cover

ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་གཉིས་པ།

གླེགས་བམ། ཁ༽

ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།

ཞེ་ཆེན་མཁན་པོ་པདྨ་ཀུན་བཟང་ནས་པར་དུ་བསྐྲུན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་གསལ་བཤད།

བསྐལ་བཟང་སངས་རྒྱས་སྟོང་གི་གདུལ་ཞིང་། སྟོང་གསུམ་མི་མཇེད་ཀྱི་ཆ་ཤས་འཛམ་གླིང་གི་བྱང་ཕྱོགས། བོད་གངས་ཅན་གྱི་བསྟན་པ་རྒྱ་མཚོའི་ཕྱི་མོ། གསང་སྔགས་སྔ་འགྱུར་བའི་བསྟན་པའི་འབྱུང་གནས། སྟོད་ན་རྡོར་སྨིན་གཉིས། སྨད་ན་ཀཿདཔལ་གཉིས། བར་ན་ཞེ་རྫོགས་གཉིས་ཞེས་གྲགས་པའི་བྱེ་བྲག་གསང་སྔགས་རྙིང་མའི་གདན་ས་ཆེ་རྒུའི་ཡ་རྒྱལ། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ཞེས་སྔ་འགྱུར་བཀའ་གཏེར་ཆོས་ཀྱི་རྒྱ་མཚོ་ཆེན་པོ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་རྗེས་བཀྲ་ཤིས་རེ་ཁ་ཆེས་ཆེར་བཀྲ་བར། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་བགྲང་ལས་འདས་པ་བྱོན་པའི་དབུས་སུ་མངོན་པར་འཕགས་པ། གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཤིང་རྟ་བཀའ་བབས་བདུན་ལྡན་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། མཁས་གྲུབ་དབང་པོ་མ་ཧཱ་པཎྜི་ཏ་འཇམ་དབྱངས་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྣམ་གཉིས་ཀྱི་ཐུགས་སྲས་ཐུ་བོ། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོ་གང་གི་གསུང་འབུམ་མདོ་སྔགས་རིག་གནས་ཀྱི་མཛོད་ཆེན་འདི་ཉིད། སྔོན་ཆད་རྗེ་དེའི་སྲས་ཀྱི་ཐུ་བོ་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེས་གདན་སར་ཤིང་པར་དུ་བཀོད་པ་སྙིགས་དུས་ཀྱི་སྐྱེ་འགྲོ་བསོད་ནམས་དམན་རྐྱེན་ཉམས་རྒུད་རྩ་བརླག་ཏུ་སོང་ཡང་། ཕྱིས་རྒྱ་གར་འཕགས་ཡུལ་དུ་མགོན་པོ་གང་དེའི་དགོངས་བརྒྱུད་ཀྱི་བྱིན་རླབས་ཐོབ་ཅིང་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག ༧སྐྱབས་རྗེ་དིལ་མཁྱེན་རྡོ་རྗེ་འཆང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་གིས་མ་དཔེ་འཚོལ་བསྡུས་ཀྱི་སླར་ཡང་པར་བསྐྲུན་མཛད་ཅིང་བཤད་ལུང་གི་རྒྱུན་ཡང་སྤེལ་བར་མཛད་དེ་རྒྱལ་བསྟན་སྤྱི་བྱེ་ལ་སྨན་པའི་སྐུ་དྲིན་བླ་མེད་བསྐྱངས་པ་དེ་ལྟར་ཡང་། ད་ཆ་མདོ་དབུས་ཁམས་གྱི་མཚོན་པའི་འཛམ་གླིང་མཐའ་གྲུ་ཀུན་ཏུ་རྒྱལ་བསྟན་སྤྱི་དང་། ཡང་སྒོས་སྔ་འགྱུར་བའི་ལྟ་གྲུབ་དྲི་མ་མེད་པ་ཐོས་བསམ་སྒོམ་པས་འཛིན་སྐྱོང་སྤེལ་བའི་བསྟི་གནས་དགོན་སྡེ་ཁག་གི་ནང་སློབ་གཉེར་བ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་ཚོར། འཁྲུལ་མེད་རྒྱལ་བ་དགྱེས་པའི་ལམ་གནད་གསལ་བོར་སྟོན་པའི་ལེགས་བཤད་རྨད་དུ་བྱུང་བ་རྣམས་གཟིགས་ཆོག་ཡོང་བ་དང་། དེང་གི་ཆར་སྔོན་མེད་འཕྲུལ་ཡིག་ལེགས་ཐོན་གྱིས་དཔེ་དེབ་སྤུས་དག་ཡོང་ངེས་དང་། འཇམ་མགོན་རྒྱལ་བ་ཡབ་སྲས་ཀྱི་རྡོ་རྗེའི་གསུང་གི་ཕྲིན་ལས་འཛམ་གླིང་ཕྱི་ནང་ཀུན་ཏུ་ཁྱབ་བརྡལ་ཡོང་བའི་རེ་འདུན་ཆེན་པོས། རྒྱལ་བསྟན་སྤྱི་དང་རང་བསྟན་ལ་ལྷག་བསམ་རྣམ་པར་དཀར་བ་ཞེ་ཆེན་དགོན་གྱི་མཁན་པོ་པདྨ་ཀུན་བཟང་མཆོག་ནས་དེང་རབས་ཀྱི་གློག་ཀླད་འཕྲུལ་འཁོར་ལ་བརྟེན་ནས་པར་བསྐྲུན་གནང་བཞིན་ཡོད་པར་ཡི་རང་བསྔགས་བརྗོད་བྱེད་པ་དང་ཆབས་ཅིག གསུང་རབ་འདིས་རྒྱལ་བའི་དགོངས་པ་དྲི་མ་མེད་པ་གསང་ཆེན་སྔ་འགྱུར་བའི་ལྟ་གྲུབ་ཀྱི་གནད་གསང་གསལ་བར་སྟོན་པ་ཀུན་གྱིས་མཁྱེན་རྟོགས་ཐུབ་པས་རང་གཞན་གྱི་འདི་ཕྱིའི་དོན་འབྲས་རླབས་ཆེན་ཡོང་རྒྱུའི་རེ་སྨོན་བཅས། ཞེ་ཆེན་རབ་འབྱམས་བདུན་པར་འབོད་པ། དགེ་སྦྱོང་ངག་དབང་ཆོས་དཔལ་རྒྱ་མཚོས་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༤ བཟང་པོ་ལ།

གསལ་བཤད་ཉུང་ངུ་།

༈ དེ་ཡང་མི་རིང་བའི་འདས་པའི་ལོ་རབས་འགའི་ཡུན་ལ་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་ལ་ཉམས་རྒུད་ཚབས་ཆེན་ཐེབས་ནས། དེང་གི་དུས་འདིར་བོད་ཀྱི་རིག་གཞུང་ཟེར་བ་དེ་སྒྲ་གཅན་གྱི་ཁ་ནས་ཕྱེད་ཙམ་ཐར་པའི་ཟླ་བ་ལྟ་བུ་ཞིག་ཡིན་ལ། འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་ཡུན་རིང་དུ་གནས་པའི་ཆེད་དུ་མཁས་པ་དང་ལྷག་བསམ་ཅན་གྱི་སྐྱེས་བུ་དམ་པ་དག་གིས་སྔ་རབས་ཀྱི་མཁས་པའི་གསུང་རབ་རྣམས་སྤུས་ལེགས་ཀྱི་ཡིག་གཟུགས་སུ་སྤེལ་ནས་འགྲེམ་སྤེལ་གནང་བཞིན་པ་འདི་དག་ནི་འཆི་ཁ་མ་ལ་སྲོག་བསྩལ་པ་ལྟ་བུའི་བསྟན་པའི་སྲོག་སྙིང་གསོ་བའི་བྱ་བ་གལ་ཆེན་ཞིག་ཡིན་ལ། འདིར་ཡང་ཁམས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་པདྨ་ཀུན་བཟང་ལགས་ཀྱིས་མཁས་པའི་དབང་ཕྱུག་ཞེ་ཆེན་རྒྱལ་ཚབ་སྐུ་ཕྲེང་བཞི་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་གསུང་རབ་འདི་དག་དེབ་ཏུ་བསྐྲུན་པ་འདི་བསྔགས་འོས་ཀྱི་མཛད་པ་བླ་ན་མེད་པ་ཞིག་ཏུ་ཤེས་ཏེ། དེ་ཡང་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་ནི་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་སྤྱི་དང་ཁྱད་པར་གསང་སྔགས་སྔ་འགྱུར་གྱི་མདོ་རྒྱུད་རྒྱ་མཚོའི་གནས་ལ་ཐུགས་སྤྱན་ནམ་མཁའ་ལྟར་ཡངས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པར་མ་ཟད་འཇམ་མགོན་མི་ཕམ་རིན་པོ་ཆེས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བའི་གསང་སྔགས་སྔ་འགྱུར་གྱི་བསྟན་པ་ལ་མཛད་རྗེས་བླ་ན་མེད་པའི་མཁས་པའི་དབང་ཕྱུག་ཆེན་པོ་ཞིག་སྟེ། རྗེ་འདི་ཉིད་ཀྱིས་འཇམ་མགོན་བླ་མའི་གསུང་གི་མཛད་པ་ལ་ཆེད་དུ་དམིགས་ཏེ་མཆན་འགྲེལ་དང་ཁ་སྐོང་། གཞན་ཡང་དེ་དག་གི་ཟབ་དོན་རྗེན་པར་ཕྱུང་བའི་ཡིག་ཆ་ངེས་དོན་བདེ་གཤེགས་སྙིང་པོའི་དོན་གཏན་ལ་ཕབ་པའི་ལེགས་བཤད་སོགས་བསྟན་བཅོས་མང་དུ་བཞག་ཡོད་པ་ཡིན་ལ། བཤད་སྲོལ་ལ་ཡང་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་དང་རྗེ་འདི་ཉིད་ཀྱི་བདེན་གཉིས་གློག་གི་སྒྲོན་མ་འདི་གཉིས་ཀྱི་དོན་ཤེས་ན་གསང་སྔགས་སྔ་འགྱུར་གྱི་མདོ་སྔགས་ཀྱི་ལྟ་གྲུབ་ཡོངས་རྫོགས་ཀྱི་གནད་ཟིན་པ་ཡིན་ཞེས་ཟེར་བ་ལྟ་བུ་ཡིན་ནོ། །དེས་ན་འཇམ་མགོན་བླ་མ་ཡབ་སྲས་གཉིས་ཀྱི་གསུང་དག་ནི་གསང་སྔགས་སྔ་འགྱུར་པའི་བསྟན་པའི་ཟབ་གནད་ཀྱི་ཉི་མ་རང་རྒྱུད་ལ་འདྲེན་པའི་སྐྱ་རེངས་དཀར་པོའི་འོད་སྣང་ལྟ་བུ་ཞིག་ཡིན་པས་འཇམ་པའི་དབྱངས་དངོས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཡིག་ཆ་དག་ལ་སྦྱང་བརྩོན་བྱེད་པའི་བློ་གསར་དག་གིས་ཀྱང་རྗེ་ཉིད་ཀྱི་མདོ་སྔགས་ཀྱི་གསུང་རབ་དག་ལ་ལྟ་ཀློག་ཡང་ཡང་བྱེད་པ་ཤིན་ཏུ་གལ་ཆེ་བའི་གནས་སུ་སེམས་སོ། །

གསེར་ལྗོངས་བླ་མ་རུང་དུ་འཆི་མེད་རིག་འཛིན་གྱིས་བྲིས།

ཐོག་མའི་སྙན་སྒྲོན།

དེ་ཡང་ཀུན་མཁྱེན་མི་ཕམ་རིན་པོ་ཆེས་བསྟན་བཅོས་བརྩམ་པ་བཀས་སྐུལ་ཞིང་། གསུང་རྩོམ་རིགས་བསྟན་པའི་གཙིགས་སུ་ཆེ་བས་འཐོར་ཟགས་སུ་མ་སོང་བར་ཕྱོགས་གཅིག་ཏུ་བསྡུ་དགོས་པར་ཡང་བཀའ་གནང་ལས་གྲུབ་པའི་བཀའ་འབུམ་འདི་ཉིད་འགྲེམས་སྤེལ་ཞུས་པའི་ཐོག་མའི་སྙན་སྒྲོན་ནི།
ལྷ་མོ་དྲི་མ་མེད་པའི་མདོ་ལས་ལུང་བསྟན་པ་ལྟར་ཆོས་རྒྱལ་ཡབ་མེས་རིམ་བྱོན་དང་འགྱུར་སྔ་ཕྱིའི་ལོ་པཎ་མཁས་གྲུབ་གོང་མ་རྣམས་ཀྱི་ཐུགས་རྗེ་དང་ཕྲིན་ལས་ཚད་མེད་པ་ལས་བྱུང་བའི་དེང་སང་བོད་བརྒྱུད་ནང་བསྟན་རིག་གཞུང་ཞེས་མི་རིགས་གཞན་དང་གཞན་གྱི་མི་སྣ་གཟུར་གནས་ཤེས་ཡོན་ཅན་རྣམས་འགྲམ་ཆུ་ལྡངས་ཏེ་ངོ་མཚར་བའི་གནས། སྔོན་བྱོན་དམ་པ་ཚོའི་མཁྱེན་ནུས་རྩལ་དགུ་ཡོད་ཚད་བོད་བརྒྱུད་ནང་བསྟན་ཆོས་དང་རིག་གཞུང་ནོར་བུ་མཐོན་ཀ་ལྟ་བུ་འདི་ཁོ་ནའི་ཆེད་དུ་འབད་འབད་དུང་དུང་གི་མཛད་འཕྲིན་ལ་གཞིགས་ན་བསམ་ཡུལ་ལས་འདས།
འོན་ཀྱང་འདོད་བྲལ་སྡུག་འཕྲད་ཀྱི་འཕོ་འགྱུར་ནི་སུ་ལའང་བྱུང་དང་འབྱུང་བཞིན་པ་ལྡོག་མེད་ཅིག་ཡིན་སྟབས། གཅིག་དགུ་ལྔ་དགུའི་ཛ་དྲག་ལས་འགུལ་གྱི་འཛིན་ཁྲིས་བདེ་ལྡན་ཁ་བའི་ལྗོངས་ཀྱི་ཆོས་དང་རིག་གཞུང་{སྔ་འགྱུར་པའི་གདན་ས་ཆེན་མོ་འདི་གའི་རིག་གཞུང་ལ་བསམས་ན་ཀུན་གཟིགས་རབ་འབྱམས་གཉིས་པའི་གསུང་འབུམ་པོད་དགུ་ལོངས་པ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེ་གོང་མ་གྲུབ་ཐོབ་ཆེན་པོ་ཤེས་རབ་ཡར་འཕེལ་གྱི་གསུང་འབུམ་པོད་ལྔ་ཙམ་དང་། རྒྱལ་དབང་བཅུ་བཞི་པས་མ་ཧཱ་པཎྜི་ཏ་ཞེས་མཚན་གྱི་ཅོད་པན་དཔྱངས་པ་མ་ཧཱ་པཎྜི་ཏ་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་འབུམ་པོད་དྲུག་ལྷག་དང་། རྒྱལ་ཚབ་རིན་པོ་ཆེའི་གསུང་འབུམ་སྤར་ཤིང་སོགས་ནི་ད་ལྟ་མིང་ཙམ་ལས་མེད། གསུང་འབུམ་འདིའི་མ་ཕྱི་ཙམ་ཞིག་ཆོས་བརྒྱུད་འདི་ལ་ལྷག་བསམ་སྟོན་ཟླ་ལྟར་དཀར་བའི་སངས་རྒྱས་བསྟན་འཛིན་ལགས་ཀྱིས་རང་ཉིད་ཀྱི་ལུས་སྲོག་དཀའ་ངལ་གང་ལའང་ལྟོས་མེད་དུ་ཧུར་འབུངས་ཞེ་བསྐྱེད་ཀྱི་དཀའ་དྲིན་ལས་རྣམ་པ་ཚོའི་སྤྱན་ལམ་དུ་འབུལ་ཆོག་ཆོག་བྱུང་འདུག}ཤིན་ཏུ་ཕངས་པ་མི་ཉུང་བ་ཞིག་གྱུར་མིད་གཏོང་བའི་ན་ཟུག་ཟློས་ན་སེམས་བློང་བློང་པོ་ལས་ཅི་ཡོད།
དེ་བས་བོད་བརྒྱུད་ནང་བསྟན་རིག་གཞུང་མྱུར་སྐྱོབ་དང་རྒྱུན་འཛིན་སླར་གསོའི་བྱ་གཞག་འུར་བཤད་ཙམ་དུ་མ་ལུས་པ། མིག་རྒྱང་རིང་པོས་དཔེ་སྐྲུན་འགྲེམས་སྤེལ་སོགས་ཞུས་ཏེ་རྒྱ་ཆེ་བའི་སློབ་གཉེར་བ། ཉམས་ལེན་པ། ཞིབ་འཇུག་པ་དག་གི་སྤྱན་ལམ་དུ་འབུལ་ཐུབ་ན་དོན་དམ་པ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ནམ་བསྟན་འགྲོའི་དོན་ཕན་འབྲས་མངོན་དུ་འགྱུར་བ་སོགས་ཀྱི་དགེ་མཚན་ལ་སུ་མི་རངས།
ད་ལམ་འདིར་རྙེད་གྲགས་ཀྱི་འདུ་ཤེས་རིང་དུ་དོར་ནས་ལྷག་པའི་བསམ་པ་ཁོ་ནས་མཁན་རིན་པོ་ཆེ་པདྨ་ཀུན་བཟང་མཆོག་གིས༧འཇམ་མགོན་མཁྱེན་ཀོང་ཟུང་དང་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་རྣམ་གསུམ་གྱི་སྲས་ཀྱི་ཐུ་བོ་མཁས་གྲུབ་གཉིས་ལྡན༧རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་མཆོག་གི་གསུང་འབུམ༼ཆོས་ཚན་ཅི་ཡོད་ཨ་དུམ་ནང་བཞུགས་དཀར་ཆག་ནོར་བུའི་ཕྲེང་བར་གཟིགས། ༽འདི་ཉིད། བོད་བརྒྱུད་ནང་བསྟན་རིག་གཞུང་སྤྱི་དང་། ཁྱད་པར་དུ་སྔ་འགྱུར་པའི་ལྟ་གྲུབ་བམ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ཡིག་ཆ་འཛིན་པ་དག་ལ་མེད་དུ་མི་རུང་བ་ཞིག་ཏུ་དགོངས་ཏེ་རྒྱ་ཆེའི་དོན་གཉེར་ཅན་རྣམ་པའི་སྤྱན་ལམ་དུ་འགྲེམས་སྤེལ་གནང་བ་སྟེ། ཞུ་དག་ལག་བསྟར་བྱས་ཚུལ་ནི། དེ་ཡང་ཡིག་ནོར་ངེས་ཅན་རྣམས་ཐད་ཀར་བསྒྱུར་པ་དང་། ལ་ལ་{}གུག་རྟགས་ནང་ལ་དཔེར་ན་་་་་འཆུགས་{འཁྱུགས}འདི་ལྟ་བུ་བསྒྱུར་པའི་དེ་མ་ཐག་གུག་རྟགས་ནང་དུ་བསྒྱུར་ཡིག་དེ་ཁོལ་ཕྱུང་དང་། ཚིག་གཅིག་ཐེངས་མང་ནོར་རིགས་གུག་རྟགས་ནང་དུ་་་སྒེག་{སྒེགས་འདིའི་རིགས་འདི་ལྟར་ཞུས། }འདི་ལྟ་བུ་དང་། གསར་བཏགས་རིགས་[]གུག་རྟགས་ནང་དུ་[གྱིས་ཞུ་མཆན། ]འདི་ལྟ་བུ་དང་། ལྷག་རིགས་{}གུག་རྟགས་ནང་དུ་{ལ་ལྷག}འདི་ལྟ་བུ་དང་། མ་ཕྱི་ནང་མི་གསལ་བའི་རིགས་གུག་རྟགས་ནང་དུ་[ཡང་མ་དཔེ་མི་གསལ། ]འདི་ལྟ་བུ་དང་། ཞེས་མཆན་བླུགས་ཡོད། གཞན་ཡང་མ་ཕྱི་ནང་མི་གསལ་བ་དང་དོགས་ཅན་ཁ་ཤས་སྣང་ཡང་རང་སར་བཞག་པ་ལས་ཕྲི་བསྣན་རྔོ་མི་ཐོགས། དེ་མིན་དཔེར་ན་དགའ་བའི་ཞེ་ས་ལ་དགྱེས་པ་དང་དགེས་པ། ཆུ་བོ་ཆུང་ངུ་ལ་ཆུ་ཕྲན་དང་ཆུ་བྲན་ལྟ་བུ་དང་། བྱ་ཚིག་དང་བྱེད་ཚིག་གང་ལྟར་རུང་རིགས་མ་ཕྱི་ལྟར་རང་སར་བཞག་དགོས་པ་ལ་ཕན་ཚུན་བསྒྱུར་པ་དང་ཆད་ལྷག་གི་ནོངས་པ་སོགས་ནི་བཤགས་ཡུལ་རྣམས་ཀྱི་མདུན་དུ་མཐོལ་བཤགས་བཟོད་གསོལ་ཞུ།
འདི་ལ་ཐེངས་དང་པོ་མཁན་ཀུན་བཟང་བསོད་ནམས་དང་ཕྲན་གཉིས་ཀྱིས་མ་ཕྱི་དང་ལན་གཉིས་བསྡུར་པ་དང་། འཕྲུལ་པར་རྐྱང་ཐོག་ལན་གཅིགཐེངས་གཉིས་པར་དཔལ་ཡུལ་བཤད་གྲྭའི་དགེ་སློབ་རྣམས་ཀྱིས་མ་ཕྱི་དང་འཕྲུལ་པར་གཉིས་སྦྲགས་ཚར་གཅིག་དང་འཕྲུལ་པར་རྐྱང་ཐོག་ལན་གཅིགཐེངས་གསུམ་པ་ཞེ་ཆེན་བཤད་གྲྭའི་དགེ་སློབ་རྣམས་ཀྱིས་མ་དཔེ་དང་ཚར་གཅིག་གཏུགས་པ་དང་འཕྲུལ་པར་རྐྱང་ཐོག་ལན་གཅིགཐེངས་བཞི་པར་ཕྲན་པས་འཕྲུལ་པར་རྐྱང་ཐོག་ཚར་གསུམ་དང་ཞུས་མཐར་མ་ཕྱི་དང་འཕྲུལ་པར་གཉིས་སྦྲགས་ཚར་གཅིག་ཡང་འཕྲུལ་པར་རྐྱང་ཐོག་ཐེངས་གཉིས་བཅས་བསྡོམས་༡༤ལྷག་བསྐྱར་ཞིབ་ཞུས་པ་ཡིན། སྔར་ཤིང་པར་དུ་མ་འཁོད་པའི་ཕྲན་ཚེགས་དང་མ་དཔེ་ནང་མི་གསལ་བ་དང་ལྡེབ་ཆད་རིགས་མཁོ་འདོན་རྒྱབ་སྐྱོར་གནང་མཁན་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཕྲན་ནས་ལོ་གཅིག་ལྷག་རིང་ལ་རང་གི་སློབ་སྦྱོང་དང་དཀའ་ཚེགས་ལ་མ་ལྟོས་པ། ཡིད་བཞིན་གྱི་ནོར་བུ་འདི་ལྟ་བུ་ལ་ཞབས་ཕྱི་ཞུ་བའི་གོ་སྐབས་འཕྲད་པ་འདི་སྐལ་བ་རེ་བཟང་སྙམ་པའི་དགའ་སྤྲོ་དང་འགན་འཁྲི་ཞིག་ཏུ་བརྩིས་ཏེ། གཟབ་ཁུལ་གྱིས་སྙམ་འཇོག་དང་ཕོ་ཚོད་ཧམ་ཤེད་དུ་མ་སོང་བ་ཞིག་ཏུ་བསམས་ནས། ཚིག་གསར་གཉིས་སོགས་ལ་ཁུངས་བཅོལ་ཏེ་བརྡ་སྤྲོད་མཁས་དབང་དང་། ཞུ་དག་ཉམས་མྱོང་པ། ཆོས་གྲོགས་རྣམས་ལ་བཀའ་འདྲི་ཞུས་ཏེ་རང་ནུས་ཅི་ཡོད་ཀྱིས་ཞབས་ཕྱི་སེམས་གཏིང་ནས་ཞུས་ཀྱང་། སྐྱེས་སྦྱོང་གི་ཤེས་ཡོན་དང་ཉམས་མྱོང་ཞན་པ་བཅས་ཀྱི་དབང་གིས་སྐྱོན་ཆ་དང་ནོར་འཁྲུལ་རིགས་ཅི་ཡང་ཡོད་ངེས་པས་རྒྱ་ཆེའི་གཟིགས་པ་པོ་རྣམས་ནས་བཀའ་བཀྱོན་དང་བཅས་ལེགས་བཅོས་ཡོ་བསྲང་གི་དགོངས་འཆར་ལྷུག་སྩོལ་ཡོད་པ་ཞུ་རྒྱུ་བཅས།
བསོད་ནམས་ཆོས་འཕེལ་གྱིས་ཁྲིན་ཏུའི་གྲོང་ཁྱེར་ནས། ༢༠༡༡ལོའི་ཟླ་བ་༥ཚེས་༣ལ།

སངས་རྒྱས་ཀྱི་སྐྱེས་རབས་བརྒྱ་རྩའི་ཕྲེང་བ་ལ་མདོར་བསྡུས་སུ་བསྔགས་པ་རིན་པོ་ཆེ་གསེར་གྱི་མཆོད་སྡོང་།

༄༅། །གུཎསཱགརགྷནརཱཤིནཱམཛནཔཱདཏྱནྟགཏཱསརྦཔྲཏིཝརྞྞསྟུཏིཡུཀྟབརྒྒབིཧརཏིསྨ། །
སངས་རྒྱས་ཀྱི་སྐྱེས་རབས་བརྒྱ་རྩའི་ཕྲེང་བ་ལ་མདོར་བསྡུས་སུ་བསྔགས་པ་རིན་པོ་ཆེ་གསེར་གྱི་མཆོད་སྡོང་ཞེས་བྱ་བ།
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བརྩེ་བ་ཆེན་པོ་དང་ལྡན་པ་དེ་ལ་ཕྱག་འཚལ་ལོ། །དཔག་མེད་ཡོན་ཏན་ཀུན་ནས་ཡོངས་གང་རྫོགས་ལྡན་ནོར་བུའི་སྤྲིན་ཆེན་ལས། །དགེ་ལེགས་འདོད་དགུ་ཕན་བདེའི་གྲུ་ཆར་ཕྱོགས་ཀྱི་ཕ་མཐར་རྟག་ཁྱབ་པས། །ས་གསུམ་སྐྱེ་དགུའི་རེ་བ་རྫོགས་མཛད་མཚུངས་མེད་དཔལ་ལྡན་ཤཱཀྱའི་སྲས། །དེ་ཡི་རྗེས་འཇུག་འཕགས་པའི་ཚོགས་བཅས་ཕྱག་འོས་ཀུན་ལ་དང་བས་འདུད། ༡ །གང་ཞིག་མཐོང་དང་ཐོས་པ་ཙམ་གྱིས་དད་བརྒྱའི་ཆུ་གཏེར་འཕེལ་བྱེད་ཅིང་། །དྲན་པ་ཡིས་ཀྱང་དཀར་ཆོས་རིགས་ཀྱི་མྱུ་གུ་མཐའ་དག་བསྐྱེད་ནུས་པའི། །ཐུབ་པའི་སྐྱེས་རབས་ཤིན་ཏུ་རྒྱ་ཆེ་ཟབ་མོ་འཕགས་པའི་སྤྱོད་ཡུལ་མཆོག །འཕགས་བོད་མཁས་པའི་ལེགས་བཤད་རྗེས་འབྲང་དད་པའི་ངག་གིས་ཅུང་ཟད་བརྗོད། ༢ །དབང་ཕྱུག་ཡོན་ཏན་རིན་ཆེན་བྱེ་བས་ཡོངས་གཏམས་སྔོན་མེད་གྲུ་གཟིངས་མཆོག །ཤེས་རབ་སྙིང་བརྩེའི་བ་དན་དང་འགྲོགས་ཚོགས་གཉིས་རླུང་ཤུགས་ཀྱིས་བསྐྱོད་པས། །དོན་མཐུན་མགྲོན་རྣམས་རྣམ་གྲོལ་གྲོང་ཁྱེར་མཆོག་ལ་སྦྱོར་ནུས་མཁས་པ་དེས། །བཀྲེས་པས་ཟིལ་ནོན་ཡི་དྭགས་གཟུགས་ཅན་སྟག་མོར་སྐུ་ལུས་གཏོང་ལ་འདུད། ༣ །དམ་པ་རྣམས་ནི་གཞོན་ནུར་གྱུར་ཀྱང་རྒན་པོའི་བློ་གྲོས་མཆོག་ལ་གནས། །ལང་ཚོའི་དཔལ་གྱིས་ཀུན་ནས་དྲེགས་ཀྱང་དུལ་བའི་བརྟུལ་ཞུགས་ཉམས་པ་མེད། །མཐོན་པོར་གྱུར་ཀྱང་དམན་ལ་རྗེས་བརྩེའི་གཟིགས་པ་རབ་བཙའ་ཤི་པི་བདག །པདྨ་རྒྱས་འདྲའི་སྤྱན་ཡངས་བྲམ་ཟེ་ལོང་བར་སྩོལ་བར་མཛད་དེར་འདུད། ༤ །གང་ཞིག་ཕྱོགས་ཀྱི་རྒྱལ་ཕྲན་ཆེ་དགུ་དུ་མའི་གཙུག་གི་ནོར་བུ་ཡི། །འོད་ཀྱིས་རྐང་རྟེན་མཛེས་བྱས་དཔལ་ལྡན་ཀོ་ས་ལ་ཡི་མི་བདག་གི། །ཞིང་བསམ་དག་པའི་དངོས་པོ་ཆུང་ངུའང་འབྲས་བུ་ཆེན་པོའི་ཚུལ་གཟིགས་ནས། །སྔོན་རབས་གཏམ་གྱིས་སྐྱེ་དགུ་དགའ་སྐྱེད་སྦྱིན་པའི་སྒོ་འཕར་ཕྱེས་ལ་འདུད། ༥ །མི་བཟོད་དམྱལ་བའི་མེ་མདག་གཤིན་རྗེའི་ཁ་བཞིན་མདུན་ན་ཉེར་གནས་ཤིང་། །ལྷ་བུའི་བདུད་ཀྱིས་ཕན་པར་འདོམ་བཞིན་སྣ་ཚོགས་སྒྱུ་ཡིས་ཟློག་བྱེད་ཀྱང་། །སྦྱིན་ལ་དཔའ་བའི་སྙིང་སྟོབས་དམ་བཅའི་གོ་ཆ་ཆ་ཙམ་དབྲལ་མིན་ཚེ། །ལེགས་བྱས་བསོད་ནམས་འབྲས་བུ་ངོམ་བཞིན་སྟེང་འཐུང་ཀེེ་སར་རྒོད་ལ་འདུད། ༦ །སུ་ཞིག་འཇིག་རྟེན་བཀྲེན་ལྡན་སློང་བ་རྣམས་ཀྱི་འདོད་འཇོའི་གཏེར་གཅིག་པུ། །ལྷ་ཡི་དཔག་བསམ་རྐང་འཐུང་མཆོག་ལས་བརྒྱ་ཕྲག་ཡོན་གྱིས་ཆེས་མཐོ་བའི། །ཟིལ་གྱིས་མི་གནོན་ཚོང་དཔོན་མཆོག་དེ་ནོར་མེད་གྱུར་ཀྱང་ཞུམ་མིན་པར། །སྦྱིན་ལ་ལྷག་པར་སྤྲོ་བའི་བརྩོན་འགྲུས་ལྷ་ཡི་དབང་པོས་བསྔགས་ལ་འདུད། ༧ །དམ་པ་རྣམས་ནི་དམན་པར་སྐྱེས་ཀྱང་རྟག་པར་གཞན་ཕན་གོམས་པའི་ཤུགས། །མ་རྨས་ཀུན་ནས་དགེ་བའི་བློ་གྲོས་ངང་གིས་དར་བ་ཆོས་ཉིད་ཕྱིར། །མགྲོན་ལ་སྙིང་བརྩེ་ཁོ་ནས་རྗེས་དགོངས་རབ་འབར་བྱིན་ཟའི་ཚང་ཚིང་དུ། །ལྷ་ཡི་དགའ་ཚལ་བཞིན་དུ་ཞུགས་མཛད་བློ་ལྡན་རི་བོང་མཆོག་དེར་འདུད། ༨ །སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྦ་རླབས་ཅ་ཅོ་སྒྲོགས་པ་སྲིད་པའི་མཚོར། །མངོན་པར་ཡིད་སྐྱོ་ཞི་བའི་དགོན་པར་དཀའ་ཐུབ་གྲུབ་པ་ཨ་གསྟི། །རང་སྲོག་ལྟོས་མེད་སྦྱིན་ལ་ཆེས་དཔའ་ལེགས་བཤད་གཏམ་གྱི་མིག་སྟོང་ཅན། །དད་བྱས་འབྱོར་བས་བརྒྱ་ཕྲག་འཕགས་ཚོགས་ཀུན་ནས་བསྙེན་བཀུར་མཛད་ལ་འདུད། ༩། ཁོང་ནས་མེ་འབར་ལྟས་ངན་སྒྲར་བཅས་མི་རྣམས་གསོན་པོར་ཟ་བྱེད་པའི། །མི་བསྲུན་འབྱུང་པོ་གདུག་པའི་ཁ་ཡང་གང་གི་མཐུ་ཡིས་ཟུམ་ནུས་པའི། །དཔལ་རྒྱས་ས་བདག་བྱམས་པའི་སྟོབས་ཀྱིས་རང་གི་ཤ་དང་ཁྲག་དག་གིས། །གནོད་སྦྱིན་ལྔ་ཕྲག་རེ་བ་ཡོང་སྐོང་མཐར་ཐུག་སྲིད་ལས་བསྒྲལ་ལ་འདུད། ༡༠ །རིགས་གཟུགས་དབང་ཐང་ཐོས་པས་ཕྱུག་ཀྱང་རྒྱགས་དང་དྲེགས་པའི་སེམས་མི་མངའ། །རྒུད་པར་གྱུར་ཀྱང་ཞུམ་དང་སྒྱིད་ལུག་ལེ་ལོ་མ་མཆིས་རྒྱལ་སྲས་མཆོག །རྟ་དང་གླང་པོ་བུ་དང་བུ་མོ་དེ་བཞིན་ཆུང་མ་དག་ཀྱང་གཏོང་། །ལེགས་བྲིས་གཙོ་སོགས་ཆེ་དགུས་ཕྱག་བྱས་ས་བདག་ཐམས་ཅད་སྒྲོལ་ལ་འདུད། ༡༡ །བསྒྲང་ཡས་བསྐལ་པར་གོམས་པའི་མ་རྨད་བློ་གྲོས་དགེ་བའི་སྤོབས་པ་ཅན། །ས་བདག་མཆོག་དེ་བསླུ་བྱེད་ཞི་བའི་ཚིག་གིས་གཡོ་བར་ནུས་མིན་པར། །ཐབས་མཁས་མཐུ་ཡིས་འགྲོ་བ་ཡོངས་སྐྱོབ་རྫོགས་ལྡན་གསར་དུ་འབོད་པའི་གཉེན། །མཆོད་སྦྱིན་བྱེད་གྱུར་སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་མཛད་པ་དེ་ལ་འདུད། ༡༢ །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་འབྲེལ་བའི་སྐབས་ཏེ་བཅུ་ཚན་དང་པོའོ། །ཉི་མ་ལས་ནི་མུན་པའི་དངོས་དང་དེ་བཞིན་ཟླ་བའི་ཟེར་ལས་དུག །དེ་བཞིན་བློ་ཆེན་འཕགས་པའི་མདུན་སར་གཞན་གནོད་བསམ་སྦྱོར་གནས་མིན་ཕྱིར། །ལེགས་བྲིས་གཙོ་བོ་མཆོག་དེས་འདབ་བཟང་ཕྲུ་གུ་ཉམས་ཉེས་གྱུར་གཟིགས་ནས། །དཔལ་འབྱོར་ལུས་སྲོག་ལའང་ལྟོས་མེད་སྡོམ་པའི་ཚུལ་ཁྲིམས་བརྟན་ལ་འདུད། ༡༣ །ཤེས་རབ་སྙིང་བརྩེ་ཟབ་ཅིང་བརླིང་བའི་ལང་ཚོའི་ཁུར་གྱིས་རྣམ་པར་དུད། །དྲི་མེད་ངོ་ཚ་ཤེས་གྱུར་བག་ཡོད་དར་གོས་རིན་ཆེན་རྒྱན་གྱིས་སྒེག །ལེགས་བཤད་གཏམ་གྱི་ཟུར་མིག་གཡོ་བས་མཁན་པོའི་ཡིད་སྐྱེས་གཞོན་ནུ་ཡང་། །དབང་མེད་འགུགས་པ་བྲམ་ཟེ་གཞོན་ནུ་ལྷ་ཡི་མེ་ན་ཀ་དེར་འདུད། ༡༤ །གང་ཞིག་མཐོང་ན་ཐུབ་པ་དྲང་སྲོང་རྣམས་ཀྱི་ཡིད་ཀྱང་བསླུ་ནུས་པའི། །མི་ཡི་བུ་མོ་བདེ་སོགས་དཔལ་འཛིན་མྱོས་བྱེད་འདོད་ལྷའི་མདའ་རྣོན་གྱིས། །དྲན་དབང་གཟས་པའི་ཚོར་བ་མི་བཟད་གཟུགས་ཅན་བཞིན་དུ་མངོན་རྒྱུ་ཞིང་། །གྲོགས་ཀྱིས་བསྐུལ་ཡང་བློ་ཆེན་ས་བདག་ཚུལ་ཁྲིམས་བཏང་བ་མེད་དེར་འདུད། ༡༥ །ས་འདི་རིར་བཅས་མཁའ་ལ་འགྲོ་དང་ཉི་ཟླ་སྐར་ཕྲེང་ལྷུང་སྲིད་ཀྱང་། །འཕགས་པའི་བདེན་ཚིག་ནམ་ཡང་གཞན་དུ་འགྱུར་བ་མི་སྲིད་ཆོས་ཉིད་ཕྱིར། །ལེགས་པར་ཕ་རོལ་ཕྱིན་གྱུར་འཚེ་བ་རྣམ་སྤངས་བདེན་ཚིག་གསོལ་ཙམ་གྱིས། །རྒྱ་མཚོའི་ཀློང་འཁོར་ཆུ་སྲིན་ཁར་ཆུད་གྲུ་ཡང་བདེ་བར་འཁོར་ལ་འདུད། ༡༦། ཤིན་ཏུ་མི་བཟད་ཀུན་ནས་འབར་ཞིང་འཁྲུག་པ་ཉི་མའི་ཟེར་དག་གིས། །མཚོ་རྫིང་ལྟེང་ཀ་བཀོད་མའི་ཆུ་རྣམས་ཉིན་བཞིན་འཐུང་བ་བཞིན་གྱུར་པའི། །མྱ་ངན་ཐང་ལ་འཚོ་བ་མཐར་བྱེད་ཉ་ཚོགས་སྐྱབ་སླད་གསེར་མིག་དབང་། །ཚུལ་ཁྲིམས་བདེན་པས་ཡོངས་སུ་འབྱོར་མཛད་རྡོ་རྗེ་ཅན་གྱིས་བཏུད་ལ་འདུད། ༡༧ །མི་བཟད་དུ་མའི་དཔུང་ཚོགས་གཤིན་རྗེ་ཁྲོས་པའི་གདོང་བཞིན་ཆེར་རྔམས་ཤིང་། །མེ་ལྕེའི་ཕྲེང་བ་ལག་པ་གཡོ་བའི་གར་སྟབས་དང་འགྲོགས་བརྟན་གཡོའི་བཅུད། །ཀུན་ནས་ཟ་བར་ཆས་གང་བརྩེ་བྲལ་རླུང་དམར་འཁྲུགས་པས་ཉེར་བསྐུལ་ཀྱང་། །འཕགས་པའི་ཚུལ་ཁྲིམས་མཐུ་ཡིས་སྲེག་ཕྲུག་བཀའ་ལས་འགོང་བ་མེད་དེར་འདུད། ༡༨ །གང་ཞིག་བཏུང་ན་མདངས་དང་གཟི་བརྗིད་དཔལ་དང་གྲགས་པ་རྣམ་དཔྱོད་བློ། །ཀུན་ནས་ཉམས་བྱེད་བག་མེད་མྱོས་འགྱུར་མི་ཡི་བདག་པོའི་དྲི་མའི་དཔུང་། །ཚུལ་གནས་བློ་གྲོས་བུམ་བཟང་ལས་འོངས་ལེགས་བཤད་བདུད་རྩིས་འཁྲུད་མཁས་པའི། །ལྷ་ཡི་དབང་པོ་སྔོན་མེད་དྲང་སྲོང་མི་ནུབ་གྲགས་འབར་དེ་ལ་འདུད། ༡༩ །སྲིད་པ་སྲིན་མོའི་གླིང་འདྲ་མི་བརྟན་གཡོ་བ་སྒྱུ་མའི་གར་མཁན་ལྟའི། །ངང་ཚུལ་ལེགས་རྟོགས་ཞི་བའི་ནགས་སུ་དབེན་གསུམ་བདུད་རྩིར་སྤྱོད་པ་ལས། །གཡོན་ཅན་གྲོགས་ཀྱི་བསླུ་བྲིད་བརྒྱ་ཡིས་ཡུད་ཙམ་གཡོ་བའི་སྐབས་བྲལ་བའི། །རྒྱལ་རིགས་ཕྱུག་པོར་འཁྲུངས་གྱུར་ཚུལ་ཁྲིམས་རིན་ཆེན་རྒྱན་གྱིས་སྒེག་ལ་འདུད། ༢༠ །ཇི་ལྟར་སྦྲུལ་དུག་གདུག་པས་ཟིན་ཡང་སྨན་དང་སྔགས་ཀྱིས་བཅོས་རུང་མོད། །འདོད་པའི་དུག་གིས་ཟིན་རྣམས་ནམ་ཡང་དེ་ལྟ་མིན་པའི་ཚུལ་རིགས་ནས། །ཆོག་ཤེས་པད་རྩའི་འཚོ་བར་རྟེན་གྱུར་ལེགས་བཤད་བདུད་བརྩིའི་དགའ་སྟོན་གྱིས། །མཆོད་སྦྱིན་བརྒྱ་བ་ཀུན་ནས་དད་མཛད་བྲམ་ཟེའི་དྲང་སྲོང་མཆོག་ལ་འདུད། ༢༡ །མིག་གི་ཡལ་འདབ་མཆི་མས་བརླན་ལྡན་མཛའ་བཤེས་སྟོང་གི་ལམ་འགེགས་ཀྱང་། །བསྐལ་མང་གོམས་པའི་ལེགས་བྱས་བསོད་ནམས་མཐུན་པའི་རླུང་ཤུགས་ཀྱིས་བསྐུལ་བས། །ཞི་བའི་ནགས་འདབས་རིན་ཆེན་གླིང་དུ་ཐོགས་མེད་བགྲོད་པའི་ཚོང་དཔོན་མཆོག །སེམས་ཅན་ཀུན་དོན་བྱེད་པའི་ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་མཛད་ལ་འདུད། ༢༢ །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་འབྲེལ་བའི་སྐབས་ཏེ་བཅུ་ཚན་གཉིས་པའོ། །ཟླ་བ་མར་གྱི་ངོ་བཞིན་ཕུན་ཚོགས་དཔལ་ཀུན་ཟད་བྱེད་ཁྲོ་བོའི་དགྲ། །བྱམས་པ་ཆེ་དང་སོ་སོར་བརྟགས་པའི་མཚོན་གྱིས་མིང་མཐར་བྱས་ཟིན་པས། །གཙུག་ཕུད་བྱང་ཆུབ་ཆུང་མ་འཕྲོག་དང་མི་སྙན་ཚིག་གིས་སྤྱོས་གྱུར་ཀྱང་། །གཡོ་མེད་སྙན་པའི་ཚིག་གིས་ས་བདག་དད་པའི་གནས་ལ་སྦྱར་དེར་འདུད། ༢༣ །དམ་པ་རྣམས་ནི་དུད་འགྲོར་སྐྱེས་ཀྱང་དྲངས་ཤིང་བཟོད་ལྡན་ཕན་པ་སྒྲུབ། །མ་རབས་སྐྱེ་བོའི་ཚོགས་རྣམས་ཕན་པར་སྨྲ་ཡང་ཕ་རོལ་བསླུ་བྱེད་ཉིད། །ངང་པའི་རྒྱལ་པོ་གཡོན་ཅན་རྒྱ་ཡིས་བཅིངས་ཀྱང་འཁྲུགས་མེད་ལེགས་བཤད་ཀྱིས། །མི་ཡི་བདག་པོ་ཉོན་མོངས་རྙི་ལས་འགྲོལ་མཛད་གྲགས་པའི་གཏེར་ལ་འདུད། ༢༤ །འཁོན་དུ་གྱུར་ཀྱང་བརྩེ་བ་འདོར་མིན་དྲིན་བཟོའི་ལེགས་བཤད་འོད་སྟོང་གིས། །མུ་ཅོར་སྨྲ་བའི་བློན་ཚོགས་འབྱུང་བྱའི་བློ་གྲོས་བླུན་པོའི་མིག་ཟུམ་ནས། །ཡང་དག་ལྟ་བའི་ལམ་བཟང་སྣང་བྱས་ཐར་གྲོལ་པད་ཚལ་ཆེར་བཞད་པའི། །བྱང་ཆུབ་ཆེན་པོ་ཡོན་ཏན་ཡོངས་གང་སྔོན་མེད་ནམ་མཁའི་ནོར་བུར་འདུད། ༢༥ །མི་བཟད་གཡང་ས་གཤིན་རྗེ་གདུག་པའི་ཁ་དང་འདྲ་བར་ཆུད་གྱུར་པའི། །མི་དག་བློ་ཆེན་བརྩོན་པའི་ཕྲག་པས་འཚོ་བ་ཕྱིར་བསྣུར་བདེར་བཀོད་ཀྱང་། །མི་བརྟན་འཁྱོགས་པོའི་བློ་ནི་རྨོངས་པས་ཟིལ་ནོན་སླར་ལ་འཚེ་བྱེད་པར། །མི་འཁྲུགས་བཟོད་ལྡན་བྱམས་པའི་མ་ལྟར་ཕན་འདོགས་སྤྲེའུ་མཆོག་དེར་འདུད། ༢༦། ཡིད་ནི་འདོད་པའི་ཆང་གི་ཆེར་མྱོས་ས་བདག་གླང་ཆེན་ཁྲོས་པའི་སྣར། །མ་རུངས་དུག་མདའི་མཚོན་འཁོར་བསྐྱོད་བཞིན་བདག་སྲོག་འཕྲོག་ལ་ཆས་གྱུར་གང་། །ཤིན་ཏུ་མི་བཟད་གཡང་ས་དུག་སྦྲུལ་གདུག་པའི་གྲེེ་བར་ཉམས་ཉེས་པའང་། །འཁོན་སྤངས་བྱམས་པས་བདེ་བར་ངལ་གསོ་སྦྱིན་མཛད་ཤ་རྭ་བྷ་དེར་འདུད། ༢༧ །གསེར་གྱི་མཆོད་སྡོང་སྣ་ཚོགས་རིན་ཆེན་བྱེ་བའི་ཕྲ་ཡིས་སྤུད་པ་བཞིན། །ལྷར་བཅས་སྐྱེ་དགུའི་མིག་གི་བདུད་རྩི་བལྟ་ན་རབ་དགའི་རུ་རུ་མཆོག །མི་བསྲུན་སྐྱེ་བོས་ཕན་བཏགས་ལན་དུ་གཙེས་པའང་བཟོད་པས་སྐྱབས་མཛད་ནས། །མི་སྐྱོང་འཁོར་བཅས་ཐེག་ཆེན་ལམ་གྱི་ཤིང་རྟ་ཆེན་པོར་བཀོད་ལ་འདུད། ༢༨ །ས་བདག་ཁྲོས་པའི་དཔུང་གི་ང་རོས་གནམ་དབྲལ་ས་གཞི་གྲུམ་པ་བཞིན། །རྡུལ་འཚུབ་གཡོ་བས་ཉི་ཟླའི་མིག་ཟུམ་མདའ་མཚོན་སྐར་མདའ་འཁྲུག་པ་ལྟའི། །སྐད་ཅིག་གཉིས་པར་མི་གནས་ཕྱི་མའི་ལྟད་མོར་ཆས་གྱུར་ཉམ་ཐག་འཁོར། །འཚེ་བ་སྲིང་སླད་རང་སྲོག་ཡོངས་གཏོར་སྤྲེའུ་རྒྱལ་པོ་མཆོག་ལ་འདུད། ༢༩། གང་གིས་ཉེས་པ་འགའ་ཡང་མ་བྱས་བདེན་དང་དུལ་བར་གནས་བཞིན་དུ། །ས་བདག་སྡིག་པའི་རང་བཞིན་བབས་ཅོལ་སྤྱོད་པ་གཤིན་རྗེའི་ཕོ་ཉ་བཞིན། །དཀའ་ཐུབ་གནས་བཅོམ་རྐང་ལག་རྣ་བ་སྣར་བཅས་དུམ་བུར་གཏུབས་བྱས་ཀྱང་། །བྱང་ཆུབ་སེམས་དཔའི་ཐུགས་ནི་ཀུན་ཏུ་འཁྲུགས་མིན་བཟོད་པར་སྨྲ་ལ་འདུད། ༣༠ །ཏིང་འཛིན་མཐུ་ཡིས་བསྐལ་པར་གནས་བཅས་འོད་དང་གཟི་བརྗིད་རྨད་བྱུང་བའི། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ཀྱང་བག་མེད་མ་གྱུར་དམན་དག་ལ། །ལྷག་པར་བརྩེ་བའི་ཐུགས་ཀྱིས་ཉེར་དགོངས་འདོད་པ་ཁམས་ཀྱི་སྡིག་ལྟའི་མུན། །ལེགས་བཤད་འོད་སྟོང་ཟེར་གྱིས་སེལ་མཛད་ཚངས་པའི་དྲང་སྲོང་མཆོག་ལ་འདུད། ༣༡ །རང་བཞིན་ཡོན་ཏན་ཤིན་ཏུ་རྒྱ་ཆེ་ས་སྲུང་ས་ལ་འོང་བ་ལྟའི། །ནགས་ཀྱི་གླང་པོ་མཆོག་གི་རྟོག་ཅན་བདུན་བརྒྱའི་དུབ་པ་སེལ་སླད་དུ། །སྤྲིན་དཀར་སར་པའི་ཕུང་པོ་འཁྲིགས་འདྲའི་སྐུ་ལུས་གཏོང་ཡང་བཟོད་པ་ཡིས། །སེམས་ཅན་ཀུན་དོན་བྱེད་པའི་བཟོད་པའི་ཕར་ཕྱིན་ཡོངས་རྫོགས་མཛད་ལ་འདུད། ༣༢། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་རྗེས་སུ་འབྲེལ་བའི་སྐབས་ཏེ་བཅུ་ཚན་གསུམ་པའོ། །གང་ཞིག་ཐོས་ན་རྒྱལ་རིགས་རྣམས་ཀྱི་ཅོད་པཎ་ས་ལ་བསྙིལ་བྱེད་ཅིང་། །བུད་མེད་སྦྲུམ་མ་རྣམས་ཀྱི་བསོད་ནམས་དཔུང་བཅས་མངལ་གནས་ལྷུང་བྱེད་པའི། །མི་ཡི་སྲིན་པོ་རྐང་ཁྲའི་སྡིག་ལྟའི་མུན་པ་མི་བཟད་དྲི་མའི་དཔུང་། །སྙིང་སྟོབས་བརྩོན་པའི་ལེགས་བཤད་བདུད་རྩིས་འཁྲུད་མཁས་ས་བདག་ཟླ་བར་འདུད། ༣༣ །འགྲོ་བ་མགོན་མེད་རྒ་ན་འཆི་སོགས་མི་བཟད་སྡུག་བསྔལ་གྱིས་གཙེས་པར། །མངོན་པར་ཡིད་འབྱུང་བསྐལ་མང་གོམས་པའི་སྙིང་རྗེའི་ཤུགས་ཀྱིས་ཉེར་དྲངས་པའི། །ལྕགས་ཀྱི་ཁྱིམ་གནས་རྒྱལ་སྲས་མཆོག་དེས་སྲིད་འབྱོར་དཔལ་ལ་དོགས་མེད་པར། །གཅིག་པུར་ཞི་བའི་ནགས་སུ་བརྩོན་པས་ཚངས་སྤྱོད་བརྟུལ་ཞུགས་བརྟན་ལ་འདུད། ༣༤ །གནམ་ལྕགས་རྡོ་རྗེའི་རྭ་ཡིས་གདོང་ལྔའི་ཚོགས་ཀྱང་སྐྲག་ནས་བྱེར་བྱེད་ཅིང་། །ནགས་ཀྱི་གླང་ཆེན་ཁྲོས་པའི་ཁྱུ་ཡང་སྟོབས་ཀྱིས་དཔའ་བཀོང་བཟོད་པ་ཡི། །ཁྱུ་མཆོག་ཡིད་ནི་སྙིང་རྗེ་ཆེན་པོའི་ཟིལ་གྱིས་ལན་བརྒྱར་གནོན་པའི་རྒྱུས། །མི་བསྲུན་འཚེ་ལ་མངོན་གོམས་སྤྲེའུས་ལོག་སྦྱོར་བརྩོན་པས་བཟོད་ལ་འདུན། ༣༥ །བུ་ཡིས་ཉེས་པར་སྤྱད་པ་མཐོང་ཚེ་མ་དག་ལྷག་པར་བརྩེ་བ་བཞིན། །དམ་པ་རྣམས་ནི་དམན་པའི་འགྲོ་ལ་ཀུན་ཏུ་བརྩེ་བ་ཆོས་ཉིད་ཕྱིར། །རྣོ་ལྡན་རུས་པའི་མཚོན་གྱིས་ཉམས་ཉེས་ལྔ་པར་ཕྱོགས་གྱུར་ཁ་ལྔ་པ། །བསྐྱབས་དེས་བྱས་པ་མི་གཟོར་གྱུར་ཀྱང་འཁྲུགས་མིན་ཤིང་རྟ་མོ་དེར་འདུད། ༣༦ །གསེར་སྦྱངས་བཞུས་པའི་ཁུ་བས་བྱེད་པོས་ལན་སྟོང་བྱུག་ལ་ཅོ་འདྲི་བའི། །བལྟ་ན་རབ་དགའི་གཅན་གཟན་རྒྱལ་པོ་ཚངས་པའི་དྲང་སྲོང་གཞོན་ནུ་བཞིན། །བདེན་དང་དུལ་བ་མི་འཚེར་སྦྱོར་ཞིང་ངུར་སྨྲིག་རྟགས་ཙམ་འཆང་བ་ལའང་། །སྲོག་གི་ཕྱིར་ཡང་གནོད་པ་ཡོངས་སྤངས་གོ་ཆའི་བརྩོན་འགྲུས་བརྟན་དེར་འདུད། ༣༧། འཇིག་རྟེན་སྐྱེ་བོ་རྣམས་ནི་བདག་ཉིད་སྲུང་ཕྱིར་གཞན་གྱི་སྲོག་ལ་རྔམས། །ཡ་རབས་དམ་པ་རྣམས་ཀྱིས་རང་གི་སྲོག་གིས་གཞན་དག་སྲུང་བར་བྱེད། །རྒྱ་མཚོར་གྲུ་གཟིངས་ཞིག་གྱུར་ཉམ་ཐག་ལྔ་བརྒྱ་འཚོ་བ་ཕྱིར་བསྣུར་ཆེད། །བདག་སྲོག་ཡོངས་གཏོང་དེད་དཔོན་བརྩོན་འགྲུས་ཆེར་གྱུར་སྙིང་སྟོབས་ལྡན་ལ་འདུད། ༣༨ །ལྷ་བཞིན་འབྱོར་ཡང་ཁེངས་དྲེགས་མི་མངའ་བདོག་པ་འགྲོ་ལ་ཐུན་མོང་ཉིད། །ཡི་དྭགས་བཞིན་དུ་རྒུད་ཀྱང་ཞུམ་མིན་སྲོག་གི་གསོས་གྱུར་འཚོ་ལྷག་ཀྱང་། །འཕགས་ལ་མཆོད་པའི་བརྩོན་པ་ལྷུར་ལེན་དགེ་མཚན་བསོད་ནམས་སྤྲིན་ཆེན་ལས། །འདོད་དགུའི་ཆར་གྱིས་འགྲོ་ཚོགས་རེ་སྐོང་ས་བདག་གསེར་གྱི་མདོག་ལ་འདུད། ༣༩ །སྲིད་པ་བརྟན་གཡོའི་མཛེས་ཆོས་དྭངས་མ་གཅིག་ཏུ་བསྡོམས་ལས་འཕྲུལ་ལམ་ཅི། །ཚངས་པའི་དྲང་སྲོང་མཆོག་གཅིག་ས་ལ་འོངས་སམ་འདི་ནི་ཅི་ཞིག་ཅེས། །བློ་ཆེན་ཕུར་བུའི་ཡིད་ཀྱང་ཐེ་ཚོམ་ཁྱོགས་ལ་འཕྱང་བྱས་ཀུན་དྷ་ཡིས། །རང་གི་པགས་པ་མཆོག་ཀྱང་སྩོལ་ལ་མི་འགོང་བརྩོན་འགྲུས་བརྟན་ལ་འདུད། ༤༠ །བརྩོན་འགྲུས་སྟོབས་ཀྱིས་རྨུ་རྒོད་སྙིགས་མའི་འགྲོ་བ་མ་ལུས་ཆོས་ལ་བཀོད། །བསོད་ནམས་སྟོབས་ཀྱིས་རྩོད་དུས་ཕྱིར་བསྙིལ་རྫོགས་ལྡན་དགའ་སྟོན་མགྲོན་དུ་ཁུག །སྨོན་ལམ་སྟོབས་ཀྱིས་རང་གི་མིག་དང་པགས་པ་དག་ཀྱང་གཏོང་བར་ནུས། །ཡེ་ཤེས་སྟོབས་ཀྱིས་ལྷར་བཅས་སྐྱེ་དགུའི་མཆོད་སྡོང་གཅིག་པུར་གྱུར་ལ་འདུད། ༤༡ །ཡེ་ཤེས་མེ་ཡིས་ཉོན་མོངས་བུད་ཤིང་སྐམ་པོ་མ་ལུས་བསྲེགས་པ་དང་། །ཆབས་ཅིག་རྣམ་སྨིན་ལུས་ཀྱང་འགྲོ་བ་མ་རིག་མུན་པ་སེལ་སླད་དུ། །ཏིལ་མར་བཙོས་པའི་རས་བཟང་གིས་དཀྲིས་སྲས་བཅས་རྒྱལ་བའི་སྤྱན་ལམ་ན། །མཆོད་པའི་སྤྲིན་ཆེན་གཏིབས་པས་བརྩོན་འགྲུས་མཐར་ཕྱིན་གྲགས་པའི་འོད་ལ་འདུད། ༤༢ །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་རྗེས་སུ་འབྲེལ་བའི་སྐབས་ཏེ་བཅུ་ཚན་བཞི་པའོ། །སེམས་གཙང་དགེ་བའི་སྤྲིན་གྱིས་ལེགས་བསྐུལ་ཁྱིམ་བདག་རྨ་བྱའི་བུ་མོ་ནི། །རྒྱལ་བའི་ཐུགས་རྗེའི་གློག་ཕྲེང་གིས་དྲངས་ལེགས་གསུང་དབྱར་གྱི་རྔ་གསང་གིས། །ཟག་མེད་ཞི་བའི་དགའ་བས་ཆེར་མྱོས་དཔག་མེད་ཏིང་འཛིན་ཟློས་གར་གྱིས། །ས་གསུམ་སྐྱེ་དགུའི་ཚོགས་རྣམས་དགའ་མཛད་དབེན་པ་འདོད་པར་འཁྲུངས་ལ་འདུད། ༤༣ །ཟླ་བའི་འོད་ཀྱི་ཐིལ་གྱིས་གནོན་པའི་ས་ཆེན་རིར་བཅས་ཡོངས་བཏང་ནས། །ཞི་བའི་ནགས་སུ་ཟག་མེད་ཏིང་འཛིན་བདུད་རྩི་མཆོག་ལ་སྤྱོད་བཞིན་དུ། །མྱ་ངན་མགྲོན་རྣམས་དབུགས་འབྱིན་ཏིལ་མར་གྱིས་དཀྲིས་ཕྱག་གི་སྒྲོན་མེ་ཡིས། །ལམ་བཟང་སྣང་མཛད་མཚན་གྱི་གྲགས་པ་ཀུན་ནས་དོན་ལྡན་མཛད་ལ་འདུད། ༤༤། གང་ཞིག་ཚངས་རྐུད་འཆིང་མིན་དབྱུག་རིལ་མི་ལྡན་ནའང་དྲང་སྲོང་མཆོག །ངུར་སྨྲིག་གོས་ཀྱིས་ཀླུབ་པ་མེད་ཀྱང་ཡིད་ནི་དུལ་བའི་དགེ་སྦྱོང་དངོས། །དུད་འགྲོའི་གཟུགས་སུ་སྣང་ཡང་འཕགས་པའི་བློ་གྲོས་ཉམས་པ་མི་མངའ་བས། །གྲོགས་ཀྱི་དཀའ་ཐུབ་སྲུང་སླད་རང་ལུས་གཏོང་བཟོད་རི་བོང་མཆོག་དེར་འདུད། ༤༥། འཕྱོར་ཞིང་གཡེངས་རྣམས་དཔག་ཚད་དུ་མའི་དགོན་པར་གནས་ཀྱང་དབེན་མི་འགྱུར། །ནང་དུ་ཉོན་མོངས་དགྲ་བོ་ཆོམ་རྣམས་གྲོང་དུ་སྡོད་ཀྱང་དབེན་པ་སྟེ། །ཡིད་འོང་བཙུན་མོ་བརྒྱད་ཁྲིའི་དབུས་སུ་ཏིང་འཛིན་དམ་པ་མཆོག་གྲུབ་ནས། །འབངས་འཁོར་མཐའ་དག་ཚངས་ཐེག་ལ་སྦྱར་ཀུན་ཏུ་གོ་བྱེད་མཆོག་ལ་འདུད། ༤༦། ལྷག་པའི་བསམ་པས་ལེགས་པར་འདོམས་པ་ཚངས་པའི་རྔ་ཆེན་གསར་འབར་བས། །ས་བདག་འཁོར་བཅས་བག་མེད་གཉིད་ལ་ཡོལ་ལས་ཉེ་བར་སད་བྱས་ནས། །བསླུ་ཚིག་དུག་ཆུས་མྱོས་པའི་བློ་གྲོས་བླུན་པོའི་དཔུང་གིས་བརྫི་མིན་པར། །ཟག་མེད་ཞི་བའི་ཏིང་འཛིན་མཆོག་གྲུབ་ཁྱེའུ་ཟུང་དུ་གྱུར་ལ་འདུད། ༤༧། བདེ་གཤེགས་གཟི་བརྗིད་ཚོགས་ཀྱི་རྒྱལ་པོའི་ཐུགས་རྗེའི་ཉི་ཟེར་གྱིས་ཕྱེ་བའི། །ཛམ་བུའི་རྒྱལ་མཚན་མཛེས་པའི་ཏོག་གྱུར་ས་བདག་འབངས་འཁོར་པདྨོའི་ཚལ། །བསླབ་གསུམ་ཀེེ་སར་རྒོད་པའི་དྲི་ལ་རྣམ་སད་རྐང་དྲུག་ཚོགས་འདུ་ཞིང་། །ཆོས་མཐུན་ཡོ་བྱད་མྱུ་གུ་གསར་འཁྲུངས་འཕྲུལ་དགའི་ཞིང་བཞིན་འབྱོར་ལ་འདུད། ༤༨ །གང་གིས་ཆོས་ཀུན་སྐྱེ་སོགས་སྤྲོས་པའི་མཚན་མ་ལས་འདས་འོད་གསལ་དབྱིངས། །ཟབ་མོ་འཕགས་པའི་སྤྱོད་ཡུལ་མངོན་གཟིགས་འདུ་ཤེས་མཚན་མ་རབ་ཞི་བས། །རྣམ་དག་ལག་པའི་སྒྲོན་མ་སྦར་བའི་མཆོད་པའི་སྤྲིན་གྱིས་མཛེས་བྱས་ཤིང་། །ལྷ་དབང་མི་བདག་འཁོར་བཅས་རྣམ་པར་གྲོལ་མཛད་བདེ་བ་སྦྱིན་ལ་འདུད། ༤༩། དུག་ལྔའི་རང་གཟུགས་འབར་བའི་སྡང་མིག་བསྒྱུར་བཞིན་མི་སྙན་དྲག་པོའི་སྒྲ། །འབྲུག་སྟོང་ལྡིར་འདྲ་མཚོན་ཆའི་ཆད་པ་མི་བཟད་སེར་ཆེན་ལྟར་འཁྲུགས་ཀྱང་། །ཏིང་འཛིན་མཐུ་ཡིས་མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་བབས་གྱུར་པས། །ས་གསུམ་སྐྱེ་དགུས་ཕྱག་བྱས་འགྲོ་ཀུན་སྒྲོལ་མཛད་སྙན་པའི་འོད་ལ་འདུད། ༥༠ །གང་ཞིག་གཅན་གཟན་རྒྱལ་པོ་རྣམས་ནི་མི་གཙང་ཁྲོད་ན་གནས་མི་འགྱུར། །དེ་བཞིན་དམ་པ་རྣམས་ནི་ཁྱིམ་གྱི་འདུ་འཛིའི་གནས་ལ་དགའ་བ་མིན། །ལྐུགས་འཕྱེའི་ཚུལ་སོགས་སྣ་ཚོགས་ཐབས་ཀྱིས་རྒྱལ་སྲིད་འབྱོར་པ་རིང་བཏང་ནས། །གཞོན་ནུ་ཆུ་སྐྱེས་ལྔ་བརྒྱའི་འཁོར་བཅས་མངོན་ཤེས་ཏིང་འཛིན་གྲུབ་ལ་འདུད། ༥༡ །གང་གི་དཔལ་གྱིས་བདེ་སོགས་བདག་པོའི་སྟོབས་ཀྱང་ལན་བརྒྱར་ཟིལ་ག ནོན་པའི། །ས་གཞི་སྐྱོང་བ་འཇིག་རྟེན་མངོན་དགའ་ངེས་འབྱུང་ཤིང་རྟས་ཡིད་དྲངས་པས། །དཀའ་ཐུབ་ནགས་སུ་ཟག་མེད་ཏིང་འཛིན་མཆོག་གྲུབ་འགྲོ་ལ་སྙིང་བརྩེ་ཡིས། །བདུད་རྩིའི་བགོ་སྐལ་མཆོག་སྩོལ་བསམ་གཏན་ཕ་རོལ་ཕྱིན་རྫོགས་མཛད་ལ་འདུད། ༥༢ །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་རྗེས་སུ་འབྲེལ་བའི་སྐབས་ཏེ་བཅུ་ཚན་ལྔ་པའོ། །ཤིན་ཏུ་མི་སྡུག་འཇིགས་གཟུགས་གྱོང་པོའི་ཚུལ་ཅན་གནོད་སྦྱིན་དག་ལས་ཀྱང་། །སྔོན་གྱི་རྒྱལ་བའི་བདེན་གསུང་ཚིགས་སུ་བཅད་པ་གཅིག་ཙམ་མཉན་སླད་དུ། །བུ་དང་ཆུང་མ་དེ་བཞིན་རང་གིས་ལུས་ཀྱང་བཏང་ལ་མི་ངལ་བའི། །ས་བདག་ཚངས་བྱིན་ལེགས་བཤད་མཐུ་ཡིས་བརྒྱ་བྱིན་ཁེངས་པ་བསྙིལ་ལ་འདུད། ༥༣ །ཇི་ལྟར་རྒྱ་མཚོ་ཆེ་ལ་ཆུ་ཕྲན་ཇི་ཙམ་འདུ་ཡང་ངོམས་པ་ཅི། །དེ་བཞིན་བློ་ཆེན་འཕགས་པའི་ཚོགས་རྣམས་ཐོས་པའི་ནོར་གྱིས་ངོམས་མི་འགྱུར། །རྒྱ་ཆེན་ཐོས་པའི་གཏེར་མངའ་ཆོས་འཚོལ་ལེགས་བཤད་ཚིགས་བཅད་གཅིག་གི་ཕྱིར། །དཔག་ཚད་དུ་མའི་གཡང་ས་ལའང་ཉམ་ང་མེད་པར་འཇུག་ལ་འདུད། ༥༤ །འགྲོ་བ་མ་རིག་མུན་པར་འཐོམས་ལ་བླང་དོར་ལམ་བཟང་སྣང་མཛད་པའི། །དམ་ཆོས་རིན་ཆེན་སྒྲོན་མེ་འདེགས་མཁས་སྲིད་ན་འབྱུང་དཀོན་ཨུ་དུམྦཱ། །མ་རུངས་ཟུམ་ལ་ཕྱོགས་ལས་གསོ་ཕྱིར་རང་གི་ཤ་དང་ཁྲག་དག་གིས། །ཀུན་ནས་བསྙེན་བཀུར་སྟོབས་མཛད་ས་བདག་སྲས་མོ་ཡེ་ཤེས་ལྡན་ལ་འདུད། ༥༥ །འགྲོ་བ་སྡུག་བསྔལ་ནད་ཀྱི་ཟུག་རྔུ་མཐའ་དག་གཞི ལ་ནུས་ཚོང་དཔོན་བུ། །གཞོན་ནུ་ཆུ་འབེབས་སྙིང་རྗེའི་སྤྲིན་ལས་བྱུང་བའི་ཆུ་བོ་ཇི་སྙེད་ཀྱིས། །གནས་སྐབས་ཉ་ཚོགས་དུབ་པ་ཡོངས་བསལ་ཆོས་ཀྱི་སྦྱིན་པ་ཚངས་པའི་རྔས། །ངན་འགྲོའི་ལམ་བཅད་མཐོ་རིས་སྒོ་ཕྱེས་རྣམ་གྲོལ་འབྲས་བུར་སྦྱོར་ལ་འདུད། ༥༦ །ཕུལ་བྱུང་མཁྱེན་དཔྱོད་ཀུན་ནས་དྲི་བྲལ་བཻ་ཌཱུར་གཙང་མའི་ས་གཞི་ལ། །གཙུག་ལག་བྱེ་བའི་གཟུགས་བརྙན་རབ་བཀྲ་བློ་ཆེན་ཚངས་པའི་ཁེངས་པ་འཕྲོག །སྣ་ཚོགས་ཐབས་ཀྱིས་ཆབ་འབངས་མཐའ་དག་རྩོད་དང་རྒུད་པའི་གདུང་བ་ཀུན། །དྲུང་ནས་འབྱིན་ལ་ཆེས་དཔའ་དཔལ་རྒྱས་ས་བདག་མེ་ལོང་གདོང་ལ་འདུད། ༥༧ །ཤེས་རབ་ཆེན་པོའི་མཐུ་ཡིས་འཛམ་གླིང་སྐྱེ་དགུ་མ་ལུས་བདེ་ལ་བཀོད། །སྙིང་རྗེ་ཆེན་པོའི་མཐུ་ཡིས་ཚངས་པའི་རྒྱལ་པོ་མཆོག་ཀྱང་དབང་དུ་བྱས། །ངེས་འབྱུང་ཆེན་པོའི་མཐུ་ཡིས་སྲིད་ལ་མ་ཆགས་ཞི་བའི་ཏིང་འཛིན་སྒྲུབ། །བྲམ་ཟེ་ཆེན་པོའི་མཐུ་ཡིས་འགྲོ་མང་བདེ་ལེགས་མཆོག་ཏུ་མཛད་ལ་འདུད། ༥༨ །ཞི་བའི་བློ་གྲོས་གཏིང་དཔག་དཀའ་བའི་སྔོན་མེད་རིན་ཆེན་འབྱུང་གནས་ལས། །ལེགས་བཤད་ལྦུ་བ་དཀར་པོའི་འཛུམ་ཕྲེང་གྲོལ་བས་བློ་ལྡན་ཡིད་དབང་འཕྲོག །རྒྱལ་གསུང་མཆོག་ཏུ་ཟབ་ཅིང་རྒྱ་ཆེའི་དགོས་འབྱུང་ནོར་བུའི་གཏེར་ཆེན་གྱིས། །མཐའ་ཀླས་སྐྱེ་དགུའི་སྲིད་པའི་དབུལ་བ་ཀུན་ནས་ཟད་པར་མཛད་ལ་འདུད། ༥༩ །ཡོན་ཏན་རྒྱ་མཚོའི་དབུས་ན་གནས་བཅས་ཤེས་རབ་ཟབ་མོའི་གདེངས་ཀ་འཕྱོ། །སྙིང་རྗེའི་སྤྲིན་གཏིབས་ཕུལ་བྱུང་ལེགས་བཤད་ཆར་གྱི་རྒྱུན་བཟང་འཇོ་བ་ཡིས། །ཁྲོ་བའི་མེ་མདག་ཆིལ་ཆིལ་བསད་བྱས་སྐྱེ་དགུའི་ཡིད་ཀྱི་ཐ་བ་བརླན། །དཀར་ཆོས་རིགས་ཀྱི་མྱུ་གུ་བསྐྱེད་མཛད་ལག་འགྲོའི་དབང་པོ་རྔ་ལ་འདུད། ༦༠། གང་ལ་ཤེས་རབ་ལྡན་ན་ཉམ་ཆུང་གྱུར་ཀྱང་གཞན་དག་སྲུང་བར་ནུས། །བློ་གྲོས་སྣང་བ་བྲལ་དག་ཆེན་པོ་ཡིན་ཡང་བདག་ཉིད་སྲུང་ནུས་ཅི། །ལེགས་པར་བརྟགས་ཤིང་ཕན་པར་སྨྲ་བའི་གཏམ་གྱིས་མ་རུངས་{རུང }བསྐྲད་བྱས་ནས། །ཆུར་རྩེན་ཚོགས་རྣམས་བདེ་བར་ངལ་འཚོ་སྦྱིན་མཛད་གཉིས་སྐྱེས་གཙོ་ལ་འདུད། ༦༡། སྙིང་རྗེའི་ཆུ་གཏེར་བསྲུབས་ལས་ཉེར་ཐོན་ཤེས་རབ་ཆ་ཤས་རྫོགས་པའི་ཟླ། །ཏིང་འཛིན་ཟག་མེད་ཞི་བའི་མཁར་གནས་ཐུགས་རྗེའི་བསིལ་ཟེར་འབུམ་ཕྲག་གིས། །དམྱལ་བའི་ཚད་གདུང་མི་བཟད་རབ་གཞིལ་ལོག་ལྟའི་མུན་པ་གཏན་བཅོམ་ནས། །ཐར་གྲོལ་ཀུ་མུཏ་བཞད་མཛད་དྲང་སྲོང་ཤེས་རབ་ཕ་རོལ་ཕྱིན་ལ་འདུད། ༦༢ །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་རྗེས་སུ་འབྲེལ་བའི་སྐབས་ཏེ་བཅུ་ཚན་དྲུག་པའོ། །མ་རིག་མུན་པའི་དྲྭ་བས་མིག་སྒྲིབ་འདོད་པའི་ཆང་གི་མྱོས་གྱུར་པས། །ཤིན་ཏུ་མི་བཟད་མནར་མེད་གཡང་སར་གོམ་པ་འཁྱོལ་བའི་མདུང་ཤིང་ཅན། །སྙིང་རྗེ་ཆེན་པོའི་མཚོན་གྱིས་བསྒྲལ་བས་བསྐལ་པ་བརྒྱད་ཁྲིའི་ཚོགས་ཀྱང་འདུམ། །དཔའ་བོ་དེད་དཔོན་མཚུངས་མེད་ཐབས་ལ་མཁས་པའི་མཛད་པ་བསྟན་ལ་འདུད། ༦༣། ཐབས་མཆོག་སྙིང་རྗེ་ཤེས་རབ་ཟབ་མོའི་འོད་དང་གཟི་བརྗིད་དཔལ་འབར་བའི། །ཆགས་བྲལ་རྒྱལ་སྲས་ཚངས་པ་ཆེན་པོས་ཐེག་ཆེན་ཆོས་ཀྱི་རྔ་བརྡུང་བས། །གླིང་བཞིའི་འགྲོ་བ་ལྷ་ཕྲུག་ཚོགས་རྣམས་བག་མེད་གཉིད་ལས་སད་མཛད་ནས། །རྣམ་གྲོལ་གསུམ་གྱི་བདུད་རྩིའི་དགའ་སྟོན་ཡོངས་ལ་འགྱེད་མཁས་མཆོག་དེར་འདུད། ༦༤ །སྙིང་རྗེའི་བརླན་དང་བྲལ་ལ་བྱང་ཆུབ་མྱུ་གུ་ནམ་ཡང་འཁྲུངས་མིན་ཞིང་། །བདག་ཉིད་ཉམས་ཀྱིས་དོགས་པའི་ཚངས་པར་སྤྱོད་པའང་དམ་པའི་ཚུལ་མིན་ཕྱིར། །སྲེད་ལྡན་ན་ཆུང་འཆི་བ་བཟློག་ཕྱིར་སྙིང་རྗེ་ཆེན་པོས་རྗེས་དགོངས་ནས། །ཐབས་མཁས་མཛད་པས་བསྐལ་མང་ཚོགས་གཉིས་འདུམ་མཛད་ཁྱེའུ་ཀརྨར་འདུད། ༦༥ །གང་དག་ཆོས་མིན་སྤྱོད་རྣམས་གསོན་པོར་ཟོས་པའི་ཁྲག་གིས་ཆེར་མྱོས་པའི། །འཇིགས་རུང་གད་མོའི་སྒྲ་ཡིས་གཡོ་བྱེད་དུས་མེ་ལྟར་འབར་མཆེ་བ་རྔམས། །ཤིན་ཏུ་མི་བཟད་སྲིན་པོའི་གཟུགས་ཀྱིས་སྐྱེ་བོའི་ཚོགས་རྣམས་ཆེར་སྔངས་པའི། །ཐབས་མཁས་མཛད་པས་དགེ་བཅུའི་ལམ་ལ་སྦྱོར་མཛད་ལེགས་བྲིས་གཙོ་བོར་འདུད། ༦༦། འདོད་པའི་མེ་ཡིས་ཀུན་ནས་བསྲེགས་གྱུར་རྣམ་གཡེང་ཐ་བ་མི་བཟད་ལ། །རིགས་དང་མངོན་ཤེས་ཏིང་འཛིན་མྱུ་གུ་ནམ་ཡང་འཁྲུངས་པར་མི་འགྱུར་ཕྱིར། །སྣ་ཚོགས་ཐབས་མཁས་སྤྲིན་གྱི་མེ་ཏོག་ཀུན་ནས་བཀྲམ་པས་དུལ་བྱས་པའི། །བྲམ་ཟེའི་ཁྱེའུ་ལྔ་བརྒྱའི་ཞིང་སར་ཡོན་ཏན་སྙེ་མ་བསྐྲུན་ལ་འདུད། ༦༧ །གང་ཞིག་མཐོང་ན་སྐྱེ་བོ་རྣམས་ཀྱི་སྙིང་ལ་ཉལ་བའི་ལུས་མེ་དཔུང་། །སྦྲོན་བྱེད་གར་མཁན་བུ་མོ་ཐིག་ལེ་མཆོག་མའི་འཇོ་སྒེག་ཟློས་གར་གྱིས། །དབང་བྱས་དཔག་མེད་འགྲོ་ལ་ཐེག་མཆོག་བདུད་རྩིའི་དགའ་སྟོན་སྟོབ་པ་ཡིས། །རྣམ་གྲོལ་གསུམ་གྱི་ལུས་ཟུང་འཕེལ་མཛད་འགྲོ་བའི་དཔལ་མོ་མཆོག་ལ་འདུད། ༦༨ །དཔག་མེད་བསོད་ནམས་སྤྱི་བོ་ལས་སྐྱེས་རང་བཞིན་དགེ་བའི་གསེར་སྦྱངས་ཁམས། །ཕུལ་བྱུང་ཡོན་ཏན་རྩིབས་སྟོང་རྣམ་བཀྲ་ལྷར་བཅས་སྐྱེ་དགུའི་མཁའ་ལ་འཕགས། །ཅི་འདོད་ལོངས་སྤྱོད་ཆར་དུ་བསྙིལ་བས་འགྲོ་བའི་རྒུད་པ་རིང་དུ་བསྐྲད། །སླར་ཡང་འདོད་ལ་སྐམ་པའི་ཉེས་པ་མི་བཟད་འགྲོ་ལ་འདོམས་དེར་འདུད། །ངེད་ཀྱི་བསོད་ནམས་ཕུང་པོ་འདི་ཞེས་འཇིག་རྟེན་སྐྱོང་བ་གཞན་དག་ལ། ༦༩ །ངོམས་པ་བཞིན་དུ་འཛད་མེད་གཏེར་གྱི་སྒོ་འཕར་བསམ་ཡས་ཕྱེས་གྱུར་པས། །སྡུག་བསྔལ་རྩོད་བཅས་མྱ་ངན་གཞིར་གྱུར་འདོད་པའི་གདུང་བས་དུབ་པའི་འགྲོ། །རྣམ་གྲོལ་གསུམ་གྱི་ངལ་སྟེགས་མཆོག་ལ་སྦྱོར་མཛད་ལག་འགྲོའི་དབང་པོར་འདུད། ༧༠ །སྙིང་རྗེ་ཆེན་པོའི་ཚངས་རྐུད་ལེགས་བཅིང་བག་ཡོད་དགེ་བའི་ཤིང་ཤུན་གྱོན། །འགྲོ་བ་སྐྱོབ་པའི་སྲེག་བླུགས་དང་བཅས་ཐབས་མཁས་ཐུགས་རྗེའི་རིགས་སྔགས་བསྒྲངས། །གཅན་གཟན་རྒྱལ་པོ་སྔོན་མེད་དྲང་སྲོང་མཆོག་གིས་གསོད་སྲེད་གཏུམ་པོའི་ཁ། །འཆི་བདག་གདུག་པའི་གྲེ་བར་ཆུད་གྱུར་སྤྲེའུ་ཕྲུག་བདེ་བར་ཕྱུང་ལ་འདུད། ༧༡ །བསོད་ནམས་ཚོགས་ཆེན་ཐབས་ཀྱི་ཕ་རོལ་ཕྱིན་གྱུར་བྲམ་ཟེའི་ཁྱེའུ་སྤྲིན། །དད་པའི་རླུང་གིས་ཉེར་བསྐུལ་རལ་པའི་ནགས་ཀླུང་རྩེ་མོར་བདེ་གཤེགས་ཀྱི། །ཞབས་སེན་འཆར་ཀའི་ཟླ་གཞོན་མཛེས་བྱས་བྱང་ཆུབ་ལུང་བསྟན་བསིལ་ཟེར་གྱིས། །དཔག་མེད་ཏིང་འཛིན་གེ་སར་རྒོད་པའི་བསླབ་གསུམ་ཀུ་མུཏ་བཞད་ལ་འདུད། ༧༢ །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་འབྲེལ་བའི་སྐབས་ཏེ་བཅུ་ཚན་བདུན་པའོ། །འདོད་པའི་ཞགས་པས་དྲངས་པའི་ཡིད་ནི་ལྕགས་ཀྱུའི་དབང་དུ་མ་གྱུར་ཕྱིར། །མི་བསྲུན་གླང་པོས་ནགས་སུ་གཡེངས་པས་འཁྲུག་གྱུར་འོད་ལྡན་བདག་པོ་ཡི། །བདེ་གཤེགས་མཚན་གྱི་སྤྲིང་ཡིག་ཐོས་པས་རབ་དགའ་ལྷག་པའི་བསམ་པ་ཡིས། །སྦྱིན་པའི་སྒོ་འཕར་བརྒྱ་ཕྲག་ཕྱེས་ནས་བྱང་ཆུབ་འབྲས་བུར་སྨོན་ལམ་འདུད། ༧༣ །བློ་ཆེན་ཚངས་པའི་བློ་ཡིས་དཔོག་མིན་ཕུལ་བྱུང་མཆོད་པའི་སྤྲིན་ཆེན་གྱིས། །ཀུན་ལ་ཕན་མཛད་ཀུན་མཁྱེན་འགྲོ་བའི་བླ་མ་མཆོག་ལ་བསྙེན་བྱས་ནས། །ཡོན་གནས་དམ་པའི་ཡོན་ཏན་རྒྱ་ཆེར་རྗེས་བསྔགས་གཏམ་གྱི་གླིང་བུ་ཡིས། །ལེགས་མཆོད་སྨོན་ལམ་སྟོབས་ཀྱིས་འགྲོ་མང་སྨིན་མཛད་གྲགས་ལྡན་བྲམ་ཟེར་འདུད། ༧༤ །དམ་པ་བག་མེད་དབང་གིས་རྒུད་ཀྱང་རིང་པོར་མི་ཐོགས་འབྱོར་པས་མཛེས། །ཟླ་བ་སྤྲིན་གྱིས་མནོན་ཡང་མྱུར་དུ་གྲོལ་འགྱུར་འདི་ལ་སུ་ཡིས་བསྙོན། །སྦྱིན་པའི་ས་བོན་སྨོན་ལམ་སྟོབས་ཆེན་དྲོད་གཤེར་མཐུ་ཡིས་བསྐྱེད་པ་ཡིས། །ལེགས་བྱས་སྙེ་མ་ཚེ་འདིར་མངོན་འཁྲུངས་འགྲོ་བ་དད་མཛད་རྒྱལ་བར་འདུད།༧༥ །སྨོན་ལམ་མཐུ་ཡིས་འགྲོ་བའི་ནད་རྣམས་ཅིག་ཅར་གཞིལ་ནུས་སྨན་གྱི་མཆོག །ཇི་ཙམ་བཅད་ཀྱང་འཛད་མེད་གཏེར་གྱུར་རང་གི་ཤ་ཡི་སྦྱིན་པ་ཡིས། །སྐྱེ་བོ་ཀུན་གྱི་རྒུད་པ་རིང་བསལ་ཕན་པར་འདོམས་པའི་བདུད་རྩི་ཡིས། །ཐར་གྲོལ་ལུས་སྟོབས་བསྐྱེད་མཛད་ལྷ་དབང་མིག་བཟང་ངེས་པར་འཕྲུལ་ལ་འདུད། ༧༦ །སྲིད་ན་དཀར་བའི་དངོས་པོ་མ་ལུས་གཅིག་ཏུ་བསྡོམས་ལ་ཅོ་འདྲི་བའི། །ཀུན་ནས་མཛེས་པའི་མཆེ་བ་དྲུག་ལྡན་གཉིས་འཐུང་ཡོངས་ཀྱི་རྗེ་བོ་ནི། །གཡོན་ཅན་དུག་མདས་སྙིང་ཕུག་གྱུར་ཀྱང་བློ་གྲོས་ཉམས་པ་མི་མངའ་ཕྱིར། །སྨོན་ལམ་མཐུ་བསྟན་ཕན་བདེ་སྦྱིན་པས་སྔོན་ཡང་འདུམ་པར་མཛད་ལ་འདུད།༧༧ །གྲོང་ཁྱེར་དྲུག་གི་ཁྲི་མུན་སྟུག་པོར་ལས་ཉོན་ལྕགས་སྒྲོག་དམ་པོ་ཡིས། འཆིང་གྱུར་སྡུག་བསྔལ་གསུམ་གྱི་ཆད་པས་མནར་ལ་རྗེས་བརྩེའི་སྨོན་ལམ་མཐུས། །གང་ལ་གང་འདུལ་དེ་དེར་སྣང་བའི་རྫུ་འཕྲུལ་མངོན་ཤེས་དཔག་ཡས་ཀྱིས། །འགྲོ་རྣམས་རིམ་གྱིས་བྱང་ཆུབ་ལམ་ལ་འགོད་མཛད་ཀུན་རྒྱུ་འཆར་ཀར་འདུད། ༧༨ །ཆུ་གཏེར་བཞི་ཡི་སྐ་ར གས་ལེགས་བཅིང་ནོར་འཛིན་དགའ་མའི་བདག་གྱུར་པའི། །ནོར་ཅན་མཐུ་ཡིས་སྐྱེ་དགུ་ཕལ་ཆེར་ཐེག་པ་གསུམ་དུ་བཀོད་ནས་སླར། །ངེས་འབྱུང་ཚངས་པར་སྤྱོད་ལྡན་གཞན་ཕན་སྨོན་ལམ་སྟོབས་ཀྱིས་མི་ལོ་ཁྲིར། །ལུས་ཀྱི་སྦྱིན་པས་ཕོངས་གྱུར་འགྲོ་བ་མཐའ་དག་རེ་སྐོང་མཛད་ལ་འདུད། ༧༩ །བྲམ་ཟེ་ཟླ་དགའི་དད་བསོད་ལྷ་རྫས་པཉྩ་ལི་ཀའི་གོས་བཟང་རྩེར། །མྱ་ངན་ཐམས་ཅད་བྲལ་གྱུར་བདེ་གཤེགས་ཞབས་སེན་ནོར་བུའི་ཏོག་མཛེས་པས། །འགྲོ་མང་བྱང་ཆུབ་མཆོག་ཏུ་ལུང་བསྟན་སྲིད་པའི་དགྲ་ཡིས་བརྫི་མིན་པའི། །དགའ་སྟོན་རྒྱལ་མཚན་དམ་པ་ལྷར་བཅས་སྐྱེ་དགུའི་དབུས་སུ་སྒྲེང་ལ་འདུད། ༨༠ །འགྲོ་ལ་སྙིང་བརྩེ་ཁོ་ནས་རྗེས་དགོངས་བུ་དང་ཆུང་མ་རྒྱལ་སྲིད་དང་། །རང་གི་རྐང་པ་མིག་དང་རྣ་བ་དེ་བཞིན་མཚན་མ་ལག་པ་སོགས། །ཀུན་ནས་ཡོངས་གཏོང་སྨོན་ལམ་མཐུ་ཡིས་ལོ་སྟོང་བར་དུ་ཤ་ཁྲག་གིས། །དུར་ཁྲོད་གནས་པའི་ཕོངས་གྱུར་འགྲོ་རྣམས་རེ་སྐོང་ས་བདག་ནམ་མཁར་འདུད། ༨༡ །ཆེན་པོ་རྣམས་ཀྱི་རླབས་ཆེན་གཞན་དོན་སྤྱོད་པ་བསམ་གྱིས་མི་ཁྱབ་ཅིང་། །དེ་བཞིན་སྨོན་ལམ་སྟོབས་ཀྱང་ཚུར་མཐོང་བྱིས་བློའི་ཡུལ་དུ་མ་གྱུར་ཕྱིར། །དཔལ་གྱི་སྡེར་གྱུར་ས་བདག་སྐུ་སྨད་ཉམ་ཐག་བྲམ་ཟེར་རྩལ་མཛད་ཀྱང་། །བདག་ཉིད་ཉམས་པ་མི་མངའ་མཐོ་རིས་གྲོང་ཁྱེར་འབྱོར་བྱེད་མཆོག་ལ་འདུད། ༨༢ །སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པ་དང་རྗེས་སུ་འབྲེལ་བའི་སྐབས་ཏེ་བཅུ་ཚན་བརྒྱད་པའོ། །དཔའ་བོ་སྙིང་རྗེའི་སྟོབས་མངའ་བདུད་ཚོགས་བྱེ་བས་གསད་པར་ནུས་མིན་པའི། །བསོད་ནམས་དཔལ་གྱིས་མཛེས་པའི་རྒྱལ་སྲས་སྐུ་ལུས་སྟག་མོར་སྩོལ་མཛད་པའི། །ངོ་མཚར་རྨད་བྱུང་སྐབས་གསུམ་དབང་པོར་སྦྲོན་{སྒྲོན}སླད་ས་ཆེན་རི་དང་བཅས། །རྣམ་དྲུག་གཡོ་བའི་གར་སྟབས་བསྒྱུར་བཞིན་མེ་ཏོག་ཆར་གྱིས་སྤུད་ལ་འདུད། ༨༣ །སྦྱིན་པའི་སྟོབས་ཀྱིས་འབྱོར་པ་མི་ཟད་ལུས་ཀྱི་གཟི་ཡིས་དཔག་ཚད་ཚུན། །མུན་པའི་དཔུང་བཅོམ་ཟླ་བའི་འོད་ལྡན་གཏན་པ་མེད་པའི་མཆོད་སྦྱིན་གྱིས། །ས་སྟེང་དབུལ་བ་མ་ལུས་ཟད་བྱས་བསོད་ནམས་མཐུ་ཡིས་བསྐྲུན་པའི་དབུ། །དམ་པ་མིན་གྱུར་དྲག་པོའི་མིག་ལ་དགའ་བས་རྗེས་སུ་གཏོང་ལ་འདུད། ༨༤ །ཡོན་ཏན་ཡར་ངོའི་ཟླ་ལྟར་རྒྱས་པས་ཉེས་པའི་མུན་པ་ཟད་བྱེད་ཅིང་། །ཁྲོ་དང་རྣམ་འཚེའི་ཚད་གདུང་མཐའ་དག་དྲུང་ནས་འབྱིན་པའི་སྟོབས་མངའ་བའི། །ཤི་པི་བདག་པོ་མཆོག་གིས་འདུ་བ་འཁྲུག་པའི་དཔུང་གིས་འཆི་བདག་ཁར། །གཟས་གྱུར་དམན་པའི་འགྲོ་བ་རང་གི་ཁྲག་གིས་སྐྱོབ་པར་མཛད་ལ་འདུད། ༨༥ །ངེས་འབྱུང་ས་སྲུང་སྟེང་ན་མངོན་བརླིང་ཚུལ་ཁྲིམས་རིན་ཆེན་རྒྱན་གྱིས་སྤྲས། །ཤེས་རབ་སྤྱན་སྟོང་རྣམ་བཀྲ་ལེགས་བཤད་རྩེ་བརྒྱ་འབར་བའི་མཚོན་རྣོན་གྱིས། །ཉེས་པའི་དགྲ་ཚོགས་ཀུན་ནས་བཅོམ་བྱས་ཆོས་ཀྱི་རྒྱལ་སྲིད་སྐྱོང་བའི་གཉེན། །སྙིང་རྗེའི་བདེ་སོགས་བདག་གྱུར་སྟོན་པ་རྩིབས་ཀྱི་མུ་ཁྱུད་མཆོག་ལ་འདུད།༨༦ །ཇི་ལྟར་སྦྲུལ་ལ་འོ་མ་བླུད་པ་ནམ་ཡང་ཞི་བར་མི་འགྱུར་བཞིན། །མ་རབས་རྣམས་ནི་ཕན་པར་འདོམས་པས་ཀུན་ཏུ་འཁྲུགས་གྱུར་ཆོས་ཉིད་ཕྱིར། །སྙིགས་མའི་སྐྱེ་བོ་རྣམས་ཀྱིས་སྤྱོས་ཤིང་བོང་དབྱིག་མཚོན་གྱིས་བརྡེགས་གྱུར་ཀྱང་། །བཟོད་པའི་སྟོབས་ལ་བརྫི་མིན་ཆོས་ཀྱི་གཏེར་རྙེད་ཀུན་ཏུ་བརྙེས་ལ་འདུད། ༨༧ །མི་བསྲུན་སྦྲུལ་ནག་ཁྲོས་པའི་ཞགས་པ་དམ་པོས་ཀུན་ནས་བཅིངས་གྱུར་ཏེ། །འཆི་བདག་གཏུམ་པའི་ཁ་སྒོར་གནས་པའི་ཚོང་པ་ལྔ་བརྒྱ་སྐྱོབ་སླད་དུ། །མཁས་པ་སྙིང་རྗེའི་རང་བཞིན་བདག་གི་སྲོག་ལའང་ཆགས་མིན་རི་དྭགས་རྒྱལ། །གནམ་ལྕགས་རྡོ་རྗེའི་སྡེར་མོས་མ་རུངས་ཀླད་རྒྱ་དབྲལ་བར་བརྩོན་ལ་འདུད། ༨༨ །ཉི་མ་གཅིག་པུས་ས་སྟེང་མུན་པ་མི་བཟད་དཔུང་ཚོགས་འཇོམས་པར་ནུས། །དེ་བཞིན་སངས་རྒྱས་གཅིག་གིས་དཔག་མེད་འགྲོ་བའི་ཁ་ལོ་བསྒྱུར་བ་བཞིན། །བརྩོན་འགྲུས་སྟོབས་ཀྱིས་རྒྱ་མཚོའི་ཆུ་བོ་ཇི་སྙེད་སྐེམ་ལ་དཀའ་མིན་ཕྱིར། །དེད་དཔོན་བློ་ལྡན་རྙེད་པའི་ནོར་གྱིས་འགྲོ་བའི་དབུལ་བ་བསལ་ལ་འདུད། ༨༩ །ཤུགས་དྲག་རླུང་གིས་བརྡབས་པའི་ནགས་ལ་མེ་ཆེན་མཆེད་པས་མཚོན་མིན་པའི། །གཞོན་ནུ་ནོར་བཟང་རྣམ་དཔྱོད་བློ་གྲོས་བརྩོན་པའི་སྟོབས་ཀྱི་ཁྱད་པར་གྱིས། །མིའམ་ཅི་ཡི་དབང་པོ་ཀུན་ནས་མགུ་བྱས་ཡིད་འཕྲོག་ལྷ་མོ་དང་། །ལྷན་ཅིག་དགེ་བཅུའི་རྒྱལ་ཐབས་མཆོག་གིས་འགྲོ་བའི་རྒུད་པ་བསལ་ལ་འདུད། ༩༠ །ཤུལ་རིང་བགྲོད་དཀའི་དགོན་པའི་ནགས་སུ་འཚོ་བས་ཕོངས་གྱུར་ཡབ་ཡུམ་ལ། །རང་གི་ཤ་ཡི་བསྙེན་བཀུར་སྟོབས་ལ་ཆེས་དཔའ་རྒྱལ་སྲས་སུ་ཤ་དྷེ། །རྫོགས་བྱང་དོན་གཉེར་བདེན་པའི་མཐུ་ཡིས་རང་ལུས་ཉམས་པའང་གསོ་མཛད་པས། །བདེ་སོགས་བདག་པོའི་ཁེངས་པའི་གཙུག་ནོར་ཞབས་ཀྱི་རྡུལ་འོག་ལྷུང་ལ་འདུད། ༩༡ །བསོད་ནམས་མཐུ་ཡིས་ལྷ་དབང་ཀླུ་བདག་མི་མཆོག་གྲགས་ལྡན་ཡོངས་ཀྱིས་བཏུད། །སྙིང་རྗེ་ཆེན་པོས་ཉམ་ཐག་འགྲོ་བ་ཡན་ལག་སྦྱིན་པས་བདེ་བར་མཛད། །སྨོན་ལམ་བཙན་པོས་ཕོངས་གྱུར་འགྲོ་ལ་གང་འདོད་ལོངས་སྤྱོད་ཆར་དུ་ཕབ། །ཡོན་ཏན་མཆོག་གིས་སྐྱེ་དགུ་སྲུང་མཛད་རྒྱལ་བུ་བསོད་ནམས་སྟོབས་ལ་འདུད། ༩༢ །སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་དང་རྗེས་སུ་འབྲེལ་བའི་སྐབས་ཏེ་བཅུ་ཚན་དགུ་པའོ། །མཁྱེན་བཟང་མཁའ་ལ་སྙིང་རྗེའི་སྤྲིན་འཁྲིགས་དཔག་མེད་ཏིང་འཛིན་གློག་ཕྲེང་གིས། །ཆེས་ཆེར་མཛེས་བྱས་དྲང་སྲོང་ཀུན་རིག་ལེགས་པར་འདོམས་པ་དབྱར་གྱི་རྔས། །ལྷག་བསམ་གཙུག་སྒྲོས་ཀུན་ནས་སྒེག་པའི་འོད་བཟང་རྨ་བྱའི་བུ་མོའི་སྙིང་། །ཡེ་ཤེས་མཐོང་བའི་དགའ་བས་ཆེར་མྱོས་ཕན་བདེའི་ཟློས་གར་སྒྱུར་ལ་འདུད། ༩༣ །སྒྲ་མེད་མི་གཡོ་ཞི་བའི་ནགས་སུ་ནང་དུ་ཡང་དག་འཇོག་པ་ཡིས། །འཕགས་པའི་ཡེ་ཤེས་མངོན་བྱས་ཆོས་ཀྱི་རྒྱལ་སྲིད་མཆོག་ལ་རྟག་རོལ་བའི། །དྲང་སྲོང་བཀའ་ལུང་གསེར་གྱི་ཐུར་མས་བདག་ལྟའི་ལིང་ཐོག་རབ་བསལ་ནས། །འགྲོ་ལ་ཆོས་ཉིད་མཐོང་བ་རྣམ་དག་མིག་བཟང་སྩལ་བར་མཛད་ལ་འདུད། ༩༤ །རླབས་ཆེན་ཐུགས་བསྐྱེད་བརྩོན་པའི་རྟ་བདུན་གྱིས་དྲངས་ས་བདག་ཉིན་བྱེད་ཀྱིས། །ཆོས་ཀྱི་སྡོམ་བཞི་དྲི་མ་མེད་གྱུར་དཔག་ཡས་འོད་ཟེར་དྲྭ་བ་ཡིས། །བདག་ལྟའི་མུན་པ་མི་བཟད་དྲུང་བཅིལ་ས་གསུམ་སྐྱེ་དགུའི་ཚོགས་རྣམས་ལ། །བླ་མེད་བྱང་ཆུབ་ལམ་བཟང་སྣང་མཛད་ཏོག་གི་བློ་གྲོས་མཆོག་ལ་འདུད། ༩༥ །དྲང་སྲོང་གྲུབ་པའི་ཏིང་འཛིན་མཐུ་ཡིས་བཅུ་གཉིས་ལོ་དང་བདུན་ཕྲག་ཞག །རབ་ཏུ་འབད་དེ་ངལ་བས་བསྒྲངས་པའི་གྲངས་ཀྱི་ཁྱད་པར་ཇི་སྙེད་པ། །ཡེ་ཤེས་ཟབ་མོའི་སྟོབས་ཀྱིས་སྐད་ཅིག་ཉིད་ལ་རྟོགས་གྱུར་ངོ་མཚར་གྱིས། །ཁེངས་ལྡན་ལག་པའི་པདྨོ་ཟུམ་བྱེད་བྲམ་ཟེ་སྔོ་བ སངས་གྱུར་ལ་འདུད། ༩༦ །ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་ཚངས་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་རྣམས་དང་། །ལྷ་མའི་དྲང་སྲོང་གྲུབ་པ་གྲགས་ལྡན་མཁས་པའི་ཚོགས་རྣམས་དབང་བྱས་ནས། །འགྲོ་བ་མི་བཟད་ནད་དང་ལྟ་ངན་འཐིབས་པོས་རྒུད་པའི་ཉམ་ཐག་པ། །རབ་བསལ་ཐེག་གསུམ་བདེ་བའི་ལམ་ལ་འགོད་མཛད་ཉེ་ཕྲེང་སྤངས་ལ་འདུད། ༩༧ །ཚངས་དབང་ལྷ་ཀླུ་གནོད་སྦྱིན་གྲུལ་བུམ་འཇིག་རྟེན་གཙོ་བོས་ཕྱག་བྱས་པའི། །རང་བཞིན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་ཤེས་རབ་ཆེར་གྱུར་དྲང་སྲོང་མཆོག །ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་ཚུལ་ལ་རྨོངས་གྱུར་ཉམ་ཐག་འགྲོ་ རྣམས་ལ། །བླང་དོར་གསལ་བའི་གཙུག་ལག་ལམ་བཟང་སྣང་མཛད་རྔ་བོ་མཆོག་ལ་འདུད། ༩༨ །རྒྱ་ཆེན་ཆོས་ཀྱི་དེ་ཉིད་ལེགས་གཟིགས་རྡུལ་བྲལ་རིན་ཆེན་སྙིང་པོའི་ཁམས། །བསྡུ་བཞིའི་བང་རིམ་ལེགས་མཛེས་ཡོན་ཏན་གསེར་རིའི་ཕྲེང་བའི་དབུས་ན་བརྗིད། །ཐབས་མཁས་མཛད་པ་ཉི་ཟླའི་འགྲོས་མཛེས་སྙིང་རྗེའི་བླ་ན་མངོན་མཐོ་བ། །ལྷ་མིའི་སྐྱེ་བོ་ཡོངས་ཀྱིས་བཏུད་བྱས་ས་བདག་མུ་ཁྱུད་ལྷུན་པོར་འདུད། ༩༩ །བཟོད་པའི་གོ་ཆ་སྲ་ལྡན་བརྩོན་འགྲུས་ཆེན་པོའི་དཔུང་གིས་ཡོངས་བསྐོར་ཞིང་། །དཔག་ཡས་སྙིང་རྗེ་ཆེན་པོའི་གཞུ་ལ་ཆོ་འཕྲུལ་གསུམ་གྱི་མདའ་བཞག་ནས། །སྐྱེ་བོ་ཀུན་གྱི་སྙིང་གི་མུན་པར་ཉལ་བའི་ལུས་མེད་སྡེ་དང་བཅས། །ཅིག་ཅར་གཞོམ་ནུས་དགེ་སློང་ཨུཏྤལ་སྔོན་མེད་དམག་དཔོན་མཆོག་ལ་འདུད། ༡༠༠ །གང་གི་ཐུགས་ལ་ཁྲོ་བ་མེད་ཀྱང་བདུད་ཀྱི་དཔལ་འབྱོར་ཉམས་པར་མཛད། །ཆགས་སོགས་ཉོན་མོངས་དྲི་མ་བྲལ་ཡང་ལྷ་མོ་རྣམས་ལ་རྩེ་ཚུལ་བསྟན། །རྟག་ཏུ་ཞི་བའི་ས་ལ་བཞུགས་ཀྱང་ཀུན་ནས་འབར་བའི་བརྩོན་འགྲུས་ཀྱིས། །འདོད་པའི་བདག་པོ་འདོད་ལས་གྲོལ་མཛད་གྲགས་མཆོག་དཔའ་བོའི་སྟོབས་ལ་འདུད། ༡༠༡ །དཔག་ཡས་རྒྱ་མཚོའི་རྡུལ་གྱི་གྲངས་སྙེད་སངས་རྒྱས་ཞིང་ཁམས་རབ་འབྱམས་ན། །མཐའ་ཡས་མོས་ལྡན་འགྲོ་བའི་མདུན་སར་དེ་སྙེད་སངས་རྒྱས་སྐུར་སྤྲུལ་ནས། །ཟབ་ཞི་སྤྲོས་བྲལ་འོད་གསལ་སྙིང་པོའི་བདུད་རྩིའི་དགའ་སྟོན་བྲིམ་པ་ཡིས། །བྱང་ཆུབ་མཆོག་གི་ལུས་སྟོབས་རྒྱས་མཛད་དཔའ་ཆེན་གཟི་བརྗིད་དྲག་པོར་འདུད། ༡༠༢ །ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་དང་རྗེས་སུ་འབྲེལ་བའི་སྐབས་ཏེ་བཅུ་ཚན་བཅུ་པའོ། །བྱང་ཆུབ་ཐུགས་བསྐྱེད་བརྩོན་པས་ཕ་རོལ་ཕྱིན་བཅུའི་ས་རྣམས་ཡོངས་རྫོགས་པས། །རྩོད་པའི་དུས་འདིར་རྡོ་རྗེ་གདན་དྲུང་བདུད་བཅོམ་ཡང་དག་སངས་རྒྱས་ནས། །རིམ་གསུམ་ཆོས་ཆར་བསིལ་པོས་གདུལ་བྱའི་ཀུན་དཀྲིས་མེ་ཚོགས་རབ་བཅིལ་ཏེ། །རྣམ་གྲོལ་གསུམ་གྱི་ལམ་ལ་སྦྱར་མཛད་དཔལ་ལྡན་ཤཱཀྱ་སེང་གེར་འདུད། ༡༠༣། འགྲོ་བའི་བླ་མ་ས་གསུམ་སྐྱེ་དགུ་ཆོས་ཀྱིས་སྐྱོང་མཛད་འཕགས་པའི་ཡབ། །བདུད་ཀྱི་དཔུང་བཅོམ་རྒོལ་བ་ཚར་གཅོད་ལྷ་ཡི་ཡང་ལྷ་དགེ་སྦྱོང་ཆེའི། །སྐྱེས་རབས་རིན་ཆེན་ཕྲེང་བར་དད་པའི་ངག་གིས་ཅུང་ཟད་བསྔགས་པ་ཡི། །བསོད་ནམས་ཉུང་ཟད་དེ་རིང་བསགས་འདིས་འགྲོ་རྣམས་ཀུན་མཁྱེན་ཉིད་གྱུར་ཅིག ༡༠༤ །བདག་ཀྱང་སྐྱེ་ཀུན་རྣམ་གཡེང་འདུ་འཛིའི་དགྲ་བོ་མ་ལུས་ཕམ་བྱས་ཏེ། །ཚུལ་གནས་ཐོས་དང་བསམ་པ་ལ་བརྟེན་སྒོམ་པའི་བློ་གྲོས་རྩལ་རྫོགས་ནས། །སྙིང་རྗེ་ཆེན་པོས་གཞན་ཕན་སྒྲུབ་ལ་དཀའ་བ་མེད་པའི་མཐུ་ཐོབ་སྟེ། །མ་ལུས་འགྲོ་རྣམས་སྲིད་མཚོ་ལས་བསྒྲལ་རྣམ་མཁྱེན་གྲོང་ཁྱེར་མཛེས་བྱེད་ཤོག ༡༠༥ །རྒྱལ་བ་ཉི་མའི་དམ་ཆོས་འོད་སྟོང་གདུལ་བྱའི་ཞིང་ལ་རྟག་འཆར་བས། །ས་གསུམ་རྒུད་པའི་མུན་པ་མཐར་བསྐྲད་ཕན་བདེའི་འདབ་བརྒྱ་རྒོོད་པ་ཡིས། །དཀར་ཕྱོགས་ལྷ་ཀླུ་བུང་བ་དགའ་བའི་མྱོས་གླུས་རྫོགས་ལྡན་མགྲོན་འགུགས་པ། །ས་འདི་དགའ་བ་བརྒྱ་ལྡན་གྲོང་བཞིན་ཀུན་ནས་འབྱོར་པའི་བཀྲ་ཤིས་ཤོག ༡༠༦ །ཅེས་བདེ་བར་གཤེགས་པའི་སྐྱེས་རབས་ཀྱི་ཕྲེང་བ་ལ་མདོ་ཙམ་བསྔགས་པ་རིན་པོ་ཆེ་གསེར་གྱི་མཆོད་སྡོང་ཞེས་བྱ་བ་འདི་ནི། མཁས་པ་དགའ་བ་བསྐྱེད་པའི་ཚིག་གི་སྦྱོར་བ་སྤྲོ་བའི་ནུས་པ་དབེན་ནའང་། རང་ཉིད་ཀྱི་དད་པའི་གསོས་ཙམ་དུ། སྙན་ངག་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་མཁས་མཆོག་དཔའ་བོ་དང་རང་བྱུང་རྒྱལ་བ་གཉིས་པའི་གསུང་གི་རྗེས་སུ་འབྲངས་ནས། ཤཱཀྱའི་སྲས་པོའི་རྗེས་འཇུག་གི་རྟགས་ཙམ་འཛིན་པ་རྨོངས་རྟུལ་འགྱུར་མེད་པདྨ་རྣམ་རྒྱལ་ལམ་མིང་གཞན་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེ་འབོད་པས། རང་གནས་དཔལ་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར་ཉིས་བྲིས་སོགས་ཀྱི་སྤྲོས་པ་དོར་ཏེ་གར་དྲན་ཤར་མར་སུག་ལས་སུ་བསྟར་པ་སྟེ། འདིས་ཀྱང་འགྲོ་ཀུན་ཐེག་པ་མཆོག་གི་ལམ་ལ་ཞུགས་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དུས་མྱུར་བ་ཉིད་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།

