གང་གི་འདྲེན་བྱེད་སྒྲིབ་པའི་དྲི། །སྦྱོང་བའི་ཐབས་ཚུལ་ཟབ་མོ་སྣ་ཚོགས་ལ། །མྱུར་དུ་འབད་པའི་བརྩོན་པ་མ་མཛད་ན། །བླང་དོར་སྣང་བའི་སྐབས་འདི་ཉམས་ཀྱིས་དོགས། །ལྷག་བསམ་མཆོག་དང་ལྡན་པའི་སྐྱེས་བུ་ལ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་བཙལ་བས། །བསམ་དོན་ཐོག་ཏུ་ཁེལ་བ་དཀའ་ཞེས་ཐོས། །དེས་ན་བར་ཆད་སྲུང་བའི་ཐབས་ལ་འབད། །སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་མཆོག །སྤྱི་བོར་བསྒོམས་ཤིང་དད་པའི་གདུང་ཤུགས་ཀྱིས། །ཡང་ཡང་སྙིང་ནས་གསོལ་བ་འདེབས་ནུས་ན། །བསམ་པའི་དོན་ཀུན་མི་འགྲུབ་མི་སྲིད་དོ། །སྡུག་བསྔལ་རང་བཞིན་འཁོར་བའི་མཚན་ཉིད་ཤེས། །མི་རྟག་ནམ་འཆི་ཆ་མེད་སྙིང་ནས་དྲན། །དཀར་ནག་ལས་འབྲས་བསླུ་བ་མེད་མཐོང་ནས། །རྙེད་དཀའི་ལུས་འདི་དོན་བཅས་མཛད་པར་རིགས། །འཇིགས་དད་སྙིང་རྗེའི་རྒྱུ་ཡིས་བསྐུལ་བྱས་ཏེ། །དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་འགྲོ་ཞིང་། །བྱམས་དང་སྙིང་རྗེའི་ཤུགས་ཀྱིས་དྲངས་པ་ཡི། །བྱང་ཆུབ་སེམས་མཆོག་ལམ་གྱི་སྙིང་པོར་ཟུངས། །མཐོང་ཐོས་ཉལ་བས་གྲོལ་བའི་འུད་ཆེན་གྱིས། །ཐབས་ཤེས་ཡ་བྲལ་གྱུར་པའི་ཉམས་ལེན་ལ། །བསྐལ་བརྒྱར་བརྩོན་ལས་ངེས་འབྱུང་བྱང་ཆུབ་སེམས། །ཐུན་གཅིག་བསྒོམ་པ་མཆོག་ཏུ་བདག་གིས་སེམས། །བརྩོན་པས་དུས་རིང་སྒྲུབ་ལ་གཞོལ་གྱུར་ཀྱང་། །གལ་ཏེ་ཆོས་ཀྱི་གནད་རྣམས་འཆུགས་གྱུར་ན། །རྒྱལ་བ་དགྱེས་པའི་ལམ་ལས་རིང་དུ་འགྱུར། །དེ་ཕྱིར་གནད་ཀྱིས་ཟིན་པའི་དམ་ཆོས་གཅེས། །དེ་ཡང་ངེས་འབྱུང་ཆོས་ཀྱི་རྩ་བ་སྟེ། །འདི་བྲལ་ཆོས་དེ་སྲིད་པའི་རྒྱུ་རུ་ངེས། །སྐྱབས་སུ་འགྲོ་བ་ཆོས་ཀྱི་རྟེན་གཞི་སྟེ། །མེད་ན་སངས་རྒྱས་པ་ཡི་ཆོས་ལུགས་མིན། །བྱང་ཆུབ་སེམས་མཆོག་ཆོས་ཀྱི་སྙིང་པོ་སྟེ། །འདི་མེད་གཞན་གྱིས་བྱང་ཆུབ་ཇི་ལྟར་ཐོབ། །རྣམ་དག་བསྔོ་བ་ཆོས་ཀྱི་སྲུང་མ་སྟེ། །མེད་ན་དགེ་རྩ་རྐྱེན་གྱིས་འཇོམས་པར་འགྱུར། །དེ་བས་འདི་འདྲའི་ཚུལ་ལ་དགོངས་ནས་ནི། །ཆོས་ཀྱི་གནད་རྣམས་འཕྱུག་པ་མེད་པར་མཛོད། །རྒྱལ་བསྟན་སྣང་བྱེད་ནུབ་རིའི་ཕྲག་པར་ཐོན། །ཆོས་མཛད་སྐྱེས་བུ་ཉིན་སྐར་ཙམ་དུ་བས། །མི་སྲུན་སྐྱེ་བོས་ཕྱོགས་ཀུན་ཁྱབ་གྱུར་ཅིང་། །ཆོས་མཐུན་ཟས་གོས་འབྱོར་པས་ཕོངས་དུས་འདིར། །སྔོན་གྱི་ཐུབ་པ་དག་གི་བརྟུལ་ཞུགས་བཞིན། །དབེན་པའི་གནས་སུ་གྱི་ནའི་ཟས་གོས་ཀྱིས། །ཡུན་རིང་འཚོ་བའི་དཀའ་ཐུབ་བྱེད་པ་ནི། །ད་ལྟའི་སྐྱེ་བོས་ནུས་པ་མ་ལགས་པས། །མི་ཚེ་དཀོར་ལ་འབྱམ་པའི་བླ་མ་དང་། །སྐྱོང་བྱེད་ཚུལ་དུ་བཞུགས་པའི་བན་ཆུང་གིས། །རྣམ་ཐར་བོར་ནས་མཐའ་གཉིས་སྤངས་པ་ཡི། །ཐབས་མཁས་སྤྱོད་པས་སྐུ་ཚེ་དོན་ཡོད་མཛོད། །གནས་སྐབས་ལྷན་དུ་སྐྱེས་པའི་གཉེན་རྣམས་ལ། །ཧ་ཅང་བརྩེ་བའི་ཕྲེང་ཐག་དམ་པ་ན། །རྣམ་དག་དམ་ཆོས་སྒྲུབ་པའི་གེགས་ཡིན་ཞེས། །ཆོས་བཞིན་མཛད་པའི་དམ་པ་སྔ་མས་གསུངས་། །རང་ལ་གནོད་ཅིང་གཞན་ལ་མི་ཕན་པས། །ད་ལྟ་གཉེན་རྣམས་སྐྱོང་བའི་དུས་མ་ལགས། །སྐྱིད་སྡུག་སྣ་ཚོགས་སྔོན་ལས་བཙན་པོས་བྱས་། །འདི་ལ་གཞན་གྱིས་བཅོས་སུ་ཇི་ལྟར་ཡོད། །དེ་བས་ཚེ་རབས་གཞན་དུ་འདི་དག་ལ། །དགེ་བའི་བཤེས་ཀྱི་བགྱི་བ་གང་ཡིན་པ། །དེ་ཀུན་བདག་གིས་བྱེད་པར་ཤོག་ཅིག་ཅེས། །རྗེས་བརྩེ་སྨོན་པའི་ཡུལ་ལས་མ་དོར་ན། །གཉེན་ལ་ཕན་ཞིང་རང་ཡང་མི་འཆིང་བས། །མ་སྨད་དོན་གཉིས་སྒྲུབ་པའི་ཐབས་མཁས་འདི། །རྒྱལ་དང་རྒྱལ་སྲས་སྔ་མའི་རྣམ་ཐར་ཏེ། །རྗེས་འཇུག་སྐྱེ་བོའི་ཉམས་ལེན་ལགས་སམ་སྙམ། །དེས་ན་རེ་ཞིག་གཉེན་རྣམས་རིང་སྤངས་ནས། །དབེན་པའི་གནས་སུ་སྒྲུབ་ལ་གཞོལ་གྱུར་ན། །འདི་སྣང་གྲོགས་ཀྱི་ངོ་འཛུམ་མ་མཐོང་ཡང་། །ཐུབ་པའི་ཞལ་བཟང་བལྟ་ལ་མི་རིང་ཉེ། །གལ་ཏེ་རྙེད་དང་བཀུར་སྟི་ལ་སོགས་པ། །སྲིད་པའི་ཕུན་ཚོགས་དང་དུ་བླངས་གྱུར་ན། །ཞི་བའི་ཡོན་ཏན་ཐོབ་པར་མི་འགྱུར་བས། །འཁོར་བའི་བདེ་ལ་ནམ་ཡང་ཆགས་མི་བྱ། །རེ་ཞིག་སྒྲུབ་ལ་བརྩོན་པར་འགྱུར་ནའང་། །གཞན་དོན་ལྟར་སྣང་སྒྲུབ་པའི་བསླུ་བྲིད་ཀྱིས། །ཆོས་བརྒྱད་འདུ་འཛིའི་གཡང་ལ་ལྷུང་གྱུར་ན། །བསྒྲུབ་འབྲས་ཚེ་འདིའི་ཕྱོགས་སུ་ཤོར་བའི་ཕྱིར། །ཆོས་དེ་ཆོས་དང་མཐུན་པ་མ་ཡིན་ཞེས། །ཆོས་འདོད་སྐྱེས་བུ་ཆོས་ལ་བསྐུལ་བའི་ཕྱིར། །ཆོས་སྤྱན་ལྡན་པའི་ཆོས་རྗེ་སྔ་མ་ཡི། །ཆོས་ཚུལ་སྟོན་པའི་ཆོས་གཏམ་རྣམས་ནས་འབྱུང། །མདོར་ན་ཧ་ཅང་གཡེར་ཆེན་མ་ལགས་པར། །ལྐོག་ཏུ་རང་རྒྱུད་ཆོས་ཀྱིས་འདུལ་བ་ནི། །སྙིགས་མའི་དུས་འདིར་གནད་དུ་ཆེ་བའི་ཕྱིར། །སྦས་པའི་ཚུལ་གྱིས་སྒྲུབ་ལ་བརྩོན་པར་མཛོད། །རང་ལ་ཉམས་ལེན་རྡུལ་ཙམ་མེད་བཞིན་དུ། །གཞན་ལ་གདམས་པ་འཆད་པ་ཁྲེལ་བའི་རྒྱུར། །སོང་ཡང་སྙིང་དང་འདྲ་བའི་གྲོགས་པོ་མཆོག །ཁྱེད་ཀྱི་བཀའ་གསུང་གཅོག་པར་མ་ནུས་ལགས། །རྣམ་དཔྱོད་བློ་གྲོས་གསལ་བའི་མཆེད་ཁྱོད་ལ། །རྣམ་དག་བསླབ་བྱ་འདོམས་པའི་ཚིག་གི་ཕྲེང་། །རྣམ་དག་ལྷག་བསམ་གཙང་མས་སྦྱར་བ་ལས། །རྣམ་མང་དགེ་བ་བདག་གིས་གང་ཐོབ་དེས། །ཡིད་མཐུན་ཆོས་ཀྱིས་འབྲེལ་བ་བདག་ཅག་གཉིས། །ཚེས་རབས་ཀུན་ཏུ་རྒྱལ་བའི་རིང་ལུགས་ལ། །ལྟ་སྤྱོད་མཐུན་ཞིང་ཆོས་མཐུན་གྲོགས་གྱུར་ཏེ། །བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག །གདམས་པ་འདི་གསུམ་ནི་བླ་མ་བློ་གྲོས་ཀྱི་བཞེད་སྐོང་དུ་སྤྲུལ་སྐུ་ཨ་འཇམ་པས་བྲིས་པ་ལགས་སོ། །དགེའོ།། །།

ཀུན་བཟང་ཆོས་ཀྱི་ཉི་མ་ལ་གདམས་པ།

ༀ་སྭ་སྟི། །ཡུན་རིང་སྙིང་ལ་ཉལ་བའི་ནང་གི་མུན། །གང་གི་ཐུགས་རྗེའི་ཟེར་གྱིས་འཇོམས་མཛད་པ། །ངག་གི་དབང་ཕྱུག་ལྷག་པའི་ལྷ་མཆོག་དང་། །དབྱེར་མེད་དྲིན་ཆེན་བླ་མས་བདག་སྐྱོངས་ཤིག །སྔོན་བསགས་བསོད་ནམས་ཆུ་གཏེར་ལས་འོངས་ཤིང་། །སྐྱེས་སྦྱངས་བློ་གྲོས་ཆ་ཤས་ཡོངས་སུ་རྫོགས། །ལེགས་བཤད་འོད་དཀར་དྲ་བས་ཉེར་མཛེས་པའི། །གྲོགས་མཆོག་སྨྲ་བའི་ཟླ་བར་འདི་སྐད་ཞུ། །སྤྱོད་ངན་མི་སྡུག་མཚན་མས་བརྒྱན་པའི་ལུས། །རྣམ་གསུམ་བསླབ་པའི་གོས་ཀྱིས་མ་བསྒྲིབས་པར། །རྣམ་གཡེང་དགའ་མའི་ཕྱི་བཞིན་རྒྱུག་པ་ཡི། །ཕོངས་པ་བདག་ལ་གདམས་པའི་ནོར་མེད་མོད། །འོན་ཀྱང་རིང་ནས་མཐུན་པར་འགྲོགས་པའི་གྲོགས། །ཁྱེད་ཀྱིས་ཡང་ཡང་བསྐུལ་བ་མ་བཟོད་ནས། །རྗེས་བརྩེའི་ཆུ་ལས་སྐྱེས་པའི་ལེགས་བཤད་ཀྱི། །མེ་ཏོག་ཕྲེང་བ་འདི་ནི་ཁྱོད་ལ་སྦྱིན། །ཁམས་གསུམ་སེམས་ཅན་ཡང་ཡང་ཟ་བ་ཡི། །མི་རྟག་སྲིན་མོའི་སོ་བར་ཚང་བཅས་ནས། །བདག་ཉིད་གནས་པའི་ངང་ཚུལ་འདི་མཐོང་ཚེ། །ཡིད་ནི་བདེ་བའི་གོ་སྐབས་བྲལ་བར་གྱུར། །ཁྱེད་ཀྱང་འདི་འདྲའི་ཚུལ་ལ་དགོངས་ནས་ནི། །ཧ་ཅང་ངང་སྲིང་སོས་དལ་མི་མཛད་པར། །མྱུར་དུ་འགྲོ་བའི་མགྲོན་པོ་ཇི་བཞིན་དུ། །ཕྱི་མའི་ལམ་རྒྱགས་ཚགས་སུ་ཚུད་པར་མཛོད། །འཕྲལ་སྣང་ཉམས་དགའ་སྲིད་པའི་ཕུན་ཚོགས་འདི། །འཛུམ་གྱིས་བསླུ་བ་སྲིན་མོའི་ངང་ཚུལ་བཞིན། །སུ་ཞིག་ཆགས་ཀྱང་ཕུང་བར་འགྱུར་བས་ན། །འདི་ལ་ཁྱོད་ཀྱིས་དུག་བཞིན་འཛེམ་པར་མཛོད། །རྙེད་བཀུར་ལུས་ཕྲའི་ཟུར་མིག་སྦྱིན་པའི་ཚེ། །ཀུན་རྟོག་གཞོན་ནུ་དྲན་པས་མ་ཟིན་པར། །སྲེད་པའི་འདྲེན་བྱེད་གང་ལ་གཡོས་གྱུར་ན། །རྣམ་གྲོལ་བདེ་བའི་ངལ་གསོ་ཐོབ་པར་དཀའ། །དང་པོར་བསླབ་གསུམ་ནོར་གྱིས་ཕྱུག་ན་ཡང་། །ཉོན་མོངས་ཆོམ་རྐུན་རྒྱུ་འགྲུལ་མ་བཅད་པས། །གྲོགས་པོ་ཕལ་ཆེར་སྤྲང་པོར་མཐོང་ནས་ནི། །ཁྱེད་ཀྱིས་དྲན་ཤེས་མེལ་ཚེ་ཡང་ཡང་མཛོད་། །ལྷ་དང་བླ་མར་གསོལ་བ་བཏབ་ནས་ནི། །ཡིད་ཆེས་གདེང་དྲོད་ཁོང་ནས་ཤར་བའམ། །སྒྲིན་པོའི་བློ་ཡིས་བརྟག་དཔྱད་མ་མཛད་པར། །བྱ་བ་གང་ལའང་གྱ་ཚོམ་འཇུག་མི་རུང་། །གནས་སྐབས་རྒྱུས་མེད་ལམ་དུ་འགྲོ་བ་ལ། །ཡིད་ཆེས་གྲོགས་ཤིག་ངེས་པར་བསྟེན་དགོས་ན། །རྒྱུས་མེད་ཕྱི་མའི་ལམ་ཆེན་ལེན་པ་ལ། །དམ་པའི་གྲོགས་ཤིག་ཅིས་ཀྱང་མེད་ཐབས་མེད། །དེ་སླད་བླ་མ་རྫོགས་པའི་སངས་རྒྱས་ལས། །དབང་ལུང་ཁྲིད་གསུམ་ལེགས་པར་ཐོབ་པ་ཡི། །ཡི་དམ་ལྷ་ལ་ཁྱེད་ཤེས་བློ་གཏད་ཀྱིས། །མགོན་སྐྱབས་བྱ་ལ་ཕྱི་བཤོལ་བྱར་མི་རུང་། །བླ་མ་མཆོག་གི་ཐུགས་མཛོད་ལས་འོང་བའི། །གདམས་པའི་བདུད་རྩི་ཕྱག་ཏུ་ཐོགས་ནས་ནི། །འདི་སྣང་བྱིས་པའི་རྩེ་གྲོགས་མཛད་གྱུར་ན། །སུས་ཀྱང་མ་སྤྱད་གར་སོང་མེད་པར་འགྱུར། །མཁྱེན་བརྩེའི་འོད་སྟོང་འབར་བའི་མཁས་གྲུབ་ཀྱི། །ཉིན་བྱེད་སྣང་བ་ནུབ་པའི་མཚན་དུས་སུ། །ཡོན་ཏན་ཆ་རྫོགས་བླ་མའི་ཟླ་གཞོན་འདི། །བདག་ཅག་རྣམས་ཀྱིས་སྐལ་པའི་དབང་ལས་རྙེད། །ཚུལ་འདི་ཤེས་ནས་བླ་མ་རིན་པོ་ཆེ། །མོས་གུས་དད་པའི་རྒྱལ་མཚན་རྩེར་མཆོད་ནས། །ཁ་ཞེ་མེད་པའི་ཁྱེད་ཤེས་བློ་གཏད་ཀྱིས། །གསོལ་བ་འདེབས་པ་ལམ་གྱི་རྩ་བ་ཡིན། །རྣམ་འབྱོར་ངས་ཀྱང་ཉམས་ལེན་འདི་ལ་བགྱིས། །གྲོགས་པོ་ཁྱོད་ཀྱིས་ཐུགས་དམ་དེ་ལ་མཛོད། །འདོད་འབྱུང་ནོར་བུ་འདི་འདྲ་ཐོབ་ནས་ནི། །རྒུད་པ་མཐའ་དག་བྲོས་པ་བཞིན་དུ་འགྱུར། །རྟོག་དཔྱོད་ཕྱི་ལ་ཤོར་བའི་བློ་མིག་གིས། །གཞན་ལ་སྒྲོ་སྐུར་གླེང་མོས་དུས་འདའ་ཞིང་། །རང་གི་གནས་ཚུལ་ནམ་ཡང་མི་མཐོང་བས། །ཐོས་པའི་ཆོས་རྣམས་རང་གི་རྒྱུད་ལ་སྦྱོར། །ཆོས་དང་གང་ཟག་བཟང་ངན་འབྱེད་པའི་བློ། །རང་གི་འཁྲུལ་རྟོག་ཡིན་པར་མ་ཤེས་ན། །ཀུན་ལ་དག་པའི་སྣང་བ་མི་སྐྱེ་བས། །དང་པོར་རང་སེམས་གཏན་ལ་འབེབས་པ་གཅེས། །འདུ་འཛི་ཉིན་མོའི་སྣང་བ་དང་འགྲོགས་ནས། །རང་སེམས་རྟོག་ཚོགས་རྒྱུ་སྐར་མི་མཐོང་བས། །དབེན་གསུམ་ཟླ་བའི་འོད་དཀར་བསྟེན་བཞིན་དུ། །གང་ཐུགས་ལྷོད་ཀྱིས་བཞག་ན་མངོན་པར་འགྱུར། །དེ་ནས་བརྒྱུད་ལྡན་བླ་མའི་མན་ངག་བཞིན། །གསལ་སྟོང་ཟུང་འཇུག་སེམས་ཀྱི་སྣང་བ་དང་། །གནས་ཚུལ་ཇི་བཞིན་འབྱེད་པའི་མན་ངག་གིས། །ཉམས་ལེན་ཟབ་མོ་སྲང་དུ་ཚུད་པར་མཛོད། །དགེ་སྦྱོར་སྲང་དུ་མ་ཚུད་འོ་ཟོབ་འདིས། །ལྟར་སྣང་གཞན་དག་མགུ་བ་སྲིད་ནའང་། །རྒྱུ་དེས་དད་ཟས་བུ་ལོན་འཕེལ་བ་ལས། །ཕྱི་མའི་ལམ་སྣ་ཟིན་པའི་ངེས་པ་མེད། །ཡིད་ཀྱི་ས་གཞིར་མོས་པའི་ས་བོན་བཏབ། །ཐབས་མཁས་ཞིང་པས་བརྩོན་པས་སྲུང་བ་དང། །བླ་མའི་ཐུགས་རྗེའི་ཆར་གྱིས་ལེགས་བསྐྱངས་ན། །ཕན་བདེའི་ལོ་ཏོག་དེ་ནས་འབྱུང་བར་འགྱུར། །མཁས་འདོད་ལྟད་མོའི་ཚུལ་གྱིས་རང་གཞན་གྱི། །གྲུབ་མཐའ་རྒྱ་མཚོ་མཐོང་བའི་བློ་མིག་ལས། །སྤྱོད་འདོད་གུས་པའི་སེམས་ཀྱིས་གདམས་པའི་བཅུད། །ཅུང་ཟད་མྱང་བ་སྐལ་པ་བཟང་ངམ་སྙམ། །བསྟན་བཅོས་ཐོས་པའི་ཆང་གིས་ཆེར་མྱོས་ནས། །སྒྲོ་སྐུར་ཚིག་གི་འཆལ་གཏམ་སྒྲོག་བཞིན་དུ། །རང་རྒྱུད་ཡང་དག་ལམ་ལས་འདྲེད་གྱུར་ན། །ལས་ངན་ཁུར་ཆེན་གསོག་པར་མི་འགྱུར་རམ། །ཐུབ་པའི་ལེགས་གསུང་སྡེ་སྣོད་རྣམ་པ་གསུམ། །རང་རྒྱུད་འདུལ་བའི་ཐབས་སུ་གསུངས་པས་ན། །ཚིག་གཅིག་ཐོས་ཀྱང་འདི་ཡིས་བདག་གི་སེམས། །ཇི་ལྟར་འདུལ་སྙམ་བསམ་པས་གཏན་ལ་དབབ། །དེ་དོན་ཡང་ཡང་སེམས་པ་བསྒོམ་པ་སྟེ། །ངེས་འབྱུང་བྱམས་བརྩེ་བྱང་ཆུབ་སེམས་ཀྱི་ནོར། །དེ་འདྲའི་ཚུལ་གྱིས་ཡང་ཡང་བསྒྲུབས་ནས་ནི། །དྲི་མེད་ཐུགས་མཛོད་ཆོས་ཀྱི་གང་བར་བྱོས། །མཁྱེན་རབ་ལང་ཚོ་མཛེས་པའི་གཞོན་ནུ་ལ། །ཉམས་ལེན་སྒྲུབ་པའི་མཛའ་གཅུགས་ལྷའི་བུ་མོ། །སྦས་དོན་རིམ་གཉིས་རྒྱན་གྱིས་བཀླུབས་པ་ཞིག །གྲོགས་སུ་འོས་ཀྱི་གཞན་གྱིས་ཅི་ཞིག་བྱ། །ཐོས་པའི་མིག་ཉམས་བློ་གྲོས་ལུས་སྟོབས་ཤོར། །ངེས་འབྱུང་བྱམས་བརྩེའི་ནོོར་གྱིས་དབུལ་བཞིན་དུ། །སྒྲུབ་པའི་དགའ་མ་འབོད་པ་འགའ་མཐོང་ན། །གྲོགས་མཆོག་ཁྱེད་ཀྱིས་ཞུམ་པ་བསྟེན་མི་རུང་། །དབེན་གནས་ལྷ་ཡི་དགའ་ཚལ་དེར་སོང་ནས། །བསམ་གཏན་བདུད་རྩིའི་ཟས་ཀྱིས་འཚོ་བཞིན་དུ། །ཉམས་རྟོགས་རྩེ་དགའི་བདེ་བ་མྱོང་བ་ལ། །རྒན་པོ་བདག་ཀྱང་ད་དུང་རེ་བ་ལགས། །བྱང་ཆུབ་སྒྲུབ་པའི་ཤུལ་ལམ་འདིར་ཞུགས་ཚེ། །བར་ཆད་ཉི་རྡུལ་ལས་ཀྱང་ཆེས་མང་བས། །ཐམས་ཅད་གཉེན་པོས་གཞོམ་གྱིས་མི་ལང་གི། །རྐྱེན་ངན་ལམ་ཁྱེར་གདམས་པའི་སྙིང་པོར་མཛོད། །གང་དུ་གནས་ཀྱང་བདེ་བའི་གོ་སྐབས་མེད། །སུ་དང་འགྲོགས་ཀྱང་བློ་གཏད་ཡིད་ཆེས་དཀའ། །ཇི་ཙམ་འབྱོར་ཡང་སེམས་ལ་ཁེངས་དུས་མེད། །ད་ནི་བློ་སྣ་འཕྲལ་ཆོད་མཛད་ན་ལེགས། །དགའ་དགའ་ལྟ་བུའི་འཛུམ་གྱིས་རང་སེམས་བསླུ། །འགྲུབ་འགྲུབ་འདྲ་བའི་རེ་བས་ཐམས་ཅད་ཕུང་། །སྐྱིད་སྐྱིད་ལྟ་བུའི་སྤྱོད་པས་ཆགས་སྡང་འཕེལ། །བདེན་བདེན་འདྲ་བའི་སྣང་བ་ཐམས་ཅད་བརྫུན། །འདུ་འཛི་སྤོང་བ་ཆོས་པའི་སྟ་གོན་ཡིན། །དབེན་རི་འཛིན་པ་གོང་མའི་གདན་ས་ཡིན། །སྡུག་བསྔལ་དང་ལེན་རྒྱལ་སྲས་ལག་ལེན་ཡིན། །རང་སེམས་འདུལ་བ་དམ་པའི་རྣམ་ཐར་ལགས། །དང་པོ་རང་སེམས་ཆོས་དང་མ་འདྲེས་པར། །ཆོས་པའི་གཟུགས་ཀྱིས་འགྲོ་བའི་དོན་སྤྱོད་པ། །ང་དང་ང་འདྲའི་འཆད་པོའི་གཟུགས་བརྙན་གྱི། །དགེ་བའི་བཤེས་ལ་བྱང་ཆུབ་ཐག་རེ་རིང་། །བདག་འཛིན་ཉོན་མོངས་ནད་ཀྱིས་གདུང་བཞིན་དུ། །དམ་ཆོས་སྨན་མཆོག་རང་གིས་མི་མྱོང་བར། །གདམས་པ་རྒྱ་མཚོའི་སྨན་གྱིས་གཞན་གྱི་ནད། །གསོ་བར་རློམས་པ་བདག་འདྲ་གད་མོའི་གནས། །ཉམས་ལེན་ཟས་ལ་ཡི་ག་མ་ཕྱེ་བས། །བསླབ་གསུམ་ལྟོ་བ་བཀྲེས་པས་གདུང་བཞིན་དུ། །མགྲིན་པའི་ལམ་ནས་ལེགས་བཤད་བདུད་རྩིའི་རྒྱུན། །སྐྱུགས་པ་འདི་ཡང་ཚུལ་དང་མཐུན་པ་མིན། །དམ་པའི་སྐྱེ་སྲིད་ཆེན་པོའི་རྒྱལ་ཚབ་ཏུ། །ཁས་འཆེ་འགྲོ་བའི་འདྲེན་པར་ཆས་པ་ཡི། །བླ་མའི་ཁུར་གྱིས་དུབ་པ་མང་མོད་ཀྱང་། །རང་སེམས་ཆོས་དང་མཐུན་པ་ཉུང་བར་སྣང་། །རང་མགོ་ཐོན་པའི་ཉམས་ལེན་མེད་བཞིན་དུ། །གཞན་དོན་སྒྲུབ་པའི་བྱ་བས་དུས་འདའ་བའི། །བསྟན་འཛིན་དེ་འདྲ་དེང་སང་མང་ན་ཡང་། །བསྟན་དང་འགྲོ་ལ་ཕན་པ་ཅི་འདུག་སེམས། །རང་ལ་བློ་ལྡོག་རྣམ་བཞིའི་གྲུབ་མཐའ་ཙམ། །མེད་བཞིན་ཁྱེད་དང་ངེད་ཀྱི་གྲུབ་མཐའ་ཞེས། །ཆགས་སྡང་སྙེམས་པ་མཐོ་བའི་ཁ་འུར་འདིས། །ཡང་དག་གྲུབ་མཐའ་རྨངས་ནས་འཇིག་པར་བྱེད། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་གྲུབ་པའི་མཐའ། །སྐལ་བཟང་གང་གིས་རྙེད་པ་དེ་དག་གིས། །གྲུབ་མཐའ་ཐམས་ཅད་འགལ་མེད་མཐོང་ནས་ནི། །ཆགས་སྡང་གྲུབ་མཐའི་སྒྲོག་ལས་གྲོལ་བར་འགྱུར། །དེ་སླད་རྣམ་དཔྱོད་ཉི་འོད་ལྟར་གསལ་བའི། །གྲོགས་དག་ལེགས་ཉེས་འདམ་ཀ་མ་ནོར་བར། །མན་ངག་གནད་ཀྱིས་ཟིན་པའི་དམ་ཆོས་ཤིག །སྒྲུབ་པའི་དུས་ལ་བབ་པ་མ་ལགས་སམ། །རྒྱལ་བའི་དགོངས་པ་ཇི་བཞིན་རྟོགས་འདོད་ན། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་དང་། །བདག་ཉིད་ཆེན་པོ་འཇམ་དབྱངས་བླ་མ་སོགས། །འཁྲུལ་མེད་གཞུང་ལ་བརྟེན་ནས་ཡིད་ཆེས་བསྐྱེད། །དེ་ལས་གཞན་དུ་མཁས་མང་བསྟན་བཅོས་ཀྱི། །ཟེར་སྒྲོས་སྣ་ཚོགས་གཅིག་ཏུ་བསྡུས་གྱུར་ན། །འགལ་འདུའི་དབང་གིས་སྒྲོ་སྐུར་རྟོག་པ་སྐྱེ། །ཕྱོགས་ལྷུང་དབང་གིས་ཡང་དག་དོན་མི་རྟོགས། །ལྟ་བའི་སྙིགས་མ་ཤིན་ཏུ་བདོ་བའི་ཕྱིར། །ཡང་དག་ལམ་བཟང་རྙེད་པར་དཀའ་བས་ན། །རྟོན་པ་བཞི་པོ་ཕྱིན་ཅི་མ་ལོག་པར། །རྒྱལ་བ་དགྱེས་པའི་ལམ་ལ་གུས་པར་མཛོད། །རྒྱལ་བས་ལུང་བསྟན་འཕགས་པ་ཀླུ་སྒྲུབ་དང་། །གྲུབ་པའི་དབང་ཕྱུག་དཔལ་ལྡན་བིཪྺཔ། །རྣམ་པ་གཉིས་ལས་རིམ་པར་བརྒྱུད་པ་ཡི། །མདོ་སྔགས་གཉིས་ཀྱི་ལྟ་སྒོམ་དཔྱོད་པའི་གནད། །ཚང་ལ་མ་ནོར་གཅིག་ཏུ་བསྡུས་པ་ནི། །རྣལ་འབྱོར་དབང་པོ་བརྩེ་ཆེན་ས་སྐྱ་པ། །བརྒྱུད་པར་བཅས་པས་རིམ་པར་བསྐྱངས་པ་ཡི། །རང་ལུགས་ཡིད་བཞིན་ནོར་བུ་འདི་ཡིན་ནོ། །གང་དེ་མཁྱེན་པའི་རྒྱ་མཚོར་གནས་བཅས་པའི། །བླ་མའི་དེད་དཔོན་གུས་པས་བསྟེན་པ་དང་། །རང་གི་ལས་འཕྲོ་མོས་གུས་བརྩོན་འགྲུས་ཀྱིས། །ད་ལྟ་བདག་བློ་མཛོད་ཀྱི་ནོར་དུ་གྱུར། །གཤིས་ངན་དུད་འགྲོའི་ངང་ཚུལ་འཛིན་ལགས་མོད། །ཟབ་དོན་སྙན་བརྒྱུད་ལེགས་བཤད་མ་གི་ཏ། །བློ་གྲོས་ལྟེ་བའི་དཔལ་དུ་བཟུང་བ་འདི། །དོན་གཉེར་སྐྱེ་བོས་བླང་འོས་ཡིན་ན་ཡང་། །དུས་ཀྱི་དབང་གིས་སུས་ཀྱང་མི་མྱོང་བས། །རེ་ཞིག་གཞན་ལ་སྟེར་བའི་བློ་མེད་ཀྱང་། །ཆོས་འདིའི་བརྒྱུད་པ་ཟིན་དུ་རེ་ནས་ནི། །སྦྱིན་པར་འགྱུར་གྱི་གྲོགས་དག་དགའ་བས་ལོངས། །འདི་དོན་ཚུལ་བཞིན་སྒོམ་པའི་ཉམས་རྟོགས་ནི། །བདག་གི་རྒྱུད་ལ་ངེས་པར་མ་མཆིས་ཀྱང་། །ཉམས་སུ་ལེན་པའི་ཚུལ་ལ་མ་རྨོངས་པའི། །བློ་འདི་ལྷ་དང་བླ་མའི་དྲིན་གྱིས་ཡིན། །ཉམས་མྱོང་མེད་པའི་ཁ་ཆོས་བཤད་པ་འདིས། །གཞན་ལ་མི་ཕན་རང་ལ་གནོད་པས་ན། །དབུལ་པོའི་ནོར་བུ་གཞན་ལ་སྟེར་བ་བཞིན། །ཕངས་ཀྱང་རང་དབང་རང་གིས་འཛིན་མ་ནུས། །དང་པོ་དགེ་བའི་བཤེས་ལས་ཐོས་པ་བཙལ། །བར་དུ་ཐོས་དོན་བསམ་པས་གཏན་ལ་ཕབ། །ད་ལྟ་རང་སེམས་སྟེང་དུ་མདོ་རྒྱུད་ཀྱི། །ཟབ་གནད་བསྡུ་བ་བརྩོན་པའི་ལག་རྗེས་ཡིན། །སྐྱེས་དང་སྦྱངས་པའི་བློ་གྲོས་མཐུ་ཆུང་ཡང་། །སངས་རྒྱས་དངོས་འདྲའི་བླ་མ་རྙེད་པའི་ཚེ། །མོས་གུས་གསོལ་འདེབས་ཐང་ལྷོད་མ་བྱས་པས། །མི་འཕྲོག་ཡིད་ཆེས་སྙིང་གི་ཁོང་ནས་ཤར། །དེ་སླད་གྲོགས་དག་མཉམ་འགྲོགས་མི་བྱེད་པར། །རྒན་པོའི་ཚིག་ལ་ཡིད་ཆེས་བསྐྱེད་ནས་ནི། །ཟབ་མོའི་ཆོས་དང་རང་སེམས་འདྲེས་པ་ཞིག །བྱུང་ན་དེ་བས་ལྷག་པའི་ཞུ་དོན་མེད། །ཀྱེ་མ་རྒྱལ་བསྟན་ཉི་མ་ནུབ་རིར་འཛེགས། །མི་སྲུན་སྐྱེ་བོས་ཕྱོགས་ཀུན་རབ་བཟུང་བའི། །ལྔ་བརྒྱ་ཐ་མའི་དུས་ཀྱི་རྒུད་པ་རྣམས། །དྲན་བཞིན་རང་གིས་རང་ཉིད་འཆོས་པར་མཛོད། །གཞུང་བརྒྱ་འཆད་པའི་ཁུར་གྱིས་བྲེལ་བཞིན་དུ། །རང་སེམས་ཐ་མས་ལུས་པའི་འཆད་པ་པོ། །འཆི་ཚེ་དུད་འགྲོའི་རྣམ་ཐར་འཛིན་པ་ལ། །ཡིད་སྨོན་མ་བྱེད་དེ་ལ་ཁྲེལ་གྱིས་ཐོབ། །བདེ་སྐྱིད་འདོད་ཀྱང་སྐྱིད་དུས་ད་ནི་མེད། །མཐུན་འཇུག་མཁས་ཀྱང་ཐམས་ཅད་མགུ་བ་དཀའ། །སྒྲུབ་ཀྱང་ལས་ལ་གྲུབ་དུས་མི་འོང་བའི། །ངང་ཚུལ་ཤེས་ནས་ཚེ་འདིའི་བྱ་བ་བོར། །སྔོན་སྤྱད་ལས་ལ་སྙིང་པོ་ངས་མ་མཐོང་། །ད་ལྟའི་འཁྲུལ་སྣང་དེ་བས་ཡ་རེ་ང་། །སླན་ཆད་དགུང་ཉི་ཙམ་གྱི་ཚེ་མཇུག་འདིར། །ཆགས་སྡང་བཟློག་ཕྱིར་ཅིས་ཀྱང་འབད་པར་ཞུ། །ཕྱི་ནང་སྣོད་བཅུད་གང་ལ་བསམ་ཡང་རུང་། །ཡིད་སྐྱོ་འཕེལ་བའི་རྒྱུ་ལས་མ་མཆིས་པས། །དབེན་པའི་རི་ལ་སྒྲུབ་ཚུགས་ཟིན་པ་དང་། །སྙིང་པོའི་བཙན་ས་མྱུར་དུ་ཟིན་པར་མཛོད། །དང་པོར་དགེ་བ་ཐོས་བསམ་ཁྱེད་ཀྱིས་མཛད། །བར་དུ་དགེ་བའི་སྒྲུབ་པའི་རྒྱལ་མཚན་ཚུགས། །ཐ་མར་དགེ་བ་འཕྲིན་ལས་བཟང་པོ་ཡིས། །བསྟན་འགྲོར་ཕན་པའི་སྨོན་འདུན་ངེད་ཀྱིས་ཞུ། །ཆོས་དང་རང་སེམས་ནང་ནས་འདྲེས་པ་དང་། །ཚེ་དང་དམ་པའི་ཆོས་སྤྱོད་སྙོམས་པ་དང་། །རྣམ་དཀར་ཕྲིན་ལས་འགྲོ་བའི་དོན་བྱེད་ཅིང་། །སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པར་ཤོག །ལྷ་དང་བླ་མའི་བྱིན་རླབས་རྒྱུད་ལ་ཞུགས། །དམ་ཅན་སྲུང་མ་ལུས་དང་གྲིབ་བཞིན་འགྲོགས། །བཤད་དང་སྒྲུབ་པས་ཉིན་མཚན་དུས་འདའ་བས། །འཇམ་མགོན་བླ་མའི་ཕྲིན་ལས་སྤེལ་གྱུར་ཅིག །གང་ཞིག་ཁྱེད་ལ་གསོལ་བའི་དོན་དེ་ཀུན། །ཇི་བཞིན་ཐུགས་ཀྱི་ཟེའུ་འབྲུར་འཆང་མཛོད་དང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ལྡན་པའི། །ཆོས་ཀྱི་རྒྱལ་སྲིད་ཁྱེད་ཀྱིས་ཟིན་པར་འགྱུར། །ཞེས་པ་འདི་ནི་དཔྲལ་བའི་མིག་ལྟར་གཅེས་པ་ཀུན་བཟང་ཆོས་ཀྱི་ཉི་མའི་བཞེད་སྐོང་དུ་ཀུན་དགའ་རྒྱལ་མཚན་གྱིས་བྲིས་པའོ།། །།

ཕྲིན་ལས་ཆོས་འཕེལ་ལ་གདམས་པ།

བླ་མ་ལ་ཕྱག་འཚལ་ལོ། །བྱིན་རླབས་ཟླ་ཤེལ་འཛུམ་པའི་བསིལ་ཟེར་གྱིས། །བློ་གྲོས་ཀུནྡའི་ཚལ་རབ་རྒྱས་བྱེད་པ། །ངག་གི་དབང་ཕྱུག་ལྷག་པའི་ལྷ་མཆོག་དང་། །དབྱེར་མེད་དྲིན་ཆེན་བླ་མས་བདག་སྐྱོངས་ཤིག །ལྷག་བསམ་ཆུ་ཡི་རླན་གྱིས་སྐྱེད་བསྲིངས་ཤིང་། །བླ་མའི་ཞལ་ལུང་ཉི་ཟེར་གྱིས་བྲན་པའི། །ཡིད་འོང་གདམས་པའི་མེ་ཏོག་ཕྲེང་མཛེས་འདི། །བུ་མཆོག་ཁྱོད་ཀྱི་རྣ་བའི་རྒྱན་དུ་ལོངས། །དལ་འབྱོར་རྟེན་ཐོབ་མཚན་ལྡན་བླ་མ་མཇལ། །སྐྱེས་སྦྱང་བློ་གྲོས་མཚུངས་པ་མ་མཆིས་པ། །གྲོགས་ཁྱོད་སྐལ་པ་ཤིན་ཏུ་བཟང་ལགས་པས། །ད་ནི་སྙིང་པོའི་བཙན་ས་འཛིན་རེ་རན། །སྤྱིར་ནི་འདུས་བྱས་ཆོས་ལ་ཡིད་བརྟན་མེད། །ཁྱད་པར་སྙིགས་མའི་གནས་གྲོགས་ལོངས་སྤྱོད་ལ། །ཅི་ལྟར་བསམས་ཀྱང་སྙིང་པོ་མི་འདུག་པས། །ཞེན་པ་སྤོང་བར་མཛོད་ཅིག་སྙིང་གི་བུ། །ལྷག་བསམ་བྱང་ཆུབ་སེམས་ཀྱིས་མ་ཟིན་པའི། །བདག་དང་བདག་འདྲའི་བླ་གཟུགས་ཕལ་མོ་ཆེས། །ལྟར་སྣང་གཞན་དོན་སྒྲུབ་པའི་རྣམ་གཡེང་འདིས། །རང་གཞན་ཕུང་ལ་སྦྱར་བ་གཟིགས་ལགས་སམ། །ནམ་ཞིག་འཆི་བ་ཅིས་ཀྱང་འབྱུང་མོད་ཀྱང་། །རེ་ཞིག་མི་སྐྱོན་སྙམ་པའི་ངང་རིང་འདིས། །བདག་གི་འདི་ཕྱིའི་འདོད་དོན་ཀུན་གཏོར་བས། །རྒྱུན་དུ་བློ་སྣ་བསྟུང་བར་མཛོད་ཅིག་བུ། །སྣ་ཚོགས་རྐྱེན་མང་གཞན་དབང་རྟེན་འབྲེལ་གྱིས། །བསམ་དོན་ཐོག་ཏུ་ཁེལ་བ་དཀའ་བས་ན། །ལྷ་དང་བླ་མར་ཡིད་ཆེས་བློ་གཏད་ཀྱིས། །གང་བྱུང་ལམ་དུ་འཁྱེར་བ་གནང་དུ་ཆེ། །འཛིན་སྟངས་ཡུལ་གྱི་སྟེང་དུ་ཤོར་བ་ན། །ཀུན་ལ་དག་པའི་སྣང་བ་མི་སྐྱེ་བས། །སྒྲོ་སྐུར་རྟོག་པའི་རང་མཚང་རིག་ནས་ནི། །ཀུན་ལ་དག་པའི་སྣང་བས་ཁྱབ་པར་མཛོད། །ཐོས་བསམ་བཤད་སྒྲུབ་གང་ལ་ཞུགས་ན་ཡང་། །ཆོས་བརྒྱད་བློ་ངན་གདོན་གྱིས་མ་བསླད་པར། །འཕྲལ་དང་ཕུག་གི་ཁེ་ཉེན་མཐོང་ནས་ནི། །བརྟགས་ཤིང་དཔྱད་ནས་འཇུག་པ་མཁས་པའི་ལུགས། །སྒྲུབ་ལ་བརྩོན་པའི་གནས་སྐབས་ཐམས་ཅད་དུ། །རེ་དོགས་རྟོག་པའི་དབང་དུ་མི་འཆོར་བར། །མོས་གུས་བླ་མའི་རྣལ་འབྱོར་འདི་ཉིད་ཀྱིས། །གེགས་སེལ་བོགས་འདོན་མཐའ་དག་འགྲུབ་པར་གསུངས། །དགུང་ཉི་ཙམ་གྱི་ཚེ་མཇུག་འདི་ཉིད་ལ། །བློ་སྣ་མང་ན་ཐམས་ཅད་འགྲུབ་དཀའ་བས། །ཡི་དམ་གཅིག་ལ་ཁྱེད་ཤེས་བློ་གཏད་ཀྱིས། །ཉམས་ལེན་སྙིང་པོར་དྲིལ་བ་གནད་དུ་ཤེས། །སྔགས་ཀྱི་ཁྱད་ཆོས་དབང་གི་ཡེ་ཤེས་མཆོག །རྣལ་འབྱོར་ཐུན་བཞིས་ཉམས་སུ་ལེན་པའི་ཚུལ། །བརྒྱུད་པ་མཆོག་འདིའི་བཀའ་སྲོལ་ལས་འོང་བའི། །ཐུགས་དམ་འདི་ལ་གཅིག་ཏུ་གུས་པར་མཛོད། །རྒྱུད་ཀྱི་མདོར་བསྟན་གླེང་གཞིའི་རྣམ་དག་གིས། །གདུལ་བྱའི་ལམ་རིམ་སྟོན་པར་གསུངས་པ་ལྟར། །རྒྱས་གདབ་ལྔ་ཡིས་ཡོངས་སུ་བསྡུས་པའི་དོན། །བསྲེ་བ་གསུམ་གྱིས་ཉམས་སུ་ལེན་པའི་ཚུལ། །དག་པ་གཉིས་ལྡན་འབྲས་བུའི་ཡོན་ཏན་རྣམས། །གཞི་དང་མཚུངས་པའི་རྣམ་པ་ལམ་བྱེད་ཀྱིས། །འཁོར་འདས་བསྲེས་ནས་ལམ་བྱེད་བཞི་ལྡན་དུ། །བསྒོམས་ནས་ཐ་མལ་ཞེན་པ་་སྤོང་ལ་བརྩོན། །ཕུང་པོ་དུག་ལྔ་རྟེན་དང་བཅས་པ་ལ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཚུལ། །དག་སྣང་ཡེ་ཤེས་ཆེན་པོས་རྒྱས་འདེབས་པ། །གྱ་ནོམ་ལྷར་ཞེན་འཇིག་པའི་གདམས་ངག་ཡིན། །མན་ངག་གནད་ཀྱིས་ཟིན་པའི་ཏིང་འཛིན་གྱིས། །ཕྱི་ནང་བདུད་དང་སྒྲིབ་གསུམ་མུན་པའི་ཚོགས། །སྐད་ཅིག་ཉིད་ལ་དབྱིངས་སུ་གཅོད་པ་ཡི། །ཟབ་ཆོས་འདི་འདྲ་གཞན་གྱི་ལུགས་ན་མེད། །སྐྱེ་གནས་བཞི་དང་རྩ་རླུང་ཐིག་ལེ་སོགས། །ཡེ་ཤེས་གཅིག་གི་ངོ་བོར་ངོ་སྤྲད་ནས། །སྟོང་བཞིའི་འོད་གསལ་ཟུང་འཇུག་དང་བཅས་པ། །མངོན་བྱང་ལྔ་ཡིས་ཉམས་སུ་ལེན་པ་ཡིན། །ཆོས་ཀུན་བདེན་མེད་སྒྱུ་མར་ཤེས་པའི་བློས། །དུས་གསུམ་དུས་མེད་རྟོགས་ནས་གཉིས་ཆོས་ཀུན། །གཉིས་མེད་བདེ་བ་ཆེན་པོར་རོ་སྙོམས་པ། །ལམ་བཟང་འདི་ཡི་གནད་དོན་མཆོག་གཅིག་ལགས། །འཁྲུལ་སྣང་ལས་ཉོན་ཚོགས་སུ་བསྒྱུར་བ་སོགས་། །མིག་འཕྲུལ་ལྟ་བུའི་ཏིང་འཛིན་ལ་གནས་ནས། །འཇའ་ལུས་རྒྱུ་མའི་སྐུ་མཆོག་བསྒྲུབ་པ་དང་། །སྐྱེ་མེད་ཆོས་སྐུའི་བཙན་ས་ཟིན་པར་མཛོད། །རེ་དོགས་ནང་གི་བདུད་ཆེན་གཡོས་པ་ལས། །རང་སྣང་ཕྱི་རུ་བཟུང་བའི་གདོན་བགེགས་རྣམས། །རང་སེམས་ཉིད་ལས་གཞན་དུ་མ་གྲུབ་པའི། །མ་བཅོས་གཉུག་མའི་ངང་དུ་གློད་ན་བདེ། །དུག་གསུམ་ཡན་པར་ཤོར་བའི་དྲེགས་པའི་ཚོགས། །རང་སེམས་རིག་པའི་རྩལ་ལས་མ་འདས་པས། །རིག་སྟོང་ཆོས་སྐུའི་རང་ཞལ་མཇལ་བ་ན། །དག་པ་རབ་འབྱམས་འབད་ནས་ཚོལ་མི་དགོས། །གཞི་སྣང་རྒྱུད་གསུམ་དྲེགས་པའི་ཚོགས་རྣམས་ཀུན། །ཟབ་ལམ་བསྲེ་བ་གསུམ་གྱི་མན་ངག་གིས། །སྐུ་གསུམ་འབྲས་བུའི་ངོ་བོ་ཁྱེར་ཤེས་པ། །དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་ཡིན། །སྣ་ཚོགས་ཆོས་རྣམས་སེམས་ལས་བྱུང་བའི་ཕྱིར། །རང་སེམས་ཆོས་ཀྱིས་ཐུལ་བའི་སྐད་ཅིག་ལ། །ཕྱི་ཡི་ཆོས་ཀུན་དབང་དུ་འདུ་བ་ཡི། །ནང་གི་རྟེན་འབྲེལ་གནད་ལ་མཁས་པར་མཛོད། །ང་རྒྱལ་སྤངས་ཏེ་མཆོག་དམན་བར་མའི་འགྲོ། །ཀུན་ལ་མ་གུས་བརྙས་པའི་སེམས་སྤོང་བ། །སྔ་རབས་གཤེགས་པའི་རྒྱལ་བ་སྲས་བཅས་ཀྱིས། །བགྲོད་པའི་ལམ་བཟང་ཡིན་པ་ལོས་ཀྱང་དགོངས། །གཞན་ཕན་སེམས་ལ་གོམས་འདྲེས་བརྟན་པ་ན། །གཞན་དོན་ཕྲིན་ལས་འབད་མེད་འབྱུང་ངོ་ཞེས། །བདག་གི་འདྲེན་མཆོག་དགེ་བའི་བཤེས་རྣམས་ཀྱིས། །བརྩེ་བས་བདག་ལ་ཡང་ཡང་གདམས་པར་མཛད། །ཆོས་ལྡན་སྐྱེས་བུ་ཡུན་རིང་འཚོ་བ་ནི། །ཕུན་ཚོགས་དགེ་ལེགས་རྒྱ་མཚོའི་གཞི་ཡིན་པས། །བླ་མའི་ལུང་དང་བདག་གི་ངག་བཞིན་དུ། །སྐུ་ཚེ་བསྲིང་བའི་ཐབས་ལ་འབད་པར་མཛོད། །མ་དག་ལྷག་བསམ་ལྡན་པའི་སྐྱེས་བུ་ལ། །ནག་ཕྱོགས་འབྱུང་པོས་འཚེ་བ་ཆོས་ཉིད་ཡིན། །དེ་སླད་ཐབས་མཁས་རྟེན་འབྲེལ་སྣ་ཚོགས་ཀྱིས། །འཁྲུལ་སྣང་བདུད་སྡེ་ཆོས་ཀྱི་དབྱིངས་སུ་སྐྱོལ། །བར་ཆད་ལོག་སྒྲུབ་ཅི་འདྲ་བྱུང་ན་ཡང་། །ཐམས་ཅད་གཉེན་པོས་གཞོན་གྱིས་མི་ལང་གི། རྐྱེན་ངན་ལམ་ཁྱེར་གནད་ལ་གོམས་གྱུར་ན། །ནམ་ཡང་བསླུ་བ་མེད་པའི་གྲོགས་པོ་ཡིན། །འདུས་བྱས་ཆོས་རྣམས་སྐད་ཅིག་སྐད་ཅིག་སྟེ། །ཆེད་འཛིན་བྱ་རིན་ཆོག་པ་མི་འོང་བས། །གང་ལའང་སྙིང་པོ་མེད་པའི་ཚུལ་ཤེས་ན། །འགྱོད་པའི་ཟུག་རྔུ་ལྡང་བ་མི་སྲིད་དོ། །མདོར་ན་འཇམ་མགོན་བླ་མ་ཆོས་ཀྱི་རྗེ། །རྡོ་རྗེ་འཆང་དངོས་རྫོགས་པའི་སངས་རྒྱས་དེས། །བདག་ཅག་རྗེས་འཇུག་བུ་ལ་གནང་བ་ཡི། །ཟབ་གསང་དམ་པའི་ཆོས་ཀྱི་བདུད་རྩི་རྣམས། །དད་བརྩོན་བློ་ཡི་སྙིམ་པས་ལེགས་གསོལ་ནས། །རྣམ་གཡེང་ཕྱིར་བཤོལ་དབང་དུ་མི་གཏོང་བར། །ཆོས་དང་རང་སེམས་ནང་ནས་འདྲེས་པ་དང་། །ཉམས་རྟོགས་ཡོན་ཏན་ལུས་སྟོབས་བསྐྱེད་པར་མཛོད། །གྲོགས་ཁྱོད་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཡི། །ཐུགས་བརྩེས་རྗེས་སུ་བཟུང་བའི་སྲས་ཡིན་པས། །བླ་མའི་རྣམ་ཐར་ཡིད་ལ་བཅངས་ནས་ནི། །སྒྲུབ་པའི་དམ་བཅའ་ཟུངས་ཤིག་སྙིང་གི་བུ། །ཁྱོད་ཀྱི་སྐུ་ཚེ་ཡུལ་དུ་བརྟན་པ་དང་། །ཐུགས་ཀྱི་བཞེད་དོན་ལྷུང་གྱིས་གྲུབ་ནས་ནི། །རྣམ་དཀར་ཕྲིན་ལས་འགྲོ་ལ་ཕན་འདོགས་པའི། །སྨོན་འདུན་སྤྲང་པོ་ངས་ཀྱང་ཡང་ཡང་ཞུ། །ལྷ་དང་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ལུང་དང་རྟོགས་པའི་ཆོས་ལ་དབང་འབྱོར་ནས། །རང་དང་གཞན་གྱི་དོན་གཉིས་མཐར་ཕྱིན་ཏེ། །བསྟན་འགྲོའི་དཔལ་མགོན་མཛད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་མཁྱེན་རབ་ཀྱི་དབང་ཕྱུག་སྡེ་སྣོད་འཛིན་པ་ཆེན་པོ་ཕྲིན་ལས་ཆོས་འཕེལ་གྱི་བཞེད་སྐོང་དུ་ཆོས་སྨྲ་བའི་བཙུན་པ་ཀུན་དགའ་རྒྱལ་མཚན་གྱིས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

ཕུར་རྩ་ཚུལ་ཁྲིམས་ལ་གདམས་པ།

བླ་མའི་ཞབས་ལ་གུས་པས་ཕྱག་བྱས་ནས། །ཁྱོད་ལ་བརྩེ་བས་མཆིད་འདི་བདག་གིས་བྲི། །མི་ལུས་འདི་ནི་ཤིན་ཏུ་རྙེད་པར་དཀའ། །མི་རྟག་འཆི་བ་ནམ་འོང་ངེས་པ་མེད། །མཚན་ལྡན་བླ་མ་མཇལ་བ་ད་རེས་ཙམ། །ད་རེས་མྱུར་དུ་ཆོས་ལ་མ་འབད་ན། །ཕྱི་ནས་འདི་འདྲའི་སྐལ་བཟང་རྙེད་དཀའ་བས། །གཅིག་ཏུ་བརྩོན་པས་མི་ཚེ་དོན་ཡོད་གྱིས། །ཡིད་ཆེས་བློ་གཏད་ནམ་ཡང་མི་འགྱུར་བས། །མཆོག་གསུམ་བླ་མ་སྤྱི་བོའི་ཐོད་བཞིན་བཀུར། །གེགས་དང་གོལ་ས་བར་ཆད་མི་འབྱུང་ཞིང་། །ཆེ་འབྲེལ་ཆུང་འབྲེལ་གཅིག་ཏུ་ཚང་བའི་ཆོས། །ཉམས་ལེན་སྙིང་པོ་རིན་ཆེན་བྱང་ཆུབ་སེམས། །འདི་དང་རང་སེམས་འདྲེས་པའི་སྐལ་བཟང་ཞིག །བྱུང་ན་དེ་བས་ལྷག་པའི་ཆོས་མི་དགོས། །ཟ་ཉལ་འགྲོ་འདུག་བྱ་བ་ཇི་བྱེད་ཀྱང་། །མདོར་ན་དུས་དང་གནས་སྐབས་ཐམས་ཅད་དུ། །བསམ་པ་བཟང་པོ་འདི་དང་མ་བྲལ་ན། །རྒྱལ་བའི་ལམ་ལས་གཞན་དུ་འཕྱུགས་པ་མེད། །འདུ་འབྲལ་མེད་པའི་མོས་གུས་གདུང་ཤུགས་ཀྱིས། །རྩ་བའི་བླ་མར་རྒྱུན་དུ་གསོལ་བ་ཐོབ། །ལས་འབྲས་བསླུ་མེད་དཔང་པོར་བཙུགས་ནས་ནི། །སྲོག་གི་ཕྱིར་ཡང་སྡིག་པའི་བྱ་བ་སྤོང་། །འཆི་ཚེ་རང་ལ་འགྱོད་པ་མི་འབྱུང་ཙམ། །བྱུང་ན་དལ་འབྱོར་དོན་ཡོད་བྱ་བ་ལགས། །ལྷ་དང་བླ་མ་མཆོག་གི་བྱིན་རླབས་དང་། །བདག་གི་ལྷག་བསམ་དག་པའི་རྟེན་འབྲེལ་གྱིས། །སྨྲས་པའི་ཚིག་འདི་གྲོགས་པོ་ཁྱོད་ཉིད་ཀྱི། །རྒྱུད་ལ་འབྱོར་ནས་བསམ་པ་འགྲུབ་པར་ཤོག །ཅེས་ཕུར་རྩ་ཚུལ་ཁྲིམས་ལ་གདམས་པ་དགེའོ།། །།

ཞལ་གདམས་ཡིད་ཀྱི་པདྨོའི་ཁ་འབྱེད་འོད་སྟོང་བདག་པོ།

རང་དོན་སྤངས་རྟོགས་ཡོན་ཏན་ཡོངས་སུ་རྫོགས། །གཞན་དོན་གདུལ་བྱའི་རེ་འདོད་ཡིད་བཞིན་སྐོང་། །མཚུངས་མེད་བླ་མའི་ཞབས་ལ་གུས་བཏུད་ནས། །ཉུང་ངུའི་ཚིག་འདི་གུས་པའི་ཡིད་ཀྱིས་སྤེལ། །དང་པོ་ཆོས་ལམ་གཉེར་བའི་དུས་ཀྱི་ཚེ། །འཁོར་བའི་གནས་རིས་གང་དུ་སྐྱེས་གྱུར་ཀྱང་། །བདེ་བའི་གོ་སྐབས་ནམ་ཡང་མེད་པའི་ཚུལ། །ཡིད་ཆེས་ངེས་པ་གཏིང་ནས་མ་རྙེད་ན། །ཚེ་འདིའི་ཕུན་ཚོགས་འདོད་པའི་བློ་ངན་དང་། །འགྲོགས་པའི་ཐོས་བསམ་བསྒོམ་པའི་བྱ་བ་ཡིས། །ཐར་པའི་ལམ་བཟང་བགྲོད་པར་མི་ནུས་པས། །ཚེ་འདིའི་ཞེན་པ་དུག་བཞིན་སྤོང་བར་མཛོད། །ཆོས་ལ་ཞུགས་ཚེ་གཉེན་གྲོགས་མཛའ་བཤེས་ཀྱིས། །ལོག་པའི་ལམ་དུ་བསྒྱུར་བར་གསུངས་པས་ན། །མཚན་ལྡན་བླ་མའི་བཀའ་ལུང་ཇི་བཞིན་དུ། །བློ་ཐག་བཅད་ནས་རང་ཚུགས་འཛིན་པ་གཅེས། །དབེན་པའི་གནས་སུ་སྒྲུབ་ལ་གཞོལ་བའི་དུས། །ཚུལ་མིན་ཡིད་བྱེད་རྟོག་པའི་བདུད་ལས་འདིས། །ཕྱིན་ཅི་ལོག་གི་གཡང་སར་འཁྲིད་པས་ན། །དྲན་ཤེས་བཟང་པོས་རང་སེམས་འདུལ་བ་གནད། །ཡོན་ཏན་ཅུང་ཟད་རྒྱུད་ལ་སྐྱེས་པའི་ཚེ། །ལྟར་སྣང་གཞན་དོན་བྱེད་པའི་རྣམ་གཡེང་གིས། །སྒྲུབ་འབྲས་ཚེ་འདིར་འཆོར་བར་གསུངས་པས་ན། །ཆོས་བརྒྱད་བློ་ངན་ལམ་ཁའི་རོ་བཞིན་སྤོངས། །རང་གི་ཉམས་སུ་བླང་བྱའི་ཆོས་དེ་ཡི། །ཐོག་མཐའ་ཀུན་ལ་མཁས་པར་མ་སྦྱངས་ན། །ནེ་ཙོའི་ཁ་འདོན་ལྟ་བུའི་ཉམས་ལེན་ལ། །བརྩོན་པ་མང་ཡང་ལམ་སྣ་ཟིན་པ་ཉུང་། །སྐྱིད་འདོད་ཚེ་འདིའི་ཞེན་པ་སྤངས་ནས་ནི། །ངེས་འབྱུང་བྱང་ཆུང་སེམས་ཀྱིས་ཟིན་པ་ཡིས། །སྡུག་བསྔལ་དང་ལེན་དཀའ་སྤྱད་དྲག་པོ་ཡིས། །སྒྲུབ་ལ་བརྩོན་པ་དམ་པའི་རྣམ་ཐར་ལགས། །བདག་འཛིན་འགོང་པོའི་གཉེན་པོར་མ་སོང་བའི། །ལྟར་སྣང་ཆོས་ཀྱིས་ཆོས་གོ་མི་ཆོད་པས། །བདེན་གཉིས་ཟུང་འཇུག་བྱང་ཆུབ་སེམས་མཆོག་གིས། །རང་སེམས་འདུལ་བ་རྒྱལ་བའི་སྲས་ཀྱི་ཚུལ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་གིས། །རང་གི་སེམས་འདི་འདུལ་བར་མ་ནུས་ན། །ལེགས་སྨོན་དུག་གིས་སྦགས་པའི་བསྙེན་སྒྲུབ་དེས། །རྣམ་མཁྱེན་ལམ་དུ་འགྲོ་བར་དཀའ་བ་ལགས། །འདུ་འཛི་སྤེལ་བའི་གྲོགས་ངན་མ་སྤངས་ན། །ཡེངས་མ་ལམ་དུ་མི་ཚེ་ཟད་འགྱུར་བས། །སྨྲ་བ་བཅད་ནས་དབེན་པའི་རི་ཁྲོད་དུ། །སྒྲུབ་ལ་བརྩོན་ན་མི་ཚེ་དོན་ཡོད་ཡིན། །འདིར་སྣང་ཆེ་རྒུའི་ཞལ་འཛུམ་མ་མཐོང་ཞིང་། །དཔལ་འབྱོར་ལོངས་སྤྱོད་གང་ཡང་མ་མཆིས་ཀྱང་། །དམན་ས་བཟུང་ནས་སྒྲུབ་ལ་གཞོལ་ནུས་ན། །མཚུངས་མེད་བླ་མའི་ཐུགས་དགོངས་རྫོགས་པར་ངེས། །ལྡན་དང་གྲོལ་བའི་ཡོན་ཏན་མེད་བཞིན་དུ། །དད་རྫས་ཟོས་པའི་ཉེས་པ་ལྕི་བའི་ཕྱིར། །ཁ་མགོ་ཐོན་ཙམ་ཟས་གོས་འབྱོར་བའི་ཚེ། །རང་ཚོད་བཟུང་ནས་རང་སེམས་ཆོས་དང་བསྲེས། །སྦྱང་གཞི་སྦྱོང་བྱེད་རང་ངོ་མ་འཕྲོད་པའི། །བསྐྱེད་རྫོགས་སྒོམ་པས་འཁྲུལ་སྣང་འཇིག་དཀའ་བས། །འཇམ་མགོན་བརྒྱུད་པའི་བཀའ་སྲོལ་ཇི་བཞིན་དུ། །འཁོར་འདས་བསྲེ་བའི་གནད་ལ་མཁས་པར་མཛོད། །ཉམས་ལེན་མན་ངག་གནད་ཀྱིས་མ་ཟིན་པའི། །ཆོས་གཟུགས་ཙམ་གྱིས་འཆི་ཁར་མི་ཕན་པས། །འཇམ་མགོན་བླ་མའི་བཀའ་ལུང་ཇི་བཞིན་དུ། །ཟབ་མོའི་ཉམས་ལེན་སྲང་དུ་ཚུད་དགོས་ཤིང་། །བྱིན་རླབས་བརྒྱུད་པའི་བཀའ་བབ་མ་ཉམས་པའི། །བླ་མ་འདི་འདྲ་དེང་སང་རྙེད་དཀའ་བས། །ཁ་ཞེ་མེད་པར་དད་པའི་གདུང་ཤུགས་ཀྱིས། །གསོལ་བ་འདེབས་པ་ལམ་གྱི་རྩ་བ་ཡིན། །རང་རྒྱུད་གཡོ་སྒྱུའི་སྐྱོན་གྱིས་མ་བསླད་ཅིང་། །མཆོག་དམན་ཀུན་ལ་ཞེ་འགྲས་མ་ཤོར་བར། །དབེན་པའི་གནས་སུ་འཆི་བ་སྒུག་ནུས་ན། །བདག་ནི་སྙིང་ནས་དེ་ལ་སྤྲོ་བར་འདུག །བརྒྱུད་པ་མཆོག་འདིའི་བཀའ་སྲོལ་ལས་བྱུང་བའི། །སྙན་བརྒྱུད་བཞི་ལྡན་དབང་བཞིའི་ལམ་བཟང་པོ། །ཆག་མེད་ཚུལ་གྱིས་ཉམས་སུ་ལེན་ནུས་ན། །དལ་འབྱོར་རིན་ཆེན་རྙེད་པ་དོན་བཅས་ཡིན། །ཡང་གསང་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི། །སྙན་བརྒྱུད་ཟབ་མོ་རང་ལ་ཡོད་བཞིན་དུ། །རི་བོང་ཅལ་བཞིན་འུད་ཅན་གཞན་དག་གི། རྗེས་སུ་འབྲང་བ་ཆོས་སྐལ་ཆད་པའི་རྟགས། །དལ་འབྱོར་ཐོབ་ཅིང་མཚན་ལྡན་བླ་མ་མཇལ། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་དུས་འདིར། །བློ་སྣ་བསྟུངས་ནས་རྩེ་གཅིག་སྒྲུབ་པ་ལ། །གཞོལ་བའི་དམ་བཅས་སྙིང་གི་དཀྱིལ་ནས་མཛོད། །རང་གི་སེམས་རྒྱུད་ཆོས་དང་མ་འདྲེས་པའི། །རྨོངས་པ་བདག་ལས་གདམས་ངག་མི་འབྱུང་མོད། །ཆོས་མཐུན་གྲོགས་ཀྱི་ཞལ་ངོ་མ་ཆོག་ནས། །ཡིད་ལ་གང་དྲིན་ཡི་གེའི་ལམ་དུ་སྤེལ། །ཆོས་དང་འབྲེལ་བའི་བདག་ཅག་དཔོན་སློབ་རྣམས། །ཚེ་རབས་ཀུན་ཏུ་འཇམ་མགོན་བླ་མ་ཡི། །ཞབས་པད་བསྟན་ཅིང་ལྟ་སྤྱོད་མཐུན་པ་དང་། །བསྟན་དང་འགྲོ་བའི་དོན་ཆེན་བྱེད་པར་ཤོག །ཅེས་པ་འདི་ནི་ཐར་ལམ་དབུ་མཛད་འཇམ་དབྱངས་བཀྲ་ཤིས་དང་། །དོན་གླིང་ཚེ་མཚམས་པ་བསམ་གཏན་ཕྲིན་ལས་གཉིས་ཀྱི་བཞེད་སྐོང་དུ་ཡུལ་ལི་ཐང་ཕྱོགས་སུ་སྐྱེས་པའི་བན་དེ་ཀུན་གའ་རྒྱལ་མཚན་གྱིས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

སྒྲུབ་བརྩོན་པ་ཞིག་ལ་གནང་བ་ཞལ་གདམས་འཕོ་མེད་མ།

འཕོ་མེད་ཆོས་སྐུའི་དགོངས་པ་མངོན་གྱུར་ཀྱང་། བཟོད་མེད་དུཿཁས་མནར་བའི་འགྲོ་བ་ལ། །ཐུགས་རྗེའི་སྤྱན་རས་ཟུམ་པར་མི་མཛད་པའི། །བླ་མའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་ལྷན་སྐྱེས་བདེ་བ་ཆེ། །བདེ་བླག་ཉིད་དུ་རྟོགས་པའི་ཐབས་ཀྱི་མཆོག །ཟབ་མོའི་བླ་མའི་རྣལ་འབྱོར་བསྒོམ་པ་ནི། །གསང་ཆེན་ལམ་གྱི་སྙིང་པོའི་དམ་པ་ལགས། །དེ་ཡང་རང་གི་ཕུང་ཁམས་སྐྱེ་མཆེད་ལ། །རྣམ་དག་གདན་གསུམ་ཚང་བའི་ལྷ་ཚོགས་ཀྱི། །ས་བོན་བཏབ་ནས་བྱིན་གྱིས་རློབ་མཛད་པ། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ལ། །སྐྱབས་གནས་ཐམས་ཅད་འདུས་པར་ཐག་བཅད་ནས། །ཉིན་མོ་སྤྱི་བོར་མཚན་མོ་སྙིང་དབུས་སུ། །ཡང་ཡང་བསྒོམས་ནས་གསོལ་བ་སྙིང་ནས་འདེབས། །སྤངས་རྟོགས་མཐར་ཕྱིན་བླ་མའི་གསང་གསུམ་དང་། །ཐ་མལ་རང་གི་སྒོ་གསུམ་བསྲེས་ནས་ནི། །ཐེ་ཚོམ་མེད་པར་ད་ལྟའི་རིག་པ་འདི། །མ་ཡེངས་མ་བཅོས་འཛིན་མེད་ལྷུག་པར་ཞོག །བློ་འདས་འོད་གསལ་ཕྱག་རྒྱ་ཆེན་པོ་ཡི། །གནས་ལུགས་དོན་གྱི་བླ་མའི་རང་ཞལ་ལྟ། །རྗེས་ཐོབ་སྣང་གྲགས་རིག་པའི་ཆོས་རྣམས་ཀུན། །བླ་མའི་རྡོ་རྗེ་གསུམ་དུ་ཤེས་པའི་བློས། །ཡིད་ཆེས་བསྐྱེད་ལ་གསོལ་བ་བཏབ་པའི་མཐར། །སྣང་སེམས་བསྲེས་ལ་འཛིན་མེད་ལྟ་བ་སྐྱོངས། །རྒྱལ་ཀུན་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མ། །རང་ངོར་བླ་མའི་ཚུལ་དུ་སྣང་བའི་ཕྱིར། །ལྷ་དང་བླ་མ་ངོ་བོ་དབྱེར་མེད་དུ། །ངེས་པའི་ཤེས་པ་གཏིང་ནས་སྐྱེས་པ་ན། །བླ་མ་མཇལ་ཡང་དེ་ཡིས་མི་ཚིམ་པར། །ཡི་དམ་གཞན་དུ་ཚོལ་བའི་བློ་ངན་འཇིག །སྣང་སྲིད་འཁོར་འདས་བསྡུས་པའི་ཆོས་རྣམས་ཀུན། །རང་སེམས་རིག་པའི་རྩལ་དུ་ཤེས་པ་ན། །གཉུག་མ་འོད་གསལ་དོན་གྱི་བླ་མ་ལས། །གཞན་པའི་སྐྱབས་གནས་མེད་པའི་ཕུ་ཐག་ཆོད། །མཉམ་བཞག་དམིགས་མེད་ལྟ་བ་བསྒོམ་པ་དང་། །རྗེས་ཐོབ་སྣང་བ་སྒྱུ་མའི་ཚུལ་དུ་ཤེས། །རླབས་ཆེན་རྒྱ་ཆེན་སྤྱོད་པའི་གཞུང་བསྲངས་ཏེ། །ནམ་ཞིག་མཉམ་རྗེས་རེས་འཇོག་མ་ཡིན་པར། །དམིགས་མེད་ངང་དུ་རོ་མཉམ་གྱུར་པ་ན། །མཆོག་གི་དངོས་གྲུབ་ཐོབ་པའི་ཐ་སྙད་བྱེད། །དང་པོར་ཆོས་ཀྱི་ལམ་དུ་འཇུག་པ་ན། །སྲིད་ལས་ངེས་པར་འབྱུང་བའི་བློ་བསྐྱེད་ནས། །དགག་སྒྲུབ་གནང་བའི་སྤྱོད་པ་མ་ལུས་པ། །མིག་འབྲས་བཞིན་དུ་སྲུང་སྡོམ་བགྱི་ལ་འབད། །བར་དུ་རིམ་གཉིས་སྒོམ་པ་བརྟན་པ་ན། །ཨ་འཐས་གུ་དོག་སྤྱོད་པ་སྤངས་ནས་ནི། །ལམ་ཀུན་གཟིངས་བཞིན་འདོར་བར་བྱེད་པ་ནི། །ལམ་མཐའ་ཕྱིན་པ་སྔ་མའི་རྣམ་ཐར་ལགས། །ཆོས་བརྒྱད་རྟོག་པ་འཇིག་པའི་ལྟ་བ་དང་། །ལས་འབྲས་དཔང་དུ་བཙུགས་པའི་སྤྱོད་པ་གཉིས། །ཐབས་ལ་མཁས་པས་ཟུང་དུ་མ་ཆུད་ན། །བདེན་གཉིས་ཡ་བྲལ་གྱུར་པའི་ཉེས་པ་ཡོད། །རེ་དོོགས་དགག་སྒྲུབ་རྟོག་པའི་ཕྲེང་བ་རྣམས། །མཉམ་ཉིད་རྟོགས་པའི་རྒྱན་དུ་ཁྱེར་ནས་ནི། །སྲིད་ཞི་གཉིས་མེད་ཟུང་འཇུག་རྡོ་རྗེ་འཆང་། །ཚེ་འདི་ཉིད་ལ་མངོན་དུ་འགྱུར་བར་མཛོད། །འདི་དག་རང་གི་རྒྱུད་ན་མ་མཆིས་པས། །གོ་ཡུལ་ཚིག་གི་ཕྲེང་བ་སྤེལ་བ་ལ། །སེམས་ནི་ཤིན་ཏུ་སྐྲག་པར་གྱུར་ན་ཡང་། །སྒྲུབ་བརྩོན་བླ་མ་དམ་པ་ཁྱོད་ཉིད་ཀྱི། །གསུང་གིས་བསྐུལ་བ་ལྡོག་ཏུ་མ་ཕོད་ནས། །ཤཱཀྱའི་དགེ་སློང་ཀུན་དགའི་མིང་གིས་བྲིས། །ནོངས་པ་ལྷ་དང་བླ་མའི་སྤྱན་སྔར་འཆག །དགེ་བས་ཁྱེད་ཀྱི་ཐུགས་དགོངས་རྫོགས་པ་དང་། །སླད་མར་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ།། །།

བཀྲ་ཤིས་ཆོས་ལྡན་ལ་གདམས་པ།

བླ་མ་ལ་ཕྱག་འཚལ་ལོ། །སྡོམ་གསུམ་ཉེས་པའི་དྲི་མས་དབེན་ཞིང་། །ཐེག་གསུམ་ལམ་གྱི་ཡོན་ཏན་ཀུན་རྫོགས། །གསང་གསུམ་རྒྱལ་བའི་ངོ་བོར་བཞུགས་པའི། །སྐྱབས་གསུམ་ཀུན་འདུས་བླ་མ་མཁྱེན་ནོ། །ཆོས་ཀུན་སྒྲིབ་མེད་མངོན་སུམ་གཟིགས་ཤིང་། །འགྲོ་བ་ཡོངས་ལ་བུ་ལྟར་བརྩེ་བ། །རྒྱལ་བ་ཀུན་གྱི་ཕྲིན་ལས་རང་གཟུགས། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །སྙིང་ནས་ཆོས་ལམ་གཉེར་བའི་འདུན་མ། །ལྷག་བསམ་རི་མོ་སེམས་ལ་བྲིས་ཀྱང་། །བསམ་དོན་ཐོག་ཏུ་ཁེལ་བ་དཀའ་བས། །བར་ཆད་བདུད་ལས་རྒྱལ་བར་འཛོད་ཅིག །ཐུགས་བརྩེའི་ཐུགས་ཀྱིས་ཡུན་རིང་བསྐྱངས་པའི། །སྙིང་གི་གྲོགས་མཆོག་དམ་པ་ཁྱོད་ལ། །བཅོས་མ་སྤངས་པའི་བདེན་པའི་ཚིག་གིས། །མཆིད་འདི་གསོལ་གྱིས་ཐུགས་ལ་ཞོག་མཛོད། །རྙེད་དཀའི་མི་ལུས་རིན་ཆེན་འདི་འདྲ། །སླན་ཆད་ཐོབ་པར་དཀའ་བ་ལགས་པས། །རྣམ་དཀར་ལྷ་ཆོས་སྒྲུབ་པའི་འདུན་པ། །ཐུགས་ཀྱི་དཀྱིལ་ནས་བོར་དུ་མི་རུང་། །ནམ་འཆི་ངེས་པ་སུ་ལའང་མེད་པས། །གློ་བུར་འཆི་བདག་གཤིན་རྗེ་སླེབ་ཀྱང་། །འགྱོད་པ་མེད་པའི་དགེ་ཚོགས་ཅི་འགྲུབ། །ད་ལྟ་ཉིད་ནས་ཚགས་སུ་ཚུད་དགོས། །ཆོས་དང་འཇིག་རྟེན་བྱ་བ་གང་ལ། །བློ་རྩེ་དཀོན་མཆོག་གསུམ་ལ་གཏད་ནས། །ཡིད་ཆེས་མཆོག་གསུམ་ཡུལ་ལ་བྱེད་པ། །དམ་པ་སྔ་མའི་རྣམ་ཐར་ལགས་པས། །སྐྱིད་སྡུག་ལེགས་ཉེས་ཅི་འདྲ་བྱུང་ཡང་། །ལས་འབྲས་བསླུ་མེད་སེམས་ལ་བཟུང་སྟེ། །མཆོག་གསུམ་བླ་མར་གསོལ་བ་བཏབ་ན། །བསམ་དོན་ཆོས་བཞིན་མི་འགྲུབ་མི་སྲིད། །རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་དངོས། །མངོན་སུམ་མི་ཡི་གཟུགས་སུ་བྱོན་པ། །འཇམ་མགོན་བླ་མ་ལེགས་པའི་མཚན་ཅན། །གྲོགས་པོ་ཁྱོད་ཀྱི་རིགས་བདག་ལགས་པས། །ཁ་ཞེ་མངོན་ལྐོག་མེད་པའི་དད་པས། །ཅི་མཛད་ཁྱེད་ཤེས་བློ་གཏད་ངང་ནས། །ཉིན་མཚན་ཀུན་ཏུ་གསོལ་བ་འདེབས་པ། །ཉམས་ལེན་ཆོས་ཀྱི་སྙིང་པོར་འཛིན་དགོས། །བདག་ཀྱང་རྗེ་བཙུན་བླ་མ་འདི་ལ། །སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་ནས། །འདི་ཕྱིའི་བློ་གཏད་ཁོང་ལ་བཅོལ་བས། །ཕྱི་མའི་ལམ་རྒྱགས་ཅུང་ཟད་རྙེད་ཡོད། །ཁྱེད་ཀྱང་ཡིད་ཆེས་མོས་གུས་བསྐྱེད་ལ། །བློ་ཕུག་བླ་མ་འདི་ལ་གཏོད་དང་། །བྱིན་རླབས་ཐུགས་རྗེས་བསླུ་བ་མེད་པའི། །ཉམས་མྱོང་ཚད་མ་ང་ལ་ཡོད་ལགས། །རང་མགོ་ཐོན་པའི་གདེང་དྲོད་མེད་བཞིན། །གཞན་མགོ་འདོན་པའི་སྙིང་སྟོབས་འཆང་བ། །ང་དང་ང་འདྲའི་བླ་མ་གཞན་ལ། །སྐྱབས་སུ་སོང་ཡང་ཕན་པ་འབྱུང་དཀའ། །སྙིང་ནས་ལྷ་ཆོས་མཛད་པར་དགོངས་ཚེ། །ཚེ་འདིའི་བྱ་བ་དུག་བཞིན་སྤངས་ནས། །དབེན་པའི་གནས་སུ་སྒྲུབ་ལ་གཞོལ་བ། །ཆོས་མཛད་སྔ་མའི་རྣམ་ཐར་ལགས་མོད། །སྣ་ཚོགས་རྐྱེན་ངན་རླུང་ལྟར་འཚུབ་པའི། །ཤིན་ཏུ་རྒུད་པའི་དུས་ངན་འདི་རུ། །འཇིག་རྟེན་བྱ་བ་ཐམས་ཅད་བཞག་ནས། །ཆོས་སྒྲུབ་ཟེར་བ་དཀའ་བར་འདུག་པས། །ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་སྦྱངས་ཏེ། །བྱ་བ་ཆེ་ཆུང་ཅི་བྱེད་ཐམས་ཅད་། །གཞན་ཕན་སེམས་ཀྱིས་ཟིན་པར་མཛད་ན། །དོན་གཉིས་འབད་མེད་ཤུགས་ཀྱིས་འགྲུབ་འོང་། །འཕྲལ་ཕུགས་བྱ་བ་གང་ལ་འཇུག་ཀྱང་། །ཕྱི་རྗེས་རིང་དུ་ལྟ་བ་གནད་ཡིན། །སྒྲུབ་ཀྱང་གྲུབ་དུས་ནམ་ཡང་མེད་པའི། །འདུན་མའི་ཐོག་མར་བརྟག་དཔྱད་མཛད་དགོས། །གཞུངས་བཟང་ཕྱི་ཐག་ཅན་གྱི་གྲོགས་ལ། །བློ་གཏད་མཛད་ན་བསླུ་བ་མེད་མོད། །ཁེ་ཉེན་བརྩི་བའི་སྙིགས་མའི་གྲོགས་ཀྱིས། །ནམ་ཡང་བསླུ་བ་ཁྱེད་ཀྱིས་ལོས་མཁྱེན། །གནས་གྲོགས་ལོངས་སྤྱོད་གང་ལ་བསམས་ཀྱང་། །སྐྱོ་བ་སྐྱེ་བའི་རྒྱུ་ལས་མེད་པས། །ཆོས་མེད་ཀུན་དགའ་བདག་གི་སེམས་པ། །དབེན་པའི་རི་ལ་དགའ་བ་དེ་ལགས། །ཧ་ཅང་བསམ་པའི་མཐའ་རྒྱ་བསྐྱེད་ན། །རང་སྡུག་རིན་གྱིས་ཉོ་བ་སྲིད་པས། །དུས་དང་བསྟུན་པའི་ཐབས་མཁས་ངང་ནས། །བློ་སྣ་འཕྲལ་ཆོད་མཛད་ན་དགའ་འམ། །བདག་ལ་ཡོན་ཏན་ཆེན་པོ་མེད་རུང་། །མི་ཆོས་འདུན་མ་མཁས་པའི་གྲལ་དུ། །འཁོར་སློབ་ཕལ་ཆེར་བརྩི་བར་འདུག་ཀྱང་། །བསམ་བཞིན་གྲུབ་དུས་དེ་སྔ་མ་བྱུང་། །བསྒྲུབས་ན་འགྲུབ་ངེས་ལྷ་ཆོས་ཡིན་པས། །མི་ཚེ་ལྷག་མ་ཅུང་ཟད་འདི་ལ། །འཆི་ཁར་མི་འགྱོད་ཙམ་ཞིག་རེ་བ། །ཡང་ཡང་སྙིང་གི་དཀྱིལ་ནས་དྲན་བྱུང་། །སྙིང་གྲོགས་ཁྱེད་ཀྱིས་དེ་ཚུལ་དགོངས་ལ། །འདི་ཕྱིའི་ཁེ་ཉེན་ཞིབ་ཏུ་བརྟགས་ནས། །བྱ་བ་ཆེ་ཆུང་གང་ལ་འཇུག་ཀྱང་། །ལེགས་ཉེས་བདམ་ཁ་ནོར་དུ་མི་རུང་། །འདི་བཞིན་བྱས་ན་འདི་བྱུང་སྙམ་པའི། །རེ་དོགས་རྟོག་པའི་འཁྲུལ་འཁོར་འདི་ཡིས་། །བདག་ནི་སྔོན་ཆད་ཡང་ཡང་བསླུས་པར། །ཁྱོད་ཀྱང་འདི་ཡིས་བསླུ་དོགས་མཛད་དགོས། །རྣམ་དཀར་དགེ་ཚོགས་གང་ཞིག་བསྒྲུབས་ཀྱང་། །དཀོན་མཆོག་གསུམ་ལ་ཡིད་ཆེས་བསྐྱེད་ནས། །ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་པའི། །སྨོན་ལམ་འདེབས་པ་གནད་ཀྱི་དོན་ཡིན། །སྦྱོར་དངོས་རྗེས་ཀྱིས་ཟིན་པ་མེད་ན། །ལྟར་སྣང་ཆོས་དེས་ཕན་པ་ཆུང་བས། །སེམས་བསྐྱེད་བསྔོ་བའི་བར་དུ་བཙུད་པའི། །ཆོས་དང་རང་སེམས་སྦྱོར་བ་གལ་ཆེ། །གྲོགས་པོ་ཁྱེད་ཀྱིས་མཛད་པའི་སྤྲོས་པ། །ངེས་པར་བསྐྱུར་ཏེ་གནས་དུས་བྱུང་ཚེ། །སངས་རྒྱས་དངོས་འདྲའི་བླ་མ་མཆོག་ལས། །དབང་བསྐུར་ཐོབ་པའི་ཡི་དམ་ཞིག་ལ། །སྙིང་ནས་བློ་གཏད་ཆིག་དྲིལ་མཛད་དེ། །ཉིན་མཚན་ཀུན་ཏུ་བརྩོན་པ་མཛད་དགོས། །དེ་ཡང་ཉམས་ལེན་གནད་དུ་ཁེལ་བའི། །མན་ངག་སྙིང་པོས་ཟིན་པ་གལ་ཆེ། །བླ་མ་སངས་རྒྱས་དངོས་སུ་མཐོང་ཚེ། །བྱིན་རླབས་བཀག་ཀྱང་མི་ཁེག་འཇུག་ཡོང་། །སྙིང་ལ་བླ་མའི་བྱིན་རླབས་ཞུགས་ཚེ། །ཆོས་དང་རང་སེམས་གཏིང་ནས་འདྲེས་ཡོང་། །སེམས་རྒྱུད་ཆོས་དང་འདྲེས་པར་གྱུར་ན། །ཤི་ཡང་འགྱོད་པ་མེད་པ་ལགས་སོ། །བདག་ཉིད་གཅེས་འཛིན་འགོང་པོ་ཐུལ་ན། །དགྲ་འདྲེའི་སྣང་བ་དབྱིངས་སུ་དེངས་འགྲོ། །ཀུན་ལ་བྱམས་བརྩེ་ལྷག་བསམ་འབྱོངས་ཚེ། །ཀུན་ཀྱང་བྱམས་པའི་གཉེན་དུ་འགྱུར་འོང་། །ང་རྒྱལ་ཁེངས་པའི་རྭ་རྩེ་བཅད་ན། །རྟག་ཏུ་རང་གིས་དམན་ས་ཟིན་འགྲོ། འགྲོ་ཀུན་སྤྱི་བོས་ཐོད་བཞིན་བཀུར་ན། །འགྲན་སེམས་རྩོད་པའི་བྲེལ་ཟིང་མི་འོང་། །བག་ཡངས་ངང་དུ་དགེ་ལ་བརྩོན་ན། །ཕྱི་མའི་ལམ་རྒྱགས་ཚགས་སུ་ཚུད་འགྲོ། །གྲགས་སྙན་འདོད་པའི་རེ་བ་ཆད་ན། །ཚེ་འདིའི་བྱ་བ་བློ་ཡིས་ཐོངས་ཡོང། །ནམ་འཆི་ཆ་མེད་སྙིང་ལ་དྲན་ཚེ། །ལྷ་ཆོས་ངམ་ངམ་ཤུགས་ཀྱིས་འགྲུབ་འགྲོ། །ལས་འབྲས་བསླུ་མེད་སེམས་ལ་བཟུང་ན། །ཚེ་རབས་ཀུན་ཏུ་ཆོས་དང་འཕྲད་འོང་། །དགེ་བཅུའི་ལམ་གྱི་ཐེམ་སྐས་བཙུགས་ན། །ལྷ་ཡུལ་འགྲོད་པ་ཐང་རིང་མ་རེད། །བྱང་ཆུབ་སེམས་ཀྱི་ལམ་བཟང་བསྟེན་ན། །སངས་རྒྱས་སྒྲུབ་པ་དཀའ་རྒྱུ་ཅི་ཡོད། །དམ་ཚིག་སྡོམ་པའི་གཤོག་རྩལ་རྒྱས་ན། མཁའ་སྤྱོད་བགྲོད་པ་སུས་ཀྱང་ནུས་འོང་། གསང་ཆེན་ཟབ་མོའི་མན་ངག་བསྟེན་ན། །འོག་མིན་གནས་ཀྱང་འདི་ན་འདུག་སྐད། །ཟབ་མོ་བླ་མའི་ལམ་ལ་བརྩོན་ན། །ཐུགས་ཡིད་དབྱེར་མེད་ཉམས་རྟོགས་རྒྱས་འོང་། །སྙིང་ནས་བརྩེ་བའི་གྲོགས་པོ་ཁྱེད་ལ། །སྙིང་གཏམ་བྲིས་ཏེ་ཕུལ་བ་དེ་ལགས། །སྙིང་གི་དཀྱིལ་དུ་སྦ་བར་མཛོད་དང་། །སྙིང་པོའི་གདམས་པ་ཡིན་པར་སེམས་སོ། །ཁྱེད་ཀྱི་སྐུ་ཚེ་མཐའ་རུ་ཕྱིན་ཅིང་། །ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་སྟེ། །མི་ཚེ་སྐྱིད་ཀྱིས་འཁྱོངས་པར་འགྱུར་བའི། །སྨོན་འདུན་སྙིང་ནས་བདག་གིས་ཞུའོ། །རིགས་སྔགས་འཛིན་པའི་ཁུ་བྱུག་སྔོན་པོ། །སྣ་ཚོགས་རྐྱེན་ངན་ལྷགས་པས་གདུངས་ཚེ། །སྨན་ལྗོངས་དབེན་པའི་ནགས་ཚལ་དྲན་ནས། །གསུང་ངག་བསྡམས་ནས་ལྡེམ་ལྡེམ་ཡོད་ལགས། །གལ་ཏེ་བསམ་དོན་ཐོག་ཏུ་ཁེལ་ནས། །སྒྲུབ་ལ་གཞོལ་བའི་སྐལ་བཟང་རྙེད་ཚེ། །ཁྱེད་ཀྱང་ཡང་དག་ལམ་དུ་ཚུད་པའི། །དངོས་གྲུབ་ལྷ་དང་བླ་མར་ཞུའོ། །ཞེས་གྲོགས་མཆོག་དམ་པ་བཀྲ་ཤིས་ཆོས་ལྡན་གྱི་བཞེད་སྐོང་དུ་ཆོས་སྨྲ་བའི་གཟུགས་བརྙན་ཀུན་དགའ་རྒྱལ་མཚན་གྱིས་བྲིས་པ་དགེའོ།། །།

མི་དབང་གདུགས་དཀར་ལ་གདམས་པ།

བརྩེ་བའི་གཉེན་གཅུགས་སེམས་ཀྱི་རྟེན་ཕུར། །ཡིད་ཀྱི་འཁྲི་ཤིང་སྙིང་གི་ཐིག་ལེ། །མི་དབང་གདུགས་དཀར་སྙན་གྱི་ལམ་དུ། །བདེན་གཏམ་ཟངས་མ་ཕུལ་བ་འདི་ལགས་། །རང་གིས་འབད་ནས་བསགས་པ་མིན་ཡང་། །ཕ་ཁུ་བཟང་པོ་བྱུང་བའི་ལག་རྗེས། །ལྷ་དང་མཉམ་པའི་བདེ་སྐྱིད་ཐོབ་པ། །སྔོན་བསགས་བསོད་ནམས་ཡིན་པ་ལོས་དགོངས་། །ཧ་ཅང་མངའ་ཐང་རྒྱས་པར་གྱུར་ན། །དེ་ལ་རྒུད་པ་ཤིན་ཏུ་ཉེ་བས། །རང་ཚོད་ཟིན་པའི་ཐབས་མཁས་གྱིས་ལ། །མི་ཚེ་སྐྱིད་ཀྱིས་འཁྱོངས་པར་མཛོད་ཅིག །དཀོན་མཆོག་གསུམ་པོ་འདི་ཙམ་མ་གཏོགས། །སྙིང་ནས་བློ་གཏད་འཕེར་བ་མེད་པས། །སྐྱིད་སྡུག་གནས་སྐབས་ཅི་འདྲ་བྱུང་ཡང་། །མཆོག་གསུམ་བླ་མ་སེམས་ཀྱིས་མ་འདོར། །ད་ལྟའི་དུས་ཀྱི་མི་ཆེན་ཕལ་ཆེར། །རྐུན་མས་དཔོན་ས་བཟུང་བ་མང་བས། །མནའ་དགེ་མེད་པའི་ཁྲམ་པ་རྣམས་ལ། །རྣམ་པ་ཀུན་ཏུ་བློ་གཏད་མ་མཛད། །ཁ་བཤད་ཚེ་ན་ཉིན་བྱེད་འཆར་ཡང་། །ལག་ལེན་དུས་ན་མུན་མགོ་རུབ་ནས། །ཁོང་ཤེས་མེད་པའ་ིཁ་དཔའ་འདོན་པ། །ད་ལྟའི་སྐྱེ་བོའི་བཤད་ཚུལ་རེད་ལགས། །ཟས་གོས་ནོར་གྱིས་ངོ་བསྲུང་དགོས་པའི། །གཉེན་བཤེས་རྣམས་ལ་སྙིང་པོ་མེད་པས། །རྒྱུ་འབྲས་བསླུ་མེད་སེམས་ན་ཡོད་པའི། །བཟང་པོའི་གྲོགས་ལ་བརྟེན་པ་གལ་ཆེ། །ཅུང་ཟད་ལེགས་ན་ང་རྒྱལ་སྐྱེ་ཞིང་། །ཕྲན་ཚེག་ཉེས་ན་སེམས་རྩ་ཞུམ་པ། །དཔའ་བརྟན་སྐྱེ་བོའི་སྤྱོད་པ་མིན་པས། །རྣམ་པ་ཀུན་ཏུ་སྙིང་སྟོབས་བསྐྱེད་དགོས། །ཧ་ཅང་བྱམས་ན་དབང་དུ་མི་འདུ། །རྩུབ་སྤྱོད་ཁོ་ནས་དགྲ་རུ་ལྡང་བས། །འཇམ་རྩུབ་བྱ་བ་ཇི་ལྟར་བྱས་ཀྱང་། །ཕྱི་རྗེས་རིང་དུ་ལྟ་བ་གནད་ལགས། །དཔའ་རྩལ་སྤྱང་གྲུང་འཛོམས་པ་ལགས་ཀྱང་། །བསོད་ནམས་མེད་ན་བདེ་བ་མི་ཐོབ། །བསོད་ནམས་བསགས་ན་བདེ་སྐྱིད་དཔལ་འབྱོར། །ཤུགས་ཀྱིས་འགྲུབ་པ་ཆོས་ཉིད་ལགས་སོ། །ལྷ་སྲས་ཁྱོད་ཀྱིས་ཚུལ་འདི་དགོངས་ལ། །བློ་སྟོབས་བསྐྱེད་ལ་ལྷ་ཆོས་མཛོད་དང་། །ཐུགས་བཞེད་མཐའ་དག་ལྷུན་གྱིས་གྲུབ་ནས། །མི་ཆོས་ཕུན་སུམ་ཚོགས་པར་འགྱུར་རོ། །སེམས་ལ་རང་དོན་ཕུགས་སུ་བཅུག་ནས། །བྱམས་སྡང་ལོག་པར་སྟོན་པའི་སྐྱེ་བོས། །འཕྲལ་དུ་ལུས་ངག་གུས་པར་འདུག་ཀྱང་། །སྒྲིན་པོའི་བློ་ཡིས་བརྟག་དཔྱད་དགོས་སོ། །བཅོས་མའི་སྤྱོད་ལམ་ལུས་འཁྱུགས་ལྡེམ་ཞིང་། །སྐུ་ཞབས་རྗེ་ཞེས་གུས་པས་འབོད་པའི། །ཁྲམ་པའི་ཚིག་ལ་སྙིང་པོ་ཅི་ཡོད། །ཉམས་ཉེས་བྱུང་ཚེ་ཁྱེད་ཀྱིས་གཟིགས་འོང་། །ཉམ་ཐག་མགོན་མེད་སྤྲང་པོའི་ཚོགས་ལ། །རང་གི་ལག་གིས་སྦྱིན་པ་གཏོང་ཞིང་། །ང་རྒྱལ་མེད་པ་བརྩེ་བས་སྐྱོང་བ། །ཡ་རབས་དྲ་མའི་མཛད་པ་ལོས་ཡིན། །ཕ་ཁུ་བཟང་པོ་སྐུ་ཚེ་བརྟན་ཅིང་། །རང་ཡང་ན་གཞོན་རིག་པ་རྣོ་བས། །ད་ལྟ་བག་ཡངས་ངང་ལ་མ་བཞུགས། །རྒྱལ་སྲིད་བཙན་པའི་ཐབས་ལ་འབད་མཛོད། །ད་ལྟའི་སྟོབས་འབྱོར་འདི་བས་ལྷག་ཞིག །དུས་ཀྱི་དབང་གིས་འོང་བར་དཀའ་བས། །མལ་ས་ནོན་པའི་ཐབས་མཁས་ཤེས་ན། །བདག་ལ་ཞུ་དོན་དེ་ལས་མེད་ལགས། །སྤྲེ་འུས་བྱེད་སྤྱོད་སྣ་ཚོགས་ཤེས་ཀྱང་། །རང་རྩའི་མདུད་པ་བཤིག་ལ་མི་མཁས། །ཁ་བཤད་ཤེས་ཀྱང་ལག་ལེན་མེད་པའི། །མི་ངན་བདག་ཀྱང་དེ་དང་འདྲ་ལགས། །མ་རྒན་ཉམ་ཐག་འཆི་བའི་ཚེ་ན། །བུ་འདིས་དམ་པའི་ཆོས་ཤིག་འགྲུབ་ཚེ། །བདག་ལ་བསམ་རྒྱུ་དེ་ལས་མེད་ཅེས། །ཨ་མའི་ཞལ་ཆེམས་དེ་འདྲ་གནང་ཡང་། །ལས་ངན་བདག་ནི་རྐྱེན་གྱི་དབང་གིས། །བསམ་ངན་རྟོག་པའི་འཁྲུལ་འཁོར་བསྐོར་ནས། །མི་ངན་རྣམས་དང་རྒྱུན་དུ་འགྲོགས་པས། །འདི་ཕྱི་གཉིས་མེད་འདི་འདྲ་རེད་སོང་། །བརྩེ་བའི་མ་དང་སྲིང་མོ་ལ་སོགས། །ཡིད་གཅུགས་བདག་གི་གཉེན་བཤེས་ཕལ་ཆེར། །དབང་མེད་ལས་ཀྱི་རླུང་གིས་དེད་ནས། །ཕྱི་མའི་ལམ་ཆེན་བླངས་ནས་ལང་སོང་། །བྲལ་བའི་སྡུག་བསྔལ་ཤིན་ཏུ་ཆེ་ཡང་། །ད་ནི་གར་ཡོད་ཙམ་ཡང་མི་ཤེས། །སྐྱིད་སྡུག་གནས་སྐབས་ཅི་འདྲ་ཡོད་སྙམ། །སེམས་ནི་ཤིན་ཏུ་སྐྱོ་བར་འདུག་ལགས། །སྙིང་གི་མེ་ཏོག་གཞོན་ནུ་ཁྱེད་ལ། །ད་དུང་ཞུ་རྒྱུ་མང་པོ་འདུག་རུང་། །འབྲེལ་མེད་གཏམ་ལ་འབྲས་བུ་མེད་པས། །ཡི་གེས་འཇིགས་ནས་དེ་ལས་མ་བྲིས། །ཡིད་འོང་ས་འཛིན་མཐོན་པོའི་རྐེད་པ། །སྔོན་བྱོན་དམ་པ་གོང་མའི་གདན་ས། །ངུར་སྨྲིག་འཛིན་པ་དགེ་འདུན་རྒྱ་མཚོ། །འདུ་བའི་གནས་མཆོག་ཡིད་འོང་དགོན་པ། །ལྷ་ཤིང་ཤུགས་པའི་ཡལ་གའི་ཁྲོད་ནས། །ལྷ་བྱ་འཇོམ་མོའི་གླུ་དབྱངས་ལེན་ཅིང་། །དཀར་དམར་ལང་ཚོའི་གཟི་མདངས་བཀྲ་བའི། །མེ་ཏོག་སྣ་ཚོགས་རྒྱན་བཞིན་བཀྲམ་ལ། །སྐད་སྙན་བུང་བའི་བུ་མོའི་ཚོགས་རྣམས། །འཆི་མེད་ལམ་དུ་བརྩེ་ཞིང་ལྡིང་བ། །རྒྱ་མཚོ་ཆེན་པོའི་རྦ་རླབས་བཞིན་དུ། །ལོ་ཡག་སྙེ་མ་རླུང་གིས་བསྐྱོད་ཅིང་། །ཡིད་འོང་ཕྱོགས་ཀྱི་ཐ་གྲུ་ཐམས་ཅད། །རི་དྭགས་གཡུང་དག་དུ་མས་གང་ཞིང་། །བྱ་ཚོགས་མང་པོའི་སྙན་གླུས་བཟུང་བའི། །སྔོ་ལྗང་ལྗོན་པའི་ཕྲེང་བས་བསྐོར་བ། །ཆར་སྤྲིན་མཐིང་ནག་རྣམ་པར་གཡོ་ཞིང་། །འབྲུག་སྒྲ་ཟབ་མོ་དལ་གྱིས་དགོད་བཞིན། །ཟིམ་བུའི་ཆར་གྱིས་དགའ་བ་སྦྱིན་པའི། །ཡིད་འོང་ཉམས་དགའི་གནས་མཆོག་དེ་རུ། །དགེ་བཤེས་ཕྲིན་ལས་འཕེལ་རྒྱས་མཆོག་གི། གཟིམ་ཁང་བཀྲ་ཤིས་མཐོང་སྨོན་ནང་ནས། །བསམ་ཡས་རྫུ་འཕྲུལ་སྟོབས་ཀྱི་བདག་པོ། །གླིང་རྗེ་གེ་སར་རྒྱལ་པོའི་བརྒྱུད་པ། །ཕྱོགས་བཞིའི་དགྲ་མགོ་དུས་གཅིག་ནོན་པའི། །མེས་པོ་སྟག་གཟིག་ལྟ་བུའི་ཚ་བོ། །ལུགས་གཉིས་མཁྱེན་དཔྱོད་སྤོབས་པ་མཐོ་བ། །ཕ་ཁུ་ཅང་ཤེས་ལྟ་བུའི་བུ་བརྒྱུད། །སྣ་ཚོགས་གཞུང་ལུགས་མང་དུ་མཐོང་བའི། །བློ་ལྡན་ཞིག་གིས་བྲིས་པ་འདྲའོ། །ཨ་ལ་དོན་མེད་ཚིགས་ཚོགས་མང་པོ་འདི། །ཨ་གདུགས་ཁྱེད་ཀྱི་མཁྱེན་པའི་སྤྱན་ལམ་དུ། །ཨ་འཇམ་ཞེས་བྱའི་ཁ་ཡངས་མིག་ཡངས་དེས། །ཨ་མཚར་རྩེ་མོའི་ཚུལ་དུ་ཕུལ་བ་ལགས། །

ཞལ་གདམས་ཉུང་བསྡུས་གང་ཞིག་མ།

གང་ཞིག་སྙིང་ནས་གུས་པ་ཡིས། །བསྟེན་ན་ནམ་ཡང་མི་བསླུ་བའི། །དཔལ་མགོན་རྩ་བའི་བླ་མ་ལ། །དང་བའི་ཡིད་ཀྱིས་ཕྱག་བགྱིས་ནས། །ཚིག་གི་མེ་ཏོག་ལས་འོང་ཞིང་། །དོན་གྱི་རོ་བཅུད་མ་ཉམས་པའི། །ཡིད་འོང་གདམས་པའི་འབྲས་བུ་འདི། །ཁྱོད་ལ་སྦྱིན་གྱིས་གུས་པས་ལོངས། །ཕན་བདེའི་འབྱུང་གནས་ཐུབ་བསྟན་གྱི། །ཉི་མ་ནུབ་ཀྱི་རི་རྩེར་འཛེགས། །སྡུག་བསྔལ་མུན་པས་ཕྱོགས་ཀུན་ཏུ། །ཁྱབ་པའི་སྙིགས་མའི་དུས་ངན་འདིར། །ཡང་དག་ལམ་བཟང་འདོམས་པ་ཡི། །དགེ་བའི་བཤེས་དང་མཇལ་དཀའ་བས། །མཚན་ལྡན་བླ་མ་རྙེད་པའི་ཚེ། །མཉམ་འགྲོགས་ལོག་ལྟ་མི་འཆོར་བར། །དབུལ་པོས་ནོར་བུ་རྙེད་པ་ལྟར། །ཤིན་ཏུ་དཀོན་པའི་འདུ་ཤེས་ཀྱིས། །དམ་པ་སྔ་མའི་རྣམ་ཐར་བཞིན། །གུས་པའི་ཚུལ་གྱིས་བསྟེན་པར་མཛོད། །ལེ་ལོ་ཅན་ལ་ལུང་རྟོགས་ཀྱི། །ཡོན་ཏན་འབྱུང་བ་མི་སྲིད་པས། །མགོ་ལ་མེ་ཤོས་བཟློག་འདྲ་བའི། །གུས་དང་རྟག་པའི་བརྩོན་འགྲུས་ཀྱིས། །དང་པོར་ཐོས་པའི་རྒྱ་མཚོ་ལ། །སྤྲོ་བའི་ཡིད་ཀྱིས་འཇུག་པར་མཛོད། །བླང་དོར་འབྱེད་པའི་བློ་གྲོས་ཀྱི། །འདྲེན་བྱེད་གསལ་བར་གྱུར་པའི་ཚེ། །སྒྲོ་སྐུར་གཏམ་གྱིས་ལས་ངན་གྱི། །ཁུར་པོ་འདེགས་ལ་མི་ཕྱོགས་པར། །གང་ཤེས་ཆོས་ཀྱི་གནད་དོན་རྣམས། །རང་གི་རྒྱུད་ལ་སྦྱོར་བར་མཛོད། །ཤིན་ཏུ་གདུལ་དཀའི་རང་སེམས་འདི། །དམ་པའི་ཆོས་ཀྱིས་ཐུལ་བའི་ཚེ། །བླ་མའི་ཐུགས་དགོངས་རྫོགས་པ་དང་། །ཕ་མའི་དྲིན་ལན་འཁོར་བ་དང་། །དལ་འབྱོར་སྙིང་པོ་ལོན་པ་རྣམས། །ཆབས་ཅིག་འབྱུང་བ་མ་ལགས་སམ། །གཞོན་ནུ་ཁྱོད་ལ་ཞུ་འོས་པའི། །སྐབས་དོན་ཤིན་ཏུ་མང་ན་ཡང་། །ལས་ངན་བདག་ནི་མི་ཁོམ་པའི། །གཞན་དབང་དྲག་པོས་མནར་འདུག་པས། །ད་ལན་མདརོར་དུ་བསྡུས་པ་ལ། །རེ་ཞིག་ཁྱོད་ཀྱིས་བཟོད་པར་མཛོད། །ཁྱོད་གསུང་མི་བཟློག་ཙམ་ཞིག་ཏུ། །བློ་གྲོས་གཞན་ཕན་ཟླ་བ་ཡིས། །གང་ཤར་ཡི་གེའི་ལམ་བཟང་པོར། །སྤེལ་འདི་དུས་ཀུན་དགེ་གྱུར་ཅིག། །།

ཕྲིན་ཆོས་རང་ཡུལ་དུ་འབྱོན་སྐབས་ཞལ་གདམས་གནང་བ་བཞུགས་སོ། །རྗེ་རྫོགས་པའི་སངས་རྒྱས་མི་གཟུགས་ཅན། །སྐྱབས་བཀའ་དྲིན་མཚུངས་མེད་ཆོས་ཀྱི་རྗེ། །ཕ་འཇམ་མགོན་ངག་གི་དབང་པོ་ལ། །སྙིང་རུས་པའི་གཏིང་ནས་སྐྱབས་སུ་མཆི། །མགོན་དེ་ཡི་ཐུགས་ཀྱིས་རྗེས་སུ་བཟུང་། །སྒོས་དད་བརྩོན་ཤེས་རབ་མཆོག་མངའ་བ། །མི་བདག་ལ་བློ་གཏད་འཆའ་བ་ཡི། །གྲོགས་ཁྱོད་ཀྱི་ཐུགས་ལ་འདི་ལྟར་ཆོངས། །དུས་སྙིགས་མའི་སེམས་ཅན་བསོད་ནམས་ཆུང་། །ཆོས་རྣམ་དག་སྒྲུབ་པ་ཉིན་སྐར་ཙམ། །རྐྱེན་ངན་པའི་དབང་དུ་མི་འཆོར་བར། །གྲོགས་ཁྱེད་ཀྱིས་བློ་སྣ་བསྟུངས་པར་མཛོད། །གནས་མི་མེད་དབེན་པའི་རི་ཁྲོད་དུ། །སེམས་རྩེ་གཅིག་སྒྲུབ་ལ་གཞོལ་ནུས་ན། །དུས་ཧ་ཅང་ཡུནུ་རིང་མ་ཡིན་པར། །མི་ཁྱོད་ཀྱིས་བཙན་ས་ཟིན་སྙམ་བྱེད། །སྔོན་བྱོན་པའི་སྐྱེས་མཆོག་དེ་དག་གིས། །ཆོས་དང་པོ་རང་གིས་ཉམས་ལེན་མཛད། །རང་མི་འཆིང་གཞན་ལ་ཕན་པའི་ཚེ། །ཐུགས་བརྩེ་བས་འགྲོ་དོན་མཛད་པ་ལགས། །དོན་དེ་ཕྱིར་དམ་པ་གོང་མ་ཡིས། །ཆོས་བསླབ་གསུམ་བསྟན་པའི་སྲོག་བཟུང་ནས། །ཐུགས་བརྩེ་བས་སེམས་ཅན་མ་བོར་བས། །དོན་གཉིས་པོ་མཐའ་རུ་ཕྱིན་པ་མང་། །དཔལ་དོན་གྲུབ་གླིང་གི་དགོན་པ་རུ། །ཁོང་གྲུབ་ཆེན་ངག་དབང་བསམ་གཏན་དང་། །རྗེ་ཀུན་དགའ་དཔལ་འབྱོར་ལ་སོགས་པ། །ཉམས་རྟོགས་པའི་དབང་ཕྱུག་གྱུར་པ་ཡི། །མཁས་གྲུབ་ཀྱི་བླ་མ་མང་པོ་བྱོན། །ད་དམ་པ་གོང་མའི་རྣམ་ཐར་ལ། །ཡིད་འདུན་པ་རྩེ་གཅིག་གཏད་ནས་ནི། །དུས་ཕྱིར་བཤོལ་དབང་དུ་མི་འཆོར་བར། །ད་སྒྲུབ་པའི་རྒྱལ་མཚན་འཛུགས་རེ་རན། །རྗེ་བླ་མ་སངས་རྒྱས་དངོས་དང་མཇལ། །ཆོས་ཟབ་དགུའི་གདམས་པ་ཐོབ་དུས་འདིར། །ད་རང་གིས་ཉམས་ལེན་མ་མཛད་ན། །དུས་ཕྱིས་སུ་འགྱོད་པས་གདུངས་ཏེ་འཆི། །སྐྱབས་བླ་མ་དཀོན་མཆོག་གཙུག་ཏུ་ཁུར། །ཆོས་བྱང་ཆུབ་སེམས་ལ་བློ་སྦྱངས་ནས། །གནས་དབེན་པའི་རི་ཁྲོད་འཛིན་པ་ལ། །ཐུགས་སྤྲོ་བར་མཛོད་ཅིག་སྙིང་གི་བུ། །མི་བདག་གི་ཁ་ཕོ་མ་ཡིན་ཏེ། །ཕ་བླ་མའི་ལུང་བསྟན་ཁྱོད་ལ་ཡོད། །སེམས་གུས་པས་དང་དུ་བླངས་གྱུར་ན། །དོན་བསླུ་བ་མེད་པ་སྙིང་གཏམ་ཡིན། །སྤྲང་བདག་ནི་རྣམ་གཡེང་ལེ་ལོ་དང་། །སེམས་ཕྱིར་བཤོལ་དབང་དུ་སོང་ནས་ནི། །རྟེན་དལ་འབྱོར་དོན་མེད་ཤོལ་སོང་ཡང་། །ད་འགྱོད་ཀྱང་བྱ་ཐབས་བྲལ་ནས་འདུག །མི་ཁོ་བོས་གསར་རྙིང་རིས་མེད་ཀྱི། །མགོན་དགེ་བའི་བཤེས་གཉེས་བཅུ་ཕྲག་གཉིས། །ཚུལ་གུས་པས་བསྟེན་ནས་ཟབ་མོའི་ཆོས། །ཐོས་བསམ་ལ་བརྩོན་ཁུལ་བགྱིས་པས་ན། །ཚིག་སྨྲས་པ་འདི་ལ་ཕྱོགས་ལྷུང་དང་། །རང་འདོད་དང་བླུན་གཏམ་མ་མཆིས་པས། །དེ་ཐུགས་ལ་ཆོངས་ལ་དུས་མྱུར་དུ། །ད་སྒྲུབ་པའི་རྒྱལ་མཚན་འཛུགས་པར་འཛོད། །དུས་ནམ་ཞིག་སྒྲུབ་པ་མཐར་ཕྱིན་ནས། །བློ་མི་འཇིགས་གདེང་དྲོད་རྙེད་པའི་ཚེ། །ཁོང་རེ་ལྟོས་ཅན་གྱི་གདུལ་བྱ་ལ། །ཐུགས་བརྩེ་བས་ཆོས་ཀྱི་འཁོར་ལོ་བསྐོར། །དོན་དེ་བཞིན་ཁྱོད་ཀྱིས་མཛད་གྱུར་ན། །རྟེན་དལ་འབྱོར་དོན་ཡོད་འགྱུར་བ་དང་། །རྗེ་བླ་མའི་ཐུགས་དགོངས་རྫོགས་པ་ཞིག །དུས་མྱུར་དུ་འབྱུང་བའི་སྨོན་འདུན་ཞུ། །ད་སྐུ་ཚེ་སྒྲུབ་པ་མཐར་ཕྱིན་ནས། །ཚེ་འདི་ཕྱི་ཀུན་ཏུ་འཕྲད་པ་དང་། །ཆོས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ལར་འབྲལ་བ་མེད་པའི་སྨོན་འདུན་ཞུ།། །།དགེའོ།། །།

ཚེ་མགོན་བླ་མ་ཐར་ལི་ལ་གནང་བ།

བླ་མ་ལ་ཕྱག་འཚལ་ལོ། །མཆོག་གསུམ་ངོ་བོ་དཔལ་ལྡན་བླ་མ་ལ། །སྒོ་གསུམ་གུས་པའི་ཚུལ་གྱིས་ཕྱག་བགྱིས་ནས། །དུས་གསུམ་གཟིགས་པའི་བླ་མའི་བཀའ་བཞིན་དུ། །བསླབ་གསུམ་འཛིན་པ་ཁྱོད་ལ་འདི་སྐད་ཞུ། །དལ་འབྱོར་མི་ལུས་ལན་གཅིག་ཐོབ་དུས་འདིར། །རྣམ་གཡེང་ལེ་ལོའི་དབང་དུ་མི་གཏང་བར། །རྩེ་གཅིག་དམ་ཆོས་སྒྲུབ་ལ་གཞོལ་བ་ནི། །ཆོས་མཛད་སྐྱེས་བུ་སྔ་མའི་རྣམ་ཐར་ལགས། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །གྲོགས་མཆོག་ཁྱོད་ཀྱིས་ཡི་དམ་མཛད་ནས་ནི། །དཀའ་སྤྱད་དྲག་པོས་བྱང་ཆུབ་སྒྲུབ་པ་ལ། །བདག་ནི་སྙིང་ནས་རྗེས་སུ་ཡི་རང་ངོ་། །ཕ་མར་གྱུར་པའི་འགྲོ་བ་འདི་རྣམས་ཀྱི། །སྡུག་བསྔལ་ཐམས་ཅད་མྱུར་དུ་ཞི་བའི་ཕྱིར། །བདག་གིས་སྒོ་གསུམ་ཆོས་ལ་སྦྱོར་སྙམ་པའི། །ལྷག་བསམ་བཟང་པོ་རྒྱུན་དུ་བསྐྱེད་པར་མཛོད། །བདག་གིས་ད་ལྟར་ལུས་ངག་ཡིད་གསུམ་གྱི། །དཀའ་སྤྱད་སྤྲོ་བས་དང་དུ་བླངས་པ་འདིས། །གཞན་གྱི་སྡུག་བསྔལ་མཐའ་དག་ཞི་ནས་ནི། །དམ་ཆོས་སྒྲུབ་པའི་སྐལ་བ་ཡོད་པར་སྨོན། །གཞན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི། །སྨོན་སེམས་འདི་དང་ནམ་ཡང་མི་འབྲལ་ཞིང་། །དགེ་བ་ཆེ་ཆུང་ཇི་བསགས་ཐམས་ཅད་ཀུན། །གཞན་གྱི་དོན་དུ་བསྔོ་བ་གནད་འགག་ཡིན། །ལུས་སེམས་གཉིས་ལ་སྡུག་བསྔལ་གང་བྱུང་ཡང་། །ཚུལ་འདིས་རིགས་དྲུག་འགྲོ་བ་ཐམས་ཅད་ཀྱི། །སྡུག་བསྔལ་འབྱུང་འགྱུར་ཀུན་གྱི་གོ་བཅད་ནས། །ཀུན་ཀྱང་བདེ་བར་གྱུར་ཞེས་སྨོན་ལམ་བྱ། །མི་དགེའི་རྣམ་རྟོག་མང་པོ་སྐྱེ་བའི་དུས། །དྲན་ཤེས་ལྡན་པས་ལྷོད་པར་སྐྱོང་ཤེས་ན། །འཁྲུལ་རྟོག་ངན་པའི་རྒྱུ་འགྲུལ་ཆད་ནས་ནི། །དམ་ཆོས་སྒྲུབ་ལ་སྤྲོ་བ་ངང་གིས་སྐྱེ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །ཁ་ཞེ་མེད་པའི་དད་པའི་གདུང་ཤུགས་ཀྱིས། །ཉིན་མཚན་ཀུན་ཏུ་གསོལ་བ་འདེབས་ནུས་ན། །བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་འགྱུར། །མདོར་ན་དུས་དང་གནས་སྐབས་ཐམས་ཅད་དུ། །བླ་མ་དྲན་པའི་མོས་གུས་འདི་ཡོད་ན། །བླ་མའི་བྱིན་རླབས་སེམས་ལ་ཞུགས་ནས་ནི། །གནས་ལུགས་རང་ངོ་ཤེས་པའང་འབྱུང་བར་འགྱུར། །ཁྱད་པ་རང་ཉིད་འཆི་བའི་དུས་ཀྱི་ཚེ། །བླ་མ་དྲན་པའི་མོས་གུས་མ་ཤོར་ན། །ཕྱི་མ་དག་པའི་ཞིང་དུ་སྐྱེ་བ་ཡི། །རྒྱུ་ཡི་གཙོ་བོ་ཡིན་པར་གསུང་པའང་ཡོད། །ཀུན་ཏུ་བཟང་པོའི་རྣམ་ཐར་ཇི་བཞིན་དུ། །མཐའ་ཡས་འགྲོ་བའི་དོན་ཆེན་བྱེད་སྙམ་ནས། །བཟང་པོ་སྤྱོད་པའི་མདོ་འདི་ཞལ་འདོན་དུ། །ཡང་ཡང་མཛད་ན་ཚོགས་གཉིས་ཟུང་འཇུག་ཡིན་། །དུས་དང་དུས་སུ་རང་གི་སེམས་རྒྱུད་ལ། །ཡང་ཡང་བརྟགས་ནས་མི་དགེ་ཀུན་སྤངས་ཏེ། །བྱང་ཆུབ་སེམས་ལ་འདྲིས་གོམས་བྱེད་པ་ནི། །གནད་དོན་སྙིང་པོར་དྲིལ་བའི་མན་ངག་ཡིན། །དེ་ལྟར་བྱས་ནས་གྲོགས་མཆོག་ཁྱོད་ཉིད་ཀྱང་། །འཆི་ཚེ་རང་ལ་འགྱོད་པ་མི་འབྱུང་བར། །དག་པའི་ཞིང་དུ་རྒྱལ་བ་སྲས་བཅས་དང་། །མཇལ་ནས་ཆོས་ལ་སྤྱོད་པའི་སྨོན་འདུན་ཞུ། །ཞེས་པའང་སྤྲུལ་མིང་ཨ་འཇམ་པས་བྲིས་པ་དགེའོ།། །།

འཇམ་མགོན་བླ་མའི་ཞལ་ལུང་བདུད་རྩིའི་ཐིགས་པ།

མཉྫུནཱཐགུརོཿབཀྟྲགཱམྲྀཏསྱམཱཙལནཱམཱསྟི།
འཇམ་མགོན་བླ་མའི་ཞལ་ལུང་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །
བདེ་ཆེན་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །སྣ་ཚོགས་གཟུགས་སྐུས་འགྲོ་བའི་དོན་མཛད་པ། །དཔལ་མགོན་བླ་མ་རྫོགས་པའི་སངས་རྒྱས་དང་། །དབྱེར་མེད་ལྷག་པའི་ལྷ་ཡིས་བདག་སྐྱོངས་ཤིག །གསང་ཆེན་སྙིང་པོའི་ལམ་བཟང་ཀྱེ་རྡོ་རྗེའི། །ཉམས་ལེན་གཙོ་བོར་གྱུར་པའི་མན་ངག་གནད། །དཔལ་ལྡན་བླ་མའི་དགོངས་པ་ཇི་བཞིན་དུ། །འཆད་པར་འགྱུར་གྱིས་མཁའ་འགྲོས་སྐབས་ཕྱེས་ཤིག །དེ་ལ་འདིར་གང་བཤད་པར་བྱ་བ་ནི། གངས་ཅན་གྱི་ལྗོངས་འདིར་གསང་སྔགས་བླ་ན་མེད་པའི་ལམ་སྲོལ་འདི་སྐྱེས་ཆེན་དམ་པ་རྣམས་ཀྱིས་གདུལ་བྱའི་དབང་པོ་དང་འཚམས་པར་བཀྲལ་བའི་བཀའ་སྲོལ་མི་འདྲ་བ་མང་དུ་མཆིས་མོད། འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་སྒོ་ནས་བཀྲི་ཚུལ་ནི། གང་ཟག་མཆོག་དམན་ཐམས་ཅད་འཇུག་ཏུ་རུང་བའི་ལམ་ཡིན་པས་ལྟ་སྒོམ་སྤྱོད་གསུམ་དང་པོར་ཐ་དད་དུ་ཕྱེས་ནས་རང་གི་རྒྱུད་ཚོད་དང་བསྟུན་ཏེ་ཉམས་སུ་བླང་དུ་རུང་བས་ལམ་དུས་ཐུན་བཞིའི་ཉམས་ལེན་ད་ལྟའི་བར་དུ་ས་སྐྱ་པའི་རྗེས་འཇུག་ཐམས་ཅད་ཀྱིས་ཞལ་འདོན་མཛད་པ་ཕྱག་ལེན་ལའང་ཡོད། འབྲེལ་ཚད་དོན་ལྡན་གྱི་ཆོས་ཡིན་པས་ཕན་ཡོན་ཡང་ཆེ་བར་གཞིར་བཅས། དེས་ན་སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་འགྲོ་དངོས་གཞི་ཐམས་ཅད་རང་གིས་གང་ཤེས་དང་བསྟུན་ནས་ཉམས་སུ་ལེན་པ་ཡིན། གང་ཟག་འབྲིང་བསྒོམ་དོན་ཧ་ལམ་ཙམ་མ་ཡིན་པར་བླ་མ་ལས་འཁོར་འདས་དབྱེར་མེད་ཀྱི་ངོ་སྤྲོད་ཞིབ་ཏུ་ཐོབ་ཅིང་རང་གིས་ཀྱང་དེ་བཞིན་དུ་ཉམས་སུ་བླངས་པས་ཐ་ན་གོ་ཡུལ་ཙམ་དུ་ལྟ་བསྒོམ་སྤྱོད་གསུམ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ནུས་པའི་ཚེ་ལམ་དུས་ཀྱི་དམིགས་པ་འདི་བཞིན་དགོས་སོ་ཞེས་ཆོས་རྗེ་རྡོ་རྗེ་འཆང་འཇམ་མགོན་ངག་དབང་ལེགས་པ་རིན་པོ་ཆེའི་དགོངས་པ་ཆོས་རྗེ་ཉིད་ཀྱི་བཀའ་དྲིན་ལས་རྙེད་པ་རྣམ་བཤད་རྣམས་སུ་གསལ་ཁ་ཆེར་མ་མཛད་པ་རྣམས་སྒྲོ་སྐུར་དང་བྲལ་བར་མཐོང་ཐོས་ཀྱི་བཤད་ཡམ་བསྡུས་པ་མ་ཡིན་པར་གནད་དོན་སྙིང་པོར་དྲིལ་ནས་བརྗོད་ན། ཁོ་བོས་བྱས་པའི་ལམ་རིམ་སྨོན་ལམ་དུ། །དང་པོ་ལྟ་བསྒོམ་སྤྱོད་ལ་རིམ་གྱིས་ཞུགས། །བར་དུ་གསུམ་པོ་གནད་ཐོག་གཅིག་ཏུ་དྲིལ། །ཐ་མར་བསམ་བརྗོད་བྲལ་བའི་ཡེ་ཤེས་སུ། །ཐམས་ཅད་རོ་མཉམ་རྟོགས་པར་བྱིན་གྱིས་རློབས། །ཞེས་དང་། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས། དེ་དང་དེ་འདྲའི་རྣམ་དབྱེ་ལེགས་ཤེས་ན། །འཁོར་འདས་ཐུན་མོང་ཆོས་བདུན་སོ་སོ་དང་། །གཅིག་ཏུ་བསྲེས་ནས་ཉམས་སུ་ལེན་ཚུལ་སོགས། །མང་པོའི་དོན་ལ་བློ་གྲོས་གསལ་བར་འགྱུར། །ཞེས་དང་། རྗེ་བཙུན་གོང་མའི་གསུང་རབ་རྣམས་ལས་ཚིག་མང་ཉུང་ཅི་རིགས་པའི་སྒོ་ནས་གསུངས་པ་རྣམས་ཀྱི་དོན་རྗེ་བླ་མས་བརྩེ་བས་གདམས་པར་མཛད་པ་ལམ་ཟབ་མོའི་སྦྱོར་དངོས་རྗེས་གསུམ་ཐམས་ཅད་ལྟ་བ་འཁོར་འདས་དབྱེར་མེད་ཀྱིས་རྩིས་ཟིན་པའི་དབང་དུ་བྱས་ཏེ་མདོ་རྒྱུད་རྒྱ་མཚོའི་དོན་གྱི་བཅུད་ཕྱུང་བ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཡོངས་རྫོགས་སྒྲུབ་པ་པོའི་སྟན་ཐོག་གཅིག་གི་ཉམས་ལེན་ལ་ཚང་བས་ལམ་གྱི་སྔོན་འགྲོ་སྐྱབས་འགྲོ་ལྟ་བུ་ལའང་ཟབ་ཆོས་ཀྱི་གནད་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་ཚུལ་ནི། ཐེག་ཆེན་སྤྱིའི་རྒྱུ་དང་འབྲས་བུའི་སྐྱབས་འགྲོ་ནི་གཞན་དུ་གསལ་ལ། གསང་ཆེན་བླ་ན་མེད་པའི་མྱུར་ལམ་འདིའི་སྐྱབས་སུ་འགྲོ་ཚུལ་ནི། མདུན་གྱི་ནམ་མཁར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཀྱེ་རྡོར་ལྷ་དགུ་གསལ་བཏབ་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཡི་དམ་དབྱེར་མེད་སངས་རྒྱས། དེའི་ཐུགས་རྒྱུད་ཀྱི་རྒྱུད་སྡེ་བཞི་དང་རིམ་པ་གཉིས་སོགས་ཆོས། འཁོར་ལྷ་མོ་བརྒྱད་དགེ་འདུན་དཀོན་མཆོག །ཉི་ཟེར་དུ་གཙོ་བོའི་རྒྱབ། བཻ་ཏ་ལཱིའི་མདུན་དུ་གསུང་རབ་པུསྟི་བྲག་རི་བརྩེགས་པ་ལྟ་བུར་གསུངས་པ་ནི་ལས་དང་པོ་པའི་དམིགས་པ་གསལ་བའི་ཆེད་ཙམ་ཡིན་བྱིན་རླབས་འཇུག་པའི་ཐབས་མཁས་ཡིན་པས་བསྒོམ་ན་ལེགས། མདུན་གྱི་བླ་མ་དང་ཡི་དམ་དབྱེར་མེད་ལ་སྐུ་བཞི་ཡེ་ཤེས་ལྔ་མཁྱེན་བརྩེ་ནུས་གསུམ་སོགས་ཡོན་ཏན་ཐམས་ཅད་མངའ་བར་ཐག་བཅད། བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁྱེད་ཤེས་བློ་གཏད་ཀྱིས་སྐྱབས་སུ་འགྲོ་དགོས། རང་ལ་བླ་མས་འཁོར་འདས་དབྱེར་མེད་ངོ་སྤྲད་པ་ལྟར། སྐྱེ་འགག་གནས་གསུམ་བྲལ་བ་གདོད་མའི་གཤིས། །སྟོང་གསལ་བརྗོད་དུ་མེད་པ་གཉུགས་མའི་ངང་། །ཞེས་པའི་ལྟ་བའི་ངང་ནས་མ་གཡོས་པར་བླ་མ་དང་ཡི་དམ་རང་ལས་ཕྱི་རོལ་དུ་མུ་སྟེགས་པའི་ལྷ་ལྟར་མཉེས་ན་དངོས་གྲུབ་སྩོལ་ཞིང་མ་མཉེས་ན་མི་འབྱུང་བ་དེ་ལྟ་བུར་མི་འཛིན་པར་བླ་མ་དཀོན་མཆོག་ཀྱང་རང་སེམས་དག་པའི་སྣང་བརྙན་ཙམ་དུ་ཤེས་ནས་བསྐྱབ་བྱ་སྐྱོབ་བྱེད་ཐ་དད་མེད་པར་སྐྱབས་སུ་འགྲོ་བ་རྒྱུའི་སྐྱབས་འགྲོ་ཡིན། རང་སེམས་དག་པ་གཉིས་ལྡན་མངོན་དུ་གྱུར་པ་འབྲས་བུའི་སྐྱབས་འགྲོ་ཡིན་པས་རྒྱུའི་སྐྱབས་འགྲོ་ལ་འབྲས་བུའི་སྐྱབས་འགྲོའི་རྒྱས་ཐེབ་པ་འདི་གནད་དུ་ཆེ། གསང་སྔགས་ཀྱི་སྡོམ་པ་ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་སུ་རྟོགས་པ་དེ་འབྲས་བུའི་སྐྱབས་འགྲོ་མེད་ན་མི་སྐྱེ་བས། ཆོས་རྗེ་ས་པཎ་གྱིས། བླ་ན་མེད་པའི་སྐྱབས་འགྲོ་ལ་བརྟེན་ནས་གསང་སྔགས་ཀྱི་སྡོམ་པ་སྐྱེས་ཞེས་གསུངས། དེ་ལྟ་བུའི་སྐྱབས་འགྲོའི་གནད་ཟིན་ན་སྣང་གསུམ་དང་རྒྱུད་གསུམ་གྱི་ཉམས་ལེན་གྱི་གནད་ཚང་བ་ཡིན་ཏེ། བསྐྱབ་བྱ་རང་དང་སེམས་ཅན་ཐམས་ཅད་མ་དག་པའི་སྣང་བའི་ཀུན་གཞི་རྒྱུ་རྒྱུད། སྐྱབས་ཡུལ་དག་པའི་སྣང་བའི་འབྲས་རྒྱུ་ད། བསྐྱབ་བྱ་སྐྱོབ་བྱེད་ཐ་དད་མེད་པར་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་བ་གཞི་འབྲས་བསྲེ་བའི་མན་ངག་རྣམས་ཉམས་ཀྱི་སྣང་བའི་ལུས་ཐབས་རྒྱུད་ཡིན་ནོ། །དཀོན་མཆོག་གསུམ་རང་སེམས་ལ་ཚང་ཚུལ་ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཞེས་གསུངས་སོ། །སྣང་གསུམ་ལམ་གྱི་གཞི་བཅའ་ལྟར་བཤད་པ་ལས་དང་པོ་པ་བཀྲི་བའི་ཕྱིར་མདོ་ཕྱོགས་ཀྱི་ཉམས་ལེན་ཙམ་ལ་སྦྱར་བ་ཡིན་ལ། སྔགས་ཀྱི་ཉམས་ལེན་ལ་སྦྱར་ཏེ་བཤད་པ་སྣང་གསུམ་རང་རྐང་གི་བཀྲི་ཚུལ་ཡིན་ནོ། །སེམས་བསྐྱེད་ནི། བླ་མས་རང་ལ་ངོ་སྤྲད་པ་ལྟར་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་སུ་ཐག་བཅད། དེའང་འཁོར་བའི་འཁྲུལ་སྣང་ཐམས་ཅད་མ་དག་པའི་གནས་སྐབས་ཀྱི་རིག་པའི་འཆར་སྒོ་ཙམ་ཡིན་ལ། རྣལ་འབྱོར་པ་ལམ་པའི་ཉམས་སྣང་ཐམས་ཅད་སེམས་ཅུང་ཟད་དག་པའི་འཆར་སྒོ་ཙམ་དང་། སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་རང་སེམས་དག་པའི་སྣང་བརྙན་ཙམ་ཡིན། གཞི་ལམ་འབྲས་གསུམ་དུ་བཞག་པ་དེ་དུས་གསུམ་དུས་མེད་དུ་ཤེས་ན་ད་ལྟའི་རིག་པ་སྐད་ཅིག་མ་འདི་ལས་ལོགས་ན་མེད། སེམས་དེའང་སྒྱུ་མ་རྟེན་འབྲེལ། བརྗོད་བྲལ་དུ་ཤེས་པའི་རིག་སྟོང་གི་ངང་ལ་ཅུང་ཟད་མཉམ་པར་བཞག །དེ་ནས་ཀྱེ་མ་རྟོགས་ན་སེམས་ཅན་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ལས་མི་འདའ་ཡང་། མ་རྟོགས་པའི་སེམས་ཅན་རྣམས་རིགས་དྲུག་གི་འཁྲུལ་སྣང་དུ་མ་ལ་ལོངས་སྤྱོད་པ་འདི་རྣམས་སྙིང་རེ་རྗེ། བདག་གིས་ད་རེས་མཚན་ལྡན་གྱི་བླ་མ་ལས་རྙེད་པའི་ཚེ་ལུས་གཅིག་གིས་འཚང་རྒྱ་བའི་གདམས་ངག་ཟབ་མོ་ཚང་ལ་མ་ནོར་བ་འདི་ལྟ་བུ་ཉམས་སུ་བླངས་ལ། མ་རྒན་སེམས་ཅན་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་དགོད་པར་བགྱིའོ་སྙམ་པའི་ངང་ནས་སེམས་བསྐྱེད་ཀྱི་ཚིག་རྣམས་འདོན། གཞུང་གི་ཚིག་ཟིན་ལ་སྨོན་འཇུག་གཉིས་ཙམ་ཡོད། འདི་བཞིན་ཉམས་སུ་བླངས་ན་ཀུན་རྫོབ་དོན་དམ་གྱི་སེམས་བསྐྱེད་གཉིས་དང་སྨོན་འཇུག་གཉིས་ཚང་བར་མ་ཟད་སྡོམ་པ་གསུམ་དང་ཕར་ཕྱིན་དྲུག་སོགས་ལམ་གནད་མང་པོ་ཚང་ཞིང་གནད་ཟིན་ན་སྐྱབས་འགྲོ་སེམས་བསྐྱེད་ཀྱང་གནད་གཅིག་ཏུ་འགྲོ་བ་ཡིན་ནོ། །རྡོར་སེམས་བསྒོམ་བཟླས་ནི། སྤྱི་བོར་རྡོ་རྗེ་སེམས་དཔའ་གཞུང་བཞིན་བསྐྱེད། བླ་མ་ཡི་དམ་དབྱེར་མེད་དུ་སྤྱི་བོར་བསྒོམ་པ་འདི་ལ་ཐོ་བརྩེགས་སུ་བསྒོམ་པ་དང་། ཁྲོམ་ཚོགས་སུ་བསྒོམ་པ་དང་། ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་གསུམ་ལས་འདིར་ཕྱི་མ་ཡིན། རྡོ་རྗེ་སེམས་དཔའི་རྒྱན་ཆ་དང་། བཞུགས་སྟངས་དང་། གདན་དང་བཅས་པའི་དག་པ་ཤེས་ནས་བླ་མ་སྐྱབས་གནས་ཀུན་འདུས་སུ་ངོ་ཤེས་པ་འདི་གནད་ཆེ། ལས་དང་པོ་པས་བདུད་རྩི་འབེབས་སྦྱོང་གི་དམིགས་པ་དང་སྒྲགས་ནས་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་སྡོམ་བྱེད་པ་ཡིན་ལ། འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་ངང་ནས་འདོན་ན་འབྲས་རྒྱུད་དག་པ་གཉིས་ལྡན་གྱི་བླ་མ་ཡི་དམ་དབྱེར་མེད་སྤྱི་བོར་བསྒོམས། རྒྱུ་རྒྱུད་སེམས་ལ་ཉོན་མོངས་པ་ལ་མ་དག་པའི་སྣང་བ་ཞེས་གསུངས་པའི་སེམས་ཅན་ལ་ཞེས་པ་གཞི་རྟེན་དཀྱིལ་འཁོར་བཞི་འམ་ཕུང་ཁམས་སྐྱེ་མཆེད་བསྟན། ཉོན་མོངས་པ་ལ་ཞེས་པས་རྒྱུ་ཉོན་མོངས་པ་དུག་གསུམ་སོགས་བསྟན། མ་དག་པའི་སྣང་བ་ཞེས་པས་ཐམས་ཅད་བསྟན་མོད། ནད་གདོན་སྡིག་སྒྲིབ་གསུམ་དུ་འདུ་བས་བདུད་རྩི་འབེབས་སྦྱོང་གི་ཚེ་རྣག་ཁྲག་དང་ལྗན་ལྗིན་སྡོམ་སྡིག་སྦལ་ལྕོང་དུད་ཁུ་སོལ་ཁུ་རྣམས་ཀྱི་རྣམ་པས་རྒྱུ་གཞི་ངོ་བོ་གསུམ་གྱིས་བསྡུས་པའི་སྡིག་སྒྲིབ་ཐམས་ཅད་བཤང་གཅིའི་ལམ་དང་རྐང་མཐིལ་གཉིས་ནས་ཕྱིར་ཐོན་པས་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་སྦྱངས་ནས། དེ་ནས་ཡེ་ཤེས་ཀྱི་བདུད་རྩིས་སྨིན་མཚམས་ཡན་ཆད་གང་། བུམ་པའི་དབང་ཐོབ། ལུས་ཀྱི་མི་དགེ་བ་གསུམ་དང་ལོག་འཚོ་སོགས་ལུས་དང་རྩའི་སྒྲིབ་པ་སྦྱངས། སྐུའི་བྱིན་རླབས་ཞུགས། སྤྲུལ་སྐུའི་ས་བོན་བཞག །མགྲིན་པ་ཡན་ཆད་གང་། གསང་བའི་དབང་ཐོབ་ངག་གི་མི་དགེ་བ་བཞི་དང་ཡི་གེའི་སྒྲིབ་པ་སྦྱངས་གསུང་གི་བྱིན་རླབས་ཞུགས། ལོངས་སྐུའི་ས་བོན་བཞག །སྙིང་ཁ་ཡན་ཆད་གང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་ཀྱི་མི་དགེ་བ་གསུམ་དང་ཐིག་ལེའི་སྒྲིབ་པ་སྦྱངས་ཐུགས་ཀྱི་བྱིན་རླབས་ཞུགས་ཆོས་སྐུའི་ས་བོན་བཞག །ལུས་ཐམས་ཅད་གང་དབང་བཞི་པ་ཐོབ་སྒོ་གསུམ་ཆ་མཉམ་རླུང་དང་བཅས་པའི་སྒྲིབ་པ་སྦྱངས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཞུགས་ངོ་བོ་ཉིད་སྐུའི་ས་བོན་བཞག །དབང་བཞི་བླང་བའི་དམིགས་པ་དང་སྦྲགས་ཏེ་ཡིག་བརྒྱ་ཞོག་འཕྲལ་མགོན་པོ་བདག་ནི་སོགས་ཀྱིས་སྟོབས་བཞི་གསལ་གདབ་དེའང་མགོན་པོ་ཞེས་པས་རྟེན་གྱི་སྟོབས། བདག་ནི་སོགས་ཚིག་རྐང་གཉིས་ཀྱིས་སུན་འབྱིན་པའི་སྟོབས། བླ་མ་མགོན་པོ་སོགས་ཚིག་རྐང་གསུམ་གྱིས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། དེ་མན་ཆད་ཀྱིས་སོར་ཆུད་པའི་སླར་ལྡོག་པའི་སྟོབས་བསྟན་པ་ཡིན་ནོ། །དེ་ནས་རྡོ་རྗེ་སེམས་དཔའ་རང་ལ་བསྟིམ་སྟེ་རྒྱུད་གསུམ་དབྱེར་མེད་དུ་ཤེས་པའི་ལྟ་བའི་ངང་ལ་འཇོག །དེས་ནད་གདོན་སྡིག་སྒྲིབ་གསུམ་ལ་མ་དག་སྣང་བ་འདུ་ཚུལ། སེམས་གསལ་སྟོང་ཟུང་འཇུག་གསུམ་ལས་ཉོན་མོངས་པ་དུག་གསུམ་སྐྱེ། དེ་ལས་ནད་གསུམ་གདོན་གསུམ་སོགས་འབྱུང་ཚུལ་ལ་གོ་བ་ཆགས་ན་འདི་ཤེས་པར་སླ་ལ། སྤྱིར་དབང་བཤད་རྣམས་སུ་ཕུང་ཁམས་སྐྱེ་མཆེད་ཀྱི་འཁྲུལ་སྣང་དང་མ་བྲལ་གྱི་བར་ལ་ཡང་དག་པའི་ཡེ་ཤེས་མི་སྐྱེ་བར་གསུངས་པ་ལེགས་པར་དཔྱད་ན་ཕུང་ཁམས་སྐྱེ་མཆེད་རྣམས་ནད་གདོན་སྡིག་སྒྲིབ་གསུམ་ལས་ལོགས་ན་མེད་དེ། ཕྱིའི་བར་ཆད་གདོན་གསུམ། ནང་གི་བར་ཆད་ནད་གསུམ། གསང་བའི་བར་ཆད་དུག་གསུམ་གྱི་སྣང་བ་ཤར་བ་ལ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་དབྱེ་བྱས་པའི་ཕྱིར་རོ། །རྒྱུད་གསུམ་བསྲེས་ནས་སྦྱང་གཞི་སྦྱོང་བྱེད་སྦྱོར་བ་འདི་ལ་སྦྱང་གཞི་གཟུགས་ཕུང་ངན་པ་བདེན་གྲུབ་ཞིག་སྦྱོང་བྱེད་རྣམ་སྣང་བཟང་པོ་བདེན་གྲུབ་ཞིག་ཏུ་བསྒྱུར་ནས་ལམ་བྱེད་བཞི་ལྡན་གྱི་ཚུལ་དུ་བསྒོམ་པ་དེ། ལས་དང་པོ་པའི་བསྒོམ་ཚུལ་ཡིན། གཟུགས་ཕུང་ཞེས་པ་རང་སེམས་ཀྱི་འཁྲུལ་སྣང་ཡིན། སེམས་གསལ་སྟོང་ཟུང་འཇུག་ཏུ་ཤེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཆོས་དབྱིངས་ཡེ་ཤེས་ཀྱི་གཟུགས་བརྙན་རྣམ་པར་སྣང་མཛད་ཞལ་ཕྱག་གི་རྣམ་པ་ཅན་དུ་ཤར་བར་ཤེས་པ་ལྟ་ཐོག་ནས་བསྒོམ་པ་ཚོལ་བའི་ཉམས་ལེན་ཡིན། དཔེར་ན་ད་ལྟའི་རང་རྒྱུད་ཀྱི་སྡིག་པ་ཞེས་པ་འདིའང་དགེ་བའི་ལམ་དུ་བཀོལ་དུ་མི་བཏུབ་པའི་རྣམ་རྟོག་འདི་ལས་ལོགས་ན་མེད། རྣམ་རྟོག་སྐྱེ་འགག་གནས་གསུམ་དང་བྲལ་བའི་གསལ་སྟོང་ཟུང་འཇུག་གི་ངང་དུ་མཉམ་པར་འཇོག་ནུས་ན། སྡིག་པའི་རང་བཞིན་ཤེས་པའི་བཤགས་པའི་མཆོག་ཅེས་ཡང་དགོན་པས་གསུངས་པ་ལྟར་སྡིག་སྦྱོང་ལའང་འདི་ལས་ཟབ་པ་མེད་ཅེས་བླ་མས་ཡང་ཡང་གསུངས། རྩ་གསུམ་འཁོར་ལོ་ལྔ་གསལ་བཏབ་ནས་དབང་བཞིའི་དམིགས་པ་བསྒོམ་ཚེ་རྟེན་དཀྱིལ་འཁོར་བཞིའི་སྙིགས་མ་མ་དག་པའི་སྣང་བ་རྣམས་སྦྱང་བར་བསམ་ན་ཕྱིས་རྫོགས་རིམ་བསྒོམ་པ་ཐམས་ཅད་ཀྱི་སྨིན་བྱེད་དུ་འགྲོ་ཞིང་། དེ་ལ་རྩུབ་ཉམས་རྣམས་མི་འབྱུང་བའི་དགོས་པ་ཡོད་པས་མ་བརྗེད་གསུངས། དཔྱད་བསྒོམ་འཇོག་སྒོམ་གཉིས་རེས་མོས་བྱེད་དགོས་པས། དང་པོ་རིག་སྟོང་སྤྲོས་པ་དང་བྲལ་བའི་ངང་ལ་བཅས་བཅོས་མེད་པར་མཉམ་པར་འཇོག །འཁོར་གསུམ་གྱི་རྣམ་རྟོག་དང་ཕྱིའི་ཡུལ་སྣང་འདི་རྣམས་གང་ལས་བྱུང་སྙམ་པའི་རྟོག་པ་ཤར་ན་ཕྱི་ནང་བསྲེ་བ་འདི་གནད་དུ་ཆེ་བས། རྟེན་དཀྱིལ་འཁོར་བཞིར་རླུང་སེམས་རྒྱུ་འགྲུལ་གྱི་དབང་གིས་གདུགས་ནམ་མཁའ་ལ་འཕྱར་བས་གྲིབ་མ་ས་ལ་ཤར་བ་ལྟར་སྣང་བ་འདི་རྣམས་འབྱུང་བ་ཡིན་སྙམ་ནས་ཕྱི་ནང་བསྲེས་ནས་བསྒོམ་ལ་སྤྲོས་པ་བཅད། གཟུང་འཛིན་རྒྱང་ཆད་དུ་ཤོར་ནས་འདྲེ་གདོན་གྱི་སྣང་བ་ཤར་ཚེ་ད་ལྟའི་རིག་པ་སྐད་ཅིག་མ་ཡུལ་ཡུལ་ཅན་གཉིས་སུ་སྣང་བ་འདི་འདྲེ་འཛིན་གྱི་རྟོག་པས་བསླད་ན་འདྲེ་གདོན་ཡང་འདི་ལས་ལོགས་ན་མེད། འཁོར་བའི་འཁྲུལ་སྣང་དང་སྡུག་བསྔལ་ཐམས་ཅད་འདི་ལས་འབྱུང་བས་ཉོན་མོངས་པ་དང་སྡིག་སྒྲིབ་ཀྱང་འདི་རང་ཡིན། འཁོར་འདས་དབྱེར་མེད་ཀྱི་ལྟ་བས་ལྟ་ཡུལ་ཡང་འདི་ཉིད་ཡིན། ཟབ་གསལ་གཉིས་མེད་ཀྱི་བསྐྱེད་རྫོགས་བསྒོམ་ཡུལ་ཡང་འདི་ཉིད་ཡིན། བླང་དོར་གཉིས་མེད་ཀྱི་སྤྱོད་པའི་ཡུལ་ཡང་འདི་ཉིད་ཡིན། རང་ངོ་ཤེས་ན་སྐུ་དང་ཡེ་ཤེས་ཀྱང་འདི་རང་ཡིན་པར་ཤེས་པའི་ངང་ནས་སྣང་སེམས་བསྲེས་ལ་སྤྲོས་པ་བཅད། འཁོར་འདས་ཀྱི་སྣང་བ་གང་ལའང་ཞེན་པ་སྐྱེས་ཚེ་དབྱིངས་རིག་བསྲེས་ལ་མ་བཅོས་པར་འཇོག །སྦྱང་གཞི་སྦྱོང་བྱེད་སྦྱར་ནས་བསྒོམ་པ་ལ་ཞུགས་ཚེ་དག་སྣང་མཚན་ཉིད་པ་མ་སྐྱེས་ན་འབྲས་བུ་དག་པ་གཉིས་ལྡན་གྱི་སྐུ་དང་ཡེ་ཤེས་ཀྱང་ད་ལྟའི་རིག་པ་སྐད་ཅིག་མ་རང་ངོ་ཤེས་པ་ལས་ལོགས་ན་མེད་པར་ཤེས་ནས་གཞི་འབྲས་བསྲེ་བ་འདི་གནད་དུ་ཆེ་བས་གནས་འདི་རྣམས་མི་བརྗེད་པར་ལམ་གྱི་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་གནས་སྐབས་ཐམས་ཅད་དུ་རང་རྒྱུད་ཀྱི་རྟོག་པ་སྐྱེས་ཚུལ་ལ་དཔག་ནས་ཉམས་ལེན་ལམ་དུ་བསྲེལ་ཤེས་དགོས་པ་ཡིན་ནོ། །དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཚོགས་གཉིས་བསགས་པ་ལ། རང་སྐད་ཅིག་གིས་ཀྱེ་རྡོ་རྗེ་བསྐྱེད། དེའང་སྐད་ཅིག་ཞེས་པ་རིག་པ་སྐད་ཅིག་མ་ངོ་ཤེས་ན་གདོད་ནས་ཀྱེ་རྡོ་རྗེ་ཡིན་པ་གསལ་ཐེབ་པ་ཡིན། ཐུགས་ཀའི་གཟུང་འཛིན་གཉིས་བྲལ་གྱི་ཧཱུྃ་ལས་འོད་འཕྲོས་ནས་ཚོགས་ཞིང་སྤྱན་འདྲེན་པ་དེ་སྐྱབས་ཡུལ་རྣམས་རང་སེམས་དག་པའི་གཟུགས་བརྙན་ཡིན་པས་རང་ངོ་ཤེས་པའི་ལྟ་བའི་ངང་ནས་མདུན་བསྐྱེད་གསལ་འདེབས་པ་འདི་གནད་ཆེ་ཞེས་པའི་དོན་ཡིན། དེ་ལ་ཐོག་མར་ཕྱག་འཚལ་བའང་བདག་མདུན་ཐ་དད་དུ་འཛིན་པ་མེད་པར། རིམ་ལྔ་ལས། ཇི་ལྟར་ཆུ་ལ་ཆུར་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་དེ་འདིར་ཕྱག་ཡིན། །ཞེས་པའི་ཚུལ་གྱིས་ཕྱག་བྱ། མཆོད་པའང་། མ་དག་པའི་སྣང་བ་བདུད་རྩི་ལྔ་སོགས་དག་པ་ཡེ་ཤེས་ལྔའི་ངོ་བོར་ཤེས་ནས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་དྲན་བཞིན་དུ་མཆོད། ཡན་ལག་བདུན་པ་བྱ་བའི་ཚེ་སྤྱིར་དོན་ཡོད་གྲུབ་པའི་སྦྱང་གཞི་འདུ་བྱེད་ཀྱི་ཕུང་པོ་དེའི་ནང་ན་སྡིག་པའང་ཡོད་པས་དག་སྣང་གི་སྒོ་ནས་སྡིག་སྦྱོང་མཛད་ཚུལ་ཡང་ཡོད་མོད། འདིའི་ཡན་ལག་བདུན་པ་འདི་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་གསར་དུ་ལེན་པ་དང་། ཉམས་པ་གསོ་ཐབས་ཁྱད་པར་ཅན་ཡིན་པས་དང་པོ་སྡིག་པ་སྟོབས་བཞིའི་སྒོ་ནས་བཤགས། རྗེས་སུ་ཡི་རང་ཕྲག་དོག་མེད་པར་གཞན་གྱི་དགེ་བ་ལ་སྤྲོ་བ་ཡིན་མོད། སྣང་སྲིད་དག་པ་རབ་འབྱམས་ཀྱི་ལྟ་བས་ཟིན་ན་ཕྲག་དོག་ཡེ་མི་འབྱུང་། སྐྱབས་འགྲོ་བྱས་པས་དགེ་བསྙེན་ནས་དགེ་སློང་གི་བར་གྱི་སོ་ཐར་གྱི་སྡོམ་པ་རང་རྒྱུད་ནས་གང་ཡོད་ཐོབ་ཅིང་གསོ་ནུས་པ་དང་། སྨོན་འཇུག་གཉིས་ཀྱི་སྡོམ་པའང་དེ་བཞིན་དུ་ཤེས་དགོས། རིགས་ལྔའི་སྡོམ་བཟུང་སྐབས། ཚུལ་ཁྲིམས་གསུམ་གཞུང་ན་གསལ་བ་ལྟར་དང་། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་དང་སྦྱར་ན། གྱ་ནོམ་ལྷར་ཞེན་དང་བཅས་པའི་མཚན་རྟོག་ཐམས་ཅད་སྤང་བ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་རིམ་གཉིས་ཀྱི་ཏིང་ངེ་འཛིན་དགེ་བ་ཆོས་སྡུད་སྙིང་རྗེའི་རྩི་དང་མ་བྲལ་བ་སེམས་ཅན་དོན་བྱེད་དུ་འགྲོ་བ་ཡིན། ནང་གི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ། སློབ་བཤད་པས་གསལ་བ་དགེ་འདུན། སྟོང་པ་ཆོས། ཟུང་འཇུག་སངས་རྒྱས་སུ་གསུངས་པ་དང་། ཚོགས་བཤད་པས་རང་སེམས་སྤྲོས་པ་དང་བྲལ་བ་སངས་རྒྱས། དེ་རྟོགས་པ་མེད་པའི་ཚུལ་གྱིས་རྟོགས་པ་ཆོས། དེ་ཉམས་སུ་ལེན་པ་དགེ་འདུན་ཞེས་གསུངས་པ་གཉིས་གནད་གཅིག་ཡིན་ཏེ། སེམས་ཀྱི་སྟོང་ཉིད་སྤྲོས་པ་དང་བྲལ་བ་དེ་སེམས་ཀྱི་གསལ་ཆ་དེས་སོ་སོར་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་བ་སངས་རྒྱས་ཡིན་པའི་ཕྱིར་རོ། །འཁོར་འདས་དབྱེར་མེད་ཀྱི་རྩ་བར། གསལ་བ་སྤྲུལ་སྐུ་སྟོང་པ་ཆོས་ཀྱི་སྐུ། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། ཁྲིད་ཡིག་ལས་སྐུ་གསུམ་རང་ངོ་འཕྲོས་ཅེས་གསུངས་པའང་འདི་ཉིད་ཡིན་ནོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གསུམ་སྤྱིར་གཞུང་ནས་བཤད་པ་ལྟར་ཡིན་མོད། ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་དང་མ་བྲལ་ན་གནས་དེར་འདུ་བ་ཡིན་ནོ། །སློབ་དཔོན་འཛིན་ཚུལ་བླ་མ་སྐྱབས་གནས་ཀུན་འདུས་སུ་ཤེས་དགོས་པ་ཡིན། སྦྱིན་པ་བཞི་པོ་རང་གི་ཉམས་ལེན་ལ་ཚང་ཚུལ་དང་། ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་དམ་ཆོས་འཛིན་པ་ཡང་རང་གི་ཉམས་ལེན་གཅིག་པུ་ལ་ཚང་བས་ཡིན་པས་མདོ་རྒྱུད་མ་ལུས་པའི་དོན་གྱི་བཅུད་ཕྱུང་བ་གསུངས་པ་ཡིན། སྡོམ་པ་ཐམས་ཅད་དང་ལྡན་པ་ཞེས་པའི་ཚིག་གི་ནུས་པས་སོར་བྱང་གཉིས་སུ་མ་ཟད་སྔགས་སྡོམ་ཡང་བཟུང་ལ། མཚན་རྟོགས་ཐམས་ཅད་དང་བྲལ་བའི་སྔགས་སྡོམ་འདི་སྣང་སྲིད་དག་པ་རབ་འབྱམས་སུ་ཤེས་པ་ཡིན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་འདི་ལས་ལོག་ན་མེད་པར་ཤེས་དགོས། མདོར་ན་རིགས་ལྔའི་སྡོམ་བཟུང་འདིས་གསང་སྔགས་ཀྱི་ཉམས་ལེན་ནམ་སྡོམ་པ་ཁས་བླང་བའི་སྒོ་ནས་འཛིན་པ་ཡིན་ནོ། །ཚད་མེད་བཞི་བསྒོམ་སྐབས། འོད་ཟེར་དང་ལྷ་མོ་སྤྲོ་བ་དེ་གཞི་ལམ་འབྲས་གསུམ་བསྲེལ་ནས་སྦྱང་གཞི་སྦྱོང་བྱེད་སྦྱར་ཏེ་ལམ་བྱེད་བཞི་ལྡན་དུ་བསྒོམ་ན་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་དང་འགྲིགས་པ་ཡིན་ནོ། །སྲུང་འཁོར་ནི་བླ་མ་རིན་པོ་ཆེས་བདག་ལ་ཁྱོད་ཀྱིས་རྡོར་སེམས་བསྒོམ་བཟླས་ཀྱི་བདུད་རྩི་འབེབ་སྦྱོང་གིས་སྡིག་སྒྲིབ་སྦྱང་བ་དང་། སྲུང་འཁོར་གྱིས་དགྲ་བགེགས་བསྒྲལ་བའི་དམིགས་པ་བྱས་པ་གཉིས་ལྟ་བའི་གནད་ཟིན་ན་སྡིག་པ་དག་པ་ལ་ཁྱད་པར་མེད་པས་རེམ་ལ་བསྒོམ་དགོས་ཞེས་གསུངས། སྤྱིར་སྲུང་འཁོར་འདི་ཡེ་ཤེས་ཚོགས་བསགས་ཐབས་ལ་མཁས་པའི་སྒོ་ནས་གཟུགས་ཀྱི་རྣམ་པར་བསྒོམ་པ་ཡིན་སྤང་བྱ་གཉེན་པོར་ཤར། བདུད་རིགས་བར་ཆད་སྲུང་འཁོར་དུ་ཤར་ཞེས་པའི་གོ་དོན་བླང་ཐུབ་དགོས། དེས་ན་ཡེ་ཤེས་ཚོགས་བསགས་ཀྱི་སྐབས་སུ་འཁོར་འདས་གཉིས་ཀྱི་སྣང་བ་ཐམས་ཅད་ལུས་ཀྱི་རྩ་ཡིག་རྣམས་སུ་རླུང་སེམས་ཀྱི་རྒྱུ་འགྲུལ་གྱི་དབང་གིས་སྣང་བ་ཡིན། དེ་ཐམས་ཅད་ད་ལྟའི་རིག་པ་སྐད་ཅིག་མ་འདི་ལ་ཚང་ཞིང་། སེམས་རིག་པ་སྐད་ཅིག་མ་དེ་བརྟགས་ན་སྐྱེ་འགག་གནས་གསུམ་དང་བྲལ་ཞིང་རང་ངོ་ཤེས་ན་རིག་སྟོང་བརྗོད་དུ་མེད་པའི་ཆོས་ཉིད་ལས་ནམ་ཡང་མི་གཡོ་བ་ཡིན། དེའི་ངང་ལ་མཉམ་པར་བཞག་ནས་ཡེ་ཤེས་ལྔའི་རང་མདངས་སྣ་ཚོགས་རྡོ་རྗེར་བསྒོམ་པ་ནས་སྲུང་འཁོར་རྟེན་དང་བརྟེན་པར་བཅས་པ་བསྒོམ་ནས་སྔགས་བཟླ་བ་ཉི་ཟེར་དུ་གསལ་ལ། དེར་ཞལ་གསལ་མ་མཛད་པ་དབང་བཤད་ཆེན་མོར། གཏི་མུག་གཏི་མུག་ལོངས་སྤྱོད་པས། །གཏི་མུག་ཟད་པ་གཤིན་རྗེ་བཤེད། །དེ་ནི་ཕུང་པོའི་མཐར་བྱེད་དེ། །དེ་ནི་ཤེས་བྱ་མཐར་བྱེད་དོ། །ཞེ་སྡང་ཞེ་སྡང་ལོངས་སྤྱོད་པས། །ཞེ་སྡང་ཟད་པ་ཤེས་རབ་མཐར། །དེ་ནི་སེམས་ཀྱི་མཐར་བྱེད་དོ། །དེ་ནི་ཉོན་མོངས་མཐར་བྱེད་འགྱུར། །འདོད་ཆགས་འདོད་ཆགས་ལོངས་སྤྱོད་པས། །འདོད་ཆགས་ཟད་པ་པད་མཐར་བྱེད། །དེ་ནི་ངག་གི་མཐར་བྱེད་དོ། །དེ་ནི་སྙོམས་འཇུག་མཐར་བྱེད་དོ། །ཉོན་མོངས་ཀུན་ཟད་གང་ཡིན་དང་། །དེ་བཞིན་ལས་ཀུན་ཟད་པ་ཉིད། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། །བགེགས་ནི་མཐར་བྱེད་ཅེས་བྱར་བཤད། །ཅེས་གསང་འདུས་ཀྱི་ལུང་དྲངས་པའི་དགོངས་པ་བཞིན་དམིགས་རིམ་ཅུང་ཟད་བཤད་ན། དབུས་སུ་རང་ཉིད་གཙུག་ཏོར་འཁོར་ལོས་བསྒྱུར་བ་དང་། ཕྱོགས་བཅུར་ཁྲོ་བོ་བཅུར་བསྒོམ་པ་ཐམས་ཅད་བདག་བསྐྱེད་ཡིན། དེས་ན་ལྷའི་ང་རྒྱལ་བསྒོམ་པས་གང་ཟག་གི་བདག་འཛིན་འཇོམས་ནུས་ན་གཏི་མུག་གི་གཏི་མུག་ལ་བསྣུན་ཏེ་ལམ་དུ་ཁྱེར་བའི་དོན་ཡིན། གཙོ་བོའི་ཐུགས་ཀའི་རྡོ་རྗེའི་ལྟེ་བའི་ཧཱུྃ་ཡིག་གི་ཀླད་ཀོར་གྱི་ནང་དུ་བླ་མ། རང་ཉིད་ནང་དུ། མདུན་དུ་ཕ་མ་སོགས་བསྒོམ་པ་འདོད་ཆགས་ཀྱིས་འདོད་ཆགས་ལ་བསྣུན་ཏེ་ལམ་དུ་ཁྱེར་བ་དང་། འཁོར་ལོའི་རྩིབ་བར་བརྒྱད་དུ་དགྲ་བགེགས་བསྒོམ་ནས་བསྒྲལ་བ་འདི་ཞེ་སྡང་གིས་ཞེ་སྡང་ལ་བསྣུན་ཏེ་ལམ་དུ་ཁྱེར་བ་སྟེ། སྣང་བས་མི་འཆིང་ཞེན་པས་འཆིང་གསུངས་པ་བཞིན་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ངང་ལས་མ་གཡོས་བཞིན་དུ་རྣམ་པ་འདི་བཞིན་བསྒོམ་ཚེ་བདག་འཛིན་གྱིས་མ་གོས་ཤིང་དེ་ལ་ཆགས་སྡང་མི་འབྱུང་བས་ཉོན་སྒྲིབ་སྤོང་ལ། གཟུང་འཛིན་གྱི་རྟོག་པ་བྲལ་ན་ཤེས་སྒྲིབ་སྤོང་ཞིང་། དེ་ལྟ་བུའི་ཏིང་ངེ་འཛིན་ལ་བྱིང་རྒོད་ཀྱི་རྟོག་པས་མ་བསླད་ན་སྙོམས་འཇུག་གི་སྒྲིབ་པ་སྤོང་ནུས་པས། གསང་སྔགས་ཀྱི་ཐབས་ལ་མཁས་པ་ཡིན། དེའང་ཁྲོ་བོ་བཅུ་གཅིག་པོ་འབྲས་དུས་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྣང་བརྙན་ཡིན་པར་ཤེས་པའི་དག་སྣང་དང་། བསྒོམ་ཚུལ་གྱི་རྣམ་པ་འདི་རྣམས་སྦྱང་གཞི་དང་མཐུན་པས་མ་དག་པའི་འཁྲུལ་སྣང་ཐམས་ཅད་ལམ་དུ་ཁྱེར་ནུས། ཇི་ལྟར་ལམ་དུ་ཁྱེར་ན་གཞི་འབྲས་གཉིས་པོ་དེ་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ངང་དུ་རོ་གཅིག་ཏུ་བསྲེས་ནས་ཉམས་སུ་ལེན་པ་ཡིན། རིག་སྟོང་གཉིས་མེད་ཀྱི་ཡེ་ཤེས་མ་བཅོས་གཉུག་མའི་ངང་ལས་མ་གཡོས་བཞིན་དུ། ཏིལ་གྱི་ཤུན་པ་ལྟ་བུའི་ཟུག་ངུས་ཀྱང་། །ནམ་ཞིག་སྡུག་བསྔལ་འབའ་ཞིག་བསྐྱེད་པར་བྱེད། །ཅེས་གསུངས་པ་ལྟར་ཕྱོགས་གང་ལ་ཡང་ཞེན་པ་མེད་པར་རྣམ་པ་ཙམ་ལམ་དུ་ཁྱེར་བ་ལ་བཟླས་པའི་མཇུག་ཏུ་ཧཱུྃ་བཅུས་ཁྲོ་བོ་བཅུ་གསལ་འདེབས་གསུངས་པའང་འདི་ལ་དགོངས་པ་ཡིན། སྲུང་བའི་འཁོར་ལོས་བར་ཆད་བསྲུང། སྲོད་ལ་བདུད་བརྟུལ་ལམ་དུ་བྱེད། ཅེས་པའི་དགོངས་པ་དཔྱིས་ཕྱིན་པའོ། །དངོས་གཞི་ཡན་ལག་དྲུག་གི་གཞལ་ཡས་ཁང་གི་སྐབས་སུ། དང་པོར་བསྲེ་བ་བཞི་ཚང་བར་བྱས་ནས་འཁོར་འདས་དབྱེར་མེད་བསྒོམ། དེ་ལ་རྣམ་ཐར་སྒོ་གསུམ་ཚང་དགོས་པས་གཞི་སྟོང་པ་ཉིད། ལམ་མཚན་མ་མེད། འབྲས་བུ་སྨོན་པ་མེད་པ་གསུམ་དུས་གཅིག་ལ་བསྒོམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་མདོ་ཕྱོགས་ལྟར་རིམ་ཅན་དུ་བསྒོམ་པ་མ་ཡིན་པར། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་འདི་ལ་སྦྱོར་ཤེས་དགོས་པས་ལྟ་བ་ལ་མི་འཕྲོག་པའི་ཡིད་ཆེས་རྙེད་པ་དད་པ། དེ་ལ་སྤྲོ་བ་བརྩོན་འགྲུས་མི་བརྗེད་པ་དྲན་པ། རང་ངོ་ཤེས་པ་ཤེས་རབ། དེ་ལས་མི་གཡོ་བ་ཏིང་ངེ་འཛིན་ཡིན་པས་དབང་པོ་ལྔ་དང་སྟོབས་ལྔ་ཚང་ལ། དྲན་པ་ཉེར་བཞག་ཤེས་རབ། ཡང་དག་སྤོང་བ་བརྩོན་འགྲུས། རྫུ་འཕྲུལ་གྱི་རྐང་པ་ཏིང་ངེ་འཛིན་དུ་འདུ་ལ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་དགའ་བ་ཤིན་ཏུ་སྦྱང་བཏང་སྙོམ་གསུམ་རང་སེམས་མ་བཅོས་པའི་ཉམས་ལེན་ལ་གོམས་པའི་ཕན་ཡོན་ཙམ་ཡིན། འཕགས་ལམ་ཡན་ལག་བརྒྱད་ཀྱི་ཡང་དག་པའི་འཚོ་བ། ཡང་དག་པའི་ངག་ཡང་དག་པའི་ལས་ཀྱི་མཐའ་གསུམ་དོན་གྱི་ཚང་བ་ལ་དགོངས། བདེན་བཞི་ལྟོ་སྦྱར་ནས་སྡུག་བསྔལ་བདེན་པ་འགོག་བདེན་སྐུ་དང་། ཀུན་འབྱུང་བདེན་པ་ལམ་བདེན་ཡེ་ཤེས་སུ་འཆར་བ་ལ་འཁོར་འདས་དབྱེར་མེད་ཟེར་བ་ཡིན། དེའང་དམིགས་པ་མེད་པའི་སྙིང་རྗེའི་རྩི་དང་མ་བྲལ་བ་ཞིག་ངེས་པར་དགོས། དེ་ལྟ་བུའི་ནང་གི་ཉམས་ལེན་གྱི་གཟུགས་བརྙན་ཕྱིར་ཤར་བ་སྣོད་གཞལ་ཡས་ཁང་དང་བཅུད་ལྷག་པའི་ལྷར་སྣང་བས་ཕྱི་ནང་གི་རྟེན་འབྲེལ་གྱི་གནད་འདི་ཤེས་བཞིན་དུ་བསྒོམ་དགོས། དེ་ལྟར་བསྒོམ་ན་རིག་པ་སྐད་ཅིག་མ་འདིའི་སྟེང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཚང་བས་གཞལ་ཡང་ཁང་བསྒོམ་ཡང་འབྲས་དུས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་དག་སྣང་དང་། ལམ་གྱི་ཉམས་ལེན་གྱི་གནད་ཐམས་ཅད་ཚང་དགོས་པས། དེའང་ཕྱོགས་གཅིག་ལ་མཚོན་ནས་མདོར་བསྡུས་ཙམ་བཤད་ན། རྩིགས་པ་རིམ་པ་ལྔ་གཞི་དང་སྦྱར་ན་དུག་ལྔ་ཕུང་པོ་ལྔ་སྦྱོང་ལ། ལམ་དང་སྦྱར་ན་དབང་པོ་ལྔ་དང་སྟོབས་ལྔའི་དག་པ་མཚོན་ལ། འབྲས་བུ་ལ་སྦྱར་ན་ཡེ་ཤེས་ལྔ་དང་སྐུ་ལྔ་ཡང་ཡིན་པས་ཉི་ཟེར་དུ་སྣང་གསུམ་རྒྱུད་གསུམ་གྱི་ཉམས་ལེན་ཐམས་ཅད་རིག་པ་སྐད་ཅིག་མ་ལ་ཚང་གསུང་པའང་དེ་ཡིན་ནོ། །གཞན་ཡང་དུར་ཁྲོད་ཀྱིས་མ་དག་པ་འཁོར་བ་མཚོན་གཞལ་ཡས་ཁང་གིས་ལམ་མཚོན། ལྷ་དགུའི་འབྲས་བུ་མཚོན་གསུང་པའང་རྣལ་འབྱོར་པས་གཞི་ལམ་འབྲས་གཅིག་ཏུ་བསྲེས་ནས་ཉམས་སུ་བླང་བའི་གཟུགས་བརྙན་ཕྱིར་ཤར་བ་ཡིན་པས་དེ་གསུམ་ལྷ་དང་ཡེ་ཤེས་ཡིན་མིན་གྱི་ཁྱད་པར་མེད་པ་ཞིག་གོ་དགོས། གཞལ་ཡས་ཁང་གི་ལྷ་སྣམ་ཤར་དཀར་ལྷོར་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ་ཡེ་ཤེས་ལྔ་མངོན་དུ་བྱས་པའི་བརྡ་ཡིན། དེའི་སྟེང་དུ་བདུད་བཞི་བརྩེགས་མར་བསྒོམ་པ་དེ་ཉམས་ལེན་དེ་ལྟ་བུ་དང་ལྡན་ན་བདུད་བཞིའི་སྐྱོན་གྱིས་མི་གོས་པས་ཞབས་འོག་ཏུ་ནོན་ཡོད་ཟེར་བའི་བརྡ་ཡིན། དེ་ནས་མངོན་བྱང་ལྔས་ལྷ་བསྐྱེད་པ་ལ། ཟླ་ཟེར་ལས་མདོར་ན་རྒྱུ་དུས་ཀྱི་ལུས་སེམས་གཉིས་མངོན་བྱང་ལྔའི་ཚུལ་དུ་རང་གྲུབ་ཏུ་ཡོད་པ་ནི་སྦྱང་གཞི་ཡིན་ལ། དེ་ལ་གསང་དབང་དང་ཤེས་རབ་ཡེ་ཤེས་གཉིས་མངོན་བྱང་ལྔའི་ཚུལ་དུ་བསྐུར་བས་བསྐྱེད་རིམ་གྱི་མངོན་བྱང་ལྔ་འགྲུབ་པའི་རྒྱུ་བྱེད་ལ། ལམ་དུ་བསྐྱེད་རིམ་གྱི་ལྷ་རྣམས་མངོན་བྱང་ལྔའི་ཚུལ་གྱིས་བསྒོམ་པས་རྫོགས་རིམ་གཉིས་ཀྱི་དགེ་རྩ་སྨིན་བྱེད་དུ་འགྲོ་ལ། དེས་རྫོགས་རིམ་བསྒོམས་པས་འབྲས་བུ་ཡེ་ཤེས་ལྔ་མངོན་དུ་གྱུར་ནས་ཚང་རྒྱ་བ་ཡིན་པས་འདི་རྣམས་རྒྱུ་འབྲས་སུ་འགྲོ་བའི་བཤད་པ་ཤེས་དགོས་ཀྱི། མཚོན་དོན་བསྒྲིགས་པ་ཙམ་གྱི་བཤད་པ་ལ་སྙིང་པོ་མེད་དོ། །ཞེས་གསུངས་པའི་དོན། མངལ་སྐྱེས་གཙོ་བོའི་དབང་དུ་བྱས་ནས་བཤད་ན་ཕ་མའི་ཁུ་ཁྲག་གཉིས་བར་དོའི་རྣམ་ཤེས་གསུམ་འཛོམ་སྟེ་བརྒྱལ་ནས་རྟེན་དཀྱིལ་འཁོར་བཞི་རིམ་གྱིས་འཕེལ་ཏེ་ལུས་གྲུབ་པ་མངོན་བྱང་ལྔ་ཡིན་ལ། འཆི་བའི་ཚེ་དཀར་ལམ་དམར་ལམ་ནག་ལམ་རྣམས་ཤར་ཏེ་འོད་གསལ་ངོས་མ་ཟིན་པར་བརྒྱལ་ནས་སླར་ཡང་བར་དོའི་ལུས་གྲུབ་སྟེ་ལུས་ལེན་པ་གཞི་དུས་ཀྱི་མངོན་བྱང་ཡིན་ནོ། །ད་ལྟ་ལུས་གནས་པའི་རོ་རྐྱང་གཉིས་ཀྱི་དབང་གིས་ཕྱི་རོལ་གྱི་ཉི་ཟླའི་སྣང་བ་དང་རྟོག་པ་སྣ་ཚོགས་པ་གཟུང་འཛིན་གྱི་སྣང་བ་དང་བཅས་པ་ཤར་བ་ཕྱི་ནང་གི་རྟེན་འབྲེལ་གྱི་དབང་གིས་སྣང་བ་ཡིན་པས། དེ་ལྟ་བུའི་གཞི་དུས་ཀྱི་མངོན་བྱང་ལ་གསང་དབང་དང་ཤེར་དབང་གཉིས་ཐབས་ཤེས་ཟུང་འཇུག་མངོན་བྱང་ལྔ་ལྡན་གྱི་ཚུལ་དུ་བསྐུར་ནས་བསྐྱེད་རིམ་གྱི་སྐབས་སུ་ཕྱི་ནང་གི་རྟེན་འབྲེལ་དང་གཞི་འབྲས་བསྲེ་བའི་ཐབས་ཀྱི་མངོན་བྱང་ལྔ་བསྒོམ་ན་བསྐྱེད་རིམ་དེ་རྫོགས་རིམ་གྱི་སྨིན་བྱེད་དུའང་འགྲོ་ཞིང་། རྗེ་བཙུན་གྱིས། ཡེ་ཤེས་ཞབས་ལུགས་ཀྱིས་བསྐྱེད་རིམ་ལ་རྫོགས་རིམ་གྱི་རྒྱས་བཏབ་ནས་བསྒོམ་པར་གསུངས་པ་ལ་ཅུང་ཟད་ཐུགས་མ་མཉེས་པར་ཟུར་ཟ་མཛད་པ་འདི་འདྲའི་གནད་ཀྱིས་མ་ཟིན་པ་ལ་དགོངས་ཤིང་། མདོ་ཕྱོགས་ཀྱི་ལམ་གྱིས་སྣང་གསུམ་འཕོ་བའི་བག་ཆགས་མི་སྦྱོང་ཞིང་སྔགས་ཀྱིས་སྦྱོང་བར་གསུངས་པ་བསྐྱེད་རིམ་གྱི་དུས་ནའང་གནད་འདི་འདྲས་ཟིན་པ་དང་། རྫོགས་རིམ་རང་བྱིན་རླབས་དཀྱིས་འཁོར་འཁོར་ལོ་གཉིས་དང་རྡོ་རྗེ་རྦ་རླབས་ཀྱི་སྦྱོང་ཞིང་ལམ་དུས་ཀྱི་སྣང་བཞིའི་ཡེ་ཤེས་ཟུང་འཇུག་དང་བཅས་པའང་མངོན་བྱང་ལྔ་ཡིན་ཞིང་འབྲས་དུས་ཀྱི་སྐུ་དང་ཡེ་ཤེས་ཀྱང་འདི་ལས་ལོགས་ན་མེད་པས་ཡེ་ཤེས་ལྔ་དུས་གཅིག་ཏུ་བསྒོམ་ཤེས་དགོས་པས་དེའི་ཚུལ་ནི། ཡེ་ཤེས་གྲུབ་པ་ལས། ཇི་ལྟར་མེ་ལོང་གཟུགས་བརྙན་ལ། །རང་ཉིད་ངེས་པར་སྣང་བ་ལྟར། །དེ་བཞིན་ཆོས་སྐུའི་གཟུགས་བརྙན་ནི། །སྣང་བས་མེ་ལོང་ཞེས་བྱའོ། །ཞེས་གསུངས་པ་ལྟར། ད་ལྟའི་རིག་པ་སྐད་ཅིག་མ་གཟུང་འཛིན་གྱི་སྒྲིབ་གཡོག་དང་བྲལ་བ་འདི་བཅས་བཅོས་མ་ཤོར་བར་རང་བབས་སུ་འཇོག་ཤེས་ན་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཡིན། དེ་བཞིན་གཤེགས་ཀུན་ཡེ་ཤེས་དང་། །རང་གི་དང་ནི་འགྲོ་བའི་ཡང་། །དངོས་ཉིད་ཅིག་པར་ཐུགས་ཆུད་པ། །མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །ཞེས་གསུངས་པའི་མཉམ་ཉིད་ཡེ་ཤེས་ཀྱང་དེ་ཡིན། གདོད་ནས་དག་ཅིང་སྐྱེ་བ་མེད། །རང་བཞིན་གྱིས་ནི་འོད་གསལ་བ། །ཕན་ཚུན་ཁྱབ་པའི་ཡེ་ཤེས་གང་། །སོ་སོར་རྟོག་པ་ཅན་ཞེས་བྱ། ཞེས་གསུངས་པའང་དེ་ཡིན་ཀུན་ཏུ་ཀུན་ནས་སངས་རྒྱས་ཀྱི། །སངས་རྒྱས་མཛད་པ་ལ་འཇུག་པས། །སངས་རྒྱས་ཐམས་ཅད་མཛད་གཅིག་ལ། །བྱ་བ་གྲུབ་པ་ཞེས་བྱའོ། །ཞེས་གསུང་པའི་དོན་རང་གི་སེམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་ན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་རྟོགས་ཤིང་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བ་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་པས་གོང་གི་ཡེ་ཤེས་དེའི་ཕྲིན་ལས་ཀྱི་ཆ་ཡིན། ཆོས་དབྱིངས་ཡེ་ཤེས་ནི། གང་ཚེ་ཉོན་མོངས་ཤེས་བྱའི་སྒྲིབ། །ཐམས་ཅད་ལས་གྲོལ་དེ་ཡི་ཚེ། །རྣལ་འབྱོར་པ་མཆོག་རྡོ་རྗེ་ཅན། །ཤིན་ཏུ་རྣམ་དག་ཅེས་བྱའོ། །ཞེས་པས་བསྟན་པར་གསུངས་པས་གོང་གི་རང་ངོ་ཤེས་པའི་ཡེ་ཤེས་ཀྱི་ངང་ལ་མཉམ་པར་བཞག་ཚེ་བདག་འཛིན་དང་ཆགས་སྡང་གིས་མ་གོས་པས་ཉོན་སྒྲིབ་དང་། འཁོར་གསུམ་མཾ་གཟུང་འཛིན་གྱིས་མ་བསླད་པས་ཤེས་སྒྲིབ་དག་པ་ལ་ཆོས་དབྱིངས་ཡེ་ཤེས་སུ་འཇོག་པ་ཡིན་པས་རང་གི་འཁོར་འདས་དབྱེར་མེད་བསྒོམ་པ་ལ་ཡེ་ཤེས་ལྔ་ཚང་བར་ཤེས་ནས་མངོན་བྱང་ལྔའི་སྦྱང་གཞི་ལྔ་ཚན་བཅོ་ལྔ་ཚན་པ་ལྔ་སྦྱངས་ནས་ཡེ་ཤེས་ལྔའི་གཟུགས་བརྙན་ཟླ་བ་ཉི་མ་ཕྱག་མཚན་ས་བོན། དེ་གསུམ་རོ་གཅིག་ཏུ་འདྲེས་པ་སྐུ་ཡོངས་སུ་རྫོགས་པ་དང་ལྔའི་རྣམ་པར་ཤར་བ་ཡིན་སྙམ་དུ་གཞི་ལམ་འབྲས་གསུམ་བསྲེས་ནས་དག་སྣང་གི་རྒྱས་མ་ཐེབ་བར་སྦྱང་གཞི་རྣམས་དང་སྦྱོང་བྱེད་སོ་སོར་སྦྱར་ནས་ཡེ་ཤེས་ལྔ་རིམ་ཅན་དུ་བསྒོམ་ཚེ་རྒྱུད་གསུམ་བསྲེས་ནས་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་ངང་ནས་བསྒོམ་པར་ལྟ་བུར་མི་འགྲོ་བར་རྣམ་རྟོག་བརྩེགས་ནས་བསྒོམ་པ་ལས་དང་པོ་པའི་ཉམས་ལེན་ལྟ་བུར་འགྱུར་ཉེན་ཆེ་བས་སེམས་མ་བཅོས་པའི་ངང་ལ་མཉམ་པར་བཞག་ནས་འབྲས་བུ་ལམ་བྱེད་ཀྱི་རྩི་དང་མ་བྲལ་བ་གལ་ཆེ། རྗེ་བླ་མའི་ཞལ་ནས། སྔོན་དུས་དང་པོར་བསྒོམ་པ་ལྟ་བུ་མ་ཡིན་པར་རྒྱུ་རྡོ་རྗེ་འཛིན་པའི་རྩ་ཞལ་དཀར་པོ། གཡས་སྔོ་གཡོན་དམར། སྟེང་ཞལ་དུད་ཁ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་རྣམས་ཀྱི་ཡེ་ཤེས་ལྔ་མཚོན་ཚུལ་ཁ་དོག་འཁོར་འདས་དབྱེར་མེད་ཀྱི་དོན་ལྟ་བའི་ངང་ནས་མ་གཡོས་བཞིན་ད་ལྟ་ཁྲིགས་སེ་འོང་བ་འདུག་གསུངས། སྐུའི་རྣམ་འགྱུར་སྒེག་ཅིང་དཔའ་བ་མི་སྡུག་པ། ཞེས་སོགས་ཆགས་སྡང་རྨོངས་གསུམ་གྱི་ཉམས་རྣམས་རྣམ་པ་གཞི་དུས་དང་མཐུན་པར་སྣང་ཡང་ལམ་བྱེད་གཞི་ལྡན་གྱི་སྟོབས་ཀྱིས་ངོ་བོ་འབྲས་དུས་ཀྱི་སྐུ་དང་ཡེ་ཤེས་དངོས་ཡིན་པས་ཐ་མལ་གྱི་ཞེན་འཛིན་སྤུ་ཙམ་གྱི་མ་གོས་པ་ཞིག་དགོས། མཁའ་གསང་བྱིན་རླབས་བྱེད་པ་དེ་ཐ་མལ་པའི་ཆགས་པས་གོས་མི་རུང་ཟེར་བའི་དོན་ཡིན། སྙོམས་འཇུག་གི་སྒྲས་སངས་རྒྱས་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་པ་དེ་དག་སྣང་གི་རྒྱས་ལེགས་པར་ཐེབས་ན་རང་ལས་གཞན་པའི་ཡེ་ཤེས་པ་མེད་པར་གོ་བའི་གནད་ཡོད། བར་དོའི་རྣམ་ཤེས་ཡིག་འབྲུའི་རྣམ་པར་ཞལ་དུ་ཞུགས། ཡབ་ཡུམ་གཉིས་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་བདུད་བཞིའི་སྟེང་དུ་བདེ་བ་ཆེན་པོའི་རང་བཞིན་གྱི་ཐིག་ལེར་བསྒོམ་པ་དེ་མ་དག་འཁོར་བའི་འཁྲུལ་སྣང་རྣམས་རང་ངོ་ལེགས་པར་ཤེས་ན་སྐུ་དང་ཡེ་ཤེས་ལས་ལོགས་ན་མེད་ཅིང་། ལྷ་སྐུ་ཞལ་ཕྱག་གི་རྣམ་པར་སྣང་བའང་ངོ་བོ་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལས་ནམ་ཡང་གཡོ་བ་མེད་པའི་དོན་ཡིན། ལྷ་མོ་བཞིས་གླུས་བསྐུལ་བ་དེ་ཆོས་སྐུ་ལས་གཟུགས་སྐུའི་སྣང་བ་འབྱུང་བ་དེ་སྙིང་རྗེའི་རྩལ་ལས་འཆར་བ་ལ་དགོངས་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་ནས་སེམས་དཔའ་གསུམ་བརྩེགས་བསྒོམ་པ་དེ་ལུས་ངག་ཡིད་གསུམ་དུས་གཅིག་ལ་གྲོལ་དགོས་པའི་དོན་ཡིན། རང་ཉིད་ཀྱེ་རྡོར་ལྷ་དགུར་བསྒོམ་པ་དམ་ཚིག་སེམས་དཔའ་སྐུ། དེ་རྣམས་ཀྱི་ཐུགས་ཀར་ས་བོན་བསྒོམ་པ་ཡེ་ཤེས་སེམས་དཔའ་གསུང་། ཀླད་ཀོར་རྣམས་ཏིང་ངེ་འཛིན་སེམས་དཔའ་ཐུགས་མཚོན་བྱེད་ཡིན་པས་ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་དང་མ་བྲལ་ན་ཐམས་ཅད་ལྷར་གསལ་འོང་བ་སྣོད་བཅུད་སྦྱང་བ། ཚོགས་དྲུག་གི་ཡུལ་ལ་ཡེངས་ན་ཐ་མལ་སྣང་ཞེན་གྱིས་བསླུ་བས་སྒོ་སྲུང་གི་ཚུལ་དུ་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ། ཉམས་ལེན་དེ་ལྟ་བུ་དང་ལྡན་ན་རང་ལས་གཞན་པའི་སངས་རྒྱས་ཕྱི་རོལ་ན་མེད་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་དགུག་གཞུག་བཅིང་དབང་དུ་བྱས་པ་དེ་རྒྱུའི་ཐེག་པ་ལྟར་ལམ་ལ་རིམ་གྱིས་བསླབ་ནས་སངས་རྒྱས་པ་མ་ཡིན་པར་གཞི་འབྲས་བསྲེས་ནས་བཙན་ཐབས་སུ་རང་ངོ་ཤེས་ནས་གྲོལ་བའི་དོན་ཡིན་ནོ། །ལུས་དཀྱིལ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། བཞི་སྟོང་གི་ནི་ཆོ་ག་ཡང་། ལུས་ཀྱི་དེ་ཉིད་མི་ཤེས་པས། དེ་དག་ཐམས་ཅད་འབྲས་མེད་འགྱུར། ཞེས་གསུངས་པ་སོགས་ཉི་ཟེར་དང་བདེ་ཆེན་བཅུད་སྙིང་གཉིས་སུ་ཕྱི་དཀྱིལ་ལས་ལུས་དཀྱིལ་ཟབ་པའི་རྒྱུ་མཚན་གསུངས་པ་རྣམས་ངེས་པར་བྱས། འཁོར་འདས་དབྱེར་མེད་བསྒོམ་དུས། ཕྱི་ན་གནས་ཚད་ལུས་ལ་ཚང་ལུས་ལ་ཚང་ཚད་སེམས་ལ་བག་ཆགས་ཀྱི་ཚུལ་དུ་ཡོད་གསུངས་པ་དེ་བསྒོམ་པའི་མན་ངག་གིས་ཉམས་སུ་ལེན་ཚུལ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྟེན་དཀྱིལ་འཁོར་བཞི་དབང་རྟེན་ཁོག་པ་དང་བཅས་པ་ལ་ཚང་། གསང་བ་སེམས་ཀུན་གཞིའི་གསལ་ཆ་ལ་བག་ཆགས་ཀྱི་ཚུལ་དུ་ཚང་། སེམས་ཀྱི་གསལ་ཆ་དེ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རིག་སྟོང་བརྗོད་དུ་མེད་པའི་ཡེ་ཤེས་ལས་ནི་ནམ་ཡང་གཡོ་བ་མེད། དེ་བསྒོམ་པ་ལ་འཁོར་འདས་དབྱེར་མེད་ཀྱི་ཁྲིད་ཐོབ་དགོས། དེ་ལ་ཐོག་མར་ལྷན་ཅིག་སྐྱེས་པའི་ཆོས་གསུམ། དེའང་རྒྱུ་ལྷན་ཅིག་སྐྱེས་པའི་ཆོས་གསུམ། ལམ་ལྷན་ཅིག་སྐྱེས་པའི་ཆོས་གསུམ། འབྲས་བུ་ལྷན་ཅིག་སྐྱེས་པའི་ཆོས་གསུམ་སྟེ་གཞི་ལམ་འབྲས་གསུམ་གྱི་དབྱེ་བ་ཡོད་པ་མན་ངག་གིས་གཅིག་ཏུ་དྲིལ་ནས་བསྒོམ་པའི་ཉམས་ལེན་བྱེད་པ་ལུས་དཀྱིལ་བསྒོམ་པ་འདི་ཡིན། ཁམས་གསུམ་རིགས་དྲུག་གི་ས་བོན་ལུས་ལ་ཚང་ཞིང་དེར་རླུང་སེམས་རྒྱུ་འགྲུལ་གྱིས་མ་དག་པའི་སྣང་བ་ཤར་བ་ཀུན་གཞི་རྒྱུ་རྒྱུད། རྣལ་འབྱོར་པའི་ཉམས་ཀྱི་སྣང་བ་འཆར་ཚད་ལུས་ལ་རྩ་ཡིག་གི་ཚུལ་དུ་ཚང་ཞིང་། དེར་རླུང་སེམས་ཅུང་ཟད་དག་པ་རྒྱུ་འགྲུལ་གྱིས་ཉམས་སྣང་འཆར་བ་ལུས་ཐབས་རྒྱུད། མཐར་ཐུག་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བའི་རྒྱུ། ལུས་ལ་རྩ་ཡིག་གི་ཚུལ་དུ་ཡོད་པ་ལ་ཤིན་ཏུ་དག་པའི་རླུང་སེམས་ཀྱི་སྟོབས་ཀྱིས་སྐུ་དང་ཞིང་ཁམས་ཀྱི་སྣང་བ་འབྱུང་བ་འབྲས་རྒྱུད་ཡིན་ལ། དེ་གསུམ་གཅིག་ཏུ་བསྲེས་ནས་བསྒོམ་པ་མཚོན་བྱ་མཚོན་བྱེད་བསྒྲིགས་པ་ལྟ་བུར་མི་གོ་བར་ཚད་མ་བཞིའི་གཏན་ལ་ཕབ་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་པའི་གོ་བ་ཞིག་མེད་ཐབས་མེད། སམ་བུ་ཊ་ལས། ཨེ་ནི་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །ཅེས་སོགས་ཀྱི་དོན་བཤད་ན། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང་། རྩ་འདབས་དྲུག་ཅུ་རྩ་བཞི་འཁོར་ལྷ་མོ་དྲུག་ཅུ་རྩ་བཞིར་བསྒོམ་པ་དེས་ཁམས་གསུམ་རིགས་དྲུག་གི་མ་དག་པའི་སྣང་བ་འབྱུང་བའི་རྒྱུའི་རྩ་ཡིག་སེམས་དང་། ང་རྒྱལ་དང་སེར་སྣ་དང་ཚོར་བའི་ཕུང་པོ་རྣམ་པར་དག་པར་བྱེད། ལམ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་གནད་ཐམས་ཅད་ཚད་མེད་བཞི་དང་། ཕར་ཕྱིན་བཞིར་འདུ་བས་དེ་དག་ཀྱང་འདིར་ཚང་ལ། སྔགས་ཀྱི་ཐེག་པའི་ལམ་ཐམས་ཅད་ཕྱག་རྒྱ་བཞིར་འདུ་ཞིང་དེའང་ཉམས་ལེན་འདི་ལ་ཚང་བ་ཡིན་པས་མདོ་སྔགས་གཉིས་ཀྱི་ལམ་ཐམས་ཅད་ཀྱང་ལུས་དཀྱིལ་བསྒོམ་པ་འདི་ལ་ཚང་། དེའང་གནད་བསྡུས་ན། དམིགས་པ་མེད་པའི་སྙིང་རྗེ་ལ་ཚད་མེད་བཞི་ཚང་། ལྟ་བའི་ངང་ནས་མ་གཡོས་པར་དགེ་བ་སྒྲུབ་པ་ལ་ཕར་ཕྱིན་དྲུག་ཚང་། དེ་ཐབས་ཀྱི་ཕར་ཕྱིན་ཡིན། མི་མཐུན་ཕྱོགས་ཀྱིས་མི་བརྫི་བ་སྟོབས་ཀྱི་ཕར་ཕྱིན། གང་ཟག་དེས་གནད་ཀྱི་སྨོན་ལམ་ཐམས་ཅད་འགྲུབ་པ་སྨོན་ལམ་གྱི་ཕར་ཕྱིན། བདག་མེད་གཉིས་རྟོགས་ཀྱི་ལྟ་བའི་ངང་ནས་མ་གཡོས་པ་ཡེ་ཤེས་ཀྱི་ཕར་ཕྱིན། སྒོ་གསུམ་རྡོ་རྗེ་གསུམ་དང་མི་འབྲལ་ཞིང་སྣང་སྲིད་དག་པ་རབ་འབྱམས་སུ་ཤེས་པ་ཕྱག་རྒྱ་བཞི་ཡིན་པས་བཞི་ཚན་གསུམ་པོ་འཁོར་ལོ་སོ་སོ་ལ་སྦྱོར་བར་མཛད་ཀྱང་འཁོར་ལོ་གཅིག་ལ་གནད་ཐམས་ཅད་ཚང་བ་ཡིན་ནོ། །འབྲས་བུ་སྐུ་དང་ཡེ་ཤེས་ཞིང་ཁམས་དང་བཅས་པ་ལུས་དཀྱིལ་བསྒོམ་པ་འདི་ལ་ཚང་ཞིང་། དེ་ལྟ་བུའི་གཞི་ལམ་འབྲས་གསུམ་བསྲེ་བ་ལ་རྟེན་དཀྱིལ་འཁོར་བཞི་སྐུ་བཞིར་ཐག་ཆོད་ཅིང་། བརྟེན་པ་རང་རིག་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་རྟེན་དཀྱིལ་འཁོར་བཞི་དང་དབྱེར་མེད་དུ་རྟོགས་ནས་ཟུང་འཇུག་ཏུ་ཉམས་སུ་ལེན་པ་འདི་ལ་བདག་འཛིན་གཉིས་དང་གཟུང་འཛིན་གྱི་རྟོག་པ་དང་གྱ་ནོམ་ལྷར་ཞེན་གྱིས་མ་བསླད་པར་དག་སྣང་གི་ང་རྒྱལ་འཛིན་ཤེས་ན་ལུས་དཀྱིལ་གྱི་གོ་བ་དཔྱིས་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་འཁོར་ལོ་གཞན་རྣམས་ལས་རིགས་འགྲེ་སྦྱར་ཤེས་པར་བྱ། དེ་ལྟར་བསྒོམ་པའི་ཕན་ཡོན་རྟེན་འཁོར་ལོ་ལྔའི་རྩ་ཡིག་རླུང་སེམས་རྣམས་ལྷར་བསྒོམ་པ་དེས་མ་དག་པ་འགྲོ་བ་རིགས་དྲུག་གི་རྟེན་དུ་གྱུར་པའི་རྩ་ཡིག་རླུང་སེམས་རྣམས་སྐུ་དང་ཡེ་ཤེས་སུ་བསྒོམ་པར་སོང་བས་རིགས་དྲུག་གི་གནས་སོགས་འཁྲུལ་སྣང་ཐམས་ཅད་སྦྱོང་བ་ཡིན་ནོ། །སངས་རྒྱས་རིགས་ལྔའི་སྐུ་དང་ཞིང་ཁམས་ཐམས་ཅད་འདི་ལས་ལོགས་ན་མེད་པར་ཤེས་པས་ཞིང་སྦྱོང་བའང་འགྲུབ་པ་ཡིན་ནོ། །དེ་ལྟ་བུའི་རྟེན་དཀྱིལ་འཁོར་བཞི་བརྟེན་པ་སེམས་དང་བཅས་པའི་གནད་ཤེས་ནས་ལུས་དཀྱིལ་བསྒོམ་པ་འདི་ལ། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་བསྐྱེད་རིམ་བསྒོམ་པས་འདོད་ཡོན་ལམ་དུ་བྱེད། རྫོགས་རིམ་ཐབས་ཀྱིས་ཉོན་མོངས་བྱང་ཆུབ་འགྱུར། ཞེས་གསུངས་པའི་ཕན་ཡོན་འབྱུང་བར་མ་ཟད། ལམ་འབྲས་ལས། ལམ་འཇུག་ལྡོག་དང་། ཕྱག་རྒྱ་འཇུག་ལྡོག་གསུངས་པའི་དོན་འདི་ལྟ་བུའི་གནད་ཟིན་ནས་བསྒོམ་པའི་ཚེ་དབང་གོང་མ་གསུམ་གྱི་ཡེ་ཤེས་འདྲེན་ནུས་ན་ལམ་གོང་མ་མ་བསྒོམ་ཡང་ཆོག་པ་དང་། ལུས་དཀྱིལ་བསྒོམ་པས་བདེ་སྟོང་གི་ཡེ་ཤེས་བསྐྱེད་ནུས་ན་དབང་གསུམ་པའི་ལམ་གྱི་གོ་ཆོད་ཅེས་པ་ལྟ་བུར་གོ་རུང་། ལུས་སེམས་གཉིས་གྲུབ་སྡེ་རྫས་གཅིག་ཡིན་པའི་གནད་ཀྱི་ལུས་ཟག་མེད་འཇའ་ལུས་དང་། སེམས་རྟོག་མེད་ཆོས་སྐུར་གྲོལ་བ་དུས་གཅིག་ལ་འོང་བ་ཡིན་ནོ། །ལམ་ཟབ་ནང་མ་འདིར་བསྒོམ་ན་ངོར་ཆེན་གྱིས་ལམ་འབྲས་བུ་དང་བཅས་པའི་བཅུད་བསྡུས་པ་ལྟ་བུའི་གདམས་ངག་ཡིན་གསུངས་པའི་དོན། གང་ཟག་དབང་པོ་རབ་ཀྱི་ལམ་བླ་མའི་རྣལ་འབྱོར་འདི་ལ་དབང་བཞིའི་ལམ་གནད་ཐམས་ཅད་ཚང་བར་ཤེས་དགོས་པ་དང་། མཆོག་བསྒྲུབ་པའི་མངོན་རྟོགས་རྣམས་ཀྱི་དོན་ཚང་བར་ཤེས་དགོས་པར་གསུངས་པ་ཡིན་ནོ། །ད་ནི་དབང་ལེན་པ་ལ། དབང་ཞེས་པའི་གོ་དོན་སྔར་མ་རིག་འཁྲུལ་པའི་གཞན་དབང་དུ་གྱུར་པ་ད་རང་ངོ་ཤེས་ནས་རང་དབང་ཐོབ་པར་ངོ་སྤྲོད་པའི་དོན་ཡིན། དེ་ནས་གང་ཟག་དབང་པོ་རབ་དབང་དུས་སུ་གྲོལ་བ་དང་། འབྲིང་དོན་གྱི་ཡེ་ཤེས་དང་། དཔེའི་ཡེ་ཤེས་ངོ་འཕྲོད་པ། ཐ་མ་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པ་ལ་འཇོག་མཛད་པ་ཡིན། བརྒྱུད་པ་འདིའི་བཀའ་སྲོལ་ལ། དབང་ལམ་དུ་བྱ་བ་ཞེས་ལམ་དུས་ཀྱི་དབང་རྒྱས་བསྡུས་ཐུན་བཞི་སོགས་སུ་ལེན་པ་འདིས་དམ་ཚིག་ཉམས་ཆགས་གསོ་བ་དང་། འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་དྲན་པ་གསོ་བ་དང་། ཡེ་ཤེས་ཀྱི་གསལ་སྣང་འདྲེན་པའི་ཐབས་ཁྱད་པར་ཅན་ཞིག་ཡིན་པས་ཁེ་ཆེ་བ་ཉེན་ཆུང་བ་རང་གི་རྒྱུ་ཚོད་ལ་ཤིན་ཏུ་འཚམས་པ་ཡིན་ནོ། །འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ལ་གོ་མྱོང་ཧ་ཅང་མེད་ཅིང་མོས་གུས་ཀྱིས་དབང་བླངས་ཏེ་དམ་ཚིག་གསོ་བར་འདོད་ན། ཡིག་ཆ་རྣམས་ལས་དབང་ལྷའི་གཙོ་བོ་དེ་རང་གི་བླ་མར་བསྒོམ་གསུངས་ཀྱང་། གདན་གསུམ་ཚང་བའི་ལྷ་ཚོགས་ཐམས་ཅད་རྩ་བའི་བླ་མར་བསྒོམ་པ་ལམ་ཟབ་ཀྱི་ཁྱད་ཆོས་ཡིན་པས་ཤིན་ཏུ་ལེགས་ཏེ་སྦྱང་གཞི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་རྣམས་སྦྱོང་བྱེད་དབང་བསྐུར་ཟབ་མོའི་ཐབས་ཀྱིས་སྦྱངས་འབྲས་སྐུ་དང་ཡེ་ཤེས་སུ་བྱིན་གྱིས་རློབ་པ་ཡིན་སྙམ་དུ་མོས་གུས་ཀྱིས་དབང་བླང་བ་ལ་དམ་ཚིག་གསོ་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་འབྱུང་ཞིང་། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ལ་འདྲིས་གོམས་ཅུང་ཟད་བྱས་ནས་ལྟ་ཐོག་ནས་བསྒོམ་པ་ཚོལ་བའི་ཚུལ་གྱིས་དབང་ལེན་ལ། རང་གི་སྦྱང་གཞི་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔའི་འཕྲུལ་སྣང་དབྱིངས་སུ་དག་པའི་ངོ་བོ་རྩ་བའི་བླ་མ་དང་ཐ་མི་དད་པའི་རྒྱལ་བ་རིགས་ལྔ་དང་། དེ་བཞིན་དུ་རང་གི་འབྱུང་བ་ལྔ་དང་ཚད་མེད་བཞི་བདེ་བ་ཆེན་པོའི་ཡེ་ཤེས་དང་ལྔའི་མི་མཐུན་ཕྱོགས་ཀྱི་འཁྲུལ་སྣང་རྣམས་དབྱིངས་སུ་དག་པའི་ངོ་བོ་ཡུམ་བཞིའམ་ལྔ་དང་། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་ཀྱི་འཁྲུལ་སྣང་དབྱིངས་སུ་དག་པའི་ངོ་བོ་བྱང་ཆུབ་སེམས་དཔའ་དང་ལྷ་མོའི་ཚོགས་དང་། རང་རྒྱུད་ཀྱི་ཉོན་ཤེས་ཀྱི་སྒྲིབ་པ་རྣམས་དང་། ཚིག་ཆེན་བཅུ་གཉིས་རྣམས་སུ་ནད་འདུ་བ་བཞི་ལ་སོགས་པའི་རྩ་མདུད་ཡོད་པས་དེ་དག་གི་རླུང་སེམས་རྒྱུ་འགྲུལ་གྱི་དབང་གིས་ཕྱི་ནང་གི་བར་ཆད་རྣམས་འབྱུང་བས་འཁྲུལ་སྣང་དེ་དག་དབྱིངས་སུ་དག་པའི་ངོ་བོ་ཁྲོ་བོ་དང་ཁྲོ་མོའི་ཚོགས་ཏེ་བླ་མ་གདན་གསུམ་ཚང་བའི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། དེ་ལ་འཁོར་འདས་གཉིས་ཀྱི་མཆོད་པ་ཐམས་ཅད་བདུད་རྩི་ལྔ་དང་ཡེ་ཤེས་ལྔའི་ངོ་བོར་ཤེས་པས་གདན་གསུམ་ཚང་བའི་མཆོད་པས་མཆོད་ཅིང་། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཡོན་ཏན་མདོར་བསྡུས་ན་ཡེ་ཤེས་ལྔའི་ནང་དུ་འདུས་པར་ཤེས་ནས་ཞེ་སྡང་རྡོ་རྗེ་སོགས་གདན་གསུམ་ཚང་བའི་བསྟོད་པའི་སྒོ་ནས་བསྟོད་དེ། འཁོར་བ་ཐོགས་མེད་ཀྱིས་དུས་ནས་འཁྲུལ་པའི་འཁྲུལ་སྣང་འདི་རྣམས་བླ་མ་གདན་གསུམ་ཚང་བའི་ལྷ་ཚོགས་ལས་ངོ་སྤྲོད་ཀྱི་དབང་ཐོབ་པའི་སྐད་ཅིག་ལ་སྐུ་དང་ཡེ་ཤེས་སུ་གནས་འགྱུར་བའི་དབང་ཡོན་དུ་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་དང་བཅས་མཎྜལ་གྱི་ཚུལ་དུ་ཕུལ་ནས་དབང་ལེན་པ་ཡིན་ནོ། །འོག་ཏུ་མིང་དབང་གི་འཇུག་ཏུ་དབང་གི་ངོ་སྤྲོད། དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྙོག་མེད་དག །སངས་རྒྱས་ཡེ་ཤེས་བལྟ་བར་གྱིས། །ཞེས་གསུངས་པའི་དོན། རང་ལ་སྣང་བའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བླ་མའི་དྲིན་གྱིས་རང་ངོ་འཕྲོད་ན་ལྷག་པའི་ལྷ་གདན་གསུམ་ལྷ་དང་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་རང་གི་རྣམ་རྟོག་གི་རྙོག་པས་མ་བསླད་པར་རང་བཞིན་གྱིས་དག་པ་ལ་དག་པར་ཤེས་པའི་དག་སྣང་གི་སྒོ་ནས་བསྒོམ་དགོས་པ་ཡིན། དེའི་ཚུལ་ནི། མི་བསྐྱོད་པ་ཆུ་དབང་གི་སྐབས་སུ་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལུས་ལ་རྩ་ཁམས་ཀྱི་ཚུལ་དུ་ཚང་། ལུས་ལ་ཚང་ཚད་སེམས་རྣམ་པར་ཤེས་པའི་ཚོགས་དྲུག་གམ་བརྒྱད་པོ་ད་ལྟའི་ཤེས་པའི་གསལ་ཆ་འདི་ཉིད་ལ་བག་ཆགས་ཀྱི་ཚུལ་དུ་ཚང་བས། སེམས་ཀྱི་གསལ་ཆ་དེ་སྐྱེ་འགག་གནས་གསུམ་དང་བྲལ་བའི་དབྱིངས་འདུས་མ་བྱས་ངང་ལས་ནམ་ཡང་མི་གཡོ་བར་ཤེས་ནས་སྣང་ཆ་ཕྱི་ནང་གི་ལྷ་ཐམས་ཅད་མི་བསྐྱོད་པ་ཡབ་ཡུམ་དུ་ཡན་ལག་བཞི་རྫོགས་ཀྱི་ཚུལ་གྱིས་གསལ་འདེབས་ཤིང་བྱིན་གྱིས་རློབས་པ་སྟེ། དེའང་བདག་མདུན་ཐ་དད་དུ་འཛིན་པའི་གཟུང་འཛིན་གྱི་རྟོག་པ་དང་ཉོན་མོངས་པས་མ་བསླད་པར། དེ་བཞིན་གཤེགས་པ་ལྔས་བུམ་པའི་ཆུས་སྤྱི་བོར་ནས་དབང་བསྐུར་ཚེ་དུག་ལྔ་དང་ཕུང་པོ་ལྔའི་འཁྲུལ་སྣང་དབྱིངས་སུ་དག་ནས་བདག་མདུན་ཐ་དད་མེད་པར་རིགས་ལྔ་དང་ཡེ་ཤེས་ལྔའི་རྟོགས་པ་མངོན་དུ་གྱུར་བྱུང་སྙམ་པ་དང་། ཡུམ་ལྔས་རྡོ་རྗེའི་གླུ་བླང་པའི་ཚེ་ཚད་མེད་བཞིའི་མི་མཐུན་ཕྱོགས་དང་འབྱུང་བ་ལྔའི་འཁྲུལ་སྣང་སྦྱངས་ནས་དམིགས་པ་མེད་པའི་སྙིང་རྗེའི་རང་མདངས་ཡུམ་ལྔའི་ངོ་བོར་བྱིན་གྱིས་བརླབས་སོང་སྙམ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད་ཚེ་ནང་གི་ཚོགས་དྲུག་གི་འཁྲུལ་སྣང་དབྱིངས་སུ་དག་སྟེ་གང་ཤར་བདེ་བ་ཆེན་པོའི་ཡེ་ཤེས་སུ་ངོ་འཕྲོད་བྱུང་སྙམ་པ་དང་། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ཚེ་བདག་འཛིན་དང་ཆགས་སྡང་གཉིས་འཛིན་གྱི་རྟོག་པ་ཐམས་ཅད་གློ་བུར་གྱི་འཁྲུལ་སྣང་ཡིན་པས་འཁྲུལ་རྟོག་དང་དེའི་གཟུགས་བརྙན་ཕྱི་ནང་གི་བགེགས་ཐམས་ཅད་དབྱིངས་སུ་དྭངས་སོང་སྙམ་པ་དང་། ལྷ་མོ་རྣམས་ཀྱི་མཆོད་པའི་ཚེ་ཡུལ་དྲུག་གི་འདོད་ཡོན་གྱི་སྣང་བ་ལ་གཉིས་འཛིན་གྱི་ཞེན་པས་སླད་མ་ཞུགས་པར་འདོད་ཡོན་རྒྱན་དུ་ཤར་ཏེ་མཆོད་བྱ་མཆོད་ཡུལ་ལ་བཟང་ངན་ཐ་དད་མེད་པའི་རྟོགས་པ་མངོན་དུ་གྱུར་པ་ཡིན་སྙམ་པ་དང་། དབང་གི་ཆུ་རྒྱུན་དེས་སྨིན་མཚམས་ཡན་ཆད་གང་། བུམ་པའི་དབང་ཐོབ། ཕྱི་ནང་གི་ལུས་ལྷར་སྨིན། མགྲིན་པ་ཡན་ཆད་གང་། གསང་བའི་དབང་ཐོབ། ཕྱི་ནང་གི་ངག་སྔགས་སུ་སྨིན། སྙིང་ག་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕྱི་ནང་གི་ཡིད་ཆོས་སྐུར་སྨིན། ལུས་ཐམས་ཅད་གང་། དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་རླུང་དང་བཅས་པ་ངོ་བོར་ཉིད་སྐུར་སྨིན་ཏེ་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག་པར་མོས་ཏེ་དབང་ལེན་པ་འདི་ལ་དབང་བཞི་ཀའི་གནད་ཚང་བར་ལམ་དུ་ཁྱེར་ཤེས་ན་སྨིན་གྲོལ་ཆིག་ཆོད་དུ་གྱུར་ནས་དབང་གོང་མའི་ཡེ་ཤེས་ཀྱང་འདྲེན་ནུས་པ་ཡིན་ནོ། །རྗེ་བཙུན་གྱིས། ལམ་ཐམས་ཅད་གཅིག་ཏུ་སྡེབས་ནས་སྟོན་པ་འདི་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པའི་ལུགས་ཡིན་གསུངས་པའི་དོན་ཡིན། འདི་དག་གི་སྐབས་སུ་སེམས་རིག་སྟོང་གཉིས་སུ་མེད་པ་མ་བཅོས་ལྷུག་པར་བཞག །དེ་ལ་བདག་འཛིན་རེ་དོགས་གཉིས་འཛིན་གྱི་ལྷད་ཞུགས་མ་ཞུགས་ཡང་ཡང་བྱ་ར་བྱེད། བདག་ཉིད་ཕྱིའི་ཧེ་རུ་ཀ་ལུས་དཀྱིལ་དང་བཅས་པས་དབང་ལེན་པ་ཡིན་པས་ལྷ་བརྒྱ་ལྔ་བཅུ་རྩ་བདུན་ནམ་མགྲོན་ཐབས་ཀྱི་ལྷ་དང་། འཁོར་ལྷ་མོ་བརྒྱད་ཀྱིས་ལེན་ན་ལྷ་བརྒྱ་དང་གྱ་བདུན་སྣང་ལ་རང་བཞིན་མེད་པར་ཤེས་ནས་རང་དང་དབང་ལྷ་ཐ་དད་དུ་འཛིན་མི་ཤོར་བར་དབང་ལེན་པ་ལ་གོམས་དགོས་པ་ཡིན་ནོ། །དེ་ནས་རིན་འབྱུང་ཅོད་པཎ་གྱི་དབང་ལ། ཐ་མལ་གྱི་སྣང་བ་སྭ་བྷ་ཝས་སྟོང་པར་སྦྱངས། དེའང་འདིའི་སྦྱང་གཞི་ཚོར་ཕུང་དང་ང་རྒྱལ་སེར་སྣ་ཡིན། ཚོར་བ་བདེ་སྡུག་བར་མར་འཛིན་པའི་རྣམ་རྟོག་འདི་ཚོར་ཕུང་ཡིན་པར་མ་ཟད་ཕུང་པོ་གཞན་བཞི་དང་ཁམས་སྐྱེ་མཆེད་རྣམས་ཀྱང་འདིར་འདུ་ཤེས་དགོས། དེའང་ཇི་ལྟར་ཤེས་ན། ཚོར་བར་སྣང་བཞིན་པའི་རྟོག་པ་འདི་ལ་ཕུང་པོ་གཞན་བཞི་ཨེ་ཚང་བརྟགས་པས་གོ། དེའང་ཚོགས་དྲུག་གི་ཤེས་པ་གང་རུང་གི་སྒོ་ནས་སྐྱེ་བར་ཤེས་པས་སྐྱེ་མཆེད་ཚང་དེའང་ཁམས་འབྱུང་བའམ་བཅོ་བརྒྱད་གང་ཡིན་ཡང་བརྟགས་ན་ཚང་བར་ཤེས་སླ། སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་པ་འདི་ནང་གི་རྟེན་འབྲེལ་ཤེས་པའི་སྒོ་ནས་ངོ་འཕྲོད་པ་འདི་ཤིན་ཏུ་གནད་ཆེ། དེའང་ལྷན་ཅིག་སྐྱེས་པའི་ཆོས་གསུམ་ངོ་འཕྲོད་པ་ལ་ཐུག་ཡོད། སེམས་གསལ་སྟོང་ཟུང་འཇུག་གསུམ་ལས་ཉོན་མོངས་ནད་གདོན་གསུམ་དཀྱིལ་འཁོར་བཞི་ལུས་ངག་ཡིད་གསུམ་གྱི་སྣང་བ་འཆར་ཚུལ་འདི་ཤེས་ན་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ནང་གི་རྟེན་འབྲེལ་གྱི་དབང་གིས་འཆར་བར་ཤེས། ལྷན་ཅིག་སྐྱེས་པའི་ཆོས་ཉི་ཤུ་རྩ་བདུན་དོན་དུ་རང་སེམས་འཁྲུལ་པའི་སྣང་བར་ཤེས་ན་སྦྱང་གཞིའང་འདི་ཡིན་ལ། སྦྱོང་བྱེད་ལམ་ལྷན་ཅིག་སྐྱེས་པའི་ཆོས་གསུམ་ཡང་རང་སེམས་སྐད་ཅིག་མ་གསལ་ཙམ་འདིའི་གློ་བུར་གྱི་དྲི་མ་ཅུང་ཟད་དག་པའི་སྣང་བརྙན་ཙམ་དུ་ཟད་ཅིང་། སྦྱང་འབྲས་འབྲས་བུ་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གློ་བུར་གྱི་དྲི་མ་མ་ལུས་པ་དག་པ་ལ་སངས་རྒྱས་ཞེས་མིང་བཏགས་པ་ཡིན། གཞན་དུ་བཙལ་བས་རྙེད་པ་མ་ཡིན་ནོ། །འཁོར་འདས་ཞེས་པ་རྨོངས་མ་རྨོངས་སམ་ངོ་ཤེས་མ་ཤེས་ཀྱི་ཁྱད་ཙམ་ཡིན་པས་རིག་པ་སྐད་ཅིག་མའི་སྣང་ཆ་འདི་བདག་འཛིན་རེ་དོགས་གཉིས་འཛིན་གྱིས་མ་བསླད་པར་རིན་ཆེན་འབྱུང་ལྡན་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྐྱེད་ནས་བདག་མདུན་ཐ་དད་དུ་མ་ཤོར་བར་དབང་བླངས་ཏེ་ཉམས་ལེན་གྱི་རྒྱུན་དེ་མཉམ་རྗེས་ཐམས་ཅད་དུ་སྐྱོང་ཤེས་ན་ལྟ་སྒོམ་སྤྱོད་གསུམ་གཅིག་ཏུ་བསྲེས་ནས་ཉམས་སུ་ལེན་པའི་མན་ངག་གི་གནད་ཐུན་མོང་མ་ཡིན་པ་ཡིིན་ནོ། །དབང་བསྐུར། གླུ་བླངས། བཀྲ་ཤིས་བརྗོད། བགེགས་སྐྲད་མཆོད་པ་དང་བཅས་ཏེ་ཆུ་རྒྱུན་གཅིག་ལ་དབང་བཞི་ལེན་པ་འདི་ཚིག་ཟིན་ལ་ཡོད་མེད་གང་ལྟར་གོང་འོག་ཐམས་ཅད་དུ་དྲན་དགོས་ཏེ། ཕུང་ཁམས་སྐྱེ་མཆེད་ཀྱི་དྲི་མ་ཐམས་ཅད་སྦྱོང་བ་དང་ལམ་ཐམས་ཅད་གཅིག་ཏུ་བསྲེ་བའི་གནད་ཡིན་པས་སོ། །འོད་དཔག་མེད་རྡོ་རྗེའི་དབང་དང་། དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཡང་དེའི་རིགས་འགྲེ་སྦྱར་ལ་དོན་གྲུབ་ཀྱི་སྦྱང་གཞི་འདུ་བྱེད་ཀྱི་ཕུང་པོ་བདག་འཛིན་དང་བཅས་པའི་རྟོག་པ་བཟང་ངན་ཐམས་ཅད་ཀྱི་ལས་གསོག་པས་འདུ་བྱེད་ཀྱི་ཕུང་པོ་ཡིན། དེའང་སྡིག་པའི་ཕུང་པོ་རི་རབ་ཙམ་ཡོད་ཀྱང་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་དེ། དག་སྣང་གིས་ལམ་དུ་བསྒྱུར་ཤེས་ན་བྱ་བ་གྲུབ་པའི་ཡེ་ཤེས་སུ་གནས་འགྱུར་འགྲོ་བ་ཡིན་པས་གསང་སྔགས་ཀྱི་ལམ་གྱིས་སྐད་ཅིག་ལ་སངས་རྒྱས་ཟེར་བའི་གནད་འདི་འདྲ་ལ་ཐུག་ཡོད། རྣམ་སྣང་གི་སྦྱང་གཞི་གཟུགས་ཕུང་དེ་སེམས་སྣང་ཙམ་དུ་ཤེས་ན་གོང་མ་རྣམས་དང་གནད་གཅིག་ཡིན། རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་གི་སྦྱང་གཞི་ཕུང་པོ་ལྔའི་ཆོས་ཉིད་དེ་དབྱིངས་སྤྲོས་པ་དང་བྲལ་བ་ལྷར་བསྐྱེད་མི་བཏུབ་པས་ཕུང་པོ་ལྔའི་ཆོས་ཉིད་བློ་ལ་ཤར་བའི་སེམས་ཀྱི་གསལ་ཆ་དེ་ལྷར་བསྐྱེད་པ་ཡིན། རྡོ་རྗེ་ཐུགས་ཀྱི་དམ་ཚིག་སྦྱིན་པའི་ཚིག་ལན་གཉིས་འབྱུང་དོན་ནི། མཚོན་བྱེད་བརྡའི་རྡོ་རྗེ་ལག་ཏུ་གཏད་དེ་མཚོན་བྱ་དོན་གྱི་རྡོ་རྗེ་རིག་སྟོང་སྤྲོས་པ་དང་བྲལ་བ་ངོ་སྤྲད་དེ་འདི་ངང་མ་ཤོར་བར་གནས་ཐུབ་ན་སངས་རྒྱས་རིགས་ལྔ་པོའང་འདིར་འདུ་ཞིང་སྡོམ་པ་དམ་ཚིག་གི་གནད་ཀྱང་འདིར་འདུ་ལ་ཡེ་ཤེས་ལྔ་པོའང་འདི་རང་ཡིན་གསུངས་པ་ཡནི་ནོ། །ཐག་ོམཐའ་མད་ེཔ་སགས་ོཀྱས་ིསམས་ེལ་དང་པ་སྐྱ་བ་ེོདང་བར་དུ་གནས་པ་ཐ་མར་འགག་པ་མེད་པར་ཤེས་པའི་དཔྱད་བསྒོམ་དང་། གསལ་སྟོང་ཟུང་འཇུག་མ་བཅོས་པར་འཇོག་པའི་འཇོག་བསྒོམ་གཉིས་ཀྱི་སྒོ་ནས་སྐྱོང་ཤེས་དགོས་པ་ཡིན། དྲིལ་བུ་གསུང་གི་དམ་ཚིག་འདི་ནི་རྣལ་འབྱོར་མ་སོགས་ཀྱིས་མཚོན་བྱེད་བརྡའི་དྲིལ་བུ་ལག་ཏུ་གཏད་དེ། ལྟ་བའི་དྲན་འཛིན་མ་ཤོར་བར་ངག་གི་བརྗོད་པ་ཐམས་ཅད་གྲགས་སྟོང་དབྱེར་མེད་དྲིལ་བུའི་སྒྲ་བཞིན་དུ་ཡིད་མཚན་རྟོག་ལས་སྐྱོབ་པའི་སྔགས་མཚོན་བྱ་དོན་གྱི་དྲིལ་བུ་ངོ་སྤྲོད་པ་ཡིན། སྦྱོང་ཚུལ་སྔ་མ་དང་འདྲ། ཕྱག་རྒྱ་སྐུའི་དམ་ཚིག་རང་ཉིད་ལྷར་བསྐྱེད། རྡོ་རྗེ་ཐུགས་དང་དྲིལ་བུ་གསུང་གི་མཚོན་དོན་དང་མ་བྲལ་བར་ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་སུ་ཁྱེར་ཤེས་ན་ཐ་མལ་སྣང་ཞེན་གྱ་ནོམ་ལྷར་ཞེན་གཉིས་ཀས་མི་བརྫི་ཞིང་བསྐྱེད་རིམ་གྱི་སྡོམ་པའི་ངོ་བོ་མཐར་ཐུག་པ་ངོ་འཕྲོདཔ་ཡིན་ནོ། །གསང་དབང་ལ་དམ་པ་གོང་མ་རྣམས་ཀྱིས་ཚད་ལྡན་བསྒྲུབ་པའི་བདུད་རྩི་རིལ་བུ་དང་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་བྱང་སེམས་རིལ་བུ་རང་གི་བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་ན་དེའི་གསང་ཆབ་ཡན་ཆད་བསགས་ལ། དེ་ལ་གདན་གསུམ་ཚང་བའི་ཡེ་ཤེས་པ་དངོས་ཀྱི་འདུ་ཤེས་བཞག་སྟེ་རང་གིས་མྱང་། དེས་རང་གི་རྟེན་དཀྱིལ་འཁོར་བཞི་གདན་གསུམ་ཚང་བ་དམ་ཚིག་པ་ལ་བྱིན་གྱིས་བརླབས་ཏེ་རང་བཞིན་བརྒྱད་ཅུའི་རྟོག་པ་དབྱིངས་སུ་དག །ལུས་ཟག་མེད་འཇའ་ལུས་དང་། སེམས་རྟོག་མེད་ཆོས་སྐུར་གྲོལ་སོང་སྙམ་དུ་མཉམ་པར་བཞག །རྟེན་འབྲེལ་རྫས་ཀྱི་ནུས་པ་དང་། རང་གི་མོས་གུས་ཀྱིས་སྟོབས་ཀྱིས་ཡེ་ཤེས་སྐྱེ་ཞིང་རླུང་གཏུམ་མོའི་རྫོགས་རིམ་ཐམས་ཅད་ཀྱི་སྨིན་བྱེད་དུ་འགྲོ་བ་ཡིན་པས་དེང་སང་འདི་གནད་དུ་ཆེ་བར་སེམས། དབང་གསུམ་པ་ལ་རང་ཉིད་གདན་གསུམ་ཚང་བའི་ཧེ་རུ་ཀར་གསལ་རིག་མའང་གདན་གསུམ་ཚང་བའི་ལྷ་མོར་བསྐྱེད། བྱང་སེམས་གདན་གསུམ་ཚང་བ་བབས་བཟློག་གི་སྒོ་ནས་ཉམས་མྱོང་དཔེའི་སེམས་བསྐྱེད་པ་ཡིན་མོད། དེང་སང་ལག་ལེན་ལ་ཐེབས་དཀའ་བས་མོས་པ་ཡིད་བྱེད་ཀྱི་ཚུལ་དུ་འདོན་བསྒོམ་བྱེད། རྟོག་པའི་སྒོ་ནས་བཅིང་གྲོལ་དུ་འགྱུར་བ་ལས་དངོས་པོ་ལ་ངོ་བོའི་སྒོ་ནས་འཆིང་གྲོལ་མེད། རྣམ་པ་ཇི་ལྟར་སྣང་ཡང་ཐབས་ལ་མཁས་པས་ལམ་དུ་ཁྱེར་ཤེས་ན་ཟག་མེད་བདེ་བའི་ཉེ་རྒྱུར་འགྲོ་བ་ཡིན། འོ་ན་དབང་གསུམ་པའི་ཉམས་མྱོང་མེད་པ་ལ། དེ་ལ་བརྟེན་ནས་བཞི་པའི་ཡེ་ཤེས་ཇི་ལྟར་ངོ་སྤྲོད་ཅེ་ན། ཉམས་མྱོང་མཚན་ཉིད་པ་མེད་ཀྱང་གོ་ཡུལ་ཙམ་པོ་ལ་བཞི་པ་ཚིག་གི་སྒོ་ནས་ངོ་སྤྲོད་པ་ཡིན། རང་གིས་དམིགས་པ་ལེགས་པར་འཛིན་ཤེས་ན་ཡེ་ཤེས་སྐྱེ་བ་ཡོད་དོ། །གྲོལ་ལམ་ལ་བརྟེན་ནས་དབང་བཞི་རྫོགས་པར་བསྐུར་བ་ལ་མཚོན་བྱེད་དཔེའི་ཡེ་ཤེས་སྐྱེ་བ་དུ་མ་ཡོད་པའི་ཕྱིར་ཏེ། བླ་མའི་བྱིན་རླབས་ཞུགས་པས་ཡེ་ཤེས་ངོ་འཕྲོད་པ་བཞིན་ནོ། །དེ་ལྟར་དབང་བཞི་བླངས་པའི་དུས་སུ་ཕུང་ཁམས་སྐྱེ་མཆེད་ལྷ་དང་ཡེ་ཤེས་སུ་ཤེས་པའི་བསྐྱེད་རིམ་གྱི་སྡོམ་པ་དང་། རྟེན་དཀྱིལ་འཁོར་བཞི་བརྟེན་པ་རང་རིག་པ་དང་བཅས་པ་དབྱིངས་དང་རིག་པ་གཉིས་སུ་མེད་པའི་བདེ་སྟོང་མཆོག་གི་ཡེ་ཤེས་སུ་ངོ་འཕྲོད་པའི་རྫོགས་རིམ་གྱི་སྡོམ་པ་ཐོབ་པའི་ཐོབ་བློ་བསྐྱེད་དགོས། དེ་ནས་དམ་ཚིག་བསྡུས་ཏེ་འཛིན་པར་ཁས་ལེན་པ་དེ་དབང་དུས་སུ་སྐུ་དང་ཡེ་ཤེས་ངོ་སྤྲད་པའི་ཡེ་ཤེས་དེ་རྗེས་ཐོབ་ཏུའང་མི་བརྗེད་པར་སྣང་བའི་ཆོས་ལ་རྒྱས་འདེབས་ཤིང་ཉམས་སུ་ལེན་པ་ལ་གཙོ་བོར་གོ་དགོས། དེ་ནས་གཏང་རག་གི་མཎྜལ་ཕུལ། སླན་ཆད་བླ་མའི་དྲན་དུ་ཁས་བླངས་དེ་ནས་གདན་གསུམ་ཚང་བའི་ལྷ་ཚོགས་འོད་དུ་ཞུ། ཡེ་ཤེས་ཀྱི་ཆུར་གྱུར་པ་ལྷ་དགུ་ལུས་དཀྱིལ་དང་བཅས་པའི་སྤྱི་བོ་ནས་ཞུགས། རིགས་བདག་གི་རྒྱས་འདེབས་དེ་བླ་མ་དཀོན་མཆོག་ཀུན་འདུས་དང་གདན་གསུམ་ཚང་བའི་ལྷ་ཚོགས་དབྱེར་མེད་པའི་དབང་ལྷ་དེ་རྣམས་རང་སེམས་དག་པའི་སྣང་བརྙན་ཙམ་ལས་ཕྱི་རོལ་ཏུ་འཛིན་མི་འཆོར་བའི་དགོས་པ་དང་། རྒྱས་འདེབས་འདི་ཐ་མལ་སྣང་ཞེན་ཀུན་བརྟགས་ལ། སྣང་བ་ཐམས་ཅད་ལྷར་ཤེས་པའི་གཞན་དབང་གི་རྒྱས་གདབ། ལྷའི་བྱེ་བྲག་མང་པོ་རྣམས་རིགས་དྲུག་ཏུ་འདུས་པར་གོ་བའི་ཕྱིར་གཞན་དབང་ལ་གཞན་དབང་གི་རྒྱ་རིགས་དྲུག་གི་རྒྱས་གདབ། དེ་ཐམས་ཅད་ཆོས་ཉིད་ལས་མི་གཡོ་བར་ཤེས་པའི་ཆེད་དུ་གཞན་དབང་ལ་ཡོངས་གྲུབ་ཀྱི་རྒྱ་རིགས་བདག་གི་སྤྱི་བོར་ཕྱག་མཚན་བསྒོམ་པ་ཡིན། དེའང་རིགས་བརྒྱ་རིགས་གཅིག་ཏུ་ཤེས་ནས་ཞལ་ཕྱག་གི་སྤྲོས་པའི་གྱ་ནོམ་ལྷར་ཞེན་སྤོང་བའི་དགོས་པ་ཡོད། དེའང་བཤད་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གོམས་པ་མཐར་ཕྱིན་པ་དམིགས་པ་མེད་པའི་སྙིང་རྗེ་དང་། སྤྲོས་པ་དང་བྲལ་བའི་ཤེས་རབ་གཉིས་ཟུང་དུ་འཇུག་པ་ཀྱེ་རྡོར་ཡིན། ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་སུ་གོམས་པ་མཐར་ཕྱིན་ཏེ་སངས་རྒྱས་ཀུན་གྱི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པ་གསང་འདུས་ཡིན། འཁྲུལ་སྣང་གི་སྡུག་བསྔལ་ཐམས་ཅད་རང་ངོ་ཤེས་ཏེ་བདེ་སྟོང་མཆོག་གི་ཡེ་ཤེས་མངོན་དུ་གྱུར་པ་བདེ་མཆོག་ཡིན། དུས་གསུམ་དུས་མེད་དུ་རྟོགས་པ་དུས་ཀྱི་འཁོར་ལོ་ཡིན། དེ་ལྟ་བུའི་སྟོབས་ཀྱིས་ས་འོག་ས་སྟེང་ས་བླའི་བདུད་ཐམས་ཅད་བཅོམ་པ་གཤིན་རྗེའི་གཤེད་ཡིན་པས་མཆོག་སྒྲུབ་པའི་ལྷ་རྣམས་ཐུགས་དགོངས་གཅིག་ཡིན། རྗེ་བླ་མའི་ཞལ་ནས། དེ་ལྟར་དགོངས་པ་གཅིག་ཡིན་མོད་གནས་སྐབས་གདུལ་བྱའི་བྱེ་བྲག་དང་། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་རྣམ་འགྱུར་ཐ་དད་དང་། སྒྲུབ་ཐབས་སྣ་ཚོགས་ཉམས་སུ་ལེན་པ་དགོས་པ་ཆེ་བའི་ཉམས་མྱོང་ཁོང་ལ་ཡོད་གསུངས། ལུས་རྟེན་འདི་ཉིད་ཀྱི་སྟེང་དུ་དབང་བཞི་པའི་ཡེ་ཤེས་ངོ་འཕྲོད་དེ་མཆོག་གི་དངོས་གྲུབ་ཐོབ་པ་ལ་བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་འདི་མེད་ཐབས་མེད་དེ། བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད། ཅེས་སོགས་དུ་མ་དང་། རྩ་རྒྱུད་ལས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་བླ་མའི་བྱིན་རླབས་ཞུགས་པ་དང་། དབང་གསུམ་པའི་དུས་དང་། ཐབས་རིམ་གཉིས་ཀྱི་རྣལ་འབྱོར་གོམས་པ་དང་། རང་ཉིད་ཀྱིས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་ལ་རག་ལས་པར་གསུངས་པའི་ཕྱིར། བླ་མ་ལ་སངས་རྒྱས་སུ་མཐོང་བའི་ཐབས། སྤྱིར་འཁོར་འདས་ཀྱི་བདེ་སྐྱིད་ཐམས་ཅད་འབྱུང་བའི་རྒྱུ་སངས་རྒྱས་ཀྱི་ཕྲིན་ལས་སུ་ཤེས་པ་དང་། ད་ལྟ་དུས་ངན་པས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་བླ་མ་གཏན་ནས་མི་རྙེད། རང་རྒྱུད་ལ་འཆི་བ་མི་རྟག་པའི་རྟོགས་པ་རྒྱུད་ལ་བསྐྱེད་མཁན་ནས་གཟུང་སྟེ་སྨིན་གྲོལ་གཉིས་ཀྱི་ལམ་སྟོན་མཁན་གྱི་དགེ་བའི་བཤེས་གཉེན་དེ་རྣམ་པ་ཚུལ་ཇི་ལྟར་བསྟན་ཀྱང་ངོ་བོ་སངས་རྒྱས་ཐམས་ཅད་དང་ཁྱད་པར་མེད་པར་ཤེས་པ་འདི་ཅིས་ཀྱང་མེད་ཐབས་མེད། དེ་ཡོད་ན་ཡེ་ཤེས་སྐྱེ་བའི་སྣ་འདྲེན་ཐབས་གང་གིས་བྱེད་ངེས་པ་མེད་དེ། འཇམ་དབྱངས་ས་པཎ་གྱིས། སྔ་མའི་ལས་འཕྲོའི་བྱེ་བྲག་དང་། །ནང་གི་རྟེན་འབྲེལ་ཁྱད་པར་གྱིས། །ཡེ་ཤེས་སྐྱེ་བའི་སྣ་འདྲེན་ནི། །ཐབས་ཀྱི་དབྱེ་བས་བྱེད་པར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བླ་མ་སངས་རྒྱས་སུ་མཐོང་ནས་བླ་མས་གསུངས་པའི་རང་གི་དགེ་སྦྱོར་ཐམས་ཅད་བླ་མའི་རྣལ་འབྱོར་དུ་ཤེས་ནས་རྩེ་གཅིག་ཏུ་གསོལ་བ་འདེབས་ནུས་ན་ཐུགས་ཡིད་དབྱེར་མེད་དུ་འདྲེས་ནས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནང་ནས་འཆར་བ་ཡིན་ནོ། །དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་སོང་ནས་བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་འདི་གོ་དཀའ་བས་ཅུང་ཟད་བྲིས་ན། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་པ་དངོས་སམ་དེའི་ངོ་བོ་འོད་ཟེར་ལྗང་གུ་འཕྲོས་ཏེ་མདུན་གྱི་ནང་མཆོད་དང་རང་རྒྱུད་ཀྱི་གཟུང་འཛིན་ཐ་མལ་དུ་འཛིན་པའི་བགེགས་རྣམས་ཨ་མྲྀ་ཏས་བསང། སྭ་བྷ་ཝས་སྦྱངས། དེའི་ངང་ལས་རང་རྒྱུད་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་མཚོན་བྱེད་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རང་རྒྱུད་ཀྱི་ཡེ་ཤེས་མཚོན་བྱེད་མེའི་དཀྱིལ་འཁོར། དེའི་སྟེང་དུ་ངོ་ཤེས་ན་སྣོད་བཅུད་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་སུ་མཚོན་བྱེད་ཐོད་པ་དཀར་པོ། དེའི་སྟེང་དུ་མངོན་བྱང་དང་པོ་མཚོན་བྱེད་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཕུང་པོ་ལྔ་ཉོན་མོངས་པ་ལྔ་འབྱུང་བ་ལྔ་སོགས་སྦྱང་གཞི་མཚོན་བྱེད་ཤ་ལྔ། དེའི་སྟེང་དུ་སྦྱོང་བྱེད་ཡེ་ཤེས་ལྔའི་རང་བཞིན་གྱི་ལམ་མཚོན་བྱེད་བདུད་རྩི་ལྔ། དེའི་སྟེང་དུ་སྦྱངས་འབྲས་སྐུ་དང་ཡེ་ཤེས་མཚོན་བྱེད་ཡིག་འབྲུ་ལྔ། དེའི་སྟེང་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཚོན་བྱེད་ༀ་དང་ཉི་མ་རྡོ་རྗེ་གསུམ། རང་རྒྱུད་ཀྱི་བརྩོན་འགྲུས་ཀྱི་རླུང་གཡོས་ཏེ་ཡེ་ཤེས་ཀྱི་མེ་སྦར་ནུས་ན་འཁྲུལ་སྣང་ཐམས་ཅད་སྐུ་དང་ཡེ་ཤེས་སུ་བྱིན་གྱིས་རློབ་ནུས་པར་མཚོན་བྱེད་ཤ་ལྔ་བདུད་རྩི་ལྔ་རྣམས་ཁོལ་ཞིང་འོད་དུ་ཞུ། རང་རྒྱུད་ལ་མོས་གུས་དང་རྟོགས་པ་ཅུང་ཟད་སྐྱེས་ཚེ་དེས་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བར་མཚོན་བྱེད་རླངས་པ་གྱེན་ལ་སོང་། ༀ་དང་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་ཕོག་པས་བདུད་རྩིའི་རྒྱུན་འཛག །རང་རྒྱུད་ལ་རྟོགས་པ་སྐྱེས་ཚེ་རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་ཡེ་ཤེས་དང་རང་སེམས་དམ་ཚིག་པར་དབྱེར་མེད་དུ་འགྱུར་བར་མཚོན་བྱེད་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འཕྲོས་ཏེ་བདུད་རྩི་ཡེ་ཤེས་པ་སྤྱན་དྲངས། རྡོ་རྗེ་ཉི་མ་ༀ་དང་བཅས་པ་སྔར་གྱི་བདུད་རྩི་དང་གཅིག་ཏུ་འདྲེས་ཏེ་བདུད་རྩིའི་རྒྱ་མཚོར་གྱུར་པ་དེའི་སྟེང་གི་ཉི་མས་མཉམ་པ་ཉིད་ཀྱི་ཡེ་ཤེས་མཚོན། དེའི་སྟེང་གི་རྡོ་རྗེ་དང་འོག་གི་ༀ་ཤ་ལྔ་སོགས་ཀྱིས་སོ་སོར་རྟོག་པའི་ཡེ་ཤེས་མཚོན། རོ་གཅིག་ཏུ་འདྲེས་པས་བྱ་གྲུབ་ཡེ་ཤེས། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཆོས་དབྱིངས་ཡེ་ཤེས་མཚོན་པས་རང་ཉིད་མངོན་བྱང་ལྔའི་སྒོ་ནས་ལྷར་བསྐྱེད་པ་དང་། ནང་མཆོད་བྱིན་རླབས་འདི་གཉིས་གོ་བ་གཅིག་ཡིན། འཁོར་གསུམ་ཡོངས་དག་གི་མཆོད་པ་ལ། མདུན་བསྐྱེད་ཀྱི་ལྷ་ཚོགས་ཀྱང་བདེན་སྟོང་སྒྱུ་མ་ལྟ་བུ། མཆོད་རྫས་ཀྱང་བདེན་སྟོང་སྒྱུ་མ་ལྟ་བུ། རང་ཉིད་ལྷ་སྐུ་ཡང་བདེན་སྟོང་སྒྱུ་མ་ལྟ་བུར་ཤེས་པའི་སྣང་བ་སེམས་སྒྲུབ་མ་བྱས་པའི་འཁོར་གསུམ་ཡོངས་དག་ཞིག་དང་། སྣང་བ་སེམས། སེམས་སྒྱུ་མ་རང་བཞིན་མེད་པར་བདག་མདུན་མཆོད་རྫས་ཐ་དད་དུ་མི་འཛིན་པའི་འཁོར་གསུམ་ཡོངས་དག་གཉིས་ལས་རང་ལུགས་ཕྱི་མ་ཡིན། སྔགས་རྒྱུད་སྡེའི་དགོངས་པ་ཉམས་སུ་ལེན་པ་ལ་ཕྱི་མ་འདི་ཤིན་ཏུ་ཟབ། ཆོ་གའི་དངོས་གཞི་ལ་ལྔ་བསྲེས་དྲུག་བསྲེས་བདུན་བསྲེས་སོགས་ཀྱི་བཤད་པ་འབྱུང་བ་སྣང་སེམས་བསྲེ་བའི་ཐབས་ཁྱད་པར་ཅན་ཡིན་པས་སོ། །བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་ཡིན་ཚུལ་གཞུང་ན་གསལ། ལེགས་པར་བསམ་ན་ལྷ་ཡོངས་རྫོགས་ཀྱི་སྒྲུབ་ཐབས་ཡིན། དེ་བཞིན་དུ་མཆོད་པ་དོན་ཡོད་གྲུབ་པ་དང་། བསྟོད་པ་རིན་འབྱུང་གི་ཡན་ལག་གཉིས་ཀྱང་ཚིག་དོན་ལ་ཞིབ་ཏུ་དཔྱད་ནས་རིག་པ་སྐད་ཅིག་མའི་སྟེང་དུ་འཁོར་འདས་ཚང་ཚུལ་ཤེས་ན་གནད་འདྲ་བ་ཡིན་ནོ། །རྫོགས་རིམ་བསྒོམ་ཚུལ་གཞན་དུ་གསལ། འདིར་བསྐྱེད་རིམ་ལ་སེམས་འཛིན་བྱེད་ན་ལྷའི་ང་རྒྱལ་བསྒོམ་པས་གང་ཟག་གི་བདག་འཛིན་དྲུང་ནས་འབྱིན་པ་ཞིག་དགོས། བདག་མེད་མས་ཡབ་ཀྱི་མགུལ་ནས་འཁྱུད་པ་དེ་བདག་མེད་རྟོགས་པའི་ཤེས་རབ་དང་ནམ་ཡང་འབྲལ་བ་མེད་པའི་དོན་ཡིན། གཞན་ཡང་ལྷ་ནམ་བསྒོམ་ཡང་བདག་མེད་རྟོགས་པའི་ལྟ་བ་དང་མ་བྲལ་བ་ཞིག་མེད་ན་བསྐྱེད་རིམ་རང་རྒྱུད་དུ་གོལ་བ་ཡིན་པས་ལྷའི་ཞབས་ནོན་དུ་བདུད་དང་རོ་གདན་འབྱུང་བ་དེའི་མཚོན་བྱེད་ཡིན་ནོ། །དག་པ་དྲན་པས་ཆོས་ཀྱི་བདག་འཛིན་གྱི་གཉེན་པོ་བྱེད་དགོས་པས། སྙིང་རྗེའི་སྤྱན་ནི་སོགས་ཀྱིས་སྟོང་ཉིད་སྙིང་རྗེའི་ཟུང་དུ་འཇུག་པ་ལྷག་པའི་ལྷའི་ངོ་བོ་ཡིན་པས་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྒོམ་པས་ཐ་མལ་སྣང་ཞེན་སྦྱོང་ཞིང་། དེའི་དག་པ་ཤེས་པས་གྱ་ནོམ་ལྷར་ཞེན་ཡང་སྤོང་ནུས་པ་ཡིན་ནོ། །དེ་ཉིད་གསུམ་ནི་སྤྱན་གསུམ་མོ་ཞེས་ཞལ་རེ་རེ་ལ་སྤྱན་གསུམ་མངའ་བ་དེ་ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་དང་ནམ་ཡང་འབྲལ་མི་རུང་བའི་དོན་ཡིན་ཡང་། འོན་ཀྱང་ལྟ་བསྒོམ་ཟུང་དུ་འཇུག་པས་གྱ་ནོམ་ལྷར་ཞེན་གྱིས་མ་གོས་པ་ཞིག་དགོས། མདོར་ན་འབྲས་བུའི་དག་པ་སྟོན་བྱེད་ཞལ་བརྒྱད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་ཐར་བརྒྱད་ཀྱིས་འབྲས་བུའི་དག་པ་སྟོན་བྱེད་ཡིན་པས་རྒྱུ་ལ་འབྲས་བུའི་བཏབ་ནས་དག་སྣང་ལ་འབད། ཕྱག་བཅུ་དྲུག་གིས་སྟོང་ཉིད་བཅུ་དྲུག་དང་། ཞབས་བཞིས་བསྡུ་དངོས་བཞི་དང་། རྒྱན་དྲུག་གིས་ཕྱིན་དྲུག་གི་དག་པ་སྟོན་པའི་སྐབས་རྣམས་ལམ་གྱི་དག་པ་སྟོན་བྱེད་ཡིན་པས། རང་རྒྱུད་ལ་ཡོན་ཏན་དེ་དག་ཨེ་ཚང་བལྟ་དགོས་པས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་དག་སྣང་གི་ཐབས་མཁས་ཀྱིས་ཟིན་བཞིན་རང་རྒྱུད་ལ་ཨེ་ཡོད་བལྟ་དགོས། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ་ཞེས་སོགས་རྒྱུའི་དག་པ་སྟོན་བྱེད་སྐབས་འབྲས་བུ་ལ་རྒྱུའི་རྒྱས་བཏབ་ནས་མ་དག་པའི་སྣང་བ་ལ་དག་སྣང་སྦྱོང་དགོས། ཚིག་དོན་རྣམས་འགྲེལ་པར་གསལ། འདིར་སྤྲོས་དོན་ཅུང་ཟད་གླེང་ན། ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ཞེས་གསུངས་པའི་དོན་རང་རྒྱུད་ལ་སྦྱོར་བའི་ཚུལ་ནི། བདག་མེད་རྟོགས་པའི་ལྟ་བས་ཟིན་པའི་ངེས་འབྱུང་བཅོས་མིན་ཞིག་རང་རྒྱུད་ལ་སྐྱེས་ཚེ་ཉན་ཐོས་ཀྱི་ཐེག་པ་རང་རྒྱུད་ལ་ཚང་། སྣང་བ་སེམས་སུ་ཤེས་ནས་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་སེམས་ཐོག་ཏུ་བསྒོམ་ཤེས་ཚེ་རང་རྒྱལ་གྱི་ལམ་ཚང་། འདི་སྔགས་ལ་སྦྱར་ན་གོང་རིགས་ལྔའི་དབང་གི་སྐབས་བདེན་བཞི་ལྟོ་སྦྱར་ནས་རྟེན་འབྲེལ་བཅུ་གཉིས་འཁོར་འདས་དབྱེར་མེད་ཀྱི་ལྟ་བས་ལམ་དུ་བྱེད་ཚུལ་བླ་མས་གསུངས་ཤིང་རང་གི་སྨྲ་ནུས་ཀྱང་། ཞིབ་ཏུ་མ་བྲིས། ལྟ་བས་ཟིན་པའི་བཅོས་མིན་གྱི་ལྷག་བསམ་བཟང་པོ་སྐྱེས་ཚེ་ཐེག་པ་ཆེན་པོའི་ལམ་ཚང་། མ་དག་པའི་སྣང་བ་ལ་ལྷའི་འདུ་ཤེས་མི་སྐྱེ་ཞིང་གཙང་སྨེའི་རྣམ་པར་རྟོག་པ་ཤིན་ཏུ་རགས་ཚེ་བྱ་རྒྱུད་ཉམས་སུ་ལེན། མ་དག་པའི་སྣང་བ་ལྷར་བསྒོམ་ཚེ་འགྱུར་དུ་རུང་བའི་དག་སྣང་ཅུང་ཟད་སྐྱེས་ཚེ་སྤྱོད་རྒྱུད་བསྒོམ། དེ་ལ་ཡེ་ཤེས་སེམས་དཔའ་བཅུག་ཚེ་རེ་ཞིག་ལྷའི་དག་སྣང་འཆར་ལ་ཡེངས་པའི་ཚེ་མི་འཆར་བའི་དུས་རྣལ་འབྱོར་རྒྱུད་བསྒོམ། མཉམ་རྗེས་ཐམས་ཅད་དུ་ལྷའི་སྣང་བ་འཆར་ཚེ་རྣལ་འབྱོར་བླ་མེད་ཉམས་སུ་ལེན་ཞིང་ཚང་བ་ཡིན་པས་ཐེག་པ་གསུམ་དང་རྒྱུད་སྡེ་བཞི་སོགས་རང་གི་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་པ་ལས་ཁ་ཕྱིར་བལྟས་ཀྱི་བཤད་སྒོམ་ལོ་ཆེན་རིན་ཆེན་བཟང་པོ་ལ་ཇོ་བོ་རྗེས་ལོ་ཙཱ་བ་རུལ་གསུང་དགོས་པའང་གནད་དེ་འདྲ་སྟོན་བྱེད་ཡིན། དག་པ་དྲན་པས་སྦྱང་ཚུལ་འདི་སྟོན་ཏེ། གཡས་ཀྱི་ཕྱག་མཚན་བརྒྱད་ཀྱིས་ནད་མཚོན་ཞིང་། སྲོག་ཆགས་རྣམས་ཁ་ནང་དུ་བལྟ་བས་སེམས་ཅན་གྱི་སྡུག་ཀུན་རང་ལ་ལེན་པ་ཕར་ཕྱིན་ཐེག་པའི་ལམ་གྱི་ཉམས་ལེན་རང་ལ་ཡོད་པ་མཚོན་ཞིང་། སྲོག་ཆགས་རྣམས་ཐོད་པའི་ནང་དུ་བཟུང་བས་མདོ་ཕྱོགས་ཀྱི་ཉམས་ལེན་དེ་གསང་སྔགས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་སུ་བྱིན་གྱིས་བརླབས་པས་རང་སྣང་དག་པ་རབ་འབྱམས་སུ་ཤར་བའི་རང་སྣང་ལ་སྡུག་ཀུན་གྱི་མིང་ཡང་མེད་པར་མཚོན། གཡོན་གྱི་ཕྱག་མཚན་ལྷ་བརྒྱད་ཀྱི་ཞལ་ཕྱིར་ཕྱོགས་པ་དེས་བདེ་བ་ཆེན་པོའི་ཡེ་ཤེས་སྙིང་རྗེ་ཟུང་དུ་འཇུག་པ་དེས་ལས་བཞིའི་ཕྲིན་ལས་ལྷུན་གྲུབ་ཀྱིས་གཞན་དོན་བྱེད་པ་མཚོན་པ་བཞིན་ནོ། །བཟླས་པའི་སྐབས་རང་ཡི་དམ་གྱི་ལྷར་གསལ་བཏབ་སྟེ་དེའི་ང་རྒྱལ་འཛིན་བཞིན་བཟླ་བ་དང་། སྔགས་ཀྱི་སྒྲ་གྲགས་སྟོང་ལ་སེམས་གཏད་དེ་བཟླས་པ་དང་། སེམས་ལྟ་བ་སྟོང་ཉིད་ཀྱི་ངང་ལ་མཉམ་པར་བཞག་ནས་བཟླ་བ་རྣལ་འབྱོར་གྱི་བཟླས་པ་དང་། ཐུགས་སྲོག་ས་བོན་གྱི་མཐར་སྔགས་ཕྲེང་བཀོད་དེ་དེ་ལ་སེམས་གཏད་ནས་བཟླས་པས་རང་ཤུགས་ཀྱིས་ཏིང་ངེ་འཛིན་སྐྱེ་བ་དང་། འོད་ཟེར་སྤྲོ་བསྡུ་ལ་དམིགས་ནས་བཟླས་པས་ལས་བཞིའི་ཕྲིན་ལས་འགྲུབ་པ་དང་། སྔགས་ཕྲེང་འཁོར་བ་ཁྱོགས་ཀྱི་བཟླས་པས་བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་སོགས་ཡིན་མོད། འདིར་རང་ལུགས་ཐུན་མོང་མ་ཡིན་པ་ཚར་ཆེན་གྱིས་མཁྱེན་བརྩེ་ལ་གསུངས་པ་དང་། བླ་མའི་དགོངས་པ་བསྡེབ་ནས་བཤད་ན་ཡུལ་གྱི་ཐུགས་ཀའི་ཨཾ་ཡིག་ལས་སྔགས་ཕྲེང་བེཌཱུ་ཪྻའི་ཕྲེང་བ་ལྟ་བུ་གཅིག་རྗེས་སུ་གཅིག་མཐུད་པ་ཁ་དོག་སྔོ་ལ་འོད་ཟེར་དམར་པོ་འཕྲོ་བ་ཡུམ་གྱི་ཞལ་ནས་ཐོན་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ཐུགས་ཀའི་ཧཱུྃ་གི་ཀླད་ཀོར་ལ་ཐིམ་ཡང་ཞབས་ཀྱུ་ནས་འཐོན། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ནང་ནས་ཞུགས། ཐུགས་ཀའི་ཨཾ་གི་ཞབས་ལ་ཐིམ། རང་རྒྱུད་ལ་བདེ་སྟོང་གཉིས་ཀྱི་ཡེ་ཤེས་རིམ་ཅན་དུ་སྐྱེ་བ་ལྟ་བུར་མཁྱེན་བརྩེས་གསུངས་ཀྱང་ལྷན་ཅིག་ཏུ་དམིགས་ན་བདེ། དེའི་དུས་འོད་དམར་པོ་དེས་ལུས་ཀྱི་ནང་ཐམས་ཅད་གང་། རང་སྣང་མ་རིག་འཁྲུལ་པའི་སྣང་བ་ཐམས་ཅད་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་སྣོད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་ཡི་དམ་གྱི་ལྷར་བསྒྱུར། མཁའ་ཁྱབ་ཀྱི་རྒྱལ་བ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟ་བུར་གནས་པ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། དེ་དག་གི་བྱིན་རླབས་དབང་བཞིའི་ཡེ་ཤེས་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པས་རང་སྣང་མ་རིག་པའི་འཁྲུལ་པ་དབྱིངས་སུ་དེངས། སྣང་སྲིད་དག་པ་རབ་འབྱམས་སུ་ཤར། གཙོ་བོའི་ཞལ་བརྒྱད་དང་འཁོར་ལྷ་མོ་བརྒྱད་སྣང་སྲིད་ལྷར་གསལ་བ་དང་བཅས་པས་ཞལ་ནས་སྔགས་གསུངས་ཤིང་སྣང་སྲིད་ཐམས་ཅད་བཀྲ་ལམ་མེ་གསལ་སེང་ངེ་ལྷ་སྔགས་ཡེ་ཤེས་སུ་དུས་གཅིག་ལ་དམིགས་ནས་བཟླ་བ་འདི་མཆོག་སྒྲུབ་པའི་ཐུན་མོང་མ་ཡིན་པའི་དམིགས་པ་ལྟ་བསྒོམ་ཟུང་དུ་འཇུག་པ་འཁོར་འདས་དབྱེར་མེད་ཀྱི་བཟླས་པ་བྱ་བ་ཡིན། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་གསུངས་པར་དམིགས་པ་དེ་ལ་འགྱུར་ཁྱད་དང་ནུས་པ་ཤིན་ཏུ་ཆེ་བར་རྒྱ་བོད་ཀྱི་མཁས་གྲུབ་མང་པོའི་གསུང་ན་གསལ། རིག་སྟོང་གཉིས་སུ་མེད་པའི་དབྱིིངས་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་འཇོག་ཅིང་གསལ་སྟོང་ཟུང་དུ་འཇུག་པ་སྡུག་བསྔལ་བདེན་པ་སྐུ་དང་། ཀུན་འབྱུང་བདེན་པ་ཡེ་ཤེས་སུ་ཤར་བའི་ལྟ་བའི་ངང་ནས་བཟླས་པ་བྱེད་ཅིང་། སྣང་སྲིད་དག་པ་རབ་འབྱམས་སུ་ཤེས་ན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་དེ་ཡིན་པས་འོད་ཟེར་སྤྲོ་བསྡུའི་དམིགས་པ་དང་སྦྲགས་ནས་ལས་བཞིའི་ཕྲིན་ལས་སྒྲུབ་པ་འདི་རྒྱལ་བའི་ཕྲིན་ལས་ད་ལྟ་ནས་ལམ་དུ་བྱེད་པ་ཡིན་ནོ། །དཀྱིལ་འཁོར་བསྡུ་བའི་ཚེ་ལྷ་མོ་བརྒྱད་ཞལ་བརྒྱད་ལ་བསྡུས་ནས་འཇོག་པ་འདི་བསྡུ་རིམ་གྱིས་ཉལ་བའི་རྣལ་འབྱོར་བྱེད་པའི་དབང་དུ་མཛད་པ་ཡིན། ཉལ་བའི་རྣལ་འབྱོར་མཁའ་སྤྱོད་མ་དང་མགོན་པོ་སོགས་གང་གིས་བྱས་ཀྱང་བཏུབ་པས་འདིར་དཀྱིལ་འཁོར་བསྡུས་ནས་སླར་ཐུན་མཚམས་ཀྱི་ལྷར་ལངས་ན་ལེགས་པར་གསུངས། སྤྱིར་བསྡུ་རིམ་འདིས་འཆི་བ་སྦྱོང་བ་ཡིན་པས་བསྐྱེད་རིམ་ལ་གསལ་སྣང་ཅུང་ཟད་ཡོད་ནས་བཟུང་བསྡུ་རིམ་འདི་ཤིན་ཏུ་གནད་ཆེ། འདི་གནད་ཆེ་བ་ཞུ་ཆེན་གྱིས་གསུངས་ཡོད་ཅེས་རྗེ་བླ་མས་གསུངས། རྡོ་རྗེའི་གླུ་ལེན་པ་འདི་བཟང་ངན་དང་གཙང་སྨེ་འཁོར་འདས་ཀྱི་འཛིན་པ་ཐམས་ཅད་རོ་སྙོམ་པའི་ཆེད་ཡིན་པས་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་ངང་མ་ཤོར་བར་འདོན་དགོས། དེ་ནས་དཀོན་ཅོག་གསུམ་གྱི་ཤིས་པ་བརྗོད་པ་དེ་སྒྲུབ་ཐབས་འདིའི་དབུ་ཞབས་ཐམས་ཅད་དཀོན་མཆོག་གསུམ་པོ་རང་སྣང་དུ་ཤེས་པའི་ཐབས་མན་ངག་ཟབ་མོ་ཡིན་པས་རང་ངོ་འཕྲོད་པའི་དགའ་སྟོན་ལྟ་བུ་ལགས། མདོར་ན་དཀོན་མཆོག་རྗེས་དྲན་ལས། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ་ཞེས་གསུངས་པའི་དོན་གདུལ་བྱའི་ཁམས་དབང་དང་བསྟུན་ནས་གསུངས་པའི་ཆོས་ཐམས་ཅད་འཁྲིད་ཚུལ་མི་འདྲ་བ་ཇི་ལྟར་ཡིན་ཀྱང་ས་ཐོབ་པའི་ཐབས་ཡིན་པར་ཐམས་ཅད་མཐུན་ཞིང་ལམ་གོང་མར་སོང་ཚེ་འོག་མའི་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་འདུས་པ་དང་ལྡན་པ་ཞེས་གསུངས་པ་ཡིན་པས་རང་གི་རྒྱུད་ཚོད་དང་བསྟུན་ནས་ཆོས་ཉམས་སུ་ལེན་དགོས། དཔེར་ན་དམ་ཡེ་བསྲེ་བ་འདི་ལ་མཚོན་རང་ཐ་མལ་དང་ཡེ་ཤེས་སེམས་དཔའ་ཐ་དད་དུ་འཛིན་པ་ཡོད་ཚེ་རང་དམ་ཚིག་པར་བསྐྱེད་པ་ལ་ཡེ་ཤེས་པ་ཡང་ཡང་གཞུགས་པ་འདི་གནད་ཆེ་སྟེ། གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ལྕགས་ནི་གསེར་དུ་བྱེད་པ་བཞིན། །ཡེ་ཤེས་སེམས་དཔའ་བཅུག་པ་ཡིས། །མི་ཡི་ལུས་ལ་སངས་རྒྱས་བྱེད། །ཅེས་གསུངས་པའི་ཕྱིར། ཡེ་ཤེས་པ་བཅུག་པའི་ཚེ་ལུས་ཚ་ཟིང་ངེ་འོང་བ་སོགས་དག་སྣང་ཅུང་ཟད་སྐྱེས་ན་མོས་གུས་ལམ་དུ་ལོངས་ཤིང་ལྟ་བ་ཀློང་དུ་མ་གྱུར་པའི་རྟགས་ཡིན། དམ་ཡེ་བཟང་ངན་དུ་འཛིན་པ་ཞིག་ནས་མཉམ་རྗེས་མེད་པར་འབྱམས་ན་ཡེ་ཤེས་པ་གཞུགས་མི་དགོས་པ་ཡིན་ནོ། །དེ་བཞིན་དུ་གཞན་རྒྱུད་ཀྱི་དཀོན་མཆོག་གསུམ་མངོན་དུ་གྱུར་པའི་ཐུགས་རྗེའི་བྱིན་རླབས་ཀྱིས་རང་རྒྱུད་ཀྱི་སྐུ་གསུམ་རང་ངོ་འཕྲོད་ཚེ་རང་གཞན་གྱི་རྒྱུད་ཐ་དད་མེད་པར་ཐམས་ཅད་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གནས་འགྱུར་འགྲོ་བ་ཡིན་ནོ། །ལམ་འདིའི་རྗེས་ཐོབ་ཀྱི་ཉམས་ལེན་གཏོར་བསྔོས་འདོན་ཚེ་མདུན་མཁར་ཆོས་འབྱུང་གྲུ་གསུམ་སུམ་བརྩེགས་བསྒོམ་པ་དེ་ཁམས་གསུམ་གྱི་སྣང་བ་ཐམས་ཅད་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་ཤེས་པ་མཚོན་བྱེད་དང་། སྟེང་མ་ལ་སྐུ་རྡོ་རྗེ་ལྷ་ཆེན་བརྒྱད། བར་མ་ལ་ཐུགས་རྡོ་རྗེ་ལྷ་དགུ་དང་ཕྱོགས་སྐྱོང་བརྒྱད། འོག་མ་ལ་གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་བསྐྱེད། འབྱུང་པོ་བརྒྱད་གསུམ་ཉེར་བཞི་ལ་ཁམས་གསུམ་གྱི་སེམས་ཅན་བསྟིམ། དེའི་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ། ལྷ་དང་འབྱུང་པོ་ཐ་མི་དད་པར་དམིགས་མཆོད་གཏོར་འབུལ་བ་འདི་སྣང་སྲིད་དག་པ་རབ་འབྱམས་སུ་ཤེས་པའི་ཐབས། རྒྱུད་ལས། ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་གནས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་གསུངས་པའི་དགོངས་པ་ཡིན་ཞེས་རྗེ་བླ་མས་གསུངས། དེ་བཞིན་དུ་ལམ་འབྲས་བུ་དང་བཅས་པའི་དོན་ཡོངས་རྫོགས་གང་ཟག་གཅིག་གིས་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པ་ལ་ལམ་སྦས་བཤད་ཟེར་བ་ཡིན་པས་འདིར་ཕྱོགས་མཚོན་པ་ཙམ་ནི་སྨྲས་ཡོད། ཞིབ་པར་བརྗོད་ཀྱིས་མི་ལང་ངོ་། །ཁོ་བོས་བྱས་པའི་ལམ་རིམ་སྨོན་ལམ་དུ། དབང་དང་རིམ་གཉིས་ལས་བྱུང་ཡེ་ཤེས་ཀྱིས། །རྗེས་ཐོབ་སྣང་བའི་ཆོས་ལ་རྒྱས་འདེབས་ཤིང་། །ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བརྟེན་ནས། །མཚན་རྟོགས་འཁྲུལ་འཁོར་འཇིག་པར་བྱིན་གྱིས་རློབས། །ཞེས་པ་དག་བྱ་དག་བྱེད་ངོ་འཕྲོད་པའི་ཡེ་ཤེས་མཉམ་རྗེས་གཉིས་སུ་སྐྱོང་ཐུབ་པ་དང་། སྣང་བ་ཐམས་ཅད་མཚོན་བྱེད་དཔེའི་ཡེ་ཤེས་སུ་འཆར་བའི་གསོལ་འདེབས་ཡིན། ཡང་སྣང་སྲིད་དག་པ་ལྷ་ཡི་འཁོར་ལོར་རྫོགས། །རྩ་ཐིག་རླུང་གི་དྭངས་མ་ཆོས་སྐུར་སྨིན། །འཁོར་འདས་ཡེ་ཤེས་གཅིག་གི་ངོ་བོར་བཟླུམས། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་རྟེན་དཀྱིལ་འཁོར་བཞི་སྐུ་བཞི་དང་། བརྟེན་པ་རང་རིག་པའི་ཡེ་ཤེས་ཤིན་ཏུ་རྣམ་དག་ངོ་བོ་ཉིད་སྐུར་མངོན་དུ་གྱུར་ཏེ་དབང་བཞི་པའི་ཡེ་ཤེས་མཐར་ཕྱིན་ནས་འཁོར་འདས་ཐམས་ཅད་ཡེ་ཤེས་གཅིག་གི་ངོ་བོར་རྟོགས་པ་ལམ་འདི་བསྒོམས་པས་འབྲས་བུ་མངོན་དུ་འགྱུར་བའི་གསོལ་འདེབས་ཡིན་ནོ། །དེ་ནས་རིགས་སུ་སྐྱེ་དང་སོགས་ཀྱིས་ལམ་རིམ་གྱི་སྨོན་ལམ་གདབ། རྗེས་ཐོབ་ཏུ་ཡེངས་མི་འཆོར་བའི་ཆེད་དུ་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་འཁོར་གསུམ་ཡོངས་དག་གི་བསྔོ་བ་བྱེད་པ་ཡིན་ནོ།། །།འདིར་སྨྲས་པ། མི་བཟད་ལས་ངན་ཁུར་གྱིས་ཆེས་ནོན་ཅིང་། །རྨོངས་ཤིང་སོམ་ཉིའི་དྲྭ་བར་ཚུད་པ་ཡི། །བྱིས་པའི་སྐྱེ་བོ་བདག་འདྲའི་ཁ་སྒོ་ནས། །སྦས་དོན་ཟབ་མོའི་ལེགས་བཤད་མི་འབྱུང་མོད། །དྲིན་ཅན་བླ་མ་རྫོགས་པའི་སངས་རྒྱས་ལ། །མི་ཕྱེད་གུས་པའི་བསམ་སྦྱོར་མ་ཉམས་ཤིང་། །ཐུགས་བརྩེའི་ཐུགས་ཀྱིས་རྗེས་སུ་བཟུང་བའི་མཐུས། །སྨྲས་པའི་ཚིག་ལ་སྐྱོན་གྱིས་སྦགས་པ་མེད། །སྔོན་གྱི་ལས་འཕྲོ་སྨིན་པའི་བྱེ་བྲག་དང་། །རང་གི་མོས་གུས་དད་པའི་ཉེར་ལེན་དང་། །ལྷ་དང་བླ་མའི་ཐུགས་རྗེའི་བྱིན་རླབས་ཀྱིས། །གཏམ་འདི་གླེང་བའི་གོ་སྐབས་བདག་གིས་རྙེད། །རྒྱུད་ཚོད་དམན་ཞིང་སྦྱངས་པ་ཆུང་བའི་ཕྱིར། །རང་མགོ་མི་ཐོན་གཞན་མགོ་འདོན་པ་ཡི། །ཉམས་ལེན་མེད་པའི་ཁ་ཆོས་བཤད་འདོད་ཀྱིས། །མཁས་རློམ་གྲགས་འདོད་འུར་ཆོམ་མ་ཡིན་ཡང་། །བླ་མའི་ཐུགས་སྲས་མཆོག་གི་སྤྲུལ་པའི་སྐུ། །འཇམ་དཔལ་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཀྱི། །བཀའ་སྩལ་སྤྱི་བོར་གུས་པས་བླངས་ནས་ནི། །ལྷག་བསམ་དག་པའི་ཚུལ་འདི་ཡི་གེར་བཀོད། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་གོང་མ་དང་། །རྒྱལ་བས་ལུང་བསྟན་ཀུན་མཁྱེན་ཨེ་ཝཾ་པ། །གྲུབ་པའི་དབང་ཕྱུག་ཚར་ཆེན་ཆོས་རྗེ་སོགས། །བརྒྱུད་འཛིན་གོང་མའི་དགོངས་པ་འཁྲུལ་མེད་ཡིན། །ལེགས་གསུང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། ཚད་ལྡན་གོང་མའི་དགོངས་འགྲེལ་བསྟན་བཅོས་ཀྱི། །མན་ངག་སྙིང་པོ་གཅིག་ཏུ་བསྡུས་པ་ཡི། །དུས་གསུམ་རྒྱལ་བ་གཤེགས་པའི་ལམ་ཆེན་ཡིན། །འཁོར་འདས་དབྱེར་མེད་བདེན་གཉིས་ཟུང་དུ་འཇུག །རིམ་གཉིས་རྣལ་འབྱོར་ལྟ་བསྒོམ་ཟུང་འཇུག་གི། དབང་བཞིའི་ལམ་གྱིས་སྐུ་བཞི་ངོ་སྤྲོད་པའི། །གསང་ཆེན་སྙིང་པོའི་མྱུར་ལམ་མཐར་ཐུག་ཡིན། །སྐྱེ་འཆི་བར་དོའི་འཁྲུལ་སྣང་གཞིག་པ་དང་། །ལས་ཉོན་སྡིག་ལྟུང་དྲི་མ་འཁྲུད་པ་དང་། །ཚོགས་གཉིས་དགའ་སྟོན་མྱུར་དུ་སྤེལ་འདོད་པའི། །སྐལ་བཟང་རྣམས་ཀྱིས་ཚུལ་འདི་ཉམས་སུ་ལོངས། །རང་གི་སྡོམ་གསུམ་དམ་ཚིག་གསོ་བ་དང་། །དམ་ཅན་རྒྱ་མཚོའི་ཐུགས་རྒྱུད་བསྐུལ་བ་དང་། །བདེ་ཆེན་ཡེ་ཤེས་འཆར་བར་འདོད་པ་ཡིས། །ཉམས་སུ་ལོངས་དང་ནམ་ཡང་བསླུ་བ་མེད། །སྐལ་བཟང་བློ་གསལ་རྡོ་རྗེའི་མཆེད་རྣམས་ཀྱིས། །དཔལ་མགོན་བླ་མ་རྫོགས་པའི་སངས་རྒྱས་དེ། །དངོས་སུ་མཇལ་བའི་མོས་གུས་བསྐྱེད་མཛོད་དང་། །གསུང་གི་གནད་ལ་ནོར་འཁྲུལ་ཡེ་ནས་མེད། །མདོ་རྒྱུད་གདམས་པའི་གནད་ལ་གོམས་པའི་མཐུས། །ད་དུང་བདག་ལ་ལེགས་བཤད་ཡོད་མོད་ཀྱང་། །མཉམ་འགྲོགས་དབང་གིས་དོན་དུ་མི་འགྱུར་བས། །དགོས་པ་ཆུང་ཕྱིར་རྒྱས་པ་འདིར་མ་བྲིས། །རང་གི་རྒྱུད་ན་ཉམས་རྟོགས་མ་མཆིས་ཀྱང་། །དངོས་བརྒྱུད་བླ་མའི་དགོངས་པ་ཇི་བཞིན་དུ། །ཟབ་དོན་སྙིང་པོ་ཡི་གེར་བཀོད་པ་ལས། །བྱུང་བའི་དགེ་བ་མཐའ་ཡས་གང་ཐོབ་དེས། །སྐྱེ་དང་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །རྗེ་བཙུན་བླ་མས་རྗེས་སུ་འཛིན་པ་དང་། །འབྲེལ་པ་ཐོགས་པའི་སེམས་ཅན་མ་ལུས་པ། །རྡོ་རྗེ་འཆང་དབང་མྱུར་དུ་འགྲུབ་པར་ཤོག །ཅེས་པ་འདི་ནི་འཇམ་དཔལ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་མཆོག་གི་སྤྲུལ་པའི་སྐུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་འདི་བཞིན་བྲིས་ཤིག་ཅེས་བྲི་གཞིའི་ཤོག་བུ་དང་བཅས་བཀའ་ལུང་རྡོ་རྗེ་སྤྱི་བོར་སྩལ་པ་གུས་པས་བླངས་ཏེ་ཡུལ་ལི་ཐང་ཕྱོགས་སུ་སྐྱེས་པའི་ཆོས་གཟུགས་སྤྲུལ་མིང་ཀུན་དགའ་རྒྱལ་མཚན་གྱིས་ཐམས་ཅད་འདུལ་ཞེས་གྲགས་པ་མེ་མོ་ཕག་གི་ལོའི་ཟླ་བ་བརྒྱད་པའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོའི་ཉིན་རང་གནས་བསམ་གཏན་གྱི་ཁང་བུར་བཀོད་པའི་ཡི་གེ་པ་ནི་རྡོ་རྗེའི་མཆེད་པོ་ཀུན་བཟང་ཆོས་ཀྱི་ཉི་མས་བགྱིས་པའོ།། །།དགེའོ།། །།

འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་གནད་རྣམས་ལེགས་པར་བཤད་པ་བདུད་རྩིའི་ཉིང་ཁུ།

བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཅིང་སྐབས་དབྱེ་བར་མཛད་དུ་གསོལ། འདིར་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་བསྒོམ་ཚུལ་གྱི་གནད་ཅུང་ཟད་བཤད་ན། སྤྱིར་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་གསལ་སྟོང་ཟུང་འཇུག་ཅེས་པ་འདི་ལ་གོ་བ་མྱོང་ལུགས་མི་འདྲ་བ་དུ་མ་ཞིག་ཡོད་དེ། ཡུམ་ལས་གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་སོགས་སྟོང་ཉིད་བཞི་སྦྱོར་གསུངས་པ་ལྟར། སྣང་བ་སེམས་བསྒྲུབ་མ་བྱས་པའི་གསལ་སྟོང་ཟུང་འཇུག་ཞིག་དང་། རྨི་ལམ་གྱི་དཔེ་སོགས་ཀྱི་སྒོ་ནས་སྣང་བ་སེམས་བསྒྲུབ་བྱས་ཏེ་སེམས་ཀྱི་རང་བཞིན་གང་དུའང་མ་གྲུབ་པར་ཤེས་པའི་གསལ་སྟོང་ཟུང་འཇུག་གཉིས་ལས། དེ་གཉིས་ཀ་ལའང་སྟོང་ཚུལ་ཆོས་དང་གང་ཟག་གི་བདག་གཉིས་ཀྱིས་གདོད་མ་ནས་སྟོང་པར་ཤེས་པ་ཞིག་དགོས་ཀྱི། སྟོང་ཚུལ་ཇི་བཞིན་མ་ཤེས་ན་ངན་འགྲོར་འགྲོ་བ་དང་། གཟུགས་མེད་སྐྱེ་མཆེད་མུ་བཞི་སོགས་སུ་གོལ་བ་འབྱུང་། བརྒྱུད་པ་འདི་ཡི་བཀའ་སྲོལ་ལས་བྱུང་བ་བཞིན་དུ་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་ལུས་ལ་རྩ་ཁམས་ཀྱི་ཚུལ་དུ་ཚང་ཞིང་། དེ་ཐམས་ཅད་གསང་བ་སེམས་ཀྱི་སྟེང་ན་བག་ཆགས་ཀྱི་ཚུལ་དུ་ཡོད་པའི་གོ་བ་དཔྱིས་ཕྱིན་པ་ཞིག་བླ་མའི་མན་ངག་གི་དྲིན་གྱིས་རང་ལ་ཉམས་མྱོང་གི་ཚུལ་གྱི་སྐྱེ་སྟེ། རང་གི་སེམས་གསལ་སྟོང་ཟུང་འཇུག་ཏུ་ངོ་སྤྲོད་པ་གསུམ་ལས། ཕྱི་མ་འདི་དཔལ་ས་སྐྱ་པའི་ལྟ་བ་འཁོར་འདས་དབྱེར་མེད་ཟེར་བ་དེ་ཡིན། འདི་ལའང་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་ཤེས་པའི་གནད་འདི་མེད་ན་འཁོར་འདས་དབྱེར་མེད་མཚན་ཉིད་བར་མི་འགྲོ། དེ་ལྟ་བུའི་གནད་དང་ལྡན་པའི་ལྟ་བ་འཁོར་འདས་དབྱེར་མེད་ལ་གོ་མྱོང་ལེགས་པོ་ཞིག་ཤར་ནས་བཟུང་། སྐྱོན་དང་བར་ཆད་ཐམས་ཅད་རང་གྲོལ་དུ་འགྲོ་ཞིང་ཡོན་ཏན་དང་དངོས་གྲུབ་ཐམས་ཅད་འབད་མེད་དུ་འབྱུང་བའི་གནད་ཞིག་ཡོད་དེ། དེ་ཡང་ཕྱོགས་ཙམ་བརྗོད་ན། བདེན་གཉིས་ཟུང་འཇུག་ཏུ་ཤེས་པའི་སྟོབས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལྷན་ཅིག་རྫོགས་པའི་གནད་དང་། ༡གཞི་འབྲས་དབྱེར་མེད་དུ་རྟོགས་པའི་ཐ་མལ་སྣང་ཞེན་གྱིས་མི་གོས་ཤིང་སྣང་བ་དཀྱིལ་འཁོར་གྱི་འཁོར་ལོར་འཆར་བའི་གནད་དང་། ༢སྐུ་བཞི་རང་ལ་ལྷུན་གྲུབ་ཏུ་ཡོད་པ་ཤེས་ནས་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པས་གྱ་ནོམ་ལྷར་ཞེན་ལས་གྲོལ་ཞིང་། རྫོགས་རིམ་གྱི་ཡེ་ཤེས་འདྲེན་ནུས་པའི་བསྐྱེད་རྫོགས་ཟུང་འཇུག་ཏུ་འགྱུར་བའི་གནད་དང་། ༣ཉོན་མོངས་པ་གདོད་ནས་རང་གྲོལ་དུ་ཤེས་པས་དུག་ལྔའི་གོལ་ས་མི་འབྱུང་ཞིང་ཚོགས་དྲོད་འབྱོར་བའི་གང་ཟག་ལའང་ཉོན་མོངས་དང་རྣམ་རྟོག་གང་ཤར་ཐམས་ཅད་མཚོན་བྱེད་དཔེའི་ཡེ་ཤེས་སུ་འཆར་བའི་གནད་དང་། ༤སྣང་སྲིད་གདོད་ནས་ལྷ་དང་ཡེ་ཤེས་སུ་ངོ་འཕྲོད་པའི་དམ་ཡེ་དབྱེར་མེད་དུ་རྟོགས་ནས་རང་སེམས་རིགས་བརྒྱའི་ཁྱབ་བདག་ཏུ་ཤེས་པའི་གནད་དང་། ༥འཁོར་འདས་དབྱེར་མེད་ཀྱི་ཀློང་ན་བཟང་ངན་སྤང་བླང་མེད་པ་ཤེས་ནས་གཙང་སྨེ་གཉིས་སུ་འཛིན་པའི་རྟོགས་པ་ལས་གྲོལ་ཏེ་ཡེ་ཤེས་བདུད་རྩིའི་ཚོགས་འཁོར་ལ་རོལ་ནུས་པའི་གནད་དང་། ༦གཞི་ལམ་འབྲས་གསུམ་རང་སེམས་སྐད་ཅིག་མའི་སྟེང་དུ་ངོ་འཕྲོད་པའི་དུས་གསུམ་དུས་མེད་དུ་རྟོགས་ནས་གྲངས་མེད་གསུམ་གྱི་དཀའ་སྤྱད་མི་དགོས་པ་ཚེ་གཅིག་ལུས་གཅིག་གི་འཚང་རྒྱ་བའི་གནད་དང་། ༧སྣང་སྲིད་དག་པ་རབ་འབྱམས་སུ་ཤེས་པས་བདུད་དང་གོལ་ས་རང་གྲོལ་དུ་གྱུར་ཏེ། འཇིག་རྟེན་རང་རྒྱུད་པ་ལས་མཆོག་གི་དངོས་གྲུབ་ལེན་ནུས་པའི་གནད་དང་། ༨རྟེན་དཀྱིལ་འཁོར་བཞི་ལ་གནད་དུ་བསྣུན་པའི་སྣང་བ་སེམས་བསྒྲུབ་ཐུན་མོང་མ་ཡིན་པའི་སྟོབས་ཀྱིས་ལུས་ཟག་མེད་འཇའ་ལུས་དང་། སེམས་རྟོག་མེད་ཆོས་སྐུར་ངོ་འཕྲོད་དེ་ལུས་སེམས་དུས་གཅིག་ལ་གྲོལ་བའི་གནད་དང་། ༩རང་བཞིན་རྣམ་དག་ལ་གློ་བུར་དྲི་བྲལ་གྱི་རྒྱས་ལེགས་པར་ཐེབས་པའི་གཙང་བདེ། རྟག་བདག་དང་། རང་དོན་ཡིད་བྱེད་། ཐ་མལ་སྣང་ཞེན་གྱ་ནོན་སྙན་ཞེན་སོགས་ཀུན་ཏུ་བརྟགས་པའི་དུག །ཀུན་ཏུ་རྟོག་འི་དུག །གྱ་ནོམ་ལྷར་ཞེན་གྱི་དུག་གསུམ་པོ་དུས་གཅིག་ལ་ཆོད་པའི་གནད་དང་། ༡༠མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ་ཞེས་གསུངས་པ་ལྟར། ཐེག་པ་གསུམ་གྱི་རྟོགས་རིགས་ཡར་ལྡན་དུ་ཚང་བའི་གནད་ཤེས་ན་ཉམས་ལེན་ལམ་དུས་སོགས་ཀྱི་སྦྱོར་དངོས་རྗེས་གསུམ་གཞི་ལམ་འབྲས་བུའི་ཡོན་ཏན་རྣམས་རིག་པ་སྐད་ཅིག་མའི་སྟེང་དུ་བསྡུ་ཤེས་པའི་གནད་དང་། ༡༡བདག་འཛིན་གཉིས་དུས་གཅིག་ཆོད་པའི་ལྷའི་ང་རྒྱལ་བསྒོམ་པས་གང་ཟག་གི་བདག་འཛིན་དང་། དཀྱིལ་འཁོར་གྱི་རྣམ་དག་དྲན་པ་ཆོས་ཀྱི་བདག་འཛིན་གྱི་གཉེན་པོར་འགྲོ་བའི་གནད་དང་། ༡༢འཁོར་འདས་ཕྱི་རུ་མ་ལུས་པ་སྤྲོས་པ་ནང་ནས་ཆོད་པས་རེ་དོགས་གཉིས་འཛིན་གྱིས་རྟོག་པ་ཡལ་ཏེ་སྐྱོན་ཡོན་ཏན་དུ་སློང་། བར་ཆད་དངོས་གྲུབ་ཏུ་ལེན། སྣང་བ་དགེ་བའི་བཤེས་གཉེན་དུ་འཆར་བའི་གནད་དང་། ༡༣མཉམ་རྗེས་གང་གི་དུས་སུའང་ཚོགས་དྲུག་གི་ཡུལ་སྣང་ཐམས་ཅད་ལ་ལྟ་བ་འཁོར་འདས་དབྱེར་མེད་ཀྱིས་རྒྱས་ལེགས་པར་ཐེབས་ན་སྡོམ་པ་གསུམ་གྱི་སྤང་བྱ་ཐམས་ཅད་དུས་གཅིག་ལ་བསྡོམས་ཏེ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་འགྱུར་བའི་གནད་དང་། ༡༤ཉན་ཐོས་ཀྱི་ལམ་གནད་ཚང་བས། སྲིད་མཐའ་ལ་མི་གནས། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་ལམ་གནད་ཚང་བས་ཞི་མཐའ་ལ་མི་ཕྱོགས། གསང་ཆེན་བླ་ན་མེད་པའི་གནད་ཚང་བས་སྤང་བྱ་གཉེན་པོར་ཤར་ཏེ་དུས་མྱུར་དུ་འཚང་རྒྱ་བའི་གནད་དང་། ༡༥སྣང་བ་ལ་སྐུར་པ་མ་བཏབ་པར་རྟེན་འབྲེལ་ལམ་དུ་བྱས་ཏེ་དག་སྣང་གིས་རྒྱས་ཐེབས་པའི་ས་དང་ལམ་གྱིས་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བའི་གནད་དང་། ༡༦གང་ལ་ཡང་དངོས་འཛིན་གྱི་འཁྲུལ་པ་ཆོད་པས་སྣང་བའི་མི་འཆིང་བའི་གནད་དང་། ༡༧བཟང་ངན་དང་མང་ཉུང་མཐོ་དམན་ཡང་དོག་དང་དུས་ཡུན་རིང་ཐུང་སྐད་ཅིག་བསྐལ་པ་ཞིམ་མི་ཞིམ། སྤངས་གཉེན། གསལ་མི་གསལ་སོགས་གཉིས་ཆོས་ཐམས་ཅད་གཉིས་མེད་ཀྱི་ཀློང་དུ་མཉམ་པ་ཉིད་དུ་ཤེས་ན་གང་ལ་ཡང་མི་བདེ་བ་མེད་པའི་གནད་དང་། ༡༨རང་རེ་རྣམས་ཀྱི་ཉམས་ལེན་ལམ་དུས་ལྟ་བུར་ལ་མཚོན་ན། ཕྱི་ནང་གི་བསྐྱེད་རིམ་ལམ་དུས་ཀྱི་དབང་ཡན་ལག་དང་བཅས་པ། འཁོར་བའི་གནས་ཚུལ་དང་མཐུན་པའི་འཁྲུལ་སྣང་གིས་བག་ཆགས་དབྱིངས་སུ་སྦྱངས་ནས་འཁོར་བ་མ་སྤངས་ལམ་དུ་ཁྱེར་བ་དང་། མྱང་འདས་ཀྱིས་བཞུགས་ཚུལ་དང་མཐུན་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཕྲིན་ལས་ཐམས་ཅད་གཞི་ལ་རྫོགས་ཤིང་། རྒྱལ་བའི་ཕྲིན་ལས་ད་ལྟ་ནས་ལམ་དུ་བྱེད་ནུས་པ་དང་། ཕྱི་ནང་གིས་རྟེན་འབྲེལ་གྱི་གནད་ཀྱིས་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པའི་བསྐྱེད་རྫོགས་ཟུང་འཇུག་ཏུ་འགྱུར་ཏེ། མཚོན་བྱེད་དཔེའི་ཡེ་ཤེས་མྱུར་དུ་སྐྱེ་ཞིང་། དེས་མཚོན་བྱ་དོན་གྱི་ཡེ་ཤེས་འདྲེན་ནུས་པའི་གནད་དང་། ༡༩ཕྱི་ནང་གི་རྟེན་འབྲེལ་གྱི་གནད་ཇི་ལྟ་བ་བཞིན་མཁྱེན་པ་རྫོགས་པའི་སངས་རྒྱས་ཁོ་ན་ཡིན་པས་དམན་པ་བདག་ལྟ་བུས་ཤེས་པ་མི་ནུས་ཀྱང་བརྒྱུད་པ་བཟང་པོ་དང་ལྡན་པའི་བླ་མའི་བཀའ་དྲིན་གྱིས་གོ་ཡུལ་ཅུང་ཟད་ནི་ཞུས་ཟིན་ལ། འགའ་ཞིག་ནི་སྨྲ་མི་སྤོབས་ཀྱང་། ཕྱོགས་ཙམ་མཐོང་ནའང་གྲུབ་མཐའ་ཐམས་ཅད་འགལ་མེད་དུ་རྟོགས། གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་ཤར། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད། ཉེས་སྤྱོད་ཐམས་ཅད་རང་འགགས་སུ་འགྲོ་བའི་གནད་དང་། ༢༠ཐུན་མོང་མ་ཡིན་པའི་མན་ངག་བཞིན་སྣང་བ་སེམས་སུ་བསྒྲུབ་སྟེ་རིག་པ་སྐད་ཅིག་མ་སེམས་གསལ་བའི་སྟེང་ན་འཁོར་འདས་ཚང་བའི་ངེས་པ་རྙེད་ན་རེ་དོགས་ཀྱིས་སྤྲོས་པ་ཆོད་པར་འགྱུར་བའི་དང་པོ་སྣང་སེམས་བསྲེ། སེམས་གསལ་བའི་ཆ་དེའང་དབྱིངས་སྤྲོས་པ་དང་བྲལ་བ་ལས་ནམ་ཡང་གཡོ་བ་མེད་པར་ཤེས་ནས། དབྱིངས་རིག་བསྲེ་ཏེ་བཅས་བཅོས་དགག་བསྒྲུབ་མེད་པར་མཉམ་པར་བཞག་ན་གསལ་སྟོང་ཟུང་འཇུག་ཏུ་འགྱུར་བའི་གནད་དང་། ༢༡དེ་བཞིན་ཉིད་ཀྱིས་དག་པའི་དབྱིངས་སྤྲོས་པ་དང་བྲལ་བ་ལ་ཡིད་ཆེས་བསྐྱེད་ནས། ལྷ་སོ་སོའི་དག་པ་ཀུན་རྫོབ་ཐ་མལ་སྣང་ཞེན་ལས་བཟློག་སྟེ། དེ་གཉིས་ཟུང་དུ་འཇུག་པའི་ཕྱིར། རང་རིག་པ་དག་པའི་རིག་པ་ཡེ་ཤེས་ཀྱི་ངོ་ན་ལྷ་དང་ཡེ་ཤེས་ཐ་དད་དུ་མེད་པར་ངོ་འཕྲོད་པ་ལ་དག་པ་གསུམ་ཞེས་བརྗོད་པ་ལ་གནད་འདི་མ་ཤེས་ན་ཀུན་རྫོབ་འཁྲུལ་སྣང་ལྷར་བསྒོམ་ཀྱང་ལྷར་མི་འགྱུར་ཞེས་དང་། ལྷ་ཡིན་ན་དོན་དམ་ཆོས་ཉིད་ཡིན་དགོས་ཞེས་གྲུབ་མཐའ་མི་མཐུན་པ་དུ་མ་འབྱུང་བའི་དག་པ་གསུམ་གྱིས་གནད་ལ་མཁས་པར་བྱས་ན་སྦྱང་གཞི་སྦྱོང་བྱེད་ཀྱིས་སྦྱོར་ཚུལ་དང་། སྣང་བ་དཀྱིལ་འཁོར་གྱི་འཁོར་ལོར་འཆར་བའི་ངེས་ཤེས་བཅོས་མིན་འབྱུང་བའི་གནད་དང་། ༢༢གནད་ཐམས་ཅད་ཀྱི་གཙོ་བོ་བདག་ཅག་གི་བླ་མ་ཆོས་ཀྱི་རྗེ་ལྟ་བུ་བླ་མ་མཚན་ལྡན་ལས་དབང་དང་གདམས་ངག་ཐོབ་ནས་ལམ་དུས་དང་བླ་མའི་རྣལ་འབྱོར་སོགས་ཐུན་བཞིའི་རྣལ་འབྱོར་ལ་ཁ་ཞེ་ངོ་ལྐོག་མེད་པའི་མོས་གུས་ཀྱིས་འབད་ནུས་ན་དྲོད་གཤེར་འཛོམས་པའི་ཕྱོགས་སུ་རྩི་ཤིང་སྐྱེ་བ་ལྟར་རྟེན་འབྲེལ་ཐམས་ཅད་ནང་ནས་སྐྱེ་དགོས་པས། ཉམས་མྱོང་ཚད་མ་རང་ལས་འབྱུང་བར་འགྱུར་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་གནད་ཡིན་ནོ། །༢༣གོང་དུ་ཉོན་མོངས་པ་རྣམས་གདོད་ནས་རང་གྲོལ་དུ་ཤེས་ཞེས་དང་། གཞི་དུས་ནས་སྐུ་བཞི་རང་ལ་ལྷུན་གྱི་གྲུབ་ཚུལ་དང་། ཐམས་ཅད་མཉམ་པ་ཉིད་སྨྲས་པ་རྣམས་རྙིང་མ་སོགས་གྲུབ་མཐའ་གཞན་གྱིས་ཆོས་སྐད་མ་ཡིན་ནམ་ཞེ་ན། རང་རེའི་དཀྱིལ་ཆོག་གི་དམ་ཚིག་གསུམ་གྱི་གླུ་ལེན་པའི་སྐབས། གདོད་ནས་གྲོལ་བ་དེ་བཞིན་གཤེགས་ཞེས་དང་། དགོངས་པ་ལུང་བསྟན་ལས། རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། ཞེས་སོགས་དང་། བརྟག་གཉིས་ལས། རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད་ཅེས་སོགས་མང་དུ་འབྱུང་བའི། རྒྱུས་མེད་ཕུག་ལ་མ་མངག་ཟེར་བའི་དཔེ་ལྟར་ཆོས་འདི་ལ་དུས་ཕྱིས་ཐོས་བསམ་བསྒོམ་བསྒྲུབ་བྱེད་མཁན་ཉུང་བས་རང་ལ་ཅི་ཡོད་རང་གི་བུ་ཚ་རྣམས་ཀྱིས་མཁྱེན་དཀའ་བའི་རྟོགས་དཔྱོད་མི་མང་བའི་ཡིད་ཆེས་མཛད་ན་ཁོ་བོ་ལ་ཉམས་མྱོང་མེད་ཀྱང་ཆོས་འདི་ལ་ནོར་འཁྲུལ་མེད་པའི་ཡིད་ཆེས་ཤིག་ཡོད་པ་ལགས་སོ། །སླར་སྨྲས་པ། ཟབ་མོའི་གནད་དོན་འདུས་པའི་གསང་གཏམ་འདི། །རྡོ་རྗེའི་གྲོགས་ཀྱིས་ཞལ་ངོ་མ་ཆོག་པར། །སྦས་དོན་ཡི་གེར་བྲིས་པའི་ནོངས་པ་ཀུན། །རྗེ་བཙུན་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །དགེ་བའི་སྙིང་གི་གྲོགས་པོ་ཁྱེད་རྣམས་ཀྱིས། །དགོས་མེད་ཚེ་འདིའི་བྱ་བས་མི་གཡེངས་པར། །གཅིག་ཏུ་བསྒྲུབ་ལ་གཞོལ་བའི་ངང་ཚུལ་དེས། །མྱུར་དུ་སྙིང་པོའི་བཙན་ས་ཟིན་པར་ཤོག །ཀུན་མཁྱེན་གཉིས་པ་ས་སྐྱ་པ། །ཀུན་སྙིང་ཡབ་སྲས་རིང་ལུགས་མཆོག །ཀུན་ལ་མེད་པའི་ཁྱད་ཆོས་འདི། །ཀུན་དགའ་རྒྱལ་མཚན་ཞེས་བྱས་བྲིས། །དགེའོ།། །།