བདེ་བར་གཤེགས་པའི་སྐྱེས་རབས་ཀྱི་ཕྲེང་བ་ལ་མདོ་ཙམ་བསྔགས་པ་ཟླ་འོད་ཀུནྡའི་ཁྲི་ཤིང་།

༄༅། །བདེ་བར་གཤེགས་པའི་སྐྱེས་རབས་ཀྱི་ཕྲེང་བ་ལ་མདོ་ཙམ་བསྔགས་པ་ཟླ་འོད་ཀུནྡའི་ཁྲི་ཤིང་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །ཉེར་ཐོན་ཕུལ་བྱུང་མཁྱེན་བརྩེའི་འོད་ཟེར་གྱིས། །ས་གསུམ་བདེ་ལེགས་པད་ཚལ་བཞད་མཛད་པ། །བཅོམ་ལྡན་ཉི་མའི་གཉེན་ལ་ཕྱག་འཚལ་ལོ། ༡ །མཆོག་ཏུ་རྩ་བརྟན་ཡལ་འདབ་རྣམ་པར་རྒྱས། །ལོ་མ་མེ་ཏོག་འབྲས་བུ་ཆེས་སྨིན་ཞིང་། །མཐའ་ཡས་རེ་སྐོང་འདོད་དགུའི་གྲུ་ཆར་ཅན། །ལྷ་ཡི་དཔག་བསམ་དེ་ནི་བསྔགས་པར་འོས། ༢ །རང་དོན་ཡལ་བར་དོར་བའི་ནགས་ཁྲོད་ན། །གཞན་དོན་ལྷག་པར་བརྩོན་པའི་སྲེག་བླུགས་གིས། །དོན་གཉིས་འདོད་དགུའི་དཀའ་ཐུབ་གྲུབ་པའི་ཚུལ། །ཐོས་ནས་དད་པར་མི་འགྱུར་སུ་ཞིག་ཡོད། ༣ །བཀྲེས་པས་ཟིལ་གནོན་སྟག་མོ་མ་སྨད་ལ། །བརྩེ་བས་རང་ལུས་ཡོངས་གཏོང་སེམས་དཔའ་ཆེའི། །དཔག་ཡས་ཡོན་ཏན་ཁུར་ལྕིས་དུབ་པ་ཡི། །ནོར་འཛིན་དུས་བཞིའི་མཐའ་ལ་སྙེགས་མིན་ནམ། ༤ །སྦྱིན་ལ་རབ་དགའ་ཤི་པི་རྒྱལ་པོ་ཡིས། །ས་སྟེང་དབུལ་བ་མ་ལུས་ཟད་བྱས་ནས། །པདྨ་ལྟ་བུར་མཛེས་པ་ཤ་ཡི་སྤྱན། །ཡོངས་སུ་གཏོང་བས་ལྷ་ཡི་མིག་ཐོབ་མཚར། ༥ །དཔལ་ལྡན་ཀོ་ས་ལ་ཡི་བདག་པོ་ཡི། །སྔོན་བསགས་བསོད་ནམས་འབྲས་བུར་ངེས་རྙེད་ནས། །སྦྱིན་པའི་སྒོ་འཕར་བརྒྱ་ཕྲག་འབྱེད་དོ་ཞེས། །ཀོ་ཀི་ལ་ཡིས་བཀྲེན་ལ་སྦྲོན་པ་བཞིན། ༦ །མི་བཟད་རབ་འབར་དམྱལ་བའི་མེ་འོབས་སུ། །འཕགས་པ་མཆོད་ཕྱིར་དགའ་བས་ཞུགས་གྱུར་པའི། །སྦྱིན་ལ་དཔའ་བའི་གྲགས་པ་ཉིན་མོར་བྱེད། །ཡིད་སྲུབ་སྙིང་ལ་མུན་པ་ཉིད་དུ་གྱུར། ༧ །རྒུད་པར་གྱུར་ཀྱང་ཞུམ་པ་མི་མངའ་བའི། །ཟིལ་གྱིས་མི་ནོན་སྦྱིན་པའི་གྲགས་པ་དཀར། །དཔག་ནུས་མིན་ཡང་ཨེ་མ་འདིར་ཤོང་བ། །འཁོར་ཡུག་དང་བཅས་ས་ཆེན་འཇིག་རྟེན་ཡངས། ༨ །མགྲོན་ལ་བརྩེ་བས་རབ་འབར་མེ་ཡི་ནང་། །དགའ་བས་ཞུགས་ཚེ་དབང་པོས་བཏུད་གྱུར་པའི། །ངོ་མཚར་འཇིག་རྟེན་ཀུན་ལ་སྟོན་སླད་དུ། །རི་བོང་འཛིན་པས་གླིང་བཞི་བསྐོར་བར་ངེས། ༩ །ལེགས་བཤད་བདུད་རྩིའི་རྒྱུན་མཆོག་འཇོ་བའི་དཔྱིད། །དཀའ་ཐུབ་སྤྱོད་པ་དྲང་སྲོང་ཨ་གསྟྱ། །དྲེགས་ལྡན་བདེ་སོགས་བདག་པོས་མཆོད་མཐོང་ནས། །བ་ཀུ་ལ་རྣམས་མེ་ཏོག་གིས་དགོད་བཞིན། ༡༠ །དཔལ་རྒྱས་རྒྱལ་སྲས་བྱམས་པའི་སྟོབས་མཆོག་གིས། །རང་གི་ཤ་ཁྲག་སྦྱིན་ལ་མཚར་དུ་ཅི། །གང་གི་སྐུ་མཚལ་མྱོང་གྲོལ་བདུད་རྩི་མཆོག །ཐོབ་གྱུར་མཚན་རྒྱུ་རྣམས་ཀྱི་རོ་འཛིན་རྨད། ༡༡ །སློང་རྣམས་རེ་སྐོང་རྒྱལ་སྲས་ཐམས་ཅད་སྒྲོལ། །དགྲ་ལ་གླང་མཆོག་བྱིན་པས་བསྐྲད་གྱུར་ཀྱང་། །ཞུམ་པ་མི་མངའ་སྲས་དང་བཙུན་མོ་བཅས། །ཡོངས་སུ་གཏོང་ལ་ལྷ་ཡི་དབང་པོས་བསྔགས། ༡༢ །བསོད་ནམས་དཔལ་གྱིས་མངོན་མཐོ་མཆོད་སྦྱིན་བྱེད། །གདུག་པ་བློན་གྱིས་སྡིག་ལ་བསྐུལ་གྱུར་ཀྱང་། །ཐབས་མཁས་འཕྲུལ་གྱིས་སྐྱབས་ཀྱི་སྦྱིན་པ་མཆོག །སྩལ་པའི་རྣམ་དཔྱོད་བྱེད་པོས་འཕྲུལ་ནུས་མིན། ༡༣ །ལྷ་མིན་གཡུལ་ལས་ཕམ་གྱུར་ལྷ་དབང་མཆོག །འདབ་བཟང་ཕྲུ་གུ་ཉམས་ལས་བསྲུང་སླད་དུ། །ལུས་སྲོག་དཔལ་འབྱོར་ལ་ཡང་ལྟོས་མེད་པར། །གཅིག་པུར་དགྲ་ཡི་གཡུལ་ངོར་ལྡོག་པར་གྱུར། ༡༤། གང་གི་བློ་གྲོས་བརྟག་ཕྱིར་བླ་མ་ཡིས། །རིགས་བྱེད་ནས་བཤད་སྡིག་ལ་བསྐུལ་གྱུར་ཀྱང་། །ཁྲེལ་ཡོད་ངོ་ཚ་གཏོང་མིན་གཉིས་སྐྱེས་ཀྱི། །གྲགས་སྙན་ཚངས་པའི་འཇིག་རྟེན་ལས་ཀྱང་བརྒལ། ༡༥ །ལྷ་མོ་ཨུ་མའི་འཇོ་སྒེག་ཟློས་གར་གྱིས། །མ་ཧཱ་དེ་ཝའི་དཀའ་ཐུབ་ཉམས་བྱས་ཀྱང་། །མྱོས་བྱེད་འདོད་ལྷའི་མདའ་ཡི་སྒྱུ་ཐབས་ཀྱིས། །ཤི་པི་བདག་པོ་གཡེམ་ལ་སྦྱོར་མ་ནུས། ༡༦ །ལེགས་པར་ཕ་རོལ་ཕྱིན་པ་དེད་དཔོན་ཆེས། །འཚེ་བ་རྣམ་སྤངས་བདེན་པ་གསོལ་ཙམ་གྱིས། །རྒྱ་མཚོའི་ཀློང་གི་ཁར་སོན་གྲུ་བོ་ཡང་། །གུས་པའི་སེམས་ལྡན་བཞིན་དུ་ལྡོག་པར་གྱུར། ༡༧ །བྱང་ཆུབ་སེམས་དཔའ་ཉ་ཡི་རྒྱལ་པོ་ཡིས། །བདེན་ཚིག་མཐུ་ཡིས་བདུད་རྩིའི་ཆར་དབབ་ལ། །མིག་སྟོང་ཅན་གྱིས་མངོན་པར་བསྟོད་མཐོང་ནས། །ས་ཧ་ཀ་རའི་འཁྲི་ཞིང་འདུད་པ་བཞིན། ༡༨ །སྡིག་མེད་མྱུ་གུས་འཚོ་བའི་སྲེག་བླུགས་ཀྱི་{ཕྲུག་གི}། །བཀའ་ལས་རབ་འབར་མེ་ལྕེས་འདའ་མ་ནུས། །དྲང་སྲོང་དམོད་པའི་རིགས་སྔགས་མཚོན་ཆ་ཡིས། །གཞོམ་པར་མི་ནུས་ཆོས་དེ་སྲིད་ན་སུ། ༡༩ །བྱམས་དཔའི་དཔལ་མངའ་ལྷ་དབང་བུམ་པ་ཅན། །ལེགས་བཤད་བདུད་རྩི་བྲིམ་པས་ས་ཡི་བདག །འཁོར་བཅས་མྱོས་འགྱུར་སྡིག་ལས་ཟློག་པའི་ཚུལ། །མཐོང་ནས་སྤྲིན་གྱི་གླང་པོ་དགོད་པ་འདྲ། ༢༠ །རྒྱལ་རིགས་ཕྱུག་པོར་སྐྱེས་གྱུར་ངེས་འབྱུང་ཅན། །ཚངས་པར་སྤྱོད་པའི་བརྟུལ་ཞུགས་རྨ་མེད་གང་། །གཡོན་ཅན་གྲོགས་ཀྱི་བསླུ་བར་མ་ནུས་ལ། །རྒྱུ་སྐར་ཚོགས་རྣམས་འཕྱ་བས་རྒོད་པ་བཞིན། ༢༡ །རབ་མཐོ་བྲམ་ཟེའི་དྲང་སྲོང་དཀའ་ཐུབ་ཅན། །རབ་བརྩེ་བཟོད་ལྡན་ངེས་འབྱུང་དམོད་ཚིག་ལ། །རབ་གུས་སྤྱན་སྟོང་ཅན་གྱིས་བཏུད་གྱུར་པའི། །རབ་དཀར་གྲགས་པའི་ཕུང་པོ་སྲིད་ན་གསལ། ༢༢། མིག་གི་ཡལ་འདབ་མཆི་མའི་རྡུལ་དག་གིས། །བརླན་གྱུར་མཛའ་བཤེས་སྟོང་གི་ངལ་བ་བརྒྱས། །བཟློགས་ཀྱང་སྙིང་སྟོབས་ཕུལ་ཕྱིན་ཚོང་དཔོན་བུ། །ཁྱིམ་གྱི་གནས་སུ་འཆིང་བའི་སྐབས་མ་རྙེད། ༢༣ །དྲག་ཏུ་སྤྱོས་ཤིང་ཆུང་མ་འཕྲོག་གྱུར་ཀྱང་། །འཁྲུག་པ་མི་མངའ་གཙུག་ཕུད་བྱང་ཆུབ་ཀྱིས། །དྲང་པོར་བརྗོད་པའི་སྙན་ཚིག་ཞགས་པ་ཡིས། །ས་བདག་ཡིད་ཀྱི་ཆོམ་རྐུན་དབང་མེད་དྲངས། ༢༤ །ངང་པའི་རྒྱལ་པོ་ཕན་མཛད་ཡུལ་འཁོར་སྲུང་། །གཡོན་ཅན་རྒྱ་ཡིས་བཅིངས་ཀྱང་འཁྲུགས་མིན་པར། །སྨྲ་བའི་ཟླ་བ་བཞིན་བཟང་བློན་བཅས་ཀྱིས། །ས་བདག་ཉོན་མོངས་རྙི་ལས་བཀྲོལ་གྱུར་མཚར། ༢༥ །མངོན་ཤེས་རྫུ་འཕྲུལ་མཐུ་གྲུབ་བྱང་ཆུབ་ཆེའི། །ལེགས་བཤད་ཀེ་ཏ་ཀ་ཡི་འོད་ཟེར་གྱིས། །ལྟ་ངན་ཉེས་ཚོགས་དྲི་མ་བགྲུང་བའི་ས། །དགའ་བ་བརྒྱ་ལྡན་གྲོང་ཁྱེར་ལས་ཀྱང་འཕགས། ༢༦ །མི་བཟད་ཁྲོན་པ་གཤིན་རྗེའི་ཁར་ལྷུང་བའི། །མི་ལྟོགས་བྱམས་པས་སྐྱབས་དེས་སླར་གཙེས་ཀྱང་། །མི་འཁྲུགས་བརྩེ་ལྡན་སྤྲེའུའི་རྣམ་དཔྱོད་ཆེས། །མེ་ཏོག་གཞུ་ཅན་དགའ་བ་མེད་པར་བྱས། ༢༧ །བདག་གསོད་ཕྱིར་རྔམས་འཕང་རྐྱེན་མི་བདག་ཀྱང་། །བྱམས་པའི་ཐག་པས་འཆི་ལས་སྲུང་མཛད་པའི། །བཟོད་པའི་གོ་བགོས་རྒྱལ་སྲས་ཤ་ར་བྷ། །ཁྱོད་དང་མཚུངས་པ་སྲིད་པའི་ཁོངས་ན་དབེན། ༢༨ །ཤུགས་དྲག་འབབ་ཆུ་དུག་སྦྲུལ་གྲེ་བ་ནས། །ཕྱུང་གྱུར་གཡོན་ཅན་དེ་ཡིས་དམག་དྲངས་ཀྱང་། །འཁྲུགས་མིན་རུ་རུའི་ལེགས་བཤད་ཆར་རྒྱུན་གྱིས། །མི་སྐྱོང་ཉེས་པའི་དྲི་མ་འཁྲུད་གྱུར་མཚར། ༢༩ །རང་འཁོར་སྐྱོབ་ཕྱིར་འཚོ་བ་ཡོངས་གཏོང་བའི། །སྤྲེལ་རྒྱལ་མཆོག་གི་གྲགས་པའི་དྲི་བཞོན་གྱིས། །དྲེགས་ལྡན་ས་བདག་ལྗོན་ཤིང་ཕལ་རྣམས་ཀྱི། །ཁེངས་པའི་ལོ་འདབ་རྙིང་པ་ཟག་པར་བྱས། ༣༠ །བཟོད་པའི་ལྗོན་ཤིང་སྙིང་རྗེའི་རྩ་བ་བརླིང་། །དཀའ་ཐུབ་ཡལ་འདབ་གཞན་ཕན་མེ་འབྲས་ཅན། །ས་སྤྱོད་གདུག་པས་བཅད་གང་མ་བཟོད་ནས། །ནོར་འཛིན་དྲན་དབང་ཚལ་བར་གས་པར་ངེས། ༣༡ །ཚངས་པའི་དྲང་སྲོང་ལེགས་བཤད་སྣང་འབུམ་གྱིས། །ལུས་འཕགས་དབང་པོའི་ལྟ་ངན་མུན་བསལ་ནས། །ཕན་བདེའི་པད་ཚལ་བཞད་པའི་ཚུལ་མཐོང་སྟེ། །འདོད་པའི་བདག་པོ་ཞུམ་པས་འདར་མིན་ནམ། ༣༢། རྒྱལ་པོས་མཐར་བསྐྲད་རྟོག་ཅན་བདུན་བརྒྱ་ཡི། །འཚོ་བ་སྲིང་སླད་ནགས་ཀྱི་གླང་པོ་མཆོག །ལུས་སྲོག་ཡལ་བར་བོར་དེའི་སྙིང་རྗེའི་ལྕིད། །འདེགས་པར་མ་བཟོད་ས་ཆེན་འདར་བ་འདྲ། ༣༣ །རྒྱལ་སྲས་མཆོག་དེས་རྐང་ཁྲའི་སྡིག་པའི་རྒྱུན། །བཅད་ཅེས་ཟླ་བ་མཆོག་ལ་མི་བསྟོད་དེ། །འཕགས་རྣམས་རང་དོན་ཡལ་བར་དོར་ནས་ཀྱང་། །གཞན་གྱི་དོན་ལས་བྱ་བ་གཞན་མེད་ཕྱིར། ༣༤ །ལྕགས་ཀྱི་ཁྱིམ་གནས་རྒྱལ་སྲས་འཕགས་པ་མཆོག །སྲིད་འབྱོར་ཕུན་ཚོགས་མ་ལུས་རིང་བཏང་ནས། །སྒྲ་མེད་ཞི་བའི་ནགས་སུ་གཤེགས་མཐོང་ཚེ། །ཨུཏྤལ་གཞོན་ནུ་འཛུམ་པས་བསུ་བ་བཞིན། ༣༥ །མི་བསྲུན་འཚེ་ལ་གོམས་པའི་སྤྲེའུ་དེ། །མ་ཧེའི་བཟོད་པ་སྒོམ་པའི་བླ་མར་གྱུར། །རྟེན་མེད་མཆོད་སྦྱིན་འདོད་པའི་ཁང་པ་རུ། །སློང་བ་བྱུང་ལ་མི་དགའ་སུ་ཞིག་བྱེད། ༣༦ །ཕན་ལན་གནོད་ཀྱིས་འཇལ་ཡང་ཤིང་རྟ་མོ། །འཁྲུགས་པར་མ་གྱུར་ལྷ་ཡིས་རབ་བསྐུལ་ཡང་། །སྡིག་ལས་ཕྱིར་ཕྱོགས་དམ་བཅའི་གོ་ཆ་ཅན། །ཆེན་པོ་རྣམས་ཀྱི་ངང་ཚུལ་འདི་འདྲའོ། ༣༧ །ཨེ་མ་འགྲོ་ལ་ཕན་བརྩོན་ཤཱཀྱའི་སྲས། །སྔོན་ཚེ་དམན་པར་གྱུར་ཀྱང་རྨ་མེད་པའི། །རླབས་ཆེན་རྒྱལ་སྲས་སྤྱོད་པ་འདི་འདྲ་ན། །བྱང་ཆུབ་མངོན་དུ་གྱུར་ཚེ་སྨོས་ཅི་འཚལ། ༣༨ །འགྲོ་འདིས་རང་དོན་སྒྲུབ་པའི་ཚོང་ཟོང་གིས། །མཐའ་མེད་སྡུག་བསྔལ་གསུམ་གྱི་དངོས་པོ་དང་། །ཐུབ་པས་གཞན་དོན་སྤྱོད་པའི་མཆོད་སྦྱིན་གྱིས། །དོན་གཉིས་ལྷུན་གྲུབ་དཔལ་འདི་ཨེ་མ་ཐོབ། ༣༩། ཐུབ་པའི་སྐྱེས་རབས་ཟབ་བརླིང་དག་བྱེད་གཏེར། །དཔའ་བོའི་མཁྱེན་རབ་ལྷུན་པོས་བསྲུབས་པ་ལས། །ཉེར་ཐོན་སྲིད་པའི་གདུང་སེལ་ཟླ་བ་འདིས། །བདག་བློ་དད་པའི་ཆུ་གཏེར་འཕེལ་བར་བྱས། ༤༠། འཇིགས་ཚོགས་འཛིན་ཁྲིའི་རབ་དཀྲུགས་འཁོར་བའི་ཀློང་། །སྡུག་བསྔལ་རྦ་རླབས་ཆེས་ཆེར་གཡོ་འདི་ལས། །དམན་པའི་སྐྱབས་ཀྱིས་བསླུས་པའི་ཚུལ་མཐོང་ནས། །བདག་ནི་བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི། ༤༡ །དཔག་མེད་ཞིང་ན་ཕན་བདེའི་སྤྲིན་ཚོགས་ཅན། །སྟོབས་བཅུའི་དབང་ཕྱུག་སྲས་བཅས་འབྱུང་བའི་དབྱིངས། །ཡོན་ཏན་དཔག་ཡས་བསམ་མི་ཁྱབ་པའི་གཏེར། །རིན་ཆེན་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ༤༢། འགྲོ་བ་ཉུང་ཟད་གཅིག་གི་ཕྱིར་དུ་ཡང་། །འདབ་མ་རལ་གྲི་འཁྲུག་པའི་ཚལ་དག་ལ། །ལྷ་ཡི་དགའ་ཚལ་བཞིན་དུ་འཇུག་མཛད་པའི། །རྒྱལ་བའི་མྱུ་གུ་རྣམས་ལའང་བདག་ཕྱག་འཚལ། ༤༣། ཨེ་མའོ་འགྲོ་བའི་བླ་མ་ཆོས་ཀྱི་རྗེའི། །སྐྱེས་རབས་རྨད་བྱུང་རྣམ་ཐར་རྒྱ་མཚོ་ལས། །སྐྲ་རྩེའི་ཟེགས་ཙམ་གུས་པས་བརྗོད་པ་ཡིས། །དེ་རིང་བདག་གི་ལྕེ་འདི་དོན་ཡོད་བྱས། ༤༤། སྙན་ངག་མེ་ཏོག་འདི་ནི་མཛེས་མིན་ཡང་། །དད་བརྒྱའི་མཚོ་ལས་ཉེ་བར་འཁྲུངས་གྱུར་ཕྱིར། །རྣམ་དཀར་བསོད་ནམས་དྲི་བསུང་མི་དམན་དེས། །འགྲོ་བ་ཐམས་ཅད་ཁྱོད་འདྲ་ཉིད་གྱུར་ཅིག ༤༥ །ས་གསུམ་བླ་མ་འཕགས་པ་རྣམས་ཀྱི་ཡབ། །བདུད་ཀྱི་དཔུང་བཅོམ་འགྲོ་ཚོགས་ཆོས་ཀྱི་སྐྱོང་། །དོན་ཀུན་གྲུབ་པ་བརྩེ་བ་ཆེན་པོ་ཡི། །རྣམ་ཐར་རྒྱ་མཚོ་བདག་གིས་འཛིན་གྱུར་ཅིག ༤༦། དེ་ལྟར་བདེ་བར་གཤེགས་པའི་སྐྱེས་རབས་ཀྱི་ཕྲེང་བ་ལ་མདོ་ཙམ་བསྔགས་པ་འདི་ནི་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྐྱེས་ཤིང་། ༧ཁྱབ་བདག་ཞེ་ཆེན་པ་ཆེན་པོ་རིགས་བདག་ཏུ་ཐོབ་པའི་སྐལ་བ་བཟང་པོ་ཅན་ཤཱཀྱའི་དགེ་ཚུལ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་དབྱངས་ཅན་དགྱེས་བའི་སྡེས་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོར་སྦྱར་བ་སྟེ། འདིས་ཀྱང་ཀུན་མཁྱེན་ཤཱཀྱ་སེང་གེའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།

རྒྱལ་སྲས་སེང་གེའི་ཞབས་འབྲིང་པས་མཛད་པའི་ཐུབ་དབང་སྐྱེས་རབས་སོ་ལྔ་པའི་བསྡུས་དོན་གྱི་བསྟོད་པ་བསོད་ནམས་ཆུ་གཏེར་འཕེལ་བའི་ཟླ་གཞོན།

༄༅། །རྒྱལ་སྲས་སེང་གེའི་ཞབས་འབྲིང་པས་མཛད་པའི་ཐུབ་དབང་སྐྱེས་རབས་སོ་ལྔ་པའི་བསྡུས་དོན་གྱི་བསྟོད་པ་བསོད་ནམས་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞེས་བྱ་བ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཐའ་བྲལ་ཆོས་དབྱིངས་ཀུན་གསལ་ཡངས་པའི་ངོགས། །མཁྱེན་བརྩེའི་ཉི་ཟླ་གསར་པས་མཛེས་བྱས་ཤིང་། །གདུལ་འགྲོའི་རྣམ་གྲོལ་པད་ཚལ་བཞད་མཛད་པའི། །དཔལ་ལྡན་ཤཱཀྱ་སེང་གེར་ཕྱག་འཚལ་ལོ། ༡ །གང་གི་རྟོགས་བརྗོད་རབ་སྙན་དབྱར་གྱི་རྔ། །ཐོས་པས་རབ་དགའ་མྱོས་པའི་གཙུག་སྒྲོ་ཅན། །དད་བརྒྱའི་སྤུ་ལོང་ཅིག་ཅར་གཡོ་བཞིན་དུ། །སྙན་ཚིག་བསྟོད་དབྱངས་འཇོ་སྒེག་ཟློས་གར་འཛིན། ༢ །རབ་མྱོས་ལྕགས་ཀྱུས་དུལ་མིན་གླང་པོ་ཡིས། །རབ་འཇིགས་ནགས་སུ་ཁྱེར་བའི་འོད་ལྡན་བདག །རབ་སྣང་བདེ་གཤེགས་མཚན་མཆོག་ཐོས་པའི་རྒྱུས། །རབ་གུས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་གྱུར། ༣ །ལྷ་ཡིས་རབ་བསྐུལ་ས་བདག་ཚངས་པས་བྱིན། །ལུས་སྲོག་ཡལ་བར་བོར་བའི་སྙིང་སྟོབས་ཀྱིས། །རྒྱ་ཤུག་གླིང་བགྲོད་རྙེད་པའི་ནོར་མཆོག་གིས། །ས་སྟེང་དབུལ་བ་མ་ལུས་མིང་མཐར་བྱས། ༤། ལེགས་བཤད་ཚིགས་སུ་བཅད་པ་གཅིག་གི་ཕྱིར། །ཆོས་འདོད་རབ་འབར་མེ་འོབས་ཞུགས་གྱུར་ཚེ། །བསོད་ནམས་མཐུས་སྤྲུལ་པདྨའི་རྫིང་བུ་མཆོག །གཡོན་ཅན་བཤེས་ལ་འཕྱ་བ་དགོད་པ་འདྲ། ༥ །རབ་འབར་མེ་དཔུང་མཚོར་བསྒྱུར་པད་དཀར་སྟེང་། །སྙིང་རྗེའི་གཏེར་གྱུར་རི་བོང་འགྱིང་པ་ཡིས། །དྲང་སྲོང་དཀའ་ཐུབ་ཉམས་ལས་སྲུང་ངོ་ཞེས། །གྲགས་སྙན་སྒྲོགས་སླད་དབྱར་རྔ་ལྡིར་བ་བཞིན། ༦ །མ་རུངས་སྡིག་ལྡན་དྲག་པོའི་མིག་ཅན་ལ། །དཔལ་ལྡན་ས་སྤྱོད་ཟླ་བའི་དབུ་བྱིན་པའི། །ངོ་མཚར་སྐབས་གསུམ་དབང་པོར་སྦྲོན་སླད་དུ། །ས་ཆེན་རིར་བཅས་ཅིག་ཅར་གཡོ་མིན་ནམ། ༧ །བཀྲེན་ལ་རང་གི་ཤ་སྦྱིན་གཟུགས་ལྡན་མས། །རྫོགས་བྱང་སྨོན་འབྲས་འགྲུབ་ལ་མི་མཚར་ཡང་། །གང་གི་ཞབས་ཀྱི་གྲིབ་བསིལ་སྣུམ་པོ་ལ། །བརྟེན་གྱུར་འགྲོ་རྣམས་ཨེ་མ་སྐལ་བ་སྦོམས། ༨། སྦྱིན་སོགས་དཔལ་གྱིས་རབ་ཏུ་འཁྱུད་གྱུར་པས། །མཚན་རྒྱུ་འབུམ་གྱིས་ཟ་བར་ནུས་མིན་པའི། །ཟླ་བའི་འོད་ལྡན་ཚོང་དཔོན་མཆོག་གི་སྐུ། །དུད་འགྲོ་རྣམས་ལ་བརྩེ་བས་བྱིན་པར་གྱུར། ༩ །ས་སྤྱོད་དཔལ་རྒྱས་པདྨ་ཆེན་པོ་ནི། །དམན་རྣམས་སྐྱོབ་ཕྱིར་འཚོ་བ་གཏོང་བ་ཡི། །སྨོན་ལམ་མཐུས་སྤྲུལ་ཉ་ཆེན་རོ་ཧི་ཏས། །སེམས་ཅན་འདུལ་བའི་ནད་རྣམས་ཞི་བར་མཛད། ༡༠ །བཀྲེས་པས་ཉམ་ཐག་ཡི་དྭགས་ལྟ་བུ་ཡི། །སྐྱེ་དགུ་མ་ལུས་འཆི་ལས་སྲུང་བའི་ཕྱིར། །རང་སྲོག་ལྟོས་མེད་ཚངས་བྱིན་སྙིང་སྟོབས་ལ། །ལྷ་དབང་མགུ་དེས་གྲོང་ཁྱེར་འབྱོར་བར་གྱུར། ༡༡ །ཁྱབ་པར་དཀྲིགས་སོ་ལྷ་ཡི་རྫིང་རིང་ངོགས། །ཆར་ལྡན་ཆུ་འཛིན་འཐུག་པོའི་བླ་བྲེ་དང་། །ས་ལ་རྒྱལ་སྲས་ཕན་པར་འདོད་པ་ཡི། །ཕུལ་བྱུང་མཆོད་སྦྱིན་གྲགས་པ་དཀར་པོས་ཀྱང་། ༡༢ །མ་རུངས་སྡིག་སྤྱོད་རྒྱལ་པོ་གཤིན་རྗེའི་ཁར། །སྦྲུམ་མའི་སྲོག་གི་གླུད་ཕྱིན་རི་དྭགས་བདག །བརྩེ་ལྡན་སྙིང་རྗེའི་གཟི་བརྗིད་རྨ་མེད་པས། །གཏུམ་པོ་དེ་ཡི་གདུག་པ་བཅད་པར་མཛད། ༡༣། རྔོན་རྣམས་མི་བདག་འཇིགས་ལས་བསྐྱབ་པའི་ཕྱིར། །རང་གི་ལུས་སྲོག་ལྟོས་མེད་རྨ་བྱའི་དབང་། །གསེར་སྣང་ས་བདག་མདུན་སར་ཉེར་བསྐྱོད་ལ། །བརྒྱ་བྱིན་མིག་སྟོང་བསྒྲད་ནས་བལྟ་བ་བཞིན། ༡༤ །སྦྱིན་ཚུལ་བཟོད་བརྩོན་ཏིང་འཛིན་ཤེས་རབ་ཀྱི། །དཀའ་ཐུབ་གྲུབ་པ་དྲང་སྲོང་སྟོན་པ་ཡིས། །འཁོར་རྣམས་ངེས་འབྱུང་ཚུལ་ཁྲིམས་ལ་བཀོད་ཚེ། །ནགས་ཀྱི་སྲོག་ཆགས་རྣམས་ཀྱང་སྡོམ་ལྡན་བཞིན། ༡༥ །མིག་བྲལ་ཕ་མ་དཀའ་ཐུབ་གནས་པ་ལ། །གུས་པས་དཔལ་འབྱོར་རིང་བཏང་སྲི་ཞུ་མཁན། །སྔོ་བསངས་འཕོང་སྐྱེན་{འཕུང་རྐྱེན} མདའ་ཡིས་བསད་གྱུར་ཀྱང་། །བདེན་ཚིག་མཐུ་ཡིས་དབང་པོས་སླར་གསོས་གྱུར། ༡༦ །དཔལ་རྒྱས་བདེ་ལ་ཆགས་མེད་དྲང་སྲོང་གིས། །ནགས་སུ་མི་མིན་གྲོགས་དག་སྐྱོང་གྱུར་མཚར། །རང་འཁོར་དགའ་བས་སྲུང་བ་ཁ་ལྔ་པ། །མི་གཙང་ཁྲོད་དུ་མི་གནས་དངོས་པོའི་གཤིས། ༡༧ །ས་བདག་བརྒྱ་བྱིན་དཔལ་སྤངས་ཀ་ཤི་མཛེས། །མིའམ་ཅི་མོས་བསླུ་བར་མ་ནུས་ཚེ། །དྲང་སྲོང་དཀའ་ཐུབ་བརྟན་པའི་གྲགས་པ་དཀར། །ཚངས་པའི་འཇིག་རྟེན་ལས་ཀྱང་བརྒལ་བར་ངེས། ༡༨ །དཔལ་ལྡན་འཕུར་འགྲོ་དཀའ་ཐུབ་བདག་པོ་ཡིས། །བསྡུ་བ་རྣམ་བཞིས་རང་འཁོར་ལེགས་བསྐྱངས་ནས། །བདེན་པས་ཆར་དབབ་གང་གི་ཡོན་ཏན་ལྕིད། །འདེགས་བཟོད་རྒྱ་མཚོའི་གོས་ཅན་ཨེ་མ་བརླིང་། ༡༩ །མ་རུངས་བློ་ངན་བསླུ་ཚིག་དུག་ཆུ་ཡིས། །རབ་མྱོས་ས་བདག་རི་རབ་གླང་པོའི་དཔུང་། །བཟོད་པའི་ལྕགས་ཀྱུ་གཅིག་གིས་དབང་བྱེད་པའི། །དགའ་བའི་སྡོམ་ཆང་མཚུངས་ཟླར་འགོད་འོས་སུ། ༢༠ །གཡོན་ཅན་མི་བསྲུན་དུག་མདས་སྙིང་ཕུག་ཀྱང་། །བཟོད་ལྡན་སྙིང་རྗེས་འདོད་པའི་རེ་སྐོང་ནས། །བདེན་པའི་སྟོབས་ཀྱིས་རང་ཉིད་གསོ་མཛད་པའི། །གླང་ཆེན་རྒྱལ་པོ་འཕགས་པའི་དྲང་སྲོང་བཞིན། ༢༡། བཟོད་པའི་གོ་ཆ་མཆོག་ལྡན་རྒྱལ་བའི་སྲས། །ཟླ་བ་མཆོག་གི་གྲགས་པའི་ཕུང་པོ་ནི། །དཔག་ནུས་མིན་ཡང་ས་ཆེན་འདིར་ཤོང་བ། །ཨེ་མ་འཁོར་ཡུག་དང་བཅས་འཇིག་རྟེན་ཡངས། ༢༢ །ཉིན་མོར་བྱེད་ལས་མུན་པའི་དངོས་པོ་དང་། །དེ་བཞིན་ཆུ་ཤེལ་དབང་པོ་ལས་ནི་མེ། །རྒྱལ་སྲས་ལྟོ་འཕྱེ་ཆེན་པོ་དར་དར་གྱི། །ཐུགས་ལ་འཁྲུག་པའི་གོ་སྐབས་ནམ་ཡང་མིན། ༢༣ །ལུས་སྲོག་ཡལ་བར་བོར་བའི་བརྩོན་འགྲུས་ཀྱིས། །བརྩེ་བའི་འཁོར་རྣམས་འཆི་ལས་སྲུང་མཛད་པ། །རི་དྭགས་རྒྱལ་པོའི་སྙིང་རྗེ་ལྕི་བའི་ཁུར། །འདེགས་པར་མ་བཟོད་ནོར་འཛིན་འདར་བར་དོགས། ༢༤ །དཔའ་བོ་སྟོབས་ལྡན་གདོང་པ་ལྔ་པ་ཡིས། །གནོད་སྦྱིན་གླང་པོའི་ཚོགས་རྣམས་རབ་བཅོམ་ཞིང་། །རང་འཁོར་གཉེན་བཤེས་རི་དྭགས་སྐྱོང་བའི་དཔལ། །གསེར་གྱི་གོ་ཆའི་གྲགས་པ་སྲིད་ན་གསལ། ༢༥ །བླ་མ་ལ་གུས་བཟོད་དེས་བརྩོན་འགྲུས་ཅན། །སྙིང་རྗེ་རྒྱ་ཆེན་གཉིས་སྐྱེས་རྩྭ་ཅན་གྱིས། །ནད་སེལ་སྨན་གྱིས་འཕགས་པ་རང་རྒྱལ་མཆོག །མཉེས་བྱས་བསོད་ནམས་ཕུང་པོ་སུ་ཡིས་དཔོག ༢༦ །དཔལ་ལྡན་ནོར་བཟང་སྟོབས་འཕྲུལ་ལྕགས་ཀྱུ་ཡིས། །མི་མིན་དབང་མོ་འགུགས་པའི་ཆོ་གར་ལྟོས། །སྙིང་སྟོབས་ཕུལ་ཕྱིན་རྒྱལ་སྲས་དཔའ་རྣམས་ཀྱི། །བརྩོན་པས་མི་འགྲུབ་ཆོས་དེ་སྲིད་ན་སུ། ༢༧ །བསམ་གཏན་བཞི་གྲུབ་དྲང་སྲོང་སྙིང་རྗེའི་གཏེར། །འབར་བ་ཅན་གྱི་ཞབས་སེན་ཀེ་ཏ་ཀས། །མ་དག་ཉེས་ཚོགས་དྲི་མ་བགྲུངས་པའི་རྒྱུས། །དགའ་ལྡན་ཞིང་ལའང་རེ་བ་ལྷོད་པོར་བྱས། ༢༨ །ཤེས་རབ་ལ་སོགས་དཔལ་རྒྱས་རྒྱལ་བའི་སྲས། །འགྲོ་ལ་ཕན་པར་མཛད་པ་ཀེ་ཤ་པའི། །ཡོན་ཏན་ཆ་ཙམ་བརྗོད་འདོད་ཆུ་ལྷ་མོས། །བརྒྱ་ཕྲག་སྨྲ་བའི་འབབས་སྟེགས་སྤྲུལ་ལམ་སྙམ། ༢༩ །ཚངས་པས་བྱིན་གྱི་བསོད་ནམས་གོས་བཟང་རྩེར། །རྐང་རྗེས་ཤེས་པ་ནོར་བུའི་ཏོག་མཛེས་པས། །ཆོམ་རྐུན་འཚེ་བྲལ་ཆབ་འབངས་དར་བ་ཡི། །དགའ་སྟོན་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས། ༣༠ །ལེགས་ལེགས་ཐུབ་པའི་སྲས་མོ་དཔེ་མེད་མས། །མཛེས་མཛེས་ཡིད་འཕྲོག་གར་གྱི་བཀོད་པ་བཅས། །སྙན་སྙན་ལེགས་བཤད་བདུད་རྩི་བྲན་པ་ཡིས། །མང་མང་འགྲོ་བ་ཐར་གྲོལ་ལམ་བཀོད་མཚར། ༣༡ །དཔལ་རྒྱས་ས་སྐྱོང་མེ་ལོང་གདོང་ཅན་གྱི། །རྒུད་པ་ཀུན་སྐྱོབ་བརྩེ་ལྡན་རྣམ་དཔྱོད་མཆོག །ཆ་ཙམ་དཔོག་འདོད་རིག་བྱེད་དྲན་པོ་ཡང་། །སྐྱེང་བའི་མལ་ན་རབ་ཏུ་འདར་བ་བཞིན། ༣༢ །ཆགས་བྲལ་གཏམ་གྱི་བྱིན་ཟ་འབར་བ་ཡིས། །ཀུན་རྨོངས་སྲེད་པའི་བུད་ཤིང་བསྲེག་མཛད་པ། །དེད་དཔོན་ལེགས་འགྲོ་སྲེག་བླུགས་མཁན་ཡོད་བཞིན། །དྲང་སྲོང་ནགས་ན་གནས་དེས་སུ་ལ་ཅི། ༣༣། རང་བཞིན་དགེ་བ་མཆོད་སྦྱིན་བརྒྱ་བ་ཡིས། །གཞན་སྲོག་སྐྱོབ་སླད་རང་ལུས་ཡོངས་གཏོང་ཞིང་། །ཆོས་ཀྱི་སྦྱིན་པས་གདུལ་དཀའ་འདུལ་གྱུར་ན། །གདོང་ལྔའི་དབང་པོ་ཁྱོད་དང་མཚུངས་པར་གྱུར། ༣༤ །མཁྱེན་བརྩེའི་ཟླ་བ་ལྷ་དབང་བརྒྱ་བྱིན་གྱི། །ལེགས་བཤད་བསིལ་ཟེར་འབུམ་ཕྲག་སྤྲོས་པ་ཡིས། །སྲེད་ལྡན་དྲང་སྲོང་གདུང་བའི་ཚད་གཞིལ་ནས། །སྲིད་རྩེའི་བསམ་གཏན་ཀུ་མུཏ་བཞད་པར་མཛད། ༣༥། ཐུབ་པ་ཁྲ་ཅན་མངོན་ཤེས་རྫུ་འཕྲུལ་མཐུས། །ཀ་ཤིའི་རྒྱལ་པོ་སྲིད་མཚོ་ལས་བསྒྲལ་བའི། །ངོ་མཚར་རྣམ་ཐར་ཁྱོད་མཚུངས་སྲིད་པ་ན། །མ་འཚལ་རང་ཉིད་དཔེ་ཟླར་བཞག་ལས་ཅི། ༣༦ །ཨེ་མ་རླབས་ཆེན་རྒྱལ་སྲས་སྤྱོད་པ་ཡིས། །གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་པའི་མཐུས། །རྩོད་པའི་དུས་འདིར་མངོན་པར་སངས་རྒྱས་པ། །འགྲོ་བའི་བླ་མ་ཁྱོད་ལ་ཕྱག་འཚལ་ལོ། ༣༧ །བདེ་གཤེགས་སྐྱེས་རབས་རྒྱ་ཆེན་ལམ་གསུམ་འབབས། །མཁས་པ་སེང་གེའི་ལྟོ་བར་བསྐྱིལ་བ་ལས། །ལེགས་པར་འོངས་པའི་གང་གཱའི་དཔལ་མོ་ཡི། །ཟེགས་མ་ཕྲ་མོ་བདག་གིས་འཐོར་བ་འདིས། ༣༨ །མཐའ་ཀླས་འགྲོ་རྣམས་སྙིང་རྗེས་རྒྱུད་བརླན་ནས། །སྡིག་སེམས་ཡིད་ལ་སྐད་ཅིག་མི་འགྱུར་ཞིང་། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་གཞོལ་བ་ཡིས། །སྟོབས་བཅུའི་དབང་ཕྱུག་གོ་འཕང་མྱུར་ཐོབ་ཤོག ༣༩ །རྒྱལ་སྲས་སེང་གེའི་ཞབས་འབྲིང་བས་མཛད་པའི་སྐྱེས་རབས་སོ་ལྔ་པའི་བསྡུས་དོན་གྱི་བསྟོད་པ་འདི་ནི་ཤཱཀྱའི་དགེ་ཚུལ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་གྲུབ་པའི་གནས་མཆོག་བདེ་ཆེན་སེང་གེ་གནམ་རྫོང་གི་མགུལ་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གི་དབེན་ཁང་རིག་འཛིན་གྲུབ་པའི་དགའ་ཚལ་དུ་དད་པ་རྣམ་པར་འཕེལ་བའི་ངག་གིས་བརྗོད་པ་སྟེ། འདིས་ཀྱང་སྐྱེ་ཀུན་རྒྱལ་བ་མཆོག་གིས་རྗེས་སུ་བཟུང་ཞིང་རྒྱལ་སྲས་སྤྱོད་པ་རླབས་པོ་ཆེ་ལ་བརྟེན་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག། །།

བདེ་བར་གཤེགས་པའི་མཛད་པའི་ཚུལ་ལ་མདོ་ཙམ་བསྔགས་པ་རིན་པོ་ཆེའི་ཕྲེང་བ།

༄༅། །བདེ་བར་གཤེགས་པའི་མཛད་པའི་ཚུལ་ལ་མདོ་ཙམ་བསྔགས་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགེ་ལེགས་བྱེ་བས་བསྐྲུན་པ་མཚན་དཔེའི་སྐུ། །དབྱངས་ཀྱི་ཡན་ལག་རྫོགས་པ་རྡོ་རྗེའི་གསུང་། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཐུགས་མངའ་བ། །བཅོམ་ལྡན་ཤཱཀྱ་སེང་གེར་ཕྱག་འཚལ་ལོ། ༡ །ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་རྒྱལ་བའི་སྲས། །དམ་པ་ཏོག་དཀར་སྣང་བའི་མུ་ཁྱུད་ཀྱིས། །ལེགས་གསུང་སྣང་བས་དགའ་ལྡན་ལྷ་ཡི་ཚོགས། །རྣམ་གྲོལ་པད་ཚལ་བཞད་ལ་ཕྱག་འཚལ་ལོ། ༢། ཕུལ་བྱུང་གཟིགས་པ་ལྔ་ཡི་རྗེས་དགོངས་ཏེ། །རྩོད་དུས་འགྲོ་བ་འདུལ་སླད་མི་ཡུལ་དུ། །འབྱོན་པར་བཞེད་ནས་བདུད་རྩིའི་ཟས་ཅན་རྣམས། །དབུགས་དབྱུང་སྤྲོ་བ་བསྐྱེད་ལ་ཕྱག་འཚལ་ལོ། ༣ །སྐལ་བཟང་སྒྲོན་མ་ལྔ་པའི་དབུ་གཙུག་ཏུ། །ཉིད་ཀྱི་ཅོད་པཎ་བཅིངས་དང་ཆབས་ཅིག་པར། །སྐལ་བཟང་རྣམ་སད་འཁོར་རྣམས་ལེགས་སྐྱོང་བའི། །རྒྱལ་ཚབ་མཆོག་ཏུ་བསྐུར་ལ་ཕྱག༴ ༤ །སྲིད་གསུམ་དཀར་བའི་དངོས་པོ་གཅིག་བསྡུས་ལྟའི། །རབ་མཛེས་གཉིས་འཐུང་མཆེ་དྲུག་རྣམ་པ་ཡིས། །ལྷ་མོ་སྒྱུ་འཕྲུལ་གསོ་སྦྱོང་ལ་གནས་ཚེ། །ལྷུམས་སུ་ཞུགས་པར་མཛད་ལ༴ ༥ །དྲི་མེད་མངལ་རྒྱ་བཻཌཱུར་གཙང་མའི་སྦུབས། །མ་བསྒྲིབས་ཀུན་ནས་གསལ་བ་མཚན་དཔེའི་སྐུ། །དབང་པོས་བཀའ་བསྒོས་ལྷ་ཡི་གྱད་མཆོག་བཞིས། །ཡོངས་སུ་སྲུང་བར་གྱུར་ལ༴ ༦ །བཀྲ་ཤིས་ལུམྦཱ་ནི་ཡི་སྐྱེད་ཚལ་དུ། །མཚན་དཔེའི་དཀྱིལ་འཁོར་གསལ་དང་ཆབས་ཅིག་པར། །ས་གསུམ་དགེ་མཚན་སྣང་བས་ཁྱབ་གྱུར་ཏེ། །དོན་ཀུན་གྲུབ་མཚན་གསོལ་ལ་ཕྱག༴ ༧ །གང་གི་ལེགས་སྤྱད་ཉིན་མོར་བྱེད་པའི་གཟིས། །གཏུམ་པོ་རྣམས་ཀྱི་ལོག་སྤྱོད་བ་མོའི་ཚོགས། །ཅིག་ཅར་བཅོམ་པས་ཐུབ་པར་མཚན་གསོལ་ཞིང་། །ཤཱཀྱ་འཕེལ་གྱིས་བཏུད་ལ༴ ༨ །མངོན་ཤེས་རྫུ་འཕྲུལ་མཐུ་གྲུབ་ཉོན་མོངས་མེད། །མཆོག་གི་ཡོན་ཏན་ཞགས་པས་ཉེར་དྲངས་དེས། །ཞབས་ཀྱི་ཆུ་སྐྱེས་ཟེའུ་འབྲུ་རས་བཏུད་ནས། །ས་གསུམ་བླ་མར་བསྔགས་ལ་ཕྱག་འཚལ་ལོ། ༩ །ཡིག་རྩིས་འཕོང་སོགས་སྒྱུ་རྩལ་གནས་མཐའ་དག །མ་བསླབས་བཞིན་དུ་ཐུགས་མཚོར་འཁྱིལ་གྱུར་ཅིང་། །སྟོབས་མཆོག་མཐུ་ཡིས་ཤཱཀ་རིགས་དྲེགས་ཚོགས་ཀྱི། །ཁེངས་པ་བཅོམ་པར་མཛད་ལ༴ ༡༠ །ངོ་ཚ་ཁྲེལ་ཡོད་བཟང་པོའི་གོས་ཀྱིས་བཀླུབས། །ཕུལ་བྱུང་ཡོན་ཏན་རིན་ཆེན་རྒྱན་གྱིས་སྤྲས། །ཆེན་པོའི་མདུན་སར་རྒྱུ་འོས་གྲགས་འཛིན་མ། །ཁབ་ཏུ་བཞེས་པར་མཛད་ལ༴ ༡༡ །ལོ་ཧའི་ཏས་ཀྱང་འགོང་བའི་མཐུ་ཟད་ཅིང་། །འབུམ་ཕྲག་སྐྱེ་བོས་གཡོ་བར་མ་བཟོད་བའི། །དགེ་བའི་སྙིང་པོ་རྐང་འཐུང་ཉལ་བའི་ལུས། །མི་མཆོག་སྟོབས་ཀྱིས་བསལ་ལ༴ ༡༢ །གང་ཞིག་མཐོང་ན་ཡིད་ཀྱི་ཆོམ་རྐུན་ནི། །དབང་མེད་འགུགས་པ་བུད་མེད་རིན་ཆེན་མཆོག །ས་མཚོ་འཁོར་བཅས་ཡབ་ཀྱི་བཞེད་སྐོང་སླད། །བཙུན་མོ་དམ་པར་བཞེས་ལ༴ ༡༣ །རྒ་ན་འཆི་དང་གནས་གཙང་ལྷས་སྤྲུལ་པའི། །དགེ་སློང་མཆོག་གཟིགས་མ་ལ་ཡ་རླུང་གིས། །སྔོན་སྨོན་ཐུགས་བསྐྱེད་བ་དན་ཆེར་བསྐྱོད་པས། །ཁབ་ནས་གཤེགས་པར་དགོངས་ལ་ཕྱག༴ ༡༤ །ཞིང་པའི་གྲོང་དུ་ཛམ་བུའི་གྲིབ་མ་ཡིས། །རྒྱལ་སྲས་མཆོག་གི་སྐུ་ལུས་མ་བཏང་ཞིང་། །བསམ་གཏན་དང་པོའི་ཏིང་འཛིན་མངོན་མཛད་ལ། །ཡབ་ཀྱིས་གུས་པས་བསྟོད་ལ་ཕྱག་འཆལ་ལོ། ༡༥ །མྱ་ངན་འདས་ཞིའི་སྒྲ་དབྱངས་དབྱར་གྱི་རྔ། །ཐོས་པས་རབ་དགའ་རྒྱལ་སྲས་མདོངས་མཐའ་ཅན། །སྒེག་ཉམས་ཟློས་གར་བསྒྱུར་ཚེ་རི་དྭགས་སྐྱེས། །འཁོར་བཅས་བཙུན་མོར་བསྐུར་ལ༴ ༡༦ །ཞི་བའི་ནགས་སུ་གཤེགས་པར་བཞེད་མཐོང་ནས། །འོབས་བདུན་ལྕགས་རིའི་བསྐོར་བའི་སྒོ་འཕར་ཆེར། །ས་བདག་མཆེད་བཞི་དཔུང་གི་ཚོགས་བཅས་ཀྱིས། །ཞག་བདུན་བསྲུངས་པར་བྱས་ལ༴ ༡༧ །དེ་ཚེ་ཚངས་དང་དབང་པོས་ཉེར་བསྐུལ་ནས། །ལྷ་ཡི་གྱད་བཞིས་རྐང་བཏེགས་བསྔགས་ལྡན་ལ། །ཆིབས་ཏེ་རྒྱུ་སྐར་ལམ་ལ་རབ་འཕགས་ནས། །རྣམ་དག་དྲུང་དུ་གཤེགས་ལ༴ ༡༨ །ཨུཏྤལ་འདབ་མ་ལྟར་མཛེས་རལ་གྲི་ཡིས། །ཟོས་པ་གཏོང་ཟིལ་མདངས་འཕྲོག་དབུ་སྐྱེས་ཆུན། །རྣམ་སད་བསོད་ནམས་ཕང་བར་རབ་ཆགས་ཤིང་། །དབང་པོས་ངུར་སྨྲིག་ཕུལ་ལ༴ ༡༩ །མ་ག་དྷར་གཤེགས་གཟུགས་ཅན་སྙིང་པོས་མཆོད། །རིང་ཕུལ་ལྷག་སྤྱོད་དག་ལས་རིམ་བཞིན་དུ། །སྲིད་རྩེའི་བར་གྱི་གདམས་ངག་ཀུན་གསན་ནས། །ཏིང་འཛིན་མངོན་དུ་མཛད་ལ༴ ༢༠ །སྙིང་སྟོབས་ཞུམ་པ་མེད་པའི་བརྩོན་འགྲུས་ཀྱིས། །ནཻར་ཉྫ་ནའི་འགྲམ་དུ་ལོ་དྲུག་བར། །ཤིན་ཏུ་བརྣག་པར་དཀའ་བའི་སྤྱོད་པའི་ཚོགས། །ཡོངས་སུ་སྤྱད་པར་མཛད༴ ༢༡ །མཐའ་གཉིས་གསལ་ཕྱིར་དཀའ་ཐུབ་གྲོལ་བའི་མཐར། །ཞིང་པའི་བུ་མོས་འོ་ཐུག་བསྙེན་བཀུར་རྒྱུས། །མཚན་དཔེའི་ཆ་རྫོགས་མཛེས་སྐུ་གསེར་གྱི་ལྷུན། །གཟི་བྱིན་སྣང་འབུམ་འཕྲོ་ལ༴ ༢༢ །བྱང་ཆུབ་སྙིང་པོར་གཤེགས་ལ་ཀླུ་དབང་པོས། །རབ་བསྔགས་དགེ་མཚན་འདབ་སྟོང་ཆེར་རྒྱས་ཤིང་། །བཀྲ་ཤིས་ཀྱིས་ཕུལ་རབ་གཙང་ཀུ་ཤའི་ཁྲིར། །དམ་བཅའི་གོ་ཆ་བརྟན་ལ༴ ༢༣ །བདུད་དམག་ཁྲོས་པའི་མཚོན་ཆར་ལོག་བརྗོད་དང་། འདོད་པའི་སྒྱུ་ཐབས་སྣ་ཚོགས་གཡོ་འཕྲུལ་ཀུན། །བྱམས་པའི་མཚོན་ཆ་གཅིག་གིས་ཚར་བཅད་ནས། །ས་ལྷས་བསྔགས་པ་བརྗོད༴ ༢༤ །བདུད་ལས་རྣམ་པར་རྒྱལ་བའི་དཔའ་བོ་གང་། །རབ་མཐའི་རྟེན་ལས་ལམ་ལྔའི་ཡེ་ཤེས་མཆོག །མངོན་དུ་མཛད་ཚེ་དགེ་མཚན་སྣང་བ་ཡིས། །ས་གསུམ་ཁྱབ་པར་གྱུར་ལ༴ ༢༥ །མེ་ཁམས་ལ་ཞུགས་ཟག་མེད་དགའ་བདེར་སྤྱོད། །ཚོང་དཔོན་གྱིས་མཆོད་བཏང་གཟུང་གནས་སུ་གཤེགས། །རྟེན་འབྲེལ་དོན་དགོངས་གཅིག་པུར་ནགས་ཁྲོད་དུ། །ཐུགས་ལས་ཆུང་ངུར་བཞུགས་ལ༴ ༢༦ །ཚངས་པ་ཆེན་པོའི་དད་མོས་རིགས་སྔགས་ཀྱིས། །ཐུགས་རྗེའི་ཆུ་འཛིན་བསྐུལ་བའི་དགེ་མཚན་གྱིས། །ཆོས་ཆར་དྲི་མེད་གདུལ་བྱའི་ཞིང་ས་ལ། །ཆེས་ཆེར་འབེབས་པར་བཞེད་ལ༴ ༢༧ །ཝཱ་རཱ་ཎ་སཱིར་ལྔ་སྡེ་བཟང་པོ་དང་། །སྐལ་བཟང་རྣམ་སད་གཞོན་ནུའི་ཚོགས་རྣམས་ལ། །བདེན་བཞིའི་ཆོས་ཆར་བསིལ་པོ་ལེགས་ཕབ་པས། །རྣམ་གྲོལ་མྱུ་གུ་བསྐྱེད་ལ༴ ༢༨ །གྲགས་པ་ལ་སོགས་ཉེ་བའི་ལྔ་སྡེ་དང་། །གྲོང་གི་གཙོ་བོའི་ཁྱེའུ་བཅུ་ཕྲག་ལྔས། །གང་གསུངས་བཅུད་ལེན་སྨན་མཆོག་ལེགས་བཏུང་བས། །དགྲ་བཅོམ་རིགས་སྔགས་གྲུབ་ལ༴ ༢༩ །བཟང་སྡེ་དྲུག་ཅུའི་སྲིད་རྩའི་དྲྭ་བ་ཀུན། །གང་གསུང་ཤེས་རབ་རལ་གྲིས་ལེགས་བཅད་ཅིང་། །བྲམ་ཟེ་ལྷ་སོགས་བསླབ་ལ་རབ་བཀོད་ནས། །ལྟེང་རྒྱས་གནས་སུ་གཤེགས་ལ༴ ༣༠ །ཐོག་མེད་ནས་གོམས་གཏི་མུག་མུན་པ་ཡིས། །ཀུན་ནས་སྒྲིབ་གྱུར་རལ་པ་ཅན་གྱི་ཚོགས། །ཀུན་མཁྱེན་ཉི་མའི་མཐུ་བྱིན་གཟི་འོད་ཀྱིས། །འཕགས་ལམ་གསལ་བར་མཛད་ལ༴ ༣༡ །གཟུགས་ཅན་སྙིང་པོའི་དད་བསོད་རྒྱལ་མཚན་རྩེར། །བདེ་གཤེགས་དགོས་འབྱུང་རཏྣ་ལེགས་མཆོད་པས། །ལྷ་མིའི་སྐྱེ་བོ་འབུམ་ཕྲག་དུ་མའི་ཚོགས། །རྣམ་བཞིའི་འབྲས་བུས་ཕྱུག་ལ༴ ༣༢ །བྲམ་ཟེ་རྒྱུ་སྐར་ཁྲོད་ན་ཟླ་བ་བཞིན། །ཆེས་ཆེར་འཕགས་པ་ཉེ་རྒྱལ་པང་ན་སྐྱེས། །སྟོན་པས་ཚུར་ཤོག་གསུང་གིས་བསྙེན་རྫོགས་ནས། །མཆོག་ཟུང་ཉན་ཐོས་གྱུར་ལ༴ ༣༣ །ཨེ་ལེའི་འདབ་ཅན་ལག་འགྲོའི་དབང་པོ་ནི། །བསླབ་པའི་གནས་ལ་བཀོད་ཅིང་དབུགས་ཕྱུང་ནས། །ཀཱ་ཏྱ་ཡ་ན་མཐའ་གཉིས་གནས་བསལ་བའི། །བདུད་རྩིས་གྲོལ་བར་མཛད་ལ༴ ༣༤ །སྟོན་པའི་བཀས་བསྐུལ་ཀཱ་ཏྱ་ཡ་ན་ཡིས། །གཏུམ་པོ་རབ་སྣང་གདུག་པ་ཡོངས་བཅད་ནས། །ནུབ་ཕྱོགས་འཕགས་རྒྱལ་མཐའ་འཁོབ་མུན་ཁྲོད་དུ། །བསྟན་མཆོག་སྣང་བ་སྤེལ་ལ༴ ༣༥ །སྲིད་པ་ཐ་མའི་གང་ཟག་མེ་སྐྱེས་ཆེ། །ལུང་བསྟན་མངོན་གྱུར་ངོ་མཚར་བཀོད་པ་ཡིས། །བསིལ་བའི་ཚལ་དུ་ལྷ་མིའི་འདུས་པ་རྣམས། །རྣམ་པར་གྲོལ་བར་མཛད་ལ་ཕྱག་འཚལ་ལོ། ༣༦ །འབར་བའི་ཕུག་ཏུ་ལྷ་དབང་འཁོར་དང་བཅས། །བདུད་རྩིས་བདེན་མཐོང་གནས་ལ་རབ་སྦྱར་ཞིང་། །བསིལ་བའི་ཚལ་དུ་མགོན་མེད་ཟས་སྦྱིན་མཆོག །འཕགས་པའི་ས་ལ་བཀོད་མཛད༴ ༣༧ །ཁྱིམ་བདག་གསེར་གྱི་ཕྱེ་མ་བཤིབས་པ་ལས། །རྒྱལ་བྱེད་ཚལ་བསླུས་མུ་སྟེགས་སྒྱུ་མའི་འཕྲུལ། །ཤཱ་རིའི་བུ་ཡིས་ཆེས་ཆེར་ཕམ་བྱས་ནས། །གཙུག་ལག་ཁང་མཆོག་བཞེངས་ལ༴ ༣༨ །མགོན་མེད་ཟས་སྦྱིན་སྐྱ་རེངས་ཁ་ལོ་ཡིས། །ཀུན་མཁྱེན་ཉིན་བྱེད་དྲངས་པའི་དགེ་མཚན་གཟིས། །མཉན་ཡོད་རྒུད་པའི་མུན་ཚོགས་རབ་བསལ་ནས། །ཕན་བདེའི་པད་ཚལ་བཞད་ལ༴ ༣༩ །མི་བསྙེངས་མཁས་པ་གང་གིས་འཁོར་གྱི་དབུས། །གཞོན་ནུའི་དཔེ་ཡི་མདོ་སོགས་སེང་གེའི་སྒྲ། །ཆེས་ཆེར་བསྒྲགས་པས་རྒྱལ་པོ་གསལ་རྒྱལ་གྱི། །དད་བརྒྱའི་འདབ་སྟོང་གྲོལ་ལ༴ ༤༠ །ཡབ་ཀྱི་ཕྲིན་ཁྱེར་ནག་པོ་འཆར་ཁ་ཡིས། །གུས་པས་གསོལ་བཏབ་ནཻ་གྲོར་གཙུག་ལག་བཞེངས། །མཐའ་ཡས་རྫུ་འཕྲུལ་མངོན་པར་འདུ་མཛད་ནས། །ཡབ་སྲས་མཇལ་བར་གྱུར་ལ༴ ༤༡ །དྲི་མེད་ཆོས་ཆར་བསིལ་པོ་ཕབ་པ་ཡིས། །རིམ་བཞིན་ཟས་དཀར་མཆེད་གསུམ་འཁོར་བཅས་ཀྱིས། །བདུད་རྩི་ཐོབ་མཐར་དགའ་དང་ཞུམ་པའི་དྲི། །བསལ་བས་ཟས་གཙང་གྲོལ་ལ༴ ༤༢ །རིགས་ཀྱི་སྲས་མཆོག་གཞོན་ནུ་སྒྲ་གཅན་ཟིན། །རབ་ཏུ་བྱུང་ཞིང་རྨད་བྱུང་ཆོ་འཕྲུལ་ཆེས། །བཙུན་མོ་དྲུག་ཁྲི་དད་ལ་རྣམ་སྦྱར་ནས། །བདེན་པ་མཐོང་བར་མཛད་ལ༴ ༤༣ །ཟས་གཙང་བཀའ་ལུང་ལྷ་ཡི་རྔ་སྒྲ་ཡིས། །ཉེ་བར་བསྐུལ་གྱུར་ཤཱཀ་རིགས་ལྔ་བརྒྱའི་ཚོགས། །རབ་ཏུ་བྱུང་ཞིང་གཞོན་ནུ་ཀུན་དགའ་བོ། །བརྩེ་བས་རྗེས་འཛིན་མཛད་ལ༴ ༤༤ །ཤཱཀ་རིགས་བུད་མེད་ཚོགས་རྣམས་གྲོལ་མཛད་ཅིང་། །འདོད་པའི་འཆིང་བ་དམ་ལྡན་གཅུང་དགའ་བོ། །ཐབས་མཁས་ཐུགས་རྗེ་ཚངས་པའི་འཁོར་ལོ་ཡིས། །སྲིད་པའི་རྒྱུ་བ་བཅད་ལ༴ ༤༥ །ཀུན་དགའ་བོ་ཡིས་འབད་པས་གསོལ་བཏབ་ངོར། །སྐྱེ་དགུའི་བདག་མོ་ལ་སོགས་རབ་བྱུང་ཞིང་། །ཉེས་ལས་རྣམ་གྲོལ་ཟག་ཟད་དགྲ་བཅོམ་མའི། །འབྲས་བུ་མངོན་དུ་གྱུར་ལ་ཕྱག༴ ༤༦ །སློབ་མ་ཅན་ལྗོངས་གདུལ་ཞིང་པད་ཚལ་མཁར། །ཀུན་མཁྱེན་ཉིན་བྱེད་གང་པོས་དྲངས་པའི་རྒྱུས། །རྣམ་གྲོལ་སྦྲང་རྩིའི་བཅུད་ཀྱིས་གཏམས་བྱས་ནས། །གདེངས་ཅན་མཆོག་གཉིས་བཏུལ་ལ༴ ༤༧ །འོད་ཟེར་ཅན་བྱོན་མང་གལ་བུ་ཡི་ཡུམ། །རྒྱུན་ཞུགས་ལ་བཀོད་བྲམ་ཟེ་མ་སྡུག་བཏུལ། །པདྨའི་སྙིང་པོས་ལེགས་མཆོད་ཁེངས་བསལ་བས། །འབྲས་བུ་ཐོབ་པར་གྱུར་ལ༴ ༤༨ །རྒྱལ་རིགས་མུ་ཏོ་འབྱོར་གང་བདེན་བཀོད་ཅིང་། །པང་ན་སྐྱེས་བཏང་དགའ་བོ་གཉེན་དགའ་བཏུལ། །དེ་འཁོར་ཁྲོས་པའི་མཚོན་ཆའི་ཆར་པ་ལས། །ས་བདག་སྐྱོབ་པར་མཛད་ལ༴ ༤༩ །སྡིག་པའི་རང་བཞིན་ཞེ་སྡང་འབར་བའི་མེས། །སྟོང་ཁམས་ཟ་བར་ཆས་པ་འཕྲོག་གནས་ཀྱང་། །གང་གསུང་བདུད་རྩིའི་ཐིགས་པ་གཅིག་བྲན་པས། །ཞི་བའི་སེམས་ལྡན་གྱུར་ལ༴ ༥༠ །གནས་སྐབས་འཆི་བདག་གདུག་པའི་གྲེ་བ་ནས། །བདེ་བར་ཕྱུང་གྱུར་ལག་བརྒྱུད་འབྲོག་གནས་ཆེ། །ཆོས་ཀྱི་བདུད་རྩིས་མཐར་ཐུག་སྲིད་པ་ཡི། །གཅོང་ནད་གཞིལ་བར་མཛད་ལ༴ ༥༡ །ཐུབ་གསུང་སྐུ་གཟུགས་བྲིས་པའི་སྤྲིང་ཡིག་གིས། །སྒྲ་སྒྲོགས་ཡུལ་ཁམས་ཆོས་ལ་རབ་བཀོད་ནས། །དཔལ་རྒྱས་ས་བདག་ཨུ་དྲྭ་ཡ་ན་ཆེ། །དགྲ་བཅོམ་གནས་ལ་སྦྱར་མཛད༴ ༥༢ །སྟོབས་ཆེན་གླང་པོ་བརྒྱ་ཡི་སྙིང་ཁྲག་གིས། །མཆེ་སྡེར་ཀུན་ནས་སྦག་པའི་ཁ་ལྔ་པ། །ནུས་མཐུས་རབ་བཅོམ་དད་ལ་རྣམ་སྦྱར་བས། །ངན་འགྲོའི་རྒྱུ་བ་བཅད་ལ༴ ༥༣ །ངག་གིས་ཉེས་པར་སྤྱད་པའི་ས་བོན་བརྒྱ། །གཅིག་ཅར་སྨིན་པ་ཤད་བུ་སེར་སྐྱ་ཉ། །ངན་འགྲོའི་འདམ་ལས་བཏོན་ཅིང་ཉ་བའི་ཚོགས། །རྣམ་གྲོལ་དཔལ་ལ་སྦྱོར་མཛད༴ ༥༤ །སྔོན་གོམས་བག་ཆགས་དགེ་བའི་ཤིང་རྟ་ཡིས། །སྲིད་འབྱོར་ཀུན་ལ་ཆགས་བྲལ་ནེ་གྲོ་སྐྱེས། །རབ་ཏུ་བྱུང་ཞིང་སྦྱངས་ཡོན་ལ་གནས་མཆོག །འོད་སྲུང་ཆེན་པོར་གྱུར་ལ༴ ༥༥ །དགོངས་པས་གཟིགས་ནས་འོད་སྲུང་ཆེན་པོ་ལ། །སྟན་ཕྱེད་བསྩལ་ཅིང་ཐོས་པ་འཛིན་པའི་མཆོག །ཀུན་དགའ་བོ་ནི་མཆོག་གི་ཞབས་འབྲིང་དུ། །ལྷན་ཅིག་གནས་པར་བསྩལ་ལ་ཕྱག་འཚལ་ལོ། ༥༦ །དད་བརྒྱའི་གེ་སར་ཁོང་ནས་རྒོད་པ་ཡིས། །སྦྲང་རྩིའི་བསྙེན་བཀུར་སྟོབས་པའི་སྤྲེའུ་ཟུང་། །ངན་འགྲོའི་གཡང་ས་ཁེགས་ནས་མཐོ་རིས་ཀྱི། །རྟེན་ལས་བདུད་རྩི་རྟོགས་ལ་ཕྱག་འཚལ་ལོ། ༥༧ །འདོད་ལྷས་བསླུས་པའི་རྟོག་གེ་སྡེ་དྲུག་གིས། །ཡང་ཡང་བསྐུལ་ནས་མཉན་དུ་ཡོད་པ་རུ། །རྨད་བྱུང་ཆོ་འཕྲུལ་ཆེན་པོས་ལྷ་མིའི་འགྲོ། །གྲངས་མེད་གྲོལ་བར་མཛད་ལ༴ ༥༨ །དྲང་སྲོང་ལྔ་བརྒྱ་དགྲ་བཅོམ་སར་བཀོད་ཅིང་། །ལྔ་ལེན་གཉིས་བསྡུམ་མི་སྐྱོང་གྲོལ་མཛད་ནས། །འཚེ་ལ་གོམས་པའི་མི་བསྲུན་ཤ་ཟ་སྟོང་། །བསླབ་པའི་གནས་ལ་བཀོད་མཛད༴ ༥༩ །སྲིད་པ་གསུམ་ན་ཆེན་པོར་གྲགས་མཐའ་དག །འཁོར་བཅས་ལྷན་ཅིག་འདུས་པའི་ཚོགས་ཆེན་པོར། །ཟབ་ཞིའི་ཆོས་ཆར་བཟང་པོ་ལེགས་དབབ་སྟེ། །འབྲེལ་ཚད་དོན་ལྡན་མཛད་ལ༴ ༦༠ །མི་བསྲུན་གནོད་སྦྱིན་དཔུང་དང་རྒྱ་མཚོ་ཡི། །ཀློང་འཁོར་འཁྲུགས་ལས་ཚོང་པ་ལྔ་བརྒྱ་ཟུང་། །གནས་སྐབས་མཐར་ཐུག་འཇིགས་ལས་ཡོངས་སྐྱབས་ཤིང་། །དགྲ་བཅོམ་འབྲས་ལ་བཀོད་མཛད༴ ༦༡ །ཡུམ་གྱི་དོན་དུ་སྐབས་གསུམ་ཚལ་གཤེགས་ཏེ། །བཅུད་ལྡན་གྲངས་མེད་སྨིན་ནས་མི་ཡུལ་དུ། །ལྷས་སྤྲུལ་སྐས་ལ་རྫུ་འཕྲུལ་མཐུས་གཤེགས་ནས། །འགྲོ་མང་སྨིན་གྲོལ་མཛད་ལ༴ ༦༢ །མུ་སྟེགས་བྱེད་ཀྱི་ངལ་བ་བརྒྱ་ཕྲག་གིས། །ལོག་སྤྱོད་མཐུ་ཡིས་བཀག་ཀྱང་ལྷ་ཡི་ལྷ། །བཟང་བྱེད་གདུལ་བྱའི་ཞིང་ལ་མངོན་གཤེགས་པས། །ལུག་སོགས་སྐྱེ་བོ་གྲངས་མེད་གྲོལ་ཕྱག་འཚལ། ༦༣ །མེ་དཔུང་མཚོར་བསྒྱུར་ཆུ་སྐྱེས་རྐང་རྟེན་ལ། །ནུས་པའི་མཐུས་གཤེགས་དུག་གསུམ་འཆིང་བྲལ་བའི། །བདེན་བརྗོད་ངོ་མཚར་ལམ་གོལ་དཔལ་སྦེད་ཅན། །མི་ལྡོག་དད་ལ་སྦྱར་མཛད་ལ་ཕྱག་འཚལ། ༦༤། ས་འདིར་སྐབས་གསུམ་པ་ཡི་དཔལ་འབྱོར་དག །སྔོན་མེད་མགྲོན་དུ་འགུགས་པའི་ཆོ་ག་མཁན། །མེ་ལས་སྐྱེས་གང་ཚངས་སྤྱོད་བརྟུལ་ཞུགས་ཀྱིས། །དགྲ་བཅོམ་འབྲས་བུར་སྦྱོར་མཛད༴ ༦༥ །བུད་མེད་རྣམས་ཀྱི་མངལ་ན་གནས་པའི་ལུས། །མཐའ་དག་འཇོམས་པ་མི་བསྲུན་ཤ་ཟ་མོ། །འཕྲོག་མ་མ་སྨད་བདེན་གསུང་ཚིག་གཅིག་གིས། །བསླབ་པའི་གནས་ལ་བཀོད་མཛད༴ ༦༦ །ས་བདག་སུམ་ཁྲི་དྲུག་སྟོང་གཙུག་ནོར་གྱི། །འོད་ཀྱིས་རྐང་རྟེན་མཛེས་བྱས་ཀ་པི་ལ། །རྨད་བྱུང་ཆོ་འཕྲུལ་མཐུ་ཡིས་བཏུལ་བྱས་ནས། །འཕགས་པའི་ས་ལ་བཞག་མཛད་ལ་ཕྱག་འཚལ། ༦༧ །ལྷ་ཡིས་རབ་བསྐུལ་དྲང་སྲོང་ལྔ་བརྒྱ་དང་། །དབྱིག་གི་གདངས་ཅན་ཁྱིམ་བདག་ནོར་བཟང་བཅས། །གང་གསུང་བདུད་རྩིའི་ཆར་གྱིས་བརླན་པ་ཡིས། །བདེ་ལེགས་འབྲས་བཟང་སྨིན་ལ༴ ༦༨ །གདངས་ཅན་དད་བསོད་དུ་ཀཱུ་ལ་ཡི་རྩེར། །སྟོན་མཆོག་འཁོར་བཅས་ཞབས་སེན་མངོན་མཛེས་པས། །ཀ་ཤམྦྷི་རྣམས་སྲིད་པའི་འཇིགས་བྲལ་བའི། །དགའ་སྟོན་རྒྱལ་མཚན་བསྒྲེངས་ལ༴ ༦༩ །ཐུབ་གསུང་རབ་སྙན་དབྱར་རྔའི་སྒྲ་ཐོས་པས། །རབ་ཏུ་དགའ་བའི་རྨ་བྱ་མུ་ཏིག་ཅན། །སྤྲིང་ཡིག་གློག་ཕྲེང་གཡོ་བའི་ཟློས་གར་གྱིས། །ཟག་མེད་དགའ་བདེས་མྱོས་ལ༴ ༧༠ །མ་ག་དྷཱ་བཟང་དད་པའི་མཆོད་རྫས་ཕྲེང་། །གུས་པའི་སེམས་ལྡན་བཞིན་དུ་ཉེར་ལྷགས་ཚེ། །སྣ་ཚོགས་རྫུ་འཕྲུལ་མཐུ་ཡིས་མངོན་གཤེགས་ནས། །མཐའ་འཁོབ་འདུལ་བར་མཛད་ལ༴ ༧༡ །ཝ་སྐྱེས་སེང་གེར་བརྫུ་བ་ལྷས་བྱིན་གྱིས། །རྫུ་འཕྲུལ་བསྒྲུབས་ནས་ཟང་ཟིང་བསླུ་བྲིད་ཀྱིས། །དགེ་འདུན་འཁོར་ལོའི་དབྱེན་བཅོས་མཆོག་ཟུང་གིས། །ལེགས་པར་འདུམ་པར་མཛད་ལ༴ ༧༢ །སྡིག་པའི་གྲོགས་པོས་རབ་བསླུས་མ་སྐྱེས་དགྲས། །ལོག་སྤྱོད་རྩུབ་མོས་འཚོ་བ་མཐར་བྱས་པའི། །གཟུགས་ཅན་སྙིང་པོ་རྒྱལ་ལ་རབ་དད་རྒྱུས། །རྒྱལ་བ་ཁྱུ་མཆོག་གྱུར་ལ༴ ༧༣ །ལས་ཀྱི་རྒྱུ་བ་བསྟན་སླད་ཞབས་མཐེ་བོང་། ལྷས་བྱིན་གདུག་པའི་སྒྱོགས་རྡོའི་ཚལ་བུ་ཡིས། །རྨས་གང་སྟོབས་བཅུའི་བདེན་པ་གསོལ་ཙམ་གྱིས། །རྨ་ཡི་འཛག་པ་ཆད་ལ་ཕྱག༴ ༧༤ །སྡང་བའི་མཚོན་འཁོར་བསྐྱོད་ལ་མི་ངལ་བ། །གདུག་པ་ཀླུ་ཡི་རིགས་གྱུར་ནོར་སྐྱོང་ཆེ། །ཁྲོས་པས་རྟབ་པོར་རྒྱུག་གང་རབ་བཏུལ་ནས། །འཆི་མེད་གནས་སུ་གཏོང་མཛད་ལ་ཕྱག་འཚལ། ༧༥ །ལན་གཅིག་རྗེས་བརྩེའི་སྤྱན་གྱི་ཟུར་མིག་མདའ། །གང་ལ་ཆགས་པ་དེ་ཡི་འདུ་འཁྲུགས་དཔུང་། །མིང་གི་མཐར་བྱེད་སྨན་རྒྱལ་གཞོན་ནུས་གསོས། །བདེན་མཐོང་བདུད་རྩིས་ཕྱུག་ལ༴ ༧༦ །འཇིག་རྟེན་སྐྱོང་བཞིའི་ཀུན་དཀྲིས་དྲྭ་བའི་དཔུང་། །ཆེས་ཆེར་བཅད་ནས་བསྟན་པ་གཉེར་གཏད་ཅིང་། །རི་བོ་ཀེ་ཏའི་བུ་སོགས་དྲང་སྲོང་ཚོགས། །འབྲས་བུ་བཞི་ལ་འགོད་མཛད༴ ༧༧ །མི་སྟོང་དགུ་བརྒྱ་བསད་པའི་སོར་མོ་ཡི། །ཕྲེང་བས་ལུས་བརྒྱན་གཏུམ་པོ་མི་གདུང་བ། །ཞི་དུལ་དགེ་བའི་ཆར་གྱིས་རབ་བརླན་ཏེ། །རྣམ་གྲོལ་སྙེ་མ་འཁྲུངས་ལ༴ ༧༨ །ཕ་མ་གཉེན་གྲོགས་འབྱོར་པས་ཡོངས་བཏང་ཞིང་། །ཀུན་གྱིས་ཉེས་པར་བསྒྲགས་པའི་ལེགས་འོངས་ཀྱང་། །ཐུབ་གསུང་ཟེར་གྱིས་རེག་པའི་སྐད་ཅིག་མར། །རྣམ་གྲོལ་འདབ་སྟོང་བཞད་ལ༴ ༧༩ །ཀླུ་རྒྱལ་ཁྲོས་པའི་མཚོན་དང་མི་གཙང་ཆར། །ལེགས་འོང་བྱམས་པའི་གོ་ཆས་རབ་བཅིལ་ཞིང་། །མེ་ཁམས་ཏིང་འཛིན་མཐུ་ཡིས་བཏུལ་བྱས་ནས། །བྱིས་པ་གསོད་རི་བདེར་མཛད༴ ༨༠ །གྲོང་ཉུག་དབུལ་མོས་འབྲས་ཁུ་རྙོག་མ་ཡིས། །འོད་སྲུང་མཆོད་ལས་དགའ་ལྡན་གནས་སྐྱེས་རྒྱུས། །གཉན་ཡོད་རྒྱལ་པོས་ཐུབ་དབང་འོད་སྲུང་བཅས། །ཕུལ་བྱུང་སྲིད་ཞུས་མཆོད་ལ༴ ༨༡ །སེམས་བསྐྱེད་མཆོག་གི་ཆུ་གཏེར་ལས་འཐོན་པའི། །དབུལ་མོའི་སྒྲོན་མེ་འོད་དཀར་དབང་པོ་ཡིས། །མཆོད་ཚོགས་རྒྱུ་སྐར་ཟིལ་མནན་བྱང་ཆུབ་ཏུ། །ལུང་བསྟན་གསལ་རྒྱལ་ཁེངས་བསལ་མཛད་ཕྱག་འཚལ། ༨༢ །སྡིག་འབྲས་ནད་མཚོན་མུ་གེའི་ཚད་དབལ་གྱིས། །ཆེས་ཆེར་ཉམས་གྱུར་ས་བདག་མ་སྐྱེས་དགྲ། །བྱམས་ཆེན་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་པས། །ཕན་བདེའི་དཔྱིད་དཔལ་རྒྱས་ལ་ཕྱག་འཚལ་ལོ། ༨༣ །གྲོགས་ངན་དུག་ཆུས་མྱོས་པའི་ལོག་སྤྱོད་ཚོགས། །བསམ་བཞིན་བསམ་བཞིན་མཆི་མའི་ཆར་རྒྱུན་བཅས། །མཐོལ་བཤགས་ཕུལ་ལ་སྟོན་པས་དབུགས་ཕྱུང་བས། །དད་པའི་རི་བོ་བརྟན་ལ༴ ༨༤ །སྡིག་འབྲས་ཚེ་འདིར་སྨིན་པའི་ལྷས་བྱིན་ནི། །རབ་འབར་དམྱལ་མེའི་དོང་དུ་ལྷུང་གྱུར་ཚེ། །སྙིང་ནས་སྐྱབས་སོང་སྟོན་པས་ལུང་བསྟན་ཕྲིན། །མཆོག་ཟུང་གཉིས་ཀྱིས་བསྐྱལ་ལ༴༨༥ །དཔལ་རྒྱས་ལྷ་ཀླུ་མི་ཡི་ཚོགས་བཅས་ཀྱིས། །ཕུལ་བྱུང་མཆོད་པའི་སྤྲིན་ཕུང་གཏིབས་པའི་དབུས། །བསོད་ནམས་བྱེ་བའི་རང་བཞིན་ཉིན་མོར་བྱེད། །ཡང་ཅན་གདུལ་བྱའི་མཁའ་ལ་གཤེགས་ཕྱག་འཚལ། ༨༦ །དེར་ནི་མི་མཐུན་ཡམས་ནད་མུན་པའི་དཔུང་། །མ་ལུས་མིང་གི་ལྷག་མ་ཉིད་བྱས་ནས། །ཕན་བདེའི་པད་ཚལ་ཆེས་ཆེར་རྒོད་པ་ཡི། །དགེ་མཚན་སྣང་བས་ཁྱབ་ལ༴ ༨༧ །མི་ཐི་ལར་བྱོན་ལྷ་ཆེན་སྐྱེས་རབས་གསུངས། །སཱ་ལའི་གྲོང་དུ་སྡིག་ཅན་སྤ་བཀོང་ཞིང་། །སྡིག་པ་ཅན་དུ་སྐུ་ཡི་སྟོབས་བསྟན་ནས། །གྱད་ཚོགས་སྨིན་པར་མཛད་ལ༴ ༨༨ །ནཻ་གྲོ་དྷ་ཡི་གྲོང་དང་ཀ་པི་ལ། །ཀུ་རུའི་ཡུལ་དང་བྱང་ཕྱོགས་ལྔ་ལེན་གྱི། །གྲོང་རྡལ་གླང་པོ་ཅན་དང་སྲུབ་སྣ་རུ། །འགྲོ་མང་སྨིན་གྲོལ་མཛད་ལ༴ ༨༩ །བྲམ་ཟེའི་གྲོང་བྱོན་མེ་ཡི་འཇིགས་པ་སྐྱབས། །ནག་པོའི་གྲོང་དུ་སངས་རྒྱས་གདན་བཞི་བསྟན། །གླང་ཆེན་སྟོབས་སོགས་གནོད་སྦྱིན་ཚོགས་བཏུལ་ཞིང་། །བསོད་ནམས་སྤྲིན་ཆེན་སྤེལ་ལ༴ ༩༠ །གསང་བའི་བདག་པོ་དང་བཅས་རྫུ་འཕྲུལ་གྱིས། །མཁའ་ལ་མངོན་གཤེགས་བྱང་ཕྱོགས་རྒྱུད་གནས་པའི། །མི་དང་མི་མིན་འགྲོ་བ་མཐའ་ཡས་པ། །བྱང་ཆུབ་གསུམ་ལ་བཀོད་མཛད༴ ༩༡ །བཅོམ་བརླག་ཏུ་བྱོན་གནོད་སྦྱིན་བོང་བུ་སོགས། །བཏུལ་ནས་ནོར་འཛིན་གཙུག་ལག་ཁང་གིས་བརྒྱན། །ཨོ་ཏ་ལ་བྱོན་འགྲོ་མང་སྨིན་བྱས་ནས། །དགྲ་མཐར་དབྱར་གནས་མཛད་ལ༴ ༩༢ །ལྔ་ལེན་ཡུལ་བྱོན་ལམ་དུ་དགའ་བོ་སོགས། །གནག་རྫི་ལྔ་བརྒྱའི་སྐྱེ་བའི་རྒྱུན་བཅད་ཅིང་། །གང་གཱའི་ངོགས་སུ་ངང་པ་རུ་སྦལ་ཉ། །ཡི་དྭགས་ལྔ་བརྒྱ་དྲངས་ལ༴ ༩༣ །ཐུག་པའི་བསྙེན་བཀུར་སྟོབས་པའི་བྲམ་ཟེ་བཀྲེན། །བདེན་མཐོང་ལོ་ཐོག་གསེར་སྨིན་དགེ་མཚན་གྱིས། །ཞིང་པ་ལྔ་བརྒྱ་ལ་སོགས་མཐའ་ཡས་འགྲོར། །ཐར་པའི་མྱུ་གུ་བསྐྱེད་ལ༴ ༩༥ །མ་དྲོས་མཚོ་དབུས་པདྨའི་གེ་སར་རྩེར། །མངོན་བརྗིད་ལས་ཀྱི་རྒྱུ་བ་ལུང་བསྟན་ཞིང་། །སྐུ་ཡི་གཉེན་གྱུར་ཤཱཀྱ་ལྷག་མ་རྣམས། །བདུད་རྩིས་གྲོལ་བར་མཛད་ལ་ཕྱག་འཚལ་ལོ། ༩༥ །བྲམ་ཟེ་གང་པོ་བྱང་ཆུབ་ལུང་བསྟན་ཞིང་། །བྱ་རྒོད་སྤུངས་རིར་མི་ཉམས་རྒྱུ་བདུན་གསུངས། །དམར་བུ་ཅན་བརྒྱུད་ཡངས་པ་ཅན་གཤེགས་ནས། །ཤ་བའི་ཚལ་དུ་བཞུགས་ལ༴ ༩༦ །བསོད་ནམས་རྒྱ་ཆེ་ནོར་ཅན་ཚོགས་བཅས་ཀྱིས། །གུས་པས་མཆོད་ཅིང་ལི་ཙ་བི་ཡི་ཚོགས། །བྱང་ཆུབ་གསུམ་དུ་ངེས་པར་མཛད་ནས་ནི། །སྐུ་ཚེའི་འདུ་བྱེད་བཏང་ལ༴ ༩༧ །རུ་ཏའི་གྲོང་སོགས་གྲོང་ཁྱེར་བརྒྱད་པོ་དག །རིམ་གྱིས་བརྒྱུད་ནས་མཐའ་ཡས་འགྲོ་རྒྱུད་ལ། །ཐར་པའི་ས་བོན་རྒྱ་ཆེར་བཞག་མཛད་ནས། །རྩྭ་ཅན་གྲོང་དུ་གཤེགས་ལ༴ ༩༨ །གནས་དེར་ཐ་མའི་གཟིམས་ཁྲིར་བཞུགས་ནས་ཀྱང་། །ལྷ་མིའི་གདུལ་བྱ་རྒྱ་མཚོ་སྨིན་མཛད་ཅིང་། །རྫུ་འཕྲུལ་མཐུ་ཡིས་རབ་དགའ་ལེགས་བཏུལ་ནས། །འཕགས་པའི་ས་ལ་བཀོད་མཛད༴ ༩༩ །གང་གསུང་འཕགས་ལམ་ཡན་ལག་བརྒྱད་ཀྱི་ཆུས། །རབ་བཟང་བློ་ཡི་དྲི་མ་ཀུན་བཀྲུས་པས། །སྐད་ཅིག་ཉིད་ལ་དགྲ་བཅོམ་མངོན་བྱས་ནས། །ཆོ་འཕྲུལ་དང་བཅས་མྱ་ངན་འདས་ཕྱག་འཚལ། ༡༠༠ །དེ་ལྟར་གདུལ་བྱ་རྒྱ་མཚོ་སྨིན་ཟིན་ནས། །ཡེ་ཤེས་ཉི་མ་ཀུན་མཁྱེན་ལྷ་ཡི་ལྷ། །བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས། །ཞི་བའི་དབྱིངས་སུ་གཟིམས་ལ་ཕྱག་འཚལ་ལོ། ༡༠༡། སྣ་ཚོགས་མཆོད་པའི་སྤྲིན་གྱི་ལྡིང་ཁང་དབུས། །འོད་སྲུང་ཆེན་པོས་བཏུད་མཐར་ཐུགས་ཀ་ནས། །རང་བྱུང་ཡེ་ཤེས་མེ་ཡི་རབ་བཞུས་ཏེ། །རིང་བསྲེལ་ཕུང་པོར་གཏམས་ལ་ཕྱག་འཚལ་ལོ། ༡༠༢།སྤྱན་ལྡན་དེ་ཡི་ཚེམས་དང་སྐུ་གདུང་ཚོགས། །ཆ་བརྒྱད་བགོས་པ་ལྷ་ཀླུ་མི་གསུམ་གྱིས། །སོ་སོར་མཆོད་པའི་རྟེན་དུ་རབ་བཟུང་ནས། །བསོད་ནམས་རྒྱ་ཆེན་བསྐྱེད་ལ་ཕྱག་འཚལ་ལོ། ༡༠༣། ནེ་གྲོའི་ཕུག་ཏུ་ལྷ་ཡིས་འཕྱ་བའི་སྐྱོན། །བསལ་དང་བསྟན་མཆོད་ཡུན་དུ་གནས་བྱའི་ཕྱིར། །འོད་སྲུང་ཀུན་དགའ་ཉེ་བར་འཁོར་སོགས་ཀྱིས། །བཀའ་ཡིིས་བསྡུ་བ་མཛད་ལ་ཕྱག་འཚལ་ལོ། ༡༠༤། གནས་བརྟན་འོད་སྲུང་ཆེན་པོ་ཀུན་དགའ་བོ། །ཤཱ་ནཱའི་གོས་དང་ཉེར་སྦས་དྷི་ཏི་ཀ །ནག་པོ་ལེགས་མཐོང་ཆེན་པོ་ལ་སོགས་ཀྱིས། །བསྟན་པ་རིན་ཆེན་བསྐྱངས་ལ་ཕྱག་འཚལ་ལོ། ༡༠༥། དེ་ལྟར་མཚུངས་མེད་ཐུབ་པའི་མཛད་པའི་ཚོགས། །དད་པའི་ངག་གིས་ཅུང་ཟད་བསྔགས་པའི་དགེས། །འགྲོ་རྣམས་སྲིད་པའི་དུབ་བ་མྱུར་སེལ་ནས། །རྣམ་མཁྱེན་ཐར་པའི་གྲོང་དུ་ངལ་གསོ་ཤོག ༡༠༧། གཡེངས་པའི་རང་བཞིན་པད་རྣམ་རྨོངས་པ་ཡང་། །ཚེ་རབས་ཕྲེང་བར་དལ་བའི་རྟེན་རྙེད་ཅིང་། །བསླབ་གསུམ་ནོར་བུའི་མཛོད་ཀྱིས་ལེགས་འབྱོར་ནས། །ཐུབ་པའི་བསྟན་ལ་བྱ་བ་བྱེད་པར་ཤོག ༡༠༨། བཀྲ་ཤིས་འགྲོ་བསོད་ཡངས་པའི་ནམ་མཁའ་ལ། །རྒྱལ་བའི་ཕྲིན་ལས་འོད་སྟོང་རྟག་འཆར་བས། །ཕན་བདེའི་སྣང་བ་གསར་པས་ས་གསུམ་ཁྱོན། །ཀུན་ཏུ་ཁྱབ་པའི་དགེ་མཚན་རྒྱས་གྱུར་ཅིག། །།