འཇམ་མགོན་བླ་མའི་གསུང་ཟིན་བྲིས་དགོས་འདོད་ཀུན་སྟེར།

བླ་མ་ལ་ཕྱག་འཚལ་ལོ། །རྗེ་བླ་མས་བརྩེ་བས་གདམས་པ་རྣམས་རང་གི་དྲན་པ་གསོ་བའི་ཕྱིར་དུ་ཡི་གེར་བཀོད་པ་ལ། ཁྱོད་ལ་ན་ཚ་དང་མི་འདོད་པ་གང་བྱུང་བ་ཐམས་ཅད་ལམ་དུ་ཁྱེར་ཤེས་ན་དངོས་གྲུབ་ཀྱི་མཚམས་སྦྱོར་ཡིན་པས། སྒྲུབ་པའི་སློང་གང་བྱུང་ཡང་། བདག་ལ་འདི་འདྲ་ཡོང་མ་ཐང་སྙམ་པའི་ཡིད་ཆད་མི་བྱ་བར་ལྟ་བའི་ངང་སྐྱོང་བ་དང་། བདེ་སྡུག་གཏོང་ལེན་སོགས་ཀྱི་སྒོ་ནས་ལམ་དུ་ཁྱེར་ཐུབ་དགོས། དེ་ཡང་སྔོན་འབྲི་གུང་སྐྱོབས་པ་ལ་མཛེ་ནད་བྱུང་ཚེ། བདག་གིས་སྔོན་ཆད་འབད་པ་དེ་ཙམ་བྱས་ཀྱང་མ་ཕན་དགོངས་ནས་ཐུགས་སྐྱོ། ད་ངེས་པར་འཆི་བར་འདུག་པས་དུར་ཁྲོད་ཅིག་ཏུ་འགྲོ་དགོངས་ནས་བྱོན་ཚེ། ཕག་གྲུའི་སྐུ་བརྙན་གྱི་མདུན་དུ་ཡན་ལག་བདུན་པ་བརྗོད་པས། ད་ལྟ་ང་ལས་ལྷག་པའི་སྡུག་བསྔལ་ཆེན་པོ་བྱུང་མྱོང་བ་གཞན་སུ་ཡོད་དགོངས་ཚེ། ངན་སོང་གསུམ་ན་གནས་པའི་འགྲོ་བ་རྣམས་སྡུག་བསྔལ་ཆེ་བར་མཁྱེན། དེ་དག་ལ་བཟོད་གླག་མེད་པའི་སྙིང་རྗེ་འཁྲུངས། བདག་གཞན་བརྗེ་བ་བསྒོམ་མཛད་པས། ཕྱག་དང་ཞབས་ཀྱི་སོར་མོ་རྣམས་ནས་ཁྲག་མང་པོ་ཐོན་པའི་ཉམས་ཤར། ཡང་ཡང་བསྒོམ་མཛད་པས། འོག་སྒོ་ནས་དུག་སྦྲུལ་ཞིག་ཐོན་ནས་ནད་མ་ལུས་པ་ལྷག་མེད་དུ་དྭངས་པ་རེད། ཁྱོད་ཀྱིས་ཀྱང་དེ་འདྲ་སེམས་ལ་ན་ཚ་སོགས་མི་འདོད་པ་ཐམས་ཅད་ལམ་དུ་བསྲེལ་ཨེ་ཐུབ་ལྟོས། སེམས་ཆུང་ཆུང་མ་བྱེད་གསུངས། ༈ མགོན་པོའི་གསང་ཁྲིད་ཀྱི་བླ་མ་ཧེ་རུ་ཀའི་གཡས་རྡོ་རྗེ་འཕྱར་སྟབས་དང་། གཡོན་ཐོད་པ་ཐུགས་ཀར་འཛིན་པ་ཡིན། ༈ ཁ་ཊཾ་ཀ་ནི་ཡར་རྩེ་རྡོ་རྗེ་རྩེ་ལྔ་པ་དབུས་སུ་ཅུང་ཟད་རིང་བ་ཕྱེད་པས་མཚན་པ། ཡུ་བ་རྒལ་ཚིག་གམ་རྐང་རུས་དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་འཕན་སོགས་བཏགས་པ། དེའི་སྟེང་བུམ་པ་བདུད་རྩིས་གང་བ། དེའི་སྟེང་ཐོད་སྐམ་གསུམ་བརྩེགས། དེའི་སྟེང་རྡོ་རྗེ་རྩེ་ལྔ་པ་ཡོངས་རྫོགས་ཅན་ཞིག་གོ ༈ །ཆོས་སྐྱོང་ཕལ་ཆེ་བའི་ཕྱག་ཆའི་ཁ་ཊཾ་ཀ་ནི། རྩེ་གསུམ་ཡུ་བ་ལ་རྡོ་རྗེའི་ཕྱེད་པས་མཚན་པ་ཡིན་གསུངས། ༈ ཡུམ་ཆེན་གྱི་མེའི་ཕྱག་རྒྱ་ཞེས་པ་འབར་བའི་ཕྱག་རྒྱ་ཡིན། ༈ བེར་ནག་ཟངས་གྲི་ཅན་མགོན་པོ་ཡིན། ནག་པོ་གནོད་སྦྱིན་དང་ངོ་བོ་མི་གཅིག་གསུངས། ༈ འཇོལ་བེར་གསེར་མ་གསུམ་བརྩེགས་གོས་ཆེན་ནག་པོ་གསེར་རིས་ཅན་གྱི་བེར་སུམ་བརྩེགས་ལ་ཟེར་གསུངས། གསེར་གྱི་ཀ་བོ་ཆེ་སྐ་རགས་རེད། སག་སྟིའི་ལྷམ་འབོག་སོགས་ལ་ཟེར། དེང་བེན་གསེར་མའི་ཕོད་ག་ཞེས་པའང་གར་ཆས་ཀྱི་བེར་ལ་ཟེར་གསུངས། ༈ དབང་ལྷ་སྤྱན་འདྲེན་སོགས་ལྷ་རྣམས་གྱི་སྟེང་དུ་པད་ཟླ་སོགས་ལྷ་དམ་ཚིག་པའི་གདན་གང་ཡིན་པ་དེ་བསྒོམ་དགོས། ༈ གྲི་གུག་ལྷ་ལྔ་ལྟ་བུའི་ཡབ་རྐྱང་གི་རིགས་བདག་ལ་ཡུམ་མེད། རྣམ་པ་ཧེ་རུ་ཀའི་ཆ་བྱད་ཅན་བསྒོམ། ཡུམ་གྱི་དོད་ཁ་ཊཾ་ཡོད། བླ་མ་གོང་མ་ལ་ལས། ལོངས་སྐུའི་ཆ་བྱད་ཅན་དར་དང་རིན་པོ་ཆེ་རྒྱན་ཅན་བཤད་པའང་འདུག ༈ །རིགས་བདག་གི་སྤྱི་བོར་ཕྱག་མཚན་རྡོ་རྗེ་སོགས་ཀྱེ་རྡོར་གྱིས་རྒྱས་བཏབ་ནས་མགོན་པོ་ལྟ་བུ་ལ་བསྒོམ་ཀྱང་བཏུབ། ༈ དམ་ཚིག་གི་རྡོ་རྗེ་རྩེ་ལྔ་པ་ད་ལྟའི་འདི་འདྲ་ལ་ཟེར། ༈ བླ་མའི་ཐུགས་ཀར་སྔགས་ཕྲེང་རིམ་བཞིན་གཅིག་གི་རྒྱབ་ཏུ་གཅིག་བསྒོམ་པ་ཡིན། སྔགས་ཕྲེང་ལས་འོད་ཟེར་དུས་གཅིག་ལ་སྤྲོ་བ་དེ་སྒྲུབ་པའི་སྐབས་དང་པོོ་གཡོན་ནས་མོ་རྒྱུད་སྤྲོ་བསྡུ་བྱས་ན་འཚུབ་མེད་ཅིང་འཇམ་པ་ཡིན། ༈ ལས་མཁན་མྱང་འདས་ནས་གནོད་སྦྱིན་ཡབ་ཡུམ་འོད་དུ་ཞུ་བ་ཆ་གཅིག་མགོན་པོ་གཉིས་ལྷ་མོ་ཟངས་གྲི་ཅན་ལ་ཐིམ་པར་བསམ། གཞན་ལའང་དེས་འགྲེས་གསུངས། ༈ འཁྲུལ་འཁོར་གྱི་མགོན་པོ་སྒྲུབ་ཐབས་བསད་པའི་འཁྲུལ་འཁོར་ལ་ཟེར། མྱུར་མགྱོགས་ཕོ་ཉ་ལ་སྔགས་ཐུང་གིས་གཏོར་མ་ཕུལ་ནས་སྔགས་ཙམ་གྱིས་དམ་བཞག་བྱས་ཀྱང་ཆོག ༈ །སྐྱབས་འགྲོའི་སྐབས་དགྲ་བོ་མདུན་དུ་བསྒོམ་པས་དམ་སེལ་མི་འབྱུང་། ༈ ཁྲོ་བཅུའི་གདན་གྱི་མི་རོ་ལྷ་རང་གི་གཡས་ཕྱོགས་སུ་མགོ་ལྟ་བ་ཡིན། ༈ རྫོགས་རིམ་ནང་ཁྲིད་ཐུན་མོང་པ་ཞེས་པ་རྩའི་ནང་དུ་ལྷ་བསྒོམ་པ་ཡར་ལུང་ཡིག་ཆ་ལྟ་བུ་ལ་ཟེར། འདིར་རྩ་ཐིག་རླུང་གསུམ་ཀ་ལྷ་བསྒོམ། དེ་ཡང་གཙོ་བོའི་སྐུ་ལས་ཕྱག་མཛུབ་ནང་ཚུན་ཆད་སྟོང་སངས་འོད་ཀྱི་རང་བཞིན་ཅན། ལྷ་རྣམས་ཀྱི་ལུས་ཀྱི་ནང་དུ་རྩ་མི་བསྒོམ་པར་སྟེང་འོག་ཏུ་རྩ་ཡོད་པ། ལྷ་རྣམས་རང་རྒྱུད་མི་བསམ་པར་རང་སེམས་གསལ་སྟོང་ཟུང་འཇུག་གསུམ་དྲེགས་པ་རྒྱུད་གསུམ་གྱི་ངོ་བོར་ཤར་བ་ལ་ངེས་པ་རྙེད་པའི་ལྟ་བའི་ངང་ནས་བསྒོམས་དགོས་གསུངས། ༈ སྙིང་ཆུ་བསྲེེ་བ་ཆོས་སྐྱོང་དང་མནའ་འཇོག་པ་ལྟ་བུའི་དོན་ཡིན། མེ་དམིགས་ཞེས་པ་དྲག་པོ་སྔགས་སྒོད་ལ་ཟེར་གསུངས། ༈ རྩ་འཁོར་རྣམས་ཁ་དོག་དཀར་དམར་སོགས་སུ་བསྒོམ་དགོས། གསང་གནས་ཀྱི་རྩ་བ་སྟེང་དང་རྩེ་མོའི་ཕྱོགས་ལ་མགོ་བྱས་ནས་རྩ་འཁོར་བསྒོམ་པ་དང་། ལྷའི་དབུ་ལ་ལྟ་ཕྱོགས་དེ་ལྟར་གྱིས་ཀྱེ་རྡོར་ལུས་དཀྱིལ་ཡང་དེ་དང་འདྲ་གསུངས། ༈ ཡུངས་དཀར་གྱིས་བྲབ་ཚེ་ཡུངས་དཀར་འབྲུ་རེ་རེ་ནས་ཁྲོ་བོ་མཚོན་ཆ་ཐོགས་པ་མང་པོར་བསམ་ནས་གདོན་བགེགས་ཐམས་ཅད་ཚར་བཅད་པར་བསྒོམ་པ་ཡིན། ༈ ཕྱོགས་སྐྱོང་གི་ལག་ནས་ཚེ་བསྡུ་ཞེས་པ། རང་གི་བླ་ཚེ་དེ་དག་གིས་འཕྲོག་པ་ཚུར་བསྡུ་བ་རེད། ཕ་མའི་ཁམས་དཀར་དམར་གྱི་བཞི་ཆ་ལུས་ཀྱི་ཤ་རུས་ཀྱི་རྒྱུར་སོང་། གཉིས་མི་ཤིག་པའི་འཁོར་ལོ་སོགས་ཟེར་བ་རེད། ༈ སེམས་འགྲེལ་སྐོར་གསུམ་རྡོ་རྗེ་སྙིང་པོའི་རྒྱུད་འགྲེེལ། རིགས་ལྡན་གྱི་དུས་འཁོར་གྱི་རྒྱུད་འགྲེལ། ཕྱག་ན་རྡོ་རྗེའི་བདེ་མཆོག་སྟོད་འགྲེེལ་གསུམ་ལ་ཟེར། ༈ བླ་མ་དམ་པས་བདག་དང་ཡིད་གཅུག་ལ་ཞེས་པ། སྤྱིར་རང་གི་བླ་མ་དང་ཡིད་གཅུག་ལ་ཐུགས་མཉེས་པར་བསམ་པ་ལས་དེ་དག་བསྒོམ་མི་དགོས་གསུངས། ༈ གྲིི་གུག་གི་ཡུ་བ་ལ་དེ་ཝ་པི་ཙུའི་འབྲུ་རེ་རེས་མཚན་པ་ཡིན་ངག་ཆོས་ཀྱི་ཁྲིད་ཡིག་ལས་འདི་གཙོ་བོར་གསུངས། ༈ འོད་ཟེར་སྤྲོ་བསྡུ་མ་གསུངས་པ་སྔགས་ཕྲེང་བཀོད་པ་ཙམ་ལ་དམིགས་ནས་བཟླས་པར་བྱེད། མདུན་བསྐྱེད་ལ་དམིགས་ནས་བཟླས་པར་བྱེད་ཅེས་པ་རྣམས། བདག་བསྐྱེད་ལ་བཟླས་དམིགས་གང་བྱེད་པ། མདུན་བསྐྱེད་ལ་དེ་བཞིན་བྱེད་པའམ། ཡང་ན་ལྷ་སྣང་ཙམ་ལ་དམིགས་ནས་བཟླས་པ་བྱས་ཆོག ༈ །མཁའ་སྤྱོད་ལུས་དཀྱིལ་སྐབས་ཟླ་བ་ཉི་མ་གདན་དུ་བསྒྱུར་བ་དང་། ཡིད་བཟླས་ཚེ་ཟླ་གདན་ལ་བསྒྱུར་པ་ཡིན། སྦྱིན་སྲེག་གི་རྫས་རྣམ་པ་ཇི་ལྟ་བ་བཞིན་འབུལ་བ་ལས་དམིགས་པ་གཞན་ཅི་ཡང་མི་དགོས་གསུངས། ཆོས་འབྱུང་གི་ནང་དུ་ཡུམ་ཆེན་བསྒོམ་གསུངས། དབུ་གཙུག་དང་གསང་གནས་སུ་རྩ་ཀུག་པ་ཞིག་སྒོམ་གསུངས། ༈ སྒྲུབ་པའི་སྐབས་སུ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་རྣམ་པར་བསྡུས་པས་ལྷ་རྣམས་ལ་ཐིམ་པར་བསམ་གསུངས། ༈ བྷན་དམར་ཞེས་པ་ཐོད་པ་དཀར་པོ་ཁྲག་གིས་བཀང་། ཡུམ་ཆེན་གྱི་ཐུགས་ཀ་ནས་འོད་ཆད་སྐུ་ལུས་ཀྱི་ནང་ནས་དབུ་གཙུག་ནས་ཐོན་པར་བསམ་གསུངས། ༈ མགོན་པོའི་ཚེ་སྒྲུབ་སྐབས་བསྙེན་པ་ལ་པུཎྱེ་ཛྙཱ་མེད་གསུངས། ༈ སྟག་ཞོན་ལ་ལས་གྲུབ་ནས་འཁུ་ལྡོག་མི་འབྱུང་བའི་ཕྱིར། ཟན་གྱིས་ལིངྒ་བཅས་ཏེ་དགུག་གཞུག་བྱས་དགྲ་བགེགས་ཀྱི་ཤ་ཁྲག་དམར་རྙོག་གེ་བསམ་ལ་གཏང་རག་བྱའོ། ༈ །རྩ་སོ་སོའི་ནང་བརྒྱུད་གནས་སོ་སོར་སླེབས་པ་ན། དེའི་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་གྱུར་བ་ལས་ལྷ་བསྐྱེད་པ་དང་། མགོན་པོའི་ཐུགས་ཀ་ནས་ཧཱུྃ་དང་ལྷ་མོའི་མྃ་སོགས་ཆད་ལུང་འགྲེས། གཙོ་བོའི་ཐུགས་ཀར་ཉི་གདན་རྐྱང་བའི་སྟེང་དུ་ས་བོན་བསྒོམ་པ་ཡིན་གཞན་ལ་འགྲེས། དམ་བཞག་གི་རྡོ་རྗེ་དེ་ཡང་ལྷ་སོ་སོའི་ཐུགས་ཀ་གནས་སོང་བསམ་པ་ཙམ་ཡང་གདན་མི་དགོས། ༈ ཁྲིད་ཡིག་ལས་ལྷ་དགུ་བསྐྱེད་ནས་བསྡུ་བར་བཤད་པ་དེ་ཁྲིད་ཀྱིས་སྐབས་སུ་ཡིན་ལགས། ༈ མགོན་པོའི་བླ་མའི་རྣལ་འབྱོར་སྐབས། རྩ་བའི་བླ་མ་ལ་སྐྱབས་གནས་ཐམས་ཅད་བསྟིམ། ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་ལ་གསོལ་བ་བཏབ་ལ་རང་ལ་བསྟིམ་ནས་དེའི་ངང་ནས་ཚོགས་གཉིས་བསགས་པ་སོགས་ལ་འཇུག་པ་འདི་བླ་མ་འཇམ་དཔལ་བསྟན་འཛིན་གྱིས་སྐབས་སྐབས་སུ་མཛད་པས་དགག་དགོས་ཡོད་ན་མི་ལེགས་པ་མེད། སླ་ཆོས་དང་སྲོལ་ངན་བྱེད་མི་རུང་། ༈ མགོན་པོ་མདུན་བསྐྱེད་ལྟར་སྒྲུབ་ཚུལ་ཞུ་ཆེན་བཀྲ་ཤིས་དབང་ཕྱུག་གིས་མཛད་པའི་སྲོག་འཕྲོག་པ་དང་། སྲོག་གི་ཡང་ཐིག་ཟླ་བའི་བཟླས་དམིགས་བྱེད་ཚུལ་གསུངས་ཏེ། ཁྲིད་ཡིག་ལས་ཕྱི་སྒྲུབ་ལ་བཟླས་དམིགས་འདི་གཉིས་ལན་མང་པོ་མི་རུང་བར་བཤད་པ་སྔ་མ་དེ་ཡིན་གསུངས། ༈ ལྷ་སྤྱན་འདྲེན་པའི་འོད་རྣམས་ཚུར་བསྡུ་ན་གྲུབ་ན་དགོས། ༈ མགོན་པོའི་ཉལ་བའི་རྣལ་འབྱོར་དྲག་པོ་སྔགས་རྒོད་ཀྱིས་བྱས་ནས་ལྡང་བའི་ཚེ་འོད་གསལ་དེའི་ངང་ལས་ཆུ་ལས་ཉ་འཕར་པ་ལྟར་ལྡང་གསུངས། བླ་མ་འཇམ་དཔལ་བསྟན་འཛིན་གྱིས་བསྲུང་བཟློག་བསད་མནན་ཐམས་ཅད་ཐུན་གཅིག་ལ་ཚང་བའི་དབང་དུ་མཛད་ནས་བཟློག་པའི་དམིགས་པའི་སྐབས་སྣ་ཚོགས་རྡོ་རྗེ་ལྟེ་བར་བསྟན་པའི་སྤྱི་དགྲ་བསྒྲལ་བའི་དམིགས་པ་ཡང་གསལ་བཏབ། དགུག་གཞུག་ལྷན་ཅིག་ལ་བྱས་འཁོར་ལོ་གཡོན་དུ་འཁོར་བ་དང་མཉམ་དུ་བསད་པའི་དམིགས་པ་ཡང་བྱ། མཐར་བྷ་ཡ་ན་སའི་ཚེ་ལག་མཐིལ་དུ་དགྲ་བགེགས་བསམ་ཏེ་བསྒྲལ་བའི་རོ་མ་འོག་གི་མགོན་པོ་ཞབས་འོག་རོའི་འོག་ཏུ་མནན་ནས་ནམ་ཡང་མི་ཐར་བར་བསམ་པ་མཛད། སྤྱིར་བསྲུང་བ་གཡས་ལ་བཟློག་པ་གཡོན། བསད་པ་གཡས་ལ་མནན་པ་གཡོན་ཞེས་པ་ཡིན་རུང་དམིགས་ཐུན་གཅིག་ལ་བསྲུང་བཟློག་བསད་མནན་ཐམས་ཅད་ཚང་བའི་དབང་དུ་མཛད་པ་ཡིན། སྤྱིར་སེམས་ནད་ཅན་གྱིས་ཁྲོ་བོ་བསྒོམ་ན་སེམས་འཚུབ་བྱེད་ཀྱི་རྒྱུར་འགྱུར། སྙིང་ནད་ཅན་གྱིས་སྐྱོ་ཤས་ངེས་འབྱུང་བ་བསྐྱེད་པའི་གཏམ་ཐོས་པ་ལྟ་བུས་ཀྱང་སེམས་འཁྲུགས་བྱེད་རེད་འོང་བ་ཞེས་མཁྱེན་བརྩེ་གསུངས་པར་གྲགས་གསུངས། ༈ བྲག་རྫོང་མའི་ཕྱི་ཁྲིད་ཀྱི་མདེའུ་ཁར་གདགས་པ་ཁམས་གསུམ་གཡུལ་དུ་བཅད་སོང་ཐམས་ཅད་ལྷན་དུ་བསྒོམ་པ་ལས། གང་རུང་རེ་བསྒོམ་པ་ཕྱག་ལེན་ལ་མེད་གསུངས། འོན་ཀྱང་མ་ཧཱ་ཀཱ་ལ་སོགས་ཀྱི་བསྙེན་པ་བཟླར་ཞོར་དམིགས་པ་འདི་རྣམས་གསལ་བཏབ་ན་བདེ་མོ་ཞིག་འོང་། དེ་བཞིན་དུ་ཤཱ་ས་ན་སྤེལ་ཚིག་ཅན་འདོན་ཞོར་ལ་བཟློག་དམིགས་རྣམས་བྱེད་པ་ཡིན། གསང་ཁྲིད་ཀྱི་བདག་བསྐྱེད་ཆོ་ག་མྱུར་མགྱོགས་ཕོ་ཉ་ལྟར་བྱས་ན་རུང་། ངག་དབང་ལེགས་གྲུབ་ཀྱིས་མཛེས་རྒྱན་ལྟར་བྱེད་རུང་བྱས་འདུག །དེ་གཉིས་གང་ལྟར་བྱས་ཀྱང་ཆོག་གསུངས། ༈ སྟོང་ཉིད་རྡོ་རྗེའི་མཁར་གཞུག་རྡོ་རྗེ་གཅིག་གི་ལྟེ་བའི་ནང་དུ་རྟེན་བརྟེན་པ་ཐམས་ཅད་བསྒོམ་དགོས་པ་ཡིན་གསུངས། ༈ ཐོད་པ་ཉི་ཟླའི་མཁར་འཇུག་གི་དབྱངས་ཡིག་དཀར་གསལ་བྱེད་དམར། སྟེང་གི་ཧཱུྃ་ལས་དང་པོ་ཨ་ཐུང་དེ་ན་ཨ་རིང་རིམ་པར་བྱུང་སྟེ། བླ་མ་དམ་པ་བདག་ཅག་འཁོར་དང་བཅས་པ་ལ་བར་དུ་གཅོད་པ་ཐམས་ཅད་ལས་སྲུངས་ཤིག །རཀྵ་རཀྵ་ཞེས་པའི་ཧཱུྃ་གི་རྒྱབ་ཏུ་ཐིམ་པར་བསམ་པ་ཡིན་གསལ་བྱེད་ཀྱི་ཀྵ་ཡིན་གསུངས། འདི་དག་གི་བཟླས་དམིགས་ཚེ་ངག་ཏུ་ཚིག་བརྗོད་དགོས་པ་རྣམས་རང་གིས་བརྗོད་པ་ཡིན་གསུངས། ༈ ཟིན་བྲིས་རྡོ་རྗེའི་གོ་ཁྲབ་དང་ཁྲིད་ཡིག་གཉིས་ལས་ཁྲིད་ཡིག་གཙོ་བོར་བྱོས་གསུངས། ༈ གཞན་གྱི་ཏིང་ངེ་འཛིན་འཇོམས་པའི་མཚོན་ཆའི་སྐབས་རང་གི་ཐུགས་ཀ་ནས་འོད་སྔོན་པོ་འཕྲོ་བ་ཡིན་གསུངས། མཚོན་ཚུར་འདུས་ཐོད་པའི་ཁར་གུར་ཁང་གི་ཕྱི་རོལ་དུ་གསུངས་ཀྱང་རྡོ་རྗེ་གུར་ཁང་གི་ཕྱི་རོལ་རེད་གསུངས། ༈ ཁྱོད་གསང་ཁྲིད་ཀྱི་མཚམས་ལ་སྡོད་ཚེ་ལྷ་དགུ་པོ་ཐམས་ཅད་ཡེ་ཤེས་གཅིག་གི་རང་སྣང་ཡིན་པས་ངོ་བོ་ལ་བཟང་ངན་དུ་འཛིན་གཏན་ནས་མི་རུང་། ༈ པུ་ཏྲ་མིང་སྲིང་སོགས་རང་རྒྱུད་དུ་བཟུང་ནས་རྩ་ནང་བསྒོམ་ན་ངེས་པར་སྨྱོ་འབོགས་སོགས་འབྱུང་། དེ་ཡང་རང་ལུས་འོད་ཀྱི་རང་བཞིན་ཕྱག་མཛུབ་ཀྱི་ནང་དང་སྙན་གྱི་ནང་ཚུན་ཆོད་སྟོང་སངས་ངེ་བ་ལྷ་རྣམས་ཀྱང་དང་ཤིང་གསལ་བ་འཇའ་ཚོན་ལྷ་བུ་བསྒོམ་པ་དང་། ཕྱི་རོལ་དུ་དྲེགས་པ་རྒྱུད་གསུམ་དུ་སྣང་བ་ཡང་། ནང་གི་རྩ་ཡིག་ཏུ་རླུང་སེམས་རྒྱུ་འགྲུལ་བྱས་པའི་སྣང་བ་ཡིན། དེ་ཡང་སེམས་གསལ་སྟོང་ཟུང་འཇུག་གི་ཆོ་འཕྲུལ་ཡིན་པའི་ཚུལ་ལ་ཡིད་ཆེས་བསྐྱེད་ནས་རང་ལུས་ལས་ཕྱི་རོལ་དུ་གྱུར་པའི་ལྷ་ཞིག་བསྒོམ་པ་ལྟ་བུར་མི་བསམ་པར། རང་སེམས་གདོད་ནས་དྲེགས་པ་རྒྱུད་གསུམ་གྱི་ངོ་བོར་གནས་པར་རང་ངོ་ཤེས་པའི་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་ངང་ནས་བསྒོམ་ན་ལམ་དུ་འགྲོ་བ་ཡིན་གསུངས། ཤཱ་ས་ན་སྤེལ་ཚིག་ཅན་གྱི་རྗེས་སུ་ཞེས་པ་མ་ར་ཡ་ཧཱུྃ་ཕཊ་ཞེས་པའི་རྗེས་སུ་ཡ་མ་ར་ཛ་འདོགས་པ་ཡིན། འཁོར་ལོ་བྲི་སྒྲུབ་གྱི་སྐབས་སུ་ཤཱ་ས་ནའི་པ་ཙ་པ་ཙ་ཧཱུྃ་ཕཊ་ཧཱུྃ་ཞེས་འདོན་གསུངས་པ་བླ་མ་གོང་མའི་ཕྱག་ལེན་ཡིན་པས་དེ་བཞིན་བྱེད་ནི་དགོས་རྒྱུ་མཚན་ནི་གསལ་བར་གསུངས་བ་མ་མཐོང་། སེང་གདོང་མའི་བསྙེན་པ་འདོན་ལུགས་ལའང་འདི་འདྲ་གསུངས་འདུག་གསུངས། ༈ སྤུ་གྲི་སོ་འདེབས་ཀྱི་སྐབས་སུ་བླ་མའི་ཐུགས་ཀར་སྔགས་ཕྲེང་ཐམས་ཅད་བཀོད་དགོས། འདི་ལ་དམིགས་པ་ཙམ་གཙོ་ཆེ་ཡང་ངག་ནས་ཚིག་བཏོན་ན་ལེགས་གསུངས། ༈ ལས་མཁན་མྱང་འདས་ཀྱི་རྗེས་སུ་ཕྱག་མཚན་ས་བོན་མཚན་པའི་བར་དུ་བསྒོམ་དེ་ནས་ཕྱག་མཚན་ཧཱུྃ་ཡིག་ཏུ་གྱུར། དེ་སྙིང་གར་བྱོན་ནས་གསང་རྟེན་ལུས་སྦ་བྱེད་ཡིན་གསུངས། ༈ ལྕེ་བྱིན་རླབས་སྐབས། དབྱངས་ཡིག་གཡོན་བསྐོར་དང་། གསལ་བྱེད་གཡས་བསྐོར་ངེས་པར་བྱེད་དགོས་གསུངས། ༈ བྲག་རྫོང་མའི་བསྙེན་པ་མཐར་ཕྱིན་པའི་རྣལ་འབྱོར་པ་ཡིན་ན། སྤུ་གྲི་སོ་འདེབས་ཀྱི་དམིགས་པ་གསལ་བཏབ་ཏེ་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་ཏེ། གསལ་ཕྱེད་གཡས་སྐོར་ངེས་པར་བྱེད་དགོས་དེ་ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱད་དེ། སྤྱི་བོའི་རྣམ་སྣང་འཁོར་ལོ་བདུད་རྩིས་མཉེས་པར་བསམ་སྟེེ། སྤེལ་ཚིག་ཀྱང་། བདག་གིས་འགལ་རྐྱེན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ་ཞེས་དང་། མགྲིན་པར་དབང་བྱང་ཝ་ཤིང་ཀུ་རུ་ཞེས་སོགས་བརྗོད་ན་ལས་བཞི་གང་ཡང་འགྲུབ་པར་ངེས་གསུངས། ༈ བསྟན་པའི་སྤྱི་དགྲ་གསོད་པའི་དམིགས་པ་དེས་རྣལ་འབྱོར་དགོས་དགྲ་གསོད་པ་ལ་ལེགས་སྦྱོར་རུང་གསུངས། དམག་ལས་བྱས་ཞེས་པ་བཀོད་པ་བྱེད་མཁན་དང་། དམག་སོགས་དམག་རྒྱབ་མི་ལྟ་བུ་ལ་གོ་རྒྱུ་ཡིན་གསུངས། ཁྱད་པར་ཞེས་པ་རང་ལ་མཐུ་བྱེད་མཁན་གང་ཡིན་གྱི་མི་དང་མི་མིན་གཉིས་ཀ་ལ་གོ་དགོས། སྤྲུལ་པ་སྤྲོོ་བའམ་བཟློག་པའི་སྐབས་བཟློག་སྔགས་ཤམ་བུར་བཏགས་པ་ཞེས་པ་བཟླས་པ་ཙམ་བརྗོད་པའི་མཐར་ཉེར་གཅིག་ཙམ་འདོན་པ་ཡིན་གསུངས། རིམ་ནད་སྲུང་བའི་ཤཱ་ས་ནའི་རྗེས་སུ། པ་ཙ་པ་ཙ་ཧཱུྃ་རིམས་ནད་ཐམས་ཅད་རཀྵ་རཀྵ་ཞེས་པས་ཆོག །དི་ན་མི་ཀེ་སོགས་འདོན་མི་དགོས་གསུངས། ༈ བཟློག་པའི་སྐབས་འཇིགས་པའི་སྒྲ་སྒྲགས་ཞེས་པ་ཧཱུྃ་སྒྲ་དང་། གཞན་རྒྱོབ་སོད་ཁུག་སོགས་སྒྲོགས་པ་དང་། ཡང་སྤྲུལ་སྤྲོ་བ་རྣམས་ཀྱིས་སེང་གེ་གླང་དང་ཁྱུང་སོགས་ཀྱིས་རང་དང་རང་གི་ང་རོ་བསྒྲགས་པར་བསམ་པ་ཡིན་གསུངས། ༈ དྲི་ཟའི་དམག་སྲིན་པོ་ཁྲོས་པ་ལྟ་བུ་ཞེས་པ་རྣམས། དྲ་བ་ཁྲབ་རྨོག་ཅན་ཡིན། གཞན་རྣམས་ཁྲོ་བོ་སྲིན་པོ་ཁྲོས་པ་ལྟ་བུར་བསམ་པ་ལས་རྟ་པ་སོགས་མི་འདྲ་བའི་ཁྱད་པར་མེད་གསུངས། རིག་འཛིན་གྱི་དམག་ཅེས་པ་རླུང་ལྷའི་མིང་རེད་སྒྲ་དོན་མ་མཐོང་གསུངས། ༈ ལྷ་བུད་མེད་དུ་བསྒོམ་པ་ཅི་ཡིན། མ་ཧེ་ར་ཁར་བླངས་ཏེ་ལྕགས་བསྲེེག་གི་ས་གཞི་ལ་བརྟག་པ་ཞེས་པ་ལྕགས་བསྲེག་གི་ས་གཞི་གསར་པ་ཞིག་བསྒོམ་ནས་དེར་རྡེག་པ་རེད་གསུངས། ༈ ལས་གྲུབ་ནས་ཚེ་བསོད་སོགས་ནོམ་པའི་ཚུལ་དུ་ཁྱེར་ཞེས་པ་འོད་ཁ་དོག་སྣ་ཚོགས་པའི་རྣམ་པར་ཁྱེར་ནས་ཐིམ་པར་བསམ་པ་ཡིན་གསུངས། ༈ དྲི་ཆུ་ལ་བརྟེན་ནས་རིམ་སྲུང་བའི་ཚེ་གཡས་པར་བླུགས་ལ། གཡོན་པའི་འཐེབ་སྲིན་གྲི་གུག་ཏུ་བསམ་ལ་དཀྲུགས་ཏེ། དྲི་ཆུའི་རྡུལ་རེ་རེ་ནས་ཤཱ་ས་ནའི་ཡི་གེ་མེ་འབར་བར་བསམ་ནས་མིད་པ་ཡིན་གསུངས། ༈ སྐྱབས་འགྲོའི་སྐབས་ཀྱི་སྲུང་འཁོར་བསྒོམ་པ་སྟེ། སྲུང་འཁོར་དངོས་བསྒོམ་ཚེ་སྔ་མ་མི་དམིགས་པར་འཇོག་པ་ཡིན་གསུངས། དེ་བཞིན་དུ་ཀྱེེ་རྡོར་མངོན་རྟོགས་ཀྱི་སྐྱེ་མཆེད་བྱིན་བརླབས་དེ་ལུས་དཀྱིལ་གྱི་སྐྱེད་མཆེད་ཀྱི་ལྷ་བསྒོམ་ཚེ་སྔ་མ་མི་དམིགས་པར་འཇོག་པ་སོགས་ཤེས་དགོས། ༈ འབོད་རྦད་བསད་གསུམ་སོ་སོར་ཤེས་ན་དེ་བཞིན་གྱིས། མ་ཤེས་ཚེ་གསུམ་པོ་ལྷན་དུ་བཏོན་ཀྱང་འགལ་བ་ནི་མེད་གསུངས། ༈ རྦད་བསད་མན་ངག་ལྟར་བཟླ་གསུངས་པ་རྦད་བསད་ཀྱི་སྔགས་འདྲེན་པ་ལས་དམིགས་པ་མི་འདྲ་བ་གཞན་ནི་མེད་གསུངས། ༈ ལྷ་མོ་དང་ཟངས་གྲི་ཅན་གྱི་འབོད་རྦད་བསད་གསུམ་ལྷན་དུ་འདོན་པ་ལས་རྦད་བསད་ལོགས་སུ་ཕྱེ་དཀའ་གསུངས། ༈ ཡེ་ཤེས་ཚོགས་བསགས་སྣང་བ་བཀག་པའི་སྟོང་ཉིད་དུ་བསྒོམ་པ་ལས། འཁོར་འདས་དབྱེར་མེད་བསྒོམ་པ་སྦྱང་གཞི་སྦྱོང་བྱེད་སྦྱོར་བ་གནད་ཆེ། ༈ ཟངས་གྲི་ཞེས་པ་གྲི་གུག་རྣོ་དབལ་དང་ལྡན་པ་ཞིག་ལ་ཟེར་བ་རེད་གསུངས་པ་བརྡ་རྙིང་སྐད་ཡིན། དཔའ་བོ་གཡུལ་དུ་འཇུག་པའི་དགྲ་ཐབས་གསུམ་དེ་བསྙེན་སྒྲུབ་ལས་གསུམ་ལ་སྦྱོར་དུ་རུང་གསུངས། ༈ སྟག་ཞོན་གྱིས་འཁུ་ལྡོག་མི་འབྱུང་བའི་ཕྱིན་དུ་ལིངྒ་བཅས་ཏེ་ཤ་ཁྲག་དམར་ཉོག་གེར་དམིགས་ནས་ཆོས་སྐྱོང་ལ་བསྟབ་པ་ལས་ཤ་ཁྲག་དངོས་སུ་མི་དགོས། ༈ སྙིང་དཀར་ནག་གི་མཚམས་ཞེས་པ་སྙིང་གི་མགོ་དཀར་ནག་པོ་ནས་དམར་པོར་གྱུར་བའི་འཚམས་ལ་ཟེར་གསུངས། ༈ གསང་ཁྲིད་སྔགས་ཕྲེང་གཡས་བསྐོར་དུ་འཁོར་ཞེས་པ་འཁོད་རེད་གསུངས། ༈ བྲག་རྫོང་གི་ནང་དུ་ཆོས་འབྱུང་ཟུག་པའི་ཕྱི་ནང་ཕྱེད་མཐོ་ཙམ་མན་ཆད་ཁྲག་གིས་གང་བའི་ནང་དུ་སྲུང་འཁོར་བསྒོམ་པ་ཡིན་གསུངས། ༈ གཎྜིའི་སྒྲ་བདུད་དང་མུ་སྟེེགས་ཀྱི་ཀླད་པ་འགེམས་ཞེས་པ་སྒྲོགས་པ་ཡིན་གསུངས། ༈ སྲུང་བ་སྦ་བའི་སྐབས་ཧཱུྃ་དེ་ལས་རྡོ་རྗེ་ཕྲ་མོ་ནས་འབྲས་འཕྲོ་དེ་རང་རང་གི་སྙིང་གའི་ཧཱུྃ་ཆུང་ངུ་དེ་ལས་འཕྲོ་བ་ཡིན་གསུངས། ༈ བྱ་བ་དང་བྱེད་པ་ཅན་གྱི་བསྐྱེད་རིམ་ཞེས་པ་ནི་ལྷ་བསྐྱེད་པའི་བྱ་བ་ཡོད་པ་དང་། དེ་མེད་ན་སེམས་བཟུང་བ་ལས་ལ་བྱེད་ལས་ཡོད་པས་བཏགས་པ་རེད་གསུངས། ༈ བགེགས་བཟློག་པའི་ཚེ་བསྒྲལ་བ་གཅིག་ལ་དམིགས་མི་དགོས། ༈ རྒྱང་གླུ་ལེན་པ་ཞེས་པ་ཐག་རིང་ནས་གླུ་ལེན་པ་ལ་ཟེར་གསུངས། ༈ མི་འཁུ་བའི་བཟླས་པའི་སྐབས། མགོན་པོའི་ཐུགས་ཀ་ནས་སྔགས་ཕྲེང་སྤྲོ་ཞིང་སྣ་བུག་གཡས་ནས་ཐོན། མགོན་པོ་སོགས་ཀྱི་ཤངས་གཡོན་ནས་ཞུགས་པར་བསྒོམ་པའམ། ཡང་ན་ལྷའི་སྐུ་ལུས་འོད་ལྟར་དྭངས་བའི་བདག་ཉིད་ཅན་ཡིན་པཐུགས་ཀ་རང་ནས་སྤྲོས་ཀྱང་ལོས་ཆོག །སྤྱིར་གོང་མ་ལྟར་བྱེད་པ་འདྲ་གསུངས། བཟླས་དམིགས་གཞན་ལའང་འགྲེས་སྦྱར་ལོས་ཆོག་གསུངས། ༈ བླ་མའི་རྣལ་འབྱོར་ཐུན་མིན་འདོན་ཆེ་མཁའ་སྤྱོད་སྒྲུབ་ཐབས་ཀྱི་སྐྱབས་ཡུལ་དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་བསྒོམ་ཞེས་མཁྱེན་བརྩེའི་ཞལ་ནས་གསུངས་པ་ཡིན་གསུངས། ༈ རྡོ་རྗེ་སེམས་དཔའ་གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་པའི་ཚུལ་གྱིས་ཡུམ་ལ་འཁྱུད་པ་འདི་བུདྡྷའི་དགོངས་པ་ཡིན་གསུངས། ༈ སྐྱབས་སུ་འགྲོ་མཁན་འགྲོ་བ་རིགས་དྲུག་ཐམས་ཅད་རྣམ་པ་སྨྲ་ཤེས་དོན་གོ་མིའི་གཟུགས་ཤ་རྟག་ཏུ་བསྒོམ་པ་ཡིན། ༈ རྒྱུད་སྡེ་གོང་མར་ཐལ་མོར་རླུང་སེམས་དབུ་མར་འདུ་བའི་རྟེན་འབྲེལ་གྱིས་རྡོ་རྗེ་ཐལ་མོ་སྦྱོར་བ་ཡིན། ༈ མཆོད་པའི་ལྷ་མོ། ཁ་དོག་དམིགས་བསལ་མེད་པ་ཐམས་ཅད་ལ་དཀར་ལ་དམར་བའི་མདངས་ཆགས་པ་ཞིག་བསྒོམ་གསུངས། ༈ ཀུ་ས་ལིའི་ཚོགས་བསགས་སྐབས། ཐོད་པ་ཆུང་ངུ་ཞིག་གིས་བཅུ་ནས་ཆེན་པོར་བླུགས་ཏེ། བླ་མ་ལ་ཕུལ་བར་བསམས། རྒྱུན་གྱིས་ཉམས་ལེན་ཚེ་ཐོད་རྒྱུད་བདུད་རྩི་ལྷག་མ་རྣམས་སྐད་ཅིག་གིས་རི་གླིང་ཉི་ཟླ་སོགས་སུ་བསམ་ནས་མཎྜལ་འབུལ་བ་ཡིན། དབུ་མ་ཆེན་པོའི་རླུང་སྦྱོར་རྣམས་རང་གིས་ཇི་ནུས་བྱས་ཆོག་གསུངས། ༈ བླ་མ་འོད་དུ་ཞུ་ནས་བྃ་ཡིག་ལ་ཐིམ་པས། བྃ་ཡིག་རྒྱ་ཇེ་ཆེར་སོང་ནས། ལུས་དང་གནས་ཁང་སྣོད་བཅུད་ཐམས་ཅད་བྃ་ཡིག་གི་རང་བཞིན་དུ་གྱུར་ནས་མཐར་འཇའ་ཡལ་བ་ལྟར་བསམ། སྐད་ཅིག་གི་འོད་ལུས་ཤིག་གྲུབ་པའི་རང་གི་སྙིང་གར་ཨེ་ཨེ་སོགས་བརྗོད་གསུངས། ༈ ཆོས་འབྱུང་ཉིས་བརྩེགས་ཀྱིས་ཡུལ་ཡུལ་ཅན་གྱི་རྣམ་ཐར་སྒོ་གསུམ་གཉིས་མཚོན། ཆོས་འབྱུང་གི་ཤེས་རབ་དགའ་འཁྱིལ་གྱི་ཐབས་མཚོན་གསུངས། ༈ སུམ་བྷ་ནའི་སྔགས་དང་པོ་གཉིས་ཀྱིས་སྒོ་མཚམས་བརྒྱད་བསྐྱེད། ཕྱི་མའི་ཚེ་སྲུང་འཁོར་བསྒོམ་ཞིང་སྒོམ་མཚམས་བརྒྱད་ལས་རང་འདྲའི་སྤྲུལ་པ་མང་པོ་སྤྲོས། དགྲ་བགེགས་ཚར་བཅད་ཚུར་འདུས་སྲུང་འཁོར་ལ་ཐིམ་པས་སྲུང་འཁོར་གཟི་བརྗིད་དང་ལྡན་པར་བསམ། ཀྱེ་རྡོ་རྗེ་ལ་བསྡུ་རིམ་བྱས་ཀྱང་འགལ་བ་ཆེར་མེད་སྙམ་གསུངས། ༈ རྗེ་བཙུན་གྲགས་པས་ཆོས་བརྒྱད་སྤངས་ནས་གང་ཟག་གི་བདག་འཛིན་འདུལ་བ་དང་། འཁོར་འདས་མཉམ་ཉིད་དུ་ལྟ་བས་ན་ཡོན་བདག་འདུ་བ་གནད་ཡིན་གསུངས། ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ངང་ནས་ལྷ་གསལ་མི་གསལ་དང་། ཡང་དོག་ཆེ་ཆུང་དོན་ལ་མ་གྲུབ་པར་ཤེས་པར་བྱས་ནས། དཔེར་ན་རང་གི་ཐུགས་ཀར་རྡོ་རྗེ་ལྟེ་བར་བསྲུང་བྱ་སྡེ་དགེ་ཡུལ་གྲུ་ཙམ་བསམ་ཀྱང་རྡོ་རྗེ་ཆེ་རུ་མ་སོང་ཡུལ་ཁམས་ཆུང་དུ་མ་སོང་བ་སོགས་བསྒོམ་ནས་རྩལ་སྦྱང་བ་ལྟ་བ་འདི་བསྐྱེད་རིམ་ལ་གསལ་ཐོན་པའི་ཐབས་ལམ་མངོན་ཏུ་གྱུར་པ་ཡིན་གསུངས། ༈ ཉམས་རྩུབ་མོ་བྱུང་ཚེ་འཁོར་འདས་དབྱེར་མེད་ཀྱི་ལྟ་བས་ལམ་དུ་ཁྱེར། དེ་མ་ནུས་ཚེ་རྩུབ་ཉམས་འདི་བདག་གི་ལམ་གྱི་བོགས་འདོན་ཡིན་གསུངས། ༈ བིར་སྲུང་ལས་སྲུང་འཁོར་བསྒོམས་ཀྱང་ཡི་གེ་བསྒོམ་མི་དགོས་ཕོ་བྲང་ལྔའི་ས་བོན་ནི་གསལ་གདབ་དགོས་གསུངས། ༈ ལམ་དུས་ཀྱི་ཁྲོ་བོ་བཅུ་གཅིག་གི་རིགས་བདག་ཡུམ་ཡོད་གསུངས། ༈ མེ་འབར་མའི་ལུང་འདོན་རུང་གསུངས། ༈ འཁོར་ལོའི་དབུ་མ་ཆུང་བ་དེ་ལ་ཁོང་ཐུགས་ཤིན་ཏུ་དགྱེས། ༈ ལྟེ་བའི་པདྨོ་རླུང་ལྔ་ཏི་ལ་ཀ་ཞེས། དབུ་མ་ཆེ་ཆུང་གཉིས་ཀའི་སྔོན་ལ་དགོས་གསུངས། ༈ མལ་ལོ་ནས་བརྒྱུད་པ་གྱི་ལྗང་ལོ་ཙཱ་བ་ནས་བརྒྱུད་པ་གཉིས་སམ་གཏེར་མའི་བརྒྱུད་པ་གསུམ་དང་ལྡན་པ་ཞེས་པ་ལ། ཨ་མྲྀ་ཏ་བརྗོད་ཚེ་རང་གི་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་སྔོན་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀ་དང་། གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ་དཔག་ཏུ་མེད་པ་སྤྲོས། རྫས་དང་གཏོར་མའི་བགེགས་ཐམས་ཅད་སྦྱངས། བསྡུ་ན་འོད་ལྗང་གུས་མ་དག་པ་རྣམས་སྦྱང་བར་བསམ་ཀྱང་རུང་། ༈ རྒྱལ་བ་ཡང་སྒོོམ་པས་ཁོང་གིས་སྐབས་སུ་སྐྱོ་བསང་མཛད་དེ་མི་དང་འཕྲད་པ་དང་། དེ་མ་ཟད་པའི་མི་དང་མ་འཕྲད་ཀྱང་སྐྱོ་བསང་མཛད་པས་དེས་ཀྱང་བསྒོམ་ཉམས་ལ་གནོད་པར་གསུངས་པས་སྒྲུབ་པ་བྱེད་སྐབས་མི་དང་འཕྲད་པ་དང་རྣམས་གཡེངས་མི་བྱེད་པ་གལ་ཆེ་གསུངས། ༈ མཁའ་སྤྱོད་རྣལ་འབྱོར་བཅུ་གཅིག་གི་བསྒོམ་བྱའི་དོན་ལ་ཐོས་བསམ་གྱི་སྒྲོ་འདོག་གཅོད་པ་དང་། དཔྱོད་མཁན་ཉམས་ལེན་གཉིས་ལྷན་དུ་བསྟན་པའང་ཡོད་པས་དཔྱད་དགོས་གསུངས། ༈ རྣལ་འབྱོར་མ་དེ་ཉིད་སྤྱི་བོ་ནས་སྐང་མཐིལ་གྱི་བར་ལ་གར་སྟབས་མཛད་ཅིང་ཡར་འཁྱུག་མར་འཁྱུག་མཛད་པ་ཡུལ་ཉེར་བཞིའི་རྩ་ཁམས་བྱིན་གྱིས་བརླབ་པའི་ཆེད་ཡིན་གསུངས། ༈ ཞར་བྱུང་གི་རྫོགས་རིམ་ལ་སྟེང་འོག་དགའ་འཁྱིལ་ལ་བརྟེན་ནས་བདེ་སྟོང་སྐྱེད་པར་བསམ་པ་ད་ེསྟེང་འོག་གི་མཁོར་ལོ་ལ་བརྟེན་ནས་བདེ་སྟོང་སྒྲུབ་པ་ཞེས་པ་དང་དོན་གཅིག་གསུངས། ༈ སྔགས་མཆོད་ཕྱག་རྒྱ་བཤད་པ་རྣམས་ལ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་མཛད་གསུངས། ༈ རང་གི་སྙིང་གར་ཨེ་འོག་ཁ་རྒྱབ་ལ་བསྟན་སྟེང་མ་ཁ་མདུན་ལྟ་བ། གཅིག་མདུན་དང་གཅིག་རྒྱབ་ནས་ཆོག་པ་ལྟ་བུ་ཡིན། རྣམ་སྣང་ཧེ་རུ་ཀ་དཀར་པོ་གཡས་འཁོར་ལོ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བསྟེན་པ། ཞབས་གཡས་བརྐྱངས་གཡོན་བསྐུམ་པའི་ཚུལ་གྱིས་བཞེངས་པ་ཧེ་རུ་ཀའི་ཆས་ཅན་ཡུམ་མེད། འཁོར་ལོའི་རྩིབ་བར་བརྒྱད་དུ་དགྲ་བགེགས་བརྒྱད་དམིགས་པ་ཡིན། ༈ དབང་ལྷ་སྤྱན་འདྲེན་རྩ་རྒྱུད་ཀྱི་དགོངས་པ་དང་སྦྱར་ནས་འོད་ནག་པོར་གསུངས་པ་ཡང་སྙིང་འོད་ཟེར་སྣ་ཚོགས་སུ་སྤྲོས་ཀྱང་རུང་གསུངས། ༈ སྤྱི་བོར་འོད་སྣ་ཚོགས་སྤྲོ་བར་ཉི་ཟེར་ལས་བཤད། དབང་ལྷ་རྣམས་ཞལ་བརྒྱད་ཕྱག་བཅུ་དྲུག་པར་བསྒྱུར་ཚེ་རིགས་བདག་ཀྱང་ཞལ་བརྒྱད་ཕྱག་བཅུ་དྲུག་པ་དང་། རང་གཡས་བརྒྱད་རྡོ་རྗེ་གཡོན་བརྒྱན་དྲིལ་བུ་འཛིན་པའི་ཚེ་རིགས་བདག་ཀྱང་དེ་དང་། རང་ཞལ་གཅིག་ཕྱག་གཉིས་པ་ཡིན་ན་རིགས་བདག་ཀྱང་ཕྱག་གཉིས་པ་ཡིན་ནོ། །ཡེ་ཤེས་ཁྲོ་བོའི་ཚོགས་སྲུང་འཁོར་གྱི་ཕྱོགས་ཀུན་གང་བ་སྤྱན་འདྲེན་པ་ཡིན་གསུངས། རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སྐྱེས་ཞེས་པ་དག་པའི་ཞིང་དུ་སྐྱེ་བར་བསམ་པའོ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྐྱལ་བ་དེ་དོན་གྱིས་མི་བསྐྱོད་པའི་ཞིང་ཡིན་པས། དེ་བཞིན་བསམ་ཡང་རུང་། ༈ ལྕེ་བྱིན་བརླབས་ནི། རང་གི་གྲེ་ཕུག་ཏུ་རྃ་དམར་ནག་ལུག་གི་རིལ་མ་ཙམ་ལས་མེ་འབར་སྟེ་ཐ་མལ་གྱི་ལྕེ་གཞོབ་ཐུལ་གྱིས་བསྲེག །དེ་ནས་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེེ་ལྔ་པར་གསལ་བའི་ལྟེ་བར་ཧཱུྃ་དཀར་པོ་ཉལ་ཐབས་སུ་གནས་པའི་མགོ་གྲེ་ཕུག་དང་ཞབས་གྱུ་ལྕེ་རྩེའི་མོོའི་ཕྱོགས་ལ་བསྟན་པ། དེའི་མཐར་ཨཱ་ལིི་ཀཱ་ལིའི་མགོ་གྲེ་ཕུག་ཏུ་བསྟན་ནས་སྡོམ་སྒྲིས་ལྟར་གཡས་སྐོར་དུ་བསྐོར་བ། རྭ་རྣམས་ཀྱི་ནང་དུ་རྩེ་མོ་ནས་མར་ༀ་ཤྲཱི་མ་ཧཱ་ཀཱ་ལ་མ་མ་ཛ་ཛ་རཀྵ་རཀྵ་ཀུ་རུ་ཀུ་རུ་སྭཱ་ཧཱ་ཞེས་པའི་སྔགས་ཕྲེང་བརྩེགས་མ་མེ་འབར་བཞིན་པ་དམར་ཤར་བ། དེ་དག་ལས་འབར་བའི་མེ་ལྕེས་གནོད་བྱེད་དང་མ་དག་པ་ཐམས་ཅད་གཞོབ་ཐུལ་བསྲེགས་པར་བསམ་ལ་གོང་གི་སྔགས་བདུན་ནམ་ལན་གསུམ་བརྗོད་མཐར་རྡོ་རྗེ་ཡིག་འབྲུ་དང་བཅས་པ་འོད་དུ་ཞུ་ནས་རྡོ་རྗེ་ནག་པོ་ཆེན་པོའི་ལྗགས་སྲབ་པ་ཞལ་གྱི་དཀྱིལ་འཁོར་ཁེབས་པ་ཞིག་ཏུ་གྱུར་བར་བསམ་མོ། །སྔགས་འདི་བགྲང་ན་ལྕེ་ལ་ཕན་ངེས་གསུངས། ༈ ཀྱེ་རྡོར་ལམ་དུས་ཀྱི་དབང་ལེན་ཚེ་དབང་རྫས་ཀྱི་ལྷ་ལའང་ལུས་དཀྱིལ་གསལ་གདབ་དགོས་གསུངས། ༈ གཞལ་ཡས་ཁང་གི་ཟླ་བ་རླུང་གི་བསྐྱོད་པ་ཞེས་པའི་དྲིལ་བུ་ལ་ཟླ་ཕྱེད་བཏགས་པ་རླུང་གིས་བསྐྱོད་པ་ལ་ཟེར་གསུངས། ༈ སྒྲ་མི་སྙན་གྱི་རང་གཟུངས་འདི་ཚེ་བསྒྲུབ་ལ་ཤིན་ཏུ་ཟབ་གསུངས། ཁྱུང་ཁྲིའི་བསྙེན་པ་གྲུབ་ན་ཁྱེད་ལ་ཕན་ངེས་གསུངས། ༈ མཁའ་སྤྱོད་མའི་ཚེས་བཅུའི་སྐབས་གཏོར་མགྲོན་སྤྱན་དྲངས་བ་མདུན་བསྐྱེད་ལ་ཐིམ་པར་བསམ་ནས་གཏོར་མ་འབུལ་བ་ཡིན། ཆོ་ག་ལ་ཡང་དེ་བཞིན་དེ་འཇམ་མགོན་ཀུན་བློས་ཕེཾ་ཞེས་གཏོར་མགྲོན་གྱི་ལྷ་སྤྱན་དྲངས་གཉིས་སུ་མེད་པར་ཐིམ་ཞེས་མདུན་བསྐྱེད་ལ་བསྟིམ་ནས་དེ་ནས་གཏོར་སྔགས་འདོན་པར་གསུངས་ཡོད་གསུངས། ༈ ལྷ་དང་བླ་མ་ལ་དངོས་གྲུབ་ཞུ་བའི་ཚེ་ཁམ་ཆུང་མི་རུང་སྟེ། སྔོན་གཉན་ལོ་ཙཱ་བས་ཆེད་མཛད་ཚེ་གྲུབ་ཐོབ་བརྒྱད་ཅུས་ཞལ་གཟིགས་དངོས་གྲུབ་གང་འདོད་གསུང་བ་ལ་ང་བོད་ལྷ་ཁང་མང་པོ་ཞིག་བཞེངས་རྒྱུ་ཡིན་པས། ལྷ་ཁང་རེ་ལ་སྲུང་མ་རེ་ཡོད་པའི་དངོས་གྲུབ་ཞུས་པས་དངོས་གྲུབ་ལེན་ལ་ཞེས་པ་ལ་བཤད་ཅིང་བསྟིམ་པར་མཛད། འོན་ཀྱང་དངོས་གྲུབ་དེ་བསྩལ་ཀྱང་། ཁོང་གི་ལྷ་ཁང་རྣམས་མང་པོ་མ་འགྲུབ་པས་སྲུང་མ་རྣམས་སླར་རྒྱ་གར་བཏང་དགོས་བྱུང་བས། དངོས་གྲུབ་ཆེན་པོ་སློང་ཐུབ་དགོས་གསུངས། ༈ གནས་གཞལ་ཡས་ཁང་བཅུད་ལྷར་ཤེས་པའི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་དང་ལྡན་ན། གསང་སྒྲོགས་ཀྱི་ལྟུང་བ་གཏན་ནས་མེད། འཁོར་འདས་དབྱེར་མེད་འདི་རྟོགས་ན་གང་ལྟར་བྱས་ཀྱང་བདེ་མོ་ཞིག་ཡོད། ལམ་དུས་སྦྱང་གཞི་སྦྱོང་བྱེད་ཞིབ་ཏུ་ཤེས་ལོས་དགོས། ལྟ་བ་ལ་ངེས་ཤེས་རྙེད་ཚེ་དེའི་ངང་ལས་བཏོན་ན་དེར་མ་ལུས་པ་མེད་རེ་རེ་ནས་གུད་དོགས་མ་བྱས་ན་མེད་གསུངས། ༈ འཁོར་འདས་དབྱེར་མེད་འདི་ལ་གོ་བ་ལེགས་པོ་ཞིག་བྱུང་ནས་བཟུང་ཞེས་དཔྱད་བསྒོམ་དང་འཇོག་བསྒོམ་འདི་གནད་ཆེ་དཔྱད་བསྒོམ་དང་འཇོག་སྒོམ་བཟང་བས་རྣམ་རྟོག་རེད་གསུངས། ལུས་དཀྱིལ་འདི་སྤྱིར་གསུམ་དབང་གི་ལམ་ཡིན་ཀྱང་། སྐུ་དབྱིབས་བསྒོམས་པ་བདེ་བ་རང་བཞིན་སྟོང་གསལ་ངོ་བོ་ཟུང་འཇུག །ཞེས་པ་ལྟར་དབང་གོང་མའི་ལྟ་བ་འདྲེན་ནུས་པ་ཞིག་བྱུང་ཚེ། རླུང་དང་གཏུམ་མོ་སོགས་ལམ་གཞན་མ་བསྒོམས་ཀྱང་བསྒོམ་མི་དགོས་པ་ལམ་འཇུག་ལྡོག་གི་གནད་ཀྱི་ཡིན། དེ་ཡང་ལམ་འཇུག་ལྡོག་ཞེས་དཔེར་ན་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་སྐྱེས་ཚེ། སྣང་གསུམ་ལ་མ་སྦྱངས་ན་དང་པོ་ནས་རྒྱུད་གསུམ་གྱི་ཉམས་ལེན་ལ་འཇུག་རུང་བ་ལྟ་བུ་དང་། ལམ་གཞན་ལའང་དེས་འགྲེས་སྦྱར་ནས་ཤེས་དགོས་པ་ཡིན། མཉམ་བཞག་ཏུ་བུམ་དབང་གི་ལམ་གྱིས་རྟོགས་པ་འབྱོངས་ཚེ། རྗེས་ཐོབ་ཏུ་ལྟ་བ་ངོ་བོ་ཉིད་གསུམ་སྐྱོངས་བ་དགོས། མཉམ་བཞག་ཏུ་བུམ་དབང་གི་ལམ་བསྒོམ་པས་དབང་གོང་མའི་ཡེ་ཤེས་འདྲེན་ནུས་ཚེ་རྗེས་ཐོབ་ཏུ། བདེ་སྟོང་ཆེན་པོའི་ལྟ་བའི་ངང་སྐྱོང་བ་དེ་ཡང་། ཡེ་ཤེས་བཞིའི་ཡེ་དབང་གི་ལྟ་བ་ངོ་བོ་ཉིད་གསུམ་ཡུལ་གྱི་སྟེང་དུ་སྐྱེ། རང་བྱུང་གི་ཡེ་ཤེས་ནང་སེམས་དུ་སྐྱེ། བདེ་སྟོང་གི་ཡེ་ཤེས་བར་ལུས་ཀྱི་སྟེང་དུ་སྐྱེ། བདེ་སྟོང་རྒྱ་ཆེ་བ་ཕྱི་ནང་བར་གསུམ་ཀའི་སྟེང་དུ་སྐྱེ་བ་ཡིན་པས། དེ་ངོ་ཤེས་པར་བྱ་དགོས། དེ་ཡང་ཁྱོད་ཀྱིས་ལུས་དཀྱིལ་བསྒོམ་ཚེ་ལུས་ལ་བདེ་སྟོང་གི་ཡེ་ཤེས་སྐྱེས་ན་ལམ་གཞན་བསྒོམ་མི་དགོས་པ་ལྟ་བུ་ཡིན་གསུངས། ༈ བླ་མ་བློ་གྲོས་ཀྱི་སྤྱན་ལ་རབ་འབྱམས་ཞིང་ཁྱབ་པར་ཁྲུས་གསོལ་ཞེས་པའི་ཚེ། མཁའ་ཁྱབ་ཀྱི་རྒྱལ་བ་སྲས་བཅས་ལ་རང་གི་སྒྲིབ་པ་སྦྱོང་པའི་ཕྱིར་གསོལ་བ་དང་། མ་དག་པའི་འགྲོ་བ་ཐམས་ཅད་ལ་ཁྲུས་བྱས་པས་མ་རིག་པའི་རབ་རིབ་ཐམས་ཅད་སྦྱངས་ནས་དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ་པར་བསམ་ལ་བློ་སྟོབས་ཆེན་པོ་བསྐྱེད་ནས་ཕན་པར་སེམས་གསུངས། ༈ རང་སེམས་ཆོས་སྐུར་ངོ་འཕྲོད་པ་དང་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་དང་། རང་གི་སེམས་གཤིན་པོའི་རྣམ་ཤེས་གསུམ་དབྱེ་བ་མེད་པའི་ངེས་ཤེས་བསྐྱེད་ནས། དེའི་ངང་ནས་གཤིན་པོ་ལ་འཕོ་བ་བཏབ་ཚེ། ཤི་བོ་རྣམས་མགོ་གཡོག་མི་འདུག་སྙམ་པའི་ཡིད་ཆེས་ཤིག་འབྱུང་གི་འདུག་གསུངས། ༈ ལྷ་སྤྱན་འདྲེན་བྱེད་ཚེ་འོད་ཟེར་སྣ་ནས་སྤྲོ་དགོས་ཞེས་པའི་དམིགས་གསལ་མེད་པ་རྣམས་ལ་འོད་ཟེར་སྙིང་ག་རང་ནས་སྤྲོས་ཀྱང་ཆོག་འདྲ་གསུངས། ༈ ཁ་ཟས་གྲིབ་ཅན་ཟ་དགོས་པ་དང་། མི་དམ་ཉམས་དང་འཕྲད་པ་སོགས་རྣམ་རྟོག་ངན་པ་སྐྱེས་ཚེ། རང་ཉིད་ཀྱི་རྣམ་རྟོག་འདི་ལས་ཕྱི་རོལ་དུ་གྱུར་པའི་གྲིབ་དང་གདོན་བགེགས་སོགས་ནི་མེད། རང་སྣང་མ་དག་པར་སྣང་བ་ནི། གཟུང་འཛིན་གཉིས་ཀྱི་རྟོག་པ་འདིས་བྱས་པ་ཡིན། རང་ངོ་ཤེས་ན་སྐུ་དང་ཡེ་ཤེས་ཀྱང་འདི་ལས་ལོགས་ན་མེད་པར་ངེས་པའི་ལྟ་བ་ལ་ངེས་པ་བསྐྱེད་དེ་ཆེད་དུ་བོས་པའི་མགྲོན་པོ་སླེབས་པ་ལྟར། རང་གི་ཉམས་ལེན་གྱི་གསལ་འདེབས་ཡིན་སྙམ་པའི་ངང་ནས་རྐྱེན་ངན་ལ་ཐོག་བརྫིས་དང་། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ལ་བོགས་འདོན་བྱེད་དགོས་པས་མ་འཆུག་གསུངས། ༈ ལམ་དུས་ཀྱི་དབང་ལེན་པ་ན། སྭ་བྷ་ཝས་སྟོང་ཉིད་བསྒོམ་པ་ཡིན་པས་འཆི་བ་སྦྱོང་། གདན་གྱིས་སྐྱེ་གནས་སྦྱོང་། ཕྱག་མཚན་ས་བོན་གྱིས་མཚན་པས་བར་སྲིད་སྦྱོང་། སྐུ་འགྲུབ་པས་ལུས་དང་སྐྱེ་མཆེད་བྱིན་བརླབས་ཀྱིས་ལུས་ནར་སོན་པ་སྦྱོང་། ཡེ་ཤེས་པ་གཞུགས་པས་བསམ་པ་དང་རིགས་བདག་གི་རྒྱས་བཏབ་པས་མངའ་ཐང་ལ་སོགས་ལོངས་སྤྱོད་སྦྱོང་བ་ཡིན་གསུངས། ༈ རྡོར་སེམས་ཡབ་ཡུམ་གཉིས་ཀ་ལ་རིགས་བདག་ཡོད་དེ་དཀོན་མཆོག་ལྷུན་འགྲུབ་ཀྱིས་ཀྱེ་རྡོར་སྦྱིན་སྲེག་ཏུ་ཡང་བཤད་དོ་གསུངས། ༈ སྦྱིན་བསྲེགས་བྱེད་ཚེ་ཏིལ་འདི་སྡིག་སྒྲིབ་སྦྱོང་བྱེད་ཡིན་པས། རྣམ་པ་ཀུན་ཏུ་སྡིག་སྒྲིབ་བསྟིམ་དགོས་འདྲ་དེ་བདུད་རྩིར་བསྒྱུར་བ་ཡིད་ཀྱིས་བསམ་པས་རུང་གསུངས། ༈ ལམ་དུས་ཀྱི་ཡེ་ཤེས་སྤྱན་དྲངས་ཏེ་བསྟིམ་པའི་ཚེ། ལྷ་ལྷ་ལ་ཐིམ་པའི་ཚེ་སྲུང་འཁོར་སོགས་བརྟེན་ཀྱང་རྟེན་ལ་ཐིམ་པར་བསམས་སོ་གསུངས། ལུས་དཀྱིལ་ལེགས་པར་གསལ་བཏབ་ནས་སྐུ་དབྱིབས་སོགས་དབང་བཞིའི་གནད་ཚང་པར་ཤེས་པའི་ངང་ནས་དབང་ལེན་པ་ཁོ་ན་ཉམས་ལེན་བྱས་ན་ལམ་གཞན་མི་དགོས་པར་འཇོག་པ་ལམ་འཇུག་ལྡོག་གི་གནད་ཡིན་ཞེས་དཔལ་ལྡན་དོན་གྲུབ་གསུང་གསུང་། གཞན་གྱི་ལོག་སྒྲུབ་བྱུང་ཚེ་ཁོང་རྣམས་འཁྲུལ་ནས་རང་དབང་མེད་པ་ཡིན། ང་ལ་བླ་མས་འཁོར་འདས་ཐམས་ཅད་རང་སེམས་སུ་ངོ་སྤྲད་ཡོད་པས་མེད་སྣང་འཁྲུལ་བའི་ངང་དུ་འགྲོ་མི་ཉན་བསམ་ནས་རང་སྣང་འཁྲུལ་བ་ལམ་དུ་ཁྱེར་ཐུབ་དགོས་གསུང་། ལས་མགོན་གྱི་བསྟོད་པ་གནོད་སྦྱིན་ཡབ་ཡུམ་མ་མོ་རྒྱན་ཆེན་པོས་མཛད་པ་ཡིན། མལ་ལོས་མཛད་པ་དཔལ་ལྡན་ཕྲིན་ལས་ཀུན་རྫོགས་སོགས་རེད་གསུང་། མགོན་པོའི་གསང་ཁྲིད་སྐབས་རྦད་བསད་བཟླ་དགོས་གསུང་ཡོད་རྣམས་སུའང་འབོད་སྒྲ་རྦད་བསད་གསུམ་ལྡན་དུ་བཏོན་ན་ཉེས་པ་ཅི་ཡང་མེད། དཔེར་ན་ཤཱ་ས་ན་ལ་དེ་གསུམ་ཀ་ཚངས་ཡང་། གང་དུའང་འདོན་རུང་བ་ལྟ་བུའོ་གསུང་། ཚད་མེད་བཞིའི་སྐབས་སུ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་སྔོན་པོའི་སྣེ་ལ་སྒོ་མ་སེང་གདོང་མ་འོད་ཟེར་དཀར་པོ་འཕྲོ་བ་ཞེས་ཁྲིད་ཡིག་འདོན་རུང་ཁོང་གི་བསྒོམ་དུས་འོད་ཟེར་དཀར་པོའི་སྣེ་ལ་སྒོ་མ་སྤྲོ་བ་ཡིན་གསུང་། ཁྱོད་ཀྱི་བཟླས་དམིགས་སྐབས་ཡེ་ཤེས་ཀྱི་མེ་ལྕེས་གདོན་བགེགས་བསྲེགས་པར་བསམ། དེ་ཡང་ཐེ་ཚོམ་སྐྱེས་ན་ཞི་མི་ཐུབ་པས། རང་སེམས་འཁྲུལ་པའི་སྣང་བ་ལ་གདོན་བགེགས་ཤར་བ་མ་གཏོགས་ཕྱི་རོལ་ན་མེད་པའི་ངེས་ཤེས་སྙིང་ནས་བསྐྱེད། བྲག་སྲིན་མོས་རྗེ་བཙུན་ལ་བག་ཆགས་འཐུག་པའི་རྒྱུ་སོགས་ཞུས་པ་ལྟར། རང་ཉིད་ཀྱིས་གདོན་བགེགས་ཕྱི་རོལ་ན་ཡོད་པར་བཟུང་ན་གནོད་ཀྱང་གནོད་ཡོངས། རང་སེམས་འཁྲུལ་པའི་སྣང་བ་ལས་ཕྱི་རོལ་ན་གཏན་ནས་མེད་པའི་ངེས་ཤེས་སྐྱེས་ན་གདོན་བགེགས་ཀྱི་འཚེ་བ་མི་འབྱུང་སྟེ། ཁོང་ལ་འཚུབ་སྣང་མང་པོ་ཤར་ཚེ། སྲིད་པ་གསུམ་གྱི་གནོད་བྱེད་ཐམས་ཅད་ལག་མཐིལ་དུ་བསམ། དེ་ཡང་རང་སེམས་ཀྱི་འཁྲུལ་བ་ཡིན་པར་ཤེས་ནས་བཟློག་པ་བྱས་ཚེ་བཟློག་འགྲོ་བ་ལ་ཚེགས་མི་འདུག་གསུངས། ༈ སྣང་བ་སེམས་སྒྲུབ་འདི་ཁ་ཙམ་དུ་མ་ཤོར་བར། ངེས་པ་གཏིང་ནས་སྐྱེས་ན་འཁྲུལ་སྣང་གི་གནོད་པ་ཞི་བ་ལ་དཀའ་ཚེགས་མེད། དངོས་པོའི་གནས་ཚུལ་ལ་གདོན་བགེགས་ཕྱི་རོལ་ན་མེད་པའི་ཕྱིར་གསུངས། ༈ མགོན་པོའི་བླ་མའི་རྣལ་འབྱོར་གྱི་བླ་བརྒྱུད་རྣམས་མདུན་མཁར་ཞལ་རང་ལ་ཕྱོགས་ནས་བསྒོམ། ༈ འཇམ་དབྱངས་སྦགས་སྒྲུབ་རྡོར་སེམས་ལྟར་རང་གི་སྤྱི་བོ་ནས་ཞལ་མདུན་གཟིགས་བསྒོམ། ༈ མགོན་པོ་ལྷ་བཅུ་གཅིག་ལ་རང་ཡིན་པའི་ང་རྒྱལ་འཛིན་དགོས་གསུངས། ༈ འཁོར་འདས་དབྱེར་མེད་ཀྱི་ལྟ་བ་དང་ལྡན་ན་བསྐྱེད་རྫོགས་གང་བསྒོམ་ཡང་ལེགས་པ་ཞིག་འོང་བ་ཡིན། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་མེད་ན་གང་བསྒོམས་ཀྱང་ཕན་པ་མེད། སྣོད་བཅུད་ལྷར་བསྒོམས་ཀྱང་ལྷ་མིན་པ་ཞིག་ལ་ཡིན་པར་བསམས་པ་ཙམ་ལས་གདོད་ནས་ལྷ་ཡིན་པ་ལ་ཡིན་པར་ལྟ་བུའི་ཡིད་ཆེས་པ་སེམས་ཚིམ་མོ་ཞིག་མི་ཡོང་གསུངས། ༈ བསྙེན་མཚམས་ལ་སྡོད་ཚེ་སེམས་བྲེལ་དུ་མི་འཇུག་པ་གནད་ཆེ། མཚམས་ལ་སྡོད་ལུགས་ཀྱང་ཕྱི་དམ་ལ་ནང་ལྷོད་པ་ཞིག་དགོས། ༈ ཨ་མ་ལ་གཙང་སྦྲ་ཤིན་ཏུ་གལ་ཆེ་བས་ཀུན་སྤྱོད་ལ་མ་ལྷོད། འཇམ་བསྟན་ཁོ་རང་ནས་ཚེ་བསྙེན་བགྲངས་པ་ན་ཕན་གསུངས། ཁྱོད་ཀྱིས་ཁྲོ་མོ་སྨེ་བརྩེགས་དང་ཁྱུང་ཁྲ་གཉིས་ལ་ཉམས་ལེན་གྱིས་གསུངས། ༈ ལམ་དུས་ཀྱི་འབྱུང་བཞིའི་རླུང་དཀྱིལ་ལ་ཆང་ཟུང་དང་མཆོག་མ་གཉིས་ལ་བ་དན་ཡཾ་ཡིག་གིས་མཚན་པ་ལྗང་གུ་གསུམ་བསྒོམ་གསུངས། མེ་དཀྱིལ་གྱི་ལེན་གསུམ་ལ་རྃ་ཡིག་དམར་པོ་རེ་རེ་གཟུགས་བསྙན་ཤར་བ་བཞིན་བསམ། ཆུ་དཀྱིལ་མཎྜལ་ཆུས་གང་བ་ལྟ་བུའི་སྟེང་དུ་བུམ་པ་དཀར་པོས་མཚན། ས་དཀྱིལ་གྱི་མཆོག་བཞི་ལ་རྡོ་རྗེ་ཕྱེད་པ་བཞི་རྩ་བ་མཆོག་ལ་ཟུག་པ་རྩེ་མོ་ཕྱིར་འཕྱར་བ། ལྟེ་བ་ན་ལྃ་ཡིག་ལངས་ཐབས་སུ་ཡོད་པ། འཁོར་ལོ་ཆོས་འཁོར་རྩིབ་བརྒྱད་ལྟེ་བ་འབུར་བ་རྩིབ་ཏུ་བརྩིས་པའི་རྩིབ་བཅུ་པ་བསྐོར་བ་རེད། རྩེ་རྡོ་རྗེ་ཕྱེད་པ་དོག་གི་རིན་པོ་ཚེ་ཟུར་བརྒྱད་པས་བྱས་པ་ཡིན་ལགས། བར་སྲིད་མཚོན་བྱེད་ཡིག་འབྲུ་མགོ་ཐུར་བསྟན། ༀ་ཞབས་མ་བྱས་ནས་ཡོད། ཁྱིའི་ཤས་གཏི་མུག་སེལ་གཉིད་ཆུང་། རྟའི་ཤས་འདོད་ཆགས་སེལ་ཞིང་རིག་པ་རྣོ། མིའི་ཤས་ཞེ་སྡང་སེལ་ཞིང་ཡོན་ཏན་སྟོབས་དང་ལྡན་ཞིང་མཐུ་ཆེ། གླང་པོ་ཆེའི་ཤས་ཕྲག་ཏོག་སེལ་གཞན་ཐམས་ཅད་དབང་དུ་འདུ། བ་ལང་གི་ཤས་ང་རྒྱལ་སེལ་ཞིང་སྙིང་རྗེ་ཆེ། བདུད་རྩི་ལྔས་ཡེ་ཤེས་ལྔའི་རྟོགས་པ་རྒྱུད་ལ་འཆར། ཤ་ཆེན་གྱིས་རླུང་། རཀྟས་མཁྲིས་པ། མི་བསྐྱོད་པས་བད་ཀན། བྱང་སེམས་ཀྱིས་ཁྲག །རྣམ་སྣང་གིས་འདུས་པའི་ནད་སེལ་ལོ། །ནད་ཐམས་ཅད་སེལ་མདངས་དང་ལྡན། དུས་མིན་གྱི་འཆི་བ་མི་འབྱུང་ཚེ་རིང་བ་སོགས་ཀྱི་དངོས་གྲུབ་ཐོབ་པ་སོགས་གསུངས། དོན་བསྡུ་ན་གསུམ་སྟེ་ཚེ་དང་ལུས་ཀྱི་བཅུད་ལེན་དུ་འགྱུར་བ་དང་། དུག་ལྔ་རང་གནས་སུ་ཞི་ཞིང་ལམ་ལྔ་རྒྱུད་ལ་བསྐྱེད་པ། དབང་བཞིའི་ལྟ་བ་ལམ་དུ་སློང་བས་འབྲས་བུ་གྲུབ་པའི་དགོས་པའོ་གསུངས། ༈ ཁ་བའི་རིགས་ནི་ནིམ་པ། ཏིག་ཏ། ཚ་བ། སྒ་སྐྱ། ཕོ་རིལ་དྲོད་སྨན་སོགས། བུ་རམ། སྦྲང་རྩི། ཤིང་མངར། རྒུ་འགྲུམ་མངར་བ། འོ་འབྲུ། སེ་ཡབ། ལྟར་བུ། སྐྱུ་རུ་ར་སོགས་སྐྱུར་བ། ལན་ཚྭ། རྒྱ་ཚྭ། རྒྱམ་ཚྭ། བ་ཚྭ། ཁ་རུ་ཚྭ་སོགས་ཚྭ་སྣ། ཨ་རུ་ར། ལི་ཤི། སུག་སྨེལ། གླ་སྣ་སོགས་བསྐ་བ། ༈ ཀུ་ས་ལིའི་ཚོགས་བསགས་སྐབས། ཆོས་ཐམས་ཅད་རང་སེམས་སྐད་ཅིག་མ་འདིའི་ཆོ་འཕྲུལ་དུ་ཐག་བཅད། རང་ལུས་དངོས་གྲུབ་ཏུ་གཏོང་བ་དང་། རང་གིས་དམིགས་པ་གཉིས་ཀ་བསམ་སྣང་ཙམ་ཡིན་པས། དེ་གཉིས་ལ་ཁྱད་ཅི་ཡང་མེད་པའི་ཚུལ་ངེས་ཤེས་རྙེད་པར་བྱས། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཁ་ཙམ་མིན་པར་སྙིང་ནས་བསྐྱེད། རང་ལ་ནད་དང་སྡུག་བསྔལ་མི་འདོད་པ་སྣ་ཚོགས་བསྐྱེད་པའི་གནོད་བྱེད་དགྲ་འདྲེ་གདོན་བགེགས་རྣམས་ལ་མར་ཤེས་པའི་བཅོས་མིན་མ་ཡིན་པ་བསྐྱེད། བསྐལ་པ་གྲངས་མེད་གསུམ་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དུས་སྐད་ཅིག་འདི་ཉིད་ལ་རྫོགས་པའོ་སྙམ་པའི་བློ་སྟོབས་དང་བཅས། རང་ལུས་ཀྱི་མཆོད་སྦྱིན་བྱས་ཏེེ། དེ་ལས་བྱུང་བའི་དགེ་བ་རྣམས། རང་ལ་གནོད་པར་བྱེད་པའི་ཐོག་དྲངས་པའི་སེམས་ཅན་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་རྒྱུར་སྙིང་ནས་བསྔོ་བ་བྱེད། རང་གི་ལྷག་བསམ་དག་པ་དང་། བླ་མའི་བྱིན་རླབས་དང་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པས་དེ་བཞིན་དུ་གྱུར་ཅིག་སྙམ་པའི་བདེན་སྟོབས་བརྗོད་སྨོན་ལམ་འདེབས། དེ་ཡང་རང་གི་ནད་འདི་དྭངས་བའི་ཆེད་ཡིན་སྙམ་པའི་རང་འདོད་དང་། བླ་མ་ལ་སངས་རྒྱས་སུ་མ་མཐོང་ཤིང་སྣང་བ་སེམས་སུ་ཐག་མ་ཆོད་པ་སོགས། ཡིད་གཉིས་རེ་དོགས་ཀྱིས་རྟོག་ངན་དང་བཅས་ཏེ་ཁ་ཙམ་གྱི་གྲངས་མང་པོ་བརྗོད་པ་ལ་དགོས་པ་ཏིལ་འབྲུ་ཙམ་མེད། སྙིང་ནས་དད་པ་དང་སྙིང་རྗེ་ཡིད་ཆེས་བསྐྱེད་ལ་ཚུལ་འདི་ལ་ནན་ཏན་སྙིང་པོ་སྒྲུབ་ན། འཁྲུལ་སྣང་གི་སྡུག་བསྔལ་ཞི་བ་དཀའ་ཚེག་མེད་པ་ཡིན། ཇི་བཞིན་བྱུང་ན་ཟླ་བ་གཅིག་གིས་ཆོག །ཐེ་ཚོམ་མེད་གསུངས། ༈ མདོར་ན་མི་འདོད་ལོག་པ་ཐམས་ཅད་རང་གི་རེ་དོགས་ཁུ་འཁྲིས་གཉིས་འཛིན་གྱི་རྟོག་ངན་འདིས་བྱས་པ་མ་གཏོགས་ཕྱི་རོལ་ན་མེད་པའི་ཚུལ་འདི་བློ་ལ་ངེས་པར་གྱིས། གནད་ཤིན་ཏུ་ཆེ་བས་མ་བརྗེད་གསུངས། འདི་བསོགས་ལུགས་མདུན་བསྐྱེད་གཅིག་ལ་ཚོགས་མཆོད་འབུལ་བ་བཞིན་དུ། བླ་མའི་རྣལ་འབྱོར་གྱི་ནང་དུ་ཀུ་ས་ལིའི་ཚོགས་བསགས་པ་ཡིན་གསུངས། རྐྱེན་ངན་ན་ཚ་སོགས་བྱུང་ཚེ་ངེས་འབྱུང་སྙིང་རྗེས་སོགས་སྐྱེ་སླ་ཞིང་། དེ་ལྟ་བུའི་དུས་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ལ་རང་ལུས་ཀྱི་ཚོགས་མཆོད་གོང་ལྟར་ཉམས་སུ་བླངས་ན། ངེས་པར་སྐྱེད་ཐོན་པ་འབྱུང་། ཁ་ཙམ་མ་ཡིན་པ་སྙིང་པོ་མེད་པ་ནི་ཁྱེད་དཔྱོད་ལྡན་ཡིན་པས་ལོས་ཤེས། དེས་ན་གནད་དུ་འགྲོ་བ་ངེས་པ་ཞིག་གྱིས་དང་བསླུ་བ་མེད་གསུངས། ཤེས་རབ་ལྟ་བ་ལ་ཐག་ཆོད་པའི་ངེས་པ་ཞིག་ཡོད་ན། ཐབས་བསྐྱེད་པའི་རིམ་པའི་གསལ་སྣང་འདྲེན་ཞིང་། བསྐྱེད་རྫོགས་གང་བསྒོམ་ཀྱང་ཕུན་སུམ་ཚོགས་པ་ཞིག་འབྱུང་། ཤེས་རབ་ལྟ་བས་མ་ཟིན་པའི་བསྐྱེད་རྫོགས་རྐྱང་བ་ནི། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཕྲག་བརྒྱ་ཡིས། །ཞེས་སོགས་གསུངས་པ་དང་འདྲ། ཐབས་ཀྱིས་མ་ཟིན་པའི་ཤེས་རབ་རྐྱང་པས་མི་ཕན་སྟེ། ཇི་སྙེད་དགེ་བའི་རྩ་བ་དེ་ནི་ཡོངས་སུ་མ་རྫོགས་པར་ཞེས་སོགས་གསུངས་པ་བཞིན་ནོ། །དེ་ཡང་ལྟ་བ་རྟོགས་པའི་མཐུས་བསྐྱེད་རིམ་ལ་གསལ་སྣང་འཕེལ་བ་སོགས། ཐབས་ཤེས་གཉིས་གཅིག་གྲོགས་སུ་གཅིག་འཆར་བ་ཞིག་མ་བྱུང་ན་གནད་འཁྲུགས་པ་ཡིན། དཔེར་ན་མགོན་པོའི་གསང་ཁྲིད་སྐབས་མགྲིན་པར་བླ་མ་ཧེ་རུ་ཀཿམཐེབ་ཆུང་གི་ཚད་ཙམ་བསྒོམ་པའི་ཐུགས་ཀར་ཉི་དཀྱིལ་ཡུངས་དཀར་གླེབ་པ་ལྟ་བུའི་སྟེང་དུ་ཧཱུྃ་ཡིག་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་ཞིག་གསལ་བཏབ་དེའི་མཐར་དེ་ཝ་པི་ཙུ་དེའི་མཐར་མགོན་པོའི་བསྙེན་པ་སོགས་བསྒོམ་པ་ཡང་། ལྟ་བ་འཁོར་འདས་དབྱེར་མེད་ལ་ངེས་པ་ཞིག་མེད་ན་ཇི་ལྟར་བསྒོམ་ཀྱང་། དེ་ཙམ་མ་གཏོགས་ཇི་བཞིན་པ་མི་འབྱུང་། ཆེ་ཆུང་ཡངས་དོག་སྔ་ཕྱི་རིང་ཐུང་གསལ་མི་གསལ་སོགས་དོན་ལ་མ་གྲུབ་པར་ཤེས་པའི་ལྟ་བ་དང་ལྡན་པའི་ངང་ནས་འདི་འདྲ་བསྒོམ་ན། ཇི་ལྟ་བ་བཞིན་འབྱུང་བ་ཡིན་པ་འདི་གནད་ཆེ་གསུངས། ༈ སྟོང་ཉིད་ལེགས་པར་རྟོགས་ན་འཁོར་བ་པ་ལ་སྙིང་རྗེ་རྩོལ་མེད་དུ་སྐྱེ། སྙིང་རྗེ་བཅོས་མིན་སྐྱེས་ན་ལྟ་བ་རྟོགས་པའི་རྐྱེན་བྱེད་པ་བཞིན་དུ། ལྟ་བ་རྟོགས་ན་དེས་བསྐྱེད་རིམ་ལ་གསལ་སྣང་འདྲེན་ཚུལ་ཡང་དེ་དང་གནད་གཅིག་ཡིན་གསུངས། ༈ དེ་ཡང་བར་ཆད་ངག་ལ་འཇུག་པས། ངག་གིས་འཆོར་བར་མཆུ་བཙུམ་སྟེ་ལན་མི་བྱ། བརྡས་སྒོ་ནས་བརྟག་སྟེ་དེ་ལ་ལུས་ངག་གི་བརྡ་གཉིས། དང་པོ་ལ་རྩ་བ་དང་ཡན་ལག་གི་བརྡ་བཞི་བཞི། ལུས་དཀྱིལ་མཆོད་པའི་དམིགས་པ་དང་བཅས་ཏེ། ཁ་ཟས་རྣལ་འབྱོལ་ཚུལ་བཞིན་དུ་བརླབས་ན་ཕྱི་རོལ་གྱི། སྦྱིན་བསྲེགས་མ་གྲུབ་ཀྱང་མི་དགོས་ཞེས་ངོར་མཁན་པོ་སངས་རྒྱས་ཕུན་ཚོགས་ཀྱིས་གསུངས་ཡོད་གསུངས། ༈ ནང་མཆོད་བྱིན་བརླབས་ཚེ། མེ་དཀྱིལ་གྲུ་གསུམ་དམར་པོ་འབར་བས་མཚན་པ་ཟེར་ཡང་རྃ་ཡིག་བསྒོམ་དགོས་གསུངས། ༈ ཁྱོད་ཀྱི་བགེགས་དང་བར་ཆད་སེལ་བ་ལས་ངན་པའི་སྒྲིབ་པ་སྦྱོང་བ་སོགས་གང་ལའང་། ཀུ་ས་ལིའི་ཚོགས་གསོག་འདི་ལས་ལྷག་པ་མེད་ངེས་ཡིན། འདི་ལས་ཕན་ཡོན་ཚུལ་བཞིན་འབྱུང་མི་འབྱུང་ཁྱོད་རང་ལ་རག་ལས་ཏེ། ཇི་སྐད་དུ་འདི་ཀོས་ཕན་དང་ཕན་པའི་གཟུགས་བརྙན་དུ། །འགྱུར་བ་དེ་དང་དེ་འདྲའི་གང་ཟག་ལ། རག་ལས་བརྩམས་པའི་དགེ་བ་བཅོས་མིན་དེ། །འགྲོ་ཀུན་ཐུབ་པའི་ཡེ་ཤེས་རྟོགས་ཕྱིར་བསྔོ། །ཞེས་གསུངས་པས་སོ། །དེས་ན་ཁ་ཙམ་མིན་པར་སྙིང་ནས་ལམ་འདི་ཉམས་སུ་ལེན་ནུས་ན་འཕགས་པའི་ས་མངོན་དུ་འགྱུར་བ་ཡང་སྲིད་གསུངས། ༈ ཀྱེ་རྡོར་རྗེ་དངོས་སྟ་གཉིས་པོ་ཉིན་གཅིག་ལ་འདོན་རྒྱུ་དེ། རྒྱུད་སྡེ་ཀུན་འདུས་ཀྱི་དབང་གནང་མཁན་རྣམས་ཀྱིས་ཕྱག་ལེན་དེ་འདྲ་མཛད་དེ་བྱེད་དགོས་ཚེ། སྟ་གོན་གྱི་ལྷ་རྣམས་སླར་སྤྱན་མ་དྲངས་ཀྱི་བར་དུ་ཞེས་བརྗོད་ན་ལེགས། སློབ་མ་སྟ་གོན་མཚན་གཅིག་ལ་ཚར་དགོས་པའི་དབང་གིས་ཞག་ཆོད་དགོས་པ་ཡིན། གཞན་ལ་རྒྱུ་མཚན་མ་ངེས། ༈ འཁོར་འདས་དབྱེར་མེད་བསྒོམ་པར་བྱེད་པ་ལ། ཐོག་མ་བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་ཤིག་དགོས། དེ་མེད་ན་བླ་མའི་གསུང་ལ་ཡིད་ཆེས་མི་སྐྱེ། དེ་ནས་འཁོར་འདས་གཉིས་ཀྱི་བསྡུས་པའི་ཆོས་ཐམས་ཅད་རང་སེམས་ལས་ལོགས་ན་མེད་པའི་ངེས་ཤེས་དཔེར་ན་ལན་ཚྭ་ཆུར་བསྒྱུར་བའི་ཚེ་ཆུ་ལས་ལོགས་སུ་ལན་ཚྭ་མི་རྙེད་པ་ལྟར་སེམས་ལས་ཕྱི་རོལ་དུ་གྱུར་བའི་ཡུལ་མེད་པར་ཐག་ཆོད། དཔེར་ན་སྟག་ཕྱི་རོལ་ན་མེད་ན། དེ་ཡོད་པར་འཛིན་པའི་རྣམ་རྟོག་མི་སྐྱེ་བ་ལྟར་ཕྱི་རོལ་ཡུལ་དུ་འཛིན་པ་མི་སྐྱེ་ལ། གཟུང་བ་མེད་ན་དེ་འཛིན་མེད། །ཞེས་པ་ལྟར། འཛིན་པའི་རྟོགས་པ་ཡང་མི་སྐྱེ། དེ་ཡང་འཕགས་པ་མ་ཐོབ་པར་གཟུང་འཛིན་གཏན་ནས་མེད་པ་དཀའ་རུང་། ཧ་ལམ་གཟུང་འཛིན་དང་བྲལ་བའི་རིག་པ་གཅེར་བུར་ཐོན་ཚེ། དེའི་ངང་ལ་བཅས་བཅོས་དང་དགག་སྒྲུབ་མེད་པར་བཞག་ན་དགའ། སེམས་གསལ་ལེ་ཧྲིག་གེ་དང་། དེའི་ངོ་བོ་སྟོང་པ་སོགས་དཔྱད་པ་མང་པོ་བྱེད་པ་དེ་རྣམ་རྟོག་ཡིན་པས་ས་ཆོད་ཆེན་པོ་མེད། ཚུལ་འདི་ལ་ཡིད་ཆེས་ལེགས་པོ་སྐྱེས་ནས་བཟུང་སྟེེ་དཔྱད་སྒོམ་འཇོག་བསྒོམ་གཉིས་ལས་ཕྱི་མ་གལ་ཆེ། ཚར་པ་མཁྱེན་བརྩེས། ལབ་ལབ་མང་པོའི་ཁ་ན་མེད་གསུངས་པ་དེ་གནད་འདི་ལྟ་བུ་ལ་དགོངས་པ་ཡིན། ལྟ་བ་འདིའི་གནད་ཇི་ལྟ་བ་བཞིན་ཟིན་པའི་ཚེ། སློབ་མ་ལ་ལམ་དབང་བསྐུར་བའི་ཚེ་རང་ཀྱེ་རྡོར་ལུས་ཚད་ཙམ་བསྒོམ་པ་ཐུགས་ཀར་ཐུགས་རྡོ་རྗེའི་མདུན་དུ་སློབ་མ་ཉེར་ལྔ་པོ་ཐམས་ཅད་ཀྱེ་རྡོ་རྗེའི་ལུས་ཙམ་རེ་བསྒོམས་ཀྱང་ཡང་དགོས་སུ། དེ་སོགས་མི་བདེ་བ་མེད་པར་ཁྲིག་གེར་འགྲིགས་པ་ཞིག་འབྱུང་བ་ཡིན། དེ་ལྟ་བུའི་གནད་ཟིན་པའི་ཚེ། སྣང་བ་སེམས་སུ་སྒྲུབ་པ་དང་། སྒྱུ་མར་སྒྲུབ་པ། རྟེན་འབྲེལ་དུ་སྒྲུབ་པ། བརྗོད་བྲལ་དུ་སྒྲུབ་པ་རྣམས་ཀྱང་རིམ་ལྡན་མི་དགོས་པར་ཐམས་ཅད་ཆབ་གཅིག་ལ་རྟོགས་ཤིང་ཡིད་ཆེས་པར་གྱུར། ཀླུ་སྒྲུབ་ཀྱིས་ལྟ་རིམ་རྟོགས་ཚུལ་གྱི་ཚིགས་བཅད་དང་སྦྱར་ན་འགྲིགས་པ་ཡིན་གསུངས། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་ཉིད་དེ་དང་དེར་ཤར་བ་མ་རྟོགས་ཕྱི་རོལ་ན་མེད་པར་ཐག་ཆོད་ན་རང་སེམས་གསལ་སྟོང་ཟུང་འཇུག་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཡང་ཁ་ཚིག་ཙམ་གོ་ཡུལ་ཙམ་མིན་པར་རྒྱང་ལྷང་ངེར་མཐོང་བའི་ཚེ། འཁོར་གསུམ་གྱི་སྤྲོས་པ་ཐམས་ཅད་ཞི་ནས། གཤིས་སྤྲོས་བྲལ་གྱི་ངང་ལ་བློ་བྱ་བྲལ་བ་བཞག་ན། སྤྲོས་པ་ཐམས་ཅད་རང་སེམས་བསྒོམ་དུ་མེད་པའི་རང་མདངས་ལ་ཐིམ་སྟེ་ནམ་མཁའ་ལྟ་བུའི་དགོངས་པ་མངོན་དུ་གྱུར་ནས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྟོགས་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་མཉམ་བཞག་ལ་གསལ་སྣང་ཐོབ་ན། རྗེས་ཐོབ་ཀྱི་སྐབས་སུ་གཟུང་འཛིན་ཐམས་ཅད་སྣང་སྟོང་འཁོར་འདས་དབྱེར་མེད་སྒྲ་ཐམས་ཅད་གྲག་སྟོང་འཁོར་འདས་དབྱེར་མེད་སོགས་སུ་རྟོགས་ན། ཚོང་པ་གསེར་གླིང་དུ་ཕྱིན་ནས་ས་རྡོ་ཕལ་བ་མི་རྙེད་པ་ལྟར་བསྒོམ་ལོགས་ན་བཙལ་མ་དགོས་པར། གང་ཤར་ཆོས་སྐུའི་རོལ་བར་མཐོང་ན། མཉམ་བཞག་གིས་རྗེས་ཐོབ་ལ་བོགས་འཐོན་ཏེ་ལེགས་པོ་ཞིག་འོང་། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་འདིའི་ཆོ་འཕྲུལ་ཡིན་པའི་ངེས་ཤེས་བསྐྱེད། སེམས་གསལ་རིག་སྒྱུ་མ་ལྟ་བུ་ལ་རྐྱེན་བཟང་ངན་གྱི་སྟོབས་ཀྱིས་གང་དུ་བསྒྱུར་ཡང་ཆོག །རྒྱལ་བ་སྲས་བཅས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐོགས་པ་མ་མཆིས་པར་མོས་གུས་ཡང་ཡང་བསྐྱེད་ནས། བདེན་སྟོབས་བརྗོད། བསྒོམ་པ་འདི་གོམ་དུ་བཅུགས་ན། ཇི་ལྟ་བ་བཞིན་འགྲུབ་པར་འགྱུར་བ་ལ་ཐེ་ཚོམ་ཙམ་མི་དགོས་ཞེས་གསུངས། ༈ ཉམ་ཐག་བདག་གི་ཆོས་ཀྱི་གེགས། ནད་རིམས་གདོན་བགེགས་བྱད་ཁ་རྦོད་གཏོང་རྨི་རྟས་མཚན་རྟས་ངན་པ་དུས་མ་ཡིན་འཆི་བའི་འཇིགས་པ་ལ་སོགས་པ་སྲིད་ཞིའི་རྒུད་པ་ཐམས་ཅད་སྐད་ཅིག་ཉིད་ལ་གཏན་མེད་དུ་ཞི་བར་གྱུར་ཅིག །ཚེ་དང་བསོད་ནམ་དཔལ་འབྱོར་ལོངས་སྤྱོད་དབང་ཐང་རླུང་རྟ་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །མཐར་ཐུག་ཉེས་སྲས་བརྒྱད་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། མཁྱེན་བརྩེ་ནུས་པའི་ཡོན་ཏན་འཕྲིན་ལས་ཐམས་ཅད་བདག་གིས་འགྲུབ་པར་ཤོག་ཅིག ༈ །རྟ་མགྲིན་གྱི་གླང་ཆེན་གྱི་ཀོ་རློན་དང་། ཞིང་ཆེན་གྱི་གཡང་གཞི་གཉིས། རྐང་ལག་གཡོན་མ་གཉིས་ཕྲག་ཐོག་ཏུ་འཕང་ནས་མགོ་གཡས་སུ་བསྟན་ནས་ཡོད། ཁྲག་གི་ཐིག་ལེ་མཁུར་མར་བྱུག །གྲི་ཁྲག་དང་མངལ་ཁྲག་གཉིས་ཡིན། ཐལ་ཆེན་གྱི་ཚོམ་བུ་ལག་སོར་ལྔའི་རྩེར་ཐལ་བ་བསྐུས་ནས་ལུས་ལ་ལྔ་ཚོམ་བཀོད་པ་ཡིན། ༈ མཁའ་སྤྱོད་ལུས་དཀྱིལ་སྐབས། བྃ་ཡིག་གི་སྲོག་གི་ཨ་དང་། དེའི་ཆ་ཤས་ཡ་ར་ལ་ཝ་བཞི་དང་ཡི་གེ་ལྔའི་ཆ་དང་ལྡན་པ་དེ་བདག་གི་ལྷ་ལྔའི་རྣམ་པར་བསྐྱེད་པ་ལས། དབུས་སུ་ཨ་དང་། ཕྱོགས་བཞིར་ཡ་ར་ལ་ཝ་བསྒོམ་ནས་དེ་ནས་ལྷ་བསྐྱེད་པ་ལྟ་བུ་མིན། ཀྱེ་རྡོ་རྗེ་ལུས་དཀྱིལ་རྩ་ཡིག་ལྷར་གསལ་འདེབས་པ་དང་ཚུལ་མཚུངས་གསུངས། ༈ ཡིད་བཟླས་ཚེ་ལུས་དཀྱིལ་སྔགས་སུ་བསྒྱུར་ནས་ལྟེ་བར་ཕབ་སྟེ་ཀློག་པའི་བྱེད་པ་ལས། ལུས་དཀྱིལ་གྱི་གཙོ་མོའི་ཐུགས་ཀར་སྔགས་ཕྲེང་གསལ་བཏབ་ནས་ཡིད་བཟླས་བྱེད་པ་རང་གཞུང་ལ་མེད་གསུངས། དངུལ་ཆུ་དྷརྨ་བྷ་དྲས་ཀྱང་བཤད་འདུག་པས་ཚར་ལུགས་ཐུན་མིན་ཡིན་པ་འདྲ་གསུངས། མཁའ་སྤྱོད་བདུད་རྩིའི་མྱོང་བའི་དམིགས་པ་དེས་སྦྱང་གཞི་བཟའ་བཏུང་བྱེད་པ་སོགས་ཀྱི་སྐབས་སུ་ཡང་རྒྱས་བཏབ་ནས་ཉམས་སུ་བླངས་ན་ལེགས་གསུངས། ༈ ཡིད་བཟླས་སྐབས་རྩ་གསུམ་བསྒོམས་ནས་དུས་གསུམ་གྱི་རྟོག་པ་སྦྱོང་བའི་དམིགས་པ་དང་བཅས་རླུང་རོ་བསལ་བ་འདི་རང་ལུགས་ཀྱི་ཟབ་གནད་ཅིག་ཡིན་གསུངས། ༈ ཚོགས་མཆོད་གོ་རིམ་ལྗོན་ཤིང་དང་བསྟུན་ཀྱང་ལེགས། སྐྱེ་མཆེད་ལྷ་རྣམས་ཀྱི་གླུ་གར་གྱི་ཚིམ་བྱེད་སྔོན་དུས་འབྲོག་མིའི་དུས་ཚོགས་གླུ་ལེན་སྲོལ་ཡོད། ད་ལྟ་ཚོགས་གླུ་བླངས་ན་ལེགས། ཀོལླ་ལན་གཉིས་བཏོན་ཀྱང་རུང་། ཚོགས་མཆོད་བསྒོ་དུས་ཕུད་བླ་མ་ཡི་དམ་ལ་ཕུལ། དེ་ནས་སྲུང་མ་ལ་འབུལ་བ་སོགས་བྱེད་པ་ལས་ཆ་གསུམ་དུ་བསྒོ་མི་དགོས་གསུངས། བླ་མཆོད་དང་ཚོགས་མཆོད་བསྒྲགས་ན་དེ་ཁོ་ན་ཉིད་མཆོད་པའི་རྗེས་སུ་ཚོགས་མཆོད་ཕུལ། དངོས་གཞི་ཚིམ་པ་དྲུག་སོགས། དེ་ནས་ཀུ་ས་ལིའི་ཚོགས་བསགས་གྱིས་གསུངས། དེ་ནས་ཚོགས་མཆོད་རྣམས་གང་དུ་བྱས་ཀྱང་འདོན་ཆོག་གསུངས། ༈ ལས་དང་པོ་པ་བླ་མ་དང་རང་སེམས་དབྱེར་མེད་དུ་བསྲེས་ནས་གནས་ལུགས་ཀྱི་ངང་དུ་འཇོག་པ་དགོས་ཀྱང་། བརྟན་པ་ཐོབ་པ་རྣམས་ལ་ནི། ཀོང་སྤྲུལ་རིན་པོ་ཆེས། རྗེ་བླ་མའི་ཐུགས་དང་རང་གི་སེམས། །གསེར་བུམ་དང་རྫ་བུམ་ཀྱི་ནམ་མཁའ་བཞིན། །གསལ་རིག་སྟོང་གསལ་ཀློང་དུ་གཅིག །བསྲེེ་བརྣན་དང་དགག་སྒྲུབ་མ་དགོས་པར། །དྲན་སྟོང་ལས་ལོགས་སུ་མེད་པར་རྟོགས། །མཆོག་གི་དངོས་གྲུབ་བྱས་ཀྱང་ཆོག །དམྱལ་བར་སོང་ཡང་འགྱོད་པ་མེད། །བླ་མ་བྱ་བའང་རང་སེམས་ཁོ་ན་ཡིན་གྱི་རང་སེམས་ལས་གཞན་པའི་བླ་མ་ཞིག་ཟུར་ན་མེད་པར་ཤེས་ཙ་ན། རང་སེམས་གཉུག་མའི་རང་ཞལ་ལ་ཅེར་གྱིས་བལྟས་པ། བླ་མ་འདུ་འབྲལ་ཡེ་ནས་མི་འདུག་པས། ཕྱི་རོལ་དུ་བླ་མ་གཤེགས་པའི། མྱ་ངན་གདུང་བ་སོགས་ཀྱང་འཁྲུལ་པ་ཙམ་དུ་ཟད་དོ། །གཟུང་འཛིན་གཉིས་ཀྱི་སྒྲིབ་གཡོག་དང་བྲལ་བའི་སེམས་གསལ་སྟོང་ཟུང་འཇུག་ཞེས་པའི་གསལ་བ་རྣམ་རྟོག་གི་གསལ་བ་འདི་མ་ཡིན་པར་གཟུང་འཛིན་དང་བྲལ་བའི་རྟོག་མེད་གྱི་གསལ་བ་ཞིག་ལ་ཟེར་བ་ཡིན་གསུངས། མ་བཅོས་པའི་གནས་ལུགས་ལ་བཅོས་པའི་བཟོ་མ་བྱེད། རྣམ་རྟོག་གི་ཡོ་ལང་ལ་མི་རྟོག་པའི་ཏིང་འཛིན་དུ་མ་རེ། ཞེས་གསུངས། འཁོར་འདས་དབྱེར་མེད་བསྒོམ་པ་འདི་ཉིད་རྐྱེན་དང་བསྲེ་ཐུབ་ན་ཤིན་ཏུ་ལེགས། དུས་རྒྱུན་བསྒོམ་པ་ལ་རྐྱེེན་ངན་བྱུང་ཚེ་དེ་དང་བསྲེ་ནས་བསྒོམ་ན་བོགས་འདོན་མཆོག་ཏུ་གྱུར་བ་ཡིན་པས་གལ་ཆེ་གསུངས། ༈ འཁོར་འདས་དབྱེར་མེད་གྱི་ལྟ་བའི་གནད་དོན་དེས་སྙིང་པོར་དྲིལ་ནས་བསྟན་ན། སྣང་བ་སེམས་སུ་སྒྲུབ་པའི་དཔེ་བརྒྱད་གྱི་སྒོ་ནས་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་སུ་ཐག་ཆོད། དེ་ཡང་རང་སྣང་སེམས་ཡིན་པའི་གོ་བ་ཡུལ་ལེ་བ་དེ་འདྲ་མ་ཡིན་པར། སྣང་བ་སེམས་སུ་ཇི་ལྟ་བ་ངོ་འཕྲོད་ཙ་ན། དཔེར་ན་ཚ་ཆུ་ལ་ཐིམ་པ་ཆུ་ལས་ལོགས་སུ་ཕྱེ་མི་ཤེས་པ་ལྟར་སེམས་ལས་གཞན་པའི་སྣང་བ་མི་རྙེད་པར་འགྲོ། དེ་ལྟར་གྱུར་ཚེ་གཟུང་བ་མེད་པ་དེ་འཛིན་མེད། །ཞེས་པའི་ཚུལ་གྱིས་ནང་འཛིན་པའི་རྟོགས་པ་མེད་པར་གོ། གཟུང་འཛིན་གཉིས་ཀའི་སྒྲིབ་གཡོག་དང་བྲལ་བའི་ཚེ་སེམས་མ་བཅོས་པའི་གནས་ལུགས་མི་མཐོང་ཀ་མེད་ཡིན་པས། སེམས་ཀྱི་མཚན་ཉིད་གསལ་བ། ངོ་བོ་སྟོང་པ་གཉིས་ནམ་ཡང་དབྱེར་མེད་པ་ཟུང་དུ་འཇུག་པ་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བའི་ངེས་ཤེས་གཉིས་གཏིང་ནས་སྐྱེ་སྟེ། སྤྲོས་བྲལ་དང་བརྗོད་བྲལ་ཁ་ཚིག་ཙམ་དུ་མ་ཤོར་བར། དོན་རང་ཐོག་ནས་ངོ་ལེགས་པར་འཕྲོད་ནས། གཤིས་སྤྲོས་བྲལ་དེ་ལ་བློ་བྱ་བྲལ་ཏུ་བཞག་ནས་འཁོར་གསུམ་གྱི་རྟོག་ཚོགས་ཐམས་ཅད་བསྒོམ་དུ་མེད་པའི་རང་མདངས་ལ་ཐིམ་ནས། ནམ་མཁའ་ལྟ་བུའི་དགོངས་པ་མངོན་དུ་གྱུར་བ་འདི་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྟོགས་ཟེར་སྙམ་ལ། ཡང་དཔྱད་བསྒོམ་དང་འཇོག་བསྒོམ་གང་བྱེད་རང་གི་རྒྱུད་ཚོད་དང་བསྟུན་ཏེ། སེམས་ཧ་ཅང་རྒོད་དྲག་ན་འཇོག་ལ་གཙོ་བོར་བྱེད། གནས་ཆ་ཤས་ཆེ་ཞིང་བྱིང་རྨུག་འདྲེས་ན། དཔྱད་བསྒོམ་གཙོར་བྱེད་དགོས། དེ་ལྟར་གྲིམ་ལྷོད་རན་པོས་བསྐྱངས་བས། གཉུག་མ་གཤིས་ཀྱི་གནས་ལུགས་མངོན་དུ་གྱུར་བ་ལ་སངས་རྒྱས་ཞེས་མིང་བཏགས་པ་ལགས། ༈ མདོར་ན་གཞི་དུས་ཀྱི་ཆོས་སྐུ་སེམས་མ་བཅོས་པར་གཉུག་མར་གནས་པ་དེ་ལམ་དུས་ཀྱི་ཆོས་སྐུ་སེམས་མ་བཅོས་པར་གཞག་པའི་ཐབས་ཀྱིས་ལམ་ཉམས་སུ་བླངས་བས། འབྲས་དུས་ཀྱི་ཆོས་སྐུ་སེམས་ཉིད་མ་བཅོས་པར་རང་ངོ་རྗེན་པར་ཤེས་པ་ལ་སངས་རྒྱས་ཞེས་མིང་བཏགས་པ་ཡིན་གྱི་སེམས་ལས་གཞན་པའི་སངས་རྒྱས་ཤིག་ག་ཤེད་ན་རང་རེ་རྣམས་ཀྱི་ལེན་ཀྱང་མི་ཐུབ། བླངས་ཀྱང་འདྲེ་བར་དཀའོ། །དེ་ལྟར་མཉམ་བཞག་གི་ཉམས་ལེན་དེ་རྗེས་ཐོབ་ལ་ཁྱེར་ཚུལ། མིག་ལམ་དུ་གཟུགས་གང་དང་གང་སྣང་བ་ཐམས་ཅད་སྣང་ཙམ་ཉིད་ནས་སྣང་སྟོང་འཁོར་འདས་དབྱེར་མེད། རྣ་བའི་ལམ་དུ་སྒྲ་ཅི་དང་ཅི་གྲག་པ་ཐམས་ཅད་ཀྱང་གྲག་ཙམ་ཉིད་ནས་གྲག་སྟོང་འཁོར་འདས་དབྱེར་མེད། སེམས་ཀྱི་ཡུལ་དུ་རྣམ་རྟོག་བཟང་ངན་གང་ཤར་ན་ཤར་ཙམ་ཉིད་ནས་རིག་སྟོང་འཁོར་འདས་དབྱེར་མེད་དུ་རྟོགས་ནས་གང་ཤར་ཆོས་སྐུའི་ཡོ་ལང་། གང་སྣང་འཁོར་འདས་དབྱེར་མེད་གྱི་རོལ་བར་ཤར་ནས། བསྒོམ་བྱ་བ་ཟུར་ནས་བཙལ་མ་དགོས་པར་གང་ཤར་གང་སྣང་གི་སྟེང་དུ་བཅས་བཅོས་མ་བྱས་པར་བཞག་ན་ཆོག་པ་ཞིག་འབྱུང་བ་ལགས། ༈ འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ། ཞེ་སྡང་ལ་བྱམས་པ། གཏི་མུག་ལ་རྟེན་འབྲེལ། ཕྲག་དོག་གི་གཉེན་པོར་བདག་གཞན་མཉམ་པ་བསྒོམས་ཀྱང་གཉེན་པོ་ཕྱོགས་རེ་བ་ཡིན། ལྟ་བ་འདིས་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྱུར་ཞིང་། འགྱུར་ཚུལ་ཡང་རྩ་བ་དྲུང་ནས་བྱུང་ཞིང་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ལགས། ༈ སྣང་བ་ཐམས་ཅད་སེམས་སུ་ལེགས་པར་གོ་ཚེ། སེམས་ཀྱི་རང་བཞིན་སྤྲོས་བྲལ་ལ་ངེས་ཤེས་སྐྱེས་ན་ཨ་མས་མངོན་སུམ་དུ་རྗེས་སུ་བཟུང་བས་སེམས་ཀྱི་རང་བཞིན་ལ་བཟང་དུ་འགྲོ་རྒྱུ་དང་། བདུད་དམག་བྱེ་བ་ཕྲག་བརྒྱས་གནོད་པ་བྱས་ཀྱང་རང་བཞིན་ལ་ངན་དུ་འགྲོ་རྒྱུ་སྤུ་ཙམ་མེད་པའི་གནད་ཤེས་ནས་ལྟ་བའི་ངང་དུ་འཇོག་ཐུབ་ན་ཕན་གནོད་བྱེད་པའི་ལྷ་འདྲེ་ཐམས་ཅད་རང་སེམས་འཁྲུལ་བས་བཏགས་པ་མ་གཏོགས་དོན་ལ་མེད་པར་ཤེས་ན་འཁྲུལ་སྣང་གི་གནོད་པ་གང་གིས་ཀྱང་མི་བརྫི་བ་རེད་ཞེས་གསུངས། ༈ ཟངས་མདོག་དཔལ་རིའི་རྟེན་དང་བརྟེན་པར་བཅས་པ་གསལ་བཏབ་ནས། ང་ལ་ཁྱེད་རྣམས་ལྐོག་ཏུ་གྱུར་ཀྱང་། ཁྱེད་རྣམས་ལ་བདག་བློ་ལྐོག་ཏུ་མ་གྱུར་པས། མཁྱེན་བརྩེའི་གཟིགས་པ་ད་ལྟ་ཉིད་དུ་འཇུག་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་ཚེ། རྒྱལ་གདོན་གྱི་གནོད་པ་ཞིག་འགྲོ་བར་འདུག་གསུངས། ༈ ཁྱོད་ཁྱད་པར་སེམས་དྭངས་སྐབས་དང་། ད་ལྟ་རྨི་ལམ་སོགས་འཚུབ་སྐབས་གཉིས་ཀ་སེམས་ལས་ཕྱི་རོལ་དུ་མ་གྲུབ་པ་འདྲ་བས་གཉིས་ཀ་འཁྲུལ་བ་ཡིན། སེམས་ཀྱི་ངོ་ལ་སྔ་མས་ཕན་སྤུ་ཙམ་ཡང་མ་བཏགས་ལ། ཕྱི་མས་གནོད་པ་ཅུང་ཟད་ཙམ་ཡང་བྱས་པ་མེད། རང་གི་དགའ་སྡུག་རེ་དོགས་ཀྱི་རྟོགས་པ་འདི་བཅད་ནས་སྤྲོས་བྲལ་གྱི་ལྟ་བའི་ཀློང་དུ་བཞག་ན། རྐྱེན་ངན་གང་གི་ཡང་བརྫི་མི་ནུས་པ་ཡིན་གསུངས། ༈ སྦྱོར་སྒྲོལ་ཞེས་པའི་དོན་མཐར་ཐུག་གཟུང་འཛིན་རྣམ་རྟོགས་བསྒྲལ་ནས། ཆོས་ཀྱི་དབྱིངས་སུ་སྦྱོར་བ་ཞེས་པ་ཡིན་ཞེས་ཤཱཀ་མཆོག་གསུངས། ༈ རྩ་རླུང་འཁྲུལ་འཁོར་སྦྱང་རྒྱུ་ལ་ཕྱག་མོ་ལེགས་པོ་ཞིག་འདུག་གསུངས། ༈ བླ་མ་བློ་གྲོས་ཀྱི་སྤྱན་འདི་ལ་མིག་འབྱེད་འདིས་ཕན་དགོས་ཞིག་འདུག་ཏེ་ཁོང་གི་མིག་འབྱེད་ཀྱི་སྔགས་འདི་འཕྲེང་སྐོར་ཆ་ཤས་བཏོན་པ་ལ་ཡང་དེ་མ་ཐག་ཕན་ཐོགས་འབྱུང་གྱིན་འདུག་གསུངས། འདིའི་མཇུག་ན་མིག་སྦྱོང་བའི་གཟུངས་ཟེར་བ་ཞིག་འདུག་པ་དེ་གསུངས་ནའང་ཕན་པར་སེམས་གསུངས། ༈ ཁྱོད་ཀྱིས་ཡི་དམ་གྱི་ལྷ་དུ་མ་བསྟེན་ཀྱང་བློ་གཏད་གཅིག་ལ་བྱེད་ལུགས་ནི། ཁྱོད་ཀྱི་གོས་མདོག་དམར་པོ་བྱས་པ་དང་། དེར་སེར་པོར་བསྒྱུར་ཡང་ཁྱོད་རང་གི་ངོ་བོ་གཅིག་ཡིན་པ་དེ་བཞིན་དུ་ལྷ་དུ་མ་བསྟེན་ཀྱང་ངོ་བོ་གཅིག་ཁོ་ན་ཡིན་པས། ཡི་དམ་གང་བསྟེན་ཀྱང་གཅིག་སྤངས་བས་གཅིག་བསྟེན་པ་ལྟ་བུ་མི་རུང་གསུངས། ཡི་དམ་ཐམས་ཅད་བླ་མར་མ་འདུས་པ་མེད་པས། བླ་མ་གཅིག་པོ་ལ་ཀུན་འདུས་པར་བསམ་ནས་བློ་གཏད་བླ་མ་ལ་བྱས་ན་ལོས་ཆོག་གསུངས། ༈ བླ་མ་བློ་གྲོས་ཀྱི་སྤྱན་འདི་ལ་མིག་འབྱེད་སྐབས་སུ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་ལིང་ཐོག་བསལ་ནས། ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་བྱས་སྙམ་པའི་ཐུགས་བསྐྱེད་མཛད་ན་ཕན་པར་དགོངས་གསུངས། ༈ འཁྲུལ་འཁོར་སྦྱང་སྐབས། དྲི་ཆུ་བར་པ་སྣོད་ཅིག་ཏུ་བསགས་ལ། ལུས་རིལ་པོ་བཀྲུ་ཐུབ་པ་ཞིག་བསགས་ལ། དེ་བསྐྱོད་པའི་རང་བཞིན་དུ་ཤེས་པར་བྱས་ནས། འབྲུ་གསུམ་བརྗོད་ཅིང་རྩ་བའི་བླ་མ་རྣམས་ལ་ལན་གསུམ་འབུལ། དེ་བཞིན་དུ་ཡི་དམ་ལ་ལན་གསུམ་འབུལ། རང་གིས་ལན་གསུམ་འབུལ། དེས་ལུས་ཐམས་ཅད་བཀྲུ་བར་བྱས་ན་ཆ་མཉེན་གོས་ལ་སོགས་པ་དགོངས་པ་ཡོད། ༈ འཁྲུལ་འཁོར་དངོས་ཀྱི་ལག་ལེན་ཡིག་ཆ་ཞལ་གསལ་བས་དེ་བཞིན་བྱས་ན་འཐུས། རླུང་བུམ་ཅན་བཟུང་ན་ནད་ལ་ཕན་ཀྱང་། རེ་ཞིག་ཁྱོད་ཀྱིས། རང་ལ་གནོད་བྱེད་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་མོས་གུས་ཀྱི་གདུང་ཤུགས་དྲག་པོ་དང་བཅས་ཏེ་ཀུ་ས་ལིའི་ཚོགས་མཆོད་འདི་ལ་ནན་ཏན་གྱིས། ༈ སྐྱབས་འགྲོའི་སྐབས་མདུན་དུ་དགྲ་བོ་བསྒོམ་པ་དེ། ཐེག་ཆེན་གྱི་ལུགས་ལ་ཕ་མ་བས་ཀྱང་དགྲ་བོ་སྙིང་རྗེའི་ཡུལ་དུ་བྱེད་དགོས་པ་ཡིན་པའི་དོན་ཡིན། གནོད་བྱེད་ལ་སྙིང་རྗེ་བསྐྱེད་གསུངས། ༈ མ་ཅིག་ཞ་མའི་རྣམ་ཐར་བཞིན་སྡུག་བསྔལ་འདི་བག་ཆགས་ཡིན་པའང་སྲིད་གསུངས། ༈ ཀྱེ་རྡོར་ལམ་དུས་ཀྱི་སེམས་དཔའ་སུམ་བརྩེགས་ཀྱི་འོད་ཀྱིས་བཅུད་ཐམས་ཅད་ལྷ་དགུའི་ངོ་བོར་གྱུར་པར་བསམ། དེ་ནས་རྗེས་སུ་སེམས་ཅན་གཅིག་མཐོང་ན་ཡང་འདི་ལྷ་དགུའི་དཀྱིལ་འཁོར་ཡིན་བསམ་པ་ལས་སེམས་ཅན་དགུ་ལྷ་དགུར་བསམ་པ་ལྟ་བུ་མིན་གསུངས། ༈ སྲས་བཅས་མའི་འགྲེལ་པར། སོ་སོར་སྤངས་བྱ་སྤོང་བ་དང་། བསླབ་བྱ་རྣམས་ལ་སློབ་པའི་སྒོ་ནས་བརྟན་པོར་གཟུང་ཞེས་དང་། གསུམ་ལ་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་ཀྱི་རྣལ་འབྱོར་ཏེ། རྣམ་སྣང་གི་རིགས་ལས་སྐྱེས་པའི་སྐྱབས་འགྲོའི་སྡོམ་པ་དེ་ཉིད་དེང་ནས་ཞེས་པ་དང་། རྡོ་རྗེ་རིགས་མཆོག་ཅེས་པས་རིགས་ཀྱི་བདག་པོ་ཡིན་པར་བསྟན། དེ་ཉིད་ལ་ཆེན་པོ་ཞེས་འབོད་པར་འོས་ཏེ། བླ་མ་ཆེན་པོ་ཞེས་འབོད་པ་བཞིན་ནོ་ཞེས་དང་། རིན་ཆེན་རིགས་མཆོག་རིགས་ཀྱི་བདག་པོ་སྟེ། རིན་ཆེན་འབྱུང་ལྡན་ཆེན་པོ་ཡིན། དམ་ཚིག་གང་ཞིག་གདུལ་བྱའི་སྙིང་ལ་འབབས་པ་ཡིད་དུ་འོང་བ་དེ་ལ་ཞེས་དང་། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཐབས་མཁས་པ་ཆེན་པོ་ལས་བྱུང་བའི་རིགས་ལྔའི་ནང་ནས་པདྨའི་རིགས་མཆོག་སྟེེ། འོད་དཔག་མེད་ཀྱི་དམ་ཚིག་ཡང་དག་པ་ལ། ལས་ཀྱི་རིགས་མཆོག་སྟེ་འཕྲིན་ལས་ཀྱི་ངོ་བོ་དོན་ཡོད་གྲུབ་པ་ཆེན་པོའི་དམ་ཚིག་ལ། ཡན་ལག་བདུན་པའི་འགྲེལ་བར་བྱང་ཆུབ་སྤྱོད་མཆོག་སྐྱེས་བུ་དམ་པ་རྣམས་ཀྱི་ཡིད་དུ་འོང་བ་ཞེས་དང་། ༈ འགོས་ཀྱི་སྟོང་ཐུན་ལས། རིན་པོ་ཆེ་ལྟ་བུ་ལ་བདུན་ཏེ། སྡོམ་པ་གསུམ་དང་ལྡན་ཞིང་རིང་བཞིན་གྱི་ཚུལ་ཁྲིམས་རྣམ་པར་དག་པ་དང་། མཁས་པས་གཞན་ལ་ཕན་འདོགས་པ་དང་། སྦྱིན་པས་གཞན་ལ་གནོད་པ་མི་བྱེད་པ་དང་། ཤེས་རབ་ཆེན་པོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ཤེས་པ་དང་། རྒྱུད་མི་འགྱུར་བས་དགོས་པ་དང་བྱ་བའི་དོན་ཐམས་ཅད་མཐར་ཕྱིན་པ་དང་ཐོས་པ་ཆེ་བས། སྡེ་སྣོད་མཐའ་དག་གི་དོན་ཤེས་པ་དང་། བློ་གསལ་གཞན་འདོད་པའི་ཆོས་ཐམས་ཅད་ལེགས་པར་སྟོན་ནུས་པའོ། །དེ་སྐད་དུ་རྒྱན་ལས། ཚུལ་ཁྲིམས་དག་ཅིང་མཁས་ལ་སྦྱིན། །ཤེས་རབ་ལྡན་ཞིང་རྒྱུད་གཅིག་ལ། །ཐོས་ནས་ལེགས་པར་བསྒོམ་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ། ཞེས་སོ། ༈ །ཀྱེ་རྡོར་ཁྲོ་བཅུའི་རིགས་བདག་ཧེ་རུ་ཀཿ་ཞལ་གཅིག་ཕྱག་གཉིས་པ་ཡིན་གསུངས། ༈ སྐྱབས་འགྲོ་སོགས་ཀྱི་སྐབས་རང་ལ་ལྷ་སྣང་ཡོད་ན་ལེགས་གསུངས། ༈ ནང་མཆོད་བྱིན་རླབས་སྐབས་འཁོར་གསུམ་རྒྱུད་གསུམ་རོ་གཅིག་བསྲེས་ན་ལྟ་བའི་ངང་ནས་བཏོན་རུང་གསུངས། ༈ མེ་འབར་མ་སོགས་ལ་དཔེ་བལྟས་བྱེད་ཆོག་གསུངས། བྲག་རྫོང་མའི་ཁྲོ་བཅུའི་རིགས་བདག་མི་བསྐྱོད་པ་ཧེ་རུ་ཀཿ་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བའི་ཚུལ་གྱིས་འཛིན་ཅིང་། ཞབས་གཉིས་གཡས་བསྐྱང་བའི་བརླ་གཡོན་བསྐུམ་པའི་གར་སྟབས་ཀྱི་པད་ཉིའི་མི་རོ་སྟེང་ན་བཞེངས་པ། སྤྱི་བོ་རྡོ་རྗེ་སྔོན་པོས་མཚན་པ་ཞིག་བསྒོམ་གསུངས། ༈ འཇིགས་བྱེད་བཟླས་པའི་སྔོན་ལ་ཡ་མ་ར་ཛ་ནས་འདོན་པ་ཕྱག་ལེན་ཡིན་ཀྱང་། སྨྱོ་འབོགས་སོགས་མི་འབྱུང་བའི་ཕྱིར་སྔོན་ལ་ཡ་མནྟ་ནས་བསྒྲངས་དགོས་ཁོང་གིས་ཀྱང་དེ་བཞིན་མཛད་གསུངས། དབང་ལྷ་སྤྱན་དྲངས་ཏེ་གསོལ་འདེབས་ཀྱི་ཚེ་རིགས་ལྔ་ཧེ་རུ་ཀཿ་ཞལ་ཅན་བསྒྱུར། སེམས་དཔའ་བརྒྱད་ཀྱང་མ་ཧེ་ཞལ་ཅན་གཡས་མཆོག་སྦྱིན། གཡོན་སྐྱབས་སྦྱིན་མཛད་པ་ཡིན། ཡུམ་བཞི་ལྷ་མོ་དྲུག་རྣམས་ཇི་ལྟ་བ་ལས་དམིགས་བསལ་མེད། སྐྱེ་མཆེད་ཀྱི་ལྷ་རྣམས་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་ཤ་སྟག་ཡིན། ལུས་དཀྱིལ་གྱི་གཙོ་བོ་ལྔ་གདན་ཡོད་ཀྱང་ཡུམ་རྣམས་ལ་མེད། སྐུའི་དགའ་བའི་ཉི་དཀྱིལ་དེ་སྙིང་ཀར་མེ་ལོང་བཏགས་པ་ལྟར་མདུན་བསྟན་བསྒོམ། བསྙེན་མཚམས་ལ་འདུག་ཚེ་ལུས་དཀྱིལ་མ་བསྒོམ་ཀྱང་ཆོག །རྫོགས་རིམ་རྡོ་རྗེ་བཟླས་པ་ཙམ་གྲུབ་ན་ལེགས། བསྙེན་པ་ཞོག་ནས་ལུས་དཀྱིལ་དང་རྫོགས་རིམ་བསྒོམ་ལོས་དགོས། ལར་འདིའི་རྫོགས་རིམ་ཤིན་ཏུ་ཟབ་པ་ཡིན་གསུངས། ལུས་དཀྱིལ་རང་བཞིན་གྱིས་གསལ་འདེབས་པ་ལས་ལྷ་བསྟིམས་ནས་གསལ་འདེབས་པ་ལྟ་བུ་ཕྱག་ལེན་མི་མཛད་གསུངས། ༈ བཟླས་དམིགས་སྐབས་ཧཱུྃ་གི་ཞབས་ནས་ཞུགས་མདུན་སྐོར་གྱི་རྩེ་ནས་ཐོན་ཞེས་ཀླད་སྐོར་ཡིན་ནམ་གསུངས་། ༈ ར་ཁྲིད་སྡེབ་བཅུ་པའི་སྲིབ་ཏུ་ནུ་མ་གཡོན་པའི་ཐད་ཙམ་ཕོགས་ཤིང་ཞེས་པ་ཕྱོགས་ཟེར་བར་སྣང་ངམ་མ་དག ༈ །རྫོགས་རིམ་སྐབས་རང་ཉིད་འཇིགས་བྱེད་ན་དའི་བར་བསྡུས་ནས་རྣམ་སྣང་རིགས་ཀྱི་འཇིགས་བྱེད་དཀར་པོར་བསྐྱེད་དེ་བསྡུ་རིམ་བྱེད་ཚེ། སེམས་དཔའ་གསུམ་བརྩེགས་མ་བསྒོམ་ཀྱང་རུང་ཧཱུྃ་གིས་ཐུགས་ཀར་གསལ་བཏབ་ནས། རང་ཉིད་འོད་དུ་ཞུ་ཐུགས་ཀའི་ཧཱུྃ་ལ་བསྡུ། དེ་ནཱ་དའི་བར་དུ་བསྡུ། བཞན་རྣམས་ལའང་དེས་འགྲེས་སྦྱར་ཆོག་གསུངས། ༈ ཤེས་རབ་ཡེ་ཤེས་ཀྱི་ཁྲིད་སྐབས་ནང་གི་རིགས་ལྔ་ཆར་གྱི་ཡུམ་རོ་ལངས་མ་ཁོ་ན་ཡིན་གསུངས། ༈ བརྒྱུད་འདེབས་ཀྱི་མདོ་ཁམས་དག་སྣང་ཞེས་པ་ངག་སྣང་ཡིན་གསུངས། ༈ ཁ་སྐོང་འཇུག་མཚམས། ཆོས་ཉིད་ཡེ་ཤེས་ལ་ཞེས་པའི་མཚམས་ཡིག་ལྡེེབ་༢༡པའི་སྲིབ་ཏུ། མཆོག་ཏུ་ཞེས་པ་རྐང་པ་རྡོ་རྗེ་ཞེས་མཆོག་ཏུ་ཞེས་པ་རེད་གསུངས། ལྡེབ་༢༢ཉིན་མྱོང་ནི་འཆར་ངེས་ལ་ཚུལ་འདི་སྣང་དུ་བ་ལ་སོགས་ཕྱི་རྟགས་རྣམས་ནི། དཀར་དམར་སེར་སྔོ་ལྗང་མཐིང་འོང་བ་ཞེས་པ་ཚིག་ལྷུག་རེད་འདུག །སྲིབ་ན་དེ་ནི་སྤྱིའི་ཚུལ་ཞེས་པ་དོན་སྤྱི་ཞེས་པ་སྣང་། སྡེབ་༢༤ཉིན་ས་བརྒྱད་པའི་བར་བསྒྲོད་ཅེས་པ་ས་བཅུའི་བར་རེད་གསུངས། ལྡེབ་༢༢གོང་དུ་ལག་པ་རྡོ་རྗེ་ཁུ་ཚུར་བརླའི་སྟོད་དུ་བཙུགས་ཞེས་པ་བརླ་སྐེད་གཉིས་སུ་བཙུགས་པ་ཡིན་གསུངས། ༈ མགོན་པོའི་གསང་ཁྲིད་སྐབས་རྣལ་འབྱོར་པ་རྟོགས་ལྡན་ཡིན་པའི་ཚེ། ཕྱི་རོལ་དུ་གཏོར་མ་བཤམས་གཏོར་སྔགས་བརྗོད་དེ་ལུས་དཀྱིལ་མཆོད་ན། དེའི་ཕྱི་རོལ་གཏོར་མའི་གོ་ཆོད། ཁ་ཟས་རྣལ་འབྱོར་གྱི་སྦྱིན་སྲེག་གི་གོ་ཆོད་པ་དེ་དང་འདྲ་ཞེས་འཇམ་དཔལ་བསྟན་འཛིན་གསུངས་པ་ཡིན་གསུངས། ༈ འབོད་རྦད་བསད་གསུམ་ལྷན་དུ་བརྗོད་པ་ལེགས་གསུངས། བསྲུང་བྱ་སྦ་བའི་སྐབས་བླ་མ་བསྒོམ་པས་བླ་མའི་རྣལ་འབྱོར་དུ་འགྲོ་བ་དང་། ཕ་མ་དང་གཤིན་པོར་བསྒོམ་པས་དེའི་སྒྲིབ་སྦྱོང་དང་། གསོན་པོར་བསྒོམ་ན་དེའི་སྐྱབས་འཇུག་ཏུ་འགྲོ་བར་གསུངས། ༈ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་བཞིན་དུ་ངེས་པར་རང་སེམས་ཡིན་པའི་གོ་བ་གཏིང་ནས་སྐྱེ་ཚེ་བླ་མ་ཡང་རང་སེམས་ལས་ལོགས་ན་མེད་པའི་ཕུ་ཐག་ཆོད། གནམ་ས་མགོ་འཇུག་ལོག་ཡོང་རུང་ཉམ་ང་བ་དང་བག་ཚ་བ་སྤུའི་རྩེ་མོ་ཙམ་ཡང་མེད་པར་དེའི་ངང་ལ་འཇོག་ཐུབ་པ་ཞིག་དགོས་པ་ཡིན། ཁྱོད་ཀྱིས་རང་བབས་ན་ཡོད་དུས་ཟླ་བ་གསུམ་ལ་བསྒོམ་པ་ལས། ད་ལྟ་ན་ཚ་དང་རྐྱེན་ངན་བྱུང་དུས་རྐྱེན་དང་བསྲེས་ནས་ཐུན་གཅིག་བསྒོམ་པ་ཉིད་ཆོད་ཆེ་བ་ཡིན་ང་དེ་ལྟ་བུའི་ལྟ་བ་ཞིག་རྟོགས་ཚེ། ད་ལྟ་རང་རེ་གཉིས་ཀྱིས་ལན་བྱས་པའི་ཚེ་ཁོང་གི་སྤྱན་ལམ་ན་ཁྱོད་སྣང་བའང་ཡིན་ལ་སྟོང་པའང་ཡིན་པའི་ཟེར་མི་ཤེས་པ་ཞིག་འདུག་ཁྱོད་ལ་དེ་འདྲ་ཞིག་ཨེ་རེད་གསུངས། ༈ མགོན་པོའི་གསང་ཁྲིད་ལ་བསྡད་ཚེ། རང་སེམས་གསལ་སྟོང་ཟུང་འཇུག་གི་རང་གཟུགས་རྩ་གསུམ་གྱི་ནང་དུ་རླུང་སེམས་རྒྱུ་འགྲུལ་བྱས་པའི་དབང་གིས་དྲེགས་པ་རྒྱུད་གསུམ་གྱི་སྣང་བ་ཤར་བ་མ་གཏོགས་ཕྱི་རོལ་ན་མེད་པའི་ཕུ་ཐག་ཆོད། དེ་འདྲ་ཞིག་བྱུང་ཚེ། གསང་ཁྲིད་ཀྱི་མཚམས་ལ་བརྡད་ན་ལམ་དུ་འགྲོ། དེ་མིན་པུ་ཏྲ་མིང་སྲིང་སོགས་རང་རྒྱུད་དུ་བཟུང་ནས་ལུས་ཀྱི་རྩ་གནད་ལ་བཀོད་ན་སྨྱོ་བ་འོང་གསུངས། ༈ མགོན་པོ་འདི་བསྒྲུབས་པ་ལ་སྙིང་རྗེ་འདི་གལ་ཆེ། སྙིང་རྗེས་ཆེ་ན་མགོན་པོ་སྙིང་ཉེ། སྙིང་རྗེ་ལྷོད་ཚེ་མགོན་པོ་ཅུང་ཟད་འགྱངས་འགྲོ་བ་ཞིག་རེད་གསུངས། ༈ རྡོར་སེམས་བདུད་རྩིས་ནད་གདོན་སྡིག་སྒྲིབ་སྦྱོང་བ་རྐང་སོར་ལག་སོར་ཐམས་ཅད་ནས་ཕྱིར་ཐོན་པའི་དམིགས་པ་བྱས་ཀྱང་ཆོག །ཁོང་གིས་ཀྱང་དེ་འདྲ་མཛད་པ་ཡིན་གསུངས། ༈ གང་མཚན་དྲན་པས་ནང་གི་མུན། །སེལ་བྱེད་ལྷག་པའི་ལྷ་མཆོག་དང་། །དབྱེར་མེད་དྲིན་ཆེན་བླ་མ་ཡིས། །བྱུང་ཆུབ་བར་དུ་སྐྱོང་བར་མཛོད། །ལམ་ཟབ་བླ་མ་བསྒོམས་སྐབས། བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་ཀྱེ་རྡོར་གྱི་རྣམ་པ་ཤ་རྟག་མདུན་ནས་གཡས་སྐོར་དུ་བཞུགས་པར་བསྒོམ། དེའི་རྒྱབ་གྱི་མདུན་ཕྱོགས་སུ་བསྐལ་བཟང་གི་སངས་རྒྱས་སྟོང་དང་རིགས་ལྔ་སྟེ་ལོངས་སྤྲུལ་གྱི་སངས་རྒྱས་གཡས་ཕྱོགས་སུ་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་སངས་རྒྱས་དང་ཡི་དམ་གཉིས་ཐ་དད་ལྟ་བུར་བཤད་ཀྱང་དོན་དུ་རྒྱལ་བ་རིགས་ལྔ་ཡིན་པར་ཤེས་དགོས་གསུངས། ༈ རྡོར་སེམས་ལ་རྒྱུད་ལས། སྤྱི་བོར་རལ་བའི་ཐོར་གཙུག་ཅན། །ཐོད་པའི་ཕྲེང་བ་དེ་བཞིན་ནོ། །ཞེས་གསུངས་པས། ཐོད་སྐམ་གྱི་དབུ་རྒྱན་ཡོད་པ་ལྟར་གསུངས། ངོར་ཆེན་གྱིས་གསང་བ་ཀུན་རྒྱན་ལས་ཀྱང་ཡོད་པར་གསུངས། དབུ་རྒྱན་སོགས་ཡོད་ཚེ་ཐོད་རློན་གྱི་དོ་ཤལ་ཀྱང་དགོས་པ་འདྲ། གཞན་ཕལ་ཆེར་གྱིས་མེད་རྒྱུ་མཛད་འདུག་གསུངས། རང་ཐ་མལ་པའི་སྤྱི་བོར་རྡོར་སེམས་བསྒོམས་པ་རྒྱ་གཞུང་རྣམས་སུ་གསལ་ཡང་། རྗེ་བཙུན་རིན་པོ་ཆེས། རང་ཀྱེ་རྡོར་དུ་གསལ་བའི་སྤྱི་བོར་དམ་ཚིག་རྡོ་རྗེ་བསྐྱེད་པར་གསུངས་པས། རང་ལྷར་གསལ་བའི་སྤྱི་བོར་བསྒོམ་ཀྱང་གསུངས། ༈ བྲག་རྫོང་མའི་སྐུ་གསུང་ཐུགས་མི་འགྱུར་བའི་མན་ངག་ཟབ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསྒོམ་པ་དེ་ཕྱི་ནས་ཕར་བལྟས་ཚེ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་བསམ་པ་ཡིན། སྲུང་བྱ་སྦ་བའི་རྡོ་རྗེ་ཐུགས་དབུས་སུ་ཡོད་གསུངས། ༈ ལམ་ཟབ་ཕྱི་མའི་བླ་མའི་སྐུ་ལུས་ལ་ལུས་དཀྱིལ་བསྒོམ་མི་དགོས། བླ་མའི་གཟུགས་ཕུང་རྣམ་སྣང་གི་ངོ་བོ་ཡིན་སོགས་བསམ་པ་ལས་རྣམ་པ་གསལ་གདབ་མི་དགོས། རྡོར་སེམས་ཡབ་ཡུམ་གཉིས་ཀ་ལ་རིགས་བདག་ཡོད། དེ་ཡང་ཡབ་ཡུམ་ཅན་ཡིན་ཁྲོ་བཅུ་དབང་ལྷ་སོགས་ཀྱང་དེས་འགྲེས། རིགས་བདག་གི་སྤྱི་བོར་རང་རང་གི་ཕྱག་མཚན་བསྒོམ་པ་ཡིན། རིགས་དྲུག་པའི་རྡོ་རྗེ་དེ་ནག་པོ་དང་། དོན་འགྲུབ་ཀྱི་རལ་གྲི་དཀར་པོར་གསུང་འདུག་པ་མ་གཏོགས་དམིགས་བསལ་མེད་པ་རྣམས་ལ་ཕྱག་མཚན་གྱི་ཁ་དོག་ཇི་ལྟ་བ་བཞིན་བསྒོམ། རིགས་བདག་ལ་པད་ཟླ་དང་པད་ཉི་སོགས་གདན་ཀྱང་ཡོད། ཕྱག་མཚན་ལ། ལུས་དཀྱིལ་ཐམས་ཅད་ལ་གདན་མེད་པས་དེའི་རིགས་བདག་ལ་གདན་མ་བསྒོམ་ཡང་བཏུབ་གསུངས། ༈ གཏོར་མའི་སྐབས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་ལ་ཁམས་གསུམ་གྱི་སེམས་ཅན་བསྟིམ་རྒྱུ་སྟེ། སྣང་སྲིད་ཐམས་ཅད་ལྷར་ཤེས་པའི་ཆེད་ཡིན། གཏོར་མ་དབྱིབས་ལེགས་པ་དང་། དངོས་པོ་བཟང་བ་གཉིས། རྒྱ་གཞུང་ལས་གསུངས་ཚུལ་ལ་དཔག་ན། དངོས་པོ་བཟང་བ་དེ་གཙོ་ཆེ་གསུངས། ༈ ལམ་དུས་ཀྱི་ལྷ་མོ་བརྒྱད་རང་ལ་བསྡུས་ཟིན་པའི་རྗེས་སུ། རང་གི་སྙིང་གའི་འོད་ཟེར་གྱི་ལྷ་གང་ཡིན་སྤྱན་དྲངས་ནས་རང་ལ་བསྟིམ། ལྷ་དེའི་ང་རྒྱལ་གྱི་བཟླས་པ་ཅུང་ཟད་རེ་བྱས་ན་སངས་རྒྱས་རྣམས་ཀྱི་ཐུགས་ཡེ་ཤེས་དབྱེར་མེད་པའི་གནད་ཀྱི་བདག་བསྐྱེད་ཀྱི་གོ་ཆོད་རྒྱུ་མཛད། ཌོམྦྷི་པའི་མན་ངག་ཡིན་པར་གྲགས་གསུངས། དབང་གི་སྐབས་རིགས་ལྔའི་ཕྱག་གིས་བུམ་པ་བཅུ་དྲུག་བསྣམས་ནས་དབང་བསྐུར་བའི་སྟངས་ཀ་མཛད། ཧེ་རུ་ཀཿ་ཕྱག་གཉིས་པ་ཞིག་གིས་བུམ་པ་གཅིག་ཐོག་ནས། དངོས་སུ་སྤྱི་བོ་ནས་དབང་བསྐུར་བ་ཡིན། འདིའི་རིགས་བདག་རང་འདྲ་ཡིན་པས་རང་ལ་གདན་ཅི་ཡོད་རིགས་བདག་ལ་ཡོད། ༈ ཕྲེང་བ་བྱིན་རླབས་སྐབས། སུྃ་ཡིག་གི་སྟེང་དུ་ༀ་ཧཱུྃ་བསྒོམ་པ་ཡིན། འཕྲེང་བ་དགྲ་བཅོམ་པའི་ངོ་བོར་མོས་པ་ལས་རྣམ་པ་བསྒོམ་མི་དགོས། འཕྲེང་ཐག་སངས་རྒྱས་དང་བྱང་སེམས་སུ་མོས་པ་ལས་འདོན་རྒྱུ་ཅི་ཡང་མེད། ༀ་པ་དེ་སོགས་འགྱུར་སྔགས་འདི་བླ་མེད་ཀྱི་ལྷ་གཞན་ལ་ཡང་བཏོན་ན་འགྱུར་སྔགས་ཡིན། ༈ ཁ་ཟས་བྱིན་སྐབས། རང་གི་སྙིང་ཀར་ལྷ་དགུ་གསལ་བཏབ་སྟེ། དབང་བསྐུར་བར་བསམ་ལ་གསུངས་ཀྱང་། དམིགས་པ་ཙམ་ལས་འདོན་རྒྱུ་ཅི་ཡང་མེད། རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད་གཉིས་ལྟ་བུ་ཐུན་མོང་དུ་ཕྱག་རྒྱ་བཅའ་དགོས་ན་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅའ་བ་ཡིན། ༈ ཚོགས་འཁོར་སྐབས། མ་ད་ན་མདུན་བསྐྱེད་ལ་ཕུལ་དུས་དེའི་གཡོན་དང་། རང་གི་རོལ་དུས་རང་རང་གི་གཡོན་འཇོག་དགོས། ༈ རིགས་བདག་གི་སྤྱི་བོར་ཕྱག་མཚན་ལ་གདན་མེད། རྡོ་རྗེའི་ར་བ་ཁ་དོག་སྔོན་པོ་ཡིན། ཏོག་རྡོ་རྗེ་ཕྱེད་པ་དེ་ཡང་སྔོན་པོ་ཡིན། ༈ གཽ་རི་ཛཿཞེས་པའི་སྐབས། སྲུང་འཁོར་སྲུང་འཁོར་ལ་ཐིམ། ལྷ་རྣམས་ནང་དུ་སྤྱན་དྲངས། ༈ ཁྲོ་བཅུའི་རིགས་བདག་ཧེ་རུ་ཀཿ་ཕྱག་གཉིས་པ་ཡིན། རུས་ཕྲེང་བཞི་གཤིབ། སེ་རལ་ཁའི་ཕྲེང་བ་གཉིས་གཤིབ་ཡིན། ༈ ཆོས་འབྱུང་གི་ནང་དུ་པད་ཉིའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་ན་གཞལ་ཡས་ཁང་ཡོད། ཏོག་སོ་སོར་ཡིན། སྒོ་གླེགས་ལ་འཁོར་ལོ་སོགས་ཀྱིས་མཚན་པ་ཡིན། ཀ་བའི་འོག་ནས་མར་མཇུག་གི་བར་དུ་འཁོར་ལོ་སོགས་ཀྱི་འཕྲེང་བས་བརྒྱན་པ་ཡིན། ཕྱི་དཀྱིལ་སྐྱེ་མཆེད་ཀྱི་ལྷ་རྣམས་པད་ཟླ་རོ་གདན་དང་བཅས་པ་ཡོད་གསུངས། ༈ སྣོད་བཅུད་སྦྱངས་སྐབས་དེར་བཅུད་རྣམས་ལྷ་དགུར་དུ་མར་བསམ་པ་ཡིན། ༈ སྤྱན་འདྲེན་སྐབས། རྟེན་དང་བརྟེན་པར་བཅས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པ་ཅན་དུ་མས་བསྐོར་བ་སྤྱན་འདྲེན་པ་ཡིན། ༈ རྩ་ཞལ་དང་སྟེང་ཞལ་གཉིས་ཀའི་དབུ་ལ་འཁོར་ལོ་ཡོད་ཀྱང་རྒྱན་གཅིག་ཏུ་བརྩི་བ་ཡིན། དབུས་དང་ཕྱོགས་བཞི་མ་གཏོགས་མཚམས་དང་སྟེང་འོག་ལ་སྦྲུལ་རྒྱན་མེད་གསུངས། ༈ ཕྱོགས་སྐྱོང་གི་ཞོན་པའི་ཁ་དོག་ཞིང་སྐྱོང་གི་ཁ་དོག་དང་འདྲ། ༈ མངོན་བྱང་བཞི་པའི་ཁ་དོག་ཟླ་ཉི་འདྲེས་པ་དཀར་ལ་དམར་མདངས་ཅན་དུ་བསྒོམ་གསུངས། ༈ འབྱུང་བཞི་འདྲེས་པ་ཁ་དོག་སྣ་ཚོགས། ཐིག་ལེ་བརྒྱད་ཀྱི་མདོག །ཐིག་ལེ་དངོས་ཀྱི་མདོག་ལྟ་བུ་ཡིན་དཀར་ལ་དམར་མདངས་ཅན། ཐུགས་རྡོ་རྗེའི་མའི་ཐུགས་ཀར་སེམས་དཔའ་སུམ་བརྩེགས་ཀྱི་ཧཱུྃ་དེ་བསྒོམ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པ་དེ་ཡིན། ༈ རྩིགས་པ་རྡོ་རྗེ་གཅིག་རྗེས་ལ་གཅིག་མཐུད་པ་དང་། རྐང་པ་ཀ་བ་བརྒྱད་ཀ་ཞུ་ཡོད་པ་དཔུང་མགོ་ཕྱོགས་ཡིན། སྒལ་ཚིགས་རི་རབ་དུ་བསྒོམ་པ་ལས། དོན་དུ་མ་དག་པའི་ཤ་ཁྲག་རུས་པ་ཅུང་ཟད་ཙམ་ཡང་བསྒོམ་པ་མིན་གསུངས། མགོ་ལ་ལྕོག་གཞི་བསྒོམ་པ་མ་གཏོགས་རི་རབ་མང་མངལ་ལྕོག་མེད། སྙིང་ག་ས་དཀྱིལ་དང་། ཐུགས་རྡོ་རྗེའི་ལྷ་ཚོགས་གོ་ས་གཅིག་གིས་གཅིག་མི་སྒྲིབ་པ་ཡིན། ༈ པགས་པ་གུར་བླ་བྲེ་ཞེས་པ་ལ་ངོས་འཛིན་ཐ་དད་མེད་ཀྱང་པགས་པ་ལ་གཟུགས་བརྙན་ཤར་བའི་ཚུལ་གྱིས་རྡོ་རྗེའི་ཕྲ་མོ་གྱེན་ལ་འགྲེང་བ་དང་འཕྲེད་ལ་ཉལ་བ་བར་མཚམས་མེད་པར་བསམ་པ་ཡིན། ༈ ཟླ་བའི་ལྷ་ཉི་མའི་ལྷ་ཟེར་བ་དེ་ཉི་ཟླ་དངོས་ཡིན། ༈ རྐང་མཐིལ་རླུང་གི་འོག་ཏུ་གནོད་མཛེས་བསྒོམ་པ་ཡིན། ༈ ལུས་དཀྱིལ་ཐམས་ཅད་མི་བསྐྱོད་པར་བསྐྱེད་དེ་དབང་ལེན་ན་དེ་ཐམས་ཅད་ལ་སྐྱེ་མཆེད་བྱིན་རླབས་དགོས། ༈ ཐུགས་རྡོ་རྗེའི་མི་བསྐྱོད་པའི་ཐུགས་ཀར་ཧཱུྃ་གསལ་བཏབ་ཚེ་སེམས་འཛིན་སྐབས་དམིགས་བསལ་མ་གཏོགས། གཞན་ཡང་ལྷ་བརྒྱ་ལྔ་བཅུ་སོགས་ཀྱི་ཐུགས་ཀར་ས་བོན་གསལ་བཏབ་མི་དགོས་བཏང་སྙོམས་སུ་འཇོག་གསུངས། ༈ དབང་རྫས་ཀྱི་ལྷ་ལ་གཙོ་བོ་མི་བསྐྱོད་པ་རང་གིས་དབང་བསྐུར་བ་ཡིན་ལས་རྡོར་བྱེད་མི་དགོས། བུམ་ཆུས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་དུས་དབང་ལྷ་རྣམས་རྣམ་པ་བསྒྱུར་མི་དགོས། ༈ རིགས་ལྔ་རྣམས་རྒྱུན་དུ་གཡས་བརྒྱད་རྡོ་རྗེ་གཡོན་བརྒྱད་དྲིལ་བུ་སོགས་འཛིན་པ་བསྒོམ། ༈ དམིགས་བསལ་བུམ་པའི་དབང་གི་ཚེ་ཕྱག་ཐམས་ཅད་ཀྱིས་བུམ་པ་འཛིན་པ་སོགས་ཡིན། ༈ སྭ་བྷ་ཝའི་སྐབས་བླ་མས་ལས་བུམ་འཐོར་བའི་ཚུལ་མཛད། ༈ ལྷ་རྣམས་སྟེང་གི་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ནི་མི་བསྐྱོད་པ། འདབ་བརྒྱད་ལ་རིགས་བཞི། ཡུམ་བཞི་བཀོད་པ། གསོལ་གདབ་ཀྱི་ཚེ་པད་འདབ་ཀྱི་སྟེང་དུ་ཉི་གདན་རྐྱང་བ་རེའི་སྟེང་དུ་ཧེ་རུ་ཀཿ་བསྒོམ་གསུངས། མཇུག་གི་ལྷ་དགུའི་རིགས་བདག་ལ་པད་ཉི་བདུད་བཞི་སྒོམ་ཀྱང་ཆོག་གམ་གསུངས། གསང་དབང་གི་ཇི་ལྟར་སོགས་བླ་མ་མི་བསྐྱོད་པས་གསུངས་བར་བསམ་པ་ཡིན། པདྨ་འཁོར་ལོ་སོགས་ཀྱི་ཡུ་བ་བྱས་པའི་དྲིལ་བུ་ལ་ལྷའི་ཞལ་ཡོད་གསུངས། ༈ ཆོས་རྗེའི་བླ་མའི་རྣལ་འབྱོར་སྐབས། རང་ཐ་མལ་དུ་བསྒོམ་པ་ཡིན། ༈ རང་ལ་ལྷའི་སྣང་བ་རྒྱུན་དུ་ཡོད་ན་ལྷར་བསྒོམ་ཀྱང་རུང་གནས་གསུམ་འབྲུ་གསུམ་ཞལ་ཟས་ལ་དཀར་རྒྱན་བཏགས་པ་ལྟར་དབུ་མ་དང་སྦྲེལ་བར་བསམ། ཐོས་པ་རྒྱ་མཚོ་སོགས་བསྒྲུབ་པའི་མཆོད་པར་མཆོད་ཡོན་སོགས་ཀྱི་རྣམ་པ་བསྒོམ་མི་དགོས། ༈ རིགས་ལྔ་ལ་ཞལ་སྦྱོར་གྱི་ཡུམ་ཡོད་ཀྱང་། མཚམས་ཀྱི་ལྷ་མོ་རྣམས་རང་སོར་འཇོག །གཙུག་ཏོར་འཁོར་བསྒྱུར་གདན་པད་ཉི་དེ་ཆོས་འབྱུང་གི་འོག་ཏུ་བྱས་ཀྱང་ཆོག །ས་འཇམ་སྦག་སྒྲུབ་གྱི་མགོར་སྟོང་ཉིད་བསྒོམ་སྐབས་རང་གཞན་ཐམས་ཅད་སྟོང་ཉིད་དུ་བསྒོམ་ནས་དེ་ནས་གསལ་འདེབས་པ་ཡིན་ལ། སྣ་ཚོགས་རྡོ་རྗེའི་ར་བ་བསྒོམ་པ་ཡིན་གསུངས། ༈ ཕྱོགས་བཅུའི་དེ་བཞིན་བཤེགས་པ་རྣམས་ཡབ་ཀྱི་ཞལ་དུ་ཞུགས་ཞེས་པ་ལ་གདན་ཡོད་མེད་ཇི་ལྟར་བྱས་ཀྱང་ཆོག ༈ །ལུས་དཀྱིལ་གྱི་རིགས་བདག་སྔོན་འགྲོའི་རྡོར་སེམས་ལྟ་བུ་ཡིན། ༈ ཕོ་བྲང་ལྔ་གཙོ་བོ་སོགས་དམིགས་བསལ་མེད་པ་རྣམས་ལ་མེ་ཕུང་འབར་བ་བསྒོམ་ཀྱང་ཆོག ༈ །སྒལ་ཚིག་རི་རབ་ཏུ་བསྒོམ་པའི་ཤར་ཕྱོགས་ནང་ངོས་ཡིན། ༈ ཡབ་ཀྱི་གསང་རྡོར་ར་ལྔ་སེམས་དཔའ་ཞེས་པ་ཡེ་ཤེས་ལྔ་ལ་གོ་རུང་། ༈ ཞི་དྲག་སྦྱང་བ་བྱེད་དུས། བྱིན་རླབས་ཟུར་དུ་མེད་དུས། སྔགས་དེས་གཏོར་མ་རྒྱ་ཆེན་པོར་བརླབས་པ་དང་། དེ་ལ་བསྔོ་བ་གཉིས་ཀ་འགྲུབ་པ་ཡིན། ༈ ཆ་གསུམ་གྱི་བགེགས་གཏོར་ལའང་དེས་འགྲེས། ༈ རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ས་བོན་ༀ་ཨཱཿཧཱུྃ་གིས་བརླབས་ན་བགེགས་དམན་པ་རྣམས་ཀྱི་ཐོབ་དཀའ་བར་གསུངས་ཞེས་གསུངས། ༈ གསུང་རྡོ་རྗེ་མ་མགྲིན་པའི་འོད་དཔག་མེད་དང་མདུན་གྱི་ལྷ་མོའི་བར་དུ་བསྒོམ། ཐུགས་རྡོ་རྗེ་མའི་ཐུགས་ཀར་བདག་མེད་རྣལ་འབྱོར་མ། ཡུམ་གྱི་ལྷ་མོ་ཆོས་མཁའ་སྤྱོད་བཅས་ཞལ་སྦྱོར་དུ། མི་བསྐྱོད་པའི་མདུན། ལྷ་མོའི་བར་དུ་བསྒོམ་གསུངས། ༈ སྣོད་བཅུད་སྦྱང་བ་དང་བསྡུ་རིམ་སྐབས། རྟེན་བརྟེན་པ་གཉིས་ལས་མགོ་ན་སྣོད་བཅུད་ཞིག་ཡོད་སྐད་གསུངས་པ་ནི་ཡེ་ཤེས་ཚོགས་བསགས་ཀྱིས་སྦྱང་ཡང་། འདིར་སླར་ཡང་སྦྱོང་བ་ཡིན་པས་མི་འགལ་གསུངས། ༈ འཁོར་ལོ་བཞི་རྫོགས་སྐབས་སྙིང་གའི་ཧཱུྃ་དང་། མགྲིན་པའི་ༀ་གཉིས་སུ་རྩ་དབུ་མ་རང་འཁྱོགས་པོ་ཡི་གེའི་རྣམ་པ་ཅན་བསྒོམ་པ་མ་གཏོགས། དབུ་མའི་ནང་དུ་བསྒོམ་ན་ཧ་ཅང་ཕྲ་བས་བསྒོམ་བདེ་མོ་ཞིག་མི་འོང་གསུངས། ༈ དང་པོ་ནས་རླུང་བཟུང་ནས་རྩ་ཡིག་ཡོངས་རྫོགས་གསལ་འདེབས་པའི་ལུགས་ཞིག་དང་། འབར་འཛག་ལྟེ་བའི་གོང་དུ་སླེབས་ཚེ་རླུང་འཛིན་པའི་ལུགས་གཉིས་ཀ་སྣང་གསུངས། ༈ བིར་སྲུང་སྐབས་རོ་མའི་མེས། ཕོ་བྲང་ལྔའི་ཡིག་འབྲུ་རྣམས་གསལ་འདེབས་པ་ལས་ཁམས་སྙིགས་མ་བསྲེགས་མི་དགོས། རོ་མའི་མེ་དབུ་མའི་ནང་དུ་མ་སོང་ཡང་དེའི་འོད་ཀྱིས་ཡིག་འབྲུ་གསལ་འདེབས་པ་ཡིན། ༈ སྲུང་བ་ཕྱི་མ་ལ་རླུང་གཅིག་བཟུང་ནས། མར་འགྲོ་གཅིག་དང་ཡར་འགྲོ་གཉིས་ཀྱིས་ཆོག །ཕྱག་རྒྱ་ལ་ལར་གུང་མོ་དང་། ལ་ལར་མཛུབ་མོ་ཟེར་བ་དེ། སྔ་མ་གོང་མ་དང་། ཕྱི་མ་འཕགས་པའི་བཞེད་པ་ཡིན། ༈ ལམ་ཟབ་ནང་མའི་རྡོ་རྗེ་འཆང་དང་བདག་མེད་མ་གཉིས་ཀ་བསྒོམ་རྒྱུ་བྱས་ན། རྣམ་པ་ཀྱེ་རྡོ་རྗེ་རུ་བསྒོམ་པ་ཡིན། ༈ རྩ་བའི་བླ་མའི་མཚན་བརྗོད་ཀྱང་ཆོག ༈ །ཁྲོ་བོའི་ཁྲོ་གཉེར་སྨིན་མའི་བར། སྤྱན་དབུས་མའི་འོག་ན་ཡོད། ༈ དབང་བཞི་བསྐུར་བའི་ཚུལ་སོགས་བརྗོད་མི་དགོས། རོ་མའི་མེ་དེ་སྙིང་ཀར་སླེབས་པ། དེའི་འོད་ཀྱི་ཡིག་འབྲུ་རྩ་འཁོར་རྣམས་གསལ་འདེབས་པ་ལས། དབུ་མའི་ནང་དུ་མེ་ལྕེ་རྩ་འཁོར་ལྔའི་ཡིག་འབྲུ་རྣམས་གསལ་གདབ་དགོས་པས་དབུ་མ་ཡང་གསང་གནས་ཀྱི་བར་ཟུག་ཡོད། རྐྱང་མ་ལས་བྱང་སེམས་འབབ་པའི་ཚེ་ཡང་། དེའི་འོད་ཟླ་ཟེར་གྱི་མདོག་ལྟ་བུ་དེས་ཐམས་ཅད་གསལ་འདེབས་པ་ཡིན། ལམ་ཟབ་ནང་མ་ལ་མཇུག་ཏུ་རླུང་གཅིག་ལས་མ་བཟུང་ཡང་མང་ཐོས་ཀྱི་བཞེད་པ་ཡིན་ཞིང་། བླ་མས་ཀྱང་གནང་ངོ་། ༈ །ༀ་ཞེས་པས་སྟོང་། ཨཱཿཐོད་པ། ཧཱུྃ་ཤ་ལྔ་བདུད་རྩི་ལྔ། ཧོས་དབྱེར་མེད་བདུད་རྩིའི་རྒྱ་མཚོར་བསམ། དེ་ནས་ༀཨཱཿཧཱུྃ་གིི་ཚེ་ལ། བདུད་རྩི་དེ། ཧ་ཧོ་ཧྲི་གསུམ་གྱིས་ཚེ་ལ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཞིག་དམིགས་ན་ཆོག་གསུངས། ༈ བིར་སྲུང་ཕྱི་ནང་ལམ་ཟབ་གྱི་ཕྱི་ནང་གི་སྐྱབས་ཡུལ་ལམ་དུས་ལྟར་བྱས་ཆོག །བིར་སྲུང་ནང་མའི་སྐབས་ལྟེ་འོག་གི་མེ་དེ་ནས་ཡར་རོ་མའི་ནང་དུ་ཞུགས་པ་མ་གཏོགས་གསང་གནས་སུ་མ་སོང་ཡང་། མེའི་འོད་དེས་ཡིག་འབྲུ་གསལ་འདེབས་པ་ཡིན་གསུངས། ༈ གནས་གསུམ་ཡི་གེ་གསུམ་ལས་འོད་སྣ་ཚོགས། །འབྲུ་གསུམ་གཟུགས་བྱུང་ཞེས་པ་དེ། དཀར་དམར་མཐིང་གསུམ་ཡིན། སྣ་ཚོགས་མིན་གསུངས། ༈ བིར་སྲུང་ཕོ་བྲང་ལྔའི་ཡི་གེ། གསང་ལྟེ་མགོ་བོ་གྱེན་བསྟན། སྙིང་ག་ཐུར་བསྟན། མགྲིན་པར་གྱེན། སྤྱི་བོར་ཐུར། ༀ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཆོས་འབྱུང་གྲུ་གསུམ་གཉིས་བརྩེགས་ཀྱི་ནང་མའི་རྩེ་མདུན་བསྟན། འོག་མ་རྒྱབ་བསྟན། སྐྱབས་ཡུལ་དཔའ་བོ་རྡོ་རྗེ་ཆོས་ཀྱི་གདན་པདྨའི་ཁ་དོག །ཕྱོགས་བཞི་དམར་ལ་མེ་རླུང་སེར། །དབང་ལྡན་སྔོ་ལ་བདེན་བྲལ་ལྗང་། །ལྟེ་བ་ལྗང་ལ་གེ་སར་སེར། ༈ །རྡོར་སེམས་ཡབ་ཡུམ་གཉིས་ཀ་ལ་རིགས་བདག་ཡོད། མཆོད་ཡོན་མ་དཀར། མེ་ཏོག་མ་དཀར། བདུག་སྤོས་མ་དུ་ཁ། མར་མེ་མ་དམར་སྐྱ། དྲི་མ་ལྗང་། ཞལ་ཟས་མ་དམར། སྒྲ་མ་སྔོན་མོ། ༈ བདུད་རྩི་མྱོང་བའི་ཚེ། མཐེབ་སྲིན་གྱི་རྩེར་རང་ལ་བསྟན་པའི་ཆོས་འབྱུང་གཅིག་གཡོན་སྐོར་དུ་བྲིས་ཏེེ། བདུད་རྩི་དྭངས་མ་དབུས་སུ་བྃ་ཡིག་གི་རྣམ་པར་གནས་པ་དེ་བླངས་ནས་ལྕེ་ཐོག་ཏུ་བཞག །དེ་ཞུ་ནས་སྙིང་གའི་བྃ་ཡིག་སོགས་འདྲ། ༈ ཉལ་བའི་རྣལ་འབྱོར་གྱི་གནས་ཆོས་འབྱུང་དེ། མཁྱེན་བརྩེའི་གསུང་རྒྱུན་ལ་ཉིས་བརྩེགས་མིན་གསུངས། ༈ རང་མགོ་བླ་མའི་སྐུ་པང་ལ་འཇོག་པ་དེ་པད་ཟླ་ལ་འཇོག་པ་ཡིན། ༈ ཀུ་ས་ལིའི་ཚོགས་བསགས་ཀྱི་སྐབས། རང་སེམས་རྣལ་འབྱོར་མ་རྒྱན་མེད་གྲི་གུག་ཅན་ཡིན། ༈ ཉལ་བའི་རྣལ་འབྱོར་ཚེ་རང་པད་ཉི་དྲོད་བཅས་ཀྱི་སྟེང་དུ་ཉལ་བར་བསམ་པས་གཉིད་མི་འཐུག་པའི་དགོས་པ་ཡོད། ༈ འདོད་ཡོན་ལྔའི་ལྷ་མོ་རྣམས་བླ་མའི་དབང་པོ་ལྔ་ལ་ཐིམ་པར་བསྒོམ་པས་ཡུལ་ལྔ་དབང་དུ་འདུ་བའི་རྟེན་འབྲེལ། མཆོད་ལྷ་རྣམས་རང་གི་ཐུགས་ཀར་ཐིམ་པས་རང་གི་རླུང་སེམས་དབུ་མར་འཆང་བའི་རྟེན་འབྲེལ། རྒྱལ་སྲིད་སྣ་བདུན་འཇོག་པ་ཆོས་ཀྱི་རྒྱལ་སྲིད་བརྟན་པའི་རྟེན་འབྲེལ། ༈ ཡུལ་ཡུལ་ཅན་གྱི་ལྷ་རྣམས་ཡོངས་གྲགས་དང་མཐུན། ཐོ་བརྩེགས་སུ་བསྒོམ་པ་བྱིན་རླབས་ཀྱི་ཆུ་རྒྱུན་བར་མ་ཆད་པའི་དགོས་པ་ཡོད། ཁྲོམ་ཚོགས་སུ་བསྒོམ་པ་མངའ་ཐང་རྒྱས་པ་ཀུན་འདུས་ནོར་བུའི་ལུགས་བྱིན་རླབས་མྱུར་འཇུག་གི་དགོས་པ་ཡོད། ༈ ཀུ་ས་ལིའི་ཚོགས་བསགས་སྐབས། ལྷ་མོ་ཐོད་པ་ཆེ་ཆུང་གཉིས་རེ་ཐོག་པ། ཆུང་བས་བཅུས་ཆེ་བའི་ནང་དུ་བླུགས་པ། དེ་ནས་མཆོད་ཡུལ་གྱི་ལྗགས་འོད་ཟེར་གྱི་སྦུ་གུས་གསོལ་བར་བསམ། ༈ རྒྱ་ཆེ་བའི་སྦྱང་གཞི་གནས་ཉེར་བཞི། ཡུལ་སོ་གཉིས་སོགས་ཀྱི་རྩ་ཡིག་རྣམས་ཡིན་ལ། ཟབ་པའི་སྦྱང་གཞི་དབུ་མ། མཐར་ཐུག་གི་སྦྱང་གཞི་སེམས་ཉིད་སྤྲོས་བྲལ། ༈ དཔའ་བོ་རྡོ་རྗེ་ཆོས། སངས་རྒྱས་རྡོ་རྗེ་ཆོས་གཉིས་ཀ། དར་དང་རུས་པའི་རིན་པོ་ཆེའི་རྒྱན་ཅན། རུས་རྒྱན་ལ་རིན་པོ་ཆེས་ཕྲ་བཏབ་པས་དེ་སྐད་གསུངས། ༈ རྡོ་རྗེ་སེམས་དཔའི་རིགས་བདག་དབུ་སྟེང་གི་རྡོ་རྗེ་ཕྱེད་པ་ཡིན་གསུངས། རང་རྗེ་བཙུན་མའི་གདན་པདྨ་དམར། ཐོད་པ་སྐམ་པོ་སུམ་བརྩེགས་རིགས་བདག་གི་རྣམ་སྣང་རྡོར་དྲིལ་བསྣོལ་ནས་འཛིན་པར་གསུངས། ༈ ཆོས་འབྱུང་ཉིས་བརྩེགས་ཀྱི་ནང་དུ་ལྷ་བསྒོམ་པའི་གྲྭ་བཞིར་དགའ་འཁྱིལ་བསྒོམ་ཀྱང་ཆོག །ནང་ལུས་དཀྱིལ་གྱི་ལྷ་རྣམས་ལའང་རིགས་བདག་རང་ཆས་ཡོད་རྒྱུ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་མཛད་འདུག ༈ །སྔགས་གཉིས་བཟློག་བྱས་ཚེ་སྭ་ༀ་གྱི་ལོགས་སུ་སླེབས་པར་འདུག་པས་ཧ་ཞེས་པ་ནི་ཡི་གེ་མ་དག་གསུངས། ༈ ཆོས་འབྱུང་གིས་གཞལ་ཡས་ཁང་གི་ཆོས་འབྱུང་། བསམ་གྱི་མི་ཁྱབ་ཀྱི་བསྡུ་རིམ་སྐབས། སྣོད་འོད་ཟེར་དམར་པོའི་རྣམ་པར་བསྡུ་ཞེས་གསུངས། ༈ སྣ་སྒོ་ནས་ཉི་རྡུལ་བཞིན་སྤྲོས། དེ་དག་གིས་ཆོས་བཤད་རྣལ་འབྱོར་མའི་སར་བཀོད། ཡང་སྤྲུལ་བ་འགྲོ་བ་དང་བཅས་པ་སྔགས་སྐྱེས་ལྷན་སྐྱེས་ཞིང་སྐྱེས་ཏེ་ཕྱིའི་རྣལ་འབྱོར་མ་རྣམས་བསྡུས། ལྟེ་བའི་ནང་གི་རྣལ་འབྱོར་མ་ལ་ཐིམ། དེ་གསང་བའི་རྣལ་འབྱོར་མ་དེ་ལ་རྒྱན་ཡོད། ༈ དབུ་མའི་ཡར་རྩེ་ཁ་ཕྱེ་ཡོད། ལུས་དཀྱིལ་ཟླ་བའི་སྟེང་དུ་འཇིགས་དུས་ཀྱི་གདན་རེ་ཐམས་ཅད་ལ་ཡོད། བླ་མའི་རྣལ་འབྱོར་སྐབས་རྩ་བརྒྱུད་ཀྱི་བླ་མའི་མཐའ་བསྐོར་དུ་མགྲོན་ཐབས་ཀྱི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་མང་པོ་ཡོད་གསུངས། ༈ ཡབ་དང་ཐུན་མོང་གི་འཕོ་བའི་བདེ་མཆོག་སྐུ་མདོག་སྔོན་པོ་སྤྱི་བོ་ནས་བླ་མ་བདེ་མཆོག་བར་ལ་སྦྲེལ་བྱེད་རྩ་མེད་གསུངས། ༈ བླ་མའི་རྣལ་འབྱོར་རྒྱས་པས་བསྡུས་པའི་གོ་ཆོད། བསམ་མི་ཁྱབ་ནང་མས་ཕྱི་མིའི་གོ་ཆོད། བདག་བསྐྱེད་ཚིགས་བཅད་མ་ལ་སུམ་བྷ་ནི་མེད་པར་འདྲ། ༈ ཡིད་ཀྱི་དྲི་མ་ཀུན་བརྟག་ལྷན་སྐྱེས། ངག་གི་དྲི་མ་རང་བཞིན་བརྒྱད་ཅུའི་ཞོན་པའི་རླུང་། ལུས་ཐ་མལ་སྣང་ཞེན། ༈ ལམ་ཟབ་ནང་མའི་བླ་མ་ཐོ་བརྩེགས་ཀྱི་ཚིག་བསྡུས་ཆོག་གསུངས། ལམ་ཟབ་ནང་མའི་ཚིག་ཟིན་ལ་རྩ་ཡང་ཡོད་སྙམ་པ་ཞིག་འདུག་རུང་། རྩ་བསྒོམ་མི་དགོས་གསུངས། ༈ རྩ་དབུ་མ་ཆེན་པོའི་ཁྲིད་ཀྱི་སྐབས་གདོང་རྐང་ཁྲིད་ལ། རླུང་རོ་བསལ་ཚད་ལ། རླུང་རོ་འཛིན་དགོས་པ་འདྲ། སྔོན་འགྲོ་རྩ་ལམ་སྦྱང་བའི་ཚེ་ཐུན་ཆུང་རེ་ལ་བསྔོ་བ་མདོར་བསྡུས་རེ་ཇི་ལྟར་བྱས་ཀྱང་དགོས། རླུང་བཟུང་ནས་རྐང་མཐིལ་གྱི་རླུང་གསོས་སོགས་བསྒོམ། རྔུབ་ཆུང་གསུམ་སོགས་ཀྱི་སྐབས་བར་རླུང་འཛིན་པ་འདྲ། ༈ ཡུམ་གྱི་རྩ་དབུ་མ་ཙཎྜ་ལི་ཞེས་པ། གསང་ལམ་ནང་གི་དེས་ཆོག ༈ །འོད་ཀྱི་གཏུམ་མོ་དང་། ཐ་མལ་གྱི་གཏུམ་མོའི་སྒྲ་བཤད་མ་གཟིགས་གསུངས། ༈ སྟོད་ཆར་རང་རང་གི་དམིགས་པ་སོགས། ཐུན་སྟོད་ལ་ཟེར་བ་རེད་གསུངས། ༈ སྔོན་འགྲོ་རྩ་ལམ་སྦྱང་བ་ཡུན་རིང་བསྒོམ་ནས། དངོས་གཞི་བདག་བྱིན་རླབས་བསྒོམ་དུས་སྔ་མ་མ་བསྒོམ་ཡང་རུང་། ཁར་ཧྲཾ་མཾ་སོགས་ལྕེ་སྟེང་དུ་ཟླ་བ་གཟུགས་བསྙན་གྱི་ཚུལ་དུ་བསྒོམ་ཡི་གེ་གཉིས་མགོ་གྲེ་ཕུག་དུ་ལྟ་བ་བསྒོམ་ན་བདེ་གསུངས། ༈ བསམ་མི་ཁྱབ་ཐུན་མིན་གྱིས། སྤྲུལ་པའི་རྣལ་འབྱོར་མ་རྣམས་བསྡུས་ནས་སྣ་སྒོའི་རྣལ་འབྱོར་མ་རྐྱང་མའི་ལམ་དུ་བརྒྱུད་ལྟེ་བའི་རྣལ་འབྱོར་མ་ལ་ཐིམ་པ་དེ་ནས་རླུང་འཛིན་པ་ཡིན་གསུངས། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སོགས་མཁྱེན་བརྩེས་ཟླ་བ་གདན་ཐབས་སུ་བསྒོམ་པར་གསུངས། ཟླ་བ་རྒྱབ་ཡོལ་གྱི་ཚུལ་དུ་བསྒོམ་ན་བདེ་བས་སྤྱི་གཙུག་གི་ཟླ་བའི་སྟེང་དུ་ཧཱུྃ་གཉིས་མགོ་ལྟག་པར་ཕྱོགས་པའི་ཚུལ་གྱིས་བསྒོམ་ན་རུང་གསུངས། ༈ བླ་མ་ལ་ཕྱག་འཚལ་ལོ། །གཞི་བདག་གཏོར་མ་ཡན་ཆད་དང་པོ་གདན་གཅིག་ཏུ་བྱིན་གྱིས་བརླབས་ནས། དེ་ནས་སྒེར་དུ་བྱིན་གྱིས་བརླབས་ནས་ཕུལ་བ་ཡིན་གསུངས། ༈ ཀུན་བརྟག་གི་བདག་འགོགས་པའི་རིགས་པ་རྣམས་ལྷན་སྐྱེས་གྱི་བདག་ལ་སྦྱོར་ཤེས་པ་དང་། དངོས་སྨྲ་བའི་གྲུབ་མཐའ་འགོག་བྱེད་རྣམས་ཆོས་ཀྱི་བདག་འགོགས་པ་ལ་སྦྱོར་ཤེས་དགོས་གསུངས། ༈ གང་ལའང་རྟེན་འབྲེལ་གནད་དུ་ཆེ། ༈ ངག་དབང་བཤད་སྒྲུབ་ཀྱི་རླུང་རས་དམར་པོ་ཡིན། ཉི་དགའི་དཀོར་ཡིན། དེ་ཁོང་གི་ཐུགས་ལ་མི་འབེན། ཕྱིས་ཉི་དགའ་ཚང་ལ་གྲང་བའི་ནད་གཞི་འབྱུང་བའི་རྐྱེན་དེ་ལས་བྱུང་གསུངས། ཐུན་མཚམས་སུ་བླ་མའི་མོས་གུས་དང་ལྟ་བའི་དྲན་འཛིན་གཙོ། ཚེ་སྒྲུབ་ལ་བསྒོམ་ཐུབ་ན་གྲུབ་རྒྱལ་ལུགས་ཀྱི་བསྐྱེད་རྫོགས་ཟུང་འཇུག་དེ་བས་ཟབ་པ་མེད། ༈ སྔགས་འདོན་རྒྱུ་ལ། སྒྲ་མི་སྙན་གྱི་རང་གཟུངས་དེ་བཟང་གསུངས། ༈ བིར་སྲུང་དེ་ཁྱེད་ལ་གནད་ཆེ་བར་འདུག་པས་རེམ་གསུངས། ༈ རིམས་སྲུང་ལ། བྲག་རྫོང་མའི་དེ་ཟབ་ངེས་པ་ཡིན་གསུངས། ༈ མཁའ་སྤྱོད་མའི་དཔེ་གསུམ་གྱིས་དོན་གཅིག་གཏན་ལ་དབབ་གསུང་བ་འདི་དང་། བིར་སྲུང་ནང་མ་དེ་གཉིས་གནད་གཅིག་པས། རླུང་སེམས་དབུ་མར་སྡུད་པ་ལ་འདི་ལ་ཟབ་པ་མེད་གསུངས། ༈ ལམ་ཟབ་ནང་མའི་ཀྱེ་རྡོ་རྗེར་བདག་མེད་མ་ལ་ཐིམ་ཞེས་པ་དེ་མི་དག །འདི་གཉིས་ཐབས་ཤེས་རབ་གྱི་ཆ་ཙམ་ཡིན་པས་ཀྱེ་རྡོ་རྗེ་ཡབ་ཡུམ་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ་ལ་ཐིམ་ཞེས་བརྗོད་ན་ལེགས་གསུངས། ༈ རླུང་རོ་བསལ་ཚེ་ལྷག་མ་ལུས་ན་ན་གཞི་རེད་འགྲོ་བས་ལྷག་མ་མེད་པར་འབུད་གསུངས། ནང་དུ་རྔུབ་ཚེ་སྒྲ་བཅས་རེད་ན་གྲང་བའི་ནད་གཞི་བསྐྱེད་འོང་བས་སྒྲ་མེད་དུ་རྔུབ་དགོས། རླུང་མི་ཐུབ་ན་དལ་བུས་གཏོང་དགོས་གསུངས། ༈ པོད་དམར་ནང་གི་ངོར་ཆེན་གྱི་བིར་སྲུང་ལྟོས་དང་གནད་ཡོད་གསུངས། ༈ འཆི་ཁ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་ལྟར་བྱས་ན་ལེགས། ཚུལ་ཁྲིམས་ཡང་དག་ལྡན་པའི་མདོ་དང་། སྲིད་འཕོ་སོགས་དུམ་གཅིག་རེད་གསུངས། ༈ རླུང་རྐྱང་མ་བཟུང་བས་དྲོད་སྐྱེ་དཀའ། མེ་དམིགས་ཤིག་དང་འདྲེ་ན་དགའ། ༈ ནང་མའི་སྐབས། རོ་མ་ནས་མེ་འབར་བས་ཁམས་སྙིགས་མ་རྣམས་བསྲེགས། ཧཾ་ལ་ཕོག་དེ་ལས་ཁམས་དཀར་པོ་དངུལ་ཆུའི་མདོག་ལྟར་བསམ་འཁོར་ལོ་རྣམས་གསོས། རོ་རྐྱང་གཉིས་ཀྱི་རླུང་སེམས་དབུ་མར་ཞུགས་པར་བསྒོམ། དེ་ཡང་རླུང་འཛིན་པའི་ཚེ་རོ་རྐྱང་གཉིས་ཀྱི་རླུང་རྔུབ་པའི་རྐྱེན་གྱིས་དེད་དེ། དབུ་མར་ཞུགས་པར་བསྒོམ་ན་སྣང་བ་སེམས་ཡིན་གནད་ཀྱི་དུ་འོང་གསུངས། འཆི་ཁའི་དམ་ཚིག་ལ་གསོ་བ་བདག་འཇུག་དང་ལམ་དུས་གཉིས་གཙོ། དེ་བཞིན་དུ་སྒོ་གསུམ་གྱི་དམ་ཚིག་གསོ་བའི་དམིགས་པ་ལེགས་པོ་ཞིག་འཛིན་ཤེས་ནས་བཟུང་བླ་མའི་རྣལ་འབྱོར་ཁོ་ནས་དམ་ཚིག་ཐུབ། བླ་མ་རང་ལ་བསྟིམས་ཏེ་དབང་བཞི་དུས་གཅིག་ལ་ལེན་པའི་དམིགས་པ་བྱེད་ན་ཆོག་པ་འདྲ་གསུངས། ༈ སྔར་བྱས་སྡིག་པ་ཐམས་ཅད། ད་ལྟའི་རིག་པ་སྐད་ཅིག་མའི་རྣམ་འཕྲུལ་དུ་ཤེས། དེ་ཡང་བླ་མ་དང་ངོ་བོ་དབྱེར་མེད་དུ་ཤེས་ནས་ལྟ་ཐོག་ཏུ་འཇོག་པ་གནད་ཆེ་ཞེས་གསུངས། ༈ ཁྱེད་ཀྱིས་དང་པོ་ལྟ་བ་འདི་ལ་ནན་ཏན་གྱིས། དེ་ནས་ཡིག་བརྒྱ་འབུམ་ཐེར་གཅིག་འདོན་བསྒོམ་བསྒྲགས་ནས་རེམ། ཕྱིན་ཆད་དམ་ཚིག་ལ་གཅེས་སྤྲས་དང་བཅས་གསང་ཁྲིད་བསྒོམ། དེ་ནས་རང་ལུས་ཕྲུ་མ་ཕུས་བཏབ་པ་ལྟར་སྟོང་སེང་ངེ་ཡོད་པ། ལག་མཛུབ་ཀྱི་ནང་ཚུན་ཆོད་སྟོང་པར་མ་ཟད་སྙན་གཤོག་ཤིན་ཏུ་སྲབ་པའི་ནང་ཡང་སྟོང་སེང་ངེ་བ། ནང་རྩ་གསུམ་འཁོར་ལོ་ལྔ་ཡང་འཇའ་ཚོན་ཤར་བ་ལྟ་བུ། པུ་ཏྲ་མིང་སྲིང་ཡང་། ལྷ་བཅུ་གཉིས་མའི་ལྷ་ངོ་བསྟན་པ་ལྟར། མགོན་པོ་ཡེ་ཤེས་ཀྱི་རྣམ་འཕྲུལ་དུ་བལྟ་བ་ལས་དྲེགས་པ་རང་རྒྱུད་པར་ནམ་ཡང་མི་འཛིན་པ་ཤིན་ཏུ་གལ་ཆེ། ༈ བུད་མེད་བཅུ་གཅིག་བསད་པ་ཞིག་གིས། བྱང་སེམས་ཟླ་རྒྱལ་གྱི་དྲུང་དུ་སྨྱུང་གནས་རྣམ་དག་ལྔ། ཆ་ལེ་ཆོ་ལེ་གཅིག །གདན་ནོན་གཅིག་བསྡད་པས། ཕྱི་མ་རྒྱ་གར་གྱི་བྲམ་ཟེའི་བུར་སྐྱེས། དེ་ནས་བདེ་བ་ཅན་དུ་སོང་བར་གསུངས་པ་ལྟར་སྡིག་པ་འདགས་པ་ལ་ཚེགས་མེད་གསུངས། ༈ སྔོན་གྱི་སྡིག་པ་དང་། ད་ལྟའི་སེམས་གཉིས། གཅིག་ཐ་དད་དཔྱད་ན་དབུ་མ་འཇུག་པའི་ས་སྨྱུག་ལ་དཔྱད་པའི་སྐབས་ལྟར་ཤེས་པར་བྱོས་གསུངས། ༈ ཕྱི་རོལ་གྱི་དྲེགས་པ་རྒྱུད་གསུམ་རྣམས། ནང་རྩ་ཐིག་རླུང་གི་རྟེན་འབྲེལ་ལས་བྱུང་བར་ཤེས། དེ་སེམས་གསལ་སྟོང་ཟུང་འཇུག་གི་རོལ་པར་ཤེས། སེམས་ཉིད་བརྗོད་བྲལ་བློ་འདས་ཀྱི་ངང་ལ་མཉམ་པར་འཇོག་པ་ལྟ་བ། ཉམས་ལེན་དེ་བསྐྱེད་རྫོགས་ཟུང་འཇུག་ཏུ་ཤེས་པ་བསྒོམ་པ། རྗེས་སྣང་ཐམས་ཅད་ལ་ཉམས་ལེན་དེས་རྩིས་ཟིན་པ་སྤྱོད་པ་ཡིན་གསུངས། ༈ རླུང་གཏོང་དུས་རྔུབ་ནས་གཏོང་བ་དེ་མི་རུང་གསུངས། ༈ བཟློག་པའི་སྐབས་རོ་མ་རྣམས་ཞབས་གི་མགོན་པོའི་ཞལ་དུ་བཏབ། ཤ་ཁྲག་གི་གཏོར་མས་མཉེས། ལྟེ་བའི་རླུང་མེའི་སྟོབས་ཀྱིིས་བསྲེག་ཞུ་སྦྱངས་ཏེ། དྭངས་མ་རྣམས་སྐུ་སྟོད་དུ་སོང་། སྙིགས་མ་སྐུ་སྨད་དུ་ལུས་པ་ནམ་མཁའ་ལ་དེངས། དྭངས་མ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པས་སྐུ་ལུས་ཀྱི་ནང་ཐམས་ཅད་གང་། མཐུ་སྟོབས་ནུས་པ་འཕེལ་ཞིང་། བདེ་ཆེན་ཡེ་ཤེས་ཀྱིས་མཉེས་ནས་འགྲོ་བ་ཐུན་མོང་བས་གྲུབ། འཁོར་ལོ་སེར་ཆུང་དང་། དྲག་པོ་སྔགས་རྒོད་གཉིས་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བ་ལ་གནད་ཆེ་གསུངས། དྲག་པོ་སྔགས་རྒོད་ཀྱི་ལུས་ལ་དྲོད་སྐྱེས་གསུངས། ༈ ཁྱོད་གསང་ཁྲིད་ལ་སྡོད་པ་ལ་དང་པོ་ཕྱི་ཁྲིད་ཀྱི་བསྙེན་པ་མ་ཧཱ་ཀ་ལ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཅན་ཞིག་ཕུད། དེ་ནས་ཡིག་བརྒྱ་འབུམ་ཕྲག་གཅིག་གནད་དུ་འགྲོ་ངེས། རྩ་གསུམ་འཁོར་ལོ་ལྔ་གསལ་བཏབ་ནས། བདུད་རྩི་འབེབས་སྦྱོང་གི་དམིགས་པ་བྱས་ན། དངོས་གཞི་རྫོགས་རིམ་ལམ་དུ་འགྲོ་བ་ལ་ཕན། དེའི་དུས་སུ་དམ་ཚིག་ལ་སྲུང་སྡོམ་དང་། སེམས་ཅན་ལ་སྙིང་རྗེ། བླ་མ་ལ་མོས་གུས་རྣམས་གལ་ཆེ། རྩུབ་ཉམས་ཆེན་པོའང་འབྱུང་ཉེ་ཆེ་ཡང་། དེ་ལ་འཇིགས་སྐྲག་མི་བྱེད་པར་གང་ཤར་རང་སེམས་ཀྱི་ཆོ་འཕྲུལ། དེ་ཡང་བློ་འདས་བརྗོད་བྲལ་གྱི་ངང་ལ་བཞག་ནས། ལྟ་བའི་ངང་ལས་མ་གཡོས་པར་གནམ་ས་མགོ་མཇུག་ལོག་ཡོང་ཡང་། ཉམས་ང་བག་ཚ་འཆོར་མི་ཉན། ཆོས་སྐྱོང་འགྲུབ་པའི་སྔ་ལྟས་ལ་ཡང་རྩུབ་ཉམས་འོང་གསུངས། ༈ ལྟ་བ་ཡིད་ཆེས་གཏིང་ནས་སྐྱེས། ནང་རྩ་འཁོར་ཐམས་ཅད་དྭངས་གསལ་འཇའ་ཚོན་འདྲ་བ་དེའི་ནང་ཁམ་དཀར་དམར་གྱིས་གང་བས། དེ་ཡང་གདོས་བཅས་མ་ཡིན་པ་གསལ་སྟོང་ཟུང་འཇུག་གི་རང་གདངས། ཆོས་ཉིད་བརྗོད་པའི་མཐའ་ཐམས་ཅད་བྲལ་བར་ཤེས་ནས་དེའི་སྟེང་ལ་མཉམ་པར་འཇོག་ནུས་ཐུབ་དགོས། འདིའི་བོགས་འདོན་གེགས་སེལ་ཐམས་ཅད་ལ་བླ་མའི་རྣལ་འབྱོར་འདི་ཟབ་གསུངས། ཀུན་སྤྱོད་རྩང་ནས་འཆོར་བར་སྤྱོད་ན་སྤུ་གྲི་རུམ་བཅུག་འདྲ་གསུངས་པ་ལྟ་བུ་ཡིན་གསུངས། ༈ ཁྱོད་ལ་ལས་འཕྲོ་ཡོད་པར་འདུག་པས། དེ་སད་པ་ལ་འདི་གནད་དུ་ཆེ། དཀོར་གདུལ་བྱ་བྱེད་པ་ལས། ནོར་སྒྲུབ་འདི་བཟང། དེ་ལ་དམ་ཚིག་དང་བྱང་སེམས་གཉིས་མེད་ན་མི་འགྲུབ། ཁོང་གིས་བདེན་སྟོབས་བརྗོད་པའི་ཚིག་དེ་འདྲའི་སྣང་བ་དང་། རྐྱེན་ངན་བར་ཆད་ཐམས་ཅད་རང་སེམས་སྐད་ཅིག་མའི་ཆོ་འཕྲུལ། དེ་ཡང་སྤྲོས་བྲལ་གྱི་ལྟ་བའི་ངང་ལ་བཞག་པས་གཡོ་འགུལ་མེད་པར་ཁྲིགས་སེ་འགྲིགས་པ་ཞིག་འོང་གིན་འདུག་གསུངས། ༈ རྗེ་ས་ཆེན་གྱིས། ཞིང་དང་དངོས་པོ་བསམ་པ་གསུམ། །གཅིག་དུ་དྲིལ་ལ་གསོལ་བ་ཐོབ། །ཅེས་གསུངས་པ་གནད་འདི་འདྲ་ལ་གོ་བ་ཡིན་ནོ་གསུངས། ༈ ཁྱོད་ཀྱིས་བླ་མ་ལ་ཆགས་ཕྱི་སྒྲུབ་ལུགས། བླ་མ་བསྟེན་ལུགས་བཟང་བས་ཁྱོད་ཚེ་མཇུག་ལ་བར་ཆད་ཀྱི་དབང་དུ་མི་འགྲོ་སྙམ་གསུངས། ༈ ཁྱོད་ལ་གསང་སྒྲུབ་ཀྱི་སྐོར་དེ་སྔར་སྨྲས་པ་རྣམས། བརྗེད་མི་ཉན། ཚེ་རབས་སྔོན་མ་ནས་ལྷ་འདི་ལ་ལས་འབྲེལ་ཡོད་པ་ལྟར་འདུག་པས་རེམ་དགོས་དེ་ཡང་ལྟ་བའི་ངང་ནས། སྣང་བ་འདྲ་མིན་དུ་མ་ལ་སྐྲག་སྔངས་གཏན་ནས་མི་སྐྱེ་བའམ། ཅུང་ཟད་སྐྱེས་ཀྱང་རྟོགས་པའི་བོགས་འདོན་དུ་གྱུར་ནས། ཕྱིའི་སྣང་བ་རྣམས་རྩ་ཁམས་ཀྱི་རྟེན་འབྲེལ། དེ་གསལ་སྟོང་ཟུང་འཇུག་གི་རོལ་བ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་ངོ་ཤེས། དེའི་ངང་ལས་གཡོ་འགུལ་མེད་པར་སྡོད་ཚུགས་པ་ཞིག་ཅི་ནས་རེམ་གསུངས། ཁོང་གིས་ད་ལྟ་མཉམ་པར་བཞག་མ་ཐག །རིག་པའི་ཡེ་ཤེས་རྗེན་ལ་བུད་ནས། དེའི་ངང་ལ་རྒྱུན་དུ་གནས་པ་ཞིག་རེད་གསུངས། ༈ བལ་པོ་བྷ་རོའི་ཕྱག་ཆད་པ་འཇིགས་བྱེད་ཀྱིས་ཞལ་གཟིགས་ནས། ཁོང་ལ་ཐིམ་པའི་སྣང་བ་ཤར་ནས་ཕྱག་ཞབས་གསར་དུ་སྐྱེས་པ། དགེ་སློང་མ་དཔལ་མོའི་ཕྱག་ཆད་པ་སྤྱན་རས་གཟིགས་ཀྱིས་ཞལ་གཟིགས་ནས་སོར་ཆུད་པ་དང་། མཆོག་སྲེད་ཀྱི་སྦྱིན་བསྲེག་གི་མེའི་ནང་ནས་ཐུགས་རྗེ་ཆེན་པོའི་ཞལ་གཟིགས་པ་ལས། གྲུབ་པ་ཆེན་པོ་བརྒྱད་ཀྱི་སྒོ་ནས་འགྲོ་དོན་འབྱུང་བའི་དངོས་གྲུབ་ཞུས་པས་གནང་བ་ལྟར། སྔར་ལྷའི་ཞལ་མཐོང་བ་ལ་དངོས་གྲུབ་ཆེན་པོ་ཐོབ་པའི་ལོ་རྒྱུས་ཡོད། དེང་སང་ནི་དེ་འདྲ་མ་རེད་གསུངས། ༈ ཁྱོད་ཀྱིས་སྣང་གསུམ་ལ་རེམ་གསུང་བ་དེ། ཚེ་འདིར་ཞེན་པ་ཆོད་གསུངས་པ་ཡིན་ནམ་སྙམ་པ་དང་། མི་ལས་རས་ཆུང་བའི་ང་རྒྱལ་བཅག་ཚུལ་གསུངས་པ་དེ་ང་རྒྱལ་ཆུང་དགོས་གསུངས་པ་ཡིན་ནམ་སྙམ་པ་ཤར། ༈ དང་པོ་བླ་མ་དཀོན་མཆོག་ལ་ཕྱག་མཆོད། གསོལ་འདེབས་སོགས་མོས་གུས་དྲག་པོ་བསྒོམ། དེ་ནས་ཞིང་དག་པ་བསམ་པ་དངོས་པོ་གསུམ་སོགས་གསུངས་པ་ལྟར། དེ་ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་ནས་སྣང་སེམས་བསྲེས་དེ་ནས་དབྱིངས་རིག་བསྲེས་ནས་འཇོག་པ་རིམ་གྱིས་བྱེད་པ་ལས། དང་པོ་ཉིད་ནས་ཐམས་ཅད་ཆབས་གཅིག་ལ་མི་འོང་གསུངས། ༈ གཞུང་རྩ་བ་རྣམས་བློ་ལ་ཨེ་ལོན་ལྟོས། ཐོས་བསམ་བསྒོམ་གསུམ་དཀྲུགས་མར་གྱིས་ལ་རེམས་གསུངས། ༈ ཁྱོད་ལ་ནག་པོ་ཆེན་པོས་ཞལ་གཟིགས་འོང་དངོས་གྲུབ་ཞུ་བ་ཆུང་མི་རུང་གསུངས། ཀླུ་ཆེན་བརྒྱད་བྲན་དུ་འཁོར་བ་ཞིག་ཞུ་ནའང་དོན་ཆེ་གསུངས། ༈ རྡོར་སེམས་སྐབས་རྩ་འཁོར་གསལ་བཏབ་དབང་བཞི་ལེན་པའི་དམིགས་པ་བྱེད་དགོས། ༈ འཇོ་བེར་གསེར་མ་གར་གོས་ཏེ་བེར་རེད་གསུངས། སག་ཏིའི་ལྷམ་འཇའ་རིས་མ་རེད་ཁྱེད་ཀྱི་གསང་ཁྲིད་བསྒོམ་དུས་བདེ་བ་སྒྲུབ་པའི་དམིགས་པ་བསྒོམ་ཞིང་། འབར་འཛག་སྐྲ་བཤད་འཛངས་པ་ལྟ་བུ་ལ་སེམས་གཏད་ནས་སྐབས་སུ་མ་ཧཱ་ཀཱ་ལ་བཟླས། སྐབས་སུ་བསྒོམ་ན་ལུས་ལ་བདེ་དྲོད་སྐྱེས། དེས་ཁམས་སྙིགས་མ་ཟད། དྭངས་མ་འཕེལ། དེས་ལུས་ཟག་མེད་འཇའ་ལུས་དང་སེམས་རྟོག་མེད་ཆོས་སྐུ་འགྲུབ་པ་ཡིན་གསུངས། ༈ བདག་བསྐྱེད་རྒྱས་པ་འདོན་ལུགས་མ་བྱུང་ན་སྐད་ཅིག་གིས་རང་ལྷར་བསྐྱེད། རྩ་གསུམ་འཁོར་ལོ་ལྔ་གསལ་བཏབ་པས་རྫོགས་རིམ་བསྒོམ་ན་ཆོག་སྟེ། བ་རེ་བི་ར་ཚར་གཅིག་ལས་དམིགས་པ་གསལ་བ་དེ་འདྲ་བཟང་གསུངས། ༈ ལེགས་པ་རིན་པོ་ཆེ་དོན་འགྲུབ་ལ་སྤྲུལ་སྐུ་ཚང་སྐུ་ཁམས་བདེ་མིན་ཅི་འདྲ་དྲིས་པས། ཕྱག་ལག་སྐྲང་པས་སྨྱུང་བ་དང་། ཤངས་མཚལ་ཡང་ཅུང་ཟད་བབས་ཚུལ་ཟེར་བས་ཡིད་སྐྱོ་ངམ་གྱིས་གདུང་བར་གྱུར། ལར་ཁྱེད་ལྟ་བུའི་གང་ཟག་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཅན་རྣམས་ཀྱིས། ཆོས་རྗེས་ས་པཎ་གྱིས་གུ་ཤྲཱི་ཇོ་འབུམ་ལ་གནང་བའི་བླ་མའི་རྣལ་འབྱོར་གྱི་དོན་ལྟར། ལམ་ཟབ་མོ་བླ་མའི་རྣལ་འབྱོར་དཀྱུས་བཞིན་གསལ་བཏབ་ནས་ཀུ་ས་ལིའི་ཚོགས་བསོག་དམིགས་པ་ཤིན་ཏུ་གསལ་བ་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་གདེང་དང་ལྡན་པའི་སྒོ་ནས་བསྒོམ་ན་ལུས་ནད་ཐམས་ཅད་ལྷག་མེད་དུ་ཞི་འགྲོ་བར་གསུངས། ༈ དེའང་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་གཅིག་ཉིད་དེ་དང་དེར་ཤར་བའི་གནད་ལ་ངེས་ཤེས་གཏིང་ནས་རྙེད་པ་རྣམས་ཀྱི་ལུས་དངོས་སུ་བཏང་བ་དང་། དམིགས་པས་བཏང་བ་གཉིས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པ་གནས་ལུགས་མངོན་སུམ་རིག་པ་ཐུབ་དབང་ཤཱཀྱའི་རྒྱལ་པོའི་གསུང་རབ་དུ་མ་ནས་གསལ་བ་ཐུགས་ལ་མངའ་བ་ལྟར་ལགས། དེའི་ཕྱིར་ནང་གི་ཚོགས་མཆོད་ཚར་བརྒྱ་ཕྲག་གཅིག་བསགས་ན་ནད་གདོན་ཕྲ་རག་ཐབས་ཅད་ལྷག་མེད་དུ་ཞི་འགྲོ། དེ་ལ་གནད་འདི་བཞིན་ཤེས་དགོས་ཏེ། བླ་མ་ལ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་ཐག་ཆོད་ཅིང་ཡིད་གཉིས་དང་ཐེ་ཚོམ་གཏན་ནས་མེད་པའི་མོས་གུས་ཀྱི་གདུང་བ་དྲག་པོ་དུས་མཐའི་མེ་ལྟར་འབར་བ་དང་གཅིག །དངོས་གཞིའི་དམིགས་རྣམ་ཤིན་ཏུ་གསལ་བར་བསྒོམ་པ་དང་གཉིས། དེ་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་རྒྱས་ཐེབས་པ་དང་གསུམ་འཛོམ་ན་ཕན་ཡོན་གོང་བཞིན་འབྱུང་བ་ལ་ཐེ་ཚོམ་མེད། ༈ དེའང་བདུད་རྩི་སྦྱིན་པའི་སྐབས་སུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཉན་ཐོས་རང་རྒྱལ་ཆོས་སྲུང་ནོར་ལྷ་རིགས་དྲུག་ལྷར་གསལ་བ་བཅས་ལ་ཕུལ་ཚར་རྗེས། རང་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ལོག་འདྲེན་ལན་ཆགས་ཀྱི་མགྲོན་དང་བཅས་པ་རྣམས་མདུན་བསྐོར་དུ་འཁོད་པ་ལ་བདུད་རྩི་བྱིན་པས་གནོད་སེམས་གདུག་རྩུབ་རྣམས་ཞི། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་ནས་སངས་རྒྱས་པར་བསམ་པ་སོགས་དཀྱུས་བཞིན་བྱའོ། ༈ །ནད་གདོན་གྱིས་གཏན་མི་བརྫི་བའི་གདེང་ཐོབ་ནས། ཉིད་ཀྱི་ལྷག་པའི་ལྷ་མོའི་བསྙེན་བསྒྲུབ་ལ་བརྩོན་པར་མཛད་ན་ཤེས་རབ་ཀྱི་རྩ་སྒོོ་ཐམས་ཅད་ཕྱེ་ནས། པཎ་ཆེན་མི་ཕམ་པར་བསྟོད་པར། རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས། །དགོངས་པའི་ཀློང་ནས་སྤོབ་པའི་གཏེར་བརྒྱད་གྲོལ། ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ་བདག་ཆེ། །ཨ་ཛི་ཏ་བི་ཛ་ཡ་ལ་གསོལ་བ་འདེབས། །ཞེས་པ་ལྟ་བུ་ཡོན་ཏན་མངོན་དུ་མཛད་ནས། རྣམ་དག་རིགས་པས་ལོག་སྨྲ་ཚར་གཅོད་ཅིང་། །གཞུང་བརྒྱ་རྩོད་པས་སྐལ་ལྡན་རྗེས་སུ་འཛིན། །སྡེབ་ལེགས་རྩོམ་པས་མཁས་པ་མགུ་བ་བསྐྱེད། །སྨྲ་བ་ཀུན་གྱི་གཙུག་རྒྱན་ལ་ཕྱག་འཚལ། །ཞེས་པ་ལྟ་བུའི་མཁས་པའི་བྱ་བས་བསྟན་འགྲོའི་དོན་མཛད་པ་མཁྱེན་མཁྱེན། ༈ བླ་མ་བློ་གྲོས་ཕུན་ཚོགས་དེ་ནི། རྗེ་ས་པཎ་གྱིས། ལྟ་བ་སྤྲོས་བྲལ་རྣམ་དག་ཤུགས་འཆང་ལུས། །ཡེངས་མེད་བསྒོམ་པ་རྣམ་དག་ཡན་ལག་ལྡན། །སྤྱོད་པ་རྣམ་དག་གཡུ་ཡི་རལ་བ་ཅན། །སེངྒེ་གངས་ལ་འགྱིང་བའི་བསྒོམ་ཆེན་ལགས། །ཞེས་གསུངས་པའི་ཡོན་ཏན་དང་ལྡན་འདུག་དེང་སང་བསྒོམ་ཆེན་ཕལ་ཆེར་ལ། གཞན་ངོ་བསྲུང་བའི་ཆེད་དུ་ཡག་པོ་རེད་བཟང་པོ་ལོས་ཡིན་ཟེར་བ་ཙམ་མ་གཏོགས་སྙིང་ནས་མགུ་བ་གཅིག་ཀྱང་མ་བྱུང་། རྣལ་འབྱོར་དབང་ཕྱུག་མ་ཏིའི་མཚན་ཅན་གང་ལ་དང་འདོད་ཀྱིས་དད་པ་སྙིང་ནས་སྐྱེས་སོ། ༈ །བླ་མ་ལ་ཕྱག་འཚལ་ལོ། །ཀུན་རིག་དབང་གི་གོ་དོན་ལ། འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་ངང་ནས་བླ་མེད་ཀྱི་རིགས་པའི་དབང་ལྔ་སོགས་ཀྱི་གོ་བ་སྦྱར་ནས། རང་གིས་ལེན་པ་དང་གཞན་ལ་དབང་བསྐུར་ཨེ་རུང་ལགས། འདི་བཞིན་ཆོག་ཤེས་གསུངས། ༈ དཀྱིལ་འཁོར་ལ་བུམ་པ་འབུལ་ཨེ་དགོས། མ་མ་རིན་ཆེན་སོགས་ལ་དཔྱད། ཨ་མེས་ཞབས་ཀྱིས་བདག་མེད་སྒྲུབ་ཐབས་རྣམ་བཤད་ན་བུམ་པ་ཕུལ་ན་ཆོ་ག་རྒྱས་པའི་ཡན་ལག་ཡིན། མ་ཕུལ་ཀྱང་ཆད་སྐྱོན་མེད་འདུག་གསུངས། ༈ སྨིན་བྱེད་ཀྱི་རྒྱུ་དབང་ཐོབ། ལམ་དབང་ཐོབ་ནས་ཡང་རྒྱུ་དབང་ཞུ་ཚེ། ལུས་དཀྱིལ་གྱིས་ལེན་པའི་དམིགས་པ་བྱེད་དགོས་སམ། འདི་ཡང་དམིགས་པ་འདི་བཞིན་བྱེད་པ་ཡིན་གསུངས། ༈ བདག་མེད་གཉིས་ལྷན་གཅིག་ལ་བསྒོམ་རྒྱུ་དེ་ལེགས་གསུངས། ༈ མུས་ཆེན་སངས་རྒྱས་རིན་ཆེན་གྱིས། ལྷ་མོ་བརྒྱད་ལ་ཐིམ་ཞེས་པའི་རྗེས་སུ། སྙིང་གའི་འོད་ཟེར་གྱི་བླ་མ་ཧེ་རུ་ཀཿམགོན་པོ་ལྷ་དགུའི་རྣམ་པར་སྤྱན་དྲངས་རང་ལ་བསྟིམ་ནས་ལུས་དཀྱིལ་གསལ་འདེབས་པ་ཡིན། ༈ ཁོང་གིས་བདག་གཞན་བརྗེ་བ་བསྒོམ་ཚེ་ད་ལྟ་རང་དམྱལ་བར་གནས་དགོས་པ་བྱུང་ཡང་། སེམས་ཅན་གཞན་བདེ་ན་ངེས་པར་བཟོད་སྙམ་པའི་ལྷག་བསམ་འབྱུང་བར་འདུག་གསུངས། ༈ ཞབས་ནོན་བདུད་བཞི་ལག་གཉིས་སྤྱི་བོར་ཐལ་མོ་སྦྱར་བ་ཡིན། སྙིང་གར་སྦྱར་ན་མི་བདེ་གསུངས། དྲག་པོ་ནག་པོ་ཁྲོས་ཉམས་ཅན་དེ་མི་འཐད། ལྷ་མོ་བརྒྱད་ཀྱི་གདན་རྣམས་ལ་དར་དང་རིན་པོ་ཆེའི་རྒྱན་ཡོད། སྤྱི་བོར་ཐལ་མོ་སྦྱར་ནས་མགོ་གཡོན་དུ་བསྟན་ནས་ཡོད། གཞལ་ཡས་ཁང་གི་རྟ་བབས། ༈ མུས་ཆེན་སངས་རྒྱས་རིན་ཆེན་གྱི་མཛད་པའི་རྣམ་བཤད་སྙིང་པོ་དོན་གསལ་དུ་མན་ངག་རྣམ་བཤད་དུ་འདྲ་བའི་རྗེ་བཙུན་གྱི་ལཱུ་ཧི་པའི་སྒྲུབ་ཐབས་ཀྱི་ལུགས་དེ། ངོར་ཆེན་གྱི་དགོངས་པ་དང་འགྲིགས་ཀྱི། ཀུན་མཁྱེན་གསུངས་དང་མི་འབྱོར་ཞེས་གསུངས་ཡོད་པས། ཉི་ཟེར་དང་མན་ངག་རྣམ་བཤད་ཀྱི་རྟ་བབས་མི་འགྲིགས་གསུངས། ༈ མཁའ་སྤྱོད་སྦྱིན་བསྲེག་སྐབས་རིགས་དྲུག་གི་ས་བོན་བསྟིམས་ནས་གནས་སྦྱོང་གི་དམིགས་པ་རུང་གསུངས། འཇམ་དབྱངས་སྦགས་སྒྲུབ་ལ་བསྡད་ན་དྲག་པ་ལ་ཕན་གསུངས། ༈ མགོན་པོའི་གསང་སྒྲུབ་འདི་ལ་སྤྱོད་ལམ་ཤིན་ཏུ་དམ་དགོས་པས་མི་གཞན་གྱིས་མཐོང་སོང་ན་བར་ཆད་འབྱུང་བས། ཆུ་ལེན་སོགས་ལ་འགྲོ་མི་རུང་དམ་ཚིག་ཆག་ཉམས་འབྱུང་བ་ལ་འཁུ་ལྡོག་འབྱུང་བས་ཡིག་བརྒྱ་ནན་ཏན་གྱིས། བདག་འཇུག་དང་ལམ་དུས། བླ་མའི་རྣལ་འབྱོར་རྣམས་ཀྱི་དམ་ཚིག་གསོས། ད་ཁྱོད་ཀྱི་མདོར་བསྡུས་བསམ་དུས་ལ་ཐུགས་འདུག་པས། མགོན་པོའི་གསང་ཁྲིད་གྱི་ཉམས་ལེན་འདི་ལ་རེམས། འདི་ལ་བསྟེན་ནས། ཁྱོད་ཀྱི་དངོས་གྲུབ་ཆེན་པོ་ཞིག་ཐོབ་འོང་སྙམ་གསུངས། ༈ རྨི་ལམ་དང་སྒྱུ་ལུས་ལ་སྦྱོངས། རྨི་ལམ་གྱི་སེམས་དང་། སྒྱུ་ལུས་ཀྱི་ལུས་ལ་བདེན་འཛིན་འཇིག་པ་རེད་གསུངས། ༈ བླ་ན་མེད་པའི་སྐྱབས་འགྲོའི་ངོས་འཛིན་གོང་ཞུས་ལྟར་རེད་འདུག་གསུངས། ༈ སྔོན་འགྲོ་ཚོགས་བསགས་སྐབས། རང་ཉིད་ཀྱེ་རྡོར་དུ་གསལ་བ་སོགས། སྦྱང་གཞི་སྦྱོང་བྱེད་ལེགས་པར་ངོ་འཕྲོད་ན། ཉག་མགོན་ལྟ་བུའི་སྡིག་རྒན་ཡིན་ཀྱང་། ཚེ་གཅིག་གིས་སངས་རྒྱས་པའི་ནུས་པ་ཡིན་ཏེ། གསེར་འགྱུར་གྱི་རྩི་ལྟ་བུའི་གདམས་ངག་ཅེས་པའི་གནད་ཡིན་གསུངས། ༈ ཀྱེ་རྡོར་དཀྱིལ་ཐང་ཁ་ཤར་ལ་བསྟན། སློབ་དཔོན་རང་ཉིད་གང་བདེར་བསྡད་ནས། དཀྱིལ་འཁོར་ལ་ཁ་ཕྱོགས་པར་མོས་པས་ཆོག །མཁའ་སྤྱོད་མ་ལ་དཀྱིལ་འཁོར་ལྷོ་ལ་སྟོན་དགོས། སློབ་དཔོན་གང་བདེར་འཁོད་པ་གར་གྱི་གཡས་བརྐྱང་སོགས། ལྟ་བས་ཟིན་པས། ཕྱི་ནང་གི་རྟེན་འབྲེལ་གྱི་གནད་ཤེས་པ་མཚོན་བྱ་མཚོན་བྱེད་སྦྱར་ཤེས་དགོས་གསུངས། དབུ་མ་སྦྱར་ནས་ཆོས་ཐམས་ཅད་བདེན་མེད་དུ་ཤེས། དེ་ཡང་རང་སེམས་གཅིག་ཉིད་རྒྱུ་རྐྱེན་སྣ་ཚོགས་ཀྱི་འདི་དང་དེར་སྣང་བ་མ་གཏོགས་དོན་ལ་གྲུབ་པ་མེད་ཅིང་། སེམས་ཉིད་གསལ་སྟོང་ཟུང་འཇུག་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བར་ཤེས་ན་ཆོས་སྐྱོང་ཐམས་ཅད་ལ་སྙིང་ཆུ་དུས་གཅིག་ལ་བསྲེས་ཐུབ་པ་ཡིན་པས་འཁུ་ལྡོག་མི་འབྱུང་ཞིང་མྱུར་དུ་འགྲུབ་པར་འགྱུར་བ་ཡིན་ནོ་གསུངས། ༈ སྐྱབས་སུ་འགྲོ་བའི་ཡུལ་སྐྱབས་སུ་འགྲོ་བ་པོ། སྐྱབས་སུ་འགྲོ་ཚུལ་རྣམས། རང་སེམས་ཀྱི་ཆོ་འཕྲུལ་དུ་ཐག་རྦད་ཀྱིས་བཅད་དེེ། དང་པོར་སྣང་སེམས་བསྲེས་དེ་ནས་གཉིས་འཛིན་རེ་དོགས་ཀྱིས་མ་བསླད་པར་བཅོས་མ་མེད་པར་བཞག་ནས་དབྱིངས་རིག་བསྲེ་ནུས་ན། གསལ་སྟོང་ཟུང་འཇུག་ལྷང་གིས་འཆར་བ་དེ་། ལྟ་བ་དེའི་ངང་ལས་མ་གཡོས་བཞིན། སྐྱབས་འགྲོའི་སྣང་ཆ་རྣམས་མ་འགགས་པར་ཉམས་སུ་ལེན་པ་བསྒོམ་པ་ཉམས་ལེན་དེ་ཉིད་རྗེས་ཐོབ་ཀྱི་སྣང་བ་དང་བསྲེེས་ནས་ལམ་དུ་ཁྱེར་བ་ཡིན་ནོ། ༈ །ལྟ་བ་ཤེས་རབ། བསྒོམ་པ་ཐབས། ལྟ་བསྒོམ་ཟུང་དུ་ཆུད་ན། ཐབས་ཤེས་ཟུང་འཇུག་ཏུ་འགྱུར་བ་ཡིན། དེ་ཇི་མ་ཇི་ལྟར་འཕགས་ས་མ་ཐོབ་པར་མི་འོང་ཡང་མོས་པ་ཡིད་བྱེད་ཀྱི་ཚུལ་དུ་ད་ལྟ་ནས་བསྒོམ་དགོས། ཉམས་ལེན་དེ་ལ་སྣང་གསུམ་རྒྱུད་གསུམ་སོགས་ཐམས་ཅད་ཚང་ཞིང་། ལམ་འབྲས་ཀྱི་མཚན་གྱི་རྣམ་པ་བཅུ་གཅིག་པོ་ཐམས་ཅད་ཚང་དགོས། དེ་ཡང་གཞན་རྣམས་གོ་སླའོ། ༈ །བར་ཆད་ངོ་ཤེས་པས་བདུད་ཀྱི་གེགས་སེལ་ཚུལ། ཕྱིའི་སྐྱབས་གནས་དཀོན་མཆོག་གསུམ་པོ་ཡང་རྡོ་རྗེ་ལུས་ཀྱི་རྟེན་འབྲེལ་ལས་བྱུང་བར་ཤེས་ཤིང་། དེ་ཡང་རང་སེམས་སུ་ངོ་འཕྲོད། སེམས་གསལ་སྟོང་ཟུང་འཇུག་སྐུ་གསུམ་མམ་དཀོན་མཆོག་གསུམ་གྱི་ངོ་བོར་ཐག་ཆོད་ཚེ། ཕྱི་ནང་གི་རྟེན་འབྲེལ་གྱི་དབང་གིས། བདུད་རིགས་ཆོས་སྐྱོང་དུ་ཞལ་བསྒྱུར། ཆོས་སྐྱོང་སྤྲུལ་སྐུར་གནས་འགྱུར་ནས། བར་དོ་ངོ་ཤེས་ནས་བདུད་ཀྱི་གེགས་སེལ། བྱིང་རྒོད་གྱི་རྟོག་པ་ཡེ་ཤེས་སུ་ངོ་འཕྲོད་པས། ཏིང་ངེ་འཛིན་ངོ་ཤེས་ནས་བསམ་གཏན་གྱི་གེགས་སེལ་བྱ་བ་ཡིན་ནོ། ༈ །སྔོན་གདོང་སྤྲས་བླ་མ་ཆོས་དབྱིངས་ཟེར་བ་གསང་ཁྲིད་ལ་བསྡད། དང་པོ་གཉིད་ཡལ། དེ་ནས་སྨྱོ་འབོགས་བྱུང་བ་ཡིན། དེས་ན་བླ་མའི་མོས་གུས་དང་ལྟ་བ་གནད་དུ་ཆེ། རྩུབ་ཉམས་ལ་སྐྱོན་དུ་འཛིན་མི་རུང་། ༈ ཚར་ཆེན་གྱིས་ཞལ་གྱི་དབང་གསན་ཚེ། ཁ་འུ་བྲག་རྫོང་གི་རི་གཉིས་ནས་མནན་བྱུང་བའི་ཉམས་ཤར་བས་རེ་ཞིག་དྲན་མེད་ལ་བརྒྱལ་སོང་བས། དོན་ལ་ཆོས་སྐྱོང་འགོ་བའི་རྟགས་ཡིན། སྣང་ཕྱོགས་སྟོང་ཕྱོགས་གཉིས་སྒྲོ་སྐུར་གྱིས་བསྡུས། རང་བྱུང་དང་པོ་གསུམ་བྱིང་རྒོད་ཀྱིས་བསྡུས། དགའ་བ་དང་པོ་གསུམ་བདེ་སྟོང་གི་ཕྱོགས་སུ་ལྷུང་། བཞི་པའི་ལྷན་སྐྱེས་སྐྱོན་མེད་ཡིན། གསུམ་པའི་ལྷན་སྐྱེས་རྒྱ་ཆུང་། ༈ ཡུམ་གྱི་རྐང་བརྒྱན་རྗེ་རིན་པོ་ཆེ་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་སྦས་དོན་ཀུན་གསལ་ན་ཡོད། ༈ མགོན་པོའི་བསྙེན་པ་ལ་སྡོད་པའི་ཐོག་མར་མགོན་པོ་ལྷ་དགུ་རང་སེམས་ཀྱི་ཆོ་འཕྲུལ་དེ་ཡང་རྩ་གསུམ་འཁོར་ལོ་ལྔར་རླུང་སེམས་རྒྱུ་འགྲུལ་གྱི་དབང་གིས་གདུགས་ནམ་མཁའ་ལ་འཕྱར་བའི་གྲིབ་མ་ས་ལ་འབབ་པ་བཞིན། ཕྱི་རོལ་རྒྱུད་གསུམ་གྱི་སྣང་བ་ཤར་བར་ཐག་བཅད་ནས་རང་སེམས་མ་བཅོས་པའི་ངང་དུ་མཉམ་པར་འཇོག་ནུས་ན་སེམས་ཉིད་གསལ་སྟོང་ཟུང་འཇུག་གི་ངོ་བོ་རྗེན་ལྷང་གིས་གསལ་ཡོང་བས། དེ་ལྟ་བུའི་ལྟ་བ་ཡིད་ཆེས་བཅོས་མ་ཡིན་པ་ཞིག་མ་སྐྱེས་ན། འཁུ་ལྡོག་འབྱུང་ཞིང་གནད་ཟིན་ན། ཆོས་སྐྱོང་དང་སྙིང་རྗེ་བསྲེ་བ་ཞེས་བྱ་བ། མནའ་འཇོག་པའི་དོན་ཡིན་པས། འཁུ་ལྡོག་གཏན་ནས་མི་འབྱུང་གསུངས། ༈ བླ་མ་གཞན་དགའི་ཞལ་ནས་བླ་མ་རྣམས་སྤྲུལ་གཞིའི་ཀློང་ན་ཐ་དད་མེད་ཅེས་པ་ལྷུན་གྲུབ་ཀྱིས་སྣང་ཆའི་ཀློང་ན་ཐ་དད་མེད་ཅེས་པ་དང་། སངས་རྒྱས་རྣམས་ཆོས་སྐུའི་ཀློང་ན་ཐ་དད་མེད་ཅེས་པ་ཀ་དག་དབྱིངས་ཀྱི་ངོས་ན་ཁྱད་པར་མེད་ཟེར་བ་རེད་གསུངས། ༈ ལྷ་སྣང་མེད་ཀྱང་རང་ངོ་ཤེས་པའི་ལྟ་བ་དང་མ་བྲལ་བར་ལམ་དུས་སོགས་ཉམས་སུ་བླངས་ན་དེ་བས་ལྷག་པ་ཅི་ཡོད་གསུངས། ༈ བསྒྲུབ་པའི་སློང་ཕྱིའི་མི་ཁ་དགྲ་གྱོད་སོགས་དང་། ནང་གི་ཉོན་མོངས་པ་དུག་ལྔ། གསང་བའི་བར་ཆད་རེ་དོགས་ཐེ་ཚོམ་དང་བཅས་པ་ཅི་ཙམ་ཤར་ཡང་རེ་དོགས་མེད་པར་ལམ་དུ་འཁྱེར་ཐུབ་དགོས། འཇིགས་མེད་གླིང་པ་ལ་གྲོང་བའི་མོ་བཙུན་ཡན་ཆད་ཀྱི་འཕྱ་བ་སོགས་འཚུབ་སློང་མང་པོ་བྱུང་བར་ཡོད་གསུངས། ༈ རེ་ཞིག་རང་ངོ་སྐྱོང་མི་ནས་གྲིབ་སེལ་དང་ཚེ་བསྒྲུབ་ཞིག་དང་། བག་ཡེངས་བྱས་ནས་ལྟ་བ་གཙོ་བོར་བསྒོམ་གསུངས། ༈ གྲིབ་ཕོག་གིས་དོགས་པའི་རྣམ་རྟོག་རང་གྲོལ་ལ་བཏང་། ཡང་ཡང་སྐྱེས་ན་རྗས་དེ་ལག་ཏུ་ལེན་པ་དང་སྟོད་དུ་ཁྱེར་བ་སོགས་བྱས་ནས་ཐོག་བརྫིས་བྱེད་དགོས། ཅི་ཡོང་བ་ཤོག་ཤི་ཡང་འདྲ། རྣམ་རྟོག་འཁྲུལ་བས་བྱས་པ་ཡིན་བསམ་ནས་ལམ་དུ་འཁྱེར། རྨི་ལམ་དུ་ཁམས་ཉམས་པ་ལ་དེ་ཙམ་རེ་དོགས་མི་བྱེད་པར་བཏང་སྙོམ་ལ་བཞག་ན་དགའ། དྲུང་དུ་འོང་མཁན་དེ་འདོད་ཆགས་ཅན་ཡིན་ན་རང་ལ་འདོད་ཆགས་སྐྱེ་བ་སོགས་འབྱུང་དར། ལར་འདི་འདྲིའི་རིགས་ཉམས་བཟང་ངན་ཐམས་ཅད་ལ་དགའ་སྡུག་བྱེད་མི་ཉན་གསུངས། ༈ ཆོས་དབྱིངས་མཛོད་རེ་ཞིག་གཞན་ལ་མ་བཤད་གསུངས། ༈ རྨི་ལམ་དུ་ལྷའི་ཞལ་མཐོང་བ་སོགས་ལའང་དགའ་མི་ཉན་གསུངས། ༈ ལྟ་བའི་ངང་སྐྱོང་ཐུབ་ན་དེ་སྡིག་བཤགས་ཡིན་ཆེད་དུ་ཡིག་བརྒྱ་སོགས་ལ་མ་འབད་ཀྱང་བཏུབ་གསུངས། ༈ ཉམས་ལེན་ལ་བརྟན་པ་ཞིག་མ་ཐོབ་ཀྱི་བར། རེ་ཞིག་ཆོས་འཚོལ་ཏུ་བཞག་ན་དགའ་གསུངས། ༈ ཉམས་ལེན་ཐམས་ཅད་གསང་ན་དགའ་གསུངས། ༈ བློ་གཏད་ཆིག་དྲིལ་བྱེད་ལུགས་ནི། སྐྱབས་གནས་མཐར་ཐུག་བླ་མ་ཡིན། ཡི་དམ་གང་བསྒོམ་ཀྱང་བླ་མ་ཡི་དམ་གྱི་རྣམ་པར་བྱོན་པ་ཡིན། དགོས་པའི་དབང་གིས་བླ་མ་དྲག་པོའི་རྣམ་པར་བྱོན་པ་ཡིན་བསམ་དགོས། ༈ རང་ངོ་ཤེས་པའི་གསལ་སྣང་དང་ལྡན་པའི་ངང་ནས་བདག་བསྐྱེད་བཏོན་ན་བསྐྱེད་རྫོགས་ཟུང་འཇུག་གི་ལམ་དུ་འགྱུར་གསུངས། ༈ ཟ་ངུ་ཟེར་བ་ཕ་རོལ་གྱི་རྒྱུ་རྫས་ཟ་བཞིན་དུ་ངུ་བར་མཛོད་ཟེར་བའི་དོན་རེད། ༈ ས་བདག་ཀླུ་གཉན་རྣམས་ལ་དངོས་ནས་བསང་གསུར་སོགས་མཐུན་པར་བྱ་དགོས། ༈ ཀླུའདི་འདྲིས་ངན་ཞིག་ཡིན། ཁྱུང་གི་སྒོ་ནས་ཅུང་ཟད་རེ་བསྡིག་ཀྱང་དགོས། ༈ འདྲེ་ངན་གྱི་ཆོ་འཕྲུལ་བཟློག་པ་ལ་ལྟ་བའི་ངང་དུ་འཇོག་ན་རབ། སྙིང་རྗེས་འདུལ་བ་འབྲིང་། ལྷའི་ང་རྒྱལ་གྱིས་དྲག་སྔགས་འདོན་པ་ཐ་མ་ལྟ་བུ་ཡིན། ༈ ཆོས་སྐྱོང་གི་སྐུ་བླ་མ། གསུང་ཡི་དམ། ཐུགས་མཁའ་འགྲོ། ཡོན་ཏན་ནོར་ལྷ། ཕྲིན་ལས་སྲུང་མར་ཤེས་བཞིན་པའི་ངང་ནས་གསོལ་མཆོད་ཀྱིས། ༈ རྙིང་མའི་གཤིན་རྗེའི་དཀྱིལ་འཁོར་དུ་དྲེགས་བྱེད་ཐམས་ཅད་དཀྱིལ་འཁོར་དུ་བཀོད་པ་དེ་ཐམས་ཅད་ཡེ་ཤེས་གཅིག་གི་རོལ་བར་ཤེས་པའི་གནད་ཡིན་གསུངས། ༈ དམ་སེལ་ཅན་དང་ལྷན་དུ་དབང་ཞུ་བ་སོགས་བྱེད་དགོས་ཚེ་མཉམ་ཉིད་ཀྱི་ངང་སྐྱོང་བ་གནད་ཡིན། ༈ ཚེས་བཅུའི་གཏོར་མ་ལ་སྐུ་བཞག །སྨན་རཀ་ལ་བདུད་རྩི་བཏབ་སྲུང་མའི་གསོལ་མཆོད་མདོར་བསྡུས་བྱས་ན་འཐུས། རྨི་ལམ་སྤྲུལ་བསྒྱུར་ཉིན་མོ་སྦྱང་བ་གལ་ཆེ་འོད་གསལ་ཟིན་ཐབས། དང་པོ་གཉིད། དེ་ནས་འོད་གསལ་ལ་ཟིན་པའི་གསོལ་འདེབས་བྱས་ཏེ། སེངྒེ་ཉལ་ཐབས་སུ་བྱས་ལ། མིག་ཕྱེ་བཙུམ་རན་པས་མ་ཡེངས་པར་བསྐྱང་བ་གནད་ཡིན་གསུངས། ༈ གཞི་དུས་དྲེགས་པ་རྒྱུད་གསུམ་ལ། ཕྱིའི་རྒྱུད་གསུམ་ནི། སངས་རྒྱས་ནས་གྲོང་ཁྱེར་གྱི་འགོང་པོ་ཡན་ཆད་དྲེགས་པ་ཕོ་རྒྱུད། ཡུམ་གྱི་ཆ་སྣང་བ་ནས་གྲོང་ཁྱེར་གྱི་བསེ་མོ་མན་དྲེགས་པ་མོ་རྒྱུད། བླ་མ་ཡི་དམ་ནས་ཀླུ་བཙན་མན་ཆད་གཉིས་མེད་རྒྱུད། ༈ ནང་གི་རྒྱུད་གསུམ་ནི། གཡས་རྩ་རོ་མ་དྲེགས་པ་ཕོ་རྒྱུད། གཡོན་རྐྱང་མ་མོ་རྒྱུད། དབུ་མ་གཉིས་མེད་ཀྱི་རྒྱུད་དོ། ༈ །གསང་བའི་རྒྱུད་གསུམ། གསལ་བ་ཕོ་རྒྱུད། སྟོང་པ་མོ་རྒྱུད། ཟུང་འཇུག་གཉིས་མེད་རྒྱུད། ༈ ཐབས་རྒྱུད་ཀྱི་དྲེགས་པ་རྒྱུད་གསུམ་ནི། ཕྱི་ནང་གི་ལྷ་ཐམས་ཅད་ཞལ་ཕྱག་རྒྱན་ཆ་ལུགས་རྫོགས་པ་གསལ་ལ་མ་འགགས་པར་སྣང་བ་ཕོ་རྒྱུད། ནང་རྩ་གསུམ་འཁོར་ལོ་ལྔའི་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པའི་རྫོགས་རིམ་གྱི་མོ་རྒྱུད། དེ་ལ་བརྟེན་ཏེ་སྐྱེས་པའི་ཉམས་མྱོང་གི་ཡེ་ཤེས་གཉིས་མེད་རྒྱུད། ༈ འབྲས་རྒྱུད་གྱི་དྲེགས་པ་རྒྱུད་གསུམ་ནི། སེམས་ཉིད་གསལ་བ་གློ་བུར་གྱི་དྲི་མ་དང་བྲལ་བ་སྤྲུལ་སྐུ་ནི་ཕོ་རྒྱུད། སྟོང་པ་མངོན་གྱུར་ཆོས་སྐུ་མོ་རྒྱུད། ཟུང་འཇུག་ངོ་བོ་ཉིད་སྐུ་གཉིས་མེད་ཀྱི་རྒྱུད། ཡང་ལྷ་སྐུ་སྣང་བའི་ཆ་ཕོ་རྒྱུད། རང་བཞིན་གང་དུའང་མ་གྲུབ་པའི་སྟོང་པའི་ཆ་མོ་རྒྱུད། དབྱེར་མེད་གཉིས་མེད་རྒྱུད། ༈ རྗེས་ཐོབ་སྤྱོད་པའི་སྐབས། ༈ མིག་གི་ཡུལ་དུ་སྣང་བ་ཐམས་ཅད་ལྷའི་ངོ་བོར་ཤེས་པ་ལ་རྒྱུད་གསུམ་གོང་ལྟར་སྦྱར། རྣ་བའི་ལམ་དུ་སྒྲ་གྲགས་སྔགས་སུ་ཤེས་པ་ལའང་གོང་བཞིན་སྦྱར། ཡིད་ཀྱི་ཡུལ་དྲན་རྟོག་ཆོས་སྐུ་ཤར་བ་ལ་དེ་བཞིན་སྦྱར། ༈ སྣང་གྲགས་རིགས་གསུམ་ལྷ་སྔགས་ཡེ་ཤེས་སུ་ངོ་འཕྲོད་ན། སྡོམ་པ་གསུམ་གྱི་ཉམས་ལེན་ཚང་ཚུལ་ཡང་ཐམས་ཅད་དག་པ་རབ་འབྱམས་སུ་ཤེས་པས་གཞན་གནོད་གཞི་བཅས་སྤྱོད་པའི་ཉེས་པ་མི་འབྱུང་ཞིང་། སྒོ་གསུམ་ལོངས་སྤྱོད་དང་བཅས་པ་ཐམས་ཅད་མཆོད་ཡུལ་འཛིན་ནུས་པའི་གཞན་ཕན་དང་། སྒོ་གསུམ་རྡོ་རྗེ་གསུམ་དང་མི་འབྲལ་བ་ལ། གསང་སྔགས་ཀྱི་དམ་ཚིག་ཚང་བས། ལམ་གྱི་བོགས་འདོན་མཆོག་ཏུ་བསྔགས། རྩ་གསུམ་སོགས་གདོས་བཅས་སུ་མི་བསྒོམ་ཞིང་། པུ་ཏྲ་མིང་སྲིང་སོགས་རང་རྒྱུད་པར་མི་འཛིན་པས་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ངོ་བོ་དབྱེར་མེད་དུ་ཤེས། དེ་ཡང་རང་སེམས་ཀྱི་ཆོ་འཕྲུལ་དུ་རྟོགས་ནས། གཞི་ལམ་འབྲས་གསུམ་གཅིག་ཏུ་བསྲེ་བའི་ལྟ་བའི་གནད་ཟིན་ནས་བསྒོམ་ནུས་ན། གང་ཟག་དེ་ལས་སྐྱིད་པ་འཇིག་རྟེན་གསུམ་ན་མེད་གསུངས། ༈ གསལ་མི་གསལ་འདི་ཡང་རྣམ་རྟོག་ཡིན་པར་ཐག་ཆོད་ན་གསལ་ཐེབ་པ་ལ་ཕན་གསུངས། ༈ ལྟ་བ་སྤྲོས་བྲལ་ལ་བློ་བཞག །ཞེན་པ་ཅུང་ཙམ་ཟད་ཡོད། ཞི་གནས་ལ་ཞེན་ན་གཟུགས་ཁམས། ལྷག་མཐོང་ལ་ཞེན་ན་གཟུགས་མེད་ལ་གོལ་བ་སོགས་ནས། ལྟ་བའི་ངང་ལས་མ་གཡོས་པར་བསྒོམ་པ་ལ་འཇུགས་ས་ཐོབ་ཀྱི་བར་དུ་དཀའ་རུང་། ལྟ་བའི་དྲན་འཛིན་དང་མ་བྲལ་བའི་ངང་ནས་རྨི་ལམ་སྒྱུ་མ་ལྟ་བུའི་བསྒོམ་པ་ལ་འཇུག །རྗེས་ཐོབ་ཏུ་ལྷ་སྔགས་ཡེ་ཤེས་སུ་ཤེས་པའི་སྤྱོད་པ་ལ་འཇུག་གོ། འདི་ནི་མཆོག་སྤྲུལ་རིན་པོ་ཆེས་འཇམ་མགོན་ངག་དབང་ལེགས་པའི་ཞལ་རྒྱུན་རྣམས་ཟིན་བྲིས་སུ་བཏབ་པ་རེད་འདུག །དཔེ་གཅིག་ལས་ལག་སོན་མ་བྱུང་བས་མི་གསལ་བ་དང་མི་དག་པ་མང་པོ་འདུག་མོད། བཅོས་ཤེས་པ་རྣམས་ཅུང་ཟད་བཅོས་ཁུལ་བྱས་ཡོད། མི་ཤེས་པ་རྣམས་རང་སོར་བཞག་ཡོད། དཔེ་གཞན་མཇལ་ཚེ་བསྡུར་རྒྱུ་གལ་ཆེ། ཕྱག་དཔེ་འདི་ནི་ཁྲོཾ་རྡོ་ཁོ་དགོན་གྱི་མཁན་ཆེན་འཇམ་དབྱངས་བློ་བཟང་དཔལ་ལྡན་གྱི་ཕྱག་དཔེ་ཁྲོད་ནས་སྤྲུལ་པདྨ་རིག་འཛིན་མཆོག་གིས་མཁོ་འདོན་མཛད་པ་ཡིན། ད་དུང་སྡེ་སྤྲུལ་གྱི་ཞལ་རྒྱུན་ཁྲོཾ་དགེ་ཨ་རིག་རིན་པོ་ཆེས་ཟིན་བྲིས་སུ་བཏབ་པ་ཡོད་སྐད་ཐོས་པས་དཔེ་འབྱོར་ཚེ་འདིར་བཅུག་དགོས། བསྡུ་སྒྲིག་པས།