བདག་ཅག་གི་སྟོན་པའི་ཡོན་ཏན་རྗེས་དྲན་གྱིས་བསྟོད་པ་ངོ་མཚར་ནོར་བུའི་དོ་ཤལ།

༄༅། །བདག་ཅག་གི་སྟོན་པའི་ཡོན་ཏན་རྗེས་དྲན་གྱིས་བསྟོད་པ་ངོ་མཚར་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།། སྐལ་བཟང་རྣམ་འདྲེན་ལུས་པ་མེད་པ་ཡི། །ཐུགས་བསྐྱེད་བཟོད་པའི་གོ་ཆ་གཅིག་པུས་བགོས། །གདུལ་དཀའི་ཞིང་འདི་ཡོངས་བཟུང་ཤཱཀྱའི་ཏོག །མཚན་ཐོས་ཙམ་གྱིས་གྲོལ་བ་སྟེར་ལ་འདུད། ༡ །གང་གི་རྗེས་འཇུག་མཁས་པ་སྔོན་བྱོན་རྣམས། །རྒྱུ་མཚན་ཤེས་པས་བསྔགས་བརྗོད་མུ་ཏིག་ཕྲེང་། །མགུར་ན་སྦ་བར་བྱས་པའི་ལད་མོ་རུ། །ངོ་མཚར་ནོར་བུའི་དོ་ཤལ་འདིར་ཡང་སྤྲོས། ༢ །མདོ་རྒྱུད་བསྟན་བཅོས་ཚད་མའི་ལུས་རྩལ་རྫོགས། །གངས་ཁྲོད་གནས་པའི་གདོང་ལྔ་མིན་ལགས་གྲང་། །ཚོགས་ཕྱིར་རིག་པའི་གད་རྒྱངས་གསང་མཐོ་རུ། །སྒྲོག་འདི་སེང་གེའི་ཕྲུ་གུ་རང་ཚུལ་ཡིན། ༣ །སྤངས་རྟོགས་ཡོན་ཏན་ཆས་གང་བདེ་བར་གཤེགས། །གཟོད་མའི་དུས་ནས་རྣམ་གྲོལ་མཆོག་བརྙེས་ནས། །བདུད་རྩིའི་བགོ་སྐལ་འགྲོ་ལ་ཡོངས་བསྩལ་ཀྱང་། །ཞིང་འདིར་ཡང་འཚང་རྒྱ་བའི་ཚུལ་ཡང་སྟོན། ༤། བསྟན་ལས་ཕྱིར་ཕྱོགས་ཏརྐའི་སྟོན་སྡེ་ཡིས། །མི་མཇེད་འཇིག་རྟེན་མོག་པོར་བྱས་པའི་ཚེ། །དམ་པ་ཏོག་དཀར་ཐུགས་བསྐྱེད་ཆུ་ཁུར་ཕྲེང་། །དགའ་བ་བརྒྱ་ལྡན་གྲོང་ན་དལ་གྱིས་བྲེས། ༥།མ་ཕམ་མགོན་པོའི་དབུ་ལ་ཅོད་པཎ་ཆེ། །བཅིངས་དང་ཆབས་ཅིག་རྒྱལ་ཚབ་མངའ་དབང་བསྐུར། །རིང་མིན་རྣམ་གྲོལ་བརྙེས་པའི་དབུགས་དབྱུང་བཅས། །གཙང་མ་རིས་ཀུན་ཞི་བདེའི་དཔལ་ལ་སྦྱར། ༦ །རྣམ་ལྔའི་གཟིགས་པ་རབ་བཅས་ཟས་གཙང་ཁབ། །སྒྱུ་འཕྲུལ་ལྷ་མོས་གཙང་སྦྲ་ལྷུར་ལེན་དུས། །གངས་རིའི་དུམ་བུ་འགྲོ་ཤེས་རྗེས་ཞུགས་པ། །ཐལ་དཀར་མཆེ་དྲུག་རྣམ་ཆས་ལྷུམས་སུ་ཞུགས། ༧ །དགུ་ཟླའི་གྲངས་དང་ཕྱོགས་ཞག་གྲོལ་བའི་མོད། །དཀུ་གཡས་རྩིབ་མའི་སྒོ་འཕར་བྱེ་བ་ནས། །གཞོན་ནུ་དོན་གྲུབ་ཤར་རིའི་ཕྲག་གོང་དུ། །ཉིན་མོར་བྱེད་པ་འཆར་བཞིན་འཁྲུངས་པར་གྱུར། ༨ །མུན་པའི་ཕྲེང་བ་ཡོངས་ནུབ་དགེ་མཚན་གསར། །ཕྱོགས་བཅུའི་འཇིག་རྟེན་འོད་ཀྱིས་འགེངས་བཞིན་དུ། །བཙས་མ་ཐག་པར་ཞབས་མཐིལ་སར་བཀོད་ཆར། །ཉེས་སྐྱོན་དྲི་མས་མ་གོས་པད་འབུམ་བརྡལ། ༩ །སྲིད་ན་ཆེ་དགུས་དར་དཀར་འདོ་ལི་ལ། །བཏེག་ཅིང་ཡན་ལག་བརྒྱད་ལྡན་ཁྲུས་ཆབ་སྦྲེངས། །གནས་གཙང་ལྷ་བུས་གདུགས་དཀར་བསིལ་གཡབ་གཡོབ། །མི་མཆོག་དམ་པར་བསྔགས་པའི་གླིང་བུའང་བསྒྱུར། ༡༠། བྲམ་ཟེ་མཚན་བརྟག་མཁན་པོ་དད་པའི་མིག །དགའ་བའི་མཆི་མས་ཡང་ཡང་བརླན་བཞིན་དུ། །ལོ་ཀའི་ཁམས་སུ་རྒྱལ་འཕགས་བྱོན་སྨྲ་ཡང་། །གང་ཡིན་མ་འཚལ་འཕྱང་མོ་ཉུག་ཏུ་གྱུར། ༡༡། དེ་ཚེ་དེ་དུས་བརྟན་དང་གཡོ་བའི་ཁོངས། །སྲིད་ཞིའི་དགེ་མཚན་དཔལ་ཡོན་སྲིད་དོ་ཅོག །བྱེད་པོས་གཅིག་ཏུ་བསླན་འདྲའི་གྲགས་འབར་བ། །རྒྱལ་བུ་དོན་གྲུབ་བསོད་ནམས་མཐུ་ལས་སོན། ༡༢ །པང་དུ་བླངས་དང་འོ་འཛིན་བསྣུན་པ་སོགས། །མ་མ་སོ་གཉིས་བསྐྱེད་བསྲིངས་དེ་མ་འདྲོག །རྫིང་ན་གནས་པའི་པདྨོ་ཇི་ལྟ་བར། །ལང་ཚོའི་དཔལ་ནི་ཉིན་རེ་བཞིན་དུ་འཕེལ། ༡༣། སྒྱུ་རྩལ་སྙེམས་འཆང་ཤཱཀྱ་གཞོན་ནུའི་ཚོགས། །དྲེགས་ཅན་གནམ་རུ་སྟོང་གི་རྒྱུད་ནས་བཀུག །སྒྲོ་ལྡན་སྐྱེན་པོའི་མཐེབ་རྩལ་ལག་གིས་བླན། །རྒྱལ་བའི་རུ་མཚོན་བདག་ཉིད་གཅིག་པུས་བསྒྲེངས། ༡༤ །གཞན་ཡང་རྒྱལ་རིགས་ལམ་ལ་མི་གནས་པ། །ཆོས་བརྒྱད་དོན་དུ་གཉེར་བའི་ལག་ལྡན་སྟོང་། །སྤྱི་བོར་ངལ་གསོ་ཐོབ་པའི་འཕྲུལ་ལྡན་དེས། །ཁེངས་པའི་རི་བོ་དུ་མ་ས་ལ་བསྙིལ། ༡༥ །གཞན་གྱི་ལོག་རྟོག་བཟློས་སོགས་དགོས་པ་འགའ། །གཟིགས་ནས་འཇིག་རྟེན་མཐུན་འཇུག་སྤྱོད་པ་མཛད། །ས་མཚོ་གྲགས་འཛིན་རི་དྭགས་མིག་ཅན་སོགས། །བཙུན་མོ་སུམ་སྟོང་དྲུག་ཁྲི་ཁབ་ཏུ་བཞེས། ༡༦། མ་བྲིས་སྨིན་ལེགས་ཡིད་ཀྱི་ཆོམ་རྐུན་མོ། །གྲགས་པ་འཛིན་མར་དགྱེས་རོལ་རིགས་ཀྱི་སྲས། །སྒྲ་གཅན་ཟིན་བསྐྲུན་སྲིད་པའི་ཕྲེང་རྒྱུད་ཆད། །ཉེར་དགུའི་བར་དུ་ཐབས་མཁས་རྒྱལ་སྲིད་བསྐྱངས། ༡༧།སྔོན་དུས་ཐུགས་བསྐྱེད་ས་བོན་བཏབ་པའི་ཕྱིར། །རྩོད་ལྡན་འཛིན་མར་བྱང་ཆུབ་སེམས་གཉིས་ཀྱི། །མྱུ་གུ་གསར་སྐྱེས་འཁོར་བའི་སྐྱོན་དང་བྲལ། །ཐར་གྲོལ་འབྲས་བཟང་སྨིན་ལ་རིངས་པའི་ཆར། ༡༨། རྒ་བས་ལུས་གདུང་ནད་ཀྱིས་ཉམ་ཐག་ཅིང་། །སྲོག་སོང་ཕུང་པོ་སྨྲིག་འཛིན་ཞི་དུལ་ཅན། །གཟིགས་པའི་རྐྱེན་གྱིས་འཁོར་བར་ཡིད་དབྱུང་དང་། །ཐར་པར་སྤྲོ་བ་འགྲན་པ་བཞིན་དུ་གྱུར། ༡༩ །བྱང་ཆུབ་ལམ་ལ་གཤེགས་སུ་མི་སྟེར་བའི། །སྒོ་སྲུང་གྱད་དམག་བར་མེད་བསྐོར་གྱུར་ཀྱང་། །ཅང་ཤེས་བསྔགས་ལྡན་ཆིབས་པའི་རྐང་ལག་བཞི། །རྒྱལ་ཆེན་སྡེ་བཞིས་བཏེགས་ནས་མཁའ་ལམ་བསྙེགས། ༢༠ །སྐྱེ་བོས་རིང་བཏང་ཉམས་དགའ་སར་གཞོལ་ཚེ། །འདུན་པ་རྟར་བཅས་སླར་ལ་ལྡོག་ནས་སུ། །སྟོབས་འབྱོར་ལོངས་སྤྱོད་མཆིལ་མའི་ཐལ་བ་ལྟར། །བོར་ཞིང་ཕྱག་དར་ཁྲོད་པའི་བགོ་བ་བླངས། ༢༡ །དབུ་སྐྲ་མི་གཤོར་སྟང་ཟིལ་འོད་ལ་འཚེར། །མཁའ་ལྟར་སྔོ་བའི་རལ་གྲི་བླངས་ནས་བྲེགས། །རྣམ་དག་པུ་རིའི་དྲུང་དུ་རབ་བྱུང་ཞིང་། །རང་ལ་རང་གིས་བསྙེན་པར་རྫོགས་དེ་མཚར། ༢༢ །ནཻརཉྫ་ནའི་ཀླུང་ངོགས་ལོ་དྲུག་ཏུ། །མི་གཡོའི་དམ་བཅའ་བླངས་ནས་དཀའ་བ་སྤྱད། །དགེ་སྦྱོང་ཆོས་བཞི་ལྡན་པས་སྲིད་རྩེ་ཡི། །བསམ་གཏན་བཞི་པོའི་ཏིང་འཛིན་མངོན་དུ་བསྒྲུབས། ༢༣ །དཀའ་ཐུབ་ཁོ་ནས་གྲོལ་བའི་མཐའ་འགེགས་ཕྱིར། །ཁྱིམ་བདག་ལེགས་སྐྱེས་བུ་མོས་ཞོ་སྟོབ་པ། །གསོལ་བའི་མོད་ལ་སྐུ་ལུས་གསེར་སྦྱངས་ཀྱི། །གཏན་པ་ཕྱིས་བཞིན་དག་པའི་རང་ཚུལ་ངོམ། ༢༤ །མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །ས་ཆེན་རྣམ་དྲུག་གཡོ་བའི་གོམ་སྟབས་ཀྱིས། །བྱང་ཆུབ་ལྗོན་པའི་ཤིང་དྲུང་བསྙེགས་པར་ཆས། ༢༥ །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་རྩྭ། །བཀྲ་ཤིས་ལས་བླངས་འདིང་བའི་ཉེར་བ སྡོགས་བཅས། །བསྐལ་པ་སྟོངས་ཀྱང་མི་གཞིག་རྡོ་རྗེའི་གདན། །མནན་པའི་མོད་ལ་སྲིད་ཞིའི་བླ་མར་གྱུར། ༢༦ །སྲོད་དུས་མ་རིག་གཉིད་ཡུར་སྡིག་ཏོའི་ཚོགས། །སྦྲོན་ཕྱིར་བདུད་ཀྱི་དཀྱིལ་འཁོར་སྣང་བའི་འོད། །བཀྱེས་མ་ཐག་པར་བྱེ་བ་ཁྲག་ཁྲིག་དཔུང་། །མལ་ནས་ལྡང་ཞིང་ཞེ་སྡང་བ་སྤུ་གཟིངས། ༢༧ །དེ་ལ་སྨན་སླད་བྱམས་པའི་ཏིང་འཛིན་བརྟན། །སྙིང་རྗེའི་གོ་ཆ་བགོས་པའི་བླ་གོས་ལ། །མེ་ཏོག་མདའ་ཅན་མཚོན་གྱིས་ཕིག་མ་གྱུར། །བསྣུན་པ་སྟེར་བར་མེ་ཏོག་དགའ་ཆར་རྩེན། ༢༨ །ལག་པ་བསྒྲེངས་པའི་མཛུབ་མོ་ཆད་གྱུར་ཀྱང་། །མི་སྙན་ངག་གིས་འོ་དོད་བོས་པའི་ཚེ། །འཕགས་ཆེན་བདེན་དཔང་ཚད་མ་ས་ལྷས་མཛད། །བདུད་སྡེ་དཔུང་བཅས་ཡི་མུག་ག་ཆད་དོ། ༢༩ །ཨེ་མ་དགེ་སྦྱོང་ཁྱོད་ཀྱི་རྡོ་རྗེའི་སྐུར། །ཡིད་སྲུབ་མཚོན་གྱིས་ཚུགས་པ་མི་སྲིད་ཀྱང་། །ཕྱག་དར་ཁྲོད་བླངས་བླ་གོས་རྐྱང་གཅིག་འདི། །རྩུབ་མོའི་རེག་པས་མ་རལ་ངོ་མཚར་ཆེ། ༣༠། ནམ་གུང་རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ། །མཉམ་པར་བཞག་ཚེ་ཤེས་སྒྲིབ་བག་ཉལ་སྦྱངས། །ལམ་ལྔའི་མངོན་རྟོག་རྒྱུད་ལ་བསྐྱེད་ཚུལ་སོགས། །གདུལ་བྱའི་ངོར་བསྟུན་རྣམ་འཕྲུལ་བསམ་མི་ཁྱབ། ༣༡ །ཐོ་རེངས་རྣམ་ཐར་སྒོ་གསུམ་ལྡང་འཇུག་གིས། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས། །ཕྱོགས་བཅུའི་རྒྱལ་བས་མགྲིན་ག ཅིག་མངའ་དབང་གསོལ། །རྡོ་རྗེ་གདན་པ་མངོན་རྫོགས་རྒྱལ་པོར་གྱུར། ༣༢ །སྐྱིལ་ཀྲུང་གཅིག་གིས་ཏཱ་ལ་བདུན་སྲིད་མཁར། །མདུད་པ་བོར་ཞིང་མི་བསྙེངས་སེང་གེའི་སྒྲས། །ལམ་གྱི་རྒྱུན་ཆད་བྲལ་འབྲས་གཞི་ལ་རྫོགས། །རང་བྱུང་སངས་རྒྱས་ཞེས་སོགས་ཞལ་གྱིས་འཆེས། ༣༣། སྲིད་ན་ཆེས་མཐོ་མིག་སྟོང་རྣ་བརྒྱད་པ། །དུ་མའི་འཁོར་བསྐོར་སྐྱེ་ལྔའི་སྒྲ་ཡིས་བསྐུལ། །གསེར་སྦྱངས་རྩིབས་སྟོང་བརྡལ་ནས་ཆོས་གསུང་ཞུས། །ཅང་མི་གསུང་བའི་ལན་གྱིས་གནང་བའང་བྱིན། །མཛོད་སྤུ་གཡས་འཁྱིལ་དུང་ལྟར་དཀར་བ་ལས། །འོད་ཟེར་གྲངས་མེད་བཀྱེ་བས་གདུལ་འགྲོར་གཟིགས། །བདུན་ཕྲག་བདུན་མཐར་ཚངས་དབྱངས་ཆོས་སྒོ་གྲོལ། །ཐོག་མར་དོན་གཉེར་མགྲོན་པོ་ཤིས་པར་མཛད། ༣༥ །ཝཱ་རཱ་ཎ་སཱིར་ཁྱུ་མཆོག་རླབས་པོ་ཆེའི། །གནས་སུ་དམ་བཅས་མི་བསྙེངས་སེང་གེའི་སྒྲས། །འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོ་ལ། །བདེན་བཞིའི་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར། ༣༦ །བཞི་བཞིར་ཕྱེས་ཤིང་ཆོས་དང་གང་ཟག་གི། །བདག་མེད་ཕྱེད་དང་གཉིས་རྟོགས་ཉན་རང་རྣམས། །ཟུང་བཞི་ཡ་བརྒྱད་འབྲས་བུ་མངོན་དུ་གྱུར། །ཡིད་བཞིན་བདེ་བ་མཆོག་གི་ས་ལ་སྦྱར། ༣༧ །ཐེག་དམན་དགྲ་བཅོམ་ས་ལས་རིང་སོན་པར། །ལམ་ལྔ་ས་བཅུའི་མངོན་རྟོགས་ངོམས་པའི་ཆོས། །འཕགས་ཆེན་རྒྱལ་བའི་མྱུག་རྣམས་བསྐྲུན་པའི་གཞི། །ཆེན་པོ་བདུན་ལྡན་བླ་ན་མེད་པའི་ཐེག ༣༨ །གནས་དུས་ཕུན་ཚོགས་བྱ་རྒོད་ཕུང་པོའི་རིར། །སྟོན་པ་ཕུན་ཚོགས་རྣམ་འདྲེན་བཞི་པ་ཡིས། །ཞུ་པོ་ཕུན་ཚོགས་རྒྱལ་སྲས་འཁོར་རྣམས་ལ། །དམ་ཆོས་ཕུན་ཚོགས་བཀའ་འཁོར་བར་པ་བསྐོར། ༣༩ །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད། །སྟོང་ཞིང་བདག་མེད་མཐའ་བྲལ་དབུ་མ་ཡི། །ལམ་དུའང་མི་གནས་སྲིད་ཞིའི་མཐའ་ལས་འདས། །སྤྲོས་ཀུན་ཉེ་བར་ཞི་བའི་བདེན་དོན་འདོམས། ༤༠ །མཚན་ཉིད་གསུམ་གྱིས་གཏན་ལ་ཕབ་པ་ཡི། །རྣམ་རིག་ལས་འདས་ངེས་དོན་དབུ་མ་ཆེ། །ཡོངས་སྨིན་གདུལ་བྱར་ལེགས་པར་རྣམ་ཕྱེ་བའི། །ངེས་དོན་མཐར་ཐུག་འཁོར་ལོ་གསུམ་པའང་བསྐོར། ༤༡། དོན་དམ་འདུས་མ་བྱས་པ་ཆོས་ཀྱི་སྐུ། །གཙང་རྟག་བདེ་བ་བདག་དམ་ཕ་རོལ་ཕྱིན། །དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པུའི་ལམ། །བསྟན་པས་བྱང་ཆོས་སོ་བདུན་མངོན་རྟོགས་རྫོགས། ༤༢། གཙང་མའི་ལུས་རྟེན་བསླབ་གསུམ་ཁྲིམས་ཀྱིས་བསྡམས། །ཚད་མེད་བཞི་དང་ཕར་ཕྱིན་དྲུག་ལྡན་སློབ། །རྗེས་ཐོབ་དམིགས་མེད་སྙིང་རྗེས་རྩིས་ཟིན་པས། །གཟུགས་སྐུའི་ས་བོན་ཐེབས་འདིའང་ཁྱོད་ཀྱིས་བསྟན། ༤༣ །ཆོས་ཀྱི་སྡོམ་བཞི་དྲི་མ་མེད་པའི་བཀས། །འདུལ་བ་ལ་སྣང་མདོ་སྡེའི་དོན་ལ་འཇུག །རྒྱ་ཆེན་མངོན་པའི་བཀའ་དང་མི་འགལ་བ། །བྱུང་ན་རྗེས་འཇུག་ཡིད་ཆེས་གནས་སུ་གནང་། ༤༤། དབང་རབ་ཐུན་མིན་འཁོར་ལ་རྡོ་རྗེའི་ཐེག །བསྟན་ཀྱང་ཁྱབ་བརྡལ་ཉིད་དུ་གསུངས་པ་མེད། །དུག་ལྔ་སྤོང་བསྒྱུར་ལམ་བྱེད་ཁྱད་པར་གྱིས། །རྒྱལ་བའི་མདོ་སྔགས་གཞུང་ལམ་སོ་སོར་བཀྲལ། ༤༥ །འོན་ཀྱང་གནས་སྐབས་གདུལ་བྱ་དཀྲི་ཚུལ་ལས། །མཐར་ཐུག་དེ་བཞིན་ཉིད་དབྱིངས་རིགས་གཅིག་ཕྱིར། །ཐེག་པ་ཐ་དད་ཡོད་པར་མི་བཞེད་དེ། །བསམ་མི་ཁྱབ་པའི་ཡེ་ཤེས་ཀློང་དུ་གཅིག ༤༦ །མ་རིག་མུན་སེལ་ཐར་པའི་ལམ་སྟོན་མཆོག །རྒྱལ་བའི་ཉི་མ་ནུབ་རིར་གཞོལ་ཉེའི་ཚེ། །སྙན་སྒྲོགས་རབ་དགའ་ཀུན་རྒྱུ་རབ་བཟང་ཟུང་། །གདུལ་བྱའི་མཐར་གྱུར་བདེན་མཐོང་ས་ལ་སྦྱར། ༤༧ །མི་མཇེད་ཞིང་འདིར་གཟུགས་སྐུའི་འགྲོ་བའི་དོན། །རྫོགས་དང་ཆབས་ཅིག་སྲིད་པ་སྡིག་ཏོ་ཅན། །མྱ་ངན་འདའ་བསྐུལ་རེ་བ་དོན་ལྡན་ཕྱིར། །སྙིང་རྗེའི་གཞན་དབང་གྱུར་དེས་ཞལ་འཆེས་མཛད། ༤༨ །རྡོ་རྗེའི་སྐུ་ལ་ན་རྒ་འཆི་བ་ཡིས། །གོས་པ་མེད་ཀྱང་རྟག་ལྟ་སུན་འབྱིན་ཆེ། །འཚོ་བའི་འདུ་བྱེད་གཏོང་བའི་སྔ་ལོགས་སུ། །ཟླ་གསུམ་ཕྱིར་བསྲིངས་ཉི་བུར་སྐྱེངས་པའང་བྱིན། ༤༩། རྩྭ་ཅན་གྲོང་དུ་ཐ་མའི་གཟིམས་ཁྲི་ལ། །ཉེ་བར་ཕྱོགས་ཚེ་སྐུ་ཡི་སྟོད་གཡོགས་བསལ། །ཟག་མེད་ཕུང་པོར་ལྟོས་ཤིག་ཡང་ཡང་དུ། །མཐོང་དཀའ་ཨུ་དུམྦཱ་རའི་རྗེས་སུ་འགྲོ། ༥༠ །འདི་ལྟར་འདུས་བྱས་མཐའ་དག་འཇིག་པ་ཡི། །ཆོས་ཅན་ཉིད་ལས་གཞན་དུ་མ་སེམས་ཞེས། །གསུང་གི་ཐ་མས་བསྐུལ་ཏེ་མྱ་ངན་ལས། །འདས་པ་ཆེན་པོ་ཆོས་འཁོར་བསྐོར་བའི་མོད། །ཐུགས་རྗེའི་འོད་ཀྱི་སྣང་བས་སྟོང་གསུམ་གྱི། །འཇིག་རྟེན་ཕྱུར་བུར་བཀང་ལས་རིགས་དྲུག་གི། །གནས་ངན་ལེན་པའི་སྒྲིབ་པ་ཀུན་བསལ་ཀྱང་། །འཁོར་མཐའ་ཚད་དང་ཟད་དུ་མེད་པར་མཐོང་། ༥༢། དེ་ཚེ་ཡིད་ཅན་སྐྱེ་དགུ་རེ་ཞིག་ཏུ། །དྲན་པ་སྟོར་བས་ལྡེར་སོ་བཞིན་དུ་ལུས། །ས་འདི་རིར་བཅས་རླུང་གིས་གཡོ་བ་ཡི། །ལྗོན་ཤིང་ལྟ་བུར་བརྟན་པ་རིང་ནས་བྲལ། ༥༣ །ཀུན་གསལ་ལམ་ལས་གཙང་མ་རིས་ཀྱི་ལྷས། །དབང་པོའི་གཞུ་རིས་བྲིས་པའི་ལྡིང་ཁང་ནས། །མཆོད་རྫས་སུ་མ་ན་ཡི་ཆར་འབེབས་པས། །ཞིང་ཀུན་ཡོངས་བཀང་ངོ་མཚར་དཔྱིད་དུ་སོན། ༥༤ །ཆུ་བོ་དབྱིག་ལྡན་བརྒལ་བའི་ཕ་རོལ་ཏུ། །ཉེ་གནས་མཆོག་དང་གྱད་བུས་ཉེར་བསྡོགས་གཤམ། །སྐུ་གདུང་མཆོད་སྡོང་རས་ཟུང་ལྔ་བརྒྱས་བསྒྲིལ། །འབྲུ་མར་ཞུགས་ལ་བཞེན་པའི་དགོས་པ་གང་། ༥༥། རྒྱལ་པོའི་ཁབ་ནས་གནས་བརྟན་འོད་སྲུང་ལྷགས། །པུར་སྒྲོམ་ཞལ་ཕྱེ་གདུང་མཇལ་ཐོབ་པའི་མོད། །ཐུགས་ལས་མེ་འབར་རགས་པའི་སྐུ་ལུས་བསྲེགས། །བཀྲི་བྱེད་རས་ཟུང་ལས་པ་མ་གཟིགས་སམ། ༥༦ །སྲིད་པའི་ཁོངས་སུ་རིན་ཐང་སྤངས་པ་ཡི། །ཡུངས་འབྲུ་ལྟ་བུའི་རིང་བསྲེལ་མང་འཕེལ་བ། །ཆ་བརྒྱད་བསིལ་དེ་ལྷ་མིས་མཆོད་པར་ཐོབ། །ཆོས་སྐུའི་རྟེན་མཆོག་ཤུལ་དུ་བཞག་པས་འཚེངས། ༥༧ །འཇིག་རྟེན་གསུམ་མགོན་ཞི་བའི་དབྱིངས་མནལ་བ། །མ་བཟོད་གང་པོ་ལ་སོགས་ཉན་ཐོས་མཆོག །བརྒྱད་ཁྲིའི་འཁོར་བཅས་ལྷག་མེད་མྱང་འདས་སུ། །གཞོལ་འདི་རྒྱལ་བའི་བསྟན་ལ་རིགས་སམ་ཅི། ༥༨ །མི་བརྗེད་གཟུངས་ཐོབ་བློ་ཆེན་འོད་སྲུང་དང་། །ཞམ་རིང་ཀུན་དགའ་ཉེ་བར་འཁོར་སོགས་ཀྱིས། །དགེ་སློང་མང་བསྡུས་བཀའ་ཡི་བསྡུ་བ་མཛད། །དེང་ཡང་སྤྱོད་ཡོད་དྲིན་དུ་མི་ཆེའམ། ༥༩ །སྡེ་སྣོད་བསླབ་གསུམ་ཡན་ལག་བཅུ་གཉིས་ཀྱི། །ཆོས་དབྱངས་སྙན་འཁྲོལ་བསྟན་པའི་གཏད་རབ་བདུན། །རྒྱན་དྲུག་མཆོག་གཉིས་གྲགས་པ་སྲིད་རྩེར་འཕྲོ། །དབུས་འགྱུར་འཆང་བ་འོག་མིན་ཞིང་ལས་བརྒལ། ༦༠།སྒྱུ་འཕྲུལ་སྲས་པོའི་ཞབས་ཀྱིས་མ་བཅགས་རུང་། །གསུང་གི་འོད་ཟེར་འཕོག་པ་བོད་ཀྱི་ཡུལ། །མེས་དབོན་རྣམ་གསུམ་ཤིང་རྟས་བཀའ་བསྟན་དྲངས། །གངས་ཅན་ལྗོངས་ཞེས་བརྗོད་པ་དོན་དང་ལྡན། ༦༡ །རི་བཞིའི་མཐིལ་དུ་མཁན་སློབ་ཆོས་གསུམ་པོ། །མངོན་པར་གདན་འཛོམ་འཕགས་བོད་པཎ་ལོ་ཡིས། །དམ་ཆོས་བསྒྱུར་བཤད་ཉི་ཟླའི་འགྲོས་ལས་མྱུར། །རྒྱལ་བའི་ཕྲིན་ལས་མུ་མེད་སྲིད་མཐར་འཇུག ༦༢ །ཚངས་དང་དབང་སོགས་དྲེགས་ལྡན་ཆེ་དགུ་ཡི། །དབང་སྔོན་རལ་པའི་རྩེ་ལ་ཞབས་རྡུལ་ཡང་། །མཆོད་པར་འཐོབ་དཀའ་གང་གི་རིང་ལུགས་བཟང་། །འཛིན་འདི་མངོན་སུམ་ཡིན་གྱི་རྨི་ལམ་མིན། ༦༣ །ཚུལ་གནས་ཐོས་དང་བསམ་པའི་ཤེས་རབ་ཀྱིས། །བསྒོམ་བྱུང་ཡོན་ཏན་ཡར་ངོའི་ཟླ་ལ་འགྲན། །ས་ལམ་བྲལ་འབྲས་འོད་དཀར་གང་བ་རྫོགས། །མཁྱེན་གཉིས་ཟེར་གྱིས་འཁོར་བའི་མུན་པ་བཅིལ། ༦༤ །བསྟན་མཆོག་རིན་ཆེན་མི་འཕྲོག་དབང་གི་རྒྱལ། །མི་ནུབ་རྒྱལ་མཚན་རྩེ་མོར་མངོན་བཀོད་པས། །སྲིད་ཞི་ཟུང་སྦྱོར་གཏན་བདེའི་པདྨོ་བཀྲག །ཐར་པ་ཆེན་པོའི་གྲོང་ཁྱེར་མཛེས་པར་བྱས། ༦༥ །དེ་ལྟར་སྟོན་དང་དེས་བསྟན་ལུང་རྟོགས་ཆོས། །དེ་འཛིན་བྱེད་པོ་རིག་གྲོལ་བརྒྱད་ལྡན་པ། །མཆོག་གི་སྒྲ་འཇུག་རྣམས་ལ་ཡིད་རབ་དྭངས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་བཙལ། ༦༦ །བདག་པོས་བཟུང་དང་མ་བཟུང་མཆོད་པའི་སྤྲིན། །ཇི་སྙེད་བློ་ཡིས་བླངས་ནས་ཕྱོགས་ཆ་བསླན། །རབ་འབྱམས་རྒྱ་མཚོའི་ཞིང་ཀུན་དོག་བགྱིད་པ། །རྒྱལ་བ་སྲས་བཅས་དགྱེས་པ་བསྐྱེད་ཕྱིར་སྟོབས། ༦༧ །རྣམ་འདྲེན་སྟོབས་བཅུ་མངའ་བའི་གཡར་ལམ་དུ། །སྒོ་གསུམ་དྲན་ཤེས་མི་བརྟན་རྨོངས་པ་བདག །བག་མེད་དབང་གྱུར་དཀར་མིན་ལས་བགྱིས་པ། །ཚེ་རབས་བསགས་པའི་བསྒྲིབ་དང་ལྷན་ཅིག་འཆག ༦༨ །དུས་གསུམ་གྲོལ་བ་སྟེར་རྣམས་བསམ་བཞིན་བྱོན། །མཛད་པ་བཅུ་གཉིས་སྒོ་ནས་འགྲོ་དོན་འཇུག །འཁོར་བ་མཐའ་ཅན་བྱེད་པ་ངོ་མཚར་ཆེ། །བསམ་གྱིན་རྗེས་སུ་ཡི་རངས་ལྷག་པར་འཕེལ། ༦༩། མགོན་པོ་འདས་དང་མ་བྱོན་ད་ལྟར་བཞུགས། །རྟག་པར་བཏང་སྙོམས་ལེ་ལོ་མ་མཛད་པར། །ཉོན་མོངས་འཇོམས་བྱེད་ཆོས་ཀྱི་འཁོར་ལོ་ཆེ། །གདུལ་བྱའི་སྐལ་བ་དང་འཚམས་བསྐོར་བར་བསྐུལ། ༧༠། ཐུགས་རྗེ་ཆེན་པོས་འཇིག་རྟེན་དུས་དྲུག་གཟིགས། །རྩོད་ལྡན་གདུལ་འགྲོ་ཡལ་བར་དོར་ཡང་བཟོད། །འཁོར་མཐའ་མ་སྟོང་བར་དུ་མྱ་ངན་ལས། །མི་འདའ་བཞུགས་པར་གསོལ་བ་ལྷང་ལྷང་འདེབས། ༧༡ །བདག་གིས་བསོད་ནམས་ཚོགས་ཕྱིར་བསྔགས་བརྗོད་ཀྱི། །འབད་འབྲས་མི་བསླུ་ཡེ་ཤེས་ཚོགས་ཆེན་རྫོགས། །སྐུ་གཉིས་འབྱོར་པས་འགྲོ་བའི་དོན་བགྱིད་སླད། །བླ་མེད་རྫོགས་པའི་བྱང་ཆུབ་ཕྱིར་ཡང་བསྔོ། ༧༢ །གནས་སྐབས་སུ་ཡང་ནག་པོའི་རྩ་ལག་གི། །བདག་འབྲས་མངོན་གྱུར་ཡིད་ཀྱི་བསྲུབས་ཤིང་དེའི། །བྱེད་ལས་རྩུབ་མོས་ཉམས་ཉེས་ཡངས་པའི་ཁྱོན། །བྱམས་པའི་རུ་མཚོན་གཅིག་གིས་སྲུང་གྱུར་ཅིག ༧༣། མཐར་ཐུག་ཐུབ་བསྟན་རྒྱ་མཚོའི་གོས་ཅན་གཞིར། །ཡོངས་ཁྱབ་གྲུབ་མཐའི་རང་ཚུལ་མ་འདྲེས་གཟུགས། །སྙིགས་ལྔའི་ཐིབ་བུས་མོག་པོར་བསྒྱུར་དེ་ལའང་། །བདེན་དཔང་ཚད་མའི་ཁྲུས་ཀྱི་རིལ་བ་སྒྲེངས། ༧༤ །ཡང་དག་ལམ་གྱི་བཤེས་བྲལ་དམུས་ལོང་ཚོགས། །དམན་ལམ་འཕྱན་པར་དགེ་བཅུའི་དམིགས་བུ་བརྟེན། །གཏན་བདེའི་ཞིང་སར་དབུགས་དབྱུང་ཚངས་གནས་བསྙེགས། །ཕར་ཕྱིན་དྲུག་གི་གོམ་སྟབས་མི་ལྷོད་ཤོག ༧༥། གསེར་སྦྱངས་གཏན་པ་ཕྱིས་འདྲའི་ལྷུན་པོ་ལ། །ཉི་འབུམ་གཟི་ཡིས་འཁྱུད་ལ་རྒྱལ་སྐུའི་འོད། །འཕོས་པས་ས་འོག་མུན་པའི་ཚོགས་ཀྱང་བཅོམ། །ཕན་བདེའི་འདབ་བརྒྱ་བཞད་པའི་བཀྲ་ཤིས་ཤོག །དེ་ལྟར་བདག་ཅག་གི་སྟོན་པའི་ཡོན་ཏན་རྗེས་དྲན་གྱི་བསྔགས་པ་ངོ་མཚར་ནོར་བུའི་དོ་ཤལ་ཞེས་བྱ་བ་འདིའང་རང་རེའི་མེས་པོ་གནས་ལྔ་རིགས་པའི་པཎྜི་ཏ་ཆེན་པོ་སྒྲ་དབྱངས་ཟླ་བ་འཆི་མེད་ལང་ཚོ་མཆོག་ཏུ་རྒྱས་པའི་སྡེའི་གསུངས་ལ་གཞིར་བྱས་ཏེ། ཤཱཀྱའི་དགེ་ཚུལ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའི་སྡེས་རང་གནས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་གཟིམས་སྤྱིལ་འཆི་མེད་འོད་སྣང་དུ་སྦྱར་བ་འདིས་ཀྱང་རྒྱལ་ཁམས་ཐམས་ཅད་དུས་ཀྱི་འཁྲུག་པ་ཞི་ཞིང་རིས་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ནུབ་ཡུན་དུ་དར་ཞིང་རྒྱས་ལ་བརྟན་པའི་རྒྱུར་གྱུར་ཅིག། །།

བདེ་བར་གཤེགས་པའི་མཛད་པ་བཅུ་གཉིས་ལ་མདོ་ཙམ་བསྔགས་པ་གསེར་གྱི་པད་མོ་རབ་ཏུ་རྒྱས་པ་རིན་པོ་ཆེའི་འཁྲི་ཤིང་།

༄༅། །བདེ་བར་གཤེགས་པའི་མཛད་པ་བཅུ་གཉིས་ལ་མདོ་ཙམ་བསྔགས་པ་གསེར་གྱི་པད་མོ་རབ་ཏུ་རྒྱས་པ་རིན་པོ་ཆེའི་འཁྲི་ཤིང་ཞེས་བྱ་བ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གི་ཐུགས་ནི་སྙིང་རྗེའི་དབང་གྱུར་བསྐལ་པ་བྱེ་བ་སྟོང་དག་ཏུ། །འགྲོ་ལ་ཕན་པ་རྒྱ་ཆེན་སྒྲུབ་མཛད་རྩོད་པའི་དུས་འདིར་བྱང་ཆུབ་ནས། །ཕས་རྒོལ་ཚར་བཅད་ཐེག་གསུམ་དམ་ཆོས་སེང་གེའི་སྒྲ་དབྱངས་ཆེར་བསྒྲགས་པ། །འཇིག་རྟེན་གསུམ་མགོན་ཐུབ་པ་མཆོག་གི་ཞབས་ལ་མགོ་བོས་ཕྱག་བྱས་ནས། ༡ །ཕྱོགས་བཅུའི་འདྲེན་པ་སྲས་དང་བཅས་པས་གང་གི་བསྔགས་བརྗོད་དབྱར་གྱི་རྔ། །ཆོས་ཀྱི་དབྱིངས་ཀུན་ཁྱབ་པར་སྒྲོགས་ལས་ཆ་ཙམ་ཐོས་འཛིན་དཔྱིད་སོན་པས། །རབ་ཏུ་དགའ་བའི་བདག་བློ་རྨ་བྱ་དད་བརྒྱའི་སྤུ་ལོང་གཡོ་བཞིན་དུ། །ངོ་མཚར་བཅུ་གཉིས་མཛད་པའི་བསྟོད་དབྱངས་ཟློས་གར་ཅིར་ཡང་བསྒྱུར་ལ་སྤྲོ། ༢ །བྱང་ཆུབ་སྤྱོད་པའི་ཆ་ཤས་ཡོངས་གང་དམ་པ་ཏོག་དཀར་རི་བོང་འཛིན། །རྒྱལ་སྲས་རྒྱུ་སྐར་ཕྲེང་བའི་དབུས་མཛེས་དགའ་བ་བརྒྱ་ལྡན་ཀུན་གསལ་ངོགས། །དམ་ཆོས་བདུད་རྩིའི་འོད་དཀར་འབུམ་ཕྲག་ཆེས་ཆེར་སྤྲོས་པའི་དཔལ་ཡོན་གྱིས། །རྣམ་སད་ཀུ་མུ་ད་ཡི་ཕྲེང་ཚོགས་ཐལ་གྲོལ་ཀེ་སར་དགོད་པར་གྱུར། ༣། གང་གི་དགྱེས་སྤྱན་འཛུམ་པའི་མདའ་རྣོན་རྣམ་ལྔའི་འབེན་ལ་ཆགས་པ་དང་། །ཆབས་ཅིག་བརྩེ་ཆེན་ཐུགས་རྗེའི་སྤྲིན་ཕུང་གདུལ་བྱའི་ཞིང་ལ་གཡོ་བ་ཡིས། །འདུས་པའི་ཚོགས་རྣམས་དབུགས་དབྱུང་སེང་གེའི་སྒྲ་བསྒྲགས་མ་ཕམ་མགོན་པོའི་དབུར། །རིན་ཆེན་ཅོད་པཎ་བཅིངས་དང་རྒྱལ་ཚབ་མཆོག་ཏུ་མངའ་གསོལ་ལྷན་ཅིག་བྱས། ༤ །ཟླ་གཞོན་བྱེ་བ་བཞུས་པའི་ཁུ་བས་བྱེད་པོས་ལན་སྟོང་བྱུག་པ་ལྟའི། །མཆེ་བ་དྲུག་ལྡན་གཉིས་འཐུང་ཟོལ་གྱིས་ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ནས། །དྲི་མེད་མངལ་རྒྱ་བཻཌཱུར་གཙང་མར་སྒྲིབ་བྲལ་ངོ་མཚར་མཚན་དཔེའི་སྐུ། །ཞབས་ཟུང་རྡོ་རྗེའི་མདུད་པ་ལེགས་བསྐྱིལ་འགྲོ་མང་ཐེག་གསུམ་ལམ་བཀོད་མཚར། ༥ །དད་བརྒྱའི་བདུད་རྩིས་རབ་མྱོས་བྱེད་པོས་སྟོང་གསུམ་ཟིལ་དངར་རོ་བཅུད་འབུམ། །གཅིག་ཏུ་བསྡོམས་པའི་སྲི་ཞུས་འགྲོ་བའི་བླ་མ་བསྙེན་ལ་མི་མཚར་ཡང་། །བསོད་ནམས་བྱེ་བ་འབུམ་གྱིས་བསྐྲུན་པའི་གང་སྐུ་ཟླ་བཅུར་འཛིན་ནུས་པའི། །བསགས་པ་མཆོག་གྱུར་ཡུམ་གྱི་ལྟོ་བ་མཆོག་དེ་ཨེ་མ་བསྔགས་པར་འོས། ༦ །གློ་གཡས་རྩིབ་མའི་སྤྲིན་དཀར་གསེབ་ལས་མཛེས་སྐུ་སྔོན་མེད་ཉིན་མོར་བྱེད། །འགྲོ་བསོད་ཡངས་པའི་མཁའ་ལ་མངོན་སྣང་ཕན་བདེའི་སྣང་བ་འབུམ་ཕྲག་གིས། །གྲོང་ཁྱེར་དྲུག་གི་སྡུག་བསྔལ་མུན་ཚོགས་ཆེས་ཆེར་བསལ་དང་ཆབས་ཅིག་པར། །ལྷ་ཀླུ་འཇིག་རྟེན་སྐྱོང་བ་རྣམས་ཀྱི་གཙུག་གི་ནོར་བུས་ཞབས་ལ་གཏུགས། ༧། དགེ་ལེགས་ཚོགས་གཉིས་བྱེ་བའི་ཚོང་ཟོང་གིས་བསྐྲུན་རྒྱལ་མཆོག་ཡིད་བཞིན་དབང་། །སྲིད་ན་མངོན་སྣང་སྐྱེ་དགུའི་རྒུད་པའི་དབུལ་བ་མ་ལུས་སེལ་ལོ་ཞེས། །ཡ་མཚན་རྨད་བྱུང་གྲགས་པའི་ཕྲེང་བ་རབ་འབྱམས་ཞིང་ན་སྒྲོགས་སླད་དུ། །ངོ་མཚར་མཚན་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཅིག་ཅར་དགོད་པ་བཞིན། ༨ །བསྙེངས་བྲལ་མཁས་པ་སེང་གེ་ལྟར་གཤེགས་དབུགས་དབྱུང་ངོ་མཚར་སྒྲ་བསྒྲགས་ཚེ། །དོན་ཀུན་གྲུབ་པ་རྒྱལ་བའི་སྲས་ཀྱི་གྲགས་པའི་ཕྲེང་བས་ཆོས་དབྱིངས་ཀུན། །ཁྱབ་པར་དཀྲིགས་པའི་དགེ་མཚན་ཤིན་ཏུ་ལྕི་བའི་ཁུར་གྱིས་དུབ་པ་ཡི། །ཆུ་གཏེར་བཞི་ཡི་སྐ་རགས་ལེགས་བཅིངས་ནོར་འཛིན་འཁུན་བཅས་འདར་བ་འདྲ། ༩ །གང་གི་མཐུ་ཡིས་གཏུམ་པོ་རྣམས་ཀྱང་ཐུབ་པ་བཞིན་དུ་ཞི་གྱུར་ཅིང་། །ཤཱཀྱ་འཕེལ་བྱེད་གནོད་སྦྱིན་གཙུག་ནོར་ཞབས་སེན་མཛེས་པའི་རྒྱན་གྱུར་ཚེ། །དཀའ་ཐུབ་གྲུབ་པ་ཉོན་མོངས་མེད་ཀྱི་འབྱུང་འགྱུར་བསྔགས་པའི་ཨུཏྤལ་ཕྲེང་། །ཆེས་ཆེར་འཐོར་བྱས་དེ་ཡི་ལྕེ་ཡང་བསྐལ་པ་བཟང་གྱུར་དོན་ལྡན་ཉིད། ༡༠ །ཤེས་བྱའི་ཆུ་ཀླུང་བྱེ་བ་ཕྲག་བརྒྱ་ཐུགས་མཚོར་རོ་གཅིག་བསྡོམས་བྱས་རྒྱུས། །སྔོན་མེད་བཟོ་དང་སྒྱུ་རྩལ་འབུམ་གྱི་གཏེར་ཁ་གསར་བཞད་རྣམ་དཔྱོད་ཀྱིས། །དྲེགས་ལྡན་སྐྱེ་ཤིང་བརྒྱ་ཡི་ཁེངས་པའི་ཡལ་འདབ་ས་ལ་བསྙིལ་བ་ལ། །རྒྱུ་སྐར་ཕྲེང་བས་ཡོངས་མཛེས་སྔོ་བསངས་བུ་མོ་འཕྱ་བས་དགོད་པ་འདྲ། ༡༡། གང་ཞིག་སྟོན་མཚན་དྭངས་པའི་མཁའ་ལ་རྒྱུ་སྐར་ཁྲོད་ན་ཟླ་བ་བཞིན། །བརྒྱད་ཁྲི་བཞི་སྟོང་བཙུན་མོའི་འཁོར་གྱིས་མཆོད་ལ་རྩེ་ཞིང་རོལ་བ་གང་། །འཆི་མེད་དབང་པོའི་འདུན་ས་དག་དང་མཚུངས་མོད་འདི་ཡི་ཡོན་ཏན་གྱིས། །འཁོར་རྣམས་བྱང་ཆུབ་མཆོག་ལ་ཡོངས་སུ་སྨིན་པར་མཛད་དེས་ཁྱད་པར་བྱས། ༡༢ །རྣམ་བཞིའི་གཟིགས་པ་མ་ལ་ཡ་ལས་ལེགས་འོངས་དྲི་ཡི་བཞོན་པ་ཡིས། །སྔོན་སྨོན་ཐུགས་བསྐྱེད་བཙན་པོའི་བ་དན་གཅིག་ཏུ་བསྐུལ་བའི་དགེ་མཚན་གྱིས། །འགྲོ་ཀུན་སྲིད་པའི་ཆུ་གཏེར་ལས་སྤྲོས་སྔོན་མེད་རིན་ཆེན་གྲུ་གཟིངས་མཆོག །སྒྲ་མེད་མི་གཡོ་ཞི་བའི་ནགས་སུ་མངོན་དུ་གཤེགས་ལ་ཕྱོགས་པར་གྱུར། ༡༣ །ཤཱཀྱ་རྣམས་ཀྱིས་ངལ་བརྒྱས་སྲིད་ན་འཆིང་བའི་ཆོ་ག་མངོན་བརྩམ་ཡང་། །བསྐལ་མང་ཚོགས་གཉིས་འབྲས་བཟང་དུས་སུ་སྨིན་ལ་སུ་ཡིས་འགོག་པར་ནུས། །གཟའ་བྲལ་རྒྱུ་སྐར་ཁྲོད་ན་ཟླ་བཞིན་རྣམ་པ་དབྱེ་བས་ཡོངས་བསྐོར་ཏེ། །མཁའ་ངོས་འཇའ་སྤྲིན་ལམ་ལས་རྣམ་དག་དྲུང་གི་ས་གཞིར་གཤེགས་པར་གྱུར། ༡༤ །མཁའ་ལྟར་སྔོ་བའི་རལ་གྲིས་སྟང་ཟིལ་མདངས་འཕྲོག་དབུ་སྐྱེས་ཆུན་པོ་དང་། །ཆབས་ཅིག་སྲིད་རྩ་གཟུང་འཛིན་འཆིང་བའི་དྲྭ་བ་མ་ལུས་བཅད་བྱས་ནས། །གསེར་སྦྱངས་ཐགས་སུ་བསྐྲུན་པའི་རྣམ་གསུམ་ཆོས་གོས་གསར་པའི་བགོ་བ་དང་། །ཉེས་ཚོགས་ཚད་གཞིལ་ཚུལ་ཁྲིམས་གཙང་མའི་རྒྱན་མཆོག་གསོལ་བ་ལྷན་ཅིག་མཛད། ༡༥ །བླུན་པོ་དག་གི་ཚེ་གང་སྒྲུབ་པའི་ཏིང་འཛིན་འཆིང་བུའི་འཕྲེང་བ་དག །མཁས་པས་ཡུད་ཀྱིས་བདག་གིར་མཛད་ནས་ནཻརཉྫནའི་ཀླུང་ངོགས་སུ། །ཤིན་ཏུ་རྣམ་དཀའི་དཀའ་ཐུབ་ལོ་དྲུག་སྤྱད་དང་འགྲོལ་བར་མཛད་པར་ཡང་། །མཐའ་གཉིས་སྤངས་པའི་ལམ་ལ་འགྲོ་རྣམས་བཀོད་སླད་ཐབས་མཁས་མཛད་པ་ལགས། ༡༦ །སྔོན་རབས་དུས་ནས་བསོད་ནམས་ལ་གུས་ཞིང་བའི་བུ་མོས་འོ་ཐུག་གི། །བསྙེན་བསྐུར་སྟོབ་པའི་དགེ་མཚན་གཟི་ཡིས་གསེར་སྦྱངས་བརྟན་པ་འཕྲོག་པའི་སྐུ། །ཕུལ་བྱུང་མཚན་དཔེའི་རི་མོ་བརྒྱ་དང་བཅུ་གཉིས་ཀུན་ནས་སྣང་བའི་དཔལ། །ཕན་ཚུན་ལང་ཚོའི་དྲེགས་པས་འགྲན་པ་བཞིན་དུ་ལྷན་ཅིག་སྒེག་པར་གྱུར། ༡༧ །མི་བསྐྱོད་སྟབས་སོགས་ལྔ་བཅུ་གཅིག་གིས་བྱང་ཆུབ་སྙིང་པོ་ལ་གཤེགས་ཚེ། །ས་ཆེན་འཇིག་རྟེན་སྙན་པའི་སྒྲར་བཅས་ཚངས་དང་དབང་པོས་མཆོད་གྱུར་ཅིང་། །ཀུན་ཕན་ཐུགས་རྗེའི་འོད་ཀྱིས་འགྲོ་ལ་དབུགས་དབྱུང་མཆོག་སྩལ་ཀུ་ཤིའི་ཁྲིར། །བསྙེངས་བྲལ་སེང་གེ་ལྟར་འགྱིང་དམ་བཅའི་སྲོག་ཤིང་གཅིག་ཏུ་བརླིང་བར་མཛད། ༡༨ །དེར་ནི་མི་བསྲུན་འཇིགས་གཟུགས་ཁོང་ནས་མེ་འབར་ལྟས་ངན་སྒྲ་དང་བཅས། །གདུག་པའི་མཚོན་ཐོགས་སྲིད་གསུམ་གཡོ་བྱེད་གཡོན་ཅན་བདུད་སྡེའི་དཔུང་ཚོགས་ཀྱིས། །ངལ་བརྒྱས་སྒྲུབ་པའི་ལོག་སྦྱོར་མཐའ་དག་བྱམས་ཆེན་གོ་ཆས་རབ་གཞིལ་ནས། །བདེན་ཚིག་མཐུ་ཡིས་ས་ལྷས་རབ་བསྔགས་འདོད་ལྷའི་རེ་བ་འབྲས་མེད་བྱས། ༡༩ །སྐྱེས་བུ་ཁྱུ་མཆོག་ཁ་ལོ་བསྒྱུར་དེས་འཕགས་པའི་ཡེ་ཤེས་སྟོབས་བསྐྱེད་པས། །བསམ་གཏན་བདེན་བཞི་རྟེན་འབྲེལ་རིམ་གཟིགས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །དེ་ཡི་མཚན་མོ་དག་དང་ལྷན་ཅིག་ཤེས་སྒྲིབ་བག་ཉལ་ཟད་བྱས་ཏེ། །བླ་མེད་ཡང་དག་རྫོགས་པའི་བྱང་ཆུབ་བདུད་རྩི་མཆོག་དེ་གསོལ་བར་གྱུར། ༢༠ །ས་ཆེན་འཇིག་རྟེན་རྣམ་དྲུག་གཡོ་བའི་གོམ་སྟབས་དང་འགྲོགས་ཀུན་གསལ་ངོགས། །ཉི་ལྟར་རྣམ་མཛེས་ས་གསུམ་བླ་མས་ཆེད་དུ་བརྗོད་པའི་དབྱངས་སྒྲོགས་ལ། །ཕྱོགས་བཅུའི་འདྲེན་པས་ཤིས་པའི་མེ་ཏོག་དང་བཅས་མངོན་པར་དབང་བསྐུར་ཚེ། །བདུད་རྩིའི་ཟས་ཅན་རྣམས་ཀྱིས་རབ་མཆོད་སྐལ་བཟང་མིང་འདི་དོན་ལྡན་བྱས། ༢༡ །རབ་དཀར་བསོད་ནམས་ཤིང་རྟས་སྲིད་པ་གསུམ་གྱི་བླ་ན་མངོན་མཐོ་བའི། །གདོང་བཞི་པ་དང་ཤིས་བརྗོད་ཉན་གྱི་ཕུལ་བྱུང་མཆོད་པའི་སྤྲིན་བཀོད་ནས། །ཡང་ཡང་དམ་ཆོས་བདུད་རྩིའི་སྨན་མཆོག་འགྲོ་ལ་སྩོལ་བར་གསོལ་བཏབ་མཐར། །བརྩེ་བས་ཞལ་བཞེས་ངོ་མཚར་སེང་གེའི་སྒྲ་ཡིས་སྲིད་གསུམ་དགའ་བར་མཛད། ༢༢ །སྡུག་བསྔལ་གསུམ་གྱི་ནད་ཀྱིས་མནར་བའི་འགྲོ་ལ་བརྩེ་བས་རྗེས་དགོངས་ཏེ། །ཀུན་འབྱུང་ལས་ཉོན་རྩད་ནས་གཞོམ་བྱེད་ལམ་བདེན་སྨན་གྱི་མཆོག་སྩོལ་བས། །འགོག་པ་མངོན་གྱུར་འཕགས་བཞིའི་ཕྲེང་བས་ས་འདིར་དཀོན་མཆོག་གསུམ་གྱི་མཚན། །ཐོག་མར་གསལ་བྱས་རྨད་བྱུང་ཆོས་ཀྱི་གཎྜཱིའི་སྒྲ་དབྱངས་ཆེར་བསྒྲགས་སོ། ༢༣ །སྟོབས་མཆོག་སྟོབས་ཀྱིས་སྟོན་པ་དྲུག་སོགས་ཕས་ཀྱི་རྒོལ་ཀུན་ཚར་བཅད་ནས། །མ་སྨིན་སྨིན་དང་ཡོངས་སུ་སྨིན་གྱུར་གདུལ་བྱ་རྒྱ་མཚོར་ཐུགས་བརྩེ་བས། །རིམ་གསུམ་ཆོས་འཁོར་མཆོག་བསྐོར་འགྲོ་ཚོགས་བྱང་ཆུབ་གསུམ་གྱི་འབྲས་བཟང་ལ། །མངོན་པར་སྦྱོར་དེས་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་མ་ལུས་རྫོགས་པར་མཛད། ༢༤ །ཆོས་ཀྱི་དབང་ཕྱུག་འཆི་བདག་བདུད་བཅོམ་སྐྱེ་འཇིག་མཚན་མ་དང་བྲལ་ཡང་། །རྟག་ལྟ་འདུལ་ཕྱིར་བརྒྱད་ཅུའི་ལོ་ལ་ཆོས་དབྱིངས་ཞི་བར་གཟིམས་ནས་སླར། །ཐུགས་ལས་རང་བྱུང་ཡེ་ཤེས་མེ་ཡིས་གཟུགས་སྐུའི་སྙིགས་མ་སྦྱངས་པ་ལས། །ངོ་མཚར་རིང་བསྲེལ་ཕུང་པོ་རྗེས་འཇུག་དད་པའི་རྟེན་དུ་བཞག་ཕྱག་འཚལ། ༢༥ །དེ་ལྟར་མཚུངས་མེད་ཐུབ་པའི་མཛད་བཟང་མཁའ་ལྟར་རྒྱ་ཆེ་གཏིང་ཟབ་པ། །ཚུལ་མཐོང་བྱིས་བློས་གཞལ་བྱ་མིན་ཡང་བདག་བློ་དད་པ་འཕེལ་བའི་རྒྱུས། །ཆ་ཙམ་བརྗོད་ལས་བསོད་ནམས་ཉུང་ཟད་དེ་རིང་བདག་གི་ཐོབ་པ་འདིས། །འགྲོ་རྣམས་སྒྲིབ་གཉིས་འཆིང་བའི་དྲི་བྲལ་ཀུན་མཁྱེན་ཡེ་ཤེས་མངོན་བྱེད་ཤོག །བཀྲ་ཤིས་དཔལ་མངའ་སྲས་བཅས་རྒྱལ་བའི་ཐུགས་རྗེའི་ཆུ་འཛིན་ལྷུན་སྟུག་ལས། །བཀྲ་ཤིས་དགེ་མཚན་བྱེ་བའི་བདུད་རྩིའི་ཆར་རྒྱུན་ཆིལ་ཆིལ་འབེབས་པ་ཡིས། །བཀྲ་ཤིས་ཕུན་ཚོགས་བསྟན་འགྲོའི་བདེ་སྐྱིད་པད་ཚལ་མཆོག་ཏུ་བཞད་པ་དང་། ༢༦ །བཀྲ་ཤིས་དཔལ་གྱིས་ཕྱོགས་དུས་ཀུན་ཁྱབ་རྟག་བརྟན་ལྷུན་གྲུབ་ཆེན་པོར་ཤོག ༢༧ །དེ་ལྟར་བདག་ཅག་གི་སྟོན་པའི་མཛད་པའི་ཚུལ་ལ་མདོ་ཙམ་བསྔགས་པའི་རབ་ཏུ་བྱེད་པ་འདིའང་ཤཱཀ་བཙུན་རྨོངས་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་དད་པ་རྣམ་པར་འཕེལ་བའི་ངག་གིས་བརྗོད་པ་སྟེ། འདིས་ཀྱང་འགྲོ་ཀུན་རྒྱལ་བ་མཆོག་གི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།
༄༅། །ༀ་སྭསྟི། དྲི་མེད་གསེར་སྦྱངས་སྙིང་པོའི་ལྷུན་པོ་ལ། །གཟི་ལྡན་ཉི་མ་སྟོང་གིས་འཁྱུད་པ་བཞིན། །མཚན་དཔེའི་གཟི་བརྗིད་ཀུན་ནས་ལྷམ་མེ་བ། །ཤཱཀྱའི་སྲས་པོ་མཆོག་ལ་ཕྱག་འཚལ་ལོ། །འཛམ་གླིང་འགྲོ་ལ་བརྩེ་བས་རྗེས་དགོངས་ཏེ། །དགའ་ལྡན་གནས་ནས་གླང་ཆེན་ཚུལ་གྱིས་གཤེགས། །སྒྱུ་འཕྲུལ་ལྷུམས་སུ་ངོ་མཚར་མཛད་པ་སྐྱོང་། །ལུམ་བིའི་ཚལ་དུ་མཚན་དཔེའི་དཀྱིལ་འཁོར་ངོམ། །སྒྱུ་རྩལ་དྲུག་ཅུས་དྲེགས་ཚོགས་ཁེངས་པ་བསྙིལ། །སུམ་ཁྲི་དྲུག་སྟོང་བཙུན་མོའི་འཁོར་ལ་རོལ། །ངེས་འབྱུང་རྐྱེན་གྱིས་ཞི་བའི་ནགས་སུ་གཤེགས། །ནཻ རཉྫནར་མཁའ་ཁྱབ་ཏིང་འཛིན་བསྒོམ། །རྡོ་རྗེ་གདན་དུ་མི་གཡོའི་དམ་བཅའ་བརྟན། །བྱམས་པའི་མཚོན་ཆས་བདུད་སྡེའི་གཡུལ་ངོ་བཅོམ། །བྱང་ཆུབ་ཞི་བའི་བདུད་རྩི་མངོན་མཛད་ནས། །རིམ་གསུམ་ཆོས་ཆར་གདུལ་བྱའི་ཞིང་ལ་དབབ། །ཆོ་འཕྲུལ་ཆེན་པོས་ཕས་རྒོལ་ཚར་བཅད་ནས། །རྟག་ལྟ་འདུལ་སླད་ཞི་བའི་དབྱིངས་གཟིམས་ཏེ། །སྐུ་གདུང་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་མཚུངས་མེད་ཐུབ་པའི་མཛད་པའི་ཕྲེང་། །དད་པའི་ངག་གིས་བསྔགས་ཤིང་གསོལ་བཏབ་མཐུས། །ཚེ་རབས་ཕྲེང་བར་རྒྱལ་བས་རྗེས་བཟུང་སྟེ། །ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ཤོག །བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །སོགས་ནས། འགྱུར་བར་ཤོག །ཅེས་པ་འདི་རབ་ཚེས་མེ་བྱ་གསར་འཆར་གྱི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་གི་ཐོ་རེངས་ཆར་ཉིས་འཁྲུལ་དུ། རྒྱལ་དང་རྒྱལ་སྲས་དུ་མར་བསྔགས་བརྗོད་ཀྱི་ཕྲེང་བ་སྤེལ་བའི་ནང་ནས་འདི་ཉིད་ཀྱི་ཚིག་དོན་མ་བསྙེལ་བར་ཡིད་ལ་ངེས་པར་འདུག་པས་དེ་འཕྲལ་ཡི་གེའི་རིས་སུ་སྤེལ་བ་ནི་ཤཱཀ་བཙུན་པདྨ་རྣམ་རྒྱལ་ཏེ་འདིས་ཀྱང་འགྲོ་ཀུན་རྒྱལ་བ་མཆོག་གི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།

བདེ་བར་གཤེགས་པའི་མཛད་པ་ལ་མདོ་ཙམ་བསྔགས་པ་ཡོན་ཏན་རྒྱ་མཚོའི་རླབས་ཕྲེང་།

༄༅། །བདེ་བར་གཤེགས་པའི་མཛད་པ་ལ་མདོ་ཙམ་བསྔགས་པ་ཡོན་ཏན་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ། ༀ་སྭ སྟི་སིདྡྷི། རླབས་ཆེན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །ཉེར་འཁྲུངས་མཁྱེན་བརྩེ་ནུས་པའི་ཆ་རྫོགས་ཤིང་། །ཕྲིན་ལས་འོད་སྟོང་སྐྱེ་དགུ་པདྨའི་གཉེན། །ཀུན་མཁྱེན་ཤཱཀྱ་སེང་གེ་ལ་ཕྱག་འཚལ། །ཤེས་རབ་ཟབ་མོས་སྲིད་མཚོ་བརྒལ་ཟིན་ཀྱང་། །སྙིང་རྗེ་ཆེན་པོས་འགྲོ་ལ་རྗེས་ཆགས་གར། །གཟིགས་པ་རྣམ་ལྔས་དགའ་ལྡན་ལྷ་ཡུལ་ནས། །འཕོ་མཛད་དམ་པ་ཏོག་དཀར་ལ་ཕྱག་འཚལ། །ཉེས་པའི་དྲི་བྲལ་གངས་རི་ལྟར་དཀར་ལུས། །ཕྱིན་དྲུག་མཆེ་རྫོགས་གཉིས་འཐུང་གཞོན་ནུ་ཡི། །རྣམ་པས་ས་ཟླའི་འཕེལ་ཕྱོགས་བཅོ་ལྔའི་ཉིན། །ལྷ་མོ་སྒྱུ་ཕྲུལ་ལྷུམས་སུ་ཞུགས་ཕྱག་འཚལ། །ལུམྦི{མྦཱ}འི་ཚལ་དུ་གློ་གཡས་སྤྲིན་གསེབ་ལས། །ངོ་མཚར་མཚན་དཔེའི་རྟ་ལྗང་གསལ་བའི་མོད། །ས་གསུམ་དགེ་ལེགས་སྣང་བས་ཁྱབ་མཛད་པའི། །ལྷ་ཡི་ལྷར་གྱུར་དོན་ཀུན་གྲུབ་ཕྱག་འཚལ། །སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ང་རོ་ཡིས། །ཤཱཀ་རིགས་དྲེགས་ལྡན་མྱོས་པའི་གཉིས་འཐུང་སྟོང་། །ཁེངས་པའི་སྣ་ལྗགས་ས་ལ་བསྙིལ་མཛད་པའི། །སྐྱེས་མཆོག་མི་ཡི་སེང་གེ་ལ་ཕྱག་འཚལ། །འདམ་ལས་སྐྱེས་པའི་པདྨ་ཇི་བཞིན་དུ། །སྲིད་ན་གནས་ཀྱང་ཉེས་པའི་དྲི་བྲལ་བའི། །རྒྱལ་སྲས་མཆོག་དེས་ས་མཚོ་གྲགས་འཛིན་སོགས། །བཙུན་མོའི་འཁོར་ལ་དགྱེས་རོལ་མཛད་ཕྱག་འཚལ། །སྔོན་སྨོན་ཐུགས་བསྐྱེད་བཙན་པོའི་གྲུ་གཟིངས་མཆོག །རྣམ་དག་གཟིགས་རྐྱེན་བཞི་ཡི་དྲི་བཞོན་གྱིས། །བསྐུལ་ལས་སྲིད་མཚོར་མ་ཆགས་རྣམ་གྲོལ་གྱི། །རིན་ཆེན་གླིང་དུ་གཤེགས་པར་མཛད་ཕྱག་འཚལ། །འགྲོ་ལ་བརྩོན་པས་བྱང་ཆུབ་སྒྲུབས་ཤིག་ཅེས། །ལེགས་པར་འདོམས་སླད་ཆུ་བོ་ནཻརཉྫར། །ལོ་དྲུག་དཀའ་བ་སྤྱད་པའི་བརྫུ་བག་གིས། །འོག་མིན་གནས་ནས་མངོན་བྱུང་མཛད་ཕྱག་འཚལ། །སྟོབས་ཀྱི་གླང་པོ་བྱང་ཆུབ་ཤིང་དབང་དྲུང་། །མངོན་གཤེགས་རྩྭ་མཆོག་ཀུ་ཤ་བསྣོལ་བའི་ཁྲིར། །སྐྱིལ་ཀྲུང་གཅིག་ལ་རྫོགས་བྱང་མངོན་བྱེད་པའི། །དམ་བཅའི་རི་བོ་བརྟན་ལ་ཕྱག་འཚལ་ལོ། །ཡིད་སྲུབ་སྡེར་བཅས་ཁྲོས་པའི་རུ་མཚོན་འབུམ། །བྱམས་ཆེན་གོ་ཆ་གཅིག་པུས་རབ་གཞིལ་ཚེ། །ས་ཡི་ལྷ་མོས་བདེན་གསོལ་བསྔགས་བརྗོད་ཀྱི། །པུཥྤེ་ཆར་དུ་བསྙིལ་ལ་ཕྱག་འཚལ་ལོ། །གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་སྒྲིབ་འཛིན་སྟངས་ལྷག་མེད་བཅོམ་པ་ལས། །ཟབ་ཞི་སྤྲོས་བྲལ་འོད་གསལ་སྙིང་པོ་ཡི། །བདུད་རྩི་མངོན་དུ་མཛད་ཚུལ་བསྟན་ཕྱག་འཚལ། །དཔག་ཡས་ཐུགས་རྗེའི་ཆུ་འཛིན་ལྷུན་སྟུག་པོ། །ཚངས་དབང་དབྱར་རྔའི་སྒྲ་ཡིས་བསྐུལ་བའི་རྒྱུས། །རིགས་ཅན་གསུམ་གྱི་གདུལ་བྱའི་ཞིང་ས་ལ། །ཐེག་གསུམ་ཆོས་ཆར་སྤྲོས་ལ་ཕྱག་འཚལ་ལོ། །ཆད་ལྟ་འདུལ་ཕྱིར་འཕགས་པའི་བདེན་པ་བཞི། །རྟག་ལྟ་སུན་འབྱིན་སྟོང་མཚན་སྨོན་པ་མེད། །ཡོངས་སུ་སྨིན་ལ་ངེས་དོན་སྙིང་པོ་ཡི། །ཆོས་འཁོར་རིམ་གསུམ་བསྐོར་ལ་ཕྱག་འཚལ་ལོ། །རྨད་བྱུང་ཆོ་འཕྲུལ་ཆེན་པོ་སེང་གེའི་སྒྲས། །མུ་ཅོར་སྨྲ་བའི་ཝ་ཚོགས་ཟིལ་མནན་ནས། །གདུལ་བྱ་རྒྱ་མཚོའི་རི་སྐྱེས་གཞོན་ནུའི་ཚོགས། །རྣམ་གྲོལ་གསུམ་ལ་འགོད་མཛད་ལ་ཕྱག་འཚལ། །ཆུ་སྣོད་མེད་ན་ཟླ་གཟུགས་མི་སྣང་བཞིན། །འགྲོ་བའི་བསོད་ནམས་རྗེས་འགྲོ་གཟུགས་ཀྱི་སྐུ། །འོད་གསལ་ཆོས་སྐུའི་ཀློང་དུ་བསྡུས་ནས་སླར། །སྐུ་གདུང་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །འགྲོ་ལ་ཕན་མཛད་ཐུབ་ཆེན་ལྷ་ཡི་ལྷ། །དེས་གསུང་འགོག་ལམ་གྱིས་བསྡུས་ལུང་རྟོགས་ཆོས། །རིག་གྲོལ་སྤོབས་པ་རྨད་བྱུང་དགེ་འདུན་སྡེར། །རྡུལ་སྙེད་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པའི་ཚོགས། །བདག་ལུས་ཕུང་ཁམས་དུས་གསུམ་དགེ་རྩར་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ཏེ་འབུལ། །བདག་གཞན་ཐོག་མེད་དུས་ནས་ད་ལྟའི་བར། །མི་ཤེས་བག་མེད་ཉོན་མོངས་དབང་གྱུར་པས། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་པར་བགྱི། །དགེ་ལེགས་ཕན་བདེ་ཀུན་གྱི་གཞིར་གྱུར་པའི། །འཕགས་དང་སོ་སོ་སྐྱེ་བོ་ཇི་སྙེད་ཀྱི། །ལེགས་སྤྱད་དགེ་བའི་དངོས་པོ་མཆིས་ཀུན་ལ། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་འབུལ། །སེམས་ཅན་ཁམས་ནི་ནམ་མཁའི་མཐའ་དང་མཉམ། །དེ་ཀུན་ལས་ཉོན་ནད་ཀྱིས་རབ་བཏབ་པས། །སྨན་པའི་རྒྱལ་རྣམས་བཏང་སྙོམས་མི་མཛད་པར། །ཐེག་གསུམ་དམ་ཆོས་སྨན་མཆོག་སྩལ་བར་མཛོད། །ཉམ་ཐག་དམན་པའི་འགྲོ་བ་ཡལ་བོར་ནས། །དག་པ་ས་བཅུའི་འཁོར་ལ་རྟག་གཟིགས་ནས། །འཕགས་པའི་ཐུགས་རྗེ་ཅི་འདྲ་ལགས་པ་དགོངས། །དེ་སླད་སྲིད་པ་ཇི་སྲིད་རྟག་བཞུགས་གསོལ། །འདིས་མཚོན་དུས་གསུམ་བྱས་བསགས་དགེ་ཚོགས་ཀུན། །འཁོར་གསུམ་དམིགས་པའི་མཚན་འཛིན་རིང་བཏང་ནས། །རྨད་བྱུང་ཐབས་ཤེས་ཟབ་མོའི་རྟེན་འབྱུང་གིས། །འོད་གསལ་ཆོས་དབྱིངས་ཀློང་དུ་བསྔོ་བར་བགྱི། །ཐུབ་བསྟན་ཡུན་གནས་བསྟན་འཛིན་ཞབས་བརྟན་ཞིང་། །བཤད་སྒྲུབ་སྡེ་རྒྱས་ཆོས་སྤྱོད་བྱ་བ་འཕེལ། །འགྲོ་ཀུན་ཐེག་ཆེན་ལམ་གྱི་སྣོད་གྱུར་ནས། །དོན་གཉིས་འདོད་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་བོད་ཡུལ་དབུས་ཀྱི་རྡོ་རྗེ་གདན་དཔལ་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་སྟོན་པའི་ཞལ་སྐྱིན་{རྐྱེན}ཇོ་བོ་རིན་པོ་ཆེའི་སྤྱན་སྔར། ཤཱཀྱའི་དགེ་ཚུལ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་གང་ཤར་གསོལ་བ་བཏབ་པ་སྟེ། འདིས་ཀྱང་འགྲོ་ཀུན་རྒྱལ་བ་མཆོག་གིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།

ཐུབ་དབང་ཆོ་འཕྲུལ་ཆེན་པོའི་ཚུལ་ལ་བསྔགས་པ་མི་འཇིགས་སེང་གེའི་ང་རོ།

༄༅། །ཐུབ་དབང་ཆོ་འཕྲུལ་ཆེན་པོའི་ཚུལ་ལ་བསྔགས་པ་མི་འཇིགས་སེང་གེའི་ང་རོ་བཞུགས། །ན་མཿསརྦཱ་ཛྙཱ་ཡ། སྟོབས་བཅུའི་མཚོན་ཆས་བདུད་བཞིའི་ཕྲུ་མ་མིང་མཐར་བྱས། །མི་འཇིགས་བཞི་ཡི་སེང་གེའི་སྒྲ་ཡིས་ས་གསུམ་ཁྱབ། །མ་འདྲེས་ཡོན་ཏན་མཁའ་བཞིན་མཚུངས་པ་མེད་པའི་སྐུ། །མཚན་དཔེའི་ཉི་མ་བརྒྱ་ཕྲག་རྟག་འབར་ཤཱཀྱའི་སྲས། །གང་གི་ཡོན་ཏན་མཁའ་དང་རབ་མཉམ་མཚོ་ཆེན་བཞིན། །ཤིན་ཏུ་ཟབ་གྱུར་བློ་ཆེན་གྱིས་ཀྱང་མཐོང་སྐར་གྱི། །ཉི་ཞུར་ཙམ་ལས་དཔོག་ནུས་མིན་ན་ཕལ་གྱིས་ཅི། །འོན་ཀྱང་དད་པའི་རྗེས་འབྲངས་ཆོ་འཕྲུལ་ཚུལ་ལ་བསྔགས། །ས་བདག་གསལ་རྒྱལ་གཙུག་ནོར་འོད་ཀྱི་པ་ཏྲ་ཡིས། །ཁྱོད་ཞབས་བསྙེན་ཚེ་ཚེམས་ཤིང་ལས་སྐྱེས་རྐང་འཐུང་དབང་། །དཔག་ཚད་ལྔ་བརྒྱར་ཁྱབ་གྱུར་སྐྱེ་བོ་ཚིམ་བྱེད་དཔལ། །འཆི་མེད་ལྗོན་པས་མཚོན་མིན་རང་ཉིད་དཔེ་ཟླར་བྱས། །ཨུ་དྲ་ཡཱ་ནའི་དད་བསོད་རྒྱལ་མཚན་རྩེ་མོ་རུ། །ཁྱོད་ཞབས་ནོར་བུའི་ཏོག་གིས་སྤ་ཚེ་གཡས་གཡོན་དུ། །རིན་ཆེན་རྡུལ་མང་བརྩེགས་པའི་ལྷུན་པོ་མཛེས་འབར་བས། །དགའ་བ་བརྒྱ་ལྡན་གྲོང་ཁྱེར་བྲིས་པའི་རི་མོར་བྱས། །ཤུཉྩ་ཡཱ་ནའི་ལེགས་བྱས་སྐྱ་རེངས་ཕོ་ཉ་ཡིས། །མི་མཆོག་ཉིན་བྱེད་མགྲོན་དུ་ཁུག་ཚེ་ཞབས་བསིལ་ཆབ། །རྫིང་བུར་ལེགས་འཁྲུངས་སྣ་ཚོགས་པདྨའི་འོད་ཟེར་འཕྲེང་། །དམར་པོ་མཆོག་གི་ཞིང་ཁམས་ས་འདིར་འཕོས་པ་བཞིན། །ཨིཎྜ་ཝ་ཎའི་བསོད་ནམས་ཟོང་གིས་ཁུག་པའི་ཚེ། །ཕྱོགས་བཞིར་ཡུར་བ་བརྒྱད་ལྡན་རིན་ཆེན་རྫིང་བུའི་སྒྲས། །ཐེག་ཆེན་ཆོས་དབྱངས་སྙན་པར་སྒྲོགས་པའི་དགེ་མཚན་དཔལ། །ཆ་ཙམ་མཚོན་མིན་འཆི་མེད་རྔ་སྒྲ་འཁུན་པར་ངེས། །བསོད་ནམས་བྱེ་བ་འབུམ་ལས་ལེགས་བསྐྲུན་གང་ཞལ་ལས། །ལེགས་འོངས་རྣམ་མང་འོད་ཀྱིས་རིག་པས་སྒྲིབ་པའི་མུན། །རབ་གཞིལ་ལུས་སེམས་བདེ་བས་ཁྱབ་པའི་ངོ་མཚར་གྱི། །དཔེར་འོས་སྲིད་ན་དབེན་པར་ཚངས་སྦྱིན་ལེགས་པར་རྟོགས། །གང་གི་མཐུ་ཡིས་འཁོར་གྱི་སེམས་ཅན་ཕལ་དག་ཀྱང་། །ཕན་ཚུན་སེམས་རྒྱུད་ལག་མཐིལ་རྫས་བཞིན་མངོན་གྱུར་ནས། །རབ་ཏུ་དགའ་བས་རྗེས་བསྔགས་སྨོན་པའི་འབྲས་བཟང་གིས། །ལི་ཙ་བི་རྣམས་སྲིད་པའི་འཆིང་ཐག་ཡུད་ཀྱིས་གྲོལ། །གང་དག་ཤཱཀྱའི་རིགས་སྐྱེས་འཁོར་གྱི་སྐྱེ་ཕལ་ཡང་། །རིན་ཆེན་བདུན་ལྡན་རྒྱལ་སྲིད་འབྱོར་པའི་ཁྱད་པར་གྱིས། །ལྕིད་ཀྱིས་ཡོངས་གནོན་ནོར་འཛིན་ཏི་མིར་བྱིང་དོགས་ནས། །ཁྱབ་འཇུག་ཕག་པའི་གཟུགས་ཀྱིས་བརྟེན་ལ་སོམ་ཉི་ཅི། །གང་ཞིག་སོར་རྩེའི་རྡུལ་ལ་དུས་མཐའི་ཐོར་རླུང་བཞིན། །གང་གི་མཐུ་ནི་དཔག་པར་ནུས་མིན་རྣམ་འཕྲུལ་ཆེས། །གང་དག་མུ་སྟེགས་ཝ་ཚོགས་ཕྱོགས་མཐར་འབྱེར་བྱེད་པ། །གང་ལ་བལྟ་ཕྱིར་བརྒྱ་བྱིན་མིག་སྟོང་སྤྲུལ་པར་ངེས། །མཚན་དཔེའི་འོད་ཟེར་སྟོང་གི་དྲྭ་བས་འཁྱུད་པའི་སྐུ། །སྔོན་མེད་གསེར་སྦྱངས་མཆོད་སྡོང་ཚངས་གནས་རྒྱན་གྱུར་ཚེ། །རིག་བྱེད་དྲན་པོས་གདོང་པ་བཞི་རུ་ལེགས་སྤྲུལ་ནས། །ཡང་ཡང་བལྟས་ཀྱང་ངོམས་པར་མ་གྱུར་ཨེ་མ་མཚར། །གང་ཞིག་སྲིད་རྩེར་ཁྱབ་པའི་སྐུ་ཡི་སྣང་བ་ཡིས། །ས་གསུམ་འཇིག་རྟེན་གསལ་བྱས་གསུང་གི་གསང་བ་ཆེས། །རྒྱལ་ཆེན་བཞི་སོགས་སྐྱེ་ཀུན་ཡོངས་སུ་སྨིན་མཛད་པའང་། །ཕྱོགས་གཅིག་གདུལ་བྱའི་ངོར་སྟེ་ཚད་གཟུང་སུ་ཡིས་ནུས། །ཡེ་ཤེས་སྐུ་ལས་ཟག་བཅས་གདོད་ལུས་མ་དམིགས་ཕྱིར། །འོད་ཀྱི་ཕུང་པོར་བཞུགས་ལ་ངོ་མཚར་མི་འཛིན་ཡང་། །བསོད་ནམས་བརྒྱ་ལས་གྲུབ་པའི་གང་སྐུ་མངོན་སུམ་དུ། །མཐོང་གྱུར་ཁྱིམ་བདག་ཟས་སྦྱིན་འདྲེན་བྱེད་བསྔགས་འོས་ཉིད། །ལྟེ་བའི་འོད་ཀྱིས་སྟོང་གསུམ་ཡོངས་ཁྱབ་པདྨའི་སྟེང་། །སངས་རྒྱས་རྣམས་བཞུགས་ཀུན་ཀྱང་དེ་སྙེད་སྟོན་བྱེད་མོད། །ཆོས་ཀྱི་དབྱིངས་སུ་ཐ་དད་གྲུབ་པ་རྡུལ་ཙམ་ཅི། །འོན་ཀྱང་ཁྱིམ་བདག་ཙིནྟའི་དལ་འབྱོར་འབྲས་ལྡན་བྱས། །མི་མཇེད་ཞིང་ཀུན་ཡོངས་ཁྱབ་འོད་མཆོག་ཉི་མ་ཡིས། །སྐྱེ་དགུའི་སྙིང་གི་མུན་སེལ་སྒྲིབ་གཉིས་བ་མོའི་ཚོགས། །ཅིག་ཅར་གཞོམ་པའི་དགའ་བ་འདི་མཚུངས་སླན་ཆད་དུ། །ཁྱོད་སྐུའི་འོད་ཀྱིས་རེག་ལས་གཞན་མིན་ཤུཉྩས་རྟོགས། །ས་ཡི་ཚངས་པ་ཨུ་དྲས་ལེགས་གཏོར་མེ་ཏོག་ཚོགས། །རིན་ཆེན་ཤིང་རྟར་ཉེར་གྱུར་སྟོང་གསུམ་ཁྱབ་པའི་དཔལ། །ཀུན་གྱིས་གསལ་མཐོང་བསྔགས་བརྗོད་སྤྲིན་གྱི་བླ་བྲེ་ཡིས། །མེ་ཏོག་གཞུ་ཅན་སྙིང་གི་དགའ་བ་ཟུམ་པར་བྱས། །རོ་བརྒྱ་ལྡན་པའི་ཟས་ཀྱིས་སྣོད་ཀུན་ཡོངས་བཀང་ཞིང་། །ཕྱག་མཐིལ་ས་ལ་བརྡབ་པས་སེམས་དམྱལ་གྲངས་མེད་ཚོགས། །སྲིད་པའི་དམ་བཅའ་རྡུལ་དུ་གཞིག་དང་ཆབས་ཅིག་པར། །གཟུགས་ཅན་སྙིང་པོ་རྣམ་གྲོལ་དཔལ་ལ་སྦྱོར་མཛད་རྨད། །དེ་ལྟར་མཚུངས་མེད་སྟོན་པའི་ཆོ་འཕྲུལ་མདོ་ཙམ་ཞིག །གུས་ལྡན་སྙན་ངག་མེ་ཏོག་ཆུན་པོས་མཆོད་པའི་རྒྱུས། །རིང་པོར་མི་ཐོགས་སྐྱོབ་པ་ཁྱོད་འདྲར་བདག་གྱུར་ཏེ། །ཆོ་འཕྲུལ་ཆེན་པོ་འཇིག་རྟེན་ཀུན་ན་སྟོན་བྱེད་ཤོག །སྐྱེ་སོགས་བྲལ་ཡང་འགྲོ་ལ་སྐྱེ་བའི་ཆོ་འཕྲུལ་སྟོན། །འགག་པ་མེད་ཀྱང་ཀུན་རྟོག་འགོག་བྱེད་ལམ་བདེན་ཆར། །འབད་སོགས་གཡོ་བའི་རྣམ་རྟོག་ཟད་ཀྱང་རྟག་འཇོ་བའི། །ས་གསུམ་བླ་མ་ཁྱོད་མཚུངས་འགྲོ་ལ་ཕན་བྱེད་ཤོག །བཀྲ་ཤིས་གང་ཞིག་ཐུབ་དབང་སྲས་ཀྱིས་བསྐོར་རྣམས་དང་། །དཀར་ཕྱོགས་ལྷ་ཀླུ་མཐུ་ལྡན་སྲུང་མའི་བདེན་བྱིན་གྱིས། །ནག་ཕྱོགས་གདུག་པའི་རྩུབ་འགྱུར་ཀུན་ཞི་ཕྱོགས་ཀུན་བདེ། །རྒྱལ་བསྟན་ཡུན་གནས་བསམ་ཀུན་འགྲུབ་པའི་དཔལ་སྩོལ་ཅིག །ཅེས་པའང་རབ་ཚེས་ལྕགས་ཁྱི་གསར་དུ་འཆར་བའི་ཆོ་འཕྲུལ་ཆེན་པོའི་དུས་ཚེས་དགེ་བར་བནྡེ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས་བྲིས་ཤིང་གསོལ་བ་བཏབ་པ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཕྱོགས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག། །།
༄༅། །ༀ་སྭསྟི་སིདྡྷཾ། རང་བཞིན་འོད་གསལ་ཆོས་དབྱིངས་འདུས་མ་བྱས། །གློ་བུར་སྒྲིབ་པའི་སྦུབས་རྒྱ་ལས་གྲོལ་བའི། །ཟག་མེད་ཡོན་ཏན་བགྲེས་རྒུད་བྲལ་བའི་དཔལ། །སྟོན་པ་ཐམས་ཅད་སྐྱོབ་ལ་ཕྱག་བགྱིའོ། །ཁྱོད་ནི་སྲིད་ཞི་ཀུན་ཁྱབ་ཡེ་ཤེས་ཆེ། །བརྟན་གཡོའི་དངོས་ཀུན་ཕྱག་རྒྱས་མ་བཏབ་སུ། །གཟུང་འཛིན་ཀུན་རྟོག་སྤྲོས་པའི་དྲྭ་བ་འབུམ། །སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཉིད་དུ་ཟླུམ། །མ་བརྟགས་ཉམས་དགའ་རྟེན་འབྱུང་སྒྱུ་མའི་གར། །བརྟགས་ཤིང་དཔྱད་ན་རྒྱུ་འབྲས་ངོ་བོས་སྟོང་། །སྣང་སྟོང་ཟུང་འཇུག་བྱིས་བློས་ཕིག་དཀའ་བ། །ཟབ་མོའི་ཚུལ་དེ་འཕགས་པའི་སྤྱོད་ཡུལ་ཉིད། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་དེ་བཞིན་ཉིད། །འོད་གསལ་རང་མདངས་ཉི་དང་ཟེར་བཞིན་དུ། །རྒྱལ་ཆོས་མཐའ་དག་ཡེ་ནས་འདུ་འབྲལ་མེད། །བདེ་གཤེགས་སྙིང་པོ་ཆོས་ཁམས་དགེ་བའང་དེ། །འདི་ཉིད་འགྲོ་ བ་ཀུན་ལ་ཡོད་པའི་དཔེ། །པད་ནང་སྐུ་སོགས་རྣམ་དགུས་རྗེས་བསྟན་བཞིན། །བྲི་གང་བྲལ་བའི་ཆོས་ཉིད་ཡེ་གནས་ཀྱང་། །སྒྲིབ་པས་ཁེབས་པའི་འགྲོ་འདིས་མ་མཐོང་ནོངས། །འདི་ཡོད་འགྲོ་ཀུན་རྣམ་གྲོལ་མཆོག་འགྱུར་ཕྱིར། །འདི་ནི་མཐར་ཐུག་ཐེག་གཅིག་སྒྲུབ་པའི་རྟེན། །འདི་མེད་ལམ་དང་འབྲས་བུའི་ཡོན་ཏན་ཅི། །འདི་ཚུལ་ཤེས་པ་བསམ་མི་ཁྱབ་ལ་འཇུག །ནམ་ཞིག་རྐྱེན་གྱིས་སད་པའི་རྒྱས་འགྱུར་རིགས། །ཚོགས་གཉིས་ལམ་གྱིས་གསོས་ལས་ཉེར་ཐོབ་པའི། །རྣམ་པར་མི་རྟོག་ཡེ་ཤེས་རྡོ་རྗེ་ཡིས། །སྒྲིབ་བའི་སྦུབས་རྒྱ་བཤིག་ཚེ་མངོན་འགྱུར་ཉིད། །དེ་ཚེ་སྟོབས་བཅུ་མི་འཇིགས་མ་འདྲེས་སོགས། །བྲལ་བའི་ཡོན་ཏན་ཉིན་མོར་བྱེད་པའི་དཔལ། །ཆོས་ཀྱི་དབྱིངས་མཉམ་ཁྱབ་པར་དཀྲིགས་མོད་ཀྱི། །རང་སྣང་ཙམ་ལས་མཚན་མའི་སྤྱོད་ཡུལ་མིན། །ཇི་ལྟར་སྟོན་གནམ་དྭངས་པའི་ཟླ་དཀྱིལ་བཞིན། །དག་པའི་འཁོར་ལ་མཚན་དཔེ་འབར་བའི་སྐུ། །མངོན་སྣང་ཟབ་རྒྱས་ཆོས་ཀྱི་རྒྱལ་ཐབས་ཆེར། །རྫོགས་པར་ལོངས་སྤྱོད་འཕོ་མེད་རྟག་པར་ཤེས། །དེ་ཡི་རང་རྩལ་ཆུ་སྣོད་ཟླ་གཟུགས་བཞིན། །སྣ་ཚོགས་འཁོར་ལ་མ་ངེས་བཀོད་པ་བརྒྱས། །འདུལ་བཞིའི་ཆོ་འཕྲུལ་འཛད་མེད་སྟོན་པའང་། །གདུལ་བྱའི་རང་སྣང་ཙམ་ལས་གཞན་དུ་ཅི། །ཇི་ལྟར་ཤིན་ཏུ་དྭངས་པའི་བཻཌཱུཪྱ། །འོག་གཞིའི་དབྱེ་བས་སྣ་ཚོགས་མདོག་འཆང་ཡང། །དེའི་ངོར་{ངོ་བོར} མིན་བཞིན་བཟོ་སྐྱེ་མཆོག་ལ་སོགས། །ཅིར་ཡང་འཕྲུལ་མོད་དབྱིངས་ལས་མ་གཡོས་མཚར། །འཁོར་མཐས་གཏུགས་པར་གསང་གསུམ་མི་ཟད་སྤྲིན། །འགྲོ་བློའི་མོས་པའི་རྗེས་འགྲོ་དེ་ལྟ་ནའང་། །འབད་སོགས་སྤྲོས་པས་གཞར་ཡང་གོས་མིན་པར། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་སུ་ཡིས་དཔོག །ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་འགྲོ་མང་ཁམས། །རྣམ་གྲོལ་དཔལ་ལ་སྦྱར་མོད་ཁྱོད་ཀྱིས་ནི། །གདུལ་བྱའི་སེམས་ཅན་འགའ་ཡང་གཟིགས་མ་གྱུར། །སྒྱུ་མའི་ཚུལ་དེ་སུ་ཡིས་བསམ་པར་ནུས། །གཅིག་ཏུ་སྣང་ཡང་དུ་མར་འཕྲུལ་བའི་གཞི། །དུ་མར་འཕྲུལ་ཡང་ཆོས་དབྱིངས་གཅིག་གི་ངང་། །གཅིག་དང་དུ་མར་མི་གནས་མཉམ་པ་ཉིད། །དོན་དམ་འཕགས་པའི་ཡུལ་ལ་བདག་སྤྲོའོ། །དེ་སླད་སྤྲོས་དང་བྲལ་བའི་ཆོས་དབྱིངས་ཁམས། །རིག་སྟོང་རིག་པའི་དབྱིངས་སུ་ཆོས་ཀུན་འུབ། །ཟུང་འཇུག་བརྗོད་པ་བྲལ་བའི་གཤིས་ལུགས་ལ། །བརྗོད་པ་སྤངས་ཏེ་གཅིག་པུར་གནས་པར་བྱ། །ཡིད་བྱེད་སྤངས་པའི་ཧ་ཤང་རྒན་པོ་ཡང་། །གཡོ་བའི་སེམས་འདི་ན་བུན་བཞིན་དུ་དྭངས། །བརྗོད་པའི་ངག་ཀྱང་བྲག་ཅ་བཞིན་གྱུར་ནས། །ཆོས་ཀྱི་དབྱིངས་སུ་མི་གནས་ཐོབ་གྱུར་ཅིག །ཅེས་པའང་རབ་ཚེས་ས་བྱ་གསར་དུ་འཆར་བའི་ཆོ་འཕྲུལ་ཟླ་བའི་དུས་ཚེས་དགེ་བར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བསྟན་གཉིས་དར་རྒྱས་གླིང་གི་རང་ཤག་འཆི་མེད་འོད་སྣང་དུ་ཐུན་གསེང་དུ་འཕྲལ་མར་བྲིས་པ་དགེ། །།

བདེ་ལྡན་ཞིང་གི་མགོན་པོའི་བསྟོད་སྨོན་ཞིང་མཆོག་བགྲོད་པའི་ཐེམ་སྐས།

༄༅། །བདེ་ལྡན་ཞིང་གི་མགོན་པོའི་བསྟོད་སྨོན་ཞིང་མཆོག་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།། །ན་མོ་གུ་རུ་ཨ་མི་ཏ་བྷྱེ། གདོད་མའི་མགོན་པོ་འོད་མི་འགྱུར་བ་ཉིད། །ཡེ་ཤེས་རང་སྣང་གཞི་ལ་བྱང་ཆུབ་ནས། །ཆོས་ཀྱི་དབྱིངས་མཉམ་མི་ཟད་རྒྱན་འཁོར་སྤྲིན། །བསམ་མི་ཁྱབ་པར་འཕྲོ་ལ་མགོས་ཕྱག་འཚལ། །གལ་ཏེ་འགྲོ་ཀུན་བདེ་གཤེགས་ཉིད་གྱུར་ནས། །སྤོབས་པ་ཟད་མི་ཤེས་པས་བསྐལ་པའི་བར། །གང་གི་ཞིང་སྐུའི་ཡོན་ཏན་བརྗོད་བྱས་ཀྱང་། །མཐས་གཏུགས་མིན་ཞེས་ཚད་མར་གྱུར་དེས་གསུངས། །ཞིང་ཁམས་རྒྱ་མཚོའི་འདྲེན་པ་མཐའ་དག་གིས། །ཁྱོད་གཅིག་ཁོ་ནའི་བསྔགས་བརྗོད་ཚངས་པའི་རྔ། །ནམ་མཁའི་མུ་ཁྱུད་མཉམ་པར་རྗེས་བསྒྲགས་པས། །སྐྱེ་དགུའི་ཡིད་ལ་རྣམ་གྲོལ་དགའ་བ་བྱིན། །སྔོན་ཚེ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་། །རྨད་བྱུང་དམ་བཅའི་གོ་ཆའི་ཁྱད་པར་གྱིས། །འདྲེན་པ་ཀུན་གྱི་ནང་ན་ཟླ་མེད་པ། །མེ་ཏོག་ནང་ན་ཨུ་དུམྦཱ་ར་བཞིན། །ཆོས་སྤངས་མཚམས་མེད་བྱས་མིན་སྐྱེ་བོ་རྣམས། །ཁྱོད་ལ་དད་པས་ཁྱོད་ཞབས་པདྨོའི་དྲུང་། །བདེར་ཕྱིན་མི་ལྡོག་ལུང་བསྟན་མངོན་གྱུར་པའི། །སྨོན་ལམ་མཆོག་དེ་ཁྱོད་ཀྱིས་རྫོགས་པར་མཛད། །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་ཞིང་གི་བཀོད་པའི་ཕུལ། །མ་ལུས་གཅིག་བསྡོམས་རྣམ་དག་བདེ་བ་ཅན། །ཡོངས་བཟུང་ཞིང་སྦྱངས་ཚོགས་མཆོག་ཁྱོད་ལ་མངའ། །དཔག་ཏུ་མེད་དོ་འོད་དང་སྐུ་ཚེའི་ཚད། །དེ་བཞིན་ཞིང་དང་འདུས་པའི་འཁོར་གྱི་གྲངས། །ཏིང་འཛིན་གཟུངས་སྤྲིན་མངོན་ཤེས་རྫུ་འཕྲུལ་མཐུ། །འདུལ་བཞིས་ཕྲིན་ལས་ཡོན་ཏན་ཡེ་ཤེས་ཚོགས། །རྡུལ་སྙེད་ཞིང་ཀུན་རཏྣས་བཀང་བྱས་ཏེ། །བསྐལ་པ་བྱེ་བར་སྦྱིན་པ་བྱིན་པ་བས། །གང་མཚན་ཞིང་བཀོད་ཐོས་ནས་དད་བྱེད་པའི། །བསོད་ནམས་མཆོག་ཅེས་འཇིག་རྟེན་མགོན་དེས་གསུངས། །དེ་ཕྱིར་གང་མཚན་བདུད་རྩིའི་ཟེགས་ཐིགས་ཤས། །ཐོས་འཛིན་བཅུད་སོན་ཙམ་ཡང་སྔོན་རབས་ནས། །རླབས་ཆེན་ཚོགས་གཉིས་བྲེ་ཁ་འགེངས་བྱས་པའི། །བསགས་པ་རྒྱ་ཆེར་སུ་ཡིས་བསྙོན་{སྨྱོན་འདིའི་རིགས་འདི་ལྟར་ཞུས། }དུ་ཡོད། །ནོར་བུ་སྨན་དང་སྔགས་ཀྱི་ནུས་པས་ཀྱང་། །གནས་སྐབས་ཡིད་ལ་རེ་བའི་དཔལ་སྟེར་ན། །སངས་རྒྱས་སྨོན་ལམ་ཡེ་ཤེས་ཚད་མེད་པས། །ཞལ་འཆེས་འབྲས་བུ་མི་འཆོས་ཆོས་ཉིད་མཐུ། །གནས་སྐབས་ཕན་སེམས་ཙམ་གྱིས་གཟུགས་ཁམས་ཀྱི། །བསམ་གཏན་གྲུབ་པ་མེད་ཀྱང་སྐྱེ་འཛིན་ན། །སྟོན་པས་ལེགས་བསྔགས་རྒྱུ་རྐྱེན་རྟེན་འབྲེལ་ཟབ། །ཚོགས་ན་སོ་སྐྱེ་ཞིང་བགྲོད་སུ་ཡིས་བཀག །ལན་གཅིག་དད་པའང་བསོད་ནམས་མཆོག་འགྱུར་ན། །རྟག་པར་ཞིང་སྐུའི་བཀོད་པ་དྲན་བྱས་ནས། །བསགས་སྦྱང་དཔུང་བསྐྱེད་བྱང་ཆུབ་སེམས་བསྒོམ་ཞིང་། །སྨོན་པས་ཁ་བསྒྱུར་མཁས་ལ་སུ་མི་རང་། །དུས་ཀྱི་ཐ་མར་སངས་རྒྱས་སྲས་འཁོར་བཅས། །མདུན་ན་མངོན་སྣང་དགའ་དང་དྭངས་པའི་བློས། །མིག་འཕྲུལ་བཞིན་དུ་པདྨའི་གེ་སར་རྩེར། །བྱང་ཆུབ་ལུང་ནོད་རྟེན་འབྱུང་ཚོགས་ལས་སོ། །བསོད་ནམས་བྱེ་བ་བརྒྱ་ལས་གྲུབ་པའི་ཕྱག །གང་གི་མགོ་བོའི་ཐོད་དུ་ཉུག་པའི་མོད། །བསྐལ་པར་འགྲུབ་དཀའི་གཟུངས་དང་ཏིང་འཛིན་སོགས། །ཡོན་ཏན་མངོན་གྱུར་མི་ལྡོག་ལུང་ནོད་འཚེངས། །དེར་ནི་སྐྱེ་དེས་སྲིད་པ་ཕྱིར་བསྙིལ་ནས། །རླབས་ཆེན་རྫོགས་སྨིན་སྦྱངས་པའི་ཁྱད་པར་གྱིས། །མགོན་པོ་འོད་མི་འགྱུར་བ་ཉིད་སྒྲུབ་ན། །སེམས་ཤེས་སུ་ཞིག་འདིི་ལ་སྤྲོ་མི་སྐྱེད། །དེ་སླད་བསྔགས་པའི་ཆ་ཤས་སུ་མ་ནུས། །དད་པའི་སྙིམ་པ་ཡོངས་བཀང་མགོ་བོའི་ཐོད། །ཉེར་བཀོད་སྨོན་པའི་ཤིང་རྟས་ཡིད་དྲངས་ན། །སྒྲིབ་མེད་ཐུགས་རྗེས་གཟིགས་ཤིག་མགོན་པོ་ཀྱཻ། །དྭངས་པའི་ཡིད་ཀྱིས་འདོད་པའི་ཤུགས་བསྐུལ་ཏེ། །ཡིད་ཆེས་དད་པས་ཞིང་སྐུའི་བཀོད་པའི་སྤྲིན། །རྟག་ཏུ་བསྙེལ་སྤང་ཡིད་མཁར་མངོན་གསལ་ནས། །རྩེ་གཅིག་གསོལ་འདེབས་བུ་ལ་ཐུགས་རྗེས་དགོངས། །བདག་སོགས་འགྲོ་ཀུན་ཞིང་གི་རྡུལ་སྙེད་ལུས། །མངོན་སྤྲུལ་ཡོན་ཏན་བསྔགས་པའི་གླིང་བུར་བཅས། །ཐལ་སྦྱར་པདྨ་ཁ་འབུས་བྱེ་འདྲ་བས། །སྒོ་གསུམ་འཇུག་པ་གཅིག་པས་གུས་ཕྱག་བརྩེགས། །ལུས་དང་ལོངས་སྤྱོད་ལྷ་མིའི་དཔལ་འབྱོར་རིགས། །དུས་གསུམ་བྱས་བསགས་རྣམ་དཀར་དགེ་བའི་ཚོགས། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བསྐྲུན་པའི། །མཆོད་པའི་སྤྲིན་ཆེན་ཆོས་དབྱིངས་རྒྱས་པར་དཀྲིགས། །ཐོག་མེད་ནས་བསགས་དཀར་མིན་ཕྲ་རྒྱས་དཔུང་། །བྱང་ཆུབ་མཆོག་ལ་སྒྲིབ་པའི་ནོངས་ཀུན་དང་། །ཁྱད་པར་འཕགས་མིན་ཡིད་བྱེད་ཐེ་ཚོམ་སོགས། །སྙིང་ནས་འགྱོད་པས་བཤགས་ཤིང་ཕྱིན་ཆད་སྡོམ། །འཕགས་དང་སོ་སོ་སྐྱེ་བོ་ཇི་སྙེད་ཀྱི། །ལེགས་བྱས་ཟླ་བ་གསར་པའི་འཛུམ་ཟེར་གྱིས། །བྱང་གྲོལ་ཀུ་མུད་བཞད་པའི་དཔལ་ཡོན་ཀུན། །ཡི་རང་ཞགས་པ་གཅིག་གི་སྡུད་ཅིང་འཆིང་། །འཕགས་རྣམས་འགྲོ་བ་དཔག་མེད་བསྒྲལ་ཟིན་མོད། །ད་དུང་སེམས་ཅན་ཁམས་ནི་མཐའ་མེད་པས། །འདུལ་བཞིའི་ཕྲིན་ལས་ཟབ་མོས་གདུལ་ཞིང་ལ། །ཞི་བསིལ་ཆོས་ཀྱི་ཆར་པ་འབེབས་པར་གསོལ། །སྐྱེ་བ་མེད་ཀྱང་སྐྱེ་སོགས་རོལ་རྩེད་སྟོན། །འབད་སྩོལ་བྲལ་ཡང་གདུལ་བྱའི་ཡུལ་ལ་གཟིགས། །དེ་སླད་དབང་བཅུའི་གྲིབ་བསིལ་རྒྱ་ཆེན་པོར། །སྲིད་མཐའི་བར་དུ་འགྲོ་ཀུན་ངལ་འཚོ་མཛོད། །འཁོར་གསུམ་རྟོག་པ་བྲལ་བའི་གསེར་སྦྱངས་ཁམས། །བྱང་ཆེན་ཡོངས་བསྔོའི་རྩིབས་སྟོང་རྣམ་བརྡལ་བ། །འཕགས་པའི་མཁྱེན་དཔྱོད་ཟབ་མོའི་མཁར་གཤེགས་པས། །འགྲོ་ཚོགས་ཆོས་ཀྱི་རྒྱལ་པོའི་སྲིད་ནོན་ཤོག །རྒྱལ་མཆོག་ཡོངས་འདུས་ལྗོན་པའི་གྲིབ་བསིལ་དུ། །བདག་སོགས་འགྲོ་ཀུན་བྱང་ཆུབ་ཐོབ་ཀྱི་བར། །བདེ་བར་ངལ་འཚོ་ཐོབ་ལ་ཆེས་སྤྲོ་བས། །འཇིགས་གསུམ་ཚད་གདུང་རྨང་ནས་གཞིལ་མཛོད་ཀྱེ། །ཇི་ལྟར་མགོན་པོ་སྒྲིབ་པ་མེད་གཟིགས་པ། །གང་གིས་འགྲོ་ལ་སྨན་པའི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་རྫོགས་སྨིན་སྦྱངས་པའི་ཚུལ། །དེ་དག་ཀུན་ལ་འཇུག་པར་བདག་སྤྲོའོ། །ཚད་མེད་རྣམ་བཞིས་དུལ་བའི་ཞིང་ས་ལ། ཕ་རོལ་ཕྱིན་བཅུའི་མེ་ཏོག་ཆེས་བཀྲ་ཤིང་། །ས་ལམ་ཡོན་ཏན་སྦྲང་རྩིས་བཅུད་སྨིན་པས། །སྐལ་བཟང་རྐང་དྲུག་དགའ་བའི་གསོས་སུ་སྨོན། །འདིས་མཚོན་ལེགས་བྱས་བ་དན་མཛེས་པའི་གྲུ། །རྣམ་དག་སྨོན་པའི་རླུང་གིས་ཉེར་བསྐུལ་རྒྱུས། །སྲིད་པའི་མཚོ་ཆེན་དཀའ་བ་མེད་པར་བརྒལ། །ཞིང་མཆོག་རིན་ཆེན་གླིང་ལ་ལོངས་སྤྱོད་ཤོག །རིན་ཆེན་ས་གཞི་གསེར་གྱི་དྲྭ་བས་མཛེས། །ངོ་མཚར་པདྨའི་འོད་ཟེར་ཆོས་སྒྲ་སྒྲོགས། །སྐྱེ་ཤིང་རིན་ཆེན་རྒྱན་ལྡན་ཆུ་མཚོས་བརྒྱན། །ཡ་མཚན་ཁྱད་འཕགས་ཞིང་དེར་སྐྱེ་བར་ཤོག །ནོར་བུའི་ཁང་བཟང་བཀོད་ལེགས་ཡིད་དུ་འོང་། །བྱང་ཆུབ་ལྗོན་ཤིང་ཡོན་ཏན་བརྗོད་ལས་འདས། །དཔག་ཡས་མཆོད་སྤྲིན་ནམ་མཁའ་མཛོད་ཀྱིས་བརྒྱན། །ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །ཆོས་ཀྱི་རྒྱལ་པོ་འདྲེན་པ་འོད་དཔག་མེད། །མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས། །བྱང་ཆུབ་སེམས་དཔའི་འཁོར་གྱིས་མཛེས་གྱུར་པའི། །ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ཤོག ལོག་པར་ལྟུང་དང་དམན་པའི་སྒྲ་མི་གྲགས། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར། །དཔའ་ཆེན་རྣམས་དང་སྤྱོད་ཡུལ་མཉམ་པར་འཇུག །རྣམ་པར་དག་པའི་ཞིང་དེར་སྐྱེ་བར་ཤོག །རྫུ་འཕྲུལ་མཐུ་ཐོབ་སངས་རྒྱས་ཞིང་ཀུན་བགྲོད། །རྒྱལ་བ་མཆོད་ཅིང་དམ་པའི་ཆོས་ཀུན་འཛིན། །གདུལ་ཡུལ་ཀུན་འདུལ་ཏིང་འཛིན་སྒོ་བརྒྱར་འཇུག །དོན་གཉིས་ལྷུན་གྲུབ་ཞིང་དེར་སྐྱེ་བར་ཤོག །འདྲེན་པ་རྣམས་ཀྱིས་བྱང་ཆུབ་ལུང་བསྟན་སྩལ། །བྱང་ཆུབ་ཕྱོགས་ཆོས་སུག་མཐིལ་གཏེར་བཞིན་ཐོབ། །ས་ལམ་ཡོན་ཏན་སྟོན་དུས་འབྲས་བཞིན་སྨིན། །བླ་ན་མེད་པའི་ཞིང་དེར་སྐྱེ་བར་ཤོག །ཚེ་འདིར་མི་མཐུན་ཉེས་བརྒྱའི་རྒུད་པ་ཞི། །མཐུན་རྐྱེན་ཚེ་དཔལ་ལེགས་དགུའི་འབྱོར་ཚོགས་རྒྱས། །འབྲེལ་ཚད་འདུན་མ་དགེ་བའི་ཕྱོགས་སུ་བསྒྱུར། །ཆོས་ལྡན་བྱ་བ་མཐའ་དག་གེགས་མེད་ཤོག །ལྷག་པའི་ལྷ་ཡི་བྱིན་རླབས་སྙིང་ལ་ཞུགས། །གཟུངས་སྤོབས་བློ་གྲོས་འཛད་མེད་སྒོ་བརྒྱ་འབྱེད། །རྩོད་འཆད་རྩོམ་པས་ཐུབ་བསྟན་རིན་པོ་ཆེ། །སྲིད་མཐའི་བར་དུ་ཉི་ཟླ་ལྟར་གསལ་ཤོག །སྣོད་ལ་གཡང་ཆགས་རྩི་སྨན་དུས་སུ་སྨིན། །བཅུད་ལ་དཔལ་འཕེལ་སྡེ་བཞིའི་མངའ་ཐང་དར། །ཀུན་ཀྱང་དོན་མཐུན་བསླབ་པས་རྒྱུད་གྲོལ་ཞིང་། །རྫོགས་ལྡན་དུས་སྟོན་གསར་པར་ལོངས་སྤྱོད་ཤོག །ཕྱོགས་དང་རིས་མེད་ཡོངས་འཛིན་དགེ་བའི་བཤེས། །ཞབས་པད་རྡོ་རྗེ་ལྟར་བརྟན་ཐུགས་བཞེད་འགྲུབ། །ནག་ཕྱོགས་ཀླ་ཀློ་འཇུག་པའི་རྩུབ་འགྱུར་ཞི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་རྣམ་དག་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་འཛིན་པའི་རྒྱུ་བཞི་མདོ་ནས་བཀའ་སྩལ་པའི་དོན་སྙིང་པོར་དྲིལ་ཏེ་བསྟོད་ཅིང་སྨོན་པའི་རབ་ཏུ་བྱེད་པ་ཞིང་མཆོག་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི། རང་གི་ཁུ་བོ་དགེ་རྒན་འགྱུར་མེད་སངས་རྒྱས་རྡོ་རྗེའི་མོས་འདུན་བཞིན། རྫོགས་པའི་སངས་རྒྱས་བློ་གྲོས་མཐའ་ཡས་ཀྱི་ཞབས་ཀྱི་ཆུ་སྐྱེས་སྤྱི་བོས་ལེན་པའི་བཙུན་ཆུང་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་ཟིལ་གནོན་གྱི་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཟང་པོར་དབེན་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་སྟན་ཐོག་གཅིག་ཏུ་ཤར་མར་བྲིས་པའི་དགེ་བས་རང་གཞན་སེམས་ཅན་ཐམས་ཅད་བདེ་བ་ཅན་གྱི་ཞིང་གི་དཔལ་ལ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག།

སངས་རྒྱས་ཚེ་དཔག་མེད་ལ་བསྟོད་པ་འཆི་མེད་རྔ་སྒྲ།

༄༅། །སངས་རྒྱས་ཚེ་དཔག་མེད་ལ་བསྟོད་པ་འཆི་མེད་རྔ་སྒྲ་ཞེས་བྱ་བ། ན་མོ་གུ་རུ་ཨ་པ་རི་མི་ཏཱ་ཨ་ཡུརྫྙཱ་ནཱ་ཡ། རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་འདུས་མ་བྱས། །གློ་བུར་དྲི་མ་ཀུན་བྲལ་ངོ་བོ་ཉིད། །ཡོན་ཏན་ཕར་ཕྱིན་བཞིས་འཁྱུད་རྡོ་རྗེའི་སྐུ། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༡ །བྱང་ཆུབ་ཕྱོགས་ཆོས་གསེར་སྦྱངས་སྙིང་པོའི་ཁམས། །ཚད་མེད་བཞི་ཡི་མུ་ཁྱུད་ཆེས་བརླིངས་ཤིང་། །རྣམ་ཐར་བརྒྱད་ཀྱི་རྩིབས་སྟོང་ལེགས་བཀྲ་བ། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༢ །སྙོམས་འཇུག་དགུ་ཡི་ཆུ་གཏེར་ལས་ཐོན་ཅིང་། །ཟིལ་གནོན་སྐྱེ་མཆེད་ཕུལ་བྱུང་གཟི་ཡིས་འཁྱུད། །ཟད་པར་ཏིང་འཛིན་འདོད་དགུའི་ཆར་འབེབས་པའི། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༣ །ཉོན་མོངས་མེད་པའི་ཀུན་སྤྱོད་ཤིན་ཏུ་གཙང་། །སྨོན་ནས་མཁྱེན་པའི་སྒྱུ་རྩལ་དྲུག་བཅུར་མཁས། །མངོན་ཤེས་དྲུག་གི་རེག་བྱའི་བདེ་བ་སྟེར། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༤ །སོ་སོ་ཡང་དག་རིགས་བཞིའི་མཛོད་ཀྱིས་ཕྱུག །རྣམ་པ་ཐམས་ཅད་དག་བཞིའི་གཟིགས་པ་རྨད། །དབང་བཅུའི་དཔུང་པས་དགེ་བཅུའི་རྩ་བ་འཛུག །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༥ །སྟོབས་བཅུའི་ཤུགས་ཀྱིས་ས་རྣམས་བསྐོར་ནུས་ཤིང་། །མི་འཇིགས་བཞི་ཡི་ཡན་ལག་རྣམ་པར་མཛེས། །མ་འདྲེས་བཅོ་བརྒྱད་རིན་ཆེན་ཆར་བཟང་འབེབས། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༦ །བསྲུང་མེད་ཡན་ལག་བདུན་གྱིས་ལེགས་མཛེས་ཤིང་། །དྲན་པ་ཉེར་བཞག་གསེར་གྱི་དྲྭ་བས་བརྗིད། །བསྙེལ་བ་མི་མངའ་ཐེག་པའི་སྟོབས་མཆོག་མངའ། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༧ །བག་ཆགས་གཏན་བཅོམ་རྡོ་རྗེའི་གོ་ཁྲབ་བརླིངས། །ཐུགས་རྗེ་ཆེན་པོས་གཞན་སྡེ་འཇོམས་ལ་དཔའ། །རྣམ་མཁྱེན་མཚོན་གྱིས་ཀུན་རྨོངས་སྲོག་རྩ་གཅོད། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༨ །མཚན་དཔེ་ཉི་མ་འཆར་ཀའི་ལང་ཚོ་ཡིས། །འོག་མིན་ཆེན་པོར་དག་པའི་སེམས་དཔའ་ལ། །ཐེག་ཆེན་ཆོས་དབྱིངས་སྲིད་པ་ཇི་སྲིད་སྟོན། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༩ །སྣ་ཚོགས་གདུལ་བྱར་གང་འདུལ་མཆོག་དང་ནི། །བཟོ་སྐྱེ་སྣ་ཚོགས་སྤྲུལ་པའི་ཟློས་གར་གྱིས། །འདུལ་བཞིའི་ཕྲིན་ལས་འཛད་མེད་རྟག་པར་སྣང་། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༡༠ །ཚོགས་བརྒྱད་གནས་གྱུར་ཡེ་ཤེས་ཆེན་པོའི་འཕྲུལ། །ཟག་མེད་ཕུང་པོ་ལྔ་ལ་དབང་བསྒྱུར་ཞིང་། །གསང་བ་ཟབ་མོ་ཆོས་དབྱིངས་མཉམ་པར་འཇུག །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༡༡ །སྨོན་ལམ་སྟོབས་དང་འགྲོ་སེམས་དག་པའི་རྒྱུས། །གང་སྐུའི་སྣང་བ་བཻཌཱུར་ས་གཞི་ལ། །ལྷ་དབང་གཟུགས་ཀྱི་བཀོད་པ་ཇི་བཞིན་སྟོན། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༡༢ །འགྲོ་ཁམས་རྒྱ་མཚོར་དཀར་པོ་རྣམ་འཕེལ་རྒྱུས། །སུམ་རྩེན་གྲོང་དུ་འཆི་མེད་རྔ་སྒྲ་བཞིན། །གང་གསུང་བག་མེད་འཇིགས་ཀུན་སེལ་ལ་དབང་། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༡༣ །ཁྱོད་ཐུགས་ཟབ་ཡངས་མཁྱེན་བརྩེའི་སྤྲིན་ཆེན་ལས། །འཕགས་ལམ་ཡན་ལག་བརྒྱད་ལྡན་ཞི་བསིལ་ཆར། །སྣོད་ཀྱི་དབྱེ་བས་ཐེག་སྒོ་སོ་སོར་སྣང་། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༡༤ །ཚངས་ཆེན་བཞིན་དུ་གང་འདུལ་སྤྲུལ་པའི་གར། །དུ་མར་སྣང་བས་འགྲོ་ལ་ཕན་བརྩོན་ཡང་། །ཆོས་སྐུ་ཉིད་ལས་ནམ་ཡང་གཡོས་པ་མེད། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༡༥ །འབད་སོགས་སྤྲོས་པའི་གཡོ་བ་མི་མངའ་ཡང་། །ཡེ་ཤེས་ཟེར་གྱིས་རིགས་ཅན་གསུམ་གྱི་འཁོར། །མཐར་ཐུག་ཐེག་གཅིག་སྨིན་ནུས་ཉིན་བྱེད་དབང་། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༡༦ །རྟོག་མེད་ལྷུན་གྲུབ་ཐུགས་ཀྱི་གསང་བ་ལས། །གཞན་ཕན་ཕྲིན་ལས་འདོད་དགུའིི་དངོས་ཀུན་འཇོ། །ཡིད་བཞིན་ནོར་མཆོག་བྱེ་བས་མཚོན་མིན་པ། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༡༧ །དབྱངས་གཅིག་ཡན་ལག་དྲུག་བཅུར་གོ་བའི་གསུང་། །འགྲོ་ཚོགས་ཁམས་དབང་བསམ་པའི་རྗེས་ཞུགས་ཀྱང་། །བྲག་ཅ་བཞིན་དུ་སྒྲ་ཚིག་རང་མཚན་མིན། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༡༨ །རྟག་བརྟན་གཞོམ་གཞིག་བྲལ་བ་ཆོས་ཀྱི་སྐུས། །སྲིད་ཞིའི་དངོས་ཀུན་ཡོངས་ཁྱབ་གཞན་དོན་གྱི། །གོ་སྐབས་འབྱེད་ལ་ལྷས་རྩེན་གཟུགས་ཀྱི་ཟླ། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༡༩ །ཟག་བཅས་ཆོས་ཀུན་ཟག་པ་མེད་དབྱིངས་སུ། །གནས་གྱུར་མཐར་ཐུག་བརྙེས་པའི་ཐུགས་རྗེ་ཆེ། །ས་ཆེན་བཞིན་དུ་ཕན་བདེ་ཀུན་གྱི་རྟེན། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༢༠ །རྒྱལ་ཀུན་གསུང་གི་གསང་བ་འདུས་པའི་དཔྱིད། །མཚན་ཙམ་གྱིས་ཀྱང་འཆི་བདུད་ཕྱེ་མར་འཐག །རྡོ་རྗེའི་ཚེ་མཆོག་སྲོག་གི་ཀ་བར་བརླིང་། །ཚེ་དང་ཡེ་ཤེས་དཔག་མེད་མགོན་ལ་འདུད། ༢༡ །ཕུང་ལྔ་དག་པ་ཡེ་ཤེས་ལྔ་ཡི་འཕྲུལ། །ཁམས་ལྔ་རྣམ་དག་ཡུམ་དང་མཉམ་པར་སྦྱོར། །འབྱུང་ལྔ་བརྟན་གཡོ་སྲིད་ཞིའི་ཚེ་བཅུད་ཀུན། །སྡུད་མཛད་ཚེ་བདག་རྒྱལ་བ་རིགས་ལྔར་འདུད། ༢༢ །དབང་ཡུལ་གནས་དག་གཙོ་ལ་དགྱེས་པ་སྐྱེད། །ཕྱོགས་བཞིའི་གནས་ནས་རིགས་བཞིའི་ཚེ་མཆོག་འགུགས། །སྒྲུབ་པ་པོ་ལ་རིང་འཚོའི་བཅུད་ལེན་མཆོག །སྦྱིན་མཛད་སྤྲུལ་པའི་ལྷ་མོ་བརྒྱད་ལ་འདུད། ༢༣ །ཕྱིན་ཅི་ལོག་བཞིའི་རྟོག་པ་གནས་གྱུར་པས། །ཚད་མེད་བཞི་ལྡན་ལས་བཞིའི་ཕྲིན་ལས་ཀྱིས། །གདོན་བཞིའི་ལག་ནས་ཚེ་དཔལ་འགུགས་པ་མོ། །ཡང་སྤྲུལ་སྒོ་སྐྱོང་ལྷ་མོ་བཞི་ལ་འདུད། ༢༤ །གཞན་ཡང་ཉི་མ་ལས་ནི་ཟེར་བཞིན་དུ། །ཡེ་ཤེས་གཅིག་ལས་གཙོ་དང་འཁོར་གྱི་ཚུལ། །གྲུབ་པའི་རིག་འཛིན་བཀའ་སྡོད་སྲུང་མར་བཅས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོར་ཤར་ལ་འདུད། ༢༥ །དགོངས་ཀློང་ཟབ་མོ་ནམ་མཁའི་མཐའ་དང་མཉམ། །རྩོལ་མེད་ཐུགས་རྗེའི་ཕྲིན་ལས་གློག་ལས་མྱུར། །བསྐུལ་ཞིང་གསོལ་བའི་དུས་ནི་དེང་ལགས་པས། །རེ་བའི་འབྲས་བུ་མཆིས་པར་མཛོད་ཅིག་ཀྱེ། ༢༦ །འཁོར་འདས་ཚེ་བཅུད་སྲོག་གི་དྭངས་མར་བསྟིམ། །གསང་གསུམ་བྱིན་རླབས་ལུས་ངག་ཡིད་ལ་ཕོབས། །ཁམས་དྲུག་དག་པ་རྡོ་རྗེ་གསུམ་གྱི་ངང་། །མཆོག་དང་རྣམ་དབྱེར་མེད་པའི་དཔལ་སྩོལ་ཅིག ༢༩ །མི་འགྱུར་བརྟན་པ་རི་རབ་ལྟ་བུའི་ཚེ། །མི་ནུབ་གསལ་བ་ཉི་ཟླ་ལྟ་བུའི་མདངས། །མི་འགྲིབ་རྣམ་དཔྱོད་གཟུངས་སྤོབས་མཚོ་ཆེན་ལྟའི། །སྐལ་བ་མཆོག་གིས་རྟག་ཏུ་སྐྱོང་བར་མཛོད། །བསྟན་པ་དམ་པ་ངེས་གསང་སྒྲུབ་བརྒྱུད་བརྒྱད། །བསྟན་འཛིན་རྒྱལ་པོ་རིག་འཛིན་འདུས་པའི་ཚོགས། །བསྟན་པའི་སྙིང་པོ་སྤང་ཀློག་བྱ་བ་ཡིས། །དུས་ཀྱི་མཐར་ཡང་དབྱར་མཚོ་ལྟར་རྒྱས་ཤོག ༢༩ །བཀྲ་ཤིས་གང་ཞིག་གཞི་རྒྱུད་བདེ་གཤེགས་སྙིང་། །བཀྲ་ཤིས་ལམ་རྒྱུད་བསྙེན་སྒྲུབ་ཡན་ལག་བཞིས། །བཀྲ་ཤིས་འབྲས་རྒྱུད་སྐུ་བཞི་མངོན་གྱུར་པའི། །བཀྲ་ཤིས་རྟག་པ་དམ་པའི་དཔལ་གྱུར་ཅིག །ཚེ་དཔག་མེད་མགོན་དྲན་པའི་ངག །ཚེ་དབང་གྲུབ་པའི་མགོན་པོ་ཡིས། །ཚེ་མཆོག་སྒྲུབ་པའི་སྐབས་སུ་བྲིས། །ཚེ་ཡི་རིག་འཛིན་མྱུར་འགྲུབ་ཤོག །