བླ་མའི་ཞལ་གསུང་ཟིན་བྲིས་སུ་བཏབ་པ་མདོར་བསྡུས།

བཟང་ལྡན་སྐབས་ཀྱི་ཤོག་དྲིལ་ནི། གཞི་དུས་ཀྱི་དྲེགས་པ་རྒྱུད་གསུམ་ལ། ཕྱིའི་རྒྱུད་གསུམ་ནི་སོགས་ནས། སྤྱོད་པས་སློབ་པ། རྒྱལ་བ་དགྱེས་པའི་ལམ་སྲོལ་བླ་ན་མེད་པའོ་གསུངས། ༈ ཁྱོད་ལ་ལས་འཕྲོ་ཡོད་པར་འདུག །དེ་སད་པ་ལ་ངས་བརྟག་པ་བྱས་དང་བྱས་ཚད་འདི་གནད་ཆེ་བར་འདུག་གསུངས། ༈ ཁྱོད་ཀྱིས་བླ་མ་ལ་ཕྱག་ཕྱི་སྒྲུབ་ལུགས་ཀྱིས་བླ་མ་བསྟེན་ལུགས་འདི་ཤིན་ཏུ་ལེགས་པས། ཁྱོད་ཚེ་མཇུག་ལ་རྐྱེན་ངན་བར་ཆད་ཀྱི་དབང་དུ་མི་འགྲོ་སྙམ་གསུངས། ༈ དྲག་པོ་སྔགས་རྒོད་ཀྱི་ལུས་ལ་དྲོད་ཀྱང་སྐྱེ། ཁྱོད་གསང་ཁྲིད་ཀྱི་མཚམས་ལ་སྡོད་པ་ལ། དང་པོ་ཕྱི་ཁྲིད་གྱི་བསྙེན་པ་མ་ཧཱ་ཀཱ་ལ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཅན་ཞིག་ཕུད། དེ་ནས་ཡིག་བརྒྱ་འབུམ་ཕྲག་གཅིག་འགྲོ་ངེས། དེ་ཡང་བདུད་རྩི་འབེབས་སྦྱང་གི་སྐབས་རྩ་གསུམ་འཁོར་ལོ་ལྔ་གསལ་བཏབ་ནས། འབེབས་སྦྱང་ཡང་ཡང་། དངོས་གཞིའི་རྫོགས་རིམ་ལམ་དུ་འགྲོ་བ་ལ་ངེས་པར་ཕན། དེའི་དུས་སུ་དངོས་གཞི་ལ་སྲུང་སྡོམ་དང་། སེམས་ཅན་ལ་བྱམས་སྙིང་རྗེ། བླ་མ་ལ་མོས་གུས་རྣམས་གལ་ཆེ། རྩུབ་ཉམས་ཆེན་པོའང་འབྱུང་ཉེན་ཆེ་ཡང་། དེ་ལ་འཇིག་སྐྲག་མི་བྱེད་པར་གང་ཤར་རང་སེམས་ཀྱི་ཆོ་འཕྲུལ། དེ་ཡང་བློ་འདས་བརྗོད་བྲལ་གྱི་ངང་ལ་བཞག་ནས། ལྟ་བའི་ངང་ལས་མ་གཡོས་པར་གནམ་ས་མགོ་འཇུག་ལོག་ཡོང་ཡང་། ཉམས་ང་བག་ཚ་སྤུ་ཙམ་འཆོར་མི་ཉན། ཆོས་སྐྱོང་འགྲུབ་པའི་ལྔ་ལྟས་ལ་རྩུབ་ཉམས་འོང་། ལྟ་བ་ལ་ཡིད་ཆེས་གཏིང་ནས་བསྐྱེད། ༈ ནང་རྩ་འཁོར་ཐམས་ཅད་དྭངས་གསལ། འཇའ་ཚོན་འདྲ་བ། དེའི་ནང་ཁམས་དཀར་དམར་གྱིས་གང་བ་དེ་ཡང་གདོས་བཅས་མ་ཡིན་པ་གསལ་ལ་ཐོགས་པ་མེད་པ། རྩ་གནས་ལ་བཀོད་པའི་ལྷ་རྣམས་ཀྱང་ནག་པོ་ཆེན་པོའི་ཡེ་ཤེས་ཀྱི་རོལ་བ། དེ་ཡང་རང་སེམས་གསལ་སྟོང་ཟུང་འཇུག་གི་རང་མདངས། ཆོས་ཉིིད་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བར་ཤེས་ནས། དེའི་སྟེང་ལ་མཉམ་པར་འཇོག་ཐུབ་དགོས། འདིའི་གེགས་སེལ་བོགས་འདོན་ཐམས་ཅད་བླ་མའི་རྣལ་འབྱོར་འདི་ཉིད་ཟབ་གསུངས། ༈ བསྙེན་མཚམས་སྐབས་ཀུན་སྤྱོད་རྩང་མི་རུང་། འཆལ་བར་སྤྱོད་ན་སྤུ་གྲི་རུམ་བཅུག་འདྲ་གསུངས་བ་ལྟ་བུ་ཡིན་གསུངས། ༈ ཆོས་ཀྱི་མཐུན་རྐྱེན་དཀོར་གདུལ་བྱ་བྱེད་པ་ལས། ནོར་སྒྲུབ་འདི་བཟང་། དེ་ལ་དམ་ཚིག་དང་བྱང་སེམས་གཉིས་མེད་ན་མི་འགྲུབ། ༈ ཁོང་གིས་བདེན་སྟོབས་བརྗོད་པའི་ཚེ་དེ་འདྲའི་སྣང་བ་དང་རྐྱེན་བར་ཆད་ཐམས་ཅད་རང་སེམས་སྐད་ཅིག་མའི་ཆོ་འཕྲུལ། དེ་ཡང་སྤྲོས་བྲལ་གྱི་ལྟ་བའི་ངང་ལ་བཞག་པ་གཡོ་འགུལ་མེད་པའི་ཁྲིགས་སེ་འགྲིགས་པ་ཞིག་འོང་གིན་འདུག ༈ །དེ་ཡང་རྗེ་ས་ཆེན་གྱིས། ཞིང་དང་དངོས་པོ་སོགས་གསུངས་བའི་གནད་འདི་འདྲ་ལ་གོ་བ་ཡིན་གསུངས། ༈ ཁྱོད་ལ་མགོན་པོའི་གསང་སྒྲུབ་སྐོར། དེ་སྔ་སྨྲས་པ་བརྗེད་མི་ཉན། ཚེ་རབས་སྔ་མ་ནས་ལྷ་འདི་ལ་ལས་འབྲེེལ་ཆེན་པོ་ཡོད་པར་འདུག་པ་ལ་འབད་རྩོལ་བསྐྱེད་ལ་རེམ་དགོས། དེ་ཡང་ལྟ་བའི་ངང་ནས་སྣང་བ་འདྲ་མི་འདྲ་ཤར་བ་ལ་སྐྲག་སྣང་གཏན་ནས་མི་སྐྱེ་བའོ། །ཅུང་ཟད་སྐྱེ་ཀྱང་རྟོགས་པའི་བོགས་འདོན་དུ་གྱུར་ནས། ཕྱིའི་སྣང་བ་རྣམས་ནང་རྩ་ཁམས་ཀྱི་རྟེན་འབྲེལ། དེ་སེམས་གསལ་སྟོང་ཟུང་འཇུག་གི་རོལ་པ། དེ་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལས་ནམ་ཡང་གཡོ་བ་མེད་པའི་ངང་ལས། གཡོ་འགུལ་མེད་པར་སྡོད་ཚུགས་པ་ཞིག་ཅི་ནས་རེམས་གསུངས། ༈ ཁོང་གིས་ད་ལྟ་མཉམ་པར་བཞག་མ་ཐག །རིག་པའི་ཡེ་ཤེས་རྗེན་ལ་བུད་ནས་དེའི་ངང་ལ་རྒྱུན་དུ་གནས་པ་ཞིག་རེད་འདུག་གསུངས། ༈ སྔོན་དུས་ལྷས་ཞལ་གཟིགས་པ་སོགས་པ་ངོ་མཚར་ཆེན་པོ་མེད། བལ་པོ་བྷ་རོའི་ཕྱག་ཆད་པ་འཇིགས་བྱེད་ཀྱིས་ཞལ་གཟིགས་ནས། ཁོང་ལ་ཐིམ་པའི་སྣང་བ་ཤར་ནས་ཕྱག་ཞབས་གསར་དུ་སྐྱེས་པ་དང་། དགེ་སློང་མ་དཔལ་མོའི་ཕྱག་ཆད་པ་སྤྱན་རས་གཟིགས་ཀྱིས་ཞལ་གཟིགས་ནས་སོར་ཆུད་པ་དང་། བྲམ་ཟེ་མཆོག་སྲེད་ཀྱི་སྦྱིན་བསྲེག་གི་མེའི་ནང་ནས་ཐུགས་རྗེ་ཆེན་པོའི་ཞལ་གཟིགས་པ་ལས། གྲུབ་པ་ཆེན་པོ་བརྒྱད་ཀྱི་སྒོ་ནས་འགྲོ་དོན་འབྱུང་བའི་དངོས་གྲུབ་ཞུས་པས་གནང་བ་ལྟར། སྔར་ལྷའི་ཞལ་མཐོང་བ་ལ་དངོས་གྲུབ་ཆེན་པོ་ཐོབ་པའི་ལོ་རྒྱུས་ཡོད། དེང་སང་ནི་དེ་འདྲ་མ་རེད་གསུངས། ༈ ཁྱོད་ལ་ནག་པོ་ཆེན་པོས་ཞལ་གཟིགས་འོང་ན་དངོས་གྲུབ་ཞུ་བ་ཆུང་མི་རུང་། ཀླུ་ཆེན་བརྒྱད་བྲན་དུ་འཁོར་བའི་དངོས་གྲུབ་སྩོལ་ནུས་ནའང་དོན་ཆེ་གསུངས། ༈ ཡང་ཁྱོད་ཀྱིས་སྣང་གསུམ་འདི་ལ་རེམས་ཞེས་གསུངས་པ་དེ། ཚེ་འདིར་ཞེན་པ་ཆོད་གསུངས་པ་ཡི་ནམ་སྙམ་པ་དང་། ༈ མི་ལ་རས་པས་རས་ཆུང་པའི་ང་རྒྱལ་བཅགས་ཚུལ་གསུངས་པ་དེས། ང་རྒྱལ་ཆུང་དགོས་གསུངས་པ་ཡིན་ནམ་སྙམ་པ་ཞིག་ཀྱང་གསུངས། ༈ དང་པོ་བླ་མ་དཀོན་མཆོག་ལ་ཕྱག་མཆོད་གསོལ་འདེབས་སོགས་མོས་གུས་དྲག་པོ་བསྒོམ། དེ་ནས་ཞིང་དང་བསམ་པ་དངོས་པོ་གསུམ་སོགས་གསུངས་པ་ལྟར་མཉམ་པར་ཞོགས། དེ་ནས་དབྱིངས་རིག་བསྲེས་ནས་མཉམ་པར་འཇོག་པ་རིམ་གྱིས་བྱེད་པ་ལས། དང་པོ་ཉིད་ནས་ཐམས་ཅད་ཆབས་གཅིག་ལ་འོང་བ་དཀའ་མོ་ཡིན་གསུངས། ༈ ཁྱོད་ཀྱིས་ཡུན་རིང་སྦྱངས་པའི་མདོ་སྔགས་ཀྱི་གཞུང་རྩ་བ་རྣམས་བརྗེད་དུ་མ་འཇུག་པར་བློ་གསོས་གྱིས་ལ་ལྟོས། ཐོས་བསམ་བསྒོམ་གསུམ་དཀྲུགས་མར་ཉམས་སུ་ལེན་པ་ཁེ་ཆེ་གསུངས། ༈ རྡོར་སེམས་བསྒོམ་བཟླས་སྐབས་རྩ་འཁོར་གསལ་བཏབ་དབང་བཞི་ལེན་པའི་དམིགས་པ་ནན་ཏན་བྱེད་དགོས། ༈ འཇོ་བེར་གསེར་མ་གར་གོས་ཏེ་བེར་རེད་གསུངས། སག་ཏིའི་ལྷམ་འཇའ་རིས་མ་རེད། ཁྱེད་ཀྱིས་གསང་ཁྲིད་བསྒོམ་དུས་བདེ་བ་སྒྲུབ་པའི་དམིགས་པ་བསྒོམ་ཞིང་། འཛར་འཛག་སྐྲ་བཤད་འཛངས་པ་ལྟ་བུ་ལ་སེམས་གཏད་ནས་སྐབས་སུ་མ་ཧཱ་ཀཱ་ལ་བཟླས། སྐབས་སུ་བསྒོམ་ན་ལུས་ལ་བདེ་དྲོད་སྐྱེས། དེས་ཁམས་སྙིགས་མ་ཟད་ནས་དྭངས་མ་འཕེལ། དེས་ལུས་ཟག་མེད་འཇའ་ལུས་དང་སེམས་རྟོག་མེད་ཆོས་སྐུ་འགྲུབ་པ་ཡིན་གསུངས། ༈ བདག་བསྐྱེད་རྒྱས་པ་འདོན་ལུགས་མ་བྱུང་ན་སྐད་ཅིག་གིས་རང་ལྷར་བསྐྱེད། རྩ་གསུམ་འཁོར་ལོ་ལྔ་གསལ་བཏབ་པས་རྫོགས་རིམ་བསྒོམ་ན་ཆོག་སྟེ། བ་རི་བི་ར་ཚར་གཅིག་ལས་དམིགས་པ་གསལ་བ་དེ་འདྲ་བཟང་བ་གསུངས་སོ། །དགེའོ། །འདི་ཡང་ཞལ་རྒྱུན་རྒྱས་པ་ལ་ཕལ་ཆེར་འབྱུང་མོད་དེ་ལས་མི་གསལ་བ་རེ་ཟུང་རེ་འདུག་པས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལགས། གསུང་ངག་རིན་པོ་ཆེ་ལས་འཕྲོས་པའི་ཟབ་མོའི་ཟིན་བྲིས།

གསུང་ངག་རིན་པོ་ཆེ་ལས་འཕྲོས་པའི་ཟབ་མོའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མདོ་ཙམ་སྟོན་པའི་ཟིན་བྲིས་བླ་མའི་ཞལ་ལུང་།

བླ་མ་ལ་ཕྱག་འཚལ་ལོ། །འདིར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྒོ་ནས་གདུལ་བྱ་རྣམས་དཀྲི་བ་ལ། ཐོག་མར་སྣང་བ་གསུམ་ལམ་གྱི་གཞི་བཅའ་ལྟར་ཁྲིད་སྦྱོང་བྱས། དེ་ནས་དབང་གིས་རྒྱུད་སྨིན་པར་བྱས། དམ་ཚིག་སྡོམ་པའི་རྣམ་དབྱེ་ཁོང་དུ་ཆུད་དེ་བསྙེན་བསྒྲུབ་ལ་འབད། བླ་མ་ལས་འཁོར་འདས་དབྱེར་མེད་ཀྱི་ཁྲིད་ཞུས་ཏེ། འཁོར་འདས་གཉིས་ཀྱི་སྣང་བ་སེམས་སུ་ཐག་ཆོད། དེ་ཡང་གཅིག་དང་ཐ་དད་ལྷན་ཅིག་དམིགས་ངེས་ཀྱི་རྟགས་སོགས་ཐུན་མོང་གི་རིག་པ་ལ་མ་ལྟོས་པར་རང་གི་ཉམས་མྱོང་གི་རྣམ་རྟོག་ཁ་ཡན་དུ་མ་ཤོར་བ་བསྐྱང་ཚེ་འཁྲུལ་སྣང་གདུགས་ནམ་མཁའ་ལ་འཕྱར་བའི་གྲིབ་མ་དང་འདྲ་བའི་འཁྲུལ་རྟོག་ཐམས་ཅད་སེམས་སྣང་སུ་ཤེས་ཐག་ཆོད་པར་འགྱུར་བ་སྟེེ། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས། གཟུགས་བརྙན་ལ་བྱད་བཞིན་དུ་ཞེན་པ་ལྟར་སྡུག་པ་ལ་འདོད་ཆགས་སྐྱེ། གྲིབ་མ་ལ་འདྲེར་འཛིན་པ་བཞིན་མི་སྡུག་པ་ལ་ཞེ་སྡང་སྐྱེ། ཞེས་གསུངས་པ་ལྟར་ཤེས་དགོས། སེམས་དེའང་སྒྱུ་མ་རང་བཞིན་མེད་པར་ཡིད་ཆེས་རྙེད་པར་བྱ། ཐོས་བསམ་གོ་ཡུལ་གྱི་ལྟ་བའི་རྩི་དང་མ་བྲལ་བ་རིམ་གཉིས་སྒོམ་པ་ལ་ཞུགས། དེའང་བཀའ་སྲོལ་འདིའི་དབང་ལམ་དུ་བྱ་བ་ལུས་དཀྱིལ་གསལ་བཏབ་ནས་ཐུན་བཞིར་དབང་བཞི་བླང་ནས་བསྒོམ་པ་འདི་ཡིན། དེའང་དབང་བཞི་ངོ་སྤྲོད་ལས། བསྐྱེད་པའི་རིམ་པའི་ཡེ་ཤེས་ཀྱིས། །སྣང་བའི་དངོས་པོ་བྱིན་གྱིས་རློབས། །རང་བྱུང་ཡེ་ཤེས་བྱིན་རླབས་ཀྱི། །སེམས་ཉིད་རིག་པར་བྱིན་གྱིས་བརླབས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས། །ལུས་ལ་བདེ་བར་བྱིན་གྱིས་བརླབས། །དག་པ་བདེ་སྟོང་ཆེན་པོ་ཡི། །ཐམས་ཅད་བྱིན་གྱིས་བརླབས་པ་ཡིན། །ཞེས་གསུངས་པ་ལྟར། སྟན་ཐོག་གཅིག་ཏུ་དབང་བཞིའི་ལམ་བཞི་བསྒོམས་པས་ལྟ་བ་བཞི་རྒྱུད་ལ་སྐྱེས་ནས། རིམ་གྱིས་དབང་བཞི་པའི་ཡེ་ཤེས་ངོ་འཕྲོད་དེ། གྲུབ་མཐའ་སྙོགས་པ་ཡིན་ལ། དེའང་བུམ་དབང་སྣང་སྟོང་ཟུང་འཇུག་ལ་ངོ་བོ་ཉིད་གསུམ་དང་། གསང་དབང་གསལ་སྟོང་ཟུང་འཇུག་ལ་རང་བྱུང་བཞི་དང་། གསུམ་པ་ལ་བདེ་སྟོང་ཟུང་འཇུག་ལ་དགའ་བ་བཞི། བཞི་པ་ལའང་དེ་བཞིན་དུ་ཡོད་དེ་ལས། རྣལ་འབྱོར་པའི་རྒྱུད་ལ་ཐ་མ་ལ་འཕྲོ་རྒོད་དུག་ལྔའི་རྟོག་པ་དང་། སྣང་སྟོང་གསལ་སྟོང་བདེ་སྟོང་ཟུང་འཇུག་གསུམ་ལ་སོགས་ཉམས་བཟང་ངན་གང་ཤར་ཡང་བྱུང་རྒྱལ་དུ་གཏོང་གསུངས་པ། ཉམས་གང་བྱུང་ལ་རེ་དོག་དང་རྩིས་གདབ་མི་བྱེད་པར་རྒྱུ་དུས་ཀྱི་ལྟ་བའི་ངང་མ་ཤོར་བར་བསྐྱངས་ཐུབ་དགོས། སྤྱིར་དབང་བཞི་པའི་ཡེ་ཤེས་ངོ་སྤྲོད་དམ་ཚེ་འདིར་གྲུབ་མཐའ་སྙོགས་པ་ལ་སྔོན་གྱི་ལས་འཕྲོ་དང་། བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་དང་། དྲག་ལ་རྒྱུན་མི་འཆད་པའི་བརྩོན་འགྲུས་གསུམ་ཀ་འཛོམ་དགོས་པར་གསུངས་པས། བླ་མ་ལ་མོས་གུས་བསྐྱེད་པ་གལ་ཆེ། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་ན་བླ་མ་དང་ཡི་དམ་ཐམས་ཅད་དུ་མི་འཆོར། དེའང་ལྟ་བའི་དབང་གི་རང་སེམས་ལས་ལོགས་ན་མེད་པར་གོ་ན་རང་སེམས་སངས་རྒྱས་སུ་ངོ་ཤེས་པའོ། །དེའི་ངང་ནས་དགེ་སྦྱོར་བྱས་ཚེ་ལམ་ཐམས་ཅད་བླ་མའི་རྣལ་འབྱོར་དང་། སྣང་སྲིད་ཐམས་ཅད་བླ་མའི་རོལ་པར་འཆར་བ་ཞིག་འབྱུང་བ་ཡིན་པས། དེ་ལྟ་བུའི་མོས་གུས་ཀྱི་རྒྱུ་བྱས་ནས་བླ་མ་དང་ཐུགས་ཡིད་དབྱེར་མེད་དུ་འདྲེས་ཏེ་ཕྱག་རྒྱ་ཆེན་པོ་དབང་བཞིའི་ཡེ་ཤེས་མངོན་དུ་གྱུར་པ་ཡིན་ཏེ། ཁོ་བོས་བྱས་པའི་ལམ་རིམ་སྨོན་ལམ་ལས། དྲི་མེད་སེམས་ཀྱི་ཆོས་ཉིད་བྱང་ཆུབ་སེམས། །བློ་དང་ཚིག་གིས་མ་བཅོས་གདོད་མའི་གཤིས། །སྟོང་གསལ་ཕྱོགས་རིས་བྲལ་བའི་བླ་མ་ལས། །ནམ་ཡང་གཡོ་བ་མེད་པར་བྱིན་གྱིས་རློབས། །ཞེས་པ་ལྟར་རྣམ་ཐར་སྒོ་གསུམ་འདུས་མ་བྱས་པའི་དབྱིངས་མངོན་དུ་གྱུར་ནས་གྲུབ་མཐའ་སྙོགས་པ་ཡིན་ནོ། །དེ་ལྟ་བུའི་ཆོས་སྐུ་མངོན་དུ་གྱུར་ན་ཆོས་རྗེ་ས་པཎ་གྱིས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །རྒྱལ་བ་རྣམས་ལ་ཆོས་སྐུར་སྣང་། །ཞེས་གསུངས་པ་ལྟར་སངས་རྒྱས་རྣམས་དང་དགོངས་པ་དབྱེར་མེད་དུ་གྱུར། སྟུག་པོ་བཀོད་པའི་ཞིང་ཁམས་སུ། །རྒྱལ་སྲས་རྣམས་ལ་ལོངས་སྐུར་སྣང་། །ཞེས་གསུངས་པ་ལྟར་གདུལ་བྱ་མཆོག་དམན་རྣམས་ལ་གཟུགས་སྐུའི་སྣང་བ་འཁོར་བ་མ་སྟོངས་ཀྱི་བར་རྒྱུན་མི་འཆད་པར་སྣང་ནས་འགྲོ་བའི་དོན་མཛད་པ་ཡིན་ནོ། །དབང་བཞི་པའི་ཡེ་ཤེས་ཀྱི་ངོ་བོ་སྟོན་བྱེད་རྒྱུད་ལས་གསུངས་པ་ཤིན་ཏུ་མང་ཞིང་། རྗེ་ས་པཎ་གྱི་ཕྱག་ཆེན་མིག་ཐུར་ལས། ཡོད་དང་མེད་པ་ལ་སོགས་པ། །དངོས་པོའི་གནས་ལུགས་དེ་ལ་མེད། །བསྒོམ་བྱ་སྒོམ་བྱེད་ལ་སོགས་པ། །བསྒོམ་པར་བྱ་བ་ཡོད་མ་ཡིན། །སེམས་ལ་ངོ་བོ་མ་གྲུབ་པའི། །སེམས་ཀྱི་ངོ་སྤྲོད་ག་ལ་ཡོད། །ཅེས་སོགས་དང་། རྟོགས་རྒྱུ་མེད་པའི་དོན་རྟོགས་ན། །གྲོལ་རྒྱུ་མེད་པའི་སེམས་ཉིད་གྲོལ། །ཞེས་དང་། རྗེ་བཙུན་གྱིས། དབུ་མ་སེམས་ཙམ་ལ་སོགས་པ། །ཚིག་ཏུ་བརྗོད་པ་སྤྲོས་པ་ཡིན། །ཡིད་ལ་བསམ་པ་རྣམ་རྟོག་ཡིན། །རང་བཞིན་བརྗོད་མེད་བསམ་མེད་ཡིད། །ཞེས་སོགས་ཤིན་ཏུ་མང་ངོ་། །དེའི་བླ་མ་ལ་སྐྱབས་གནས་ཀུན་འདུས་སུ་ཤེས་ནས་མོས་གུས་ཀྱི་གསོལ་བ་འདེབས་པ་སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མ་དང་། བླ་མ་ལ་མོས་གུས་ཀྱིས་དྲན་བཞིན་པའི་སེམས་ཀྱི་གསལ་ཆ་དེ་སེམས་ཉིད་འོད་གསལ་ནང་གི་བླ་མ་ཡིན། སེམས་ཀྱི་གསལ་ཆ་དེ་བཅས་བཅོས་དགག་སྒྲུབ་མ་ཤོར་བར་དབྱིངས་རིག་བསྲེས་ནས་མཉམ་པར་འཇོག་ཐུབ་ན་ཐུགས་ཡིད་དབྱེར་མེད་འདྲེས་ནས་རྟོག་པ་ནང་ནས་འཆར་བ་ཡིན་ནོ། །ལམ་དུས་ཀྱི་དབང་བཞི་པའི་སྐུ་བཞི་ངོ་སྤྲོད། སེམས་ཀྱི་གཤིས་ཅི་ཡང་མ་གྲུབ་པ་ཆོས་སྐུ། གདངས་བདེ་ཆེན་སུ་མ་འགགས་པ་ལ་ལོངས་སྐུ། རྩལ་ལྷ་སྐུར་འཆར་བ་སྤྲུལ་སྐུ། དེ་གསུམ་དབྱེར་མི་ཕྱེད་པ་བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་ངོ་བོ་ཉིད་ཀྱི་སྐུར་ངོ་སྤྲད་པ་ཡིན། བླ་མ་དང་ཐུགས་ཡིད་དབྱེར་མེད་བསྲེས་ནས་མཉམ་པར་འཇོག་ཚེ། གཤིས་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་ཆོས་སྐུ། གདངས་གང་དུའང་མ་འགགས་པ་ཕྱོགས་རིས་དང་བྲལ་བའི་གསལ་ཆ་ལོངས་སྐུ། རྩལ་མོས་གུས་སུ་དུང་ངེ་བ་སྤྲུལ་སྐུ། བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་ངོ་བོ་ཉིད་སྐུར་འཇོག་པ་ཡིན་པས་སྔ་མ་ལ་བདེ་བ་ལམ་དུ་འཁྱེར་བ་དང་། ཕྱི་མ་ལ་མོས་གུས་ལམ་དུ་ཁྱེར་བ་ཡིན་ཅིང་། མདོར་ན་བླ་མའི་བྱིན་རླབས་ཞུགས་ན་ཆོས་ཅན་གྱི་སྣང་བ་གང་སྣང་ཐམས་ཅད་ལམ་དུ་ཁྱེར་ཤེས་ན་ཕྱག་རྒྱ་ཆེན་པོ་རྟོགས་པའི་ཉེ་རྒྱུར་འགྲོ་བ་ཡིན་ནོ། །ཅེས་པའང་སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེར་ནན་གྱིས་ཞུས་ཏེ། རྗེ་དེ་ཉིད་ཀྱིས་གསུང་རིམ་བཞིན་དུ་རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་པོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་འདིས་ཀྱང་སྙན་བརྒྱུད་ཟབ་མོའི་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒལཾ།

གསུང་རབ་ཀྱི་དྲང་ངེས་འབྱེད་ཚུལ་མདོར་བསྡུས།

བླ་མ་ལ་ཕྱག་འཚལ་ལོ། །སྐྱོབ་པ་མཚུངས་མེད་ཐུབ་པའི་དབང་པོ་དང་། །འདྲེན་པ་མཉམ་མེད་བླ་མའི་ཞབས་པད་ལ། །སྒོ་གསུམ་གཡོ་མེད་གུས་པས་ཕྱག་བྱས་ཏེ། །དྲི་མེད་ལུང་དོན་ཅུང་ཟད་བདག་གིས་དབྱེ། །སྤྱིར་གསུང་རབ་ཀྱི་དྲང་ངེས་འབྱེད་ཚུལ་ལ། གྲུབ་མཐའ་སོ་སོའི་བཞེད་ཚུལ་མི་མཐུན་ཏེ། བྱེ་བྲག་སྨྲ་བ་རྣམས་བཀའ་རྣམས་ནི་གདུལ་བྱའི་བསམ་པའི་དབང་གིས་སྣ་ཚོགས་སུ་གསུངས་པས་དྲང་ངེས་མང་ལ། ཆོས་ཀྱི་ཕུང་པོ་ལ་སོགས་པའི་མངོན་པ་སྡེ་བདུན་གྱི་བསྟན་བཅོས་རྣམས་ངེས་དོན་ཡིན་ཞེས་འདོད། བརྗོད་བྱ་ལའང་། ཤེས་པ་སྐད་ཅིག་ཆ་མེད་དང་། གཟུང་བ་རྡུལ་ཕྲན་ཆ་མེད་བདེན་པར་ཡོད་པར་བཤད་པ་དེ་ངེས་དོན་གྱི་མདོ་ཡིན་པར་བྱེ་མདོ་གཉིས་ཀས་འདོད་ལ། རྣལ་འབྱོར་སྤྱོད་པ་པ་རྣམས་ཕྱི་དོན་ཡོད་པར་བསྟན་པའི་མདོ་རྣམས་དྲང་དོན་དང་། སྣང་བ་སེམས་སུ་གསུངས་ཤིང་མཚན་ཉིད་གསུམ་བསྟན་པའི་མདོ་རྣམས་ངེས་དོན་དུ་བཞེད། དབུ་མ་གཞན་སྟོང་པ་རྣམས། བདེ་གཤེགས་སྙིང་པོ་རྟག་བརྟན་བདེན་གྲུབ་ཏུ་སྟོན་པ་རྣམས་ངེས་དོན་དང་། བཀའ་བར་བ་དྲང་དོན་ཞེས་གསུངས་པ་ཡང་བྱུང་མོད། སངས་རྒྱས་གཉིས་པ་དཔལ་མགོན་ཀླུའི་དགོངས་པ་ལྟར། དཔལ་ལྡན་ཟླ་བའི་ཞབས་ཀྱིས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། ཞེས་མདོ་དྲངས་ནས་དྲང་ངེས་མཛད་པའི་རྗེས་སུ་འབྲང་བ་ཤིན་ཏུ་མང་ཞིང་། ཁོ་བོ་ཡང་འདིའི་རྗེས་སུ་འཇུག་པར་འདོད་དོ། སྐབས་དོན་སློབ་དཔོན་རིན་པོ་ཆེས་སྤྱི་རྣམ་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོའི་ལུང་དྲངས་ནས། དྲང་ངེས་ཀྱི་འབྱེད་ཚུལ་བརྒྱད་ཡོད་པར་གསུངས་པའི་དང་པོ་ནི། ལམ་ལ་འཇུག་པ་དྲང་དོན་དང་། །འབྲས་བུ་ལ་འཇུག་པ་ངེས་པའི་དོན། །ཞེས་པ་འདི་ཕར་ཕྱིན་དྲུག་སོགས་ལམ་གྱི་དབྱེ་བ་སྟོན་པ་དྲང་དོན་དང་། གནས་སྐབས་ཀྱི་འབྲས་བུ་ས་བཅུ་དང་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་སྟོན་པ་མདོ་སྡེ་ས་བཅུ་པ་ལྟ་བུ་ལ་ངེས་དོན་དུ་བྱས་ཀྱང་རུང་མོད་འདིར་མདོ་སྔགས་སྤྱིའི་དྲང་ངེས་འབྱེད་པའི་སྐབས་ཡིན་པས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་ཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། ཞེས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། ཞེས་གསུངས་པ་ལྟར་རྒྱུ་ལམ་དུ་བྱེད་པ་ཕར་ཕྱིན་ཐེག་པ་ལྟ་བུ་དྲང་དོན་དང་། འབྲས་བུ་ལམ་དུ་བྱེད་པ་རྡོ་རྗེ་ཐེག་པ་ངེས་དོན་དུ་བྱས་ན་འཐད་པར་སེམས་ལགས། གཉིས་པ་ཀུན་རྫོབ་སྒྲུབ་བྱེད་དྲང་དོན་དང་། དོན་དམ་སྒྲུབ་བྱེད་ངེས་པའི་དོན། ཞེས་པ་ནི་ཀུན་རྫོབ་ཐབས་ཀྱི་ཆ་སྟོན་པ་རྣམས་དྲང་དོན་ཡིན་ཏེ། ལེགས་པར་དཔྱད་ན་མ་གྲུབ་ཅིང་། ཆོས་ཉིད་རྟོགས་བྱེད་ཀྱི་ཐབས་ཀྱི་ཆ་ཡིན་པའི་ཕྱིར། གནས་ལུགས་སྤྲོས་པ་དང་བྲལ་བར་གསུངས་པ་རྣམས་ངེས་དོན་ཏེ། ཐབས་ལས་བྱུང་བའི་འབྲས་བུ་ཡིན་ཞིང་དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པ་རྟོགས་ཤིང་ཤེས་པའི་ཕྱིར། གསུམ་པ་ལས་ཀྱི་བྱ་བ་ལ་འཇུག་དྲང་། །ལས་དང་ཉོན་མོངས་ཟད་སྟོན་ངེས། །ཞེས་པ་ལས་རྒྱུ་འབྲས་ཡོད་པར་གསུངས་པ་དྲང་དོན་དང་། དེ་མེད་པར་གསུངས་པ་ངེས་དོན་དུ་བྱས་ནས་གང་ཟག་གཉིས་ཀྱི་ཉམས་ལེན་ལ་སྦྱོར་བར་མཛད་པའང་ཡོད་ལ། ཚིག་གི་འབྲུ་གནོན་པ་དེ་ཡང་རབ་དབྱེ་ལས། ལྟ་བ་སྟོན་པའི་ལུང་དང་བསྒོམ་པ་དང་སྤྱོད་པ་སྟོན་པའི་ལུང་རྣམས་ལུང་སྦྱོར་གྱི། གནས་སྐབས་སོ་སོར་ཤེས་དགོས་པར་གསུངས་པ་ལྟར་གང་ཟག་གཅིག་གི་ཉམས་ལེན་ལ་སྦྱོར་རྒྱུ་བྱས་ན་ལྟ་བས་སྤྱོད་བསྒོམ་ཁྱད་དུ་མི་གསོད་ཅིང་བསྒོམ་སྤྱོད་གཉིས་དམིགས་གཏད་འཛིན་ཞེན་གྱིས་མི་འཆིང་པའི་དགོས་པ་ཡོད་པར་སེམས་ལགས། བཞི་པ་ཀུན་ནས་ཉོན་མོངས་བསྟན་པ་དྲང་། རྣམ་བྱང་བསྟན་པ་ངེས་པའི་དོན་ཞེས་པ་གཟུགས་ནས་རྟེན་འབྲེལ་གྱི་བར་དང་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་སྟོན་པ་ལྟ་བུའམ་ཡང་ན་རྟེན་འབྲེལ་ལུགས་འབྱུང་ལྡོག་སྟོན་པ་ལྟ་བུ་ལ་བྱས་ན། སྔ་མ་ལ་རང་རང་གི་ངོ་བོ་ཙམ་སྨོས་པས་ཆོག་ལ་ཕྱི་མ་ལ་སྲིད་པའི་རྩ་བ་མ་རིག་པ་སྤོང་བ་ལ་སྟོང་པ་ཉིད་སྟོན་དགོས་པའི་ཕྱིར་དང་འདིའི་དྲང་ངེས་འབྱེད་ཚུལ་བརྒྱད་པོ་འདིའི་གནས་སྐབས་ཀྱི་བརྗོད་ཚུལ་དང་དགག་དགོས་ཀྱི་ལྡོག་པ་མི་འདྲ་ཡང་། མཐར་ཐུག་གི་དགོངས་པ་དཔལ་ལྡན་ཟླ་བའི་བཞེད་པ་དང་མི་འགལ་བ་ཞིག་དགོས་སམ་སྙམ་ལགས་ཏེ་དེ་བཞིན་གཤེགས་པའི་གསུངས་རབ་ཐམས་ཅད་ཀྱི་དགོངས་པ་དེ་ཁོ་ན་ཉིད་ལ་འབབས་དེ་ཁོ་ན་ཉིད་ལ་གཞོལ་ཞེས་དང་། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ང་ཡིས་མདོ་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲགས་པར་ནུས་མ་ཡིན་ཞེས་གསུངས་པའི་ཕྱིར། ངེས་དོན་ཡིན་ན་སྟོང་ཉིད་སྟོན་པས་ཁྱབ་པ་ཁས་བླངས་དགོས་སམ་སྙམ་ལགས། ལྔ་བ་འཁོར་བར་སྐྱོ་བསྐྱེད་དྲང་དོན་དང་། འཁོར་འདས་གཉིས་མེད་ངེས་པའི་དོན་ཞེས་པ་གནས་སྐབས་འཁོར་བ་ལ་སྐྱོ་བ་བསྐྱེད་བའི་ཐབས་སུ་སངས་རྒྱས་ཀྱིས་ཀྱང་ལས་ཀྱི་རྣམ་པར་སྨིན་པ་མྱོང་བར་གསུངས་པ་དང་། མི་རྟག་པ་དང་མི་གཙང་བ་ལ་སོགས་པ་བསྟན་པ་དང་དངོས་པོའི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བར་གསུངས་པ་ལྟ་བུ་ལ་བཤད་དུ་བཏུབ་མོད་ཚིག་ཕྱི་མའི་ནུས་པ་ལ་དཔག་ན་འཁོར་འདས་ཐ་དད་དུ་སྟོན་པ་ཉན་ཐོས་ཀྱི་མདོ་སྡེ་དང་། སྲིད་ཞི་གཉིས་མེད་སྟོན་པ་ཐེག་པ་ཆེན་པོའི་སྡེ་སྣོད་ལྟ་བུ་ལགས་སམ་སྙམ། དྲུག་པ་ཚིག་འབྲུ་སྣ་ཚོགས་སྟོན་པ་དྲང་། ཟབ་ཅིང་རྟོགས་དཀའ་ངེས་པའི་དོན་ཞེས་པ་ཕར་ཕྱིན་དྲུག་པོ་ལྟ་བུ་རེ་རེ་ལའང་དབྱེ་བ་མང་པོ་མཛད་ནས་ཐབས་ཀུན་རྫོབ་གཙོ་བོར་མཛད་དེ་སྤྲོས་པའི་སྒོ་ནས་གསུངས་པ་དང་། སྟོང་ཉིད་རྟོགས་པའི་ཤེས་རབ་དང་ལྡན་པའི་ཏིང་ངེ་འཛིན་གྱི་དགོངས་སྤྱོད་བསམ་གྱིས་མི་ཁྱབ་པ་བསྟན་པ་ལྟ་བུ་ཡིན་ནམ་སྙམ་ལགས། བདུན་པ་ཚིག་མང་སེམས་ཅན་མགུ་བྱེད་དྲང་། ཚིག་ཉུང་བཟུང་བདེ་ངེས་པའི་དོན་ཞེས་པ་ཕུང་ཁམས་སྐྱེ་མཆེད་དང་དེ་ལའང་དམིགས་བཅས་དམིགས་མེད་ཐོགས་བཅས་ཐོགས་མེད་སོགས་ཀྱི་རྣམ་དབྱེ་རྒྱས་པར་ཕྱེ་ནས་ཕྱི་དོན་ཡོད་པར་གསུངས་པ་ལྟ་བུ་དང་། གང་ཟག་དབང་རྣོན་ལ་དགོངས་ནས། ཚིག་ཉུང་ངུས་གནས་ལུགས་ཀྱི་དོན་སྟོན་པར་མཛད་པ་རྣམས་སོ། །བརྒྱད་པ་བདག་སོགས་གཙོར་བཤད་དྲང་བའི་དོན། བདག་མེད་བསྟན་པ་ངེས་པའི་དོན། ཞེས་པ་བདག་འཛིན་ཅན་རྣམས་དྲང་བའི་ཕྱིར་དུ་ང་དེའི་ཚེ་དེའི་དུས་ན་རྒྱལ་བུ་འདི་ཞེས་བྱ་བར་གྱུར་ཏོ་ཞེས་དང་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོ་ཡོད་པར་གསུངས་པ་ལྟ་བུ་དང་བདག་མེད་པའི་གནས་ལུགས་ཇི་ལྟ་བ་བཞིན་སྟོན་པ་རྣམས་སོ། །མདོར་ན་དྲང་དོན་དང་ངེས་དོན་ཞེས་པའི་གོ་བ་རྟོགས་བྱ་མཐར་ཐུག་གམ་དངོས་པོའི་ཡིན་ལུགས་དེ་ཁོ་ན་ཉིད་དུ་ངེས་ཤིང་དེ་ལས་གཞན་དུ་མི་འགྱུར་བའི་དོན་སྟོན་པ་ལ་ངེས་དོན་དང་། གནས་ལུགས་དེ་རྟོགས་པའི་ཐབས་སུ་གསུངས་པ་དངོས་བསྟན་དེ་ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་ཅན་དུ་སྟོན་པ་དྲང་སྟེ་བཤད་དགོས་པའི་དོན་ལ་དྲང་དོན་ཟེར་བ་ཡིན་པས། གནས་སྐབས་ཟབ་ཁྱད་ཅུང་ཟད་ཡོད་པ་ལྟ་བུ་ལ་གོ་མི་རུང་སྙམ་ལགས་ཏེ་མགོན་པོ་བྱམས་པས། མདོ་སྡེ་རྒྱན་དུ་དགོངས་པ་བཞི་དང་། ལྡེམ་དགོངས་བཞི་གསུངས་པ། རྒྱལ་སྲས་རིན་པོ་ཆེས་འགྲེལ་བར་གསུངས་རབ་ཐམས་ཅད་འདི་བརྒྱད་ཀྱི་ནང་དུ་འདུས་པར་གསུངས་མོད་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོའི་ཞལ་སྔ་ནས་བརྒྱད་པོ་དྲང་དོན་ཡིན་པར་གསུངས་ཤིང་། ཀུན་མཁྱེན་རོང་སྟོན་ཆེན་པོའང་འདི་བཞིན་བཞེད་ཅིིང་། རྗེ་བློ་བཟང་གྲགས་པས་ཀྱང་དེ་བཞིན་དུ་ལེགས་བཤད་གསེར་ཕྲེང་དུ་གསུངས་འདུག་པས་གྲུབ་མཐའ་གཞན་གྱིས་ངེས་དོན་དུ་བྱས་པ་གཞན་གྱི་དྲང་དོན་དུ་འཆད་པ་ཡོད་མོད། རང་ཉིད་ཀྱིས་ངེས་དོན་དུ་ཁས་བླངས་པ་ཕྱིས་དྲང་དོན་དུ་འགྱུར་མི་རུང་བར་སེམས་ལགས། །གཏིང་དཔག་དཀའ་བ་ཐུབ་པའི་གསུང་གི་དོན། །རྨོངས་པ་བདག་གིས་དབྱེ་བར་མི་ནུས་མོད། །བླ་མའི་བཀའ་བཞིན་ཕྱོགས་ཙམ་སྨྲས་པ་ལ། །ནོངས་པ་མཆིས་ན་སྙིང་ནས་མཐོལ་ཞིང་བཤགས། །ཅུང་ཟད་ལེགས་པར་བཤད་པའི་ཆ་མཆིས་ན། །དགེ་བ་དེ་ཡིས་ཚེ་རབས་ཐམས་ཅད་དུ། །དཔལ་མགོན་བླ་མའི་བྲན་དུ་བདག་སྐྱེས་ནས། །བཀའ་བཞིན་བསྒྲུབ་པའི་སྐལ་བ་ཡོད་པར་ཤོག །ཅེས་པ་ཆོས་སྨྲ་བའི་གཟུགས་བརྙན་ཀུན༵་དག༵འ་རྒྱལ༵་མཚ༵ན་གྱིས་གུས་པས་བྲིས་པའོ། །དགེའོ། །སརྦ་མངྒ་ལཾ།

གསོལ་འདེབས་དང་འཕྲིན་བཅོལ་སྨོན་ལམ་གྱི་སྐོར།

ཕུར་པའི་སྤྱན་འདྲེན་བསྡུས་པ།

ལྷ་མཆོག་རྡོ་རྗེ་གཞོན་དུ་ཡབ་ཡུམ་དང་། །ཀི་ལ་རིགས་བཞི་ཁྲོ་བཅུ་ཡབ་ཡུམ་དང་། །ཟ་གསོད་ཉི་ཤུ་སྒོ་མ་བཞི་དང་བཅས། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །དཀར་མོ་ཉི་ཟླ་སྲོག་བདག་བདུད་ཀྱི་རྒྱལ། །ཕུར་སྲུང་མཐུ་ཆེན་བདག་ཉིད་མ་བཞི་དང་། །ཤྭ་ན་མ་བཞི་ས་བདག་མ་བཞི་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །

སྟག་ཞོན་གསོལ་བསྡུས། གསང་བདག་ཕྱག་ན་རྡོ་རྗེ་སྤྲུལ་པའི་གར། །གསང་ཆེན་བསྟན་པའི་སྲུང་མ་དྲག་ཤུལ་ཅན་། །དཔལ་ལྡན་མགོན་པོ་སྟག་ཞོན་འཁོར་བཅས་ཀྱིས། །རྣལ་འབྱོར་བདག་གི་མགོན་དང་གྲོགས་མཛོད་ཅིག །

དམ་ཅན་རྒྱ་མཚོའི་ཐུགས་རྒྱུད་བསྐུལ་བའི་ངག་ཕྲིན་ལས་ལྷུན་གྲུབ།

ཧཱུྃ། དམིགས་མེད་ཐུགས་རྗེའི་མཁའ་དབྱིངས་ཆེན་པོ་རུ། །བྱིན་རླབས་ཀུན་གྱི་སྤྲིན་ཆེན་ལེགས་བསྡུས་ནས། །དགོས་གྲུབ་བདུད་རྩིའི་གྲུ་ཆར་འབེབས་མཛད་པ། །སྐྱབས་གནས་ཀུན་འདུས་བླ་མས་དགེ་ལེགས་སྩོལ། །ཀུན་ཁྱབ་འགྲོ་ལ་དམིགས་པའི་སྙིང་རྗེ་དང་། །རྣམ་པར་མི་རྟོག་ཤེས་རབ་ཕ་རོལ་ཕྱིན། །དབྱེར་མེད་ཟུང་དུ་འཇུག་པ་ལྷག་པའི་ལྷ། །དགྱེས་པ་རྡོ་རྗེ་སྙིང་གི་དབུས་སུ་རོལ། །ཞེ་ལྡང་དབང་གིས་མི་སྡུག་གཟུགས་འཛིན་ཅིང་། །གདུག་རྩུབ་སྤྱོད་པས་སྲིད་གསུམ་ཕུང་ལ་སྦྱོར། །ལས་ངན་རྒྱུན་རིང་ནག་ཕྱོགས་བདུད་སྡེའི་རིགས། །ཞི་བའི་ཐབས་ཀྱིས་འདུལ་བར་མ་ནུས་ཚེ། །རྒྱལ་ཀུན་གཉིས་མེད་ཡེ་ཤེས་སྒྱུ་མའི་འཕྲུལ། །ཤུགས་དྲག་སྙིང་རྗེའི་རྩལ་འཆང་ཁྲོ་བོའི་གཟུགས། །འཇིགས་རུང་ཁྲག་འཐུང་རྔམས་པའི་བརྟུལ་ཞུགས་ཅན། །མཐུ་ཆེན་བདུད་འདུལ་སྲུང་མའི་ཚོགས་ལ་འདུད། །ཁྲོ་གཏུམ་སྐུ་ཡི་རྣམ་འགྱུར་བརྗེད་རེ་ཆགས། །དྲག་སྔགས་གསུང་གི་ང་རོ་འཇིངས་སུ་རུང་། །གཉིས་མེད་ཐུགས་ཀྱི་དགོངས་པ་རབ་ཞི་བ། །སྲུང་མ་རྒྱ་མཚོའི་ཐུགས་དམ་དུས་ལ་བབས། །རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །རྣམ་རོལ་གདུག་པའི་གཤེད་དུ་ཁྲོས་པ་ཡི། །དཔལ་ལྡན་མ་ཧཱ་ཀཱ་ལའི་ལྷ་ཚོགས་རྣམས། །རྣལ་འབྱོར་བདག་ལ་དགོངས་པར་མཛད་དུ་གསོལ། །དབྱིངས་ལས་མ་གཡོས་དབྱིངས་ཕྱུག་ཌཱ་ཀིའི་རྗེ། །རྒྱལ་བའི་ཡུམ་གྱུར་ཡུམ་ཆེན་དབང་མོ་དང་། །སྲིད་གསུམ་བདག་མོ་དུས་གསུམ་རྒྱལ་བའི་ཡུམ། །འདོད་ཁམས་ལྷ་མོས་འདོད་པའི་དོན་ཀུན་སྒྲུབས། །ལོག་འདྲེན་ས་གསུམ་འབྱུང་པོའི་མཐུ་སྟོབས་ཀྱིས། །གང་གི་ཡེ་ཤེས་འོད་གཟི་མི་བཟོད་པའི། །གདོང་བཞི་དབང་པོ་འཁོར་ཚོགས་བཅས་པ་ཡིས། །བརྩེ་བའི་སྤྱན་རས་བདག་ལ་གཡོ་བར་མཛོད། །ལས་ངན་ཞིང་བཅུའི་གཤེད་དུ་གྱུར་པ་ཡི། །ལས་ཀྱི་མགོན་པོ་ཡབ་ཡུམ་སྲས་དང་བཅས། །ལས་མཁན་དྲེགས་པ་ཕོ་མོའི་ཚོགས་བཅས་ཀྱིས། །ལས་བཞི་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཏིང་འཛིན་ནམ་མཁའ་མཛོད་ལ་མངའ་བརྙེས་པས། །ཕུན་ཚོགས་ནོར་གྱི་གཏེར་ལ་དབང་འབྱོར་བའི། །གནོད་སྦྱིན་བྱེ་བའི་སྡེ་དཔོན་ངལ་གསོས་པོས། །ཚེ་བསོད་དཔལ་འབྱོར་སྤེལ་བའི་གྲོགས་མཛོད་ཅིག །རང་སྣང་རྒྱལ་བའི་དཀྱིལ་འཁོར་མངོན་གྱུར་ཀྱང་། །ཚུལ་མཐོང་སྣང་ངོར་རང་རྒྱུད་དྲེགས་པའི་ཚུལ། །ཆོས་རྒྱལ་དཔོན་བློན་འཁོར་ཚོགས་བཅས་པ་ཡིས། །ཡེ་ཤེས་སྤྱན་གྱིས་བཙའ་བའི་དུས་ལ་བབས། །དབང་དྲག་པདྨའི་བཀའ་ཉན་དྲེགས་པའི་གཙོ། །བསྟན་དང་བསྟན་འཛིན་སྐྱོང་བའི་མཐུ་རྩལ་ཅན། །གནོད་སྦྱིན་ཆེན་པོ་སྤུན་བདུན་འཁོར་བཅས་ཀྱིས། །སྲུང་སྐྱོབ་སྦ་བའི་ཕྲིན་ལས་གཡེལ་མེད་མཛོད། །རྣམ་བཞིའི་ལས་ལ་དབང་བའི་མཐུ་ཆེན་གྱིས། །རྒྱལ་བ་ཀུན་གྱི་ཕྲིན་ལས་སྤེལ་བའི་ཕྱིར། །རྣལ་འབྱོར་ཡོངས་ཀྱི་མགོན་སྐྱབས་མཛད་པ་ཡི། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ། །ཐུན་མོང་མ་ཡིན་པའི་ཐུགས་དམ་བསྐུལ་བའི་ཚིགས་སུ་བཅད་པ་གཅིག་འདིར་འཇུག ༈ །དབྱངས་ཀྱིས་འབོད་དོ་ཏིང་འཛིན་སྙན་གྱིས་གསོན། །གུས་པས་བསྟེན་ནོ་མངོན་ཤེས་ཐུགས་ཀྱིས་དགོངས། །རྒྱུན་དུ་མཆོད་དོ་ཡེ་ཤེས་སྤྱན་གྱིས་གཟིགས། །ལས་ལ་བསྐུལ་ལོ་བཅོལ་བའི་ཕྲིན་ལས་མཛོད། །སྙིང་ནས་གུས་ཤིང་བསྟེན་པའིི་རྣལ་འབྱོར་པའི། །ཕྱི་དང་ནང་གི་ཉེར་འཚེ་འཇོམས་པ་རྣམས། །འཕྲལ་དང་ཡུན་གྱི་ཕན་བདེ་བསྒྲུབ་པའི་ཕྱིར། །བོས་བའི་ཚེ་ན་ཆོས་སྐྱོང་སྙན་མ་སྲ། །དཔལ་ལྡན་བླ་མའི་སྐུ་ལ་བསྡོ་བ་དང་། །བསྟན་དང་འགྲོ་བ་ཡོངས་ལ་གནོད་ཅིང་འཚེ། །སྒྲུབ་ལ་བར་དུ་གཅོད་པའི་སྡིག་ཅན་ལ། །རྦད་པའི་ཚེ་ན་དམ་ཅན་མཐུ་མ་ཆུང་། །མཚན་རྟོག་དྲི་མས་གཞར་ཡང་མ་གོས་པའི། །བདེ་ཆེན་ཡེ་ཤེས་ཕྱག་རྒྱས་བཏབ་པ་ཡི། །ཕྱི་དང་ནང་གི་མཆོད་གཏོར་དམ་རྫས་རྣམས། །བཞེས་ལ་བདག་གི་མགོན་དང་གྲོགས་མཛོད་ཅིག །རྨོངས་དང་བག་མེད་ལེ་ལོས་གཞན་དབང་གིས། །སྲུང་མའི་ཐུགས་དང་འགལ་བའི་ཉེས་པ་ཀུན། །སྤང་བླང་མཉམ་ཉིད་ཆོས་སྐུའི་ངོ་བོ་རུ། །མཐོང་ནས་ནོངས་པ་དབྱིངས་སུ་དག་པར་མཛོད། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །ལྔ་བརྒྱ་ཐ་མལ་སློབ་དཔོན་གཟུགས་འཛིན་པ། །དྲན་པའི་གདུང་སེལ་དཔལ་ལྡན་བླ་མ་རྣམས། །ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པར་མཛོད། །མ་ལུས་འགྲོ་བའི་ཕན་བདེ་ཀུན་གྱི་གཞི། །ལུང་རྟོགས་ཐུབ་བསྟན་ཡུན་རིང་གནས་པ་དང་། །དེ་འཛིན་དགེ་འདུན་ཚོགས་རྣམས་ཐུགས་མཐུན་ཞིང་། །བཤད་སྒྲུབ་ཕྲིན་ལས་འཕེལ་བར་མཛད་དུ་གསོལ། །མི་བཟོད་ལས་ངན་ཁུར་གྱིས་ཆེར་ནོན་ཅིང་། །སྡུག་བསྔལ་གསུམ་གྱི་ཚོར་བས་ཉམ་ཐག་པའི། །ཆེར་སྙིགས་རྒུད་པའི་དུས་ཀྱིས་འགྲོ་བ་རྣམས། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པར་མཛོད། །ཁྱད་པར་རིག་འཛིན་རྣལ་འབྱོར་བདག་ཅག་གི། དལ་འབྱོར་ལུས་གྱི་གྲུ་གཟིངས་ལ་བརྟེན་ནས། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་དེད་དཔོན་གྱིས། །སྙིང་པོའི་ནོར་བུ་ལེན་པའི་སྟོང་གྲོགས་མཛོད། །ལས་ཉོན་དུག་ཅན་ཀླུ་ཡིས་ཡོངས་བཟུང་བས། །སྡུག་བསྔལ་ཆུ་གཏེར་མི་ཟད་འབྱིན་པའི་གནས། །ཐོག་མཐའ་མི་མངོན་འཁོར་བའི་རྒྱ་མཚོ་ལ། །སྐྱོ་ཤས་ཡིད་འབྱུང་སྐྱེ་བའི་བསྐུལ་མ་མཛོད། །འཁྲུལ་སྣང་ཉམས་དགའ་སྲིད་པའི་ཕུན་ཚོགས་ལ། །ཆགས་ཤིང་ཆོས་བརྒྱད་འདི་སྣང་སྒྲུབ་པའི་བློ། །ཕུང་ཁྲོལ་ཀུན་གྱི་རྩ་བར་མཐོང་ནས་ནི། །ཚེ་འདི་བློ་ཡིས་ཐོང་བའི་ཕྲིན་ལས་མཛོད། །སྟོན་པ་མཆོག་དེས་རྗེས་སུ་གནང་བའི་ཁྱིམ། །ཟག་མེད་ཆོས་ཀྱི་རབ་དགའ་སྦྱིན་པའི་གནས། །ཡོན་ཏན་ལོ་ཏོག་བསྐྱེད་པའི་ཞིང་གི་མཆོག །དབེན་པའི་རི་ཁྲོད་ཟིན་པའི་ཕྲིན་ལས་མཛོད། །ཞི་བའི་ཏིང་འཛིན་ཡིད་ལ་མཛའ་བའི་ཕྱིར། །རྣམ་གཡེང་ལས་དང་འདུ་འཛིའི་གྲོང་སྤངས་ནས། །འབྲོག་དགོན་བས་མཐར་གཅིག་པུར་གནས་པའི་ཚེ། །གཉེན་མེད་བདག་གི་གཉེན་བཤེས་མཛད་དུ་གསོལ། །ནག་ཕྱོགས་བདུད་སྡེའི་མཐུ་དཔུང་རབ་ཏུ་རྒྱས། །མི་སྲུན་སྐྱེ་བོའི་སྤྱོད་ཚུལ་ཤིན་ཏུ་ངན། །ཕྱི་ནང་རྐྱེན་ངན་རླུང་ལྟར་འཚུབ་པའི་ཚེ། །སྐྱབས་མེད་བདག་གི་མགོན་དང་སྐྱབས་མཛོད་ཅིག །གློ་བུར་རྐུན་འཕྲོག་ཇག་ཆོམ་བྱེད་པ་སོགས། །འཇིགས་སྐྲག་སྡུག་བསྔལ་སྐྱེད་པའི་གནོད་བྱེད་རྣམས། །དུས་མཐའི་རླུང་གིས་སྦུར་མ་གཏོར་བ་བཞིན། །དྲག་པོའི་ལས་ཀྱིས་མི་མངོན་དབྱིངས་སུ་སྦྱོར། །དམ་ལྡན་རྣལ་འབྱོར་བདག་ལ་ལྷ་དང་ནི། །སྲུང་མ་དམ་ཅན་ཁྱེད་ལ་མཐུ་མེད་ཅེས། །དོ་བསྡོ་ཁྱད་དུ་གསོད་པའི་དགྲ་བོ་རྣམས། །དུས་མཐའ་སྟུངས་ལ་ལྔ་བའི་ལམ་དུ་སྐྱོལ། །རི་དྭགས་བཞིན་དུ་རི་སུལ་ཉུལ་བའི་ཚེ། །ཆོས་མཐུན་ཡོ་བྱད་སྨན་དང་ཟས་གོས་སོགས། །མཁོ་བའི་དུས་སུ་ཅིས་ཀྱང་མི་ཕོངས་པའི། །འཚོ་སྐྱོང་ཡོན་གྱི་བདག་པོ་ཁྱོད་ཀྱིས་མཛོད། །མྱུར་ལམ་ཟབ་མོས་བྱང་ཆུབ་སྒྲུབ་པའི་ཚེ། །ཉམས་ལེན་གེགས་སེལ་གདམས་ངག་བོགས་འདོན་དང་། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛད་པའི་ཕྱིར། །རྣལ་འབྱོར་ལུས་དང་གྲིབ་མ་བཞིན་དུ་འགྲོགས། །བྱད་དང་རྦོད་གཏོང་འཁོན་གྲིབ་ནད་རིམས་དང་། །ལྷ་འདྲེས་ཆད་པ་མཚན་ལྟས་ངན་པ་སོགས། །མི་དང་མི་མིན་འབྱུང་པོས་བསྐྱེད་པ་དང་། །ལས་དང་རྐྱེན་ལས་བྱུང་བ་བཟློག་ཏུ་གསོལ། །ཚུལ་མིན་ཡིད་བྱེད་རྟོགས་པའི་བདུད་འདི་ལས། །གནོད་བྱེད་ཐམས་ཅད་འབྱུང་བར་ཡིད་ཆེས་ནས། །སེམས་ཉིད་ཆོས་ཀྱིས་ཐུལ་བའི་རྟེན་འབྲེལ་གྱིས། །སྣང་བ་དབང་དུ་འདུ་བའི་ཕྲིན་ལས་མཛོད། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །རྟེན་འབྲེལ་ཐམས་ཅད་ལེགས་པའི་ཕྱོགས་སུ་འགྲིགས། །ཕན་བདེའི་ཕྲིན་ལས་འགྲོ་བའི་གྲངས་བཞིན་སྤེལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྟོངས་གྲོགས་མཛོད། །ཀུན་རྟོག་འཁོར་བའི་མུན་པ་དབྱིངས་སུ་དག །བདེ་ཆེན་ཡེ་ཤེས་སྣང་བ་སྙིང་ལ་ཤར། །འཁོར་འདས་དབྱེར་མེད་བླ་མའི་རང་ཞལ་མཐོང་། །མྱུར་དུ་གྲུབ་མཐའ་སྙོག་པའི་ཕྲིན་ལས་མཛོད། །རྣམ་དག་ཚུལ་ཁྲིམས་བསླབ་པས་རང་རྒྱུད་དུལ། །གཞན་ཕན་བྱང་ཆུབ་སེམས་ཀྱི་ལྷག་བསམ་འབྱོངས། །གཉིས་མེད་བདེ་ཆེན་སྔགས་རིག་གྲུབ་ནས་ནི། །རྡོ་རྗེ་འཛིན་པའི་ས་ལ་སྦྱོར་བར་མཛོད། །བདག་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་དང་། །རྟོག་ཚོགས་སེམས་ཀྱི་ཕྲེང་བ་ཐམས་ཅད་ཀྱང་། །དྲིན་ཆེན་བླ་མ་མཉེས་པའི་མཆོད་སྤྲིན་དུ། །གྱུར་ནས་བསྟན་དང་འགྲོ་ལ་ཕན་པར་མཛོད། །སྙིང་ནས་བདག་ལ་རེ་ལྟོས་འཆའ་བ་ཡི། །ཡིད་ལ་མཛའ་བའི་བཤེས་སུ་གྱུར་པ་རྣམས། །རྐྱེན་ངན་བར་ཆད་གཡུལ་ལས་རྒྱལ་བ་དང་། །བློ་སྣ་ཆོས་ལ་འགྱུར་བར་མཛད་དུ་གསོལ། །མདོར་ན་འདི་ཕྱིའི་གནས་སྐབས་ཐམས་ཅད་དུ། །རྟག་ཏུ་མི་འབྲལ་འགྲོགས་པའི་བརྩེ་གདུང་གིས། །རྐྱེན་ངན་ཟུག་རྔུའི་ཚོར་བ་རྒྱུན་བཅད་ནས། །སེམས་ལ་བདེ་བའི་ངལ་གསོ་སྤྱིན་པར་མཛོད། །རྡོ་རྗེ་འཆང་ནས་བརྒྱུད་པའི་བླ་མ་བཟང་། །ཡེ་ཤེས་སྤྱན་ལྡན་སྲུང་མའི་ཕྲིན་ལས་མྱུར། །མངོན་ལྐོག་མེད་པའི་རྣལ་འབྱོར་དམ་ཚིག་གཙང་། །སྲིད་ཞིའི་ཕུན་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །དེ་ལྟར་དམ་ཅན་རྒྱ་མཚོ་ཡི། །ཐུགས་རྒྱུད་བསྐུལ་བར་བྱེད་པའི་ངག །ཕྲིན་ལས་ལྷུན་གྲུབ་བྱ་བ་འདི། །ཆུང་ནས་མཐུན་པར་འགྲོགས་པའི་གྲོགས། །བསྙེན་པར་རྫོགས་པའི་དགེ་སློང་གི། སྡོམ་པ་སྩོལ་བའི་སློབ་དཔོན་མཆོག །བྱམས་པ་བློ་གྲོས་ཕུན་ཚོགས་ཀྱི། །གསུང་གིས་བསྐུལ་མ་མཛད་པ་དང་། །རང་གིས་མོས་པའི་དབང་བྱས་ནས། །ཤཱཀྱའི་དགེ་སློང་སྙོམས་ལས་པ། །ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས། །ཡིད་འོང་དབེན་པའི་རི་སུལ་དུ། །གང་ཤར་ཡི་གེའི་ལམ་དུ་སྤེལ། ༈ །ལྷ་དང་བླ་མའི་བྱིན་རླབས་རྒྱུད་ལ་ཞུགས། །ལུང་དང་རྟོགས་པའི་ཆོས་ལ་དབང་འབྱོར་ནས། །སྲུང་མ་དམ་ཅན་རྒྱ་མཚོ་དབང་དུ་འདུས། །རང་དང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །རྡོ་རྗེ་འཆང་ཆེན་རྩ་བའི་བླ་མ་ཡི། །མནལ་དང་འོད་གསལ་འདྲེས་པའི་སྤྱན་སྔ་རུ། །རྣལ་འབྱོར་བདག་གི་མགོན་སྐྱབས་མཛད་པ་ཡི། །ཞལ་བཞེས་དུས་ལ་བབ་པོ་ས་མ་ཡ། །ནང་འཁྲུགས་ལ་སོགས་འགལ་རྐྱེན་ཀུན་དང་བྲལ། །མཐུན་རྐྱེན་ཚང་ཞིང་སྒྲུབ་པ་མཐའ་རུ་ཕྱིན། །ཆོས་དང་མཐུན་པའི་བསམ་པའི་དོན་རྣམས་ཀུན། །གེགས་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །མངྒ་ལཾ། ༈ བྱིན་རླབས་གཏེར་ཆེན་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་མཆོག་རྩོལ་ཡི་དམ་ཞི་ཁྲོའི་ལྷ། །དཀོན་མཆོག་རྣམ་གསུམ་ཆོས་སྲུང་ནོར་ལྷ་བཅས། །སྐྱབས་གནས་རྒྱ་མཚོའི་ཚོགས་ཀྱིས་བཀྲ་ཤིས་སྩོལ། །ཀུན་དགས་སོ། །

མངའ་གསོལ་འདོད་དགུའི་དཔལ་སྟེར།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཧཱུྃ། རང་སྣང་སྐུ་གསུམ་རྒྱལ་བའི་དཔལ་བརྙེས་ཀྱང་། །གདུལ་བྱའི་སྣང་ངོར་དགེ་བའི་བཤེས་གཉེན་མཆོག །ཐལ་མལ་ཚུལ་གྱིས་འགྲོ་བའི་དོན་མཛད་པ། །དཔལ་མགོན་བླ་མ་རྣམས་ལ་གསོལ་བ་འདེབས། །ཆོས་ཀྱི་སྐུ་ལས་གཡོ་བ་མེད་བཞིན་དུ། །ཞི་ཆགས་ཁྲོ་བོའི་རྣལ་རོལ་བསམ་ཡས་ཀྱིས། །སྣ་ཚོགས་གདུལ་བྱའི་རེ་བ་ཡོངས་སྐོང་བ། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་དང་བཅས་པའི་འགྲོ་བ་ཡོངས་གྱི་སྐྱབས། །བསམ་གྱིས་མི་ཁྱབ་ཡོན་ཏན་ཚོགས་མངའ་ཞིང་། །མཚན་ཙམ་ཐོས་པས་ལས་སྒྲིབ་ཀུན་སྦྱོང་བ། །དཀོན་མཆོག་གསུམ་གྱིས་བཀྲ་ཤིས་དགེ་ལེགས་སྩོལ། །ཐུགས་ནི་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་ཅིང་གཏུམ་པའི་འགྲོ་བ་འདུལ་བའི་ཕྱིར། །རྣམ་འགྱུར་ཁྲག་འཐུང་སྲིན་པོའི་གཟུགས་འཛིན་པ། །དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད་པར་བགྱི། །རྡོ་རྗེ་འཆང་གིས་སྤྲུལ་བའི་དཀྱིལ་འཁོར་དུ། །རྡོ་རྗེ་ཐེག་པའི་བསྟན་པ་སྲུང་བའི་ཕྱིར། །རྡོ་རྗེ་འཛིན་པའི་སྲུང་མར་དབངབསྐུར་བ། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་མངའ་གསོལ་ལོ། །འོག་མིན་གནས་ནས་རྒྱལ་བའི་ཡེ་ཤེས་ལས། །རྒྱལ་དང་མི་གཉིས་རྒྱལ་སྲས་ཁྲོ་བོའི་སྐུར། །ཡོངས་ཤར་དཔལ་ལྡན་མ་ཧཱ་ཀཱ་ལ་ནི། །བྱང་ཆུབ་བར་དུ་བདག་གིས་སྐྱབས་སུ་བསྟེན། །དབྱིངས་ཀྱི་དབང་ཕྱུག་ཡུམ་ཆེན་ལྷ་མོར་བཅས། །རྣལ་འབྱོར་བདག་གིས་སྤྲོས་མཚན་ཀུན་ཞི་བའི། །ཆོས་ཉིད་རྟོགས་ནས་དམིགས་མེད་སྙིང་རྗེ་ཡིས། །འགྲོ་དོན་རྒྱུན་མི་ཆད་པའི་སྟོང་གྲོགས་མཛོད། །གང་གི་ཡེ་ཤེས་རོལ་བ་ལས་བྱུང་བ། །ལས་མགོན་ཡབ་ཡུམ་སྲས་དང་བཅས་རྣམས་ཀྱིས། །སྒྲུབ་པོ་བདག་གི་ཉམས་དང་རྟོགས་པ་ཡི། །ཡེ་ཤེས་སྣང་བ་འཕེལ་ཞིང་རྒྱས་པར་མཛོད། །གསང་བ་འདུས་པའི་བཀའ་ཡི་གཉེར་མཛིན་པ། །ཞིང་སྐྱོང་གདོང་བཞི་དབང་པོ་འཁོར་བཅས་ཀྱིས། །ཀླུ་སྒྲུབ་ལུགས་བཟང་བདེན་གཉིས་ཟུང་འཇུག་གནད། །ཚུལ་བཞིན་རྟོགས་ནས་བསྟན་ལ་ཕན་པར་མཛོད། །སྐུ་ཡི་མགོན་པོ་སྟག་ཞོན་འཁོར་བཅས་ཀྱིས། །རྡོ་རྗེ་སྙིང་པོ་བླ་མའི་བཀའ་བཞིན་དུ། །རྣལ་འབྱོར་བདག་གི་བྱང་ཆུབ་སྒྲུབ་པ་ལ། །སྲུང་སྐྱོབ་སྦ་བའི་ཕྲིན་ལས་གཡེལ་མེད་མཛོད། །དུར་ཁྲོད་མཁའ་འགྲོའི་བདག་པོ་འཁོར་བཅས་ཀྱིས། །ཟག་བཅས་འཁྲུལ་བའི་སྡུག་བསྔལ་ཀུན་སངས་ནས། །ཟག་མེད་བདེ་བ་མཆོག་གི་ཏིང་འཛིན་ལ། །རྒྱུན་དུ་རོལ་བའི་དགའ་སྟོན་མྱོང་བར་མཛོད། །མ་རིག་ནོངས་པ་གང་མཆིས་བཤགས་བགྱིད་ན། །མ་གཅིག་རྡོ་རྗེ་རབ་བརྟན་འཁོར་བཅས་ཀྱིས། །མ་བཞིན་བྱམས་པའི་ཐུགས་ཀྱིས་སྐྱོང་བ་དང། །མ་མོ་མཁའ་འགྲོའི་འཁུ་ལྡོག་ཞི་བར་མཛོད། །ཆོས་མཐུན་ཡོ་བྱད་འབྱོར་བས་ཕོངས་གྱུར་ན། །མི་ཟད་ནམ་མཁའ་མཛོད་ལ་དབངའབྱོར་བ། །ནོར་གྱི་དབང་ཕྱུག་རྣམ་མང་ཐོས་སྲས་ཀྱིས། །མཁོ་དགུའི་འབྱོར་བའི་དགའ་སྟོན་བདག་ལ་སྩོལ། །དྲེགས་པའི་སྡེ་དཔོན་ལི་བྱིན་ཧ་ར་དང་། །གནོད་སྦྱིན་ཆེན་པོ་བཀའ་བློན་དང་བཅས་པས། །མཉམ་ཉིད་ལྟ་བའི་ངང་ལས་མ་གཡོས་པར། །རིག་རྩལ་སྲུང་མར་ཤེས་པའི་དངོས་གྲུབ་སྩོལ། །བརྒྱུད་པའི་བླ་མ་སངས་རྒྱས་དངོས་འདྲ་བས། །བསྟེན་ཅིང་བཀའ་བསྒོ་མཛད་པའི་སྲུང་མ་རྣམས། །རྣལ་འབྱོར་ངས་ཀྱང་གུས་པས་བསྟེན་ལགས་ན། །ཉིན་མཚན་སྲུང་སྐྱོབ་མཛད་པར་མངའ་གསོལ་ལོ། །གཉིས་མེད་ངང་ལས་ནམ་ཡང་མ་གཡོས་བཞིིན། །གཉིས་སྣང་འཁྲུལ་བའི་གདུག་པ་འདུལ་བའི་ཕྱིར། །སྙིང་རྗེ་དབང་གིས་སྲུང་མའི་ཚུལ་འཛིན་རྣམས། །བསྟན་དགྲ་འཇོམས་པའི་གཤེད་པོར་མངའ་གསོལ་ལོ། །རྨོངས་དང་བག་མེད་སྤྱོད་ངན་ལང་ཤོར་གྱིས། །སྲུང་མའི་ཐུགས་དང་འགལ་བ་དེ་ཡི་ཚེ། །རེ་ཞིག་བཀྱོན་ཡང་བརྩེ་བས་མི་འདོར་བ། །བྱམས་ལྡན་ཕ་མའི་ངོ་བོར་མངའ་གསོལ་ལོ། །དམ་ཚིག་གནས་ལ་དམ་ཅན་འདུ་མོད་ཀྱང་། །དུས་ཀྱི་དབང་གི་དམ་ལྡན་ཉུང་བས་ན། །ཉམས་ཆགས་མཐོལ་བཤགས་བཟོད་པར་གསོལ་བའི་ཚེ། །རྡོ་རྗེ་སེམས་དཔའི་ངོ་བོར་མངའ་གསོལ་ལོ། །ལྷག་སེམས་བཟང་པོའི་ཁྲིམས་ལ་མི་གནས་པར། །ལྗོངས་འདིའི་དཀོན་མཆོག་དབུ་འཕང་སྨོད་པ་ལ། །གང་ལ་གང་འོས་ཆད་པས་འདུལ་བ་སོགས། །དགེ་བཅུ་ཁྲིམས་ཀྱི་བདག་པོ་མངའ་གསོལ་ལོ། །བདག་དང་བདག་ལ་ལྟོས་པར་བཅས་པ་ལ། །བསམ་སྦྱོར་ལོག་པར་འཆང་བའི་མི་སྲུན་པའི། །གདུག་རྩུབ་ཆོས་ཀྱི་དབྱིངས་སུ་སྦྱོར་ནུས་པའི། །ཐུགས་རྗེ་མཐུ་སྟོབས་ངོམས་པར་མངའ་གསོལ་ལོ། །བར་ཆད་བྱུང་ན་སྲུང་ཞིང་སྐྱོང་བ་དང་། །ཕོངས་པར་གྱུར་ན་འདོད་དགུའི་དཔལ་སྟེར་ཞིང་། །དགོས་འདོད་གང་ཡིན་མྱུར་དུ་སྒྲུབ་པ་ཡི། །ཡིད་བརྟན་བྱམས་པའི་གྲོགས་སྲ་མངའ་གསོལ་ལོ། །དབེན་པ་ཡིད་འོང་ལྷ་ཡི་དགའ་ཚལ་དུ། །མར་གྱུར་འགྲོ་ལ་དམིགས་པའི་སྙིང་རྗེ་ཡིས། །རིན་ཆེན་བྱང་ཆུབ་སེམས་ལ་བློ་སྦྱོང་ཚེ། །ཡོངས་འཛིན་དགེ་བའི་བཤེས་སུ་མངའ་གསོལ་ལོ། །བརྒྱུད་ལྡན་བླ་མའི་མན་ངག་ཇི་བཞིན་དུ། །རིམ་གཉིས་ཏིང་འཛིན་བསྒོམ་ལ་ཞུགས་པའི་ཚེ། །དྲོད་རྟགས་ཡོན་ཏན་མྱུར་དུ་བསྐྱེད་པ་ཡི། །གེགས་སེལ་བོགས་འདོད་བྱེད་པར་མངའ་གསོལ་ལོ། །བླ་མ་མཆོག་གསུམ་རིགས་ཀྱི་བདག་པོར་བསྐུར། །དམ་ཆོས་རིན་ཆེན་སྙིང་གི་ནོར་དུ་བཟུང་། །བསྟན་དང་འགྲོ་ལ་ལྷག་བསམ་འབར་བའི་ཚེ། །ལུས་དང་གྲིབ་བཞིན་འགྲོགས་པར་མངའ་གསོལ་ལོ། །ཕྱི་ཡི་འཁྲུལ་སྣང་བདེན་མེད་སྒྱུ་མར་མཐོང་། །ནང་གི་ཆོས་སྐུ་ཡེ་ཤེས་མིག་གིས་རིག །ཕྱི་མའི་ལམ་སྣ་དག་པའི་ཞིང་ཁམས་སུ། །འདྲེན་པའི་དེད་དཔོན་བྱེད་པོར་མངའ་གསོལ་ལོ། །མཆོག་གསུམ་བླ་མ་རང་གི་སེམས་སུ་ཤེས། །སེམས་ཉིད་རིག་སྟོང་ངང་དུ་མཉམ་བཞག་ནས། །ཕྲིན་ལས་དབང་ཕྱུག་ཆོས་སྐྱོང་སྲུང་མ་རྣམས། །རྗེ་བཙུན་བླ་མའི་ངོ་བོར་མངའ་གསོལ་ལོ། །ཀུན་ཉོན་རྒྱུ་འབྲས་རང་ངོ་ལེགས་མཐོང་ནས། །སྐུ་དང་ཡེ་ཤེས་གསལ་སྣང་མཆེད་པའི་ཚེ། །མཆོག་གསུམ་དངོས་གྲུབ་ཚུལ་བཞིན་སྦྱིན་པ་ཡི། །ཡི་དམ་རྒྱ་མཚོའི་ངོ་བོར་མངའ་གསོལ་ལ། །བླ་མ་ལྟར་དུ་མངའ་གསོལ་བྱིན་གྱིས་རློབས། །ཡི་དམ་ལྟར་དུ་མངའ་གསོལ་དངོས་གྲུབ་སྩོལ། །ཆོས་སྐྱོང་ལྟར་དུ་མངའ་གསོལ་ཕྲིན་ལས་སྒྲུབས། །ཡབ་གཅིག་ཕ་ལྟར་མངའ་གསོལ་བྱམས་པས་སྐྱོངས། །སྲིད་ཞིའི་ཕུན་ཚོགས་ཆར་དུས་ཆུ་བོ་བཞིན། །དམ་ལྡན་འདུ་ཚོགས་པད་མཚོར་ངང་མོ་བཞིན་། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་ཤེལ་བཞིན། །གོང་ནས་གོང་དུ་རྒྱས་པའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་ཆོས་ཀྱི་དབྱིངས་སུ་སོལ། །དགེ་ལེགས་མཐུན་རྐྱེན་རྟེན་འབྲེལ་ལྷུན་གྱིས་གྲུབ། །བདེ་སྐྱིད་དཔལ་འབྱོར་འཕེལ་ཞིང་རྒྱས་པ་ཡི། །རངགཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་ཉམས་ལེན་གྱི་གནད་ལ་བློའི་སྣང་བ་ཅུང་ཟད་ཐོབ་ཅིང་། ཁྱད་པར་ཀྱེ་རྡོ་རྗེའི་རྒྱུད་ལུང་མན་ངག་དང་བཅས་པ་སངས་རྒྱས་དངོས་དང་འདྲ་བའི་བླ་མ་ལས་ཉན་ཞིང་ཐོས་བསམ་སྒོམ་གསུམ་གྱིས་ཞུགས་པས་རྟོགས་པའི་ཡེ་ཤེས་མངོན་སུམ་དུ་རྒྱུད་ལ་སྐྱེས་པ་ཙམ་མེད་ཀྱང་ཁ་ཕྱིར་ལྟས་ཀྱི་རྟོག་གེའི་དཔྱོད་པ་དང་མི་འདྲ་བར་རང་གིས་ཉམས་མྱོང་གི་ཚུལ་གྱིས་མི་འཕྲོག་པའི་ཡིད་ཆེས་རྙེད་པ་རི་སུལ་གྱི་ཀུ་ས་ལི་པ་རྒན་པོ་ཀུན་དགའ་རྒྱལ་མཚན་གྱིས་དགོས་པ་ཆེན་པོ་ཡོད་པར་རློམས་ནས་བྲིས་པའོ།། །།དགེའོ།། །།

འཕྲིན་བཅོལ་གཉིས་མེད་མ།

བླ་མ་དང་གཉིས་སུ་མེད་པའི་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་རྒྱལ་བ་ཀུན་གྱི་དངོས། །ཧཱུྃ་ཕཊ་ང་རོས་མཚན་རྟོག་འཁྲུལ་པ་འཇོམས། །ཁྲོ་གཏུམ་སྐུ་ནི་བདུད་སྡེའི་གཤེད་མ་རུ། །ཡོངས་ཤར་བླ་མ་མ་ཧཱ་ཀཱ་ལས་སྐྱོངས། །རིགས་བརྒྱའི་ཁྱབ་བདག་དཔལ་མགོན་བླ་མ་མཆོག །རྒྱལ་ཀུན་ཕྲིན་ལས་རང་གཟུགས་ནག་པོ་ཆེ། །དབྱེར་མེད་སྐྱབས་གནས་ཀུན་འདུས་དྲིན་ཆེན་རྗེ། །ཁྱེད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱོགས་ཀུན་དུས་ངན་སྡུག་བསྔལ་མུན་པས་ཁྱབ། །མི་སྲུན་སྐྱེ་བོའི་གདུག་རྩུབ་མེ་ལྟར་འབར། །བདེ་འབྱུང་རྒྱལ་བསྟན་མཚན་མོར་སོང་དུས་འདིར། །བདག་ལ་རེ་ས་མགོན་པོ་ཁྱེད་ལས་མེད། །གང་ལ་བསྟེན་ཀྱང་བློ་གཏད་མ་མཆིས་ཤིང་། །ཇི་ལྟར་བྱས་ཀྱང་སྙིང་པོ་མ་མཐོང་ནས། །གུས་པས་བསྟེན་ན་ནམ་ཡང་མི་བསླུ་བའི། །མགོན་པོ་ཁྱོད་ལ་སྙིང་ནས་སྐྱབས་སུ་མཆི། །རྨོངས་པའི་དབང་གིས་ལེགས་ཉེས་ཤན་མ་བྱེད། །དུས་ཀྱི་སྟོབས་ཀྱིས་རྐྱེན་ངན་རླུང་ལྟར་འཚུབ། །ལས་ཀྱིས་དེད་ནས་རང་དབང་མ་ཐོབ་པས། །ད་ནི་ཁྱེད་ཀྱི་ཐུགས་རྗེས་སྐྱོབས་པར་མཛོད། །བདག་ཉིད་ཆེན་པོ་བླ་མའི་བཀའ་བཞིན་དུ། །བདག་ལ་ལས་ཀྱི་སྐྱིད་སྡུག་ཅི་སྣང་ཡང་། །བདག་ནི་མགོན་པོ་ཁྱེད་ལ་སྐྱབས་འཆའ་ན། །བདག་ཅག་འཁོར་བཅས་སྐྱོབས་པར་མཛད་དུ་གསོལ། །ཚེ་རབས་སྔོན་ནས་བསྟེན་པའི་ཡི་དམ་ལྷ། །དཔལ་ལྡན་ལྷ་བརྒྱའི་མགོན་པོ་རྡོ་རྗེ་གུར། །སྐྱབས་གནས་ཀུན་འདུས་བླ་མ་ནག་པོ་ཆེས། །བྱང་ཆུབ་བར་དུ་བདག་ནི་སྐྱོང་དུ་གསོལ། །ཉམ་ཐག་བདག་གི་སྡུག་བསྔལ་ཁྱེད་ཀྱིས་མཁྱེན། །མཁྱེན་ལྡན་ཁྱེད་ནི་བདག་ལ་བུ་བཞིན་བརྩེ། །བརྩེ་ཆེན་ཐུགས་རྗེས་ཕྱི་ནང་བར་ཆད་ཀུན། །ཀུན་ཏུ་ཞི་མཛད་ཁྱེད་ལ་ཕྱག་འཚལ་ལོ། །མ་བཅོས་སེམས་ཉིད་སྐྱོན་གྱིས་མ་གོས་ཤིང་། །སྐྱབས་ཡུལ་རང་ལ་གནས་པར་མ་མཐོང་ནས། །བདག་མེད་བདག་ཏུ་བཟུང་བས་ཉམ་ཐག་པ། །བདག་འཛིན་འཁྲུལ་པ་ཞིག་པར་མཛད་དུ་གསོལ། །མེད་སྣང་ཡུལ་ལྔའི་བདུད་ཀྱིས་བསླུ་བྲིད་ལ། །མ་བརྟག་ཉམས་དགའི་བདེ་བ་དོན་གཉེར་བློས། །དངོས་འཛིན་སྲིད་པའི་དྲྭ་བར་ཚུད་པ་བདག །ཆགས་ཞེན་འཁྲི་བ་ཆོད་པར་མཛད་དུ་གསོལ། །ཞེ་སྡང་རང་གཟུགས་སྣང་བ་དགྲར་ལངས་ཏེ། །ཐོག་མེད་གཉེན་གྱུར་འགྲོ་བ་གཞན་དག་ལ། །གནོད་སེམས་གདུག་རྩུབ་རབ་ཏུ་གོམས་པ་ཡི། །ཁོང་ཁྲོའི་ཚ་གདུང་ཞི་བར་མཛད་དུ་གསོལ། །གཞན་དབང་འདུ་འཛིའི་ཉེས་པ་ཆེར་མཐོང་ནས། །བྱ་བྱེད་མང་པོའི་སྤྲོས་པ་ཀུན་སྤངས་ཏེ། །འཕགས་པ་དགྱེས་པའི་དབེན་པའི་རི་སུལ་དུ། །སྒྲུབ་ལ་བརྩོན་པའི་སྐལ་བ་ཡོད་པར་མཛོད། །དེ་ཚེ་མྱུར་ལམ་ཟབ་མོའི་ཏིང་འཛིན་གྱིས། །འཁྲུལ་སྣང་རྐྱེན་ངན་ཀུན་གྱིས་མི་བརྫི་བའི། །ལམ་རྟགས་རྟོགས་པའི་དྲོད་ཚད་རྙེད་ནས་ནི། །དལ་འབྱོར་ལུས་ལ་སྙིང་པོ་ལོན་པར་མཛོད། །རང་སེམས་བླ་མ་དྲན་པའི་སྐད་ཅིག་ལ། །སྐུ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །རང་ལས་གཞན་དུ་མེད་པར་ཐག་ཆོད་ནས། །ཐུགས་ཡིད་དབྱེར་མེད་འགྱུར་བར་མཛད་དུ་གསོལ། །རང་རྒྱུད་ལུང་རྟོགས་ཡོན་ཏན་ནོར་གྱིས་ཕྱུག །གཞན་དོན་བསྡུ་དངོས་བཞི་ཡི་ཕྲིན་ལས་རྒྱས། །ཕན་བདེའི་དགའ་སྟོན་གདུལ་བྱའི་དཔལ་དུ་ཤར། །དོན་གཉིས་མཐར་ཕྱིན་འགྱུར་བར་མཛད་དུ་གསོལ། །བདག་དང་བདག་གི་ཕ་མས་ཐོག་དྲངས་པའི། །འབྲེལ་པ་ཐོགས་པའི་སེམས་ཅན་མ་ལུས་པ། །མགོན་པོ་ཁྱོད་ཀྱིས་ཐུགས་རྗེས་མི་གཏོང་བར། །སྲིད་ཞིའི་འཇིགས་པ་ཀུན་ལས་སྐྱབ་དུ་གསོལ། །ཞེས་པ་འདི་ནི་ས་ལའི་ལྗོན་བཟང་རབ་ཏུ་རྒྱས་པའི་ནགས་ཁྲོད་བཀྲ་ཤིས་ལྟེམས་ཀྱི་ཉེ་འདབས་ཆུ་བོ་གཡས་སུ་འབབ་པའི་སླས་དཀྱིལ་དུ་ལུག་ལོ་ཟླ་བ་དང་པོའི་ཡར་ཚེས་བཅུ་བཞི་མཁའ་འགྲོ་འདུ་བའི་དུས་ཆེན། རྒྱལ་དང་ཕུར་བུ་འཛོམས་པའི་ཉིན། བློ་གྲོས་གཞན་ཕན་ཟླ་བས་སྦྱར་བ་དགེའོ། །བཀྲ་ཤིས་ཤོགསརྦ་མངྒ་ལཾ།

ཞིང་སྐྱོང་དབང་པོ་མཆོད་ཐབས་མདོར་བསྡུས་བཞེད་དོན་ལྷུན་གྲུབ།

བཅོམ་ལྡན་དགྱེས་པ་རྡོ་རྗེ་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །ཞིང་སྐྱོང་དབང་པོ་མཆོད་པའི་ཐབས། །བཞེས་དོན་ལྷུན་གྲུབ་འདི་སྤྲོའོ། །མཆོད་གཏོར་རྣམས་ཕྱག་ལེན་བཞིན་བཤམས་ལ། །ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་དགྲ་བགེགས་མ་ལུས་པ་བསྒྲལ་བ་ལས་བྱུང་བའི་ཤ་རུས་ཀྱི་གཏོར་མ། ཁྲག་གི་མཆོད་ཡོན། དབང་པོ་ལྔ་ཡི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་ཐོད་རྔ་སོགས་རོལ་མོའི་བྱེ་བྲག །གཞན་ཡང་ཕྱི་ནང་གསང་བའི་དམ་རྫས་བསམ་གྱིས་མི་ཁྱབ་པས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་སྤྲིན་ཕུང་འཐིབ་པ་ལྟར་གང་བར་གྱུར། །ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ་ཞེས་བརྗོད་ནས། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དུར་ཁྲོད་རོལ་བའི་གཞལ་ཁང་ཆེན་པོའི་དབུས་སུ་པད་ཉི་དང་དགྲ་བགེགས་ཀྱི་གདན་གྱི་སྟེང་དུ་ཧཱུྃ་མཐིང་ནག །དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དགྲ་བགེགས་རྣམས་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞིང་སྐྱོང་གཟི་ལྡན་དབང་ཕྱུག་བྲམ་ཟེའི་གཟུགས་ཅན་སྐུ་མདོག་ནག་པོ། གཡས་རལ་གྲི་མེ་འབར་བ་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། མི་རུས་ཀྱི་ཕྲེང་བ་ཕྱག་འགག་ཏུ་བརྒྱུས་པ། ཆང་གིས་གང་བའི་བུམ་པ་དང་རྩེ་གསུམ་མཆན་ཁུང་དུ་བསྣམས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྨིན་མ་དམར་སེར་མེ་ལྟར་དུ་འབར་བ། ན་གསུམ་སྡང་མིག་ཏུ་བགྲད་པ། ཞལ་གདངས་ཤིང་མཆེ་བའི་མྱུ་གུ་གཙིགས་པ། མི་མགོ་སྐམ་པོ་ལྔས་དབུ་རྒྱན་དང་། རློན་པ་ཉེར་གཅིག་གི་དོ་ཤལ་ཅན། ཚངས་པའི་སྐུད་པ་དང་། རུས་པའི་ཕྲེང་བས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡས་སུ་གཡུང་མོ་ནག་མོ། གཡོན་དུ་གཏུམ་མོ་ལྗང་གུ། མདུན་དུ་སྲིན་མོ་དམར་མོ། རྒྱབ་ཏུ་སིངྒ་ལཱི་མ་སེར་ནག །བཞི་ཀའང་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། གཅེར་བུ་རྒྱན་མེད་པ་རབ་ཏུ་གྲིམས་ཤིང་ཁྲོས་པའི་ཆ་ལུགས་ཅན། གཡོན་བརྐྱང་གཡས་བསྐུམ་བཞེངས་བའི་ཚུལ་གྱིས་བཞུགས་པ། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། །གས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཏི་སེ། བསིལ་བའི་ཚལ། པོ་ཏ་ལ། ཧ་ཧ་དགོད་པའི་དུར་ཁྲོད་སོགས་ནས་ནག་པོ་ཆེན་པོ་བྲམ་ཟེའི་གཟུགས་ཅན་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་ༀ་བཛྲ་ས་མཱ་ཛཿརྔ་སིལ་དང་བཅསཏེ། ཧཱུྃ། ཧ་ཧ་རྒོད་པའི་དུར་ཁྲོད་ལ་སོགས་ནས། །ཀཱིཾ་ཀཱིཾ་སྒྲ་སྒྲོགས་བྲམ་ཟེའི་གཟུགས་ཅན་ཁྱོད། །མང་མང་ཌཱ་ཀིའི་འཁོར་ཚོགས་དང་བཅས་པ། །མྱུར་མྱུར་རྫུ་འཕྲུལ་སྟོབས་ཀྱིས་གནས་འདིར་གཤེགས། །ༀ་མཧཱ་ཀཱ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཧཱུྃ། མཚན་ལྡན་དྲག་པོའི་གཞལ་ཡས་དམ་པ་འདིར། །དམ་ལྡན་རིག་འཛིན་རྣལ་འབྱོར་བདག་ཅག་གི། བཅུད་ལྡན་དམ་རྫས་ཐུགས་དམ་བསྐང་བའི་ཕྱིར། །སྟོབས་ལྡན་ཞིང་སྐྱོང་འཁོར་བཅས་བཞུགས་སུ་གསོལ། །ༀ་མ་ཧཱ་སོགས་ནས། ཝཱ་ར་པདྨ་ཀ་མ་ལ་ཡ་སྟྭཾ། དེ་ནས་གཏོར་སྔགས་སོགས་ཕྱག་ལེན་ལྟར་བྱས་ལ། ཧཱུྃ། དཔལ་ཆེན་རྡོ་རྗེ་འཆང་གི་བཀའ་རྒྱ་ཡིས། །གསང་ཆེན་བསྟན་པའི་སྲུང་མར་ལེགས་བསྐོས་པ། །སྟོབས་ཆེན་ཞིང་སྐྱོང་དབང་པོ་འཁོར་བཅས་ལ། །རྒྱ་ཆེན་རྫས་ཀྱི་མཆོད་པ་འདི་འབུལ་ལོ། །དགྲ་བགེགས་ཤ་རུས་གཏོར་མའི་རི་བོ་དང་། །ཁྲག་མཆོད་ལ་སོགས་དྲག་པོའི་ཉེར་སྤྱོད་ཚོགས། །དངོས་སུ་འབྱོར་དང་ཏིང་འཛིན་ལས་བྱུང་བའི། །ཕྱི་ནང་གསང་བའི་དམ་རྫས་སྣ་ཚོགས་ཀྱིས། །ལྷ་ཆེན་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །ཞིང་སྐྱོང་གཞི་ལྡན་དབང་ཕྱུག་ཐུགས་དམ་བསྐང་། །བྲམ་ཟེའི་གཟུགས་ཅན་དཔའ་བོའི་ཐུགས་དམ་བསྐང་། །ཡུམ་ཆེན་གཡུང་མོ་ནག་མོའི་ཐུགས་དམ་བསྐང་། །ལས་མཛད་གཏུམ་མོ་ལྗང་ཁུའི་ཐུགས་དམ་བསྐང་། །སེར་ནག་སིངྒ་ལཱི་མའི་ཐུགས་དམ་བསྐང་། །དམར་ནག་སྲིན་མོ་ཆེན་མོའི་ཐུགས་དམ་བསྐང་། །འཁོར་གྱི་ཞིང་སྐྱོང་ཚོགས་ཀྱི་ཐུགས་དམ་བསྐང་། །ཏིང་འཛིན་མི་གསལ་བཟླས་བརྗོད་ཉུང་བ་དང་། །དམ་རྫས་མ་ཚང་མཆོད་གཏོར་ཆག་ལ་སོགས། །རྨོངས་པའི་དབང་གིས་ནོངས་པ་གང་བགྱིས་པ། །འགྱོད་པས་བཤགས་སོ་བཟོད་པར་མཛད་དུ་གསོལ། །ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔར་མངོན་སུམ་དུ། །རྡོ་རྗེ་ཐེག་པའི་བསྟན་པ་སྲུང་བའི་ཕྱིར། །རྡོ་རྗེ་འཛིན་པའི་སྲུང་མར་ཞལ་བཞེས་པ། །རྡོ་རྗེ་གཏུམ་མོ་ཁྱོད་ལ་བདག་བསྟོད་དོ། །སྡང་མིག་ཙམ་གྱིས་སྲིད་གསུམ་འདར་བར་བྱེད། །ཧཱུྃ་ཕཊ་སྒྲ་ཡིས་བདུད་ཀྱི་སྙིང་ཡང་འགས། །དམིགས་མེད་ཐུགས་ཀྱི་ཆོས་དབྱིངས་གྲོགས་སུ་བསྙེན། །ཁྲག་འཐུང་དཔའ་བོ་ཁྱོད་ལ་བསྟོད་པར་བགྱི། །དུ་མའི་མཚན་འཆང་དཔའ་བོ་བྲམ་ཟེའི་གཟུགས། །འཇིགས་བྱེད་ཚངས་སྐུད་མི་མགོའི་ཕྲེང་བ་ཅན། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་འགྱིང་། །མདུང་ཐུང་གྲི་གུག་བུམ་ཐོད་འཛིན་ལ་བསྟོད། །ཕྱོགས་བཞིར་དམར་སེར་ལྗང་ནག་ཁྲོས་པའི་ཞལ། །ཐུགས་ཀྱི་དགྱེས་སྡེ་བདེ་སྐྱོང་མཁའ་འགྲོ་མ། །གཅེར་མོ་བརྐྱང་བསྐུམ་གྲི་ཐོད་ལེགས་འཛིན་པའི། །གསང་བའི་ཡུམ་ཆེན་འཁོར་དང་བཅས་ལ་བསྟོད། །དེ་ལྟའི་མཆོད་བསྟོད་ཡིད་འོང་པདྨོའི་ཚོགས། །ཚོགས་གསུམ་རིན་ཆེན་སྣོད་དུ་ལེགས་སྤུངས་ཏེ། །གུས་པས་ཞིང་སྐྱོང་འཁོར་དང་བཅས་ལ་འབུལ། །འདོད་དགུའི་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། །ཁྱོད་ལ་སྙིང་ནས་གུས་པའི་རྣལ་འབྱོར་བདག །ཚེ་ལ་བར་དུ་གཅོད་པ་མི་འབྱུང་ཞིང་། །མི་མཐུན་རྒུད་པའི་ཚོགས་རྣམས་ཞི་བ་དང་། །རྣམ་དཀར་དགེ་བ་འཕེལ་བར་མཛད་དུ་གསོལ། །འགྲོ་ལ་བྱམས་པས་ངག་གི་དབང་ཕྱུག་མཆོག །བརྩེ་ཆེན་སྙིང་པོའི་རིང་ལུངས་འཛིན་སྐྱོང་གིས། །མཁས་ཀུན་དགའ་མཛད་བསྟན་འཛིན་དམ་པ་རྣམས། །ཞབས་བརྟན་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། །འཇིག་རྟེན་མེས་པོའི་ཚེ་དང་དབང་པོའི་དཔལ། །གཙུག་ན་ཟླ་བའི་སྟོབས་དང་ངལ་གསོའི་བུའི། །འབྱོར་བ་ལ་སོགས་ལེགས་པའི་ཡོན་ཏན་ཀུན། །སྐད་ཅིག་ཉིད་ལ་གནས་འདིར་འདུ་བར་མཛོད། །རྣམ་པར་རྒྱལ་བའི་གནས་མཆོག་འདི་ཉིད་དུ། །གཞན་དུ། ༼རྣམ་པར་རྒྱལ་བའི་གཟིམ་ཁང་འོག་མ་རུ། །༽ཆོས་དང་སྲིད་ཀྱི་དཔལ་གཡང་ཀུན་འདུ་ཞིང་། །སྟོབས་འབྱོར་ཆང་གིས་མྱོས་པའི་དྲེགས་ལྡན་རྣམས། །དབང་མེད་གུས་ཤིང་འདུ་བའི་ཕྲིན་ལས་མཛོད། །རྣམ་དག་ཚུལ་ཁྲིམས་བསླབ་པས་རྒྱུད་སྡོམ་ཞིང་། །འཁྲུལ་མེད་ཀློག་སྤོང་བྱ་བས་དུས་འདའ་བའི། །ངུར་སྨྲིག་འཛིན་པའི་དགེ་འདུན་ཚོགས་རྣམས་ཀྱིས། །རྒྱུན་གྱི་དབང་པོའི་ཆོས་གྲྭ་འགེངས་པར་མཛོད། །མདོར་ན་རྣམ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་ཤེལ་ལྟར། །འཕེལ་ཞིང་སྲིད་ཞིའི་ཕྱོགས་ལས་རྒྱལ་བའི་མཚན། །མཐོན་པོར་འདེགས་པའི་བཀྲ་ཤིས་རྒྱས་པར་མཛོད། །ཅེས་པ་འདི་ནི་མདོ་སྔགས་བསྟན་པའི་གསལ་བྱེད་གཟིམ་འོག་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་བྱམས་པ་ངག་དབང་ཀུན་དགའ་བསྟན་འཛིན་ཕྲིན་ལས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་བཀའ་ལུང་གསེར་གྱི་རྡོ་རྗེ་སྤྱི་བོར་ཕེབས་པ་གུས་པས་བླངས་ཏེ། ཡུལ་ལི་ཐང་ཕྱོགས་སུ་སྐྱེས་པའི་བན་འཁྱམས། འཇམ་དབྱངས་རབ་དགའི་སྣང་བ་ཚངས་བྱུང་དགྱེས་པའི་བློ་ལྡན་དུ་འབོད་པས་ཤྲཱི་ནཱ་ལེནྡྲའི་ཆོས་གྲྭར་སྦྱར་བ་དགེ། །།

ཟབ་མོ་དབུ་མའི་སྨོན་ལམ།

དུས་གསུམ་གཟིགས་པའི་སྟོན་པ་ཐུགས་རྗེ་ཅན། །གང་དེས་ལུང་བསྟན་དཔལ་མགོན་ཀླུ་སྒྲུབ་རྗེ། །ཟབ་མོ་དབུ་མའི་ལམ་བཟང་གསལ་མཛད་པའི། །འཕགས་བོད་པཎ་གྲུབ་རྣམས་ལ་ཕྱག་བགྱི་འོ། །གང་དུའང་མ་གྲུབ་ཅི་ཡང་འཆར་བ་ཡི། །སྟོང་དང་རྟེན་འབྱུང་འགལ་བ་མེད་མཐོང་ནས། །རྟག་ཆད་སྲིད་ཞིའི་མཐའ་ལ་མི་གནས་པའི། །ཟབ་མོ་དབུ་མའི་དེ་ཉིད་རྟོགས་པར་ཤོག །ཆོས་ཀུན་བདག་མེད་རྟོགས་པའི་ཤེས་རབ་དང་། །འགྲོ་ཀུན་བུ་སྡུག་ལྟར་མཐོང་སྙིང་རྗེ་གཉིས། །ཡིད་ལ་ཟུང་དུ་འཇུག་པ་གོམས་བྱས་ནས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག །དམིགས་གཏད་མཐའ་དག་འཇིག་པའི་སྟོང་ཉིད་ཀྱིིས། །མཐར་འཛིན་སྲིད་པའི་བཅིངས་པ་ཀུན་གྲོལ་ཅིང་། །མི་ཟད་སྲིད་པའི་རྒུད་པ་ཀུན་བསལ་ནས། །རིས་མེད་འགྲོ་ལ་བརྩེ་བའི་གསལ་སྣང་གིས། །མྱང་འདས་ཞི་བའི་དབྱིངས་སུ་མི་གཞོལ་བར། །གོང་གི་ཚིགས་བཅད་གཉིས་ལས་རྐང་པ་རེ་ཟུང་ཆད་སོང་སྙམ། ཐབས་ཤེས་ཟུང་འཇུག་ཚོགས་གཉིས་གཤོག་ཡངས་ཀྱིས། །རྒྱ་ཆེན་ས་བཅུའི་ལྷ་ལམ་རབ་བགྲོད་དེ། །སྒྲིབ་གཉིས་ལག་འགྲོའི་དཔུང་ཚོགས་ཀུན་འཇོམས་པའི། །ཀུན་མཁྱེན་མཁའ་ལྡིང་དབང་པོ་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་ཀུན་དགའ་རྒྱལ་མཚན་གྱིས་བྲིས་པའོ། །

ཐེག་པ་ཆེན་པོའི་བློ་སྦྱོང་གི་སྨོན་ལམ་བྱང་ཆུབ་ལམ་བཟང་།

བླ་མ་ལ་ཕྱག་འཚལ་ལོ། །འགྲོ་ལ་ཐུགས་བརྩེ་དུས་ལསམི་ཡོལ་བའི། །རྒྱལ་བ་སྲས་བཅས་བདག་ལ་དགོངས་སུ་གསོལ། །སྙིང་ནས་ཁྱེད་ཀྱི་རྗེས་སུ་སློབ་པའི་ཕྱིར། །སྨོན་པ་འདི་དག་འགྲུབ་པར་བྱིན་གྱིས་རློབས། །མཐའ་ཡས་འགྲོ་ལ་དམིགས་པའི་སྙིང་རྗེ་དང་། །མཆོག་གསུམ་ཡོན་ཏན་མཐོང་བའི་མོས་གུས་ཀྱིས། །ཁྱད་པར་བཞི་ལྡན་སྐྱབས་འགྲོས་གཞི་བཟུང་ནས། །ལམ་འདིར་འཇུག་པའི་གོ་ཆ་བགོ་བར་ཤོག །དལ་འབྱོར་རྙེད་དཀའ་དྲན་ནས་ཆོས་ལ་འཇུག །ལོང་མེད་འཆི་བ་ཤེས་ནས་ཕྱིར་བཤོལ་སྤང་། །ལས་འབྲས་བསླུ་མེད་བསམ་ཏེ་ཉིན་མཚན་དུ། །དམ་ཆོས་སྤྱོད་པའི་དགའ་བས་འདའ་བར་ཤོག །སྲིད་པའི་ཟུག་རྔུ་ཐམས་ཅད་འབྱིན་པའི་སྨན། །མ་ལུས་འགྲོ་བའི་ཕན་བདེ་མཆོག་གི་གཏེར། །རྒྱལ་བ་སྲས་བཅས་སྐྱེད་བྱེད་བྱམས་པའི་ཡུམ། །བྱང་ཆུབ་སེམས་ལ་ཡིད་ཆེས་བརྟན་པར་ཤོག །ཅི་ཙམ་འབྱོར་ཡང་རློམས་པ་མི་སྐྱེ་ཞིང་། །ཤིན་ཏུ་རྒུད་ཀྱང་ཞུམ་པ་མི་འབྱུང་བའི། །རྒྱལ་བའི་སྲས་ཀྱི་བློ་སྟོབས་རྒྱ་ཆེ་བ། །བདག་གི་སྙིང་ལ་ངེས་པར་འབྱུང་བར་ཤོག །གསུང་རབ་ཀུན་གྱི་བརྗོད་བྱའི་སྙིང་པོའི་དོན། །རྒྱལ་སྲས་ཡོངས་ཀྱི་བགྲོད་པ་གཅིག་པུའི་ལམ། །སངས་རྒྱས་ཀུན་གྱི་བླ་མ་བྱང་ཆུབ་སེམས། །མྱུར་དུ་བདག་གི་རྒྱུད་ལ་སྐྱེ་བར་ཤོག །སེམས་སྣང་འགྲོ་བ་རྨི་ལམ་ལྟ་བུའི་ཆོས། །སྐྱེ་མེད་སྤྲོས་དང་བྲལ་བར་ལེགས་མཐོང་ནས། །རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །འཁྲུལ་སྣང་འགྲོ་བའི་དོན་ཆེན་བྱེད་པར་ཤོག །ཡང་ཡང་ཕན་བཏགས་དྲིན་གྱིས་བསྐྱངས་པའི་གཉེན། །སྡུག་བསྔལ་རྒྱ་མཚོར་བྱིང་བ་འདི་མཐོང་ནས། །བུ་སྡུག་ཆུ་ཡིས་ཁྱེར་བའི་མ་བཞིན་དུ། །འགྲོ་བ་ཀུན་ལ་བྱམས་བརྩེས་ཁྱབ་པར་ཤོག །ཐོག་མེད་དུས་ནས་ཕ་མར་གྱུར་པ་ཡི། །འགྲོ་བའི་སྡིག་སྡུག་རང་ལ་ལེན་པ་དང་། །བདག་གི་བདེ་དགེ་གཞན་ལ་སྟེར་བ་ཡི། །མཆོག་ཏུ་བརྟན་པའི་ལྷག་བསམ་འབར་བར་ཤོག །མ་རིག་ཆགས་སྡང་ཉོན་མོངས་འཕེལ་བའི་གཞི། །དགྲ་གཉེན་བར་མའི་སྣང་བ་གང་ཤར་བ། །འབར་བའི་མེ་ལ་བུད་ཤིང་བསྣན་པ་བཞིན། །བྱང་ཆུབ་སེམས་ཀྱི་གྲོགས་སུ་འགྲོ་བར་ཤོག །འཆིང་བྱེད་འཁོར་བའི་ཉོན་མོངས་ཀུན་གྱི་རྒྱུ། །ལས་ངན་སྡུག་བསྔལ་སྣ་ཚོགས་འབྱུང་བའི་གནས། །བྱང་ཆུབ་ལམ་ལ་བར་དུ་གཅོད་པའི་བདུད། །བདག་ཉིད་གཅེས་འཛིན་རྩད་ནས་ཐོན་པར་ཤོག །ལས་ཀྱིས་བདུད་རྩི་རྣག་ཏུ་སྣང་བ་བཞིན། །གཞན་སྐྱོན་མཐོང་བ་རང་སྣང་མ་དག་པར། །ཤེས་ནས་དགེ་ལེགས་ཡོན་ཏན་རྒྱ་མཚོ་ཡི། །འབྱུང་གནས་འགྲོ་བ་གཞན་ལ་གུས་པར་ཤོག །སྡུག་བསྔལ་བརྙས་དང་གཏམ་ངན་ལ་སོགས་པ། །མི་འདོད་སྣ་ཚོགས་ཐོག་ཏུ་བབས་ན་ཡང་། །རྒྱལ་སྲས་སྤྱོད་པའི་གྲོགས་སུ་མཐོང་ནས་ནི། །རབ་དགའི་སེམས་ཀྱིས་དང་དུ་ལེན་པར་ཤོག །སྲིད་པའི་ཕུན་ཚོགས་རྨི་ལམ་ལྟ་བུའི་ཆོས། །འབྱོར་ཡང་དེ་ལ་ཞེན་པ་མི་སྐྱེ་ཞིང་། །གཞན་ལ་ཕན་པའི་ཐབས་སུ་མཐོང་བ་ནི། །ལུས་སྲོག་གཏོང་ལ་ཞུམ་པ་མེད་པར་ཤོག །རང་གིས་ཡུན་རིང་གཅེས་པར་བསྐྱངས་བའི་མིས། །རང་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང་། །སླར་ཡང་བརྩེ་བས་གནས་སྐབས་མཐར་ཐུག་གི། དེ་ཡི་ཕན་བདེ་བདག་གིས་སྤེལ་བར་ཤོག །ཤ་ཁྲག་ལ་དགའ་འབྱུང་པོའི་ཚོགས་རྣམས་ཀྱིས། །སྒྱུ་མའི་ལུས་འདི་ཟ་བར་བྱེད་ན་ཡང་། །རང་ལ་གཅེས་འཛིན་རྟོག་པ་མི་གཡོ་ཞིང་། །བརྩེ་བས་དེ་ལ་ཕན་འདོགས་ནུས་པར་ཤོག །གདོད་ནས་ཞི་བ་སེམས་ཀྱི་ཆོས་ཉིད་ལས། །སྣ་ཚོགས་ཆོས་ཀུན་གཡོ་བ་མེད་མཐོང་ནས། །འཁྲུལ་སྣང་རྐྱེན་ངན་ཆུ་ཟླའི་རྫུན་རིས་ཀྱིས། །ཆོས་ཉིད་དོན་ལ་གསལ་སྣང་འདྲེན་པར་ཤོག །གནོད་བྱེད་ཐམས་ཅད་དགེ་བའི་བཤེས་སུ་མཐོང་། །སྡུག་བསྔལ་ཐམས་ཅད་སེམས་ཀྱི་རྒྱན་དུ་རིག །འགལ་རྐྱེན་ཐམས་ཅད་དགེ་བའི་བསྐུལ་མ་རུ། །མཐོང་ནས་རྐྱེན་ངན་ལམ་དུ་ལོང་བར་ཤོག །རང་བདེ་དོན་གཉེར་རང་གི་དགྲ་བོར་ཤེས། །ཐ་མལ་དགྲ་བོ་བྱང་ཆུབ་གྲོགས་སུ་ཤར། །ན་ཚ་སྡུག་བསྔལ་སྡིག་པའི་དག་བྱེད་དུ། །མཐོང་ནས་རྐྱེན་ངན་ལམ་དུ་ལོང་བར་ཤོག །ལས་ངན་ཕྱྭ་གཡང་འགུག་པའི་རྐྱེན་དུ་མཉམ། །འདྲེ་གདོན་དངོས་གྲུབ་སྩོལ་བའི་གྲོགས་སུ་ཤར། །འཁོར་ངན་ལོགས་སྒྲུབ་རྟོགས་པའི་བོགས་འདོན་དུ། །ཤེས་ནས་རྐྱེན་ངན་ལམ་དུ་ལོང་བར་ཤོག །བླང་དོར་ཤེས་ནས་བསགས་སྦྱང་གནད་དུ་ཁེལ། །སྲུང་མ་མཉེས་པས་བར་ཆད་བདུད་ལས་རྒྱལ། །ཐབས་ལ་མཁས་པས་བགེགས་རིགས་གྲོགས་སུ་ཤར། །རྣམ་བཞིའི་སྦྱོར་བ་ཉམས་སུ་ལེན་པར་ཤོག །ཤིན་ཏུ་སྤྲོ་བས་འཕེན་པའི་གོ་བགོས་ནས། །བདག་འཛིན་འདུལ་བའི་ཆོས་ལ་བློ་སྦྱོང་ཤིང་། །རྣམ་དཀར་ཐབས་དང་སྨོན་པའི་གྲོགས་དང་བཅས། །ཚེ་དང་དམ་པའི་ཆོས་སྤྱོད་སྙོམས་པར་ཤོག །རྟག་ཏུ་བླ་མ་དྲན་པའི་མོས་གུས་དང། །བདེན་གཉིས་བྱང་ཆུབ་སེམས་ལ་ལེགས་གོམས་པས། །ཟབ་ཡངས་ཆོས་འདིའི་ངང་ལས་མ་གཡོས་པར། །འཆི་བའི་བསོད་ནམས་བདག་ལ་ཡོད་པར་ཤོག །མི་དང་མི་མིན་འབྱུང་པོས་གཙེས་པ་དང་། །འབྱུང་འཁྲུགས་ལུས་ཀྱི་ཟུག་རྔུ་ལང་བ་དང་། །ཤུགས་དྲག་ཉོན་མོངས་སྐྱེ་བའི་དུས་སུ་ཡང་། །བྱང་ཆུབ་སེམས་མཆོག་ཉམས་པ་མེད་པར་ཤོག །འཁྲུལ་སྣང་བར་དོའི་འཇིགས་སྐྲག་ཤར་བ་དང་། །མ་ཡི་མངལ་དང་ཚེ་རབས་གཞན་དུ་ཡང་། །ཆོས་ཀྱི་སྙིང་པོ་སེམས་མཆོག་རིན་པོ་ཆེ། །སྐད་ཅིག་ཙམ་ཡང་བརྗེད་པར་མ་གྱུར་ཅིག །འཁོར་གྱིས་དབུས་སུ་ཡང་དག་ལམ་བཟང་འདི། །སྒྲོག་པའི་རྒྱལ་དང་དེ་སྲས་དགེ་བའི་བཤེས། །ཚེ་རབས་ཀུན་ཏུ་བླ་མར་བསྟེན་ནས་ནི། །ཆོས་འདི་འཛིན་ཅིང་གཞན་ལ་སྟོན་པར་ཤོག །བདག་འཛིན་ཐུལ་བས་ཇི་བྱས་ཆོས་སུ་སོང་། །རེ་དོགས་ཟད་པས་གང་བྱུང་གྲོགས་སུ་ཤར། །ལྷག་བསམ་འབྱོངས་པས་གཞན་ཕྱིར་རང་ཉིད་ལ། །སྡུག་བསྔལ་འབྱུང་ཡང་རབ་དགའ་འཕེལ་བར་ཤོག །ལྟ་བ་འཛིན་པའི་དུག་གིས་མ་སྦགས་ཤིང་། །སྙིང་རྗེ་ཕྱོགས་རིས་ཞེན་པས་མ་བཅིངས་པའི། །བདེན་གཉིས་ཟུང་འཇུག་སེམས་མཆོག་རིན་པོ་ཆེས། །སྲིད་དང་ཞི་བའི་རྒུད་པ་སེལ་བར་ཤོག །ལུས་ངག་སྤྱོད་པ་ཐ་མལ་འདུག་ན་ཡང་། །བསམ་པ་བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །ཀུན་སྤྱོད་བཅོས་མའི་དགེ་བ་མ་བྱང་ཀྱང་། །ཀུན་སློང་དབང་གིས་ཚོགས་ཆེན་རྫོགས་པར་ཤོག །ལུས་སྲོག་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །འགྲོ་བའི་དོན་དུ་ཉིན་བཞིན་བསྔོས་ན་ཡང་། །རང་བདེ་དོན་གཉེར་ལན་ལ་རེ་བའི་བློ། །སྐད་ཅིག་ཙམ་ཡང་སྐྱེ་བར་མ་གྱུར་ཅིག །ཕམ་ཁ་བླངས་ཏེ་རྒྱལ་ཁ་གཞན་ལ་འབུལ། །དམན་ས་བཟུང་ནས་འགྲོ་ཀུན་སྤྱི་བོས་བཀུར། །གནོད་པ་བྱེད་ལ་ལན་དུ་ཕན་འདོགས་པའི། །རྒྱལ་བའི་སྲས་ཀྱི་བརྟུལ་ཞུགས་འཛིན་པར་ཤོག །བླ་མར་གུས་ཤིང་ཅི་གསུང་དང་དུ་ལེན། །སྣ་ཚོགས་ཆོས་ཀུན་ཉམས་ལེན་གཅིག་ལ་དྲིལ། །རེ་དོགས་སྤངས་ཏེ་རྟག་ཏུ་གཞན་དོན་ལ། །བརྩོན་པའི་གོ་ཆ་བདག་གིས་བགོ་བར་ཤོག །གཞན་ལ་མི་ཕན་ཐར་པའི་བདེ་བ་ཡང་། །བཞི་མདོའི་རྩྭ་བཞིན་ཡལ་བར་བོར་ནས་ནི། །གཞན་ལ་ཕན་དང་ངན་འགྲོའི་གཡང་ས་ལ། །སྐྱེད་ཚལ་བཞིན་དུ་དགའ་བས་འཇུག་པར་ཤོག །རྣམ་གསུམ་བསླབ་པ་མིག་འབྲས་བཞིན་དུ་སྲུང་། །སྒོ་གསུམ་བྱ་བ་ཆོས་དང་མི་འབྲལ་ཞིང་། །དུས་གསུམ་བསགས་པའི་དགེ་བའི་དངོས་པོ་རྣམས། །འཁོར་གསུམ་ཡོངས་དག་བསྔོ་བས་ཟིན་པར་ཤོག །གཏིང་མཐའ་མི་མངོན་རྒྱ་ཆེན་སྤྱོད་པའི་ཚོགས། །དགེ་ལེགས་ཡོན་ཏན་རིན་ཆེན་བྱེ་བའི་གཏེར། །རྒྱལ་སྲས་ཀླུ་དབང་ཚོགས་ཀྱི་བསྟི་གནས་དེར། །བདག་ཀྱང་དགའ་བའི་ཡིད་ཀྱིས་འཇུག་པར་ཤོག །སྣ་ཚོགས་སྡུག་བསྔལ་ཁུལ་གྱིས་ནོན་པ་ལ། །བགྲང་ཡས་ཐབས་མཁས་གཉེན་པོའི་ཁྱད་པར་གྱིས། །མ་ལུས་འགྲོ་བའི་ཕན་བདེ་སྤེལ་བྱེད་པའི། །ཏིང་འཛིན་མཐུ་ཆེན་བདག་གིས་ཐོབ་པར་ཤོག །དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལང་པའི། །རྒྱལ་བ་རྒྱ་མཚོའི་ཡོན་ཏན་ཆུ་བོའི་གཏེར། །བདག་བློ་རྒྱ་མཚོའི་སྣོད་དུ་ལེགས་བསྡུས་ནས། །ཕྲིན་ལས་རྒྱ་མཚོར་རོ་གཅིག་འགྱུར་བར་ཤོག །ཐེག་ཆེན་ཐུན་མོང་མ་ཡིན་པའི་བློ་སྦྱང་གི་ཚིག་རྣམས་སྨོན་ཚིགས་སུ་སྦྱར་བ་འདི་ནི། ཆོས་འདི་ལ་སྙིང་ནས་མོས་པ་བློ་གྲོས་གཞན་ཕན་ཟླ་བས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