བདེ་བར་གཤེགས་པ་སྨན་གྱི་བླ་མར་བསྟོད་ཅིང་གསོལ་བ་འདེབས་པ་འདོད་འབྱུང་ནོར་བུའི་འཁྲི་ཤིང་།

༄༅། །བདེ་བར་གཤེགས་པ་སྨན་གྱི་བླ་མར་བསྟོད་ཅིང་གསོལ་བ་འདེབས་པ་འདོད་འབྱུང་ནོར་བུའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ།། ༀ་སྭསྟི། འདོད་འབྱུང་ཡིད་བཞིན་ནོར་དང་བུམ་པ་བཟང་གྱུར་དཔག་བསམ་ལྗོན་པ་མཆོག །རྟ་བདུན་དབང་པོ་རྒྱུ་སྐར་བདག་དང་གྲུ་ཟམ་སྨན་ཤིང་ངལ་སྟེགས་བཞིན། །རྟོག་མེད་ལྷུན་གྲུབ་ཚུལ་གྱིས་མཐའ་ཡས་འགྲོ་བའི་རེ་བ་སྐོང་མཛད་པ། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །འགྲོ་སྒྲོལ་དམ་བཅའི་རྩ་བ་རབ་བརླིང་ཕ་རོལ་ཕྱིན་བཅུའི་ཡལ་འདབ་རྒྱས། །ས་བཅུ་ལམ་ལྔའི་མངོན་རྟོགས་ལོ་འབྲས་སྐུ་དང་ཡེ་ཤེས་མེ་ཏོག་ཅན། །ཐུགས་རྗེའི་གྲིབ་བསིལ་ཤིན་ཏུ་རྒྱ་ཆེ་མཐའ་ཀླས་འགྲོ་བའི་ངལ་འཚོའི་སྨན། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །དུས་གསུམ་གྲོལ་བ་བརྙེས་ཀུན་སྤངས་དང་རྟོགས་པའི་ཡོན་ཏན་རབ་མཉམ་ཡང་། །སྔོན་ཚེ་རྨད་བྱུང་བཅུ་གཉིས་སྨོན་པའི་འབྲས་བུ་དུས་སུ་སྨིན་པ་ཡིས། །ཁྱད་པར་བྱས་གང་ཤཱཀྱའི་ཏོག་སོགས་རྒྱལ་བ་རྒྱ་མཚོས་བསྔགས་གྱུར་པའི། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །རྒྱལ་ཀུན་ཡབ་གྱུར་མཁྱེན་པའི་གཏེར་མངའ་སྙིང་རྗེའི་རང་མདངས་པད་དཀར་འཆང་། །གསང་བའི་མཛོད་འཛིན་རྡོ་རྗེ་ཅན་སོགས་དཔའ་ཆེན་རྣམས་ཀྱིས་ཕྱག་བྱས་ཤིང་། །ཚངས་དབང་འཇིག་རྟེན་སྐྱོང་བ་རྣམས་ཀྱི་གཙུག་ནོར་མཐོན་ཀས་མཆོད་ཐོབ་པའི། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །འབུམ་ཕྲག་རིན་པོ་ཆེ་ཡིས་མཛེས་བྱས་འདོད་དགུ་ལྷུན་གྱིས་གྲུབ་པའི་གནས། །ངན་སོང་ལོག་པར་ལྟུང་སོགས་སྡུག་བསྔལ་ཉེས་པའི་སྒྲ་ཡང་མི་གྲགས་པའི། །བཻཌཱུཪྱ་ལྟར་སྣང་བའི་ཞིང་ལ་མངའ་དབང་འབྱོར་པའི་སྟོན་པ་མཆོག །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །རིན་ཆེན་མཆོག་རབ་བཻཌཱུར་སྔོན་པོའི་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །བརྒྱ་ཕྲག་ཉི་མ་འཆར་ཀའི་འོད་ཀྱིས་འཁྱུད་པས་ཆ་ཙམ་མི་མཚོན་སྐུ། །ཕུལ་བྱུང་མཚན་དཔེའི་རི་མོ་བརྒྱ་དང་བཅུ་གཉིས་མངོན་མཛེས་ལྷམ་མེ་བ། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །སྒྲ་ཚིག་བྱ་རྩོལ་སྤྲོས་ལས་འདས་ཀྱང་གང་འདུལ་འགྲོ་བའི་སྣང་ངོ་རུ། །དབྱངས་ཀྱི་ཡན་ལག་རྒྱ་མཚོ་རྫོགས་པའི་གསུང་གིས་མཐའ་ཀླས་ཐེག་པའི་སྒོ། །གསལ་བར་འབྱེད་པས་སྲིད་པའི་རིམས་ནད་མ་ལུས་གཞིལ་བའི་དཔལ་ཡོན་ཅན། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །གཟུང་འཛིན་རྣམ་རྟོག་གཡོ་བའི་སྤྲིན་བྲལ་ཟབ་ཡངས་དྲི་མེད་ཆོས་དབྱིངས་ཆེར། །ཕུལ་བྱུང་མཁྱེན་དང་བརྩེ་བའི་ཉིན་བྱེད་དཀྱིལ་འཁོར་གསལ་བས་མཛེས་གྱུར་པ། །ཚུར་མཐོང་བྱིས་བློའི་སྤྱོད་ཡུལ་ལས་འདས་ནམ་མཁའ་ལྟ་བུའི་ཐུགས་མངའ་བ། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །ཕྱོགས་བཅུ་དུས་བཞིའི་སྐྱོབ་པ་མི་ཡི་སེང་གེ་སྲས་དང་བཅས་རྣམས་ཀྱི། །བྲལ་ཐོབ་སྨིན་པ་ལས་བྱུང་དགོས་འབྱུང་ནོར་བུའི་ཚོགས་ཀྱིས་ཡོངས་གཏམས་པའི། །བསམ་བརྗོད་ལས་འདས་ཡོན་ཏན་མི་འཛད་རིན་པོ་ཆེ་ཡི་བང་མཛོད་མཆོག །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །ཆོས་དབྱིངས་མཁའ་ལ་ཐུགས་རྗེ་ཆེན་པོའི་ཆུ་འཛིན་ལྷུན་སྟུག་དཀྲིགས་པ་ལས། །ཕུལ་བྱུང་ཕྲིན་ལས་ཆར་གྱིས་འགྲོ་ཚོགས་ཉེས་པའི་དྲི་ཀུན་འཁྲུད་པ་དང་། །ཆབས་ཅིག་ཐར་གྲོལ་ཕན་བདེའི་མྱུ་གུ་མེ་འབྲས་མཐའ་དག་སྐྱེད་མཛད་པ། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །ཞིང་ཁམས་རྒྱ་མཚོར་མི་ཟད་རྒྱན་འཁོར་རྣམ་ལྔའི་བཀོད་པའི་སྤྲིན་ཆེན་གྱིས། །སེམས་ཅན་རྒྱ་མཚོ་སྣ་ཚོགས་ཐབས་ཀྱིས་བྱང་ཆུབ་གསུམ་ལ་སྨིན་མཛད་པའི། །རྒྱལ་བ་རྒྱ་མཚོའི་རྣམ་ཐར་མ་ལུས་རྫོགས་པར་མཛད་ལ་མི་ངལ་བའི། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །མཚན་དཔེའི་འོད་འབར་རྒྱལ་སྲས་རྒྱུ་སྐར་ཕྲེང་བའི་དབུས་ན་མངོན་མཐོ་བའི། །ཉི་དང་ཟླ་ལྟར་རྣམ་པར་སྣང་བྱེད་ཁྱུ་མཆོག་སེང་གེ་གླང་ཆེན་གྱིས། །གུས་པས་བསྙེན་ཅིང་གསང་བ་བསམ་མི་ཁྱབ་པའི་མཛོད་ལ་བསྟེན་གྱུར་པ། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །བརྟན་གཡོ་སྲིད་པའི་རིན་ཆེན་ལྗོན་ཤིང་མེ་ཏོག་འབྲས་བུ་རྩི་བཅུད་རིགས། །སྨན་ལྷ་དྲང་སྲོང་ཚེ་ཡི་རིག་བྱེད་འཛིན་དང་དེ་ཡི་བསྟན་བཅོས་སོགས། །འགྲོ་བའི་གཅོང་ནད་གཞི ལ་བར་ནུས་ཀུན་གང་གི་མཐུ་ལས་མངོན་ཤར་བ། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །གང་གི་མཚན་ཙམ་བཟུང་བས་ངན་འགྲོ་ལོག་པར་ལྟུང་དུ་མི་སྐྱེ་ཞིང་། །རྟག་ཏུ་སྐྱེས་པ་ཉིད་འགྱུར་དབང་རྣོན་མཁས་གསལ་ཡིད་གཞུངས་དགེ་ལ་བརྩོན། །དགེ་བའི་བཤེས་དང་གྲོགས་ཀྱིས་ཟིན་སོགས་ཡོན་ཏན་དཔག་མེད་ཐོབ་གྱུར་པ། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །བདུད་ཀྱི་ཞགས་པ་དམ་པོ་གཅོད་བྱེད་ཡེ་ཤེས་མཚོན་ཆེན་འབར་བ་སྟེ། །མ་རིག་སྒོང་ངའི་སྦུབས་གཅོག་ཤེས་རབ་ཟབ་མོའི་རྡོ་རྗེ་ཕ་ལམ་མཆོག །ཉོན་མོངས་ཆུ་ཀླུང་མཐའ་དག་སྐེམ་ལ་སྔོན་མེད་ཉིན་མོར་བྱེད་པ་ཆེ། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །བདུད་དང་སྲིན་པོ་གཤིན་རྗེའི་འཇིགས་པ་ལས་སྐྱོབ་སྐྱེ ལ་མ་དཔའ་བོ་སྟེ། །བསམ་ཀུན་འགྲུབ་བྱེད་ཡིད་བཞིན་གཏེར་མཆོག་འཁོར་མཚོ་ལས་སྒྲོལ་རིན་ཆེན་གྲུ། །དུག་གསུམ་རྒྱུ་འབྲས་གཅོང་ནད་གཞིལ་སྔོན་མེད་བདུད་རྩིའི་ལྗོན་ཤིང་མཆོག །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །བཻཌཱུཪྱ་ལྟར་སྣང་བའི་ཞིང་དང་སྟོན་པ་རྗེས་སུ་དྲན་བྱས་ན། །འཆི་ཚེ་བྱང་ཆུབ་སེམས་དཔའ་བརྒྱད་མཐོང་རབ་ཏུ་དགའ་བ་འཐོབ་གྱུར་ཅིང་། །པདྨའི་སྦུབས་སུ་བརྫུས་ཏེ་སྐྱེས་ནས་ཚེ་དེས་སྲིད་པ་ཕྱིར་བསྙིལ་བ། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །ལེགས་མཛད་ཡོན་ཏན་བསམ་མི་ཁྱབ་ཀྱང་བསམ་བྱ་ཀུན་གྱི་གཞིར་གྱུར་ཅིང་། །ཚུར་མཐོང་ངག་གིས་བརྗོད་པའི་ཡུལ་ལས་འདས་ཀྱང་བརྗོད་པ་ཀུན་གྱི་གཞི། །གཉིས་སུ་མེད་ཀྱང་ཐ་དད་ཚུལ་གྱིས་མཚན་དང་སྐུ་བཀོད་སྣ་ཚོགས་སྟོན། །བདེ་གཤེགས་སྨན་གྱི་བླ་མས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །མཚན་གྱི་མེ་ཏོག་རྒྱས་པར་དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །སྐལ་བཟང་རྐང་དྲུག་རེ་བ་སྐོང་མཛད་དམ་ཆོས་ཟིལ་དངར་འཇོ་བའི་གསུང་། །ཕུལ་བྱུང་མཁྱེན་བརྩེའི་ཡོན་ཏན་འབུམ་ལྡན་ཤིན་ཏུ་ཟབ་པའི་ཐུགས་མངའ་བ། །སྟོན་པ་མཚན་ལེགས་དཔལ་གྱིས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །ཐུགས་རྗེའི་མཁའ་ལ་རྨད་བྱུང་བརྩེ་བའི་ཆུ་འཛིན་ལྷུན་སྟུག་དཀྲིགས་པ་ལས། །ངོ་མཚར་མཛད་ཕྲིན་ཟབ་མོའི་ཆར་གྱིས་ས་གསུམ་འཇིག་རྟེན་དགའ་སྐྱེད་པ། །རིན་ཆེན་ཟླ་དང་པདྨས་རབ་ཏུ་བརྒྱན་གྱུར་མཁས་པ་གཟི་བརྗིད་ཅན། །སྒྲ་དབྱངས་རྒྱལ་པོ་མཆོག་གིས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །སྒྲིབ་གཉིས་བག་ཆགས་གཡའ་ཡིས་རབ་བཏང་དྲི་མེད་གསེར་སྦྱངས་སྙིང་པོའི་ཁམས། །བསྡུ་དངོས་བཞི་ཡི་བང་རིམ་རབ་མཛེས་མཁྱེན་རྟོགས་ཡོན་ཏན་བུམ་བྲེ་ཅན། །འགྲོ་བ་སྐྱོབ་པའི་ཆོས་འཁོར་རབ་བརྗིད་སྲིད་པ་གསུམ་གྱི་མཆོད་སྡོང་མཆོག །གསེར་བཟང་དྲི་མེད་སྣང་བས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །ཆོས་དབྱིངས་མཁའ་ལ་རྟག་ཏུ་གནས་བཅས་སྤངས་རྟོགས་ཡོན་ཏན་ཆ་རྫོགས་ཤིང་། །སྔོན་མེད་ཐུགས་བསྐྱེད་སྐྱ་རེངས་ཀྱིས་བསྐུལ་གྲོང་ཁྱེར་དྲུག་གི་འགྲོ་རྣམས་ཀྱི། །རྒུད་དང་མྱ་ངན་མུན་ཚོགས་སེལ་བྱེད་སྔོན་མེད་ཉིན་མོར་བྱེད་པ་མཆོག །མྱ་ངན་མེད་མཆོག་དཔལ་གྱིས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །ཆགས་སོགས་ཉོན་མོངས་ཀུན་ནས་སེལ་བྱེད་ལེགས་གསུངས་སེང་གེའི་སྒྲ་བསྒྲགས་པས། །འགྲོ་རྣམས་མ་རིགས་གཉིད་ལས་སློང་བྱས་ཡེ་ཤེས་སྣང་བ་ཟབ་མོ་ཡིས། །ཐར་གྲོལ་ཡོན་ཏན་འབྲས་བཟང་སྨིན་མཛད་སྲིད་ན་དཔེ་མེད་ཐམས་ཅད་མཁྱེན། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱིས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །ཤེས་རབ་ཟབ་མོས་གདོད་ནས་འཁོར་བའི་ཆུ་གཏེར་ཕ་རོལ་བརྒལ་ཟིན་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པར་རྗེས་ཆགས་ཐབས་མཁས་ཐུགས་རྗེའི་གྲུ་གཟིངས་ཀྱིས། །ཡིད་ཅན་རྒྱ་མཚོ་རྣམ་གྲོལ་རིན་ཆེན་གླིང་དུ་འགོད་མཛད་དེད་དཔོན་ཆེ། །ཆོས་གླིང་མངོན་མཁྱེན་རྒྱལ་པོས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །བྱམས་པའི་གོ་ཆས་བདུད་དམག་བྱེ་བ་འབུམ་གྱི་གཡུལ་ལས་རྣལ་རྒྱལ་ཞིང་། །བདག་མེད་རྟོགས་པའི་ཤེས་རབ་མཚོན་གྱིས་སྲིད་རྩའི་དྲྭ་བ་གཅོད་མཁས་པ། །སྡུག་བསྔལ་གསུམ་གྱི་འཇིགས་ལས་འགྲོ་བ་སྐྱོབ་པའི་དཔའ་བོ་མཚུངས་མེད་པ། །ཤཱཀྱའི་རྒྱལ་པོ་མཆོག་གིས་བདག་སོགས་དུག་གསུམ་རྒྱུ་འབྲས་ནད་ལས་སྲུངས། །གང་གི་སྤྱན་སྔར་མཐའ་ཡས་འགྲོ་རྣམས་སྐྱོབ་པར་ཞལ་གྱིས་བཞེས་པ་ཡི། །འཇམ་དཔལ་སྐྱབས་སྒྲོལ་གསང་བའི་བདག་དང་ཚངས་དབང་འཇིག་རྟེན་སྐྱོང་བ་བཞི། །གནོད་སྦྱིན་སྡེ་དཔོན་དྲུག་ཚན་ཟུང་དང་ཞང་བློན་དམ་ཅན་སྡེ་དགུ་སོགས། །སྨན་ལྷ་དྲང་སྲོང་རིག་འཛིན་ཚོགས་ཀྱིས་བདག་སོགས་རྒྱུ་འབྲས་ནད་ལས་སྲུངས། །རྒྱལ་བའི་ཡོན་ཏན་མཁའ་ལྟར་རྒྱ་ཆེ་རྒྱ་མཚོ་བཞིན་དུ་གཏིང་ཟབ་ཅིང་། །སྣ་ཚོགས་སྒྱུ་མའི་རོལ་གར་གང་འདུལ་དེར་སྟོན་བསམ་མི་ཁྱབ་པའི་བདག །མཐའ་དག་བརྗོད་ལ་བློ་མཆོག་སྨྲ་བའི་ཟླ་བ་རྣམས་ཀྱང་ངལ་འཛིན་ན། །བདག་ལྟ་བྱིས་པ་བླུན་པོའི་ངག་གིས་བརྗོད་པར་རློམ་འདི་བཞད་གད་གནས། །དེ་ལྟ་ན་ཡང་ཡིད་ནི་དད་བརྒྱའི་ཆང་གིས་ཀུན་ནས་མྱོས་པའི་རྒྱུས། །རྒྱལ་བའི་ཡོན་ཏན་ཆ་ཙམ་བསྔགས་ཤིང་གསོལ་བ་བཏབ་པའི་དགེ་འབྲས་ཀྱིས། །བསོད་ནམས་བརྒྱ་ལས་གྲུབ་པའི་བདེ་གཤེགས་ཕྱག་གིས་མགོ་ལ་ཉུག་མཛད་པས། །སྐྱེ་བཞི་བརྒྱུད་ལྔའི་འགྲོ་རྣམས་བདེ་བར་ངལ་འཚོ་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་པའང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་མཐོ་བའི་ཚེ་ཡི་རིག་བྱེད་འཛིན་པ་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་ནས་ལྷ་རྫས་ཀྱི་སྐྱེས་བཅས་གསུང་གིས་བསྐུལ་མ་གནང་བ་བཞིན། རྨོངས་བཙུན་འདུ་གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་མཆོག་ཏུ་གུས་པའི་ཡིད་ཀྱིས་བྲིས་ཤིང་གསོལ་བ་བཏབ་པ་སྟེ། འདིས་ཀྱང་འགྲོ་ཀུན་དུག་གསུམ་རྒྱུ་འབྲས་ཀྱི་ནད་ལས་ཐར་པའི་རྒྱུར་གྱུར་ཅིག། །།

ཐུབ་དབང་ཉེ་སྲས་བརྒྱད་ཀྱི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་དད་པས་བསྔགས་ཤིང་གསོལ་བ་འདེབས་པ་སྤྲིན་བྲལ་ཟླ་བ་རྒྱས་པའི་མེ་ལོང་གི་ཕྲེང་བ།

༄༅། །ཐུབ་དབང་ཉེ་སྲས་བརྒྱད་ཀྱི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་དད་པས་བསྔགས་ཤིང་གསོལ་བ་འདེབས་པ་སྤྲིན་བྲལ་ཟླ་བ་རྒྱས་པའི་མེ་ལོང་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། ན་མོ་ཤཱཀྱ་མུ་ནེ་ཡེ། སྔོན་ཚེ་དབང་པོའི་ཏོག་སོགས་སངས་རྒྱས་མཛད་པ་བསྒྲང་ཡས་བསྟན་ཟིན་ཀྱང་། །ཐུགས་རྗེ་ཆེན་པོས་རྩོད་དུས་ཡོངས་བཟུང་དམ་བཅའི་གོ་ཆ་ལྔ་བརྒྱ་བཞེས། །མཚན་ཐོས་ཙམ་གྱིས་སྐལ་ཆེན་བརྒྱད་ཁྲིའི་སྒྲིབ་པའི་མུན་སྟུག་སེལ་མཛད་པ། །ཤཱཀྱའི་སྲས་ཀྱི་ཐུགས་རྗེའི་ཉི་འོད་སྙིང་གི་པདྨོར་འཇུག་པར་མཛོད། །ད་ལྟར་ཕྱོགས་བཅུའི་ཞིང་གི་མགོན་རྣམས་སློབ་ཚེ་ཁྱོད་ཀྱི་བྱང་ཆུབ་ཏུ། །སྨིན་པར་མ་མཛད་འགའ་ཡང་སངས་རྒྱས་སྤྱན་གྱིས་གཟིགས་པའི་ཡུལ་མིན་ཞིང་། །ད་དུང་འགྲོ་ཁམས་ཇི་སྲིད་གནས་པར་འདུལ་བཞིའི་ཆོ་འཕྲུལ་རྒྱུན་ཆགས་སྟོན། །ཤཱཀྱའི་སྲས་ཀྱི་ཐུགས་རྗེའི་ཉི་འོད་སྙིང་གི་པདྨོར་འཇུག་པར་མཛོད། །སྐྱབས་མེད་བདག་ཅག་ཁོ་ནའི་ཆེད་དུ་དབུ་དང་སྐུ་ལུས་གྲངས་མེད་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་ཤེས་རབ་ཐབས་སྟོབས་སྨོན་ལམ་དང་། །ཡེ་ཤེས་བསམ་མི་ཁྱབ་པའི་སྤྲིན་བཀོད་བདུད་རྩིའི་བགོ་བཤའ་ཕངས་མེད་སྩལ། །ཤཱཀྱའི་སྲས་ཀྱི་ཐུགས་རྗེའི་ཉི་འོད་སྙིང་གི་པདྨོར་འཇུག་པར་མཛོད། །འཕོ་དང་ལྷུམས་ཞུགས་བལྟམས་དང་ངེས་འབྱུང་བདུད་བརྟུལ་བྱང་ཆུབ་ཆོས་འཁོར་སོགས། །སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་འགྲོ་སེམས་གཙང་མའི་མཁར་སྟོན་ཡང་། །ཁྱོད་ནི་ཆོས་དབྱིངས་ཟབ་མོའི་ཚུལ་ལས་ནམ་ཡང་མ་གཡོས་གཡོ་མི་འགྱུར། །ཤཱཀྱའི་སྲས་ཀྱི་ཐུགས་རྗེའི་ཉི་འོད་སྙིང་གི་པདྨོར་འཇུག་པར་མཛོད། །བསོད་ནམས་བྱེ་བ་འབུམ་གྱིས་བསྐྲུན་པའི་མཚན་དཔེའི་གཟི་བྱིན་བལྟས་མི་ངོམས། །བཞི་ཡིས་ལྷག་པའི་དྲུག་ཅུའི་དབྱངས་ཀྱིས་བསྒྲང་ཡས་ཐེག་པའི་སྒོ་འཕར་འབྱེད། །མཁྱེན་བརྩེའི་ཡེ་ཤེས་གཏིང་མཐའ་མི་དཔོག་གངས་ཆེན་མཚོ་ཡི་བཀོད་པ་ཅན། །ཤཱཀྱའི་སྲས་ཀྱི་ཐུགས་རྗེའི་ཉི་འོད་སྙིང་གི་པདྨོར་འཇུག་པར་མཛོད། །ཟག་མེད་སྡེ་ཚན་ཉེར་གཅིག་གིས་གཏམས་ཡོན་ཏན་མཛོད་ཁང་མཚུངས་པ་མེད། །བརྒྱ་བྱིན་རྔ་སྤྲིན་ཚངས་ཉི་ནོར་བུ་སྒྲ་སྙན་ནམ་མཁའ་ས་གཞི་ཡི། །དཔེ་ཡིས་རྗེས་བསྟན་ཕྲིན་ལས་ཟབ་མོའི་འཇུག་པ་བྱིས་བློས་གཞལ་བྱ་ཅི། །ཤཱཀྱའི་སྲས་ཀྱི་ཐུགས་རྗེའི་ཉི་འོད་སྙིང་གི་པདྨོར་འཇུག་པར་མཛོད། །དད་པའི་ཡིད་ཀྱིས་མེ་ཏོག་གཅིག་ཙམ་མཆོད་སོགས་བཟང་འབྲེལ་ལྟ་ཅི་སྨོས། །འཁྲུག་པའི་ཡིད་ཀྱིས་སྐུ་གཟུགས་བལྟས་དང་རྩེ་ཕྱིར་སེན་མོས་བྲིས་ཙམ་ཡང་། །སྲིད་ལམ་རྒྱུ་བ་མཐའ་ཅན་རྣམ་གྲོལ་ལམ་ལ་དབུགས་དབྱུང་མཛད་པ་ཡི། །ཤཱཀྱའི་སྲས་ཀྱི་ཐུགས་རྗེའི་ཉི་འོད་སྙིང་གི་པདྨོར་འཇུག་པར་མཛོད། །ཁྱོད་རྗེས་རབ་བྱུང་ཤིན་ཏུ་འཆལ་བའང་སྐལ་བཟང་འདི་ལ་འབྲས་ཐོབ་ཅིང་། །ཞིང་འདིའི་སྲོག་ཆགས་ཕལ་ཡང་རིང་པོར་མི་ཐོགས་དཀོན་མཆོག་གདུང་འཚོབ་པའི། །འབྲེལ་ཚད་དོན་ལྡན་སྨོན་ལམ་ཡོངས་གྲུབ་འཁོར་བ་དོང་སྤྲུགས་མཛད་པ་ཅན། །ཤཱཀྱའི་སྲས་ཀྱི་ཐུགས་རྗེའི་ཉིད་འོད་སྙིང་གི་པདྨོར་འཇུག་པར་མཛོད། །དུས་ངན་ཚེ་ན་ཁྱོད་གསུངས་ཚིགས་བཅད་གཅིག་ཙམ་འཛིན་དང་ཀློག་པ་དང་། །ཉིན་མཚན་གཅིག་ཙམ་བསླབ་པ་བསྲུང་བའི་བསོད་ནམས་ཕུང་པོ་གང་ཡིན་དེས། །འདུས་བྱས་མཚན་མའི་དགེ་ཚོགས་ཟིལ་མནན་རྒྱ་མཚོ་གནག་རྗེས་ཆུ་བོ་བཞིན། །ཤཱཀྱའི་སྲས་ཀྱི་ཐུགས་རྗེའི་ཉིད་འོད་སྙིང་གི་པདྨོར་འཇུག་པར་མཛོད། །སྐུ་གཟུགས་གླེགས་བམ་མཆོད་སྡོང་ཆོས་སྐུའི་རིང་བསྲེལ་དག་ཀྱང་ཆེར་རྒྱས་པས། །བསོད་ནམས་ཚོགས་སྤེལ་སྐལ་ངན་དུས་ཀྱི་རྒུད་པའི་གདུང་པ་བཅིལ་ལ་སོགས། །སངས་རྒྱས་མཛད་པ་རྗེས་སུ་སྒྲུབ་པའི་རྣམ་ཐར་བསམ་མི་ཁྱབ་པའི་བདག །ཤཱཀྱའི་སྲས་ཀྱི་ཐུགས་རྗེའི་ཉིད་འོད་སྙིང་གི་པདྨོར་འཇུག་པར་མཛོད། །མཆོག་གི་ཕྲིན་ལས་ནོར་བུའི་ཞགས་པས་དབང་དུ་གྱུར་པའི་འབངས་རྣམས་ཀྱིས། །ལུས་སྲོག་གང་གཱའི་བྱེད་སྙེད་བཏང་ཡང་བཀའ་དྲིན་ཕྱོགས་ཙམ་འཁོར་མཐའ་ཅི། །དེ་སླད་ཉིན་མཚན་ཀུན་ཏུ་དད་བརྒྱའི་འདབ་སྟོང་ཅིག་ཅར་གཡོ་བྱེད་ན། །བསླབ་གསུམ་སྦྲང་རྩིའི་ལྕིད་ཀྱིས་གནོན་པའི་དགའ་སྟོན་ལ་འུར་སྩོལ་མཛོད་ཀྱཻ། །དེད་དཔོན་མཚུངས་མེད་སྐྱོབ་པ་མཆོག་གི་ཐུགས་བསྐྱེད་དམ་བཅའི་ཁྱད་པར་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་མཐུ་བླ་མེད་ཡེ་ཤེས་སྒྱུ་འཕྲུལ་གྱི། །གསང་བ་ཟབ་མོའི་ཚུལ་དང་བདག་སོགས་འགྲོ་ཀུན་མཉམ་པ་ཉིད་གྱུར་ཏེ། །སྲིད་པའི་དམ་བཅའ་རྡུལ་དུ་ཞིག་ནས་སྐུ་བཞིའི་གྲོང་མཆོག་འབྱོར་གྱུར་ཅིག །བཀྲ་ཤིས་གང་ཞིག་སྲས་བཅས་རྒྱལ་བའི་བདེན་སྟོབས་ཐུགས་རྗེའི་སྤྲིན་ཆེན་འཁྲིགས། །སྣོད་བཅུད་རྒུད་པའི་ཚད་གདུང་ཡོངས་བཅིལ་དཔལ་འབྱོར་འཛད་མེད་ཆར་རྒྱུན་འཇོ། །བཤད་སྒྲུབ་ཕྲིན་ལས་རླབས་ཕྲེང་གཡོ་བའི་ཐུབ་བསྟན་མཚོ་ཆེན་སྲིད་མཐར་རྒྱས། །སྐྱེ་དགུ་དགའ་བའི་རྫོགས་ལྡན་དུས་སྟོན་གསར་དུ་ངོམ་པའི་གཞི་ཚུགས་ཤིག །
༄༅། །ན་མོ་ཨཱཪྻ་མཉྫུ་ཤྲཱི་ཡེ། རབ་འབྱམས་རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་རྡུལ་བྲལ་མ་ཎི་ཀ་ཡི་ཕྲེང་། །མ་ལུས་གཅིག་བསྡོམས་བསམ་བརྗོད་ལས་འདས་ཡོན་ཏན་ཟབ་མོའི་གཏེར་གྱི་མཛོད། །དྲན་པ་ཙམ་གྱིས་གྲུབ་གཉིས་འདོད་པ་ཡིད་བཞིན་འཇོ་བའི་དཔྱིད་གཅིག་པུ། །རྗེ་བཙུན་སྨྲ་བའི་སེང་གེས་གཟུངས་སྤོབས་བློ་གྲོས་སྣང་བ་མཆོག་སྩོལ་ཅིག །གང་ཞིག་སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་ཁམས་རབ་འབྱམས་རྡུལ་སྙེད་ན། །མི་མཆོག་སྐྱོབ་པ་ལྷ་ཡི་ལྷར་གྱུར་ཇི་སྙེད་བཞུགས་པ་དེ་ཀུན་ལ། །བྱང་ཆུབ་དམ་པ་འཛིན་དུ་སྩལ་མོད་གཞོན་ནུའི་ངང་ཚུལ་ཉམས་པ་མེད། །རྗེ་བཙུན་སྨྲ་བའི་སེང་གེས་གཟུངས་སྤོབས་བློ་གྲོས་སྣང་བ་མཆོག་སྩོལ་ཅིག །རྟག་ཏུ་ཆོས་དབྱིངས་ཟབ་མོར་སྙོམས་འཇུག་སྐྱེ་སོགས་སྤྲོས་མཚན་མ་དམིགས་ཀྱང་། །ཐུགས་རྗེའི་དབང་གིས་འགྲོ་སེམས་མཁའ་ལ་མཚན་དཔེའི་ཟླ་བ་མངོན་མཛེས་ཤིང་། །ཡེ་ཤེས་ཟེར་གྱིས་རྨོངས་ཆེན་བློ་ཡི་མུན་པ་མི་བཟད་འཇོམས་པའི་དཔལ། །རྗེ་བཙུན་སྨྲ་བའི་སེང་གེས་གཟུངས་སྤོབས་བློ་གྲོས་སྣང་བ་མཆོག་སྩོལ་ཅིག །ཇི་ལྟ་ཇི་སྙེད་ཤེས་བྱའི་ཆོས་ཀུན་མཁྱེན་པའི་ཡེ་ཤེས་གཅིག་གིས་གཟིགས། །གསུང་གཅིག་གིས་ཀྱང་མཐའ་ཀླས་འགྲོ་བའི་ཐེ་ཚོམ་དུད་པ་བྱེ་བ་འགྲོལ། །སྲས་བཅས་རྒྱལ་བའི་རྣམ་ཐར་མ་ལུས་ཁྱོད་གཅིག་ཁོ་ནས་ཡོངས་སུ་འཛིན། །རྗེ་བཙུན་སྨྲ་བའི་སེང་གེས་གཟུངས་སྤོབས་བློ་གྲོས་སྣང་བ་མཆོག་སྩོལ་ཅིག །གདུལ་བྱའི་ས་གཞིར་སྙིང་རྗེའི་རྩ་བརྟན་སྨོན་ལམ་ཡལ་འདབ་ཆེས་ཆེར་རྒྱས། །སྟོབས་བཅུ་མི་འཇིགས་མ་འདྲེས་ཆོས་ཀྱི་ལོ་འདབ་མེ་ཏོག་འབྲས་ཁུལ་ལྕི། །དབང་བཅུའི་གྲིབ་བསིལ་ཤིན་ཏུ་རྒྱ་ཆེན་སྐྱེ་དགུའི་ངལ་འཚོའི་སྨན་གཅིག་པུ། །རྗེ་བཙུན་སྨྲ་བའི་སེང་གེས་གཟུངས་སྤོབས་བློ་གྲོས་སྣང་བ་མཆོག་སྩོལ་ཅིག །སྡུག་བསྔལ་སྲིད་པའི་ཚང་ཚིང་སྲེག་ལ་བསྐལ་དུས་འཇིག་པའི་མེ་ཆེན་པོ། །ཀུན་འབྱུང་ཕྲ་རྒྱས་མུན་ཚོགས་གཞིལ་ལ་སྔོན་མེད་ནོར་བུའི་སྒྲོན་མེ་མཆོག །ལམ་བདེན་ཤིང་རྟས་ཉེར་དྲངས་འགོག་མཆོག་ཞི་བའི་གྲོང་ལ་སྦྱོར་མཛད་པའི། །རྗེ་བཙུན་སྨྲ་བའི་སེང་གེས་གཟུངས་སྤོབས་བློ་གྲོས་སྣང་བ་མཆོག་སྩོལ་ཅིག །སྲིད་ཞིའི་ཆུ་གཏེར་ཕ་རོལ་སྒྲོལ་བའི་བཅོས་ལེགས་རིན་ཆེན་གྲུ་བོ་མཆོག །ཟག་མེད་རྣམ་གྲོལ་ཡོན་ཏན་ནོར་མཆོག་ཅི་དགར་སྦྱིན་མཛད་དེད་དཔོན་ཆེ། །མཚན་ཐོས་ཙམ་གྱིས་ཀུན་རྨོངས་ནད་གཞིལ་སྨན་པའི་རྒྱལ་པོ་ཟླ་མེད་པ། །རྗེ་བཙུན་སྨྲ་བའི་སེང་གེས་གཟུངས་སྤོབས་བློ་གྲོས་སྣང་བ་མཆོག་སྩོལ་ཅིག །བརྒྱུད་ལྔར་འཕྱན་པའི་འགྲོ་ཚོགས་སྐྱོབ་མཛད་བྱམས་བརྩེའི་མ་མ་གཅིག་པུ་སྟེ། །བློ་ཆེན་རྣམས་ཀྱི་རྣམ་གྲོལ་ཡོན་ཏན་ལུས་ཟུང་བསྐྱེད་པའི་ཕ་ཡང་ཡིན། །མ་འདྲིས་མཛའ་བཤེས་མཚུངས་མེད་འཇམ་པའི་དཔལ་དང་ཡང་དག་ལྡན་པ་ཡི། །རྗེ་བཙུན་སྨྲ་བའི་སེང་གེས་གཟུངས་སྤོབས་བློ་གྲོས་སྣང་བ་མཆོག་སྩོལ་ཅིག །སྒྲིབ་མེད་ཀུན་ཏུ་གཟིགས་པའི་སྤྱན་གྱིས་སུ་ཞིག་རྒུད་པས་ཉམ་ཐག་པར། །ཐུགས་རྗེའི་ཕྲིན་ལས་ལྷག་པར་འཇུག་ཅེས་གྲགས་པའི་སྤྲིང་ཡིག་ཆེས་གསལ་མོད། །འཆིང་བ་བརྒྱས་བཅིངས་ཉམ་ཐག་བདག་ནི་མ་གཟིགས་ཀྱེ་མ་སྡུག་བསྔལ་ལོ། །ད་ནི་མི་ཤེས་དྲྭ་བ་མ་ལུས་གཅོད་པར་མཛོད་ཅིག་མགོན་པོ་ཀྱེ། །ཐོས་བསམ་སྒོམ་པའི་གེ་སར་ཆེས་མཐོ་འཆད་རྩོད་རྩོམ་པའི་འདབ་ཕྲེང་མཛེས། །མཁས་བཙུན་བཟང་པོའི་དྲི་བསུང་རྒྱ་ཆེ་སྐལ་བཟང་བུང་བ་དགའ་བའི་གཉེན། །ལུང་རྟོགས་སྦྲང་རྩིའི་ཉིང་ཁུ་འཇོ་བས་ཐུབ་བསྟན་པད་ཚལ་མཛེས་བྱེད་པའི། །འཕགས་ཆེན་རྣམས་ཀྱི་རྣམ་ཐར་ཟབ་མོའི་རྗེས་སུ་སློབ་ནུས་བྱིན་རླབས་སྩོལ། །བསོད་ནམས་བརྒྱ་ལས་གྲུབ་པའི་བཀྲ་ཤིས་རེ་ཁ{ཁཱ་འདིའི་རིགས་འདི་ལྟར་ཞུས། } ས་མཛེས་པའི་ཕྱག་ཡངས་ཀྱིས། །ཚེ་རབས་ཕྲེང་བར་མགོ་བོའི་ཐོད་དུ་ཉུག་པར་མཛད་དང་ཆབས་ཅིག་པར། །བློ་མཆོག་སྤོབས་པའི་གཏེར་བརྒྱད་ཁོང་ནས་རྒོད་པས་སྲིད་ཞིའི་གདུང་བཅིལ་བའི། །དགེ་མཚན་ནུབ་པ་མེད་པས་ཀུན་ནས་བསྲུང་བའི་བཀྲ་ཤིས་འཕེལ་གྱུར་ཅིག། ༈ ན་མོ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཆོས་དབྱིངས་མཁའ་ལ་སྙིང་རྗེའི་སྤྲིན་འཁྲིགས་གང་འདུལ་མཛད་པའི་ཆར་ཆེན་པོས། །གྲོང་ཁྱེར་རྣམ་དྲུག་ཀུན་ནས་ཁྱབ་མཛད་སྡུག་བསྔལ་ཀུན་འབྱུང་མེ་ཚོགས་བཅིལ། །རྣམ་གྲོལ་ཡོན་ཏན་མྱུ་གུ་བསྐྱེད་བསྲིང་ཕན་བདེའི་ཆུ་གཏེར་འཕེལ་མཛད་པ། །སྙིང་རྗེའི་ལྷ་ཡིས་བདག་རྒྱུད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བརླན་མཛོད་ཀྱཻ། །ཐུགས་རྗེ་ཆེན་པོའི་ལྗོན་ཤིང་རྨད་བྱུང་དམ་བཅའི་རྩ་བ་རབ་ཏུ་བརླིང་། །ས་བཅུ་ལམ་ལྔའི་ཡལ་འདབ་རབ་རྒྱས་སྤངས་རྟོགས་འབྲས་བུའི་ཁུར་གྱིས་ལྕི། །གཞན་ཕན་ཕྲིན་ལས་གྲིབ་བསིལ་རྒྱ་ཆེ་སྐྱེ་དགུ་ཡོངས་ཀྱི་ངལ་འཚོར་གྲུབ། །སྙིང་རྗེའི་ལྷ་ཡིས་བདག་རྒྱུད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བརླན་མཛོད་ཀྱཻ། །སྲིད་ན་ཕན་བདེའི་དངོས་ཀུན་དེ་བཞིན་གཤེགས་པའི་མཐུ་ལས་གཞན་གྱིས་མིན། །མི་མཆོག་འདྲེན་པ་སྟོང་ཡང་ཕྱག་གི་འོད་ཟེར་ཆ་ལ་ཉེར་གནས་པས། །རྣམ་ཐར་དཔག་ཡས་ཆོས་ཀྱི་དབྱིངས་མཉམ་དཔའ་ཆེན་ཡོངས་ཀྱི་ཕྱག་བྱས་པ། །སྙིང་རྗེའི་ལྷ་ཡིས་བདག་རྒྱུད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བརླན་མཛོད་ཀྱཻ། །གང་གང་འདུལ་ལ་དེ་དེར་སྟོན་པའི་ངོ་མཚར་གཟུགས་བརྙན་བྱེ་བ་འབུམ། །འགྲོ་སེམས་བཻཌཱུར་གཙང་མའི་ངོགས་སུ་སྐལ་བར་འཚམས་པ་རྗེས་སྟོན་པས། །ཀུན་སྦྱོར་འཆིང་བ་དམ་བཅད་བག་ཆགས་རྐུན་པོའི་རྒྱུན་ལམ་མ་ལུས་བཀག །སྙིང་རྗེའི་ལྷ་ཡིས་བདག་རྒྱུད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བརླན་མཛོད་ཀྱཻ། །སྡིག་སེམས་རང་གཟུགས་སྡུག་བསྔལ་གསུམ་གྱི་མེ་ཡིས་ཀུན་ནས་བཀླུབས་གྱུར་ཅིང་། །ལྟ་ངན་མུན་པས་མིག་ལྡོང་བླང་དོར་འཆོལ་བའི་འགྲོས་ཅན་དམན་རྣམས་ལ། །ཐུགས་རྗེ་ཆེན་པོས་ལྷག་པར་རྗེས་དགོངས་བྱམས་པའི་ཕྱག་གིས་སྲུང་མཛད་པ། །སྙིང་རྗེའི་ལྷ་ཡིས་བདག་རྒྱུད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བརླན་མཛོད་ཀྱཻ། །གང་གི་བ་སྤུའི་ཁུང་བུ་རེར་ཡང་སངས་རྒྱས་ཞིང་ཁམས་བསྒྲང་ཡས་བཀོད། །སྣ་ཚོགས་ཐབས་ཀྱི་འདུལ་བ་བཞི་ཡི་ཕྲིན་ལས་མཁའ་མཐའ་ཚད་བཟུང་བྲལ། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་མཛད་ལྷ་བརྒྱའི་གཙུག་གི་ཅོད་པཎ་མཆོག །སྙིང་རྗེའི་ལྷ་ཡིས་བདག་རྒྱུད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བརླན་མཛོད་ཀྱཻ། །བརྒྱད་གཉིས་འཇིགས་པའི་ཚད་གདུང་བཅིལ་ལ་ཞི་བསིལ་ཚངས་པའི་རལ་ཀླུང་མཆོག །བྱམས་དང་སྙིང་རྗེའི་ཆུ་གཏེར་འཕེལ་བྱེད་ཆ་ཤས་ཡོངས་རྫོགས་འོད་དཀར་དབང་། །སྐྱེ་དགུ་ཀུན་ལ་འདོད་པ་འཇོ་བའི་བུམ་བཟང་གཏེར་དང་དཔག་བསམ་ཤིང་། །སྙིང་རྗེའི་ལྷ་ཡིས་བདག་རྒྱུད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བརླན་མཛོད་ཀྱཻ། །མེ་དོང་ཆུད་པའི་བུ་ལ་མ་བཞིན་འགྲོ་ཁམས་རྒྱ་མཚོར་རྗེས་བརྩེའི་སྤྱན། །སྲིད་མཐར་གཟིགས་པའི་དམ་བཅའི་གོ་ཆ་དཔའ་ཆེན་གཞན་གྱིས་བསྐྲུན་མིན་པ། །མགོན་པོ་ས་བཅུའི་དབང་ཕྱུག་ཐུགས་རྗེ་ཆེ་ལྡན་ཐབས་ཚུལ་དཔག་མེད་བདག །སྙིང་རྗེའི་ལྷ་ཡིས་བདག་རྒྱུད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བརླན་མཛོད་ཀྱཻ། །སྒྲིབ་མེད་སྤྱན་གྱིས་འགྲོ་ཁམས་རྟག་གཟིགས་དུས་ལས་ཡོལ་མེད་ཕྲིན་ལས་ཀྱི། །ནོར་བུའི་ཞགས་པས་དབང་དུ་མི་མཛད་འགའ་ཡང་སྲིད་ན་མ་མཆིས་མོད། །ལས་ཀྱིས་བསྐལ་པའི་དམན་པ་བདག་ནི་བཏང་སྙོམས་བཞིན་དུ་གྱུར་ལགས་ཀྱི། །ཐུགས་རྗེའི་ཕྱག་ཡངས་ལ་འུར་རྐྱོངས་མཛོད་གངས་རིའི་ཁྲོད་ཀྱི་མགོན་པོ་མཆོག །ཚད་མེད་རྣམ་བཞིས་དུལ་བའི་ཞིང་སར་བྱང་ཆུབ་སེམས་གཉིས་ས་བོན་ཐེབས། །བསླབ་གསུམ་མྱུ་གུ་བྱང་ཆུབ་ཕྱོགས་ཆོས་གསེར་གྱི་སྙེ་མའི་དོག་པས་ལྕི། །དོན་གཉིས་འབྲས་བཟང་འགྲོ་ལ་འགྱེད་པའི་རྫོགས་ལྡན་དུས་སྟོན་གསར་པ་ཡིས། །ས་གསུམ་སྐྱེ་དགུའི་རེ་བ་སྐོང་ནུས་མཆོག་དང་རྣམ་ཐར་མཚུངས་བྱིན་རློབས། །ལུས་ཅན་ཀུན་གྱི་སྙིང་གི་པདྨོར་མཆོག་བྱིན་བདུད་རྩིའི་བཅུད་ཆགས་པས། །སྡིག་སེམས་ཟུག་རྔུའི་ཚོར་བ་ཀུན་བཅིལ་བདེ་དགའ་རྒྱ་མཚོའི་ལུས་སྟོབས་རྒྱས། །ཀུན་ཀྱང་ཐེག་ཆེན་བཞོན་པ་ལ་བརྟེན་རྣམ་གྲོལ་སྙིང་པོའི་གྲོང་སྙོགས་པས། །སྲིད་པའི་དམ་བཅའ་རྡུལ་དུ་ཞིག་པའི་བཀྲ་ཤིས་སྣང་བས་མཛེས་གྱུར་ཅིག ། ༈ ན་མོ་བཛྲ་པཱ་ཎ་ཡེ། བསྒྲངས་ཡས་ཞིང་ན་སྲས་བཅས་རྒྱལ་བ་ཡོངས་ཀྱི་གསང་བའི་མཛོད་འཛིན་པ། །ནུས་མཐུ་རྩེ་བརྒྱ་འབར་བའི་མཚོན་གྱིས་བདུད་རིགས་ཀླད་པ་འགེམ་མཛད་ཅིང་། །དྲན་པ་ཙམ་གྱིས་ཕས་རྒོལ་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་སྟེར་བའི། །དཔའ་ཆེན་ལག་ན་རྡོ་རྗེས་བྱང་ཆུབ་ལམ་གྱི་བར་ཆད་ཀུན་སོལ་ཅིག །ཆོས་ཀྱི་དབྱིངས་སུ་རྒྱལ་རྣམས་དགོངས་པའི་གསང་མཛོད་མཉམ་པ་ཉིད་གྱུར་ཀྱང་། །གདུལ་བྱ་འདུལ་སླད་སྟོན་འཁོར་ཞུ་གསུང་སྡུད་པ་པོ་དང་གཉེར་འཛིན་ཚུལ། །དུ་མའི་བཀོད་པས་སྲིད་མཐས་གཏུག་པར་གསང་སྔགས་རིག་མཆོག་སྟོན་པ་པོ། །དཔའ་ཆེན་ལག་ན་རྡོ་རྗེས་བྱང་ཆུབ་ལམ་གྱི་བར་ཆད་ཀུན་སོལ་ཅིག །གང་ཞིག་དྲན་ན་གཤིན་རྗེའི་ཚོགས་ཀྱང་སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་ཅིང་། །བདུད་སྡེའི་རུ་མཚོན་བསྙིལ་དང་ཆབས་ཅིག་ཕྱོགས་ཀུན་བཅིང་བ་ལྟར་གྱུར་ནས། །བྲོས་པའི་མཐུ་ཟད་ཞབས་ཀྱི་རྡུལ་འོག་ལྷུང་གང་བརྩེ་བས་འདོར་མིན་པ། །དཔའ་ཆེན་ལག་ན་རྡོ་རྗེས་བྱང་ཆུབ་ལམ་གྱི་བར་ཆད་ཀུན་སོལ་ཅིག །ལྟ་ངན་འཐིབ་པོས་ཀུན་ནས་ནོན་གྱུར་མུ་ཅོར་སྨྲ་བ་ཏརྐའི་སྡེ། །དད་པའི་པདྨོ་ཟུམ་པའི་ངང་ཚུལ་ཀུན་ནས་འཐོར་བྱེད་དུས་མཐའི་རླུང་། །ཐུབ་དབང་རྒྱལ་བའི་རུ་མཚོན་ཆེར་བསྒྲེངས་ཆོ་འཕྲུལ་མཆོག་ཀྱང་ཁྱེད་ཀྱི་མཐུ། །དཔའ་ཆེན་ལག་ན་རྡོ་རྗེས་བྱང་ཆུབ་ལམ་གྱི་བར་ཆད་ཀུན་སོལ་ཅིག །སྐྱེ་བོ་ཕལ་དང་རང་བདེ་དོན་གཉེར་ཉན་ཐོས་རང་སངས་རྒྱས་དེ་བཞིན། །བློ་ཆེན་སེམས་མཆོག་དང་པོ་བསྐྱེད་ནས་རྒྱུན་མཐར་གྱུར་པ་དེ་སྲིད་དུ། །རེ་རེའི་ཕྱི་བཞིན་མཚོན་ཆ་གདེངས་པའི་ཟོལ་གྱིས་ཀུན་ཏུ་སྲུང་མཛད་པ། །དཔའ་ཆེན་ལག་ན་རྡོ་རྗེས་བྱང་ཆུབ་ལམ་གྱི་བར་ཆད་ཀུན་སོལ་ཅིག །སེམས་ཀྱི་སྐད་ཅིག་རེར་ཡང་འགྲོ་ཀུན་བསམ་དང་སྤྱོད་པའི་རྗེས་འགྲོ་བའི། །སྣ་ཚོགས་ཐེག་པའི་སྒོ་འཕར་བྱེ་བ་བརྒྱ་ཕྲག་འབྱེད་ཅིང་སྟོན་པ་པོ། །མཐའ་ཀླས་གཟུངས་སྤོབས་ནོར་བུའིགཏེར་འཆང་ས་བཅུའི་དབང་ཕྱུག་ཡོངས་ཀྱི་ཏོག །དཔའ་ཆེན་ལག་ན་རྡོ་རྗེས་བྱང་ཆུབ་ལམ་གྱི་བར་ཆད་ཀུན་སོལ་ཅིག །རླབས་ཆེན་ཕྱིན་དྲུག་སྤྱོད་པའི་གསེར་བཟང་ཐབས་མཁས་མཛད་པའི་བཞུ་བཏུལ་གྱིས། །སྟོབས་མཆོག་མུ་ཁྱུད་མཛེས་འབར་སྨོན་ལམ་བསམ་མི་ཁྱབ་པའི་རྩིབས་སྟོང་བཀྲ། །ཡེ་ཤེས་མཁའ་ལ་རྣམ་པར་བསྐྱོད་པའི་སྔོན་མེད་ཆོས་ཀྱི་འཁོར་ལོ་མཆོག །དཔའ་ཆེན་ལག་ན་རྡོ་རྗེས་བྱང་ཆུབ་ལམ་གྱི་བར་ཆད་ཀུན་སོལ་ཅིག །རྒྱུད་དོ་ཅོག་གི་ཆུ་ཀླུང་མཐའ་དག་འབྱུང་བའི་གནས་གཅིག་གདེངས་ཅན་དབང་། །རྒྱལ་ཀུན་གསང་བ་ཟབ་མོའི་མཛོད་གཉེར་འགྲོ་ཚོགས་སྐྱོང་བའི་མ་མ་མཆོག །འཇིགས་པས་ཉེན་པ་རྣམས་ཀྱི་དཔུང་གཉེན་དོན་མཐུན་མགྲོན་པོའི་ས་མཁན་ཆེ། །དཔའ་ཆེན་ལག་ན་རྡོ་རྗེས་བྱང་ཆུབ་ལམ་གྱི་བར་ཆད་ཀུན་སོལ་ཅིག །རྟག་ཏུ་ཆོས་དབྱིངས་ཞི་ལ་གནས་ཀྱང་འབར་བ་ཆེན་པོའི་སྐུར་སྟོན་པ། །ལྷ་ཡི་ལྷ་སྟེ་བདུད་ཀྱི་བདུད་གྱུར་བགེགས་ཀྱི་དགྲ་ཆེན་མཚུངས་མེད་ཁྱོད། །དེང་འདིར་རྗེས་དགོངས་བདག་བློའི་ཉོན་མོངས་གཟུང་འཛིན་འཁྲུལ་པའི་སྦུབས་རྒྱ་འདི། །ཡེ་ཤེས་རྡོ་རྗེའི་མཚོན་གྱིས་ད་ལྟ་ཉིད་དུ་ལྷག་མེད་གཞོམ་མཛོད་ཀྱཻ། །རྡོ་རྗེ་ཡེ་ཤེས་འབེབས་པའི་བྱིན་རླབས་སྙིང་གི་དབུས་སུ་རབ་ཞུགས་ནས། །མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེར་སྲིད་ཞི་རོ་མཉམ་གྱུར་པ་ཡི། །འཁོར་འདས་ཀུན་གྱི་སྤྱི་དཔལ་ཧེ་རུ་ཀཿཔ་དེང་འདིར་འགྲུབ་འགྱུར་ནས། །རྡོ་རྗེ་འཛིན་བདག་གསང་བ་གསུམ་དང་རྣམ་ཐར་མཉམ་པའི་བྱིན་རླབས་སྩོལ། །བདག་སོགས་མཐའ་ཀླས་འགྲོ་ཀུན་ལུས་སེམས་རྡོ་རྗེ་ལྟ་བུ་རབ་བརྟན་ཞིང་། །བར་ཆད་བདུད་དགྲའི་འཚེ་བ་མིང་མེད་མི་ཤིས་རྒུད་པ་གཏན་བཅིལ་ནས། །རྡོ་རྗེའི་གསང་མཆོག་ཟབ་མོར་རྗེས་སློབ་དོན་གཉིས་ནོར་བུའི་གཏེར་འབྱེད་པའི། །བཀྲ་ཤིས་སྣང་བས་ཕྱོགས་དུས་ཀུན་ཁྱབ་དགའ་སྟོན་རྒྱལ་མཚན་སྒྲེང་གྱུར་ཅིག །༈ ན་མ་ཨཱཪྻ་མཻ་ཏྲི་ ཡེ། ཉི་མའི་གཉེན་སོགས་དཔའ་སྟུག་ཡོངས་ཀྱི་དབང་བསྐུར་ཅོད་པཎ་དབུར་བཅིངས་ཤིང་། །དགའ་བ་བརྒྱ་ལྡན་གྲོང་དུ་ཐེག་ཆེན་ཆོས་ཀྱི་རྒྱལ་སྲིད་ལེགས་བསྐྱངས་ནས། །ཞིང་འདིར་སངས་རྒྱས་མཛད་པ་སྟོང་མཛད་ས་བཅུའི་དབང་ཕྱུག་ཟླ་མེད་པ། །རྒྱལ་ཚབ་མ་ཕམ་མགོན་གྱིས་བདག་རྒྱུད་བསླབ་གསུམ་ཡོན་གྱིས་འབྱོར་བར་མཛོད། །བྱམས་ཆེན་འགྲན་ཟླ་བྲལ་བའི་ཏིང་འཛིན་གོ་ཆ་ཆེན་པོ་གཅིག་པུས་བགོས། །ཐབས་ལ་མཁས་པས་དཀའ་བ་མེད་པར་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་མཛད། །བྲལ་ཐོབ་སྨིན་པའི་ཡོན་ཏན་བྱེ་བའི་རིན་ཆེན་གཏེར་ལ་རང་དབང་བསྒྱུར། །རྒྱལ་ཚབ་མ་ཕམ་མགོན་གྱིས་བདག་རྒྱུད་བསླབ་གསུམ་ཡོན་གྱིས་འབྱོར་བར་མཛོད། །སེམས་ཀྱི་སྐད་ཅིག་རེར་ཡང་གྲངས་མཐའ་ཡས་པའི་རྒྱལ་ལ་བཀའ་བགྲོས་ཤིང་། །ཏིང་ངེ་འཛིན་དང་ཡེ་ཤེས་རྣམ་འཕྲུལ་བསམ་མི་ཁྱབ་པས་འགྲོ་མང་འདུལ། །སངས་རྒྱས་ཆོས་རྣམས་ལྐོག་ཏུ་མ་གྱུར་མངོན་སུམ་ལག་མཐིལ་གཏེར་བཞིན་གཟིགས། །རྒྱལ་ཚབ་མ་ཕམ་མགོན་གྱིས་བདག་རྒྱུད་བསླབ་གསུམ་ཡོན་གྱིས་འབྱོར་བར་མཛོད། །རྒོལ་བ་ངན་པའི་གླང་པོའི་ཁྱུ་ལ་འཇིགས་མེད་སེང་གེའི་ང་རོའི་དབྱངས། །བདུད་ཀྱི་སྤྱོད་ཡུལ་ཡོངས་སུ་གཅོད་བྱེད་ཡེ་ཤེས་མཚོན་ཆའི་འཁོར་ལོ་མཆོག །ལོག་པར་ལྟ་བའི་རྒྱ་མཚོ་སྐེམ་ལ་བསྐལ་དུས་འཇིག་པའི་མེ་ཆེན་པོ། །རྒྱལ་ཚབ་མ་ཕམ་མགོན་གྱི་བདག་རྒྱུད་བསླབ་གསུམ་ཡོན་གྱིས་འབྱོར་བར་མཛོད། །བསླབ་གསུམ་རྙོག་པའི་དྲི་མ་བགྲུང་བྱེད་སྔོན་མེད་ནོར་བུ་ཀེ་ཏ་ཀ །གཟུངས་སྤོབས་བློ་གྲོས་སྒོ་བརྒྱ་འབྱེད་ལ་རིན་ཆེན་ལྡེའུ་མིག་མཚུངས་པ་མེད། །བྱམས་པའི་ཆར་གྱིས་ཁྲོ་བའི་མེ་ཚོགས་གཞིལ་མཛད་སྤྲིན་ཆེན་ལྷུན་འཐུག་པོ། །རྒྱལ་ཚབ་མ་ཕམ་མགོན་གྱིས་བདག་རྒྱུད་བསླབ་གསུམ་ཡོན་གྱིས་འབྱོར་བར་མཛོད། །དཀར་ཆོས་རིགས་ཀྱི་མྱུ་གུ་སྐྱེད་བྱེད་དྲི་མེད་བདུད་རྩིའི་ཆོས་ཆར་ཆེ། །ས་ལམ་ཡོན་ཏན་གོང་མར་སྦྱོར་ལ་རིན་ཆེན་ཐེམ་སྐས་བཟང་པོ་སྟེ། །སྲིད་མཚོ་སྒྲོལ་བའི་གྲུ་ཆེན་མཉན་པ་ལམ་སྟོན་སྐྱེལ་མ་དཔའ་བོ་མཆོག །རྒྱལ་ཚབ་མ་ཕམ་མགོན་གྱིས་བདག་རྒྱུད་བསླབ་གསུམ་ཡོན་གྱིས་འབྱོར་བར་མཛོད། །རྒྱལ་སྲས་རྒྱུ་སྐར་ཕྲེང་བའི་དབུས་ན་མཁྱེན་རྟོགས་དཀྱིལ་འཁོར་གང་བའི་ཟླ། །ཐེག་མཆོག་ཆོས་ཀྱི་འོད་དཀར་འགྱེད་པས་བློ་ཆེན་ཡིད་ཀྱི་ཀུ་མུ་ད། །ཅི་དགར་བཞད་པས་ས་གསུམ་འཇིག་རྟེན་ཀུན་ནས་དགའ་བར་མཛད་པ་ཅན། །རྒྱལ་ཚབ་མ་ཕམ་མགོན་གྱིས་བདག་རྒྱུད་བསླབ་གསུམ་ཡོན་གྱིས་འབྱོར་བར་མཛོད། །ཤཱཀྱའི་སྲས་ཀྱི་བསྟན་འདིར་དགེ་རྩའི་ས་བོན་ཆེས་ཕྲ་གང་བཏབ་རྣམས། །བྱམས་མགོན་ཉི་མའི་དཀྱིལ་འཁོར་འགྲོ་བསོད་མཁའ་ལ་འཆར་བར་གྱུར་དེའི་ཚེ། །བྱང་ཆུབ་གསུམ་གྱི་འབྲས་བཟང་སྨིན་མཛད་རྣམ་ཐར་བཀའ་དྲིན་བསམ་མི་ཁྱབ། །རྒྱལ་ཚབ་མ་ཕམ་མགོན་གྱིས་བདག་རྒྱུད་བསླབ་གསུམ་ཡོན་གྱིས་འབྱོར་བར་མཛོད། །སྙིགས་སྤྱོད་སྐྱེ་བོ་ཁྲེལ་དང་ངོ་ཚའི་གོས་བྲལ་དྲན་ཤེས་ས་མཁན་སྟོར། །ཚུལ་ཁྲིམས་ནོར་དབུལ་ཏིང་འཛིན་ཁ་ཟས་ཉམ་ཆུང་མ་རིག་འབྲོག་དགོན་དུ། །རྣམ་པར་འཕྱན་འདི་ཀྱེ་མ་བྱམས་མགོན་ཐུགས་རྗེའི་གཏེར་གྱིས་མ་གཟིགས་སམ། །བསླབ་གསུམ་ནོར་བུའི་མཛོད་ཁང་མཆོག་ལ་ད་ལྟ་ཉིད་དུ་སྤྲད་མཛད་གསོལ། །སྦྱངས་ཡོན་བཅུ་གཉིས་ཁྲིམས་གཙང་ལྷ་གོས་པཉྩ་ལི་ཀས་ཉེར་ཀླུབ་ཅིང་། །ཟག་མེད་ཏིང་འཛིན་སྐ་རགས་ལེགས་བཅིང་ཤེས་རབ་ཟབ་མོའི་རྒྱན་མཆོག་གིས། །ལེགས་སྤྲས་བསྟན་འཛིན་ལྷ་ཕྲུག་གཞོན་ནུའི་རྩེ་རར་བག་ཕེབས་རྒྱུ་བ་ཡི། །སྤོོབས་པས་རྒྱལ་བསྟན་སྲིད་མཐའི་བར་དུ་འཛིན་ལ་བསྙེང་བྲལ་བྱིན་གྱིས་རློབས། །བསོད་ནམས་བསམ་མི་ཁྱབ་པའི་སྤྲིན་ལས་ལེགས་འོང་ཕན་བདེའི་ཆར་ཆེན་པོས། །ས་འོག་ས་སྟེང་ས་བླའི་འཇིག་རྟེན་མ་ལུས་ཀུན་ནས་ཁྱབ་གྱུར་པས། །བྱམས་པའི་ཏིང་འཛིན་མཆོག་གིས་རྒྱུད་བརླན་འཐབ་དང་རྩོད་པའི་མིང་མི་གྲགས། །བདེ་དགའ་རྒྱ་མཚོའི་འབྱོར་པས་བཀྲ་ཤིས་དཔལ་དུ་འབར་བའི་གཞི་ཚུགས་ཤིག ། ༈ ན་མཿཀྵིཏི་གརྦྷཱ་ཡ། དཔལ་ལྡན་དགེ་ལེགས་ཡོན་ཏན་བྱེ་བའི་རང་བཞིན་རྫོགས་ལྡན་ནོར་བུའི་སྤྲིན། །སྨོན་ལམ་རླུང་གིས་ཉེར་བསྐུལ་ཚེ་དཔལ་འབྱོར་པ་འདོད་དགུའི་གྲུ་ཆར་གྱིས། །ས་གསུམ་སྐྱེ་དགུའི་རེ་བའི་ཤིང་རྟ་ཕྱུར་བུར་འགེངས་པའི་དཔལ་ཡོན་ཅན། །གྲགས་མཆོག་ས་ཡི་སྙིང་པོས་གྲུབ་གཉིས་འདོད་པ་ཡིད་བཞིན་འཇོ་བར་མཛོད། །ཚོགས་གཉིས་རྒྱ་མཚོ་བསྲུབས་ལས་ཉེར་ཐོན་མཁྱེན་བརྩེའི་དཀྱིལ་འཁོར་གང་བའི་ཟླ། །ཆོས་དབྱིངས་མཁའ་ལ་རྟག་གནས་འགྲོར་སེམས་གཙང་མའི་ཆུ་སྣོད་བྱེ་བ་བརྒྱར། །གང་འདུལ་བཀོད་པའི་གཟུགས་བརྙན་བསྒྲང་ཡས་འགོག་མེད་འཆར་བའི་ངོ་མཚར་ཅན། །གྲགས་མཆོག་ས་ཡི་སྙིང་པོས་གྲུབ་གཉིས་འདོད་པ་ཡིད་བཞིན་འཇོ་བར་མཛོད། །རིན་ཆེན་མཆོག་ལྟར་དཀོན་པའི་མཚན་མཆོག་སུ་ཞིག་སྒྲ་འཛིན་བུག་པ་རུ། །སོན་པའི་སྐལ་བཟང་ཐོབ་དང་ཆབས་ཅིག་རེ་བ་ལས་ལྷག་འདོད་པའི་འབྲས། །འབད་མེད་སྩོལ་ལ་བུམ་བཟང་གཏེར་དང་དཔག་བསམ་ཤིང་གིས་བསྐྲུན་བྱར་མིན། །གྲགས་མཆོག་ས་ཡི་སྙིང་པོས་གྲུབ༴ བསོད་ནམས་ས་བོན་དམན་པས་རྒྱལ་སྲས་གཞན་གྱིས་སྤོང་བ་བཞིན་གྱུར་ཅིང་། །སྡིག་དང་སྡུག་བསྔལ་འདུ་བྱེད་རྦ་ལ་ཆེས་ཆེར་འཕྱན་པས་ཉམ་ཐག་པར། །བློ་ཆེན་ཁྱོད་ནི་ལྷག་པར་བརྩེ་བས་ཐུགས་རྗེའི་འཇུག་པ་མྱུར་ལ་ཟབ། །གྲགས་མཆོག་ས་ཡི་སྙིང་པོས༴ གང་གིས་ཁྱོད་མཚན་དྲན་པའི་མོད་ལ་བརྒྱད་གཉིས་འཇིགས་པའི་གཡུལ་ཟློག་ཅིང་། །རིན་ཆེན་འབྲུ་སྨན་ཟས་གོས་གནས་མལ་འཚོ་བའི་ཡོ་བྱད་མཁོ་དགུའི་རིགས། །མ་ཚང་མེད་པའི་འབྱོར་ཚོགས་སུག་པའི་མཐིལ་ན་གནས་པའི་གཏེར་བཞིན་འཐོབ། །གྲགས་མཆོག་ས་ཡི་སྙིང་པོས་གྲུབ་གཉིས་འདོད་པ་ཡིད་བཞིན་འཇོ་བར་མཛོད། །སྙོམས་འཇུག་ཕྲ་བ་གཅིག་གི་མཐུས་ཀྱང་རྡུལ་སྙེད་གྲངས་མཉམ་སངས་རྒྱས་ཞིང་། །བཀོད་པ་ཕུན་ཚོགས་ཡིད་བཞིན་སྤྲིན་གྱིས་ཀུན་ནས་བརྒྱན་ཅིང་སྐྱེ་དགུའི་ཚོགས། །ཟག་མེད་ཏིང་འཛིན་མཆོག་གི་དགའ་བས་ཆེས་ཆེར་མྱོས་པའི་དགེ་མཚན་འཛིན། །གྲགས་མཆོག་ས་ཡི་སྙིང་པོས༴ ཅིར་སྣང་གསོད་པའི་མཚོན་ཆར་མངོན་ཞིང་སུ་མཐོང་དགྲ་ཡི་དྭངས་མ་རུ། །འདུ་ཤེས་ལོག་པར་གྱུར་ཚེ་བྱམས་ཆེན་ཆར་གྱིས་ཁྲོ་བའི་མེ་བསད་ནས། །ཕན་ཚུན་མ་བུའི་གདུང་བས་རྩེ་དགའི་དུས་སྟོན་གསར་དུ་ངོམ་མཛད་པ། །གྲགས་མཆོག་ས་ཡི་སྙིང་པོས༴ སེར་སྣའི་འབྲས་གཟུགས་བཅུད་དུ་སྨིན་པས་ཀོ་ཊ་པ་ཡི་ཁ་ཟས་ཀྱང་། །མི་འབྱོར་ཡི་དྭགས་གཟུགས་ཅན་བཀྲེན་ལ་བརྩེ་བས་བཟའ་བཏུང་གོས་ཆར་གྱིས། །དབུལ་པོའི་གྲོང་ཡང་སུམ་རྩེན་གནས་བཞིན་ཀུན་ནས་འབྱོར་བར་མཛད་པ་ཡི། །གྲགས་མཆོག་ས་ཡི་སྙིང་པོས་གྲུབ་གཉིས༴ འཆོས་མེད་ནད་རིམས་གཤིན་རྗེ་ཁྲོས་པའི་གྲེ་བར་ཆུད་གྱུར་མགོན་མེད་འགྲོ། །མཆོག་བྱིན་གྲུབ་པའི་སྨན་གྱིས་ལེགས་གཞིལ་རིང་འཚོའི་སྲོག་གི་སྦྱིན་པ་སྩལ། །སྡིག་སེམས་ལུ་མའི་ཆུ་བོ་ཡེ་ཤེས་མེ་ཡིས་ལྷག་མེད་སྐེམ་མཛད་པ། །གྲགས་མཆོག་ས་ཡི་སྙིང་པོས༴ སྙིགས་ལྔའི་རྒུད་པའི་བ་མོ་གཞིལ་ལ་ཉིན་མོར་བྱེད་པའི་གཟི་འོད་ཆེ། །བརྟན་གཡོའི་དགེ་མཚན་ཆེས་ཆེར་སྤེལ་བྱེད་གདེངས་ཅན་དབང་པོའི་གཙུག་ནོར་མཆོག །སྲིད་ལམ་རྒྱུ་བའི་འཁྲུལ་འཁོར་གཞིག་ལ་གནམ་ལྕགས་ཐོག་གིས་མཚོན་མིན་པ། །གྲགས་མཆོག་ས་ཡི་སྙིང་པོས༴ །འཇམ་དཔལ་ཀུན་ཏུ་བཟང་སོགས་གངྒཱའི་བྱེ་སྙེད་རྒྱལ་སྲས་དཔའ་བོ་རྣམས། །ཁྲག་ཁྲིག་བསྐལ་པར་མཆོད་ལས་ཁྱོད་མཚན་སྐད་ཅིག་དྲན་གང་དོན་ཆེ་བར། །ཐུབ་གསུང་སེང་གེའི་སྒྲ་ཡིས་རྗེས་བསྔགས་དཔེ་ལས་འདས་པའི་ཡོན་ཏན་ཅན། །གྲགས་མཆོག་ས་ཡི་སྙིང་པོས་གྲུབ་གཉིས་འདོད་པ་ཡིད་བཞིན་འཇོ་བར་མཛོད། །སྲིད་དང་ཞི་བའི་དགེ་མཚན་མི་ནུབ་ནོར་བུའི་རྒྱལ་མཚན་ཆེ་མཐོ་བ། །སྲིད་མཐའི་བར་དུ་མཆོག་བྱིན་དཔུང་པས་ཡོངས་སུ་བཟུང་བའི་གྲིབ་བསིལ་ལ། །གྲོང་ཁྱེར་དྲུག་གི་འགྲོ་བ་མ་ལུས་བདེ་བར་ངལ་འཚོ་ཐོབ་པ་ཡི། །ས་འདི་དགའ་བ་བརྒྱ་ལྡན་གྲོང་བཞིན་ཀུན་ནས་འབྱོར་བའི་ཤིས་པ་སྩོལ། །བདག་ཀྱང་སྐྱེ་ཀུན་ས་ཡི་གཙོ་བོའི་ཐུགས་རྗེའི་ཉི་འོད་སྙིང་ལ་ཤར། །དཔག་ཡས་ཏིང་འཛིན་གཟུངས་སྤོབས་རྣམ་འཕྲུལ་ཡོན་ཏན་བྱེ་བའི་འདབ་སྟོང་བཞད། །གཞན་ཕན་ཕྲིན་ལས་སྦྲང་རྩིའི་དགའ་སྟོན་མུ་མེད་འགྲོ་ལ་འགྱེད་པ་ཡི། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་གྱིས་ཕྱོགས་དུས་ཀུན་ཏུ་ཁྱབ་གྱུར་ཅིག། ༈ ན་མ་སརྦཱ་བ་ར་ཎ་བི་ཀམྦྷཱ་ཡ། སེམས་ཅན་ཀུན་གཙོ་རྒྱལ་སྲས་ཚུལ་ཆེན་ཉོན་མོངས་དྲི་མ་ཀུན་ལས་འདས། །ཐུགས་རྗེ་ཆེན་པོ་སྒྲིབ་ཀུན་ངེས་འགྲོལ་ཡེ་ཤེས་རྣམ་ཐར་བསམ་མི་ཀྱབ། །གྲགས་མཆོག་རྒྱུ་སྐར་བྱེ་བའི་དབུས་ན་མཚན་མོའི་མགོན་ལྟར་ཆེས་འཕགས་པའི། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བདག་བློའི་ཀུན་འབྱུང་འཆིང་བ་ཁྲོལ། །མགོན་པོ་གང་དག་འདས་དང་མ་བྱོན་ད་ལྟར་བཞུགས་པའི་མི་མཆོག་རྣམས། །སློབ་ཚེ་བྱང་ཆུབ་དམ་པ་མཆོག་དེ་ཁྱོད་གཅིག་ཁོ་ནས་འཛིན་སྩལ་པའི། །ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་དཔག་ཡས་བློ་ཆེན་གཞན་གྱིས་གཞལ་དཀའི་གནས། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བདག་བློའི་ཀུན་འབྱུང་འཆིང་བ་ཁྲོལ། །འགྲོ་ཀུན་འཇམ་དཔལ་དབྱངས་དང་དེ་བཞིན་ཐེ་ཚོམ་སེལ་མའི་གནས་ཐོབ་ཀྱང་། །དཔའ་བོ་གང་གི་ཏིང་འཛིན་སྟོབས་དང་ཡེ་ཤེས་རྣམ་འཕྲུལ་ཚད་མེད་པའི། །རྣམ་ཐར་ཟབ་མོའི་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་འགྱུར་མིན་པ། །སྒྲིབ་པ་ཐམས་ཅད་རྣམ་པ་སེལ་བས་བདག་བློའི་ཀུན་འབྱུང་འཆིང་བ་ཁྲོལ། །གང་གི་མཚན་ཙམ་ཐོས་པས་སྒྲིབ་པའི་དྲྭ་བ་མ་ལུས་འདྲལ་མཛད་ཅིང་། །ངན་སོང་གསུམ་དང་བུད་མེད་དམན་སོགས་སྲིད་པའི་སྡུག་བསྔལ་ཐ་མར་བྱེད། །བདེ་ནས་བདེ་བའི་འཇུག་ངོགས་ལ་བརྟེན་རྣམ་གྲོལ་དཔལ་ལ་སྦྱོར་མཛད་པ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས༴ བློ་མཆོག་མངའ་བ་ཁྱོད་ཀྱི་ལེགས་བརྙེས་ཡེ་ཤེས་ཏིང་འཛིན་ཟབ་མོ་ཡི། །མིང་གི་རྣམ་གྲངས་ཙམ་ཡང་དཔའ་ཆེན་གཞན་གྱིས་བསྒྲང་བར་བཟོད་མིན་ན། །རྣམ་ཐར་རྒྱ་མཚོའི་ཚུལ་དང་མཉམ་པ་སྲིད་ཞིའི་ཁོངས་ན་ལྟ་ཅི་ཞིག །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས༴ ཆོས་ཀུན་མཉམ་པ་ཉིད་དུ་གཟིགས་ཀྱང་གདུལ་བྱའི་ཞིང་ལ་བརྩེ་ཚུལ་སྟོན། །སྐྱེ་སོགས་སྤྲོས་པའི་མཚན་མ་བྲལ་ཡང་སྐྱེ་བའི་ཆོ་འཕྲུལ་འགགས་པ་མེད། །མེད་སྣང་སྒྱུ་མར་འཕྱན་པའི་འགྲོ་རྣམས་བྱང་ཆུབ་གསུམ་ལ་འགོད་མཛད་པ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས༴ སྐྲ་རྩེའི་ཁྱོན་ལ་རྡུལ་སྙེད་ཞིང་གི་བཀོད་པ་རབ་འབྱམས་བསྐྲུན་བྱས་ནས། །སྐད་ཅིག་རེར་ཡང་སངས་རྒྱས་རྒྱ་མཚོ་མཆོད་སྤྲིན་རྒྱ་མཚོས་མཉེས་བྱེད་ཅིང། །ཆོས་མཛོད་རྒྱ་མཚོ་སྲུང་ཞིང་སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་མཛད་པ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས༴ སྒྲིབ་པའི་དྲི་མ་འཁྲུད་ལ་ཁྲུས་ཆབ་ལྟུང་ལས་ལྡང་བའི་འཁར་བ་སྟེ། །ཀུན་དཀྲིས་འཆིང་བ་གཅོད་པའི་རལ་གྲི་ནོར་བ་རྣམས་ཀྱི་ས་མཁན་མཆོག །འཇིགས་ལ་སྐྱེལ་མ་བརྒལ་འདོད་གྲུ་ཆེན་ཐར་འདོད་ཡོངས་ལ་མིག་སྦྱིན་པ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བདག་བློའི་ཀུན་འབྱུང་འཆིང་བ་ཁྲོལ། །ཀྱེ་ཧུད་ཐོག་མ་མེད་ནས་ལུས་ཅན་སྙིང་ལ་ཉལ་བའི་མུན་པ་ཡིས། །ཡོངས་སུ་ཁེབས་པས་སྒྲིབ་པའི་ཁུར་པོ་ཤིན་ཏུ་ལྕི་བས་གནོན་པ་བདག །གདུང་གླུ་ལག་པ་གཡོབ་པའི་སྣང་ཚུལ་འདི་ལགས་སློང་བའི་དུས་ཀྱང་དེང་། །དུས་མཁྱེན་ཆེན་པོས་དགོངས་མཛོད་དུས་ལས་ཡོལ་མེད་ཐུགས་རྗེའི་ཕྱག་རྐྱོངས་ཤིག །སྒྲིབ་གསུམ་འཆིང་རྒྱ་དམ་པོས་བཅིང་གང་ཡེ་ཤེས་རལ་གྲི་རྣོན་པོས་ཆོད། །སྟོང་ཉིད་སྙིང་རྗེའི་བ་གམ་གསར་པ་རིག་པའི་ཁྱེའུ་ཆུང་གྲོགས་སུ་བྱིན། །གཟུགས་སྤོབས་ཏིང་འཛིན་རྣམ་འཕྲུལ་དཔག་ཡས་གཏེར་མཆོག་བྱེ་བའི་སྒོ་ཕྱེས་ལ། །སྒྲིབ་སེལ་ཆོས་ཀྱི་རྒྱལ་པོའི་སྲིད་ལ་དེ་རིང་ཉིད་ནས་འགོད་མཛོད་ཀྱཻ། །གང་མཚན་གྲགས་པའི་སྤྲིང་ཡིག་བཟང་པོས་སྐྱེ་དགུའི་རྣ་ལུང་མཛེས་བྱས་མཐུས། །ཕྲ་རྒྱས་མུན་པའི་གདོན་ཚོགས་མཐར་བསྐྲད་ཕྱིན་ལམ་རྒྱུ་བ་ཡོངས་སུ་བཅད། །རྣམ་གྲོལ་ཡོན་ཏན་བདུད་རྩིས་མི་ཤིགས་སྲོག་གི་ཀ་བ་བརླིང་བྱས་མཐུས། །བཀྲ་ཤིས་སྐྱེ་ལྔའི་སྒྲ་ཡིས་ས་གསུམ་འཇིག་རྟེན་ཀུན་ནས་སྙན་གྱུར་ཅིག། ༈ ན་མོ་ཨཱ་ཀཱ་ཤ་གརྦྷཱ་ཡ། གྲགས་པའི་གཏེར་མངའ་ཡོན་ཏན་བྱེ་བའི་རླབས་ཕྲེང་ཀུན་ནས་མཛེས་པ་ཅན། །ཆོས་ཀྱི་རྒྱལ་པོ་རྒྱལ་བའི་གདུང་འཛིན་ས་གསུམ་སྐྱེ་དགུ་སྐྱོང་བའི་གཉེན། །སངས་རྒྱས་ཆོས་རྣམས་ལྐོག་ཏུ་གྱུར་མིན་ཡེ་ཤེས་ཟབ་མོའི་སྤྱོད་ཡུལ་འཆང་། །དཔའ་ཆེན་ནམ་མཁའི་སྙིང་པོས་ལྟུང་བའི་རི་བོ་རྨང་ནས་བསྒྱེལ་མཛོད་ཀྱཻ། །རྒྱལ་སྲས་པདྨའི་དགའ་ཚལ་དབུས་ན་ཨུ་དུམྦཱར་ལྟར་འཕགས་ཤིང་། །དམུས་ལོང་དམིག་བུ་མེད་པ་བྱེ་བ་ཁྲག་ཁྲིག་སྒྲོལ་བའི་ལམ་སྟོན་མཆོག །ལྟུང་ལྡན་རྣམས་ཀྱི་འཁར་བ་གཅིག་པུ་བྱམས་བརྩེའི་དཀྱིལ་འཁོར་གང་བའི་ཟླ། །དཔའ་ཆེན་ནམ་མཁའི་སྙིང་པོས་ལྟུང་བའི་རི་བོ་རྨང་ནས་བསྒྱེལ་མཛད་ཀྱཻ། །ལྟ་ངན་ཆུ་སྲིན་གཏུམ་པོའི་ཁར་ཆུད་ཁོམ་མིན་རྦ་ལ་ཆེར་གཡེང་ཞིང་། །སྡུག་བསྔལ་གསུམ་གྱི་ཅ་ཅོ་ཆེར་སྒྲོགས་ཐར་པའི་སྲོག་རྩ་ཕྲར་གྱུར་གང་། །ཐུགས་བརྩེའི་ཕྱག་གིས་བདེ་བའི་ངལ་སྟེགས་མཆོག་ལ་དབུགས་དབྱུང་སྩལ་མཛད་པའི། །དཔའ་ཆེན་ནམ་མཁའི་སྙིང་པོས་ལྟུང་བའི་རི་བོ་རྨང་ནས་བསྒྱེལ་མཛོད་ཀྱཻ། །གདུལ་བྱའི་བློ་མཚོའི་ཁྱད་པར་དང་འཚམས་དམན་ཕལ་མཆོག་གི་གཟུགས་ཀྱིས་ནི། །དཔག་ཡས་ཐབས་ཚུལ་འཁྲུལ་འཁོར་བསྟན་དེས་ལྟུང་བའི་རྩ་བ་རྨང་ནས་འབྱིན། །སྐད་ཅིག་རེར་ཡང་གྲངས་མཐའ་ཡས་པའི་འགྲོ་ཁམས་རྒྱ་མཚོ་སྨིན་མཛད་པ། །དཔའ་ཆེན་ནམ་མཁའི་སྙིང་པོས༴ བསོད་ནམས་ཁྱུང་སྔོན་སྐྱེས་ཀྱི་ཤིང་རྟས་ཐུབ་བསྟན་ཉིན་བྱེད་དྲངས་མིན་པའི། །མཐའ་འཁོབ་མུན་ཁྲོད་མཚན་གྱི་པདྨོ་བཞིན་དུ་རྒུད་གྱུར་འགྲོ་རྣམས་ལ། །རྗེས་བརྩེའི་ཐུགས་རྗེའི་འོད་སྟོང་འགྱེད་པས་རྣམ་གྲོལ་གེ་སར་དགོད་མཛད་པ། །དཔའ་ཆེན་ནམ་མཁའི་སྙིང་པོས༴ གང་མཚན་ཏོག་གི་བློ་གྲོས་དད་བསོད་རྒྱལ་མཚན་རྩེ་མོར་ལེགས་མཆོད་ན། །སྲིད་པའི་ཟུག་རྔུ་བརྒྱ་ཕྲག་འབྱིན་དང་ལྷན་ཅིག་རྣམ་གྲོལ་ཡོན་ཏན་ཆར། །ཅི་དགར་འཇོ་བས་འགྲོ་བློའི་རེ་བའི་བང་མཛོད་མི་འགེངས་སྲིད་མ་ལགས། །དཔའ་ཆེན་ནམ་མཁའི་སྙིང་པོས༴ སངས་རྒྱས་ཉག་གཅིག་ལས་གཞན་བློ་མཆོག་སྨྲ་བའི་ཟླ་བ་མཆིས་ཀུན་གྱི། །བསྟི་བསྟང་བདུད་རྩིའི་ཟེར་གྱིས་ཁྱོད་ཞབས་ཀུན་དཱའི་གེ་སར་བསྙེན་འོས་པར། །ཐུབ་པས་རྗེས་བསྔགས་སྲིད་པ་གསུམ་གྱི་མཆོད་སྡོང་ཟླ་མེད་གཅིག་པུ་པ། །དཔའ་ཆེན་ནམ་མཁའི་སྙིང་པོས༴ སྡིག་སེམས་མེ་དཔུང་གཞིལ་ལ་ཆུ་བོ་བག་ཆགས་ཚང་ཚིང་གཏོར་བའི་རླུང་། །བསླབ་གསུམ་དྲི་མ་བགྲུང་ལ་ནོར་བུ་ཁྲེལ་དང་ངོ་ཚས་གཅེར་ལ་གོས། །མཐོ་རིས་བགྲོད་པའི་ཐེམ་སྐས་སྲིད་ལས་བརྒལ་འདོད་རྣམས་ཀྱི་ཟམ་པ་མཆོག །དཔའ་ཆེན་ནམ་མཁའི་སྙིང་པོས་ལྟུང་བའི་རི་བོ་རྨང་ནས་བསྒྱེལ་མཛོད་ཀྱཻ། །ཀུན་རྨོངས་མུན་པའི་དྲྭ་བས་ཡོངས་ཁེབས་ཉོན་མོངས་དགྲ་ཡི་སྐབས་བཙལ་ཞིང་། །བག་ཡོད་དགེ་བའི་གྲོགས་བྲལ་ལྟུང་བའི་གཡང་སར་འཛེམ་མེད་རྒྱུ་བ་བདག །ཁྱོད་མཚན་རྗེས་སུ་དྲན་པའི་འཁར་བ་ཙམ་ལ་བརྟེན་འདི་གཟིགས་ལགས་སམ། །ཚད་མེད་ཐུགས་རྗེ་ཆེན་པོའི་དཔྱང་ཐག་ལ་འུར་རྐྱོངས་མཛོད་ས་བཅུའི་དབང་། །ཤིན་ཏུ་རྒྱས་པའི་ཞལ་རས་དྲི་མེད་མིག་གི་བདུད་རྩིར་སོན་པ་དང་། །ཆབས་ཅིག་ཐབས་ཚུལ་ཟབ་མོའི་ཐུར་མས་ཉེས་ལྟུང་རབ་རིབ་འབུམ་བསལ་ནས། །བློ་མིག་དག་པའི་མཁའ་ལ་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ཡོངས་བརྡལ་ཏེ། །འཕགས་པ་དགྱེས་པའི་རྣམ་ཐར་གཙང་མས་སྐྱེ་བ་ཀུན་ཏུ་མཛེས་བྱིན་རློབས། །འགྲོ་སེམས་གཙང་མའི་མཁའ་ལ་ནམ་སྙིང་ཐུགས་རྗེའི་སྤྲིན་ཆེན་རབ་དཀྲིགས་ཏེ། །བྱིན་རླབས་བདུད་རྩིའི་ཆར་གྱིས་སྡིག་ལྟུང་ཉོན་མོངས་དྲི་ཚོགས་འཁྲུད་བྱས་ནས། །རྨད་བྱུང་བྱང་ཆུབ་སེམས་ཀྱི་ལང་ཚོ་ཀུན་ནས་དར་བའི་མཛའ་ན་མོ། །བཀྲ་ཤིས་རྣམ་གྲོལ་ཡོན་ཏན་འབྱོར་པས་ཕྱོགས་ཀུན་བདེ་ལེགས་བྱེད་གྱུར་ཅིག། ༈ ན་མསྶམནྟ་བྷ་དྲཱ་ཡ། ཆོས་དབྱིངས་མཁའ་མཐའ་སེམས་ཅན་ཁམས་དང་ཇི་སྲིད་ལས་ཉོན་མཐས་གཏུགས་པ། །དེ་སྲིད་མི་སྐྱོའི་བརྩོན་པའི་གོ་བགོས་འབུམ་ཕྲག་བཅུ་ཡི་སྨོན་ལམ་དཔུང་། །རྗེས་བསྐུལ་དཔའ་བོ་ཁྱོད་ནི་གྲགས་མཆོག་ཉེ་དབང་དབུས་ན་རྡོ་རྗེ་ཅན། །བློ་ཆེན་ཀུན་ཏུ་བཟང་པོས་རྣམ་ཐར་རྗེས་སུ་སྙོགས་ནུས་བྱིན་རླབས་སྩོལ། །དུས་གསུམ་གཤེགས་དང་བཞུགས་ལ་འབྱོན་འགྱུར་དཔལ་ལྡན་སྟོབས་བཅུ་མངའ་རྣམས་ཀྱི། །རླབས་ཆེན་རྫོགས་སྨིན་སྦྱངས་པ་རྒྱ་མཚོའི་རྣམ་ཐར་ཆུ་ཀླུང་བྱེ་བ་སྙེད། །མ་ལུས་ཀུན་ནས་ཡོངས་བསྡོམས་སྔོན་མེད་གངས་ཆེན་མཚོ་ཡི་བཀོད་པ་ཅན། །བློ་ཆེན་ཀུན་ཏུ་བཟང་པོས་རྣམ་ཐར་རྗེས་སུ་སྙོགས་ནས་བྱིན་རླབས་སྩོལ། །ཕྱོགས་བཅུའི་ཞིང་ཁམས་བརྗོད་དུ་མེད་པའི་ཕྲ་རབ་རྡུལ་གྱི་གྲངས་མཉམ་ཞིང་། །ཆོས་ཀྱི་དབྱིངས་ཆེན་རྒྱས་པར་དཀྲིགས་པའི་ཕུལ་བྱུང་མཆོད་པའི་སྤྲིན་ཆེན་པོས། །མི་མཆོག་སློབ་མར་བཅས་ཀུན་བསྙེན་དང་དམ་ཆོས་རིན་ཆེན་མཛོད་འཛིན་པ། །བློ་ཆེན་ཀུན་ཏུ་བཟང་པོས་རྣམ་ཐར་རྗེས་སུ་སྙོགས་ནུས་བྱིན་རླབས་སྩོལ། །བསྐལ་པ་རྒྱ་མཚོར་མི་སྐྱོ་བརྩོན་པས་ཞིང་ཁམས་རྒྱ་མཚོ་ཡོངས་བཟུང་ཞིང་། །སྤྱོད་པ་རྒྱ་མཚོས་ས་ཀུན་ཡོངས་རྫོགས་གདུལ་བྱ་རྒྱ་མཚོ་སྨིན་མཛད་པའི། །སྨོན་ལམ་རྒྱ་མཚོ་རྗེས་སུ་སྒྲོགས་པའི་རྣམ་ཐར་རྒྱ་མཚོའི་སྤྲིན་བཀོད་པ། །བློ་ཆེན་ཀུན་ཏུ་བཟང་པོས༴ སྐུ་གཅིག་གིས་ཀྱང་ཞིང་ཁམས་ཀུན་འགེངས་དབྱངས་གཅིག་འགྲོ་ཀུན་རྣ་བར་འཇེབས། །ཏིང་འཛིན་གཅིག་གིས་འགྲོ་ཀུན་སྨིན་མཛད་ཡེ་ཤེས་གཅིག་གིས་ཆོས་ཀུན་གཟིགས། །ཁྱོད་གཅིག་ཁོ་ནའི་ཡོན་ཏན་བསྔགས་པ་ཕྱོགས་བཅུའི་འདྲེན་པ་ཡོངས་ཀྱིས་སྒྲོགས། །བློ་ཆེན་ཀུན་ཏུ་བཟང་པོས༴ ཁྱོད་ནི་འབྱུང་བ་རྣམས་ལས་མཁའ་སྟེ་སྣང་བ་རྣམས་ལས་ཉིན་མོར་བྱེད། །མི་དབང་རྣམས་ལས་འཁོར་ལོས་སྒྱུར་མཆོག་རྒྱལ་སྲས་ནང་ནས་ཐུ་བོ་སྟེ། །ཡོན་ཏན་ཕྲ་བའི་ཆ་ཤས་ཙམ་ཡང་བརྗོད་ལ་འཕགས་རྣམས་ངལ་བ་འཛིན། །བློ་ཆེན་ཀུན་ཏུ་བཟང་པོས༴ ཁྱོད་ཀྱི་རྣམ་ཐར་ཟབ་མོ་བསྒྲུབས་པས་ལམ་མཐར་ཕྱིན་རྣམས་གདོད་གཞིར་གཤེགས། །ལམ་ཞུགས་ཀུན་ཀྱང་བྱང་ཆུབ་ཕྱོགས་ཆོས་གསེར་གྱི་པདྨོ་རྣམ་པར་བཞད། །མོས་པས་སྤྱོད་པའང་དད་པའི་སྲབ་སྐྱོགས་དགེ་ལ་བསྒྱུར་བའི་གནས་གཅིག་པུ། །བློ་ཆེན་ཀུན་ཏུ་བཟང་པོས༴ སྲིད་འགྲོར་བྱིང་བ་རྣམས་ཀྱི་མགོན་གཅིག་ཕོངས་པ་ཡོངས་ཀྱི་གཏེར་གཅིག་པུ། །དགེ་རྩ་ཆུང་བ་རྣམས་ཀྱི་རྟེན་གཅིག་ལམ་གོལ་ཡོངས་ཀྱི་མིག་གཅིག་པུ། །ལམ་འཚོལ་གསར་བུ་རྣམས་ཀྱི་བཤེས་གཅིག་སར་གནས་ཡོངས་ཀྱི་གྲོགས་གཅིག་པུ། །བློ་ཆེན་ཀུན་ཏུ་བཟང་པོས་རྣམ་ཐར་རྗེས་སུ་སྙོགས་ནུས་བྱིན་རླབས་སྩོལ། །ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་གློག་འགྱུ་སྐད་ཅིག་སྣང་བ་ལྟར། །ཁྱོད་མཚན་ཐོས་པའི་སྐལ་བཟང་ཡུད་ཙམ་དད་པའི་སྤུ་ལོང་གཡོ་བྱེད་ཀྱང་། །ཐོག་མེད་གོམས་པའི་བག་ཆགས་གདོན་གྱིས་ཀུན་ནས་གཙེས་གྱུར་ཉམ་ཐག་བདག །སྨོན་པའི་ཤིང་རྟས་ཉེར་དྲངས་ཀུན་བཟང་སྤྱོད་པ་རྒྱ་མཚོར་སྦྱོར་མཛོད་ཀྱཻ། །དད་པའི་མཚོ་ཆུང་སྨོན་ལམ་བསིར་བུས་བསྐྱོད་པའི་རླབས་ཕྲེང་འདི་ལགས་ན། །འཕགས་པའི་བྱིན་རླབས་གདེངས་ཅན་དབང་པོས་ཉེ་བར་བརྟེན་པའི་གནས་ཐོབ་ནས། །རྫོགས་སྨིན་སྦྱངས་པའི་ཡོན་ཏན་ཡོངས་གང་རྣམ་ཐར་རྒྱ་མཚོར་རོ་གཅིག་ཏུ། །ཟླུམ་པའི་སྐལ་བཟང་ལ་འུར་སྩོལ་མཛོད་ཀུན་ཏུ་བཟང་དངོས་བླ་མ་རྗེ། །མཐའ་ཀླས་འགྲོ་ཀུན་སྲིད་ལམ་རྒྱུན་ཆད་བདེ་ལྡན་པདྨའི་གེ་སར་རྩེར། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་མཐོང་བྱང་ཆུབ་ལུང་བསྟན་བསྩལ་ནས་ཀྱང་། །དོན་མཐུན་སེམས་དཔའ་རྣམས་དང་སྤྱོད་པ་གཅིག་པས་ལམ་ལྔའི་རྩེར་གཤེགས་པའི། །བཀྲ་ཤིས་ངོ་མཚར་འབུམ་གྱི་སྒྲ་དབྱངས་རྒྱུན་མི་འཆད་པར་སྒྲོགས་གྱུར་ཅིག །ཅེས་སྙིགས་ལྔའི་འགྲོ་བ་ཡོངས་ལ་བཀའ་དྲིན་དང་རྣམ་ཐར་བསམ་མི་ཁྱབ་པའི་བདག་ཉིད་ཅན། བསྐལ་པ་བྱེ་བ་དུ་མར་མཚན་གྱི་སྒྲ་ཙམ་ཡང་ཐོས་པར་དཀའ་བ། མཉམ་མེད་ཤཱཀྱའི་རྒྱལ་པོ་དང་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་བསྔགས་ཤིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ཉུང་ངུ་འདི་དག་ཀྱང་དགེ་བའི་བཤེས་གཉེན་སྐུ་དྲིན་དང་ལྡན་པ་པདྨ་དབང་ཆེན་གྱིས་བསྐུལ་བའི་རྐྱེན་ལས་མི་ཕྱེད་པའི་དད་པས་ཀུན་ནས་བསླངས་ཏེ། ཤིང་རྟ་ཆེན་པོ་ཀུན་མཁྱེན་བློ་གྲོས་མཐའ་ཡས་ཀྱི་ཞབས་ཀྱི་ཆུ་སྐྱེས་སྤྱི་བོས་ལེན་པའི་བཙུན་པ་གཞན་ཕན་ཆོས་ཀྱི་བློ་གྲོས་དབྱངས་ཅན་དགྱེས་པའི་སྡེས་བདེ་ཆེན་པདྨ་འོད་གླིང་གི་དབེན་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་ཤིང་གསོལ་བ་བཏབ་པ་སངས་རྒྱས་སྲས་དང་བཅས་པའི་ཡེ་ཤེས་ཆེན་པོའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག། །།

ཐུབ་དབང་ཉེ་སྲས་བརྒྱད་ཀྱི་བསྟོད་ཕྱག་དོན་ཀུན་གྲུབ་པའི་དབྱངས་སྙན།

༄༅། །ཐུབ་དབང་ཉེ་སྲས་བརྒྱད་ཀྱི་བསྟོད་ཕྱག་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ། ན་མོ་བུདྡྷ་བོ་དྷི་ས་ཏྭ་ཡ། ཕུལ་བྱུང་ཚོགས་གཉིས་ཆུ་གཏེར་བསྲུབས་པའི་འབྲས། །དགེ་ལེགས་དཔལ་གྱི་སྣང་བས་ས་གསུམ་ཁྱོན། །ཡོངས་ཁྱབ་པད་དཀར་ལྟར་བསྔགས་ཤཱཀྱའི་ཏོག །སྐྱོབ་པ་མཚུངས་མེད་དེ་ལ་མགོས་ཕྱག་འཚལ། །རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་ཕུང་པོ་ནི། །རྟག་པར་བགྲེས་རྒུད་བྲལ་བ་གཞོན་ནུའི་གཟུགས། །དྲན་པས་བློ་ཡི་མུན་པ་ཀུན་སེལ་བའི། །འཇམ་མགོན་ཉིན་མོར་བྱེད་ལ་མགོས་ཕྱག་འཚལ། །བརྩེ་ཆེན་ཐུགས་རྗེས་འཛུམས་པའི་བསིལ་ཟེར་གྱིས། །སྡུག་བསྔལ་ཉེས་བརྒྱའི་ཚད་གདུང་ཀུན་བཅིལ་ཞིང་། །བྱམས་དང་སྙིང་རྗེའི་ཆུ་གཏེར་འཕེལ་མཛད་པའི། །རྒྱལ་སྲས་པད་དཀར་འཛིན་ལ་མགོས་ཕྱག་འཚལ། །མཐུ་སྟོབས་རྩེ་བརྒྱ་འབར་བའི་མཚོན་ཆ་ཡིས། །མི་བསྲུན་བདུད་སྡེའི་ཀླད་པ་འགེམས་མཛད་ཅིང་། །ངེས་གསང་སྙིང་པོའི་མཛོད་ཀྱི་སྤྱན་པ་མཆོག །དཔའ་ཆེན་རྡོ་རྗེ་ཅན་ལ་མགོས་ཕྱག་འཚལ། །ཡོན་ཏན་ནོར་བུས་གཏམས་པའི་ཟ་མ་ཏོག །ལུས་ཅན་འདོད་པ་འཇོ་བའི་དཔག་བསམ་ཤིང་། །ཕན་བདེའི་གྲུ་ཆར་འབེབས་པའི་རྫོགས་ལྡན་སྤྲིན། །མགོན་པོ་ས་ཡི་གཙོ་ལ་མགོས་ཕྱག་འཚལ། །རྨད་བྱུང་ཐུགས་རྗེ་ཆེན་པོའི་མཐོ་རིའི་ཀླུང་། །གང་ལ་རེག་དེའི་སྒྲིབ་གསུམ་དྲི་མའི་དཔུང་། །ཅིག་ཆར་འཁྲུད་ལ་སྲིད་ན་ཟླ་བྲལ་བས། །སྒྲིབ་སེལ་ཆོས་ཀྱི་སྤྲིན་ལ་མགོས་ཕྱག་འཚལ། །མུ་མཐའ་བྲལ་བ་འཁོར་བའི་འབྲོག་དགོན་དུ། །མི་བཟད་ལྟུང་བའི་ཁུར་གྱིས་དུབ་པའི་འགྲོ། །མ་ལུས་ལྡང་བའི་འཁར་བ་གཅིག་པུ་པ། །ནམ་སྙིང་ཐབས་མཁས་སྟེགས་ལ་མགོས་ཕྱག་འཚལ། །བྱམས་པ་ཆེན་པོའི་གོམ་སྟབས་གཅིག་ཉིད་ཀྱིས། །ལམ་ལྔ་ས་བཅུའི་ཡོན་ཏན་རྩེར་གཤེགས་ནས། །དོན་གཉིས་ནོར་བུའི་གྲམ་བུ་འབུམ་བརྡལ་བའི། །མ་ཕམ་རྒྱལ་ཚབ་མགོན་ལ་མགོས་ཕྱག་འཚལ། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་གྱུར་ཅིང་། །སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་པ་དང་། །ཞིང་ཁམས་རྒྱ་མཚོ་ཡོངས་སུ་སྦྱངས་མཛད་པའི། །ཀུན་བཟང་རྒྱལ་སྲས་གཙོ་ལ་མགོས་ཕྱག་འཚལ། །དེ་ལྟར་མི་ཕྱེད་གུས་པས་སྤྱི་བོ་ཡིས། །ལེགས་བཏུད་ཡོན་ཏན་བསྔགས་པའི་ཏམ་བུ་ར། །དད་གསུམ་སོར་མོའི་འཕྲུལ་གྱིས་བརྡུངས་པའི་མཐུས། །ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་འཇུག་མཛོད། །བདག་སོགས་སྐྱེ་ཀུན་སྲས་བཅས་རྒྱལ་རྣམས་ཀྱི། །ཐུགས་རྗེའི་ཉི་ཟེར་འཇུག་པའི་ཡུལ་གྱུར་ཏེ། །དོན་གཉིས་པདྨོའི་དགའ་ཚལ་དར་དྲགས་པས། །སྐལ་བཟང་བུང་བ་དགའ་བའི་དཔྱིད་གྱུར་ཅིག །ཚེ་འདིར་མི་ཤིས་མཚན་མའི་མིང་མི་གྲགས། །ཚེ་དཔལ་གྲགས་འབྱོར་གཟུངས་སྤོབས་བློ་གྲོས་རྒྱས། །བསྡུ་བཞིའི་ཕྲིན་ལས་ནམ་མཁའི་མུ་ཁྱུད་བརྡལ། །འཁོར་ལོ་གསུམ་གྱི་རྩ་བ་བརླིང་གྱུར་ཅིག །གངས་ཅན་འགྲོ་བསོད་དགེ་བའི་ཟ་འོག་རྩེར། །ཐུབ་བསྟན་བཤད་སྒྲུབ་སྙིང་པོའི་ཏོག་འབར་བས། །རྒོལ་ངན་ཀླ་ཀློའི་འཇུག་པས་བརྫི་མིན་པའི། །བཀྲ་ཤིས་རྒྱལ་མཚན་མི་ནུབ་བརྟན་གྱུར་ཅིག །ཅེས་པའང་ཆུ་བྱའི་ཆོ་འཕྲུལ་ཅན་གྱིས་ཡར་ཚེས་དགེ་བར་འཇམ་དབྱངས་མཁས་གྲུབ་རྒྱ་མཚོས་བྲིས་ཤིང་གསོལ་བ་བཏབ་པ་སིདྡྷི་ར སྟུ། ༈ ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ཡ། ཕྱོགས་དུས་རྒྱལ་རྣམས་སྤངས་རྟོགས་རབ་མཉམ་ཡང་། །ཐུགས་བསྐྱེད་ཆེན་པོས་རྩོད་ལྡན་གདུལ་དཀའི་ཞིང་། །ཡོངས་བཟུང་པདྨ་དཀར་པོ་ལྟར་བསྔགས་པའི། །མཉམ་མེད་དོན་ཀུན་གྲུབ་ལ་མགོས་ཕྱག་འཚལ། །རབ་འབྱམས་རྒྱལ་བའི་མཁྱེན་རབ་ཕུང་པོ་ནི། །ཀུན་ཏུ་རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་ཅིང་། །བློ་མཆོག་བློ་ཡི་པདྨོ་བཞད་མཛད་པའི། །འཇམ་མགོན་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །མི་བསྲུན་བདུད་ཀྱི་སྡེ་ཚོགས་འཇོམས་མཛད་ཅིང་། །སྟོབས་བཅུ་མངའ་བའི་གས ང་བ་ཀུན་འཛིན་པ། །དཔའ་ཆེན་ཕྱག་ན་རྡོ་རྗེར་མགོས་ཕྱག་འཚལ། །སྲས་བཅས་རྒྱལ་བའི་བརྩེ་ཆེན་ཐུགས་རྗེའི་གར། །མཁའ་ཁྱབ་འགྲོ་བའི་དེད་དཔོན་གཅིག་པུ་པ། །རྣམ་ཐར་རྒྱ་མཚོས་ཆོས་ཀྱི་དབྱིངས་ཁྱབ་པ། །མགོན་པོ་སྤྱན་རས་གཟིགས་ལ་མགོས་ཕྱག་འཚལ། །གང་གི་ཐུགས་བསྐྱེད་རྫོགས་ལྡན་སྤྲིན་ཆེན་ལས། །ཚེ་དཔལ་འབྱོར་པ་འདོད་དགུའི་གྲུ་ཆར་གྱིས། །མུ་མེད་འགྲོ་བའི་རེ་བ་སྐོང་མཛད་པའི། །འཕགས་པ་ས་ཡི་སྙིང་པོར་མགོས་ཕྱག་འཚལ། །བློ་མཚོའི་ཕ་རོལ་ཕྱིན་པ་རྣམས་ཀྱིས་ཀྱང་། །དཔོག་པར་དཀའ་བའི་ཏིང་འཛིན་ནོར་བུའི་གཏེར། །མཚན་ཐོས་ཙམ་གྱིས་ལས་སྒྲིབ་རྒྱུད་གཅོད་པའི། །སྒྲིབ་པ་རྣམ་སེལ་ཞབས་ལ་མགོས་ཕྱག་འཚལ། །བླ་མེད་ཐེག་པ་ཆེན་པོའི་གྲུར་ཞུགས་ནས། །དོན་གཉིས་ནོར་བུའི་གླིང་ལ་དབང་བསྒྱུར་ཞིང་། །ལྟུང་ལྡན་ཉེས་པའི་རྦ་ལས་འཛིན་མཛད་པ། །རྒྱལ་སྲས་ནམ་མཁའི་སྙིང་པོར་མགོས་ཕྱག་འཚལ། །རྨད་བྱུང་བྱམས་པའི་གོ་ཆ་གཅིག་པུ་ཡིས། །ལུས་མེད་དཔུང་དང་བཅས་པ་མཐར་བྱས་ནས། །སྐལ་བཟང་སྒྲོན་མ་ལྔ་པར་འཚང་རྒྱ་བ། །རྗེ་བཙུན་བྱམས་པ་མགོན་ལ་མགོས་ཕྱག་འཚལ། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་བྱེད་པའི། །སྨོན་ལམ་རྒྱ་མཚོ་སྲིད་ཞིའི་བླ་ན་འཕགས། །ཀུན་ཏུ་བཟང་པོའི་ཞབས་ལ་མ གོས་ཕྱག་འཚལ། །མི་མཆོག་སྐྱོབ་པ་སྲས་དང་བཅས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་བསྐུལ་ཤིང་གསོལ་བ་ཡི། །དགེ་ཚོགས་མཐའ་དག་བྱང་ཆུབ་རྒྱུ་རུ་བསྔོ། །དུས་འདི་ནས་བཟུང་ཚེ་རབས་ཕྲེང་བ་རུ། །འབྲལ་བ་མེད་པར་ཐུགས་རྗེས་རྗེས་བཟུང་ནས། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང་། །རྫོགས་སྨིན་སྦྱངས་པ་མཐར་ཕྱིན་སངས་རྒྱས་ཤོག །གནས་སྐབས་སུ་ཡང་ནད་མུག་མཚོན་འཁྲུགས་ཞི། །རྫོགས་ལྡན་དུས་བཞིན་སྣོད་བཅུད་འབྱོར་པ་ཡིས། །བསྟན་པ་རིན་ཆེན་མི་ནུབ་སྲིད་མཐར་རྒྱས། །བཤད་སྒྲུབ་ཕྲིན་ལས་མཁའ་དང་མཉམ་པར་ཤོག །འབྲེལ་ཐོབ་མཁའ་མཉམ་ཕ་མ་སེམས་ཅན་རྣམས། །བློ་ཁ་དམ་པའི་ཆོས་ལ་འགྱུར་ནས་ཀྱང་། །ཡང་དག་ཐེག་མཆོག་ཆོས་ཀྱི་སྣོད་གྱུར་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །བཀྲ་ཤིས་གང་ཞིག་རང་བྱུང་བདེ་བ་ཆེ། །འཁོར་འདས་ཀུན་གྱི་སྲོག་ཏུ་ཞུགས་པ་ཡི། །བདེན་པ་དེ་ཡིས་ཕྱོགས་དང་དུས་ཀུན་ཏུ། །ཕན་བདེའི་དཔལ་གྱིས་རྟག་ཏུ་འཚོ་གྱུར་ཅིག །རབ་ཚེས་ལྕགས་སྤྲེལ་གསར་འཆར་གྱི་ཆོ་འཕྲུལ་ཆེན་པོའི་ཉ་ལ་སྣང་གསལ་གྱི་ངོགས་སུ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་ཤིང་གསོལ་བ་བཏབ་པ་དགེ། །།

ཐུབ་དབང་ཉེ་སྲས་བརྒྱད་ལ་བསྟོད་ཅིང་སྨོན་ལམ་དུ་བྱ་བ་དོན་ཀུན་གྲུབ་པའི་དབྱངས་སྙན།

༄༅། །ཐུབ་དབང་ཉེ་སྲས་བརྒྱད་ལ་བསྟོད་ཅིང་སྨོན་ལམ་དུ་བྱ་བ་དོན་ཀུན་གྲུབ་པའི་དབྱངས་སྙན་བཞུགས། ན་མོ་གུ་རུ་བུདྡྷ་བོ་དྷཱི་ས་ཏྭ་ཡ། དྭངས་པའི་མཁའ་ངོས་གཟའ་བྲལ་ཉི་ཟླའི་གཟུགས། །རྙོག་མེད་བསིལ་པའི་མཚོ་སྔོན་ལ་འཆར་བཞིན། །གང་འདུལ་བཀོད་པ་བསམ་མི་ཁྱབ་པའི་སྤྲིན། །རྒྱལ་དང་རྒྱལ་སྲས་བརྒྱད་ཚུལ་སྟོན་ལ་འདུད། །གློ་བུར་ཀུན་རྟོག་སྤྲོས་པ་ལས་གྲོལ་དབྱིངས། །ཟག་མེད་འོད་གསལ་འདུས་མ་བྱས་པའི་མདངས། །སྟོབས་སོགས་ཡོན་ཏན་རྒྱ་མཚོས་མངོན་མཛེས་ཀྱང་། །ཟབ་པའི་ཚུལ་དེ་ཕལ་གྱི་སྤྱོད་ཡུལ་ཅི། །ཆོས་ཀྱི་དབྱིངས་དང་སེམས་ཅན་མཐའ་ཇི་སྲིད། །དེ་སྲིད་གང་འདུལ་སྒྱུ་འཕྲུལ་བཀོད་པའི་སྤྲིན། །གཙོ་དང་འཁོར་སོགས་ཞི་ཆགས་ཁྲོ་བོའི་གར། །ནམ་ཡང་འཛད་མེད་ཁྱོད་སྐུའི་ངོ་མཚར་འབར། །གང་གི་རང་བཞིན་བསམ་བརྗོད་ལས་འདས་ཀྱང་། །སྐལ་བ་ཅན་ལ་རང་རང་མོས་པ་ཡི། །རྗེས་འགྲོ་དབྱངས་གཅིག་གིས་ཀྱང་ཆོས་སྒོ་བརྒྱ། །རྣམ་པར་འབྱེད་པ་ཁྱོད་གསུང་རང་བཞིན་ལགས། །གཟུང་འཛིན་རྟོག་པས་གཞར་ཡང་གོས་མིན་ཀྱང་། །མཁྱེན་གཉིས་ནོར་བུའི་སྒྲོན་མེས་སྲིད་པའི་མུན། །རབ་བསལ་འགྲོ་ཁམས་ཐུགས་རྗེའི་ཞགས་པ་ཡིས། །མ་བཏབ་ཤེས་བྱར་སྲིད་མིན་གང་ཐུགས་དཔལ། །མ་ལུས་འགྲོ་ཚོགས་སྤོོབས་པ་སངས་རྒྱས་བཞིན། །གྱུར་ཏེ་བསྐལ་པའི་མཐའ་བར་བརྗོད་བྱས་ཀྱང་། །བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་མཐའ། །རྫོགས་པ་མིན་ན་ཕལ་གྱིས་གཞལ་བྱ་ཅི། །སྲིད་ན་ཕན་དང་བདེ་བའི་དངོས་མཐའ་དག །ཁྱོད་གཅིག་ཁོ་ནའི་ཕྲིན་ལས་འབའ་ཞིག་ལས། །གཞན་དུ་མིན་ན་འདི་ཞེས་ཕྱོགས་གཅིག་ཏུ། །བརྗོད་པར་རློམ་པ་བྱིས་པའི་ངང་ཚུལ་ཉིད། །ལྷ་ལ་ལྷ་ཡི་དཔག་བསམ་མནྡ་{ནྡཱ་འདིའི་རིགས་འདི་ལྟར་ཞུས། }ར། །ཀླུ་ལ་ཀླུ་ཡི་ནོར་བུ་དགོས་འབྱུང་ཉིད། །སྒྲུབ་ལ་འདོད་དགུའི་མཆོག་སྦྱིན་སྲས་བཅས་རྒྱལ། །རྟོག་མེད་ལྷུན་གྲུབ་མཛད་པ་མཉམ་པ་ཉིད། །འོན་ཀྱང་དཔག་བསམ་ཤིང་དང་ཡིད་བཞིན་ནོར། །བེམ་པོའི་རང་བཞིན་རྙེད་པར་དཀའ་བའང་མིན། །ཡེ་ཤེས་སྐུ་ཅན་ཁྱོད་མཚན་སྐྱེ་ལྔའི་སྒྲ། །བསྐལ་པ་བྱེ་བ་དུ་མར་ཐོས་དཀའི་གནས། །དེ་སླད་ཁྱོད་ནི་དཔེ་དང་བྲལ་བ་སྟེ། །དཔེ་དང་བྲལ་གང་ཇི་ལྟར་མཚོན་པར་ནུས། །དེས་ན་བསམ་མི་ཁྱབ་ལ་བདག་དགའ་བས། །བརྗོད་པ་སྤངས་ཏེ་གནས་འདི་བསྟོད་པའི་མཆོག །ཡེ་ཤེས་ཡངས་པའི་སྤྱོད་ཡུལ་བསམ་མི་ཁྱབ། །གཟུངས་སྤྲིན་ཏིང་འཛིན་སྨོན་ལམ་འཛད་པ་མེད། །ཐབས་མཁས་ཐུགས་རྗེའི་རོལ་མོ་ཕ་མཐའ་ཡས། །ཁྱོད་ཀྱི་སྒྱུ་མ་འདི་ནི་སུ་ཡིས་དཔོག །དེ་ལྟའི་རྣམ་ཐར་ཟབ་མོའི་ཚུལ་ཐོས་ནས། །དད་པའི་ཆུ་མཚོ་ལས་ཐོན་སོར་བཅུ་ཡི། །ཐལ་སྦྱར་པདྨ་དཀར་པོའི་ཁ་འབྱེད་བཞིན། །རྡུལ་སྙེད་ལུས་སྤྲུལ་གུས་པས་ཕྱག་བགྱིའོ། །དངོས་བཤམས་ཡིད་སྤྲུལ་དུས་གསུམ་དགེ་ཚོགས་བཅས། །མ་ལུས་ཡོངས་བསྡོམས་ཀུན་བཟང་མཆོད་པའི་སྤྲིན། །སྲིད་པ་གནས་པར་མཁའ་ཁྱབ་ཞིང་ཀུན་ཏུ། །མི་འཛད་ནམ་མཁའ་མཛོད་ཀྱི་བླ་རེ་བྲིས། །ཐོག་མ་མེད་ནས་མི་ཤེས་བག་མེད་དང་། །ཉོན་མོངས་དབང་གིས་བྱས་བསགས་སྒྲིབ་པའི་གཡས། །རིགས་ཁམས་སྙིང་པོ་སྒྲིབ་པའི་ནོངས་པའི་ཆ། །མ་ལུས་སྟོབས་བཞིའི་ཁྲུས་ཀྱིས་བྱི་དོར་བགྱི། །འཕགས་པའི་སྤྱོད་ཡུལ་འཕགས་པ་ཁོ་ནས་མཁྱེན། །འགྲོ་ཁམས་དགེ་ཚོགས་རྒྱ་མཚོའང་དཔག་པར་དཀའ། །དེ་ཀུན་ཡི་རང་གཅིག་གིས་དབང་བྱེད་པའི། །རྨད་བྱུང་ཐབས་མཁས་ཚུལ་ལ་ཡིད་རབ་དྭངས། །གཞན་དོན་མཛད་ལ་བསྐུལ་གདབ་མི་འཚལ་ཡང་། །གདུལ་བྱའི་ཡུལ་ལ་འཇུག་གང་རྟེན་འབྱུང་མཐུ། །དེ་སླད་འགྲོ་ཁམས་རྒྱ་མཚོར་ཁམས་དབང་བཞིན། །ཟབ་ཞིའི་ཆོས་ཆར་བསིལ་བོ་འབེབས་པར་མཛོད། །རྡོ་རྗེའི་སྐུ་ལ་འཆི་བདག་བདུད་ཚོགས་ཀྱིས། །བརྫི་ནུས་མིན་ཡང་ཆུ་སྣོད་ཟླ་གཟུགས་བཞིན། །གདུལ་བྱའི་དབང་གིས་སྐྱེ་དང་འཕོ་ཚུལ་སྟོན། །དེ་སླད་སྲིད་པ་ཇི་སྲིད་གཡོ་མེད་མཛོད། །འདིས་མཚོན་དུས་གསུམ་བྱས་བསགས་དགེ་ཚོགས་རྒྱུན། །འཁོར་གསུམ་རྟོག་པའི་རྙོག་མས་བསླད་མིན་པར། །བྱང་ཆེན་རྒྱ་མཚོར་ཡོངས་སུ་བསྔོ་བགྱིད་ནས། །སྲས་བཅས་རྒྱལ་བའི་དགོངས་མཚོར་སིམ་གྱུར་ཅིག །གཞན་དོན་རྫོགས་བྱང་མཆོག་ལས་མི་ལྡོག་ཕྱིར། །བྱང་ཆུབ་བར་དུ་སྐྱབས་སུ་ལེགས་བསྟེན་ཅིང་། །སྨོན་འཇུག་དམ་བཅའི་གོ་ཆ་བགོ་བགྱིད་ན། །ནམ་ཡང་བྱང་ཆུབ་སེམས་གཉིས་བརྗེད་མ་གྱུར། །རྟག་པར་མི་ཁོམ་བརྒྱད་དང་ཆོས་འགལ་བར། །སྤྱོད་པའི་གནས་གྲོགས་འཚེ་བའི་མིང་མི་གྲགས། །མཐུན་རྐྱེན་འཁོར་ལོ་བཞི་ཡི་འབྱོར་པ་ཡིས། །དཀར་པོའི་རིགས་ཀྱི་ནུས་པ་སད་གྱུར་ཅིག །དེ་ཚེ་ངེས་དོན་སྙིང་པོ་ཚུལ་བཞིན་དུ། །སྟོན་པའི་དགེ་བའི་བཤེས་དང་ལེགས་མཇལ་ནས། །སོ་སོ་ཐར་ནས་རྡོ་རྗེ་ཐེག་པའི་བར། །འགལ་མེད་ཉམས་ལེན་སྐལ་བཟང་མྱོང་གྱུར་ཅིག །རྨི་ལམ་དུ་ཡང་སྡིག་པའི་སེམས་མི་སྐྱེ། །རྟག་པར་བྱམས་དང་སྙིང་རྗེ་བྱང་སེམས་འབྱོང་། །རིམ་གཉིས་ལམ་ལ་བརྟན་པ་མཐར་ཕྱིན་ནས། །ཚེ་དེས་སྲིད་པའི་རྒྱ་མཚོ་བརྒལ་གྱུར་ཅིག །ལུས་ངག་རྩོམ་པ་རྟག་ཏུ་དོན་ཡོད་པས། །རྗེ་བཙུན་བླ་མའི་ཕྲིན་ལས་སྒྲུབ་པ་དང་། །མཁའ་ཁྱབ་འགྲོ་ལ་ཕན་བདེ་བྱེད་པ་ཡིས། །རྫོགས་སྨིན་སྦྱངས་པ་མཐར་ཕྱིན་སངས་རྒྱས་ཤོག །བདག་གི་ཕ་མ་གཉེན་བཤེས་དགེ་བའི་གྲོགས། །བཟང་ངན་ལས་ཀྱིས་འབྲེལ་སོགས་མཁའ་ཁྱབ་འགྲོ། །ཀུན་ཀྱང་ཚེ་འདིར་བདེ་སྐྱིད་ཆོས་འཕེལ་ཞིང་། །སྐྱེ་ཀུན་རྣམ་གྲོལ་ཡོན་གྱིས་འབྱོར་གྱུར་ཅིག །ནམ་ཞིག་འདིར་སྣང་ནུབ་པར་གྱུར་པའི་ཚེ། །གནད་གཅོད་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང་། །བླ་མ་མཆོག་དང་རྒྱལ་བ་སྲས་བཅས་ཀྱིས། །མདུན་ནས་མངོན་བསུ་ཞིང་མཆོག་བགྲོད་པར་ཤོག །དེར་ནི་རྒྱལ་སྲས་འཕགས་པ་མཆོག་རྣམས་དང་། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །ལྷན་ཅིག་སྤྱོད་པ་མཉམ་པ་ཉིད་གྱུར་ནས། །དཀའ་བ་མེད་པར་ལམ་ཀུན་བགྲོད་གྱུར་ཅིག །ནམ་ཞིག་འགྲོ་ལ་ཕན་པའི་དུས་གྱུར་ཚེ། །ཇི་ལྟར་ས་སོགས་འབྱུང་བ་ཆེན་པོ་བཞིན། །སྐད་ཅིག་ཙམ་ཡང་སྐྱོ་བའི་སེམས་མི་བགྱིད། །རླབས་ཆེན་གཞན་དོན་འབའ་ཞིག་སྤྱོད་གྱུར་ཅིག །བདེ་གཤེགས་ཉེ་སྲས་བརྒྱད་ཀྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །སྐྱེ་བ་ཀུན་ཏུ་བློ་གྲོས་མཐའ་ཡས་སོགས། །ཡོངས་འཛིན་དམ་པ་རྣམས་དང་མི་འབྲལ་ཞིང་། །གསུང་བཞིན་རྗེས་སུ་སྒྲུབ་པའི་སྐལ་བཟང་གིས། །དོན་གཉིས་པདྨོ་བཞད་པའི་བཀྲ་ཤིས་ཤོག །ཅེས་པའང་ལྕགས་བྱ་ས་ག་ཟླ་བའི་ཚེས་བཅོ་ལྔའི་དུས་ཆེན་ཉིན་རྒྱལ་བའི་སྲས་ཀྱི་རྟགས་ཙམ་འཆང་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་མདོ་ཁམས་སེང་གེ་གནམ་རྫོང་བྱང་ཆུབ་ཤིང་གི་ནགས་ཁྲོད་ན་མངོན་པར་མཛེས་པའི་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གི་དབེན་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་ཤིང་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

འཇམ་དཔལ་ཡབ་ཡུམ་ལ་བསྔགས་པ་བློ་གྲོས་པད་ཚལ་བཞད་པའི་ཉིན་བྱེད།

༄༅། །འཇམ་དཔལ་ཡབ་ཡུམ་ལ་བསྔགས་པ་བློ་གྲོས་པད་ཚལ་བཞད་པའི་ཉིན་བྱེད། ན་མོ་གུ་རུ་མཉྫུ་ཤྲཱི་སྭ་ར་སྭ་ཏྱཻ། གུར་གུམ་ཆར་གྱིས་འ ཛམ་བུ་ན་དའི་རིར། །ལན་སྟོང་བྱུགས་ལ་བརྒྱ་ཕྲག་ཉི་མའི་གཟིས། །འཁྱུད་མཚུངས་ནང་གི་མུན་སེལ་སྨྲ་བའི་རྒྱལ། །སྙིང་གི་པདྨོར་འབྲལ་བ་མེད་པར་མཛོད། ༡ །ཟག་བྲལ་ལང་ཚོས་དུད་པའི་སྨིན་ལེགས་མ། །གཟུངས་སྤོབས་བློ་གྲོས་བྱེ་བའི་འཇོ་སྒེག་གིས། །བརྩེ་དགའི་དུས་སྟོན་སྦྱིན་མཛད་དབྱངས་ཀྱི་རྒྱལ། །མགྲིན་པའི་འོ་མཚོར་རྟག་པར་རྩེན་མཛོད་ཀྱཻ། ༢ །ཕུལ་བྱུང་རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་མཆོག །སྣང་སྟོང་ཐབས་ཤེས་དྲྭ་བའི་སྒྱུ་འཕྲུལ་ཆེའི། །མཚན་སྙན་ངོ་མཚར་ནོར་བུའི་ཏམ་བུ་ར། །ཞིང་ཁམས་རྒྱ་མཚོར་རྣ་བའི་བཅུད་ལེན་ཉིད། །སྤྱན་ལྔ་རྣམ་པར་དག་པས་གཟིགས་པའི་ཁྱོན། །གང་ན་འཕགས་བཞིའི་ཕྲེང་བ་མཆིས་དེ་ཀུན། །གཞར་ཡང་ཁྱོད་ཀྱིས་མ་བསྐྲུན་སྲིད་མིན་ཡང་། །བཅུ་དྲུག་ལང་ཚོ་ཡོལ་བ་མེད་དེ་མཚར། ༤ །རྟག་ཏུ་ཞི་ཡང་འབར་བ་ཆེན་པོའི་མདངས། །མཚན་དཔེ་ཚ་ཟེར་བྱེ་བའི་གཟི་འོད་ཀྱིས། །ས་གསུམ་རྨོངས་པའི་བུད་ཤིང་ཀུན་ཟོས་ཀྱང་། །ཡིད་སྲུབ་སྙིང་ལ་རྣག་དཀའི་མུན་པར་གྱུར། ༥ །ཡུན་རིང་འགྲོགས་ཀྱང་ལྷན་སྐྱེས་དགྲར་གྱུར་པས། །ཉེས་བརྒྱའི་འབྲས་མང་སྙིང་ལ་སྦྱིན་བྱེད་པའི། །འདོད་སྲེད་མ་རིག་ལྟ་བའི་མྱུ་གུའི་རྒྱུན། །གཅོད་པའི་མཚོན་རྣོན་གདེངས་འདི་རང་གཤིས་ལགས། ༦ །ཀུན་མཁྱེན་མཛོད་དུ་ཆུད་གྱུར་ཤེས་བྱའི་དངོས། །སོ་སོ་ཡང་དག་རིག་བཞིའི་ལྡེའུ་མིག་མཆོག །སྦྱིན་ལ་ལེན་པོ་སུ་ཞེས་དུས་ཀུན་ཏུ། །ཡང་ཡང་གླེགས་བམ་གཏོད་འདི་མ་འཚལ་ནོངས། ༧ །དབྱངས་གཅིག་ཡན་ལག་རྒྱ་མཚོར་སྒྲོགས་པའི་སྒྲས། །འགྲོ་ཚོགས་དུས་གཅིག་སློང་བའི་རྣམ་དཔྱོད་དཔལ། །ཐོས་ཚེ་བདག་སྐྱེས་མི་སྨྲའི་བརྟུལ་ཞུགས་ཀྱིས། །སྒྲ་འཛིན་བརྒྱད་ཀྱིས་ཉན་ལ་སོམ་ཉི་ཅི། ༨ །རྟག་ཏུ་ཆོས་ཀྱི་དབྱིངས་ལ་མཉམ་བཞག་ཀྱང་། །ཤེས་བྱར་སྲིད་ཚད་མཁྱེན་པ་གཅིག་གིས་བཟུང། །རྡུལ་ཙམ་སྲིད་ཞིའི་མཚན་མ་མ་དམིགས་མོད། །བརྩེ་བའི་སྤྱན་རས་ཡིད་ཅན་ཀུན་ལ་བཙའ། ༩ །ཐབས་མཁས་འཕྲུལ་གྱི་ཞགས་པ་གདེངས་ཙམ་གྱིས། །ས་གསུམ་ཡུད་ཀྱིས་འཆིང་ནུས་རྣམ་དཔྱོད་མཐུས། །རང་གི་ངན་གཡོ་འཕྱེ་བོར་བྱས་མཐོང་ནས། །གླང་རྫི་ཕག་པའི་གཟུགས་ཀྱིས་ཡིབ་པར་ངེས། ༡༠ །བྲལ་སྨིན་ཡོན་ཏན་འབུམ་གྱི་ཕུང་པོ་ཆེ། །ནམ་མཁའི་མུ་ཁྱུད་ར་བར་མ་ཤོངས་ནས། །འཁོར་འདས་བརྟན་གཡོ་ཀུན་གྱི་ཆོས་ཉིད་ཀྱི། །གཤིས་ལུགས་ཡོངས་ལ་མཉམ་པར་ཞུགས་དེ་མཚར། ༡༡ །སྲིད་པའི་དམ་བཅའ་མིང་ཙམ་གཏང་ནུས་ཕུལ། །ཐུགས་བསྐྱེད་བརྩོན་པའི་རླབས་ཆེན་ཕྲིན་ལས་ཀྱི། །ཕ་མཐར་འཁྱོང་སྐབས་དབེན་ཞེས་ལྷས་རྩེན་མ། །སྐྱེངས་ནས་རྒྱུ་སྐར་ཚོགས་བཅས་འདར་བ་འདྲ། ༡༢ །རྫ་མཁན་ལྟ་བུར་བྱེད་པོར་རློམ་པ་ཡི། །དགྲ་སྟྭའི་དུམ་བུས་སྔོན་ཆད་མེས་པོའི་གདོང་། །བཅད་པའི་ལེ་ལན་དེ་རིང་བཅོམ་མོ་ཞེས། །སློང་ཕོར་ལག་ཏུ་ཐོགས་ནས་རྒྱུ་མིན་ནམ། ༡༣ །དུས་གསུམ་གཤེགས་པའི་མི་མཆོག་སྲས་བཅས་ཀྱི། །རྣམ་ཐར་རྒྱ་མཚོ་འདི་ཡིས་བཟུང་གཟིགས་ནས། །ཏིལ་གྱི་གོང་བུ་ལྟ་བུའི་བཀོད་པ་ཡིས། །འཁོར་གྱི་དཀྱིལ་འཁོར་ཡོངས་སུ་མཛེས་པར་བྱས། ༡༤ །ལྷ་བརྒྱའི་གཙུག་གི་ནོར་བུའི་ཅོད་པཎ་གྱིས། །ཞབས་སེན་འཆར་ཀའི་ཟླ་གཞོན་མཛེས་པ་དང་། །ཆབས་ཅིག་རིག་འཛིན་གྲུབ་པའི་ཚོགས་རྣམས་ཀྱི། །སོར་བཅུའི་ཆུ་སྐྱེས་སྤྱི་བོར་ཟུམ་པར་བྱེད། ༡༥ །མགོ་སྐྱེས་ཙམ་པ་ཀ་ཡི་ལ་ཐོད་ཀྱིས། །ཆེས་ག ནོན་ཀུན་རྨོངས་དྲྭ་བས་ཡིད་ཁེབས་ཀྱང་། །རིག་པ་ཉིན་ཞག་གཅིག་ཙམ་གོམས་བྱས་པའི། །ཡོན་ཏན་ཆུ་ལྷའི་ལྕེས་ཀྱང་གཞལ་བྱ་ཅི། ༡༦ །མཆོག་བྱིན་བདུད་རྩིའི་ཟེགས་མའི་ཆ་ཤས་ཙམ། །མྱོང་བའི་སྐལ་བཟང་ཐོབ་པའི་མཁས་མང་གི། །ཞབས་སེན་མཐོན་ཀས་རེག་པའི་ས་ལའི་ལྗོངས། །དགའ་བ་བརྒྱ་ལྡན་གྲོང་ལས་བསྔགས་འོས་ཉིད། ༡༧ །སྣང་བར་བྱས་སོ་གངས་ཅན་མཚོ་ཡི་ཞིང་། །གང་གི་གསང་གསུམ་སྒྱུ་འཕྲུལ་རོལ་མོས་ཏེ། །ཁྱོད་སྲས་འཕགས་དང་མཁས་པའི་སྐྱེ་བོ་ཡིས། །སྔོན་མེད་གཙུག་ལག་བྱེ་བའི་སྒོ་འཕར་ཡང་། ༡༨། འཇིག་རྟེན་སྣང་བྱེད་སྒྲོན་མ་མང་བྱོན་ཀྱང་། །མཆོག་གི་རྣམ་ཐར་ཟབ་མོར་འཇུག་ནུས་སུ། །ནོར་འཛིན་རྐང་འཐུང་ཕྲེང་བས་གཡོགས་མོད་ཀྱི། །འཆི་མེད་ལྗོན་པའི་དཔལ་དེ་གཉིས་པ་མིན། ༡༩ །ཡིད་ཀྱི་ཤིང་རྟ་འགེངས་པའི་དཔལ་ཁོ་ནས། །ཁྱོད་དང་མནྡ་ར་མཚུངས་བརྗོད་མིན་ཏེ། །འབད་སོགས་རྣམ་རྟོག་རྩོལ་བས་གོས་མིན་པར། །ཕན་བདེའི་གྲིབ་བསིལ་ཤིན་ཏུ་སྣུམ་འདིས་ཀྱང་། ༢༠ །ལྷ་ལ་ལྷ་ཡི་དཔག་བསམ་ཡོངས་འདུའི་ལྗོན། །ཀླུ་ལ་ཀླུ་ཡི་ནོར་བུ་མཐོན་ཀའི་དཔལ། །བདག་ལ་བདག་གི་སྐྱབས་གཅིག་ངག་དབང་ལྷ། །གང་ལ་གང་འདོད་སྩོལ་ལ་མཚུངས་པ་ཉིད། ༢༡ །དེ་སླད་རྟག་པར་རེ་བའི་བུས་པ་བདག །སྙན་ཚིག་མེ་ཏོག་གསར་པའི་ཁྲོད་ཕྱིན་ནས། །དད་པའི་ལག་པས་ཕྲེང་བར་བསྟར་བ་འདི། །ཡུས་པའི་ཚུལ་གྱིས་རིངས་པར་འབུལ་གྱི་བཞེས། ༢༢ །སྔོན་ཆད་མ་འཚལ་བཞིན་དུ་ནོངས་པའི་གཡས། །རིགས་ཁམས་ཆོས་ཉིད་རྣམ་དག་བུམ་བརྒྱ་སྐྱེས། །བསླད་གང་གདུང་བའི་ང་རོས་སྙིང་ནས་མཐོལ། །བྱམས་ཆེན་ཕ་མས་དེ་རིང་སྦྱོང་བར་མཛོད། ༢༣ །ཤ་ཟ་རྣམས་ཀྱང་བུ་ལ་བརྩེ་བྱེད་ན། །མ་བཅོལ་ལེགས་པར་མཛད་པའི་མགོན་ཟུང་གིས། །ཉེས་བརྒྱའི་གཅན་གཟན་འཁྲུགས་པའི་ནགས་ཁྲོད་དུ། །བུ་སྡུག་ཁ་འོ་ཙ་རེ་འདོར་ཕོད་དམ། ༢༤ །ཡོན་ཏན་ལུས་ཤེད་མ་རྫོགས་འཁྱོལ་བའི་འགྲོས། །འདིར་སྣང་འཇའ་ཚོན་རི་མོས་བསླུས་པའི་གར། །དྲན་ཤེས་རྒན་པོའི་མིག་ལྕིབ་འགེབས་ཚེ་ཡང་། །ཉེས་ལྟུང་སྦབ་ལ་འཆལ་འདི་མ་གཟིགས་སམ། ༢༥ །ལས་སྒྲིབ་ལྕི་བས་ཉིན་མཚན་དུས་དྲུག་ཏུ། །གདུང་བའི་འོ་དོད་ཁྱེད་ལ་འབོད་བྱེད་ཀྱི། །ལས་ངན་ཟད་ན་གསོལ་ཡང་ཅི་ཞིག་འཚལ། །བྱམས་པའི་ཕྱག་ཡངས་ད་ནི་རྐྱོང་རན་ལགས། ༢༦ །ཡིད་འོང་ཉི་མ་འཆར་ཀའི་གཟི་བྱིན་ཅན། །མཚན་དཔེ་འོད་རིས་བྱེ་བས་འཁྱུད་པའི་གར། །བལྟ་བས་མི་ངོམས་སྙིང་གི་གདུང་སེལ་དེ། །མངོན་སུམ་མིག་གི་བདུད་རྩིར་སིམ་པར་མཛོད། ༢༧ །མིའམ་ཅི་མོ་སྟོང་གི་གླུ་དབྱངས་ཀྱིས། །མཚོན་མིན་ཀུན་རྨོངས་གཉིད་ལ་ཡོལ་བའི་འགྲོ། །ཅིག་ཅར་སད་བྱེད་ཚངས་ཆེན་རྔ་སྒྲའི་གསུང་། །མ་བསྐལ་ཐོས་འཛིན་དཔྱིད་དུ་སྨིན་པར་མཛོད། ༢༨ །གློ་བུར་ཀུན་རྟོག་སྤྲོས་དང་མཛའ་མིན་པའི། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་རྣམ་དག་ཐུགས། །མཁྱེན་བརྩེ་འོད་ཟེར་བརྒྱ་པའི་ཐུར་མ་ཅན། །བདག་གི་ཡིད་ལ་མྱུར་དུ་འཇུག་པར་མཛོད། ༢༩ །ལེགས་བཤད་མཐོ་རིས་ཀླུང་གི་རྒྱུན་བཟང་པོས། །ཉེས་བཤད་དུག་ཅན་བུ་ཡི་འཆིང་བའི་དྲི། །ཡོངས་གཞིལ་རིས་མེད་ཐུབ་བསྟན་དག་བྱེད་གཏེར། །རབ་སྤེལ་འཆད་པའི་བློ་གྲོས་བདག་ལ་སྩོལ། ༣༠ །ལུང་རིགས་ཚད་མ་གསུམ་གྱི་ང་རོའི་སྒྲས། །རྒོལ་ངན་གཉིས་འཐུང་སྟོང་གི་ཀླད་རྒྱ་དབྲལ། །བསྙེངས་བྲལ་ངེས་གསང་མཆོག་བསྟན་གངས་རིའི་ངོགས། །རབ་བསྒྱིངས་རྩོད་པའི་སྤོབས་པ་བདག་ལ་སྩོལ། ༣༡ །དོན་བཟང་འཁྲུལ་པ་ཀུན་བྲལ་མ་ཎི་ཀ{ཀཿའདིའི་རིགས་འདི་ལྟར་ཞུས། } །སྡེབ་ལེགས་གསེར་གྱི་སྐུད་པར་བརྒྱུས་པའི་ཕྲེང་། །མཁས་མང་མགྲིན་པའི་རྒྱན་དུ་ཆེར་འོས་པའི། །ཕུལ་བྱུང་རྩོམ་པའི་རྣམ་དཔྱོད་བདག་ལ་སྩོལ། ༣༢ །མདོར་ན་འཕགས་མཆོག་འཇམ་མགོན་ཡབ་ཡུམ་གྱི། །གསང་མཛོད་མཆོག་དང་མཉམ་པ་ཉིད་གྱུར་ནས། །ཇི་སྲིད་སྲིད་པ་གནས་པ་དེ་སྲིད་དུ། །ས་གསུམ་སྣང་བའི་ཉི་མར་བདག་སྒྱུར་ཅིག ༣༣ །ཅེས་པའང་འཇམ་དཔལ་ཡབ་ཡུམ་གྱི་རིགས་སྔགས་ལ་གུས་པ་ལྷུར་ལེན་པའི་ཟེ་ཆེན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས་དུས་ཚེས་དགེ་བར་འབྲུ་མར་གྱི་སྣང་བ་ལ་བརྟེན་ནས་སྦྱར་བ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།༷
༄༅། །ན་མོ་མཉྫུ་ཤྲཱི་ཡེ། སྲས་བཅས་རྒྱལ་བའི་མཁྱེན་རབ་གསེར་སྦྱངས་ཁམས། །གཅིག་ཏུ་བསྡུས་པའི་ཉིང་{སྙིང་འདིའི་རིགས་འདི་ལྟར་ཞུས། }ཁུ་ལས་ཕྱུང་བ། །དྲན་པས་བདེ་སྟེར་མཚུངས་མེད་ཆོས་ཀྱི་རྗེ། །སྨྲ་བའི་སེང་གེ་མཆོག་ལ་མ གོས་ཕྱག་འཚལ། །མ་ལུས་རྒྱལ་ཀུན་བསྐྱེད་པའི་ཡབ་གྱུར་ཀྱང་། །ཀུན་ཏུ་བཅུ་དྲུག་གཞོན་ཚུལ་ཉམས་པ་མེད། །མིག་ལ་ཟླ་བ་ཡིད་ལ་བདུད་རྩིའི་རྒྱུན། །སྨྲ་བའི་རྒྱལ་པོ་ཁྱོད་ལ་མགོས་ཕྱག་འཚལ། །མཚན་དཔེའི་འདབ་སྟོང་བཞད་པའི་གེ་སར་རྩེར། །ཟུར་ཕུད་ནོར་བུའི་ཅོད་པཎ་རབ་གཡོ་ཞིང་། །ལྷ་ཡི་ཆ་ལུགས་ལྷ་ལས་ཁྱད་འཕགས་པ། །སྨྲ་བའི་ཉི་མ་ཁྱོད་ལ་མགོས་ཕྱག་འཚལ། །ལུས་ཅན་སྲིད་རྩ་གཅོད་པའི་མཚོན་ཆེན་དང་། །གཟུངས་སྤོབས་བློ་གྲོས་མཆོག་སྦྱིན་པུསྟིཀཿ། །དཔུང་པའི་འཁྲི་ཤིང་རྩེ་ན་མངོན་མཛེས་པ། །སྨྲ་བའི་ཟླ་བ་ཁྱོད་ལ་མགོས་ཕྱག་འཚལ། །མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་འགྱིང་། །ཆེ་བའི་ཡོན་ཏན་དར་དང་རཏྣས་སྤྲས། །ལན་ཅིག་དྲན་པས་སྙིང་གི་མུན་སེལ་བ། །སྨྲ་བའི་དབང་ཕྱུག་ཁྱོད་ལ་མགོས་ཕྱག་འཚལ། །བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་མཐའ། །ངག་གི་རང་བཞིན་གྲུབ་པས་བསྐལ་མང་དུ། །བརྗོད་ཀྱང་ཆ་ཙམ་དཔོག་མིན་བདག་ལྟས་ཅི། །ཡོན་ཏན་བསམ་མི་ཁྱབ་ལ་མགོས་ཕྱག་འཚལ། །འཕགས་བཞི་སྐྱེད་ཡུམ་ཤེས་རབ་ཕ་རོལ་ཕྱིན། །གང་འདུལ་མཚན་དཔེར་སྣང་བ་ངག་གི་ལྷ། །ཉེས་བརྒྱའི་གདུང་བ་བཅིལ་བའི་བསིལ་ཟེར་དབང་། །འཕགས་མ་སྒྲ་དབྱངས་ལྷ་མོར་མགོས་ཕྱག་འཚལ། །དབང་སྔོན་ཞུན་མས་བྱུགས་འདྲའི་མེ་ན་ཀ །འཛུམ་ཁྲོ་ཆགས་པའི་ཉམས་ཀྱིས་སྒེག་པའི་གར། །གང་གིས་དྲན་ལ་སྣང་བ་མཆོག་སྟེར་མ། །དབྱངས་ཅན་ངག་གི་དཔལ་མོར་མགོས་ཕྱག་འཚལ། །སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་ཡིས། །ཞིང་ཁམས་རྒྱ་མཚོར་སངས་རྒྱས་མཛད་པ་སྒྲུབ། །མ་ལུས་འགྲོ་བའི་སྐྱབས་གཅིག་མཚུངས་པ་མེད། །ལྷག་པའི་ལྷ་མཆོག་ཁྱོད་ལ་མགོས་ཕྱག་འཚལ། །སྲིད་ཞིའི་ཁོངས་སུ་རྣམ་མང་འབྱོར་པའི་སྤྲིན། །ཇི་སྙེད་མཆིས་ཀུན་བློ་ཡིས་ཡོངས་བསྡོམས་ཏེ། །ལྷ་མཆོག་དགྱེས་པའི་དཔྱིད་དུ་འབུལ་ལགས་ན། །ཀུན་བཟང་རྣམ་ཐར་རྒྱ་མཚོར་འཇུག་གྱུར་ཅིག །ཐོག་མེད་བསགས་པའི་སྒྲིབ་གསུམ་མུན་པའི་དཔུང་། །རང་བཞིན་མེད་རྟོགས་ནོར་བུའི་སྒྲོན་མ་ཡིས། །རབ་བསལ་རིགས་ཁམས་ཡོན་ཏན་འབྱོར་པའི་གཏེར། །མ་སྒྲིབ་དོན་གཉིས་སུག་རྩེར་སྨིན་གྱུར་ཅིག །རྒྱལ་དང་རྒྱལ་སྲས་འཕགས་དང་སྐྱེ་བོ་ཡི། །དུས་གསུམ་བྱས་བསགས་རྣམ་དཀར་ཇི་སྙེད་པ། །ཡི་རང་ནོར་བུའི་ཞགས་པས་གཅིག་བསྡམས་པས། །ཚོགས་གཉིས་བྲེ་ཁ་ཡོངས་སུ་འགེངས་གྱུར་ཅིག །ལམ་ཞུགས་རྣམས་ཀྱི་ལམ་གྱི་གེགས་བསལ་ཞིང་། །ལམ་མ་ཞུགས་ལ་ཐར་པའི་ལམ་སྟོན་ཕྱིར། །ལམ་བདེན་བདུད་རྩིའི་གྲུ་ཆར་འཇོ་གསོལ་ན། །ཞིང་ཁམས་རྒྱ་མཚོར་ཆོས་སྤྲིན་མཛེས་གྱུར་ཅིག །སྐྱེ་འཇིག་མཚན་མས་གཞར་ཡང་གོས་མིན་པའི། །ཡེ་ཤེས་སྐུ་མཆོག་མཚན་དཔེའི་ཉིན་མོར་བྱེད། །ལོག་རྟོག་སྤྲིན་གྱིས་ནམ་ཡང་སྒྲིབ་མིན་པར། སྲིད་པ་ཇི་སྲིད་འགྲོ་ལ་སྣང་གྱུར་ཅིག །ལེགས་བྱས་ཆུ་ཐིགས་དམིགས་པའི་དུག་སྤང་སྟེ། །དམིགས་མེད་ཆོས་དབྱིངས་རྒྱ་མཚོར་བསྔོ་བགྱིད་ན། །འཇམ་མགོན་ཀླུ་ཡི་དབང་པོས་ཉེར་བཟུང་བའི། །རྣམ་ཐར་ཟབ་མོར་རོ་གཅིག་འདྲེས་གྱུར་ཅིག །དེའི་མཐུས་སྐྱེ་དང་ཚེ་རབས་ཕྲེང་བ་རུ། །འཇམ་མགོན་ཡབ་ཡུམ་ཞབས་སྐྱེས་ནོར་བུའི་རྡུལ། །སྤྱི་བོས་ལེན་པའི་སྐལ་བཟང་ཡོལ་མིན་པར། །སྲས་བཅས་རྒྱལ་བའི་ཕྲིན་ལས་སྒྲུབ་པར་ཤོག །གང་ཚེ་བལྟ་དང་འདྲི་བར་འདོད་པའི་ཚེ། །གེགས་མེད་འཇམ་མགོན་ཡབ་ཡུམ་གཉིས་མཐོང་ནས། །ཐོགས་མེད་བློ་དང་འཛད་མེད་གཟུངས་སྤོབས་ཀྱིས། །ངེས་དོན་ཆོས་ཀྱི་རྒྱལ་སྲིད་སྐྱོང་ནུས་ཤོག །འཆད་ལ་མི་སྐྱོ་གང་སྨྲས་གཞན་དོན་འགྱུར། །རྩོད་ལ་མི་འཇིགས་རྒོལ་ངན་ལོག་རྟོག་ཆོམས། །རྩོམ་ལ་མི་ངལ་ཐུབ་བསྟན་སྲིད་མཐར་གསལ། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཞེས་པའང་ལྷག་པའི་ལྷ་འདི་ཉིད་ཀྱི་བསྙེན་སྒྲུབ་ལ་གཞོལ་བའི་ཚེ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་ཤིང་གསོལ་བ་བཏབ་པ་སིདྡྷི་རསྟུ།

འཇམ་དཔལ་སྨྲ་བའི་སེང་གེ་ལ་བསྟོད་པ་འཇམ་མགོན་དགྱེས་པའི་རོལ་མོ།

༄༅། །འཇམ་དཔལ་སྨྲ་བའི་སེང་གེ་ལ་བསྟོད་པ་འཇམ་མགོན་དགྱེས་པའི་རོལ་མོ་བཞུགས། ན་མོ་གུ་རུ་མཉྫུ་ཤྲཱི་སྭ་ར་སྭ་ཏྱེ། འདི་ན་བློ་མཆོག་སྨྲ་བའི་ཟླ་བ་རྣམས། །བསྐྱེད་པའི་ཡབ་ཏུ་གྱུར་ཀྱང་གཞོན་ནུའི་ཚུལ། །གཏིང་དཔག་དཀའ་བའི་ཡོན་ཏན་ནོར་བུའི་གཏེར། །ཡེ་ཤེས་མེ་ལོང་སྙིང་ལ་རོལ་བར་མཛོད། ༡ །ཤེས་རབ་ཕར་ཕྱིན་དོན་དམ་བདེན་པའི་གཤིས། །སྙིང་རྗེ་སྒྱུ་མར་འཕྲུལ་བའི་ཚངས་སྲས་མ། །སྙན་ངག་ཆུ་བོ་ཀུན་གྱི་འབྱུང་གནས་མཆོག །མགྲིན་པའི་མཚོར་རོལ་ངག་ལ་ཤིས་པ་བྱིན། ༢ །གང་ཁྱོད་ཆོས་དབྱིངས་ཟབ་མོར་རྗེས་ཞུགས་པས། །ཡི་གེ་སྨྲ་བས་རྟོགས་པའི་ཡུལ་མིན་ཀྱང་། །བསམ་གྱིས་མི་ཁྱབ་ཡེ་ཤེས་སྒྱུ་མའི་སྤྲིན། །ལྷ་སྔགས་ཕྱག་རྒྱར་འཕྲུལ་བའི་ངོ་མཚར་འབར། ༣ །སྟོང་དང་རྟེན་འབྱུང་ཟུང་འབྲེལ་དབུ་མའི་གཤིས། །སྙིང་རྗེའི་ཐབས་ལ་རོལ་པའི་ངོ་མཚར་དབྱངས། །ཞིང་ཁམས་རྒྱ་མཚོར་སྒྲོགས་པའི་ཁྱད་པར་ལས། །བརྗོད་དང་བྲལ་གང་བརྗོད་པའི་འབབ་སྟེགས་གྱུར། ༤ །རབ་མཛེས་ཨིཎྜ་ནི་ལའི་ལྷུན་པོ་ལ། །ཐུན་མཚམས་ཆུ་འཛིན་གསར་པས་འཁྱུད་པའམ། །འཇམ་པའི་རྡོ་རྗེའི་ཞབས་བཏེགས་གདོང་ལྔ་ཞེས། །མ་འཚལ་དབང་པོས་མིག་སྟོང་སྤྲུལ་པ་བཞིན། །དེ་ཚེ་སྲིད་ན་མཛེས་པའི་དངོས་པོ་ཀུན། །བྱེད་པོས་གཅིག་བསྡོམས་འདབ་སྟོང་ཟོལ་གྱིས་ནི། ༥ །བཀའ་ལ་ཆེས་མཚར་བདེ་འབྱུང་རང་གི་ཐོད། །བཀོད་ཚེ་རྒྱུ་སྐར་ཚོགས་རྣམས་འདར་བ་འདྲ། ༦ །ཤེས་བྱར་འཁོན་པའི་ལག་འགྲོ་གདུག་པའི་དཔུང་། །མ་ལུས་ཟོས་པའི་འདབ་བཟང་དབང་པོའི་ལྟོར། །རྒྱལ་ཀུན་ཡེ་ཤེས་གཙུག་ནོར་བྱེ་བའི་བཅུད། །གཅིག་ཏུ་བསྡོམས་པའི་སྙིང་པོ་སྐྱུག་པའི་གར། ༧ །དམར་མཐིང་ལང་ཚོས་མྱོས་པའི་དྷཱིཿཧྲཱིཿའི་ཕྲེང་། །ཕན་ཚུན་སྒེག་པའི་ཉམས་འགྱུར་བརྒྱ་ཕྲག་གིས། །རྗེས་ཆགས་འབར་བའི་མེ་ཡིས་བཞུས་པ་ལས། །ངོ་མཚར་ཉི་མ་འཆར་ཀའི་གཟི་བྱིན་འབར། །རིན་ཆེན་བུམ་བརྒྱ་སྐྱེས་ཀྱི་ས་འཛིན་སྤོར། །གུར་གུམ་ཆར་གྱིས་བྲན་པས་མཚོན་མིན་པ། །ཟུང་བཞིའི་ན་ཚོད་མཛེས་པའི་ཉི་དགའི་ཕྲེང་། །མཚན་དཔེའི་གེ་སར་རྒོད་པའི་ཆོ་གས་སྤུད། ༩ །རབ་མཛེས་ཟུར་ཕུད་ལྔ་པའི་ཐོར་ཚུགས་རྩེར། །རིན་ཐང་བྲལ་བའི་ནོར་བུའི་ཐོད་རྒྱན་ལྕིད། །འདེགས་པས་བསྙེལ་བར་དོགས་ནས་དབང་གཞུའི་ཕྲེང་། །རིངས་པའི་སྟབས་ཀྱིས་ལག་པས་སྐྱོར་བ་འདྲ། ༡༠ །འབུམ་ཕྲག་རིན་པོ་ཆེ་ཡི་རྒྱན་ཆ་དང་། །རབ་མཛེས་པཉྩ་ལི་ཀའི་ན་བཟའ་ཟུང་། །ཕན་ཚུན་འབྱོར་པའི་ཁྱད་པར་འགྲན་པ་ལ། །འཕྱ་བའི་ཟོལ་གྱིས་ཅུང་ཟད་འཛུམ་པ་བཞིན། ༡༡ །ལུས་ཅན་སྙིང་ལ་གབ་པའི་ལུས་མེད་དཔུང་། །འཇོམས་ལ་དཔའ་བའི་ཕྱག་གི་འཁྲི་ཤིང་རྩེར། །མཁྱེན་རབ་རལ་གྲི་གདེངས་པའི་འཕྲུལ་གཅིག་གིས། །སྲིད་པའི་དམ་བཅའ་མ་ལུས་མིང་ཙམ་བྱས། ༡༢ །ཀུན་མཁྱེན་ཡེ་ཤེས་ཟབ་མོའི་སྤོབས་པའི་གཏེར། །སྦྱིན་ལ་སྤྲོ་བས་ལེན་པོ་སུ་ཡོད་ཅེས། །དུས་དྲུག་ཕྱོགས་བཅུར་གཟིགས་ནས་པུསྟིཀཿ། །གཏོད་འདི་གཟིགས་ནས་རྒྱལ་རྣམས་ཤིས་པ་སྒྲུབ། ༡༣ །མཚན་གྱི་སྤྲིང་ཡིག་དབྱར་སྐྱེས་རྔ་གསང་མཆོག །ལན་གཅིག་ཐོས་འཛིན་བཅུད་སོན་མདངས་མཐའ་ཅན། །གྲུབ་གཉིས་ཟློས་གར་རྩེན་པའི་ངོ་མཚར་གྱིས། །གྲགས་དཀར་སྲིད་ཞིའི་ཁོངས་སུ་ཅི་སྟེ་ཤོང་། ༡༤ །ཉི་མས་དབང་སྔོན་བཞུས་པའི་ཁུ་བ་ཡིས། །ལན་སྟོང་བྱུགས་པའི་ཚངས་སྲས་འོ་འཛིན་ཁུར། །སྐེད་སྐབས་ཕྲ་བས་འདེགས་པར་མ་བཟོད་ནས། །ཅུང་ཟད་ཡོན་པོའི་ཚུལ་གྱིས་བཞུགས་པར་དོགས། ༡༥ །རྣམ་སད་བྱེ་བའི་རྒྱན་གྱིས་མི་མཚོན་པའི། །དུ་མའི་ཆ་ལུགས་བཟང་པོས་བརྒྱན་གྱུར་ཀྱང་། །ད་དུང་མཛེས་སྐུའི་ཉམས་འགྱུར་མཚར་སྡུག་དཔལ། །སྒྲིབ་སྙོམ་ཏམྦུ་རུ་སོགས་སྡང་བ་སྐྱེད། ༡༠ །ཁྲག་ཁྲིག་དབྱངས་ཀྱིས་མཚན་པའི་གསུང་གི་གདངས། །མཉན་འདོད་ཚངས་ཆེན་རྣ་བརྒྱད་སྤྲུལ་པའི་ཚེ། །སྙན་སྒྲོགས་ཁེངས་པ་ཞུམ་པའི་གཙུག་ནོར་རྡུལ། །ཞབས་སེན་ཆུ་སྐྱེས་རྩེ་ལ་ཆགས་པ་འདྲ། ༡༧ །རྨོངས་ལ་ཁྲོ་ཞིང་མཁས་ལ་འཛུམ་པའི་སྤྱན། །གང་ལ་ཆགས་དེས་ཀུན་རྨོངས་མིང་མཐར་སྦྱར། །ཐམས་ཅད་མཁྱེན་པའི་མཛོད་དང་ཐུན་མོང་དུ། །སྤྱོད་ན་ཕྱག་མཚན་གདེངས་པའི་དགོས་པའང་ཅི། ༡༨ །བསྒྲང་བྱ་བརྒྱ་ལ་བཅུ་ཕྲག་གིས་ཕྲི་བའི། །རྒན་གཞུག་དག་ཀྱང་ཁྱོད་ལ་གུས་པའི་མོད། །ལོ་བརྒྱད་བུས་པའི་ལུས་ལ་རྒན་པོའི་བློ། །གྲགས་པའི་རྔ་ཆེན་ཚངས་པའི་ཞིང་ལས་བརྒལ། ༡༩ །ཕུལ་བྱུང་རིགས་སྔགས་ཟབ་མོའི་ཉི་གཞོན་མཆོག །གྲུབ་མཆོག་ཁྱུང་སྔོན་སྐྱེས་ཀྱིས་ཉེར་དྲངས་མཐུས། །བློ་མཆོག་བློ་ཡི་པད་ཚལ་བཞད་པའི་རྒྱུས། །གངས་ཅན་ལྗོངས་ཞེས་བརྗོད་པ་དོན་ལྡན་བྱས། ༢༠ །ལེགས་བྱས་བྱེ་བའི་ཟོང་གིས་བསྐལ་པ་བརྒྱར། །ཁུག་མིན་འཇམ་པའི་རྡོ་རྗེའི་རིགས་སྔགས་བཅུད། །དད་གསུམ་སྙིམ་པས་འཐུང་བའི་སྐལ་བཟང་དཔལ། །ཨེ་མ་ཉམས་སུ་མྱོང་འདི་རྨི་ལམ་མིན། ༢༡ དེ་སླད་འཇམ་དཔལ་ཡབ་ཡུམ་ཡོན་ཏན་ཕུལ། །ཐོས་པས་རབ་དགའ་དད་གསུམ་སོར་མོ་ཡིས། །བསྟོད་བསྔགས་རྒྱུད་མང་གསར་པ་འདི་སྒྲོགས་ན། །ཡིད་ལ་ཡེ་ཤེས་སྣང་བ་དེང་སྩོལ་ཅིག ༣༢ །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །འཇམ་མགོན་ཡབ་ཡུམ་ཞབས་ཀྱི་ཆུ་སྐྱེས་རྡུལ། །སྤྱི་བོར་ལེན་པའི་སྐལ་བཟང་ཡོལ་མིན་པས། །དོན་གཉིས་མཐར་ཕྱིན་འཇིག་རྟེན་སྒྲོན་མར་ཤོག །༢༣ ཅེས་པའང་འཇམ་པའི་རྡོ་རྗེའི་རིགས་སྔགས་ལ་མོས་པ་འཆང་བ་གཞན་ཕན་ཆོས་ཀྱི་བློ་གྲོས་དབྱངས་ཅན་དགྱེས་པའི་སྡེས་བྲིས་པ་བདག་གཞན་ཀུན་གྱི་རྒྱུད་ལ་ཡེ་ཤེས་ཀྱི་སྣང་བ་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག

འཇམ་དཔལ་དཀར་པོ་ལ་བསྟོད་པ་ཟླ་བ་བདུད་རྩིའི་ཟིལ་ཐིགས།

༄༅། །འཇམ་དཔལ་དཀར་པོ་ལ་བསྟོད་པ་ཟླ་བ་བདུད་རྩིའི་ཟིལ་ཐིགས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་དང་ཤེས་བྱའི་ཆོས་ཀུན་རོ་མཉམ་པའི། །མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་ཡེ་ཤེས་ནི། །སྲིད་ཞིར་མི་གནས་སྒྱུ་འཕྲུལ་དྲྭ་བ་ཆེ། །འཇམ་དཔལ་ཡེ་ཤེས་སེམས་དཔས་དགེ་ལེགས་སྩོལ། ༡ །སྣང་སྟོང་ཟུང་འཇུག་སྤྲོས་པ་བྲལ་བའི་གཤིས། །རྣམ་ཐར་གསུམ་ལྡན་དབུ་མ་ཆེན་པོ་ཚུལ། །རྟེན་འབྱུང་མ་འགགས་ཕྱག་རྒྱའི་དཀྱིལ་འཁོར་ཆེར། །རྣམ་པར་འཕྲུལ་བའི་ཚུལ་ལ་བསྔགས་པར་བགྱི། ༢ །ལྷ་དང་དྲང་སྲོང་གྲུབ་པའི་སྐྱེད་མོས་ཚལ། །ཐལ་དཀར་གླང་པོས་བརྟེན་པའི་ཉམས་དགའི་གཞིར། །པད་ཟླུམ་དྲྭ་བས་མཛེས་པའི་འོ་མའི་མཚོ། །བརྟན་གཡོའི་མཛེས་ཆོས་མཐའ་དག་སྤུངས་པ་བཞིན། ༣ །གསེར་སྦྱངས་ཐགས་སུ་བསྐྲུན་པའི་པདྨ་དཀར། །དམར་སེར་ཟེའུ་འབྲུས་སྒེག་སྟེང་རི་བོང་ཅན། །རབ་མཛེས་གདན་གྱི་ཁྱད་པར་འདི་ཁོ་ན། །སོ་སྐྱེའི་བསོད་ནམས་ཟོང་གིས་ཁུག་བྱ་མིན། ༤ །སྐྱེ་མེད་ཡི་གེ་ལས་འཁྲུངས་རྒྱལ་བའི་སྐུ། །ཟུང་བཞིའི་ན་ཚོད་མཆོག་སྦྱིན་ཨུཏྤལ་བསྣམས། །དུ་མའི་རྒྱན་སྤྲས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །མཐོང་ཐོས་དྲན་པས་རྨོངས་བློའི་མུན་སེལ་རྨད། ༥ །ཟླ་གཞོན་བྱེ་བའི་ཁུ་བས་ཏི་སེའི་རི། །ལན་སྟོང་བྱུགས་ལ་བརྒྱ་ཕྲག་བཅུ་གཉིས་ཀྱི། །མཚན་དཔེའི་རི་མོ་མ་འདྲེས་བཀྲ་གྱུར་ན། །གང་སྐུ་མཛེས་པའི་སྤུན་ཟླར་རུང་བར་སེམས། ༦ །བཅུ་ཕྲག་དྲུག་གི་ཡོན་ཏན་རྫོགས་གྱུར་ཀྱང་། །མ་རིག་གཉིད་ལ་ཡོལ་བའི་འགྲོ་མང་ཁམས། །དུས་གཅིག་སློང་བའི་ཁྱད་ཆོས་འདི་མེད་ཕྱིར། །ཚངས་པའི་ངག་གིས་གང་གསུང་འགྲན་ནུས་མིན། ༧ །གཏིང་མཐའ་མི་དཔོག་སྐྱེ་འགག་མཚན་བྲལ་བའི། །ལྷས་རྩེན་མ་འདི་ཁྱོད་ཐུགས་དཔེར་བྱར་མོད། །ཟབ་གསལ་མཁྱེན་བརྩེའི་ཡེ་ཤེས་འདིས་བཏང་རྒྱུས། །རྣམ་པ་ཀུན་ནས་ནམ་ཡང་མཚུངས་མ་ལགས། ༨ །བེམ་པོའི་རང་བཞིན་ལག་འགྲོས་བདག་ཏུ་བཟུང་། །སྲིད་པའི་འབྱོར་བ་ཟག་བཅས་དམན་པའི་རྒྱུ། །དེ་སླད་འཇོག་པོའི་གཙུག་གི་ནོར་བུ་ཡིས། །ཁྱོད་ཀྱི་ཡོན་ཏན་ཆ་ཙམ་འགྲན་ནུས་མིན། ༩ །འཕོང་སྐྱེན་ར་མ་ཎ་ཡི་ཉག་ཕྲན་གྱིས། །ཆ་ཙམ་མཚོན་མིན་གང་གི་ཕྲིན་ལས་མདའ། །གང་ལ་རེག་དེས་ཤེས་བྱར་འཁོན་པའི་དགྲ། །མིང་གི་ལྷག་མར་བྱེད་ལ་སུ་ཡིས་བསྙོན། ༡༠ །མུ་མེད་སྲིད་མཚོར་བྱིང་བའི་ཉམ་ཐག་འགྲོ། །ལུས་པ་མེད་པར་འབྱིན་པའི་དམ་བཅའི་གོ །དཔའ་བོ་ཁྱོད་གཅིག་ཁོ་ནས་བཞེས་ཞེས་གྲགས། །དེ་སླད་དཔེ་དང་བྲལ་གང་ཆོས་ཉིད་ལགས། ༡༡ །བློ་ཆེན་ཀུན་ཏུ་བཟང་དང་སྤྱན་རས་གཟིགས། །དཔའ་བོ་གང་ལ་གུས་པའི་བརྟུལ་ཞུགས་ཀྱིས། །རྔ་ཡབ་ནོར་བུའི་མཚན་པས་བསྙེན་བཀུར་ན། །སྲིད་ཞིའི་ཁོངས་ན་ཁྱོད་དང་མཉམ་པ་སུ། ༡༢ །འཆི་མེད་གྲུབ་པའི་རིག་འཛིན་གཞོན་ནུ་ཡིས། །ལྷ་རྫས་མེ་ཏོག་ཆར་གྱིས་མཆོད་མཐོང་ནས། །ལྷ་སོགས་འཇིག་རྟེན་སྐྱོང་བ་ཆེ་དགུ་ཡིས། །གཙུག་ནོར་དཔལ་གྱིས་ལན་སྟོང་བསྙེན་པ་འདྲ། ༡༣ །སྲིད་ཞིའི་མཆོད་སྡོང་མཚུངས་ཟླས་དབེན་གང་ལ། །རིག་འཛིན་གྲུབ་པས་བསྙེན་ལ་མི་མཚར་ཡང་། །ལན་གཅིག་ཐོས་པས་སྲིད་ལམ་རྒྱུན་གཅོད་པའི། །གང་མཚན་ཐོས་པའི་འགྲོ་རྣམས་སྐལ་བཟང་ཉིད། ༡༤ །ཁྱབ་པར་དཀྲིགས་སོ་ཞིང་ཁམས་རབ་འབྱམས་ན། །ཁྱོད་ཀྱི་ཡོན་ཏན་བསྔགས་པའི་ཕྲེང་བས་ཏེ། །མི་མཛེས་འཇིག་རྟེན་བྱེ་བ་ཕྲག་བརྒྱ་རུ། །ཁྱོད་སྲས་མཁས་དང་གྲུབ་པའི་ཕྲེང་བས་ཀྱང་། ༡༥ །རིགས་སྔགས་རྒྱལ་པོ་ཅུང་ཟད་བཟླས་པའམ། །གུས་པའི་ཡིད་ཀྱིས་ཡུད་ཙམ་བཏུད་གྱུར་ཀྱང་། །ཡིད་ལ་ཐོ་རེངས་དུས་ཀྱི་དགའ་བ་བཞིན། །སྣང་བ་དམ་པས་འཇིག་རྟེན་མཛེས་པར་བྱེད། ༡༦ །སྙིང་དབུས་ཟླ་འཁོར་རྣོ་ལྡན་རྩིབས་དྲུག་པ། །དཀར་གསལ་གཟུངས་སྔགས་གཡས་གཡོན་དྲག་བསྐོར་བས། །ཉེས་འཇོམས་བློ་རྣོ་སྟོབས་ལྡན་འཛིན་སོགས་ཀྱི། །ཡོན་ཏན་ཕུང་པོ་སུག་མཐིལ་གཏེར་བཞིན་འབྱིན། ༡༧ །གྲེ་ཕུག་ཨཱཿདཀར་འཕྲོ་འདུའི་འོད་ཟེར་གྱིས། །སྲས་བཅས་རྒྱལ་བའི་མཁྱེན་རབ་ཀུན་བསྡུས་བཅུད། །ཡི་གེའི་ཕྲེང་བས་ལུས་ཀུན་འགེངས་བྱས་པའི། །དགེ་མཚན་མི་བརྗེད་གཟུངས་ཀྱི་འདོད་པ་འཇོ། ༡༨ །མཐེ་བོང་རལ་གྲིས་མཚན་པའི་ལས་སྦྱོར་གྱིས། །ཕས་རྒོལ་བློ་གྲོས་རང་དབང་མེད་པར་འཕྲོག །སྨྲ་བྱེད་དུམ་བུར་གཏུབ་པའི་ངོ་མཚར་གྱིས། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་རྔ་གསང་སྙན། ༡༩ །མཱ་ཤའི་སྦྱོར་བ་འཆི་མེད་བཅུད་ལེན་གྱིས། །རྒ་དང་རྒུད་པའི་གདུང་བ་ཀུན་བཅིལ་ནས། །ཕུལ་བྱུང་བློ་གྲོས་གཟུངས་སྤོབས་སྒོ་འབྱེད་པའི། །ལེགས་བྱས་ནམ་མཁའི་མུ་ཁྱུད་ར་བ་བརྒལ། ༢༠ །གཞན་ཡང་རྫས་སྔགས་ཏིང་འཛིན་དམིགས་པའི་འཕྲུལ། །དུ་མའི་དཔལ་གྱིས་གྲུབ་གཉིས་འདོད་དགུའི་ཆར། །ཅི་དགར་འཇོ་བའི་ཡིད་བཞིན་རིན་ཆེན་སྤྲིན། །སེམས་ཤེས་སྐྱེ་བོ་ཡོད་ན་མི་བརྟེན་སུ། ༢༡ །དེ་སླད་བདག་བློ་ཀུ་མུཏ་གསར་པའི་ཕྲེང་། །དད་པའི་འདབ་མ་རྣམ་པར་གཡོ་བྱེད་ན། །འཇམ་མགོན་ཟླ་བ་རྒྱས་པའི་དཀྱིལ་འཁོར་དགོངས། །བྱིན་རླབས་བདུད་རྩིའི་ཟེར་ཐིགས་དེང་སྩོལ་ཅིག ༢༢ །ཐོས་བསམ་སྒོམ་པའི་ཀེ་སར་ཆེས་མཐོ་ཞིང་། །འཆད་རྩོད་རྩོམ་པའི་ཟིལ་དངར་འབུམ་ཕྲག་འཇོ། །འཁོར་ལོ་གསུམ་གྱི་འདབ་ཕྲེང་ཁྱོན་ཡངས་པོས། །ཐུབ་བསྟན་མཚོ་ཆེན་མཛེས་པའི་རྒྱན་དུ་ཤོག ༢༣ །སྐྱེ་བ་ཀུན་ཏུ་རྗེ་བཙུན་མཁྱེན་པའི་གཏེར། །མི་འབྲལ་དགེ་བའི་བཤེས་སུ་ཉེར་ཐོབ་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་མཚན་གྱིས། །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག ༢༤། བཀྲ་ཤིས་ཀུན་གྱི་འབྱུང་གནས་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་ཆེན་པོ་མཆོག །འཇམ་དཔལ་ཡང་དག་དོན་གྱི་བཀྲ་ཤིས་ལྷས། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་འཕེལ་བྱེད་ཤོག ༢༥ །འཇམ་དབྱངས་བླ་མས་རྗེས་བཟུང་ཞིང་། །འཇམ་དབྱངས་མགོན་ལ་རབ་དད་པའི། །འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས། །འཇམ་དབྱངས་ཤེས་རབ་ཐོབ་པར་ཤོག།
༄༅། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། རིག་སྟོང་ཟུང་འཇུག་ཆོས་དབྱིངས་མཉམ་པ་ཉིད། །གློ་བུར་འཁྲུལ་པའི་སྦུབས་རྒྱ་ལས་གྲོལ་བའི། །ཟག་མེད་ཡོན་ཏན་བགྲེས་རྒུད་བྲལ་བའི་དཔལ། །འཇམ་པའི་དབྱངས་ལ་རྟག་པར་ཕྱག་བགྱིའོ། ༡ །ཁྱོད་ནི་འགྲོ་ཀུན་སེམས་ཀྱི་ཆོས་ཉིད་དེ། །སྟོང་པའི་དབྱིངས་དང་ཡེ་ནས་འདུ་འབྲལ་མེད། །འདི་ཞེས་མི་མཚོན་བྱིས་བློའི་སྤྱོད་ཡུལ་ཅི། །ཟབ་པའི་ཚུལ་དེ་ཁྱོད་ཀྱི་རང་གཤིས་ལགས། ༢ །འོད་གསལ་རང་མདངས་ཉི་དང་འོད་ཟེར་བཞིན། །ཟག་མེད་ཡོན་ཏན་བྱེ་བའི་ལང་ཚོ་ཡིས། །རྟག་ཏུ་འཁྱུད་ཀྱང་བུམ་ནང་མར་མེ་བཞིན། །སྒྲིབ་པས་བསྒྲིབས་ཏེ་མ་མཐོང་ཀྱེ་མ་མཚར། ༣ །སྟོང་པར་གཞིག་ཀྱང་སྣང་བའི་གཤིས་ལུགས་ཉིད། །སྣང་བར་སྒྲུབ་ཀྱང་སྟོང་པའི་རང་བཞིན་དངོས། །ཇི་ལྟར་དཔྱད་ཀྱང་ཆོས་དབྱིངས་གཅིག་གི་ངང་། །ཟུང་འཇུག་ཀློང་དུ་དགག་སྒྲུབ་མཚན་མ་ཅི། ༤ །མ་བརྟགས་ཉམས་དགའ་ཀུན་རྫོབ་སྣང་བའི་ཆོས། །བརྟགས་ན་མ་གྲུབ་སྒྱུ་མ་ཆུ་ཟླའི་ཚུལ། །ནན་གྱིས་བརྟགས་ན་སྤྲོས་མཚན་དབྱིངས་སུ་ཐིམ། །བརྟག་བྱ་མེད་ལ་རྟོག་བྱེད་ཇི་ལྟར་ཡོད། ༥ །བདེན་པ་གཉིས་ཀྱང་བརྡ་ཙམ་ཐ་སྙད་ཙམ། །འདི་ཞེས་མི་མཚོན་ཚིག་གི་བརྗོད་པས་ཅི། །བསམ་མི་ཁྱབ་ལ་ཇི་ལྟར་བསམ་པར་ནུས། །བརྗོད་མེད་ཀློང་དུ་འཁོར་འདས་ཆོས་ཀུན་འུབ། ༦ །དེ་ཚུལ་མ་རྟོགས་ཀུན་རྟོག་སྐྲ་ཤད་ཀྱིས། །སྒྲིབ་པའི་འགྲོ་ལ་དམིགས་མེད་སྙིང་རྗེའི་གདངས། །སྒྱུ་མ་ལྟ་བུར་ཚོགས་གཉིས་གོམས་པའི་མཐུས། །མིག་འཕྲུལ་བཞིན་དུ་ལམ་ཀུན་བགྲོད་དེ་མཚར། ༧ །མཐར་ཐུག་ཤེས་དང་ཤེས་བྱ་རོ་མཉམ་པའི། །མི་ཕྱེད་ཐུགས་ཀྱི་རྡོ་རྗེ་བདེ་བ་ཆེ། །ངེས་དོན་འཇམ་དཔལ་དཔའ་བོ་མངོན་གྱུར་ནས། །མུ་མཐའ་ཁྱབ་པའི་འགྲོ་ཀུན་སྒྲོལ་བར་ངེས། ༨ །དེ་སྐད་འཇམ་པའི་རྡོ་རྗེའི་རིགས་སྔགས་ལ། །གུས་པ་ལྷུར་ལེན་བློ་གྲོས་རྒྱ་མཚོའི་སྡེས། །གྲུབ་པའི་སྦྱོར་བར་མདོ་ཙམ་བརྗོད་པ་སྟེ། །དགེ་བས་སྤོོབས་པའི་གཏེར་བརྒྱད་གྲོལ་གྱུར་ཅིག །

འཕགས་པ་སྤྱན་རས་གཟིགས་ལ་བསྟོད་ཅིང་གསོལ་བ་འདེབས་པ་གཞན་ཕན་འདོད་དགུའི་འཇོ་བའི་ཡིད་བཞིན་རིན་པོ་ཆེ་སྤྲིན་གྱི་ཕྲེང་བ།

༄༅། །འཕགས་པ་སྤྱན་རས་གཟིགས་ལ་བསྟོད་ཅིང་གསོལ་བ་འདེབས་པ་གཞན་ཕན་འདོད་དགུའི་འཇོ་བའི་ཡིད་བཞིན་རིན་པོ་ཆེ་སྤྲིན་གྱི་ཕྲེང་བ་ཞེས་བྱ་བ། འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་སྟོབས་བཅུ་མངའ་བ་སྲས་བཅས་ཀྱི། །བརྩེ་ཆེན་ཐུགས་རྗེ་གཅིག་ཏུ་བསྡོམས་པའི་དཔྱིད། །ཞིང་ཁམས་རྒྱ་མཚོའི་འདྲེན་པ་གཅིག་པུ་པ། །སྙིང་རྗེའི་ལྷ་མཆོག་བདག་ལ་དགོངས་པར་མཛོད། །ཐོས་པས་ཚིམ་པའི་ཞལ་བཞེས་བདག་གིར་མཛད། །དྲན་པས་ཆོག་པའི་སྨོན་ལམ་ཡོངས་སུ་རྫོགས། །བཀླགས་པས་གྲུབ་པའི་རིགས་སྔགས་བཅུད་ལེན་སྦྱིན། །ཕན་བདེའི་སྤྲིན་ཆེན་ཁྱོད་ལ་མི་བསྔགས་སུ། །ཁྱོད་ཀྱི་བ་སྤུའི་ཁུང་བུ་རེ་རེས་ཀྱང་། །ཞིང་རྡུལ་སངས་རྒྱས་མཛད་པ་རྗེས་སྒྲུབ་མོད། །རྒྱལ་བའི་སྤྱན་སྔར་རྒྱལ་སྲས་ཚུལ་ཡང་སྟོན། །སྒྱུ་མ་ཆེན་པོའི་ཚུལ་འདི་སུ་ཡིས་ཤེས། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་འགྲོ། །ཉིན་བཞིན་སྨིན་པར་བྱེད་པའི་སྐྱོབ་པ་མཆོག །དེ་འདྲ་རྒྱལ་ལའང་མེད་ཅེས་རྗེས་བསྔགས་ན། །ཕྲིན་ལས་ཟབ་མོའི་ཚུལ་ལ་སུ་མི་རང་། །ཕྱག་གི་འོད་ཟེར་ཆ་ལས་འདྲེན་པ་སྟོང་། །དེ་བཞིན་ཉི་ཟླ་ཚངས་དབང་མཐུ་བོ་ཆེ། །དབྱངས་ཅན་མ་སོགས་སྐུ་ཡི་ཆ་ཤས་ལས། །མཁའ་ཁྱབ་ཕན་བདེའི་གཞི་ཀུན་འཕྲུལ་བས་འཚེངས། །བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་མཐའ། །བློ་ཆེན་ཀུན་ཏུ་བཟང་པོས་རྟོགས་མིན་ཞིང་། །སྐུ་ཡི་རང་བཞིན་བདེ་བར་གཤེགས་པས་ཀྱང་། །གཟིགས་པ་མིན་ན་ཕལ་གྱིས་སྨོས་ཅི་འཚལ། །རྡུལ་སྙེད་རྒྱལ་བས་བསྐལ་པར་བསྔགས་བརྗོད་ཀྱང་། །ཡོན་ཏན་མཁའ་མཐའ་རྫོགས་པར་མི་འགྱུར་ཞིང་། །དཔའ་ཆེན་གཞན་གྱིས་ཆ་ཙམ་བསྐྲུན་མིན་པའི། །ཚད་མེད་ཏིང་ངེ་འཛིན་ལ་འཇུག་ཅིང་ལྡང་། །སྙིང་རྗེའི་བདག་ཉིད་མནར་མེད་གྲོང་དུ་ཡང་། །གཞན་ཕན་ལ་སྤྲོ་པདྨའི་མཚོ་ལྟར་འཇུག །བྱམས་པའི་ཆར་གྱིས་སྡིག་སེམས་མི་གཞིལ་བའི། །དགེ་མཚན་ངོ་མཚར་སུམ་རྩེན་གྲོང་བཞིན་མཛེས། །བལྟས་པ་ཙམ་གྱིས་ཕུན་ཚོགས་དཔལ་ཡོན་ཀུན། །སེར་སྣའི་དུག་གིས་ཉམས་བྱེད་དབུལ་པོའི་གྲོང་། །རྗེས་བརྩེའི་ཕྱག་གནས་བབས་པའི་ཆར་རྒྱུན་གྱིས། །དུག་བཅོམ་འཕྲུལ་དགའི་དཔལ་ལ་སྦྱོར་བས་འཚེངས། །མི་གཙང་ཁྲོད་ན་སྦྲང་བུའི་གཟུགས་ལ་སོགས། །གང་འདུལ་འཕྲུལ་བས་ཤེས་རབ་ཟབ་མོའི་མིག །མུན་པས་ལོང་བའི་འགྲོ་ལ་རྗེས་སྩལ་མཐུས། །བདེ་ལྡན་ཞིང་མཆོག་པདྨོའི་དཔལ་ལ་རྩེན། །རྡོ་རྗེའི་མངལ་དང་གསེར་གྱི་གཞི་སོགས་སུ། །ལྷ་མིན་གནོད་སྦྱིན་འདྲེ་སྲིན་གདུལ་དཀའི་འགྲོ། །ཆོས་ཀྱི་སྦྱིན་པས་རྒྱུད་གྲོལ་རྣམ་གྲོལ་གྱི། །ཡོན་ཏན་མཆོག་དེ་ཁྱོད་ཀྱིས་སྩལ་པར་མཛད། །མི་མཐུན་རླུང་གིས་ཉམས་ཉེས་སྲིན་མོའི་གླིང་། །བཟུར་མེད་འཆི་བདག་མཆེ་བའི་བར་ཆུད་འགྲོ། །གསེར་གྱི་བྱེ་མར་ལུས་སྤྲུགས་ཅང་ཤེས་ཆེས། །དབུགས་འབྱིན་ཤི་བ་སློང་དེ་ཁྱོད་ཀྱི་མཐུ། །རྒྱལ་དང་དེ་སྲས་ཉན་རང་དགེ་བའི་བཤེས། །ལྷ་མཆོག་མི་བདག་གང་འདུལ་རོལ་རྩེད་ཀྱིས། །མཐོ་རིས་རྟེན་ལ་རྣམ་གྲོལ་དཔལ་སྟེར་ཞིང་། །ཁྱད་འཕགས་ཐུགས་རྗེས་གངས་ལྗོངས་འགྲོ་ལ་དགོངས། །མདོར་ན་ཤེས་བྱར་སྲིད་པའི་ཕན་བདེའི་དཔལ། །མཐའ་དག་ཁྱོད་གཅིག་ཁོ་ནས་རྣམ་འཕྲུལ་ན། །ཕྱོགས་རེར་འདྲེན་ལ་མཁས་རྣམས་མཚར་དུ་ཅི། །རྣམ་ཐར་བསམ་མི་ཁྱབ་ལ་བདག་སྤྲོའོ། །དྲུག་ཅུ་རྩ་གཉིས་གང་གཱའི་བྱེ་སྙེད་གྲངས། །རྒྱལ་རྣམས་དངོས་སུ་བསྙེན་དང་གང་གིས་མཚན། །ཐོས་ནས་དད་པས་ཐལ་སྦྱར་བསོད་ནམས་ཕུལ། །མཉམ་ཞེས་བདེན་གསུང་སེང་གེའི་སྒྲ་ཡིས་བསྙད། །ཐུབ་མཆོག་རྣམས་དང་དེ་སྲས་གྲགས་ཆེན་པོ། །སྒྲིབ་སེལ་སོགས་ཀྱང་ཁྱོད་ཞལ་བལྟ་བ་དང་། །རིགས་སྔགས་འཚོལ་བའི་ཚུལ་ལ་རྗེས་ཞུགས་ན། །སྲིད་ཞིའི་ཁོངས་ན་རྣམ་ཐར་མཉམ་པ་སུ། །ཡུམ་ཆེན་མོས་ཀྱང་ཕྱག་བྱས་རིགས་སྔགས་མཆོག །གང་གིས་འཆང་དེའི་བ་སྤུའི་ཁུང་རེར་ཡང་། །སངས་རྒྱས་བྱེ་བ་མང་བཞུགས་དབུགས་དབྱུང་ཞིང་། །ལུས་སེམས་རྡོ་རྗེ་ལྟར་བརྟན་དགེ་མཚན་འཛིན། །གང་དག་དེ་ལུས་རེག་མཐོང་འགྲོ་ཀུན་ཀྱང་། །རྒྱལ་སྲས་སྲིད་པ་ཐ་མར་ངེས་འགྱུར་ཞིང་། །འཆལ་སོགས་ཉེས་ཀུན་ཟིལ་གནོན་ཆོས་སྨྲ་དེ། །རྒྱལ་དང་མཉམ་པར་བལྟ་བྱར་ཐུབ་རྣམས་བསྔགས། །མཚན་ཐོས་ཙམ་གྱིས་བྱང་ཆུབ་ཕྱིར་མི་ལྡོག །དྲན་པའི་མོད་ལ་བརྒྱད་གཉིས་འཇིགས་ཀུན་འཕྲོག །ཡིད་བཞིན་ནོར་ལྟར་ཕན་བདེའི་རེ་སྐོང་བའི། །ཁྱོད་ཞབས་པདྨོ་བསྟེན་རྣམས་སྐལ་བཟང་ཉིད། །གང་གིས་དུས་དྲུག་གཟིགས་པའི་སྤྱན་ཡངས་ཀྱིས། །ལུས་ཅན་ཀུན་ལ་དབུགས་འབྱིན་སྩལ་པའི་ཕྱག །རིང་པོར་རྐྱོང་མོད་ཀྱེ་ཧུད་བདག་ལྟ་བུ། །སྐལ་ཉེས་པ་ཡིས་མ་མཐོང་སྡུག་བསྔལ་ལོ། །དུས་རིང་སྲིད་པར་བདག་ཏུ་རྟོག་པའི་རྒྱུས། །མ་རིག་དབང་གིས་འཕགས་ལ་མི་མཉེས་སྒྲུབ། །འགྲོ་ལ་འཚེ་སོགས་མི་འོས་ལས་ཀུན་བགྱིས། །ད་ནི་གདུང་བའི་ང་རོས་མགོན་ལ་བཤགས། །ཤིན་ཏུ་ཉམ་ཐག་སྡུག་གི་མཆི་མ་འདི། །བྱམས་ཆེན་མ་ཡི་ཕྱག་གིས་མི་སེལ་ན། །སྲིད་པའི་མལ་ནས་ནམ་ཞིག་ལྡང་བར་འགྱུར། །སློང་བའི་དུས་སྐབས་མཆོག་ཀྱང་དེང་ལགས་སོ། །བདག་ནི་འཕགས་མཆོག་ཁྱེད་ལ་སྐྱབས་གསོལ་ན། །སྐལ་བས་ཕོངས་ཞེས་བཏང་སྙོམས་བཞག་ན་ཀོ །ཐུགས་རྗེ་ཆེ་ཞེས་སུ་ལ་བརྗོད་པར་རུང་། །ཞལ་འཆེས་རྫུན་དུ་མ་གཏོང་མགོན་པོ་ཀྱཻ། །སྔོན་ཚེ་བདེ་གཤེགས་བྱེ་བ་ཕྲག་ཅུའི་དྲུང་། །འཕགས་མཆོག་ཁྱེད་ཀྱིས་ཇི་ལྟར་ཐུགས་བསྐྱེད་ཅིང་། །རླབས་ཆེན་རྫོགས་སྨིན་སྦྱངས་པའི་ཁྱད་པར་ཚུལ། །དེ་དག་ཀུན་ལ་འཇུག་པར་བདག་སྤྲོའོ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །རྨི་ལམ་ཙམ་དུའང་སྡིག་པའི་སེམས་མི་སྐྱེད། །སྒོ་གསུམ་བརྩམ་པ་གཞན་དོན་འབའ་ཞིག་འགྱུར། །རྣམ་ཐར་རྒྱ་མཚོར་མཉམ་པར་འཇུག་བྱིན་རློབས། །མི་ཁོམ་བརྒྱད་དང་རྒྱུད་དྲགས་ཉོན་མོངས་སེམས། །ལྟུང་ལྡན་ཆོས་སྤངས་མཚམས་མེད་བྱས་ལ་སོགས། །དགེ་རྩ་ཆད་ཅིང་སྐྱབས་མགོན་མ་མཆིས་པ། །དེ་དག་ཀུན་གྱིས་བདག་རྗེས་དྲན་གྱུར་ཅིག །དེ་ཡི་མོད་ལ་བདག་གི་སྨོན་པའི་མཐུས། །ལས་ཉོན་དྲྭ་བ་ཡེ་ཤེས་རལ་གྲིས་བཅད། །སྡུག་བསྔལ་མེ་ཚོགས་ཐུགས་རྗེའི་ཆུ་ཡིས་གཞིལ། །རྣམ་གྲོལ་རྒྱལ་སྲིད་སྦྱིན་ནུས་བྱིན་དངོས་སྩོལ། །བདག་གི་མིང་ཙམ་ཐོས་པས་སྒྲིབ་ཀུན་བྱང། །འཇིགས་བྲལ་ལེགས་སྨོན་ཀུན་འགྲུབ་དམན་ལུས་སྤངས། །དག་པའི་ཞིང་འགྲོ་ཏིང་འཛིན་གཟུངས་སྤྲིན་བརྙེས། །བྱང་ཆུབ་ལམ་ལས་ཕྱིར་ལྡོག་མ་གྱུར་ཅིག །མཁའ་ཁྱབ་འགྲོ་ལ་གང་ལ་ཅིས་འདུལ་གཟུགས། །མངོན་སྤྲུལ་རང་སྐལ་འཚམ་པའི་ཆོས་ཆར་སྤྲོ། །གདུལ་དཀའི་ཤེས་རྒྱུད་བྱམས་དང་སྙིང་རྗེས་བརླན། །འཁོར་བ་དོང་ནས་སྤྲུགས་ནུས་བྱིན་རླབས་སྩོལ། །མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་བར། །འཕགས་མཆོག་བདག་གི་དགེ་བའི་བཤེས་གྱུར་ཏེ། །ཕ་རོལ་ཕྱིན་བཅུའི་ས་ཀུན་མྱུར་རྫོགས་ནས། །གྲུབ་གཉིས་པདྨོ་བཞད་པར་མཛད་དུ་གསོལ། །བཀྲ་ཤིས་གང་ཞིག་འཕགས་པའི་བདེན་བྱིན་གྲུ། །རྣམ་དག་སྨོན་པའི་རླུང་གི་ཉེར་བསྐུལ་རྒྱུས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་རབ་བརྒལ་ནས། །དོན་གཉིས་ནོར་བུའི་གླིང་ལ་ངལ་འཚོ་ཤོག །ཅེས་པའང་ཟིལ་གནོན་ཆོ་འཕྲུལ་ཆེན་པོའི་དུས་ཚེས་དགེ་བར། འགྲོ་འདུལ་འཕགས་པའི་གནས་མཆོག་མདོ་ཁམས་སེང་གེ་གནམ་རྫོང་འཆི་མེད་ལྗོན་པའི་བསིལ་གྲིབ་ན་མངོན་པར་མཛེས་པའི་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་དུ་རྒྱལ་བའི་སྲས་ཀྱི་མིང་གིས་བསྙད་པའི་བཙུན་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་ཤིང་གསོལ་བ་བཏབ་པ་བདག་སོགས་ཡིད་ཅན་མཐའ་དག་སྐྱེ་བ་ཀུན་ཏུ་འཕགས་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག

གསང་བདག་རྡོ་རྗེ་ཅན་གྱི་སྙན་དུ་གསོལ་བ་ཨུཏྤལ་སྔོན་པོའི་ཆུན་འཕྱང་།

༄༅། །གསང་བདག་རྡོ་རྗེ་ཅན་གྱི་སྙན་དུ་གསོལ་བ་ཨུཏྤལ་སྔོན་པོའི་ཆུན་འཕྱང་ཞེས་བྱ་བ་བཞུགས། ན་མོ་བཛྲ་པཱ་ཎི་ཡཻ། གང་ཞིག་མཐོང་ན་གཤིན་རྗེའི་ཕོ་ཉ་ཡང་། །བྲེད་འཐོམ་གྱུར་ནས་ཕྱོགས་བཅུར་འབྲོས་འགྱུར་བའི། །རྒྱལ་ཀུན་གསང་བའི་མཛོད་འཛིན་རྡོ་རྗེ་ཅན། །ཚངས་གནས་རྒྱན་དུ་རྟག་པར་བཞུགས་ཤིག་ཀྱཻ། ༡ །ཞིང་ཁམས་རྒྱ་མཚོར་ཁྱོད་གཅིག་ཁོ་ན་ཡི། །འདུལ་བྱེད་ཐབས་དང་འདུལ་བའི་སྟོན་པ་དང་། །གདུལ་བྱའི་འཁོར་སོགས་སྒྱུ་མའི་བཀོད་པའི་སྤྲིན། །མཐའ་དག་བློ་མཆོག་མངའ་རྣམས་གཞལ་བར་དཀའ། ༢ །འགྲོ་བ་ཀུན་གྱི་སེམས་ཀྱི་རྡོ་རྗེ་སྟེ། །ལམ་ཞུགས་རྣམས་ཀྱི་ཟག་མེད་གསར་ཐོབ་ཆ། །ལམ་མཐར་ཕྱིན་རྣམས་རྒྱུན་མཐའི་ཡེ་ཤེས་ཆེ། །དེ་དག་ཐམས་ཅད་ཁྱོད་ཡིན་གཞན་དུ་མིན། ༣ །འོག་མིན་ཆེན་པོར་གསང་ཆེན་རྒྱུད་སྡེའི་དོན། །འགྲོ་ངོར་གཟུངས་རིག་སྙིང་ཏིང་ཕྱག་རྒྱའི་ལྷ། །ཁྱོད་ཡིན་ཁྱོད་ནི་འགྲོ་རེའི་མདུན་དུ་ཡང་། །རྟག་པར་བཞུགས་མོད་ཕལ་གྱིས་མཐོང་མ་གྱུར། ༤ །ཨེ་མའོ་ཡ་མཚན་མཆོག་མངའ་རྡོ་རྗེ་ཅན། །ཁྱོད་ནི་བདུད་ཀྱི་བདུད་དེ་བགེགས་ཀྱི་དགྲ། །མུ་སྟེགས་ཀླ་ཀློའི་ཀླད་འགེམས་གདོང་ལྔའི་རྒྱལ། །ཁྱོད་དང་མཉམ་པ་སྲིད་ཞིའི་ཁོངས་ན་སུ། ༥ །ཨེ་མའོ་ཁྱོད་ནི་མ་འདྲིས་མཛའ་བའི་བཤེས། །བསྐུལ་བ་མིན་ཡང་དུས་དྲུག་འགྲོ་ལ་གཟིགས། །གསོལ་བར་མ་བྱས་ཉེས་བརྒྱའི་གཡང་ལས་སྲུང་། །ཁྱོད་ནི་བདག་གི་ཕ་ཡིན་མ་ཡང་ངོ་། ༦ །ཨེ་མའོ་ཁྱོད་ནི་བདག་གི་སྟོན་པ་སྟེ། །དགེ་བའི་བཤེས་ཡིན་ལམ་སྟོན་ས་མཁན་དང་། །འཇིགས་སར་སྐྱེལ་མ་ཉེས་པའི་ཆུ་ལོན་ཆེ། །བདེ་བའི་ངལ་སྟེགས་བགྲོད་པའི་ཁྱིམ་ཡང་ཡིན། ༧ །ཨེ་མའོ་ཁྱོད་ཀྱི་བ་སྤུ་ཕྲ་མོ་ཡི། །ཆ་ཤས་རེས་ཀྱང་སྲིད་གསུམ་ཁོངས་གནས་པའི། །ཆུ་སྲིན་རྒྱལ་མཚན་གཡོ་བའི་དཔུང་གི་ཚོགས། །བྱེ་མའི་སྙིམ་པར་རྡོ་རྗེའི་ཆར་བ་བཞིན། ༨ །ཨེ་མའོ་ཁྱོད་དང་འདྲ་བའི་ལྷག་པའི་ལྷ། །དུས་གསུམ་འབྱོན་དཀའ་ཨུ་དུམྦཱ་རའི་ཟླ། །སྐྱོབ་པ་མཆོག་ཀྱང་ཁྱོད་ལ་བརྟེན་ནས་ནི། །ས་གསུམ་གཡུལ་ལས་རྒྱལ་བའི་རུ་མཚོན་སྒྲེང་། ༩ །འདི་ན་སྙིགས་ལྔའི་ཚང་ཚིང་སྟུག་པོའི་ཁྲོད། །ཉེས་བརྒྱའི་མེ་ཡིས་བསྐོར་བའི་ཉམ་ཐག་བདག །ཕྱོགས་ཀུན་བལྟས་ཀྱང་ཞི་བའི་སྐབས་མ་རྙེད། །ཁྱོད་ཞབས་ཁོ་ན་བསིལ་བའི་ངང་ཚུལ་རིག ༡༠ །དེ་སླད་འཇིགས་པས་གནོན་པའི་འདར་ལྡན་ལས། །ལྡང་བའི་སྟབས་ཞན་འབྲོས་པའི་གོམ་འཁྱོལ་ཡང་། །རིངས་{རེངས་འདིའི་རིགས་འདི་ལྟར་ཞུས། }པའི་ཚུལ་གྱིས་ཁྱོད་དྲུང་བསྙེགས་ལགས་ན། །བརྩེ་བའི་བདག་ཉིད་དགོངས་པར་མཛད་དུ་གསོལ། ༡༡ །སྔོན་ཆད་བག་མེད་དབང་གིས་ནོངས་པའི་ཆ། །བཞིན་རས་མཆི་མའི་ཆར་གྱིས་བརླན་བཞིན་དུ། །དེ་རིང་གདུང་བའི་ཡུས་ཀྱིས་འཆགས་ལགས་ན། །མགོན་པོའི་ཐུགས་རྗེས་སྒྲིབ་པ་མེད་པར་མཛོད། ༡༢ །ཀྱེ་མའོ་ཉེས་པ་མངོན་སུམ་མཐོང་ནས་ནི། །འཇིགས་པས་གནོན་ཏེ་གདུང་བའི་འོ་དོད་འབོད། །ཤིན་ཏུ་མི་བཟད་དཀར་བ་མིན་པའི་དྲི། །སླད་ནས་མཛའ་བ་མིན་པའི་དཔལ་ཡོན་སྩོལ། ༡༣ །ཤ་ཟ་རྣམས་ཀྱང་བདེན་པའི་ཚིག་བརྗོད་པས། །ཞི་བར་འགྱུར་ན་བྱམས་ཆེན་འགྲོ་བའི་ཡབ། །བུ་ཡི་ནོངས་པར་ཅི་ཕྱིར་དགོངས་མི་མཛད། །ཐུགས་རྗེ་གཟིགས་ཤིག་མགོན་པོ་གསང་བའི་བདག ༡༤ །ཤ་ཟ་གཏིང་མཐའ་མི་མངོན་སྲིད་པའི་རྒྱ་མཚོ་རུ། །གཟུང་འཛིན་ཉོན་མོངས་ཆུ་སྲིན་གཏུམ་པོའི་ཁར། །གནས་བཅས་སྡུག་བསྔལ་གསུམ་གྱི་རྦ་ལ་འཆེ ལ། །འདི་ལས་སྐྱོབས་ཤིག་དཔའ་ཆེན་རྡོ་རྗེ་ཅན། ༡༥ །སྐབས་འགར་སྐྱེས་པའི་དགེ་བློ་ཉམ་ཆུང་ཞིང་། །ཐོག་མེད་གོམས་པའི་ཀུན་དཀྲིས་འཐུག་དྲག་པས། །གཉེན་པོས་བསྒྲིམས་ཀྱང་རང་ཚུགས་ཐུབ་པ་དཀའ། །དེ་སླད་སྐྱོབ་པ་ཁྱོད་ལ་སྙིང་ནས་འབོད། ༡༦ །ཉིན་པར་འབྲེལ་མེད་གཏམ་གྱིས་མགོ་བོ་འཁོར། །མཚན་མོ་གཏི་མུག་གཉིད་ཀྱིས་ཤེས་པ་ཉོབ། །རྣམ་ཀུན་ཆགས་སྡང་རྟོག་པ་ལུ་གུ་རྒྱུད། །འདི་འདྲས་སྲིད་པའི་འཆིང་བ་ནམ་ཞིག་ལྷོད། ༡༧ །ཀྱེ་ཧུད་མི་ཡི་ལུས་ལ་བྱུར་ཅན་སེམས། །དམར་སེར་རྟགས་ཀྱིས་སྤུད་ཀྱང་ཐ་མལ་པ། །དད་དང་སྙིང་རྗེའི་བརླན་བྲལ་བདག་གི་སྙིང་། །མ་རུངས་རྡོ་ཡི་གོང་བུ་འདི་ཡིས་ཅི། ༡༨ །རྨི་ལམ་ཡུན་འདྲའི་དལ་འབྱོར་རྟེན་ཐོབ་ཀྱང་། །དོན་མེད་འདིར་སྣང་སྲིན་མོའི་འཛུམ་གྱིས་བསླུས། །འདོད་ཡོན་ཚྭ་ཆུ་འཐུང་ལ་མ་ངོམས་བཞིན། །སྐྲ་དཀར་གཉེར་མའི་འཇིགས་གཟུགས་དེ་རིང་མཐོང་། ༡༩ །ཉི་སྲས་ཁྲོས་པའི་དུས་ཀྱི་ཞགས་པ་དེ། །ད་ཙམ་མི་འདེབས་ངེས་པ་སུས་ཤེས་ཨང་། །ཐུགས་རྗེས་གཟིགས་ཤིག་མགོན་པོ་བཅོམ་ལྡན་འདས། །རྟག་འཛིན་གདོན་འདི་དེ་རིང་ཟློག་ཏུ་གསོལ། ༢༠ །ཐོག་མ་མེད་ནས་སྙིང་ལ་གནས་བཅས་ཀྱང་། །རྒྱུ་རྐྱེན་མེད་པར་བདག་ལ་གནོད་པའི་དགྲ། །ཐར་པའི་སྲོག་འཕྲོག་ཡིད་བྱེད་བློ་ངན་འདི། །དེ་རིང་ཉིད་ནས་གཞོམ་པར་མཛད་དུ་གསོལ། ༢༡ །མཁྲིས་ནད་ཅན་གྱིས་ དུང་ལ་སེར་འཛིན་བཞིན། །གནས་ཚུལ་ཡང་དག་མཐོང་བ་སྒྲིབ་པའི་རྐྱེན། །རང་སྣང་ལོག་པར་ཞེན་པའི་རབ་རིབ་འདི། །ཡེ་ཤེས་ཐུར་མས་སོལ་ཅིག་མཐུ་སྟོབས་བདག ༢༢ །གང་དང་འཕྲད་ན་གཏན་དུ་འབྱོར་པའི་གཞི། །འཕགས་ནོར་བདུན་སོགས་ཟག་མེད་འདོད་དགུའི་དཔལ། །སློང་བར་བགྱིའོ་གཏོང་ལ་གོམས་པའི་ཕྱག །རིང་པོར་རྐྱོངས་ལ་སྦྱིན་པའི་སྒོ་ཕྱེས་ཤིག ༢༣ །བྱང་ཕྱོགས་རྣམ་ཐར་གཟུངས་སྤོབས་ཏིང་འཛིན་སོགས། །སྲས་བཅས་རྒྱལ་བའི་གསང་མཛོད་གཉེར་ཁ་པ། །ཁྱོད་གཅིག་ལགས་ན་ཁྱོད་ལ་རྟག་རེ་བའི། །བདག་ལའང་ཆ་ཤས་ཙམ་ཞིག་སྩལ་བར་འོས། ༢༤ །བེམ་པོའི་རང་བཞིན་ཙིནྟ་མ་ཎིར་ཡང་། །གསོལ་བ་བཏབ་པས་དབུལ་བ་འཕྲོག་བྱེད་ན། །ཁྱོད་ཞབས་བརྟེན་ནས་རྒུད་པ་སྐབས་མིན་ཕྱིར། །དེང་ནས་རྣམ་གྲོལ་ཡོན་གྱིས་འབྱོར་པར་མཛོད། ༢༥ །གནས་སྐབས་སུ་ཡང་བདུད་རིས་འཚེ་བ་ཞི། །ཚེ་བསོད་དཔལ་འབྱོར་ལེགས་ཚོགས་འཕེལ་ཞིང་རྒྱས། །སྣང་སྲིད་དབང་འདུས་སྲིད་གསུམ་བྲན་དུ་འཁོལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔའ་སྩོལ་ཅིག ༢༥ །མཐར་ཐུག་དབྱིངས་དང་ཡེ་ཤེས་ཟུང་འཇུག་པའི། །མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་ཡེ་ཤེས་སྐུ། །དུས་བཞི་མཉམ་པ་ཆེན་པོའི་དཔལ་ཐོབ་ནས། །འགྲོ་ཀུན་བདུད་བཞིའི་འཕྲང་ལས་སྒྲོལ་གྱུར་ཅིག ༢༧ །ཅེས་པའང་ལས་དབང་གིས་སྙིགས་མའི་དུས་མཐར་སྐྱེས་པའི་བཙུན་གཟུགས་ཨོ་རྒྱན་ཐུགས་མཆོག་རྡོ་རྗེས་གང་ཤར་ཡུད་ཙམ་ལ་གསོལ་བ་བཏབ་པ་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག

དཔལ་རྡོ་རྗེ་གཞོན་ནུ་ལ་བསྔགས་པ་ཁྲག་འཐུང་དཔལ་བོའི་དགྱེས་གླུ།

དཔལ་རྡོ་རྗེ་གཞོན་ནུ་ལ་བསྔགས་པ་ཁྲག་འཐུང་དཔལ་བོའི་དགྱེས་གླུ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། མཆོག་བྱིན་རྩེ་བརྒྱ་འབར་བའི་མཚོན་ཆ་ཆེ། །དྲན་ཙམ་ཉིད་ན་ལོག་འདྲེན་བཅུད་མེད་དཔུང་། །དགའ་བའི་མངལ་གནས་ལྷུང་བྱེད་ལྷག་པའི་ལྷ། །དཔལ་ཆེན་རྡོ་རྗེ་གཞོན་ནུས་དགེ་ལེགས་སྩོལ། ༡ །ཁྱོད་ནི་སྲིད་ཞི་ཀུན་ཁྱབ་ཡེ་ཤེས་སྐུ། །སྤྲོས་པའི་ཆོས་ཀུན་ཐིག་ལེ་གཅིག་ཏུ་བཟླུམ། །ཉག་གཅིག་ཀློང་དུ་འཁོར་འདས་ཆོས་ཀུན་རྫོགས། །རང་བྱུང་ཀློང་ཡངས་བརྗོད་བྲལ་ནམ་མཁའི་གཤིས། ༣ །ཇི་ལྟར་མཁའ་ལ་འབྱུང་བཞིའི་འདུ་འགོད་བཞིན། །ཆོས་དབྱིངས་གཅིག་གིས་ཆོས་ཀུན་རྒྱས་ཐེབས་ཀྱང་། །བྱིས་པའི་བློ་ཅན་མཚན་མར་འཛིན་རྣམས་ཀྱིས། །གཅིག་དང་ཐ་དད་འཛིན་པའི་འཁྲུལ་པས་བསླད། ༣ །ཤིན་ཏུ་དྲི་མེད་ཆོས་དབྱིངས་འདུས་མ་བྱས། །འོད་གསལ་རང་བཞིན་སྤྲོས་མཚན་ཀུན་བྲལ་བ། །སྤྲོས་པ་ཅན་ལ་ཡེ་ནས་ངང་གིས་ཁྲོ། །ཟབ་པའི་ཚུལ་དེ་རྟོག་གེའི་སྤྱོད་ཡུལ་ཅི། ༤ །ཡེ་ཤེས་རང་སྣང་གསང་ཆེན་ཕོ་བྲང་དུ། །ཉིད་ལས་མི་གཞན་དཔལ་ཆེན་ཚོམ་བུའི་ཚུལ། །ཏནྟྲའི་དགོངས་ཟབ་དུས་བཞིར་མཉམ་པ་ཆེར། །མི་འགྱུར་འཕོ་མེད་རྟག་པ་དམ་པར་ཤེས། ༥ །དེ་ཡི་རང་རྩལ་སྨིན་པ་རྒྱ་མཚོ་ཡི། །དག་པའི་འཁོར་ལ་པྲ་ཕབ་ཆོ་ག་བཞིན། །ངེས་པ་ལྔ་ལྡན་ལོངས་སྐུའི་རྣམ་པ་རུ། །སྣང་ཡང་རང་སེམས་དྭངས་པའི་ཁྱད་ཆོས་ཙམ། ༦ །ཇི་ལྟར་མཚོ་ལ་གཟའ་སྐར་ཤར་བ་བཞིན། །མོས་པ་རྒྱ་མཚོའི་འཁོར་ལ་ཞི་དང་ཁྲོའི། །རྣམ་འཕྲུལ་དཔག་ཡས་འདུལ་བཞིའི་ཕྲིན་ལས་ཕུལ། །སྒྲོལ་བ་གཉིས་ཀྱིས་སྲིད་མཚོ་སྐེམ་དེ་མཚར། ༧ །ཆོས་ཉིད་གཤིས་ལ་ཅིར་ཡང་མ་གྲུབ་ཀྱང་། །ཆོས་ཅན་སྣང་ངོར་རྣམ་འཕྲུལ་མཐའ་ལས་འདས། །འདི་ཞེས་མི་མཚོན་ཚིག་གི་བརྗོད་པས་ཅི། །མཉམ་པ་ཆེན་པོའི་ཚུལ་ལ་བདག་སྤྲོའོ། ༨ །ཁྱོད་ཀྱི་རིགས་སྔགས་གྲུབ་པའི་ཁྱུ་ཆེན་པོས། །འདུས་བྱས་མཚན་མའི་རྫས་ཕུར་གདེངས་ཙམ་གྱིས། །བདུད་རིས་ཕྱེ་མར་འཐག་པའི་དཔའ་གླུ་ཡིས། །ཐུབ་བསྟན་ས་གསུམ་ཁྱབ་པའི་གཏམ་དེ་སྙན། ༩ །ཐ་མལ་སྣང་ཞེན་ཀུན་རྟོག་འཆིང་བའི་རྒྱ། །ཡེ་ནས་དག་མཉམ་དཀྱིལ་འཁོར་གསུམ་གྱི་ཚུལ། །ལེགས་རྟོགས་བསྐྱེད་རིམ་སྲིད་པ་ཕུར་བུ་ཡི། །སྣང་སྟོང་སྐུ་ཡི་རྡོ་རྗེར་སྦྱོར་དེ་མཚར། ༡༠ །རྩ་གསུམ་འཁོར་ལོ་བཞི་ལྡན་ཨེ་དབྱིངས་སུ། །ཝཾ་ཡིག་ཐབས་མཆོག་བདེ་ཆེན་བྱང་སེམས་དལ། །ཐབས་གྲོལ་ལམ་གྱིས་གསོལ་བའི་དགའ་བཞིའི་འབྲས། །གྲགས་སྟོང་གསུང་གི་རྡོ་རྗེ་སྦྱིན་པས་འཚེངས། ༡༡ །རིག་པའི་ཕུར་བུ་སྐུ་གསུམ་དགོངས་པའི་གཟེར། །ཡིན་ལུགས་ཅོག་བཞག་བཞི་ཡི་ཉམས་བླངས་འབྲས། །སྒྲོན་དྲུག་སྣང་བ་བཞི་ཡི་གསེང་ལམ་ནས། །རིག་སྟོང་ཐུགས་ཀྱི་རྡོ་རྗེར་བསྡོམས་པར་ངེས། ༡༢ །ཨ་ཧོ་གསང་མཆོག་རྒྱལ་པོ་ཟླ་མེད་ཕུལ། །ཨེ་མ་སྔོན་བསགས་མཐུས་འབྲེལ་རྟེན་འབྱུང་གིས། །ཟབ་དོན་གསལ་པོར་བརྗོད་པའི་བསྔགས་དབྱངས་འདིས། །འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ་གྱུར་ཅིག །༡༣ ཅེས་པའང་རིག་འཛིན་གྱི་བཙུན་པ་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་ལྷག་པའི་ལྷ་འདི་ཉིད་བསྙེན་པའི་ཐུན་གསེང་དུ་འཕྲལ་མར་བྲིས་པ་དགེ།

ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་པ་ཅན་ལ་བསྟོད་ཅིང་གསོལ་བ་འདེབས་པ་བདུད་ལས་རྣམ་པར་རྒྱལ་བའི་དགའ་སྟོན།