བློ་སྦྱོང་སྨོན་ལམ་རང་བློ་མ་བཞུགས་སོ། །རང་བློ་ཡང་དག་ཆོས་དང་མ་འདྲེས་པར། །ལྟར་སྣང་གཞན་དོན་སྒྲུབ་པའི་རྣམ་གཡེང་གིས། །གཞན་དབང་འདུ་འཛིའི་གཡང་ལ་བསྐྱུར་མཐོང་ནས། །བློ་སྣ་བཙན་ཆོད་ནུས་པར་བྱིན་གྱིས་རློབས། །མི་མེད་དབེན་པའི་རི་སུལ་ཉམས་དགའ་བར། །དགོས་མེད་ཚེ་འདིའི་བྱ་བ་ཀུན་སྤངས་ནས། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །འཇིགས་མེད་བཙན་ས་ཟིན་པར་བྱིན་གྱིས་རློབས། །མཚན་ལྡན་བླ་མ་སངས་རྒྱས་དངོས་སུ་མཐོང་། །ཟབ་ལམ་གདམས་པ་སྙིང་གི་བཅུད་དུ་ཁུག །ཉམས་ལེན་སྒྲུབ་ལ་བརྩོན་པའི་ལྕག་གིས་བསྐུལ། །ལམ་རྟགས་ཡོན་ཏན་རྙེད་པར་བྱིན་གྱིས་རློབས། །རྗེ་བཙུན་བླ་མ་དྲན་པའི་སྐད་ཅིག་ལ། །སྐུ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །དེ་ལས་གཞན་དུ་མེད་པར་ཐག་ཆོད་ནས། །ཐུགས་ཡིད་དབྱེར་མེད་འགྱུར་བྱིན་གྱིས་རློབས། །མ་དག་འཁྲུལ་སྣང་བདེན་མེད་སྒྱུ་མར་མཐོང་། །ཉམས་མྱོང་ཏིང་འཛིན་ཞེན་མེད་རྒྱན་དུ་ཤར། །དག་པ་རབ་འབྱམས་རྒྱལ་བའི་ཆོས་ཀྱི་སྐུ། །ཡེ་ཤེས་མིག་གིས་མཐོང་བར་བྱིན་གྱིས་རློབས། །མགོན་ཁྱོད་སྐྱབས་སུ་བསྟེན་པའི་བཀའ་དྲིན་གྱིས། །འགྱོད་བཞིན་འཆི་བའི་ཤུལ་ལམ་མི་སྙོགས་པར། །རྗེ་བཙུན་བླ་མའི་ཐུགས་རྗེས་མདུན་བསུས་ཏེ། །དག་པའི་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། །

ལྷ་ལྡན་ཇོ་བོ་ཡིད་བཞིན་ནོར་བུའི་མདུན་ནས་གསུངས་པའི་སྨོན་ལམ།

བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །འདྲེན་པ་མཉམ་མེད་སྟོན་པ་ཟས་གཙང་སྲས། །གངས་ཅན་བོད་ཀྱི་གདུལ་བྱའི་སྣང་ངོ་རུ། །གཟུགས་སྐུ་སྣང་བརྙན་ཚུལ་གྱིས་ལེགས་བྱོན་པ། །ཇོ་བོ་ཤཱཀྱ་མུ་ནེ་བདག་ལ་དགོངས། །མཁྱེན་པའི་སྤྱན་གྱིས་སྒྲིབ་ཐོགས་མེད་པར་གཟིགས། །བརྩེ་བའི་ཐུགས་ཀྱིས་བུ་ལྟར་ཉེར་དགོངས་ལ། །ནུས་པའི་སྟོབས་ཀྱིས་བདག་གི་སྨོན་པའི་དོན། །ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །རྒྱལ་བ་སྲས་བཅས་ཁྱེད་དང་མི་འབྲལ་ཞིང་། །རྒྱལ་བ་སྲས་བཅས་ཁྱོད་ཀྱིས་རྗེས་བཟུང་ནས། །རྒྱལ་བ་སྲས་བཅས་ཁྱེད་བཞིན་འགྲུབ་པར་ཤོག །བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པའི་གེགས། །སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་བྱུང་བའི། །ཕྱི་ནང་གསང་བའི་བར་དུ་གཅོད་པའི་རིགས། ༠ །ཐམས་ཅད་ཞི་ནས་འབྱུང་བ་མེད་པར་ཤོག །གལ་ཏེ་མི་མཐུན་རྐྱེན་དང་འཕྲད་ན་ཡང་། །དེ་ཉིད་ལམ་གྱི་གྲོགས་སུ་ཤེས་པའི་བློས། །སྤང་བླང་དགག་སྒྲུབ་རེ་དོགས་མི་བྱེད་པར། །རྐྱེན་ངན་བྱང་ཆུབ་ལམ་དུ་ལོངས་པར་ཤོག །གང་དང་འཕྲད་ན་དུག་གསུམ་འཕེལ་འགྱུར་ཞིང་། །རྣམ་དཀར་དགེ་བའི་བྱ་བ་ཉམས་བྱེད་པའི། །སྡིག་པའི་གྲོགས་དང་ཚེ་རབས་ཐམས་ཅད་དུ། །སྐད་ཅིག་ཙམ་ཡང་འཕྲད་པར་མ་གྱུར་ཅིག །བཤེས་གཉེན་གྲོགས་མཆོག་ཟབ་མོའི་དམ་ཆོས་དང་། །གནས་བཟང་བ་དང་མཁོ་བའི་ཡོ་བྱད་སོགས། །རྟག་ཏུ་མཐུན་པའི་རྐྱེན་རྣམས་མ་ལུས་པ། །འབད་པ་མེད་པར་བདག་གིས་རྙེད་པར་ཤོག །དགག་སྒྲུབ་གནང་བའི་བཅས་མཚམས་མ་ནོར་བར། །རྣམ་དག་བསླབ་གསུམ་མིག་བཞིན་སྲུང་ནུས་ཤིང་། །རྨི་ལམ་ན་ཡང་འཆལ་ཚུལ་དྲི་མ་ཡིས། །སྐད་ཅིག་ཙམ་ཡང་གོས་པར་མ་གྱུར་ཅིག །ལུས་སྤྱོད་ཚུལ་འཆོས་མེད་པར་དུལ་བ་དང་། །ངག་ཚིག་རྫུན་གཏམ་མེད་པར་བདེན་པ་དང་། །སེམས་སྤྱོད་གཡོ་སྒྱུ་མེད་པར་དྲང་བ་ཡིས། །ཆོས་མཐུན་གྲོགས་དང་བཤེས་གཉེན་བསྟེན་པར་ཤོག །ཐར་པའི་ལམ་ལ་དང་པོར་འཇུག་པའི་སྒོ། །འཁོར་བའི་གནས་ནས་དང་པོར་བྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ན་གྱི་དང་པོའི་འགོ། །བཅོས་མིན་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་སྐྱེ་བར་ཤོག །གོང་ནས་གོང་དུ་བྱང་ཆུབ་སེམས་མཆོག་འཕེལ། །ཚེ་རབས་ཀུན་ཏུ་བྱང་ཆུབ་སེམས་མི་བརྗེད། །ཡང་ནས་ཡང་དུ་བྱང་ཆུབ་སེམས་བསྒོམས་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པར་ཤོག །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །བཤེས་གཉེན་དམ་པའི་ཞབས་པད་གུས་བསྟེན་ཅིང་། །རྣམ་མང་ཡོན་ཏན་ཚོགས་ཀྱིས་མཉེས་པ་དང་། །རྒྱལ་སྲས་ནོར་བཟང་ལྟ་བུར་འགྱུར་བར་ཤོག །རྨད་བྱུང་བློ་དང་བརྩོན་འགྲུས་ཆེན་པོ་ཡིས། །རྒྱལ་བའི་ཆོས་མཛོད་མཐའ་དག་ལེགས་བཟུང་ནས། །ཉམ་ཐག་ཆོས་ཀྱིས་ཕོངས་པའི་འགྲོ་བ་ལ། །བརྩེ་བས་ཆོས་ཀྱི་དགའ་སྟོན་འགྱེད་པར་ཤོག །བརྩེ་ལྡན་དྲིན་ཆེན་ཕ་མས་ཐོག་དྲངས་པའི། །བཟང་ངན་ལས་ཀྱིས་འབྲེལ་བའི་འགྲོ་བ་རྣམས། །འཇིགས་རུང་སྲིད་པའི་རྒྱ་མཚོ་ཆེན་པོ་ལས། །མྱུར་དུ་བདག་གིས་སྒྲོལ་བར་ནུས་པར་ཤོག །ཐུབ་པ་མཆོག་དང་འཇམ་དཔལ་དཔལ་བོ་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་གང་ཡིན་པ། །བདག་གི་ཚེ་རབས་སྤྱོད་ཀུན་དེ་འདྲ་བར། །གྱུར་ནས་དོན་གཉིས་སྤྱོད་པ་མཐར་ཕྱིན་ཤོག །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་གྱི་མཆོག །དུས་གཅིག་དོན་གཉིས་སྒྲུབ་པའི་ཐབས་མཁས་པོ། །ཚུལ་གཅིག་འཁོར་འདས་དབྱེར་མེད་ལྟ་བ་ཡིས། །ལམ་གཅིག་རྡོ་རྗེ་ཐེག་པར་འཇུག་པར་ཤོག །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །འཁྲུལ་མེད་རིམ་གཉིས་ཟབ་མོའི་ཏིང་འཛིན་ལ། །ཡེངས་མེད་རྒྱུན་དུ་བརྩོན་པས་ཚེ་གཅིག་གིས། །རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཤོག །ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། །ལུས་ལ་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །ལྷ་དང་བླ་མ་དམ་པས་རྗེས་བཟུང་ནས། །དག་པའི་ཞིང་དུ་སྤྲོ་བས་འགྲོ་བར་ཤོག །གང་དུ་སྐྱེས་པའི་ཚེ་རབས་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པ་དང་། །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ནས། །ཚུལ་བཞིན་སྒྲུབ་པའི་རང་དབང་ཡོད་པར་ཤོག །ཉོན་མོངས་ཆུང་ཞིང་ཚེ་རབས་དྲན་པ་དང་། །དམན་ལ་བྱམས་ཞིང་ཡོན་ཏན་ཅན་ལ་གུས། །གཞན་དབང་མེད་པར་ཐབས་མཁའ་སྤྱོད་པ་ཡིས། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བར་ཤོག །བདག་ལ་ཤིན་ཏུ་བརྩེ་བའི་གྲོགས་རྣམས་དང་། །སྐྱེ་བ་ཀུན་ཏུ་ནམ་ཡང་མི་འབྲལ་ཞིང་། །ཕན་ཚུན་དམ་ཆོས་སྒྲུབ་པའི་གྲོགས་གྱུར་ནས། །བསྟན་དང་འགྲོ་བའི་དོན་ཆེན་བྱེད་པར་ཤོག །སྲིད་པའི་བདེ་ལ་ནམ་ཡང་མི་ཆགས་ཞིང་། །རང་ཉིད་ཞི་བ་དོན་དུ་མི་གཉེར་བར། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར། །དེ་སྲིད་གཞན་གྱི་དོན་ལ་བརྩོན་པར་ཤོག །མདོར་ན་གཟུངས་དང་ཏིང་ངེ་འཛིན་ལ་སོགས། །ཡོན་ཏན་རྒྱ་མཚོ་བདག་གིས་ཐོབ་ནས་ནི། །གང་ལ་གང་འདུལ་སྤྲུལ་པ་བསམ་ཡས་ཀྱིས། །རྒྱལ་བ་རྒྱ་མཚོའི་ཕྲིན་ལས་སྒྲུབ་པར་ཤོག །ཐུབ་དབང་སྲས་བཅས་ཁྱེད་ཀྱི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་དང་། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །སྨོན་ལམ་བཏབ་པ་ཇི་བཞིན་འགྲུབ་པར་ཤོག། །།ཅེས་པ་འདི་ནི་ལས་ངན་གྱི་རྒྱ་མཚོ་རྡོལ་བས་བརྒྱ་བསམ་འགྲུབ་དུས་མེད་པའི་སྡུག་ཁུར་ཅན། སྟོན་པ་ཐུབ་པའི་དབང་པོའི་རྗེས་སུ་སློབ་འདུན་མ་བོར་ཙམ་པ་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་གྱིས་ལྷ་ལྡན་ཇོ་བོ་ཡིད་བཞིན་ནོར་བུའི་མདུན་དུ་རང་ཉིད་ཀྱི་སྨོན་ལམ་གདབ་པའི་ཆེད་དུ་ཚིགས་སུ་བཅད་པ་བདུན་དཔལ་སྤྲུལ་རིན་པོ་ཆེའ་ིགསུང་ལས་བཏུས་ཤིང་ཕལ་ཆེར་རང་ཉིད་ཀྱི་རྣམ་པར་རྟོག་པ་ལས་བྱུང་བ་ཡང་བསམས་པ་བཟང་པོས་བྲིས་པ་དགེ་ཞིང་བཀྲ་ཤིས།

མར་མེའི་སྨོན་ལམ།

འོད་ཀྱིས་སྟོང་གསུམ་གསལ་བའི་ནུས་པ་ཡི། །ལྷ་རྫས་མར་མེའི་ཕྲེང་བ་དཔག་མེད་ཀྱིས། །རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡིས། །བླ་མ་རྒྱལ་བ་སྲས་བཅས་མཆོད་པར་བགྱི། །དགེ་བས་བདག་སོགས་བསགས་པའི་སྡིག་ལྟུང་དང་། །ཤེས་ཉོན་སྒྲིབ་པའི་མུན་པ་ཀུན་བསལ་ནས། །སྤྱན་དང་མངོན་ཤེས་སྣང་བ་མཆོག་ཐོབ་སྟེ། །མཐའ་ཡས་འགྲོ་བའི་དོན་ཆེན་བྱེད་པར་ཤོག །དེངས་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །རྒྱལ་བ་ཀུན་གྱི་དམ་ཆོས་མཛོད་བཟུང་ནས། །ཟང་ཟིང་མེད་པའི་ཆོས་ཀྱི་སྣང་བ་ཡིས། །འགྲོ་བའི་རྨོངས་པའི་མུན་པ་སེལ་བར་ཤོག །གནས་སྐབས་བླང་དོར་ལྟ་བའི་ཆུ་བུར་མིག །རླུང་མཁྲིས་བད་ཀན་འདུས་པའི་ནད་དང་ནི། །དམ་ཚིག་ཉམས་ཆགས་གྲིབ་ཀྱིས་ཕོག་པ་སོགས། །སྒྲིབ་བྱའི་དྲི་མ་ཐམས་ཅད་དག་གྱུར་ཅིག །

སྒ་སྟོན་རྡོ་རྗེ་འཆང་གི་ཞལ་སྔ་ནས་གནང་བའི་ཞལ་གདམས།

ན་མོ་གུ་རུ་ཝེ། སྙིང་ནས་གཅེས་པའི་བུ་མཆོག་ཁྱོད་ཉིད་ཀྱིས། །ཐོས་བསམ་བཤད་སྒྲུབ་གང་གི་སྐབས་སུ་ཡང་། །དངོས་དང་དངོས་མེད་སུ་དང་སུ་ཞིག་གིས། །བར་དུ་གཅོད་པ་ཇི་ལྟར་བྱེད་ན་ཡང་། །སྣང་གྲག་རིག་པའི་ཡོ་ལང་འདི་དག་ཀུན་། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མ་ཡི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ངེས་པའི་བློ། །དད་གུས་མོས་པའི་གདུང་ཤུག་ཚད་མེད་པས། །གསོལ་འདེབས་སེམས་ཀྱིས་འོ་དོད་བོས་པ་ན། །སྣང་ཚད་མཐུན་པའི་རྟེན་དུ་ཤར་ནས་ནི། །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ལྡན་པས། །ཡུན་དུ་ཕན་པར་འགྱུར་བ་གདོན་མི་ཟ། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །རང་སེམས་སྐད་ཅིག་མ་འདིའི་སྣང་ཚུལ་ཙམ། །སེམས་འདི་གདོད་ནས་སྤྲོས་པའི་མཐའ་དང་བྲལ། །བློ་འདས་གཉུག་མའི་རང་ངོ་སྐྱོང་ཤེས་ན། །གེགས་དང་གོལ་ས་བར་དུ་གཅོད་པ་ཀུན། །སྐྱེེ་མེད་སྟོང་པའི་དབྱིངས་སུ་ཞི་ནས་ནི། །ཚད་མེད་ཡོན་ཏན་ཚོགས་ཀྱིས་གཟི་འབར་ཞིང་། །སྲིད་ཞིའི་རྒུད་པའི་མུན་པ་བཅིལ་བར་ངེས། །ཐོས་བསམ་སྒོམ་པའི་བདུད་རྩིའི་བཅུད་ལེན་གྱིས། །ལུང་རྟོགས་ཡོན་ཏན་རྒྱས་པར་གྱུར་པ་ན། །དཔལ་ལྡན་རྒྱུན་གྱི་དབང་པོའི་ཆོས་གྲྭ་ཆེའི། །ཆོས་ཀྱི་རྒྱལ་སྲིད་སྐྱོང་ལ་སྤྲོ་བར་མཛོད། །ཐུབ་དབང་གཉིས་པ་རོང་སྟོན་ཆོས་ཀྱི་རྗེའི། །དྲི་མེད་ལེགས་བཤད་རྒྱུན་བཟང་གང་ཡིན་པ། །སྐལ་ལྡན་འགྲོ་བའི་གསོས་སུ་སྤྲོས་པ་ཡི། །དགེ་མཚན་སྲིད་པའི་ཁྱོན་འདིར་གསལ་བར་མཛོད། །འུ་ཅག་སྐྱེ་བ་ཀུན་ཏུ་འབྲལ་མེད་ཅིང་། །ཆོས་ཀྱི་རྒྱལ་སྲིད་ཁྱོད་ལ་གཏད་ནས་ནི། །ཐུགས་ཡིད་དབྱེར་མེད་བྱང་ཆུབ་རོ་གཅིག་པའི། །སྨོན་ལམ་འདི་དག་ཅི་བཞིན་འགྲུབ་གྱུར་ཅིག །དགེའོ། །དགེའོ། །དགེའོ། །འདི་ངག་དབང་ལེགས་པའི་གསུངས་ཡིན།

བླ་མའི་རྣལ་འབྱོར་གྱི་དོན་འགྲེལ།

རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །བདག་སོགས་དུས་མཐའི་གདུལ་བྱའི་དོན་སླད་དུ། །མངོན་སུམ་དགེ་བའི་བཤེས་ཀྱི་ཚུལ་འཛིན་པ། །དཔལ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བྱམས་བརྩེའི་དབང་ཕྱུག་སྙིང་གི་མ་ཎི་ཀ། བཀའ་དྲིན་མཚུངས་མེད་དགེ་བའི་བཤེས་ཁྱོད་ལ། །སྡེབ་ལེགས་ཚིག་གི་སྲད་བུ་ལ་བརྒྱུས་པའི། །ལེགས་བཤད་མེ་ཏོག་གསར་པའི་སྐྱེས་འདི་འབུལ། །དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པུའི་ལམ། །གསང་ཆེན་གདམས་པ་རྒྱ་མཚོའི་སྙིང་པོའི་བཅུད། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཉེ་ལམ་མཆོག །ཟབ་མོ་བླ་མའི་རྣམ་འབྱོར་འདི་ཉིད་ནི། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་བྱེད་པའི། །ངེས་གསང་ལམ་གྱི་ཐབས་མཁས་ཇི་སྙེད་ཀྱི། །གནད་དོན་མ་ལུས་ཚང་བའི་མས་ལེན་ཡིན། །ལམ་གྱི་སྐྱབས་ཡུལ་དཀོན་མཆོག་རྣམ་གསུམ་དང་། །འབྲས་བུའི་སྐྱབས་ཡུལ་སྐུ་གསུམ་ལ་སོགས་པ། །སྐྱབས་གནས་ཐམས་ཅད་བླ་མའི་གསང་གསུམ་ལ། །ཚང་བའི་ཚུལ་འདི་ལེགས་པར་རྟོགས་གྱུར་ན། །གཞི་ལམ་འབྲས་གསུམ་ངོ་བོ་གཅིག་ཡིན་པས། །ལམ་གྱི་ཆོས་རྣམས་བླ་མའི་རྣལ་འབྱོར་དང་། །གཞི་ཡི་ཆོས་ཀུན་རང་གི་ཕུང་ཁམས་ལ། །ཚང་བའི་བློ་འདི་ཤུགས་ཀྱིས་སྐྱེ་བར་འགྱུར། །སྔོན་འགྲོ་ཚོགས་གཉིས་བླ་མའི་ལམ་གྱིས་རྫོགས། །དངོས་གཞི་རིམ་གཉིས་བླ་མའི་ལམ་ལ་ཚང་། །འབྲས་བུ་སྐུ་གཉིས་བླ་མའི་ལམ་གྱིས་ཐོབ། །དེའི་ཕྱིར་འདི་ལ་ཐམས་ཅད་ཚང་ཞེས་བྱ། །སྨིན་བྱེད་དབང་བཞི་བླ་མའི་ལམ་གྱིས་ཐོབ། །གྲོལ་བྱེད་ལམ་བཞི་བླ་མའི་ལམ་ལ་ཚང་། །སྤང་བྱ་སྒྲིབ་བཞི་བླ་མའི་ལམ་གྱིས་སྤོང་། །གནས་སྐབས་ལས་བཞི་བླ་མའི་ལམ་གྱིས་འགྲུབ། །མཐར་ཐུག་སྐུ་བཞི་བླ་མའི་ལམ་གྱིས་ཐོབ། །དེའི་ཕྱིར་འདི་ལ་ཐམས་ཅད་ཚང་ཞེས་བྱ། །བདེ་གཤེགས་རྒྱལ་བ་གདན་གསུམ་ཚང་བའི་ལྷ། །བླ་མའི་སྐུ་ལ་ཚང་བར་ཡིད་ཆེས་ནས། །སྐུ་ཡི་བྱིན་རླབས་མ་ལུས་ༀ་ཡིག་གི། །རྣམ་པས་རང་གི་དཔྲལ་བར་ཐིམ་པའི་མོད། །སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་སུམ་ཅུ་གཉིས། །སྦྱང་འབྲས་ལྷ་ཡི་ངོ་བོར་ཐག་བཅད་ནས། །མཉམ་རྗེས་ཀུན་ཏུ་མ་བརྗེད་སྐྱོང་ཤེས་ན། །བུམ་དབང་སྨིན་གྲོལ་འབྲས་བཅས་དེ་ལ་ཚང་། །དེ་བཞིན་ཡི་གེ་ཁམས་དང་རླུང་སོགས་ཀྱི། །གདན་གསུམ་དག་བྱ་དག་བྱེད་ངོ་སྤྲད་དེ། །བྱིན་རླབས་དབང་བཞིའི་ཚུལ་དུ་བླངས་ནས་ནི། །སྐུ་བཞིའི་རྟེན་འབྲེལ་བསྒྲིགས་པའི་ཐབས་ཤེས་ན། །སྨིན་གྲོལ་ལམ་གྱི་ཟབ་གནད་མ་ལུས་པ། །ཐམས་ཅད་འདི་ལ་ཚང་བ་ཡིན་ཞེས་བྱ། །བླ་མའི་ཐུགས་དང་རང་སེམས་བསྲེས་ནས་ནི། །རིག་པའི་ཡེ་ཤེས་རང་ངོ་མཐོང་བ་ན། །ཀུན་འབྱུང་དུག་ལྔ་སྡུག་བསྔལ་ཕུང་པོ་ལྔ། །མ་སྤངས་ལྷ་དང་ཡེ་ཤེས་ཆེན་པོ་ཡི། །ངོ་བོར་གདོད་ནས་ལྷུན་གྱིས་གྲུབ་པའི་ཚུལ། །སྣང་སྲིད་དག་མཉམ་ཆེན་པོའི་ལྟད་མོ་འདི། །མངོན་སུམ་མཐོང་ན་དབང་བཞིའི་ལམ་གནད་ཀུན། །འདི་ལ་འདུས་ཀྱི་གཞན་རྣམས་སྤྲོས་པ་ཙམ། །རིགས་ཀུན་ཁྱབ་བདག་དཔལ་མགོན་བླ་མ་ཞེས། །བརྗོད་པ་གཞན་གྱི་ལད་མོ་མ་ཡིན་པར། །མཆོག་གསུམ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས། །བླ་མ་མཆོག་ལས་གཞན་དུ་མི་རྙེད་པའི། །ཡིད་ཆེས་དད་པའི་ངེས་པ་བསྐྱེད་ནས་ནི། །དངོས་གཞི་ལྷ་ཡི་བསྒོམ་བཟླས་བྱེད་པ་དང་། །ཐུན་མཚམས་ཁ་ཟས་གཏོར་མའི་རྣལ་འབྱོར་དང་། །འཕྲོ་རྒོད་ཉོན་མོངས་དུག་ལྔའི་རྟོག་པ་དང་། །སྐྱེ་འཆི་བར་དོའི་འཁྲུལ་སྣང་ལ་སོགས་པ། །ཟབ་མོ་བླ་མའི་ལམ་དུ་འཁྱེར་ཤེས་ན། །སྣང་སྲིད་བླ་མར་ཤར་བའི་ཉམས་ལེན་འདིས། །ལྷན་སྐྱེས་བདེ་ཆེན་རིག་སྟོང་གཉུག་མའི་གཤིས། །ངེས་པ་དོན་གྱི་བླ་མ་རིན་པོ་ཆེའི། །རང་ཞལ་མཇལ་ནས་རྗེས་སུ་འཛིན་པར་འགྱུར། །མ་དག་རང་སེམས་ཐ་མལ་ལུས་པའི་ཚེ། །ངས་རྟོགས་ཡོན་ཏན་རྫོགས་པའི་སངས་རྒྱས་དང་། །ཁྱད་པར་མེད་པའི་དཔལ་མགོན་བླ་མ་ཡང་། །གང་ཟག་ཕལ་པའི་ཚུལ་དུ་མཐོང་བར་འགྱུར། །བར་དུ་སེམས་ཉིད་ཅུང་ཟད་སྦྱང་བ་ན། །དམ་པའི་མགོན་དེ་སྤྲུལ་པའི་སྐུ་རུ་མཐོང། །སེམས་ཉིད་ཤིན་ཏུ་དག་པའི་གནས་སྐབས་ན། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་། །ནམ་ཞིག་དགོངས་པ་དབྱེར་མེད་གྱུར་པ་ན། །ཆོས་སྐུའི་ངང་དུ་རོ་གཅིག་འགྱུར་བའི་ཕྱིར། །བླ་མའི་དགོངས་པ་སངས་རྒྱས་དངོས་ཡིན་ཡང་། །བློ་ཡི་རིམ་པས་དུ་མར་སྣང་བ་ལགས། །ཚུལ་འདི་ཟབ་མོ་བླ་མའི་རྣལ་འབྱོར་ནི། །དབང་པོ་རབ་ཀྱི་ལམ་གྱི་དངོས་གཞི་ཞེས། །སྐྱོན་མེད་གྲུབ་པའི་དབང་ཕྱུག་ས་སྐྱ་པ། །གོང་མའི་གསུང་གི་དགོངས་པ་ཡིན་ནམ་སྙམ། །འཁོར་འདས་གཉིས་པོ་རྟོགས་པས་བཏགས་པ་ཙམ། །དགེ་དང་སྡིག་པ་སེམས་སྣང་ཙམ་དུ་ཟད། །བསྐལ་པའི་ཡུན་དང་ཆེ་ཆུང་བཟང་ངན་སོགས། །ཐམས་ཅད་བློས་བརྟགས་ཡིན་གྱི་དོན་ལ་མེད། །འདི་འདྲའི་ཚུལ་ལ་ངེས་པ་བསྐྱེད་ནས་ནི། །ལྷ་སྔགས་ཏིང་འཛིན་སྒྱུ་མར་ཤེས་པའི་བློས། །དཔེར་ན་སྟན་ཐོག་གཅིག་གི་ཉམས་ལེན་གྱི། །སྔོན་འགྲོ་ཚོགས་གཉིས་གསོག་པའི་ཐབས་ཁས་དེས། །ལས་ཉོན་འཁོར་བའི་འཁྲུལ་སྣང་སྦྱངས་པ་དང་། །རྒྱ་ཆེན་ཚོགས་གཉིས་ལམ་དུ་བྱེད་པའི་ཚུལ། །གཞི་ལམ་འབྲས་གསུམ་དབྱེར་མེད་དོན་རྟོགས་ན། །འབད་པ་ཆུང་ངུས་ཚོགས་གཉིས་རྫོགས་པར་འགྱུར། །བདུད་ཚོགས་སེམས་སྣང་ཡིན་པར་མ་ཤེས་ན། །ཇི་ལྟར་བཏུལ་ཀྱང་འདུལ་བར་མི་ནུས་བཞིན། །ཚོགས་གཉིས་རང་སྣང་ཡིན་པར་མ་ཤེས་ན། །ཇི་ལྟར་བསྒྲུབ་ཀྱང་རྫོགས་པར་མི་འགྱུར་རོ། །རྡོ་རྗེ་འཆང་ནས་རིམ་པར་བརྒྱུད་པ་ཡི། །སྙན་བརྒྱུད་ཟབ་མོའི་གདམས་པ་འདི་ཡོད་ན། །གསེར་འགྱུར་རྩི་ཡིས་ལྕགས་ཁམས་ཇི་བཞིན་དུ། །མི་བཟོད་ལས་ངན་བསོད་ནམས་ཚོགས་སུ་འགྱུར། །དེ་བཞིན་སྲུང་འཁོར་གཞལ་ཡས་ཁང་སོགས་ཀྱིས། །བདུད་ཚོགས་འདུལ་དང་ཞིང་ཁམས་སྦྱོང་བ་སོགས། །དག་བྱ་དག་བྱེད་སྦྱོར་བའི་ཚུལ་ཤེས་ན། །ཀུན་མཁྱེན་གོ་འཕང་ཐོབ་ལ་མི་རིང་ཉེ། །གང་ཞིག་ཕར་ཕྱིན་ཐེག་པའི་གཞུང་ལུགས་བཞིན། །མགོ་དང་རྐང་ལག་གཏོང་བའི་དཀའ་སྤྱད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །མྱུར་ཡང་གྲངས་མེད་གསུམ་དུ་ཚོགས་བསག་དགོས། །གལ་ཏེ་རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །ཟབ་མོ་ནང་གི་དེ་ཉིད་ཤེས་གྱུར་ན། །འདོན་ཡོན་ལམ་ཁྱེར་གསང་སྔགས་ཐབས་མཁས་ཀྱི། །ཚེ་གཅིག་རྫོགས་པའི་སངས་རྒྱས་ཐོབ་པར་གསུངས། །འཁྲུལ་སྣང་འཁོར་བའི་སྡུག་བསྔལ་ཀུན་གྱི་རྒྱུ། །ཡུལ་རིངསྤང་དཀའ་ཉོན་མོངས་དུག་ལྔ་པོ། །བླ་མའི་དྲིན་གྱིས་རང་ངོ་ཤེས་པའི་ཚེ། །ཡེ་ཤེས་ལྔ་ཡིན་ལོགས་ན་ཡེ་ཤེས་མེད། །མ་དག་ལས་ཉོན་རྒྱུ་ལས་གྲུབ་པ་ཡི། །རང་ལུས་རྩ་སོགས་དཀྱིལ་འཁོར་བཞི་པོ་འདི། །དག་པ་ཡེ་ཤེས་ཆེན་པོའི་རང་གཟུགས་ཀྱི། །རྒྱལ་བ་སྐུ་བཞི་ཞེས་པའང་འདི་རང་ལགས། །བདུད་དང་གདུག་རྩུབ་ལྷ་འདྲེས་འཚེ་བ་ཡང་། །ནང་གི་ཉོན་མོངས་དུག་ལྔའི་གཟུགས་བརྙན་ཡིན། །རྣམ་དག་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་ཡང་། །རང་སེམས་དག་པའི་སྣང་བརྙན་ཙམ་དུ་བས། །འཁོར་འདས་ཕྱི་རུ་བཟུང་ནས་རེ་དོགས་ཀྱིས། །ངལ་བའི་ཁུར་ཆེན་འཛིན་པ་སྤངས་ནས་ནི། །གཉིས་མེད་སེམས་ཀྱི་དེ་ཉིད་མཐོང་བ་ན། །འཁྲུལ་སྣང་དགག་སྒྲུབ་ངང་གིས་ཞིག་པར་འགྱུར། །སྲིན་བུའི་ཁ་ཆུས་རང་ལུས་བཅིང་བ་ལྟར། །རང་གི་རྟོག་པས་རང་ཉིད་བསླུས་པའི་ཚུལ། །དམ་པའི་དྲིན་གྱིས་ལེགས་པར་རྟོགས་གྱུར་ན། །སྤང་དང་ཐོབ་ཅེས་བྱ་བ་ཐ་སྙད་ཙམ། །དགེ་བའི་སེམས་ཀྱིས་བདེ་སྐྱིད་མི་ཚོལ་བར། །འབད་པའི་སྒོ་བརྒྱས་ཕུན་ཚོགས་སྒྲུབ་པ་ལྟར། །ཟབ་མོ་ནང་གི་རྟེན་འབྲེལ་མི་ཤེས་པར། །སངས་རྒྱས་ཕྱི་རུ་བཙལ་བའང་དེ་དང་འདྲ། །ཁ་ཟས་རང་གིས་ཟ་བ་སྤངས་ནས་ནི། །རང་གི་གཟུགས་བརྙན་ཟས་ཀྱིས་སྐྱོང་བ་ལྟར། །རང་ལུས་རྒྱལ་བའི་དཀྱིལ་འཁོར་མི་མཆོད་པར་། །དེ་ཡི་གཟུགས་བརྙན་མཆོད་པ་ཉོན་རེ་མོངས། །ལུས་འདི་རྒྱལ་བ་ཀུན་གྱི་ཕོ་བྲང་སྟེ། །ས་དང་ལམ་གྱི་གཏེར་མཛོད་ལུས་འདི་ཡིན། །སངས་རྒྱས་ཐུབ་པ་ལུས་འདིའི་དྲིན་ཡིན་པས། །ལུས་ལ་བརྙེས་པ་དུག་བཞིན་སྤོང་བར་མཛོད། །སྡེ་སྣོད་གསུམ་དང་རྣམ་བཞིའི་རྒྱུད་སྡེ་ཡི། །བརྗོད་བྱ་ཐེག་གསུམ་ལམ་གྱི་རྟོགས་པའི་རིགས། །སྡོམ་པ་གསུམ་སོགས་རྣམ་བྱང་ཆོས་རྣམས་ཀུན། །རིག་ཐོག་གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས། །དལ་འབྱོར་རྟེན་ཐོབ་ཆོས་དང་བླ་མ་བཟང་། །མཐུན་རྐྱེན་ལེགས་ཚོགས་གང་ལ་བསམ་ཀྱང་རུང་། རྟེན་འབྲེལ་འདི་འདྲ་ཕྱིས་ནས་རྙེད་དཀའ་བས། །ཡུན་རིང་འཚོ་བའི་ཐུགས་བསྐྱེད་ཅིས་ཀྱང་མཛོད། །བདག་ཀྱང་འདི་འདྲའི་ཚུལ་ལ་བསླབས་ནས་ནི། །མྱུར་དུ་སྙིང་པོའི་བཙན་ས་འཛིན་འདོད་ཀྱང་། །འཁྲུལ་རྟོག་ཡན་པར་ཤོར་བའི་གཞན་དབང་འདིས། །ཡང་དག་ལམ་ཏུ་གཏོང་བར་དཀའ་བ་འདྲ། །མཁས་པའི་གཞུང་ལ་ཅུང་ཟད་སྦྱངས་ན་ཡང་། །སྒོམ་པའི་ཉོམས་མྱོང་བདག་ལ་མ་མཆིས་པས། །གོ་ཡུལ་ཚིག་གི་ལམ་ལ་ཞེན་པ་ཡི། །རྟོག་གེའི་ཚིག་ལ་ཡིད་རྟོན་འཆའ་བ་ལས། །དམ་པ་ཁྱེད་ཀྱིས་ད་ལྟའི་མཛད་པ་བཞིན། །ད་དུང་སྒྲུབ་པའི་རྒྱལ་མཚན་ཚུགས་ཤིག་དང་། །ཁོ་ཐག་ནང་ནས་ཆོད་པའི་ཉམས་མྱོང་ཞིག །འབྱུང་བ་རྟེན་འབྲེལ་ཟབ་མོའི་ཆེ་བ་ལགས། །གཏིང་མཐའ་མི་མངོན་སྲིད་པའི་རྒྱ་མཚོ་ཆེ། །སྡུག་བསྔལ་བྱེ་བའི་རླབས་ཕྲེང་གཡོ་བ་འདི། །རང་བློ་རྨོངས་པའི་རྣམ་འགྱུར་ཙམ་ཞིག་ལས། །གཞན་དུ་གྲུབ་པ་ཡོད་ཚོད་མི་འདྲ་བས། །ཀུན་རྨོངས་སྲིད་པའི་མུན་པ་འཇོམས་པ་ལ། །བྱིན་རླབས་བདུད་རྩིའི་འོད་དཀར་དང་འགྲོགས་པ། །མཁྱེན་པའི་གཏེར་གྱུར་རྗེ་བཙུན་བླ་མ་དང་། །དབྱེར་མེད་ཨ་མའི་ཟླ་བ་མ་ལགས་སམ། །འདི་བགྱིས་པ་ལས་བྱུང་བའི་དགེ་བ་ཡིས། །ཡིད་མཐུན་ཆོས་ཀྱི་གྲོགས་པོ་ཁྱེད་དང་ངས། །ཡུན་རིང་སྒྲུབ་པའི་དམ་བཅའ་མཐར་ཕྱིན་ནས། །སྤངས་རྟོགས་ཡོན་ཏན་ཡོངས་སུ་རྫོགས་པར་ཤོག །འདི་སྣང་ནུབ་ནས་ཕྱི་མའི་དུས་ཀྱི་ཚེ། །མཁའ་སྤྱོད་དག་པའི་ཞིང་ཁམས་ལ་སོགས་པར། །རྗེ་བཙུན་བླ་མ་བཞུགས་པའི་ཞབས་དྲུང་དུ། །ངོ་ཤེས་བཞིན་དུ་བདག་ཅག་འཕྲད་པར་ཤོག །དེ་ནས་མིག་འཕྲུལ་ལྟ་བུའི་ཏིང་འཛིན་གྱིས། །རྒྱལ་ཀུན་གསུང་གི་བདུད་རྩི་འཐུང་བ་དང་། །ཞིང་ཁམས་རྒྱ་མཚོའི་བཀོད་པ་བལྟ་བའི་ཕྱིར། །བདག་ཅག་གཉིས་པོ་ལྷན་དུ་འདོང་བར་ཤོག །རབ་ཞི་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །མཁའ་ཁྱབ་གདུལ་བྱའི་བསམ་པ་དང་འཚམས་པར། །སྣ་ཚོགས་སྤྲུལ་པའི་རོལ་པ་བསམ་ཡས་ཀྱིས། །རྒྱལ་ཀུན་འཕྲིན་ལས་ལྷན་དུ་སྐྱོང་བར་ཤོག །གཡོ་མེད་ལྷག་བསམ་བཟང་པོའི་མཐུ་སྟོབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བླ་མ་མཆོག་གསུམ་ལྷ་ཡི་བྱིན་མཐུ་ཡིས་། །ཇི་སྐད་སྨོན་པ་དེ་བཞིན་འགྲུབ་གྱུར་ཅིག །ཚུལ་འདི་རྗེ་བཙུན་བླ་མའི་བཀའ་དྲིན་གྱིས། །འཁྲུལ་མེད་དཔལ་ལྡན་ས་སྐྱའི་རང་ལུགས་ལ། །ཤེས་ནས་དད་པ་ཐོབ་པའི་སྐལ་བཟང་པོ། །ཤཱཀྱའི་དགེ་སློང་ཀུན་དགའི་མིང་གིས་བྲིས། །ཤིན་ཏུ་དགེ་ཞིང་བཀྲ་ཤིས་དཔལ་འབར་ཤོག། །།དགེའོ། དགེའོ། །དགེའོ། །

བླ་མའི་རྣལ་འབྱོར་གྱི་དོན་འགྲེལ་ཞལ་རྒྱུན་མཆན་བུ་ཅན།

རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །བདག་སོགས་དུས་མཐའི་གདུལ་བྱའི་དོན་སླད་དུ། །མངོན་སུམ་དགེ་བའི་བཤེས་ཀྱི་ཚུལ་འཛིན་པ། །དཔལ་མགོན་བླ་མ་ལེགས་པའི་ཞབས་ལ་འཚལ་ལོ། །བྱམས་བརྩེའི་དབང་ཕྱུག་སྙིང་གི་མ་ཎི་ཀ་སྟེ་ནོར་བུ། །བཀའ་དྲིན་མཚུངས་མེད་དགེ་བའི་བཤེས་བྱམས་པ་བློ་གྲོས་ཕུན་ཚོགས་ཁྱོད་ལ། །སྡེབ་ལེགས་ཚིག་གི་སྲད་བུ་ལ་བརྒྱུས་པའི། །ལེགས་བཤད་མེ་ཏོག་གསར་བའི་སྐྱེས་འདི་འབུལ། །དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པུའི་ལམ། །གསང་ཆེན་གདམས་པ་རྒྱ་མཚོའི་སྙིང་པོའི་བཅུད། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཉེ་ལམ་མཆོག །ཟབ་མོ་བླ་མའི་རྣལ་འབྱོར་འདི་ཉིད་ནི། །ཕྱིའི་བར་ཆད་གདོན་གསུམ་ནང་གི་བར་ནད་གསུམ་གསང་བའི་བར་ཆད་དུག་གསུམ་དང་བཅས་པ་ཞི་བ་དང་། །མཆོག་གི་དངོས་གྲུབ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་དང་མཐུན་མོང་གི་དངོས་གྲུབ་ལས་བཞི་དང་གྲུབ་ཆེན་བརྒྱད་སོགས་ཐོབ་པར་བྱེད་པའི། །ངེས་དོན་གྱི་གསང་སྔགས་མཐའ་དག་ལམ་གྱི་ཐབས་མཁས་ཇི་སྙེད་ཀྱི། །གནད་དོན་མ་ལུས་ཚང་བའི་ཉམས་ལེན་ལམ་ཟབ་བླ་མ་འདི་ཉིད་ཡིན། །ཡིན་པའི་རྒྱུ་མཚན་ནི་ལམ་གྱི་སྐྱབས་ཡུལ་བླ་མའི་སྐུ་དགེ་འདུན་གསུང་དམ་ཆོས་ཟུང་འཇུག་སངས་རྒྱས་ཏེ་དཀོན་མཆོག་རྣམ་གསུམ་དང་། །འབྲས་བུ་སྐྱབས་ཡུལ་རང་སེམས་དག་པའི་གསལ་བ་སྤྲུལ་སྐུ་སྟོང་པ་ཆོས་སྐུ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྟེ་སྐུ་གསུམ་ལ་སོགས་པ། །མདོར་ན་སྐྱབས་གནས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ལ། །ཚང་བའི་ཚུལ་འདི་ལེགས་པར་རྟོགས་གྱུར་ན། །གཞི་ལམ་འབྲས་གསུམ་ངོ་བོ་གཅིག་ད་ལྟའི་རིག་པ་སྐད་ཅིག་མ་འདི་ལས་ལོགས་སུ་ཡོད་པ་མ་ཡིན་པས། །ལམ་གྱི་ཆོས་སྨིན་གྲོལ་འཁོར་བཅས་པ་རྣམས་བླ་མའི་རྣལ་འབྱོར་གྱི་ནང་དུ་འདུས་པ་དང་། །གཞི་ཡི་ཆོས་ཀུན་རང་གི་ཕུང་ཁམས་སྐྱེ་མཆེད་ལ། །ཚང་ཞིང་དེ་ཡང་རིག་པ་སྐད་ཅིག་མ་འདི་ལ་ཚང་བའི་བློ་འདི་ཤུགས་ཀྱིས་སྐྱེ་བར་འགྱུར། །ལམ་གྱི་ཆོས་རྣམས་ཇི་ལྟར་ཚང་ན། མདོར་བསྟན་རྒྱས་བཤད་གཉིས་ལས་དང་པོ་ནི། སྔོན་འགྲོ་ཚོགས་གཉིས་བླ་མའི་ལམ་གྱིས་རྫོགས། །དངོས་བཞི་རིམ་གཉིས་བླ་མའི་ལམ་ལ་ཚང། །འབྲས་བུ་སྐུ་གཉིས་བླ་མའི་ལམ་གྱིས་ཐུགས་ཡིད་འདྲེས་ན་སྐུ་གཉིས་ཐོབ། །དེ་ཕྱིར་འདི་ལ་གཞི་ལམ་འབྲས་གསུམ་ཐམས་ཅད་ཚང་ཞེས་བྱ། །རྒྱས་པར་བཤད་པ་ནི། སྨིན་བྱེད་དབང་བཞི་བླ་མའི་ལམ་གྱིས་རིམ་དང་གཅིག་ཅར་གྱི་སྒོ་ནས་ཐོབ། །གྲོལ་བྱེད་ལམ་བཞི་བླ་མའི་ལམ་ལ་ཚང་སྟེ་ལམ་བཞི་ཆར་གྱི་ལྟ་བ་འདྲེན་་ནུས་པའི་ཕྱིར། །སྤང་བྱ་ལུས་དང་ངག་དང་ཡིད་དང་གསུམ་ཆར་གྱི་སྒྲིབ་པ་དང་བཅས་སྒྲིབ་བཞི་བླ་མའི་ལམ་གྱིས་སྤོང། །གནས་སྐབས་ལས་བཞི་བླ་མའི་ལམ་གྱིས་འགྲུབ། །མཐར་ཐུག་སྐུ་བཞི་བླ་མའི་ལམ་གྱིས་རང་ངོ་འཕྲོད་པའི་སྒོ་ནས་ཐོབ། །དེ་ཕྱིར་འདི་ལ་ཐམས་ཅད་ཚང་ཞེས་བྱ། །དེ་ལྟ་ན་སྐྱབས་གནས་དང་ལམ་ཐམས་ཅད་བླ་མའི་ལམ་ལ་ཚང་བར་ཤེས་པའི་སྒོ་ནས། བདེ་གཤེགས་རྒྱལ་བ་གཤེགས་པ་དང་གཤེགས་མ་སེམས་དཔའ་དང་སེམས་མ་ཁྲོ་བོ་དང་ཁྲོ་མོའི་ཚོགས་རྣམས་གདན་གསུམ་ཚང་བའི་ལྷ། །བླ་མའི་སྐུ་ལ་གཟུགས་ཕུང་རྣམ་སྣང་སོགས་ངོ་བོ་སྒོ་ནས་ཚང་བར་ཡིད་ཆེས་ནས། །སྐུ་ཡི་བྱིན་མ་ལུས་འོད་དཀར་པོ་ༀ་ཡིག་གི། །རྣམ་པས་བླ་མའི་སྨིན་མཚམས་ནས་བྱུང་རང་གི་དཔྲལ་བར་ཐིམ་པའི་མོད། །སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་དེ་ཕུང་པོ་ལྔ། འབྱུང་བ་ལྔ། དབང་པོ་དྲུག །ཡུལ་དྲུག །ཚིགས་ཆེན་བརྒྱད་སྤྱི་བོ་དང་རྐང་མཐིལ་གཉིས་བཅས་སུམ་ཅུ་གཉིས། །སྦྱང་འབྲས་གདན་གསུམ་ཚང་བ་ལྷ་ཡི་ངོ་བོར་ཐག་བཅད་ནས། །མཉམ་རྗེས་ཀུན་ཏུ་མ་བརྗེད་སྐྱོངས་ཤེས་ན། །བུམ་དབང་སྨིན་གྲོལ་ལམ་བསྐྱེད་རིམ་འབྲས་བུ་སྤྲུལ་སྐུ་བཅས་དེ་ལ་ཚང། །དེ་བཞིན་ཡི་གེ་གསང་དབང་དང་ཁམས་ཤེས་རབ་ཡེ་ཤེས་དབང་དང་རླུང་དབང་བཞི་པ་སོགས་ཀྱི། །གདན་གསུམ་དག་བྱ་དག་བྱེད་ངོ་སྤྲད་དེ། །བྱིན་རླབས་དབང་བཞིའི་ཚུལ་དུ་བླངས་ནས་ནི། །སྐུ་བཞིའི་རྟེན་འབྲེལ་བསྒྲིགས་པའི་ཐབས་ཟབ་མོ་ཤེས་ན། །སྨིན་གྲོལ་ལམ་གྱི་ཟབ་གནད་མ་ལུས་པ། །ཐམས་ཅད་འདི་ལ་ཚང་བ་ཡིན་ཞེས་བྱ། །གནས་ལུགས་བསྐྱང་བ་ནི། བླ་མའི་ཐུགས་དང་རང་སེམས་བསྲེས་ནས་བླ་མ་དྲན་བཞིན་པའི་རིག་པ་རང་བབས་སུ་བཞག་ནས་ནི། །རིག་པའི་ཡེ་ཤེས་རང་ངོ་མཐོང་བ་ན། །ཀུན་འབྱུང་དུག་ལྔ་སྡུག་བསྔལ་ཕུང་པོ་ལྔ། །མ་སྤངས་ཕུང་པོ་དང་དུག་ལྔ་ལྷ་དང་ཡེ་ཤེས་ཆེན་པོ་ཡི། །ངོ་བོར་གདོད་ནས་ལྷུན་གྱིས་གྲུབ་པའི་ཚུལ། །འཁོར་འདས་བཟང་ངན་གཉིས་འཛིན་སོགས་སྣང་སྲིད་ཐམས་ཅད་རང་སེམས་སྤྲོས་པ་དང་བྲལ་བ་སོགས་སྐུ་གསུམ་རང་ངོ་འཕྲོད་པའི་དག་པ་མཉམ་ཉིད་ཆེན་པོའི་ལྟད་མོ་འདི། །མངོན་སུམ་མཐོང་ན་སྟེ་རང་སེམས་བླ་མར་མཐོང་ན་དབང་བཞི་རྫོགས་ཞེས་གསུངས་པ་ལྟར་དབང་བཞི་བྱིན་རླབས་ཀྱི་ལམ་གནད་ཀུན། །སེམས་ངོ་སྐྱོང་བ་འདི་ལ་འདུས་ཀྱི་གཞན་རྣམས་བསྐྱེད་རྫོགས་འཁོར་འདས་སོགས་སྤྲོས་པ་ཙམ། །རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་དཔའི་ངོ་བོ་དཔལ་མགོན་བླ་མ་ཞེས། །བརྗོད་པ་གཞན་གྱི་ལད་མོ་མ་ཡིན་པར། །དཀོན་མཆོག་གསུམ་དང་ཡི་དམ་ཞི་ཁྲོའི་རབ་འབྱམས་ལྷ་ཚོགས་རྣམས། །བླ་མ་མཆོག་ལས་གཞན་དུ་མི་རྙེད་པའི། །ཡིད་ཆེས་དད་པའི་ངེས་པ་བསྐྱེད་ནས་ནི། །དངོས་གཞི་ལྷ་ཡི་བསྒོམ་བཟླས་བྱེད་པ་དང་། །ཐུན་མཚམས་སུ་ཁ་ཟས་ཀྱི་རྣལ་འབྱོར་ཡང་བླ་མ་མཆོད་པར་ཤེས་པ་དང་གཏོར་མའི་རྣལ་འབྱོར་དང་། །འཕྲོ་རྒོད་ཉོན་མོངས་པ་དུག་ལྔའི་རྟོག་པ་འདོད་ཆགས་ཀྱི་རྣམ་རྟོག་ཤར་ཚེ་བླ་མ་འོད་དཔག་མེད་མཇལ་བྱུང་སྙམ་པ་སོགས་དང་། །སྐྱེ་འཆི་བར་དོའི་འཁྲུལ་སྣང་ལ་སོགས་པ། །མདོར་ན་འཁོར་འདས་ཀྱི་སྣང་བ་ཐམས་ཅད་། ཟབ་མོ་བླ་མའི་ལམ་དུ་འཁྱེར་ཤེས་ན། །སྣང་སྲིད་བླ་མར་ཤར་བའི་ཉམས་ལེན་འདིས། །ལྷན་སྐྱེས་བདེ་ཆེན་རིག་སྟོང་གཉུག་མའི་གཤིས། །ངེས་པ་དོན་གྱི་བླ་མ་རིན་པོ་ཆེའི། །རང་ཞལ་མཇལ་ཏེ་སེམས་ངོ་འཕྲོད་ནས་རྗེས་སུ་འཛིན་པར་འགྱུར། །མ་དག་རང་སེམས་ཐ་མལ་དུ་ལུས་པའི་ཚེ། །སྟེ་སོ་སྐྱེ་འཆིང་བ་ཀུན་ལྡན་ཕྱིར། སྤངས་རྟོགས་ཡོན་ཏན་རྫོགས་པའི་སངས་རྒྱས་དང་། །ཁྱད་པར་མེད་པའི་དཔལ་མགོན་བླ་མ་ཡང་། །གང་ཟག་ཕལ་བའི་ཚུལ་དུ་མཐོང་བར་འགྱུར། །བར་དུ་ཚོགས་གཉིས་བསགས་ཏེ་སེམས་ཉིད་ཅུང་ཟད་སྦྱང་བ་མཐོང་ལམ་གྱི་ཡེ་ཤེས་ཐོབ་པ་ན། །དམ་པའི་མགོན་དེ་སྤྲུལ་བའི་སྐུ་རུ་མཐོང་། །སེམས་ཉིད་ཤིན་ཏུ་དག་པའི་དག་ས་བཅུ་ལ་སོགས་པའི་གནས་སྐབས་ན། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་། །ནམ་ཞིག་དགོངས་པ་དབྱེར་མེད་གྱུར་པ་ན། །ཆོས་སྐུའི་ངང་དུ་རོ་གཅིག་འགྱུར་བའི་ཕྱིར། །བླ་མའི་དགོངས་པ་སངས་རྒྱས་དངོས་ཡིན་ཀྱང། །བློ་ཡི་རིམ་པས་དུ་མར་སྣང་བ་ལགས། །ཚུལ་འདི་ཟབ་མོ་བླ་མའི་རྣལ་འབྱོར་འདི་ནི། །དབང་པོ་རབ་ཀྱི་ལམ་གྱི་དངོས་གཞི་ཞེས། །སྐྱོན་མེད་གྲུབ་པའི་དབང་ཕྱུག་ས་སྐྱ་པ། །གོང་མའི་གསུང་གི་དགོངས་པ་ཡིན་ནམ་སྙམ། །ལྟ་རིམ་ནི། འཁོར་འདས་གཉིས་པོ་རྟོག་པས་བཏགས་པ་ཙམ། །དགེ་དང་སྡིག་པ་སེམས་སྣང་ཙམ་དུ་ཟད། །བསྐལ་པའི་ཡུན་དང་ཆེ་ཆུང་བཟང་ངན་སོགས། །ཐམས་ཅད་བློས་བཏགས་ཡིན་གྱི་དོན་ལ་མེད། །འདི་འདྲའི་ཚུལ་ལ་ངེས་པ་བསྐྱེད་ནས་ནི། །ལྷ་སྔགས་ཏིང་འཛིན་སྒྱུ་མར་ཤེས་པའི་བློས། །དཔེར་ན་སྟན་ཐོག་གཅིག་གི་ཉམས་ལེན་གྱི། །སྔོན་འགྲོ་ཚོགས་གཉིས་བསོག་པའི་ཐབས་མཁས་དེས། །ལས་ཉོན་འཁོར་བའི་འཁྲུལ་སྣང་སྦྱོངས་པ་དང་། །རྒྱ་ཆེན་ཚོགས་གཉིས་ལམ་དུ་བྱེད་པའི་ཚུལ། །གཞི་ལམ་འབྲས་གསུམ་པོ་བློས་བཏགས་པ་ཙམ་མ་གཏོགས་ངོ་བོ་དབྱེར་མེད་པའི་དོན་རྟོགས་ན། །འབད་པ་ཆུང་ངུས་ཚོགས་གཉིས་རྫོགས་པར་འགྱུར་། །དཔེར་ན་བདུད་ཚོགས་སེམས་སྣང་ཡིན་པར་མ་ཤེས་ན། །ཇི་ལྟརབཏུལ་ཀྱང་འདུལ་བར་མི་ནུས་བཞིན། །ཚོགས་གཉིས་རང་སྣང་ཡིན་པར་མ་ཤེས་ན། །ཇི་ལྟར་སྒྲུབ་ཀྱང་རྫོགས་པར་མི་འགྱུར་རོ། །རྡོ་རྗེ་འཆང་ནས་རིམ་པར་བརྒྱུད་པ་ཡི། །སྙན་བརྒྱུད་ཟབ་མོའི་བླ་མའི་རྣལ་འབྱོར་གྱི་གདམས་པ་འདི་ཡོད་ན། །གསེར་འགྱུར་རྩི་ཡིས་ལྕགས་ཁམས་གསེར་དུ་བསྒྱུར་བ་ཇི་ལྟ་བ་བཞིན་དུ། །མི་བཟད་ལས་ངན་འཁྲུལ་བའི་རྟོགས་ཚོགས་ཐམས་ཅད་བསོད་ནམས་ཚོགས་སུ་འགྱུར། །དེ་བཞིན་བསྲུང་འཁོར་གཞལ་ཡས་ཁང་སོགས་ཀྱིས། །རིམ་པ་བཞིན་རང་སེམས་འཁྲུལ་སྣང་གིས་བདུད་ཚོགས་འདུལ་དང་གཞལ་ཡས་ཁང་བསྒོམ་པས་ཞིང་ཁམས་སྦྱོང་བ་སོགས། །དག་བྱ་དག་བྱེད་སྦྱོར་བའི་ཚུལ་ཟབ་མོ་བརྒྱུད་ལྡན་བླ་མ་ལ་ཡུན་དུ་བསྟེན་ཏེ་གནད་ཚུལ་བཞིན་ཤེས་ན། །ཀུན་མཁྱེན་གོ་འཕང་ཐོབ་ལ་མི་རིང་ཉེ། །གང་ཞིག་ཕར་ཕྱིན་ཐེག་པའི་གཞུང་ལུགས་ལས། །མགོ་དང་རྐང་ལག་གཏོང་བའི་དཀའ་སྤྱད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །མྱུར་ཡང་གྲངས་མེད་གསུམ་གྱི་ཚོགས་བསགས་དགོས། །གལ་ཏེ་རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །རང་སེམས་སྐུ་བཞི་ངོ་སྤྲོད་ཀྱི་གདམས་པ། ཟབ་མོ་ནང་གི་དེ་ཉིད་ཤེས་གྱུར་ན། །འདོད་ཡོན་མ་སྤངས་པ་ལམ་དུ་ཁྱེར་བའི་གསང་སྔགས་རྡོ་རྗེ་ཐེག་པ་ཐབས་མཁས་ཀྱིས། །ཚེ་གཅིག་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གསུངས། །འཁྲུལ་སྣང་འཁོར་བའི་སྡུག་བསྔལ་ཀུན་གྱི་རྒྱུ། །ཡུན་རིང་སྤང་དཀའ་ཉོན་མོངས་དུག་ལྔ་པོ། །དེ་དག་བླ་མའི་དྲིན་གྱིས་རང་ངོ་ཤེས་པའི་ཚེ། །ཡེ་ཤེས་ལྔ་ཡིན་ལོགས་ན་ཡེ་ཤེས་མེད། །མ་དག་ལས་ཉོན་རྒྱུ་ལས་གྲུབ་པ་ཡི། །རང་ལུས་རྩ་སོགས་དཀྱིལ་འཁོར་བཞི་པོ་འདི། །དག་པ་ཡེ་ཤེས་ཆེན་པོའི་རང་གཟུགས་ཀྱི། །རྒྱལ་བ་སྐུ་བཞི་ཞེས་པའང་རང་ངོ་ཤེས་ན་འདི་རང་ལགས། །བདུད་དང་གདུག་རྩུབ་ལྷ་འདྲེས་འཚེ་བ་ཡང་། །ནང་གི་ཉོན་མོངས་དུག་ལྔའི་གཟུགས་བརྙནཡིན། །རྣམ་དག་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་ཡང་། །རང་སེམས་དག་པའི་སྣང་བརྙན་ཙམ་དུ་བས། །འཁོར་འདས་ཕྱི་རུ་བཟུང་ནས་རེ་དོགས་ཀྱིས། །ངལ་བའི་ཁུར་ཆེན་འཛིན་པ་སྤངས་ནས་ནི། །གཉིས་མེད་སེམས་ཀྱི་དེ་ཉིད་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་མཐོང་བ་ན། །འཁྲུལ་སྣང་དགག་སྒྲུབ་ངང་གིས་ཞིག་པར་འགྱུར། །སྲིན་བུའི་ཁ་ཆུས་རང་ལུས་བཅིང་བ་ལྟར། །རང་གི་རྟོག་པས་རང་ཉིད་བསླུས་པའི་ཚུལ། །བླ་མའི་དྲིན་གྱིས་ལེགས་པར་རྟོགས་འགྱུར་ན། །འཁོར་བ་སྤངས་དང་མྱང་འདས་ཐོབ་ཅེས་བྱ་བ་ཐ་སྙད་ཙམ། །སྦྱིན་པ་གཏོང་བ་སོགས། དགེ་བའི་སེམས་ཀྱིས་བདེ་སྐྱིད་མི་ཚོལ་བར། །ཚོང་ཁེ་སྐྱེད་སོགས་ཁོ་ན་འབད་པའི་སྒོ་བརྒྱས་ཕུན་ཚོགས་སྒྲུབ་པ་ལྟར། །ཟབ་མོ་ནང་གི་རྟེན་འབྲེལ་མི་ཤེས་པར། །སངས་རྒྱས་ཕྱི་རུ་བཙལ་བའང་དེ་དང་འདྲ། །ཁ་ཟས་རང་གིས་ཟ་བ་སྤངས་ནས་ནི། །རང་གི་གཟུགས་བརྙན་ཟས་ཀྱིས་སྐྱོངས་བ་ལྟར། །རང་ལུས་རྒྱལ་བའི་དཀྱིལ་འཁོར་མི་མཆོད་པར། །དེ་ཡི་གཟུགས་བརྙན་མཆོད་པ་ཉོན་རེ་མོངས། །ལུས་འདི་རྒྱལ་བ་ཀུན་གྱི་ཕོ་བྲང་སྟེ། །ས་དང་ལམ་གྱི་གཏེར་མཛོད་ལུས་འདི་ཡིིན། །སངས་རྒྱས་ཐོབ་པ་ལུས་འདིའི་དྲིན་ཡིན་པས། །ལུས་ལ་བརྙས་པ་དུག་བཞིན་སྤོང་བར་མཛོད། །སྡེ་སྣོད་གསུམ་དང་རྣམ་བཞི་རྒྱུད་སྡེ་ཡི། །བརྗོད་བྱ་ཐེག་གསུམ་ལམ་གྱི་རྟོགས་རིགས་ཀུན། །སྡོམ་པ་གསུམ་སོགས་རྣམ་བྱང་ཆོས་རྣམས་ཀུན། །རིག་ཐོག་གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས། །དལ་འབྱོར་རྟེན་ཐོབ་ཆོས་དང་བླ་མ་བཟང་། །མཐུན་རྐྱེན་ལེགས་ཚོགས་གང་ལ་བསམ་ཀྱང་རུང་། །རྟེན་འབྲེལ་འདི་འདྲ་ཕྱི་ནས་རྙེད་དཀའ་བས། །ཡུན་རིང་འཚོ་བའི་ཐུགས་བསྐྱེད་ཅིས་ཀྱང་མཛོད། །བདག་ཀྱང་འདི་འདྲའི་ཚུལ་ལ་བསླབ་ནས་ནི། །མྱུར་དུ་སྙིང་པོའི་བཙན་ས་འཛིན་འདོད་ཀྱང་། །འཁྲུལ་རྟོག་ཡན་པར་ཤོར་བའི་གཞན་དབང་འདི། །ཡང་དག་ལམ་དུ་གཏོང་བར་དཀའ་བ་འདྲ། །མཁས་པའི་གཞུང་ལ་ཅུང་ཟད་སྦྱངས་ན་ཡང་། །སྒོམ་པའི་ཉམས་མྱོང་བདག་ལ་མ་མཆིས་པས། །གོ་ཡུལ་ཚིག་གི་ལམ་ལ་ཞེན་པ་ཡི། །རྟོག་གེའི་ཚིག་ལ་ཡིད་རྟོན་འཆའ་བ་ལས། །དམ་པ་ཁྱེད་ཀྱིས་ད་ལྟའི་མཛད་པ་བཞིན། །ད་དུང་སྒྲུབ་པའི་རྒྱལ་མཚན་ཚུགས་ཤིག་དང་། །ཁོ་ཐག་ནང་ནས་ཆོད་པའི་ཉམས་མྱོང་ཞིག །འབྱུང་བ་རྟེན་འབྲེལ་ཟབ་མོའི་ཆེ་བ་ལགས། །གཏིང་མཐའ་མི་མངོན་སྲིད་པའི་རྒྱ་མཚོ་ཆེ། །སྡུག་བསྔལ་བྱེ་བའི་རླབས་ཕྲིང་གཡོ་བ་འདི། རང་བློ་རྨོངས་པའི་རྣམ་འགྱུར་ཙམ་ཞིག་ལས། །གཞན་དུ་གྲུབ་པ་ཡོད་ཚོད་མི་འདྲ་བས། །ཀུན་རྨོངས་སྲིད་པའི་མུན་པ་འཇོམས་པ་ལ། །བྱིན་རླབས་བདུད་རྩིའིི་འོད་དཀར་དང་འགྲོགས་པ། །མཁྱེན་པའི་གཏེར་གྱུར་རྗེ་བཙུན་བླ་མ་དང་། །དབྱེར་མེད་ཨ་མའི་ཟླ་བ་བླ་མ་བློ་གྲོས་ལ་སྦྱར་ན་མཁའ་སྤྱོད་མ་དང་རིན་པོ་ཆེ་ཉིད་ལ་སྦྱར་ན་དབྱངས་ཅན་མ་སྟེ་བླ་མ་དང་ལྷག་པའི་ལྷ་དབྱེར་མི་ཕྱེད་པ་དེ་མ་ལགས་སམ་སྟེ་ལགས་སོ། །འདི་བགྱིས་པ་ལས་བྱུང་བའི་དགེ་བ་ཡིས། །ཡིད་མཐུན་ཆོས་ཀྱི་གྲོགས་པོ་ཁྱོད་དང་ངས། །ཡུན་རིང་སྒྲུབ་པའི་དམ་བཅའ་མཐར་ཕྱིན་ནས། །སྤངས་རྟོགས་ཡོན་ཏན་ཡོངས་སུ་རྫོགས་པར་ཤོག །འདི་སྣང་ནུབ་ནས་ཕྱི་མའི་དུས་ཀྱི་ཚེ། མཁའ་སྤྱོད་དག་པའི་ཞིང་ཁམས་ལ་སོགས་པར། །རྗེ་བཙུན་བླ་མ་བཞུགས་པའི་ཞབས་དྲུང་དུ། །ངོ་ཤེས་བཞིན་དུ་བདག་ཅག་འཕྲད་པར་ཤོག །དེ་ནས་མིག་འཕྲུལ་ལྟ་བུའི་ཏིང་འཛིན་གྱིས། །རྒྱལ་ཀུན་གསུང་གི་བདུད་རྩི་འཐུང་བ་དང་། །ཞིང་ཁམས་རྒྱ་མཚོའི་བཀོད་པ་བལྟ་བའི་ཕྱིར། །བདག་ཅག་གཉིས་པོ་ལྷན་དུ་འདོང་པར་ཤོག །རབ་ཞི་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །མཁའ་ཁྱབ་གདུལ་བྱའི་བསམ་པ་དང་འཚམས་པར། །སྣ་ཚོགས་སྤྲུལ་པའི་རོལ་པ་བསམ་ཡས་ཀྱིས། །རྒྱལ་ཀུན་ཕྲིན་ལས་ལྷན་དུ་སྐྱོང་བར་ཤོག །གཡོ་མེད་ལྷག་བསམ་བཟང་པོའི་མཐུ་སྟོབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བླ་མ་མཆོག་གསུམ་ལྷ་ཡི་བྱིན་མཐུ་ཡིས། །ཇི་སྐད་སྨོན་པ་དེ་བཞིན་འགྲུབ་གྱུར་ཅིག །ཚུལ་འདི་རྗེ་བཙུན་བླ་མའི་བཀའ་དྲིན་གྱིས། །འཁྲུལ་མེད་དཔལ་ལྡན་ས་སྐྱའི་རང་ལུགས་ལ། །ཤེས་ནས་དད་པ་ཐོབ་པའི་སྐལ་བཟང་པོ་། །ཤཱཀྱའི་དགེ་སློང་ཀུན་དགའི་མིང་གིས་བྲིས། །ཤིན་ཏུ་དགེ་ཞིང་བཀྲ་ཤིས་དཔལ་འབར་ཤོག།། །།དགེའོ། །དགེའོ། །དགེའོ། །

རྡོ་རྗེ་ཐེག་པའི་ཉམས་ལེན་ཟབ་མོ་བླ་མའི་རྣལ་དོན་འགྲེལ་ཚང་ལ་མ་ནོར་བ་འདི་ཉིད་བླ་མའི་ཞལ་རྒྱུན་ལྟར་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཆན་བུ་བཏབ་པ་རབ་རྒྱལ་ཤིང་ཡོས་ལོའི་འཇམ་དབྱངས་ས་པཎ་གྱི་དགོངས་རྫོགས་དུས་ཆེན་ཉིན་པར་དུ་བསྐྲུན་པ་དགེའོ། །

གསུང་ངག་རིན་པོ་ཆེའི་སྐབས་སུ་ཉེ་བར་མཁོ་བ་ཀུན་གཞིའི་ངོས་འཛིན་དང་རྣམ་ཤེས་དང་ཡེ་ཤེས་འབྱེད་ཚུལ་བསྟན་པ་ལེགས་བཤད་ལྷ་ཡི་རྔ་ཆེན།

བླ་མ་ལ་ཕྱག་འཚལ་ལོ། །མཆོག་གསུམ་ངོ་བོ་བླ་མའི་ཞབས་པད་ལ། །སྒོ་གསུམ་གུས་པའི་ཚུལ་གྱིས་ཕྱག་བྱས་ནས། །རྒྱུད་གསུམ་ལམ་གྱི་དཀའ་བའི་གནས་འགའ་ཞིག །དཔྱད་གསུམ་དག་པའི་ངག་གིས་མདོ་ཙམ་དབྱེ། །དེ་ལ་འདིར་གང་བཤད་པར་བྱ་བ་ནི། འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས། ཁྱོད་ཀྱིས་ཀུན་གཞི་རྒྱུ་རྒྱུད་ཀྱི་ངོས་འཛིན་གསལ་ཁ་ཅན་རྣམ་ཤེས་ཡེ་ཤེས་ཀྱི་དབྱེ་བ་དང་བཅས་པ། ཞིབ་ཆ་ཅན་ཞིག་བྲི་དགོས་སོ་ཞེས་ཡང་ཡང་བཀའ་སྩལ་ཡང་བྲི་བར་མ་སྤོབས་ཏེ། དེའི་རྒྱུ་མཚན་ཡང་། གྲུབ་པའི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ལས་བསྒོམ་རིམ་བར་པ་མཛད་པའི་ཚེ། ཐམས་ཅད་མཁྱེན་པ་འདི་རྒྱུ་མེད་པ་ལས་མི་འབྱུང་། རྒྱུ་ནོར་བ་ལས་མི་འབྱུང་། རྒྱུ་མ་ཚང་བ་ལས་མི་འབྱུང་བས་འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་དང་རྐྱེན་དེ་དག་གང་ཞེ་ན། སྨྲས་པ། བདག་ལྟ་བུ་དམུས་ལོང་དང་འདྲ་བས་དེ་དག་བསྟན་པར་མི་ནུས་མོད་ཀྱི། བདག་གིས་བཅོམ་ལྡན་འདས་ཀྱི་བཀའ་ཉིད་ཀྱིས་བཤད་དོ་ཞེས་ཁེངས་པ་བསྐྱུངས་པར་མཛད་ན། བདག་ལྟ་བུ་འཆི་བ་མི་རྟག་པ་རྒྱུན་དུ་དྲན་པའི་མངོན་རྟོགས་ཙམ་ཡང་རྒྱུད་ལ་མ་སྐྱེས་པའི་གང་ཟག་ཞིག་གིས་ཟབ་པའི་ཆོས་འདི་དག་གི་གནད་འཆད་པར་མི་ནུས་སྙམ་པ་ཡིན་ན་ཡང་། ད་ལན་ཡང་བཀའ་སྩལ་བྱུང་བས། བླ་མའི་བཀའ་བཅག་ན་མ་འོངས་པའི་རྟེན་འབྲེལ་ལ་གནོད་སྙམ་པ་དང་། རང་གི་གོ་ཡུལ་ལ་བླ་མས་ཞུ་དག་མཛད་པར་ཞལ་གྱིས་བཞེས་པས་ད་ནི་སྤོབས་པ་བསྐྱེད་དེ་ཅུང་ཟད་བྲི་བར་བྱའོ། །དེ་ལ་ཡིད་ཆེས་པའི་དོན་དུ་ཐོག་མར་རྒྱུད་དང་བླ་མ་གོང་མའི་གསུང་གི་ལུང་ཁུངས་རྣམས་འབྲི་བ་དང་། དེ་དག་གི་དགོངས་དོན་ལ་དཔྱད་དེ་རང་ལུགས་བཞག་པ་དང་། དེ་དང་མི་མཐུན་པའི་ལུགས་གསར་པ་གཞན་ལ་དོགས་པ་དཔྱད་པ་གསུམ་ལས། དང་པོ་ནི། རྩ་རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་དང་། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ལྷ་དང་ལྷ་མིན་མི་རྣམས་དང་། །བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱིས་ཀྱང་། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །ཞེས་པ་ལ་ོགས་པ། རྒྱུ་རྒྱུད་སྟོན་བྱེད་ཡིན་པར་གསུངས་ལ། རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ་ཆེན་པོས་རྡོ་རྗེའི་ཚིག་རྐང་དུ། ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཚང་བས་རྩ་རྒྱུད་ཅེས་པའི་ཚིག་ཉུང་ལ་དོན་རྒྱས་པ་འདི་གསུངས་ཤིང་། དེའི་དགོངས་དོན་དཔལ་ས་སྐྱ་པ་བརྩེ་བ་ཆེན་པོས་ཡི་གེར་བཀོད་པ། གཞུང་བཤད་གཉགས་མ་ལས། ཀུན་གཞི་ཞེས་བྱ་བ་ནི་ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་གིས་འཁོར་འདས་གཉིས་ཀའི་གཞིར་གྱུར་པས་སོ། །རྒྱུ་ནི་འབྲས་བུ་སྐྱེ་རུང་གི་ནུས་པའི་མཐུ་ལ་བྱ། རྒྱུད་ནི་སེམས་ཅན་ནས་རང་རིག་པའི་ཕྲེང་བ་རྡོ་རྗེ་འཛིན་པའི་བར་དུ་སེམས་ཉིད་རིག་པ་རྒྱུན་མི་འཆད་པའོ། །འཁོར་འདས་ཚང་བ་ནི། འཁོར་བའི་ཆོས་ཐམས་ཅད་མཚན་ཉིད་ཀྱི་ཚུལ་དུ་ཚང་། མྱ་ངན་ལས་འདས་པའི་ལམ་ཐམས་ཅད་ཡོན་ཏན་གྱི་ཚུལ་དུ་ཚང་། འབྲས་བུའི་ཆོས་ཐམས་ཅད་ནུས་མཐུའི་ཚུལ་དུ་ཚང་ངོ་། །ཞེས་དང་། གཞུང་བཤད་སྲས་དོན་མ་ལས། །གཉགས་མ་ལས་ཇི་ལྟར་གསུངས་པ་བཞིན་དང་། གང་ཟག་གཅིག་གི་སེམས་ཀྱི་རྒྱུན་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རྒྱུན་ཆགས་སུ་སྐྱེ་བར་བསྟན་པའི་ཕྱིར། རྒྱུད་གསུམ་དུ་བསྟན་པའི་ལམ་ནི། ཞེས་སེམས་གསལ་རིག་འདིའི་སྟེང་དུ་རྒྱུད་གསུམ་ཀ་འཇོག་དགོས་པར་གསུངས་ལ། འཁོར་འདས་ཚང་ཚུལ་གྱི་སྐབས་སུ། རྟེན་དཀྱིལ་འཁོར་བཞི་དང་། བརྟེན་པ་ཀུན་གཞི་ཉིད་རིག་པ་གསལ་བ་ཕྱོགས་རིས་སུ་མ་ཆད་པ། གཟུགས་ལ་སོགས་པ་གང་ལྟར་ཡང་སྣང་ལ་རང་གི་ངོ་བོ་མྱོང་བ་མ་འགགས་པ་སྟེ། ཞེས་དང་། སེམས་ཀྱི་མཚན་ཉིད་རྣམ་རྟོག་ཡིན་ལ། རྣམ་རྟོག་གི་འབྲས་བུ། སྡུག་བསྔལ་སྣ་ཚོགས་སུ་མྱོང་སྟེ། ཐ་མལ་པའི་དུས་ན་སེམས་ཚ་གྲང་གི་སྡུག་བསྔལ་དུ་མྱོང་ཙམ་ན་དམྱལ་བ་ཚང་། བཀྲེས་སྐོམ་དུ་མྱོང་ཙམ་ན་ཡི་དྭགས། བླུན་ཞིང་རྨོངས་པར་མྱོང་ཙམ་ན་བྱོལ་སོང་དང་། ཁོང་ཁྲོ་སྐྱེས་ཙམ་ན་ལྷ་མ་ཡིན། དགའ་བདེ་མྱོང་ཙམ་ན་ལྷ། ཆོས་བརྒྱད་ཀྱི་བྱ་བ་ལ་ལྷག་པར་འཇུག་ཅིང་ཆགས་ཙམ་ན་མི་ཚང་ལ་ཞེས་འཁོར་བའི་ཆོས་མཚན་ཉིད་ཀྱི་ཚུལ་གྱིས་ཚང་ཚུལ་དང་། ལམ་དང་འབྲས་བུ་ཡོན་ཏན་དང་ནུས་པའི་ཚུལ་གྱིས་ཚང་ཚུལ་མཚན་ཉིད་གསལ་བ། རང་བཞིན་སྟོང་པ། ངོ་བོ་ཟུང་འཇུག་གི་ཚུལ་དུ་ཚང་ཚུལ་ཞིབ་ཏུ་གསུངས་མོད་ཐམས་ཅད་འབྲི་བར་མ་ནུས་སོ། །ས་ཆེན་གྱི་དགོངས་པ་ཀུན་གཞིའི་ཡིག་ཆུང་དུ་རྗེ་བཙུན་གྱིས་བཀྲལ་བ་ནི། དོན་ཚན་བདུན་དུ་ཕྱེ་སྟེ། རྟེན་གང་ཡིན་པ། བརྟེན་པ་ཀུན་གཞི་ཉིད་གང་ཡིན་པ། རྟེན་དེ་ལ་ཚུལ་ཇི་ལྟར་བརྟེན་པ། རྟེན་དང་བརྟེན་པའི་འབྲེལ་ཚུལ། དེ་རྒྱུ་རྒྱུད་དུ་བཞག་པའི་ཚུལ། དེ་རྩ་རྒྱུད་དུ་གཏན་ལ་དབབ་པ། དེ་ལ་འཁོར་འདས་ཀྱི་ཆོས་ཚང་ཚུལ་བརྩི་བའོ། །ཞེས་ས་བཅད་མཛད་ནས། རྟེན་དཀྱིལ་འཁོར་བཞི་སོགས་ཞིབ་ཏུ་གསུངས་ནས། བརྟེན་པ་ཀུན་གཞི་ཉིད་སེམས་མྱོང་རིག་བྱེ་བྲག་ཏུ་མ་ཕྱེ་བ། རིས་སམ་ཕྱོགས་སུ་མ་ཆད་པ། ཐབས་རིག་པ་གསལ་ལ་མ་འགགས་པ། ངོ་བོ་སྟོང་པ་ཉིད་ལ་ཀུན་གཞི་ཞེས་བྱའོ། །ཞེས་དང་། རྟེན་ལ་བརྟེན་ཚུལ་མེ་ཏོག་དང་མེ་ཏོག་གི་དྲི་ལྟར་གྲུབ་སྡེ་གཅིག་པ་སྟེ་ཐ་དད་མེད་པའོ། །ཞེས་དང་། རྟེན་དང་བརྟེན་པའི་འབྲེལ་ཚུལ་སེམས་ལ་བག་ཆགས་བསགས་ཚད་ལུས་ལ་སྨིན་ལ། ལུས་ལ་སྨིན་ཚད་ཕྱི་རོལ་ན་ཡོད་དོ། །ཞེས་དང་། ཀུན་གཞི་ཉིད་ཕྱི་རོལ་ཡུལ་གྱི་ཞེན་པ་ལ་བརྟེན་ནས་ཆགས་སྡང་སྐྱེ་བས་རྟེན་འབྲེལ་བཅུ་གཉིས་འབྱུང་ཚུལ་དང་། རྒྱུ་རྒྱུད་དུ་འཇོག་ཚུལ། རྩ་རྒྱུད་དུ་འཇོག་ཚུལ་དང་། འཁོར་འདས་ཚང་ཚུལ་རྟེན་བརྟེན་པ་གཉིས་ཀ་ལ་ཞིབ་ཏུ་གསུངས་ཤིང་། སེམས་ཀྱི་མཚན་ཉིད་གསལ་བ། རང་བཞིན་སྟོང་པ། ངོ་བོ་ཟུང་འཇུག་གི་ཚུལ་དུ་ཚང་ངོ་། །ཞེས་གསུངས་སོ། །དཔལ་ལྡན་རྩེ་མོའི་ཞབས་ཀྱི་ཞལ་སྔ་ནས། རྒྱུ་རྒྱུད་ནི་སེམས་ཅན་མས་ཅད་ལ་ཆོས་ཉིད་རང་བཞིན་གྱིས་དག་པ་མྱ་ངན་ལས་འདས་པ་ཇི་ལྟར་ཡིན་པའི་ཚུལ་དང་། དེ་ཆོས་ཅན་རྒྱས་པར་ཕྱེ་ན་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་སུམ་ཅུ་རྩ་ལྔའམ་མདོར་ན་ལུས་ངག་ཡིད་གསུམ་ཇི་ལྟར་གནས་པའི་ཚུལ་བསྟན་པ་རྣམས་སོ། །ཞེས་དང་། ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་ལས། ཀུན་གཞི་རྒྱུ་རྒྱུད་ནི་མ་དག་པ་ལུས་ལ་སོགས་པ་སྟེ། ཞེས་དང་། ལྗོན་ཤིང་ཆེན་མོར། རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས་པ་བཞིའི་སྒོ་ནས་རྒྱུ་རྒྱུད་གཏན་ལ་འབེབས་པར་མཛད་ལ། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་རྒྱུད་གསུམ་གནོད་འཇོམས་ཀྱི་འགྲེལ་པར་གསུངས་པ་ནི་འོག་ཏུ་འཆད་ཅིང་། དེའི་དངོས་སློབ་ཀུན་མཁྱེན་བསོད་ནམས་སེང་གེའི་ཞལ་སྔ་ནས། འོ་ན་ཀུན་གཞི་རྒྱུ་རྒྱུད་ཀྱི་དོན་གང་ཞེ་ན། རྫོགས་པའི་སངས་རྒྱས་ཀྱིས་རྒྱན་སྟུག་པོ་བཀོད་པ་དང་། ལང་ཀར་གཤེགས་པའི་མདོ་ལ་སོགས་པ་མདོ་སྡེ་དུ་མར། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་མང་དུ་གསུངས་པའི་དོན་ལ་སེམས་ཙམ་པ་རྣམས། རྣམ་ཤེས་ཚོགས་བདུན་ལས་དོན་གཞན་དུ་གྱུར་པའི་ཤེས་པ་བདེན་གྲུབ་པ་བག་ཆགས་བདེན་གྲུབ་བསྒོ་བའི་གཞིར་གྱུར་པ། ཀུན་ནས་ཉོན་མོངས་པ་དང་། རྣམ་བྱང་གི་ཆོས་ཀུན་གྱི་རྒྱུར་གྱུར་པ། ས་བོན་གྱི་ཆ་ཉན་ཐོས་དགྲ་བཅོམ་ནས་ལྡོག་ཀྱང་། རྣམ་སྨིན་གྱི་ཆ་སངས་རྒྱས་ཀྱི་སའི་བར་ལ་རྒྱུན་མ་ཆད་པར་ཡོད་པ་ཞིག་ལ་འཆད་ཀྱང་། རྣལ་འབྱོར་དབང་ཕྱུག་གི་བཞེད་པས་སེམས་མྱོང་རིག་བྱེ་བྲག་ཏུ་ཕྱེ་བ། རིས་སམ་ཕྱོགས་སུ་མ་ལྷུང་བ། ཐབས་རིག་པ་གསལ་ལ་མ་འགགས་པ། ངོ་བོ་སྟོང་པ་ཉིད་ལ་ཀུན་གཞིའི་སྒྲས་བསྟན་པར་གསུངས་སོ། །དེའི་དོན་ཐོགས་མ་མེད་པ་ནས་སངས་རྒྱས་ཀྱི་སའི་བར་ལ་རྒྱུན་མ་ཆད་པའི་སེམས་གསལ་བ་ཙམ་འདི་ཉིད་གནས་སྐབས་སུ་རྐྱེན་དབང་གིས་དགེ་མི་དགེ་དང་། རྣམ་ཤེས་ཚོགས་བདུན་དང་། སེམས་སེམས་བྱུང་གི་ཆོས་དུ་མར་འགྱུར་ཡང་། དེ་དག་གི་སྒོ་ནས་མི་འཇོག་པར་གསལ་ཙམ་རྒྱུན་མ་ཆད་པའི་སྒོ་ནས་འཇོག་པས་ན་རིས་སམ་ཕྱོགས་སུ་མ་ལྷུང་བ། སེམས་ཅན་ནས་སངས་རྒྱས་ཀྱི་སའི་བར་དུ་གསལ་ཙམ་རྒྱུན་མ་ཆད་པར་ཡོད་པས་ན་ཐབས་རིག་པ་གསལ་ལ་མ་འགགས་པ། དེའི་ངོ་བོ་ལ་དཔྱད་ན། མཐའ་བཞིའི་སྤྲོས་པས་སྟོང་པས་ན་ངོ་བོ་སྟོང་པ་ཉིད་དོ། །དེས་ན་སེམས་ཙམ་པས་བདེན་པར་གྲུབ་པའི་རྒྱུ་མཚན་གྱིས་འཁོར་འདས་ཀུན་གྱི་གཞིར་རུང་བར་འདོད་ཅིང་། འདིར་ནི། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཉིད། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་བ་མིན། །ཞེས་པའི་ཚུལ་གྱིས་བདེན་པས་སྟོང་པའི་རྒྱུ་མཚན་གྱིས་བྱ་བྱེད་རུང་བར་བཤད་པ་ནི་ཁྱད་པར་རོ། །ཀླུ་སྒྲུབ་ཡབ་སྲས་ཀྱང་དོན་འདི་ཉིད་བཞེད་དེ། བྱང་ཆུབ་སེམས་འགྲེལ་ལས། དཔེར་ན་ཁབ་ལེན་མཐོང་བ་ན། ལྕགས་ནི་མྱུར་དུ་ཡོངས་སུ་འགུལ། །འདི་ལ་སེམས་ཡོད་མིན་ན་ཡང་། །སེམས་དང་བཅས་པ་བཞིན་དུ་སྣང་། །དེ་བཞིན་ཀུན་གཞིའི་རྣམ་པར་ཤེས། །སེམས་མེད་སེམས་དང་བཅས་པ་བཞིན། །འགྲོ་དང་འོང་བ་རྣམ་གཡོ་ཞིང་། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །དཔེར་ན་རྒྱ་མཚོའི་མཐའ་མ་ལས། །ངེས་པར་རླབས་ནི་རྣམ་པར་གཡོ། །དེ་བཞིན་ཀུན་གཞིའི་རྣམ་པར་ཤེས། །ལུས་ལ་བརྟེན་ཏེ་གཡོ་བར་བྱེད། །ཅེས་ཀུན་གཞི་གསུངས་ཤིང་ཟླ་བས་འཇུག་འགྲེལ་དུ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་སྟོང་པ་ཉིད་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཀུན་གཞིའི་རྣམ་པར་ཤེས་པ་འབའ་ཞིག་ཡོད་པར་མ་ཟད་ཀྱི་གང་ཟག་ཀྱང་ཡོད་དེ། དེས་དུལ་བའི་སྐྱེ་བོ་ལ་དེ་ཡོད་པ་ཉིད་དུ་བསྟན་པས་རྗེས་སུ་འཛིན་པའི་ཕྱིར་རོ། །ཞེས་གསུངས་སོ། །གཞིའི་སྐབས་སུ་ཀུན་གཞི་ཁས་ལེན་པས་སེམས་ཙམ་པ་ཡིན། ཞེས་པ་དང་། དབུ་མ་ཐལ་གྱུར་བས་ཀུན་གཞི་ཐ་སྙད་དུ་ཡང་ཁས་མི་ལེན་ཅེས་སྨྲ་བ་ནི་གསུང་རབ་གོང་འོག་གི་བབས་དང་གྲུབ་མཐའི་རྣམ་དབྱེ་མ་ཕྱེད་པའོ། །རྗེ་བཙུན་གོང་མས་འདི་དང་ཆོས་དབྱིངས་ཀྱི་སྒྲ་དོན་འདྲ་བར་བཤད་དེ། ཆོས་ནི་འཁོར་བའི་ཆོས་ཕུང་ཁམས་སྐྱེ་མཆེད་དང་། མྱ་ངན་ལས་འདས་པའི་ཆོས་སྟོབས་ལ་སོགས་པ་ཡིན་ལ། དབྱིངས་ནི་དྷ་ཏུ་ཞེས་པ་རྒྱུ་སྟེ། དེ་ཡང་ས་བོན་མྱུ་གུའི་རྒྱུ་ཡིན་པ་ལྟར་སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་གྱི། རང་བཞིན་ལྷུན་གྲུབ་ཀྱི་རྒྱུ་ཡིན་པས་དབྱིངས་སུ་བསྒྱུར་བ་སྟེ། ཐབས་ཀྱིས་མ་ཟིན་ན་འཁོར་བའི་ཆོས་ཀྱི་རྒྱུ་བྱེད། ཐབས་ཀྱིས་ཟིན་ན་མྱང་འདས་ཀྱི་ཆོས་ཀྱི་རྒྱུ་བྱེད་པར་དག་ལྡན་ལས་གསུངས་སོ། །འོན་ཀྱང་ཀུན་གཞིར་འཇོག་པ་ནི་གསལ་བའི་ཆ་ནས་འཇོག་པ་གཙོ་ཆེ་ཞིང་། ཆོས་དབྱིངས་སུ་འཇོག་པ་ནི་སྟོང་པའི་ཆ་ནས་འཇོག་པ་གཙོ་ཆེ་ལ་ངོ་བོ་ཟུང་འཇུག་ཡིན་པ་ལ་ནི་ཁྱད་པར་མེད་དོ། །རྒྱུ་རྒྱུད་དུ་འཇོག་པ་སོགས་ནི་ཀུན་གཞིའི་ཡིག་ཆུང་བཞིན་ཤེས་པར་བྱའོ། །ཞེས་གསུངས་ཏེ། ངོར་ཆེན་རྡོ་རྗེ་འཆང་དང་། རྗེ་མུས་པ་ཆེན་པོ་རྣམ་གཉིས་ཀྱི་དྲུང་དུ། གསུང་ངག་ལམ་འབྲས་ཚར་བདུན་ཀུན་མཁྱེན་ཆེན་པོས་གསན་པར་གསུངས་པས། རྡོ་རྗེ་འཆང་ཡབ་སྲས་ཀྱི་གསུང་རྒྱུན་ཡིན་པར་ཡང་སེམས་སོ། །འདིའི་བརྒྱུད་འཛིན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་གོང་མའི་དགོངས་རྒྱན་དང་། རྒྱུད་གསུམ་མཛེས་རྒྱན་གཉིས་ཆར་དུ། ཚིག་གི་བརྗོད་ཚུལ་ཅུང་ཟད་མི་འདྲ་བ་མ་གཏོགས། དོན་གྱི་གནད་འདི་དང་མཚུངས་གསུངས་ཤིང་། ཁྱད་པར་དགོངས་རྒྱན་དུ། སེམས་ཀྱི་མཚན་ཉིད་གསལ་བའི་ཆ་ལ་གཙོ་བོར་ཀུན་གཞི་དང་། རང་བཞིན་སྟོང་པའི་ཆ་ལ་གཤེགས་སྙིང་དུ་བཞེད་དེ། སྔ་མས་བག་ཆགས་བསྒོ་བའི་གཞི་དང་། ཕྱི་མས་གློ་བུར་གྱི་དྲི་མའི་རྟེན་བྱེད་པའི་ཆ་ནས་བཞག་ཅིང་། ངོ་བོ་ཟུང་འཇུག་ཡིན་པ་ལ་ཁྱད་པར་མེད་དོ་ཞེས་གསུངས་སོ། །ལམ་འབྲས་སློབ་བཤད་རྗེ་མུས་པ་ཆེན་པོས་སྙན་བརྒྱུད་ཀྱི་ཚུལ་དུ་བདག་ཆེན་བློ་གྲོས་རྒྱལ་མཚན་ལ་གདམས་ཤིང་། དེས་རྗེ་བཙུན་ཀུན་སྤངས་ཆེན་པོ་ལ་གསུངས། དེས་ཚར་ཆེན་བློ་སལ་རྒྱ་མཚོ་ལ་གདམས་པ་རྣམས། ཐམས་ཅད་མཁྱེན་པ་མཁྱེན་རྩེ་དབང་ཕྱུག་གིས་ཟིན་བྲིས་མཛད་པའི་ཁྲིད་ཡིག་ཆེན་མོའི་དགོངས་པའང་གོང་གི་གཞུང་འདི་དག་དང་ཤིན་ཏུ་མཐུན་ཏེ། ཁྲིད་ཡིག་ཉིད་ལ་གཟིགས་པས་གསལ་ལོ། །རྗེ་ཀླུ་སྒྲུབ་རྒྱ་མཚོས། ཁྲིད་ཡིག་ཏུ། ཀུན་གཞི་རྒྱུ་རྒྱུད་ཀྱི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལ་ངོས་འཛིན་མཛད་པ་འདི་ནི། ཐབས་རྒྱུད་ཀྱི་སྐབས་སུ་རྒྱུད་གསུམ་བསྲེས་ནས་ཉམས་སུ་ལེན་པའི་དུས་ཀྱི་རྒྱུ་རྒྱུད་ཀྱི་ངོས་འཛིན་ཡིན་གྱི། རྒྱུད་གསུམ་གྱི་ཟླས་ཕྱེ་བའི་རྒྱུ་རྒྱུད་ཀྱི་མཚན་གཞི་ངོས་འཛིན་པ་མ་ཡིན་སྙམ་སྟེ། གལ་ཏེ་ཡིན་ན་གོང་མའི་གསུང་རབ་ཐམས་ཅད་དང་མི་འགྲིགས་པ་ཡིན་ནོ། །ཁོང་གི་སྐུ་ཚེའི་སྟོད་ཀྱི་ལྟ་བ་གཞན་སྟོང་ལ་ཞེན་ཆེ་བར་སུངས་པས་དེའི་ཤན་ཅུང་ཟད་ཕོག་པ་ཡིན་ནམ་སྙམ་སྟེ་མཁས་པ་དག་གིས་དཔྱད་པར་བྱའོ། །སྤྱིར་ཁོང་སློབ་བཤད་བསྟན་པའི་ཤིང་རྟ་ཆེན་པོ་ཡིན་པས་ཁྲིད་ཡིག་གི་དབུ་ཞབས་ཀྱི་དོན་གཞན་ནི་བླང་བར་བྱ་བ་ཁོ་ན་ཡིན་ནོ། །ཀུན་གཞི་རྒྱུ་རྒྱུད་ཀྱི་སྟེང་དུ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བསྒོམ་དགོས་པས་དེ་སྟོན་བྱེད་རྩ་རྒྱུད་ཀྱི་ལུང་། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཡིན། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་ཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་འདས། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདས་པར་གྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་གསུངས་པ་འདི་ཐབས་རྒྱུད་ཀྱི་ལྟ་བ་འཁོར་འདས་དབྱེར་མེད་སྟོན་བྱེད་ཡིན་མོད། འདིའི་ཚིག་ཟུར་གྱིས་འཁོར་བའི་ཆོས་ཐམས་ཅད་རྒྱུ་རྒྱུད་དུ་གོ་དགོས་ཏེ། རྒྱུད་གསུམ་བསྲེས་ནས་ཉམས་སུ་ལེན་དུས་ཀྱི་རྒྱུ་རྒྱུད་ཀྱི་ལྡོག་པ་ཡིན་པའི་ཕྱིར། གོང་མའི་གསུང་རབ་གཞན་དང་། གཞུང་བཤད་མན་ངག་གཏེར་མཛོད་སོགས་ཀྱི་ལུང་ཁུངས་ནི་རེ་ཞིག་བཞག་གོ། གཉིས་པ་དེ་དག་གི་དགོངས་དོན་ལ་དཔྱད་དེ་རང་ལུགས་བཞག་པ་ནི། སྤྱིར་སྔགས་ལམ་གྱི་ཉམས་ལེན་ཐམས་ཅད་ཀུན་གཞི་རྒྱུ་རྒྱུད། ལུས་ཐབས་རྒྱུད། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་སུམ་དུ་བསྡུས་ནས་སྟོན་པའི་སྐབས་ཀྱི་ཀུན་གཞི་རྒྱུ་རྒྱུད་ཡིན་ན། རྟེན་དཀྱིལ་འཁོར་བཞི་བརྟེན་པ་ཀུན་གཞི་དང་བཅས་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན་གཞི་རྒྱུ་རྒྱུད་ཡིན་པའི་གོ་བ་ལེན་ཤེས་དགོས་ཏེ། རྗེ་བཙུན་གྱིས། ཇོ་ལྕགས་མར། གཞི་ཆོས་ཅན་འཁོར་བའི་གནས་ཚུལ། ལམ་ཇི་ལྟར་བསྒོམ་པའི་ཚུལ་འབྲས་བུ་མཐར་ཐུག་སངས་རྒྱས་ཀྱིས་བཤད་པ་གསུམ་ལས། དང་པོ་འདིར་མི་འཆད་དེ་མ་དག་པའི་སྣང་བའི་སྐབས་སུ་བསྟན་ཟིན་ཏོ། །གསུངས་པའི་དང་པོ་ཀུན་གཞི་རྒྱུ་རྒྱུད་ཡིན་ཏེ། རྒྱུད་གསུམ་གྱི་ས་བཅད་པའི་དང་པོ་ཡིན་པའི་ཕྱིར། ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཚང་བས་རྩ་རྒྱུད་ཅེས་པའི་རྡོ་རྗེའི་ཚིག་འདི་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན་པས་འདིའི་གོ་དོན་ཚུལ་བཞིན་དུ་སློང་མ་ཤེས་ན། ས་སྐྱ་པའི་ཀུན་གཞི་འདོད་པ་འདི་སེམས་ཙམ་པ་དང་འདྲ་ཞེས་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོ་ན་ཀུན་གཞི་ཡིན་ཞེས་སོགས་སྒྲོ་བསྐུར་བྱེད་པ་ནི། སྔོན་གྱི་དུས་ས་བྱུང་བར་འདུག་གོ། སེམས་ཀུན་གཞིའི་གསལ་ཆ་དེ་བག་ཆགས་ཀྱི་རྟེན་དུ་བཞེད་པ་སེམས་ཙམ་དང་འདྲ་ཡང་། ངོ་བོ་སྟོང་པ་ལ་བྱ་བྱེད་རུང་བར་གསུངས་པ་དང་། འཁོར་འདས་ཚང་ཚུལ་སོགས་གསུངས་པ་མི་འདྲ་བས། ངོར་ཆེན་གྱིས། སེམས་ཙམ་པའི་ཀུན་གཞི་དང་མི་འདྲ་གསུངས་པའི་དགོངས་པའང་དེ་ཡིན་ནོ། །འཇམ་མགོན་བདག་ཉིད་ཆེན་པོས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བོན་བཏབ་ནས་ནི། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་གསུངས། །ཞེས་པའི་ཕུང་ཁམས་སྐྱེ་མཆེད་ཀྱང་ཀུན་གཞི་རྒྱུ་རྒྱུད་དུ་ངོས་འཛིན་དགོས་སོ། །ངོར་ཆེན་རྡོ་རྗེ་འཆང་གིས། རྣམ་དག་དཀྱིལ་འཁོར་བཞི་ཡི་འཛིན་མ་ལ། །རྣམ་དཀར་དབང་བཞིའི་ཆར་རྒྱུན་ལེགས་ཕབ་པས་ཞེས་སོགས་གསུངས་པའི་དཀྱིལ་འཁོར་བཞི་ཡང་རྒྱུ་རྒྱུད་ཡིན་ལ། ཟླ་ཟེར་དུ། གཞི་ཡི་གནས་ལུགས་སྐྱེ་འཆི་བར་དོ་གསུམ། །ཇི་ལྟར་ཡོད་བཞིན་ཉམས་སུ་བླངས་པའི་མཐུས། །འབྲས་བུ་སྐུ་གསུམ་མངོན་དུ་བྱེད་པ་ཡི། །ཤིང་རྟ་ཆེན་པོའི་ལམ་འདི་ཁོ་བོས་རྟོགས། །ཞེས་གསུངས་པའི་སྐྱེ་འཆི་བར་དོ་གསུམ་ཡང་རྒྱུ་རྒྱུད་དུ་བསྡུ་དགོས་སོ། །ལྗོན་ཤིང་གི་རིགས་དང་རིགས་བདག་ཡིན་པའི་རྒྱུ་མཚན་གྱིས་གྲོལ་བར་འཐད་པ་འཆད་པའི་སྐབས་སུ། རྒྱུ་འཁོར་བའི་ཆོས་ཐམས་ཅད་འབྲས་བུ་དེ་བཞིན་གཤེགས་པའི་རིགས་ཡིན་ཚུལ་གསུངས་པའང་གནད་འདི་དང་གཅིག་པ་ཡིན་ནོ། །རྒྱུ་མཚན་དེ་དག་གི་ཕྱིར་ན། རྟེན་དཀྱིལ་འཁོར་བཞི་གཙོ་བོར་སྨོས་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རང་སེམས་སྐད་ཅིག་མའི་ཆོ་འཕྲུལ་དུ་ངོ་ཤེས་པའི། སེམས་མྱོང་རིག་བྱེ་བྲག་ཏུ་མ་ཕྱེ་བ། རིས་སམ་ཕྱོགས་སུ་མ་ཆད་པ། ཐབས་རིག་པ་གསལ་ལ་མ་འགགས་པ། ངོ་བོ་སྟོང་པ་ཉིད་ལ་ཀུན་གཞིར་བཞེད་པ་ཡིན་པས། རྒྱས་བཤད་དུ། ཀུན་གཞིའི་རང་བཞིན་དང་། རྟེན་དང་། བརྟེན་ཚུལ། རྒྱུ་དང་། རྩ་བ་དང་། འབྲེལ་ཚུལ། འཁོར་དས་ཚང་ཚུལ་ཏེ་བདུན་གྱི་སྒོ་ནས་བཀྲོལ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེས་ན་རྒྱུ་ལྷན་ཅིག་སྐྱེས་པའི་ཆོས་ཉེར་བདུན་པོ་ཐམས་ཅད་ཀུན་གཞི་རྒྱུ་རྒྱུད་དུ་ཁས་ལེན་དགོས་ཀྱི་ལྷན་སྐྱེས་ཀྱི་ཡེ་ཤེས་ཁོ་ན་ཀུན་གཞི་རྒྱུ་རྒྱུད་དུ་ཁས་ལེན་པ་གཞུང་དང་མི་འགྲིགས་ཏེ། ལྷན་སྐྱེས་ཀྱི་ཡེ་ཤེས་བསྒོམ་པའི་ཚེ། གཞི་གང་དུ་བསྒོམ་པ། ངོ་བོ་གང་བསྒོམ་པ་སོགས་ཀྱིས་ས་བཅད་ནས་ཀུན་གཞི་རྒྱུ་རྒྱུད་ཀྱི་སྟེང་དུ་འཁོར་འདས་དབྱེར་མེད་བསྒོམ་དགོས་པར་གསུངས་ཀྱི། ཀུན་གཞི་རྒྱུ་རྒྱུད་རང་ལྡོག་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་ཡིན་པར་མ་གསུངས་སོ། །འོ་ན་ཁྱེད་ཀྱིས་སེམས་འཁྲུལ་པ་དང་བཅས་པ་ལ་ཀུན་གཞི་རྒྱུ་རྒྱུད་དུ་ངོས་འཛིན་པར་འདུག་པས། ཁྱེད་ཀྱི་ལམ་འདི་མི་ཟབ་པ་ཡིན་ནོ་ཞེ་ན། སེམས་འཁྲུལ་པ་དང་བཅས་པ་ལ་ཀུན་གཞི་རྒྱུ་རྒྱུད་དུ་ངོས་བཟུང་ནས། ཐབས་རྒྱུད་ཀྱིས་མ་ཟིན་པར་འཇོག་ན་ཁྱེད་བདེན་མོད། དེ་འདྲ་མ་ཡིན་ཏེ། རྩ་རྒྱུད་ལས། གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་བ། །དེ་དང་དེས་ནི་འཆིང་བ་ལས་གྲོལ་ཏེ། །དེ་ཉིད་མི་ཤེས་འཇིག་རྟེན་མི་གྲོལ་ཞིང་། །དེ་ཉིད་རྣམ་སྤངས་དངོས་གྲུབ་རྙེད་མི་འགྱུར། །ཞེས་དང་། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་འདག །ཅེས་དང་། གྲུབ་ཆེན་ས་ར་ཧས། གང་གིས་བླུན་པོ་འཆིང་བའི་དངོས། །དེ་ཡིས་མཁས་རྣམས་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར། འཁྲུལ་སྣང་ལ་ལམ་དུ་བྱས་ཀྱང་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྟོབས་ཀྱིས་དུས་མྱུར་བ་ཉིད་དུ་འཁྲུལ་སྣང་ཡེ་ཤེས་སུ་མཐོང་ནས་གྲོལ་བར་འགྱུར་བ་ཡིན་པས་ལམ་འདི་ཆེས་ཟབ་པ་ཡིན་ཅིང་། དེས་ན་ལམ་འདི་ལ་རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གལ་ཏེ་ཅིས་ཀྱང་དང་པོ་ཉིད་ནས་མ་འཁྲུལ་བ་ལམ་དུ་བྱེད་དགོས་སོ་ཞེ་ན། གང་ཟག་དབང་པོ་ཡང་རབ་རིག་པ་རང་སྣང་གི་བློ་ཅན་རྣམས་ལ་བླ་མ་རྟོགས་ལྡན་གྱིས་རང་བཞིན་རྫོགས་པ་ཆེན་པོའི་ངོ་སྤྲོད་མཛད་དེ་ངོ་འཕྲོད་པའི་ཚེ་དེ་འདྲ་འབྱུང་སྲིད་མོད། དེ་མན་ཆད་ལ་བླ་མ་རོང་སྟོན་ལྷ་དགས་རྗེ་བཙུན་མི་ལ་ལ་ངོ་སྤྲོད་བཏབ་པ་ལྟ་བུ་ཞིག་རེད་འགྲོ་ཉེན་ཆེ་བས་རང་གི་རྒྱུད་ཚོད་དང་བསྟུན་པའི་ཆོས་ཉམས་སུ་ལེན་པ་ནི་གནད་དུ་ཆེ་སྟེ། གང་ཟག་དམན་པས་ཆོས་ལ་མཐོ་བསྙབས་བྱས་ཏེ་མགོ་མཐོ་སར་བཏགས་ནས་སྐེ་དམའ་ས་ནས་ཆད་པ་འགའ་རེ་མཐོང་ངོ་། །འོ་ན་ཁྱེད་ཀྱི་ཀུན་གཞི་རྒྱུ་རྒྱུད་ཀྱི་སྟེང་དུ་འཁོར་འདས་དབྱེར་མེད་ཇི་ལྟར་བསྒོམ་ཞེ་ན། །རྗེ་བཙུན་རིན་པོ་ཆེས། རང་སེམས་གདོད་ནས་སྤྲོས་བྲལ་རྒྱུ་རྒྱུད་དང་། དབང་གི་ཡེ་ཤེས་ལམ་གྱི་ལྟ་བ་དང་། །ཉམས་མྱོང་སངས་རྒྱས་ས་དང་ངོ་བོ་གཅིག །རྟོགས་པའི་ཁྱད་པར་ཟླ་བའི་དཔེ་ཡིས་བསྟན། །ཞེས་གསུངས་པ་ལྟར། འཁོར་འདས་ཐམས་ཅད་རང་སེམས་སུ་ངོ་ཤེས་པའི་སེམས་གསལ་ཙམ་རྒྱུན་མི་འཆད་པ་དེའི་རང་བཞིན་གང་དུའང་མ་གྲུབ་པའི་སྟོང་པ་ཉིད་དུ་ཐག་ཆོད་ནས། སེམས་ཉིད་གསལ་སྟོང་ཟུང་འཇུག་སྤྲོས་པ་ཐམས་ཅད་དང་བྲལ་བའི་རྒྱུ་རྒྱུད་དང་། དབང་དུས་ཀྱི་ཡེ་ཤེས། ལམ་གྱི་ལྟ་བ། ཉམས་མྱོང་གི་ཏིང་ངེ་འཛིན། སངས་རྒྱས་ཀྱི་ཡེ་ཤེས་རྣམས་ངོ་བོ་གཅིག་ཏུ་ཐག་བཅད་དེ། རྒྱུད་གསུམ་དབྱེར་མེད་དུ་བསྲེས་ནས་ཉམས་སུ་ལེན་པ་ཡིན་ནོ། །དེས་ན་དེ་འདྲའི་སྐབས་ཀྱི་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་རྒྱུ་རྒྱུད་གསུངས་པ་དང་། རྒྱུད་གསུམ་གྱི་ཟླས་ཕྱེ་བའི་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཚང་བས་རྩ་རྒྱུད་ཅེས་པའི་རྒྱུ་རྒྱུད་གཉིས་ཅུང་ཟད་ངོས་འཛིན་ལུགས་མི་འདྲ་བའི་གནད་ཀྱང་ཤེས་དགོས་སོ། །དེས་ནས་པཎྜི་ཏས་རྟོགས་ལྡན་རྒྱན་པོ་པ་ལ་གདམས་པ་ཕྱག་ཆེན་མིག་ཐུར་དུ། སེམས་ཀུན་གཞིའི་ཀུན་རྫོབ་དང་དོན་དམ་པའི་གནས་ལུགས་རྟོགས་ནས། ཞེས་དང་། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། ལྷན་སྐྱེས་ཀྱིས་ཆོས་གསུམ་ལ་གནས་ཚུལ་གྱི་དབང་དུ་བྱས་པ་དང་། སྣང་ཚུལ་གྱི་དབང་དུ་བྱས་པ་གཉིས་གསུངས་པ་འདི་དག་ལ་དཔགས་ན། ཀུན་གཞི་རྒྱུ་རྒྱུད་ལ་འཆད་པའི་ཚེ་ཀུན་རྫོབ་དང་དོན་དམ་གྱི་ཆ་གཉིས་ཡོད་ཀྱང་། བསྒོམ་པའི་ཚེ་བདེན་གཉིས་ཡ་བྲལ་དུ་མ་ཤོར་བ་ཞིག་གནད་དུ་ཆེ་བར་སེམས་སོ། །ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཚང་ཚུལ་གྱི་གནད་དང་། ལུས་ཐབས་རྒྱུད་ཀྱི་ཚེ། སྤང་བྱ་ལུས་ཀྱིས་སྤོང་། གཉེན་པོ་ལུས་ཀྱིས་བྱེད། ས་ལམ་ལུས་ཀྱི་སྟེང་དུ་བགྲོད་པར་གསུངས་པའི་ཕྱི་ནང་གི་རྟེན་འབྲེལ་གྱི་གནད་དང་། རྒྱུད་གསུམ་གྱིས་དཀྲི་ཚུལ་འདི་དང་། གནད་དྲུག་གི་སྒོ་ནས་དཀྲི་བ་གཉིས་ངོ་བོ་མཚུངས་པས་རྒྱུ་ལ་གནས་པ། དབང་ལས་ཐོབ་པ། ལམ་ལ་གོམས་པ་ལྟ་བ་ལ་ཉམས་སུ་མྱོང་བ་གྲུབ་མཐའ་ལ་རྟགས་ཤར་བ། འབྲས་བུ་ལ་མངོན་དུ་གྱུར་པ་རྣམས་ཀྱི་གནད་ལ་ངེས་པ་སྐྱེས་ཚེ། འཁོར་བའི་རྒྱུ་འབྲས་སྡུག་ཀུན་གཉིས། མྱང་འདས་ཀྱི་རྒྱུ་འབྲས་འགོག་ལམ་གཉིས་སུ་གནས་འགྱུར་བར་གོ་ནས། སྡུག་བསྔལ་བདེན་པ་སྐུ་དང་ཡེ་ཤེས་སུ་མཐོང་ནས་འགོག་བདེན་དང་། ཀུན་འབྱུང་བདེན་པ་ཡེ་ཤེས་སུ་མཐོང་ནས་ལམ་བདེན་དུ་རྟོགས་ཏེ་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་དོན་ལ་ཡིད་ཆེས་སྐྱེ་བར་འགྱུར་བ་ཡིན་ལ། དེའི་དུས་སུ་བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་སྦྱོར་བ་ཡང་། བློས་བཏགས་ཀྱི་མཚོན་ཆོས་བསྒྲིགས་པ་ཙམ་མ་ཡིན་པར། རྒྱུ་རྒྱུད་ཀྱི་དག་པ་གསུམ། ཐབས་རྒྱུད་དང་། འབྲས་རྒྱུད་ཀྱི་དག་པ་གསུམ་དུ་ངོ་འཕྲོད་ནས་སྙིང་ནས་ཡིད་ཆེས་སྐྱེས་ཤིང་། ལུས་དཀྱིལ་བསྒོམ་པའི་ཚེའང་གདོད་ནས་སྐུ་དང་ཡེ་ཤེས་ཡིན་པ་ལ་ཡིན་པར་ངོ་ཤེས་པར་འདུག་པས་ཡེ་ཤེས་པ་གཞུག་ག་ལ་དགོས་སྙམ་པ་དང་། གྱ་ནོམ་ལྷར་ཞེན་གྱི་དྲི་མས་གཏན་ནས་མ་གོས་པ་ཞིག་འབྱུང་བ་ཡིན་ནོ། །ལུས་ཐབས་རྒྱུད་ཀྱི་སྐབས་སུ། ཆེས་ཟབ་པའི་ཆོས་འདི་ཉམས་སུ་ལེན་པའི་ཚེ། སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་དང་། དེའི་ཡན་ལག་གཏོར་མ། སྦྱིན་བསྲེག་ལ་སོགས་པ་ཐམས་ཅད་ཀྱི་དུས་སུ། རྒྱུད་གསུམ་བསྲེས་ནས། རྒྱུ་འབྲས་རྒྱས་གདབ་གཉིས། ལུས་སེམས་རྒྱས་གདབ་གཉིས། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ་སྟེ་རྒྱ་ལྔའི་ར་བར་བཙུད་དེ་བསྒོམ་པར་བྱེད་པ་ཡིན་པས། རང་རང་གི་ཐད་སོའི་རྒྱུ་ལམ་འབྲས་གསུམ་གྱི་ལྡོག་ཆ་སོ་སོར་ཤེས་པར་བྱས་ཏེ་གཅིག་ཏུ་བསྲེས་ནས་ཉམས་སུ་ལེན་པས་ན་བདག་ཉིད་ཆེན་པོས། བརྡ་དོན་གསལ་བའི་ཁྲིད་ཡིག་གི་བར་སྐབས་ཚིགས་བཅད། གཞི་ལམ་འབྲས་གསུམ་དབྱེར་མེད་དོན་སྨྲ་བ། །འཁོན་གྱི་རིགས་སྐྱེས་ཤཱཀྱའི་སྲས་པོ་མཆོག །རྡོ་རྗེའི་རིགས་ཅན་ཀུན་དགའ་རྒྱལ་མཚན་དཔལ། བཟང་པོ་ལས་གཞན་དོན་མཐུན་སྨྲ་བ་སུ། །ཞེས་གསུངས་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་མཐར་ཐུག་གནས་འགྱུར་འཆད་པའི་ཚེའང་། ལྗོན་ཤིང་ལས། ཕུང་པོ་ལྔ་རིགས་ལྔར། དུག་ལྔ་ཡེ་ཤེས་ལྔར། དཀྱིལ་འཁོར་བཞི་སྐུ་བཞིར། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་གནས་འགྱུར་བར་གསུངས་པ་དེ་ཀུན་གཞི་རྒྱུ་རྒྱུད་ཀྱི་གནས་འགྱུར་ཚུལ་གསུངས་པ་ཡིན་པས་ཕུང་པོ་ལྔ། དུག་ལྔ། དཀྱིལ་འཁོར་བཞི། ལུས་ངག་ཡིད་གསུམ། རྣམ་ཤེས་བརྒྱད་རྣམས། སེམས་མྱོང་རིག་བྱེ་བྲག་ཏུ་མ་ཕྱེ་བ། རིས་སམ་ཕྱོགས་སུ་མ་ལྷུང་བ། ཐབས་རིག་པ་གསལ་ལ་མ་འགགས་པ། ངོ་བོ་སྟོང་པ་ཉིད་ལ་ཀུན་གཞིར་བཞེད་པ་ཡིན་གསུངས་པའི་མཚན་ཉིད་འདིས་ཁྱབ་དགོས་པའི་གནད་ཀྱང་ཤེས་དགོས་ཏེ། ལྗོན་ཤིང་ལས། ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་པ་རྣམ་པ་བཞི་སྟེ། ཕུང་པོ་ལྔར་བསྡུས་པ་དང་། དཀྱིལ་འཁོར་བཞི་རྟེན་ཡིན་ལ་བརྟེན་པ་ཡིད་དང་ལྔར་བསྡུས་པ་དང་། ལུས་ངག་ཡིད་གསུམ་དུ་བསྡུས་པ་དང་། དེ་དག་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པའི་ཕྱིར་ཡིད་འབའ་ཞིག་གནས་འགྱུར་ཚུལ་ལོ། །ཞེས་དེ་ཐམས་ཅད་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་གསུངས་པའི་ཕྱིར། །དེ་ལྟར་གནས་འགྱུར་བཤད་པ་དེའང་ཀུན་གཞི་རྒྱུ་རྒྱུད་ཀྱི་ཀུན་རྫོབ་ཀྱི་ཆ་ཡིན་གྱི། དོན་དམ་མ་ཡིན་པས། རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་རྒྱུ་རྒྱུད་དུ་ཁས་བླངས་ན་གནས་འགྱུར་མི་འཐད་དེ། རང་བཞིན་ལ་གནས་འགྱུར་རང་ལུགས་ལ་མི་བཞེད་པའི་ཕྱིར་དང་། རྒྱུད་གསུམ་དུ་དབྱེ་བ་འདི་ཀུན་རྫོབ་ཐབས་ཀྱི་ཆ་གཙོ་བོ་ཡིན་པར་རབ་དབྱེ་ལས། རྒྱུ་དང་ལམ་དང་འབྲས་བུ་ཡི། །དབྱེ་བ་ཐམས་ཅད་ཀུན་རྫོབ་ཡིན། །སོ་སོར་ཐར་དང་བྱང་ཆུབ་སེམས། །དབང་བསྐུར་ལ་སོགས་ཆོ་ག་དང་། །བསྒོམ་པའི་དམིགས་པ་ཇི་སྙེད་དང་། །རྟེན་འབྲེལ་ཟབ་མོ་ཐམས་ཅད་དང་། །ས་དང་ལམ་གྱི་དབྱེ་བ་དང་། །རྫོགས་པའི་སངས་རྒྱས་ཐོབ་པ་ཡང་། །ཀུན་རྫོབ་ཡིན་གྱི་དོན་དམ་མིན། །ཞེས་གསུངས་པའི་ཕྱིར། འདི་དག་གི་གནད་ལ་དགག་སྒྲུབ་ཅུང་ཟད་མ་བྱས་ན་དོན་གྱི་གོ་བ་བསྐྱེད་མི་ནུས་ལ། བྱས་ན་རང་གི་རྒྱུད་ཚོད་དམན་པ་རང་ཉིད་ཀྱིས་མངོན་སུམ་ཚད་མས་གྲུབ་པས་སྔོན་གྱི་སྐྱེས་ཆེན་དམ་པ་སར་གནས་ཀྱི་བྱང་སེམས་ཡིན་ངེས་སྙམ་པའི་གསུང་ལ་ཟུར་ཟ་ཞུས་པ་རྐང་ཞབས་ཀྱི་རྡུལ་འཕགས་ནས་དཔྲལ་བའི་མིག་ཕུད་ཟེར་བའི་དཔེ་ལྟར་དུ་འགྲོ་ཉེན་ཆེའང་། དེང་གི་སྐབས་སུ་བདག་ཅག་གི་འདྲེན་པ་དམ་པ་འཇམ་མགོན་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཀྱི་མདུན་ས་ན། གསུང་ངག་ལམ་འབྲས་ཀྱི་བསྟན་པ་ཉི་ཞུར་ཙམ་གནས་ཤིང་། དེ་ལ་རྗེས་སུ་འཇུག་པའི་སྐྱེས་སྦྱངས་ཀྱི་བློ་གྲོས་གསལ་བའི་མཁས་པ་མང་པོ་བཞུགས་པས། དེ་དག་ལ་ཕན་དུ་རེ་ནས་ད་ནི་འཛེམ་མེད་དུ་སྨྲ་བར་བྱ་སྟེ། སྤྱིར་འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིཪྺ་པའི་གསུང་ངག །མདོ་རྒྱུད་མ་ལུས་པའི་དོན་གྱི་བཅུད་ཕྱུང་བ། དཔལ་བརྩེ་བ་ཆེན་པོ་ཡབ་སྲས་ཀྱི་རང་ལུགས། རྒྱུད་གསུམ་ཉམས་ལེན་གྱི་གནད་ཀྱི་གོ་བ་ནི། རྒྱུ་རྒྱུད་འཁོར་བའི་ཆོས་ཕུང་ཁམས་སྐྱེ་མཆེད་ལྕགས་ཁམས་ལྟ་བུ་དེ། ཐབས་རྒྱུད་ཡང་གསང་མཁའ་འགྲོའི་ཞལ་རླངས་མ་ཡལ་བ་སྨིན་གྲོལ་གྱི་ལམ་ཡན་ལག་དང་བཅས་པ་མན་ངག་གསེར་འགྱུར་གྱི་རྩི་ལྟ་བུས་བྲན་པའི་ཚེ། འབྲས་རྒྱུད་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པ་གསེར་བཟང་པོ་ལྟ་བུའི་ངོ་བོར་དུས་མྱུར་བ་ཉིད་དུ་གནས་འགྱུར་བར་བྱེད་པ་ལ་གསུང་ངག་ལམ་འབྲས་ཀྱི་གདམས་པ་ཟེར་བ་ཡིན་པ་ལ། འདིའི་རྒྱུ་རྒྱུད་ངོས་འཛིན་གྱི་སྐབས་སུ། རྒྱུ་རྒྱུད་ཀྱི་ངོ་བོ་ལྷན་ཅིག་སྐྱེས་ཡེ་ཤེས་ཁོ་ན་ཡིན་གྱི་སེམས་འཁྲུལ་པའི་ཆ་རྣམས་མིན་གསུངས་པ་ནི། དབུ་མ་གཞན་སྟོང་གི་ལྟ་བ་ཐུགས་དབུས་སུ་བཅུག་པའི་སྐྱོན་ལས་བྱུང་བ་ལ་ཐེ་ཚོམ་མེད་དེ། གཞན་སྟོང་པ་རྣམས་གསང་སྔགས་ཀྱི་སྦྱངས་གཞི་སྦྱོང་བྱེད་སྦྱོར་བའི་ཚེ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ་མཚན་ཉིད་གསུམ་གསུམ་དུ་ཕྱེ་བའི་ཡོངས་གྲུབ་ཁོ་ན་སྦྱངས་གཞི་ཡིན་གྱི། ཀུན་བརྟགས་གཞན་དབང་གཉིས་ཀུན་རྫོབ་འཁྲུལ་པའི་ཆ་ཡིན་པས་སྦྱངས་གཞི་མིན་ཏེ་སྤང་བྱ་ཡིན་ནོ། །ཞེས་བཞེད་པ་འདི་ཐུགས་ལ་བཟུང་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུ་རྒྱུད་ཡིན་གྱི། སེམས་ཀུན་རྫོབ་འཁྲུལ་པའི་ཆ་རྒྱུ་རྒྱུད་མིན། ཞེས་གསུང་གིན་འདུག་པའི་ཕྱིར། དེས་ན་གནད་ཀྱི་གོ་བ་འདི་ལྟར་ངེས་པར་བྱ་སྟེ། བོད་གངས་ཅན་གྱི་ལྗོངས་སུ་ཟབ་མོ་དབུ་མའི་ལྟ་བ་སྨྲ་བ་སྔ་ཕྱིར་བྱུང་བ་རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་མང་པོ་ཡོད་པ་ལས་ཐམས་ཅད་འབྲི་བར་མི་ནུས་མོད། གནད་དོན་དབུ་མ་གཞན་སྟོང་པ་རྣམས་ཆོས་རྣམས་ལ་མཚན་ཉིད་གསུམ་དུ་ཕྱེ་ནས་ཀུན་བརྟགས་གཞན་དབང་གཉིས་ཀུན་རྫོབ་ཡིན་པས་སྤང་བྱ་དང་། ཡོངས་གྲུབ་བདེ་གཤེགས་སྙིང་པོ་དོན་དམ་བླང་བྱ་ཡིན་ནོ། །ཞེས་བདེན་གཉིས་གཅིག་གྲོགས་སུ་གཅིག་མི་འདོད་པ་ཞིག་དང་། རྒྱལ་བའི་ལུང་གིས་ཡང་ཡང་བསྔགས་པ་དཔལ་མགོན་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ། མི་འཕྲོག་པའི་མཁྱེན་རབ་དང་ལྡན་པ་དཔལ་ལྡན་ཟླ་བའི་ཞབས་ཀྱིས། །ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་དང་། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དེ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་འགྲུབ་ཡོད་མིན། །ཞེས་གསུངས་པ་ལྟར་བདེན་གཉིས་གཅིག་གྲོགས་སུ་གཅིག་མཐོང་ནས་ཐབས་ཤེས་ཟུང་འཇུག་གི་ལམ་གྱིས་ས་ལམ་བགྲོད་པའི་ཚུལ་གཉིས་ཡོད་པ་ལས། རང་རེ་རྣམས་ཕྱི་མ་འདིའི་རྗེས་འཇུག་ཡིན་ཏེ། རྩ་རྒྱུད་ལས། དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་སྔགས་ཀྱི་ཉམས་ལེན་གྱི་སྔོན་དུ་དབུ་མའི་གྲུབ་མཐའ་ལ་སློབ་དགོས་པར་གསུངས་ལ། སློབ་ཚུལ་རྗེ་བཙུན་རིན་པོ་ཆེས། སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་དང་། དབུ་མ་འཇུག་པ་སོགས་ལ་བསླབ་པར་བྱའོ་ཞེས་རྗེས་འཇུག་རྣམས་ལ་གདམས་པར་མཛད་པའི་ཕྱིར་རོ། །དབུ་མ་གཞན་སྟོང་གི་གྲུབ་མཐའ་རང་ལུགས་མ་ཡིན་ཏེ། རྗེ་བཙུན་རིན་པོ་ཆེས། ཉན་ཐོས་དག་མྱང་འདས་རྫས་གྲུབ་ཏུ་འདོད་ལ། དེ་ལྟར་དུ་ད་ལྟ་བོད་ཀྱི་དབུ་མ་པ་ཕལ་ཆེར་ཡང་འདོད་དོ། །ཡང་དག་པ་མ་ཡིན་ཏེ། སྔར་ཡང་སུན་ཕྱུང་ལ། སྟོང་མིན་སྟོང་པ་མིན་པ་འང་མིན། ཞེས་བྱ་བའི་སྐབས་སུ་དགག་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང་། འཇམ་མགོན་བདག་ཉིད་ཆེན་པོས་རབ་དབྱེ་ལས་ཀྱང་དགག་པ་མང་དུ་མཛད་པའི་ཕྱིར་རོ། །སྔགས་རྒྱུད་སྡེའི་དགོངས་པ་མས་སུ་ལེན་པ་ལའང་དང་པོ་ཉིད་ནས་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་རྩལ་དུ་བཏོན་ཏེ་ཐབས་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལམ་ཡན་ལག་དང་བཅས་པ་ལ་ཧ་ཅང་གཙིགས་སུ་མི་ཛད་པ་ཞིག་དང་། ཐོག་མར་སྨིན་བྱེད་ཀྱི་དབང་ཞུས། དེ་ནས་གྲོལ་བྱེད་ཀྱི་ལམ་ལྟ་བ་དང་བསྐྱེད་རྫོགས་སོགས་མཆོག་གི་མངོན་རྟོགས་ལྔ་དང་། བཟླས་བརྗོད་སོགས་ཡན་ལག་གི་མངོན་རྟོགས་ལྔ་དང་། ཐུན་མོང་གི་མངོན་རྟོགས་དམ་ཚིག་དང་སྡོམ་པ་སྟེ་བཅུ་གཅིག་ཡོད་པ་ལས། གང་ཟག་དབང་པོ་རབ་ལ་དབང་དུས་སུ་ཡེ་ཤེས་སྐྱེ་བའང་ཡོད་མོད། འབྲིང་མན་ཆད་ལ་ཐབས་རྒྱུད་ཀྱི་མངོན་རྟོགས་རྣམས་ལ་ཚུལ་བཞིན་དུ་བསླབ་པས་ད་གཟོད་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བཞེད་ནས། ཐབས་རྒྱུད་ལ་ཤིན་ཏུ་གནད་ཆེ་བར་མཛད་པའི་ལུགས་གཉིས་ཡོད་པ་ལས། རང་རེ་རྣམས་ཕྱི་མ་འདིའི་བརྒྱུད་འཛིན་ཡིན་ལ། དེའང་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ་ཆེན་པོས། གསང་སྔགས་ཀྱི་ལམ་ཉམས་སུ་ལེན་པ་ལ་རྟེན་འབྲེལ་གནད་དུ་ཆེ་བར་བཞེད་ཅིང་། རྟེན་འབྲེལ་གྱི་རྩ་བ་དབང་བསྐུར་ནས་བསྒྲིགས་པར་མཛད་ལ། དེའང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་མཐར་ཐུག་དང་བཅས་པའི་རྟེན་འབྲེལ་ལྔ་འགྲིགས་དགོས་པ་ལས། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་ལ། ཀུན་བཏགས་ལ་གཞན་དབང་གི་རྒྱ་དང་། གཞན་དབང་ལ་གཞན་དབང་གི་རྒྱ་དང་། གཞན་དབང་ལ་ཡོངས་གྲུབ་ཀྱི་རྒྱས་བཏབ་ནས་བསྒོམ་པའི་ཚེ། ཀུན་བཏགས་ཐ་སྙད་དུ་མེད་ཀྱང་། གཞན་དབང་ཀུན་རྫོབ་ཀྱི་བདེན་པ་འདི་ཉིད་ཤིན་ཏུ་གནད་ཆེ་སྟེ། རྡོ་རྗེའི་ཚིག་རྐང་ལས། ལུས་ཁྱད་པར་ཅན་ལ་བརྟེན་ནས་དངོས་པོའི་མཐའ་རྟེན་ཅིང་འབྲེལ་བར་འབྱུང་བ་གཞན་དབང་རྟེན་འབྲེལ་ཞེས་གསུངས་པ་ལྟར། རྟེན་འབྲེལ་ལྔ་གཞན་དབང་ཀུན་རྫོབ་བདེན་པ་དང་། ཡོངས་གྲུབ་སྟོང་པ་ཉིད་ཟུང་དུ་འཇུག་པའི་སྟེང་དུ་འགྲིགས་དགོས་པ་ཡིན་གྱི། ཡོངས་གྲུབ་སྟོང་ཉིད་ཁོ་ན་རྩལ་དུ་བཏོན་ན། རྟེན་འབྲེལ་ལྔའི་རྣམ་བཞག་ཐམས་ཅད་རྨང་ནས་འཇིག་པར་བྱེད་པ་ཡིན་ནོ། །དེར་མ་ཟད་གཞན་སྟོང་གི་ལྟ་བ་འདི་ཇི་ལྟ་བ་བཞིན་ཁས་བླངས་ན། ས་སྐྱ་པའི་རང་ལུགས་ཀྱི་ལྟ་བ་འཁོར་འདས་དབྱེར་མེད་གཏན་ནས་བསྒོམ་མི་ཤེས་པ་ཡིན་ཏེ། རྩ་རྒྱུད་ཀྱི། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་གསུངས་པའི་འགྲེལ་པ་དག་ལྡན་ལས། འདི་ཉིད་ཅེས་བྱ་བ་ནི། ཆོས་ཅན་གྱི་ཕྱོགས་ཐམས་ཅད་དོ། །འཁོར་བ་ཞེས་བྱ་སྟེ། ཞེས་བྱ་བ་ནི། ལས་དང་ཉོན་མོངས་པས་ཁམས་གསུམ་ན་འཁོར་ལོ་བཞིན་དུ་ཀུན་ཏུ་འཁོར་བའི་ཕྱིར་རོ། །འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་བྱ་བ་ནི། དེ་ཉིད་ཀྱི་ཆོས་ཉིད་རྟོགས་ན། སྡུག་བསྔལ་གྱི་ཕུང་པོ་ལས་ཡོངས་སུ་གྲོལ་བའི་ཕྱིར་མྱ་ངན་ལས་འདས་པའོ། །དེས་ན། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་བྱ་སྟེ། འཁོར་བ་ཡང་དག་པར་མ་གྲུབ་པ་ཉིད་མྱ་ངན་ལས་འདས་པ་ཞེས་བྱ་བ་ལས་གནས་ས་གཞན་ཞིག་ཏུ་སྐྱས་ལ་འགྲོ་ས་མེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་ཁྱོད་མི་བཞེད་ཀྱི། །འཁོར་བ་མི་དམིགས་པ་ཡི་ནི། །ཞི་ཉིད་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་སོ། །ཞེས་གསུངས་ལ། དེ་བཞིན་དུ་དེའི་རྒྱས་བཤད་དབང་པོ་ཕུང་པོ་ཉོན་མོངས་རྣམས་ལ་མདོར་བསྟན་གྱི་འདི་ཉིད་ཅེས་པའི་ངེས་བཟུང་གི་སྒྲ་དང་། འཁོར་བ་སྤངས་པར་གྱུར་པ་ཡི། །ཞེས་སོགས་སྦྱར་ནས་བཤད་ཤེས་ཚེ་འཁོར་འདས་བླང་དོར་དུ་འཛིན་པ་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་མི་འབྱུང་བ་གོ་སྟེ། གཞན་སྟོང་པ་རྣམས་ཀྱིས། ཀུན་བཏགས་གཞན་དབང་གཉིས་གློ་བུར་གྱི་དྲི་མ་ཀུན་རྫོབ་འཁྲུལ་པ་སྤང་བྱ་ཡིན་པས་ལམ་དུ་བྱས་ཀྱང་འབྲས་བུར་མི་འགྱུར་བས་སྤང་བྱ་ཁོ་ན་ཡིན་ནོ་ཞེས་དང་། ཡོངས་གྲུབ་བདེ་གཤེགས་སྙིང་པོ་དོན་དམ་མྱ་ངན་ལས་འདས་པ་བླང་བྱ་ཡིན་ལ། དེ་གསར་དུ་བསྐྱེད་མི་དགོས་པར་གདོད་ནས་གྲུབ་པ་ཡིན་ནོ་ཞེས་བཞེད་ལ། དེ་ལྟ་བུའི་འཁོར་དས་གཉིས་དབྱེར་མེད་དུ་ཇི་ལྟར་བསྒོམ་ལེགས་པར་སོམས་དང་། དཔེར་ན་མི་གཉིས་ཀྱིས་གཅིག་གི་ཁ་ཤར་དང་གཅིག་གི་ཁ་ནུབ་ཏུ་བལྟས་ཏེ་སྐད་ཅིག་ཀྱང་མི་སྡོད་པར་སོང་ན་དེ་གཉིས་འཕྲད་པའི་དུས་མི་འབྱུང་བ་དང་འདྲ་བ་ཡིན་ནོ། །འདི་ལ་ནི་གངས་ཅན་གྱི་མཁས་པ་ཀུན་འདུས་ནས་བཀའ་བགྲོས་ཀྱང་བདག་ལ་ལན་མེད་དོ། །ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པའི་སྐབས་སུ། སེམས་དྭངས་སྙིགས་འབྱེད་པ་འདིའང་། སྙིགས་མ་ཞེས་པ་ཀུན་བཏགས་དང་གཞན་དབང་གཉིས་ལ་ཐུགས་རྩེ་གཏད། དྭངས་མ་ཞེས་པ་ཡོངས་གྲུབ་ལ་ཐུགས་རྩེ་གཏད་ནས་གསུངས་པ་ཡིན་ན་ནི། གཞུང་འདི་དང་གཏན་ནས་མི་འགྲིགས་ཏེ། གོང་གི་ཀླུ་སྒྲུབ་ཀྱི་ལུང་འདོན་པ་བསྒྱུར་ཏེ། སྙིགས་མ་སྤངས་པར་གྱུར་པ་ཡི། །དྭངས་མའི་ཡེ་ཤེས་ཁྱོད་མི་བཞེད། །སྙིགས་མ་མི་དམིགས་པ་ཉིད་ཀྱི། །ཡེ་ཤེས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་བཏོན་ན་ལན་ཇི་སྐད་གསུངས། དེ་འདྲ་མ་ཡིན་པར་སྙིགས་མ་ཞེས་པ་གོ་ཡུལ་གྱི་ལྟ་བ་དང་། དྭངས་མ་ཞེས་པ་ཉམས་མྱོང་གི་ཏིང་ངེ་འཛིན་ལ་བཞེད་པ་ཡིན་ན་ནི། རྗེ་བཙུན་ཆེན་པོས། དྲོད་ཆུང་ངུའི་རྟོགས་པ་འཆད་པའི་ཚེ། དག་ལྡན་དུ། འཇིག་རྟེན་ཆོས་བརྒྱད་ལ་དགོས་པ་མེད་དོ། །ཞེས་ཤེས་པ་ཙམ་མ་ཡིན་པར། །རང་གི་ཉམས་མྱོང་གི་ཏིང་ངེ་འཛིན་ལ་ཐམས་ཅད་མཉམ་པ་ཉིད་དུ་འཆར་ན་དྲོད་ཆུང་ངུ་ཐོབ་པ་ཡིན་ནོ། །ཞེས་གསུངས་པ་དང་གནད་གཅིག་པར་འདུག་པས་ཤིན་ཏུ་ལེགས་པར་བཤད་པའི་ཆོས་སུ་གོ་ནས་དང་པོ་ཉིད་ནས་སྐྱབས་སུ་འགྲོ་བ་ཡིན་ནོ། །དེས་ན་གཞན་སྟོང་གི་བཞེད་ཚུལ་འདི་ས་སྐྱ་པའི་ལྟ་བ་འཁོར་འདས་དབྱེར་མེད་བསྒོམ་པ་དང་། བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་སྦྱོར་བ་ལ་གཏན་ནས་མི་འགྲིགས་པས། པཎ་ཆེན་ཤཱཀ་མཆོག་གིས་མཛད་པའི་ལེགས་བཤད་རྣམས་ཀྱིས་རྗེ་བཙུན་གོང་མའི་དགོངས་པ་ཉམས་སུ་ལེན་པ་ལ་གནོད་པར་དགོངས་ནས། ཀུན་མཁྱེན་ཆེན་པོས་མན་ངག་རྣམ་བཤད་ཀྱི་མཇུག་དང་། སྡོམ་གསུམ་ཁ་སྐོང་སོགས་སུ་དགག་བཞག་མང་དུ་མཛད་པ་དང་། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་པས་ཀྱང་ས་སྐྱ་པའི་བསྟན་པ་ཉམས་པ་ཐུགས་ཀྱིས་མ་བཟོད་ནས། སྒོ་རུམ་མགོན་ཁང་དུ་མགོན་པོ་ཡིད་བཞིན་ནོར་བུ་དཔང་པོར་བཞག་ནས། ཞིབ་མོ་རྣམ་འཐག་ཁ་སྐོང་དང་བཅས་པ། པཎ་ཆེན་གྱི་གྲུབ་མཐའ་དགག་པའི་ཕྱིར་མཛད་པར་གསུངས་པས་ལེགས་བཤད་དེ་དག་ལ་ཞིབ་ཏུ་གཟིགས་ན་རང་ལུགས་ལ་ངེས་པ་རྙེད་ཅིང་། བདག་གིས་སྨྲས་པའི་ཚིག་འདི་དག་གི་རྒྱབ་རྟེན་དུའང་འགྱུར་བ་ཡིན་ནོ། །འོ་ན་ཁྱོད་གཞན་སྟོང་གི་བརྒྱུད་པ་འཛིན་པའི་དོལ་བུ་པ་ཤེས་རབ་རྒྱལ་མཚན་སོགས་ལ་དད་པ་མེད་པ་ཡིན་ནམ་ཞེ་ན། ཁོང་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པར་དོལ་པོ་པ་རང་ཉིད་ཀྱིས་ཞལ་གྱིས་བཞེས་ཤིང་། པཎ་ཆེན་ཤཱཀ་མཆོག་ཀྱང་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོ་ཡིན་པས། ཀུན་མཁྱེན་ཆེན་པོས། བདག་ནི་དཔལ་ལྡན་དུས་འཁོར་གྱི། །བརྒྱུད་འཛིན་ཉམས་རྟོགས་མཐར་ཕྱིན་པའི། །སྐྱེས་ཆེན་བརྒྱུད་པ་འདི་དག་ལ། །ཡིད་ནི་ཤིན་ཏུ་དད་མོད་ཀྱི། །ཞེས་གསུངས་པ་ལྟར། སེམས་ལ་དད་པ་ཡོད་ཀྱང་རང་ལུགས་ཀྱི་ཉམས་ལེན་གྱི་གནད་འཆད་པའི་ཚེ་དེ་དང་མི་མཐུན་པ་རྣམས་ལ་དགག་པའི་ཁུར་ཅུང་ཟད་བླང་བ་ནི། གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་གྱུར་ན་ཉེས་པ་མེད། །ཅེས་གསུངས་པ་དང་། ཚུལ་མཚུངས་པ་ཡིན་ནོ། །འཁྲུལ་པའི་ཆ་རྣམས་རྒྱུ་རྒྱུད་དུ་ཁས་མ་བླངས་པར་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་རྒྱུ་རྒྱུད་དུ་ཁས་བླངས་ན་ལམ་ཚོགས་སྦྱོར་གཉིས་མཐོང་ལམ་དང་བཅས་པ་དང་། བསྒོམ་ལམ་ས་བཅུ་གཉིས་ཀྱི་བར་དུ་བགྲོད་དེ། རྒྱུ་རྒྱུད་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་འབྲས་རྒྱུད་དུ་གནས་འགྱུར་བའི་ཚེ། རང་ཉིད་ཀྱི་གཞན་དབང་ཀུན་རྫོབ་འཁོར་བའི་ཆ་རྣམས་རྒྱུ་རྒྱུད་ངོས་འཛིན་གྱི་དུས་ནས་སྤངས་ཟིན་པས་རང་ཉིད་ལ་གནས་འགྱུར་རྒྱུ་མེད་པས། གང་ཟག་གཞན་ཞིག་ལ། ཁྱོད་ཀྱི་ཕུང་པོ་ལྔ། ཉོན་མོངས་ལྔ། དཀྱིལ་འཁོར་བཞི། ལུས་ངག་ཡིད་གསུམ། རྣམ་ཤེས་ཚོགས་བརྒྱད་རྣམས་ང་ལ་གཡར་རོག་ཟེར་དགོས་པ་འབྱུང་བ་ཡིན་ནོ། །འོ་ན་ཁྱོད་ཀྱིས་གཞན་དབང་འཁོར་བའི་ཆ་རྣམས་མ་སྤངས་པར་ལམ་དུ་བྱས་ནས་ཡེ་ཤེས་སུ་ནས་འགྱུར་ཚུལ་ཇི་ལྟར་ཡིན་ཞེ་ན། འདིའི་གཞུང་བཤད་རྣམས་སུ་སྒྲིབ་གཉིས་ཀྱི་ངོས་འཛིན་ཐ་མལ་རྣམ་རྟོག་རྒྱུན་ཆགས་ལ་ཉོན་སྒྲིབ་དང་། ཉམས་སྐྱོན་ཅན་བརྒྱད་ལ་ཤེས་སྒྲིབ་ཏུ་མཛད་པ་དེ། ཉོན་མོངས་དུག་ལྔ་ཆོས་འདིའི་ལུགས་ཀྱི་ཀུན་གཞི་རྒྱུ་རྒྱུད་དུ་སོང་བའི་གནད་ཀས་ཡིན་པས། ཉོན་མོངས་པ་ཡེ་ཤེས་སུ་གནས་འགྱུར་ཚུལ། བརྟག་པ་དང་པོའི་ལེའུ་བརྒྱད་པའི། འདོད་ཆགས་ཞེ་སྡང་ཕྲག་དོག་དང་། །དེ་བཞིན་གཏི་མུག་ང་རྒྱལ་ཉིད། །དེ་ཀུན་དེ་གནས་ཉམས་དགའ་བར། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པའི་འགྲེལ་པ་དག་ལྡན་ལས། རྗེ་བཙུན་ཆེན་པོས་འདི་ལྟར་གསུངས་ཏེ། དེ་ལས་དེ་ཁོ་ན་ཉིད་རྟོགས་པའི་ཚེ། སྤངས་བྱ་ཉོན་མོངས་རྣམས་ཇི་ལྟར་གནས་ཞེ་ན། སྤྱིར་ཉོན་མོངས་པ་དང་། དེའི་རྒྱུ་རྣམ་པར་རྟོག་པ་དང་། ཡེ་ཤེས་ཆེན་པོ་རྣམས་ཀྱང་རང་གི་སེམས་ཀྱི་ཆོས་ཉིད་ལས་གཞན་དུ་གྲུབ་པ་མེད་དེ། དེས་ན་ཐོག་མར་ཉོན་མོངས་པ་རགས་པ་ཡེ་ཤེས་ཕྲ་མོས་འཇོམས་པའི་ཚེའང་། ཉོན་མོངས་པ་ཉིད་ཀྱི་ཆ་ཡེ་ཤེས་ཉིད་དུ་གོ་བས་འཇོམས་པ་ཡིན་ལ། མཐར་ཉོན་མོངས་ཆུང་ངུ་ཡེ་ཤེས་ཆེན་པོས་འཇོམས་པའི་ཚེ་འང་། ཉོན་མོངས་པ་ཉིད་ཡེ་ཤེས་སུ་གནས་གྱུར་པ་ཡིན་ནོ། །དེའང་གནས་གྱུར་པའི་ཚུལ་ནི། འདོད་ཆགས་ནི་སོ་སོར་རྟོག་པའི་ཡེ་ཤེས། ཞེ་སྡང་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། གཏི་མུག་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཕྲག་དོག་ནི་བྱ་བ་གྲུབ་པའི་ཡེ་ཤེས། ང་རྒྱལ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཁ་ཅིག་གནས་གྱུར་པ་འདི་ནི་མི་རིགས་ཏེ། སྐད་ཅིག་གོང་མ་གནས་མ་གྱུར་པ་དེ་ནི་ཕྱི་མར་འོངས་པ་མེད་ལ། ཕྱི་མ་ནི་ཡེ་ཤེས་དེ་ཉིད་ཡིན་པའི་ཕྱིར་རོ། །ཞེས་ཟེར་བ་ནི། ཆོས་ཉིད་ལ་དགོངས་པ་ཡིན་ལ་ཡོན་ཏན་ཐོབ་པ་ལ་དམིགས་ན་ནས་གྱུར་ཅེས་ཀྱང་འབྱུང་སྟེ། འཕགས་པས་ཀྱང་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། གནས་ནི་ཡོངས་སུ་གྱུར་པ་སྟེ། །ཆོས་ཀྱི་སྐུ་ཞེས་བཤད་པ་ཡིན། །ཞེས་གསུངས་སོ། །དེས་ན་རིམ་གྱིས་ཇེ་གསལ་ཇེ་གསལ་ཡེ་ཤེས་ཆེན་པོ་གྱུར་པ་ཡིན་ཏེ། ལྕགས་ཀྱི་གོང་བུ་རབ་ཏུ་བསྲེགས་པས་མེའི་ཕུང་པོར་གྱུར་པ་ལྟ་བུའོ། །དེས་ན་ཉོན་མོངས་པ་སྤངས་ཀྱང་དྲི་མ་ལོགས་སུ་དོར་བར་བྱ་རྒྱུ་ནི་མེད་དེ། དེ་ཀུན་དེ་གནས་ཞེས་བྱའོ། །འོ་ན་ཉོན་མོངས་པ་དེ་དག་གསེབ་ན་སྦས་པ་ལྟ་བུར་ཡོད་དམ་ཞེ་ན་དེའང་མེད་དེ། ཉམས་དགའ་བར་ཞེས་བྱ་བ་སྟེ་ཉོན་མོངས་པ་ཉིད་ཡེ་ཤེས་སུ་གྱུར། ཅེས་པའི་དོན་ཡིན་ནོ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་བྱ་བ་ནི། བསྒྲུན་པར་མི་བཟོད་ཅིང་ཆས་བརྩི་བར་བྱར་མེད་པ་ལ་བཅུ་དྲུག་ཆ་ཞེས་འཇིག་རྟེན་དང་སྒྲ་པའི་ལུགས་ལ་གྲགས་སྟེ། ཆ་ཕྲ་མོ་ཞིག་ད་དུང་ཡོད་དོ། །ཞེས་བྱ་བ་ལྟ་བུ་ནི་མ་ཡིན་ནོ། །དེས་ན་ཉོན་མོངས་པ་སྤོང་བ་དང་། ཡེ་ཤེས་ཐོབ་པའི་གནས་བས་འདིའང་སྣང་བ་དང་། མུན་པའམ། སྲང་མདའི་མཐོ་དམན་བཞིན་ཏེ། སྤང་བྱ་ཅུང་ཟད་ཡོད་པའི་ཚེའང་ཐོབ་བྱའི་ཆས་མ་གང་ལ། ཡེ་ཤེས་ཐམས་ཅད་རྫོགས་པའི་ཚེ་སྤང་བྱ་གཏན་ནས་མེད་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་འདི་དག་ལྡན་གྱི་ཚིག་ཟུར་ཙམ་ཡང་མ་ཉམས་པར་བྲིས་པ་ཡིན་པས་ས་སྐྱའི་རྗེས་འཇུག་ཀུན་གྱིས་ཡིད་ཆེས་པའི་གནས་ཡིན་ནོ། །དེ་བཞིན་དུ་རྣམ་རྟོག་ཡེ་ཤེས་སུ་འཆར་ཚུལ། དཔལ་བརྩེ་བ་ཆེན་པོས། དབང་བཞི་ངོ་སྤྲོད་ཀྱི་འགྲེལ་པར། ལུས་ངག་ཡིད་གསུམ་ཡེ་ཤེས་དང་སྐུ་བཞིར་བྱིན་གྱིས་རློབ་པའི་རྟེན་འབྲེལ་སྒྲིག་མཁྱེན་པ་ཞིག་ལས་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཐོབ་དགོས། དེ་ནས་ཐོག་མར་ལྟ་བ་བསྒོམས་ལ། དེའི་ཡེ་ཤེས་ཅུང་ཟད་སྐྱེས་པ་ན། རྣམ་པར་རྟོག་པ་ཡེ་ཤེས་ཀྱི། །དབང་དུ་གྱུར་ན་འཁོར་བ་མེད། །ཡེ་ཤེས་རྣམ་པར་རྟོག་པ་ཡི། །དབང་དུ་གྱུར་ན་གྲོལ་བ་མེད། །རྣམ་རྟོག་ཆོས་ཉིད་ཀྱི་དབང་དུ་གྱུར་ན་འཁོར་བའི་སྣང་བ་མེད་དེ། ཆབ་རོམ་ཆུར་ཞུ་བ་བཞིན་ནོ། །ཆོས་ཉིད་རྣམ་པར་རྟོག་པའི་དབང་དུ་གྱུར་ན་གྲོལ་བ་མི་སྲིད་དེ། ཆུ་འཁྱགས་པ་ཆབ་རོམ་དུ་གྱུར་ན་ཆུའི་བྱ་བ་མི་ནུས་པ་བཞིན་ནོ། །ཞེས་དང་། ཉོན་མོངས་ལྔ་པོ་བསྐྱེད་རིམ་གྱི་དབང་དུ་གྱུར་ན་རིགས་ལྔའི་སྣང་བ་འཆར། ཞེས་དང་། རྣམ་རྟོག་ཆོས་ཉིད་ཀྱི་དབང་དུ་བྱས་པ་བཞིན་དུ་སྣང་བ་བསྐྱེད་རིམ་གྱི་དབང་དུ་བྱས་ན། གདོན་དང་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་བླ་མ་དང་སངས་རྒྱས་ཀྱི་སྣང་བར་ཤར་ནས་བྱིན་རླབས་འབྱུང་ཞེས་གསུངས་པ་ནི་ལུང་ཁུངས་མདོ་ཙམ་བྲིས་པ་ཡིན་ལ། དེའི་དོན་ཉམས་སུ་ལེན་པའི་ཚེ། ཆོས་ཅན་གསལ་བ་ལ་ཐབས་ཀུན་རྫོབ་འཁོར་བ་དང་། དེའི་རང་བཞིན་གང་དུའང་མ་གྲུབ་པའི་ཆོས་ཉིད་སྟོང་པ་ལ་ཤེས་རབ་དོན་དམ་པ་མྱང་འདས་སུ་བྱས་ནས། བདེན་གཉིས་ཟུང་འཇུག་གི་ཚུལ་དུ་འཁོར་འདས་དབྱེར་མེད་བསྒོམ་པ་ཞིག་དང་། སྦྱང་གཞི་ལ་འཁོར་བ། སྦྱོང་བྱེད་ལ་མྱང་འདས་སུ་བྱས་ནས། འཁོར་འདས་དབྱེར་མེད་བསྒོམ་ཚུལ་གཉིས་གཙོ་ཆེ་བ་ལས། དང་པོ་ལ་གོ་བ་དཔྱིས་ཕྱིན་པ་ཞིག་བྱུང་ཚེ། རང་རྒྱུད་ལ་རྣམ་རྟོག་སྐྱེ་བཞིན་པའི་དུས་ན། རང་བཞིན་གྱིས་མ་སྐྱེས་པའི་ངེས་པ་རྙེད་ནས། ཉོན་མོངས་པ་དང་རྣམ་རྟོག་གང་ཤར་ཐམས་ཅད་མཚོན་བྱེད་དཔེའི་ཡེ་ཤེས་སུ་འཆར་བ་ཞིག་འབྱུང་བར་གསུངས་སོ། །དེའང་བདག་ཉིད་ཆེན་པོས། ཆོས་ཀུན་གདོད་ནས་སྐྱེ་བ་མེད། །སྐྱེས་པ་ཉིད་ཀྱང་མ་སྐྱེས་པ། །སྐྱེ་མེད་ཉིད་ཀྱང་སྐྱེ་བར་སྟོན། །དེས་ན་སྐྱེ་དང་མ་སྐྱེས་དང་། །རྟོག་པ་དང་ནི་རྟོག་མེད་དང་། །སྣང་བ་དང་ནི་སྟོང་པ་དང་། །འཁོར་དང་མྱ་ངན་འདས་པ་ཡང་། །དམ་པའི་དོན་ལ་དབྱེ་བ་མེད། །ཅེས་གསུངས་པ་ལྟ་བུ་ཡིན་ནོ། །ཕྱི་མ་སྦྱང་གཞི་སྦྱོང་བྱེད་ལ་འཁོར་འདས་དབྱེར་མེད་དུ་བསྒོམ་པའི་ཚེ། དཔེར་ན་གཟུགས་ཕུང་རྣམ་སྣང་དུ་སྒོམ་པ་ལྟ་བ་ལ་སྦྱར་ཏེ་བཤད་ན་གཟུགས་ཕུང་ཞེས་པ་སེམས་ལས་ལོགས་སུ་གྲུབ་པར་ལུགས་འདི་ལ་མི་བཞེད་པས་སེམས་གསལ་ཞིང་རིག་པ་འདི་ཉིད་ཡིན་པས་སྔར་གཟུགས་ཕུང་རྣམ་སྣང་དུ་མ་ཤེས་པ་ལ་ད་བླ་མའི་དྲིན་གྱིས་གཟུགས་ཕུང་རྣམ་པར་སྣང་མཛད་ཞལ་ཕྱག་གི་རྣམ་པ་ཅན་དུ་སྒོམ་པའི་ཚེ། རྒྱུ་འབྲས་རྒྱས་གདབ་ཀྱི་གནད་ལེགས་པར་རྟོགས་ན་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པར་འགྱུར་ལ། ལུས་སེམས་རྒྱས་གདབ་ཀྱི་གནད་ལེགས་པར་རྟོགས་ཚེ་ཐ་ནའང་གོ་ཡུལ་ཙམ་དུ་སྣང་སེམས་འདྲེས་ནས་གཟུང་འཛིན་གྱི་དྲི་མས་མི་གོས་པ་ཞིག་འབྱུང་ལ། དེ་ཐམས་ཅད་ལ་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱས་ཐེབས་ཚེ་ལྷ་སྐུ་སྣང་ཙམ་པོ་དེ་ཉིད་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་ལས་མི་གཡོ་བ་ཞིག་འབྱུང་བ་ཡིན་ནོ། །དེས་ན་ཆོས་ཅན་ལ་འཁོར་བ། ཆོས་ཉིད་ལ་མྱང་འདས་སུ་བྱས་ནས་འཁོར་འདས་དབྱེར་མེད་སྒོམ་ཡང་རུང་། སྦྱང་གཞི་ལ་འཁོར་བ། སྦྱོང་བྱེད་ལ་མྱང་འདས་སུ་བྱས་ནས་འཁོར་འདས་དབྱེར་མེད་སྒོམ་ཡང་རུང་། སྔར་འཁོར་འདས་དབྱེར་མེད་དུ་རྨོངས་པའི་དབང་གིས་མ་ཤེས་པ་ལ། ད་ལེགས་པར་རྟོགས་པས་ངོ་ཤེས་མ་ཤེས་ལྡོག་ཆ་ཙམ་ལོས་ཡོད་མ་གཏོགས། འཁོར་བའི་སྐྱོན་གྱི་ཆ་སྤངས་ནས། མྱ་ངན་ལས་འདས་པ་རྟོགས་པ་ལྟ་བུ་ལ་གོ་ན་འཁོར་འདས་དབྱེར་མེད་ཀྱི་གནད་མ་ཟིན་པ་ཡིན་ནོ། །དེས་ན་ཕར་ཕྱིན་ཐེག་པའི་གཞི་དབུ་མ་བདེན་གཉིས་ཟུང་འཇུག་གི་སྐབས་སུ། བདག་ཉིད་ཆེན་པོས། ཀུན་རྫོབ་ལེགས་པར་རྟོགས་ཙམ་ན། །དོན་དམ་ལོགས་སུ་ལུས་པ་མེད། །ཅེས་བདེན་གཉིས་གཅིག་གྲོགས་སུ་གཅིག་འགྲོ་བར་གོ་དགོས་པར་གསུངས་པ་ལྟར་ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་དང་། འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་ལའང་གནད་དེ་བཞིན་ཤེས་དགོས་པ་ལྟར། ལུགས་འདི་ལའང་རྒྱུ་རྒྱུད་འཁོར་འདས་དབྱེར་མེད་དུ་གདོད་ནས་གནས་པ་དེ། ཐབས་རྒྱུད་འཁོར་འདས་དབྱེར་མེད་དུ་ཤེས་པའི་ལམ་གྱིས་སྦྱངས་པས། འབྲས་རྒྱུད་སྐུ་དང་ཡེ་ཤེས་དབྱེར་མེད་པ་ལྷུན་གྲུབ་གནས་འགྱུར་གྱི་ཚུལ་དུ་མངོན་དུ་བྱེད་པ་ཡིན་ལ། དེའང་ཕར་ཕྱིན་ཐེག་པས་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་མ་ཤེས་པས། དུས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པའི་བར་དུ་ཚོགས་བསགས་དགོས་ལ། རྡོ་རྗེ་ཐེག་པས་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་ངོ་ཤེས་ནས་བསྒོམ་པས་དུས་མྱུར་དུ་ཚེ་གཅིག་ལ་སོགས་པས་སངས་རྒྱ་བ་ཡིན་ནོ། །དེ་བཞིན་དུ་ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་སུ་བསྒོམ་པ་དང་སྣང་སྲིད་དག་པ་རབ་འབྱམས་སུ་བསྒོམ་པའི་ཚེ་སྔར་ངོ་མ་ཤེས་པ་ལ་ད་ཤེས་པ་ལྟ་བུའི་ཆ་ལོས་ཡོད་མ་གཏོགས། ལྷ་སྔགས་ཡེ་ཤེས་མ་ཡིན་པའི་ཆ་དང་། དག་པ་རབ་འབྱམས་མ་ཡིན་པའི་ཆ་ལོགས་སུ་སྤང་རྒྱུ་ཡོད་པ་ལྟ་བུ་ལ་གོ་མི་རུང་ཞིང་། རྣལ་འབྱོར་པ་ལ་འདྲེ་གཟུགས་སྣང་བའི་ཚེ། རང་གི་འདྲེ་འཛིན་གྱི་རྣམ་རྟོག་ལས་ལོགས་ན་འདྲེ་མེད་པར་ཤེས་ནས་ལམ་དུ་ཁྱེར་བ་ལས། སྤང་རྒྱུའི་འདྲེ་དང་། བླང་རྒྱུའི་འདྲེ་གཉིས་སུ་དབྱེ་མི་དགོས་པ་ལྟར། འཁོར་བའི་ཆོས་ཐམས་ཅད་ངོ་ཤེས་ན་མྱ་ངན་ལས་འདས་པར་གོ་བ་ལས། འཁོར་བའི་ཆོས་ཀྱི་ནང་ན་སྤང་བླང་གཉིས་ཡོད་པ་ལྟ་བུར་གཏན་ནས་གོ་མི་རུང་བ་ཡིན་ནོ། །དེ་ལ་ཁྱོད་ཀྱིས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་ཁྲིད་ཡིག་ལ་ཟུར་ཟ་བྱས་པ་དེ་མི་འོས་པ་ཡིན་ནོ་ཞེ་ན། ཁོང་ལ་བརྙས་བཅོས་དང་། རང་ཉིད་ཀྱི་མཁས་ཁྱད་འདོན་པའི་ཕྱིར་བྲིས་པ་ཡིན་ན། ཐུགས་ཤིན་ཏུ་བདེན་མོད། བླ་མ་ཁོང་ལ་མ་གུས་པ་མེད་པ་ནི་དཀོན་མཆོག་གི་ཐུགས་མི་ཁྲེལ་བས། དེ་འདྲ་མ་ལགས་ཏེ། ཁོང་གིས་རྒྱུ་རྒྱུད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོ་ནར་ཞལ་གྱིས་བཞེས་པ་དེ། ཐབས་རྒྱུད་ཀྱི་སྐབས་སུ། བླ་མས་ཆོས་ཐམས་ཅད་སེམས་སུ་ངོ་སྤྲད། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོ་སྤྲད་དེ། རྒྱུད་གསུམ་བསྲེས་ནས་ཉམས་སུ་ལེན་དུས་ཀྱི་རྒྱུ་རྒྱུད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་རྩལ་དུ་བཏོན་ནས་གསུངས་པ་ཡིན་གྱི། རྒྱུད་གསུམ་གྱི་ཟླས་ཕྱེ་བའི་རྒྱུ་རྒྱུད་ཀྱི་ངོས་འཛིན་མཛད་པ་མ་ཡིན་ཞེས་གོང་མའི་གསུང་རབ་རྣམས་དང་མཐུན་པའི་ཕྱིར་ཁོང་གི་ཁྲིད་ཡིག་གི་དགོངས་པ་བླངས་པ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་དགོངས་པ་མ་ལོན་ཏེ། རྒྱུ་རྒྱུད་ཀྱི་གོ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོ་ན་ལ་ངོས་འཛིན་དགོས་སོ། །ཞེ་ན། འོ་ན་ས་སྐྱ་པའི་ཉམས་ལེན་གྱི་སྙིང་པོ་ལམ་དུས་ཀྱི་ནང་ན། ཕུང་ཁམས་སྐྱེ་མཆེད་དཀྱིལ་འཁོར་བཞི་སོགས་མང་པོ་ཞིག་སྦྱང་གཞི་སྦྱོང་བྱེད་སྦྱར་ནས་གསུངས་འདུག་པས། འཁོར་བའི་ཆོས་འདི་རྣམས་ཀུན་གཞི་རྒྱུ་རྒྱུད་ཀྱི་ནང་དུ་མི་འདུ་ལ། ལུས་ཐབས་རྒྱུད་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ་བའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་ནི་དེ་བས་ཀྱང་མ་ཡིན་པས། འདི་རྣམས་རྒྱུད་གསུམ་པོ་གང་གི་ནང་དུ་བསྡུ། ཡང་ཕུང་ཁམས་སྐྱེ་མཆེད་འདི་རྣམས་སྦྱང་གཞི་སྦྱོང་བྱེད་སྦྱར་ནས་བསྒོམས་པ་ལ་དགོས་པ་ཅི་ཡོད་ཅེས་ཁྱོད་ཉིད་ལ་དྲི་བར་བྱའོ། །དེ་ལ་འདི་སྐད་དུ། འདི་རྣམས་སྦྱང་གཞི་སྦྱོང་བྱེད་སྦྱར་ཏེ་བསྒོམ་ན། ནམ་ཞིག་ན་སྐུ་དང་ཡེ་ཤེས་སུ་གནས་འགྱུར་པ་ཡིན་ནོ་ཞེ་ན། འདི་རྣམས་རྒྱུ་རྒྱུད་མིན་པའི་དམ་བཅའ་ཉམས་ཏེ། རྒྱུ་རྒྱུད་ཀྱི་གོ་བ་དེ་འདྲ་ཞིག་ལ་ལེན་དགོས་པའི་ཕྱིར་རོ། །འོན་ཏེ་ཕུང་ཁམས་སྐྱེ་མཆེད་ཀྱི་མིང་གིས་བརྗོད་རུང་འདི་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལྷན་ཅིིག་སྐྱེས་པའི་ཡེ་ཤེས་སུ་གནས་འགྱུར་བ་ཡིན་ནོ་ཞེ་ན། ངོ་བོ་ལ་གནས་འགྱུར་རྗེ་བཙུན་གོང་མ་གཏན་ནས་མི་བཞེད་ཅིང་། བདག་གི་ངོ་བོ་ཐོབ་ཟིན་པ་བདག་གི་བདག་ཉིད་དུ་སླར་སྐྱེའོ་ཞེས་པ་དང་ཚིག་འདི་བརྗོད་ཚུལ་མཚུངས་པས་མི་འཐད་པ་ཡིན་ནོ། །གལ་ཏེ་ཕུང་ཁམས་སྐྱེ་མཆེད་འདི་དག་འཁྲུལ་པ་ཡིན་པས་སྤངས་བྱ་ཡིན་ནོ་ཞེ་ན། རྒྱུད་དང་། རྗེ་བཙུན་གོང་མའི་གསུང་རབ་རྣམས་སུ་འཁོར་བ་ཉིད་མ་སྤངས་པར་ལམ་དུ་བྱས་ན་མྱང་འདས་ཡིན་ཚུལ་དང་། ཉོན་མོངས་པ་ཉིད་ཡེ་ཤེས་སུ་འཆར་དགོས་ཚུལ་རྣམ་རྟོག་ཉིད་ཡེ་ཤེས་སུ་གནས་འགྱུར་ཚུལ་མང་དུ་གསུངས་པའི་ལུང་རྣམས་དང་། དཔལ་ལྡན་རྩེ་མོའི་ཞབས་ཀྱིས་རྡོ་རྗེ་ཐེག་པས་གཞི་མི་སྤོང་བར་ལམ་དུ་བྱེད་ཚུལ་གསུངས་པ་རྣམས་དང་འགལ་ལམ་མི་འགལ་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་དཔྱོད་དང་། བདག་གིས་ཞུ་མི་དགོས་པར་འདུག་གོ། དེས་ན་ཁོ་བོས་ཀླུ་སྒྲུབ་རྒྱ་མཚོའི་ཁྲིད་ཡིག་ལ་ཞབས་ཏོག་དང་། བརྒྱུད་འཛིན་གྱི་ཉམས་ལེན་ལ་ཞུ་དག་གཉིས་ཆབ་གཅིག་ལ་འགྲུབ་པར་བྱས་པའི་ཚིག་འདི་རྣམས་ལ། སྙན་བརྒྱུད་བཞི་ལྡན་གྱི་བླ་མའི་ཞབས་པད་དད་བརྒྱའི་གཙུག་ཏུ་མཆོད་དེ། ཁ་ཞེ་མངོན་ལྐོག་མེད་པའི་མོས་གུས་ཀྱིས་གསོལ་འདེབས་ཡུན་རིང་པོར་བྱས་པའི་ལག་རྗེས་ཅུང་ཞིག་ཡོད་པར་སེམས་པ། བདག་ཉིད་ཆེན་པོས། ལེགས་བཤད་བྱིས་པའི་ངག་ལས་ཀྱང་། མཁས་པ་རྣམས་ནི་ཡོངས་སུ་ལེན། །དྲི་ཞིམ་བྱུང་ན་རི་དྭགས་ཀྱི། །ལྟེ་བ་ལས་ཀྱང་གླ་རྩི་ལེན། །ཞེས་གསུངས་པ་ལྟར་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་མཁས་པ་རྣམས་ཀྱིས་བླང་འོས་པ་ཡིན་ནོ། །རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བ་ནི། བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་ཀྱིས་མཛད་པ་འདི་ལས་ལྷག་པ་སུས་ཀྱང་མི་ཐོན་པས། འདི་ཉིད་སོར་བཞག་ཏུ་འབྲི་བར་བྱ་སྟེ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྐབས་དབྱེ་བར་མཛད་དུ་གསོལ། །ཀུན་གཞིའི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བསྒོམ་ཞེས་གསུངས་པའི་ཀུན་གཞི་དེ་ཉིད་ལྟ་བ་བསྟན་པའི་ཐོག་མར་ངོ་སྤྲོད་པའི་ཚེ། དེ་ག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ཞེས་ཡིག་ཆ་ལ་ལ་ནས་འབྱུང་བའི་དགོངས་གཞི་མ་ལོན་པར་བརྟེན། ད་ལྟའི་ཤེས་པ་སྐད་ཅིག་མ་འདི་ཉིད་ཡེ་ཤེས་སུ་འཁྲུལ་པ་འགའ་འདུག་པའི་ཕྱིར། ངོ་བོ་གཅིག་ལས་མ་འདས་ཀྱང་། ལྡོག་པའི་ཆ་ནས་སོ་སོར་མ་ཕྱེས་ན་ཅུང་མི་འགྲིགས་པར་སེམས་པས་དེས་ན་ཀུན་གཞི་དང་། ལྷན་སྐྱེས་ཡེ་ཤེས་རང་རྐྱང་གི་རྣམ་པར་དབྱེ་བ་རང་གི་སེམས་ལ་གོ་ཚུལ་རྣམས་བཤད་པར་བྱ་སྟེ། དེ་ལ་ཐོག་མར་ཀུན་གཞིའི་ངོས་འཛིན་ཚུལ་ལ་ཡང་མི་འདྲ་བ་སྣང་ཞིང་། ཀུན་མཁྱེན་ཀླུ་སྒྲུབ་ཞབས་ཀྱིས་ནི། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དྲི་མ་མེད་པ་དེ་ཉིད་ཀུན་གཞིར་བཞེད། གཞན་ཕལ་ཆེ་བས་ནི་ད་ལྟའི་ཤེས་པ་སྐད་ཅིག་མ་རྣམ་རྟོག་གིས་མ་བསླད་པ་འདི་ཉིད་ཀུན་གཞིར་བཞེད། ཕྱི་མ་ཇི་ལྟར་བར། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་ཀྱང་། དེའི་ངོ་བོ་སྟོང་ཉིད་ཡིན་པའི་རྒྱུ་མཚན་གྱིས་འཁོར་འདས་ཀྱི་བྱ་བྱེད་རུང་བར་འདོད་པས་ན། མཚན་གཞི་ནི་མི་མཐུན་པ་མེད་ལ། མཚན་ཉིད་མི་མཐུན་པ་ནི་དབུ་སེམས་ཀྱི་གྲུབ་མཐའི་ཁྱད་པར་ཡིན་ནོ་ཞེས་གསུངས་པ་དེ་ཁོ་ན་བཞིན་ཁོ་བོ་ཡང་འདོད་དེ། རྣམ་ཤེས་ཚོགས་བརྒྱད་ཀྱི་ནང་ཚན་ཀུན་གཞིའི་རྣམ་པར་ཤེས་པ་དེ་ག་ལས་གཞན་དུ་མ་ཡིན་ན་ཡང་། དེའི་ངོ་བོ་གང་དུ་ཡང་མ་གྲུབ་ཅིང་། དེ་ལ་ཀུན་གཞི་རྒྱུའི་རྒྱུད་དུ་བཏགས། འོ་ན་དེ་ག་ལྷན་སྐྱེས་ཀྱི་ཡེ་ཤེས་དྲི་མ་མེད་པ་ཨེ་ཡིན་སྙམ་ན། མ་ཡིན་ཏེ། ཀུན་གཞི་རྒྱུའི་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བསྒོམ་དགོས་པར་གཞུང་ལས་གསུངས་ཤིང་། ཡེ་ཤེས་མཚན་ཉིད་པ་ནི་ལྟ་བསྒོམ་གྱི་རྒྱུན་བསྐྱངས་པས་ཇི་ཞིག་ན་རྟོགས་པ་ལས། དང་པོ་ཉིད་དུ་རྟོགས་པར་ཡང་དཀའ་བའི་ཕྱིར། དེ་ཀུན་གཞིར་འདོད་ན་ལྟ་བ་བསྒོམ་ཡང་མི་ཤེས་པར་འགྱུར་ཏེ། ལས་དང་པོ་པས་དེ་མི་རྙེད་པའི་ཕྱིར། གལ་ཏེ་རྟོགས་ཡོད་ན་ནི་ལྟ་བ་བསྒོམ་ཡང་མི་དགོས་ཏེ། ལྟ་བ་བསྒོམ་པ་རང་ཡང་ལྷན་སྐྱེས་ཀྱི་ཡེ་ཤེས་རྟོགས་ཐབས་ཡིན་ཞེས་གསུངས་པའི་ཕྱིར། རྟོགས་ཟིན་ནས་སླར་ཡང་རྟོགས་པའི་ཐབས་ལ་འབད་པ་མི་རིགས། དེས་ན་ཀུན་གཞི་འདི་ཀ་ལྷན་སྐྱེས་ཀྱི་ཡེ་ཤེས་མཚན་ཉིད་པར་འཁྲུལ་པར་ནི་མི་རིགས་ཏེ། ཀུན་མཁྱེན་ཀླུ་སྒྲུབ་པས། ད་ལྟའི་ཤེས་པ་སྐད་ཅིག་མ་འདིའང་དྭངས་སྙིགས་གཉིས་སུ་ཕྱེ་ནས། གཟུང་འཛིན་གཉིས་བྲལ་གྱི་གསལ་སྟོང་ཟུང་དུ་འཇུག་པ་དེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཡིན་ཞེས་གསུངས་པ་ནི་དེ་ཁོ་ན་བཞིན་ལགས་ཀྱང་། ཡང་དེ་ཉིད་ཀུན་གཞི་ཡིན་གསུངས་པ། ཁོ་བོ་ཅག་གིས་ཁས་ལེན་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། གོང་གི་སྐྱོན་རྣམས་ཀྱང་འཇུག་པར་མ་ཟད། ཇོ་བོ་རྗེས་ཀྱང་། ཀུན་གཞི་ཐམས་ཅད་མཁྱེན་པར་ཁས་ལེན་པའི་གྲུབ་མཐའ་རགས་པ་དེ་འདྲ་ཕྱི་རོལ་མུ་སྟེགས་པ་ལའང་མེད་ཅེས་གསུངས་སོ། །ལྷན་སྐྱེས་ཀྱི་ཡེ་ཤེས་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་ངོ་སྤྲོད་བྱ་ཞེས་གསུངས་འདུག་ནའང་། དེ་དེ་ལྟར་དུ་ངོ་སྤྲོད་བྱེད་པར་ཤིན་ཏུ་དཀའ་སྟེ་ལུང་རིགས་མང་དུ་འདུག་ནའང་ཡི་གེའི་འཇིགས་པས་མ་སྤྲོས། དེས་ན་ཀུན་གཞིར་འདོད་པ་ད་ལྟའི་ཤེས་པ་སྐད་ཅིག་མ་ལ་འདོད་ཅིང་། འདི་ནི་གཟུང་འཛིན་གྱི་རྣམ་པར་རྟོག་པའི་རྒྱུན་རེ་ཞིག་མ་སྐྱེས་ཙམ་གྱི་བར་སྐབས་སྐད་ཅིག་མ་ཞིག་ཡིན་པ་མ་གཏོགས། དེའི་དྲི་མ་བག་ཆགས་དང་བཅས་པ་ཇེ་སྲབ་ཏུ་སོང་ནས། འོད་གསལ་གྱི་རང་མདངས་མཐོང་བ་ནི་མ་ཡིན། །རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་དངོས་ནི་གཟུང་འཛིན་ཇེ་སྲབ་ཏུ་སོང་བའི་ཚེ། རང་མདངས་ཇེ་གསལ་དུ་འགྲོ་དགོས་རྒྱུ་ཞིག་ཡིན་པར་འདོད། དེ་ལྟར་གཉིས་སུ་ཕྱེ་བའི་ཀུན་གཞིའི་རང་བཞིན་ཡང་། དེའི་ཡིག་ཆུང་ལས། སེམས་མྱོང་རིག་བྱེ་བྲག་ཏུ་མ་ཕྱེ་བ། རིས་སམ་ཕྱོགས་སུ་མ་ཆད་པ། ཐབས་རིག་པ་གསལ་ལ་མ་འགགས་པ། ངོ་བོ་སྟོང་པ་ཉིད་ལ་ཀུན་ཞི་ཞེས་བྱའོ། །ཅིའི་ཕྱིར་ཀུན་གཞི་ཞེས་བྱ་ན། འཁོར་འདས་གཉིས་ཀའི་གཞིར་གྱུར་པས་སོ། །ཞེས་གསུངས་ཤིང་། འདིའི་དོན་འགྲེལ་ཚུལ་ཡང་མི་འདྲ་བ་མང་ཙམ་མཆིས་རུང་། དོན་དུ་མྱོང་རིག་ཅེས་པས་རྣམ་ཤེས་ཡིན་པ་དང་། ཡེ་ཤེས་མ་ཡིན་པ་དང་། འདུས་བྱས་ཡིན་པའི་དོན་རྣམས་བསྟན་ཏེ། རྣམ་ཤེས་ཡིན་ན་འདུས་བྱས་ཡིན་པས་ཁྱབ་པའི་ཚུལ་ཡང་། འདུས་བྱས་ཐམས་ཅད། བེམས་པོ་ཤེས་པ་ལྡན་མིན་འདུ་བྱེད་གསུམ་གྱིས་བསྡུས་པ་ལས་འདི་ཤེས་པ་ཡིན་པའི་ཕྱིར། མི་རྟག་པར་ཡང་གྲུབ་ཏེ། འདུས་བྱས་ཡིན་ན་མི་རྟག་པས་ཁྱབ་པར་མ་ཟད། བྱང་ཆུབ་སེམས་འགྲེལ་ལས། གང་གི་རྣམ་ཤེས་སྐད་ཅིག་མ། །དེ་ཡི་དེ་ཉིད་རྟག་མ་ཡིན། །སེམས་ནི་མི་རྟག་ཉིད་ཡིན་ན། །སྟོང་པ་ཉིད་དང་ཇི་ལྟར་འགལ། །མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །སེམས་ནི་མི་རྟག་ཉིད་བཞེད་ན། །དེ་དག་སེམས་ནི་སྟོང་ཉིད་དུ། །ཅི་ཡི་ཕྱིར་ན་བཞེད་མི་འགྱུར། །ཞེས་གསུངས། འོ་ན་ཡེ་ཤེས་མ་ཡིན་པར་ཅིས་བསྟན་ཞེ་ན། མྱོང་རིག་ཅེས་གསུངས་པ་དེ་གས་བསྟན་ཏེ། བདེ་སྡུག་མྱོང་བ་པོ་རྣམ་པར་ཤེས་པ་ཡིན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་བདེ་སྡུག་མྱོང་བར་མི་རིགས་པའི་ཕྱིར། ཡུལ་གྱི་དབང་གིས་རྣམ་ཤེས་ཀྱི་ཚོགས་གཞན་སོ་སོར་རྒྱ་མ་ཆད་པས་བྱེ་བྲག་ཏུ་མ་ཕྱེ་བ། དགེ་མི་དགེ་གང་གི་ཕྱོགས་སུ་ཡང་མ་ལྷུང་བའི་ལུང་མ་བསྟན་ཡིན་པས་ན། རིས་སམ་ཕྱོགས་སུ་མ་ཆད་པ། རྣམ་རྟོག་གི་དབང་དུ་མ་བཏང་བར་རང་གི་རྒྱུན་བསྲིངས་པས། གཉུག་མའི་གནས་ལུགས་མཐོང་བར་འགྱུར་བའི་ཕྱིར་ཐབས། མ་འོངས་པའི་ཤེས་པ་མ་ཡིན་འི་ཕྱིར་རིག་པ། ད་ལྟ་བ་ཡིན་པས་གསལ་བ། འདས་པ་མ་ཡིན་པས་མ་འགགས་པ། ངོ་བོ་གང་དུའང་མ་གྲུབ་པས་སྟོང་པ་ཉིད་དུ་བཞེད་ཅིང་། འོན་ཀྱང་དེ་ཉིད་གོང་དུ་བཤད་པ་ལྟར་གནས་ལུགས་ལ་སྒྲིབ་པར་བྱེད་པའི་གཟུང་འཛིན་འཁྲུལ་པའི་དྲི་མ་དང་མ་བྲལ་བའི་ཤེས་པ་ཡིན་པ་ལས་འོས་མེད་ཅིང་། གཟུང་འཛིན་གཉིས་བྲལ་གྱི་ཡེ་ཤེས་ཡིན་ན་འཁོར་བའི་རྒྱུ་དང་རྩ་བར་བཞག་མི་རུང་བར་སེམས་ཏེ། དེའི་སྣང་བ་འཆར་བའི་རྒྱུ་རྐྱེན་མ་ཚང་བའི་ཕྱིར། འོ་ན་མཉམ་པར་འཇོག་པའི་ཚེ་གང་གི་སྟེང་དུ་འཇོག་ཅེ་ན། ཀུན་གཞི་རང་ཉིད་མ་བཅོས་པའི་སྟེང་དུ་འཇོག །འོ་ན་དེ་ཉིད་ཡང་དག་པའི་ལྟ་བ་མ་ཡིན་ཏེ། འཁྲུལ་པའི་སེམས་ཀྱི་སྟེང་དུ་བཞག་པའི་ཕྱིར་སྙམ་ན། སྐྱོན་མེད་དེ། བལ་ཡུལ་གྱི་ལམ་བརྒྱུད་དེ་ཕྱིན་པས་རྒྱ་གར་དུ་བརྟོལ་བ་དང་མཚུངས་སོ། །ལར་གཉུག་མའི་ཡེ་ཤེས་མ་འཁྲུལ་པའི་སྟེང་དུ་འཇོག་རྒྱུ་བྱུང་ན་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དང་པོ་ཉིད་ནས་དེ་ལྟར་རྔོ་མི་ཐོགས། འོ་ན་གཉུག་མ་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཀུན་གཞི་འདི་དང་ཐ་དད་དམ་སྙམ་ན། དེ་ཡང་མ་ཡིན་ཏེ། དཔལ་ཕྲེང་གིས་ཞུས་པའི་མདོ་ལས། དེ་ལ་རང་བཞིན་གྱིས་འོད་གསལ་བའི་སེམས་གང་ཡིན་པ་དང་། སེམས་དེའི་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་གཉིས་ནི། དགེ་བ་དང་མི་དགེ་བའི་སེམས་གཅིག་ལ་རྒྱུ་བས། སེམས་གཉིས་པར་མཚམས་སྦྱོར་བ་མེད་པའི་ཚུལ་གྱིས། ཟག་པ་མེད་པའི་དབྱིངས་ལ་མཆོག་ཏུ་རྟོགས་པར་དཀའ་བ་ཡིན་ནོ་ཞེས་གསུངས་པ་ལྟར། ཟག་པ་མེད་པའི་དབྱིངས་ལ་སྒྲིབ་པར་མི་བྱེད་པའི་རང་བཞིན་འོད་གསལ་གྱི་སེམས་རྒྱུད་དེ་གཉུག་མ་ལྷན་སྐྱེས་ཀྱི་ཡེ་ཤེས་འདི་ཡིན་པའི་ཕྱིར་ཀུན་གཞི་ལས་ཐ་དད་པ་མ་ཡིན་ཡང་། ད་ལྟ་ཉོན་མོངས་པ་དང་བཅས་ཏེ་གནས་པའི་ཕྱིར་ཆོས་དབྱིངས་འགྱུར་བ་མེད་པའི་གནས་ལུགས་རྟོགས་པར་དཀའ་བས། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། ས་ཡི་ནང་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་གསུངས་པའི་ཆོས་དབྱིངས་དང་། བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ། །དྲི་མ་མེད་པའི་ཡིད་ལ་རྣམ་པར་གནས། །ཞེས་པའི་བདེ་གཤེགས་སྙིང་པོའི་རྟེན་དུ་གྱུར་ཅིང་གང་ལ་སྒྲིབ་པར་མི་བྱེད་པའི་གསལ་རིག་དངོས་ནི་གཉུག་མ་ལྷན་སྐྱེས་ཀྱི་ཡེ་ཤེས་འདི་ལ་འདོད། ངོ་བོ་ནི་གོང་དུ་བཤད་པ་ལྟར་དབྱེར་མེད་དེ། ཀུན་གཞིའི་སྟེང་དུ་འཁྲུལ་པའི་དྲི་མ་དག་པའི་ཚེ་ཡེ་ཤེས་ཡིན་པར་འདོད་པ་ལས་གང་དུ་མི་སེམས་ཏེ། དེའི་ཕྱིར། འཁོར་འདས་དབྱེར་མེད་ཀྱི་འགྲེལ་པར་ཡང་དེ་ལྟ་བུའི་རང་བཞིན་གསུམ་ལེགས་པར་ངོ་སྤྲོད་ན་ལྟ་བ་འཁོར་འདས་དབྱེར་མེད་ཅེས་བྱ་བ་ཡིན་ནོ། །ཞེས་གསུངས། འོ་ན་དེ་གའི་མཇུག་ཏུ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ངོ་བོ་ཉིད་ཀྱིས་དེ་ལྟར་གནས་ཀྱང་ཞེས་གསུངས་པ་ལ་དཔགས་ན་ཀུན་གཞི་ངོ་འཕྲོད་པ་དེ་ག་ཡེ་ཤེས་སུ་བཞེད་པ་མ་ཡིན་ནམ་སྙམ་ན། དེ་ཡང་ངོ་བོ་དབྱེར་མེད་པ་དང་། ཆོས་ཀྱི་དབྱིངས་ཁྱད་མེད་དུ་བཞུགས་པ་ལ་དགོངས་ནས་གསུངས་པ་ཡིན་གྱིས། ངོ་སྤྲོད་པའི་སེམས་དེ་འཁྲུལ་བྲལ་ཡེ་ཤེས་མཚན་ཉིད་པར་བཞེད་པ་མ་ཡིན། དེ་ལྟར་བཞེད་ན་རྒྱུ་དུས་ཀྱི་ལྟ་བ་དུག་ཅན། སོ་སོའི་གྲུབ་མཐའ་ལ་འདོད་ཞེན་དང་བཅས་པའི་ལྟ་བ་སོགས་ཀྱི་རྣམ་བཞག་མཛད་པར་མི་རིགས། ཡང་རྣམ་འགྲེལ་ལས་ལུས་ལ་རྟེན་འབྲེལ་འགྲིགས་པས་རྟོགས་པར་བྱ་རྒྱུ་སེམས་ཀུན་གཞི་ཡིན་པས་སོ་ཞེས་གསུངས་པའང་དེའི་གནས་ལུགས་གཉུག་མའི་ཡེ་ཤེས་ལ་དགོངས་པ་ཡིན་གྱི། ཐོག་མར་ངོ་སྤྲོད་པའི་ཀུན་གཞི་དེ་ལ་གསུངས་པ་མ་ཡིན། དེའི་རྒྱུ་མཚན་ནི། ས་སྐྱ་པ་ཆེན་པོའི་གཞུང་བཤད་སྲས་དོན་མ་ལས་ཀྱང་། མ་དག་པ་ཀུན་གཞི་རྒྱུ་རྒྱུད་ལ་ཞིང་ཁམས་སུ་རྣམ་པར་བཞག་པ་དང་། ལུས་ཐབས་རྒྱུད་ལ་ཞིང་ཁམས་སུ་རྣམ་པར་བཞག་པ་དང་། དག་པའི་སྣང་བ་ཡེ་ཤེས་གཅིག་ལ་ཞིང་ཁམས་སུ་རྣམ་པར་བཞག་པའོ། །ཞེས་གསུངས། དེ་བཞིན་དུ། ལུང་སྦྱོར་གྱི་སྐབས་སུ་ཡེ་ཤེས་ཀྱི་ལུང་ཀུན་གཞིར་དྲངས་པ་རྣམས་ཀྱང་གདོད་ནས་ཡེ་ཤེས་ཡིན་པའི་ཕྱིར་མྱང་འདས་ཀྱི་རྒྱུ་དང་རྩ་རྒྱུད་སོགས་སུ་བཞག་ནས་རང་བཞིན་ལྷུན་གྲུབ་ཏུ་བསྟན་པ་ལ་གོངས་ཀྱི་གཟུང་འཛིན་དང་མ་བྲལ་བའི་ཤེས་པ་སྐད་ཅིག་མ་དང་སྦྱར་ཏེ་བཤད་དུ་མི་རུང་སྟེ། ཀུན་ཞིའི་ཡིག་ཆུང་ལས། དེའང་ཀུན་གཞི་ཉིད་ཕྱི་རོལ་གྱི་ཡུལ་གྱི་ཞེན་པ་ལ་བརྟེན་ནས་ཆགས་སྡང་སྐྱེ་བས་ཞེས་གསུངས་པའི་ཕྱིར། འདི་ག་ཡེ་ཤེས་སུ་འདོད་ན་ཡེ་ཤེས་ཀྱང་ཆགས་སྡང་གི་དབང་དུ་འགྲོ་བར་ཁས་ལེན་དགོས་པར་འགྱུར། འོ་ན་གོང་མ་རྣམས་ཀྱིས་ཀྱང་། འདི་ནི་ཀུན་གཞིའོ། །འདི་ནི་ཡེ་ཤེས་སོ། །ཞེས་སོ་སོར་ཕྱེ་ནས་གསུངས་རིགས་པ་ལ་དེ་ལྟར་མི་གསུངས་པ་ཅི་ཞེ་ན། ལས་དང་པོ་པས་ལྟ་བ་བསྒོམ་པའི་ཡུལ་ནི་གོང་དུ་སྨོས་པ་ལྟར། ཀུན་གཞི་རང་གིས་འཐུས་ཤིང་། དེ་གའི་སྟེང་དུ་བཞག་ཅིང་རྒྱུན་བསྐྱངས་པས་འཁྱགས་པ་ཞུ་བས་ཆུར་འགྱུར་བ་བཞིན། ཡེ་ཤེས་ཕྱི་ནས་སྐྱེ་བར་འགྱུར་བ་ཡང་། རྣལ་འབྱོར་དབང་ཕྱུག་གི་དོ་ཧ་མཛོད་ལས། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །ཇི་ལྟར་བུ་ཆུང་ཚུལ་གྱིས་གནས་བྱ་ཞིང་། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་གསུངས་པས་རྟོགས་ནུས་པ་དང་། ཡེ་ཤེས་ལོགས་སུ་ཕྱེ་ནས་གསུངས་རུང་། གང་ཟག་གི་རང་གི་རྒྱུད་ལ་མ་སྐྱེས་པར། དེའི་སྟེང་དུ་འཇོག་པར་མི་ཤེས་པས། དེས་ན་སོ་སོར་ཕྱེ་ནས་དངོས་སུ་མ་བསྟན་ཀྱང་། ཤུགས་ལས་ནི། རྟོགས་པའི་ཁྱད་པར་ཟླ་བའི་དཔེ་ཡིས་བསྟན། ཞེས་པའི་སྐབས་སུ་མཚོན་བྱེད་དཔེའི་ཡེ་ཤེས་ཆུ་ནང་གི་ཟླ་བ་དང་ཆ་འདྲ་བར་བསྟན་པ་ལས། ཡེ་ཤེས་དངོས་མ་ཡིན་པར་གསུངས་ན་དེའང་མ་སྐྱེས་པའི་གོང་གི་ཤེས་པ་སྐད་ཅིག་མ་ཀུན་གཞིར་ངོ་སྤྲད་པ་དེ་ཡེ་ཤེས་སུ་ཅིའི་ཕྱིར་བཞེད་དེ། དེ་བཞིན་དུ་རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས། དང་པོ་སྤྲིན་དང་འདྲ་བ་ཡིན། །གྲུབ་པ་སྒྱུ་མ་ལྟ་བུ་འགྱུར། །གཉིད་ལོག་སད་པ་མི་ཕྱེད་པ། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། །ཞེས་ཞུ་བདེ་ལྷན་སྐྱེས་ཀྱི་རྒྱུན་བསྐྱངས་པའི་འབྲས་བུ་རང་བཞིན་ལྷན་སྐྱེས་མཐོང་བའི་ས་མཚམས་བསྟན་པའི་སྐབས་སུ་གསུངས་པ་འདི་ཉིད་ཀྱི་དོན་ཡང་། མངའ་རིས་པའི་འགྲེལ་པ་ལས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་གསལ་བ་ཙམ་དུ་རྟོགས་པ་དྲོད་ཆུང་ངུའི་དུས་སོ། །འབྲིང་གི་དུས་སུ་གྲུབ་པ་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཉམ་བཞག་ལ་མངོན་དུ་གྲུབ་པས་སྒྱུ་མ་ལྟ་བུར་འགྱུར་ཅེས་པ་རྗེས་ཀྱི་དུས་ནའོ། །ཆེན་པོའི་དུས་ན་མཉམ་རྗེས་མེད་པར་ཆོས་ཐམས་ཅད་ལྷན་སྐྱེས་ཀྱི་ངོ་བོར་རྟོགས་པས། ཉལ་དང་ལོག་པའི་ཁྱད་པར་ལས། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། །ཞེས་པའོ། །ཞེས་སྦྱོར་ལམ་མ་ཐོབ་པར་ལྷན་སྐྱེས་ཀྱི་ཡེ་ཤེས་མི་མཐོང་བར་དངོས་སུ་བསྟན། ཡང་རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་གསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་པའི་ཚིག་རྐང་དང་པོ་གཉིས་ཀྱིས་ཀུན་གཞི་དང་། ཕྱི་མས་དྲི་མ་མེད་པའི་ཡེ་ཤེས་དངོས་སུ་བསྟན་འདུག་པའི་རོ་ལེགས་པར་མྱང་ན་ཁོ་བོས་རྣམ་པར་ཕྱེ་བ་འདི་ཉིད་ཀྱི་རྒྱབ་རྟེན་བླ་ན་མེད་པར་གྲུབ་ཅིང་། དེ་ཡང་། ཚིག་རྐང་དང་པོ་མྱ་ངན་ལས་འདས་པའི་རྒྱུ་རྒྱུད་ཀྱི་ལུང་དང་། བར་པས་འཁོར་བའི་རྒྱུ་རྒྱུད་དུ་འཇོག་པའི་ལུང་དུ་གྲུབ། ཕྱི་མ་ནི་ཐབས་ལམ་ཉམས་སུ་བླང་བའི་འབྲས་བུ་མངོན་དུ་གྱུར་པ་ན་སངས་རྒྱས་ཉིད་ཅེས་པས་དེ་ལས་གཞན་དུ་མི་འདའ་བར་བསྟན་ཕྱིར། གཟུང་འཛིན་གཉིས་བྲལ་གྱི་ཡེ་ཤེས་ཀུན་གཞིར་བཞག་ན་ལུང་འདི་དང་ཡང་དངོས་འགལ་དུ་འགྱུར། ཡང་རྒྱུད་གསུམ་མཛེས་རྒྱན་དུ། དེ་ཉིད་ལ། གཉིས་མེད་དམ། ཟུང་འཇུག་གམ། བརྗོད་བྲལ་ལམ། བཅོས་མིན་སེམས་ཀྱི་ངོ་བོའམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་མིང་ཙམ། བརྡ་ཙམ། ཐ་སྙད་ཙམ། བརྗོད་པ་ཙམ་དུ་ངེས་པའི་ཤེས་པ་འདྲོངས་པར་བྱས་ལ་ཞེས་གསུངས་པའང་། ངོ་བོ་ཡེ་ཤེས་ཡིན་པ་ལ་དགོངས་ཀྱིས། གཟུང་འཛིན་གྱི་དྲི་མ་དང་བྲལ་བར་བཞེད་པ་མ་ཡིན་ཏེ། དེ་ཉིད་ལས། རྒྱུ་གསུམ་གྱི་རྒྱུ་རྒྱུད་ཀྱི་སྐབས་སུ། གསལ་བ་སེམས་ཀྱི་མཚན་ཉིད་འཁོར་བ་ཞེས་བཤད་པས། དེ་དྲི་མ་དང་མ་བྲལ་བའི་གསལ་རིག་ལ་ངོས་འཛིན་པ་ལས་འོས་མེད་དེ། གཟུང་འཛིན་གཉིས་བྲལ་གྱི་གསལ་རིག་འཁོར་བར་བཞག་ཏུ་མི་རུང་ཞིང་། དེའང་འཁོར་བར་བཞག་ན་མྱང་འདས་སྟོང་པ་རང་རྐྱང་ལས་མི་རྙེད་པའི་ཕྱིར། ཡང་དྲི་མ་དང་བཅས་པའི་ཀུན་གཞིའི་རྣམ་པར་ཤེས་པ་དེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཡིན་ཏེ། ངོ་བོ་ཡེ་ཤེས་ཡིན་པ་གང་ཞིག །མ་རིག་པ་དང་ལྷན་ཅིག་ཏུ་གནས་པའི་ཕྱིར་སྙམ་ན། ཡོན་ཏན་གྱི་ལྡོག་ཆ་མ་འདྲེས་པར་སོ་སོར་རྟོགས་ཕྱིན་དོན་གྱིས་དེ་ལྟར་ཡིན་པའི་ཕྱིར་རྣམ་ཤེས་ལ་ཡེ་ཤེས་ཀྱི་མིང་བཏགས་པ་འབྱུང་སྟེ། ཁ་སྦྱོར་ཐིག་ལེའི་བརྟག་པ་བརྒྱད་པ་ལས། དམྱལ་བ་འཇིགས་རུང་དུ་བ་སྟེ། །ཡི་དྭགས་ཡེ་ཤེས་ཉི་མ་ཉིད། །གཏི་མུག་ཡེ་ཤེས་བྱོལ་སོང་སྟེ། །ཁྲོ་བ་ཡེ་ཤེས་ལྷ་མ་ཡིན། །གསང་བ་ཡེ་ཤེས་མེ་ལོང་ལྷ། །མི་རྣམས་ཡེ་ཤེས་ཁྱད་པར་ནི། །རྣམ་པ་ལྔ་རུ་ཆ་ཡིས་འགྱུར། །ཞེས་སུངས། འོན་ཀྱང་བློ་གྲོས་གསར་བུ་བས། འཁྱམས་པའི་གོང་བུར་ཆུ་དངོས་སུ་འཛིན་པ་ལྟ་བུའི་འདུ་ཤེས་ཀྱི་སྐྱོན་འཇུག་པའི་ཕྱིར། དངོས་བཏགས་རྣམ་པར་དབྱེ་དགོས་པར་སེམས། དེས་ན་མཁྱེན་རྩེའི་དབང་ཕྱུག་གི་ཟིན་བྲིས་སོགས་ཡིག་ཆ་གཞན་དག་གི་དགོངས་པའང་དེ་ཁོ་ན་ལྟར་འགྲེལ་དགོས་པར་སེམས་ཤིང་། མདོར་བསྡུ་ན་ཤེས་པའི་རྒྱུན་གཅིག་ལས་མེད་ཀྱང་། དེ་སྒྲིབ་གཡོག་དང་བཅས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་། སྒྲིབ་གཡོགས་དང་བྲལ་བ་ནི་ཡེ་ཤེས་སམ་ཟག་མེད་སེམས་རྒྱུད་དེ། དེ་གཉིས་ཀའི་སྟོང་པའི་ཆ་ནི་ཆོས་དབྱིངས་སམ་བདེ་གཤེགས་སྙིང་པོ་ཡིན་པས་ཁྱབ་མཉམ་ཁས་ལེན་དགོས་ནའང་། དེ་བཞིན་ཉིད་རྟོགས་པ་དང་མ་རྟོགས་པའི་བྱེ་བྲག་གིས་མ་ཤེས་དང་ཡེ་ཤེས་ཚུལ་གཅིག་ཏུ་འཛིན་པར་མི་རིགས་པར་སེམས་ནས། རང་གི་གོ་བ་རྣམས་ལྷུག་པར་ཡི་གེར་འགོད་པ་པོ་ནི་གཟིམ་འོག་སྤྲུལ་མིང་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་སུ་འབོད་པ་ལགས་ན། འདི་ལ་ཉེས་པའི་ཚོགས་ཅི་མཆིས་པ་བླ་མ་དང་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ་ཞིང་། གལ་ཏེ་ལྷག་པའི་བསམ་པས་ཀུན་ནས་བསླང་བའི་དགེ་བའང་ཡོད་སྲིད་པས་དེ་དག་གིས་ནི། སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འཕེལ་བའི་རྒྱུར་གྱུར་ཅིག །ཅེས་སུངས་ལ། རྫོགས་པ་ཆེན་པོའི་སེམས་རིག་གི་དབྱེ་བ་མཛད་པ་དང་། ས་སྐྱ་པའི་རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བ་བྱས་པ་འདི་གཉིས་ཕལ་ཆེར་གྱིས་གནད་གཅིག་པ་ལྟ་བུར་གོ་བར་འདུག་ནའང་། འདི་གཉིས་གནད་མི་མཚུངས་སྟེ། རྫོགས་པ་ཆེན་པོས་སེམས་འཁྲུལ་པ་ཡིན་ལ། རིག་པའི་ཡེ་ཤེས་མ་འཁྲུལ་པ་ཡིན་པས་རིག་པའི་ཡེ་ཤེས་ཉིད་རྩལ་དུ་བཏོན་ཏེ་མཉམ་པར་བཞག་པས་འཁྲུལ་སྣང་དབྱིངས་སུ་དེངས་པར་བཞེད་ལ། ས་སྐྱ་པ་རྣམས་ནི་སེམས་ཀུན་གཞི་གསལ་བའི་ཆ་འདི་ངོས་ཟིན་པར་བྱས་ཏེ། དེའི་སྟེང་དུ་སྨིན་གྲོལ་གྱི་ལམ་ཐམས་ཅད་ཉམས་སུ་ལེན་པ་ཡིན་ལ། དེ་ཡང་གང་ཟག་དབང་པོ་ཡང་རབ་དབང་དུས་སུ་དོན་གྱི་ཡེ་ཤེས་སྐྱེས་ནས་ཀུན་གཞིའི་རྣམ་ཤེས་གཟུང་ཛིན་གྱི་འཁྲུལ་པ་དང་བཅས་པ་འཁྲུལ་མེད་ཡེ་ཤེས་སུ་གནས་འགྱུར་བའི་མགོ་རྩོམ་པའང་ཡོད་མོད། དེ་མན་ཆད་ལ་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པའི་ཚུལ་གྱིས་སྨིན་བྱེད་ཀྱི་དབང་བསྐུར་ཞུས་ནས་ལུགས་འདི་ལ་དབང་ལའང་ལམ་དུ་བྱ་བ་ཡིན་པས། དབང་དང་རིམ་གཉིས་ཡན་ལག་དང་བཅས་པ་ལ་སྦྱང་གཞི་སྦྱོང་བྱེད་ངོ་སྤྲད་དེ་རྩེ་གཅིག་ཏུ་བསྒོམ་པ་ལ་བརྩོན་པས་གཟུང་འཛིན་གྱི་སྒྲིབ་པ་ཇེ་སྲབ་དུ་སོང་། གཉིས་མེད་ཡེ་ཤེས་ཀྱི་གསལ་སྣང་རིམ་གྱིས་གོང་འཕེལ་དུ་འགྲོ་བའི་ཚེའང་ཀུན་རྫོབ་བས་ཀྱི་ཆའི་ཡོན་ཏན་རྣམས་ཀྱང་གོང་འཕེལ་དུ་འགྲོ་ལ། རྣལ་འབྱོར་པའི་ཉམས་ཀྱི་སྣང་བ་ལ་རྣམ་ཤེས་ཡེ་ཤེས་སུ་གནས་འགྱུར་འདུག་སྙམ་པ་འབྱུང་མོད། །མཚོན་བྱེད་དཔེའི་ཡེ་ཤེས་ཡིན་པས་གནས་གྱུར་པ་མཚན་ཉིད་པ་མ་ཡིན་ལ། ས་དང་པོར་གནས་འགྱུར་གྱི་མགོ་བརྩམས་ནས་སྒོམ་ལམ་ས་བཅུ་གཉིས་པའི་མཇུག་ས་བཅུ་གསུམ་པའི་ཕྱེད་ལ། རྣམ་ཤེས་ཀྱི་ཆ་ཕྲ་བའི་ཕྲ་བའང་གནས་འགྱུར་ཏེ་སྐུ་དང་ཡེ་ཤེས་ཡོན་ཏན་རྒྱ་མཚོའི་མཛོད་དུ་གྱུར་ནས་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་ཀྱིས་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་མཛད་པར་བཞེད་ལ། དེའང་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་དུ་ཀུན་རྫོབ་ཐབས་ཀྱི་ཡོན་ཏན་སངས་རྒྱས་བརྒྱ་མཐོང་བ་ལ་སོགས་པ་གོང་འཕེལ་དུ་འགྲོ་བར་བཞེད་ཅིང་། སངས་རྒྱས་ཀྱི་སའི་གཟུགས་ཀྱི་སྐུ་དང་། འཕྲིན་ལས་གདུལ་བྱ་ལ་སྣང་བའི་ཆ་རྣམས་ལ་ཀུན་རྫོབ་ཀྱི་མིང་གིས་འདོགས་པར་མཛད་དེ། ཀུན་རྫོབ་ཡིན་ན་མཐའ་གཅིག་ཏུ་སྤང་བྱར་ཞལ་གྱིས་མི་བཞེས་པ་ཡིན་ནོ། །གཞིའི་སྐབས་སུ་བདེན་གཉིས་ཟུང་འཇུག་དགོས་པའི་རྒྱབ་བརྟེན་དུ། རིམ་ལྔ་ལས། གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་ཞིང་། །གང་དུ་མི་ཕྱེད་བློར་སྣང་བ། །དེ་ནི་ཟུང་དུ་འཇུག་པར་བཤད། །ཅེས་དང་། ལམ་གྱི་སྐབས་སུ་བདེན་གཉིས་ཟུང་འཇུག་དགོས་པའི་སྒྲུབ་བྱེད་དུ། བསྐྱེད་པའི་རིམ་པ་འདི་གཅིག་དང་། །གཞན་ཡང་རྫོགས་པའི་རིམ་པ་དག །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །ཅེས་དང་། འབྲས་བུའི་སྐབས་སུ་བདེན་གཉིས་ཟུང་འཇུག་དགོས་པའི་སྒྲུབ་བྱེད་དུ། ཟུང་འཇུག་རིམ་ལ་གནས་པ་དེ། །དེ་ནི་ཀུན་མཁྱེན་དེ་ཉིད་མཐོང་། །ཞེས་ཀླུ་སྒྲུབ་ཀྱི་ལུང་དང་སྦྱོར་བར་མཛད་དོ། །གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་པའི་ཞལ་ནས། དོན་དམ་ལ་ཡང་ཡུལ་དང་ཡུལ་ཅན་གཉིས། །ཟུང་འཇུག་ལ་ཡང་དབྱིངས་དང་ཡེ་ཤེས་གཉིས། །གཉིས་མེད་ལ་ཡང་ཀུན་རྫོབ་དོན་དམ་གཉིས། །ལྷན་སྐྱེས་ལའང་གཉིས་སུ་གསུངས་པར་ཤེས། །དོན་དམ་ཀུན་རྫོབ་མིང་འདོགས་གང་དང་གང་། །ཕྱོགས་རེ་ཁོ་ནར་བཤད་པའི་ངེས་པ་མེད། །དོན་སྒྲ་ཇི་བཞིན་རྟོགས་པར་བྱེད་ན་ནི། །བློ་གྲོས་འཁྲུལ་ཞེས་བྱམས་པ་མགོན་པོས་གསུངས། །ཞེས་གསུངས་པ་ལྟར་གནས་འགྱུར་བའི་ཡེ་ཤེས་དེ་ལའང་མཚོན་བྱེད་དཔེ་དང་། མཚོན་བྱ་དོན་གྱི་ཡེ་ཤེས་ཀྱི་ངོས་ནས་བསྟན་པ་དང་། དོན་དམ་དབྱིངས་འདུས་མ་བྱས་པ་རྟོགས་པའི་ཆ་ནས་དང་། ཐབས་ཤེས་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་ཆ་ནས་བཤད་པ་ལྟ་བུ་ཡོད་པས་ཕྱོགས་གཅིག་ཁོ་ནར་འཛིན་མི་རུང་བ་ཡིན་ནོ། །ད་ནི་སྤྱི་དོན་གསུམ་པ་ལུགས་འདི་དང་མི་མཐུན་པའི་གྲུབ་མཐའ་གསར་པ་གཞན་དགག་པ་ནི། བླ་མ་བློ་གྲོས་རིན་ཆེན་ཞེས་བྱ་བ་ཞིག་གིས་ཆོས་རྒྱལ་དོན་གྲུབ་པ་ཞེས་བྱ་བའི་བཞེད་སྐོང་དུ་བྲིས་པ། ལམ་འབྲས་རྒྱུ་རྒྱུད་སོགས་ཀྱི་ངོས་འཛིན་གསར་དུ་བྱས་པ་མུན་བྲལ་ཉི་མའི་ཟེར་ཞེས་བྱ་བ་བྲིས་སོ། །ཁོང་གི་ཚིག་སྦྱོར་ལ་དཔགས་ན་མཁས་པ་ཆེན་པོ་ཞིག་ཡིན་རུང་། བརྗོད་བྱའི་དོན་རྣམས་རྫོགས་ཆེན་དང་ལམ་འབྲས་གཉིས་བསྲེས་ནས་བཤད་པ་ཞིག་འདུག་ལ། འདི་ལ་དོགས་པ་དཔྱད་དགོས་པ་ཡིན་ནོ། །དེ་ལ་གལ་ཏེ་ཁྱོད་རྫོགས་པ་ཆེན་པོའི་གྲུབ་མཐའ་ལ་མ་གུས་པ་ཡོད་དམ་ཞེ་ན། མཁས་གྲུབ་ཆེན་པོ་རྒྱལ་སྲས་གཞན་ཕན་སྣང་བ་དང་། གྲུབ་དབང་འགྲོ་འདུལ་དཔའ་བོ་རྡོ་རྗེ་གཉིས་ཆར་ལས་ཆོས་འདིའི་སྨིན་གྲོལ་གྱི་གདམས་པ་ཐོས་ཤིང་། བླ་མ་གཉིས་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་ལ། ཆོས་ལ་བསྒོམ་པའི་ཉམས་མྱོང་མེད་ཀྱང་གོ་ཡུལ་གྱི་མོས་གུས་ཡོད་པས་དགག་པ་ཡིད་ལ་མི་དྲན་ན་ངག་གི་བརྗོད་པ་ལྟ་ཅི་སྨོས། རྫོགས་པ་ཆེན་པོའི་གྲུབ་མཐའ་འདི་དང་། གསུང་ངག་ལམ་འབྲས་གཉིས་མཐར་ཐུག་གི་སྐྱེལ་སོ་ངེས་པར་གཅིག་པས་དགོངས་པ་མཐུན་མོད། གནས་སྐབས་ཀྱི་ལམ་གྱིས་དཀྲི་ཚུལ་གཏན་ནས་མི་འདྲ་བས་གཅིག་གི་དགོངས་པ་གཅིག་ལ་བསྲེས་ནས་བཤད་ན་སྤྲང་པོའི་ཟས་བཞིན་དུ་ལུགས་གང་དང་ཡང་མི་མཐུན་པ་ཞིག་རེད་འགྲོ་བ་ཡིན་པས་ལུགས་སོ་སོར་དབྱེ་བ་ཙམ་ལས་ཆོས་དང་གྲུབ་མཐའ་གཞན་ལ་དགག་པ་མ་ཡིན་པའི་གནད་ཤེས་དགོས་སོ། །དེ་ལ་ཁོང་གི་བསྟན་བཅོས་འདིའི་དབུ་ཞབས་ཀྱི་ཚིག་ཐམས་ཅད་ལ་དགག་པ་བྱས་ན་མང་པོ་འདུག་རུང་། གནད་བསྡུས་ཏེ་ཅུང་ཟད་བརྗོད་ན། རྒྱུ་རྒྱུད་ངོས་འཛིན་ཚུལ་མི་འཐད་པ་དང་། དེའི་དོགས་དཔྱོད་མི་འཐད་པ་དང་། རྒྱུ་རྒྱུད་ངོས་འཛིན་གྱི་དབང་གིས་ཐབས་རྒྱུད་ཀྱི་གནད་འཁྲུལ་པར་བསྟན་པ་དགག་པ་དང་། གོང་མའི་གསུང་རབ་ཀྱི་ལུང་སྦྱོར་མཛད་པ་རང་ཉིད་ཀྱི་སྐབས་ཀྱི་བརྗོད་བྱ་དང་མི་འགྲིགས་པའི་ཚུལ་བསྟན་པ་དང་བཞི་ལས། དང་པོ་ནི། ཁོང་གི་གཞུང་དུ་རྗེ་བཙུན་གྱིས། སེམས་མྱོང་རིག་སོགས་གསུངས་པའི་འབྲུ་ནོན་ལ། གནས་ལུགས་ཀྱི་རང་བཞིན་ནི་སེམས་ཉིད་བདེ་གཤེགས་སྙིང་པོ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མྱོང་བའམ་སྤྱོད་ཡུལ་དུ་གྱུར་པ་སྟེ། རིགས་གདངས་དབྱིངས་སུ་འཁྱིལ་བས་མྱོང་རིག་བྱེ་བྲག་ཏུ་མ་ཕྱེ་བ། ཞལ་ཕྱག་གི་རྣམ་པ་ཅན་གྱི་རིས་སམ་མཚན་མར་མ་གྲུབ་ཅིང་། ཡོད་མེད་དང་རྟག་ཆད་ཀྱི་ཕྱོགས་སུ་ནམ་ཡང་མ་ལྷུང་བའོ། །ངོ་བོའི་ཡིན་ལུགས་ནི་སྙིང་རྗེ་ཆེན་པོ་ཐབས་ཀྱི་བདག་ཉིད་ཅན་རིག་གདངས་གསལ་ལ་འཆར་གཞི་གོ་མ་འགགས་པ། དེའང་ངོ་བོ་ལ་བྲི་གང་མེད་པས་རང་བཞིན་གྱིས་སྟོང་པ་ཉིད་དུ་གནས་པ་སྟེ། ཚུལ་དེ་ལྟ་བུའི་ཡིན་ལུགས་ལ་ཀུན་གཞི་ཞེས་འཁོར་འདས་ཀུན་གྱི་གཞི་གྱུར་པ་སྟེ། བདེ་གཤེགས་སྙིང་པོའི་རང་ངོ་ལ་འཁོར་འདས་ཀྱི་ཐ་སྙད་མ་གྲུབ་ཀྱང་། ཐབས་སྙིང་རྗེ་ཆེན་པོའི་གདངས་འགགས་པ་མེད་པའི་རྩལ་ལས། རིག་དང་མ་རིག་གི་ལྡོག་ཆས་འཁོར་འདས་སུ་གྲུབ་པས་ན་དེ་ལྟར་དུ་བཞག་པ་སྟེ། ཞེས་བྲིས་འདུག་པ་འདི་གཏན་ནས་མི་འཐད་དེ། རྗེ་བཙུན་རིན་པོ་ཆེས། སེམས་མྱོང་རིག་སོགས་གསུངས་པའི་ཚིག་གི་འབྲུ་ནོན་ཚར་ངོར་གྱི་སྐྱེས་ཆེན་སངས་རྒྱས་དངོས་དང་འདྲ་བ་དག་གིས། རྗེ་བཙུན་གོང་མའི་གསུང་དང་མི་འགལ་བར་བྲིས་པ་རྣམས་དང་ཏན་ནས་མི་མཐུན་པ་ཞིག་བྱས་འདུག་པ་འདི། ཁོང་གི་ཞེ་ཕུག་ཏུ་རྫོགས་པ་ཆེན་པོའི་རིག་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་དེ་བཞག་ནས་ཁ་ནས་ས་སྐྱ་པའི་ལུགས་ཀྱི་ཀུན་གཞི་རྒྱུ་རྒྱུད་ཀྱི་ངོས་འཛིན་འདི་བཞིན་ཡིན་ནོ་ཞེས་ནན་གྱིས་བཤད་འདུག་པའི་ཕྱིར་རོ། །དེས་ན་རིག་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་དེ་གཞིའི་གནས་ལུགས་ཡིན་ཀྱང་ས་སྐྱ་པའི་ལུགས་ཀྱི་ཀུན་གཞི་རྒྱུ་རྒྱུད་གཏན་ནས་མ་ཡིན་ཏེ། དེའི་རྒྱུ་མཚན། ཀུན་གཞི་རྒྱུ་རྒྱུད་དོན་བདུན་གྱི་སྒོ་ནས་རྗེ་བཙུན་གོང་མས་གསུངས་པ་ཐམས་ཅད་དང་མི་འགྲིགས་པའི་ཕྱིར་རོ། །ཇི་ལྟར་མི་འགྲིག་ཅེ་ན། དོན་དང་པོ་ཀུན་གཞིའི་རང་བཞིན་གསལ་རིག་ཏུ་གོང་མ་བརྒྱུད་འཛིན་དང་བཅས་པས་གསུངས་པ་ལ། ཁྱེད་ཀྱིས་རྣམ་ཤེས་གསལ་བའི་ཆ་འཁྲུལ་པ་ཡིན་པས་རྒྱུ་རྒྱུད་དུ་ཁས་ལེན་མི་རུང་བར་བཤད་པའི་ཕྱིར། དོན་གཉིས་པ་རྟེན་དཀྱིལ་འཁོར་བཞི་ཡང་ཀུན་གཞི་རྒྱུ་རྒྱུད་དུ་གོང་མས་གསུངས་པ་ལ། ཁྱེད་ཀྱིས་གཞུང་དུ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོ་ན་ལས། ལྷན་ཅིག་སྐྱེས་པའི་ཆོས་ཉི་ཤུ་རྩ་བདུན་པོ་རྒྱུ་རྒྱུད་མིན་ཏེ་སོལ་བ་བཀྲུས་ན་དཀར་པོར་མི་རུང་བའི་དཔེ་དང་བཅས་ཏེ་བཤད་འདུག་པས་མི་འགྲིག་པའི་ཕྱིར། དོན་གསུམ་པ་རྟེན་དཀྱིལ་འཁོར་བཞི་ལ་བརྟེན་པ་ཀུན་གཞིའི་གསལ་ཆ་མེ་ཏོག་དང་མེ་ཏོག་གི་དྲིའི་ཚུལ་དུ་བརྟེན་པར་སུངས་པ་ལ། ཁྱོད་ཀྱིས་རྟེན་བརྟེན་པ་གཉིས་ཀ་ཀུན་གཞི་རྒྱུ་རྒྱུད་དུ་མི་འདོད་པར་འདུག་པའི་ཕྱིར། དོན་བཞི་པ་རྒྱུ་རྒྱུད་དུ་འགྲོ་ཚུལ་དང་། དོན་ལྔ་རྩ་རྒྱུད་དུ་འགྲོ་ཚུལ་གཉིས་ཕྱོགས་གཅིག་ཏུ་བརྗོད་ན། དཔལ་མགོན་ཀླུས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་གསུངས་པ་ལྟར། དབྱིངས་སྤྲོས་པ་དང་བྲལ་བ་ལ་དགོངས་ཏེ་ངོ་ཤེས་ན་མྱ་ངན་ལས་འདས་པའི་རྒྱུ་དང་རྩ་བར་འགྲོ་བ་ཡིན་ལ། ངོ་མ་ཤེས་ན་འཁོར་བའི་རྒྱུ་དང་རྩ་བར་འཇོག་པ་ཡིན་ནོ་ཞེས་གསུངས་པའང་མང་དུ་འབྱུང་མོད། ཀུན་རྫོབ་གསལ་བའི་ཆ་ལ་དགོངས་ཏེ་རྟེན་དཀྱིལ་འཁོར་བཞི་འདི་ཐབས་ཁྱད་པར་ཅན་གྱིས་ཟིན་ན་སྐུ་བཞིར་གནས་འགྱུར་བ་ཡིན་པས་མྱ་ངན་ལས་འདས་པའི་རྒྱུ་དང་རྩ་བ་ཡིན་ལ། ཐབས་ཀྱིས་མ་ཟིན་ན་འཁོར་བའི་རྒྱུ་དང་རྩ་བ་ཡིན་པ་དང་། དེ་བཞིན་དུ། ཕུང་ཁམས་སྐྱེ་མཆེད་འདི་ཐབས་ཁྱད་པར་ཅན་གྱིས་ཟིན་ན་གདན་གསུམ་ཚང་བའི་ལྷའི་ངོ་བོ་ཡིན་པས་མྱ་ངན་ལས་འདས་པའི་རྒྱུ་དང་རྩ་བ་ཡིན་ལ། ཐབས་ཀྱིས་མ་ཟིན་ན་འཁོར་བའི་རྒྱུ་དང་རྩ་བ་དང་། ཉོན་མོངས་དུག་ལྔ་ཐབས་ཀྱིས་ཟིན་ན་ཡེ་ཤེས་ལྔའི་ངོ་བོ་ཡིན་པས་མྱ་ངན་ལས་འདས་པའི་རྒྱུ་དང་རྩ་བ་དང་། ཐབས་ཀྱིས་མ་ཟིན་ན་འཁོར་བའི་རྒྱུ་དང་རྩ་བར་འཇོག་ཚུལ་འདི་རྣམས་གོང་མའི་གསུང་རབ། དེའི་དགོངས་འགྲེལ་གྱི་བསྟན་བཅོས། ཁ་འདོན་ལམ་དུས་ཀྱི་ཉམས་ལེན་དང་བཅས་པའི་ནང་དུ་ཡང་ཡང་འབྱུང་བ་ཡིན་པས། དབྱིངས་སྤྲོས་པ་དང་བྲལ་བ་ཁོ་ན་རྒྱུ་རྒྱུད་དུ་ཁས་བླངས་ནས། སེམས་སལ་བའི་ཆ་རྒྱུ་རྒྱུད་དུ་ཁས་མ་བླངས་ན་གོང་མའི་དགོངས་པ་དང་འགྲིག་མི་འགྲིག་ལེགས་པར་དཔྱོད་དང་ད་ཤེས་པར་འགྱུར་རོ། །དོན་དྲུག་པ་ཕྱི་ནང་གི་འབྲེལ་ནི། ཕྱི་ན་ཡོད་ཚད་ལུས་ལ་རྩ་ཁམས་ཀྱི་ཚུལ་དུ་ཡོད་ལ། ལུས་ལ་ཡོད་ཚད་སེམས་གསལ་བའི་སྟེང་ན་བག་ཆགས་ཀྱི་ཚུལ་དུ་ཡོད་པར་གསུངས་པ་ལ། རྟོག་གེ་བས་ཚད་མ་འཆད་པའི་ཚེ་དོན་ཤེས་རང་མཚན་སྐད་ཅིག་མའི་སྟེང་དུ་འགལ་འབྲེལ་འཇོག་མ་ནུས་པར་གཞན་སེལ་གྱི་སྒོ་ནས་འཇོག་དགོས་པར་བཤད་ན། དབྱིངས་སྤྲོས་པ་དང་བྲལ་བའི་རྒྱུ་རྒྱུད་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་བག་ཆགས་ཀྱི་ཚུལ་དུ་ཡོད་པའི་ཕྱི་ནང་གི་འབྲེལ་ཇི་ལྟར་བརྩི། དེས་ན་ཕྱི་ནང་གི་འབྲེལ་ཚུལ་འདིའང་ཁྱོད་ལ་མི་འཐད་པ་ཡིན་ནོ། །དོན་བདུན་པ་འཁོར་འདས་ཚང་ཚུལ། འཁོར་བའི་ཆོས་ཐམས་ཅད་མཚན་ཉིད་ཀྱི་ཚུལ་དུ་ཚང་། ལམ་གྱི་ཆོས་ཐམས་ཅད་ཡོན་ཏན་གྱི་ཚུལ་དུ་ཚང་། འབྲས་བུའི་ཆོས་ཐམས་ཅད་ནུས་མཐུའི་ཚུལ་དུ་ཚང་གསུངས་ན། ཁྱེད་ཀྱི་རྒྱུ་རྒྱུད་དབྱིངས་སྤྲོས་པ་དང་བྲལ་བ་འདིའི་སྟེང་དུ། དམྱལ་བ་རྡོ་རྗེ་གདན་གྱི་བཙོ་བསྲེག་གི་སྡུག་བསྔལ་མཚན་ཉིད་ཀྱི་ཚུལ་དུ་ཚང་བས་འགལ་བའི་ཁུར་ཆེན་པོ་འདི་ཁྱེད་ཀྱིས་ཁུར་དགོས་པ་ཡིན་ནོ། །གལ་ཏེ་རིག་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་འདི་འཁོར་འདས་ཀྱི་སྤྲོས་པ་ཐམས་ཅད་གཅོད་བྱེད་ཡིན་པས་འགལ་ཁུར་འདི་ཁས་མི་ལེན་ནོ་ཞེ་ན། ཁྱེད་ལུགས་གཞན་གྱི་རྒྱུད་འཛིན་ཡིན་ན་ཁུར་མ་བླངས་ཀྱང་བཏུབ་མོད། ཁྱེད་ས་སྐྱ་པའི་བསྟན་པ་ལ་གཅེས་པར་འཛིན་པའི་བསྟན་འཛིན་ཞིག་ཡིན་པར་ཞལ་གྱིས་བཞེས་ཤིང་། རྗེ་བཙུན་གོང་མས། ཀུན་གཞི་རྒྱུ་རྒྱུད་ལ། རིགས་དྲུག་གི་བདེ་སྡུག་མཚན་ཉིད་ཀྱི་ཚུལ་དུ་ཚང་བར་གསུངས་པས། ཁྱོད་ཀྱིས་ཐུགས་བསྐྱེད་ཀྱི་དབང་གིས་འགལ་བའི་ཁུར་ཆེན་པོ་འདི་རྣམས་རེ་ཞིག་མི་ཁུར་བའི་ཐབས་མེད་པ་ཡིན་ནོ། །སྨྲས་པ། ས་བཅུའི་དབང་ཕྱུག་འཇམ་དབྱངས་སྤྲུལ་པའི་གར། །ས་སྐྱའི་འཇམ་མགོན་བརྒྱུད་པའི་རང་ལུགས་ནི། །ས་བརྫུས་འདི་ཡིས་སྨྲས་བཞིན་མིན་ནོ་ཞེས། །ས་སྐྱ་པ་དེས་གསལ་བའི་ངག་གིས་བཤད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་བཅད་དོ། །ཁོང་གིས་རྒྱུ་རྒྱུད་བདེ་གཤེགས་སྙིང་པོའི་རང་ངོ་ལ་འཁོར་འདས་ཀྱི་ཐ་སྙད་མ་གྲུབ་པར་བཤད་པ་དང་། རྣལ་འབྱོར་དབང་ཕྱུག་གི་ཞལ་ནས། ན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཚང་བས་རྩ་རྒྱུད་ཅེས་པའི་ཚིག་འདི་གཉིས་འགལ་ལམ་མི་འགལ་དཔྱད་པས་ཤེས་པ་ཡིན་ནོ། །གཉིས་པ་དེའི་དོགས་དཔྱོད་མི་འཐད་པ་ནི། ཁོང་གི་གཞུང་དུ། ལ་ལ་དག་རྒྱུ་ལྷན་ཅིག་སྐྱེས་པའི་གསལ་སྟོང་ཟུང་འཇུག་གསུམ་གྱི་གསལ་ཆ་ནི་ཀུན་གཞིའི་རྣམ་ཤེས་སམ། རྒྱུ་རྒྱུད་དང་། ལས་ཉོན་བག་ཆགས་སོག་པའི་རྟེན་དང་། སྟོང་ཆ་ནི་ཁམས་བདེ་གཤེགས་སྙིང་པོ་དྲི་བཅས་སམ། ཆོས་དབྱིངས་ཞེས་ལྡོག་ཆ་ཙམ་ལས་ཟུང་འཇུག་ཏུ་སྟོན་པ་རང་ལུགས་བླ་མ་གོང་མའི་ཕྱག་ལེན་ནོ་ཞེས་འཆད་ལ། དེ་ནི་བདེན་ཏེ། འདི་ནི་ཁ་ཅིག་བྱིས་པ་རྣམས། །རེ་ཞིག་ཆོས་དབྱིངས་དྲི་མེད་ལ། །ཡིད་མི་ཆེས་པ་དྲངས་པའི་ཕྱིར། །ཞེས་གསུངས་པ་ལྟར་རེ་ཞིག་ལས་དང་པོ་པ་ལ་དགོངས་ནས་དེ་ལྟར་བཞག་པའི་གཞུང་ཡོད་དུ་ཆུག་ན་ནི་ལོས་ཆོག །ངེས་པ་ལྟར་ན་འདིས་ནི་ཀུན་གཞིའི་རྣམ་ཤེས་རྒྱུ་རྒྱུད་དུ་ཁས་བླངས་པས། རྒྱུད་གསུམ་གནོད་འཇོམས་སོགས་སྔ་ཕྱི་ཅི་རིགས་པས་བཀག་ཟིན་ལ། བདེ་གཤེགས་སྙིང་པོའང་གསལ་ཆ་ནས་འཇོག་པ་ནི་མང་དུ་མཆིས་ཏེ་སྟོང་རྐྱང་དུ་འདོད་པ་ནི་ལམ་འབྲས་པའི་མིན་ནམ་སྙམ། དྲི་བཅས་ཀྱང་ལམ་དུས་སུ་བཞག་ན་ནི་གློ་བུར་བའི་དྲི་མ་སྦྱང་བྱར་གནས་པས་འཐད་ལ། གཞི་དུས་སུ་འཇོག་པ་གཏན་ནས་མི་ལེགས་ཏེ། བཀའ་དང་བསྟན་བཅོས་ཐམས་ཅད་ནས་མ་གསུངས་སོ། །ཞེས་པ་ལ་སོགས་པ་མང་པོ་བྲིས་ལ། འདི་དག་མི་འཐད་པའི་ཚུལ་ནི། ཀུན་གཞིའི་གསལ་ཆ་བག་ཆགས་ཀྱི་རྟེན་དང་། སྟོང་ཆ་སྙིང་པོ་དྲི་བཅས་སུ་ཁས་ལེན་པ་དགོངས་པ་ཅན་ཡིན་ཞེས་པ། ཀུན་མཁྱེན་ཆེན་པོའི་ལམ་འབྲས་ཁོག་ཕུབ་དང་། དཀོན་མཆོག་ལྷུན་གྲུབ་ཀྱི་གོང་མའི་དགོངས་རྒྱན་སོགས་ལ་གཏད་འདུག་མོད། འདི་ལ་མི་འཐད་པའི་ཆ་མེད་དེ། ཁོང་གི་བསམ་ཡུལ་ལ། ཀུན་གཞིའི་རྣམ་ཤེས་འཁྲུལ་པ་ཡིན་པས། རྒྱུ་རྒྱུད་དུ་ཁས་ལེན་མི་རུང་ཟེར་བའི་དོན་བཤད་སྣང་ཡང་། ཀུན་གཞིའི་རྣམ་ཤེས་རྒྱུ་རྒྱུད་དུ་ཁས་ལེན་པ་ལ་ཉེས་པ་ཅིའང་མེད་ཚུལ་བཤད་ཟིན་ལ། འདི་རྒྱུད་གསུམ་གནོད་འཇོམས་ཀྱིས་བཀག་ཡོད་ཟེར་བ་རྩ་འགྲེལ་གཉིས་ཆར་ན་མེད་པས། རྗེས་འཇུག་མགོ་རྨོངས་པའི་ཐབས་སུ་བརྫུན་བཤད་པ་ཡིན་ནོ། །གསལ་ཆ་ལ་བདེ་གཤེགས་སྙིང་པོར་འཇོག་པ་ཡོད་ཅེས་པ་ནི། ཤེར་ཕྱིན་རོང་ཊིཀ་སོགས་ན་དེ་འདྲ་གསུངས་ཡོད་མོད། ལམ་འབྲས་ཀྱི་གཞུང་ལས་བཤད་པ་མ་མཐོང་ལ། སྟོང་ཆ་ལ་སྙིང་པོར་འདོད་པ་ལམ་འབྲས་པའི་མིན་ཟེར་བ་སེམས་ཀྱི་རང་བཞིན་གང་དུའང་མ་གྲུབ་པའི་ཆོས་ཉིད་ཟུང་འཇུག་ལ་སྙིང་པོར་བཤད་པའང་ཡོད་མོད། གཙོ་ཆེ་བའི་ངོས་ནས་གསལ་ཆ་ལ་ཀུན་གཞི་དང་། སྟོང་ཆ་ལ་སྙིང་པོར་གསུངས་པ་འདི་ངོར་ཆེན་གྱི་རྒྱུད་གསུམ་གནོད་འཇོམས་འགྲེལ་པ། ཀུན་མཁྱེན་གྱི་ལམ་འབྲས་ཁོག་ཕུབ། དཀོན་མཆོག་ལྷུན་གྲུབ་ཀྱི་དགོངས་རྒྱན་སོགས་ན་བཞུགས་པས་འདི་རྣམས་ལམ་འབྲས་པ་ཡིན་སྙམ་མོ། །རྒྱུ་རྒྱུད་དྲི་བཅས་སུ་འཇོག་པ་གཏན་ནས་མི་འཐད་ཅིང་། བཀའ་བསྟན་བཅོས་ཐམས་ཅད་ན་མེད་དོ་ཞེས་པ་ནི་ཧ་ཅང་ཐལ་ཏེ། བརྟག་གཉིས་ལ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཅེས་པ་རྒྱུ་རྒྱུད་དྲི་བཅས་སུ་སྟོན་པའི་ལུང་ཡིན་ནོ། །དེ་བཞིན་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །སོགས་ནས། བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །ཞེས་པ་དང་། ལྷ་སོ་སོའི་རྒྱུ་རྒྱུད་ཀྱི་དག་པ་སྟོན་བྱེད། ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །བཞིན་ལག་ཁ་དོག་གནས་པ་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་པ་འདིའང་རྒྱུ་རྒྱུད་དྲི་བཅས་སུ་སྟོན་པའི་ལུང་ཡིན་ནོ། །དེར་མ་ཟད། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་སོགས་དང་། ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །ཞེས་སོགས་སྦྱང་གཞི་སྦྱོང་བྱེད་སྦྱར་ནས་གསུངས་པའི་རྒྱུད་ཚིག་ཐམས་ཅད་རྒྱུ་རྒྱུད་དྲི་བཅས་སུ་སྟོན་པའི་ལུང་ཡིན་ཏེ། རྒྱུ་རྒྱུད་དྲི་བཅས་དེ་ཉིད། ཐབས་རྒྱུད་ཀྱིས་དྲི་མ་སྦྱངས་ཏེ། དག་པ་གཉིས་ལྡན་དུ་གྱུར་པ་འབྲས་རྒྱུད་དུ་ཞལ་གྱིས་བཞེས་པ་ཡིན་པའི་ཕྱིར་རོ། །རྒྱུད་བླ་མ་ལས། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཞེས་སོགས་གསུངས་པའི་དྲི་བཅས་དེ་བཞིན་ཉིད་རྒྱུ་རྒྱུད་དྲི་བཅས་སུ་སྟོན་པའི་ལུང་ཡིན་ནོ། །དེ་བཞིན་དུ། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །ཞེས་གསུངས་པའི་མ་དག་པ་དང་། དྲི་འདི་དག་གིས་བྱིས་རྣམས་དང་། །དགྲ་བཅོམ་སློབ་པ་བློ་ལྡན་རྣམས། །རིམ་བཞིན་བཞི་དང་གཉིས་དང་ནི། །གཉིས་དང་གཉིས་ཀྱིས་མ་དག་ཉིད། །ཅེས་གསུང་པའི་དང་པོ་ཡང་རྒྱུ་རྒྱུད་དྲི་བཅས་སུ་སྟོན་པའི་ལུང་ཡིན་ནོ། །ཀླུ་སྒྲུབ་ཀྱིས། ཉོན་མོངས་དྲ་བས་གཡོགས་པ་ན། །སེམས་ཅན་ཞེས་ནི་བརྗོད་པ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པ་ཡིན། །ཞེས་གསུངས་པའི་ཚིག་རྐང་དང་པོ་གཉིས་རྒྱུ་རྒྱུད་དྲི་བཅས་སུ་སྟོན་བྱེད་ཡིན་པས་བརྟག་གཉིས་ལ་བཀའ་དང་། བྱམས་མགོན་ཀླུ་སྒྲུབ་གཉིས་ཀྱི་གསུང་བསྟན་བཅོས་ཀྱི་གྲལ་དུ་བརྩི་དགོས་པ་འདྲའོ། །གལ་ཏེ་ཀླུ་སྒྲུབ་ཀྱིས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་པ་འདི་རྒྱུ་རྒྱུད་དྲི་བྲལ་དུ་སྟོན་བྱེད་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདིའི་དྲི་མ་མེད་པར་གནས་ཞེས་པ་རང་བཞིན་རྣམ་དག་ལ་དགོངས་པ་ཡིན་ལ། དེ་རང་ལུགས་ལ་བཞེད་པ་ཡིན་ཏེ་རང་བཞིན་ལ་གནས་འགྱུར་མི་བཞེད་པའི་གནད་ཀྱང་དེ་ཡིན་ནོ། །ཉོན་མོངས་ནང་ན་ཞེས་པའི་ཚིག་ཟུར་འདིས་རྒྱུ་རྒྱུད་དྲི་བཅས་སུ་བསྟན་པ་ཡིན་ནོ། །ཚིག་འདི་ལ་འཁྲུལ་ནས། ཉོན་མོངས་པ་ཕྱི་དང་། ཡེ་ཤེས་ནང་ན་ཡོད་པ་ལྟ་བུ་ལ་གོ་མི་རུང་སྟེ། སྡོམ་གསུམ་རང་མཆན་ལས། ཉོན་མོངས་པ་དང་ཡེ་ཤེས་འདྲེས་ནས་སྐྱེ་བས་དེ་འབྱེད་པ་ལ་ལམ་འབྲས་ལྟ་བུའི་གདམས་ངག་དགོས་གསུངས་པ་ཉོན་མོངས་པ་ཉིད་ཡེ་ཤེས་སུ་འཆར་དགོས་གསུངས་པ་ཡིན་ནོ། །དེས་ན་ཁོང་གི་གཞུང་འདིར་རྣམ་ཤེས་ལ་ལམ་དུ་བྱེད་པ་དང་། སེམས་གསལ་ཆ་ངོས་བཟུང་ནས་ཉམས་ལེན་བྱས་ཀྱང་གཟུགས་ཁམས་སུ་སྐྱེ་བ་དང་། སེམས་ཙམ་པའི་གྲུབ་མཐའ་ཙམ་ལས་དབུ་མ་པར་ཡང་མི་འགྱུར་ཞེས་སོགས་མང་པོ་བྲིས་འདུག་པ་འདི། དང་པོ་ཉིད་ནས་བློ་བྲལ་གྱི་ཡེ་ཤེས་ལ་ཉམས་ལེན་སྙིང་པོ་བྱེད་དགོས་ཀྱི་ཀུན་རྫོབ་ཐབས་ཀྱི་ཆ་ལ་སློབ་མི་དགོས་སོ་ཞེས་ཟེར་བ་འདྲ་བས་འདིའི་གནད་བཤད་ན་ས་སྐྱ་པ་རྣམས་ཀྱིས་མཐའ་བྲལ་གྱི་ལྟ་བ་རྒྱས་པར་བཤད་པའི་སྐབས་སུ། བློ་བྲལ་གྱི་ཡེ་ཤེས་ངོས་བཟུང་སྟེ་གྲུབ་ཐོབ་རྣམས་ཀྱི་དོ་ཧ་དང་། རྫོགས་པ་ཆེན་པོའི་གཞུང་དང་མཐུན་པར་འཆད་མོད། ཉམས་ལེན་བསྒོམ་པའི་དུས་སུ་ལྟ་བ་དེའི་ངང་ལས་མ་གཡོས་པར། ཐབས་ཀུན་རྫོབ་ཀྱི་ཆ་མི་སྤོང་བར་ཐབས་ཤེས་ཟུང་འཇུག་གི་ཚུལ་དུ་ཉམས་སུ་ལེན་པ་ཡིན་པས། རྗེ་བཙུན་གྱིས། ལམ་ཐམས་ཅད་གཅིག་ཏུ་བསྡེབས་ཏེ་སྟོན་པ་འདི་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པའི་ལུགས་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །དེས་ན་སྡོམ་གསུམ་རབ་དབྱེས། ཕྱག་རྫོགས་ཀྱི་གྲུབ་མཐའ་བཀག་གོ། ཞེས་རི་བོང་ཅལ་འདྲོག་སྨྲ་མོད། སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས། ཡན་ལག་དམ་ཚིག་དང་སྡོམ་པ་སོགས་ཚུལ་བཞིན་དུ་བསྟེན་དགོས་སོ་ཞེས་གསུངས་པ་ཙམ་ལས། ལྟ་བའི་ངོས་ནས་ཕྱག་རྫོགས་ལ་སྨད་པ་མི་སྣང་ངོ་། །གཞན་ཡང་ཁོང་གིས་སྣང་བ་སེམས་སུ་སྒྲུབ་པས་སེམས་ཙམ་དང་མཉམ། སྒྱུ་མར་བསྒྲུབ་པས་རང་རྒྱུད་འོག་མ། རང་བཞིན་མེད་པར་བསྒྲུབ་པས་རང་རྒྱུད་གོང་མ། རང་བཞིན་མེད་པ་བརྗོད་བྲལ་དུ་བསྒྲུབ་པས་གདོད་ཐལ་འགྱུར་གཉིས་སྟོང་གི་ཡེ་ཤེས་ཞེས་སོགས་བྲིས་པ་འདི་རང་ལུགས་མ་ཡིན་ཏེ། རྗེ་ཡབ་སྲས་ཀྱིས། ས་སྐྱ་པས་རྟེན་འབྲེལ་བརྗོད་བྲལ་དུ་བསྒྲུབ་པས་དབུ་མ་པ་ཡིན་ནོ་གསུངས་པ་ལ་ངོར་ཆེན་གྱིས། རང་བཞིན་མེད་པར་བསྒྲུབ་པ་ལ། རྟེན་འབྲེལ་དུ་བསྒྲུབ་པ་དང་། བརྗོད་བྲལ་དུ་བསྒྲུབ་པ་གཉིས་དབྱེ་བ་ལས། རྟེན་འབྲེལ་བརྗོད་བྲལ་དུ་བསྒྲུབ་པ་ནི་ནམ་ཡང་མིན་པར་ཤེས་པར་བྱའོ་ཞེས་གསུངས་པ་ལ། འདིས་རང་བཞིན་མེད་པའང་ད་གཟོད་བརྗོད་བྲལ་དུ་བསྒྲུབ་པ་སོགས་གོང་མའི་གསུང་ལ་བརྟག་དཔྱད་མི་བྱེད་པར་ཡིད་ལ་གང་དྲན་ཡི་གེར་བྲིས་པ་ཤིན་ཏུ་མང་བར་སྣང་ངོ་། །དེ་དག་ལ་འདི་སྐད་དུ། ཧ་ཅང་ཐལ་བའི་ཧམ་པ་ཡིས། །འཁྲུལ་མེད་རང་ལུགས་འཁྲུལ་པར་བསྒྲགས། །བློ་གྲོས་ལྡན་པའི་བློ་སྟོབས་ཀྱིས། །དེ་མ་ཐག་ཏུ་དེ་སུན་དབྱུང་། །ཞེས་ཀྱང་སྨྲས་སོ། །གསུམ་པ་རྒྱུ་རྒྱུད་ངོས་འཛིན་གྱི་དབང་གིས་ཐབས་རྒྱུད་ཀྱི་གནད་འཁྲུལ་པར་བསྟན་པ་དགག་པ་ནི། ཁོང་གིས་ཚར་ཆེན་རྡོ་རྗེ་འཆང་གིས། དཀོན་མཆོག་གསུམ་དངོས་དངོས་གྲུབ་ཀུན་གྱི་བདག །རྒྱུད་དོན་སྨྲ་མཁས་མཁས་པ་ཀུན་གྱི་རྗེ། །ཕྲིན་ལས་ལྷུན་གྲུབ་གྲུབ་དབང་རྡོ་རྗེ་འཛིན། །དམ་པའི་ཞབས་པད་པདྨོར་གཙུག་གིས་བཏུད། །ཅེས་པ་དང་། ཡོངས་རྫོགས་རྒྱལ་བའི་བསྟན་པ་བྱང་ཕྱོགས་ན། །གངས་ཀྱི་བསིལ་བའི་གདུགས་དཀར་བསིལ་ཡབ་ལ། །ས་སྐྱ་པ་ཞེས་སྙན་པའི་བ་དན་ཅན། །གང་དེའི་བདག་པོ་དེང་དུས་ཁྱོད་ཁོ་ན། །ཞེས་སོགས་དྲངས་ནས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ལ་བསྟོད་ར་ཡང་བྱས་འདུག་མོད། དཀོན་མཆོག་ལྷུན་གྲུབ་རང་ཉིད་ཀྱི་གསུང་། ཐུན་མོང་དག་ཏུ་བརྗོད་རུང་འགའ་ཙམ་ཞིག །འཆད་པར་འགྱུར་གྱིས་མཁའ་འགྲོས་སྐབས་ཕྱེ་ཞིག །ཅེས་པ་འདི་དྲངས་ནས། ལམ་འབྲས་ཚོགས་བཤད་འདི་སྒྲ་ཇི་བཞིན་མ་ཡིན་པ་དང་། ལྡེམ་པོར་དགོངས་པའི་ཆིངས་ཆེ་ཞེས་པ་དང་། གང་ཟག་དབང་པོ་ཐ་མའི་ཉམས་ལེན་ཡིན་ཞེས་དང་། དཔེ་ཧྲུལ་མང་པོ་ལ་དགོས་པ་མེད་ཅེས་པ་དང་། རྒྱུ་རྒྱུད་བློ་བྲལ་གྱི་ཡེ་ཤེས་ངོས་ཟིན་ནས། རྣམ་ཤེས་དང་བཅས་པའི་ཐབས་ཀྱི་ཆ་ཐམས་ཅད་སྤངས་ཏེ། བླ་མའི་མོས་གུས་ཀྱི་སྒོ་ནས་གྲོལ་བ་འདི་གང་ཟག་དབང་པོ་རབ་ཀྱི་ཆོས་ཡིན་པས་ཉམས་ལེན་གྱི་སྙིང་པོ་འདི་ཁོ་ན་ལ་འབད་དགོས་ཞེས་དང་། དེར་མ་ཟད་ཁོང་གིས། སེམས་དང་སེམས་ཉིད་ཀྱི་དབྱེ་བ་སྟོན་པའི་བསྟན་བཅོས་ཞིག་ཀྱང་བྱས་འདུག་པ་དེའི་ནང་ན། སེམས་ཞེས་པ་རྣམ་ཤེས་ཚོགས་བརྒྱད་ཡིན་ལ། དེ་ཆོས་དབྱིངས་ཀྱི་སྒྲིབ་བྱེད་སྙིགས་མའི་ཆ་ཡིན་ལ། ཡེ་ཤེས་ཞེས་པ་སེམས་ཉིད་ཆོས་དབྱིངས་མཐར་ཐུག་དྭངས་མའི་ཆ་ཡིན་པས། འདིའི་དྭངས་སྙིགས་མ་ཕྱེ་ན་ཇི་ལྟར་བསྒོམ་ཀྱང་གཟུང་འཛིན་འཁྲུལ་པ་ལས་མི་འདའ་ཞེས་སོགས་མང་པོ་ཞིག་བྲིས་འདུག་པ་ལ། སེམས་དང་སེམས་ཉིད་ཀྱི་དབྱེ་བ་འདི་ས་སྐྱ་པས་རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བ་བྱས་པ་དང་གནད་མཐུན་ན་སྔར་མ་གྲགས་པ་ཙམ་མ་གཏོགས་དོན་ལ་མི་འགལ་མོད། ཁོང་གིས་སེམས་དང་སེམས་ཉིད་ཀྱི་དབྱེ་བ་འདི་རྫོགས་ཆེན་གྱི་སེམས་རིག་ཕྱེ་ཚུལ་དང་གནད་གཅིག་པར་འདུག་པས། མཐར་ཐུག་གི་དགོངས་པ་མི་འགལ་ཡང་། ལམ་ཉམས་སུ་ལེན་པའི་དུས་སུ་གསུང་ངག་གི་གཞུང་དང་མི་འགྲིགས་ཏེ། ཁོང་གིས། ལས་དང་པོ་པས་སེམས་དང་སེམས་ཉིད་ཕྱེས་ཏེ། རྣམ་ཤེས་ཚོགས་བརྒྱད་ཀྱིས་མ་གོས་པའི་ཉམས་ལེན་ཞིག་ལ་ད་ལྟ་ནས་ཆིག་དྲིལ་དགོས་གསུངས་ཀྱིན་འདུག་ལ། ལམ་འབྲས་པས། རྣམ་ཤེས་ལམ་དུ་བྱས་ཏེ་བསྒོམ་པས་རིམ་གྱིས་དྲི་མ་དག་སྟེ། ས་བཅུ་གསུམ་པའི་ས་ཕྱེད་ལ་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་གནས་འགྱུར་བར་གསུངས་པས་མི་མཐུན་པ་ཡིན་ནོ། །ཁོང་གི་ཚིག་ཐམས་ཅད་ལ་རེ་རེ་ནས་དགག་པ་བྱས་ན་མང་བར་འགྱུར་བས། གནད་དོན་སྙིང་པོ་བརྗོད་ན། ས་སྐྱ་པ་རྣམས་ཀྱིས་སྣང་བ་སེམས་སུ་བསྒྲུབས་ཏེ་འཁོར་འདས་ཐམས་ཅད་རང་སེམས་གསལ་བའི་ཆོ་འཕྲུལ་དུ་ངོ་འཕྲོད་པའི་ཚེ། སེམས་དེའི་རང་བཞིན་གང་དུའང་མ་གྲུབ་པའི་སྟོང་པ་ཉིད་ལ་ཡིད་ཆེས་བསྐྱེད་ནས་གསལ་སྟོང་ཟུང་འཇུག་གི་ངང་ནས་སེམས་གསལ་བའི་སྟེང་དུ་ཐབས་རྒྱུད་ཀྱི་ཉམས་ལེན་གྱི་གནད་རྣམས་ཚང་བའི་ཚུལ་ལ་ངེས་ཤེས་བསྐྱེད་དེ། ཐབས་རྒྱུད་ཀྱི་མངོན་པར་རྟོགས་པ་བཅུ་གཅིག་པོ་བསྒོམ་པར་བྱེད་པ་ཡིན་ལ། ཁོང་གིས། སེམས་གསལ་བའི་ཆ་འདི་གཉུག་མའི་ཡེ་ཤེས་ཀྱི་སྒྲིབ་བྱེད་ཡིན་ཅིང་། མངོན་རྟོགས་བཅུ་གཅིག་པོ་དྲང་དོན་དགོངས་པ་ཅན་ཡིན་པས་མི་ཟབ་པ་ཡིན་པས་སྙིང་པོ་མེད་དོ་ཞེས་ཁ་ནས་མ་བཏོན་ཀྱང་། དོན་གྱིས་རྒྱུད་གསུམ་གྱི་ཉམས་ལེན་ཐམས་ཅད་ལ་ཅོ་འདྲི་བར་འདུག་པས་འདི་ལ་བརྗོད་པར་བྱ་སྟེ། དཀོན་མཆོག་ལྷུན་གྲུབ་ཀྱིས། ཐུན་མོང་དག་ཏུ་བརྗོད་རུང་གསུངས་པའི་དགོངས་པ་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྐབས་ཀྱི་ཕྱི་ནང་གི་རྟེན་འབྲེལ་གྱི་གནད་ཐུན་མོང་མ་ཡིན་པ་དང་། འཁོར་འདས་ཐུན་མོང་གི་ཆོས་བདུན་གཅིག་ཏུ་བསྲེས་ནས་ཉམས་སུ་ལེན་ཚུལ་དང་། རྒྱུད་གསུམ་རྒྱས་བཤད་ཀྱི་འཁོར་འདས་བསྲེ་བའི་ཟབ་གནད་རྣམས་དམིགས་ཁྲིད་དུ་མ་གསུངས་པ་ལ་དགོངས་པ་ཡིན་གྱིས། རྒྱུད་གསུམ་མཛེས་རྒྱན་དུ་གསུངས་པའི་ཉམས་ལེན་རྣམས་དྲང་དོན་དུ་སྟོན་བྱེད་ག་ལ་ཡིན། ཡིན་ན་མཇུག་ཏུ། ངེས་དོན་བསྟན་པའི་རྒྱན་འདི་ཁོ་བོས་བྱས། །ཞེས་དང་། འདི་ན་འཆད་པོ་གཞན་གྱིས་མ་བསླབ་པའི། །འདི་ཕྱི་བར་དོའི་ལམ་ཁྱེར་མང་མཆིས་པ། །འདི་ཀུན་དམ་པའི་དྲིན་ལས་རྙེད་པ་སྟེ། །ཞེས་ངེས་དོན་གྱི་ཟབ་གནད་ཡོད་པར་གསུངས་ཀྱི་ཟབ་གནད་མེད་པར་མ་གསུངས་པའི་ཕྱིར་རོ། །རྒྱུ་རྒྱུད་ངོས་འཛིན་གསར་དུ་བྱས་པ་ཡིས། །བརྒྱུད་པ་མཆོག་འདིའི་བཀའ་སྲོལ་ལས་འོངས་པའི། །རྒྱུད་གསུམ་ལམ་གྱི་ཉམས་ལེན་ཀུན་སྤོང་པ། །བརྒྱུད་འཛིན་འདི་ལ་སུ་ཞིག་ཡིད་རྟོན་བྱེད། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་གོང་མའི་གསུང་རབ་ཀྱི་ལུང་སྦྱོར་མཛད་པ་རང་ཉིད་ཀྱི་སྐབས་ཀྱི་བརྗོད་བྱ་དང་མི་འགྲིགས་པའི་ཚུལ་བསྟན་པ་ནི། སྤྱིར་ཁོང་གིས་གྲུབ་མཐའ་གཞན་གྱི་ཆོས་སྐད་དང་བསྲེས་ནས་རྩལ་དུ་བཏོན་ཏེ་རིགས་པའི་འུར་རྡོ་འཕངས་པ་འདི་དག་བརྒྱུད་འཛིན་ལ་འཕངས་པ་ལྟར་བྱས་སྣང་ཡང་། ཕོག་པ་རྡོ་རྗེ་འཆང་དང་བརྒྱུད་པའི་བླ་མ་སངས་རྒྱས་དངོས་དང་འདྲ་བ་དག་གི་གསུང་རབ་ཀྱི་དབུ་ལ་ཕོག་འདུག་པ་འདི་རྗེས་འཇུག་རྣམས་ཀྱིས་ཤེས་དགོས་ཏེ། དེའང་ཀུན་གཞིའི་ངོ་བོ། རིས་སམ་ཕྱོགས་སུ་མ་ཆད་པ་གསུངས་པ་དེ་སྔ་མ་རྣམས་ཀྱིས་དགེ་སྡིག་གང་གི་ཕྱོགས་སུ་མ་ལྷུང་བར་གསུངས་པ་ལ། ཁོང་གིས་ཞལ་ཕྱག་གི་རྣམ་པ་ཅན་གྱི་རིས་སམ་མཚན་མར་མ་གྲུབ་ཅེས་པ། རྩ་རྒྱུད་ཀྱི། ལྷ་སོ་སོའི་རྒྱུ་རྒྱུད་ཀྱི་དག་པ་སྟོན་བྱེད། ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །བཞིན་ལག་ཁ་དོག་གནས་པ་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས་ཞེས་པ་ལ་ཕོག་འདུག་པ་དང་། རྟེན་དཀྱིལ་འཁོར་བཞི་སོགས་ཕུང་ཁམས་སྐྱེ་མཆེད་རྣམས་རྒྱུ་རྒྱུད་དུ་མི་རུང་བར་བཤད་པ་འདི། གཉགས་མ་ལ་སོགས་པའི་གཞུང་བཤད་དང་། ངོར་ཆེན་ལ་སོགས་པའི་བརྒྱུད་འཛིན་ཐམས་ཅད་ཀྱི་གསུང་རབ་ལ་ཕོག་འདུག་པ་དང་། ལུང་རྣམས་ཀྱང་སྐབས་ཀྱི་བརྗོད་བྱ་དང་མི་འགྲིགས་པའི་ཚུལ་ནི། སེམས་ཀྱི་གསལ་ཆ་རང་བཞིན་སྟོང་པ་དང་མ་བྲལ་བ་འདི་ཀུན་གཞི་རྒྱུ་རྒྱུད་ཡིན་ཚུལ། ཀུན་མཁྱེན་ཆེན་པོས་ལམ་འབྲས་ཁོག་ཕུབ་ཏུ་རྒྱུ་མཚན་དང་བཅས་ཏེ་གསུངས་པ་ལ། སེམས་ཀྱི་གསལ་ཆ་ཀུན་གཞིར་ཁས་བླངས་ན་ཀུན་མཁྱེན་གྱི་དགོངས་པ་མིན་ཞེས་སྡོམ་སུམ་ཁ་སྐོང་གི་ལུང་དྲངས་ནས་བཤད་འདུག་པ་འདི་བརྗོད་བྱ་དང་ལུང་མི་འགྲིགས་པ་ཡིན་ནོ། །དེ་བཞིན་དུ་ངོར་ཆེན་གྱིས་རྒྱུད་གསུམ་གནོད་འཇོམས་ཀྱི་འགྲེལ་པར། སེམས་གསལ་རིག་རྒྱུན་མི་འཆད་པ་འདི་ལ་མདོ་ཕྱོགས་ནས་ཀུན་གཞི་དང་ལེན་པའི་རྣམ་ཤེས་སོགས་སུ་བཤད་ལ། སྔགས་ནས་རྒྱུའི་རྒྱུད་དང་། མྱོང་རིག་དང་། སྣང་མཆེད་ཐོབ་གསུམ་སོགས་མིང་གཞན་གྱིས་བསྟན་པ་ཡིན་ཞེས་གསུངས་པ་ལ། རང་ཉིད་ཀྱིས་སེམས་ཀྱི་གསལ་ཆ་འཁྲུལ་པ་ཡིན་པས་རིག་པའི་ཡེ་ཤེས་ཁོ་ན་རྒྱུ་རྒྱུད་དུ་འདོད་པའི་རྒྱབ་རྟེན་དུ་རྒྱུད་གསུམ་གནོད་འཇོམས་ཀྱི། དེས་ན་རྒྱུད་འདིའི་ལྷན་སྐྱེས་ནི། །བདེན་གཉིས་ཟུང་དུ་འཇུག་པའི་ཕྱིར། །ཞེས་སོགས་དྲངས་པ་འདིའང་བརྗོད་བྱ་དང་མི་འགྲིགས་པ་ཡིན་ནོ། །རང་ཉིད་ཀྱིས་སེམས་དང་རིག་པ་ཐ་དད་དུ་ཕྱེས་ནས། སེམས་ཀྱི་སྟེང་དུ་ཉམས་ལེན་བྱས་པས་ཁམས་གསུམ་ལས་མི་འདའ་བའི་སྒྲུབ་བྱེད་དུ། བདག་ཉིད་ཆེན་པོའི་གསུང་། འཇིག་རྟེན་རྣམ་རྟོག་མ་ལོག་པའི། །ཆོས་པ་བཟང་ཡང་སྲིད་རྩེ་ཡིན། །ཞེས་པ་དྲངས་པ་འདི་བརྗོད་བྱ་དང་མི་འགྲིགས་ཏེ། ཆོས་རྗེའི་དགོངས་པ་སྟོང་ཉིད་རྟོགས་པའི་བློ་དང་མི་ལྡན་ན་འཇིག་རྟེན་པའི་བསམ་གཏན་གྱིས་སྲིད་རྩེ་ལས་མི་འདའ་གསུངས་པ་ཡིན་གྱིས། སེམས་རིག་འབྱེད་པའི་རྒྱབ་བརྟེན་མ་ཡིན་པས་འདིའང་བརྗོད་བྱ་དང་མི་འགྲིགས་པ་ཡིན་ནོ། །ཡང་ཁོང་གིས་མཛད་པའི་སེམས་དང་སེམས་ཉིད་ཀྱི་དབྱེ་བ་སྟོན་པ་གསལ་བའི་མེ་ལོང་ཞེས་པ་དེ་དང་གཞུང་འདི་གཉིས་ཆར་གྱི་ནང་ན། ཆོས་ཉིད་བདེ་གཤེགས་སྙིང་པོ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་རྒྱུ་རྒྱུད་དང་སེམས་ཉིད་ཡིན་ལ། སེམས་ཀྱི་གསལ་ཆ་རྣམ་ཤེས་ཀུན་རྫོབ་རྟེན་འབྲེལ་གྱི་ཆ་རྣམས་ཀུན་རྫོབ་འཁྲུལ་པ་དང་སེམས་ཡིན་པས། འདི་གཉིས་ཐ་དད་དུ་ཕྱེ་དགོས་ཞེས་པའི་རྒྱབ་རྟེན་དུ། ཆོས་རྗེའི་གསུང་། འོན་ཀྱང་ཕྱི་ནང་རྟེན་འབྲེལ་གནད། །ད་དུང་གཞན་གྱིས་ཤེས་པ་མེད། །གླེགས་བམ་ཙམ་ལ་བརྟེན་པ་ཡི། །ལམ་འབྲས་པས་ཀྱང་འདི་མི་ཤེས། །ཞེས་པ་དྲངས་པ་འདི། གཞི་དབྱིངས་འདུས་མ་བྱས་པའི་རིག་པའི་ཡེ་ཤེས་ཁོ་ན་ཉམས་ལེན་གྱི་སྙིང་པོར་འཛིན་དགོས་ཀྱི། ཀུན་རྫོབ་འདུས་བྱས་རྟེན་འབྲེལ་གྱི་ཆོས་ལ་སྙིང་པོ་མེད་དོ། །ཞེས་འདོད་པའི་སྒྲུབ་བྱེད་དུ། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་གནད་ཆེ་ཞིང་། ཕྱི་ནང་གསང་བའི་རྟེན་འབྲེལ་གྱི་གནད་གླེགས་བམ་ཙམ་ལ་བརྟེན་པའི་ལམ་འབྲས་པས་མི་ཤེས་སོ་གསུངས་པ་བྲིས་པ་ནི་རྟེན་འབྲེལ་ལ་སྙིང་པོ་མེད་དོ་ཞེས་པའི་སྒྲུབ་བྱེད་དུ། རྟེན་འབྲེལ་གནད་དུ་ཆེའོ་ཞེས་པ་དྲངས་པ་འདི་བརྗོད་བྱ་དང་འགྲིག་གམ་མི་འགྲིག་དཔྱད་ན་རྟོགས་སླའོ། །ཡང་ས་ཆེན་གྱིས། རྣམ་པར་རྟོག་པ་ཡེ་ཤེས་ཀྱི། །དབང་དུ་གྱུར་ན་འཁོར་བ་མེད། །ཅེས་པ་བསྐྱེད་རིམ་གྱི་སྔོན་དུ་ལྟ་བ་ངོ་སྤྲོད་པའི་ཚིག་ཡིན་ཞིང་། འདི་ལ་མྱོང་བ་ཐོན་ནས་གཟོད་བསྐྱེད་རིམ་བསྒོམ་དགོས་པར་གསུངས་ལ་ལུང་འདི་མཐར་ཐུག་གི་རྟེན་འབྲེལ་བཤད་པའི་རྒྱབ་བརྟེན་དུ་དྲངས་པ་ཡང་གནས་སྐབས་ཀྱིས་མི་འགྲིགས་པ་ཡིན་ནོ། །དེར་མ་ཟད་ཀུན་གཞིའི་རྣམ་ཤེས་འདི་མ་དག་རིང་ལ་སེམས་ཉིད་རྣལ་མའི་དོན་རྟོགས་པ་མེད་དོ་ཞེས་དམ་བཅས་ནས། དེའི་རྒྱབ་རྟེན་དུ། ཆོས་རྗེའི་གསུང་། སེམས་ལ་ངོ་བོ་མ་གྲུབ་པས། །སེམས་ཀྱི་ངོ་སྤྲོད་ག་ལ་ཡོད། །ཅེས་སོགས་མང་པོ་བྲིས་འདུག་པ་བརྗོད་བྱ་དང་འགྲིགས་དཀའ་སྟེ། ཀུན་གཞི་དག་ནས་ཡེ་ཤེས་སུ་གནས་འགྱུར་མཚམས་བསྒོམ་ལམ་ས་བཅུ་གཉིས་པའི་རྗེས་སུ་སུངས་འདུག་པས། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སེམས་ངོ་འཕྲོད་པ་མེད་དོ་ཞེས་ངས་ནི་ཞུ་མི་སྤོབས་སོ། །གཞན་ཡང་ཁོང་གིས་གཞི་མེད་ཀྱི་བརྫུན་མང་པོ་བཤད་འདུག་སྟེ། ལྟ་བ་ཉམས་མྱོང་དང་ཡིད་བྱེད་ཀྱིས་མ་བསླད་པར་རིག་པའི་ཡེ་ཤེས་ཀྱི་རང་ངོ་སྐྱོང་བ་ལས། ཉམས་ལེན་གཞན་མི་དགོས་པའི་རྒྱུ་མཚན་ནི། རྗེ་བཙུན་གོང་མ་ལྔ་ཀའི་མཚན་བྲིས་ནས་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་ན་གསལ་བར་ཡོད་དོ། །ཞེས་སོགས་མང་པོ་བྲིས་འདུག་ལ། ལུགས་འདི་ལ་ཉམས་ལ་སྐྱོན་དུ་མི་མཛད་དེ། རབ་དབྱེ་ལས། འོན་ཏེ་བསྒོམ་པའི་ཉམས་མྱོང་ལ། །ཟེར་ན་ཚོགས་ལམ་ཆུང་ངུ་ནས། །མཐར་ཕྱིན་ལམ་གྱི་བར་དུ་ཡོད། །ཅེས་སོགས་གསུངས་ལ། གཞན་ཡང་གོང་མ་རྣམས་ཀྱི་གསུང་རབ་ན་རིག་པའི་ཡེ་ཤེས་སྐྱོང་བ་ལས་ཉམས་ལེན་གཞན་གཏན་ནས་མི་དགོས་སོ་ཞེས་གསུངས་པ་མེད་དོ། །དེ་བཞིན་དུ། སེམས་གསལ་བ་ལམ་དུ་བྱས་ན་སེམས་ཙམ་པ་ཡིན་ཞེས་ངོར་ཆེན་གྱིས་གསུང་ཡོད་ཅེས་སོགས་བརྫུན་མང་པོ་བྲིས་སྣང་ངོ་། །ཁོང་གིས་བསམ་བཞིན་དུ་ལམ་འབྲས་ཀྱི་དགོངས་པ་འཁྱོག་པོའི་ངག་གིས་གཞན་དུ་བཤད་པ་ཡིན་པས། དགག་པ་བྱེད་ས་མང་པོ་འདུག་རུང་། གོང་དུ་བཤད་པ་དེ་ཙམ་གྱིས་ཁོང་གི་བསྟན་བཅོས་སྙིང་པོ་མེད་པར་གོ་ནུས་པས་རེ་ཞིག་བཞག་གོ། གཅམ་བུའི་ངག་གིས་གསུང་ངག་དོན། །གཞན་དུ་བཤད་པའི་བཤད་ཡམས་འདི། །གཟུ་བོར་གནས་པས་གནས་པའི་དོན། །གསལ་བར་བྱས་འདིས་བསལ་འདིའོ། །ཞེས་ཀྱང་སྨྲས་སོ། །ལར་དེང་དུས་དབང་དང་། རིམ་གཉིས། དམ་ཚིག་དང་སྡོམ་པ་སོགས་ལ་འབད་རྩོལ་ཆེན་པོ་དགོས་སོ་བྱས་ན་རྣམ་རྟོག་ལམ་དུ་བྱེད་པར་སོང་བས་ཆོས་དེ་མི་ཟབ་སྙམ་པ་དང་། སྒོ་གསུམ་ཐ་མལ་དུ་བཞག་ནས་སྤྱོད་པ་བག་ཡངས་སུ་བྱས་ཆོག་པའི་ཆོས་ཤིག་ཡོད་ན་ཤིན་ཏུ་ཟབ་པར་འདུག་སྙམ་པ་མང་རུང་། མཉམ་པ་ཆེན་པོའི་ཡེ་ཤེས་ཀྱིས་རྒྱུད་གྲོལ་བའི་རྣལ་འབྱོར་པ་རྣམས་ཀྱི་སྒོ་གསུམ་གྱི་སྤྱོད་པ་ལ་བླང་དོར་མི་དགོས་ཀྱང་རྟོགས་པའི་གདེང་དྲོད་མེད་བཞིན་དུ་བག་མེད་ཀྱི་སྤྱོད་པ་ལ་ཞུགས་ན། རྒྱུད་ལས། གལ་ཏེ་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་གནས་ཀྱི་བར། །ཤི་བའི་འོག་ཏུ་དམྱལ་བར་འགྲོ། །ཞེས་གསུངས་པ་ལྟར་འགྲོ་བས། ཆོས་དང་གང་ཟག་ཐ་དད་དུ་མ་སོང་བའི་ཉམས་ལེན་ལ་བརྩོན་པར་བྱ་བ་ནི་ནད་ཀྱི་དོན་ཏོ། །བདག་གིས་དགེ་བའི་བཤེས་གཉེན་མང་པོའི་ཞབས་པད་བསྟེན་ཅིང་། ཁྱད་པར་དུ་གསང་བདག་རྡོ་རྗེ་སྙིང་པོ་མིའི་གཟུགས་སུ་བྱོན་པ་འཇམ་དབྱངས་བློ་གཏེར་དབང་པོ་ལས། དབང་ལུང་ཁྲིད་གསུམ་གྱི་རྒྱུན་ད་ལྟ་བཞུགས་པ་ཕལ་ཆེར་ནོས་ཤིང་། རྒྱལ་སྲས་གཞན་ཕན་སྣང་བ། རིག་འཛིན་སྣ་ཚོགས་རང་གྲོལ། ཆོས་རྗེ་བདག་ཉིད་ཆེན་པོ་འདི་གསུམ་ཀ་ལས་ཀྱང་མདོ་སྔགས་ཀྱི་ཆོས་མང་དུ་ཐོས་པས་བླ་མ་འདི་བཞི་གཙོ་བོ་ཡིན་ལ། ཐམས་ཅད་གྲུབ་ཐོབ་ཡིན་པས་ཡོན་ཏན་གྱི་ངོས་ནས་བཟང་ངན་མེད་ཀྱང་། བཀའ་དྲིན་གྱི་ངོས་ནས་ཚེ་རབས་ལས་ཀྱིས་འབྲེལ་བ་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ན་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་བ་འདི་ཉིད་ཆེ་སྟེ། མངོན་པར་རྟོགས་པ་རྒྱུད་ལ་སྐྱེས་པའི་ཚུལ་གྱིས་བསྒོམ་པའི་ཉམས་མྱོང་ཙམ་མེད་ཀྱང་བཀའ་དྲིན་ཆེ་བའི་རྒྱུ་མཚན་རང་གི་ཉམས་མྱོང་ཚད་མས་གྲུབ་པ་ཡིན་ནོ། །དོན་དེ་ཡིད་ལ་བཞག་ནས། སངས་རྒྱས་དངོས་དང་འདྲ་བའི་མཁས་གྲུབ་ཀྱི། །བླ་མ་མང་པོས་རྗེས་སུ་བཟུང་ན་ཡང་། །སྐུ་དྲིན་གཞན་དང་མཚུངས་པ་མ་མཆིས་པ། །རྗེ་བཙུན་ཐུགས་རྗེའི་གཏེར་ཆེན་ཁྱེད་ལགས་སོ། །དེ་སླད་གང་གི་བཀའ་དྲིན་དྲན་པའི་ཚེ། །མཆི་མའི་རྒྱུན་དང་ངུ་བའི་སྨྲེ་སྔགས་བཅས། །གདུང་བའི་དབྱངས་ཀྱིས་རྒྱང་ནས་གསོལ་འདེབས་པ། །ཉམ་ཐག་བྱིས་པས་ཕ་མ་འབོད་པ་འདྲ། །ཞེས་རང་ཉིད་ཀྱིས་སྔར་སྨྲས་པ་ཡིན་ནོ། །འོ་ན་ཁྱོད་གསུང་ངག་གི་ཆོས་ཚུལ་འདི་ལ་ཕས་རྒོལ་འབུམ་གྱིས་འཕྲོག་པར་མི་ནུས་པའི་ཡིད་ཆེས་ཡོད་ཚུལ་བྲིས་པ་འདི་ངེས་པར་ཁྱོད་ལ་ཡོད་དམ་ཞེ་ན། བཤད་པར་བྱ་སྟེ་ལམ་འདིའི་གཞི་བཅའ་སྣང་བ་གསུམ་གྱིས་བྱེད་པར་སྣང་ལ། དེ་བཞིན་བྱས་ཚེ་སྲིད་པའི་རྩེ་མོ་མན་ཆད་ཀྱི་འཁོར་བའི་གནས་རྣམས་སྡུག་བསྔལ་གསུམ་གྱི་རང་བཞིན་དུ་ཐག་ཆོད་པས་བཅོས་མ་མ་ཡིན་པའི་ངེས་འབྱུང་གིས་ཀུན་ནས་བསླངས་ཏེ། བྱམས་སྙིང་རྗེ་དང་། བདེན་གཉིས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལམ་འདིའི་ཉམས་ལེན་ཡིན་ཞིང་། ཁྱད་པར་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལ་བརྟེན་ནས་མཛད་པར་འདུག་པས་འདི་ཚུལ་བཞིན་དུ་རྒྱུད་ལ་འབྱོར་ན་ལམ་གྱི་གོལ་ས་ཞེན་པའི་འཆིང་བ་བཞི་དང་བྲལ་ནས། བདག་མེད་པའི་གནས་ལུགས་ལ་ངེས་པ་རྙེད་ནས། སྟོང་རྟེན་འབྱུང་འགལ་མེད་དུ་ཉམས་སུ་ལེན་ཤེས་པ་ཞིག་འབྱུང་སྟེ། དེ་ཙམ་བྱུང་ནའང་དུས་སྙིགས་མའི་དུས་འདིར་དལ་འབྱོར་དོན་ཡོད་བྱས་པ་མ་ཡིན་ནམ། དེང་སང་མཉམ་པ་ཆེན་པོས་རྒྱུད་གྲོལ་བའི་རྣལ་འབྱོར་པར་ཁས་ལེན་ཅིང་། གང་ཟག་གི་བདག་མེད་བསྒོམ་མི་ཤེས་པ་རེ་ཟུང་སྣང་བ་ལམ་གྱི་གཞི་བཅའ་འཕྱུག་པས་ལན་པ་ཡིན་ནམ་སྙམ་མོ། །དངོས་གཞི་རྒྱུད་གསུམ་གྱི་ཉམས་ལེན་ལ། ལམ་གྱི་རྩ་བ་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པའི་སྨིན་བྱེད་ཀྱི་དབང་བསྐུར་བླ་མ་མཚན་ཉིད་དང་ལྡན་པ་ལས་ཚུལ་བཞིན་དུ་ཐོབ་ནས། དེ་ནས་བསགས་སྦྱངས་ཀྱིས་རྒྱུད་སྦྱངས་ཏེ་ལྟ་བ་འཁོར་འདས་དབྱེར་མེད་བསྒོམ་པར་བྱེད་པ་ཡིན་ལ། འདིའི་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱིས་ཕྱི་ནང་གི་རྟེན་འབྲེལ་གྱི་གནད་ལ་གོ་བ་ལེགས་པོ་ཞིག་རྙེད་ཚེ་འཁོར་འདས་ཕྱི་རོལ་དུ་འཛིན་པའི་རེ་དོགས་ཀྱི་སྤྲོས་པ་ཆོད་ནས། རྟེན་འབྲེལ་ཐམས་ཅད་ནང་ནས་སྐྱེ་བར་ཤེས། དེའི་དུས་སུ་སྐྱོན་ཡོན་ཏན་དུ་སློང་ཤེས་ཤིང་། བར་ཆད་དངོས་གྲུབ་ཏུ་ལེན་ཤེས། གཅིག་ཤེས་པས་མང་པོ་ཤེས་པ་ལ་སོགས་པ་ལམ་འདིའི་ཆེ་བ་བརྗོད་པའི་མཚན་གྱི་རྣམ་གྲངས་རྣམས་འདི་དང་འདི་ལྟ་བུ་ཡིན་པར་འདུག་སྙམ་དུ་ཡིད་ཆེས་ནང་ནས་སྐྱེ་བ་ཞིག་འབྱུང་བར་གསུངས་སོ། །དེ་བཞིན་དུ་འཁོར་འདས་ཐུན་མོང་གི་ཆོས་བདུན་གཅིག་ཏུ་བསྲེས་ནས་ཉམས་སུ་ལེན་ཚུལ་སོགས་འཁོར་འདས་བསྲེ་བའི་ཟབ་གནད་རྣམས་དང་། ཀུན་གཞི་རྒྱུ་རྒྱུད་ལ་འཁོར་བའི་ཆོས་ཐམས་ཅད་མཚན་ཉིད་ཀྱི་ཚུལ་དང་། ལམ་གྱི་ཆོས་ཡོན་ཏན་གྱི་ཚུལ་དང་། འབྲས་བུའི་ཆོས་ནུས་མཐུའི་ཚུལ་དུ་ཚང་གསུངས་པའི། ཉམས་ལེན་རྒྱུད་ལ་སྦྱོར་ཤེས་ཚེ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ཉམས་ལེན་སྡོམ་པ་གསུམ་ལ་སོགས་པ་ཐམས་ཅད་སེམས་རིག་པ་སྐད་ཅིག་མའི་སྟེང་དུ་དྲིལ་ཤེས་པ་ཞིག་འབྱུང་བ་ཡིན་ལ། དེ་ལྟར་བྱུང་ཚེ། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་དང་། དེའི་དགོངས་འགྲེལ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་རྣམས་དང་། བསླབ་བཏུས། སྤྱོད་འཇུག །བྱམས་ཆོས་ལྔ། བསྒོམ་རིམ་ཐོག་མཐའ་བར་གསུམ་སོགས་ནས་གསུངས་པའི་རྒྱ་ཆེན་སྤྱོད་པའི་ཉམས་ལེན་བསླབ་པ་གསུམ་དང་། རྣམ་ཐར་སྒོ་གསུམ། བདེན་པ་བཞི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན། འཁོར་གསུམ་ཡོངས་དག་གི་ཤེས་རབ། སྦྱོར་དངོས་རྗེས་གསུམ་གྱི་དམ་པ་གསུམ། ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་དྲུག་དྲུག་ཚང་བ་སོགས་ཀྱི་ཉམས་ལེན་ཐམས་ཅད་རང་གི་ཉམས་ལེན་ལ་ཚང་བར་རྟོགས་ཤིང་། དེར་མ་ཟད། རྒྱུད་སྡེ་བཞིའི་ཉམས་ལེན་ཐམས་ཅད་ཚང་བ་དང་། དབང་བཞིའི་ལམ་གྱི་ཟབ་གནད་རྣམས་དུས་གཅིག་ལ་བསྒོམ་ཤེས་པ་སོགས་འབྱུང་ལ། དེའི་དུས་སུ་ལམ་འདི་ལྟ་བུ་དང་འཕྲད་ན་འབྲས་བུའི་ཆོས་ཐམས་ཅད་ནུས་མཐུའི་ཚུལ་དུ་ཚང་ཚུལ་ལའང་སྙིང་ནས་ཡིད་ཆེས་སྐྱེས་ཏེ་ཆོས་ཟབ་མོ་འདིའི་སྒོ་ནས་ཚོགས་རྫོགས་པ་དང་སྒྲིབ་པ་སྦྱངས་པ་ལ་དཀའ་ལས་ཅི་ཡོད། ཆོས་གཞན་ཡུན་དུ་བསྒོམ་པ་བས། ཆོས་འདིའི་ཉམས་ལེན་ཐུན་གཅིག་རང་ཟབ་པར་འདུག་སྙམ་དུ་མཐོང་ཤིང་། སློབ་དཔོན་ཀ་མ་ལ་ཤཱི་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང་། རྗེ་བཙུན་གོང་མས། མདོ་སྡེ་དང་རྒྱུད་སྡེ་མ་ལུས་པའི་དོན་གྱི་བཅུད་ཕྱུང་བ་གསུངས་པ་དེ་ཚིག་ཙམ་གྱི་ཆེ་བརྗོད་མིན་པར་གོ་ནས། ལས་ངན་གྱི་རྒྱ་མཚོ་བརྡོལ་བའི་བླུན་པོ་བདག་ལྟ་བུ་ལའང་མི་འཕྲོག་པའི་ཡིད་ཆེས་མི་སྐྱེ་བའི་རང་བང་མ་བྱུང་བ་ལགས་སོ། །སླར་སྨྲས་པ། བླ་མའི་ཐུགས་རྗེའི་ཚ་ཟེར་གྱིས་བྲན་པས། །རྨོངས་པའི་སྦུབས་ཆུད་བདག་བློའི་ཆུ་སྐྱེས་ཀྱང་། །ཅུང་ཟད་འཛུམ་པའི་སྐལ་པ་མཆོག་སྩོལ་བ། །འདྲེན་མཆོག་ཉིན་བྱེད་དབང་པོ་གཙུག་ན་རྒྱལ། །གང་གི་ཞབས་པད་གུས་པས་ལེགས་བསྟེན་པས། །གཞུང་བཟང་འདི་ལ་ཡིད་ཆེས་མི་དམན་ཡང་། །བསྒོམ་པའི་ཉམས་མྱོང་ད་དུང་མ་སྐྱེས་པས། །ཀྱི་ཧུད་བདག་གི་ཡིད་ནི་གདུང་བར་གྱུར། །འོན་ཀྱང་རྟོག་གེས་སྤྱོད་ཡུལ་མ་ཡིན་པའི། །གཞི་ལམ་འབྲས་བུའི་གསང་བ་ཟླ་མེད་པ། །ཆ་ཙམ་རྟོགས་ནས་ཕྱོགས་ཙམ་ཕྱེས་པ་ལ། །ནོངས་པ་མཆིས་ན་འཆོས་པར་མཛད་དུ་གསོལ། །རབ་གུས་དད་པའི་ཆུ་གཏེར་ལས་འོངས་པའི། །ལེགས་བཤད་མེ་ཏོག་གསར་པའི་ཆུན་པོ་འདི། །རྗེ་བཙུན་བླ་མ་མཉེས་པའི་མཆོད་སྤྲིན་ཡིན། །ཐུགས་བརྩེས་བདག་གིར་བཞེས་པར་མཛད་དུ་གསོལ། །རྣམ་དཀར་དགེ་དེས་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་ཁྱེད་ཀྱི་བྲན་དུ་སྐྱེ་བ་དང་། །རྒྱལ་བ་དགྱེས་པའི་ལམ་བཟང་འདི་ཉིད་ལ། །ཉན་འཆད་བསྒོམ་པའི་སྐལ་བ་ཡོད་པར་ཤོག །ཆོས་འདིའི་ཟབ་གནད་བསམ་གྱིས་མི་ཁྱབ་པ། །ཀུན་རྨོངས་བདག་གི་སྤྱོད་ཡུལ་མ་ལགས་མོད། །བླ་མའི་དྲིན་གྱིས་ཕྱོགས་ཙམ་མཐོང་བས་ཀྱང་། །མོས་གུས་སྤྲོ་བ་དབྱར་མཚོའི་རྗེས་སུ་སོང་། །ཤིན་ཏུ་རྒུད་པའི་དུས་ངན་འདིར་སྐྱེས་ཀྱང་། །ཆོས་དང་བླ་མ་འདི་འདྲར་འཕྲད་པ་ནི། །སྔོན་གྱི་ལེགས་བྱས་སྐལ་བ་མི་དམན་པས། །བདག་གི་ཡིད་ལ་རབ་དགའི་ངལ་གསོ་ཐོབ། །རྒྱལ་བ་ཀུན་གྱི་བགྲོད་པའི་ལམ་བཟང་འདི། །སྔོན་ཚེ་ཤིན་ཏུ་དར་བར་གྱུར་ན་ཡང་། །ད་ནི་ས་སྐྱའི་བསྟན་པ་ཉམས་དམས་པས། །གླེགས་བམ་ཙམ་ལ་གུས་པར་བྱེད་པའང་ཉུང་། །གང་ཞིག་རྙེད་ན་དགོས་འདོད་ཀུན་འབྱུང་བའི། །ཟབ་ཆོས་རིན་ཐང་མེད་པའི་ནོར་བུ་འདི། །འབྱོར་ལྡན་ཆེན་པོའི་ཕྱག་ཏུ་མ་བབས་པར། །སྤྲང་པོ་བདག་གི་སྐལ་བའི་དབང་ལས་རྙེད། །ལྷ་དང་བླ་མའི་བྱིན་རླབས་ལ་བརྟེན་ནས། །ཉམས་ཆུང་རི་སུལ་ཉུལ་བའི་སྤྲང་པོ་ལ། །ལེགས་བཤད་ཡོད་མོད་སྲིན་བུའི་འོད་སྣང་འདིས། །བསྟན་དང་འགྲོ་ལ་ཕན་པའི་གོ་སྐབས་དཀའ། །གང་ཞིག་རྟག་ཏུ་དམན་པའི་ས་བཟུང་ནས། །ཟབ་དོན་ཁོང་ན་ཉལ་བ་ཀུན་དགའི་རྔ། །བླ་མའི་གསུང་གི་དབྱུག་གུས་བསྐུལ་བ་ལས། །ལེགས་པར་བཤད་པའི་སྒྲ་འདི་གྲགས་པར་གྱུར། །མཚུངས་བྲལ་གྲུབ་པའི་དབང་ཕྱུག་ས་སྐྱ་པའི། །དྲི་མེད་རང་ལུགས་གསུང་ངག་གདམས་པ་འདི། །ཐུབ་གསུང་མདོ་རྒྱུད་རྒྱ་མཚོ་ལས་འོངས་པའི། །མཆོག་ཐུན་དངོས་གྲུབ་སྩོལ་བའི་ནོར་བུ་ཡིན། །དེ་སླད་དམ་པའི་སྐྱེས་བུ་མཆོག་རྣམས་ཀྱི། །རྒྱལ་ཚབ་བསྟན་པའི་ཁུར་ཆེན་ཁྱེར་བ་རྣམས། །ཕ་ཆོས་ཡིད་བཞིན་ནོོར་བུ་འདི་བླང་ནས། །དོན་གཉེར་སློབ་མའི་རེ་བ་སྐོང་འཚལ་ལོ། །ཆོས་འདི་མདོ་སྔགས་གཉིས་ཀྱི་ཟབ་གནད་ཀུན། །གང་ཟག་གཅིག་གི་ཉམས་ལེན་མངོན་རྟོགས་ལ། །བསྡུས་ཏེ་སྦྱོར་བའི་མན་ངག་ཡིན་པའི་ཕྱིར། །འབད་པ་ཆུང་ངུས་འདི་དོན་རྟོགས་པར་དཀའ། །ཀྱེ་ཧོ་གྲོགས་དག་བརྩོན་པའི་སྟོབས་བསྐྱེད་ལ། །དུས་གསུམ་རྒྱལ་བའི་ལམ་སྲོལ་རྨ་མེད་པའི། །གཞུང་བཟང་འདི་ལ་གུས་པར་མཛོད་ཅིག་དང་། །ཡང་དག་ལམ་བཟང་ཁྱེད་ཀྱིས་རྙེད་པར་འགྱུར། །ད་ནི་མི་ཚེའི་ལྷག་མ་ཅི་ཡོད་ལ། །རྣམ་གཡེངས་སྤངས་ཏེ་གཅིག་ཏུ་ཉམས་ལེན་ལ། །བརྩོན་པའི་སྐལ་བཟང་མྱུར་དུ་འབྱུང་བར་ནི། །ཕ་གཅིག་བླ་མས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །རྒྱལ་བ་ཀུན་གྱི་དམ་ཆོས་ཛོད་བཟུང་ནས། །ཕ་མས་གཙོ་བྱས་འགྲོ་རྣམས་སྲིད་མཚོ་ལས། །འདྲེན་པའི་དེད་དཔོན་བདག་གིས་བྱེད་པར་ཤོག །དམ་པ་གོང་མས་ཆོས་ལ་གཅེས་སྤྲས་ཀྱིས། །སྙན་བརྒྱུད་སྦས་པའི་དགོངས་དོན་གསལ་བའི་ཕྱིར། །ཅུང་ཟད་སྨྲས་མོད་ཆོས་འདིའི་ཟབ་པའི་གནད། །མང་པོ་ད་དུང་བདག་གིས་ཡོད་པར་ཤེས། །མཐོང་ཐོས་བསྲུང་བའི་སྐལ་བ་རྙེད་གྱུར་ཀྱང་། །སྤྱོད་དང་སྦྱིན་པའི་རང་དབང་མ་ཐོབ་པ། །ཕྱུག་པོའི་བྲན་བཞིན་སེམས་ཀྱི་ཁུར་ལྕི་བ། །ཆོས་འདི་ཉམས་སུ་མ་ལོན་ང་རེ་འགྱོད། །དེ་ལྟ་ན་ཡང་བསྐལ་མང་རྙེད་དཀའ་ཞིང་། །ཚེ་གཅིག་སངས་རྒྱས་སྟེར་བའི་ལམ་བཟང་པོ། །གསང་ཆེན་གདམས་པའི་བདུད་རྩི་འདི་སྦྱིན་པའི། །འཇམ་མགོན་བླ་མའི་ཞབས་ལ་ཕྱག་གྱིའོ། །ཞེས་གསུང་ངག་རིན་པོ་ཆེའི་སྐབས་སུ་ཉེ་བར་མཁོ་བ་ཀུན་གཞིའི་ངོས་འཛིན་དང་རྣམ་ཤེས་དང་ཡེ་ཤེས་འབྱེད་ཚུལ་བསྟན་པ་ལེགས་བཤད་ལྷ་ཡི་རྔ་ཆེན་ཞེས་བྱ་བ་འདི་ནི། འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་སྐྱ་པ་བརྩེ་བ་ཆེན་པོ་ཡབ་སྲས་བརྒྱུད་པའི་གསུང་རབ་དང་བཅས་པ་ལ་ཤེས་ནས་དད་པ་ཐོབ་པས་ཆོས་འདིའི་རིགས་སུ་སྐྱེས་པ་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་དབེན་པའི་ཡོན་ཏན་མ་ཚང་བ་མེད་པས་བརྒྱན་པའི་འཆི་མེད་གྲུབ་པའི་ནགས་ཁྲོད་དུ་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་མཆེད་པོ་ཀུན་བཟང་ཆོས་ཀྱི་ཉི་མས་གུས་པས་བགྱིས་པའོ།། །།དགེའོ། །དགེའོ། །དགེའོ། །