༄༅། །ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་པ་ཅན་ལ་བསྟོད་ཅིང་གསོལ་བ་འདེབས་པ་བདུད་ལས་རྣམ་པར་རྒྱལ་བའི་དགའ་སྟོན་ཞེས་བྱ་བ། ན་མོ་ཛྙཱ་ན་ཌཱ་ཀི་སེདྷ་མུ་ཁ་ཡཻ། མཚན་རྟོག་སྤྲོས་དང་མཛའ་མིན་དེ་བཞིན་ཉིད། །གདུལ་དཀའི་འགྲོ་ལ་ལྷག་པར་རྗེེས་བརྩེའི་གར། །དྲན་པས་བདུད་བཞིའི་འཇིགས་འཕྲོག་སེང་ཞལ་ཅན། །འབྲལ་མེད་མི་ཤིགས་དྭངས་མའི་ཐིག་ལེར་བསྟི། ༡ །དག་པ་གཉིས་ལྡན་སྟོང་དབྱིངས་ཌཱ་ཀི་ནི། །ཡེ་ཤེས་རང་གསལ་ཐབས་ཀྱི་དཔའ་བོ་དང་། །ཡེ་ནས་འབྲལ་མེད་ཉིད་དང་འོད་ཟེར་བཞིན། །ཐིག་ལེ་ཉག་གཅིག་སྤྲོས་པའི་སྤྱོད་ཡུལ་ཅི། ༢ །ངེས་དོན་རྡོ་རྗེ་བཙུན་མོའི་བྷ་ག་ནས། །ཆགས་མེད་ཆགས་པ་ཆེན་པོའི་ཡེ་ཤེས་མདངས། །རབ་འབྱམས་རྩ་གསུམ་འཁོར་ལོའི་སྤྲིན་ཆེན་པོ། །སྤྲོ་དང་སྡུད་པའི་ངང་ཚུལ་བསམ་མི་ཁྱབ། ༣ །ཞི་ལ་ཞི་ཚུལ་སྒེག་པའི་ལང་ཚོ་ཅན། །ཁྲོ་ལ་ཁྲོ་ཚུལ་རྔམས་པའི་གད་རྒྱངས་ཀྱིས། །སྲིད་པའི་དམ་བཅའ་རྡུལ་དུ་གཞིག་མོད་ཀྱི། །ཆོས་ཉིད་གཤིས་ལས་གཞར་ཡང་མ་གཡོས་མཚར། ༤ །གནམ་སྔོོན་བཞུས་པའི་ཁུ་བས་ལན་སྟོང་དུ། །བྱུགས་པའི་བཻཌཱུར་ལྷུན་པོར་ཉི་འབུམ་གྱི། །གཟི་དང་དུས་མེས་འཁྱུད་འདྲའི་འཇིགས་རུང་གར། །ལོག་འདྲེན་སྙིང་གི་མུན་པ་གཅིག་ཏུ་གྱུར། ༥ །འཇིགས་རུང་གནམ་ས་གདང་འདྲའི་སེང་ཞལ་ལས། །འབྲུག་སྟོང་ལྡིར་བས་མཚོན་མིན་ང་རོའི་སྒྲས། །བདུད་རིས་ཝ་སྐྱེས་བྱེ་བའི་དོན་སྙིང་ཚོགས། །ཁྱུར་ཁྱུར་ཁ་སྒོར་འཕེན་པའི་ཆོ་ག་སྒྲུབ། ༦ །གཞན་སྡེའི་མགོ་བོ་འདམ་བུའི་ཚལ་བུ་བཞིན། །འབྲེག་བྱེད་ཁོང་ཁྲག་གིས་དམར་གྲི་གུག་དང་། །སྙིང་ཁྲག་དྲོད་རླངས་འཕྱུར་བའི་དུང་ཞལ་མཆོག །དྲན་ཚེ་ཡིད་སྲུབ་བསོད་ནམས་མངལ་གནས་ལྷུང་། ༧ །ཁྲོས་པའི་ཞལ་རས་ཆར་སྤྲིན་སྟུག་པོའི་ངོགས། །སྡང་མིག་གློག་ཕྲེང་གཡོ་བའི་གར་སྟབས་བཅས། །རྡོ་རྗེའི་ཚྭ་ཚྭ་འཕྲོ་བས་ཏརྐའི་སྡེ། །རྩ་སྦུར་ཕྲ་ལ་དུས་མཐའི་མེ་ཆེན་བཞིན། ༨ །ཁྱོད་མཚན་དྲན་པས་བྱད་མ་འབུམ་གྱི་སྙིང་། །དུམ་བུ་སྟོང་དུ་འཐོར་བའི་དཔལ་མངའ་ན། །ག་ཤ་མི་མགོའི་ཕྲེང་བ་སྟག་ཤམ་སོགས། །འཇིགས་གཟུགས་རྔམ་པའི་ཆས་ཀྱི་དགོས་པ་གང་། ༩ །མཚོ་སྐྱེས་རྡོ་རྗེ་བ་རི་ལོ་ཙཱ་བ། །སངས་རྒྱས་མགོན་སོགས་གྲུབ་མཆོག་བྱེ་བ་ཡིས། །ཁྱོད་ཞབས་བརྟེན་པས་བདུད་བཞི་ལས་རྒྱལ་གཏམ། །སྒྲོག་འདིས་ས་འདི་འཕུར་འགྲོའི་ཞིང་ལས་ལྷག ༡༠ །དུག་ལྔ་དག་པ་ཡེ་ཤེས་ལྔ་ཡི་འཕྲུལ། །དཀར་སེར་དམར་ལྗང་སྣ་ཚོགས་བཀོད་པ་ཡིས། །གྲུབ་གཉིས་འདོད་དགུར་སྦྱིན་ལ་མི་མཚར་ཡང་། །སློང་བར་སྤྲོ་བའི་འགྲོ་འདི་སྐལ་བ་བཟང་། ༡༡ །ཨེ་མ་གཅན་གཟན་ཁྲོད་ན་རི་དྭགས་རྒྱལ། །འདབ་བཟང་ནང་ན་ཀླུ་རྒྱལ་ཟིལ་གནོན་ལེན། །རིན་ཆེན་ཕལ་ལས་རྡོ་རྗེ་ཕ་ལམ་བཞིན། །རིགས་སྔགས་ཀུན་ལས་ཁྱོད་ཀྱི་སྙིང་པོ་མཆོག ༡༢ །དམ་བཅའ་བདུན་ལྡན་བརྒྱ་བྱིན་ལག་ཉལ་དང་། །དྲང་སྲོང་ཁྲོས་པའི་དམོད་པའི་དུག་ཆུ་ཡང་། །འདི་དང་འཕྲད་ན་བྱེ་མའི་ཆང་བུ་བཞིན། །འཇིལ་བར་ནུས་ན་གཞན་ལྟ་སྨོས་ཅི་འཚལ། ༡༣ །ཞི་ལ་གནས་ཀྱང་འབར་བའི་ཕྱག་རྒྱར་བཞེངས། །དྲག་པོར་ཁྲོས་ཀྱང་སྙིང་རྗེའི་གཞན་དབང་ཅན། །དུ་མར་འཕྲོ་ཡང་ཆོས་དབྱིངས་གཅིག་གི་རྩལ། །ཁྱོད་ཀྱི་སྒྱུ་མའི་ཚུལ་འདི་སུ་ཡིས་ཤེས། ༡༤ །ལོག་པར་བལྟ་རྣམས་ཞི་བའི་སྲིང་མོ་མཆོད། །བདག་གིས་བཅོམ་ལྡན་འདས་མ་ཁྱོད་ཁོ་ན། །དེ་ནི་བརྩེ་མེད་བ་ལང་གསོད་ལ་དགའ། །ཁྱོད་ནི་འགྲོ་ཀུན་འཇིགས་ལས་སྲུང་ལ་བརྩོན། ༡༥། ཉི་སྲས་འཛུམ་ཀྱང་ཕ་རོལ་སྲོག་ལ་གཟན། །མ་ཁྱོད་དྲག་པོར་ཁྲོས་ཀྱང་ཕན་པ་སྦྱིན། །ཀིམ་པ{ཀིམྦཱ}འི་འབྲས་བུ་ཞིམ་ཡང་ཕུང་ཀྲོལ་དང་། །རྩུབ་མོའི་དཔྱད་ཀྱིས་ཟུག་རྔུ་འབྱིན་མིན་ནམ། ༡༦ །རྒྱལ་རྣམས་ཐུགས་རྗེའི་ཕྱག་གིས་ཡོངས་བཏང་བའི། །ལོག་སྲེད་དུག་གི་འབྲས་བུ་སྨིན་པ་རྣམས། །དྲག་པོའི་མཚོན་གྱིས་སྲིན་རྩའི་མྱུ་གུའི་རྒྱུན། །གཅོད་འདི་ཐབས་ཀྱི་ནང་ནས་ཐབས་ཆེན་ལགས། ༡༧ །རིགས་ཆད་འགྲོ་ལ་ལྷག་པར་གཟིགས་པའི་སྤྱན། །སྙིང་རྗེའི་ནང་ནས་སྙིང་རྗེ་ཆེན་པོ་སྟེ། །མེ་ཏོག་ནང་ནས་པདྨ་དཀར་པོ་བཞིན། །འདི་དང་མཉམ་པའི་ཕྲིན་ལས་གཞན་ཡོད་མིན། ༡༨ །ཨེ་མ་ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །གདུལ་དཀའི་སྙིགས་འགྲོ་རྒྱལ་བས་སྤངས་རྣམས་ལ། །ལྷག་པར་རྗེས་བརྩེས་དྲག་ཏུ་ཁྲོས་པའི་མ། །ཁྱོད་ཉིད་བཞུགས་པས་མགོན་དང་བཅས་པ་ལགས། ༡༩ །ཁྱོད་ཞབས་བསྟེན་པའི་སྐྱེ་བོ་སྐལ་བཟང་ལ། །ནམ་ཡང་བདུད་དགྲའི་འཚེ་བ་མི་སྲིད་ཀྱང་། །སྐལ་ཉེས་བདག་ནི་རང་གི་ནོངས་པ་ཡིས། །གྲིབ་བསིལ་མཆོག་ཀྱང་བསྐལ་པ་བཞིན་དུ་གྱུར། ༢༠ །དུས་དྲུག་འགྲོ་ལ་གཟིགས་པའི་རྗེས་བརྩེའི་སྤྱན། །སྟོང་ཁམས་ཡོངས་ལ་སྙོམས་པོར་སྤྲོ་ལགས་ཀྱང་། །བདག་འདྲ་སྙིགས་མའི་རྒུད་པས་ནོན་པ་འདི། །མ་གཟིགས་ཀྱེ་མ་བདག་ནི་སྡུག་བསྔལ་ལོ། ༢༡ །འདི་ན་སྐྱེ་བོ་ཕལ་དག་སློང་བའི་ངག །ཐོས་ན་སྦྱིན་པའི་གོ་སྐབས་བགྱིད་ལགས་ན། །བདག་འདྲ་ཉམ་ཆུང་གདུང་བའི་སྨྲེ་སྔགས་ཚིག །ཀྱེ་མ་མ་ཡིས་ཅི་ཕྱིར་གསན་མ་གྱུར། ༢༢ །བདག་ནི་རྟག་པར་བཅོམ་ལྡན་མ་ཁྱོད་ལས། །རྨི་ལམ་དུའང་སྐྱབས་གཞན་མི་འཚོལ་ན། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །མཆོག་དེ་དེ་རིང་ཉིད་ནས་སྩལ་དུ་གསོལ། ༢༣ །འབར་བའི་མིག་གིས་བདུད་ཚོགས་ཕྱེ་མར་རློགས། །འཇིགས་པའི་རྐུང་འཕྲང་དྲག་པོའི་ང་རོས་ཆོམས། །རིགས་སྔགས་དབལ་གྱིས་བྱད་མ་རང་གཤེད་ཕོབས། །ཞིང་བཅུའི་ལོག་འདྲེན་སྙིང་ཁྲག་ལྷག་མེད་རོལ། ༢༤ །བྱམས་པའི་སྤྱན་གྱིས་སྒྲུབ་པ་པོ་ལ་གཟིགས། །ཐུགས་རྗེའི་ཟེར་གྱིས་ཉེས་བརྒྱའི་མུན་པ་སོལ། །གྲུབ་གཉིས་ཆར་གྱིས་ཡིད་ཀྱི་ཤིང་རྟ་ཁོངས། །ཡེ་ཤེས་ཟེགས་མ་སྙིང་ལ་སིམ་པར་མཛོད། ༢༥ །སྣང་གྲགས་རྟོག་གསུམ་རྡོ་རྗེ་གསུམ་དུ་སྨིན། །རྩ་རླུང་ཐིག་ལེ་ཡེ་ཤེས་ཆེན་པོར་གྲོལ། །སྤྱོད་དང་ཉེ་རྒྱུའི་བརྟུལ་ཞུགས་མཐར་ཕྱིན་ནས། །ཟུང་འཇུག་འབྲས་བུ་ཚེ་འདིར་འབྱིན་པར་མཛོད། ༢༦ །གནས་སྐབས་ཀུན་ཏུ་ཁྱོད་ཞབས་གེ་སར་རྡུལ། །གནས་ལྔའི་ལྕུག་ཕྲན་རྩེ་ནས་གཡོ་མིན་པར། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་མཚན་གྱིས། །མཐའ་ཀླས་སྐྱེ་དགུའི་བུང་བ་དགའ་བྱེད་ཤོག ༢༧ །ཅེས་པའང་ལྷག་པའི་ལྷ་མོ་ཉིད་ལ་རྟག་པར་གུས་པའི་བཙུན་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བྲིས་ཤིང་གསོལ་བ་བཏབ་པ་འབྲེལ་བཅས་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག

འཕགས་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་ཅིང་གསོལ་བ་གདབ་པ་འཆི་མེད་གྲུབ་པའི་བཅུད་ལེན།

༄༅། །འཕགས་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་ཅིང་གསོལ་བ་གདབ་པ་འཆི་མེད་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།། ན་མ་ཨཱཪྱ་ཏཱ་རཱེ་ཡཻ། སྟོང་ཆེན་དག་པ་གཉིས་ལྡན་ཨེ་དབྱིངས་སུ། །ངེས་དོན་རྒྱལ་ཀུན་བསྐྱེད་པའི་ཡུམ་གཅིག་པུ། །དྲན་པས་གྲུབ་གཉིས་ཡིད་བཞིན་འཇོ་བའི་དཔྱིད། །ཆོས་ཀྱི་འཁོར་ལོའི་དཔལ་དུ་འབྲལ་མེད་མཛོད། ༡ །དངོས་གཅིག་དངོས་པོ་ཀུན་གྱི་དེ་བཞིན་ཉིད། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་གར་མཁན་མས། །རིག་སྟོང་རིག་པའི་དབྱིངས་སུ་འཁོར་འདས་ཆོས། །འཆིང་འདི་འཆིང་བྲལ་རྣམས་ཀྱི་སྤྱོད་ཡུལ་ལགས། ༢ །འབྲལ་མེད་རིག་པའི་ཁྱེའུ་ཆུང་སྐྱོ་གྲོགས་སུ། །སྟོང་དབྱིངས་ལང་ཚོ་བདོ་བའི་སྨིན་ལེགས་མ། །ཟག་མེད་འབྲས་ཆོས་ཉེར་ལྔའི་འཇོ་སྒེག་གིས། །རྟག་ཏུ་རྩེན་ཡང་མ་མཐོང་འགྲོ་འདི་ནོངས། ༣ །དཔལ་མོ་ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །སྤྲོས་པའི་མཚན་དང་ཡེ་ནས་མཛའ་མིན་ཡང་། །སྤྲོས་པ་ཅན་ལ་ཅིར་ཡང་སྤྲོ་ཚུལ་སྟོན། །ཟབ་པའི་ཚུལ་དེ་རྟེན་འབྱུང་ཁྱད་ཆོས་ཉིད། ༤ །ཀུན་རྟོག་པིར་གྱིས་ཁྱོད་སྐུའི་རྣམ་འགྱུར་དཔལ། །དད་པའི་མཁའ་ལ་ཡང་ཡང་འདྲི་བྱེད་ལ། །ཚེ་དཔལ་འབྱོར་སོགས་ལེགས་དགུའི་སྒོ་འཕར་བརྒྱ། །འབྱེད་པའི་གྲགས་དཀར་ཚངས་པའི་འཇིག་རྟེན་བརྒལ། ༥ །ཉེས་ཟད་ཟླ་བ་བཞུས་པའི་ཁུ་བ་ཡིས། །ལན་སྟོང་བྱུགས་པའི་འཆི་མེད་ལྗོན་པའི་ལུས། །ཤེལ་ལྕུག་ཡལ་འདབ་བཀྲ་བའི་ཕྱག་སོར་རྩེར། །པད་དཀར་འགྲོ་ལ་རྗེས་བརྩེས་བཞད་པ་བཞིན། ༦ །ཤེས་བྱའི་ཁོངས་སུ་རྫོགས་སྨིན་ཟུར་མིག་མདའ། །འཁོར་ཡུག་རི་བོའི་སྤོ་ལ་མ་ཤོང་ནས། །ཅུང་ཟད་ལྡེམ་པོའི་ཚུལ་གྱིས་འཁྱོགས་པ་ལ། །ཞལ་གྱི་ཆུ་སྐྱེས་མཚར་བས་འཛུམ་པ་འདྲ། ༧ །ཐབས་ཤེས་འོ་འཛིན་ལྕི་བའི་ལང་ཚོའི་ཁུར། །སྐེད་སྐབས་ཕྲ་བས་འདེགས་པར་མ་བཟོད་ནས། །མཆོག་སྦྱིན་བརྐྱང་བའི་ཟོལ་གྱིས་པད་ཟླའི་ཁྲིར། །ཡོན་པོའི་ཚུལ་དུ་ཅུང་ཟད་འགྱིང་བར་ངེས། ༨ །ལྷ་དབང་མིག་སྟོང་ལྡན་ཡང་ཆ་ཙམ་དུ། །མཐོང་མིན་བྱང་ཆུབ་ཡན་ལག་བདུན་ལྡན་པའི། །འདྲེན་བྱེད་བུང་བ་གཞོན་ནུའི་རྩེ་དགའི་དཔལ། །གདུལ་ཞིང་པདྨོའི་ཚལ་དུ་རྣམ་པར་གཡོ། ༩ །བརྒྱ་དང་བཅུ་གཉིས་མཚན་དཔེའི་ལང་ཚོའི་དཔྱིད། །མཐོང་བས་སྐྱེངས་པའི་བདེ་འབྱུང་གཙུག་གི་རྒྱན། །རྒྱབ་བརྟེན་ཟོལ་གྱིས་ཕག་ཏུ་ཡིབ་པ་ལ། །ཐོད་རྒྱན་མེ་ཏོག་འཕྱ་བས་དགོད་པར་དོགས། ༡༠ །སྲིད་གསུམ་བདག་པོའི་ཟོང་གིས་ཁུག་མིན་པའི། །བརྒྱ་ཕྲག་རིན་པོ་ཆེ་ཡི་རྒྱན་ཕྲེང་དང་། །རིན་བྲལ་ལྷ་གོས་པཉྩ་ལི་ཀའི་དཔལ། །ཕན་ཚུན་འབྱོར་པའི་ཁྱད་པར་འགྲན་པ་བཞིན། ༡༡ །ཏི་སེའི་རི་བོར་ཟག་མེད་ཡོན་ཏན་གྱིས། །མངོན་འཕགས་ཐོར་ཅོག་སྔོན་པའི་ནགས་ཀླུང་རྩེར། །ཚེ་འོད་དཔག་མེད་ཞབས་སེན་འཆར་ཀའི་ཟླས། །སྤུད་ན་མྱུར་མ་ཁྱོད་སྐུའི་སྤུན་ཟླར་འོས། ༡༢ །དུག་ཅན་རྒྱ་མཚོ་བསྲུབས་ལས་ཐོན་མིན་ཞིང་། །གདུག་པ་སྒྲ་གཅན་ཁ་ཡིས་མི་བརྫི་བའི། །བློ་གྲོས་ངན་པ་སྲེག་བྱེད་རི་བོང་འཛིན། །ཨེ་མ་འགྲོ་བསོད་དགེ་བའི་དཔལ་ལས་རྙེད། ༡༣ །བཅུ་ཕྲག་ཟུང་ལ་བསེ་རུས་ལྷག་བྱས་སོགས། །རྣམ་འགྱུར་དཔག་ཡས་འགྲོ་ལ་མངོན་སྟོན་མོད། །ཁྱོད་སྐུའི་རང་བཞིན་དུས་གསུམ་རྒྱལ་བས་ཀྱང་། །གཟིགས་པ་མེད་ན་བདག་གིས་ཅི་ལྟར་བལྟ། ༡༤ །པད་སྐྱེས་གདངས་ཀྱིས་མཚོན་མིན་དབྱངས་གཅིག་ཉིད། །སྒྲ་ཀུན་རྗེས་ཞུགས་ལམ་བདེན་བདུད་རྩིའི་ཆབ། །ས་གསུམ་རྣ་བའི་བཅུད་ལེན་གྲུབ་ལགས་ཀྱང་། །ཁྱོད་ཀྱིས་ཚིག་གཅིག་མ་གསུང་ཨེ་མ་མཚར། ༡༥ །ཇི་སྙེད་ཤེས་བྱར་སྲིད་པའི་གཟུགས་བརྙན་ཀུན། །མཁྱེན་བཟང་མེ་ལོང་ངོགས་སུ་རྟག་འཆར་མོད། །ཇི་ལྟའི་གཟིགས་པས་དེ་བཞིན་ཉིད་ཀློང་དུ། །རྡུལ་ཆ་ཙམ་ཡང་སྣང་བ་མེད་ན་ཅི། ༡༦ །ཆོས་དང་སེམས་ཅན་རང་བཞིན་མ་དམིགས་ཀྱང་། །འཁོར་མཐའ་གཏུགས་པར་སྙིང་རྗེའི་ཞགས་པ་ཡིས། །མི་གཏོང་འཆིང་བའི་ངང་ཚུལ་འདི་གཅིག་པུས། །མེ་ཏོག་མདའ་ཅན་རེ་བ་འབྲས་མེད་བྱས། ༡༧ །དུས་གསུམ་དཔལ་སྟུག་ཡོངས་དང་རབ་མཉམ་པའི། །ཡོན་ཏན་ནོར་བུའི་མཛོད་ཀྱིས་ཕྱུག་ལགས་གྲང་། །ཟག་མེད་དབྱིངས་ལ་སྔར་མེད་གསར་ཐོབ་ཀྱི། །ཁྱད་པར་ཕྲ་མོའང་བདག་གིར་མཛད་པ་མེད། ༡༨ །འཇུག་པ་བརྒྱ་པས་མཚོན་མིན་ཆེས་མྱུར་བའི། །ཕྲིན་ལས་ནོར་བུའི་ཞགས་པས་ས་གསུམ་ཁྱོན། །བརྒྱད་གཉིས་འཇིགས་ལས་སྲུང་སོགས་གྲུབ་གཉིས་དཔལ། །སྦྱིན་དེས་སྐྱབས་གཞན་རེ་བའི་འཆིང་ཐག་ལྷོད། ༡༩ །དེ་ཚུལ་ཤེས་པའི་བསྔགས་བརྗོད་ཏམྦུ་ར། །དད་གསུམ་སོར་མོའི་འཕྲུལ་གྱིས་བརྡུང་ལགས་ན། །ཐུགས་རྗེའི་གློག་ཕྲེང་གཡོ་དང་ཆབས་ཅིག་ཏུ། །དོན་གཉིས་འདོད་དགུའི་ཆར་རྒྱུན་ཕོབས་ཤིག་ཀྱཻ། ༢༠ །མ་དག་གཞན་དབང་ལྔ་ཕུང་གསེར་དགྲའི་གཤིས། །ཡོངས་གྲུབ་གདན་གསུམ་འཁོར་ལོའི་སུ་ཝརྞར། །སྒྱུར་བྱེད་འཆི་མེད་གྲུབ་པའི་བཅུད་ལེན་རྩི། །སློང་བར་བགྱིའོ་སྦྱིན་པའི་ཕྱག་རྐྱོངས་ཤིག ༢༡ །མི་བསྲུན་བརྒྱད་གཉིས་འཇིགས་པ་ཐིག་ལེའི་ལུས། །འཇོམས་བྱེད་མཁའ་འགྲོའི་དབང་ཕྱུག་གཤོག་གྲིབ་ལ། །ལུས་ཅན་ངལ་འཚོ་ཐོབ་པའི་དགའ་སྟོན་གྱིས། །སྙིང་གི་ཟུག་རྔུ་མིང་གི་ལྷག་མར་མཛོད། ༢༢ །རྟོག་མེད་ལྷུན་གྲུབ་ཆེ་ཡོན་མ་ཎི་ཀ །ལེགས་བྱས་རྒྱལ་མཚན་རྩེ་མོར་མཆོད་པའི་མོད། །སྡེ་བཞིའི་གྲུ་ཆར་འཇོ་བའི་ལེགས་བྱས་ཀྱིས། །འཕྲུལ་དགའི་ལོངས་སྤྱོད་བྲིས་པའི་རི་མོར་བྱོས། ༢༣ །སྲིད་དང་ཞི་བའི་ཕུན་ཚོགས་མཐའ་དག་མགྲོན། །མཆོག་བྱིན་བྱ་མ་རྟ་ཡིས་ཉེར་བཀུག་རྒྱུས། །ཆེ་དགུའི་ཡིད་ཀྱི་བརྟན་པ་འཕྲོག་པའི་དཔལ། །བསྟན་དང་བསྟན་འཛིན་མངའ་ཐང་དགུང་དུ་སྤེལ། ༢༤ །ཤེས་བྱར་སྲིད་ཚད་རྣམ་དཔྱོད་ལྟོ་བ་རུ། །ལེགས་བསྐྱིལ་ཟབ་གསང་རྟོགས་པའི་ལུས་སྟོབས་རྒྱས། །མཁས་ཚུལ་བདུད་རྩི་བསྐྱུགས་པས་ཐུབ་བསྟན་མཚོ། །འཕེལ་བྱེད་དྲང་སྲོང་མཆོག་ཏུ་བདག་བསྒྱུར་ཅིག ༢༥ །འཁོར་མཐར་འགྲ ན་བཟོད་གཞན་ཕན་དམ་བཅའི་གོ །མཁའ་གཟུགས་གྲུབ་མིན་དེ་སྲིད་མ་རྨས་པར། །ཐབས་མཁས་འཇུག་པས་ལུས་པ་མེད་པའི་འགྲོ། །རྣམ་མཁྱེན་རྒྱལ་ཐབས་སྦྱིན་ནུས་མཐུ་དཔལ་སྩོལ། ༢༦ །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །ཁྱོད་ཞབས་བདུད་རྩིའི་འབྱུང་གནས་སྤྱིར་ཐོབ་རྒྱུས། །འཇིགས་ཚོགས་སྙིང་གི་གདུང་བ་ཡོངས་བཅིལ་ནས། །དོན་གཉིས་ཀུ་མུད་བཞད་པའི་དགའ་སྟོན་སྩོལ། ༢༧ །ཅེས་འཕགས་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་ཅིང་གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་འདིའང་རྒྱལ་བའི་སྲས་ཀྱི་མིང་གིས་བསྙད་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བསྟན་གཉིས་དར་རྒྱས་གླིང་གི་རང་ཤག་འཆི་མེད་འོད་སྣང་དུ་ཤར་མར་བྲིས་པ་འགྲོ་ཀུན་འཆི་བདག་གི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག

འཕགས་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་འཆི་མེད་ལྗོན་ཤིང་།

༄༅། །འཕགས་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་འཆི་མེད་ལྗོན་ཤིང་། ན་མོ་གུ་རུ་ཨཱཪྱ་ཏཱ་རཱ་ཡཻ། དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་ཡུམ། །ངེས་དོན་སྤྲོས་བྲལ་ཤེས་རབ་ཕར་ཕྱིན་ཉིད། །རྣམ་རོལ་མ་འགགས་གང་འདུལ་ཕྱག་རྒྱའི་གར། །ཡོངས་ཤར་འཕགས་མ་ཡིད་བཞིན་འཁོར་ལོ་འདུད། །ཟླ་གཞོན་བྱེ་བས་མཚོན་མིན་མཚན་དཔེའི་གར། །ཟུང་བཞིའི་ན་ཚོད་མཆོག་ཏུ་སྒེག་པའི་ཉམས། །ལྷ་ཡི་ཆ་ལུགས་ལྷ་ལས་ཁྱད་འཕགས་ཕུལ། །གང་གིས་དྲན་ལ་དོན་གཉིས་འདོད་འཇོར་བྱེར། །སྒྲ་དབྱངས་རྒྱ་མཚོས་འཁྱུད་པ་ནཱ་དའི་སྒྲ། །བརྟན་གཡོ་སྲིད་ཞིའི་དཔལ་ཀུན་སྡུད་པའི་འཕྲུལ། །གང་འདུལ་སྔགས་སུ་སྣང་བ་ཏཱ་རེའི་དབྱངས། །གང་གིས་སྒྲོགས་ལ་རིང་འཚོའི་བཅུད་ལེན་སྦྱིན། །བསམ་གྱིས་མི་ཁྱབ་ཡེ་ཤེས་ཡངས་པའི་མཁའ། །ཚད་མེད་བརྩེ་ཆེན་ཆུ་འཛིན་བླ་རེས་མཛེས། །འཇིགས་ལས་ཡོངས་སྐྱོབ་ཕན་བདེའི་ཆར་འབེབས་པ། །གང་གིས་དྲན་ལ་འཕོ་མེད་ལྷན་སྐྱེས་བསྐྱེད། །བྲལ་ཐོབ་སྨིན་པའི་ཡོན་ཏན་བྱེ་བའི་གཏེར། །ཉི་མཁའ་བཞིན་དུ་གདོད་ནས་འབྲལ་མེད་པ། །ཇི་བཞིན་མངོན་གྱུར་མཆོག་ཏུ་དག་པའི་ཁམས། །གང་ལ་སྤྲོ་རྣམས་ཟག་མེད་འབྱོར་བས་ཕྱུག །འབད་རྩོལ་རྣམ་རྟོག་གཡོ་བས་བསླད་མིན་ཀྱང་། །དུས་ལས་ཡོལ་མེད་ཕྲིན་ལས་རྒྱ་མཚོའི་རླབས། །ཆོས་དབྱིངས་དང་མཉམ་ལྷུན་གྲུབ་རྒྱུན་མི་འཆད། །གང་ལ་དད་ཀུན་བརྒྱད་གཉིས་འཇིགས་ལས་རྒྱལ། །སྣང་བྱེད་རྒྱུ་སྐར་ཁྲོད་ན་ཉིན་བྱེད་དང་། །རྐང་འཐུང་ཕལ་ལས་ཡོངས་འདུའི་ལྗོན་བཟང་བཞིན། །མཆོག་སྦྱིན་ཀུན་གྱི་ནང་ན་ༀ་མཛད་མ། །ཁྱོད་མཚུངས་འགའ་ཡང་མ་འཚལ་བདག་དགའ་འོ། །དེ་སླད་གང་གི་ཞབས་ཀྱི་ཆུ་སྐྱེས་དྲུང་། །བདེ་བར་ངལ་འཚོ་འདོད་པས་དད་པའི་རླབས། །རྣམ་པར་བསྐྱོད་པའི་ངང་ཚུལ་འདི་ལགས་ན། །འཕགས་མ་དགྱེས་པའི་སྤྱན་རས་བཙའ་བར་མཛོད། །ཡིད་བཞིན་ནོར་མཆོག་ཐོབ་པའི་སྐྱེ་བོ་བཞིན། །བདག་ཅག་ཁྱེད་ལ་བརྟེན་པའི་སྐལ་བཟང་རྣམས། །ནམ་ཡང་འཇིགས་དང་རྒུད་པ་གནས་མིན་ཕྱིར། །ཐུགས་རྗེའི་གྲིབ་བསིལ་རྟག་པར་ཡོལ་མེད་མཛོད། །ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག །བྱང་ཆུབ་སེམས་འབྱོངས་ཐོས་བསམ་བྱ་བ་འཕེལ། །རྩེ་གཅིག་བསྒོམས་པས་གཉུག་མའི་གཏན་སྲིད་ཟིན། །བདུད་བཞིའི་འཇིགས་པ་ཀུན་ལས་དབུགས་འབྱིན་མཛོད། །སྤྲོས་བྲལ་ལྟ་བས་གཟུང་འཛིན་འཁྲུལ་པ་ཞིག །དམིགས་མེད་སྙིང་རྗེས་གཞན་ཕན་སྒོ་བརྒྱ་འབྱེད། །རྩོལ་མེད་ཕྲིན་ལས་གདུལ་བྱའི་ཁམས་ལ་འཇུག །དོན་གཉིས་པདྨོ་མཆོག་ཏུ་བཞད་པར་མཛོད། །མི་ཤིགས་སྲོག་གི་ཀ་བ་ལོ་བརྒྱར་བརྟན། །གཟུངས་སྤོབས་བློ་གྲོས་བྱེ་བའི་སྣང་བ་རྒྱས། །རྩོད་འཆད་རྩོམ་སོགས་རྣམ་དཀར་ཕྲིན་ལས་ཀྱིས། །རྒྱལ་བསྟན་སྲིད་མཐར་འཛིན་ནུས་བྱིན་རླབས་སྩོལ། །གསལ་དག་བརྟན་གསུམ་འཛོམས་པའི་རྣལ་འབྱོར་མཆོག །ཏིང་འཛིན་རླུང་གིས་བསྐུལ་བའི་བཟླས་བརྗོད་མེས། །ཀུན་རྟོག་འཁྲུལ་སེམས་བུད་ཤིང་ཀུན་བསྲེགས་ནས། །ཡེ་ཤེས་རྡོ་རྗེའི་ཚེ་མཆོག་དེང་སྩོལ་ཅིག །ལུས་ལ་རྡོ་རྗེའི་སྐུ་ཡི་བྱིན་ཆེན་ཕོབས། །ངག་ལ་ཚངས་དབྱངས་གསུང་གི་བདེན་ཚིག་སྒྲུབས། །ཡིད་ལ་མཁྱེན་གཉིས་ཡེ་ཤེས་རབ་བཞུགས་ནས། །མཆོག་དང་སྐལ་བ་མཉམ་པར་མཛད་དུ་གསོལ། །གཞན་ཡང་རིས་མེད་བསྟན་འཛིན་སྐྱེས་བུ་རྣམས། །བསྐལ་བརྒྱར་ཞབས་བརྟན་བཤད་སྒྲུབ་ཕྲིན་ལས་རྒྱས། །འགྲོ་ཀུན་བདེ་སྐྱིད་ཚེ་ཆོས་འབྱོར་པ་འཕེལ། །ཀུན་ཀྱང་རྣམ་མཁྱེན་གོ་འཕང་མྱུར་ཐོབ་མཛོད། །བླ་མ་ལྷག་པའི་ལྷ་མོའི་བདེན་བྱིན་དང་། །བདག་ཅག་དད་མོས་ལྷག་བསམ་དགེ་བའི་མཐུས། །ཇི་ལྟར་གསོལ་བཏབ་སྨོན་པའི་འབྲས་བཟང་ཀུན། །འགོག་མེད་མྱུར་དུ་སྣང་བའི་རྒྱུར་གྱུར་ཅིག །བཀྲ་ཤིས་གང་ཞིག་སྲས་བཅས་རྒྱལ་རྣམས་ཀྱི། །བདེན་ཚིག་ཤིས་པའི་མེ་ཏོག་མནྡ་རས། །དོན་གཉིས་ལྷུན་གྲུབ་རྟག་པ་དམ་པའི་དཔལ། །ཕྱོགས་དུས་འཇིག་རྟེན་ཀུན་ན་བདེ་ལེགས་ཤོག །ཅེས་པའང་རྔ་ཆེན་ཆུ་ཁྱི་གསར་དུ་འཆར་བའི་འཕེལ་ཕྱོགས་ཀྱི་རྒྱལ་བ་གཉིས་པར་མདོ་ཁམས་སེང་གེ་གནམ་རྫོང་རང་བྱུང་འཕགས་པའི་སྐུའི་རྣམ་པ་ཅན་གྱི་བྱང་ཆུབ་ཤིང་གི་ནགས་ཁྲོད་ན་མངོན་པར་མཛེས་པའི་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་ཐོག་མར་བསྙེན་བསྒྲུབ་ལ་ཞུགས་པའི་སྐབས་སུ་སྔགས་བཙུན་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོས་འདོད་པའི་དོན་ལ་གསོལ་བ་བཏབ་པ་དགེ།

རྗེ་བཙུན་མྱུར་མ་དཔལ་མོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་བཻཌཱུརྱའི་གོ་ཆ།

༄༅། །རྗེ་བཙུན་མྱུར་མ་དཔལ་མོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་བཻཌཱུརའི་གོ་ཆ་ཞེས་བྱ་བ་བཞུགས་སོ།། ན་མ་ཨཱཪྻ་ཏཱ་རཱ་ཡཻ། སྐྱེ་འགག་གནས་དམིགས་འགྲོ་འོང་བྲལ་བའི་མཁར། །སྙིང་རྗེའི་དཀྱིལ་འཁོར་ཡོངས་སུ་གང་བའི་གཟུགས། །དྲན་པས་བརྒྱད་གཉིས་འཇིགས་ལས་སྒྲོལ་མཛད་མ། །ཡིད་ཀྱི་དཔལ་དུ་འབྲལ་བ་མེད་པར་མཛོད། ༡ །ཁྱོད་ནི་འཕགས་བཞི་བསྐྱེད་ཡུམ་གཅིག་པུ་པ། །ཁྱོད་ནི་རྒྱལ་ཀུན་ཕྲིན་ལས་བསྡོམས་པའི་དཔྱིད། །ཁྱོད་ནི་འགྲོ་ཀུན་སེམས་ཀྱི་ཆོས་ཉིད་དེ། །ཁྱོད་ནི་སྲིད་ཞིའི་ཆུ་བོ་སྒྲོལ་བྱེད་ཡིན། ༢ །ཁྱོད་ནི་ཉེས་པ་སྲེག་ལ་བསྐལ་དུས་མེ། །ཁྱོད་ནི་སྡུག་བསྔལ་ཞི་བྱེད་གདུང་སེལ་ཆུ། །ཁྱོད་ནི་ཡང་དག་ལམ་སྟོན་མིག་བུ་སྟེ། །ཁྱོད་ནི་མ་འདྲིས་ཀུན་གྱི་མཛའ་བཤེས་ཡིན། ༣ །ཁྱོད་ནི་ལེགས་པར་འདོམས་མཛད་ཕ་ཡང་སྟེ། །ཁྱོད་ནི་ཉམ་ཐག་སྐྱོབ་པའི་མ་མ་དངོས། །ཁྱོད་ནི་སྐྱེ་དགུའི་ངལ་འཚོ་ཡོངས་འདུའི་ལྗོན། །ཁྱོད་ནི་འཇིགས་ལས་སྲུང་བའི་ཆུ་ལོན་ཡིན། ༤ །ཁྱོད་ནི་སྣང་ནས་སྣང་བར་བགྲོད་པའི་གཉེན། །ཁྱོད་ནི་མུན་ནས་མུན་པར་འཕྱན་པའི་མགོན། །ཁྱོད་ནི་ཆུ་སྲིན་རྒྱལ་མཚན་འཇིགས་པའི་བདུད། །ཁྱོད་ནི་ལྷ་བརྒྱའི་གཙུག་གི་ཅོད་པཎ་ཉིད། ༥ །ཁྱོད་ནི་གཞི་རྒྱུད་བདེ་བར་གཤེགས་པའི་ཁམས། །ཁྱོད་ནི་ལམ་རྒྱུད་ཟག་མེད་ཡེ་ཤེས་ཆེ། །ཁྱོད་ནི་འབྲས་རྒྱུད་ཟབ་གསལ་དབྱེར་མེད་ཕུལ། །ཁྱོད་ནི་འཁོར་འདས་ཀུན་གྱི་བྱེད་པོར་ངེས། ༦ །ཁྱོད་ནི་སྣང་སྟོང་སྒྱུ་མ་རྡོ་རྗེའི་སྐུ། །ཁྱོད་ནི་གྲགས་སྟོང་མཚན་མེད་རྡོ་རྗེའི་གསུང་། །ཁྱོད་ནི་རིག་སྟོང་སྨོན་མེད་རྡོ་རྗེའི་ཐུགས། །ཁྱོད་ནི་རྣམ་ཐར་གསུམ་ལྡན་རྡོ་རྗེའི་བདག ༧ །ཁྱོད་ནི་སྟོབས་བཅུའི་འབྲས་མང་རྐང་འཐུང་དབང་། །ཁྱོད་ནི་མི་འཇིགས་སྒྲ་ལྡན་གདོང་ལྔའི་རྒྱལ། །ཁྱོད་ནི་མ་འདྲིས་ཡོན་ཏན་མཁའ་ཡི་གཟུགས། །ཁྱོད་ནི་གཙང་རྟག་བདེ་བའི་ཕར་ཕྱིན་ཉིད། ༨ །ཁྱོད་ནི་དགེ་བཅུའི་རྩ་བ་བཙུགས་པའི་གཉེན། །ཁྱོད་ནི་ཕྱིན་བཅུའི་ཡལ་འདབ་སྐྱེད་པའི་གྲོགས། །ཁྱོད་ནི་དབང་བཅུའི་འབྲས་མང་སྦྱིན་པའི་དཔལ། །ཁྱོད་ནི་རིགས་ཁམས་དགེ་བའི་ས་བོན་ལགས། ༩། ཁྱོད་ནི་སྟོང་པའི་དབྱིངས་དང་གཉིས་སུ་མེད། །ཁྱོད་ནི་སྣང་བ་སྣ་ཚོགས་འཆར་བའི་སྒོ། །ཁྱོད་ནི་རྟེན་འབྱུང་ཟབ་མོའི་རང་གཤིས་ཏེ། །ཁྱོད་ནི་ཚུ་རོལ་བྱིས་པས་མཐོང་བར་དཀའ། ༡༠ །ཁྱོད་ནི་འཁོར་འདས་ཀུན་བྱེད་གཞིར་གྱུར་ཀྱང་། །ཁྱོད་ནི་རྒྱུ་རྐྱེན་སུས་ཀྱང་བསྐྱེད་པ་མེད། །ཁྱོད་ནི་རང་བྱུང་ཡེ་ཤེས་འདུས་མ་བྱས། །ཁྱོད་ནི་སྒྲ་རྟོག་མཚན་མའི་སྤྱོད་ཡུལ་མིན། ༡༡ །ཁྱོད་ནི་ཕྱོགས་བཅུའི་འདྲེན་པས་མགྲིན་གཅིག་བསྔགས། །ཁྱོད་ནི་རིག་འཛིན་གྲུབ་པ་ཡོངས་ཀྱིས་བརྟེན། །ཁྱོད་ནི་འཇིག་རྟེན་ཆེ་དགུ་ཀུན་གྱིས་མཆོད། །ཁྱོད་ནི་འབྱུང་པོའི་ཚོགས་ཀྱིས་བཏུད་ཅིང་བཀུར། ༡༢ །ཁྱོད་དང་མཉམ་པ་གཞར་ཡང་མ་མཆིས་ཤིང་། །ཁྱོད་མཚན་དྲན་པས་འཇིགས་དང་སྡུག་བསྔལ་སྒྲོལ། །ཁྱོད་ཞབས་བརྟེན་པས་འཕགས་མང་དོན་གཉིས་འབྱོར། །ཁྱོད་ཀྱི་ཡོན་ཏན་བྱིས་བློའི་སྤྱོད་ཡུལ་ཅི། ༡༣ །འཕགས་མ་ཁྱོད་ལ་བསྟོད་དང་སྨད་པ་ཡི། །རེ་དོགས་སྤྲོས་པའི་མཚན་རྟོག་མི་མངའ་ཡང་། །གསོལ་བ་འདེབས་ལ་ལྷག་པར་ཐུགས་རྗེ་འཇུག །བརྩེ་བས་དགོངས་ཤིག་མྱུར་མ་དཔལ་མོ་ཀྱཻ། ༡༤ །ལས་ཀྱིས་མནར་ལ་བརྩེ་བས་མི་དགོངས་ན། །ལས་ཟད་རྣམས་ལ་འཕགས་མས་ཅི་བྱར་ཡོད། །ཐུགས་དམ་ཞལ་བཞེས་དུས་ཀྱང་དེང་ལགས་པས། །གློག་ལྟར་མྱུར་བའི་ཐུགས་རྗེས་དེང་སྐྱོབས་ཤིག ༡༥ །མཐུན་རྐྱེན་འཁོར་ལོ་བཞི་ཡི་ཞིང་ས་ལ། །མོས་སོགས་རིགས་ཁམས་ཡོན་ཏན་མྱུ་གུའི་དཔལ། །འཁྲུངས་ལ་གེགས་བྱེད་སྒྲིབ་གསུམ་དྲི་མ་བཞི། །བཟོད་དཀའ་མེ་ཡི་འཇིགས་ལས་བསྐྱབ་ཏུ་གསོལ། ༡༦ །བདེན་གཉིས་ངོ་བོ་སྨོན་འཇུག་བྱང་ཆུབ་སེམས། །རྒྱལ་སྲས་ལམ་གྱི་སྙིང་པོར་འགལ་བྱེད་རྐྱེན། །ཐོག་མེད་གོམས་པའི་བློ་ངན་ལྡོག་དཀའ་བ། །རང་དོན་ཡིད་བྱེད་ཆུ་ཡི་འཇིགས་ལས་སྐྱོབས། ༡༧ །སྲིད་ཞིའི་ཕུན་ཚོགས་འགུགས་པའི་ཐབས་མཁས་ཕུལ། །སྦྱིན་པ་རྣམ་བཞིས་འགྲོ་ཀུན་དགའ་སྐྱེད་ཅིང་། །ཆོག་ཤེས་འབྱོར་པའི་བདེ་བར་སྐབས་བཙལ་བའི། །འཕགས་མིན་སེར་སྣའི་དུག་ཆེན་གཞིལ་དུ་གསོལ། ༡༨ །མངོན་མཐོ་གསེར་གྱི་པདྨ་གཞོན་ནུ་ལ། །ངེས་ལེགས་སྦྲང་རྩིའི་རྡུལ་དམར་ཆགས་པའི་རྟེན། །རྣམ་གསུམ་ཚུལ་ཁྲིམས་སྲོག་གི་པད་རྩལ་ལ། །གཟས་གྱུར་འཆལ་སྤྱོད་མཚོན་གྱི་འཇིགས་པ་སོལ། ༡༩ །དགེ་སྦྱོང་ཆོས་བཞི་ཐུབ་མཆོག་ཕ་ཡི་ནོར། །ཡོན་ཏན་དཔག་མེད་ལེགས་དགུ་འབྱུང་བའི་གཞི། །རྣམ་གསུམ་བཟོད་པའི་བང་མཛོད་འཕྲོག་རྩོམ་པའི། །ཞེ་སྡང་དམག་གི་གཡུལ་ངོ་ཟློག་ཏུ་གསོལ། ༢༠ །ཟག་བཅས་ཟག་མེད་ཡོན་ཏན་འབྱོར་དགུའི་དཔལ། །མཐའ་དག་དབང་དུ་སྡུད་པའི་སྒོ་གཅིག་པུ། །བརྩོན་འགྲུས་གསུམ་གྱི་ནོར་གྱི་མི་མཐུན་ཕྱོགས། །ལེ་ལོ་མུ་གེའི་འཇིགས་ལས་བསྐྱབ་ཏུ་གསོལ། ༢༡ །གཟུངས་སྤོབས་ཏིང་འཛིན་མངོན་ཤེས་རྫུ་འཕྲུལ་སོགས། །འཕགས་སྐྱེའི་ཡོན་ཏན་ནོར་མཆོག་འབྱུང་བའི་གཞི། །ཟག་མེད་ཞི་བའི་བསམ་གཏན་ཡུལ་འཁོར་ཆེ། །གཞོམ་བྱེད་རྣམ་གཡེང་དགྲ་ཡི་འཇིགས་ལས་སྐྱོབས། ༢༢ །ངེས་ལེགས་ཐར་པའི་སྲོག་རྩ་མ་རྨས་པ། །ཤེས་རབ་ཐབས་སྟོབས་སྨོན་ལམ་ཡེ་ཤེས་དང་། །འགལ་གྱུར་ཤེས་འཆལ་ཐབས་མིན་དམན་སྨོན་སོགས། །ཕྱི་ནང་དུས་མིན་འཆི་བའི་འཇིགས་ལས་སྐྱོབས། ༢༣ །ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔའི་སྐས། །རབ་འཛེགས་བྱང་ཕྱོགས་སོ་བདུན་བང་མཛོད་ཆེར། །དབང་འབྱོར་བསྡུ་བཞིའི་སྦྱིན་པའི་ཕྱག་ཡངས་ཀྱིས། །སྲིད་པའི་དབུལ་བ་གཅོད་པའི་དགེ་མཚན་བྱིན། ༢༤ །གནས་སྐབས་མི་མཐུན་བརྒྱད་གཉིས་འཇིགས་པ་ཞི། །༡ཚེ་༢ དབང་༣ བཀྲ་ཤིས་༤ གཟི་༥འཁོར་༦ལོངས་སྤྱོད་རྒྱས། །ཕ་རྗེ་གཙོ་སློབ་ལྟར་མོས་སྲིད་གསུམ་སྡུད། །བདུད་བཞིའི་གཡུལ་ལས་རྒྱལ་བའི་དཔལ་སྩོལ་ཅིག ༢༥ །མདོར་ན་སྐྱེ་ཀུན་འཕགས་མའི་གྲིབ་བསིལ་ལ། །ཉེར་བརྟེན་ཉེས་དང་སྡུག་བསྔལ་མིང་མི་གྲགས། །རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཡིས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག ༢༦ །བཀྲ་ཤིས་འཕགས་མའི་ཐུགས་རྗེའི་སྤྲིན་ཆེན་ལས། །བཀྲ་ཤིས་གྲུབ་གཉིས་འཛད་མེད་འཇོ་བའི་ཆར། །བཀྲ་ཤིས་སྲིད་པ་གསུམ་ན་རྟག་འཇོ་བས། །བཀྲ་ཤིས་ཕྱོགས་དུས་ཀུན་ན་བདེ་ལེགས་ཤོག ༢༧ །ཅེས་རྒྱལ་ཡུམ་འཕགས་མ་སྒྲོལ་མ་ལ་བསྟོད་ཅིང་གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་འདིའང་། གཞན་གྱིས་བསྐུལ་བ་དང་རང་ཉིད་དད་པའི་རྒྱུ་ལ་སྙོམས་ལས་པ་འགྱུར་མེད་པདྨ་བསྟན་འཛིན་གྱིས་དཔལ་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་རང་ཤག་འཆི་མེད་འོད་སྣང་དུ་ཤར་མར་བྲིས་ཤིང་གསོལ་བཏབ་པ་སིདྡྷི་རསྟུ།

རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་པ་འཇིགས་བརྒྱད་སྐྱོབ་པའི་མཁར་རྫོང་།

༄༅། །རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་པ་འཇིགས་བརྒྱད་སྐྱོབ་པའི་མཁར་རྫོང་བཞུགས། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། རབ་འབྱམས་སྲས་བཅས་རྒྱལ་བའི་ཕྲིན་ལས་གཅིག་བསྡོམས་གར། །ངོ་མཚར་སྐུ་དང་རྣམ་འཕྲུལ་བསམ་མི་ཁྱབ་པའི་སྤྲིན། །ཆོས་དབྱིངས་དང་མཉམ་དྲན་པས་འཇིགས་ཀུན་འཕྲོག་མཛད་མ། །དཔལ་མོ་ཁྱོད་ལས་སྐྱབས་གཞན་མ་འཚལ་དེ་སླད་དགོངས། །དྭངས་པའི་ཡིད་མཁའ་སེང་ལྡེང་ནགས་ཚལ་འཁྲིགས་པའི་དབུས། །པད་ཟླའི་སྟེང་ན་སེམས་སྐྱིལ་གྱིས་བཞུགས་རྗེ་བཙུན་མ། །ལྗང་སེར་མཛེས་འཛུམ་ཨུཏྤལ་ལེགས་འཛིན་སྤྲུལ་ཚོགས་བཅས། །ཁྱོད་ལ་འདུད་དོ་འཇིགས་དང་སྡུག་བསྔལ་ཀུན་སྐྱོབས་ཤིག །རབ་ཏུ་བརྗིད་ལྡན་སེང་གེའི་ཞལ་གདངས་མཆེ་གཙིགས་ཤིང་། །གློག་དམར་འཁྱུགས་འདྲའི་ལྗགས་བསྐྱོད་དམར་བའི་སྡང་མིག་གཡོ། །དམར་སེར་རལ་བའི་སྤྲིན་འཁྲིགས་མི་འཇིགས་ཕྱག་རྒྱ་ཅན། །ཁྱོད་ལ་འདུད་དོ་སེང་གེའི་འཇིགས་ལས་དེང་སྐྱོབས་ཤིག །གཉིས་འཐུང་ཞལ་ལྡན་ཤངས་མཐོ་མཆེ་བ་རྣམ་པར་གཙིགས། །མི་བསྲུན་དུ་བའི་མདོག་འཆང་གསུས་པ་རྣམ་པར་འཕྱང་། །ཕྱག་གཉིས་མཐེ་བོང་བརྐྱང་ཞིང་སྡིགས་ཚུལ་འཇིགས་མཛད་མ། །ཁྱོད་ལ་འདུད་དོ་གླང་པོའི་འཇིགས་ལས་དེང་སྐྱོབས་ཤིག །དུས་མཐའི་ཞུགས་ཀྱིས་མེ་མཚོན་འབར་བའི་སྡང་མིག་ཅན། །བདུན་ཕྲག་ཞལ་དང་ལྗགས་ལྡན་དབུ་སྐྲ་གྱེན་དུ་འབར། །རྒྱན་གྱིས་རྣམ་བརྒྱན་ཐབས་ཤེས་པདྨའི་ཕྱག་རྒྱ་མཛད། །ཁྱོད་ལ་འདུད་དོ་མེ་ཡི་འཇིགས་ལས་དེང་སྐྱོབས་ཤིག །མིག་སྨན་མདངས་འཛིན་བཅུ་ཕྲག་བྲང་འགྲོའི་གདེངས་ཀ་ཅན། །ཤིན་ཏུ་མཛེས་པའི་སྐྲ་གྲོལ་རྒྱན་གྱིས་རྣམ་པར་བརྒྱན། །འགྲོ་བ་ཀུན་ལ་མི་འཇིགས་སྦྱིན་པའི་ཕྱག་རྒྱ་མཛད། །ཁྱོད་ལ་འདུད་དོ་སྦྲུལ་གྱི་འཇིགས་ལས་དེང་སྐྱོབས་ཤིག །ཨིཎྜའི་མདོག་འཆང་འཇིགས་ཚུལ་ཁྲོ་གཉེར་བསྡུས་པའི་ཞལ། །དབུ་སྐྲ་གྱེན་བརྫིས་ཕྱག་གཡས་རལ་གྲི་འབར་བ་གདེངས། །གཡོན་པ་སྡིགས་མཛུབ་བཞེངས་སྟབས་རྒྱན་གྱིས་བརྒྱན་པའི་སྐུ། །ཁྱོད་ལ་འདུད་དོ་ཆོམ་རྐུན་འཇིགས་ལས་དེང་སྐྱོབས་ཤིག །རྒྱ་སྐྱེགས་ཁུ་བ་ལན་སྟོང་བྱུག་འདྲའི་མྱུར་མཛད་མ། །ཕྱག་གཡས་ལྕགས་སྒྲོག་དང་ནི་གཡོན་པས་ཞགས་པ་འཛིན། །རྒྱན་གྱི་ལེགས་བརྒྱན་འགྲོ་ལ་བརྩེ་བས་བཞེངས་སྟབས་ཅན། །ཁྱོད་ལ་འདུད་དོ་ལྕགས་སྒྲོག་འཇིགས་ལས་དེང་སྐྱོབས་ཤིག། རབ་དཀར་ཟླ་བ་བྱེ་བའི་ལང་ཚོས་མཚོན་མིན་སྐུ། །བཞེངས་སྟབས་མཆོག་ཏུ་ཞི་ཞིང་འཛུམ་པའི་མདངས་དང་ལྡན། །ཕྱག་གཡས་ལྕགས་སྒྲོག་ལེགས་བསྣམས་གཡོན་པ་སྡིགས་མཛུབ་མཛད། །ཁྱོད་ལ་འདུད་དོ་ཆུ་ཡི་འཇིགས་ལས་དེང་སྐྱོབས་ཤིག །ཁ་བ་དུང་དང་པད་རྩའི་རྗེས་འགྲོ་སེམས་སྐྱིལ་ཅན། །ལྷ་ཡི་ཆ་ལུགས་ལྷ་ལས་ཁྱད་འཕགས་སྒེག་པའི་སྐུ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་མི་འཇིགས་ཕྱག་རྒྱ་མཛད། །ཁྱོད་ལ་འདུད་དོ་ཤ་ཟའི་འཇིགས་ལས་དེང་སྐྱོབས་ཤིག །གཞན་ཡང་གང་འདུལ་སྒྱུ་འཕྲུལ་བཀོད་པ་བསམ་ཡས་ཀྱིས། །འགྲོ་ཚོགས་སྡུག་བསྔལ་གསུམ་གྱི་ཚ་དབལ་གཏན་བཅིལ་ནས། །ཕན་བདེའི་འདོད་པ་འཇོ་བའི་འཕགས་མ་ཚེ་སྦྱིན་མ། །ཁྱོད་ལ་འདུད་དོ་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག །ཐེག་མཆོག་རིགས་སད་མཐུན་རྐྱེན་འཁོར་ལོ་བཞི་ཡིས་འབྱོར། །འཕགས་ནོར་བདུན་ལྡན་སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ། །རྟག་པར་ཁྱོད་བསྒྲུབ་ཞལ་མཐོང་སྟོང་ཉིད་ལྟ་བ་རྟོགས། །བྱང་ཆུབ་སེམས་མཆོག་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །ཕྱི་ནང་བཀྲ་ཤིས་སྣོད་བཅུད་རྟེན་འབྲེལ་གཅིག་ཏུ་འཚོགས། །དུས་གསུམ་བཀྲ་ཤིས་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ། །བསླབ་གསུམ་བཀྲ་ཤིས་ལུང་རྟོགས་ཡོན་ཏན་འབྱོར་པས་ཕྱུག །རྣམ་ཀུན་བཀྲ་ཤིས་དོན་གཉིས་བསམ་ཀུན་འགྲུབ་གྱུར་ཅིག །ཅེས་པའང་རབ་ཚེས་ལྕགས་ཁྱི་ནག་པས་ཉ་བའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པར་བཙུན་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ།

སྒྲོལ་མ་དམར་མོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་སིནྡྷུཝ་རིའི་མེ་ཏོག

༄༅། །སྒྲོལ་མ་དམར་མོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་སིནྡྷུཝ་རིའི་མེ་ཏོག་ཅེས་བྱ་བ། དབང་གི་ལྷ་མོ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བཅུད། །ཆགས་མེད་ཆགས་པ་ཆེན་པོའི་ཡེ་ཤེས་ནི། །སྲིད་ཞིར་མི་གནས་མཉམ་ཉིད་བདེ་བ་ཆེ། །དུ་མའི་དཔལ་གྱིས་རྣམ་པར་འཁྱུད་དེར་འདུད། །ལྷན་སྐྱེས་བདེ་བ་ཆེན་པོའི་ཟུར་མིག་གིས། །སྲིད་ཞིའི་ཆོས་ཀུན་ཐིག་ལེ་གཅིག་ཏུ་བཟླུམས། །བཅུ་དྲུག་ཉམས་ཀྱིས་སྒེག་པ་ལི་ཁྲིའི་རྡུལ། །སྒྱུ་མ་ཆེན་པོའི་ཚུལ་ལ་བདག་དགའ་འོ། །སྤྱན་ལྔ་དག་པའི་ཡུལ་གྱུར་འཕགས་བཞིའི་ཚོགས། །ཁྱོད་ལས་འཁྲུངས་ཀྱང་ཁྱོད་ནི་རྒྱལ་ཀུན་གྱི། །ཕྲིན་ལས་ཀུན་འཆང་གང་འདུལ་བཀོད་པའི་སྤྲིན། །ནམ་མཁའ་ཇི་སྲིད་གནས་པར་སྟོན་དེ་མཚར། །གནས་ཚུལ་ངང་དུ་མི་རྟོག་སྤྲོས་ལས་འདས། །སྣང་ཚུལ་དག་པའི་སྒྱུ་འཕྲུལ་བསམ་མི་ཁྱབ། །གང་ཡང་མིན་ལ་ཅིར་ཡང་འཆར་བའི་དཔྱིད། །ནམ་མཁའི་གར་མཁན་མ་ལ་བདག་སྤྲོའོ། །ཀུན་རྟོག་དབྱིངས་སུ་བཅིངས་པའི་དེ་མ་ཐག །སྟོང་ཉིད་ནམ་མཁའི་བུ་མོ་བཞིན་བཟང་མས། །ལྷན་སྐྱེས་ནུ་མ་སྣུན་པའི་དགེ་མཚན་གྱིས། །ནམ་མཁའི་ཞགས་པས་སྐྱེ་དགུ་འཆིང་དེ་མཚར། །རབ་མཛེས་བྱེ་རུའི་ལྕུག་ཕྲན་གསར་པའི་རྩེར། །ལང་ཚོས་རྣམ་པར་དུད་པའི་འཛུམ་པའི་ཞལ། །སྨིན་མའི་འཁྲི་ཤིང་འཁྱོགས་པོའི་གར་སྟབས་ཅན། །ཁྱོད་སྐུས་སྲིད་གསུམ་འགྲོ་བ་མ་བཅོམ་སུ། །ཐུན་མཚམས་ཆུ་འཛིན་གསར་པའི་ཁུ་བ་ཡིས། །བྲིས་མིན་མཚན་དཔེའི་རི་མོ་བརྒྱ་བཅུ་གཉིས། །རྣམ་བཀྲ་ཉི་མ་འཆར་ཁའི་གཟི་བྱིན་ཅན། །མིག་ལ་ཟླ་བ་ཡིད་ལ་བདུད་རྩི་དངོས། །ལྷ་ཡི་ཆ་ལུགས་ལྷ་ལས་ཁྱད་འཕགས་ཕུལ། །མཆོག་སྦྱིན་ཨུཏྤལ་དམར་པོའི་སྡོང་བུ་འཛིན། །བརྐྱང་བསྐུམ་སྟབས་ཀྱིས་འགྱིང་བག་རོལ་བའི་སྐུ། །གང་གིས་དྲན་བྱེད་དེ་ལ་ཤིས་པ་སྩོལ། །སྔོན་ཚེ་ཐུགས་བསྐྱེད་སྨོན་པའི་ཁྱད་པར་གྱིས། །བུད་མེད་རྟེན་གྱིས་སངས་རྒྱས་མཛད་པ་སྒྲུབ། །ཀུན་དང་མཉམ་ཞིང་ཀུན་ལས་ཁྱད་འཕགས་པའི། །མྱུར་མ་དཔལ་མོ་བདག་ལ་བརྩེ་བར་མཛོད། །དཔལ་མོ་ཁྱོད་ལ་སྦྱིན་པའི་མཐུ་ཡོད་ཀྱང་། །སློང་བའི་སྐལ་བ་ཕྲ་བ་སྙིགས་མའི་འགྲོ། །རྒུད་པར་གྱུར་འདི་མ་ཡིས་མ་གཟིགས་སམ། །ཉམ་ཐག་བུ་ལ་ལྷག་པར་དགོངས་ཤིག་ཀྱེ། །བརྒྱད་གཉིས་འཇིགས་པའི་མེ་ཡིས་ཀླུབ་པའི་བུ། །ཉམ་ཐག་ང་རོས་འབོད་པའི་གདངས་ཞན་ཡང་། །བརྩེ་བའི་སྤྱན་རས་བཙའ་བའི་དབུགས་འབྱིན་ཕྱག །ལ་འུར་སྐྱོངས་ཤིང་སྐྱོབ་པར་མཛད་དུ་གསོལ། །སྟོན་དུས་པད་རྫིང་ལྟར་རྒུད་སྣོད་བཅུད་དཔལ། །གསོ་བྱེད་ཐུགས་བསྐྱེད་སྨོན་པའི་སྤྲིན་ཆེན་ལས། །ཚེ་དཔལ་འབྱོར་པ་འདོད་དགུའི་གྲུ་ཆར་གྱིས། །རྫོགས་ལྡན་མགྲོན་དུ་འགུགས་པར་མཛད་དུ་གསོལ། །ཁྱད་པར་སྟོབས་དང་དྲེགས་པའི་མ་དཱ་ནས། །ཆེར་མྱོས་ལམ་གོལ་གཡང་ལ་འཆེལ་བའི་ཡིད། །མཆོག་བྱིན་པདྨའི་ལྕགས་ཀྱུས་ཉེར་དྲངས་ཏེ། །ངེས་གསང་བསྟན་ལ་འདུན་པར་མཛད་དུ་གསོལ། །མཁས་པའི་ཕྱག་རྗེས་བསྟན་ལ་སྨན་པའི་གསོས། །གྲུབ་པའི་ཉམས་རྟོགས་གཞན་སྣང་གདུལ་བའི་སྒོ། །འཁོར་ལོ་གསུམ་ལྡན་བཤེས་གཉེན་ཀུན་བསྡུས་ལ། །ཕྱོགས་འདིར་ཐུབ་བསྟན་རྒྱས་པར་མཛད་དུ་གསོལ། །མཐོ་རིས་ཡོན་ཏན་བདུན་གྱི་འཁྲི་ཤིང་རྩེར། །ལྷག་བསམ་བརྩོན་པའི་མེ་ཏོག་ཆེས་རྒོད་པའི། །བློ་གསལ་སྐྱེ་བོ་མཐའ་དག་དབང་བསྡུས་ལ། །བཤད་སྒྲུབ་བསྟན་པ་དར་བར་མཛད་དུ་གསོལ། །འཕགས་ནོར་ཡོན་ཏན་བདུན་གྱིས་མངོན་མཐོའི་དཔལ། །བསླབ་གསུམ་ལུས་ཤེད་རྫོགས་པའི་འཕྱོར་སྒེག་ཅན། །མཆོད་འོས་དམ་པ་ཐམས་ཅད་དབང་བསྡུས་ལ། །དགེ་འདུན་སྡེ་ཆེན་ཚུགས་པར་མཛད་དུ་གསོལ། །སྡེ་བཞིའི་འབྲས་ཁུར་ལྕི་བའི་གྲིབ་བསིལ་དུ། །འབངས་འཁོར་ངལ་འཚོ་སྦྱིན་ལ་མི་ངལ་བའི། །རྒྱལ་བློན་བཙུན་འཁོར་བཅས་རྣམས་དབང་བསྡུས་ལ། །ཡུལ་ཁམས་ཆོས་ལ་ཚུད་པར་མཛད་དུ་གསོལ། །སྦྱིན་པའི་འབྲས་བཟང་དུས་སུ་སྨིན་པའི་བཅུད། །དད་གཏོང་བློ་གྲོས་ཡོན་གྱི་ཁུར་ལྕི་བའི། །འབྱོར་ལྡན་ཡོན་བདག་ཐམས་ཅད་དབང་བསྡུས་ལ། །དགེ་འདུན་བཀུར་སྟི་འཕེལ་བར་མཛད་དུ་གསོལ། །དཀར་ཕྱོགས་ལ་དགའ་མཐུ་སྟོབས་འཛད་མི་ཤེས། །ནགས་ཕྱོགས་ཕྲུ་མ་གཞོམ་ལ་ཆེས་དཔའ་བའི། །ལྷ་ཀླུ་གཞི་བདག་ཐམས་ཅད་དབང་བསྡུས་ལ། །བཀྲ་ཤིས་བདེ་ལེགས་འཕེལ་བར་མཛད་དུ་གསོལ། །མངོན་མཐོའི་རྟེན་གྱི་རྫིང་བུ་ཉམས་དགའ་བར། །རྣམ་རིག་མེ་ཏོག་གསར་པས་ཆེས་བཀྲག་པའི། །སྐྱེ་འགྲོ་ཕོ་མོ་ཐམས་ཅད་དབང་བསྡུས་ལ། །ལུས་སེམས་དགེ་ལ་སྦྱོར་བར་མཛད་དུ་གསོལ། །དཀར་མིན་ལས་ཀྱིས་སྒྲིབ་པའི་མཐོང་བྱེད་སྒོར། །ཀུན་རྟོག་སྐྲ་ཤད་འཛིང་བའི་མ་རུངས་སེམས། །བདུད་རིགས་ལོག་ལྟ་ཅན་རྣམས་དབང་བསྡུས་ནས། །བསྟན་ལ་བར་ཆད་མེད་པར་མཛད་དུ་གསོལ། །གྲགས་པའི་རྔ་ཆེན་ཚངས་པའི་གཞི་ལས་བརྒལ། །མཁོ་དགུའི་ལོངས་སྤྱོད་འཛད་མེད་ཆར་དུ་བསྐྱིལ། །སྲིད་ཞིའི་དཔལ་འབྱོར་མ་ལུས་དབང་བསྡུས་ལ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཁྱད་པར་ཐབས་མཁས་ཟབ་མོའི་རྟེན་འབྲེལ་གྱིས། །རླུང་སེམས་སྣང་བ་མ་ལུས་དབང་འདུས་ནས། །དོན་གཉིས་ལྷུན་གྲུབ་ཡིད་བཞིན་རིན་ཆེན་སྤྲིན། །ཚེ་གཅིག་སངས་རྒྱས་འགྲུབ་པར་མཛད་དུ་གསོལ། །འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །གང་གི་ཞབས་ཀྱི་ཆུ་སྐྱེས་ལ་བརྟེན་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་མཚན་གྱིས། །ཕུན་ཚོགས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སྒྲོལ་མ་དམར་མོ་མི་མཐུན་ཀུན་སེལ་གྱི་བསྟོད་པ་འདོད་གསོལ་དང་བཅས་པའི་ཚིགས་སུ་བཅད་པ་འདི་ཡང་། མེ་རྟ་ཆོ་འཕྲུལ་ཟླ་བའི་ཡར་ཚེས་གྲུབ་པའི་གཟའ་སྐར་བཟང་པོ་ལ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་ཟླ་བྲལ་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་ཤིང་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་པའི་གནས་བདེ་ཆེན་པདྨ་འོད་གླིང་དུ་བྲིས་ཤིང་གསོལ་བ་བཏབ་པ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ས་གསུམ་དུ་ཁྱབ་པའི་རྒྱུར་གྱུར་ཅིག

འཕགས་མ་ཀུ་རུ་ཀུལླེ་ལ་བསྟོད་ཅིང་གསོལ་བ་ཨུཏྤལ་དམར་པོའི་ཕྲེང་བ།

༄༅། །འཕགས་མ་ཀུ་རུ་ཀུལླེ་ལ་བསྟོད་ཅིང་གསོལ་བ་ཨུཏྤལ་དམར་པོའི་ཕྲེང་བ་བཞུགས། ན་མ་ཀུ་རུ་ཀུལླེ་ཡཻ། ཞིང་ཁམས་རྒྱ་མཚོའི་འདྲེན་པ་བསྐྱེད་པའི་ཡུམ། །ཤེས་རབ་ཕར་ཕྱིན་གང་འདུལ་སྤྲུལ་པའི་གར། །དྲན་པས་སྙིང་ལ་བདེ་སྟེར་རིགས་བྱེད་མ། །ཡིད་ཀྱི་དཔལ་དུ་འབྲལ་བར་མ་གྱུར་ཅིག ༡ །གང་དག་འགྲོ་རེའི་མདུན་དུ་བཀོད་པ་རེ། །རྣམ་རོལ་དཔག་ཡས་ཆོས་དབྱིངས་རྒྱས་པར་འགེངས། །དུ་མར་སྣང་ཡང་སྤྲོས་བྲལ་གཅིག་པུ་ཉིད། །ནམ་མཁའི་གར་མཁན་མ་ལ་བདག་དགའ་འོ། ༢ །ཆོས་སྐུའི་ཀློང་ན་བཅོམ་ལྡན་ཝཱ་ར་ཧི། །ལོངས་སྤྱོད་རྫོགས་སྐུ་སངས་རྒྱས་དམར་པོའི་ལྕམ། །སྤྲུལ་སྐུའི་ཞིང་དུ་ཕུག་གནས་ཌཱ་ཀི་ནི། །ངོ་མཚར་རྣམ་ཐར་མཁའ་དབྱིངས་རྗེས་སུ་འཆིང་། ༣ །འགྲོ་ལ་ཕན་བདེ་སྦྱིན་པས་འཆི་མེད་ལྗོན། །ཉེས་པའི་དྲི་མ་འཁྲུད་པས་གང་གཱའི་ཆབ། །ལུས་ཅན་མཐོ་རིས་འདྲེན་པས་དཔྱང་ཐག་སྟེ། །འཇིགས་ལས་སྐྱོབ་པས་རྡོ་རྗེའི་མཁར་ཡང་ཡིན། ༤ །མ་འདྲེས་ཀུན་ལ་མཛའ་བའི་མ་མ་མཆོག །བླང་དོར་སྣང་བ་སྟོན་པས་ཉིན་མོར་བྱེད། །སྲིད་པའི་རིམས་ནད་རྒྱུད་གཅོད་སྐྱེ་ལྔའི་སྒྲ། །དགེ་བའི་ཆོས་ཀུན་སྡུད་པའི་ལག་པའང་ཡིན། ༥ །ཁྱོད་ནི་གཏེར་དང་བུམ་བཟང་མ་རྨོས་འབྲས། །འདོད་འཇོའི་བ་མཆོག་བདུད་རྩིའི་སྤྲིན་ཆེན་ཏེ། །ས་ཆེན་བཞིན་དུ་སྐྱེ་དགུའི་ངལ་འཚོའི་གསོས། །ཆུ་བོའི་རྒྱུན་བཞིན་ཡོན་ཏན་མཛད་པ་མེད། ༦ །དམར་སེར་ཉི་མ་འཆར་ཁའི་ལང་ཚོ་ཅན། །དྲན་པས་ས་གསུམ་དབང་བྱེད་ཡིད་འཕྲོག་མ། །ལན་གཅིག་སྙིང་ལ་ཤར་བའི་དགའ་བ་ཡང་། །མཆོད་སྦྱིན་བརྒྱ་པས་ཉམས་སུ་མྱོང་མ་ལགས། ༧ །རབ་འཇམ་ཨུཏྤལ་མདའ་སྟན་པདྨའི་མཚོན། །སྲིད་པ་གསུམ་ལས་རྒྱལ་ཕྱེད་རུ་མཚོན་ཆེ། །གང་ལ་འགྲན་ན་དགའ་མའི་བདག་པོའི་མདའ། །དྲེས་ཐག་ཚིག་པའི་ཐལ་བ་བཞིན་དུ་མངོན། ༨ །ལི་ཁྲིའི་མེ་ཏོག་གསར་པའི་ཐོད་རྒྱན་དང་། །ཨུ་ཏྤལ་ཕྲེང་བའི་དོ་ཤལ་དཔྱང་བ་ལ། །སྤྱན་ཟུང་བུང་བ་གཡོ་བའི་རྣམ་འགྱུར་གྱིས། ཐིག་ལེ་མཆོག་མའི་མཛེས་པ་སྲོག་དང་ཕྲལ། ༩ །སིལ་ཁྲོལ་རིན་ཆེན་འཐབ་པའི་སྒྲ་དབྱངས་དང་། །ལྷབ་ལྷུབ་དར་གྱི་ཅོད་པཎ་འཕུར་ལྡིང་བཅས། །སྒེག་བཞད་གར་སྟབས་གཡོ་བའི་འཇོ་སྒེག་གིས། །ཆགས་བྲལ་ཞི་བའི་ཡིད་ཀྱང་གཅིག་ཏུ་འཆིང་། ༡༠ །ཁྱོད་སྐུའི་རྣམ་འགྱུར་གསལ་བའི་ཏིང་འཛིན་མེ། །བཟླས་བརྗོད་ལུང་གིས་བསྐུལ་བའི་འཕྲོ་འདུའི་ཟེར། །སྲིད་གསུམ་ཟ་བར་ཆས་པའི་བྱ་མ་རྟས། །ལས་བཞི་གྲུབ་བརྒྱད་སུག་མཐིལ་གཏེར་བཞིན་འབྱིན། ༡༡ །ཨེ་མ་རྐང་ཐང་ནང་ནས་རྟ་པ་དང་། །རྐང་འཐུང་ཕལ་ལས་ཡོངས་འདུ་ས་བརྟོལ་ལྗོན། །མེ་ཏོག་ནང་ནས་ཨུ་དུམྦཱ་ར་བཞིན། །མཆོག་སྦྱིན་ནང་ན་བཅོམ་ལྡན་རིགས་བྱེད་མ། ༡༢ །གང་ལ་བརྟེན་ནས་ཁམས་གསུམ་དབང་ཕྱུག་དཔལ། །མངོན་བྱས་གྲུབ་པའི་ཚོགས་ཀྱིས་འཛིན་མའི་ཁྱོན། །འགེངས་མཐོང་ཨུ་མའི་བདག་པོ་སྐྱེངས་པའི་ཡིད། །གངས་རིར་དཀའ་ཐུབ་ཟོལ་གྱིས་ངལ་བ་བརྟེན། ༡༣ །དེ་སླད་ཆེ་དགུའི་གཙུག་གི་ཅོད་པཎ་གྱིས། །ཞབས་སེན་མནྡར་བ་མཆོད་པའི་མོད། །སྲིད་ལ་བསྙེང་བྲལ་ཞི་བའི་དགེ་མཚན་གྱིས། །དགའ་སྟོན་རྒྱལ་མཚན་གསར་པས་མཛེས་པར་བྱས། ༡༤ །ལེགས་པར་ཁེབས་སོ་འཁོར་ཡུག་རི་བོའི་ཁོངས། །ཁྱོད་ཀྱི་ཕྲིན་ལས་གདུགས་དཀར་གཅིག་ཉིད་དེ། །སྔོ་བསངས་རྒྱུ་སྐར་ཕྲེང་བའི་དོ་ཤལ་ཚོགས། །ཆར་ལྡན་ཆུ་འཛིན་གསར་པའི་བླ་རེས་ཀྱང་། ༡༥ །ལྷ་ལ་ལྷ་ཡི་དཔག་བསམ་མནྡཱ་ར། །ཀླུ་ལ་འཇོག་པོའི་གཙུག་གི་གདེངས་ཀའི་རྒྱན། །བདག་ལ་ཕན་བདེའི་འདོད་སྟེར་བཅོམ་ལྡན་མ། །རེ་བའི་འབྲས་བུ་འབྱིན་ལ་མཚུངས་པ་ཉིད། ༡༦ །འཕགས་མ་ཁྱོད་ཀྱི་ཐུགས་བསྐྱེད་དམ་བཅའི་སྒོ། །ལྷག་པར་འཇུག་པའི་དུས་ནི་དེང་ལགས་ཏེ། །དར་བའི་དཔལ་དང་ཡ་རབས་མཛའ་བའི་གྲོགས། །དེ་ལ་ཁྱོད་ཀྱིས་སྡུད་དང་འཆིང་ཅི་དགོས། ༡༧ །དེང་སང་སྐྱེ་བོ་མི་བསྲུན་གདུལ་བར་དཀའ། །སྣོད་བཅུད་དཔལ་ཉམས་ཕན་ཚུན་དགྲ་ལྟར་སྡང་། །བསྟན་དང་བསྟན་འཛིན་མངའ་ཐང་ཉམས་དུས་འདིར། །འགུགས་བྱེད་ཟེར་གྱིས་ཆོས་ཀུན་དབང་དུ་བསྡུས། ༡༨ །ཞི་བའི་ཚིག་གིས་བཤད་ཀྱང་ཉན་མཁན་མེད། །དྲག་པོའི་ལས་ཀྱིས་བསྒྲལ་ཀྱང་རྣམ་སྨིན་ལྕི། །རང་གར་བཞག་ན་དཀོན་མཆོག་དབུ་འཕང་དམད། །དེ་ཕྱིར་དབང་མཛད་མཐུ་རྩལ་མ་ཆུང་ཞིག ༡༩ །ཕན་པར་བསླབས་ཀྱང་འཁོན་གྱི་བསམ་པ་སྐྱེས། །དྲང་པོར་གནས་ཀྱང་གཡོ་སྒྱུས་བསླུ་ཞེས་ཟེར། །ཇི་ལྟར་བྱས་ཀྱང་ཕྱིར་ཕྱིར་སྙད་ཅིག་འདོགས། །དེང་སང་སྐྱེ་བོ་ཁྱེད་ཀྱི་ཐུགས་རྗེའི་ཡུལ། ༢༠ །མི་བསྲུན་གདུལ་དཀའ་འདུལ་བར་མི་མཛད་ཅིང་། །བསྐུལ་ཡང་མི་གསན་བཅོལ་ཡང་མི་དགོངས་ན། །ཁྱོད་ཀྱི་དམ་བཅའི་ཁུར་ཡང་ཅི་ཞིག་འགྱུར། །ལས་ངན་འགྲོ་ལ་ལྷག་པར་གཟིགས་ཤིག་ཀྱཻ། ༢༡ །སྣོད་བཅུད་བརྟན་གཡོ་སྲིད་ཞིའི་ཕྱྭ་གཡང་དཔལ། །དབང་བསྡུས་གྲུབ་གཉིས་ནོར་བུའི་ཆར་རྒྱུན་གྱིས། །ས་འདི་འཕྲུལ་དགའི་ཞིང་ལྟར་འབྱོར་པ་དང་། །འགྲོ་རྣམས་མ་བུ་བཞིན་དུ་འདུམ་པར་མཛོད། ༢༢ །དཀར་ཕྱོགས་དབང་བསྡུས་ལེགས་དགུའི་རྟེན་འབྲེལ་སྒྲིགས། །ནག་ཕྱོགས་དབང་སྡུས་མི་མཐུན་འགལ་བྱེད་སོལ། །ཆེ་དགུ་དབང་སྡུས་བསྟན་འགྲོའི་མངའ་ཐང་སྤེལ། །མཁས་བཙུན་དབང་སྡུས་བཤད་སྒྲུབ་དར་བར་མཛོད། ༢༣ །འཐབ་དང་རྩོད་སོགས་མི་ཤིས་མིང་མི་གྲགས། །ཨར་ཇག་རྐུན་པོའི་རྒྱུ་འགྲུལ་ངང་གིས་ཆད། །ནག་ཕྱོགས་ཀླ་ཀློའི་འཚུབ་འགྱུར་མིང་ {རྨིག} མེད་ཞི། །རྫོགས་ལྡན་དུས་བཞིན་དགེ་བཅུའི་རྐང་པ་ཚུགས། ༢༤ །མདོར་ན་གུས་ལྡན་ཡིད་ལ་རེ་བའི་དཔལ། །གནས་སྐབས་མཐར་ཐུག་ཕན་བདེའི་འབྲས་མང་བཅུད། །མ་ལུས་དབང་སྡུས་སྦྱིན་པའི་ཕྱག་རྐྱོངས་ལ། །ཡིད་ཀྱི་ཤིང་རྟ་ཕྱུར་བོར་འགེང་བར་མཛོད། ༢༥ །ཁྱད་པར་རླུང་སེམས་སྣང་བ་རྟེན་འབྲེལ་ཆོས། །མ་ལུས་དབང་འདུས་གྲུབ་པའི་རོལ་རྩེད་ཀྱིས། །གཟུང་འཛིན་མདུད་པ་དབུ་མའི་དབྱིངས་སུ་བཀྲོལ། །ངེས་དོན་བདེ་ཆེན་ཕྱག་རྒྱའི་སྐུ་འགྲུབ་མཛོད། ༢༦ །འཆི་ཚེ་བླ་མ་མཆོག་དང་ལྷག་པའི་ལྷས། །འཛུམ་བཞད་མེ་ཏོག་ཆར་གྱིས་མདུན་བསུས་ནས། །མཁའ་སྤྱོད་དབུ་མའི་གྲོང་ཁྱེར་ཉམས་དགའ་བར། །ལྷན་སྐྱེས་བདེ་ཆེན་སྤེལ་བའི་གྲོགས་མཛོད་ཅིག ༢༧ །ཅེས་རྒྱལ་ཡུམ་མ་རིགས་བྱེད་ལྷ་མོ་ལ་བསྟོད་ཅིང་གསོལ་བ་གདབ་པའི་ཚིགས་བཅད་འདིའང་སྔགས་བཙུན་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་རང་ཤག་བཀྲ་ཤིས་འཆི་མེད་འོད་སྣང་དུ་འབྲུ་མར་གྱི་སྣང་བ་ལ་བརྟེན་ནས་གང་ཤར་གསོལ་བ་བཏབ་པ་ཕྱོགས་ཀུན་ཏུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིག

དབྱངས་ཅན་དཀར་མོ་ལ་བསྟོད་པ་སྒྲ་དབྱངས་འཕགས་མ་དགྱེས་པའི་ཏམྦུ་ར།

༄༅། །དབྱངས་ཅན་དཀར་མོ་ལ་བསྟོད་པ་སྒྲ་དབྱངས་འཕགས་མ་དགྱེས་པའི་ཏམྦུ་ར་ཞེས་བྱ་བ། སྙན་ངག་གི་ལྷ་མོ་ལ་ཕྱག་འཚལ་ལོ། །གང་གི་ཞབས་སེན་ལྷ་བརྒྱའི་གཙུག་གི་ཅོད་པཎ་གྱིས་ནི་མཛེས་གྱུར་ཅིང་། །ཐུགས་རྗེའི་བརླན་སྤྱན་འཛུམས་པའི་མདངས་ཀྱིས་སྲིད་པའི་དམ་བཅའ་མིང་ཙམ་དུ། །གཏོང་ལ་ཆེས་སྤྲོ་སྙིང་རྗེའི་ལྷ་ཡི་ཚེམས་ཀྱི་ཆུ་གཏེར་ལས་འཁྲུངས་པའི། །ལྷ་མོ་སྐལ་བཟང་སྨྲ་བའི་ཟླ་བ་ཡིད་མཁའི་ལམ་ལས་འབྲལ་མེད་མཛོད། ༡ །གང་ཞིག་ལྷ་ཀླུ་མི་ཡི་རིན་ཆེན་རྣམ་མང་བཞུས་པའི་སྙིང་པོ་ལས། །བི་ཤྭ་ཀརྨའི་འཕྲུལ་གྱིས་བཟོས་འདྲ་རྣམ་བཀྲའི་སྐྱེད་ཚལ་དོ་ར་ནི། །ཤིན་ཏུ་མཛེས་པའི་བཀོད་པ་འདི་ཅི་སུ་ཡི་མཐུ་སྙམ་སུམ་རྩེན་ནས། །ལེགས་བྲིས་གཙོ་བོས་འདྲེན་བྱེད་སྟོང་དུ་འཕྲུལ་ནས་ཡང་ཡང་བལྟ་བར་ངེས། ༢ །ལང་ཚོའི་ཁུར་གྱིས་ཀུན་ནས་དུབ་པའི་རྐང་འཐུང་ལྷ་ཡི་མེ་ན་ཀཱ། །ལྕུག་ཕྲན་གསར་པའི་ལག་པ་སྦྲེལ་ཞིང་ཕན་ཚུན་གཡོ་བའི་གར་སྟབས་དང་། །ཆབས་ཅིག་ལི་ཤིའི་མེ་ཏོག་མཛེས་པའི་དྲི་ཡིས་ནགས་ཀྱི་བུང་བའི་ཚོགས། །ཀུན་ཏུ་བཟང་མཐོང་ཀོ་ཀི་ལ་སོགས་བྱ་ཚོགས་ཅ་ཅོ་སྒྲོགས་པ་བཞིན། ༣ །གངས་ཀྱི་དུམ་བུ་ས་ལ་རྒྱུ་འདྲ་གཉིས་འཐུང་ཐལ་དཀའ་ཁྱུ་ཚོགས་ཀྱང་། །རྣམ་པར་རྩེ་ཞིང་སྣ་ལྗགས་ཀླུ་དབང་གདེངས་ཀ་བཞིན་དུ་ཆེར་བསྐྱོད་ནས། །ཀ་ཡེ་བསམ་གཏན་གྲུབ་པའི་ལྷ་དང་དྲང་སྲོང་གདུང་བར་མ་གྱུར་ཞེས། །རྣམ་བཀྲའི་མེ་ཏོག་སིལ་མའི་ཆར་རྒྱུན་ཕྱོགས་རྣམས་ཀུན་ལ་འཐོར་བ་འདྲ། ༤ །མཁའ་ནོར་འོད་ཀྱིས་ཟླ་སྐར་བཞུས་པའི་ཁུ་བ་ཞགས་ལྡན་དགའ་མའི་ལྟོར། །གཅིག་ཏུ་བསྐྱིལ་འདྲ་འོ་མའི་མཚོ་ཆེན་མུ་ཏིག་དཀར་པོའི་ལྦུ་ཕྲེང་གི། །ལན་བུ་རྣམ་པར་གཡོ་ཞིང་པད་ཟླུམ་གསེར་གྱི་དྲྭ་བས་གདོང་མཛེས་ཆེ། །སྔོ་བསངས་རྒྱུ་སྐར་དོ་ཤལ་ཆད་པས་ཡང་ཡང་རྒོད་པར་བྱེད་མིན་ནམ། ༥ །ཤིན་ཏུ་མཛེས་པའི་བྱ་ཚོགས་མགྲིན་པའི་རྫ་རྔ་བརྡུང་བའི་དབྱངས་ཐོས་ནས། །ཤིན་ཏུ་དཀར་བའི་གོས་ཅན་དྲི་ཟའི་ན་ཆུང་རྣམས་ཀྱང་སྒེ ག་ཚུལ་གྱིས།། ཤིན་ཏུ་སྙན་པའི་ནོར་བུའི་རྒྱུད་མང་སྟོང་ཕྲག་དུས་གཅིག་འཁྲོལ་བྱེད་པར། ཤིན་ཏུ་སྲེད་ལྡན་རིག་བྱེད་དྲན་པོ་ཐོས་འཛིན་ཟུང་བཞིས་མ་ངོམས་དོག ༦ །གཉིས་སྐྱེས་རྒྱལ་པོ་དང་ནི་དེས་བཞད་སྟེང་འཐུང་དཀར་པོའི་ཚོགས་དག་གི། །རང་རང་མཛེས་སྡུག་གང་དང་ཅི་ཡོད་དཔལ་མོའི་སྐུ་ཡི་འཕྲོག་དོགས་ནས། །ཅུང་ཟད་སྐྱེངས་པའི་ཡིད་ཀྱིས་ཞབས་སེན་འཆར་ཀའི་ཉི་གཞོན་འབབས་སྟེགས་སུ། །བཀོད་མཐོང་དེ་ཡིས་བཞད་རྣམས་རབ་ཏུ་མཚར་བས་རྩེ་དགའ་དགོད་པ་བཞིན། ༧ །དེ་སྟེང་ཧྲཱིཾཿལས་འཕགས་བཞི་བསྐྱེད་ཡུམ་རྒྱལ་བ་ཀུན་གྱི་སྟོང་ཆེན་གྱི། །ཡེ་ཤེས་གང་དེ་ངོ་མཚར་མཚན་དཔེའི་དཔྱིད་དུ་ལེགས་འཁྲུངས་ཚངས་སྲས་མ། །གང་སྐུ་སྲིད་ན་དཀར་བའི་དངོས་ཀུན་བསྡོམས་ལ་བསིལ་ཟེར་བྱེ་བའི་གཟིས། །འཁྱུད་ན་གཟུགས་ཟླར་འགོད་འོས་ཐིག་ལེ་མཆོག་མའི་ཁེངས་པ་ལན་བརྒྱར་བསྙེལ། ༨ །ཞལ་རས་ཟླ་བ་རྒྱས་པའི་དོ་རར་སྨིན་མའི་འཁྲི་ཤིང་གར་བྱེད་ཅིང་། །གནག་སྣུམ་སྤྱན་གྱི་བུང་བ་རྣམ་གཡོ་པདྨ་དམར་པོའི་མཆུ་སྒྲོས་མཛེས། །ཚེམས་བཟང་མུ་ཏིག་གསར་པའི་ཕྲེང་འཛིན་ཅུང་ཟད་འཛུམ་པའི་མདངས་འོད་ཀྱིས། །ལྷ་དང་དྲང་སྲོང་གྲུབ་པའི་ཡིད་འཕྲོག་དགའ་བའི་ང་རོས་བསྟོད་པར་བྱེད། ༩ །བཅུ་དྲུག་ལང་ཚོས་ཆེས་དུད་འདོད་པའི་འོ་འཛིན་ཤིན་ཏུ་ལྕི་བའི་ཁུར། །སྐེད་སྐབས་ཕྲ་བས་འདེགས་པར་མ་བཟོད་ཅུང་ཟད་ཡོན་ཚུལ་འགྱིང་བག་གར། །ཙོག་པུར་བཞུགས་ལ་ཤིས་བརྗོད་ཉན་སོགས་སྐབས་གསུམ་པ་རྣམས་རིངས་ཚུལ་གྱིས། །རྣམ་བཀྲའི་དབང་གཞུ་གསར་པའི་ལག་པས་ཕྱོགས་ཀུན་ནས་ནི་བསྙེན་མིན་ནམ། ༡༠ །པུཎྜ་རི་ཀའི་ཕྲེང་བས་དམ་བཅིངས་གནག་སྣུམས་ལི་བའི་དབུ་ལྗོན་གྱི། །ཐོར་ཚུགས་ཡིད་འོང་ཤ་ཤ་དྷ་རཿས་སྤྲས་སམ་ལྷོ་ཕྱོགས་མ་ལ་ཡའི། །ནགས་ཚལ་མཛེས་སྡུག་ཆུ་འཛིན་དཀར་པོའི་སྟོད་གཡོགས་དང་བཅས་ཀུ་མུཏ་གཉེན། །གསར་དུ་ཆས་སམ་ཅི་ཞེས་བདག་བློ་ཐེ་ཚོམ་ཁྱོགས་ལ་རྣམ་པར་འཕྱན། ༡༡ །འོན་ཀྱང་གསེར་གྱི་རྣ་ཆ་ཟུང་དང་ཕྱག་ཞབས་སོར་གདུབ་འོག་པག་སོགས། །ཕན་ཚུན་རྣམ་པར་འཐབ་དང་དྲིལ་གཡེར་སིལ་སིལ་འཁྲོལ་བའི་དབྱངས་སྙན་གདངས། འདི་འདྲ་ཐོས་ཚེ་དེ་ལྟའི་དཔལ་གང་ལྷ་མོ་ལས་གཞན་ཡོད་མིན་པར། །ཞིབ་མོའི་བློ་ཡིས་བརྟགས་པས་ད་གཟོད་ངེས་པ་རྙེད་གྱུར་བདག་དགའ་འོ། ༡༢ །སྒྲིམ་པོའི་བློ་ཡིས་བསྐལ་པ་བྱེ་བར་བརྟགས་ཀྱང་བརྟན་གཡོའི་མཛེས་སྡུག་ཀུན། །ཁྱོད་སྐུར་མ་རྫོགས་སྐྲ་རྩེའི་ཤས་ཙམ་རྙེད་པར་མི་འགྱུར་བདག་འཚལ་ན། །དཔལ་དེ་སྒྲིབ་བྱེད་དར་དཀར་བླ་གོས་དང་ནི་སྣ་ཚོགས་སྨད་དཀྲིས་སོགས། །རྣམ་མང་རྒྱན་གྱི་ཁུར་འདི་ཅི་ཡི་སླད་དུ་བཞེས་པ་ལགས་པ་གསུངས། ༡༣ །བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་བརྒྱ་ཕྲག་སྣང་མཛོད་གཟི་འོད་འཕྲོས། །དེ་དང་རིན་ཐང་བྲལ་བའི་ནོར་བུའི་དོ་ཤལ་ཕན་ཚུན་འཐབ་པ་ཡིས། །རྒྱབ་རྟེན་འོད་དཀར་དབང་པོའི་མདངས་ཀྱང་ཅུང་ཟད་མོག་པོར་བྱེད་མཐོང་ནས། །དེ་ཡི་ཕྱོགས་འཛིན་ཀུ་མུ་ད་རྣམས་ཁྱོད་སྐུ་སྒྲིབ་སླད་འཁྱུད་དམ་སྙམ། ༡༤ །བཞི་ཡིས་ལྷག་པའི་བཅུ་ཕྲག་དྲུག་སོགས་ཡན་ལག་རྒྱ་མཚོ་རྫོགས་པའི་གསུང་། ཆ་ཤས་རེས་ཀྱང་ཀུན་རྨོངས་གཉིད་ལ་ཡོལ་བའི་ས་གསུམ་སྐྱེ་བོའི་ཚོགས། །དུས་གཅིག་སློང་བའི་ངོ་མཚར་འདི་འདྲ་ལྷ་ཡི་རོལ་མོ་བྱེ་བ་བརྒྱས། །མཚོན་ནུས་མིན་ན་ཕྱག་སོར་རྒྱུད་མང་སྦྲེང་བའི་ངལ་འདི་ཅིའི་ཕྱིར་བརྟེན། ༡༥ །ཁྱོད་ཐུགས་ཆགས་སོགས་འཆིང་ལས་གྲོལ་ཡང་ཏུམ་བུ་རུ་ལ་རྩེ་ཚུལ་སྟོན། །རྟག་ཏུ་བསིལ་བའི་རེག་བྱས་འཁྱུད་མོད་རྣམ་འབྱེད་ཤེས་རབ་མེ་ལྟར་འབར། །དམིགས་མེད་སྙིང་རྗེའི་གཞན་དབང་གྱུར་ཀྱང་ཤེས་བྱར་འཁོན་པའི་དགྲ་སྡེའི་ཚོགས། །མིང་གི་ལྷག་མར་གཏོང་ལ་ཆེས་རྔམས་ཁྱོད་ཀྱི་སྒྱུ་མའི་ཚུལ་འདི་ཅི། ༡༦ །བསྡུས་པར་མ་བྱས་སྲས་བཅས་རྒྱལ་བའི་ཡོན་ཏན་ནོར་བུའི་མཛོད་ཀྱིས་ཕྱུག །བཀུག་པ་མིན་ཡང་མཁྱེན་རབ་བདག་པོ་ཐབས་ཀྱི་གྲོགས་སུ་འབྲལ་བ་མེད། །མ་འབད་ན་ཡང་ཕྲིན་ལས་ཞགས་པས་ས་གསུམ་སྐྱེ་དགུ་དུས་གཅིག་འཆིང་། །རྩུབ་རྣོན་སྤངས་ཀྱང་སྲིད་རྩའི་འཁྲི་ཤིང་ལྷག་མ་མེད་པར་གཅོད་ལ་དབང་། ༡༧ །དེ་སླད་ལྷ་དང་དྲང་སྲོང་དྲི་ཟ་གྲུབ་པའི་ཚོགས་ཀྱིས་ཕྱག་བྱས་ཤིང་། །མི་མཆོག་སྲས་དང་སློབ་མར་བཅས་པས་བསྔགས་པའི་པུཥྤེ་ཆར་དུ་བསྐྱིལ། །འཕགས་བོད་རིགས་སྨྲ་གདེངས་ཅན་སྟོང་གིས་སྙན་ངག་ཆུ་ཀླུང་ཁྲག་ཁྲིག་གིས། །བསྙེན་མོད་བསམ་པ་བླུན་པོའང་དད་པའི་རྗེས་འབྲང་ཀུ་ཤུའི་རྩེ་མོས་བཏེགས། ༡༨ །འོན་ཀྱང་བུ་ཡི་བློ་ནི་འདིར་ཟད་ནོངས་པར་གྱུར་གང་སྙིང་ནས་མཐོལ། །རྨོངས་དང་མ་རིག་འཐིབ་པོས་མིག་སྒྲིབ་སྣ་ཚོགས་ལྟ་བའི་ནགས་ཁྲོད་དུ། །ལམ་སྟོན་བཤེས་བྲལ་ཉམ་ཐག་བུ་ནི་ཉོན་མོངས་ཆོམ་རྐུན་དྲག་པོས་གཙེས། །ཀྱེ་མ་མ་ཡིས་ཐུགས་རྗེས་འདོར་རམ་བརྩེ་བས་དགོངས་ཤིག་འཕགས་མ་ཀྱཻ། ༡༩ །ཚངས་སྤྱོད་གཙང་སྦྲར་ལྡན་པས་བདུན་ཕྲག་ཞག་ཙམ་རིག་པ་བགྲངས་པས་ཀྱང་། །ས་ལ་འགྲན་ཟླས་སྤངས་པའི་ངག་གི་དབང་ཕྱུག་དམ་པ་གྲུབ་བོ་ཞེས། །གྲགས་པའི་རྔ་ཆེན་ཡིད་ཆེས་གཏམ་གྱི་དབྱུ་གུས་རབ་ཏུ་བསྐུལ་ལགས་ཀྱང་། ཀྱི་ཧུད་བདག་ལ་ཤས་ཙམ་འཚལ་མིན་དེ་སླད་ཤིན་ཏུ་སྡུག་བསྔལ་ལོ། ༢༠ །ཁྱོད་ནི་སྐལ་བ་དམན་པས་ནོངས་ཞེས་ཐུགས་རྗེ་བཏང་སྙོམས་མཛད་ན་ཀོ །དམ་པ་མིན་པས་སློང་གི་གཞན་དུ་ཁྱེད་ལ་གསོལ་ཡང་ཅི་ཞིག་འཚལ། །ཉམ་ཐག་ཕོངས་པར་གྱུར་རྣམས་བདོག་དགུས་རེ་བ་འབྲས་བཅས་བྱེད་མིན་ན། །འདི་ནི་གཏོང་བ་པོ་ཞེས་བསྔགས་པ་འཇིག་རྟེན་འདི་ན་སུ་ཞིག་སྒྲོགས། ༢༡ །ཨུཏྤལ་སྔོན་པོ་གསར་དུ་བྱེ་འདྲ་སྤྱན་གྱིས་སྣང་མུན་འཁོར་ཡུག་ཏུ། །སུ་ཞིག་རྒུད་དང་ཕོངས་པར་གྱུར་ཞེས་འཇིག་རྟེན་གསུམ་པོ་མཐའ་དག་ལ། །གཟིགས་ཀྱང་བདག་འདྲ་ལས་ཀྱིས་བསྐལ་མོད་ཉམ་ཐག་ང་རོས་དུས་རྟག་ཏུ། །བོས་ཀྱང་གསན་པར་མི་འགྱུར་ཁྱོད་ཀྱི་ལྷ་ཡི་སྙན་དེས་སུ་ལ་ཅི། ༢༢ །སྡུག་བསྔལ་བརྒྱ་ཡི་ཁུར་ལྕིའི་རབ་དུབ་སྲིད་པའི་འབྲོག་དགོན་ཉམ་ང་བར། །ཐོག་མེད་དུས་ནས་གཉིད་ལ་ཡོལ་བའི་མགོན་མེད་སྐྱེ་བོ་བདག་འདྲ་བ། །སློང་བའི་དུས་སྐབས་དེང་ལགས་དུས་མཁྱེན་ཆེན་མོས་ད་ནི་མཁྱེན་མཛོད་ལ། །དགྱེས་པའི་ཞལ་རས་བདུད་རྩིའི་འོད་དཀར་འདྲེན་བྱེད་དཔྱིད་དུ་འཕོས་རེ་རན། ༢༣ །ཡན་ལག་འབུམ་འབུམ་རྫོགས་པའི་རྒྱུད་སྟོང་ལྡན་པ་དྲི་ཟའི་པི་ཝཾ་མཆོག །རབ་མཉེན་ཤེལ་ལྕུག་སོར་མོས་འཕྲུལ་དང་རྗེས་མཐུན་གསུང་གསང་འཆི་མེད་རྔ། །སྒྲ་འཛིན་བཅུད་དུ་སིམ་པའི་དེ་འདྲོག་ཐོག་མེད་སྙིང་ལ་འཁྲས་པ་ཡི། །ཀུན་རྨོངས་སྦྱིན་སྐྱེས་ཚོགས་རྣམས་སླན་ཆད་འཇུག་པའི་གོ་སྐབས་མེད་པར་མཛོད། ༢༤ །མི་བརྗེད་གཟུངས་ཀྱི་ཆུ་ཀླུང་ཀུན་བསྡམས་སྤོོབས་པ་མི་ཟད་དག་བྱེད་གཏེར། །ཆོས་རབ་རྣམ་འབྱེད་ནོར་བུས་ཡོངས་གཏམས་རྩོད་འཆད་རྩོམ་པའི་སྦུ་ཕྲེང་གིས། །བློ་གསལ་སྐྱེ་བོའི་གདུང་བ་ཀུན་བ ཅི ལ་མཁས་དབང་ཀླུ་མཆོག་བྱེ་བ་ཡིས། །ཉེ་བར་བརྟེན་འོས་བདག་བློ་སྔོན་མེད་གངས་ཆེན་མཚོ་རུ་བསྒྱུར་ཅིག་ཀྱཻ། ༢༥ །དེ་ལྟར་ཁྱོད་བསྟོད་པ་ལས་བསོད་ནམས་ཅུང་ཟད་དེ་རིང་བསགས་པ་འདིས། །བདག་དང་བདག་ལ་འབྲེལ་བཅས་འགྲོ་ཚོགས་སྐྱེ་ཀུན་ཁྱོད་ཞབས་ནོར་བུའི་ཏོག །ཤེར་བརྩོན་རྒྱལ་མཚན་རྩེ་ལས་ཡོལ་མིན་དོན་གཉིས་འདོད་དགུའི་ཆར་ཆེན་པོས། །ས་གསུམ་སྐྱེ་དགུའི་རེ་བ་ཡོངས་སྐོང་རྣམ་མཁྱེན་གྲོང་ཁྱེར་མཛེས་བྱེད་ཤོག ༢༦ །བཀྲ་ཤིས་དམ་པ་གདོད་ནས་རྣམ་དག་བྲི་གང་བྲལ་བ་ཆོས་ཀྱི་དབྱིངས། །བཀྲ་ཤིས་བརྟན་གཡོ་སྲིད་ཞི་ཀུན་ཁྱབ་རིག་སྟོང་ཟུང་འཇུག་མཉམ་པ་ཉིད། །བཀྲ་ཤིས་དོན་དམ་འཕགས་མའི་ཞལ་རས་སྒྲིབ་བྲལ་མངོན་དུ་གྱུར་ནས་ཀྱང་། །བཀྲ་ཤིས་རྟག་པ་དམ་པའི་དཔལ་གྱིས་འཇིག་རྟེན་མུན་སེལ་སྒྲོན་མེར་ཤོག ༢༧ །ཅེས་པའང་མདོ་ཁམས་ལྷོ་རྒྱུད་བྱུང་བའི་སྙན་ངག་སྨྲ་བ་ཟེ་ཆེན་པ་དབྱངས་ཅན་དགྱེས་པའི་སྡེས་རང་གནས་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར། འཕགས་མ་བསྙེན་པའི་ཐུན་གསེང་དུ་བྲིས་པ་རང་གཞན་ཀུན་གྱི་སྙིང་ལ་ངག་གི་དཔལ་མོ་དབྱངས་ཅན་རྩེན་པའི་རྒྱུར་གྱུར་ཅིག ༈ ཆོས་དབྱིངས་མཁའ་ལ་བསོད་ནམས་བསམ་མི་ཁྱབ་པའི་སྤྲིན་ཆེན་ལྷུན་སྟུག་ཅིང་། །བྱམས་བརྩེའི་འབྲུག་སྒྲས་ཕྱོགས་ཀྱི་མཐར་ཁྱབ་འཛད་མེད་འབྱོར་བའི་ཆར་རྒྱུན་གྱིས། །ས་གསུམ་སྐྱེ་བོའི་ཡིད་ཀྱི་ཤིང་རྟ་འགེང་མཛད་འཕགས་མ་ནོར་རྒྱུན་མ། །ཁྱོད་ལ་བསྟོད་དོ་བདག་གི་ནོར་རྣམས་རྟག་པར་རབ་ཏུ་འཕེལ་བར་མཛོད། །ཅེས་པའང་དབྱངས་ཅན་དགྱེས་པའི་སྡེས་བྲིས་པ་མངྒལཾ།

དབྱངས་ཅན་དཀར་མོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཚངས་སྲས་དགྱེས་པའི་གླུ་དབྱངས།

༄༅། །དབྱངས་ཅན་དཀར་མོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཚངས་སྲས་དགྱེས་པའི་གླུ་དབྱངས་ཞེས་བྱ་བ། ངག་དབང་ལྷ་མོ་ལ་ཕྱག་འཚལ་ལོ། །ཤེས་རབ་ཕར་ཕྱིན་དོན་དམ་བདེན་པ་ནི། །གང་ལའང་མི་གནས་ཟབ་པའི་ཆོས་ཉིད་དེ། །སྤྲོས་པའི་ཡུལ་མིན་ཚིག་གིས་ཇི་ན་མཚོན། །དེ་སླད་བསལ་བཞག་བྲལ་བའི་ངང་དུ་བསྟི། །སྐྱེ་བ་མེད་ལས་སྐྱེ་བའི་ཆོ་འཕྲུལ་སྟོན། །སྐྱེས་ཙམ་ཉིད་ནས་སྐྱེ་བ་གང་ཡང་མེད། །གཅིག་དང་དུ་མར་མི་གནས་སྒྱུ་མ་ཆེ། །རྟེན་འབྱུང་ཟབ་མོའི་སྣང་ཚུལ་འདི་ཆེ་འོ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་ནི། །མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་ཡེ་ཤེས་མཆོག །རིག་སྟོང་ཆོས་ཟད་རྗེན་པའི་རང་མདངས་ལས། །གཟུངས་སྤོོབས་བློ་གྲོས་སྒོ་བརྒྱ་འབྱེད་དོ་མཚར། །གཉིས་མེད་མཉམ་པ་ཆེན་པོའི་ཡེ་ཤེས་རྒྱས། །སྲིད་ཞིའི་ཆོས་ཀུན་མ་བཏབ་ཡོད་མིན་ཡང་། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་བསླད། །ཀྱེ་མ་དུས་རིང་སྲིད་པའི་དྲྭ་བར་ཆུད། །རང་སྣང་ལོག་པར་བཟུང་བའི་འཁྲུལ་པའི་གཡས། །རིགས་ཁམས་ཆོས་ཉིད་གདོད་ནས་རྣམ་དག་ཀྱང་། །སྟོབས་སོགས་ཡོན་ཏན་མི་མངོན་གསེར་བཞིན་གནས། །དེ་བསལ་སླད་དུ་རྒྱལ་རྣམས་སྤྲོ་བ་མཛད། །གང་གང་འདུལ་ལ་དེ་དེར་སྟོན་པའི་འཕྲུལ། །འགྲོ་སེམས་རྗེས་འགྲོ་ནམ་མཁའི་མྱུ་ཁྱུད་མཐའ། །གཞལ་བར་འདོད་གང་བྱིས་པའི་བློ་སྐྱོན་ཏེ། །བློ་ལྡན་རྣམས་ནི་བསམ་མི་ཁྱབ་ལ་འཇུག །སྤྱན་ལྔ་རྣམ་པར་དག་པས་གཟིགས་པའི་ཁྱོན། །གང་ན་འཕགས་བཞིའི་ཕྲེང་བ་མཆིས་དེ་ཀུན། །ཁྱོད་ཀྱིས་མ་བསྐྱེད་འགའ་ཡང་ཡོད་མ་ཡིན། །དེ་སླད་རྒྱལ་བའི་ཡུམ་ཞེས་ཞིང་ཀུན་གྲགས། །སྟོང་ཉིད་ལང་ཚོ་བདོ་བའི་སྨིན་ལེགས་མ། །སྙིང་རྗེའི་ཟུར་མིག་གཡོ་བའི་ངང་ཚུལ་ལས། །ཞིང་ཁམས་རྒྱ་མཚོར་རྩེ་དགའི་རོལ་གར་ནི། །འདོད་དགུར་བསྒྱུར་བའི་ཆ་ཤས་འདི་ལྟར་སྒྲོགས། །སྙིང་རྗེ་ལྷ་ཡི་མཆེ་བའི་འོད་ཟེར་ལས། །ཉེར་ཐོན་བརྟན་གཡོའི་སྒྲ་དབྱངས་བྱེ་བ་འབུམ། །གཅིག་བསྡུས་ཚངས་པའི་སྲས་མོ་དཔེ་མེད་མ། །ཏམྦུ་ར་ལ་དགའ་སྐྱེད་ཚུལ་ཡང་སྟོན། །ཁྱོད་སྐུ་སྲིད་ན་དཀར་བའི་དངོས་པོ་ཀུན། །ལན་འབུམ་བཞུས་པའི་སྙིང་པོ་ལས་བསྐྲུན་བཞིན། །མ་བྲིས་རྣམ་པར་བཀྲ་བའི་ལང་ཚོའི་དཔལ། །བློ་ལྡན་སྐྱེ་བོའི་མིག་ལ་བདུད་རྩི་ཉིད། །སྲིད་ཞིའི་ཁོངས་སུ་མི་རྫོགས་ཟུར་མིག་མདའ། །སྙོམ་པར་སྤྲོ་ཡང་རྨོངས་དག་ལས་ཀྱིས་བསྐལ། །བློ་ལྡན་ཁ་ཅིག་སྙིང་ལ་གཟས་པའི་མོད། །ཤེས་བྱར་འཁོན་པའི་དགྲ་དེ་མིང་ཙམ་བྱས། །སྲིད་འབྱོར་བྱེ་བའི་ཟོང་གིས་ཁུག་མིན་པའི། །བརྒྱ་ཕྲག་རྒྱན་གྱིས་སྒེག་པའི་འགྱིང་བག་སྐུ། །ཟུང་བཞིའི་ན་ཚོད་ཙོག་པུའི་འདུག་སྟངས་ཅན། །དྲན་པ་ཙམ་གྱིས་ཡིད་ལ་སིམ་པ་སྟེར། །རྒྱུད་སྟོང་ལྡན་པ་དྲི་ཟའི་པི་ཝཾ་མཆོག །སྦྲེང་པའི་ཟོལ་གྱིས་དབྱངས་ཀུན་རྫོགས་པའི་གསུང་། །དོན་ཟབ་བདུད་རྩིར་སྨིན་པའི་སྙན་ངག་བཅུད། །རྟག་པར་འགྲོ་ལ་འཇོ་བའི་ཤིས་པ་སྒྲུབ། །མི་འཚེ་དགའ་དང་དམ་བཅའ་བརྟན་རྣམས་ཀྱི། །ངག་ཡིད་ཁ་ཡི་སྒོར་ཞུགས་རྣམ་དཔྱོད་བློ། །དཔྱིད་དུས་ས་བོན་བཟང་ལ་མྱུ་གུ་བཞིན། །མོས་ལྡན་རེ་བའི་ཤིང་རྟ་འགེངས་འདི་རྨད། །མཁྱེན་བརྩེའི་ཡོན་ཏན་ཆ་ཤས་ཕྲ་མོ་ཡང་། །དཔགས་ནུས་མིན་ན་མཐའ་དག་འདིར་རྫོགས་པའི། །ཨེ་མ་ཀུན་གསལ་ཁྱོན་འདི་ཆེས་ཡངས་ཤིང་། །འདེགས་བཟོད་ནོར་འཛིན་གཞི་ཡང་ཤིན་ཏུ་བརླིང་། །ཚངས་སྤྱོད་གཙང་སྦྲར་ལྡན་པས་ཡུམ་བོས་ན། །འཛུམ་བཅས་ངག་གི་དབང་ཕྱུག་ཅི་བཞེད་ཅེས། །དཀར་གསུམ་ཟས་ཀྱི་ཚུལ་དུ་གྲུབ་པ་མཆོག །ཅི་དགར་སྦྱིན་ཞེས་གྲགས་པའི་རེ་ཁ་བཀྲ། །དེ་ལྟ་ན་ཡང་ལས་ཀྱིས་བསྐལ་པ་བདག །རིང་མོ་ཉིད་ནས་ཁྱོད་ལ་དད་པའི་ཡིད། །གཅིག་ཏུ་གཡོ་ཡང་ཡུད་ཙམ་མཐོང་བའི་སྐབས། །མ་འཚལ་དེ་སླད་ཀྱེ་མ་སྡུག་བསྔལ་ལོ། །སྣང་སྟོང་ལྷ་ཡི་སྐུར་སྦྱངས་སྲོག་གི་ཟེར། །འབར་བའི་ཕྲེང་བས་དྲངས་པའི་འཁོར་ལོ་མཆོག །དྲི་བཞོན་རྟ་ལ་སྐྱོན་ཚེ་ཡེ་ཤེས་ཀྱི། །སྣང་བ་སྙིང་ལ་འཇུག་པར་མཛད་དུ་གསོལ། །སྙིང་དབུས་ཟླ་བས་ནོན་པའི་པདྨ་དཀར། །བཅུ་དྲུག་དབྱངས་ཀྱིས་བསྐོར་བའི་སྲོག་ཡིག་ཧྲཱིཾཿ། །འབར་ཞིང་བསྐོར་བའི་འཕྲོ་འདུའི་འོད་ཟེར་གྱིས། །སྙིང་གི་མུན་པ་གཞོམ་པར་མཛད་དུ་གསོལ། །ཟླ་བ་བདུ་རྩིར་བཞུས་པའི་ཟིལ་ཐིགས་བཅུད། །སྲོག་འཁོར་ལས་སྐྱེས་སྒྲིབ་ཀུན་འཁྲུད་པའི་ཆབ། །འཇོ་བས་གཟུངས་སྤོབས་བློ་གྲོས་ཟབ་མོའི་དཔལ། །ཆེར་འཕེལ་ནམ་ཡང་འགྲིབ་མེད་མཛད་དུ་གསོལ། །གསེར་སྦྱངས་ཐགས་སུ་བསྐྲུན་པའི་འོད་ཟེར་ཕྲེང་། །སྲིད་ཞིའི་དཔལ་ཀུན་སྡུད་པའི་བྱ་མ་རྟར། །ཆས་པའི་མོད་ལ་ཕྱྭ་གཡང་འདོད་དགུའི་གཏེར། །འཛད་མེད་ཆར་དུ་བསྐྱིལ་བར་མཛད་དུ་གསོལ། །ཆགས་མེད་ཆགས་པ་ཆེན་པོའི་ཡེ་ཤེས་མདངས། །རབ་དམར་བདུད་རྩིར་འཕྲུལ་བའི་ཏིང་འཛིན་ཆུས། །ཀུན་དཀྲིས་དྲི་མ་འཁྲུད་པའི་དཔལ་ཡོན་གྱིས། །ཆགས་པའི་མེ་ཆེན་གཞིལ་བར་མཛད་དུ་གསོལ། །སྙིང་རླུང་རྙོག་མ་ཞི་བའི་དག་བྱེད་གཏེར། །ཨིཎྜ་ནི་ལ་བཞུས་པའི་ཁུ་བ་ཡིས། །ལུས་ཀུན་འགེངས་པས་སྐྱོན་དག་ཡོན་ཏན་སྒོ། །རྣམ་འབྱེད་ཤེས་རབ་སྐྱེད་པར་མཛད་དུ་གསོལ། །གང་དག་དཔྲལ་བར་འདབ་བརྒྱད་པད་དཀར་བཅུད། །སྲོག་སྔགས་དུག་སེལ་བདུད་རྩིར་འཇོ་བའི་དཔྱིད། །མི་མཐུན་གནོད་དུག་ཞི་བའི་ཕྲིན་ལས་ཀྱིས། །གཞན་ཕན་སྒོ་འཕར་འབྱེད་པར་མཛད་དུ་གསོལ། །རོ་འཛིན་སྲབ་མོར་རྫས་བཞིས་བྲིས་པའི་སྔགས། །གསེར་མདོག་འཁོར་ལོ་འབར་བའི་འཕྲོ་འདུ་ཡིས། །ལེགས་བཤད་སྨྲ་ལ་ཐོགས་མེད་སྤོབས་པའི་ལྗགས། །ངག་གི་དབང་ཕྱུག་གྲུབ་པར་མཛད་དུ་གསོལ། །གཏོང་སེམས་རྗེས་ཆགས་རོལ་བའི་རང་མདངས་ལས། །རབ་མཉེན་པདྨའི་ལྕགས་ཀྱུས་ཆེ་དགུའི་ཡིད། །རང་དབང་བརྟན་པ་འཕྲོག་པའི་དཔལ་ཡོན་གྱིས། །དབང་ཕྱུག་འདོད་དགུར་འཕྲུལ་བར་མཛད་དུ་གསོལ། །དྲག་པོར་འཕྲུལ་བའི་ཏིང་འཛིན་ཕྲ་མོས་ཀྱང་།། རྒོལ་ངན་ལྕེ་ལ་སྨྲ་བཅད་རྒྱ་ཡིས་ཐེབས། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་རྔ་གསང་གིས། །འཇིགས་མེད་སེང་གེ་ལྟ་བུར་མཛད་དུ་གསོལ། །མདོར་ན་འདི་ནས་ཚེ་རབས་ཕྲེང་བ་རུ། །དད་པའི་རླབས་ཕྲེང་གཡོ་བའི་ཡིད་ཀྱི་མཚོར། །དབྱངས་ཅན་ངང་པའི་བུ་མོ་རྩེན་པའི་གར། །གྲུབ་གཉིས་འདོད་དགུར་བསྒྱུར་བར་མཛད་དུ་གསོལ། །མཐར་ཐུག་ཤེས་དང་ཤེས་བྱ་རོ་མཉམ་པའི། །མི་ཕྱེད་ཐུགས་ཀྱི་རྡོ་རྗེ་འདུས་མ་བྱས། །ངེས་དོན་འཕགས་མའི་གོ་འཕང་མངོན་བྱས་ནས། །མཁའ་ཁྱབ་འགྲོ་བའི་དཔལ་གྱུར་མཛད་དུ་གསོལ། །འཕགས་མའི་བྱིན་རླབས་འགྲོ་བའི་རྒྱུད་ལ་ཞུགས། །འགྲོ་རྣམས་འཕགས་མ་དགེས་པའི་བརྟུལ་ཞུགས་བརྟན། །རྒྱུ་རྐྱེན་རྟེན་འབྲེལ་དཔྱིད་དུས་ས་མྱུག་བཞིན། །ཡོན་ཏན་སྙེ་མས་འཇིག་རྟེན་འགེངས་གྱུར་ཅིག །ཅེས་པའང་ཚངས་སྤྱོད་བྲམ་ཟེ་གཞོན་ནུའི་བརྟུལ་ཞུགས་ལ་འདུན་ཅིང་འཕགས་མའི་རིགས་བྱེད་ལ་མོས་པ་འཆང་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་མེ་རྟ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་རྒྱལ་དང་ཕུར་བུའི་འགྲུབ་པ་བཟང་པོ་ལ་བྲིས་ཤིང་གསོལ་བ་བཏབ་པ་ངག་གི་དབང་ཕྱུག་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག

ངག་གི་དབང་ཕྱུག་འཕགས་མ་དབྱངས་ཅན་མ་ལ་བསྟོད་པ་རབ་སྙན་ནོར་བུའི་རྒྱུད་མང་།

༄༅། །ངག་གི་དབང་ཕྱུག་འཕགས་མ་དབྱངས་ཅན་མ་ལ་བསྟོད་པ་རབ་སྙན་ནོར་བུའི་རྒྱུད་མང་ཞེས་བྱ་བ། སྙན་ངག་གི་ལྷ་མོ་ལ་ཕྱག་འཚལ་ལོ། །རབ་དཀར་འོད་ཟེར་སྟོང་གི་དྲྭ་བ་ཡིས། །ཉེས་པའི་མུན་པ་མ་ལུས་སེལ་མཛད་པའི། །དྲི་ཟའི་ན་ཆུང་ཡིད་འོང་མཛེས་པའི་སྐུ། །བདག་གི་སྙིང་ལ་འབྲལ་བ་མེད་པར་མཛོད། ༡ །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་ཆུ་གཏེར་ལས། །ཉེར་ཐོན་ཕུལ་བྱུང་མཚན་དཔེའི་ཆ་རྫོགས་ཤིང་། །བློ་གྲོས་ཀུ་མུཏ་བཞད་པའི་དཔལ་ཡོན་ཅན། །ཟླ་གཞོན་འདྲ་བས་བདག་ལ་སྣང་བ་སྩོལ། ༢ །དབྱངས་ཀྱི་ཡན་ལག་རྫོགས་པའི་གསུང་གཅིག་གིས། །འགྲོ་ཚོགས་མ་རིག་གཉིད་ལས་སློང་མཛད་ཅིང་། །རྣམ་གྲོལ་རྨ་བྱ་དགའ་བའི་གཉེན་གཅིག་པུ། །འབྲུག་སྒྲ་འདྲ་བས་བདག་ལ་དབུགས་དབྱུང་མཛོད། ༣ །མཁྱེན་པའི་ཡེ་ཤེས་གཏིང་མཐའ་མི་དཔོག་ཅིང་། །བརྩེ་ཆེན་ཐུགས་རྗེའི་རླབས་ཕྲེང་འབུམ་ཕྲག་གིས། །སྲིད་པའི་ཚད་གདུང་མཐའ་དག་བཅིལ་ནུས་པའི། །ཆུ་གཏེར་འདྲ་བས་བདག་ལ་བགོ་སྐལ་སྩོལ། ༤ །དཔལ་ལྡན་ཡོན་ཏན་ཕན་བདེའི་འོད་སྟོང་གིས། །ས་གསུམ་དགེ་ལེགས་པདྨོ་བཞད་མཛད་ཅིང་། །ཉེས་པའི་མུན་པ་མ་ལུས་སེལ་བའི་དཔལ། །ཉི་མ་འདྲ་བས་བདག་བློའི་མུན་པ་སོལ། ༥ །ཕུལ་བྱུང་ཕྲིན་ལས་གློག་གི་ཟློས་གར་གྱིས། །གྲུབ་གཉིས་འདོད་དགུའི་གྲུ་ཆར་འཇོ་བ་ཡིས། །ལུས་ཅན་ཕན་བདེའི་མྱུ་གུ་བསྐྱེད་བསྲིང་བའི། །ཆར་སྤྲིན་འདྲ་བས་བདག་བློའི་རེ་སྐོང་མཛོད། ༦ །འཕགས་བོད་མཁས་གྲུབ་བྱེ་བས་ལེགས་མཆོད་ནས། །སྙན་ངག་ཆུ་བོ་སྟོང་ཕྲག་ཕྱོགས་བརྒྱ་རུ། །འདྲེན་པའི་ངོ་མཚར་དུས་ལས་ཡོལ་མིན་པའི། །གངས་རི་འདྲ་བས་བདག་ལ་ཆུ་བོ་བྱིན། ༧ །སྐྱེ་བོ་རྣམས་ཀྱི་སྙིང་ལ་གནས་བཅས་ནས། །བདེན་དང་དམ་བཅས་མི་འཚེར་སྦྱོར་མཛད་པའི། །ཡེ་ཤེས་རང་བཞིན་ཀུན་ལ་ཁྱབ་པའི་བདག །ཤེས་བྱ་འདྲ་བས་བདག་ལ་མཁྱེན་པར་མཛོད། ༨ །མཁས་པ་རྣམས་ཀྱི་ངག་ལ་གནས་བཅས་ཏེ། །ལེགས་བཤད་མི་ཟད་བདུད་རྩི་སྐྱུག་པ་ཡིས། །ཐུབ་བསྟན་མཚོ་ཆེན་ཆེས་ཆེར་སྤེལ་མཛད་པའི། །གསུང་དབང་འདྲ་ནས་ངག་ལ་ཤིས་པ་བྱིན། ༩ །བྲམ་ཟེ་རྣམས་ཀྱི་ལྷ་རུ་མངོན་སྤྲུལ་ནས། །རིག་བྱེད་བཞི་སོགས་གང་ལ་གང་འདུལ་གྱི། །འདོད་པའི་འབྲས་ཀུན་ཡིད་བཞིན་འཇོ་མཛད་པའི། །གཏེར་ཆེན་འདྲ་བས་བདག་ལ་འབྱོར་བར་མཛོད། ༡༠ །གང་དག་འཆད་པར་འདོད་ལ་སྨྲ་བའི་ལྕེ། །རྩོད་པར་འདོད་ལ་རིགས་པའི་མདའ་རྣོན་མཆོག །རྩོམ་པར་འདོད་ལ་ལེགས་བཤད་བྱེ་བའི་གཏེར། །ནོར་མཆོག་འདྲ་བས་བདག་ལ་དངོས་པོ་བྱིན། ༡༡ །ཁྱོད་ནི་མ་འདྲིས་ཀུན་ལ་མཛའ་བའི་གཉེན། །སྐྱེ་དགུའི་རེ་བ་སྐོང་ཞེས་ཉེར་གྲགས་ན། །རྨོངས་པ་བདག་གིས་འདོད་པའི་ཚིག་འགའ་ཞིག །གསོལ་བར་བགྱི་འོ་འཕགས་མ་དབྱངས་ཀྱི་རྒྱལ། ༡༢ །ལས་ཉོན་དྲྭ་བས་སྒྲིབ་པའི་མཐོང་བྱེད་སྒོར། །ཁྱེད་སྐུའི་བདུད་རྩི་མངོན་དུ་མ་གྱུར་ཀྱང་། །སྙིང་ལ་དད་གསུམ་པིར་གྱིས་ལེགས་བྲིས་ནས། །ཡང་ཡང་འབོད་པ་ཁྱེད་ཀྱིས་མ་གསན་ནམ། ༡༣ །བསླབ་གསུམ་སྟོབས་ཉམས་དྲན་ཤེས་མཁར་བ་ཆག །ཤེས་རབ་མིག་བྲལ་སྲིད་པའི་འབྲོག་དགོན་དུ། །རྣམ་པར་འཁྱམས་པའི་ཉམ་ཐག་བདག་འདྲ་བ། །ཀྱེ་མ་མ་ཡི་ཐུགས་རྗེས་འདོར་ཕོད་དམ། ༡༤ །དམན་ལ་དགྱེས་པའི་སྤྱན་རས་མི་བཙའ་ན། །དམ་པ་རྣམས་ལ་དགོངས་ཀྱང་ཅི་ཞིག་དགོས། །གཏུམ་པོ་རྣམས་ཀྱང་མཆོད་ན་མགོན་བྱེད་ན། །འཕགས་མ་བདག་ལ་ཅི་ཕྱིར་དགོངས་མི་མཛད། ༡༥ །དུས་ལས་ཡོལ་མེད་ཐུགས་རྗེའི་རླབས་ཕྲེང་གིས། །འགྲོ་ཀུན་རྒུད་པའི་གདུང་བ་གཞིལ་གྲགས་ན། །བདག་ལ་མཐོང་བ་ཙམ་ཡང་མ་བསྟན་ཅི། །དེ་སླད་བདག་ནི་ཤིན་ཏུ་སྐལ་མེད་ལགས། ༡༦ །འཕགས་མའི་ཐུགས་རྗེར་ཕྱོགས་རིས་མངའ་འམ་ཅི། །བདག་གི་གདུང་བའི་སྨྲེ་སྔགས་མ་གསན་ནམ། །ཅི་ཡི་སླད་དུ་བདག་ལ་བརྩེ་མི་མཛད། །ད་ནི་མ་ཐོགས་མྱུར་དུ་རྗེས་འཛིན་མཛོད། ༡༧ །མཛེས་སྐུ་མིག་གི་བདུད་རྩིར་སྟོན་{པ་ཞུ་མཆན། }དང་། །ཚངས་པའི་གསུང་དབྱངས་རྣ་བའི་ཅུད་དུ་སིམ། །ཡིད་ལ་ཡེ་ཤེས་འཇུག་པ་ཟབ་མོ་ཡིས། །སྐད་ཅིག་ཙམ་ཡང་འབྲལ་མེད་སྲུང་བར་མཛོད། ༡༨ །དབྱངས་ཀྱི་རྒྱལ་མོ་རྒྱལ་ཀུན་བསྐྱེད་པའི་ཡུམ། །ཤེས་རབ་ཕར་ཕྱིན་དོན་དམ་བདེན་པ་མཆོག །སྐྱེ་བོ་ཀུན་གྱི་མྱུར་དུ་རྟོགས་གྱུར་ནས། །ཐམས་ཅད་མཁྱེན་པའི་གནས་ལ་ངལ་འཚོ་ཤོག ༡༩ །མཁྱེན་བརྩེ་ནུས་པའི་ཡོན་ཏན་དར་དྲགས་པས། །འཆད་རྩོད་རྩོམ་གསུམ་རླབས་ཆེན་ཕྲིན་ལས་ཀྱིས། །ཐུབ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་པ་རིན་ཆེན་ཡུན་དུ་གསལ་བྱེད་ཤོག ༢༠ །བཀྲ་ཤིས་ཉི་མ་སྟོང་ཁམས་བདལ་བ་ཆེ། །སྲས་བཅས་རྒྱལ་བའི་ཐུགས་རྗེའི་གྲུ་ཆར་གྱིས། །རྫོགས་ལྡན་དབྱར་གྱི་རྔ་གསང་རྟག་འབར་བས། །འགྲོ་ཀུན་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག ༢༡ །འཕགས་མ་དབྱངས་ཅན་མ་ལ་བསྟོད་པ་རབ་སྙན་ནོར་བུའི་རྒྱུད་མང་ཞེས་བྱ་བ་ཤཱཀྱའི་དགེ་ཚུལ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས་སྦྱར་བ་དགེ་ལེགས་འཕེལ།
༄༅། །ༀ་སྭསྟི། འཇིག་རྟེན་དབང་ཕྱུག་ཚེམས་ཀྱི་ཆུ་གཏེར་ལས། །ཉེར་ཐོན་ཀུན་རྨོངས་ཚད་གཞིལ་འཕགས་མའི་ཟླ། །སྙན་ངག་ཆུ་ཀླུང་མཐའ་དག་འཕེལ་མཛད་དེས། །བདག་བློའི་ཀུ་མུཏ་མཆོག་ཏུ་རྒྱས་པར་མཛོད། །སྙན་སྙན་བརྟན་གཡོ་སྲིད་པའི་སྒྲ་སྐད་ཀུན། །ཡང་ཡང་གཅིག་ཏུ་བསྡམས་ལས་མངོན་སྣང་བའི། །མཚར་མཚར་ཚངས་པའི་སྲས་མོ་དཔེ་མེད་ལ། །མང་མང་མཁས་པའི་ཚོགས་ཀྱི་བསྔགས་བྱར་གྱུར། །ཉི་མས་དབང་སྔོན་བཞུས་པའི་ཁུ་བ་ནི། །གཅིག་ཏུ་བསྐྱིལ་འདྲའི་རིན་ཆེན་མཚོ་རྫིང་འགྲམ། །པད་དཀར་ལང་ཚོས་སྒེག་པའི་ཀེེ་སར་རྩེར། །རབ་གསལ་ཚེས་བདག་རྒྱས་པའི་གདན་མཆོག་མཛེས། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་མཛེས་སྐུའི་དཔལ། །སྲིད་པ་བརྟན་གཡོའི་དཀར་བའི་དངོས་པོ་ཀུན། །བྱེད་པོའི་ཕྱག་རྒྱས་ལན་སྟོང་བཞུས་པ་ཡི། །དྲི་མེད་སྙིང་པོ་མཆོག་ལས་བསྐྲུན་པ་བཞིན། །ཟླ་བའི་ཞལ་རས་ཆུ་ཤིང་བརླ་ནང་གཤིམ། །བིམ་པའི་མཆུ་སྒྲོས་གེ་སར་ཚེམས་ཕྲེང་མཛེས། །ལྕུག་ཕྲན་ཕྱག་གིས་རྒྱུད་མང་འཁྲོལ་བ་ལ། །སྤྱན་གྱི་བུང་བ་གཅིག་ཏུ་ཆགས་པ་བཞིན། །དྲི་མེད་མ་ལི་ཀ་{ལཱི་ཀཱ}ཡི་ཕྲེང་བ་ཡིས། །མངོན་མཛེས་ཐོར་ཚུགས་རྩེར་གནས་བསིལ་ཟེར་ཅན། །ཞལ་གྱི་དཀྱིལ་འཁོར་མཐོང་བས་མ་བཟོད་ནས། །སྐྱེངས་པའི་ཡིད་ཀྱིས་ཀུན་ཏུ་འདར་བ་འདྲ། །ཛམ་བུ་ན་དཱའི་སྙིང་པོ་ལས་བསྐྲུན་པའི། །འབུམ་ཕྲག་འོད་ཟེར་འཕྲོ་བའི་རྒྱན་ཆ་དང་། །རིན་ཆེན་རིན་ཐང་བྲལ་བའི་དོ་ཤལ་གཉིས། །ཕན་ཚུན་ལང་ཚོའི་དྲེགས་པས་འགྲན་པ་བཞིན། །སྲབ་འཇམ་ཡངས་པ་ལྷ་ཡི་ན་བཟའ་དང་། །ལྷབ་ལྷུབ་དར་གྱི་འཕྱང་འཕྲུལ་གཡོ་བ་ཡང་། །རབ་དཀར་ཀེ་ལ་ཤ་ཡི་ས་འཛིན་ལ། །རྣམ་བཀྲའི་དབང་པོའི་གཞུ་ཡིས་འཁྱུད་པ་བཞིན། །བཻཌཱུར་རྒྱུད་མང་སྦྲེེང་བའི་ཡིད་འཕྲོག་དབྱངས། །སྟོང་ཁམས་རྣ་བའི་བཅུད་དུ་ལེན་པའི་ཚེ། །ཏམྦུ་ར་སོགས་སྙན་སྒྲོགས་དབང་པོ་རྣམས། །ཁེངས་པ་ཞུམ་ནས་ཡང་ཡང་བཏུད་དམ་སྙམ། །གང་གི་མཛེས་སྡུག་སྐུ་ཡི་རྣམ་དཔྱོད་དཔལ། །མཐོང་བས་ཞུམ་པའི་བཅུ་གཉིས་བདག་པོ་ཡང་། །མྱུར་བའི་སྟབས་ཀྱིས་ནུབ་རིར་ཡིབ་པ་ལ། །ཀུ་མུ་ད་རྣམས་འཕྱ་བས་དགོད་པ་འདྲ། །ཡན་ལག་དྲུག་ཅུ་རྫོགས་པའི་གསུང་དབྱངས་ཀྱིས། །ཕུལ་བྱུང་སྙན་ཚིག་གླུ་རུ་བླངས་པའི་ཚེ། །རིག་བྱེད་དྲན་པོ་ཁེངས་པ་རབ་ཞི་ནས། །ཐོས་འཛིན་བརྒྱད་ཀྱིས་འབད་པས་མཉན་ནམ་སྙམ། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་མཐའ་དག །ཇི་བཞིན་གཟིགས་པ་ཁྱོད་ཐུགས་མཁྱེན་པའི་མཐར། །ངལ་བརྒྱས་འབད་ཀྱང་འགྲན་པར་མ་བཟོད་ནས། །ཀུན་གསལ་ཆུ་འཛིན་ཕག་ཏུ་ཡིབ་མིན་ནམ། །མཆོག་གི་ཡོན་ཏན་ཤིན་ཏུ་རྒྱ་ཆེ་བ། །བརྗོད་ལ་མངོན་དགའ་ཆུ་ལྷའི་བུ་མོ་ཡིས། །རོ་འཛིན་བརྒྱ་ཡིས་བསྐལ་པར་འབད་བྱས་ཀྱང་། །ཆ་ཙམ་མ་དཔོག་ལྕེ་ལ་ངོ་ཚ་བཞིན། །གང་གི་རྗེེས་བརྩེ་འཛུམ་པའི་སྤྱན་ཟུར་མདའ། །བློ་ལྡན་གང་གི་སྙིང་ལ་རེག་ཙམ་གྱིས། །ལྷན་སྐྱེས་ཀུན་ནས་དཀྲིས་པའི་མ་རིག་དཔུང་། །དབང་ཕྱུག་སུམ་བརྩེགས་བཞིན་དུ་བཅོམ་གྱུར་མཚར། །དེ་སླད་བདག་བློ་ངང་པའི་བུ་མོ་ནི། །རྣམ་པ་ཀུན་ཏུ་གཡོ་བ་མེད་པ་རུ། །དབྱངས་ཅན་འོ་མའི་མཚོ་ལ་རབ་ཆགས་ན། །འཛུམ་པའི་རླབས་ཕྲེང་ཅིག་ཅར་གཡོ་མཛོད་ཀྱཻ། །ཁོ་བོའི་བློ་ཡི་རྫིང་བུ་དང་འཚམས་པའི། །བསྟོད་བསྔགས་མེ་ཏོག་ཕྲེང་བ་འདི་འབུལ་ན། །མཚོ་བྱུང་དཔལ་མོ་བརྩེ་བས་རྗེས་དགོངས་ཏེ། །ངག་གི་དབང་ཕྱུག་དམ་པ་དེང་འདིར་སྩོལ། །ཤུགས་དྲག་དད་པའི་ལག་པས་བསྔགས་འོས་ཀྱི། །ཨུཏྤལ་ཚིག་གི་ཕྲེང་བར་བརྒྱུས་པའི་མོད། །འདོད་བའི་རེ་སྐོང་འཕགས་མ་སྐྱེ་ཀུན་ཏུ། །བདག་གི་སྙིང་ལ་འབྲལ་བ་མེད་གྱུར་ཅིག །འཆད་རྩོད་རྩོམ་པའི་ལང་ཚོ་དར་དྲགས་པས། །ཚད་མ་གསུམ་ལྡན་ཐོག་མཐའ་བར་དགེ་བའི། །མཚུངས་མེད་ཐུབ་པའི་བསྟན་མཆོག་རིན་པོ་ཆེ། །ཕྱོགས་དུས་ཀུན་ཏུ་ཆེས་ཆེར་སྤེལ་བྱེད་ཤོག །འཕགས་མ་སྒྲ་དབྱངས་ལྷ་མོ་ལ་བསྔགས་པ་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ་རྒྱལ་ཁམས་ཆུ་བཞིན་ཉུལ་བའི་ཀུ་སཱ་ལི་ཛྙཱ་ན་ས་ག་རས་བྲིས་པ་དགེ།
༄༅། །སྭ་ར་སྭསྟི་པྲཉྫ་བྷྱཿ མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་ཡེ་ཤེས་སྐུ།། འཇམ་དཔལ་ཡང་དག་སེམས་དཔའ་དགྱེས་བསྐྱེད་གར། །ཤེས་རབ་ཕར་ཕྱིན་རྡོ་རྗེ་དབྱངས་ཀྱི་རྒྱལ། །བདག་ཡིད་རྩེ་དགའི་ཆགས་པས་རྗེས་སྐྱོངས་ཤིག ༡ །ཁྱོད་ནི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ཆོས་དབྱིངས་མཉམ་པ་ཆེན་པོར་རྗེས་ཞུགས་པས། །ཡི་གེ་སྨྲ་བས་རྟོགས་པའི་ཡུལ་མིན་ན། །གང་གིས་གང་ལ་ཇི་ལྟར་བསྟོད་པར་བགྱི། ༢ །སྟོང་དང་རྟེན་འབྱུང་ཟུང་དུ་འཇུག་པའི་གཤིས། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་རྣམ་དག་པ། །གློ་བུར་སྤྲོས་པས་ནམ་ཡང་ཉམས་པ་མེད། །ཟབ་པའི་ཚུལ་དེ་ཁྱོད་ཀྱི་རང་གཤིས་ལགས། ༣ །ཡོད་མེད་རྟག་ཆད་སྤྲོས་པའི་མཐའ་ལས་འདས། །འབྱོན་དང་བཞུད་དང་བཞུགས་པ་ཡང་མི་མངའ། །ནམ་མཁའི་སྐུ་ཅན་སུ་ཡིས་བསམ་པར་ནུས། །དབུ་མའི་ལམ་དེ་དོན་དམ་སྤྱོད་ཡུལ་ཉིད། ༤ །རང་བཞིན་འོད་གསལ་ཉི་མ་འཁོར་ཡུག་བརྡལ། །ཡེ་ཤེས་ཡངས་པའི་རོལ་རྩེད་བསམ་མི་ཁྱབ། །གཅིག་དང་དུ་མར་མི་གནས་ཕྱག་རྒྱ་ཆེ། །དངོས་གཅིག་དངོས་པོ་ཀུན་གྱི་རང་བཞིན་མཚར། ༥ །ཆགས་མེད་ཆགས་པ་ཆེན་པོའི་ཡེ་ཤེས་ནི། །སྲིད་ཞིར་མི་གནས་མཉམ་པ་ཉིད་ཀྱི་དབྱིངས། །སྐྲ་རྩེའི་ཁྱོན་ལ་རྡུལ་སྙེད་ཞིང་སྐུའི་སྤྲིན། །མ་འདྲེས་འཆར་བའི་སྒྱུ་མ་འདི་ཆེ་འོ། ༦ །ལས་ཀྱི་སྒྱུ་མ་སྒྱུ་མ་ཆེན་པོ་ཡི། །རྡོ་རྗེ་བསྡོམས་པས་རྗེས་སུ་བསྡོམས་པའི་གར། །ནམ་མཁའི་མུ་ཁྱུད་མཉམ་པའི་ཕ་མཐའི་ཁྱོན། །གཟིགས་མཆོག་མངའ་རྣམས་ལུང་སྟོན་མཛད་མ་ལགས། ༧ །དེ་སླད་བརྗོད་མཐས་གཏུག་གང་བརྗོད་པས་ཅི། །བརྗོད་པ་སྤངས་ཏེ་གཅིག་ཏུ་གུས་པའི་ཡིད། །བརྗོད་མེད་དོན་ལ་མཉམ་པར་འཇོག་བགྱིད་ན། །འཛད་མེད་སྤོབས་པའི་གཏེར་ཆེན་འབྱིན་མཛོད་ཀྱཻ། ༨ །དབྱངས་ཅན་ཞབས་ཀྱི་ཟླ་ཚེས་ལ། །དད་པའི་ཀུ་མུཏ་ཆེར་བཞད་པའི། །གཞན་ཕན་བློ་གྲོས་བཟང་པོས་སྦྱར། །འགྲོ་ཀུན་གསུང་དབང་འགྲུབ་གྱུར་ཅིག།
༄༅། །ན་མ་སྭ་ར་སྭསྟི་ཡེ། རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་རོལ་ཅན་མ། །འགྲོ་ལ་རྗེས་ཆགས་སྙིང་རྗེ་བསྲུབས་པ་ལས། །ཉེར་འཁྲུངས་བློ་གྲོས་ངན་པའི་ཚད་གདུང་འབུམ། །གཞིལ་མཛད་རྡོ་རྗེ་དབྱངས་ཀྱི་རྒྱལ་མོར་འདུད། ༡ །བརྟན་གཡོའི་མཛེས་སྡུག་དྭངས་བཅུད་བྱེད་པོ་ཡིས། །གཅིག་ཏུ་བསྡོམས་པས་མི་མཚོན་ཁྱོད་སྐུའི་དཔལ། །རང་ཉིད་དཔེ་ཟླར་བཞག་ལས་གཞན་མིན་ཞེས། །ཞིང་ཁམས་རྒྱ་མཚོར་གྲགས་པའི་མུ་ཁྱུད་བརྡལ། ༢ །སྲིད་དང་ཞི་བའི་སྒྲ་དབྱངས་འབུམ་ཕྲག་སྙེད། །དཔལ་མོ་ཁྱོད་གསུང་ཁོ་ནས་འཕྲོག་མཐོང་ནས། །རིག་བྱེད་དྲན་པོ་མི་སྨྲའི་བརྟུལ་ཞུགས་ཀྱིས། །ཐོས་འཛིན་བརྒྱད་ཀྱིས་འབད་པས་མཉན་པར་ངེས། ༣ །ཤེས་བྱའི་ཁོངས་སུ་མི་རྫོགས་མཁྱེན་བརྩེའི་མཐར། །འགྲན་ལས་ངལ་བའི་སྔོ་བསངས་བུ་མོ་ཡིས། །ཐོད་རྒྱན་ཟླ་བ་གསར་པའི་མེ་ལོང་དེ། །ངེས་པར་གདན་དུ་བཀོད་ལ་སོམ་ཉི་ཅི། ༤ །དཔག་ཡས་ཡོན་ཏན་ནོར་བུའི་མཛོད་ཀྱི་ལྕིད། །དུས་གསུམ་ལུས་མེད་ཐུལ་དང་མཉམ་མོ་ཞེས། །རྒྱ་མཚོའི་གོས་ཅན་འཁུན་བཅས་འདར་བ་ལས། །ཡོན་པའི་ཚུལ་གྱིས་ཅུང་ཟད་འཛུམ་པ་འདྲ། ༥ །ཀུན་གསལ་གཟུགས་སུ་མ་གྲུབ་དེ་སྲིད་དུ། །ཕ་མཐའ་རྫོགས་མིན་ཁྱོད་ཀྱི་ཕྲིན་ལས་དང་། །འཁོར་མཐའ་ཕན་ཚུན་འགྲན་སྙམ་ཁོ་བོའི་ཡིད། །ཐེ་ཚོམ་ཁྱོགས་ལ་འཕྱང་འདི་ལྷན་སྐྱེས་ཉིད། ༦ །སྲིད་ཞིའི་ཁོངས་སུ་རྫོགས་མིན་ཟུར་མིག་མདའ། །གང་ལ་རེག་དེའི་སྙིང་ལ་ཐོགས་མེད་ནས། །གནས་བཅས་ཤེས་བྱར་འཁོན་པའི་དགྲ་བོ་དེས། །སླད་ནས་ཕྱི་མིག་ལྟ་བའི་སྐབས་མི་འཚལ། ༧ །ཁྱོད་ཞབས་བརྟེན་པས་སྔོན་རབ་བློ་མཆོག་འབུམ། །བྱིན་པ་མེད་པར་ཀུན་མཁྱེན་རྒྱལ་ཐབས་ཆེར། །རང་དབང་སྤྱོད་པའི་གཏམ་གྱི་གླིང་བུ་བརྒྱས། །ཨེ་མ་ཁོ་བོའི་སྒྲ་འཛིན་དོན་ལྡན་བྱས། ༨ །དེ་སླད་ཁྱོད་ཡོན་ཞགས་པས་དབང་མེད་དུ། །བདག་ཡིད་རིག་པའི་ཁྱེའུ་ཆུང་བཅིང་བའི་རྒྱུས། །ཡུལ་གཞན་གཡོ་བའི་གོ་སྐབས་མི་བགྱིད་ན། །ཐུགས་རྗེའི་ཕྱག་ཡངས་རྐྱོངས་ཤིག་འཕགས་མ་ཀྱཻ། ༩ །ཚེ་རབས་ཕྲེང་བར་ཁྱོད་ཞབས་ཟླ་ཚེས་དྲུང་། །བདེ་བར་ངལ་འཚོ་ཐོབ་པའི་དགེ་མཚན་གྱིས། །གཏེར་བརྒྱད་ཀུ་མུཏ་བཞད་པའི་བདུད་རྩིའི་སྐྱེས། །རྣམ་མང་མགྲོན་ལ་འགྱེད་པའི་དཔལ་སྩོལ་ཅིག ༡༠ །དེ་སྐད་འཕགས་མ་དྲན་པའི་ངག །དབྱངས་ཅན་དགྱེས་པའི་ཡིད་ལས་སྐྱེས། །དགེ་བས་འབྲེལ་བཅས་འགྲོ་རྣམས་ཀྱིས། །སྤོབས་པས་རྒྱལ་བསྟན་འཛིན་ནུས་ཤོག།
༄༅། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །དཀར་མོ་ཀུན་ནས་དཀར་བའི་སྐུ། །སྐྱོན་ལས་རྣམ་པར་གྲོལ་བས་ཏེ། །རྒྱན་དང་ཆ་ལུགས་བཟང་པོས་ཀྱང་། །དཀར་བ་ཉིད་ཀྱིས་གཟིགས་སུ་གསོལ། །དཀར་མོ་ཀུན་ནས་དཀར་བའི་གསུང་། །རྫུན་སོགས་དྲི་མས་གོས་མིན་པར། །འགྲོ་རྒྱུད་ཉེས་ཚོགས་འཁྲུད་ནུས་པའི། །ཆེས་དཀར་བདུད་རྩི་བདག་ལ་སྩོལ། །དཀར་མོ་ཀུན་ནས་དཀར་བའི་ཐུགས། །སྒྲིབ་གཉིས་སྒྲ་གཅན་ལས་གྲོལ་ཞིང་། །མཁྱེན་བརྩེའི་དཀྱིལ་འཁོར་ཡོངས་རྫོགས་པའི། །འོད་དཀར་བདག་ལ་སིམ་པ་སྩོལ། །དཀར་མོ་ཡོན་ཏན་ཆེས་དཀར་ཕུལ། །མི་ཤིས་མཚན་མ་མེད་པའི་དཔལ། །ཕན་བདེའི་སྣང་བ་སྦྱིན་མཛད་མ། །དཀར་བའི་ཆ་ཤས་བདག་ལ་སྩོལ། །དཀར་མོ་ཕྲིན་ལས་ཆེས་དཀར་མ། །རྟག་པར་འགྲོ་བློའི་མུན་སེལ་ཞིང་། །ཡང་དག་ལམ་བཟང་སྣང་མཛད་པས། །བདག་ཡིད་དཀར་པོར་བསྒྱུར་དུ་གསོལ། །དཀར་མོ་མཆོག་ལ་དད་པའི་ཡིད། །དཀར་བ་ལས་ཀྱང་ཆེས་དཀར་བའི། །འོ་མའི་མཚོ་འདིར་རྗེས་དགོངས་ལ། །དཀར་མོ་རྟག་ཏུ་རྩེན་པར་མཛོད། །བདེན་དུལ་འཚེ་བ་ལས་ལྡོག་སོགས། །ལྷ་མོའི་བརྟུལ་ཞུགས་ཆེས་དཀར་བས། །རྨི་ལམ་ན་ཡང་ཉེས་སྤྱོད་དྲིས། །གོས་མིན་ཚུལ་ཁྲིམས་ཆེས་དཀར་ཤོག །དཀར་མོའི་ཏིང་འཛིན་ལ་གནས་པས། །གཡོ་བའི་སེམས་ནི་རབ་བཅིང་ཞིང་། །ཧྲཱིཾཿཡིག་བཟླས་པའི་འོད་དཀར་གྱིས། །གཟུངས་སྤོབས་བློ་གྲོས་ཆེས་དཀར་ཤོག །རྒྱགས་སོགས་དྲི་མ་མེད་པ་ཡིས། །ཀུན་ནས་དཀར་བའི་ཐོས་བསམ་དང་། །སྒོམ་པའི་ཤེས་རབ་རྒྱ་ཆེན་པོས། །འཇིག་རྟེན་སྣང་བྱེད་ཆེན་པོར་ཤོག །རང་འདོད་དྲི་མས་གཞར་མ་གོས། །ཀུན་ནས་དཀར་བའི་འཆད་རྩོད་རྩོམ། །ཐུབ་བསྟན་གསལ་བའི་སྒྲོན་མེ་ཆེར། །ལེགས་སྣང་གྲགས་དཀར་ཀུན་ཁྱབ་ཤོག །དཀར་མོའི་ཕྲིན་ལས་གདུགས་དཀར་གྱིས། །ས་གསུམ་ཡོངས་སུ་ཁེབས་གྱུར་ནས། །འགྲོ་ཀུན་དཀར་པོའི་འཇུག་པ་ཡིས། །དཀར་མོའི་གོ་འཕང་མངོན་བྱེད་ཤོག།
༄༅། །འཕགས་མ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་མ་ནི། །གང་འདུལ་མཚན་དཔེའི་སྐུར་སྣང་བ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །གངས་རི་ཟླ་འོད་ཀུ་མུཏ་ཀྱི། །དཀར་བ་ཉིད་ཀྱིས་མི་མཚོན་པའི། །ཡེ་ཤེས་རང་བཞིན་དག་པའི་སྐུ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །རྫ་རྔ་ཅང་ཏེ་པི་ཝཾ་དང་། །ཚངས་པའི་ངག་གིས་མཚོན་མིན་པའི། །གཞོམ་མེད་ནཱ་དའི་སྒྲ་ལྡན་གསུང་། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཚངས་དབང་ཁྱབ་འཇུག་ཕུར་བུ་སོགས། །བློ་ཆེན་ཡོངས་ཀྱིས་ཆ་ཙམ་ཡང་། །བསྒྲུན་མིན་མཁྱེན་བརྩེའི་ཐུགས་མངའ་བ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །བུམ་བཟང་དཔག་བསམ་གཏེར་སོགས་ལས། །རིང་འདས་སྐྱེ་དགུའི་རེ་སྐོང་ཕུལ། །ཡོན་ཏན་བསམ་གྱིས་མི་ཁྱབ་པའི། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །གང་གི་ཕྲིན་ལས་ཞགས་པ་ཡིས། །བརྟན་གཡོའི་དངོས་ཀུན་སྡུད་ཅིང་འཆིང་། །ནམ་མཁའི་མཐའ་དང་རབ་མཉམ་པའི། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །དཀར་དང་དམར་དང་སེར་ལེ་བརྒན། །མཐིང་ཀ་ལ་སོགས་སྣ་ཚོགས་པའི། །དུ་མའི་གར་གྱིས་འགྲོ་བ་སྐྱོང་། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྣ་ཚོགས་སྐུ་ཅན་ཏེ། །དེ་བཞིན་གསུང་དང་ཐུགས་ཀྱང་ངོ་། །བསམ་མི་ཁྱབ་ཀྱང་བསམ་བྱའི་གཞི། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྣང་དང་མི་སྣང་དང་། །རྟག་དང་མི་རྟག་གཉིས་མ་ཡིན། །མཐའ་ལས་འདས་པའི་ཆོས་ཉིད་ཅན། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །གང་ལ་མཚན་མ་མི་མངའ་ཡང་། །མཚན་མ་ཅན་ལ་ཅིར་ཡང་སྟོན། །སྒྱུ་མའི་རང་བཞིན་སྒྱུ་མ་ཆེ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལན་གཅིག་ཁྱོད་མཚན་ཐོས་པ་དང་། །དགའ་དང་དད་པའི་སེམས་སྐྱེས་ཀྱང་། །ཡིད་ལ་སྣང་བ་རབ་སྦྱིན་པའི། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཁྱོད་སྐུའི་རྣལ་འབྱོར་གསལ་བཏབ་དང་། །གཟུངས་སྔགས་སྙིང་པོ་བཟླས་པའི་མོད། །བློ་ངན་འཐིབས་པོ་མིང་མཐར་བྱེད། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་བྱིན་རླབས་ཉིན་མོར་བྱེད། །དད་པའི་འདབ་བརྒྱར་ཆགས་པའི་མོད། །གཏེར་བརྒྱད་བདུད་རྩི་སྐྱུག་མཁས་པ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཨེ་མ་སྔོན་ནས་འབྲེལ་བའི་ལྷ། །ད་ལྟ་རྩེ་གཅིག་ཁྱོད་འབོད་ན། །རབ་དགྱེས་འཛུམ་པའི་བསིལ་ཟེར་གྱིས། །སྙིང་གི་ཀུ་མུཏ་བཞད་པར་མཛོད། །བདེན་དང་དུལ་དང་མི་འཚེ་བའི། །ལྷ་མོའི་དམ་ཚིག་ལ་གནས་ན། །ཐུགས་རྗེའི་འཇུག་པ་ཟབ་མོ་ཡིས། །སྐྱེ་ཀུན་འབྲལ་མེད་རྗེས་འཛིན་མཛོད། །མི་བརྗེད་གཟུངས་དང་ཐོགས་མེད་ཀྱི། །བློ་གྲོས་སྤོོབས་པ་མི་ཟད་པས། །རྩོད་འཆད་རྩོམ་པའི་ཕྲིན་ལས་ཀྱིས། །རྒྱལ་བསྟན་ཡུན་དུ་གསལ་ནུས་མཛོད། །བདག་དང་བདག་ལ་འབྲེལ་བ་རྣམས། །ཚེ་འདིར་འཕགས་མས་རྗེས་བཟུང་ཞིང་། །དུས་ཀྱི་མཐར་ཡང་མངོན་སྣང་སྟེ། །མཁའ་སྤྱོད་གནས་སུ་འདྲེན་པར་མཛོད། །དེ་ལྟར་བསྔགས་ལས་བྱུང་བ་ཡི། །དགེ་བས་འགྲོ་བ་མཐའ་དག་པ། །ངག་གི་དབང་ཕྱུག་མཆོག་གྲུབ་ནས། །དོན་གཉིས་མཐའ་རུ་ཕྱིན་པར་ཤོག །དད་གསུམ་སྙིང་ནས་རྒྱས་པའི་ངག །གང་ཤར་བཅས་བཅོས་མེད་པ་རུ། །ལྷ་མོ་སྒྲུབ་པའི་ཐུན་གསེང་དུ། །དབྱངས་ཅན་དགྱེས་པས་བྲིས་པ་དགེ། །

མཚོ་སྐྱེས་རྒྱལ་བ་གཉིས་པའི་རྣམ་པར་ཐར་པ་ལ་མདོ་ཙམ་བསྔགས་པ་དགོས་འབྱུང་ནོར་བུའི་ཕྲེང་བ།

༄༅། །མཚོ་སྐྱེས་རྒྱལ་བ་གཉིས་པའི་རྣམ་པར་ཐར་པ་ལ་མདོ་ཙམ་བསྔགས་པ་དགོས་འབྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྲས་བཅས་རྒྱལ་བའི་ཐུགས་རྗེའི་ཆུ་གཏེར་ལས། །ཉེར་ཐོན་ཕུལ་བྱུང་མཁྱེན་བརྩེའི་འོད་སྟོང་ཅན། །སྲིད་གསུམ་རྒུད་པའི་མུན་ཚོགས་སེལ་མཛད་པ། །མཚོ་སྐྱེས་རྒྱལ་བ་གཉིས་པར་ཕྱག་འཚལ་ལོ། ༡ །ཆོས་དབྱིངས་དང་མཉམ་ཞིང་ཁམས་རྒྱ་མཚོ་ནས། །མི་ཟད་རྒྱན་འཁོར་ལྔ་ཡི་བཀོད་པ་ཡིས། །རྒྱལ་བ་རྒྱ་མཚོའི་ཕྲིན་ལས་རྫོགས་མཛད་པ། །རྣམ་ཐར་དཔག་ཡས་ཁྱོད་ལ་ཕྱག་འཚལ་ལོ། ༢ །བདེ་ལྡན་ཞིང་གི་མགོན་པོ་འོད་མཐའ་ཡས། །མཐའ་ཡས་འགྲོ་ལ་རྗེས་བརྩེས་འཛུམ་པའི་སྤྱན། །རྣམ་གསུམ་པདྨའི་ཚལ་ན་ཆགས་པ་ཡིས། །ཐུགས་རྗེའི་འོད་སྟོང་འགྱེད་ལ་ཕྱག་འཚལ་ལོ། ༣ །ཉི་མས་དབང་སྔོན་བཞུས་པའི་ཁུ་བ་བཞིན། །དྲི་མེད་མདངས་ལྡན་ཡོན་ཏན་བརྒྱད་ལྡན་མཚོར། །ཕྱག་ན་པདྨོའི་ཐུགས་མཆོག་རྡོ་རྗེ་ཧྲཱིཿའི། །རྣམ་པས་ལྷུམས་སུ་ཞུགས་ལ་ཕྱག་འཚལ་ལོ། ༤ །རིན་ཆེན་མཚོ་དབུས་པདྨའི་གེ་སར་རྩེར། །རྩ་གསུམ་སྤྲིན་བཞིན་འདུ་བའི་ལྡིང་ཁང་ནས། །རང་བྱུང་སྤྲུལ་སྐུ་མཚན་དཔེའི་དཔལ་འབར་བ། །བརྫུས་སྐྱེས་ངོ་མཚར་མཆོག་ལ་ཕྱག་འཚལ་ལོ། ༥ །མཁའ་ངོས་འཇའ་སྤྲིན་མཛེས་པའི་གཞལ་མེད་ན། །ཉི་ཟླ་བྱེ་བས་མི་མཚོན་གཟི་འབར་བ། །ཐུབ་དབང་སྲས་ཀྱིས་བསྐོར་བའི་མགོན་རྣམས་ཀྱིས། །ཤིས་པའི་མེ་ཏོག་འཐོར་ལ་ཕྱག་འཚལ་ལོ། ༦ །མིག་འཕྲུལ་བཞིན་དུ་དགྱེས་པའི་གར་བསྒྱུར་བའི། །མ་སྲིང་མཁའ་འགྲོ་དམ་ཅན་ཚོགས་བཅས་ཀྱིས། །ཕུལ་བྱུང་མཆོད་པའི་སྤྲིན་གྱིས་མདུན་བདར་ནས། །བསྟོད་དབྱངས་རྒྱུད་མང་འཁྲོལ་ལ་ཕྱག་འཚལ་ལོ། ༧ །རབ་དཀར་བསོད་ནམས་ཤིང་རྟས་སྲིད་པ་ན། །མངོན་མཐོ་གདོང་བཞི་པ་དང་ཤིས་བརྗོད་ཉན། །ཁེངས་པའི་ལག་པད་ཟུམ་པའི་ཐོར་ཅོག་གིས། །ཞབས་སེན་ཟླ་ཚེས་བསྙེན་ལ་ཕྱག་འཚལ་ལོ། ༨ །རྣམ་དཀར་ས་བོན་ཧ་རི་ཙན་དན་ཕྲེང་། །དགེ་མཚན་དྲི་ཡི་བཞོན་པས་ལེགས་བསྐྱོད་པའི། །ལྷ་ཀླུ་འཇིག་རྟེན་སྐྱོང་བའི་ཚོགས་རྣམས་ཀྱིས། །མཆོད་ཚོགས་ཆར་དུ་བསྙིལ་ལ་ཕྱག་འཚལ་ལོ། ༩ །ལྷ་ལ་ལྷ་ཡི་ཡོངས་འདུའི་ཤིང་བཞིན་དུ། །མི་ལ་མི་བདག་ཨིནྡྲ་བོ་དྷི་ཞེས། །སློང་བ་རྣམས་ཀྱི་འདོད་འཇོའི་གཏེར་གཅིག་དེའི། །བསོད་ནམས་ཕང་བར་ཐོབ་ལ་ཕྱག་འཚལ་ལོ། ༡༠ །ངོ་མཚར་གློག་ཕྲེང་གཡོ་བའི་ཟློས་གར་གྱིས། །ཕན་བདེའི་ཆར་བཟང་འབེབས་པའི་ཚུལ་ཤེས་ནས། །དད་བརྒྱའི་མགྲིན་རྐྱོང་ས་བདག་ཀོ་ཀི་ལས། །བསྔགས་བརྗོད་སྙན་དབྱངས་འཁྲོལ་ལ་ཕྱག་འཚལ་ལོ། ༡༡ །མི་བདག་ཞན་ཕན་ལྷག་བསམ་བ་དན་ཆེ། །བརྩོན་འགྲུས་རླུང་གིས་བསྐྱོད་པའི་ལེགས་བྱས་ཀྱིས། །བསོད་ནམས་མགྲོན་དུ་ཁུག་པའི་རཏྣ་དེས། །འདོད་དགུའི་གྲུ་ཆར་བསྙིལ་ལ་ཕྱག་འཚལ་ལོ། ༡༢ །ལྷ་ཡི་ལམ་ལ་ལྷ་བཞིན་རྒྱུ་བ་ཡི། །དྲང་སྲོང་ཚོགས་ཀྱིས་དྲང་པོའི་ངག་གིས་ནི། །རྒྱལ་བའི་སྲས་པོ་རྒྱལ་བ་གཉིས་པ་རུ། །ཆེས་ཆེར་བསྔགས་ནས་གུས་པས་བཏུད༴ ༡༣ །ཉོན་མོངས་ཉེས་པའི་དྲི་བྲལ་གསེར་སྦྱངས་ཁམས། །བསྔགས་འོས་ཡོན་ཏན་རྩིབས་སྟོང་རྣམ་བཀྲ་བས། །ཆེན་པོའི་མདུན་ས་བརྒྱན་འོས་འོད་འཆང་སོགས། །བཙུན་མོའི་འཁོར་གྱིས་མཆོད་ལ་ཕྱག་འཚལ་ལོ། ༡༤ །སྡེ་བཞིའི་དཔལ་དར་ལྷབ་ལྷུབ་གོས་བཟང་རྩེར། །པདྨ་རྒྱལ་པོ་དགོས་འབྱུང་ཏོག་མཛེས་པའི། །ཉེས་ཚོགས་ཚད་གདུང་སྐྱོབ་པའི་གྲིབ་བསིལ་ལ། །ཆབ་འབངས་ངལ་འཚོ་ཐོབ་ལ་ཕྱག་འཚལ་ལོ། ༡༥ །དག་པའི་ཡིད་མཁའ་དབང་གཞུའི་ལྡིང་ཁང་ནས། །སྤྲིན་བྲལ་ཉི་ཟླ་སྟོང་གིས་མི་མཚོན་པའི། །ལྷ་བརྒྱའི་གཙུག་རྒྱན་རྡོ་རྗེ་སེམས་དཔའ་ཡིས། །རྒྱལ་སྲིད་སྤོངས་བར་བསྐུལ་ལ་ཕྱག་འཚལ་ལོ། ༡༦ །ཐབས་མཁས་བརྟུལ་ཞུགས་སྤྱོད་པའི་རལ་གྲི་ཡིས། །ཉེས་མང་འབྱུང་གནས་རྒྱལ་སྲིད་འཆིང་ཐག་ཆེ། །བཙན་ཐབས་བཅད་ནས་འཇིགས་བྲལ་དཔའ་བོ་མཆོག །ཁབ་ནས་དབྱུང་བར་མཛད་ལ་ཕྱག་འཚལ་ལོ། ༡༧ །དེ་ཚེ་རྒྱལ་སྲིད་བདུན་གྱི་མདུན་བདར་ནས། །འཇིག་རྟེན་སྐྱོང་བཞིས་མཆོད་པའི་སྤྲིན་གཏིབས་བཞིན། །ཌཱ་ཀི་སྡེ་བཞིའི་ཞབས་བཏེགས་བྷ་ལ་ཧར། །ཆིབས་ནས་ལྷ་ཡི་ལམ་ལ་གཤེགས༴ ༡༨ །བཀའ་སྐྱོང་བྲག་ཏུ་རྡོར་དབྱིངས་ལྷ་ཚོགས་ཀྱིས། །རྗེས་བཟུང་གྲུབ་གཉིས་རྩལ་རྫོགས་ཁ་ལྔ་པ། །བསིལ་བའི་ཚལ་དུ་བརྟུལ་ཞུགས་སྤྱོད་པ་མཛད། །ཤཱཏྣ་རཀྵི་ཏ་ལ༴ ༡༩ །རྣམ་གསུམ་ཌཱ་ཀིའི་གཙོ་མོའི་བྱིན་རླབས་ཆར། །ཆེས་ཆེར་བཏུང་བའི་རྒྱལ་སྲས་འདབ་སྟོང་ཅན། །ནུས་མཐུའི་རྩལ་རྫོགས་ཀེ་སར་རྒོད་པ་ཡིས། །མ་ཚོགས་དབང་སྡུད་མཛད་ལ༴ ༢༠ །དབུས་འགྱུར་ཚལ་དུ་བཀོད་པ་གྲངས་མེད་པས། །ངོ་མཚར་ཟློས་གར་བསྒྱུར་བའི་རྣམ་དཔྱོད་དཔལ། །བློ་དམན་ཡིད་ཀྱི་ཁུང་བུ་ཆུད་མིན་ཚེ། །དྲང་དོན་བཤེས་གཉེན་བསྟེན་ཚུལ་མཛད༴ ༢༡ །མཐའ་ཡས་ཤེས་བྱའི་ཆུ་ཀླུང་བྱེ་བ་འབུམ། །རྣམ་དཔྱོད་བློ་གྲོས་མཐུ་ཡིས་ཧུབ་གཅིག་གིས། །ཉེར་དྲངས་ཐུགས་མཚོར་བསྐྱིལ་བའི་ཚུལ་བསྟན་པའི། །སྔོན་མེད་དྲང་སྲོང་ཆེ་དེར༴ ༢༢ །རིག་འཛིན་བརྒྱུད་པའི་གངས་རིར་གནས་བཅས་ཤིང་། །གྲུབ་གཉིས་རྟོགས་པའི་རྩལ་གསུམ་རབ་རྫོགས་པ། །པྲ་བྷ་ཧ་སྟི་གདོང་ལྔའི་དབང་པོ་ལས། །ཡོ་གའི་རྒྱུད་རྣམས་གསན་ལ༴ ༢༣ །ཀུན་དགའི་དྲུང་དུ་རབ་ཏུ་བྱུང་བའི་ཚེ། །ཕྱོགས་བཅུའི་བདེ་གཤེགས་ཚོགས་ཀྱིས་མགྲིན་གཅིག་ཏུ། །བསྟན་བདག་ཤཱཀྱ་སེང་གེར་མངའ་གསོལ་ཞིང་། །ས་ལྷས་ངུར་སྨྲིག་ཕུལ་ལ༴ ༢༤ །སྡེ་སྣོད་ལུང་གི་འདབ་མ་ཆེར་རྒྱས་ཤིང་། །བསླབ་གསུམ་རྟོགས་པའི་སྦྲང་རྩིས་རབ་ཕྱུག་པར། །རྒྱལ་བསྟན་པད་ཚལ་མཛེས་པའི་རྒྱན་གཅིག་པུ། །རྒྱལ་སྲས་སུ་མི་ཏྲ་ལ༴ ༢༥ །མཁྱེན་རྟོགས་རབ་འབར་རྒྱལ་སྲས་ཉི་མ་ནི། །ཐུགས་རྗེའི་འོད་ཟེར་འབུམ་ཕྲག་འཇོ་བའི་དཔལ། །སྐུ་ལ་རྫོགས་སུ་མཁའ་འགྲོའི་འཁོར་གྱིས་མཆོད། །ངེས་གསང་ཆོས་འཁོར་བསྐོར་ལ། ༢༦ །ཀུན་བཟང་ཁྱུང་ཆེན་དབང་པོས་བསྐྱངས་པའི་སྲས། །ལྟ་དགོངས་རྩལ་རྫོགས་ཆོས་སྐུའི་མཁའ་ལ་ལྡིང་། །རྩོལ་བཅས་ཐེག་བརྒྱད་གཡང་ས་ཤུགས་ཀྱིས་བཅད། །བླ་མེད་རྡོ་རྗེ་འཆང་ལ༴ ༢༧ །གསང་བ་ཡེ་ཤེས་དགེ་སློང་ཀུན་དགའ་མོས། །རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ཆེར། །ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར། །བློ་ལྡན་མཆོག་སྲེད་དཔལ་ལ༴ ༢༨ །ཚངས་སོགས་སྐྱེ་དགུའི་རལ་པའི་ཅོད་པཎ་རྩེར། །ཞབས་སེན་མངོན་མཛེས་འཕགས་ཆེན་རིག་འཛིན་རྣམས། །ལེགས་པར་བསྙེན་ནས་གསང་བའི་མཛོད་ཕྱུང་བའི། །ཟླ་བྲལ་མཁས་གྲུབ་ཁྱོད་ལ༴ ༢༩ །འོག་མིན་བཀོད་པ་ལྷུན་གྲུབ་ཞིང་མཆོག་ཏུ། །ཀུན་ཏུ་འཆང་ཆེན་རྡོ་རྗེ་སེམས་སོགས་ཀྱིས། །ཡོ་ག་རྣམ་གསུམ་བཀའ་རྣམས་རྫོགས་པར་གཏད། །གསང་སྔགས་བདག་པོ་མཆོད་ལ༴ ༣༠ །བརྟན་གཡོ་སྲིད་ཞིའི་རྩི་བཅུད་དྭངས་མའི་དཔལ། །ཏིང་འཛིན་རྡོ་རྗེའི་མཆུ་ཡིས་རབ་གཞིབ་སྟེ། །བགྲེས་རྒུད་མཚན་བྲལ་རྟོགས་པའི་གླུ་དབྱངས་མཁན། །པདྨ་སམ་བྷའི་ཞབས་ལ༴ ༣༡ །རིགས་གསུམ་སེམས་དཔས་བྱིན་རླབས་གྲུབ་གནས་ཆེར། །མནྡ་ར་བ་ཚེ་ལམ་གཟུང་མར་བཅས། །ཚེ་དཔག་མེད་ཀྱིས་དབང་བསྐུར་བྱིན་བརླབས་པས། །རྡོ་རྗེའི་ཚེ་མཆོག་གྲུབ་ལ༴ ༣༢ །མཚམས་སྤྲིན་གསར་པའི་མདང་འཕྲོག་མེ་ཕུང་དབུས། །མཐིང་ཞུན་འཁྱིལ་འདྲའི་རིན་ཆེན་མཚོ་རྫིང་དུ། །འདབ་རྒྱས་ཟེའུ་འབྲུའི་རྩེར་བཞུགས་པདྨ་འབྱུང་། །འབྱུང་བཞིའི་འཇིགས་བྲལ་ཁྱེད་ལ༴ ༣༣ །ཐེག་མཆོག་འོད་གསལ་རྩེ་མོའི་སྣང་བ་འབུམ། །གདུལ་ཞིང་པདྨོའི་ཚལ་ན་ཆེར་སྤྲོས་པས། །གཙུག་ལག་འཛིན་པ་ཨུ་དུམྦཱ་ར་སོགས། །རྣམ་གྲོལ་སྦྲང་རྩིའི་ཕྱུག་ལ༴ ༣༤ །མ་བསྐྱིལ་ཏིལ་མར་རྫིང་བུར་འཁྱིལ་བའི་དབུས། །མ་བརྩིགས་སོལ་བའི་གུར་ཁང་གཞལ་མེད་ཆེར། །མ་བཤམས་གདན་དུ་ཆེ་བའི་འདབ་སྟོང་རྩེར། །མ་གསོལ་ཐོད་ཕྲེང་རྒྱན་ལྡན་ཁྱོད༴ ༣༥ །དྲག་པོ་ཁྲོས་པའི་སྡང་མིག་འབར་བའི་མེས། །འདོད་སྲེད་ཚང་ཚིང་བསྲེགས་པར་མ་ནུས་ཀྱང་། །ཁྱོད་གསུང་ཞུགས་ཀྱིས་ཨོ་རྒྱན་རྒྱལ་ཁམས་ཀྱི། །སྲིད་རྩེའི་ས་བོན་ཐལ་བར་མཛད་ལ༴ ༣༦ །དབང་པོའི་སྡེ་ཡི་ཐུགས་རྗེའི་སྤྲིན་ཆེན་ལས། །བྱུང་བའི་ཆར་གྱིས་སྡིག་ལྟའི་མེ་བཅིལ་བས། །དྷརྨ་ཨ་ཤྭས་བདེ་གཤེགས་མཆོད་སྡོང་གིས། །འཛམ་གླིང་མཛེས་པར་བརྒྱན་ལ༴ ༣༧ །གསང་སྔགས་རྨད་བྱུང་ཐབས་ཀྱི་ཆེ་བ་མཆོག །སྒྲོལ་བ་གཉིས་ཀྱི་ཕྲིན་ལས་རླབས་པོ་ཆེས། །སྟོབས་ལྡན་ས་བདག་དུ་མ་བཏུལ་མཛད་ནས། །ཐུབ་བསྟན་རྒྱལ་མཚན་བསྒྲེངས་ལ༴ ༣༨ །སྦྱར་དུག་འབུམ་གྱིས་ཚུགས་མིན་རྨ་བྱ་ཡི། །ནུས་མཐུ་སྒྲོ་གཤོག་རྩེ་མོས་གང་གཱ་ཡང་། །གྱེན་དུ་བསྒྱུར་བའི་ལྦུ་ཕྲེང་དགོད་པ་བཞིན། །ཁྱེའུ་ཆུང་མཁའ་ལྡིང་རྩལ་ལ༴ ༣༩ །སྣ་ཚོགས་སྐུ་ཡི་བཀོད་པའི་ཕོ་ཉ་ཡིས། །དྷརྨ་གནྡྷོ་གསང་བའི་མཛོད་ཕྱུང་ནས། །ཐེག་མཆོག་རཏྣ་འགྲོ་ལ་སྩོལ་མཛད་དཔལ། །སྒྱུ་འཕྲུལ་དྲྭ་བ་ཆེན་པོར་༴ ༤༠ །སྟོབས་ཆེན་དགའ་བྱེད་འཕྲུལ་གྱི་ཞགས་པ་ཡིས། །བསླུ་བྱེད་སྒྱུ་མའི་རི་དྭགས་མ་ཟིན་ཀྱང་། །ཁྱོད་མཐུ་ལྕག་སྒྲོག་དམ་པོས་སྡེ་བརྒྱད་ཚོགས། །དམ་བཞག་སྲོག་སྙིང་འཕྲོག་ལ༴ ༤༡ །ཏརྐའི་སྟོན་སྡེ་བཞི་ཡི་ལུང་རིགས་མཚོན། །ཅིག་ཅར་བཅོམ་ནས་སྔོན་མེད་རྡོ་རྗེའི་རྫོང་། །ཐུབ་བསྟན་སྐྱོང་རྣམས་འཇིགས་མེད་རོལ་གནས་ཆེའི། །གྲགས་སྙན་བ་དན་བསྒྲེངས་ལ་ཕྱག༴ ༤༢ །མཐུ་སྟོབས་གནམ་ལྕགས་ཐོག་གི་འཁྲུལ་འཁོར་གྱིས། །ཕས་རྒོལ་སྒྱོགས་མཁན་ཚོགས་རྣམས་ཐལ་བྱས་པའི། །ངོ་མཚར་སེང་གེའི་སྒྲ་དབྱངས་ས་གསུམ་ན། །སྒྲོགས་མཛད་དཔའ་བོ་ཁྱོད་ལ༴ ༤༣ །ཡང་ལེ་ཤོད་དུ་བར་ཆད་གདུག་པའི་དཔུང་། །ཀཱི་ལ་ཡ་ཡི་རིགས་སྔགས་མཐུས་བཅོམ་ནས། །དཔལ་ཆེན་ཧེ་རུ་ཀཿཡིས་བྱིན་བ རླབས་པས། །ཕྱག་ཆེན་མཆོག་དངོས་གྲུབ་ལ༴ ༤༤ །མུ་སྟེགས་བྱེད་ཀྱི་ཁྱད་ནོར་རྒྱལ་རྔ་མཆོག །ཤར་ལྷོ་དབུས་ཀྱི་རང་བྱུང་ལྷ་རྟེན་གསུམ། །མཚན་མ་རྫས་ཀྱི་ཕུར་པའི་ཚ་དབལ་གྱིས། །མིང་གི་ལྷག་མར་མཛད་ལ༴ ༤༥ །གྲུབ་པ་བརྒྱད་སོགས་འདོད་དགུའི་གྲུ་ཆར་གྱིས། །མཐའ་ཡས་འགྲོ་བའི་རེ་བ་རྫོགས་མཛད་པ། །རྟོག་མེད་ལྷུན་གྲུབ་ཡོན་ཏན་མི་ཟད་རྒྱན། །ཡིད་བཞིན་ནོར་མཚུངས་ཁྱོད་ལ༴ ༤༦ །རྒྱལ་བསྟན་ཟ་བར་ཆས་པའི་སྟག་གཟིག་དཔུང་། །ཁྲོས་པའི་རུ་མཚོན་འབུམ་ཕྲག་གཡོ་བ་ཡང་། །མཐུ་ལྡན་སྡིགས་མཛུབ་བསྒྱུར་བའི་དུས་རླུང་གིས། །སེན་རྩེའི་རྡུལ་བཞིན་མཛད་ལ༴ ༤༧ །གང་གི་ཐུགས་རྗེ་འགུགས་བྱེད་ལྕགས་ཀྱུ་ཡིས། །དབང་བྱས་འགྲོ་ལྡིང་ཡུལ་གྱི་མཁའ་འགྲོའི་ཚོགས། །དམ་བཞག་གསུམ་གྱིས་གཡོ་བ་མེད་བཅིངས་ནས། །ངེས་གསང་གྲུ་ཆར་ཕབ་ལ༴ ༤༨ །གང་ཐུགས་རྡུལ་བྲལ་ཤེལ་གྱི་ཨ་དཪྴར། །ལྐོག་གྱུར་གཟུགས་བརྙན་འབུམ་ཕྲག་འཆར་བ་ཡིས། །གདུལ་དཀའ་ཧོར་སོགས་འདུལ་བའི་རཱ་ཛ་མཆོག །འཆི་མེད་གྲུབ་པའི་དཔའ་བོར༴ ༤༩ །རྫོགས་ཆེན་སྙན་བརྒྱུད་གདམ་པའི་གསེར་འགྱུར་རྩིས། །སྐལ་བཟང་གདུལ་བྱའི་ལྕགས་ལ་རེག་པའི་མོད། །འཇའ་ལུས་རྡོ་རྗེའི་སྐུ་རུ་བསྒྱུར་མཛད་པའི། །རང་བྱུང་ཁྱེའུར་སྤྲུལ་ལ༴ ༥༠ །བསྟན་འགྲོའི་བསོད་ནམས་འཛིན་མའི་ལྟོ་བ་རུ། །འཇམ་དཔལ་ཐུགས་རྗེའི་ས་བོན་བསྐྱེད་པ་ལས། །ཆོས་རྒྱལ་ཁྲི་སྲོང་དཔག་བསམ་རྐང་འཐུང་མཆོག །སྡེ་བཞིིའི་ཡལ་འདབ་རྒྱས་ལ༴ ༥༡ །གང་གི་རྣམ་དཔྱོད་ཉིན་མོར་བྱེད་པའི་གཟིས། །བདུད་བློན་འབྱུང་བྱའི་འདྲེན་བྱེད་ཟུམ་བྱས་ནས། །བོད་ཁམས་གླིང་དགུའི་སྐྱེ་དགུ་པདྨོའི་ཚལ། །རྣམ་དཀར་ལས་ལ་འདུན་མཛད༴ ༥༢ །ས་ཡི་ཚངས་པའི་དད་བསོད་བྱ་མ་རྟས། །མགྲོན་དུ་ཁུགས་པའི་མཁན་ཆེན་ཞི་བ་འཚོས། །མཚན་ཉིད་རྒྱུ་ཡི་ཐེག་པའི་སྒོ་ཕྱེས་ནས། །ས་འདུལ་ལུང་བསྟན་གནང་ལ༴ ༥༣ །རླབས་ཆེན་ཕྲིན་ལས་ཤིང་རྟའི་སྒྱུ་ཐབས་ཀྱིས། །གདུལ་བྱའི་མཁའ་ལ་རྒྱུ་བར་ངལ་མིན་པའི། །མཁྱེན་རྟོགས་ནུས་མཐུ་རབ་འབར་ཚ་ཟེར་ཅན། །ཁྲི་སྲོང་ཁྱུང་སྔོན་སྐྱེས་ཀྱིས་དྲངས༴ ༥༤ །སྟོབས་ཆེན་སྡེ་བརྒྱད་འཁྲུགས་པའི་གཡོ་འཕྲུལ་འབུམ། །རྩ་སྦུར་ཕྲ་མོར་དུས་མཐའི་མེ་བཞིན་དུ། །ཆེས་ཆེར་བཅོམ་ནས་སྲོག་སྙིང་མདང་འཕྲོག་སྟེ། །བཀའ་ཡི་སྲུང་མར་བསྐོས་ལ༴ ༥༥ །སྟོབས་མཆོག་སྟོབས་ཀྱི་ཆ་ཤས་ཙམ་གྱིས་ཀྱང་། །ཁེངས་ལྡན་བློ་ཡི་འཁྲི་ཤིང་ཀུན་བསྙིལ་བས། །ས་བདག་འཁོར་བཅས་གཙུག་ནོར་མཐོན་ཀ་ཡང་། །ཞབས་ཀྱི་རྡུལ་འོག་ལྷུང་ལ༴ ༥༦ །མགྲིན་བཟང་གཙུག་ལག་རབ་གནས་མཆོད་རྫས་ཕྲེང་། །རབ་འཕེལ་དགེ་མཚན་པྲ་ཕབ་ཆོ་ག་ཡིས། །ལྷ་སྲིན་དམ་འདོགས་ངོ་མཚར་བཀོད་པ་བརྒྱས། །གངས་ལྗོངས་ཡིད་ཆེས་བསྐྱེད་ལ༴ ༥༧ །ཟིལ་གནོན་བཀའ་ལུང་ལྕགས་ཀྱུའི་དབང་བྱས་པའི། །མཐུ་ལྡན་སྡེ་བརྒྱད་གཉིས་འཐུང་དབང་པོ་ལ། །གང་བཅོལ་ཕྲིན་ལས་མི་གཡེལ་དགེ་མཚན་གྱིས། །ཟན་ཡང་ལྷུན་གྲུབ་གཙུག་ལག་བཞེངས་ཕྱག་འཚལ། ༥༨ །བདེ་གཤེགས་རིང་བསྲེལ་མངོན་ཤེས་མེ་ལོང་དང་། །རྟག་སྣང་ཆུ་བོ་ཅོག་རོ་བཟའ་ལ་སོགས། །བརྟན་གཡོ་སྲིད་པའི་འདོད་དགུ་ཅིག་ཅར་དུ། །འགུགས་མཛད་དཔའ་བོ་མཆོག་ལ༴ ༥༩ །སྐལ་མེད་ལས་ཀྱིས་སྒྲིབ་པའི་ཁུང་བུ་རུ། །རྒྱལ་བའི་ཕྲིན་ལས་ཉི་ཟེར་འཇུག་དཀའ་མོད། །དབང་བཅུ་མཐར་ཕྱིན་ངོ་མཚར་རྣམ་ཐར་སྟོང་། །བྷོ་ཊའི་ལྗོངས་སུ་གསལ་ལ་ཕྱག༴ ༦༠ །ལས་ཉོན་དྲྭ་བས་མིག་གཡོགས་བོད་སྤྱིའི་ངོར། །ཟླ་བ་བཅོ་བརྒྱད་འགྲོ་བའི་དོན་མཛད་ནས། །གུང་ཐང་བར་བསྐྱལ་མཁའ་ལྡིང་བརྟུལ་ཞུགས་ཀྱིས། །འཕགས་ཡུལ་གཤེགས་ཚུལ་བསྟན་ལ༴ ༦༡ །སྐུ་དངོས་ཏི་སྒྲོ་ལ་སོགས་སྒྲུབ་གནས་སུ། །མཚོ་རྒྱལ་ཡུམ་བཅས་གསང་སྔགས་སྤྱོད་པ་ཡིས། །མཐའ་ཀླས་ལས་ལྡན་གདུལ་བྱའི་ཞིང་ས་ལ། །སྨིན་གྲོལ་ཆར་བཟང་འབེབས་ལ་ཕྱག་འཚལ་ལོ། ༦༢ །བཅུ་བདུན་རྒྱུད་རྒྱལ་ཆུ་གཏེར་བསྲུབས་པ་ལས། །རྩོལ་བཅས་ཐེག་བརྒྱད་རི་གླིང་ཟིལ་གནོན་པའི། །མན་ངག་རྒྱལ་པོ་རི་དབང་ལྷུན་པོ་མཆོག །སྙིང་ཐིག་ཆོས་འཁོར་བསྐོར་ལ་ཕྱག༴ ༦༣ །ལུགས་གསུམ་མི་འགྱུར་ལྷུན་གྲུབ་གཙུག་ལག་ཆེར། །རབ་གནས་མངའ་གསོལ་ཡ་མཚན་ལྟས་ཆེན་ལྔ། །ཕན་ཚུན་འགྲན་པ་བཞིན་དུ་མངོན་སྣང་ཚེ། །འགྲོ་མང་རྣམ་དཀར་མྱུ་གུ་བསྐྱེད་ཕྱག༴ ༦༤ །ཐམས་ཅད་ཡོད་པར་སྨྲ་བའི་མཁན་པོ་ཡིས། །སད་མི་བདུན་སོགས་རབ་བྱུང་སྡེ་བཙུགས་ཤིང་། །བསྟན་པའི་གཞི་མ་ཆོས་འདུལ་རིན་པོ་ཆེ། །གངས་རིའི་ཁྲོད་འདིར་གསལ་བར་མཛད་ཕྱག་འཚལ། ༦༥ །བདུད་བློན་བཙུན་མོ་མངག་གཞུག་གཤེད་མའི་ཚོགས། །ལོ་པཎ་སྐུ་ཡི་བཀོད་པས་རྨོངས་བྱས་ཤིང་། །དྲག་པོའི་ཧཱུྃ་སྒྲས་བསྐྲད་དང་རེངས་སོགས་ཀྱིས། །བར་ཆད་གཡུལ་ལས་རྒྱལ་ལ༴ ༦༦ །གསང་གསུམ་ཡོན་ཏན་མཐའ་བྲལ་ལྷས་རྩེན་མ། །ཆ་ཙམ་དད་བསོད་གློ་སྐར་ནས་མཐོང་བས། །རྗེ་འབངས་གྲོགས་གསུམ་དད་པའི་སྲོག་ཤིང་ནི། །རྡོ་རྗེའི་ཁམས་སུ་བརྟན་ལ༴ ༦༧ །འགྲོ་བསོད་པད་མའི་སྣལ་མ་ལྟར་ཕྲ་བར། །བདུད་བློན་ལོག་སྨོན་སྟྭ་གྲིས་གཟས་གྱུར་ཀྱང་། །གྲུབ་པ་མཐར་ཕྱིན་མཐུ་ཡིས་ས་ཡི་བདག །བཅུ་གསུམ་སྐུ་ཚེ་བསྲིང་ལ༴ ༦༨ །སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་རྡོ་རྗེ་ཅན། །མཚོ་སྐྱེས་རྒྱལ་བའི་ཞབས་ཀྱིས་བྱིན་རླབས་ཤིང་། །ངེས་གསང་ཆོས་འཁོར་བསྐོར་བའི་ས་འདི་ཡང་། །འོག་མིན་བཞིན་དུ་བསྔགས་འོས་གྱུར་ཕྱག་འཚལ། ༦༩ །བཛྲ་ཧཱུྃ་གི་གདམས་ངག་ལམ་གསུམ་འབབས། །ནམ་སྙིང་དྲང་སྲོང་ལྟོ་བར་བསྐྱིལ་བའི་བཅུད། །གངས་ལྗོངས་སྣོད་ལྡན་མོས་ངོར་སྐྱུག་པ་ཡིས། །ཉེས་པའི་མེ་ཚོགས་བཅིལ་ལ་ཕྱག་འཚལ་ལོ། ༧༠ །ཤཱནྟིང་གརྦྷའི་ཐུགས་བསྐྱེད་སོར་མོ་ཡིས། །ངེས་གསང་གདེངས་ཅན་གནས་ནས་ཉེར་དྲངས་བའི། །རྒྱུད་དང་སྒྲུབ་ཐབས་སྙིང་པོའི་ཆུ་བོའི་རྒྱུན། །གངས་ཅན་གདུལ་བྱའི་ཞིང་ལ་བཀྲམ་ཕྱག་འཚལ། ༧༡ །བུདྡྷ་གུཧྱ་མི་ཡི་སེང་གེ་ཡིས། །གདམས་ངག་སྤྲིང་ཡིག་ཟབ་མོའི་ཟློས་གར་གྱིས། །སྣོད་ལྡན་རྗེ་འབངས་མུ་ཏིག་འཁྲི་ཤིང་ཅན། །མཆོག་ཏུ་དགའ་བ་བསྐྱེད་ལ་ཕྱག་འཚལ་ལོ། ༧༢ །དཔལ་གྱི་སེང་གེའི་དགོངས་ཉམས་འོ་མའི་མཆོག །སྣང་མཛད་ལོ་ཙཱའི་མཁྱེན་སྤྱོད་གསེར་སྣོད་དུ། །གཅིག་ཏུ་བསྐྱིལ་བའི་མན་ངག་ལྦུ་ཕྲེང་གིས། །ཁ་བ་ཅན་ཁྲོད་གདུང་སེལ་མཛད་ཕྱག་འཚལ། ༧༣ །དྲི་མེད་བཤེས་གཉེན་རིན་ཆེན་འབྱུང་གནས་ལས། །སྔ་ཕྱིར་སྣོད་ལྡན་དེད་དཔོན་མཁས་པ་ཡིས། །བསོད་ནམས་སུག་པར་སོན་པའི་མན་ངག་གི། །ནོར་མཆོག་འགྲོ་ལ་བྲིམ་མཛད༴ ༧༤ །མཆིམས་ཕུའི་གནས་སུ་སྣོད་ལྡན་དག་པའི་འཁོར། །བཀའ་བབས་ཐུགས་ཀྱི་སྲས་དགུ་གཙོར་གྱུར་ལ། །རིགས་ཀུན་བདག་པོ་པདྨ་ཧེ་རུ་ཀས། །སྒྲུབ་སྡེ་བརྒྱད་ཀྱི་སྨིན་གྲོལ་སྩལ་ཕྱག་འཚལ། ༧༥ །སྒོམ་པའི་འཕྲང་ལས་ལྟ་བའི་རྫོང་ཟིན་པས། །འཁོར་འདས་སྟོང་སྲོག་ཐོབ་པའི་ཧེ་རུ་ཀཿ། །རྗེ་འབངས་ཉེར་ལྔས་ཡ་མཚན་རྨད་པོ་ཆེའི། །རྫུ་འཕྲུལ་གར་གྱིས་བྲེལ་ལ༴ ༧༦ །རྨུགས་འཛིན་རྟ་བདག་བརྒྱད་ཀྱི་ལ་ཐོད་རྩེར། །བཀའ་ལུང་ནོར་བུའི་ཅོད་པཎ་ལེགས་བཅིངས་ནས། །ལྷ་སྲས་མུ་རུབ་ཕྱོགས་བཞིའི་དཔུང་བཅས་ཀྱིས། །རྒྱ་ཧོར་ཡུལ་ཁམས་དབང་དུ་བསྡུས་ཕྱག་འཚལ། ༧༧ །དྲག་པོར་ཁྲོས་པའི་རིགས་སྔགས་ཚ་དབལ་གྱིས། །སྡེ་བརྒྱད་ཀུན་གྱི་སྡེ་དཔོན་པེ་ཧ་ར། །ཆེས་ཆེར་གཟིར་བས་སྲོག་སྙིང་མདངས་ཕུལ་ཚེ། །ཆོས་འཁོར་སྲུང་མར་བསྐོས་ལ༴ ༧༨ །ཆོས་རྒྱལ་བཀའ་ལུང་སྦྲང་རྩིར་མི་སྤྱོད་པར། །མཐའ་འཁོབ་མི་གཙང་ཁྲོད་ན་མངོན་ཕྱོགས་པའི། །མི་བསྲུན་སྐྱེ་བོ་ངན་པའི་སྦྲང་བུ་དག །རྟེན་འབྲེལ་ཟབ་མོའི་མཐུ་ཡིས་བཏུལ་ཕྱག་འཚལ། ༧༩ །ཕྱོགས་བཞིའི་མི་བདག་ཁྲོས་པའི་སྤྲིན་ནག་ལས། །མཚོན་ཆའི་སེར་བ་འབེབས་ལ་རེངས་པའི་ཚེ། །ཐབས་མཁས་རྟེན་འབྲེལ་རིགས་སྔགས་མཐུས་བསྒྱུར་བས། །ཕྱག་མཆོད་ཆར་དུ་བསྙིལ་ལ༴ ༨༠ །སྡིག་ལྟའི་ཚེར་མ་རྣོ་ལྡན་བོན་གྱི་ཚལ། །ལུང་རིགས་ནུས་མཐུའི་མེ་ཡིས་བཅོམ་པའི་རོ། །ས་བདག་བཀའ་ལུང་རླུང་གིས་མཐར་བསྐྲད་པས། །ཐུབ་བསྟན་བདེ་བའི་ཐང་མཛེས་གྱུར་ཕྱག་འཚལ། ༨༡ །སྣང་མཐའི་དགོངས་ཉམས་རྒྱུད་རྒྱལ་འབྲུ་ཡི་མཆོག །མན་ངག་ཕབས་ཀྱིས་བྲན་པའི་ཨཱ་མྲྀ་ཏ། །དགོངས་འདུས་བཅུད་མཆོག་བསྩལ་པས་སྣོད་ལྡན་འཁོར། །གྲུབ་པ་མཆོག་གི་མྱོས་ལ༴ ༨༢ །ལུང་རྟོགས་བསྟན་པ་འཛིན་བྱེད་བཻཌཱུར་དབང་། །ཁྲི་སྲོང་དད་བསོད་རྒྱལ་མཚན་རྩེར་མཆོད་པའི། །རྣམ་དཀར་གྲགས་སྙན་འབུམ་ཕྲག་སྣང་བ་ཡིས། །ས་གསུམ་ཁྱད་པར་གྱུར་ལ་ཕྱག༴ ༨༣། གྲུབ་ཆེན་ནམ་སྙིང་ཆར་སྤྲིན་དབང་པོ་ལས། །ཧཱུྃ་ཧཱུྃ་འབྲུག་སྒྲ་དང་བཅས་སོར་མོ་ཡི། །གློག་ཕྲེང་རྩེར་འཁྲིལ་གནམ་ལྕགས་འཁྲུལ་འཁོར་གྱིས། །ཕས་རྒོས་གཡུལ་ལས་རྒྱལ༴ ༨༤ །གཡུང་དྲུང་མཐུ་མཁན་འབུམ་གྱིས་གཟེར་བའི་མཚོན། །སྟོང་ཕྲག་བརྒལ་བའི་ལྕེ་འབབ་ལྡན་པ་ཡང་། །གུ་རུའི་ཕྱག་མཚན་རྩེ་བརྒྱ་འབར་བ་ཡིས། །འཇིམ་པའི་བུམ་པ་བཞིན་དུ་མཛད་ཕྱག་འཚལ། ༨༥ །མཚོ་སྐྱེས་རྡོ་རྗེ་བཻ་རོ་སྟོན་འཁོར་གྱིས། །ཚེ་གཅིག་བྱང་ཆུབ་སྒྲུབ་པའི་དམ་ཆོས་དང་། །བསྟན་དགྲ་ཚར་གཅོད་དྲག་སྔགས་རྣོ་མཚོན་རིགས། །འདོད་དགུ་ཆར་དུ་བསྐྱིལ་ལ༴ ༨༦ །བྱེ་རྡིལ་གསེར་གཡུར་བསྒྱུར་བའི་རྫུ་འཕྲུལ་དང་། །འཕོ་ཆེན་ཡེ་ཤེས་འཇའ་ལུས་རྡོ་རྗེའ་ིསྐུ། །མངོན་དུ་གསལ་བའི་ངོ་མཚར་བཀོད་པ་ཡིས། །རྗེ་ཡི་ལོག་རྟོག་བསལ་ལ༴ ༨༧། ལས་རླུང་འཁྲུགས་པས་བར་སྲིད་གཡང་ས་རུ། །བདས་གྱུར་ལྷ་ལྕམ་རྣམ་ཤེས་ཤོག་བྱང་ཡང་། །མཐུ་སྟོབས་ཕྱག་གིས་སྐད་ཅིག་བཀུག་ནས་ནི། །བཀའ་རྒྱ་གདམས་གཏད་མཛད་ལ༴ ༨༨ །སྙིགས་ལྔའི་རྒུད་པ་སྟོབས་སུ་གྱུར་པ་ཡིས། །ཉམས་གྱུར་མ་འོངས་འགྲོ་ལ་ཐུགས་བརྩེ་བས། །མིང་ཅན་མིང་མེད་གཏེར་རིགས་རྒྱ་མཚོ་ཡིས། །ས་ཆེན་བརྒྱན་པར་མཛད་ལ་ཕྱག་འཚལ་ལོ། ༨༩། དུས་རྟགས་རྟེན་འབྲེལ་འཛོམས་ཚེ་སྨོན་ལམ་མཐུས། །ཆོས་རྒྱལ་ལོ་པཎ་སྤྲུལ་པའི་ཟློས་གར་མཆོག །རྒྱལ་པོ་ལྔ་སོགས་གུ་རུའི་ཕྲིན་ལས་པ། །གྲངས་མེད་ལུང་བསྟན་མཛད་ལ༴ ༩༠ །འབྱུང་འགྱུར་གཏེར་འབྱིན་ཡོངས་ཀྱི་ཁྱད་ནོར་མཆོག །བར་ཆད་དབུལ་བ་སེལ་ལ་ཚེགས་མེད་པའི། །གུ་རུའི་ཞལ་གདམས་དགོས་འབྱུང་ནོར་བུའི་ཕྲེང་། །བརྩེ་བས་ལྷུག་པར་སྩལ་ལ་ཕྱག༴ ༩༡ །ཞེ་སྡང་མཚོན་འཁོར་བསྒྱུར་ལ་མི་ངལ་བའི། །མཐའ་དམག་གླང་ཆེན་མྱོས་པའི་དཔུང་ཚོགས་ལས། །སྐྱོབ་བྱེད་སྦས་ཡུལ་རབ་བརྟན་རྡོ་རྗེའི་རྫོང་། །བྱིན་རླབས་ལུང་བསྟན་སྩལ༴ ༩༢ །འཇམ་དཔལ་ཐུགས་ཀྱི་དྷཱིཿལས་སྐྱེས་པའི་མགོན། །ངག་གི་དབང་ཕྱུག་བློ་མཆོག་སྤོབས་པའི་གཏེར། །ཚངས་ཆེན་ལྷ་ཡི་མེ་ཏོག་གཟུགས་སྐུའི་དཔལ། །སྤྲུལ་གཞིའི་དབྱིངས་སུ་བསྡུས་ལ༴ ༩༣ །པདྨའི་ཐུགས་རྗེ་སྤྲིན་ཆེན་ལྷུན་ཐུག་ལས། །བྱུང་བའི་སྙིང་ཐིག་ཆར་གྱིས་རྒྱུན་བཟང་པོས། །ལྷ་སྲས་གདུང་བའི་དྲི་མ་ཀུན་བསྐྲུས་པས། །རྫོགས་ཆེན་དགོངས་ཀློང་མངོན་དུ་གྱུར༴ ༩༤ །ཚུལ་ཁྲིམས་འདབ་ཡངས་ཏིང་འཛིན་གེ་སར་མཐོ། །ཤེས་རབ་སྦྲང་རྩིས་རབ་ཕྱུག་དབུ་མའི་རྒྱན། །བྷོ་དྷི་ས་ཏྭ་ཨུ་དུམྦཱ་ར་ཡང་། །ཆོས་དབྱིངས་སྙོམས་པར་ཞུགས་ལ༴ ༩༥ །སྒྱུ་འཕྲུལ་རྡོ་རྗེའི་བཀོད་པས་གངས་ལྗོངས་ཀུན། །ཞབས་ཀྱིས་བཅགས་ཤིང་སྒྲུབ་གནས་བྱིན་གྱིས་བརླབས། །སྐུ་དང་ཞབས་ཕྱག་རྗེས་སོགས་མཐའ་ཡས་པ། །རྗེས་འཇུག་བསོད་ནམས་རྟེན་དུ་བསྐྲུན་ཕྱག་འཚལ། ༩༦ །དཔའ་བརྗིད་ཁྲོ་བོ་འཆོལ་བའི་སྐུར་བཞེངས་ནས། །སྟག་ཚང་གནས་སུ་མི་བསྲུན་འབྱུང་པོའི་དཔུང་། །མཐར་བྱས་མི་འདས་རྡོ་རྗེེའི་གཡར་དམ་གྱིས། །བཅིང་མཛད་རྡོ་རྗེ་གྲོ་བོ་ལོད་ཕྱག་འཚལ། ༩༧ །ཀུན་བཟང་པདྨ་མཁར་ལྡིང་དབང་པོ་ཡིས། །རྒྱུད་ལུང་མན་ངག་རིན་ཆེན་བྱེ་བའི་བཅུད། །གཅིག་ཏུ་བསྡོམས་པའི་བཀའ་འདུས་རཏྣ་མཆོག །ཁྲ་འབྲུག་གནས་སུ་སྐྱུག་པར་མཛད་ཕྱག་འཚལ། ༩༨ །མཆོག་གྲུབ་རྒྱལ་པོ་ཨུ་དུམྦཱ་ར་སོགས། །བཀའ་བབས་ལས་ཅན་ཉེར་གཅིག་པདྨའི་ཚལ། །གྲུབ་གཉིས་རྟོགས་པའི་གེ་སར་རྒོད་པ་ཡིས། །ངོ་མཚར་འདབ་ཕྲེང་གཡོ་ལ་ཕྱག་འཚལ་ལོ། ༩༩ །འཇིགས་རུང་ཀ་ཏ་ཀ་ཧའི་སྒྲ་སྒྲོགས་ཤིང་། །མི་ཕྱུགས་གསོན་པོར་ཟོས་པའི་མཆེ་བའི་ཚོགས། །རབ་རྔམས་དུས་མེ་ལྟར་འབར་སྲིན་པོའི་དཔུང་། །ཐུགས་བསྐྱེད་བཙན་པོས་གདུལ་བར་དགོངས་ཕྱག་འཚལ། ༡༠༠ །མཁྱེན་བརྩེའི་སྤྲིན་འཁྲིགས་པད་འབྱུང་ཞལ་སྒོ་ལས། །ཞལ་གདམས་མན་ངག་ཆར་བཟང་ཆེར་ཕབ་པས། །རྗེ་བློན་བཙུན་འཁོར་མཆོག་ཕལ་འགྲོ་བློ་ཡིས། །རེ་བའི་རྫིང་བུ་འགེང་བར་མཛད་ཕྱག་འཚལ། ༡༠༡ །མཛེས་མཛེས་ལྷ་དང་མཁའ་འགྲོའི་མཆོད་སྤྲིན་དབུས། །མཚར་མཚར་སྤྲིན་གསེབ་ནས་ཐོན་སེང་རྟ་ལ། །ཁྱུག་ཁྱུག་མིག་འཕྲུལ་བཞིན་ཆིབས་ལྷ་ལམ་ནས། །མྱུར་མྱུར་རྔ་ཡབ་དཔལ་རིར་གཤེགས་ཕྱག་འཚལ། ༡༠༢ །དེར་ནི་ཤུགས་སྒྲོལ་དམོད་པའི་མཚོན་ཆ་ཡིས། །སྲིན་རྒྱལ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར། །རཀྴ་ཐོད་ཕྲེང་སྲིན་རྗེའི་སྐུར་བཞེངས་ཏེ། །དགེ་བཅུའི་ཁྲིམས་ཀྱིས་སྐྱོང་བར་མཛད་ཕྱག་འཚལ། ༡༠༣ །དབུས་ཕྱོགས་པདྨ་འོད་ཀྱི་གཞལ་ཡས་ན། །སྐུ་གསུམ་སྟོན་པའི་རྣམ་རོལ་མཐའ་ཀླས་པས། །རིག་འཛིན་མཁའ་འགྲོ་སྡེ་བརྒྱད་སྲིན་པོའི་ཚོགས། །མཐའ་ཀླས་སྨིན་གྲོལ་མཛད་ལ་ཕྱག་འཚལ་ལོ། ༡༠༤ །ཤར་ཕྱོགས་ཞི་བ་ཆོས་ཀྱི་ཚོགས་ཁང་ན། །སྡེ་སྣོད་གསུམ་འཛིན་པཎ་ཆེན་ཚུལ་བཟུང་ནས། །མཚན་ཉིད་རྒྱུ་ཡི་ཐེག་པའི་ཆོས་ཚུལ་འབུམ། །མ་འདྲེས་གསལ་བར་སྟོན་ལ་ཕྱག༴ ༡༠༥ ལྷོ་ཕྱོགས་རྒྱས་པ་ལོངས་སྤྱོད་ཚོགས་ཁང་ན། །ཚེ་འོད་དཔག་མེད་མགོན་གྱི་སྐུར་བཞེངས་ཏེ། །འབྲས་བུ་གསང་སྔགས་ཏནྟྲ་འབུམ་གྱི་བཅུད། །སྐལ་བཟང་འགྲོ་ལ་སྩོལ་བར་མཛད་ཕྱག་འཚལ། ༡༠༦ །ནུབ་ཕྱོགས་པདྨ་དབང་གི་ཚོགས་ཁང་ན། །དཔལ་ཆེན་རྟ་མགྲིན་འབར་བའི་སྐུ་བཞེངས་ནས། །རྟ་སྐད་གཅིག་གིས་སྣང་སྲིད་དབང་སྡུད་ཅིང་། །གསང་སྔགས་མ་རྒྱུད་ཆོས་འཁོར་བསྐོར་ཕྱག་འཚལ། ༡༠༧ །བྱང་ཕྱོགས་སྦྱོར་སྒྲོལ་ཕྲིན་ལས་ཚོགས་ཁང་ན། །དཔའ་བརྗིད་ཆེ་བཙན་གུ་རུ་དྲག་པོ་ཡིས། །འགལ་བྱེད་གདུག་པའི་ཚོགས་རྣམས་ཚར་གཅོད་ཅིང་། །ཏ ན་གན་ཆོས་འཁོར་བསྐོར་ལ་ཕྱག་འཚལ་ལོ། ༡༠༨ །གཞན་ཡང་གདུལ་དཀའ་སྲིན་པོའི་གླིང་བརྒྱད་དུ། །དེ་སྙེད་ངོ་མཚར་སྐུ་ཡི་བཀོད་པ་ཡིས། །སྒྲུབ་སྡེ་བརྒྱད་སོགས་ཆོས་འཁོར་རྟག་བསྐོར་ཞིང་། །ལུགས་གཉིས་ཁྲིམས་ཀྱིས་སྐྱོང་ལ་ཕྱག་འཚལ་ལོ། ༡༠༩ །སྔོན་སྨོན་ཐུགས་བསྐྱེད་བཙན་པོའི་ཁྱད་པར་གྱིས། །དུས་དྲུག་སྒྲིབ་མེད་གཟིགས་པའི་ཡེ་ཤེས་སྤྱན། །གངས་ལྗོངས་གདུལ་བྱའི་ཞིང་ལ་འབབས་པ་ཡི། །བཀའ་དྲིན་འཁོར་མེད་རྗེ་ལ་ཕྱག་འཚལ་ལོ། ༡༡༠ །མཐའ་ཡས་སྒྱུ་འཕྲུལ་རྡོ་རྗེའི་བཀོད་པ་ཡིས། །ནམ་མཁའི་མཐར་མཉམ་ཞིང་ཁམས་རབ་འབྱམས་ནས། །སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་མཛད་པའི། །རྣམ་ཐར་དཔག་ཡས་ཁྱོད་ལ་ཕྱག་འཚལ་ལོ། ༡༡༡ །རྒྱལ་བའི་རྣམ་ཐར་ཀུན་གསལ་ཡངས་པའི་མཐའ། །བྱིས་བློ་ཁུག་རྟའི་འདོམ་གྱིས་གཞལ་བྱ་ཅི། །འོན་ཀྱང་དད་པས་ཆ་ཙམ་བསྔགས་པའི་དགེས། །འགྲོ་ཀུན་མ་ཧཱ་གུ་རུའི་རྗེས་འཛིན་ཤོག ༡༡༢ གུས་པའི་བློ་ཅན་པད་རྣམ་ལྷོད་པོ་ཡང་། །མཚོ་སྐྱེས་རྡོ་རྗེས་འབྲལ་མེད་རྗེས་བཟུང་མཐུས། །ཐ་མལ་འཁྲུལ་འཛིན་དྲི་མ་དབྱིངས་སངས་ཏེ། །རྡོ་རྗེའི་གསང་མཆོག་ཚེ་འདིར་འགྲུབ་གྱུར་ཅིག ༡༡༣ །བཀྲ་ཤིས་དཔལ་འབར་འཛམ་གླིང་མཛེས་པའི་རྒྱན། །གུ་རུ་པདྨའི་རྣམ་ཐར་ཉིན་མོར་བྱེད། །འགྲོ་བསོད་ཡངས་པའི་མཁའ་ལ་མྱུར་འཆར་ཏེ། །ཕན་བདེའི་སྣང་བས་ས་གསུམ་ཁྱབ་གྱུར་ཅིག ༡༡༤ །ཐུབ་བསྟན་ཡོངས་སུ་རྫོགས་པའི་ལྷ་གོས་རྩེར། །འོད་གསལ་རྡོ་རྗེའི་སྙིང་པོའི་ཏོག་མཛེས་པས། །རྒོལ་ངན་ཀླ་ཀློའི་གཡུལ་ལས་རྣམ་རྒྱལ་བའི། །བསྟན་པའི་རྒྱལ་མཚན་ཡུན་དུ་བསྒྲེང་གྱུར་ཅིག ༡༡༥ །