གསུང་ངག་ལམ་གྱི་རིམ་པའི་སྨོན་ལམ་དངོས་གྲུབ་ཉིན་བྱེད་འདྲེན་པའི་ཤིང་རྟ།

ན་མོ་གུ་རུ་བྷྱཿའགྲོ་བ་ཀུན་གྱི་འདྲེན་མཆོག་བླ་ན་མེད། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །སྐྱབས་གནས་ཀུན་འདུས་བླ་མའི་ཞབས་ལ་འདུད། །མཚུངས་མེད་བརྒྱུད་པའི་བཀའ་སྲོལ་ལས་འོངས་པའི། །སྨིན་གྲོལ་གདམས་པའི་བདུད་རྩིའི་རྒྱུན་བཟང་གིས། །སྐལ་ལྡན་གདུལ་བྱའི་རེ་བ་སྐོང་མཛད་པ། །བློ་གྲོས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །གསང་བདག་རྡོ་རྗེ་སྙིང་པོའི་སྤྲུལ་པའི་གར། །ངུར་སྨྲིག་བླ་གོས་འཆང་བའི་བརྟུལ་ཞུགས་ཅན། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་འཇམ་པའི་དབྱངས། །བློ་གཏེར་དབང་པོའི་ཞབས་ལ་གསོལ་བ་འདེབས། །གདོད་ནས་རྫོགས་པའི་སངས་རྒྱས་བརྙེས་ན་ཡང་། །བདག་སོགས་དུས་མཐའི་གདུལ་བྱའི་དོན་སླད་དུ། །སུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ། །ངག་དབང་ལེགས་པའི་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་བླ་མའི་རྣམ་འཕྲུལ་ཆོས་ཀྱི་རྗེ། །མ་ལུས་ཤེས་བྱ་ཀུན་མཁྱེན་པཎྜི་ཏ། །ཡོངས་རྫོགས་བསྟན་པའི་བདག་པོ་རྒྱལ་བའི་སྲས། །གཞན་ཕན་སྣང་བའི་ཞབས་ལ་གསོལ་བ་འདེབས། །རིག་འཛིན་ཆེན་པོ་པདྨའི་རྒྱལ་ཚབ་མཆོག །སྣང་བཞིའི་ཡེ་ཤེས་མཐར་སོན་གྲུབ་པའི་རྗེ། །སྣ་ཚོགས་རང་སར་གྲོལ་བའི་རྣལ་འབྱོར་པ། །དཔའ་བོ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །མ་ཉམས་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས། །གཞན་ཕན་བྱང་ཆུབ་སེམས་ཀྱི་ནོར་གྱིས་ཕྱུག །ཡུན་རིང་དྲིན་གྱིས་སྐྱོང་མཛད་དགེ་བའི་བཤེས། །བསྟན་འཛིན་དབང་གྲུབ་ཞབས་ལ་གསོལ་བ་འདེབས། །ཆོས་བརྒྱད་ཚེ་འདིའི་ཞེན་པ་རིང་དུ་སྤངས། །ཟབ་མོ་དབུ་མའི་དེ་ཉིད་ཐུགས་སུ་ཆུད། །རླབས་ཆེན་གཞན་ཕན་སྤྱོད་པས་དུས་འདའ་བ། །འཇམ་དབྱངས་སྙན་གྲགས་ཞབས་ལ་གསོལ་བ་འདེབས། །འཇམ་དཔལ་དཔའ་བོའི་བྱིན་རླབས་སྙིང་ལ་ཞུགས། །རྣམ་མང་རྒྱུད་སྡེའི་བསྙེན་སྒྲུབ་མཐའ་རུ་ཕྱིན། །སྨིན་གྲོལ་གདམས་པའི་གཏེར་མཛོད་ཆོས་ཀྱི་རྗེ། །མཁས་གྲུབ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །རབ་འབྱམས་རྒྱལ་བའི་ཡེ་ཤེས་འཇམ་པའི་དབྱངས། །ངུར་སྨྲིག་གར་གྱིས་རོལ་པ་མཁྱེན་བརྩེའི་རྗེའི། །གསང་གསུམ་ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་བ། །ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས། །མདོར་ན་འདྲེན་མཆོག་མ་ཏིའི་མཚན་ཅན་སོགས། །ཟབ་མོའི་ཆོས་ཀྱི་བཀའ་དྲིན་ཐོབ་པ་ཡི། །བཅུ་ཕྲག་གཉིས་ཀྱི་ཡོངས་འཛིན་དམ་པ་ལ། །སྙིང་ནས་དད་པའི་ཡིད་ཀྱིས་གསོལ་བ་འདེབས། །སྣ་ཚོགས་ཆབ་ཀྱི་རྐྱེན་ལས་ཟླ་གཟུགས་བཞིན། །གདུལ་བྱའི་དབང་གིས་རྣམ་འགྱུར་ཐ་དད་ཀྱང་། །ངོ་བོ་སངས་རྒྱས་ཉིད་དུ་གཅིག་པ་ཡི། །རྗེ་བཙུན་བླ་མ་རྣམས་ལ་གསོལ་བ་འདེབས། །མཁས་གྲུབ་བརྒྱུད་པའི་བྱིན་རླབས་བདུད་རྩིའི་རྒྱུན། །མ་ཉམས་གང་ཐུགས་རྒྱ་མཚོར་གནས་བཅས་པའི། །འདྲེན་པ་ཀུན་འདུས་དཔལ་མགོན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མ་ལུས་རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེ། །རབ་འབྱམས་ཡི་དམ་དཀྱིལ་འཁོར་ཀུན་གྱི་གཙོ། །དངོས་གྲུབ་འབྱུང་གནས་དཔལ་མགོན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རང་དོན་ཆོས་སྐུའི་དགོངས་པ་མངོན་དུ་གྱུར། །གཞན་དོན་གཟུགས་སྐུའི་སྣང་བ་འགྲོ་ལ་སྟོན། །སངས་རྒྱས་ཀུན་དངོས་དཔལ་མགོན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཐའ་ཡས་ཤེས་བྱའི་དེ་ཉིད་ཐུགས་སུ་ཆུད། །ཟབ་རྒྱས་ཆོས་ཕུང་རྒྱ་མཚོ་འབྱུང་བའི་གནས། །ལུང་རྟོགས་ཡོན་ཏན་དབང་ཕྱུག་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉོན་མོངས་དགྲ་བཏུལ་སྲིད་ལ་རྒྱབ་ཀྱིས་ཕྱོགས། །གཞན་ཕན་སེམས་འབྱོངས་འགྲོ་ལ་བུ་ལྟར་བརྩེ། །གདན་གསུམ་ཚང་བའི་དཀྱིལ་འཁོར་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདུད་སྡེའི་མུན་འཇོམས་ཐུབ་བསྟན་པདྨོའི་ཚལ། །སྐྱོང་མཁས་ཕྲིན་ལས་རྣམ་བཞིའི་ཚ་ཟེར་ཅན། །དམ་ཅན་རྒྱ་མཚོའི་ངོ་བོ་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཡོ་མེད་དད་པའི་རྒྱལ་མཚན་རྩེར་མཆོད་ན། །ཕུན་ཚོགས་འདོད་རྒུའི་ནོར་བུའི་གྲུ་ཆར་གྱིས། །སྲིད་ཞིའི་ཕོངས་པ་སེལ་མཛད་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁའ་ཁྱབ་སྐྱབས་གནས་རྒྱ་མཚོ་སྤྲོ་བའི་བདག །སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་། །བརྟན་གཡོ་ཀུན་ཁྱབ་འཁོར་ལོའི་མགོན་པོ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདུད་དང་ཉོན་མོངས་སྡུག་བསྔལ་ལ་སོགས་པ། །བཙལ་ན་རང་ལས་གཞན་དུ་མི་རྙེད་པས། །སེམས་སྣང་འཁྲུལ་པའི་འཇིགས་པ་འདི་མཐོང་ནས། །རྗེ་བཙུན་བླ་མ་འབོད་དོ་ཐུགས་རྗེས་གཟིགས། །ཀུན་རྟོག་ཉོན་མོངས་རགས་ཤིང་དྲན་ཤེས་མེད། །རང་སྐྱོན་སྤོང་བར་འདོད་ཀྱང་གཉེན་པོ་ཆུང་། །ལས་ངན་རང་གི་སྡུག་བསྔལ་མ་བཟོད་ནས། །རྗེ་བཙུན་བླ་མར་སྙིང་ནས་གསོལ་བ་འདེབས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །བླ་མ་མཆོག་ལས་སྐྱབས་གཞན་མ་མཆིས་པས། །རྟག་ཏུ་མི་བརྗེད་དྲན་པའི་གདུང་ཤུགས་ཀྱིས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྔོན་ཆད་རང་གིས་ཉེས་པར་སྤྱད་པ་ཡི། །རྒྱལ་བའི་ཕྲིན་ལས་སྣོད་དུ་མ་གྱུར་པའི། །ལས་ངན་བདག་གི་བློ་སྣ་བསྟུང་ནས་ནི། །སྒོ་གསུམ་ཆོས་ལ་འཇུག་པར་བྱིན་གྱིས་རློབས། །སྔོན་གྱི་ལས་དང་རྐྱེན་ལས་བྱུང་བ་ཡི། །མི་དང་མི་མིན་འབྱུང་པོའི་གནོད་པ་སོགས། །ལུས་སྲོག་དགེ་ལ་བར་དུ་གཅོད་པ་ཡི། །ཉེར་འཚེ་ཐམས་ཅད་ཞི་བར་བྱིན་གྱིས་རློབས། །ལུང་རྟོགས་ཡོན་ཏན་རྒྱུད་ལ་སྐྱེ་བའི་གེགས། །གནས་གྲོགས་ལོངས་སྤྱོད་ངན་པའི་རྐྱེན་དབང་སོགས། །ཕྱི་ནང་གསང་བའི་བདུད་ལས་མ་ལུས་པ། །ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས། །ལུས་སེམས་ཟུག་རྔུའི་རྒྱུ་རུ་གྱུར་པ་ཡི། །གནས་གོས་ཟས་དང་གནོད་བྱེད་གདོན་བགེགས་དང་། །དམ་ཚིག་ཉམས་པའི་དྲི་མ་ལ་སོགས་པས། །ནམ་ཡང་གོས་པ་མེད་པར་བྱིན་གྱིས་རློབས། །འཁྲུལ་སྣང་སྡུག་བསྔལ་ཀུན་གྱིས་མི་བརྫི་བའི། །འཇིགས་མེད་དགོངས་པའི་བཙན་ས་མ་ཟིན་བར། །དུས་མིན་འཆི་བའི་འཇིགས་པ་ཀུན་བསལ་ནས། །ཚེ་སྲོག་རིང་དུ་འཚོ་བར་བྱིན་གྱིས་རློབས། །རྨོངས་པས་བསླུས་པའི་ཉོན་མོངས་ཡན་པ་ཤོར། །བག་མེད་དབང་གིས་སྒོ་གསུམ་མ་བསྡམས་པས། །ཐོག་མེད་དུས་ནས་བདག་གིས་བསགས་པ་ཡི། །ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །གཞི་མེད་བདག་ཏུ་བཟུང་བའི་མ་རིག་ལས། །གཉིས་འཛིན་ཆགས་སྡང་འཁྲུལ་པའི་བློ་བྱུང་བ། །མི་ཟད་སྲིད་པའི་ཕུང་ཁྲོལ་ཀུན་གྱི་རྒྱུ། །ཉོན་མོངས་རང་མཚང་རིག་པར་བྱིན་གྱིས་རློབས། །མེད་སྣང་སྨིག་སྒྱུའི་ཆུ་བོའི་རྗེས་བསྙེགས་པའི། །ཀུན་རྟོག་འཁྲུལ་པའི་ངལ་ཁུར་མི་ལེན་པར། །འགྲུབ་མེད་བསམ་པའི་མཐའ་རྒྱ་བསྐྱུངས་ནས་ནི། །སེམས་ཉིད་ལས་སུ་རུང་བར་བྱིན་གྱིས་རློབས། །འཛེམ་མེད་མུ་ཅོར་སྨྲ་བའི་ངང་ཚུལ་འདི། །རྣམ་གཡེང་ཉོན་མོངས་བསྐྱེད་པའི་རྒྱུར་ཤེས་ནས། །རང་དང་གཞན་ལ་ཕན་ངེས་མ་གཏོགས་པའི། །འབྲས་མེད་སྨྲ་བརྗོད་ཉུང་བར་བྱིན་གྱིས་རློབས། །བག་མེད་ལང་ལ་ཤོར་བའི་སྒོ་གསུམ་པོ། །རྒྱུན་དུ་ཡང་དག་ལམ་ལ་སྐུལ་བྱེད་པའི། །དྲན་ཤེས་བཟང་པོའི་སེམས་ཀྱི་སྲུང་མ་དང་། །ནམ་ཡང་འབྲལ་བ་མེད་པར་བྱིན་གྱིས་རློབས། །རྐྱེན་ངན་བདུད་ཀྱིས་ཁྱེར་རམ་གཡེང་བས་བསླུས། །ཆོས་མིན་རྟོག་པ་སྐྱེས་ཚེ་དེ་མ་ཐག །བླ་མའི་སྣང་བ་ཤར་ནས་བདག་གི་བློ། །ཡང་དག་ལམ་ལ་གནས་པར་བྱིན་གྱིས་རློབས། །འདོད་ཡོན་སྒྱུ་མའི་ནོར་ལ་མི་ཆགས་ཤིང་། །ཆོག་ཤེས་འཕགས་པའི་འབྱོར་པ་དང་ལྡན་པས། །ཐུབ་པ་དགྱེས་པའི་སྤྱོད་པ་ལ་གནས་ཏེ། །ཚེ་འདིའི་བྱ་བ་སྤོང་བར་བྱིན་གྱིས་རློབས། །རང་བཞིན་མགུ་དཀའ་བྱས་ལ་དྲིན་མི་གཟོ། །བརྟེན་ན་བསླུ་བ་སྲིན་མོའི་ངང་ཚུལ་ཅན། །བློ་གཏད་མེད་པའི་སྙིགས་མའི་གྲོགས་སྤངས་ནས། །བསེ་རུའི་རྣམ་ཐར་འཛིན་པར་བྱིན་གྱིས་རློབས། །གཞན་དབང་འདུ་འཛིའི་འཆིང་བ་ལས་ཐར་ནས། །ཆགས་དང་སྡང་བའི་གཏམ་ཡང་མི་ཐོས་ཤིང་། །རང་བཞིན་ཉམས་དགའ་རྒྱལ་བས་བསྔགས་པ་ཡི། །དབེན་པའི་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཕྱི་དང་ནང་གི་དགེ་བའི་བཤེས་ཀྱིས་ཟིན། །མཐའ་གཉིས་སྤངས་པའི་ཟས་གོས་ཡོ་བྱད་དང་། །དགེ་ལེགས་ཡོན་ཏན་སྐྱེད་པའི་གནས་གྲོགས་སོགས། །མཐུན་རྐྱེན་འབད་མེད་རྙེད་པར་བྱིན་གྱིས་རློབས། །སྐྱིད་འདོད་ཚེ་འདིར་ཞེན་པའི་བློ་ངན་དང་། །ལྟར་སྣང་གཞན་དོན་བསྒྲུབ་པའི་རྣམ་གཡེང་སོགས། །ཆོས་བརྒྱད་ལམ་ཁའི་རོ་བཞིན་སྤངས་ནས་ནི། །སྒྲུབ་པ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སྐྱབས་གསུམ་ངོ་བོ་དཔལ་མགོན་བླ་མ་ལ། །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས། །ཁྱེད་ཤེས་བློ་གཏད་ནམ་ཡང་མི་འགྱུར་བས། །སྙིང་ནས་སྐྱབས་སུ་འགྲོ་བར་བྱིན་གྱིས་རློབས། །རྨོངས་པའི་བློ་ལ་རབ་དགའ་སྐྱེད་བྱེད་པའི། །སྲིད་པའི་ཕུན་ཚོགས་གཤེད་མ་ལྟར་མཐོང་ནས། །སྡུག་བསྔལ་རང་བཞིན་འཁོར་བའི་གྲོང་ཁྱེར་ལ། །ཞེན་པ་གཏིང་ནས་ལོག་པར་བྱིན་གྱིས་རློབས། །སྲིད་མཚོ་སྒྲོལ་བྱེད་དལ་འབྱོར་ལུས་ཀྱི་གྲུ། །མི་རྟག་གཡོ་བའི་རང་བཞིན་དེ་ཤེས་ནས། །སྐད་ཅིག་ཙམ་ཡང་དལ་བར་མི་སྡོད་པར། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །སྟོང་པའི་དབྱིངས་སུ་སྤྲོས་པ་ཀུན་ཞི་ཡང་། །སྣང་བ་རྟེན་འབྱུང་བསླུ་བ་མེད་པའི་ཕྱིར། །ཀུན་རྫོབ་དགེ་སྡིག་རྒྱུ་འབྲས་ཆོས་རྣམས་ལ། །བླང་དོར་ཚུལ་བཞིན་ནུས་པར་བྱིན་གྱིས་རློབས། །ཚ་གྲང་བཀྲེས་སྐོམ་སྐྱོ་འཇིགས་ལ་སོགས་པ། །ལུས་དང་སེམས་ཀྱི་སྡུག་བསྔལ་གང་བྱུང་ཀུན། །ལས་ངན་སྒྲིབ་སྦྱོང་རྟོགས་པའི་བོགས་འདོན་དུ། །རྐྱེན་ངན་ལམ་སློང་ནུས་པར་བྱིན་གྱིས་རློབས། །ཕུལ་བྱུང་སྙིང་སྟོབས་མཆོག་གི་གོ་བགོས་ནས། །རྒྱལ་སྲས་སྤྱོད་པའི་ཁུར་ཆེན་འཁྱེར་བ་ལ། །བྱེ་བ་ཕྲག་བརྒྱའི་བདུད་སྡེ་དགྲར་ལངས་ཀྱང་། །མི་ལྡོག་བརྩོན་འགྲུས་བརྟན་པར་བྱིན་གྱིས་རློབས། །འགྲོ་ཀུན་རང་གི་ཕ་མར་མཐོང་ནས་ནི། །ཚད་མེད་བྱམས་དང་སྙིང་རྗེས་རྒྱུད་བསྐུལ་ཏེ། །གཞན་གྱི་དོན་དུ་རྫོགས་པའི་བྱང་ཆུབ་མཆོག །ཐོབ་འདོད་ལྷག་བསམ་སྐྱེ་བར་བྱིན་གྱིས་རློབས། །ཕྲག་དོག་འགྲན་སེམས་ང་རྒྱལ་ཀུན་གྱི་རྒྱུ། །རང་ཉིད་གཅེས་འཛིན་འགོང་པོ་བཏུལ་ནས་ནི། །བདག་གཞན་མཉམ་བརྗེའི་སེམས་མཆོག་ལེགས་གོམས་པས། །རང་དོན་ཡིད་བྱེད་ཟད་པར་བྱིན་གྱིས་རློབས། །ལུས་སྲོག་ལོངས་སྤྱོད་གང་ལའང་མི་ཆགས་པར། །ཐམས་ཅད་སྒྲོལ་དང་བྱམས་པའི་སྟོབས་བཞིན་དུ། །ཉམས་ཐག་མ་རྒན་འགྲོ་བའི་ཚོགས་རྣམས་ལ། །རྟག་ཏུ་ཕན་བདེ་སྒྲུབ་པར་བྱིན་གྱིས་རློབས། །རྙེད་དཀའི་ལུས་རྟེན་བྱིན་པའི་ཕ་མ་དང་། །བརྩེ་གདུང་བྱམས་པས་སྐྱོང་བའི་བཤེས་གཉེན་སོགས། །འཇིགས་རུང་སྲིད་པའི་སྡུག་བསྔལ་ཐམས་ཅད་ལས། །མྱུར་དུ་བདག་གིས་སྐྱོབ་པར་བྱིན་གྱིས་རློབས། །ཕངས་པའི་སྲོག་ལ་རྒོལ་བའི་དགྲ་བོ་ཡང་། །བྱང་ཆུབ་སྒྲུབ་པའི་གྲོགས་སུ་མཐོང་ནས་ནི། །དེ་ཡི་རྐྱེན་གྱིས་འཁྲུག་པར་མི་འགྱུར་བར། །དགེ་ཚོགས་ལྷག་པར་འཕེལ་བར་བྱིན་གྱིས་རློབས། །རྨོངས་པས་བསླུས་པ་བྱིས་པའི་སྐྱེ་བོ་ཡིས། །ཉོན་མོངས་དབང་གིས་ལོག་སྒྲུབ་བྱེད་ན་ཡང་། །སྨྱོ་བའི་བུ་ལ་བྱམས་པའི་མ་བཞིན་དུ། །སླར་ཡང་བརྩེ་བས་སྐྱོང་བར་བྱིན་གྱིས་རློབས། །བདག་ལ་བརྟེན་ནས་གཞན་གྱིས་སེམས་རྒྱུད་ལ། །མི་དགེའི་རྟོག་པ་ནམ་ཡང་མི་སྐྱེ་ཞིང་། །མཐོང་ཐོས་ཙམ་གྱིས་འབྲེལ་པ་ཚུན་ཆད་ཀྱང་། །བློ་ཁ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །གནོད་པའི་བསམ་སྦྱོར་རབ་ཏུ་གོམས་པ་ཡི། །ཤིན་ཏུ་གདུག་ཅིང་གཏུམ་པའི་འགྲོ་བ་ཡང་། །བདག་ཉིད་མཐོང་ཐོས་དྲན་པའི་སྐད་ཅིག་ལ། །བྱམས་པའི་སེམས་དང་ལྡན་པར་བྱིན་གྱིས་རློབས། །མདོར་ན་གང་དུ་སུ་དང་འགྲོགས་ཀྱང་རུང་། །ཆགས་སྡང་ཉོན་མོངས་ནམ་ཡང་མི་འཕེལ་ཞིང་། །འཕྲལ་དང་ཡུན་གྱི་ཕན་བདེའི་རྒྱུ་འགྱུར་བའི། །རྣམ་དཀར་དགེ་བ་རྒྱས་པར་བྱིན་གྱིས་རློབས། །དགག་སྒྲུབ་གནང་བའི་བཅས་མཚམས་མ་ནོར་བར། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་གནས་ཤིང་། །རྨི་ལམ་ན་ཡང་ཉམས་པའི་དྲི་མ་ཡིས། །ནམ་ཡང་གོས་པ་མེད་པར་བྱིན་གྱིས་རློབས། །ཕྱི་དང་ནང་གི་དབེན་པ་ལ་བརྟེན་ནས། །གཅིག་ཏུ་ཞི་བའི་ཡིད་ལ་མཉམ་བཞག་པས། །གཡེང་བའི་རྐྱེན་གྱིས་བརྫི་བར་མི་ནུས་པའི། །གཡོ་མེད་ཏིང་འཛིན་བརྟན་པར་བྱིན་གྱིས་རློབས། །ཇི་སྙེད་ཤེས་བྱའི་གནས་ལ་མ་རྨོངས་པའི། །མཚུངས་པ་མེད་པའི་བློ་གྲོས་ཐོབ་ནས་ནི། །ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པ་ཡིས། །བསྟན་ལ་བྱ་བ་བྱེད་པར་བྱིན་གྱིས་རློབས། །མཐའ་བྲལ་ལྟ་བའི་ངང་ལས་མ་གཡོས་བཞིན། །རིས་མེད་བརྩེ་བའི་གསལ་སྣང་མ་འགགས་པའི། །ཆོས་ཀྱི་སྙིང་པོ་དོན་དམ་བྱང་ཆུབ་སེམས། །ཚུལ་བཞིན་རྒྱུད་ལ་འབྱོར་པར་བྱིན་གྱིས་རློབས། །ཆགས་པ་བདུན་སྤང་ཁྱད་ཆོས་བཞི་ལྡན་པའི། །རྒྱ་ཆེན་སྤྱོད་པའི་ཉམས་ལེན་ཕར་ཕྱིན་དྲུག །ཆོས་སྤྱོད་གཅིག་ལའང་ཚང་བར་བསྒྲུབ་ནུས་པའི། །བློ་ཡི་ནུས་པ་རྙེད་པར་བྱིན་གྱིས་རློབས། །སྤྱོད་པ་རྨད་བྱུང་བསྡུ་བའི་དངོས་པོ་བཞིས། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་ཐུལ་བའི། །ཤིན་ཏུ་གདུལ་དཀའ་སྙིགས་མའི་འགྲོ་བ་ལ། །ཆོས་ཀྱི་སྣང་བ་བསྐྱེད་པར་བྱིན་གྱིས་རློབས། །ཚིག་དོན་མཐའ་དག་མི་བརྗེད་གཟུངས་ཀྱི་སྒོ། །འཆད་རྩོད་རྩོམ་ལ་ཐོགས་མེད་སྤོབས་པའི་གཏེར། །ངོ་མཚར་ཡོན་ཏན་འབྱུང་གནས་ཏིང་ངེ་འཛིན། །མ་ལུས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཐབས་ཤེས་ཟུང་འཇུག་སྨོན་པའི་མཐུ་ཆེན་གྱིས། །སྐད་ཅིག་རེར་ཡང་བསྐལ་པའི་ཚོགས་འདུམ་ཞིང་། །ལྷན་ཅིག་རྫོགས་སྨིན་སྦྱང་བ་མཐར་ཕྱིན་པའི། །ཀུན་བཟང་རྣམ་ཐར་སྐྱོང་བར་བྱིན་གྱིས་རློབས། །སྣ་ཚོགས་རྒྱུ་ཡི་རྟེན་འབྲེལ་ལས་བྱུང་བའི། །བཟང་ངན་ཉམས་ཀྱི་སྣང་བ་མ་ལུས་པ། །ཞེན་མེད་རྩིས་གདབ་སྤངས་པའི་ལམ་ཁྱེར་གྱིས། །གང་ཡང་གྲོགས་སུ་འཆར་བར་བྱིན་གྱིས་རློབས། །གསང་གསུམ་ཡོན་ཏན་གཏེར་གྱིས་རབ་གང་བའི། །རྒྱལ་བའི་མཛད་པ་རྒྱ་མཚོ་ལྟ་བུ་ལ། །ཞུམ་མེད་སྤྲོ་བའི་ཡིད་ཀྱིས་ཞུགས་ནས་ནི། །ཕྲིན་ལས་རོ་གཅིག་འགྱུར་བར་བྱིན་གྱིས་རློབས། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་མཆོག །རྩེ་གཅིག་དད་པས་ཚུལ་བཞིན་ལེགས་བརྟེན་ནས། །མ་ནོར་བརྒྱུད་པའི་བཀའ་སྲོལ་ལས་འོངས་པའི། །རྣམ་དག་དབང་གིས་སྨིན་པར་བྱིན་གྱིས་རློབས། །དབང་ལས་སྐྱེས་པའི་ཉམས་མྱོང་ཡེ་ཤེས་མཆོག །མི་ཉམས་སྤེལ་བའི་ཐབས་ཚུལ་བཞི་ལྡན་གྱིས། །མཉམ་བཞག་རྗེས་སྤྱོད་བཟའ་བསྲུང་མི་འབྲལ་བའི། །དམ་ཚིག་སྲོག་བཞིན་སྲུང་བར་བྱིན་གྱིས་རློབས། །ཕྱི་ནང་དོན་གྱི་སྔགས་ཀྱི་ངོ་བོ་ཤེས། །སྤྲོ་བསྡུ་ལ་སོགས་མན་ངག་གནས་ཀྱིས་ཟིན། །ངག་ཡིད་རླུང་གི་ལམ་ལ་བརྟེན་པ་ཡི། །བཟླས་བརྗོད་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དངོས་གྲུབ་འགུགས་པའི་ཡོ་བྱད་དམ་རྫས་ཚང་། །སྦྱང་རྟོགས་སྦར་བའི་དམིགས་པ་རང་བྱན་ཚུད། །འཁོར་གསུམ་ཡོངས་དག་གཏོར་མའི་རྣལ་འབྱོར་གྱིས། །མཁའ་འགྲོ་དམ་ཅན་མཉེས་པར་བྱིན་གྱིས་རློབས། །སྡང་མིག་ཙམ་གྱིས་བདུད་ཚོགས་མཐར་བྱེད་པའི། །མྱུར་མགྱོགས་ཕྲིན་ལས་དབང་ཕྱུག་སྲུང་མའི་ཚོགས། །རྣལ་འབྱོར་བདག་གི་ལུས་དང་གྲིབ་མ་བཞིན། །མི་འབྲལ་རྒྱུན་དུ་འགྲོགས་པར་བྱིན་གྱིས་རློབས། །ཏིང་འཛིན་སྔགས་དང་རྫས་ཀྱི་ནུས་པ་ཡིས། །ཡེ་ཤེས་མེ་ལྷ་མཉེས་པའི་བརྟུལ་ཞུགས་ཀྱིས། །གྲུབ་གཉིས་རིན་ཆེན་གཏེར་གྱི་སྒོ་ཕྱེས་ནས། །སྒྲུབ་འབྲས་མྱུར་དུ་འབྱིན་པར་བྱིན་གྱིས་རློབས། །དངོས་གྲུབ་རྩ་བ་བླ་མ་ལྷ་རུ་མཐོང་། །བྱིན་རླབས་རྩ་བ་མོས་གུས་ལམ་དུ་ལོངས། །ཆོས་ཀུན་རྩ་བ་སེམས་ཀྱི་དེ་ཉིད་རིག །ལམ་གྱི་སྲོག་རྩ་ཟིན་པར་བྱིན་གྱིས་རློབས། །སྣོད་བཅུད་འཁོར་འདས་སྣང་བ་མ་ལུས་པ། །ནང་གི་རྟེན་འབྲེལ་ཉིད་ལས་བྱུང་བའི་ཚུལ། །རྟོགས་ནས་སྣ་ཚོགས་ཕྱི་ཡི་སྤྲོས་པ་ཡི། །སྒྲོ་འདོགས་ནང་ནས་ཆོད་པར་བྱིན་གྱིས་རློབས། །བློ་ངན་རྟོག་གེས་སྒྲོ་སྐུར་མ་ཡིན་པར། །ནང་གི་དེ་ཉིད་རྟོགས་པའི་ཉམས་མྱོང་གིས། །གཞི་ལམ་འབྲས་བུའི་རྒྱུད་དོན་འཆད་ནུས་པའི། །སྦས་དོན་སྙིང་ལ་འཆར་བར་བྱིན་གྱིས་རློབས། །ཚིག་ལ་བརྟེན་ནས་རྣམ་མང་ཆོས་ཚུལ་གྱི། །ཕ་མཐའ་ཚོལ་བའི་ངལ་བ་མ་དགོས་པར། །བདེ་བླག་ཉིད་དུ་ཀུན་མཁྱེན་སྒྲུབ་པ་ཡི། །རྟེན་འབྲེལ་ནང་དུ་གྲིགས་པར་བྱིན་གྱིས་རློབས། །སྣ་ཚོགས་འགྲོ་བའི་ཁམས་དབང་མོས་པ་བཞིན། །བགྲང་ཡས་ཆོས་ཚུལ་རྒྱ་མཚོ་སྤྲོ་མཁས་ཤིང་། །ཀུན་ཀྱང་རྒྱལ་བའི་ལམ་དུ་སྡུད་བཟོད་པའི། །བདེ་གཤེགས་ཆོས་ཛོད་ལོན་པར་བྱིན་གྱིས་རློབས། །རྟེན་འབྲེལ་ལྔ་ལྡན་གཞི་ལམ་འབྲས་བུའི་ཆོས། །ཚད་མ་བཞི་ཡིས་གཏན་ལ་ལེགས་བསྟན་ནས། །སྙན་བརྒྱུད་བཞི་ཡི་རྟེན་འབྲེལ་རང་རྒྱུད་ལ། །ཚུལ་བཞིན་མྱུར་དུ་འགྲིགས་པར་བྱིན་གྱིས་རློབས། །བོགས་འབྱིན་གདམས་པའི་བདུད་རྩི་རྐྱེན་དུ་འཚམས། །གེགས་སེལ་སྲུང་བའི་མན་ངག་དུས་དང་འབྱོར། །འདུས་པ་གསུམ་གྱི་ལམ་འཕྲང་ཚུལ་བཞིན་བརྒལ། །དྲོད་རྟགས་ཡོན་ཏན་སྐྱེ་བར་བྱིན་གྱིས་རློབས། །རླུང་སེམས་ཐིག་ལེའི་ཁྲིད་ཚུལ་རྒྱུད་ལ་འབྱོར། །ལས་འཕྲོ་མོས་གུས་བརྩོན་པས་བྱང་སེམས་བསྐུལ། །གསལ་སྟོང་ཟུང་འཇུག་ཉམས་ཀྱི་སྣང་བ་འབར། །ལམ་མཆོག་མྱུར་དུ་བགྲོད་པར་བྱིན་གྱིས་རློབས། །སུམ་ཅུ་རྩ་བདུན་བྱང་ཆུབ་ཕྱོགས་མཐུན་ཆོས། །ལུས་དང་སེམས་ཀྱི་སྟེང་དུ་བགྲོད་པའི་ཚུལ། །རྟོགས་ནས་རྒྱུ་འབྲས་ཐེག་པའི་བརྗོད་བྱའི་གནད། །མི་འགལ་གཅིག་ཏུ་མཐོང་བར་བྱིན་གྱིས་རློབས། །རྒྱུ་ལམ་དབང་གི་ཡེ་ཤེས་ཆུ་བོའི་རྒྱུན། །མ་ནུབ་ཐུན་བཞིའི་འཇུག་ངོགས་ལ་བརྟེན་ནས། །མཐར་ཐུག་རྣམ་མཁྱེན་ཡེ་ཤེས་རྒྱ་མཚོ་རུ། ་། གེགས་མེད་མྱུར་དུ་སྙོགས་པར་བྱིན་གྱིས་རློབས། །རྒྱུད་གསུམ་ལྷན་སྐྱེས་དབྱེ་བ་མ་ལུས་པ། །ལྷུན་གྲུབ་སེམས་ཀྱི་ཆོས་ཉིད་འདི་ཉིད་ལས། །ནམ་ཡང་གཡོ་བ་མེད་པའི་ཚུལ་ཤེས་ནས། །མ་རིག་འཁྲུལ་པ་སངས་པར་བྱིན་གྱིས་རློབས། །ཅིར་ཡང་སྣང་བ་རང་སེམས་གསལ་བའི་གདངས། །གང་དུའང་མ་གྲུབ་སྒྱུ་མའི་ངང་ཚུལ་ཅན། །རྟེན་འབྱུང་སྣང་བ་སྤྲོས་པས་མ་བསླད་པར། །བརྗོད་བྲལ་རང་ཞལ་མཇལ་བར་བྱིན་གྱིས་རློབས། །ཀུན་ཉོན་རྒྱུ་འབྲས་མ་སྤངས་ལམ་དུ་ཁྱེར། །སྐུ་དང་ཡེ་ཤེས་མ་བསྒྲུབས་ལྷུན་གྱིས་གྲུབ། །རེ་དོགས་དགག་སྒྲུབ་སྤྲོས་པ་དབྱིངས་སུ་ཞི། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །སྐྱོན་ཉིད་ཡོན་ཏན་མཆོག་གི་རྒྱུར་མཐོང་ཞིང་། །བར་ཆད་བདུད་ལས་དངོས་གྲུབ་ལེན་ནུས་པའི། །ཅིར་སྣང་དགེ་བའི་བཤེས་སུ་འཆར་བ་ཡི། །འཇིགས་མེད་གདེང་དྲོད་རྙེད་པར་བྱིན་གྱིས་རློབས། །རྣམ་མང་རྟོགས་པའི་རྦ་རླབས་ཆེར་གཡོ་བས། །བདེ་ཆེན་སེམས་ཀྱི་གནས་ཆ་མི་བསྒྲིབས་ཤིང་། །ཀུན་རྟོག་ཉོན་མོངས་འཁྲུགས་པས་ཡེ་ཤེས་ཀྱི། །གསལ་སྣང་མཆོག་ཏུ་འདྲེན་པར་བྱིན་གྱིས་རློབས། །འཁྲུལ་ངོར་སྣང་བའི་སྲིད་པའི་སྡུག་བསྔལ་འདི། །འཁྲུལ་པར་ཤེས་ན་བདེ་ཆེན་ཡེ་ཤེས་ཏེ། །སྣང་སྲིད་བདེ་བ་རོལ་པའི་ཏིང་འཛིན་གྱིས། །སྡུག་བསྔལ་དབྱིངས་སུ་སངས་པར་བྱིན་གྱིས་རློབས། །བྱིང་རྒོད་ཉོན་མོངས་དུག་ལྔའི་རྟོག་པ་དང་། །སྐྱོན་མེད་ཟུང་འཇུག་ཉམས་ཀྱི་ཏིང་འཛིན་གཉིས། །བཟང་ངན་མེད་པར་ལམ་དུ་བསྲེལ་ནུས་པའི། །གདམས་པ་ཉམས་སུ་ལོན་པར་བྱིན་གྱིས་རློབས། །སྤངས་ཐོབ་དབྱེར་མེད་རྒྱུ་འབྲས་ལྷུན་གྲུབ་ཏུ། །ཡང་དག་ཤེས་ནས་གཉིས་འཛིན་རེ་དོགས་ཀྱི། །རྟོགས་པའི་དྲ་བ་ནམ་ཡང་མི་སྤེལ་བར། །འབྲས་བུའི་མཆོག་འཛིན་ཞིག་པར་བྱིན་གྱིས་རློབས། །གཞི་སྣང་སྐྱེ་གནས་འཆི་བ་བར་དོ་བཞི། །རིམ་དང་གཅིག་ཆར་སྦྱོང་བའི་ལམ་འཁྱེར་གྱིས། །མྱུར་དུ་སྐུ་བཞིའི་ངོ་བོར་དག་བྱེད་པའི། །བསྐྱེད་རིམ་ལམ་བཟང་གོམས་པར་བྱིན་གྱིས་རློབས། །གདོས་བཅས་གཟུགས་ཀྱི་སྣང་བ་ལྷ་རུ་མཐོང་། །གྲགས་པ་སྒྲ་ཡི་རང་གདངས་སྔགས་སུ་ཤེས། །དྲན་རྟོག་ཡིད་ཀྱི་འགྱུ་བ་ཆོས་སྐུར་དག །རྡོ་རྗེ་གསུམ་མཆོག་འགྲུབ་པར་བྱིན་གྱིས་རློབས། །རང་སེམས་ལྷ་བརྒྱའི་ངོ་བོ་རྡོ་རྗེ་སེམས། །ཀུན་ཁྱབ་རིགས་ཀྱི་བདག་པོར་མཐོང་བའི་མོད། །ཡི་དམ་རྒྱ་མཚོ་མཉེས་པའི་འཛུམ་ཞལ་མཆོག །དུས་གཅིག་ཉིད་ལ་མཐོང་བར་བྱིན་གྱིས་རློབས། །ཟབ་མོའི་ལམ་གྱིས་ལུས་ལ་གནད་དུ་བསྣུན། །བྱིན་རླབས་སྟོབས་ཀྱིས་རྟོགས་པ་སེམས་ལ་ཤར། །སྣང་སེམས་རོ་གཅིག་ཡེ་ཤེས་མངོན་དུ་གྱུར། །རྫོགས་རིམ་ཕ་མཐར་སོན་པར་བྱིན་གྱིས་རློབས། །ད་ལྟའི་རང་གི་སྣང་བ་འདི་ཉིད་ལས། །ལམ་དང་འབྲས་བུ་ལོགས་ནས་མི་ཚོལ་བར། །རྒྱུ་འབྲས་རྒྱས་གདབ་མན་ངག་ལ་བརྟེན་ནས། །སྤྲོས་པའི་དྲ་བ་ཆོད་པར་བྱིན་གྱིས་རློབས། །མཚན་རྟོག་འཆལ་བའི་དྲི་མས་མ་གོས་པའི། །བདེ་ཆེན་ཡེ་ཤེས་སྡོམ་པའི་ངོ་བོ་རུ། །སྨིན་གྲོལ་ལམ་གྱི་ཟབ་གནད་ཀུན་དྲིལ་ནས། །དུས་གཅིག་ཉམས་སུ་ལོན་པར་བྱིན་གྱིས་རློབས། །འཁོར་འདས་བསྲེ་བའི་གསང་གནད་ལ་བརྟེན་ནས། །རྗེས་སྤྱོད་ལམ་གྱི་ཡན་ལག་གཅིག་ལ་ཡང་། །གཞི་ལམ་འབྲས་གསུམ་ཚང་བའི་ལམ་ཁྱེར་གྱིས། །གྲུབ་གཉིས་མགྲོན་དུ་ཁུག་པར་བྱིན་གྱིས་རློབས། །ཚོགས་དྲུག་ཡུལ་གྱི་སྣང་བ་མ་ལུས་པ། །ཟག་མེད་བདེ་བའི་ཉེར་རྒྱུ་མཐོང་ནས་ནི། །གང་ཤར་བདེ་སྟོང་རོལ་པའི་རྣལ་འབྱོར་གྱིས། །འདོད་ཡོན་རྒྱན་དུ་འཆར་བར་བྱིན་གྱིས་རློབས། །གཙང་སྨེ་གཉིས་རྟོག་འཇོམས་པའི་དམ་རྫས་ལ། །མཉམ་ཉིད་བརྟུལ་ཞུགས་སྤྱོད་པའི་རོལ་པ་ཡིས། །མཁའ་འགྲོ་མཉེས་པའི་ཐབས་ཀྱི་དགའ་སྟོན་གྱིས། །བདེ་སྟོང་ཡེ་ཤེས་འབར་བར་བྱིན་གྱིས་རློབས། །རྨི་ལམ་ཉིང་འཁྲུལ་སྣང་བ་རང་ངོ་ཟིན། །སྤྲུལ་བསྒྱུར་བརྟན་པ་ཐོབ་པའི་རྫུ་འཕྲུལ་གྱིས། །རྒྱལ་བ་ཀུན་ལས་དམ་ཆོས་ཉན་པ་དང་། །ཉམས་རྟོགས་བོགས་འདོན་བྱེད་པར་བྱིན་གྱིས་རློབས། །ཉིན་སྣང་འཁྲུལ་པ་སྒྱུ་མའི་རོལ་པར་ཤེས། །མཚན་སྣང་མ་རིག་འོད་གསལ་དབྱིངས་སུ་དེངས། །ཉིན་མཚན་བར་མེད་སྒྲིབ་བྲལ་ཡེ་ཤེས་ཀྱི། །སྣང་བ་འགགས་པ་མེད་པར་བྱིན་གྱིས་རློབས། །མདོར་ན་འཁྲུལ་སྣང་བློ་ཡི་རི་མོ་ཀུན། །སྤྲོས་བྲལ་འོད་གསལ་དོན་དམ་ཆོས་ཀྱི་སྐུ། །མངོན་སུམ་མཚོན་བྱེད་དཔེ་ཡི་ཡེ་ཤེས་སུ། །རྩོལ་མེད་ངང་གིས་འཆར་བར་བྱིན་གྱིས་རློབས། །མཐར་འཛིན་རྟོག་པའི་རྡུལ་གྱིས་མ་བསླད་ཅིང་། །གཟུང་འཛིན་སྣང་བའི་སྤྲིན་གྱིས་མ་བསྒྲིབས་པར། །ལྷན་སྐྱེས་བདེ་ཆེན་རིག་སྟོང་གཉུག་མའི་གཤིས། །རང་བྱུང་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །སྲོག་རྩོལ་རླུང་གི་རྒྱུ་བ་དབང་དུ་འདུས། །གཉེན་ལྕུག་བཞི་ཡི་ཡོན་ཏན་ལུས་ལ་ཤར། །སྐྱེ་མཆེད་དྲུག་ཏུ་དྭངས་མའི་ནུས་པ་འཕེལ། །ཏིང་འཛིན་མཐུ་ཆེན་རྙེད་པར་བྱིན་གྱིས་རློབས། །ཐ་དད་གདུལ་བྱའི་ཁམས་དབང་བསམ་པ་བཞིན། །ངོ་མཚར་རྫུ་འཕྲུལ་བཀོད་པའི་ལས་ལ་དབང་། །ཞི་སོགས་དངོས་གྲུབ་བདུད་རྩིའི་དགའ་སྟོན་གྱིས། །འགྲོ་བའི་ཕན་བདེ་སྤེལ་བར་བྱིན་གྱིས་རློབས། །ཕྱི་ནང་རྟེན་འབྲེལ་མཐུན་པའི་སྤྱོད་མཆོག་གིས། །སོ་གཉིས་ཡུལ་གྱི་མཁའ་འགྲོ་དབང་དུ་བསྡུས། །སུམ་ཕྲག་བཅུ་གཉིས་རྟགས་ཀྱི་ཡོན་ཏན་རྣམས། །མ་ལུས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །འགྲོས་བཞི་དབྱིངས་སུ་བསྡུ་བའི་རྒྱལ་ཐབས་ཀྱིས། །གཟུང་འཛིན་འཁྲུལ་པའི་གཡུལ་ངོ་རབ་བཅོམ་ནས། །ཆེ་བ་གསུམ་ལྡན་ཆོས་སྐུའི་རྒྱལ་སྲིད་ལ། །དབང་བསྐུར་ཚེ་འདིར་ཐོབ་པར་བྱིན་གྱིས་རློབས། །རྟེན་འབྲེལ་མཐར་ཐུག་སྐུ་ལྔའི་པད་ཚལ་དུ། །དབང་ཕྱུག་བརྒྱད་ཀྱི་བུང་བའི་ཚོགས་འདུ་ཞིང་། །ལྷུན་གྲུབ་ཕྲིན་ལས་སྦྲང་རྩིའི་རོ་བཅུད་ཀྱིས། །སྐལ་ལྡན་གདུལ་བྱ་ཚིམ་པར་བྱིན་གྱིས་རློབས། །ཐོག་མར་ལྟ་སྒོམ་སྤྱོད་ལ་རིམ་གྱིས་ཞུགས། །བར་དུ་གསུམ་པོ་གནད་ཐོག་གཅིག་ཏུ་དྲིལ། །ཐ་མར་བསམ་བརྗོད་བྲལ་བའི་ཡེ་ཤེས་སུ། །ཐམས་ཅད་རོ་མཉམ་རྟོགས་པར་བྱིན་གྱིས་རློབས། །བགྲང་ཡས་མདོ་རྒྱུད་ཀུན་གྱི་སྙིང་པོའི་དོན། །རིག་འཛིན་མཁའ་འགྲོ་བྱེ་བའི་ཐུགས་ཀྱི་བཅུད། །ལམ་དུས་ཐུན་བཞིའི་ཉམས་ལེན་ལ་བརྟེན་ནས། །ཉམས་རྟོགས་ཡོན་ཏན་འཕེལ་བར་བྱིན་གྱིས་རློབས། །ཐ་མལ་སྣང་ཞེན་སྐྱབས་ཀྱི་ངོ་བོར་དག །བསམ་ངན་སྦྱོར་རྩུབ་བྱང་ཆུབ་ལམ་དུ་བསྒྱུར། །སྡིག་ལྟུང་ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །རང་རྒྱུད་ཤིན་ཏུ་དག་པར་བྱིན་གྱིས་རློབས། །འཁྲུལ་སྣང་ལས་ཉོན་རྣམ་དག་ཚོགས་སུ་བསྒྱུར། །བདུད་རིགས་བར་ཆད་སྲུང་བའི་འཁོར་ལོར་ཤར། །ཐ་མལ་སྣོད་བཅུད་རྟེན་དང་བརྟེན་པ་ཡི། །ལྷག་པའི་ལྷ་རུ་འཆར་བར་བྱིན་གྱིས་རློབས། །ལུས་ལ་སྐུ་བཞི་ལྷུན་གྱིས་གྲུབ་པར་རྟོགས། །སེམས་ལས་ལོགས་ན་ཡེ་ཤེས་མེད་པར་རིག །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་མཐོང་། །ཟུང་འཇུག་ཏིང་འཛིན་སྐྱེ་བར་བྱིན་གྱིས་རློབས། །ཕུང་པོ་སངས་རྒྱས་ཉོན་མོངས་ཡེ་ཤེས་དང་། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོ་རུ། །ཤེས་ནས་གོམས་པའི་རྒྱུ་འབྲས་ལྷུན་གྲུབ་ཀྱི། །སངས་རྒྱས་རང་ལས་རྙེད་པར་བྱིན་གྱིས་རློབས། །རྩ་ཡིག་རླུང་སེམས་རྒྱལ་བའི་དཀྱིལ་འཁོར་རྣམས། །སྨིན་གྲོལ་ཐབས་ཀྱི་མཆོད་པས་མཉེས་བྱས་ནས། །རང་བྱུང་གཉིས་མེད་ཡེ་ཤེས་དོན་གྱི་ལྷའི། །རང་ཞལ་མྱུར་དུ་མཇལ་བར་བྱིན་གྱིས་རློབས། །དབང་དང་རིམ་གཉིས་ལས་བྱུང་ཡེ་ཤེས་ཀྱིས། །རྗེས་ཐོབ་སྣང་བའི་ཆོས་ལ་རྒྱས་འདེབས་ཤིང་། །ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བརྟེན་ནས། །མཚན་རྟོག་འཁྲུལ་འཁོར་འཇིག་པར་བྱིན་གྱིས་རློབས། །སྣང་སྲིད་དག་པ་ལྷ་ཡི་འཁོར་ལོར་རྫོགས། །རྩ་ཐིག་རླུང་གི་དྭངས་མ་ཆོས་སྐུར་སྨིན། །འཁོར་འདས་ཡེ་ཤེས་གཅིག་གི་ངོ་བོར་ཟླུམ། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །སྐུ་དྲིན་མཚུངས་མེད་ཡོན་ཏན་རྒྱ་མཚོའི་གཏེར། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་ལ། །སྙིང་ནས་ཡིད་ཆེས་བཅོས་མ་མ་ཡིན་པའི། །མོས་གུས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྒོ་གསུམ་ལོངས་སྤྱོད་དགེ་ཚོགས་རྒྱུར་བྱས་པའི། །ཕྱི་ནང་གསང་བ་དེ་ཉིད་བཅས་པ་ཡི། །ཀུན་བཟང་རྣམ་འཕྲུལ་ལྟ་བུའི་མཆོད་སྤྲིན་གྱིས། །དཔལ་ལྡན་བླ་མ་མཆོད་པར་བྱིན་གྱིས་རློབས། །སྐྱབས་གནས་ཀུན་འདུས་ཕྱི་ཡི་བླ་མ་མཆོག །ཉིན་མོ་སྤྱི་བོར་མཚན་མོ་སྙིང་དབུས་སུ། །རྟག་ཏུ་བསྒོམས་ཤིང་གསོལ་བ་བཏབ་པའི་མཐུས། །འབྲལ་མེད་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །ཤིན་ཏུ་གསང་བ་ནང་གི་རྟེན་འབྲེལ་ལས། །སྐུ་བཞིའི་བླ་མ་འབྱུང་བའི་ཚུལ་ཤེས་ནས། །ནང་གི་བླ་མ་མཉེས་པའི་ཐབས་མཁས་ཀྱིས། །བྱིན་རླབས་སེམས་ལ་འཆར་བར་བྱིན་གྱིས་རློབས། །རང་བཞིན་འོད་གསལ་སེམས་ཀྱི་གནས་ལུགས་མཆོག །དོན་གྱི་བླ་མའི་རང་ཞལ་མཇལ་བའི་མོད། །གཉིས་སྣང་མཚན་མའི་འཁྲུལ་འཁོར་ཞིག་ནས་ནི། །འཁོར་བའི་རྫུན་རིས་དག་པར་བྱིན་གྱིས་རློབས། །སྐྱབས་གནས་ཐམས་ཅད་བླ་མའི་ངོ་བོར་མཐོང་། །དགེ་སྦྱོར་ཐམས་ཅད་བླ་མའི་ལམ་དུ་ཤར། །འཁོར་འདས་ཐམས་ཅད་བླ་མའི་རོལ་པར་ཤེས། །སྣང་སྲིད་བླ་མར་འཆར་བར་བྱིན་གྱིས་རློབས། །སྐུ་བཞིའི་དབང་ཕྱུག་དཔལ་མགོན་བླ་མ་ལས། །བྱིན་རླབས་དབང་བཞིའི་དངོས་གྲུབ་ལེགས་ཐོབ་ནས། །ད་ལྟའི་འདུག་ས་སྟན་ཐོག་འདི་ཉིད་དུ། །དགོངས་པ་དབྱེར་མེད་འགྱུར་བར་བྱིན་གྱིས་རློབས། །རྒྱུ་རིགས་ཐབས་ཀྱི་རིམ་པས་ལེགས་སྦྱངས་ནས། །འབད་པས་འབྲས་བུ་སྒྲུབ་ལ་མི་ལྟོས་པར། །བླ་མའི་བྱིན་རླབས་ཞུགས་པའི་སྐད་ཅིག་ལ། །རྟོགས་གྲོལ་དུས་མཉམ་འགྱུར་བར་བྱིན་གྱིས་རློབས། །དབང་བཞིའི་ཆུ་བོ་དུས་གཅིག་ཉིད་ལ་ཐོབ། །ལམ་བཞིའི་ངོ་བོ་རིག་ཐོག་གཅིག་ཏུ་རྫོགས། །སྐུ་བཞི་གཉིས་མེད་རང་རིག་བདེ་བ་ཆེའི། །ཡེ་ཤེས་གཅིག་ཏུ་མཐོང་བར་བྱིན་གྱིས་རློབས། །དྲི་མེད་སེམས་ཀྱི་ཆོས་ཉིད་བྱང་ཆུབ་སེམས། །བློ་དང་ཚིག་གིས་མ་བཅོས་གདོད་མའི་གཤིས། །སྟོང་གསལ་ཕྱོགས་རིས་བྲལ་བའི་བླ་མ་ལས། །ནམ་ཡང་གཡོ་བ་མེད་པར་བྱིན་གྱིས་རློབས། །སེམས་ཅན་སངས་རྒྱས་དགོངས་པ་གཅིག་ཏུ་མཐོང་། །ལམ་དང་འབྲས་བུའི་ཐ་སྙད་དབྱིངས་སུ་ནུབ། །གཉིས་ཆོས་ཐམས་ཅད་གཉིས་མེད་ཀློང་དུ་དག །ཀུན་ཀྱང་ཚུལ་གཅིག་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་གནས་འགྱུར་འགལ་མེད་དོན་རྟོགས་ནས། །གཞི་འབྲས་དབྱེར་མེད་སྐྱོན་ཡོན་རོ་མཉམ་པའི། །ཟུང་འཇུག་བླ་མ་རྡོ་རྗེ་འཛིན་པའི་ས། །ལུས་རྟེན་འདི་ལ་ཐོབ་པར་བྱིན་གྱིས་རློབས། །བདེ་ཆེན་དབྱིངས་ལས་གཡོ་བ་མེད་བཞིན་དུ། །སྣ་ཚོགས་གཟུགས་སྐུའི་རོལ་པ་བསམ་ཡས་ཀྱིས། །མཁའ་མཉམ་འཁོར་བ་མ་སྟོང་དེ་སྲིད་དུ། །བླ་མའི་ཕྲིན་ལས་སྐྱོང་བར་བྱིན་གྱིས་རློབས། །མདོར་ན་དུས་དང་གནས་སྐབས་ཐམས་ཅད་དུ། །སྐྱིད་སྡུག་ལེགས་ཉེས་སྣང་བ་ཅི་ཤར་ཡང་། །དཔལ་མགོན་བླ་མ་དྲན་པའི་མོས་གུས་དང་། །ནམ་ཡང་འབྲལ་བ་མེད་པར་བྱིན་གྱིས་རློབས། །གཡོ་མེད་དོན་ཡོད་རྣམ་བཞིའི་སྤྱོད་པ་ཡིས། །འཁོར་ལོའི་མགོན་པོ་ལེགས་པར་མཉེས་བྱས་ནས། །མྱུར་དུ་དྲིན་ཆེན་རྩ་བའི་བླ་མ་དང་། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །སྐུ་བཞིའི་ས་བོན་སྨིན་གྲོལ་ཐབས་ཀྱིས་སྦྱངས། །ལྟ་བའི་ཉམས་མྱོང་གྲུབ་མཐའི་ངོ་བོར་ཤར། །ཉེ་རྒྱུ་ལ་བརྟེན་འབྲས་བུའི་དབུགས་དབྱུང་ཐོབ། །རྡོ་རྗེ་འཆང་དབང་འགྲུབ་པར་བྱིན་གྱིས་རློབས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པ་ན། །ལུས་དང་སེམས་ལ་སྡུག་བསྔལ་མི་འབྱུང་ཞིང་། །ཟབ་ལམ་རྟོགས་པའི་གདེང་དྲོད་དང་ལྡན་པས། །མི་འཇིགས་རབ་དགའ་རྒྱས་པར་བྱིན་གྱིས་རློབས། །དེ་ཚེ་དྲིན་ཆེན་བླ་མ་རྡོ་རྗེ་འཆང་། །རིག་འཛིན་མཁའ་འགྲོའི་འཁོར་ཚོགས་དང་བཅས་པས། །ཡིད་འཕྲོག་མཆོད་པའི་སྤྲིན་གྱིས་དུན་བསུས་ཏེ། །དག་པའི་ཞིང་དུ་ཁྲིད་པར་བྱིན་གྱིས་རློབས། །དེར་ནི་ཚེ་ལ་དབང་བའི་རིག་པ་འཛིན། །མཁའ་ལ་སྤྱོད་པའི་འོད་ལུས་གྲུབ་ནས་ནི། །རྟེན་དེས་ས་ལམ་ལྷག་མ་ཀུན་གྲོད་དེ། །ཁ་སྦྱོར་བདུན་ལྡན་འགྲུབ་པར་བྱིན་གྱིས་རློབས། །ཡོན་ཏན་རྒྱ་མཚོ་བདག་གིས་ཐོབ་ནས་ནི། །འཁོར་བའི་རྒྱ་མཚོར་འཁྱམས་པའི་འགྲོ་ཁམས་ལ། །དངོས་གྲུབ་རྒྱ་མཚོའི་གཏེར་གྱི་སྒོ་ཕྱེས་ནས། །སྡུག་བསྔལ་རྒྱ་མཚོ་སྐེམས་པར་བྱིན་གྱིས་རློབས། །མ་འོངས་སླད་མའི་སྐྱེ་བ་ཐམས་ཅད་དུ། །རིགས་བཟང་བློ་གསལ་ཉོན་མོངས་ཆུང་བ་དང་། །མཆོག་ལ་གུས་ཤིང་དམན་ལ་ཤིན་ཏུ་བྱམས། །རྟག་ཏུ་ཚེ་རབས་དྲན་པར་བྱིན་གྱིས་རློབས། །དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང་། །བསྟན་ལ་རབ་བྱུང་ཚུལ་ཁྲིམས་རྣམ་པར་དག །ལུང་དང་རྟོགས་པའི་ཆོས་ཀྱི་མཛོད་བཟུང་ནས། །འགྲོ་བའི་མགོན་སྐྱབས་བྱེད་པར་བྱིན་གྱིས་རློབས། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །བླ་མ་མཆོག་དང་ནམ་ཡང་མི་འབྲལ་ཞིང་། །སྲས་བཅས་རྒྱལ་བའི་ཕྲིན་ལས་སྐྱོང་བ་ལ། །འགལ་རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །གཡོ་མེད་སྙིང་ནས་གསོལ་བ་བཏབ་པའི་དོན། །བསླུ་མེད་རྟེན་འབྲེལ་ཟབ་མོའི་བདེན་པ་དང་། །མཚུངས་མེད་དྲིན་ཆེན་བླ་མའི་ཐུགས་རྗེ་ཡིས། །གེགས་མེད་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས།། །།སླར་སྨྲས་པ། རྡོ་རྗེ་འཆང་དབང་ཐུགས་ཀྱི་གསང་བའི་མཛོད། །ཤེས་རབ་བདག་མེད་མཁའ་འགྲོའི་ཞལ་གྱི་ཆབ། །རྣལ་འབྱོར་དབང་ཕྱུག་མཆོག་གི་བཞེད་པའི་གཞུང་། །འཕགས་བོད་གྲུབ་པའི་དབང་ཕྱུག་མཆོག་རྣམས་ཀྱི། །སྙན་ནས་སྙན་དུ་བརྒྱུད་པའི་ཟབ་པའི་ཆོས། །ཡོངས་རྫོགས་བསྟན་པའི་ཉམས་ལེན་ཀུན་ཚང་བ། །རྒྱུད་དང་གྲུབ་པའི་མན་ངག་ལས་འོངས་པའི། །དཔལ་ལྡན་དགེས་པ་རྡོ་རྗེའི་ལམ་གྱི་སྲོལ། །རྒྱལ་བ་གཉིས་པ་དཔལ་ལྡན་ས་སྐྱ་པའི། །དྲི་མེད་རིང་ལུགས་ཟབ་མོའི་ཆོས་འདི་ལ། །ལམ་གྱི་ཁྲིད་ཚུལ་མང་དུ་བཞུགས་པ་ལས། །ཟབ་འབྲིང་ཐ་གསུམ་ལམ་གྱི་རིམ་པ་ཡི། །ཉམས་ལེན་སྙིང་པོ་ཕལ་ཆེར་བསྡུས་ནས་ནི། །ཚུལ་བཞིན་རང་གི་རྒྱུད་ལ་འབྱོར་བའི་ཕྱིར། །རྗེ་བཙུན་བླ་མའི་ཐུགས་རྗེ་བསྐུལ་བའི་ངག །དངོས་གྲུབ་ཉིན་བྱེད་འདྲེན་པའི་ཤིང་རྟ་འདི། །ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་གྱིས། །མི་མེད་ལུང་སྟོང་ཉུལ་བའི་དུས་ཀྱི་ཚེ། །བླུན་པོ་རང་གི་སྡུག་བསྔལ་མ་བཟོད་ནས། །རྗེ་བཙུན་བླ་མར་གསོལ་བ་འདེབས་ཕྱིར་བྲིས། །སྐྱེས་དང་སྦྱངས་པའི་བློ་གྲོས་ཤིན་ཏུ་དམན། །ཟབ་མོའི་ལམ་ལ་འདྲིས་གོམས་མ་བགྱིས་ཤིང་། །ལས་ངན་ཁུར་གྱིས་ནོན་པའི་བྱིས་པ་བདག །ཟབ་དོན་འཆད་ལ་དབང་བ་མ་ཡིན་པས། །བདག་བློ་འཁྲུལ་པའི་དྲི་མས་སྦགས་པ་དང་། །སྦས་དོན་གསལ་བར་བཤད་པ་ལ་སོགས་པ། །གལ་ཏེ་འདི་ལ་ནོངས་པའི་ཚོགས་མཆིས་ན། །རྗེ་བཙུན་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །ཟབ་མོའི་ལམ་འདིའི་ཉམས་རྟོགས་མཐར་ཕྱིན་པའི། །བརྒྱུད་འཛིན་དམ་པ་གོང་མས་མཛད་པ་ཡི། །ཁྲིད་གཞུང་རྣམས་སུ་གསལ་བར་མ་གསུངས་པ། །འགའ་ཞིག་འདི་ན་ཡོད་མོད་རང་བཟོ་མིན། །དང་པོའི་ལས་ཅན་རིམ་གྱིས་བཀྲི་ཚུལ་དང་། །གདམས་པ་ཡོངས་རྫོགས་ཐོབ་པའི་རྣལ་འབྱོར་པས། །སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་གྱི། །རྣམ་དབྱེ་ལེགས་པར་ཁོང་དུ་ཆུད་པ་དང་། །དབང་བཞིའི་ལམ་གྱིས་སོ་སོར་བཀྲི་བ་དང་། །ལམ་བཞིའི་རྣལ་འབྱོར་རིམ་བཞིན་བསྒོམས་པ་དང་། །གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་སོགས། །ལམ་གྱི་འཇུག་ལྡོག་ཚུལ་ལ་མ་རྨོངས་ཤིང་། །འཁོར་འདས་ཐུན་མོང་ཆོས་བདུན་སོ་སོ་དང་། །གཅིག་ཏུ་བསྲེས་ནས་ཉམས་སུ་ལེན་ཚུལ་ལ། །རྨོངས་པ་མེད་པའི་བློ་གྲོས་ཐོབ་པ་ན། །ཟབ་མོའི་དོན་ལ་ཡིད་ཆེས་སྐྱེ་བར་འགྱུར། །དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །འཇམ་དབྱངས་རྣམ་འཕྲུལ་རྗེ་བཙུན་ས་སྐྱ་པ། །བརྩེ་ཆེན་ཡབ་སྲས་བརྒྱུད་པར་བཅས་པ་ལ། །སྒོ་གསུམ་གུས་པས་སླར་ཡང་ཕྱག་བགྱིའོ། །ལེགས་གསུང་མདོ་རྒྱུད་ཀུན་གྱི་སྙིང་པོའི་བཅུད། །ཡེ་ཤེས་མཁའ་འགྲོའི་ཞལ་འོངས་བདུད་རྩིའི་རྒྱུན། །ཚིག་ཙམ་ཐོས་ནའང་འཆི་མེད་མཆོག་སྦྱིན་པའི། །དེ་ཡི་གསུང་རབ་ལ་ཡང་གུས་ཕྱག་འཚལ། །རྒྱལ་དང་རྒྱལ་བའི་སྲས་པོ་ཐམས་ཅད་ཀྱི། །ཆོས་ཚུལ་རྒྱ་མཚོའི་སྙིང་པོ་ཡོངས་བསྡུས་ནས། །ཕྱི་རབས་གདུལ་བྱའི་སྐལ་པར་བཞག་པ་ཡི། །གོང་མའི་གསུང་རབ་སྟོན་པའི་རྒྱལ་ཚབ་ཡིན། །མཁའ་འགྲོའི་གསང་མཛོད་བདུད་རྩིའི་ཆུ་གཏེར་ལས། །སྔོན་བྱོན་གྲུབ་པའི་དེད་དཔོན་གྱིས་བླངས་པའི། །འདོད་འབྱུང་གཞུང་བཟང་ཡིད་བཞིན་ནོར་བུ་འདི། །ས་སྐྱའི་རྗེས་འཇུག་ཡོངས་ཀྱི་སྤྱི་ནོར་ལགས། །སྲིད་དང་ཞི་བའི་ཕོངས་པ་ཀུན་སེལ་བའི། །གསང་ཆེན་གདམས་པའི་གཏེར་འདི་རྙེད་ནས་ནི། །སྤྱོད་དང་གཞན་ལ་སྦྱིན་པར་མི་བྱེད་པ། །ད་དུང་སློང་མོ་རྒྱུ་ན་སྨྱོའམ་ཅི། །རྟོག་གེའི་བློ་ཡིས་འོལ་ཚོད་མ་ཡིན་པར། །འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་རྣམས་ཀུན། །ཚད་མ་བཞི་ཡིས་གཏན་ལ་འབེབས་ནུས་པའི། །གཞུང་བཟང་འདི་འདྲ་འཇིག་རྟེན་དག་ན་དཀོན། །སྡེ་སྣོད་གསུམ་གྱི་ཟབ་དོན་འདི་ན་བཞུགས། །རྒྱུད་སྡེ་བཞི་ཡི་ཉམས་ལེན་འདི་ལ་ཚང་། །མན་ངག་ཀུན་གྱི་གཏེར་ཁ་འདི་ན་ཡོད། །གཞུང་བཟང་འདི་ནི་རྒྱལ་བའི་ཆོས་མཛོད་ཡིན། །ཡོན་ཏན་བསྐྱེད་པའི་ཐབས་ཀྱི་རྣམ་གྲངས་མང་། །སྤྲོས་པ་གཅོད་པའི་ཤེས་རབ་རལ་གྲི་རྣོ། །ཟུང་འཇུག་ཉམས་སུ་ལེན་པའི་རིམ་པ་ཟབ། །རྒྱལ་བ་དགྱེས་པའི་ལམ་བཟང་འདི་འདྲ་མེད། །རྟག་ལྟས་མ་གོས་བདེན་མེད་སྒྱུ་མར་སྟོན། །ཆད་ལྟ་མ་ཡིན་རྟེན་འབྲེལ་ལམ་དུ་བྱེད། །རྟོག་གེས་མ་བསླད་མཁའ་འགྲོའི་ཐུགས་བཅུད་འདི། །འདོར་བར་བྱེད་ན་སེམས་ཡོད་ཇི་ལྟར་ཡིན། །ལྟ་བ་ཡངས་པས་གང་ལའང་ཞེན་པ་གཅོད། །སྤྱོད་པ་ཞིབ་པས་བླང་དོར་ཚུལ་བཞིན་སྟོན། །ཐབས་ལ་མཁས་པས་ལྟ་སྤྱོད་ཟུང་དུ་འཇུག །ལམ་བཟང་འདི་ཤེས་སངས་རྒྱས་མི་རིང་ཉེ། །ཐུན་ཚགས་མ་ཡིན་མདོ་རྒྱུད་ཀུན་གྱི་བཅུད། །རང་བཟོས་མ་བསླད་འཁྲུལ་མེད་བརྒྱུད་པའི་སྲོལ། །བྱིན་རླབས་མ་ཉམས་སྙན་བརྒྱུད་བཞི་ལྡན་པའི། །ལམ་འདི་མཁས་གྲུབ་བྱེ་བའི་གཤེགས་ཤུལ་ཡིན། །སྨིན་བྱེད་དབང་གི་ཆོ་ག་མ་འཁྲུགས་ཤིང་། །གྲོལ་བྱེད་ལམ་གྱི་རིམ་པ་ཟབ་ཅིང་རྒྱས། །བོགས་འབྱིན་ལམ་གྱི་ཡན་ལག་ཀུན་ཚང་བའི། །ཆོས་འདི་རིག་འཛིན་ཡོངས་ཀྱི་ཐུགས་དམ་ཡིན། །རང་གི་ཉམས་ལེན་ཕྱོགས་སུ་མ་ལྷུང་ཞིང་། །གཞན་གྱི་ཆོས་ལ་སྒྲོ་སྐུར་མི་དགོས་པར། །དག་སྣང་ངང་ནས་དགེ་སྦྱོར་འཕེལ་བ་ཞིག །གཞུང་འདིར་ཐོས་བསམ་བྱས་པའི་ལག་རྗེས་ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གཞུང་ལུགས་ཐམས་ཅད་གདམས་པ་འཆར་བ་ཞིག །ཉམས་མྱོང་ཚད་མས་གཏན་ལ་འབེབས་འདོད་ན། །ཟབ་མོའི་དོན་འདི་སྒོམ་པས་ཉམས་སུ་ལོངས། །ཡིད་འོང་ས་འཛིན་མཐོན་པོའི་རྩེ་མོ་ནས། །དམའ་བའི་ལྗོངས་སུ་ལྟད་མོ་ལྟ་བ་བཞིན། །གྲུབ་མཐའ་ཀུན་གྱི་གནད་གསང་དུས་གཅིག་ཏུ། །མཐོང་བ་འདི་ཡང་ལམ་འདིའི་ཆེ་བ་ལགས། །གང་ཞིག་མཐོང་ན་སྲིད་པའི་མུན་འཇོམས་པ། །ཐུབ་པའི་ཆོས་ཚུལ་རྟེན་འབྱུང་ཟབ་མོའི་དོན། །བསྟན་པ་འདི་ལས་ཕྱི་རོལ་མ་གྱུར་པའི། །གྲུབ་མཐའ་འཛིན་པ་ཀུན་ལ་གྲགས་ན་ཡང་། །ཤིན་ཏུ་གསང་བ་ནང་གི་རྟེན་འབྲེལ་གྱི། །ཟབ་མོའི་དོན་ནི་མན་ངག་འདི་ཉིད་ལས། །བཀའ་སྲོལ་གཞན་གྱིས་གསལ་བར་མ་མཛད་པས། །ལུགས་འདི་གཞན་ལས་ཁྱད་པར་འཕགས་ཞེས་གསུངས། །རྒྱུ་ལས་འབྲས་བུ་ལོགས་ནས་མི་ཚོལ་ཞིང་། །གཞི་འབྲས་དབྱེར་མེད་རྟོགས་པའི་ཉེ་ལམ་གྱིས། །རང་བཞིན་ལྷུན་གྲུབ་སྐུ་བཞི་ངོ་སྤྲོད་པའི། །ཟབ་མོའི་ལམ་འདི་མཚན་དོན་མཐུན་པ་ལགས། །ཐ་སྙད་ཚིག་གི་ལམ་ལ་མ་བརྟེན་པར། །ཟབ་མོ་ནང་གི་རྟེན་འབྲེལ་བསྒོམ་པའི་མཐུས། །ཇི་སྙེད་ཤེས་བྱའི་གནས་ལ་མ་རྨོངས་པའི། །ཤེས་རབ་ཀློང་རྡོལ་ལམ་འདིའི་ཁྱད་ཆོས་ཡིན། །གྲངས་མེད་བསྐལ་པའི་ཡུན་ལ་མི་ལྟོས་པར། །ཚེ་གཅིག་ཉིད་ལ་གདོས་བཅས་སྒྱུ་མའི་ལུས། །འཇའ་ལུས་དྭངས་མའི་སྐུ་རུ་སྒྱུར་བྱེད་པའི། །གདམས་ངག་འདི་ནི་གསེར་འགྱུར་རྩི་དང་འདྲ། །གདུལ་བྱའི་བློ་དང་སྐལ་བའི་རིམ་པ་བཞིན། །ཐབས་མཁས་ལམ་གྱི་བཀྲི་ཚུལ་མང་བའི་ཕྱིར། །སྲིད་དང་ཞི་བའི་ཕུན་ཚོགས་ཀུན་སྟེར་བའི། །གཞུང་བཟང་འདི་ནི་ཡིད་བཞིན་ནོར་བུ་བཞིན། །གཞན་ངོར་སྐྱོན་དང་བར་ཆད་ལྟར་སྣང་ཡང་། །རང་སྣང་བདེ་བ་ཆེན་པོའི་ཡེ་ཤེས་སུ། །མཐོང་ནས་འཁྲུལ་སྣང་གང་གིས་མི་བརྫི་བའི། །རྐྱེན་ངན་ལམ་སློང་གདམས་པ་འདི་འདྲ་མེད། །སྐྱིད་ན་གོང་ནོན་འདོད་ཡོན་ལམ་དུ་བྱེད། །སྡུག་ན་སྐྱོ་གྲོགས་གང་སྣང་གྲོགས་སུ་འཆར། །ཉམས་ལེན་གེགས་སེལ་གདམས་ངག་བོགས་འདོན་པའི། །གཞུང་བཟང་འདི་ནི་དགེ་བའི་བཤེས་གཉེན་ཡིན། །འདི་དོན་ཤེས་ན་ཀུན་ལ་དག་སྣང་སྐྱེ། །ཚུལ་བཞིན་བསྒོམ་ན་སྣང་བ་ལྷ་རུ་འཆར། །མངོན་སུམ་རྟོགས་ན་སངས་རྒྱས་དངོས་ཡིན་པས། །ལམ་བཟང་འདི་འདྲ་མཇལ་རྣམས་སྐལ་བ་བཟང་། །ལས་འཕྲོ་བཟང་ཞིང་མོས་གུས་མཆོག་ལྡན་པ། །སྣ་ཚོགས་ལམ་གྱི་སྤྲོས་པ་མ་བརྟེན་ཀྱང་། །སྐད་ཅིག་ཉིད་ལ་སངས་རྒྱས་བྱེད་པ་ཡི། །དབང་པོ་རབ་ཀྱི་ཆོས་ཀྱང་འདི་ནས་གསུངས། །དབང་ལས་སྐྱེས་པའི་ཡེ་ཤེས་མ་ཉམས་པར། །མན་ངག་ཚུལ་བཞིའི་བསྲུང་བའི་ཐབས་མཁས་ཀྱིས། །མི་རིང་མྱུར་དུ་སངས་རྒྱས་བྱེད་པ་ཡི། །དབང་པོ་འབྲིང་གི་ཉམས་ལེན་འདི་ན་བཞུགས། །རྣམ་ལྔའི་རྟེན་འབྲེལ་ལུས་ལ་བསྒྲིགས་ནས་ནི། །འབད་རྩོལ་དྲག་པོས་རྒྱུན་དུ་གོམས་བྱས་པས། །ཡེ་ཤེས་སྐྱེས་ནས་གྲོལ་བར་འགྱུར་བ་ཡི། །དབང་པོ་ཐ་མའི་ཆོས་ཀྱང་འདི་ནས་གསུངས། །གཞན་ཡང་བློ་དང་སྐལ་བའི་རིམ་པ་བཞིན། །ཐབས་ཤེས་ཕྱོགས་སུ་ཞེན་པའི་དབྱེ་བ་ཡི། །དབང་པོ་རབ་འབྲིང་དྲུག་གི་བཀྲི་ཚུལ་སོགས། །ལམ་གྱི་ཁྲིད་ཚུལ་ཉི་ཤུ་རྩ་བརྒྱད་བཞུགས། །དེ་སླད་གང་དག་གཞུང་འདིར་དད་ན་ཡང་། །ལམ་འདི་ཧ་ཅང་སྤྲོས་པ་རྒྱ་ཆེ་བས། །འདི་འདྲ་ཉམས་སུ་ལེན་པ་མི་ནུས་ཞེས། །སྔངས་སྐྲག་སྐྱེ་བ་ཐུགས་རྒྱུས་ཆུང་བའི་རྟགས། །བརྒྱུད་པ་མཆོག་འདིའི་བཀའ་སྲོལ་ལས་འོངས་པའི། །རྣལ་འབྱོར་གསང་མཐའི་རྒྱུད་ཀྱི་མན་ངག་སོགས། །རང་གི་ཉམས་ལེན་གང་ལ་བརྩོན་ཀྱང་རུང་། །ལམ་གྱི་སྤྱི་གཞུང་འདི་འདྲས་ཟིན་པ་དགོས། །རྒྱལ་བ་ཀུན་གྱི་དགོངས་པ་འདི་ཡིན་ཞིང་། །གསང་འཛིན་མཁའ་འགྲོའི་ཐུགས་བཅུད་འདི་ལགས་མོད། །འོན་ཀྱང་སྙིགས་མའི་དུས་ཀྱི་ཤུགས་བརྟས་པའི། །བསྟན་པའི་སྣང་བྱེད་འདི་ནི་ནུབ་ལ་ཉེ། །ཐེག་གསུམ་ལམ་གྱི་རྟོགས་རིགས་མ་ལུས་པ། །མཆོག་གསང་སྙིང་པོའི་ཐབས་མཁས་ལ་བརྟེན་ནས། །རིག་ཐོག་གཅིག་ལ་ཉམས་སུ་ལེན་ནུས་པའི། །ལམ་འདི་ཀུན་མཁྱེན་སྒྲུབ་པའི་མྱུར་ལམ་ཡིན། །འདི་འདྲ་མངོན་སུམ་རྟོགས་ན་སྨྲོས་ཅི་དགོས། །གོ་ཡུལ་ཙམ་དུ་ཉམས་སུ་མྱོང་བས་ཀྱང་། །སྲིད་པའི་སྣང་ཤེས་ཧྲུལ་པོར་བགྱིད་ནུས་ན། །འདི་ལ་མི་སྤྲོ་བློ་ལྡན་སུ་ཞིག་ཡོད། །འགལ་འདུ་སྡེབ་པ་རྟོག་གེའི་བློ་གྲོས་ཀྱིས། །ཟབ་མོའི་དོན་འདི་རྟོགས་པར་མི་ནུས་པས། །བླ་མའི་བཀའ་བཞིན་བྱིན་རླབས་བརྒྱུད་པའི་སྲོལ། །མོས་གུས་ཁོ་ནས་ཉམས་སུ་ལེན་པར་རིགས། །མཁས་གྲུབ་བླ་མའི་ཉིན་བྱེད་དཀྱིལ་འཁོར་རྒྱས། །དྲི་མེད་གསུང་གི་འོད་སྣང་འབུམ་གཡོ་བ། །བློ་གྲོས་པད་མོའི་གཉེན་དུ་འཐུང་ཤེས་ན། །ཟབ་དོན་རྟོགས་པའི་པད་ཚལ་བཞད་པར་ངེས། །རྟེན་འབྲེལ་འདི་འདྲ་ཕྱི་ནས་རྙེད་དཀའ་བས། །བློ་གྲོས་ལུས་གྲིམས་མང་ཐོས་རལ་པས་བརྗིད། །སྐལ་བཟང་སྡོམ་བརྩོན་མི་ཡི་སེང་གེ་དག །སྙན་བརྒྱུད་གངས་རི་འཛིན་པའི་དུས་ལ་བབས། །དྲི་མེད་རིང་ལུགས་ཆོས་ཀྱི་སྣང་བ་འདི། །ཆོས་ཀྱི་དབང་ཕྱུག་བླ་མའི་མདུན་ས་རུ། །ཉི་མའི་འོད་བཞིན་ཁྱབ་པར་བརྡལ་ན་ཡང་། །སྐལ་ངན་འུག་པའི་ཚོགས་ཀྱིས་རྣམ་པར་སྤངས། །ངེས་དོན་གསུང་ངག་ཡན་ལག་བརྒྱད་པའི་ཆུས། །ཆོས་འདོད་སྐོམ་པས་གདུང་བའི་རྗེས་བསྙེགས་ཀྱང་། །སྨིག་རྒྱུའི་ཆུ་བོ་ཚོལ་བའི་ངལ་བ་ཡིས། །བློ་གསལ་འགའ་ཞིག་དུབ་པར་མ་གྱུར་ཏམ། །བླ་མའི་ཐུགས་ཟིན་གསུང་ངག་གདམས་པའི་བཅུད། །ལེགས་པར་མྱོང་ནས་དབེན་པའི་རི་ཁྲོད་དུ། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པ། །སྐལ་བཟང་དེ་ལས་སྐྱིད་པ་སུ་ཞིག་ཡོད། །དུག་ལྔ་འཁྲུགས་ཀྱང་ཡེ་ཤེས་སྐྱེ་བའི་རྒྱུ། །བདུད་དཔུང་ལྷག་ཀྱང་དངོས་གྲུབ་རྩོལ་བའི་གྲོགས། །འཁྲུལ་སྣང་ཤར་བ་ལྷ་དང་ཡེ་ཤེས་སུ། །མཐོང་བ་དེ་ཡང་དེ་ལ་རིང་མི་འགྱུར། །སྲིད་རྩ་དྲུང་འབྱིན་དགེ་སློང་དེ་ཡིན་ཏེ། །འབྲེལ་ཚད་དོན་ལྡན་རྒྱལ་བའི་སྲས་པོའང་དེ། །བདེ་ཆེན་བདུད་རྩིའི་ཆང་ལ་རྟག་རོལ་པའི། །རིག་པ་འཛིན་པའི་དེད་དཔོན་དངོས་ཀྱང་དེ། །མདོར་ན་ལྔ་བདོ་སྙིགས་མའི་དུས་སུ་ཡང་། །རྫོགས་པའི་སངས་རྒྱས་ལག་རྩེར་གཏོད་ནུས་པའི། །བསྐལ་མང་རྙེད་དཀའི་ཟབ་ཆོས་རིན་པོ་ཆེའི། །ཡོན་ཏན་མཐའ་དག་སུ་ཞིག་བརྗོད་པར་ནུས། །བསྟན་པའི་བདག་པོ་བླ་ཆེན་ཕལ་མོ་ཆེས། །སྟོབས་འབྱོར་མངའ་ཐང་སྒྲུབ་པ་རྣམ་གཡེང་གིས། །བརྒྱུད་པ་མཆོག་འདིའི་བཀའ་སྲོལ་ལས་འོངས་པའི། །ཟབ་ཆོས་ཚོལ་ལ་ཐུགས་ལས་ཆུང་བར་མཛད། །བསྟན་ལ་གསར་དུ་ཞུགས་པའི་བློ་གསལ་རྣམས། །ལྟོ་ཆོས་ལག་ལེན་སྒྲུབ་པའི་ལྟད་མོ་ལ། །དེ་དག་གིས་ཀྱང་བློ་མིག་གཡེངས་ནས་ནི། །ཟབ་མོའི་ཆོས་འདི་ས་འོག་གཏེར་བཞིན་ལུས། །སྒྲུབ་བརྩོན་དམ་པའི་སྐྱེས་བུ་ཕལ་ཆེར་ཡང་། །བཟླས་གྲངས་ཙམ་ལ་ཐུགས་རྩེ་གཏོད་པ་ལས། །ཟབ་ཆོས་འདི་འདྲ་རང་ལ་ཡོད་པ་ཡང་། །གསན་པ་མེད་ན་ཉམས་སུ་ཇི་ལྟར་བཞེས། །བརྒྱུད་ལྡན་བླ་མ་ཚུལ་བཞིན་མ་བརྟེན་པའི། །སྐྱེས་སྦྱངས་བློ་གྲོས་གསལ་བའི་མཁས་པས་ཀྱང་། །གཞུང་འདི་བཤད་ཡམ་ཙམ་དུ་གཟིགས་ནས་ནི། །སྙིང་པོའི་ཉམས་ལེན་གཞན་དུ་ཚོལ་བར་དགོངས། །ཀྱེ་མ་འཇམ་མགོན་ས་སྐྱའི་བསྟན་པ་ནི། །ལྟག་ཆུ་ཟད་པའི་རྫིང་བུའི་ངང་ཚུལ་བཞིན། །ད་ནི་ཤིན་ཏུ་ཉམས་པར་མཐོང་ན་ཡང་། །སྙིགས་མའི་རང་མདངས་བཅོས་སུ་ཅི་ཞིག་ཡོད། །བཟླས་གྲངས་སོང་བས་མགྲིན་པ་སྐྱ་བ་དང་། །ཟ་ཆོག་ཤེས་པས་ལྟོ་བ་སྐྱ་བ་དང་། །ཕྱོགས་འཛིན་བྱེད་པའི་ཁ་སྐྱ་ཙམ་མིན་པའི། །སྙིང་ནས་ས་སྐྱའི་བསྟན་པ་འཛིན་བཞེད་ན། །ཡིད་ཆེས་རྒྱལ་བའི་བཀའ་དང་ཁྱད་མེད་པའི། །འཁྲུལ་ཟད་གོང་མའི་གསུང་རབ་འདི་དག་ལ། །ཐོས་བསམ་བསྒོམ་པའི་སྒོ་ནས་འཇུག་ནུས་ན། །དལ་འབྱོར་རིན་ཆེན་རྙེད་པ་དོན་བཅས་ཡིན། །རྒྱལ་བའི་དགོངས་པ་གྲུབ་པའི་དབང་ཕྱུག་གིས། །བཀྲལ་བའི་བོད་ཀྱི་གྲུབ་མཐའ་སུ་ལ་ཡང་། །རབ་གུས་དད་པའི་ཡིད་ཆེས་བསྐྱེད་པ་ལས། །མ་གུས་ཕྱོགས་འཛིན་བདག་གི་རྒྱུད་ལ་མེད། །འོན་ཀྱང་ཕ་རྒོད་བླ་མའི་བཀའ་དྲིན་གྱིས། །དཔལ་ལྡན་ས་སྐྱའི་ཆོས་འདིའི་རིགས་སུ་སྐྱེས། །མེ་ཏོག་ཕོག་པའི་ལྷ་སྐལ་འདི་ཉིད་ཡིན། །བརྒྱུད་པ་བཟང་པོའི་ཕ་ཆོས་འདི་ཉིད་ཡིན། །དེ་སླད་བརྩོན་པས་ཉམས་སུ་མ་ལོན་ཀྱང་། །ཟབ་པའི་ཡང་རྩེ་ཆོས་ཚུལ་འདི་ཉིད་ལ། །ཡིད་ཆེས་བསྐྱེད་ནས་མི་མེད་ལུང་སྟོང་དུ། །སྤྲང་པོ་བདག་ནི་འཆི་བ་བསྒུག་སྙིང་འདོད། །ཡང་གསང་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི། །ཆོས་འདི་བསྒོམ་པས་ཉམས་སུ་མ་ལོན་ཀྱང་། །ཕས་རྒོལ་འབུམ་གྱིས་འཕྲོག་པར་མི་ནུས་པའི། །ཡིད་ཆེས་དད་པ་སྙིང་གི་དཀྱིལ་ན་ཡོད། །ཆོས་འདིའི་གླེགས་བམ་སྔས་སུ་བཞག་ནས་ནི། །དཔལ་མགོན་བླ་མ་ཡིད་ལ་དྲན་བཞིན་དུ། །མི་རྟག་ལྔ་པའི་ལམ་དུ་སོང་ན་ཡང་། །འགྱོད་པ་མེད་དོ་ཆོས་མཐུན་གྲོགས་པོ་དག །བླ་མའི་དྲིན་གྱིས་ལས་ངན་བདག་འདྲ་ཡང་། །ཆོས་འདིའི་རིགས་སུ་སྐྱེས་པ་ཁས་འཆེ་ན། །སྐལ་བཟང་བློ་གསལ་དམ་པ་གཞན་དག་གིས། །བརྩོན་པ་མཛད་ན་སྨོས་ཀྱང་ཅི་ཞིག་འཚལ། །བླ་མ་མཇལ་ཡང་ཚུལ་བཞིན་མ་བསྟེན་ལ། །གདམས་ངག་ཐོས་ཀྱང་ཉམས་སུ་མ་ལོན་ཞིང་། །དབེན་པ་བསྟེན་ཀྱང་བརྩོན་འགྲུས་མ་ནུས་པའི། །སྡིག་ལྡན་བདག་གི་སྙིང་ལ་ཅི་ཞིག་ཞུགས། །ལས་ངན་མཚོ་ཆེན་རྡོལ་བའི་རྨོངས་པ་བདག །ལྷ་དང་བཅས་པའི་སྙིང་རྗེའི་ཡུལ་ཡིན་མོད། །ཆོས་འདིའི་བདུད་རྩི་རྣ་བའི་བུ་ག་རུ། །སོན་པ་འདི་ཙམ་ཕྱི་མའི་ལམ་རྒྱགས་ཡིན། །ལས་ངན་ཁུར་ལྕི་གཤིས་ངན་བདག་འདྲ་ཡང་། །ཐུགས་བརྩེའི་ཐུགས་ཀྱིས་རྗེས་སུ་བཟུང་བ་ཡི། །དཔལ་མགོན་བླ་མའི་བཀའ་དྲིན་དྲན་པའི་ཚེ། །མཆི་མའི་རྒྱུན་གྱིས་འདྲེན་བྱེད་བརླན་པར་བྱས། །མ་ལུས་མཁའ་ཁྱབ་འགྲོ་བ་ཡོངས་ཀྱི་མགོན། །ཉམ་ཐག་བདག་གི་བྱང་ཆུབ་བར་གྱི་སྐྱབས། །འཇམ་མགོན་བླ་མའི་བཀའ་ལུང་ཇི་བཞིན་དུ། །བསྔགས་པའི་ཚིག་འདི་གུས་པ་ཡིད་ཀྱིས་སྦྱར། །ཆོས་ཚུལ་འདི་ཡི་ཡོན་ཏན་མཐའ་ཀླས་པ། །ཆོས་མེད་བདག་གི་སྤྱོད་ཡུལ་མ་ཡིན་ཡང་། །ཆོས་རྗེ་བླ་མའི་གསུང་གིས་ཡུན་རིང་དུ། །བསྐྱངས་པའི་གོ་ཡུལ་ཕྱོགས་ཙམ་བཤད་པ་ལགས། །འདི་བགྱིས་པ་ལས་བྱུང་བའི་དགེ་བ་ཡིས། །འདི་ཉིད་གོ་ཡུལ་ཙམ་དུ་མི་འཇོག་པར། །འདི་བཞིན་རང་གི་ཉམས་སུ་བླངས་པའི་མཐུས། །འདི་དོན་རྒྱུད་ལ་འབྱོར་བའི་རྒྱུ་རུ་བསྔོ། །ཚེ་རབས་ཀུན་ཏུ་རྒྱལ་བ་སྲས་བཅས་དང་། །འཇམ་མགོན་བླ་མ་བརྒྱུད་པར་བཅས་པ་ཡི། །འབངས་སུ་གྱུར་ནས་མཁའ་མཐའི་རྗེས་འགྲོ་བའི། །ལྷུན་གྲུབ་ཕྲིན་ལས་བདག་གིས་སྐྱོང་བར་ཤོག །དགེའོ། །དགེའོ། །དགེའོ།