ཨོ་རྒྱན་རྡོ་རྗེེ་འཆང་གི་བཀའ་དྲིན་རྗེས་དྲན་གྱི་བསྟོད་བསྔགས་ལྷའི་རྔ་ཆེན།

༄༅། །ཨོ་རྒྱན་རྡོ་རྗེེ་འཆང་གི་བཀའ་དྲིན་རྗེས་དྲན་གྱི་བསྟོད་བསྔགས་ལྷའི་རྔ་ཆེན་ཞེས་བྱ་བ་བཞུགས་སོ།། གདོད་མའི་མགོན་པོ་སྣང་བ་མཐའ་ཡས་ཀྱི། །ཐུགས་རྗེའི་རོལ་རྩེད་སནྡྷིུ{ནྡྷཱུ}འི་དྭངས་མཚོར་བསྒྱུར། །འདབ་སྟོང་པདྨའི་ཟེའུ་འབྲུས་བསྐྱེད་བསྲིངས་པ། །ཨོ་རྒྱན་རྡོ་རྗེ་འཆང་གིས་དགེ་ལེགས་མཛོད། ༡ །ཐུབ་དབང་མཛད་པ་ཐ་མའི་གཟིམས་ཁྲི་ལ། །ཞི་བར་མནལ་ནས་བཞི་ཟུང་བགྲང་བྱའི་ལོ། །ལྕགས་སྤྲེལ་སྣོན་ཟླའི་ཡར་དཀར་ཚེས་བཅུའི་ཉིན། །དུས་གསུམ་རྒྱལ་བའི་རིག་པ་འཛིན་ཁྱོད་འཁྲུངས། ༢ །ཆོས་སྐྱོང་རྒྱལ་པོ་འབྱོར་པའི་དབང་པོ་ཡིས། །སྲིད་བཟུང་མོད་ལ་ཏནྟྲའི་སྡེ་ཆར་བབས། །དྷརྨ་གཉྫོའི་བདག་པོར་མཁའ་འགྲོ་མས། །མངའ་གསོལ་མཚན་ནི་མཚོ་སྐྱེས་རྡོ་རྗེར་གྲགས། ༣ །བཙུན་མོ་འོད་འཆང་ལ་སོགས་ལྔ་བརྒྱའི་འཁོར། །འདོད་ཡོན་ལམ་བྱེད་ཚོམ་བུ་ཚོགས་བསྒྲུབས་ཀྱིས། །འཕུར་འགྲོའི་རྒྱལ་ཁམས་ཕུང་པོ་ལྷག་མེད་དུ། །འཇའ་ལྟར་ཡལ་བའི་ལོ་རྒྱུས་གཏམ་སྙན་མང་། ༤ །བརྒྱ་བྱིན་ཚོན་རིས་མདུན་མཁར་དཀྲིགས་པའི་ཀློང་། །རྡོ་རྗེ་སེམས་དཔའ་བྱོན་ནས་བརྡའ་ཐབས་བསྟན། །པདྨ་སམྦྷ་{སཾ་བྷཱ}རྣམ་ཤེས་རྒྱལ་ཁམས་ལས། །བརྒལ་ཏེ་ཡེ་ཤེས་རྒྱལ་ཁམས་བདག་གིར་བཟུང་། ༥ །ནང་གི་མུན་སེལ་ཉི་མ་འོད་ཟེར་ཉིད། །དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་སྤྱོད་པ་བསྐྱངས། །རིག་འཛིན་བརྒྱད་དང་བཀའ་ཡི་འགྲོ་བ་མཛད། །བདེ་གཤེགས་སྤྱི་དྲིལ་བབས་སོ་གཅིག་ཏུ་ཁུམས། ༦ །ཕྱི་ལྟར་ཤཱཀྱ་སེང་གེའི་ཆ་ལུགས་འཆང་། །བདུད་བཞིའི་གཡུལ་བཅོམ་ཆེ་བའི་ཡོན་ཏན་རྫོགས། །སྡེ་སྣོད་བཅུ་གཉིས་ཐུགས་ཀྱི་ཀློང་གསལ་ཀྱང་། །ཉེ་གནས་ཀུན་དགའ་བོ་ལ་མདོ་ཡང་དྲིས། ༧ །འོག་མིན་གནས་སུ་ཀུན་བཟང་ཧེ་རུ་ཀཿ། །མེ་རི་འབར་བར་ལས་ཀྱི་དབང་མོ་བསྟེན། །དགའ་རབ་རྡོ་རྗེ་ཆོས་ཀྱི་བྱུང་ཁུངས་བཙུན། །རྟོགས་གྲོལ་དུས་མཉམ་ཤྲཱི་སེང་ཉིད་ལས་སོ། ༨ །སངས་རྒྱས་པདྨ་རྒྱལ་པོ་མཆོག་ཉིད་ཀྱི། །སྔགས་ཀྱི་དགྱེས་སྡེ་མནྡ་ར་བས་བྱས། །མ་ར་ཏི་ཀར་ཚེ་དཔག་མེད་མགོན་གྲུབ། །རྡོ་རྗེའི་སྐུ་ལ་བགྲེས་རྒུད་མེད་དབང་ཐོབ། ༩ །བློ་ལྡན་མཆོག་སྲེད་སྦྱངས་པ་སྔོན་སོང་བས། །རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་ཀྱི། །རིག་འཛིན་རྣམ་བཞི་ཉི་ཟླའི་འགྲོས་ལས་མྱུར། །ལམ་མཆོག་སྣང་བཞིའི་ཡེ་ཤེས་ཕ་མཐར་སོན། ༡༠ །འབྱུང་ལྔའི་ཀློང་ན་གྲུབ་པའི་འཁོར་ལོས་སྒྱུར། །མ་འཚལ་ཟ་ཧོར་རྒྱལ་པོས་གསོན་བསྲེགས་ཚེ། །མེ་དཔུང་མཚོ་རུ་བསྒྱུར་པའི་རྫུ་འཕྲུལ་བསྟན། །གཙུག་ལག་འཛིན་པ་གདུལ་བྱའི་མཐིལ་དུ་གྱུར། ༡༡ །བསྟན་ལ་ཕྱིར་ཕྱོགས་མུ་སྟེགས་ཀླ་ཀློའི་ཁྱུ། །དངོས་སྟོབས་རིགས་པས་བཅོམ་ཞིང་ངན་སྔགས་བདག །མཐུ་རྩལ་གནམ་ལྕགས་ཐོག་གི་ངར་ལ་དྲངས། །མི་བསྙེངས་སེང་གེའི་སྒྲ་སྒྲོགས་ཁྱོད་དུ་བས། ༡༢ །འཕགས་ཡུལ་སུམ་སྟོང་དྲུག་བརྒྱ་བཞུགས་པའི་རིང་། །རྒྱ་གར་ཤར་ནུབ་ཆུ་བཞིན་མྱུལ་བྱས་ཏེ། །གཙུག་ལག་ཁང་ནི་འབུམ་ཚོ་བྱེ་བ་བཞེངས། །མདོ་སྔགས་བསྟན་པའི་རྒྱལ་མཚན་བསྒྲེངས་བར་མཛད། ༡༣ །མ་དད་ལོག་ལྟ་ཟློག་ཕྱིར་གྲུབ་པའི་འཕྲུལ། །ཆུ་བོ་གྱེན་ལྡོག་ཉི་མ་གཏེ་པོར་བཅུག །རྫུ་འཕྲུལ་སྟག་ལ་ཆིབས་སོགས་རེ་རེ་ནས། །བགྲང་འདོད་བྱིས་པའི་བློ་འདི་ཡོངས་རེ་གོལ། ༡༤ །བསྐལ་པ་སྐད་ཅིག་སྐད་ཅིག་བསྐལ་པ་རུ། །བཟླུམས་པའི་རྣམ་ཐར་འབྲེལ་བསྒྲིག་ག་ལ་བཏུབ། །གསང་བ་བསམ་མི་ཁྱབ་པའི་བདག་ཉིད་ཅན། །འབྱུང་ལྔས་གར་ཁྱབ་པད་འབྱུང་སྐུས་ཁྱབ་བོ། ༡༥ །འཕགས་ཡུལ་གྲུབ་བརྒྱའི་སྤྱི་མེས་ཐོད་ཕྲེང་རྩལ། །དུས་གསུམ་ས་ལེར་མཁྱེན་པའི་གོ་ས་ན། །མ་སངས་སྤུན་དགུས་དབང་བྱས་སྤྲེལ་ཚ་རྣམས། །སྡུག་བསྔལ་གསུམ་གྱིས་ཉམས་ཉེས་གྱུར་པ་གཟིགས། ༡༦ །ཁྱད་པར་བོད་ཡུལ་མུན་པའི་སྨག་རུམ་འདིར། །ཆོས་ཀྱི་སྒྲོན་མེ་སྦོར་བྱེད་ཁྲི་སྲོང་རྗེས། །སྤྱན་དྲངས་མཁན་སློབ་ཆོས་གསུམ་གདན་ཡང་འཛོམས། །གངས་ཅན་ལྗོངས་ཞེས་བརྗོད་པ་དོན་དང་ལྡན། ༡༧ །ཧས་པོ་རི་གོང་ལྷ་སྲིན་དམ་འདོགས་དུས། །རང་རང་སྲོག་སྙིང་མདོངས་གསོལ་ཕུལ་ནས་སུ། །ཅི་བགྱིས་བཀའ་བསྒྲུབ་ཁས་བླང་བྲོ་བོར་བས། །སྟོང་སྲོག་གཅིག་འདུས་རྡོ་རྗེ་ཁྲོ་སྐུར་བཞེངས། ༡༨ །ཚངས་ཆེན་ཐུགས་དམ་གཙུག་ལག་ས་འདུལ་ཚེ། །དཀར་ཕྱོགས་སྐྱོང་བ་མ་ལུས་བྲན་དུ་བཀོལ། །བསམ་ཡས་བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ཞིང་ཁམས་གཅིག་གི་ཚུལ་དུ་ལེགས་པར་བཞེངས། ༡༩ །ལུགས་གསུམ་མི་འགྱུར་ལྷུན་གྲུབ་གཞལ་ཡས་ཁང་། །རྟེན་དང་བརྟེན་པར་བཅས་པའི་ངོ་མཚར་སྣང་། །འཆི་མེད་གྲོང་ཁྱེར་ས་ལ་འཕོས་མཚུངས་ཀྱང་། །པད་འབྱུང་རབ་ཏུ་གནས་པའི་ཁྱད་པར་ཡོད། ༢༠ །དགེ་སློང་རྩེ་མོས་འདུལ་བའི་བསྟན་པ་བཙུགས། །སད་མི་མི་བདུན་བླ་ཡི་མཆོད་གནས་བསྐུར། །རྒྱ་བོད་ལོ་པཎ་བརྒྱ་རྩ་བསྡུས་ནས་སུ། །བཀའ་བསྟན་གངས་རིའི་ཁྲོད་དུ་རྒྱས་པར་བསྒྱུར། ༢༡ །འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད་ཀྱི་དོན། །སྡེ་གསུམ་ཀློང་དགུའི་མན་ངག་ངེས་པ་རྣམས། །པད་འབྱུང་བི་མའི་དགོངས་བཅུད་བླ་ན་མེད། །ལས་ཅན་སྙིང་གི་བུ་དགུའི་དཔལ་དུ་ཤར། ༢༢ །བྲག་དམར་མཆིམས་ཕུའི་ཀེའུ་ཚང་གོང་མ་རུ། །གུ་རུ་པདྨས་གསང་སྔགས་དབང་མོ་ཆེ། །བསྐུར་བའི་མོད་ལ་རྗེ་འབངས་ཉི་ཤུ་ལྔ། །རྟོགས་གྲོལ་དུས་མཉམ་གྲུབ་པའི་གར་གྱིས་བྲེལ། ༢༣ །བོད་མོ་མཚོ་རྒྱལ་གསུམ་པའི་རྟེན་དུ་བཟུང་། །བཻ་རོ་ཙཱ་ནས་བཀའ་ཡི་བསྡུ་བ་བྱས། །ལྡན་མ་རྩེ་མང་ཡི་གེའི་རིས་སུ་བཀོད། །གསང་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ༢༤ །དེ་ཚེ་མུ་སྟེགས་ཤན་ཞུགས་བོན་པོ་རྣམས། །ལྟ་སྤྱོད་མ་མཚུངས་གླགས་ལྟའི་གྱ་ཚིག་བགོས། །བསྟན་པ་རྒྱལ་དུ་བཙུགས་ནས་བརྩད་པའི་ཚེ། །རྟོག་གེའི་ལྕེ་ཆད་ཆོས་ལ་དག་ཐེར་བྱུང་། ༢༥ །ཚེ་སྤོང་བཟས་འཁུམས་སྡིག་བློན་ཁས་བཙན་པས། །རྒྱལ་པོའི་སྐུ་དབང་མ་འདུས་འཚོ་སྐལ་ཆད། །འོན་ཀྱང་མི་ལོ་བཅུ་གསུམ་སླར་ལ་བསྲིངས། །དེ་བར་འཛམ་གླིང་སུམ་གཉིས་བྲན་དུའང་བཀོལ། ༢༦ །བརྒྱ་དང་བཅུ་གཅིག་བོད་ལ་བཞུགས་པའི་རིང་། །རྗེ་ཡིས་བཞེད་བཀང་སྲས་ལ་ཕན་པ་བསྒྲུབ། །ས་གཞི་རྟ་རྨིག་ཙམ་ཡང་མ་ལུས་པར། །ཞབས་ཀྱིས་བཅགས་པའི་བཀའ་དྲིན་རྨད་དུ་བྱུང་། ༢༧ །གངས་བྲག་མཚོ་གསུམ་སྒྲུབ་གནས་བྱིན་བརླབས་ཤིང་། །མིང་ཅན་མིང་མེད་གཏེར་ཀ་འབུམ་སྦས་པ། །ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ། །མ་འོངས་བསྟན་འགྲོའི་བཙས་སུ་བཞག་པས་འཚེངས། ༢༨ །འགྲོ་ལྡིང་ཡུལ་དུ་མཁའ་འགྲོའི་ཚོགས་དཔོན་དུ། །བཞེངས་ནས་བརྟུལ་ཞུགས་གྲུབ་པའི་འཁོར་ལོས་སྒྱུར། །འཕགས་ཡུལ་གྲུབ་བརྒྱས་བསྐལ་པར་བསྐྲུན་པའི་འཕྲུལ། །སྐད་ཅིག་བཟླུམས་འདི་ཚངས་ཆེན་བློས་མི་འཆུན། ༢༩ །ལྷོ་ནུབ་སྲིན་པོ་འདུལ་དུ་ཉེ་བ་ན། །ཁྲ་འབྲུག་གཙུག་ལག་ཁང་གི་བར་ཁྱམས་སུ། །བཀའ་འདུས་ཚོམ་བུ་ཉེར་གཅིག་སྒྲུབ་ཆེན་འཛུགས། །བཀའ་བབས་ལས་ཅན་གྲུབ་པའི་ཚོགས་ཆེན་བརྡོལ། ༣༠ །བཀའ་དྲིན་འཁོར་མཐའ་མེད་པའི་དྲིན་ཅན་རྗེ། །ཕྱི་མཐའ་གཟིགས་པའི་སྤྱན་སྐྱོང་ཟླ་མེད་པའི། །བརྩེ་བའི་ཞལ་ཐེམས་བརྗེད་ཐོ་ཤུལ་དུ་བཞག །འཇའ་ཚོན་ལྟ་བུའི་སྐུ་ཡང་མི་སྣང་གྱུར། ༢༡ །ཟངས་མདོག་དཔལ་རིར་སྲིན་ཚོགས་དབང་དུ་བསྡུས། །རཀྴ་ཐོད་ཕྲེང་རྩལ་གྱི་གསོབ་ལ་ཞུགས། །མཐིང་འོད་འབར་མ་ཉི་དང་ཟེར་བཞིན་འགྲོག །མཚན་རྒྱུ་ཤ་རྗེན་བཟའ་ཀུན་གཙིགས་ལ་ཕབ། ༣༡ །རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ། །རིག་འཛིན་དུ་མའི་ཚོགས་རྗེར་བཞེངས་པའི་མོད། །གསང་སྔགས་ཐེག་པ་ཆེན་པོའི་སྨིན་དབང་བསྐུར། །འགྲོ་འདུལ་གཏེར་འབྱིན་སྣ་ཚོགས་ཆོ་རོལ་འགྱེད། ༣༣ །སྙིགས་ལྔའི་གདུལ་བྱ་ཡལ་བར་མི་འདོར་བས། །སྣང་མུན་དུས་དྲུག་བརྩེ་བའི་སྤྱན་གྱིས་བཙའ། །ཡར་མར་ཚེས་བཅུའི་ཉི་ཟེར་ཆིབས་ནས་བྱོན། །མོས་གུས་ཅན་ལ་བྱིན་རླབས་རྒྱུན་ཆད་བྲལ། ༣༤ །རྗེས་འཇུག་ཕྱི་ནང་གསང་བའི་ཚོགས་མཆོད་ཤོམས། །བསྐྱེད་སྔགས་རྫོགས་པའི་ལས་རིམ་གཞུང་བསྲངས་ཚེ། །རྣམ་བཞིའི་རིག་འཛིན་གྲུབ་པའི་གསེང་ལམ་ནས། །ཆོས་ཉིད་དོན་གྱི་པད་འབྱུང་རང་ཞལ་མཇལ། ༣༥ །དུག་ལྔ་ལམ་ཁྱེར་ཡེ་ཤེས་ངོ་བོ་འཕྲོད། །འདའ་ཀ་འཆི་བྲོད་གདེང་ཚད་ཚགས་སུ་ཚུད། །འདི་ཕྱིའི་འདུན་མ་གཅིག་ཏུ་དྲིལ་བ་ཡི། །གདམས་ངག་ཟབ་དགུ་བསྟན་པས་འཚེངས་པར་གྱུར། ༣༦ །བགྲང་ཡས་འགྲོ་བློས་མི་འཆུན་རྒྱལ་ཀུན་གྱི། །བྱིན་ནུས་གཅིག་བསྡོམས་ཨོ་རྒྱན་རྡོ་རྗེ་འཆང་། །རྔ་ཡབ་གླིང་གི་ཆེ་བཙན་གུ་རུ་རྗེར། །ཞིང་རྡུལ་གྲངས་མཉམ་ལུས་སྤྲུལ་གུས་ཕྱག་བརྩེགས། ༣༧ །མི་མཇེད་ཞིང་གི་མི་གཙང་དངོས་ཀུན་བསལ། །བདག་པོས་བཟུང་དང་མ་བཟུང་མཆོད་པའི་སྤྲིན། །དཔག་མེད་བློ་ཡིས་བླངས་ཏེ་ཕྱུར་བུར་སྤུངས། །དུས་གསུམ་རྟག་པ་རྒྱུན་གྱིས་འཁོར་ལོར་དབུལ། ༣༨ །ཐོག་མེད་དུས་ནས་དཀར་མིན་དྲི་ཡིས་བགོས། །སྒོ་གསུམ་བག་མེད་དབང་གིས་མི་དགེའི་ལས། །གང་བསགས་གནོངས་འགྱོད་དྲག་པོའི་སྒོ་ནས་མཐོལ། །དག་གཙང་ཁྲུས་ཀྱི་ཆོ་གས་འཁྲུད་པར་གསོལ། ༣༩ །འདས་དང་མ་བྱོན་ད་ལྟར་བཞུགས་གྱུར་པའི། །མགོན་མཆོག་རྣམས་ཀྱི་མཛད་པའི་ཁུར་ཆེན་པོ། །བདག་ཉིད་ཁོ་ནས་ཁྱེར་ནས་གདུལ་འགྲོའི་དོན། །རྒྱ་ཆེར་མཛད་ལ་རྗེས་ཡིད་སུ་མི་རངས། ༤༠ །ད་དུང་སྲིད་པའི་རྒྱ་མཚོ་མ་སྐེམ་བར། །ཡིད་ཅན་སྒྲོལ་བའི་གྲུ་གཟིངས་ལེགས་ཚུགས་ལ། །གསང་ཆེན་ཆོས་འཁོར་བསྐོར་བའི་དར་པོ་ཆེ། །ལེགས་ཕྱར་སྐུར་བཞིའི་རྒྱལ་སར་དབུགས་དབྱུང་གསོལ། ཀུན་བཟོད་གཟུགས་སུ་མ་གྲུབ་དེ་སྲིད་དུ། །རྡོ་རྗེའི་སྐུ་ལ་འཕོ་འགྱུར་མི་མངའ་ཡང་། །ཞིང་འདིར་མྱང་འདས་མི་བཞེད་དོན་ལ་འདྲི ལ། །ངོ་མཚར་མིག་གི་བདུད་རྩིར་མངོན་སྣང་བྱོས། ༤༢ །ལྷག་བསམ་འོ་མཚོའི་རྫིང་ལས་ཉེར་འཐོན་པའི། །རབ་བསྔགས་པུཎྜ་རཱི་ཀའི་ཕྲེང་བ་འདི། །རྒྱལ་བའི་མགུར་ན་སྦ་བའི་ལེགས་བྱས་དགེ། །མ་རྣམས་གཏན་བདེ་ཐོབ་པའི་རྒྱུར་ཡང་བསྔོ། ༤༣ །ཆོས་རབ་རྣམ་འབྱེད་ལྷ་ཡི་རྔ་བོ་ཆེའི། །སྒྲ་དབྱངས་སྲིད་པའི་རྩེ་མོར་བསྒྲགས་བྱས་པས། །འགྲོ་ཀུན་མ་རིག་གཉིད་ལས་སློང་གྱུར་ཏེ། །ཡང་དག་ལམ་གྱི་སྣང་བ་རྒྱས་པར་ཤོག ༤༤ །ཟབ་གསང་རྫོགས་པ་ཆེན་པོའི་རིང་ལུགས་ལས། །ནམ་ཡང་མི་ཉམས་ཐེག་དགུའི་རྩེ་མོར་བགྲོད། །འོད་གསལ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་ནས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཤོག ༤༥ །དེ་མ་ཐོབ་ཀྱི་ཚེ་རབས་ཕྲེང་བར་ཡང་། །རྡོ་རྗེའི་སློབ་དཔོན་མིག་འབྲས་བཞིན་དུ་བསྟེན། །དམ་ཚིག་གཙང་མའི་མཁའ་ལས་ཉི་ཟླའི་སྣང་། །འགྱེད་པས་ཐར་གྲོལ་འདབ་བརྒྱ་བཞད་གྱུར་ཅིག ༤༦ །བདེ་ཆེན་སྡོམ་པ་ཆེན་པོའི་ལམ་བཟང་དུ། །མཐའ་ཀླས་སྲིད་པའི་ཡིད་ཅན་མ་ལུས་ཞུགས། །ཐར་པ་ཆེན་པོའི་གྲོང་ཁྱེར་བསྙེགས་བྱས་ནས། །མཐོ་རིས་གང་གཱའི་ཆུ་ངོགས་བརྟེན་གྱུར་ཅིག ༤༧ །ཐུབ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་གྱི། །རིང་ལུགས་མི་ཉམས་དབྱར་དུས་ཆུ་གཏེར་བཞིན། །གོང་ནས་གོང་འཕེལ་བཤད་སྒྲུབ་འཛུམ་དཀར་གྲོལ། །དྲི་མེད་ཆེས་ཆེར་རྒྱས་པའི་རྒྱུར་གྱུར་ཅིག ༤༨ །དཔལ་ལྡན་རྒྱལ་བ་གཉིས་པའི་མཛད་རླབས་འཕྲུལ། །རྣམ་འདྲེན་སྟོང་གི་ཕྲིན་ལས་མ་རྫོགས་པར། །དེ་སྲིད་རྒྱུན་མི་འཆད་པའི་བཀའ་དྲིན་གྱིས། །ཤས་ཙམ་འཚོབ་པའི་རེ་བ་ག་ལ་མཆིས། ༤༩ །འོན་ཀྱང་མི་ཕྱེད་དད་པའི་འོ་མཚོ་ལས། །ལེགས་པར་འཁྲུངས་གྱུར་པདྨ་དཀར་པོ་ཡི། །མཆོད་སྡོང་བར་སྣང་རྒྱས་པར་དཀྲིགས་པ་འདི། །སྲས་བཅས་རྒྱལ་བའི་སྤྱན་ལམ་མཛེས་པར་སྨོན། ༥༠ །བཅུ་ཕྲག་ལྔ་ལ་ཉག་མ་གཅིག་གིས་ལྷག །ཚིགས་སུ་བཅད་པ་བསྡེབས་པའི་བསྔགས་བརྗོད་ཕྲེང་། །བློ་ཆེན་བློ་ཡིས་མཛོད་པས་གསར་དུ་ཕྱུང། །བློ་གསར་མགུལ་ན་སྤ་བའི་རྒྱན་དུ་མཛོད། ༥༡ །དེ་ལྟར་ཨོ་རྒྱན་རྡོ་རྗེ་འཆང་གི་ཡོན་ཏན་ལ་ཆ་ཤས་ཙམ་བསྔགས་པའི་རབ་བྱེད་འདི་ཡང་། ཤེས་བྱའི་ཆོས་ཀུན་གཟིགས་པའི་མ་ཧཱ་པཎྜི་ཏ། སྒྲ་དབྱངས་ཟླ་བ་འཆི་མེད་ལང་ཚོ་མཆོག་ཏུ་རྒྱས་པའི་སྡེའི་ལེགས་བཤད་ལ་གཞི་བཅོལ་ནས། ཤཱཀྱའི་དགེ་ཚུལ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོར་འབོད་པས་བྲིས་པའི་དགེ་བས་རང་གཞན་སེམས་ཅན་ཐམས་ཅད་ཤེས་རྒྱུད་གྲོལ་བའི་རྒྱུར་གྱུར་ཅིག། །།
༄༅། །ན་མོ་གུ་རུ་མ་ཧཱ་སུ་ཁ་ཡཻ། ཆོས་དབྱིངས་དང་མཉམ་རྒྱལ་བའི་ཞིང་ཀུན་ན། །མི་ཟད་རྒྱན་འཁོར་ལྔ་ཡི་བཀོད་པའི་སྤྲིན། །བསམ་མི་ཁྱབ་པར་སྲིད་པ་ཇི་སྲིད་བར། །སྟོན་མཛད་བདེ་མཆོག་པདྨ་རྒྱལ་པོར་འདུད། །ཁྱོད་ཀྱི་རང་བཞིན་ཟག་བྲལ་བདེ་བ་ཆེ། །སྲིད་ཞི་མཉམ་ཉིད་དུས་གསུམ་སྐྱེ་འགག་བྲལ། །འོད་གསལ་རང་བཞིན་ཟབ་ཞི་སྤྲོས་ལས་འདས། །འགྱུར་མེད་དོན་དམ་བདེན་པའི་མཚན་ཉིད་ལགས། །འགྲོ་བ་ཀུན་གྱི་སེམས་ཀྱི་ཆོས་ཉིད་དེ། །ལམ་ཞུགས་རྣམས་ཀྱི་ཟག་མེད་གསར་ཐོབ་ཆ། །ལམ་མཐར་ཕྱིན་པའི་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ཀུན་ཡིན་རང་བཞིན་མཉམ་པ་ཉིད། །ཇི་ལྟར་ནམ་མཁའ་མཚོན་གྱིས་མི་ཕྱེད་བཞིན། །གློ་བུར་སྤྲོས་པས་དེ་ཉོན་མོངས་མི་འགྱུར། །གདོད་ནས་དག་པའི་ཆོས་ཉིད་བྱང་ཆུབ་སེམས། །ཁྱོད་ཀྱི་རང་བཞིན་གཙང་བའི་ཕ་རོལ་ཕྱིན། །རྒྱུ་ཡིས་མ་བསྐྱེད་རིག་པ་བྱང་ཆུབ་སེམས། །རྐྱེན་གྱིས་མི་ཤིགས་རྡོ་རྗེ་ནམ་མཁའི་དཀྱིལ། །ཇི་ལྟར་སྔོན་གྱི་དེ་བཞིན་ཕྱིས་དེ་བཞིན། །ཁྱོད་ནི་འགྱུར་མེད་རྟག་པ་དམ་པའི་གཤིས། །བདེ་སྡུག་སྣ་ཚོགས་སེམས་ཀྱིས་བཀོད་པ་སྟེ། །སེམས་དང་བྲལ་བའི་རིག་སྟོང་མཉམ་པ་ཆེར། །འགྱུར་བཅས་ཟུག་རྔུའི་མཚན་མ་ཇི་ལྟར་ཡོད། །ཁྱོད་ཀྱི་རང་མཚན་བདེ་བ་ཆེན་པོར་ཤེས། །བདག་དང་བདག་མེད་ཀུན་རྟོག་སྤྲོས་པ་སྟེ། །མཉམ་ཉིད་ཀློང་དུ་སྤྲོས་མཚན་ཀ་ནས་དག །སྤྲོས་བྲལ་དབྱིངས་ཉིད་འཁོར་འདས་ཆོས་ཀུན་གཞི། །ཀུན་ལ་དབང་བསྒྱུར་དམ་པའི་བདག་ཀྱང་ཡིན། །ཁྱོད་ནི་མཁའ་ལྟར་སྤྲོས་པ་ཀུན་ཞི་ཡང་། །སྤྲོས་པ་ཅན་ལ་སྣ་ཚོགས་སྤྲོ་ཚུལ་སྟོན། །སྤྲོས་ཙམ་ཉིད་ན་སྤྲོས་མཚན་ངང་གིས་དབེན། །ཟབ་པའི་ཚུལ་དེ་རྟེན་འབྱུང་རང་གཤིས་ལགས། །མཁའ་ཁྱབ་འགྲོ་ལ་གང་ལ་གང་འདུལ་གྱི། །རྣམ་འཕྲུལ་ཚད་མེད་བཀོད་པའི་སྤྲིན་ཆེན་ཡང་། །མ་སྐྱེས་ཆོས་ཉིད་མཉམ་པའི་ཀློང་དུ་གཅིག །ཇི་ལྟར་མཁའ་ལ་འབྱུང་བཞིའི་འདུ་འགོད་བཞིན། །གཟོད་ནས་དག་ཕྱིར་འཁོར་བ་མ་དམིགས་ན། །གདུལ་བྱ་འདུལ་བྱེད་སྤང་གཉེན་གང་དུ་འཚོལ། །ཇི་ལྟར་སྒྱུ་མས་སྤྲུལ་པའི་བཀོད་པ་བཞིན། །ཡེ་ཤེས་ཡངས་པའི་སྤྱོད་ཡུལ་བསམ་མི་ཁྱབ། །འཁོར་བའི་ཆོས་ཀུན་དམིགས་སུ་ཡོད་མིན་ཏེ། །མྱ་ངན་འདས་པའི་ཆོས་ཀྱང་དེ་དང་མཚུངས། །གང་གིས་གང་བཅིངས་སུ་ཞིག་གང་གིས་བཀྲོལ། །ཀུན་མཉམ་ཡངས་པ་ཆེན་པོར་བདག་དགའ་འོ། །དེ་སླད་བསམ་གྱིས་མི་ཁྱབ་ཆོས་ཉིད་ལ། །བསམ་བྱ་མང་པོའི་ཀུན་རྟོག་སྤྲོས་པས་ཅི། །བརྗོད་བྲལ་གཉུག་མ་དོན་གྱི་བླ་མ་ལ། །བསལ་བཞག་སྤངས་ལེན་བྲལ་བས་ཕྱག་བགྱིའོ། །བདེ་སྟོང་འདུ་འབྲལ་མེད་པའི་མཆོད་པའི་གར། །མི་ཕྱེད་རོ་མཉམ་ཆེན་པོར་འབུལ་བགྱི་ཞིང་། །གཟུང་འཛིན་འཁྲུལ་རྟོག་རང་གྲོལ་མཉམ་ཉིད་ཀློང་། །བཤགས་བྱ་བཤགས་བྱེད་བྲལ་བར་བཤགས་ཤིང་སྡོམ། །ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ལ། །ཡིད་དཔྱོད་མཚན་འཛིན་བྲལ་བས་ཡི་རངས་ཤིང་། །འོད་གསལ་རྒྱུན་ཆད་མེད་པའི་ཆོས་འཁོར་མཆོག །དུས་བཞི་མཉམ་པ་ཆེན་པོར་བསྐོར་བར་བསྐུལ། །འདིས་མཚོན་དུས་གསུམ་བསགས་ཡོད་དགེ་ཚོགས་རྒྱུན། །འཁོར་གསུམ་སྤྲོས་མཚན་ལས་འདས་འོད་གསལ་དབྱིངས། །ཟག་མེད་ཆོས་དབྱིངས་ཆེན་པོར་སྔོ་བྱེད་ན། །མི་ཕྱེད་རོ་མཉམ་རྡོ་རྗེའི་དོན་རྟོགས་ཤོག །ཅེས་པའང་སྐྱེ་ཀུན་གུ་རུའི་བྲན་དུ་སྨོན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་བྲིས་པའི་དགེ་བས་རང་གཞན་ཀུན་གྱི་རྒྱུད་ལ་བདེ་བ་ཆེན་པོ་པདྨའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག

རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་ཅིང་སྨྲེ་སྔགས་སུ་གསོལ་བ་གང་གཱའི་རླབས་ཕྲེང་།

༄༅། །རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ལ་བསྟོད་ཅིང་སྨྲེ་སྔགས་སུ་གསོལ་བ་གང་གཱའི་རླབས་ཕྲེང་ཞེས་བྱ་བ། ངག་གི་དབང་ཕྱུག་བློ་ལྡན་མཆོག་སྲས་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་གསུང་གི་དབང་ཕྱུག་མཆོག །ཐུགས་རྗེས་འགྲོ་ལ་རྗེས་ཆགས་གར། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་ལ་འདུད། ༡ །གང་མཚན་རབ་སྙན་དབྱར་གྱི་རྔ། །ཐོས་པས་རབ་དགའ་མདོངས་མཐའ་ཅན། །དད་བརྒྱའི་སྒྲོ་གདུགས་ངོམ་བཞིན་དུ། །བསྟོད་ཚིག་ཟློས་གར་ཅིར་ཡང་བསྒྱུར། ༢ །ཐུབ་མཆོག་ཉིན་མོར་བྱེད་པའི་སྐུ། །མཛད་པ་ཐ་མའི་ནུབ་རི་ལ། །གཞོལ་ནས་རིང་མིན་ཁྱོད་སྐུའི་ཟླ། །འགྲོ་བསོད་ཤར་རིའི་ཕྲག་ནས་ཐོན། ༣ །འབྱུང་དཀོན་དྲི་བྲལ་མཐུ་ལྡན་ཞིང་། །རྒྱན་གྱུར་མཆོག་གི་རཏྣ་ཆེ། །མི་དབང་ཨིནྡྲ་བོ་དྷི་ཡི། །བསོད་ནམས་སུག་པའི་མཐིལ་དུ་ཐོབ། ༤ །མཚན་གྱི་མེ་ཏོག་རྒྱས་པ་ལ། །དཔེ་བྱད་འབྲུ་ཆགས་མཛེས་པའི་སྐུར། །འགྲན་སྙམ་རྟ་བདུན་དབང་པོ་ཡང་། །སྐྱེངས་ནས་ནུབ་རིར་ཡིབ་པར་དོགས། ༥ །གསུང་དབྱངས་ཡན་ལག་རྒྱ་མཚོའི་གདངས། །མཉན་འདོད་འཇིག་རྟེན་བྱེད་པོ་ཡིས། །ཐོས་འཛིན་བརྒྱད་ཀྱིས་འབད་བསྐྱེད་ཀྱང་། །ཆ་ཙམ་མ་དཔོག་རང་གནས་སྙོག ༦ །སྲིད་དང་ཞི་བའི་ཆོས་སོ་ཅོག །མ་འདྲེས་མཁྱེན་པའི་རྣམ་དཔྱོད་མཐའ། །དཔོག་མིན་སྔོ་བསངས་དགའ་མ་ལ། །རྒྱུ་སྐར་ཚོགས་ཀྱིས་འཕྱ་བ་བཞིན། ༧ །བྲལ་ཐོབ་རྣམ་པར་སྨིན་པ་ཡི། །དཔག་ཡས་ཡོན་ཏན་ལྕི་བའི་ཁུར། །འདེགས་པར་མ་བཟོད་ནོར་འཛིན་ཡང་། །དུས་བཞིའི་མཐའ་ལ་སྙེག་མིན་ནམ། ༨ །གྲུབ་གཉིས་འདོད་རྒུར་བསྒྱུར་བ་ཡི། །ཕྲིན་ལས་ཟབ་ལ་མྱུར་བའི་དཔལ། །ཁྱོད་མཚུངས་འགའ་ཡང་མ་འཚལ་བས། །རང་ཉིད་དཔེ་ཟླར་བཞག་ལས་ཅི། ༩ །ལྷ་དབང་ཀླུ་བདག་དྲང་སྲོང་ཚོགས། །ཉི་བུའི་གཡུལ་ལས་རྒྱལ་མ་གྱུར། །ཁྱོད་ཀྱི་གྲུབ་པའི་རིགས་སྔགས་ཀྱིས། །དགྲ་དེ་ཐལ་བར་བྱས་པ་ལགས། ༡༠ །རབ་འབར་ཏིལ་མར་བྱིན་ཟ་ཡིས། །ཁྱེད་སྐུ་བརྫི་བར་མ་ནུས་ཀྱང་། །ཁྱོད་ཀྱི་ཡེ་ཤེས་མེ་ཆེན་གྱིས། །འགྲོ་ཚོགས་སྲིད་པའི་བུད་ཤིང་བསྲེགས། ༡༡ །འགྲོ་འདི་ཉོན་མོངས་ཞགས་པ་ཡིས། །སྲིད་པའི་བཙོན་རར་དམ་བཅིང་མོད། །ཁྱོད་ཀྱིས་ཉོན་མོངས་སྤོང་མིན་པར། །ཡེ་ཤེས་ཆེན་པོ་བདག་གིར་མཛད། ༡༢ །ཐུབ་པས་མཚན་ཉིད་ཐེག་པའི་གཞུང་། །གྲངས་མེད་གསུམ་མཐར་གཟིགས་པའི་སྤྱན། །ཁྱོད་ཀྱི་བདེ་མྱུར་ཐེག་པ་ཡིས། །ཚེ་ཐུང་གཅིག་ལ་འདུམ་པར་བསྟན། ༡༣ །དབུ་མར་ཤེས་བྱའི་བུད་ཤིང་ཚོགས། །བསྲེགས་ནས་རྒྱལ་རྣམས་ཞི་བར་བཞེད། །ཁྱོད་ནི་ཞི་ལ་གཞོལ་མིན་པར། །འཕོ་ཆེན་རྡོ་རྗེའི་སྐུར་ཡང་བཞེངས། ༡༤ །རྒྱལ་རྣམས་སྤངས་རྟོགས་རབ་མཉམ་ཡང་། །རྩོལ་མེད་ཨ་ཏིའི་གསེང་ལམ་ནས། །འཇའ་ལུས་རྡོ་རྗེའི་ཕྲེང་སྤེལ་བ། །ཁྱོད་གཅིག་ཁོ་ནའི་ཁྱད་ཆོས་ལགས། ༡༥ །དེ་སླད་དཔེ་ཟླར་བྲལ་ཁྱོད་ཀྱི། །གྲགས་དཀར་ཕུང་པོ་དཔག་ནུས་ཅི། །འོན་ཀྱང་ས་ཆེན་འདིར་ཤོང་བ། །ཨེ་མ་འཁོར་ཡུག་འཇིག་རྟེན་ཡངས། ༡༦ །ཞིང་ཁམས་རྒྱ་མཚོའི་འདྲེན་པ་ཀུན། །ཁྱོད་གཅིག་ཁོ་ནའི་སྒྱུ་འཕྲུལ་ཏེ། །དེ་སླད་འཕྲུལ་མཚན་ཉེར་ལྔ་སོགས། །ཕྱོགས་རེར་བགྲང་བའི་བློ་འདི་ནོངས། ༡༧ །ཁྱོད་ཀྱི་ཞབས་སེན་ཀེ་ཏ་ཀས། །མ་དག་ཉེས་ཚོགས་བགྲུང་བའི་རྒྱུས། །ས་ལའི་ནགས་ཀྱི་ལྗོངས་འདི་ཡང་། །འོག་མིན་ལས་ཀྱང་བསྔགས་འོས་ཉིད། ༡༨ །ཁྱབ་པར་དཀྲིགས་སོ་ཆོས་ཀྱི་དབྱིངས། །ཁྱོད་ཀྱི་རྣམ་ཐར་རྒྱ་མཚོ་སྟེ། །ནོར་འཛིན་ཁྱོན་ཀུན་ཁྱོད་ཀྱི་སྲས། །རིག་འཛིན་གྲུབ་ཐོབ་ཕྲེང་བས་ཀྱང་། ༡༩ །མཚན་རྒྱུ་ཤ་རྗེན་ཟ་རྣམས་ལ། །ཁྱོད་ཀྱི་ཕྲིན་ལས་ཟླ་ཟེར་གྱིས། །རེག་དང་ཕན་སེམས་ཀུ་མུ་དའི། །གེ་སར་རྒོད་པ་ལྷན་ཅིག་བྱས། ༢༠ །སྣང་མུན་དུས་དྲུག་གཟིགས་པའི་སྤྱན། །འགྲོ་ཁམས་རྒྱ་མཚོར་འཇུག་པ་ཡིས། །དུས་ལས་ཡོལ་མེད་ཐུགས་རྗེ་ཆེའི། །བཀའ་དྲིན་ཆ་ཙམ་སུ་ཡིས་གསོ། ༢༡ །དེ་སླད་བདག་ཡིད་ཆོམ་རྐུན་ནི། །ཁྱོད་ཀྱི་ཡོན་ཏན་ཞགས་པས་དྲངས། །ཉིན་མཚན་བརྗེད་པ་ཡོད་མིན་པར། །སྐྱབས་གསོལ་སྙིང་ནས་འོ་དོད་འབོད། ༢༢ །མགོན་ཁྱོད་ཐུགས་རྗེེ་མ་ཎི་ཀས། །འགྲོ་ཚོགས་རེ་སྐོང་ཞལ་བཞེས་ན། །བདག་ཀྱང་སེམས་ཅན་གྲལ་གཏོགས་པས། །ཅི་སླད་རྗེས་སུ་འཛིན་མི་མཛད། ༢༣ །འདོད་ཆགས་ལ་སོགས་མི་བཟད་པའི། །ཉོན་མོངས་ཆུ་སྲིན་ཁར་ཚུད་ནས། །མཐའ་མེད་འཁོར་མཚོར་བྱིང་བ་ཡི། །སྐྱབས་མེད་བདག་ལ་ཅིས་མ་གཟིགས། ༢༤ །བདག་འདྲ་ལས་ངན་འབྲས་སྨིན་པའི། །དམན་ལ་བརྩེ་བས་མི་དགོངས་ན། །བློ་མཆོག་གྲོལ་བ་བརྙེས་རྣམས་ལ། །ཐུགས་རྗེས་གཟིགས་ཀྱང་ཅི་ཞིག་དགོས། ༢༥ །ཀྱེ་ཧུད་འགྲོ་བ་སྐྱོབ་པའི་མགོན། །ཀུན་ལ་བྱམས་པའི་ཕ་མ་ལ། །ཉམ་ཐག་ང་རོས་སྟོང་བོས་ཀྱང་། །མཐོང་བ་ཙམ་ཡང་མ་བསྟེན་ཅི། ༢༦ །བུ་ཡིས་ཉེས་སྤྱད་གང་མཆིས་པ། །སྙིང་ནས་འགྱོད་པས་མཐོལ་བཤགས་ན། །མ་བསྒྲིབས་ཚངས་པར་བསྩལ་ནས་ཀྱང་། །དགྱེས་པའི་ཞལ་རས་མྱུར་སྟོན་མཛོད། ༢༧ །བདག་གཞན་སྐྱེ་ཞིང་སྐྱེ་བ་ཀུན། །མགོན་པོའི་ཐུགས་རྗེས་རྗེས་བཟུང་མཐུས། །སྡིག་སེམས་ཡིད་ལ་མི་འགྱུ་ཞིང་། །ཉིན་མཚན་ཆོས་ཀྱི་འདའ་ཐོབ་མཛོད། ༢༨ །བདག་གི་མིང་ཙམ་ཐོས་པའམ། །མཐོང་དང་དྲན་དང་རེག་ཙམ་གྱིས། །འགྲོ་ཚོགས་སྡིག་ཟད་ཉོན་མོངས་མེད། །ཚེ་དེས་སྲིད་པ་ཕྱིར་བསྙིལ་མཛོད། ༢༩ །དེ་ལྟར་མཚོ་སྐྱེས་རྒྱལ་བ་ལ། །བསྟོད་ཅིང་སྨྲེ་གསོལ་གསོལ་བཏབ་མཐུས། །འགྲོ་ཀུན་མགོན་པོས་རྗེས་བཟུང་ནས། །དོན་གཉིས་བསམ་ཀུན་ལྷུན་གྲུབ་ཤོག ༣༠ །མཁའ་ལ་རིག་འཛིན་བརྒྱུད་པའི་སྤྲིན་ཆེན་འཁྲིགས། །བར་ན་གྲུབ་གཉིས་འདོད་དགུའི་ཆར་བཟང་འབེབས། །ས་ལ་དོན་གཉིས་ཕན་བདེའི་ལོ་ཏོག་རྒྱས། །རྫོགས་ལྡན་ལང་ཚོ་དར་བའི་བཀྲ་ཤིས་ཤོག །ཅེས་པའང་ག ནམ་འཕྱང་གི་ལོ་དུས་ཚེས་དགེ་བར་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས་བྲིིས་པ་སྟེ། འདིས་ཀྱང་འགྲོ་ཀུན་མ་ཧཱ་གུ་རུས་རྗེས་སུ་བཟུང་ཞིང་སྔ་འགྱུར་ཡོ་ག་རྣམ་གསུམ་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་སྨིན་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།

ཚེས་བཅུའི་བསྟོད་ཕྱག་འདོད་འབྱུང་ནོར་བུའི་འཁྲི་ཤིང་།

༄༅། །ཚེས་བཅུའི་བསྟོད་ཕྱག་འདོད་འབྱུང་ནོར་བུའི་འཁྲི་ཤིང་། ན་མོ་གུ་རུ་སིདྡྷི་ཧཱུྃ། རྒྱལ་ཀུན་གསུང་གི་རྡོ་རྗེ་སྣང་མཐའ་ཡས། །ལྔ་བདོའི་འགྲོ་ལ་རྗེས་ཆགས་མཚན་དཔེའི་གར། །སྐྱེ་འཆི་གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུ། །གུ་རུ་ཡིད་བཞིན་ནོར་བུར་ཕྱག་འཚལ་བསྟོད། །སྤྲེལ་ཟླའི་ཚེས་བཅུར་ཀོ་ཤའི་མཚོ་གླིང་དུ། །ངོ་མཚར་པདྨའི་སྙིང་པོར་བརྫུས་ཏེ་འཁྲུངས། །མཚོ་གླིང་མཁའ་འགྲོའི་ཚོགས་ལ་ཆོས་ཆར་ཕབ། །རྒྱལ་དབང་མཚོ་སྐྱེས་རྡོ་རྗེར་ཕྱག་འཚལ་བསྟོད། །སྟག་ཟླའི་ཚེས་བཅུར་ཨིཎྜ་བྷོ་དྷི་ཡི། །དད་བསོད་རྒྱལ་མཚན་རྩེ་མོར་ལེགས་མཆོད་རྒྱུས། །ཆབ་འབངས་ཡོངས་ལ་དགེ་བཅུའི་དབུགས་དབྱུང་བསྩལ། །ཨོ་རྒྱན་པདྨ་རྒྱལ་པོར་ཕྱག་འཚལ་བསྟོད། །ཡོས་ཟླའི་ཚེས་བཅུར་ཐབས་མཁས་རོལ་རྩེད་ཀྱིས། །ཆོས་བརྒྱད་སྲིད་པའི་འཆིང་ཐག་ཡུད་ཀྱིས་བཅད། །བསིལ་བ་ཚལ་དུ་ཏན་གན་སྤྱོད་པ་བསྐྱངས། །ཤཱཏྣ་རཀྵི་ཏ་ལ་ཕྱག་འཚལ་བསྟོད། །འབྲུག་ཟླའི་ཚེས་བཅུར་འདུལ་ཁྲིམས་རྩ་བ་བཙུགས། །གཙུག་ལག་ཀུན་སྦྱངས་ཤེས་བྱའི་ཆོས་ཀུན་གཟིགས། །བསྟན་པའི་སྒྲོན་མེ་སྲིད་ཞིའི་བླ་ན་མཐོ། །ཤཱཀ་སེང་བློ་ལྡན་མཆོག་ལ་ཕྱག་འཚལ་བསྟོད། །སྦྲུལ་ཟླའི་ཚེས་བཅུར་ཚེ་ལམ་གཟུངས་མར་བཅས། །རྡོ་རྗེའི་སྐུ་བརྙེས་མེ་དཔུང་མཚོ་རུ་བསྒྱུར། །ཟ་ཧོར་རྒྱལ་ཁམས་སྨིན་གྲོལ་ལམ་ལ་བཀོད། །འཆི་མེད་པདྨཱ་ཀ་རར་ཕྱག་འཚལ་བསྟོད། །རྟ་ཟླའི་ཚེས་བཅུར་ཨོ་རྒྱན་རྒྱལ་ཁམས་སུ། །བྱིན་ཟའི་འཇིགས་བཅིལ་བཀའ་འདུས་དལ་ཞལ་ཕྱེས། །སྐྱེ་དགུ་མཐའ་དག་བྱང་ཆུབ་ལམ་ལ་བཀོད། །པདྨ་བཛྲ་རྩལ་ལ་ཕྱག་འཚལ་བསྟོད། །ལུག་ཟླའི་ཚེས་བཅུར་མུ་སྟེགས་རྩོད་པ་བཟློག །རིག་སྔགས་དབལ་གྱིས་བྱད་མ་རང་གཤེད་དབབ། །བསྟན་པའི་རྒྱལ་མཚན་མི་ནུབ་སྲིད་རྩེར་བསྒྲེངས། །སེང་གེ་སྒྲ་སྒྲོགས་རྩལ་ལ་ཕྱག་འཚལ་བསྟོད། །བྱ་ཟླའི་ཚེས་བཅུར་གང་གཱ་གྱེན་དུ་བསྐྱིལ། །ཟང་གླིང་ཡུལ་གྱི་རྟག་ཆད་སྨྲ་བའི་སྡེར། །ཡང་དག་ཐར་པའི་ལམ་བཟང་སྣང་བར་མཛད། །ཁྱེའུ་ཆུང་མཁའ་ལྡིང་རྩལ་ལ་ཕྱག་འཚལ་བསྟོད། །ཁྱི་ཟླའི་ཚེས་བཅུར་ལོག་སྦྱོར་དུག་གཡོས་རིགས། །བདུད་རྩིར་བསྒྱུར་བའི་ངོ་མཚར་ཆོས་འཕྲུལ་གྱིས། །ཏརྐའི་སྡེ་རྣམས་དད་པའི་གནས་ལ་སྦྱར། །ཉི་མ་འོད་ཟེར་ཞབས་ལ་ཕྱག་འཚལ་བསྟོད། །ཕག་ཟླའི་ཚེས་བཅུར་རྡོ་རྗེ་ཕུར་པ་ཡིས། །བར་ཆད་བགེགས་བཏུལ་ཡང་དག་གྲུབ་པའི་བཅུད། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བདག་གིར་བཞེས། །རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད། །བྱི་ཟླའི་ཚེས་བཅུར་ལྷ་སྲིན་དམ་ལ་བཏགས། །བསམ་ཡས་ས་བཏུལ་བསྟན་པའི་སྒྲོན་མེ་སྦར། །གངས་ལྗོངས་རྗེ་འབངས་རིག་འཛིན་གནས་ལ་སྦྱར། །པདྨ་སམྦྷའི་སྐུ་ལ་ཕྱག་འཚལ་བསྟོད། །གླང་ཟླའི་ཚེས་བཅུར་བོད་ཁམས་མཐའ་དབུས་ཀུན། །ཟབ་གཏེར་གསང་བ་ནོར་བུའི་སྒྲོམ་གྱིས་གཏམས། །སྲིད་མཐའི་བར་དུ་མི་ཉམས་ངོ་མཚར་འབར། །རྡོ་རྗེ་གྲོ་ལོད་རྩལ་ལ་ཕྱག་འཚལ་བསྟོད། །ཚེས་བཅུ་ནམ་ཤར་སྐུ་དངོས་བོད་ལ་བྱོན། །བརྩེ་བའི་ཐུགས་རྗེས་རྒྱུན་ཆད་མེད་པར་གཟིགས། །དད་པ་ཅན་ལ་དབང་བསྐུར་བྱིན་གྱིས་རློབས། །བཀའ་དྲིན་བསམ་མི་ཁྱབ་ལ་ཕྱག་འཚལ་བསྟོད། །དེ་ལྟར་མི་ཕྱེད་གུས་པས་བསྟོད་པའི་མཐུས། །ཐུགས་རྗེའི་ཁྱད་པར་ལྔ་ལྡན་དྲིན་ཆེན་རྗེས། །ཞལ་བཞེས་ཐུགས་དམ་རྗེས་སུ་དགོངས་མཛོད་ལ། །རྡོ་རྗེའི་ཡེ་ཤེས་འབེབ་པར་མཛད་དུ་གསོལ། །སྣང་སྲིད་ཐམས་ཅད་བླ་མའི་དཀྱིལ་འཁོར་ཆེ། །སྒྲ་གྲགས་ཐམས་ཅད་སྙིང་པོ་སྔགས་ཀྱི་དབྱངས། །དྲན་རྟོག་ཐམས་ཅད་བདེ་བ་ཆེན་པོའི་ཀློང་། །མཆོག་དངོས་གྲུབ་པའི་དགའ་སྟོན་དེང་སྩོལ་ཅིག །སྐྱེ་བ་ཀུན་ཏུ་ཨོ་རྒྱན་བླ་མ་ཡི། །རིང་ལུགས་ཐེག་པ་མཆོག་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་འབད་མེད་ངང་གིས་འགྲུབ། །འབྲེལ་ཚད་པདྨ་འོད་དུ་བྱང་ཆུབ་ཤོག །མཁའ་ལ་རིག་འཛིན་བརྒྱུད་པའི་སྤྲིན་ཆེན་འཁྲིགས། །ས་ལ་དམ་ལྡན་སློབ་མའི་འདུ་ཚོགས་རྒྱས། །བར་ལ་སྨིན་གྲོལ་བདུད་རྩིའི་གྲུ་ཆར་འཇོ། །བསམ་པ་ལྷུན་གྲུབ་བཀྲ་ཤིས་འཕེལ་གྱུར་ཅིག །ཅེས་པའང་ཆུ་བྱི་ཆོ་འཕྲུལ་ཟླ་བའི་འཕེལ་ཕྱོགས་ཀྱི་ཚེས་བཟང་པོར་འགྱུར་མེད་པདྨ་བསྟན་འཛིན་གྱིས་བྲིས་པ་དགེ་ལེགས་འཕེལ།

གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་བླ་མ་སྨྲ་བའི་སེང་གེའི་དཀྱིལ་འཁོར་ལ་བསྟོད་པ་གྲུབ་པ་ངག་གི་དཔལ་སྐྱེད།

༄༅། །གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་བླ་མ་སྨྲ་བའི་སེང་གེའི་དཀྱིལ་འཁོར་ལ་བསྟོད་པ་གྲུབ་པ་ངག་གི་དཔལ་སྐྱེད་ཅེས་བྱ་བ། གུ་རུ་བློ་ལྡན་མཆོག་སྲས་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་ཟ་མ་ཏོག །དྲན་པས་བློ་ཡིས་མུན་ཀུན་སེལ་བའི་དཔལ། །ཡང་ལེ་ཤོད་ཀྱི་པཎ་ཆེན་སརྦ་ཛྙཱ། །རབ་འབྱམས་ཞིང་གི་རྒྱལ་རྣམས་མགྲིན་གཅིག་བསྔགས། །གང་གིས་ལུས་པ་མེད་པའི་ཞིང་ཀུན་ན། །རྒྱལ་བ་རྒྱ་མཚོའི་རྣམ་ཐར་ཁུར་བཞེས་ནས། །ཀུན་བཟང་སྤྱོད་པ་རྒྱ་མཚོ་རྗེས་སྒྲུབ་པས། །ཕྱོགས་རེར་གཞལ་བའི་བློ་འདི་རྨོངས་པའི་མཚང་། །རྒྱལ་བའི་ཡོན་ཏན་རྒྱལ་བ་ཉིད་ཀྱིས་མཁྱེན། །གཞན་དུ་ས་བཅུའི་དབང་ཕྱུག་ངག་གིས་ཀྱང་། །རྟོགས་པ་མིན་ན་བྱིས་བློས་ཇི་ལྟར་གཞལ། །རྣམ་ཐར་བསམ་མི་ཁྱབ་ལ་ཡིད་རབ་གཡོ། །མི་མཇེད་ཞིང་དུ་ཐུབ་པའི་བསྟན་པ་ལ། །རྒྱ་མཚོར་སྐུ་འཁྲུངས་ཨོ་རྒྱན་རྒྱལ་སྲས་ཚུལ། །བརྟུལ་ཞུགས་སྤྱོད་པས་སྒྲོར་སྐུར་གཡང་ས་བཅད། །གྲུབ་གཉིས་རྩལ་རྫོགས་མི་ཡི་སེང་གེར་གྲགས། །མདོ་རྒྱུད་ཤེས་བྱའི་ཆོས་ཀུན་ཐུགས་སུ་ཆུབ། །ཕས་རྒོལ་གདུག་པའི་ཚོགས་རྣམས་ཕྱེ་མར་བརླག །འཕགས་བོད་ཀུན་ན་སྟོན་པ་གཉིས་པར་གྲུབ། །རྣམ་ཐར་བཀའ་དྲིན་བསམ་མི་ཁྱབ་ལ་དད། །རྡོ་རྗེ་སྐུ་ནི་བགྲེས་རྒུད་མཚན་མ་བྲལ། །ཚངས་པའི་གསུང་དབྱངས་འགྲོ་ལ་ཆོས་སྒྲ་སྒྲོགས། །མཁྱེན་བརྩེའི་ཡེ་ཤེས་གཏིང་མཐའ་བྲལ་བའི་ཐུགས། །ཡོན་ཏན་ཕྲིན་ལས་མཁའ་མཉམ་བརྡལ་བ་ཆེ། །དངོས་གཅིག་དུ་མར་འཆར་བའི་རོལ་རྩེད་ནི། །འགྲོ་བློའི་མོས་པའི་རྗེས་འགྲོ་འདུལ་བ་བཞིས། །གནས་སྐབས་མཐར་ཐུག་རེ་ཞིང་འདོད་པའི་དོན། །ཅི་དགར་སྦྱིན་འདི་འཕགས་པའི་རང་གཤིས་ལགས། །གང་ལ་རང་དོན་སེམས་པ་ཡོད་མིན་པས། །སྐུ་ཉིད་གཞན་ཕན་ཁོ་ནས་བསྐྲུན་པའི་ཕྱིར། །འཁོར་མཚོ་དོང་སྤྲུགས་རང་གི་མཛད་པ་ལ། །ངང་གིས་འཇུག་པའི་ཆོས་ཉིད་སུ་ཡིས་འགོག །སྣང་ཚུལ་དབང་གིས་སུ་ཞིག་དད་དམ་ཁྲོ། །བསྟོད་དང་སྨད་སོགས་གང་ལྟར་བྱས་ཀྱང་རུང་། །ཁྱོད་ནི་བུ་གཅིག་མ་ལྟར་ཀུན་ལ་སྙོམས། །དེ་དག་སྡིག་ཟད་ཉོན་མོངས་མེད་ལ་སྦྱོར། །ཁྱད་པར་ཐུགས་རྗེས་བཟུང་བ་བྷོ་ཊའི་ལྗོངས། །སྣང་མུན་དུས་དྲུག་གཟིགས་པའི་ཉེར་ལེན་གྱིས། །དོན་གཉིས་ནོར་བུའི་གཏེར་མཛོད་འདི་འོ་ཞེས། །སྦྱིན་པའི་ཕྱག་ཡངས་བརྐྱང་འདི་མ་མཐོང་ནོངས། །དུས་གསུམ་སྒྲིབ་མེད་གཟིགས་པའི་ཡེ་ཤེས་ཀྱིས། །སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས། །ཐུགས་ཀྱི་དགོངས་པས་ལས་ཅན་སྨིན་གྲོལ་མཛད། །སྐུ་དྲིན་འཁོར་མཐའ་བྲལ་འདི་བསམ་གྱིན་དང་། །གསང་ཆེན་རྒྱུད་སྡེའི་ཟབ་གནད་མཐར་ཐུག་པ། །ལམ་ཟབ་བླ་མ་སྒྲུབ་ལ་མ་འདུས་ཅི། །ཏིང་འཛིན་དམིགས་པའི་སྒྱུར་ཁ་ཕྲ་མོས་ཀྱང་། །དོན་གཉིས་འདོད་པ་འཇོ་ལ་སུ་ཡིས་བསྙོན། །གང་མཚན་ཐོས་དང་དྲན་པ་ཙམ་གྱིས་ཀྱང་། །ཡིད་ལ་ཡེ་ཤེས་སྣང་བ་མཆོག་སྦྱིན་པས། །མ་འབད་པར་ཡང་གཟུངས་སྤོབས་བློ་གྲོས་གཏེར། །མངོན་དུ་འབྱིན་གང་རྟེན་འབྱུང་ཟབ་མོའི་མཐུ། །སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་ནི། །གཅིག་དང་དུ་མར་མི་གནས་ཕྱག་རྒྱའི་གར། །འཇམ་པའི་རྡོ་རྗེ་སྟངས་དཔྱལ་དཀྱིལ་འཁོར་སྤྲིན། །ལྷ་སྔགས་སྙིང་པོར་ཤར་བའི་ངོ་མཚར་འབར། །ཉེས་ཟད་སྐུ་ནི་གངས་རི་ལྟར་དཀར་ཞིང་། །ཟུང་བཞིའི་ན་ཚོད་མཛེས་འཛུམ་བཞད་པའི་ཞལ། །རྡོ་རྗེའི་འབྲུ་དྲུག་བཟླས་པས་རྒྱུད་བསྐུལ་ན། །རྩོམ་པའི་བློ་གྲོས་ཟད་མི་ཤེས་ལ་སྦྱོར། །གསེར་མདོག་ལང་ཚོས་སྒེག་པའི་ཟུར་ཕུད་ཅན། །ངག་གི་དབང་ཕྱུག་གྲུབ་པ་ཡོངས་ཀྱི་དཔྱིད། །སྙིང་དབུས་དཔལ་བེའུ་དབྱངས་གསལ་འཕྲོ་འདུ་ཡིས། །ཉན་པར་འདོད་ལ་མི་བརྗེད་གཟུངས་དངོས་སྟེར། །དམར་སེར་ལི་ཁྲིའི་མདངས་འཕྲོག་གླེགས་རལ་ཅན། །སྨྲ་བའི་སེང་གེ་མཚུངས་པ་མེད་པའི་དཔལ། །མགྲིན་པ་ཆོས་ཀྱི་དུང་གི་སྒྲ་དབྱངས་ཀྱིས། །འཆད་པར་འདོད་ལ་འཛད་མེད་སྤོབས་པ་སྦྱིན། །གནམ་སྔོན་ཞུན་མའི་མདངས་ལ་ཅོ་འདྲི་བའི། །རྡོ་རྗེ་རྣོན་པོ་ཕས་རྒོལ་འཇོམས་པའི་གཤེད། །གླེགས་བམ་རལ་གྲི་གདེངས་པའི་འཕྲུལ་གཅིག་གིས། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་རྔ་ཆེན་སྙན། །རྡོ་རྗེ་དབྱངས་ཅན་པུཎྜ་རཱི་ཀའི་མདངས། །ཞི་འཛུམ་གཡོ་བའི་སྤྱན་གྱི་ཟུར་མིག་གིས། །ཤེས་བྱར་སྲིད་ཚད་མཁྱེན་པས་སྡུད་ཅིང་སྤྲོ། །སྒྲུབ་ལ་དངོས་གྲུབ་རྣོ་བའི་བློ་གྲོས་སྦྱིན། །རིན་ཆེན་དབྱངས་ཅན་གུར་གུམ་གཞོན་ནུའི་དཔལ། །ནོར་བུའི་རྒྱུད་མང་སྦྲེང་བའི་དབྱངས་གཅིག་གིས། །བརྟན་གཡོའི་དྭངས་བཅུད་མི་ཤིགས་ཐིག་ལེར་བཟླུམ། །སྒྲུབ་ལ་བློ་གྲོས་བརྟན་པའི་དངོས་གྲུབ་སྦྱིན། །པདྨ་དབྱངས་ཅན་བྱེ་རུའི་འཁྲི་ཤིང་རྩེར། །སིནྡྷུ་ཝ་རའི་མེ་ཏོག་བཞད་པའི་ཞལ། །སྲིད་ཞིའི་བློ་གྲོས་དཔལ་ཀུན་སྡུད་ཅིང་འཆིང་། །སྒྲུབ་ལ་ཤེས་རབ་ཟབ་པའི་དངོས་གྲུབ་སྦྱིན། །ལས་ཀྱི་དབྱངས་ཅན་ཨིཎྜ་ནི་ལའི་མདོག །རང་འདྲའི་ལྷ་མོ་དུ་མའི་འཕྲོ་འདུ་ཡིས། །དག་པའི་སྣོད་བཅུད་ལྷ་ཡི་འཁོར་ལོར་སྦྱངས། །སྒྲུབ་ལ་རྒྱ་ཆེན་མཁྱེན་རབ་སྣང་བ་སྦྱིན། །དཔལ་རྒྱས་འཇིག་རྟེན་སྐྱོང་བ་ཆེན་པོ་བཞི། །རང་སྡེ་བཅས་པའི་སྟོབས་དཔལ་གཟི་བརྗིད་ཀྱིས། །བརྟན་གཡོའི་དྭངས་བཅུད་དགེ་མཚན་མ་ལུས་སྡུད། །མི་འཇིགས་སྤོབས་པ་སྒྲུབ་པའི་ཆོ་ག་རྨད། །ཏིང་འཛིན་ནམ་མཁའ་མཛོད་ཀྱི་ཁྱད་པར་ལས། །ཟག་མེད་བདེ་སྟོང་ཡེ་ཤེས་རོལ་པའི་རྩལ། །སྤོབས་པའི་གཏེར་ཆེན་བརྒྱད་ཀྱི་སྒོ་འཕར་བཟང་། །འབྱེད་པའི་ལྡེའུ་མིག་འདི་མཚུངས་གཞན་སུ་ཞིག །སྔོན་ཡང་བློ་མཆོག་སྨྲ་བའི་དབང་ཕྱུག་རྣམས། །ཁྱོད་ཞབས་ཀུནྡའི་གེ་སར་བསྟེན་པས་འཚེངས། །གྲགས་པའི་དྲི་བསུང་མ་རྨས་སྲིད་ན་གསལ། །དེ་སླད་བདག་བློ་མཆོག་ཏུ་གུས་པར་གྱུར། །མ་ཧཱ་གུ་རུའི་ཞལ་ལུང་ཟབ་དགུའི་བཅུད། །ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐུལ་ལེ་བ། །དམ་ཉམས་འདྲེས་ཁྱེར་དུག་ཆུས་བསླད་མིན་པར། །མངོན་དུ་སྤྱོད་ཡོད་སྐལ་བ་ཤིན་ཏུ་བཟང་། །ཚེ་རབས་དུ་མར་བ སྒྲུབས་པའི་ལེགས་བྱས་མཐུས། །དེད་དཔོན་མཚུངས་མེད་མ་མ་སྡུ་གུ་དེས། །གདམས་ཟབ་ནུ་ཞོ་སྣུན་པའི་དུས་འདི་ལགས། །རྣམ་གྲོལ་ལུས་ཟུང་གསོ་ལ་ཅིས་མི་བརྩོན། །དེ་ཕྱིར་དགའ་དང་མཆོག་ཏུ་གུས་པའི་བློས། །རྩེ་གཅིག་བསྙེན་དང་སྒྲུབ་པའི་དཔུང་བསྐྱེད་དེ། །བསྟོད་དབྱངས་ཡན་ལག་རྒྱ་མཚོ་རྗེས་སྒྲོགས་ན། །ངག་གི་དབང་ཕྱུག་དམ་པ་དེང་འདིར་སྩོལ། །མི་བརྗེད་གཟུངས་ཀྱིས་ཤེས་བྱའི་ཆོས་ཀུན་འཛིན། །ཤེས་རབ་ཟབ་མོས་གནས་ཚུལ་གཏན་ལ་དབབ། །རྩེ་གཅིག་བསྒོམས་པས་དེ་ཉིད་མངོན་དུ་བྱས། །སྲིད་ཞིར་མི་གནས་མྱ་ངན་འདའ་ཐོབ་ཤོག །འཆད་པས་ཟབ་རྒྱས་ཤེས་བྱའི་དེ་ཉིད་བཀྲལ། །རྩོད་པས་ཕས་རྒོལ་སྨྲ་བྱེད་རྨང་ནས་གཅོད། །རྩོམ་པས་ཐུབ་བསྟན་ཡུན་རིང་གསལ་ནུས་པའི། །ས་གསུམ་འཇིག་རྟེན་སྣང་བའི་སྒྲོན་མེར་ཤོག །ཕུན་ཚོགས་སྡེ་བཞིའི་རྩ་བ་རབ་ཏུ་བརླིང་། །རྨད་བྱུང་འཁོར་ལོ་གསུམ་ཀྱི་ཡལ་འདབ་རྒྱས། །དོན་གཉིས་མེ་ཏོག་འབྲས་བུ་ཆེར་སྨིན་པའི། །བཀྲ་ཤིས་དཔལ་གྱིས་ཕྱོགས་ཀུན་བདེ་ལེགས་ཤོག །མེ་རྟ་ཟླ་བ་དང་པོའི་ཚེས་བརྒྱད་ལ་བདེ་ཆེན་པདྨ་འོད་གླིང་དུ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་ཤིང་གསོལ་བ་བཏབ་པ་འགྲོ་བ་ཀུན་གྱི་སྙིང་ལ་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་རྒྱུར་གྱུར་ཅིག

འཛམ་གླིང་མཛེས་པའི་རྒྱན་མཆོག་རྣམས་ལ་བསྟོད་ཕྱག་ཕུལ་བ་དོན་གཉིས་པདྨོ་བཞད་པའི་ཉིན་བྱེད།

༄༅། །འཛམ་གླིང་མཛེས་པའི་རྒྱན་མཆོག་རྣམས་ལ་བསྟོད་ཕྱག་ཕུལ་བ་དོན་གཉིས་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ། ༀ་སྭ་སྟི། རྡོ་རྗེ་རྣོན་པོའི་ཐུགས་རྗེའི་བསིལ་ཟེར་གྱིས། །ལེགས་བསྐྱངས་བདེན་མཐོང་ཀུ་མུ་ད་ཡི་ཚལ། །ཟབ་མོ་ལྟ་བའི་གེ་སར་ཆེས་རྒོད་པའི། །དཔལ་མགོན་ནཱ་ག་རྫུ་ནར་མགོས་ཕྱག་འཚལ། །བྱམས་མགོན་ཉི་མའི་འོད་ཀྱིས་ལེགས་བསྐྱངས་པས། །ས་གསུམ་རྟོགས་པའི་འདབ་སྟོང་བཞད་པའི་བཅུད། །རྒྱ་ཆེན་སྤྱོད་པའི་དྲི་བསུང་འབུམ་འཕྲོ་བའི། །ཐོགས་མེད་འཕགས་པའི་མཆོག་ལ་མགོས་ཕྱག་འཚལ། །བསླབ་གསུམ་རྣམ་དག་གསེར་སྦྱངས་སྙིང་པོའི་ཁམས། །རླབས་ཆེན་ཕྲིན་ལས་རྩིབས་སྟོང་རྣམ་བཀྲ་ཞིང་། །རྨད་བྱུང་གྲགས་པའི་མུ་ཁྱུད་རབ་བརྟན་པའི། །ཨཱཪྱ་དེ་ཝའི་ཞབས་ལ་མགོས་ཕྱག་འཚལ། །ཐུབ་གསུང་རྒྱ་ཆེན་ཚངས་པའི་རལ་ཀླུང་རྒྱུན། །མ་ལུས་མཁྱེན་བཟང་ལྟོ་བར་བསྐྱིལ་ནས་སླར། །ལེགས་བཤད་འཛད་མེད་སྐྱུག་པའི་སྤོབས་པ་ཅན། །དབྱིག་གཉེན་སངས་རྒྱས་གཉིས་པར་མགོས་ཕྱག་འཚལ། །ཕས་རྒོལ་ལག་ལྡན་སྟོང་གི་ཀླད་ཁྲག་གིས། །རབ་བརླན་ལུང་དང་རིགས་པའི་སྦར་ཁྱིམ་ཅན། །སྦྱངས་ཡོན་རྩལ་གསུམ་རྫོགས་པའི་བཤེས་གཉེན་མཆོག །ཕྱོགས་གླང་མི་ཡི་སེང་གེར་མགོས་ཕྱག་འཚལ། །རིགས་མཚོན་གནམ་ལྕགས་ཐོག་གི་འཁྲུལ་འཁོར་གྱིས། །ལོག་སྨྲའི་བྲག་རི་འབུམ་ཕྲག་ཕྱེ་མ་རུ། །འཐག་པའི་རྒྱལ་རྔ་སྲིད་ན་ལྷང་ངེ་བ། །འགྲན་བྲལ་ཆོས་ཀྱི་གྲགས་པར་མགོས་ཕྱག་འཚལ། །འདུལ་གཞུང་བདུད་རྩིའི་བུམ་པ་ལེགས་ཐོགས་ནས། །དོན་གཉེར་སྐྱེ་བོའི་རེ་བ་སྐོང་བའི་དཔྱིད། །ཉེ་བར་འཁོར་གྱི་རྣམ་ཐར་རྗེས་སྙེགས་པའི། །མཁན་པོ་ཡོན་ཏན་འོད་ལ་མགོས་ཕྱག་འཚལ། །རྣམ་དག་ཚུལ་ཁྲིམས་རྩ་བ་རབ་བརླིངས་ཤིང་། །ཏིང་འཛིན་ཞི་བའི་ཡལ་འདབ་ཕྱོགས་བརྒྱར་རྒྱས། །ཤེས་རབ་མེ་ཏོག་འབྲས་མང་དཔག་བསམ་ལྗོན། །མཁས་མཆོག་ཤཱཀྱ་འོད་ལ་མགོས་ཕྱག་འཚལ། །རྨད་བྱུང་བྱང་ཆུབ་སེམས་ཀྱི་ཞིང་ས་ལ། །རིགས་ཁམས་ཡོན་ཏན་གསེར་གྱི་སྙེ་མ་འཁྲུངས། །དོན་གཉིས་འབྲས་བུ་ས་གསུམ་ཀུན་དགའི་གསོས། །སློབ་དཔོན་ཤཱནྟ་དེ་ཝར་མགོས་ཕྱག་འཚལ། །སྙིང་རྗེའི་ལྷ་ཡི་ཐུགས་རྗེའི་ཆུ་གཏེར་ལས། །ཉེར་ཐོན་དགེ་མཚན་རི་མོ་གཡས་འཁྱིལ་དུང་། །སྲིད་གསུམ་རྒུད་པའི་རིམས་ནད་རྒྱུན་གཅོད་པའི། །དགེ་བསྙེན་ཟླ་བའི་ཞབས་ལ་མགོས་ཕྱག་འཚལ། །གཞན་ཡང་འཆད་རྩོད་རྩོམ་པའི་དཔུང་པ་ཡིས། །ཐུབ་བསྟན་རྒྱལ་མཚན་སྒྲེང་མཁས་དཔའ་བོ་དང་། །ཟླ་གྲགས་ཆོས་སྐྱོང་ལེགས་ལྡན་ཞི་འཚོ་སོགས། །མཁས་གྲུབ་སྐྱེས་ཆེན་ཡོངས་ལ་མགོས་ཕྱག་འཚལ། །དེ་ལྟར་རྣམ་ཐར་བཀའ་དྲིན་རྗེས་དྲན་པས། །འཕགས་པའི་ཚོགས་ལ་གུས་པར་བཏུད་པའི་མཐུས། །དམ་པ་རྣམས་དང་རྣམ་ཐར་མཚུངས་པ་ཡིས། །སྐལ་བ་མཆོག་གིས་རྟག་ཏུ་འབྱོར་གྱུར་ཅིག །བཀྲ་ཤིས་ཉི་མ་ས་ཆེན་གླིང་བཞིིའི་རྒྱན། །གདུང་སེལ་ཟླ་བ་ཕན་བདེའི་འོད་དཀར་ཅན། །ཐུབ་བསྟན་རིན་ཆེན་ཕྱོགས་ཀྱི་མཐར་ཁྱབ་པའི། །སྣང་བ་དམ་པས་འཇིག་རྟེན་མཛེས་གྱུར་ཅིག །ཅེས་པའང་ཆུ་བྱའི་ཆོ་འཕྲུལ་ཅན་གྱི་གྲལ་ཚེས་དགེ་བར་ཤཱཀ་བཙུན་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་ཤར་མར་བྲིས་ཏེ་གསོལ་བ་བཏབ་པ་དགེ།
༄༅། །ༀ་སྭསྟི། ཡེ་གྲོལ་རིག་པ་གདོད་མའི་གཞི་དབྱིངས་སུ། །ཞལ་ཕྱག་འཛིན་པའི་སྤྲོས་པ་ལས་འདས་པའི། །དག་པ་གཉིས་ལྡན་གཞོན་ནུ་བུམ་པའི་སྐུ། །ཀུན་བཟང་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །སྲིད་ན་དཀར་བའི་དངོས་ཀུན་གཅིག་བསྡུས་པར། །ཟླ་གཞོན་ཁུ་བས་བྱུགས་པས་མཚོན་མིན་པའི། །ཕུལ་བྱུང་མཚན་དཔེའི་དཔལ་འབར་རྡོ་རྗེ་སེམས། །ཁྱོད་སྐུའི་སྤུན་ཟླ་རང་ཉིད་བཞག་ལས་ཅི། །སྣང་བཞིའི་རྩལ་རྫོགས་རྟོགས་པའི་གད་རྒྱངས་ཀྱིས། །ཐེག་དམན་རི་དྭགས་མ་ལུས་སྔངས་མཛད་པའི། །ཐེག་མཆོག་བསྟན་པའི་གངས་རིའི་རྒྱན་གཅིག་པུ། །དགའ་རབ་རྡོ་རྗེ་གདོང་ལྔའི་དབང་པོ་བརྗིད། །མཁྱེན་རབ་ཟུར་ཕུད་ལྔ་པའི་ཡེ་ཤེས་སྐུ། །གང་དང་མཛའ་བ་མིན་པ་རྨོངས་པའི་མུན། །མ་ལུས་མིང་མཐར་བྱེད་པའི་བཅུ་གཉིས་བདག །འཇམ་དཔལ་བཤེས་གཉེན་གྲགས་སྙན་སྲིད་ན་དཀར། །མཁྱེན་པའི་སྤྲིན་ཆེན་རྟོགས་པའི་འབྲུག་སྒྲ་ཅན། །སྙིང་རྗེའི་ཆར་རྒྱུན་ཕན་བདེའི་གློག་ཕྲེང་གིས། །སྐལ་བཟང་རྨ་བྱ་དགའ་བྱེད་དཔལ་སེང་གེ། །ཁྱོད་ཡོན་ཆུ་ལྷའི་ལྕེས་ཀྱང་གཞལ་བྱ་ཅི། །བསླབ་གསུམ་ཡལ་འདབ་རྫོགས་པའི་རྐང་འཐུང་རྩེར། །སྣང་བཞིའི་འབྲས་ཁུལ་དུད་པའི་གྲིབ་བསིལ་ལ། །དམན་ལམ་དུབ་པའི་མགྲོན་པོ་ངལ་འཚོའི་སྨན། །ཛྙཱ་ན་སུ་ཏྲ་གོ་བིནྡ་ཁྱོད་བརྗིད། །དྲི་མེད་བཤེས་གཉེན་ལྟ་དགོངས་རྟོགས་པའི་མཛོད། །རིག་འཛིན་བརྒྱུད་པའི་ཚོགས་དང་ཐུན་མོང་མོད། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་ཡེ་ཤེས་སྐུས། །སྲིད་མཐར་གཟིགས་པའི་དཔལ་གྱིས་ཁྱད་པར་བྱས། །གྲངས་མེད་གསུམ་དུ་བགྲོད་དགོས་ས་ལམ་ཕུལ། །སྙིགས་དུས་ཚེ་ཐུང་གཅིག་ལ་བགྲོད་བྱེད་པའི། །བདེ་མྱུར་ཐེག་པའི་ཤིང་རྟ་པད་འབྱུང་རྗེ། །ཁྱོད་འདྲའི་སྟོན་པ་སྲིད་ཞིའི་ཁམས་ན་དབེན། །རྩོལ་མེད་ཐེག་རྩེའི་གསེང་ལམ་དུས་མེ་ཡིས། །གཟུང་འཛིན་ཉོན་མོངས་རགས་པའི་ཕུང་ཁམས་ཀུན། །ཟོས་པའི་སྙིགས་མ་དབང་གཞུའི་དྲྭ་བ་ཡིས། །མཁའ་ངོས་ཁེབས་པའི་གར་མཁན་ཏིང་འཛིན་བཟང་། །སྙིང་ཏིག་གསང་བའི་ཆོས་གཏེར་འབུམ་ཕྲག་གིས། །གངས་ཁྲོད་རྒུད་པའི་དབུལ་ཀུན་སེལ་མཛད་པའི། །ལྷུན་གྱི་རྒྱལ་མཚན་སྔོན་མེད་གདེངས་ཅན་དབང་། །ཁྱོད་ཀྱི་གྲགས་པ་མི་ནུབ་རྣམ་པར་འཕེལ། །སེང་ཧེ་ཤྭ་ར་ཡེ་ཤེས་སྒྱུ་འཕྲུལ་གར། །དྭངས་མའི་འོད་སྐུར་དེངས་ལ་མི་མཚར་ཡང་། །གྲོལ་བ་དྲུག་ལྡན་འདས་རྗེས་གདམས་པའི་ཕུལ། །ལོངས་སུ་སྤྱོད་རྣམས་ཨེ་མ་སྐལ་བ་བཟང་། །ཀློང་གསལ་དྲི་མེད་མཁྱེན་བརྩེ་ནུས་པའི་ཕུལ། །བསྟན་ལ་དགོངས་པའི་འཆད་རྩོད་རྩོམ་པའི་དཔལ། །འཕགས་བོད་མཁས་དང་གྲུབ་པའི་ཚོགས་རྣམས་ཀྱི། །རྣམ་ཐར་གཅིག་ཏུ་བསྡོམས་ལས་འཕྲུལ་བ་བཞིན། །གངས་ཅན་མགོན་པོའི་ཐུགས་བསྐྱེད་ཆུ་གཏེར་ལས། །ཉེར་ཐོན་མཁྱེན་རྟོགས་ཆ་རྫོགས་རི་བོང་འཛིན། །རང་བྱུང་རྡོ་རྗེའི་ངོ་མཚར་རྣམ་ཐར་ཕྲེང་། །ཤཱཀྱའི་སྲས་པོ་མཆོག་དང་ཐུན་མོང་ཉིད། །སྙིང་ཏིག་བཀའ་གཏེར་གདམས་པའི་གཙང་བྱེད་རྒྱུན། །འབུམ་ཕྲག་གཅིག་ཏུ་བསྐྱིལ་མཁས་སྨིན་གླིང་པ། །སྔོན་མེད་གདེངས་ཅན་དབང་པོ་གཏེར་ཆེན་རྗེ། །ཡབ་སྲས་བརྒྱུད་པའི་བཀའ་དྲིན་འཁོར་མཐའ་ཅི། །ཆེར་སྙིགས་ལྔ་བདོའི་རྒུད་པའི་ཐན་པ་ཡིས། །གྲུབ་མཐའི་ཆུ་བྲན་མ་ལུས་སྐེམ་ཉེའི་ཚེ། །ཐུགས་གཏེར་རྒྱ་མཚོའི་བརྡ་འགྲོལ་འཇིགས་མེད་གླིང་། །སྔོན་མེད་རྫོགས་ལྡན་ནོར་བུའི་སྤྲིན་ཆེན་འཁྲིགས། །དེ་ཡི་ཐུགས་བསྐྱེད་སྐྱ་རེངས་ཁ་ལོ་ཡིས། །ཉེར་དྲངས་འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས། །ཕན་མཛད་ནམ་མཁའི་ནོར་བུ་དེང་ཤར་བས། །ངེས་གསང་བསྟན་པའི་པད་ཚལ་ཅི་ཡང་དར། །ཁྱད་པར་གསང་བའི་བདག་པོ་རྡོ་རྗེ་ཆོས། །བློ་མཆོག་སྨྲ་བའི་ཟླ་བར་ལེགས་ཤར་བས། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཆུ་གཏེར་འབུམ། །ཆེར་བཞད་ངོ་མཚར་བཀའ་དྲིན་སུ་ཡིས་དཔོག །ཨེ་མ་སྐུ་དྲིན་ཆེའོ་འདྲེན་མཆོག་ཟུང་། །ཨ་ཧོ་ངོ་མཚར་རེ་ཆེ་གདོད་མའི་མགོན། །ཨ་ལ་ལ་སྟེ་རྒྱལ་མཆོག་འཇིག་རྟེན་དུ། །བྱོན་འདྲའི་སྐྱེས་མཆོག་ཁྱེད་མཚུངས་སྲིད་ན་སུ། །དེ་སླད་ངོ་མཚར་བཀའ་དྲིན་དྲན་པའི་ཡིད། །དད་བརྒྱའི་ཟིལ་གྱིས་ནོོན་ནས་བསྟོད་གསོལ་ཕྲེང་། །ཐོལ་བྱུང་མགྲིན་པའི་རྒྱུད་ནས་ཉེར་ཐོན་འདི། །མགོན་ཁྱོད་སྙན་གྱི་པདྨོར་དེངས་གྱུར་ཅིག །སྐྱེ་བ་འདི་བཟུང་ཚེ་རབས་ཕྲེང་བ་རུ། །འབྲལ་མེད་མགོན་པོ་མཆོག་གིས་རྗེས་བཟུང་སྟེ། །གསང་ཆེན་སྨིན་གྲོལ་ཟབ་མོའི་དགའ་སྟོན་ལ། །སྤྱོད་པའི་སྐལ་བཟང་དུས་ལས་མི་ཡོལ་ཤོག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་སྨིན་རྒྱས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་ཕྲིན་ལས་འཕེལ། །བོད་ཁམས་བདེ་སྐྱིད་དགེ་བཅུའི་སྣང་བས་མཛེས། །རྫོགས་ལྡན་དགའ་སྟོན་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པའང་འཕར་བ་ལྕགས་གླང་གནམ་ལོ་གསར་དུ་འཆར་བའི་དགའ་བ་དང་པོའི་ཚེས་ལ་པདྨ་བི་ཛས་བྲིས་པ་དགེ།

ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ལ་བསྔགས་པའི་རབ་ཏུ་བྱེད་པ་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ་དཔྱོད་ལྡན་མཁས་པའི་མགུལ་རྒྱན།

༄༅། །དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ལ་བསྔགས་པའི་རབ་ཏུ་བྱེད་པ་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ་དཔྱོད་ལྡན་མཁས་པའི་མགུལ་རྒྱན་ཅེས་བྱ་བ་བཞུགས་སོ།། འཕགས་མ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཀ་དག་ལྷུན་གྲུབ་ཟུང་འབྲེལ་ངེས་པའི་ལུང་། །རྟོགས་གྲོལ་ཟང་མ་ཐལ་བྱུང་རིག་པའི་གཤིས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་མཛོད། །རང་བཞིན་རྫོགས་པ་ཆེན་པོས་རྟག་ཏུ་སྲུངས། ༡ །གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད། །འཁོར་འདས་ཀུན་གྱི་སྔོན་དུ་བྱང་ཆུབ་ནས། །ལྷུན་གྲུབ་ཕྱིར་གསལ་གཟུགས་སྐུའི་བཀོད་པའི་སྤྲིན། །སྟོན་མཆོག་བཅུ་གཉིས་ཚུལ་དུ་སྣང་དེར་འདུད། ༢ །ཀ་དག་སྤྲོས་པ་བྲལ་བའི་མཚོ་གླིང་དུ། །ལྷུན་གྲུབ་འདབ་སྟོང་བཀྲ་བའི་ཀེ་སར་རྩེར། །རིག་རྩལ་མ་འགགས་སྤྲུལ་སྐུར་རང་ཤར་བའི། །མཚོ་སྐྱེས་རྡོ་རྗེ་སྙིང་དབུས་རྟག་བཀོད་ནས། ༣ །གྲགས་པའི་གཏེར་གྱུར་ཡོན་ཏན་རླབས་ཕྲེང་ཅན། །མཁས་གྲུབ་ཀླུ་དབང་སྟོང་གིས་བརྟེན་བྱས་པའི། །ངག་གི་དབང་པོ་སྔོན་མེད་མཚོ་ཆེན་མཆོག །སྙན་ངག་མེ་ཏོག་གསར་པས་མཆོད་པར་བགྱི། ༤ །ལྷུན་གྲུབ་རིག་འཛིན་བི་མའི་ཐུགས་རྗེའི་འཕྲུལ། །ཉི་ཟླའི་མིག་མཛེས་གདོང་ལྔའི་བརྫུ་བག་གིས། །གྲུབ་པ་མཆོག་གི་གདུང་ལ་གསོས་ཐེབས་པས། །གཞོན་ནུ་དོན་གྲུབ་རྣམ་ཐར་རིང་དུ་འགོག ༥ །གདོད་མའི་མགོན་པོ་མི་ཡི་བརྫུར་ཞུགས་པར། །དབྱིངས་ཀྱི་མཁའ་འགྲོས་མཆོད་ལ་མཚར་དུ་ཅི། །གང་སྐུ་ཕན་བདེའི་འབྲས་ལྡན་དཔག་བསམ་དབང་། །འཛིན་ནུས་ཡུམ་གྱི་ལྟོ་བའི་བསོད་ནམས་རྨད། ༦ །ལྷ་དབང་ཀླུ་མཆོག་འཇིག་རྟེན་སྐྱོང་རྣམས་ཀྱི། །གཙུག་ནོར་མཐོན་ཀ་འབར་བའི་འོད་ཟེར་གྱིས། །གཞོན་ནུའི་ཞབས་སེན་རྡུལ་བྲལ་མཛེས་མཐོང་ཚེ། །ས་ཧ་ཀ་རའི་འཁྲི་ཤིང་འདུད་པ་བཞིན། ༧ །དམ་པའི་ངང་ཚུལ་མ་ལ་ཡ་ཡི་དྲི། །གཟུར་གནས་གཏམ་གྱི་རླུང་གིས་ཉེར་བསྐྱོད་ཚེ། །ཆེན་པོར་རློམ་པའི་རྐང་འཐུང་ཕལ་རྣམས་ཀྱི། །ཁེངས་པའི་ལོ་འདབ་རྙིང་པ་ཟག་པར་བྱས། ༨ །མཚར་སྡུག་ཡོན་ཏན་རྫོགས་པའི་ལང་ཚོའི་དཔལ། །ཆོས་དང་ཆོས་མིན་འབྱེད་པའི་རྣམ་དཔྱོད་བློ། །བསྟན་འགྲོའི་ཁུར་ཆེན་ཁྱེར་བའི་སྙིང་སྟོབས་གསུམ། །ཕན་ཚུན་འགྲན་པ་བཞིན་དུ་དར་བར་འགྱུར། ༩ །ངེས་འབྱུང་རླུང་གིས་བསྐུལ་བའི་དེ་མ་འདྲོག །རྣམ་གསུམ་ངུར་སྨྲིག་གསར་པའི་བགོ་བ་ཡིས། །མཛེས་པར་བྱས་སོ་ངོ་ཚ་ཁྲེལ་ཡོད་དང་། །དྲི་མེད་ཚུལ་ཁྲིམས་རིན་ཆེན་རྒྱན་གྱིས་ཀྱང་། ༡༠ །ཐུན་མོང་ཐུན་མིན་གཙུག་ལག་ལམ་གསུམ་འབབ། །ཐོས་བསམ་བརྩོན་པའི་ཧུབ་ཀྱིས་ཉེར་དྲངས་ནས། །རྨོངས་པའི་དུག་སེལ་ལེགས་བཤད་བདུད་རྩིའི་ཆབ། །སླར་ཡང་སྐྱུག་མཁས་དྲང་སྲོང་གཉིས་པར་གྲུབ། ༡༡ །ནང་གི་མུན་སེལ་འཇམ་དཔལ་མཁྱེན་པའི་གཏེར། །བརྩེ་ལྡན་འཕགས་པའི་ཟླ་བ་གསར་པ་གང་། །བློ་མཆོག་ནམ་མཁའི་ཁམས་ལ་རྟག་གནས་རྒྱུས། །སྤོབས་པའི་གཏེར་བརྒྱད་ཀུ་མུད་བཞད་གྱུར་རྨད། ༡༢ །ཕུལ་བྱུང་སྐྱེས་ཐོབ་བློ་གྲོས་པདྨའི་ཚལ། །ལུང་རིགས་སྦྲང་རྩིས་གཏམས་པའི་དེ་མ་ཐག །ཤེས་རབ་མཆོག་སྦྱིན་མི་གཡོ་ཕག་དཀར་གྱི། །དགྱེས་ཞལ་བཞད་པའི་ཉི་འོད་ལྷུང་དེ་མཚར། ༡༣ །དབྱངས་ཅན་ཕྱག་མཐིལ་བཀྲ་ཤིས་ལ་གནས་པས། །རི་གླིང་མཚོར་བཅས་ལྟད་མོར་གཟིགས་པའི་ཚེ། །ཀུན་རྨོངས་མུན་པའི་དཔུང་ཚོགས་གང་བཏང་ཞིང་། །ཕུལ་བྱུང་བློ་གྲོས་སྣང་བ་གང་ནས་བླངས། ༡༤ །ཨཱཪྱ་དེ་ཝ་མིག་གཅིག་ཁོ་ན་ཡིས། །གསལ་བར་མཐོང་གྱུར་ཤེས་བྱའི་གཟུགས་བརྙན་གང་། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་སྤྱན་ཡངས་ཀྱིས། །གཟིགས་ལ་དེ་ཙམ་ཁེངས་པ་གནང་མི་འཚལ། ༡༥ །མཁས་པའི་འདབ་ཡངས་བཙུན་པའི་གེ་སར་མཐོ། །བཟང་པོའི་དྲི་བསུང་རྒྱ་ཆེ་ཨུཏ་པ་ལ། །འཛམ་གླིང་མཛེས་པའི་རྒྱན་མཆོག་པད་ཚལ་ལས། །བརྐུས་པར་ངེས་སོ་དཔལ་ལྡན་བསམ་ཡས་པ། ༡༦ །ཐོག་མཐའ་བར་དགེ་ཞི་བསིལ་སྨན་གྱི་མཆོག །ཚད་མ་གསུམ་འབྲེལ་ཁྱོད་གསུང་བདུད་རྩིའི་ཆུས། །འགྲོ་བློའི་དྲི་མ་འཁྲུད་པའི་དཔལ་ཡོན་གྱིས། །ས་འདི་དགའ་བ་བརྒྱ་ལྡན་གྲོང་ལས་ལྷག ༡༧ །རྫིང་བུར་མྱོས་པའི་དྲེགས་ལྡན་ལག་འགྲོ་རྣམས། །བབ་ཅོལ་དུས་མིན་ཕུར་སྒྲ་མ་སྒྲོགས་ཤིག །འདི་ན་འདབ་བཟང་ཀླུ་རྒྱལ་ཟིལ་གནོན་ལེན། །རབ་རྣོན་རྡོ་རྗེའི་སྡེར་ལྡན་རྣམ་པར་རྒྱུ། ༡༨ །ཚུལ་ཁྲིམས་བློ་གྲོས་སྔོན་མེད་ཉིན་མོར་བྱེད། །ལུང་རིགས་འོད་བརྒྱ་འབར་བའི་གཟི་བརྗིད་ཕུལ། །དྲེགས་ལྡན་མུ་ཅོར་སྨྲ་བའི་འབྱུང་བྱ་ཡི། །སྙིང་ལ་བརྣག་དཀའི་མུན་པ་ཉིད་དུ་གྱུར། ༡༩ །ཀུན་ལས་རྣམ་པར་རྒྱལ་པའི་དཔའ་བོ་ཁྱོད། །འཇིགས་བྲལ་སེང་གེའི་ཁྲི་ལ་བག་ཕེབས་རོལ། །རྒོལ་བའི་རེ་བ་ཟད་པའི་གཞན་སྡེའི་དཔུང་། །རྟོག་གེའི་སེམས་ལས་ཞི་ནས་བག་ཕེབས་རོལ། ༢༠ །སྨྲ་བའི་སེང་གེ་བསམ་ཡས་ལུང་མང་པས། །ལོག་སྨྲའི་རྒོལ་བ་མ་ལུས་ཚར་བཅད་ཅེས། །བས་མཐའི་བསམ་གཏན་པ་རྣམས་དོགས་མི་འཚལ། །ཉམ་ཆུང་ཆོས་ལྟར་སྤྱོད་རྣམས་ནམ་ཡང་མིན། ༢༡ །དགེ་སྦྱོང་ནགས་ན་གནས་པ་བསོད་སྙོམས་མཁན། །ཆོས་ཀྱི་གྲགས་པའི་དཔལ་དེ་ཐོབ་པ་ལ། །བདག་ནི་ཕྱོགས་ལས་རྣམ་པར་རྒྱལ་ལོ་ཞེས། །ནམ་ཡང་རྒྱགས་པ་མཛད་པ་རིགས་ལགས་སམ། ༢༢ །དབྱངས་ཅན་མགྲིན་པར་ཆགས་པའི་ལེགས་བཤད་གླུ། །སྙན་ཚིག་བཻཌཱུར་གསལ་བའི་རྒྱུད་མངས་སྒྲ། །དཔྱོད་ལྡན་རྣ་བའི་བཅུད་དུ་ལེན་མཁས་པ། །དཔལ་ལྡན་དཔའ་བོ་ས་འདིར་འཕོས་མིན་ནམ། ༢༣ །འཆར་ནུབ་མི་སྲིད་རྟག་ཏུ་ཡོངས་གང་ཞིང་། །སྲིད་ལྡན་བློ་ཡི་རྨོངས་པ་སྲེག་བྱེད་པའི། །སྔོན་མེད་སྨྲ་བའི་ཟླ་བ་འདི་ཡོད་བཞིན། །བདེ་འབྱུང་གཙུག་གི་རྒྱན་དེས་སུ་ལ་ཅི། ༢༤ །རང་བཞིན་གྱིས་མངར་བ་ཚྭའི་རྙོགས་བྲལ་ཞིང་། །གཏུམ་པོ་ལག་འགྲོའི་ཚོགས་ཀྱིས་མ་བཟུང་བའི། །ཟབ་བརླིང་རྒྱ་ཆེའི་དག་བྱེད་གཏེར་མཆོག་འདི། །ཨེ་མ་གངས་ལྗོངས་བསོད་ནམས་སྐལ་བར་ཐོབ། ༢༥ །ཀུན་མཁྱེན་ཆོས་རྗེའི་མཁྱེན་རབ་གོས་བཟང་རྩེར། །རིག་འཛིན་ཞལ་ལུང་ནོར་བུའི་ཏོག་མཛེས་ཚེ། །དམན་ལམ་འཇིགས་བྲལ་འོད་གསལ་ཐེག་པའི་རྩེ། །གྲོལ་བ་དྲུག་ལྡན་བསྟན་པའི་རྒྱལ་མཚན་བསྒྲེངས། ༢༦ །བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་འཁོར་ལོའི་ལྷར། །ཟབ་རྒྱས་ཆོས་ཀྱི་འགྲོ་བ་མཛད་དོ་ཞེས། །ཀུན་གཟིགས་སྨྲ་བའི་དབང་ཕྱུག་མི་བསྔགས་ཏེ། །དེང་འདིར་ལོངས་སྐུའི་ཞིང་ཁམས་ཉུལ་དེའི་ཕྱིར། ༢༧ །འཆི་མེད་མཚོར་འཁྲུངས་རྒྱལ་བ་སྟངས་དཔྱལ་གྱིས། །དྲི་མེད་འོད་ཟེར་མཚན་གྱི་ཅོད་པཎ་མཆོག །བཅིངས་དང་ཆབས་ཅིག་དྷཱ་ཀིའི་གསང་མཛོད་ཀྱི། །ཆོས་ཀྱི་བདག་པོ་ཆེན་པོར་མངའ་དབང་གསོལ། ༢༨ །ཀློང་ཆེན་རབ་འབྱམས་ཡེ་ཤེས་སྒྱུ་མའི་སྐུ། །འོད་གསལ་སྣང་བཞིའི་ལྟད་མོར་འབྱམས་ཀླས་ཚེ། །མ་དག་ཉོན་མོངས་གཟུང་འཛིན་མི་དམིགས་ཀྱང་། །ཡེ་ཤེས་གཉིས་ཀྱི་འགྲོ་ཀུན་སྨིན་མཛད་མཚར། ༢༩ །འགྲོ་ལ་ཕན་མཛད་ཐུབ་པ་ཆེན་པོ་ཡིས། །གྲངས་མེད་གསུམ་དུ་བགྲོད་དགོས་ས་ལ མ་ཕུལ། །མཆོག་གི་སྐུ་ཚེ་གཅིག་ལ་དབང་བྱེད་འདི། །རྒྱལ་བའི་སྲས་ཀྱི་སྤྱོད་པར་རིགས་སམ་ཅི། ༣༠ །སུས་ཀྱང་མ་བྱིན་སྤངས་རྟོགས་ནོར་བུའི་མཛོད། །སྙིང་སྟོབས་བརྩོན་པས་བདག་གིར་བཞེས་པ་འདིས། །ཐུབ་པའི་སྡེ་སྣོད་བསྟན་ལ་མ་གནོད་གྲང་། མཁས་པ་མ་བྱིན་ལེན་དུ་མི་འགྱུར་རམ། ༣༡ །གྲུབ་པའི་སློབ་དཔོན་མཆོག་ཟུང་དགོངས་ཉམས་ཕུལ། །སྙིང་ཐིག་ཆོས་སྒོ་འབྱེད་པའི་ངོ་མཚར་ལྟས། །རིམ་གསུམ་བཀའ་འཁོར་དབྱེ་བའི་རྗེས་འགྲོ་ཡང་། །མཁའ་འགྲོའི་སྤྲིན་ཕུང་འཁྲིགས་དེས་ཁྱད་པར་བྱས། ༣༢ །རྣམ་བཀྲའི་དབང་གཞུ་གསར་པའི་ལྡིང་ཁང་ན། །རྣམ་ས་དབྱེ་བས་མཆོད་པའི་སྤྲིན་བཀོད་དེ། །རྣམ་ཀུན་མེ་ཏོག་སྤོས་ཆུའི་ཆར་འབེབས་བཞིན། །རྣམ་དག་ཁྱོད་གསུངས་མཉན་ལ་ཆས་གྱུར་མཚར། ༣༣ །སྡེ་བརྒྱད་ཡོངས་ཀྱི་གཙོ་བོ་རཱ་ཧུ་ལ། །སྐྱེས་བུ་ཆེ་དང་རྡོ་རྗེ་གཡུ་སྒྲོན་སོགས། །ཅི་བགྱིའི་བཀའ་ཉན་སྒྲུབ་པའི་རྣམ་དཔྱོད་དཔལ། །མཚོ་སྐྱེས་རྒྱལ་བའི་མཛད་པའི་མཐུན་ཕྱོགས་ཉིད། ༣༤ །འོད་གསལ་རྩེ་མོའི་བསྟན་པའི་བ་དན་ཆེ། །བསྒྲེངས་ལ་ཀུན་བཟང་གཉིས་པ་ཀློང་ཆེན་རྗེ། །འབྱུང་བར་དགོངས་ནས་རིག་འཛིན་དགའ་རབ་ཉིད། །ཆོས་སྐུའི་ཀློང་དུ་ངལ་གསོར་བཞུགས་པར་ཤེས། ༣༥ །གང་ཞིག་བསྟན་པ་གཅིག་ལ་སྟོན་པ་གཉིས། །མི་འབྱུང་ངེས་པར་བཤད་པའི་ལུང་འདི་རྫུན། །ཅིས་ཀྱང་བདེན་ན་ཤཱཀྱའི་བསྟན་པ་ལ། །ཀུན་མཁྱེན་ལྷ་ཡི་ལྷ་ཁྱོད་ཅི་སྟེ་འཁྲུངས། ༣༦ གདོད་མའི་མགོན་པོའི་དགོངས་བཅུད་མཐར་ཐུག་ཕུལ། །འོད་གསལ་ཀློང་ཆེན་ཐུགས་གཏེར་འབྱེད་པའི་གནས། །དཔལ་གྱི་མཆིམས་ཕུ་ཐོད་ཀར་ཨོ་རྒྱན་རྫོང་། །འོག་མིན་ཞིང་ལས་བསྔགས་འོས་མཆོག་ཏུ་གྲུབ། ༣༧ །མཁས་རློམ་སྤོས་ཀྱི་གླང་པོ་ལྔ་བརྒྱ་ཡིས། །འདེགས་པར་མ་བཟོད་ཐུབ་བསྟན་ལྕི་བའི་ཁུར། །མཐའ་དག་ཁྱེར་ལ་བསྙེང་བྲལ་སྙིང་སྟོབས་ཅན། །ས་ལ་རབ་བརྟན་ཁྱོད་ལས་གཉིས་པ་སུ། ༣༨ །བདུད་རིགས་འབྱུང་བྱའི་མིག་ལ་སིམ་སྟེར་བའི། །རྩོད་ལྡན་ནམ་མཁའི་ལྤགས་པ་འདིས་ནོངས་ཚེ། །ཁྱོད་གསུང་འོད་བརྒྱས་མ་རེག་ཐུབ་བསྟན་གཞན། །བ་མོས་རེག་པའི་མེ་ཏོག་ལྟར་རྙིང་གྱུར། ༣༩ །ཁྱོད་ནི་འགྲོ་ལ་བུ་གཅིག་ལྟར་བརྩེ་ཞེས། །གྲགས་པ་འཇིག་རྟེན་གསུམ་ལ་སྒྲོགས་གྱུར་ན། །དཔལ་འཛིན་མནར་མེད་བུད་ཤིང་མཛད་འདི་ཅི། །འོན་ཀྱང་སྐལ་ཉེས་རང་སྐྱོན་སུ་ཡིས་འོག ༤༠ །འཕགས་ཡུལ་མཛེས་པའི་རྒྱན་མཆོག་ཀླུ་སྒྲུབ་དང་། །གངས་ལྗོངས་འགྲོ་བའི་མིག་གཅིག་ཀློང་ཆེན་གཉིས། །འཁྲུངས་ཡུལ་ས་ཡི་ཁྱད་པར་ཅུང་ཙམ་ལས། །གཞན་པའི་འབྱེད་ཆོས་རྟོག་གེས་བཙལ་ཡང་དབེན། ༤༡ །གཏིང་དཔག་དཀའ་བའི་བློ་གྲོས་གཏེར་གཅིག་པུས། །འཕགས་པ་ཐོགས་མེད་མཚུངས་ཞེས་སྨྲ་མིན་ཏེ། །རྒྱལ་དགོངས་མཐར་ཐུག་འཁོར་ལོ་ཐ་མ་ཡི། །ངེས་དོན་སེང་གེའི་སྒྲ་དབྱངས་བསྒྲགས་འདིས་ཀྱང་། ༤༢ །དྲི་མེད་མཁས་ཚུལ་གསུམ་གྱིས་ཐུབ་པའི་བསྟན། །གསལ་ལ་ཕྱོགས་ཀྱི་གླང་པོའི་རྗེས་འགྲོ་ཡང་། །ཐེག་པའི་རྒྱལ་པོ་འོད་གསལ་སྙིང་པོ་ཡི། །བསྟན་སྲོག་མཐུད་པའི་རྣམ་ཐར་ཁྱོད་གཅིག་འཕགས། ༤༣ །རྨད་བྱུང་ཡོ་ག་གསུམ་གྱི་གསང་ལམ་ནས། །རིག་འཛིན་རྣམ་བཞི་ནོར་བུའི་ཕྲེང་བ་ཡིས། །ས་འདི་འོག་མིན་ཞིང་ལྟར་འབྱོར་མཛད་ན། །དབྱིག་གཉེན་ཞབས་ཀྱིས་ཁྱོད་ཀྱི་སྤུན་ཟླར་འོས། ༤༤ །འགྲན་སེམས་དུག་ཆུས་མྱོས་པའི་གཞན་དབང་གིས། །གདུག་པའི་མཚོན་འཁོར་བསྐོར་ལ་མི་ངལ་བའི། །བཟློག་དཀའ་ལྷ་མིན་གླང་པོ་ཀུན་རིན་ཡང་། །གང་མཚན་བདུད་རྩིའི་ཟེགས་མས་ཞི་གྱུར་མཚར། ༤༥ །དུག་གསུམ་མེ་རླུང་འཁྲུགས་པའི་ཚང་ཚིང་ཆེར། །ཁྱོད་གསུང་མན་ངག་ཆར་གྱིས་རེག་པའི་མོད། །མངོན་མཐོ་གསེར་གྱི་སྙེ་མ་གསར་འཁྲུངས་པར། །ངེས་ལེགས་འབྲས་བུས་གཏམས་པའི་དགེ་མཚན་ངོམས། ༤༦ །གྲུབ་པ་མཐར་ཕྱིན་ཡེ་ཤེས་སྒྱུ་མའི་སྐུ། །ཕས་རྒོལ་དཔུང་གིས་མི་མཐོང་མཚར་དུ་ཅི། །ལན་གཅིག་མཇལ་བས་སྲིད་པ་ཕྱིར་བསྙིལ་བའི། །དགྱེས་ཞལ་མཐོང་བའི་འགྲོ་རྣམས་སྐལ་བཟང་ཉིད། ༤༧ །ནམ་མཁའི་ཁྱོན་ཀུན་ཡོངས་གང་ཞི་ཁྲོའི་སྤྲིན། །སྐལ་བཟང་མིག་གི་བདུད་རྩིར་སོན་པ་ཡང་། །གྲུབ་པ་མཆོག་གི་ཐུགས་རྗེའི་བྱིན་མཐུ་དང་། །འདུས་པའི་ཚོགས་ཀྱང་སྔོན་གོམས་དགེ་བས་སོ། ༤༨ །འདི་ན་མཁའ་ལྡིང་རྒྱལ་པོའི་བརྟུལ་ཞུགས་ཀྱིས། །རབ་མཐོན་བྲག་རིའི་སྤོར་གཤེགས་ཁོ་བོ་ཞེས། །སྙེམས་པ་མི་འཚལ་ཤཱནྟ་དེ་ཝ་ཡང་། །རྟེན་མེད་ལྷ་ལམ་བསྐྱོད་པའི་གྲགས་པ་གསལ། ༤༩ །མི་མིན་བྲན་དུ་བཀོལ་བའི་རྣམ་དཔྱོད་ཀྱིས། །ཞྭ་ཡི་ལྷ་ཁང་ཞིག་གསོས་ངོ་མཚར་ཕུལ། །ལུགས་གསུམ་མི་འགྱུར་ལྷུན་གྲུབ་གཙུག་ལག་ཆེ། །བཞེངས་དང་མཚུངས་ཞེསབརྗོད་འདོད་བདག་ལ་སྐྱེས། ༥༠ །དངོས་ངན་ས་རྡོ་བསལ་བའི་ལྟོ་བ་ནས། །བཟོ་རིགས་རྫས་གཏེར་འབྱེད་དེས་ཅི་ཞིག་བྱ། །ཁྱོད་ཐུགས་མཁའ་འགྲོའི་གསང་མཛོད་སྤྲིན་ཆེན་ལས། །ཐེག་མཆོག་འདོད་དགུའི་ཆར་འབེབས་མ་དགོངས་སམ། ༥༡ །གྲུབ་གཉིས་རྩལ་རྫོགས་མི་མཆོག་གདོང་ལྔ་པས། །ལྟ་དགོངས་ཏིང་འཛིན་ང་རོལ་ཟིལ་མནན་ཚེ། །འབྱུང་པོ་མཁའ་ལ་རྒྱུ་བའི་སྒྲ་བརྒྱ་པ། །འབྲོས་པའི་མཐུ་ཟད་མནན་འོག་ཚུད་དེ་མཚར། ༥༢ །འཕྲུལ་མཁས་སྟོབས་ཀྱིས་བསྒུལ་བར་མ་བཟོད་པའི། །ལྕིད་ལྡན་དཀྱུས་རིགས་རྡོ་བའི་ཀ་བ་ཟུང་། །མི་མཆོག་བདེན་པ་གསོལ་བའི་དེ་མ་ཐག །གུས་པའི་སེམས་ལྡན་བཞིན་དུ་སློང་བར་གྱུར། ༥༣ །ལྷ་སྔགས་ཏིང་འཛིན་ཟབ་མོའི་ཆོ་ག་ཡིས། །རབ་འབྱམས་རྩ་གསུམ་འཁོར་ལོ་རྟེན་མཆོག་ལ། །བསྟིམས་པའི་དགེ་མཚན་གཟུགས་ཅན་བཞིན་རྒྱུ་འདིས། །ཆོས་འཁོར་གསུམ་ལའང་རེ་བ་ལྷོད་པོར་བྱས། ༥༤ །སྟོན་མཚན་དྭངས་པའི་མཁའ་ལ་གཟའ་སྐར་བཞིན། །ལྷ་ལམ་དོག་པོར་བྱེད་པའི་རྒྱལ་རྣམས་ཀྱིས། །བདེ་གཤེགས་རི་རབ་མར་མེའི་རྒྱལ་མཚན་ཞེས། །གྲགས་པའི་སྤྲིང་ཡིག་ཕྱོགས་མཐར་སྒྲོགས་གྱུར་རྨད། ༥༥ །ཤཱཀྱ་མུ་ནེའི་མཛོད་སྤུའི་འོད་ཟེར་གྱིས། །རེག་པའི་མོད་ལ་སྔོན་གནས་རྗེན་དྲན་མཐུས། །གངས་ཅན་འདི་ན་མ་གྲགས་གཙུག་ལག་གཞུང་། །འབུམ་ཕྲག་ཐུགས་ལ་བཀྲ་བའི་དགེ་མཚན་ངོམས། ༥༦ །ཐུབ་བསྟན་ཉིན་བྱེད་སྣང་བས་མ་བསྐྱངས་པའི། །ལྷོ་མོན་གདུལ་ཞིང་མཚན་གྱི་པདྨོ་ལྟར། །རྒུད་པར་གྱུར་ལ་བརྩེ་བ་མི་འདོར་བའི། །ཐུགས་བསྐྱེད་ཉི་མའི་གཉེན་གྱི་སྤུན་ཟླར་གྲུབ། ༥༧ །ཉི་ཟླའི་མིག་ཅན་སྔོ་བསངས་བུ་མོ་ཡི། །རབ་མཛེས་ཆུ་འཛིན་གསར་པའི་སྟོད་གཡོགས་བཅས། །དབང་གཞུའི་མཆོད་རྫས་བྱེ་བས་མདུན་བརྡར་ཏེ། །གུས་པའི་བློ་ཡིས་བསུ་ལ་རེངས་པ་བཞིན། ༥༨ །གཡུ་ལོའི་གོས་ལྡན་རྐང་འཐུང་བུ་མོ་རྣམས། །མཉེན་ལྕུག་ཡལ་གའི་ལག་པ་སྦྲེལ་བྱས་ཏེ། །གདུལ་དཀའ་འདུལ་ལ་བསྙེལ་བར་མ་གྱུར་ཞེས། །དུད་པའི་ཚུལ་གྱིས་མདུན་དུ་ཆས་མིན་ནམ། ༥༩ །གཏུམ་པོ་རྣམས་ཀྱི་གདུག་པ་ཡོངས་བཅད་ཅིང་། །ཁེངས་ལྡན་རྣམས་ཀྱི་རལ་པའི་ཅོད་པཎ་རྩེར། །ཞབས་ཀྱི་པདྨོ་རྣམ་པར་བཀོད་མཐོང་ནས། །ཉི་དགའི་ཚོགས་རྣམས་མཚར་བས་དགོད་པ་འདྲ། ༦༠ །བློ་གྲོས་མཆོག་ལྡན་ཨུ་དུམྦཱ་ར་ཡིས། །གདམས་ཟབ་བདུད་རྩི་ཅི་དགར་སྦྱིན་མཛད་པས། །སྐལ་བཟང་རྐང་དྲུག་ལ་འུར་འདུས་ཤིག་ཅེས། །ཀོ་ཀི་ལ་ཡི་ལྷང་ལྷང་འབོད་པ་བཞིན། ༦༡ །གྲུང་པོའི་བློ་ཡིས་ཀུན་ཏུ་བརྟག་དཔྱད་ཀྱང་། །སྟོན་པའི་ཞལ་ཚབ་ཁྱོད་མཚུངས་མ་རྙེད་ནས། །སྐལ་ལྡན་ཚོགས་རྣམས་དགའ་བས་དེར་ལྷག་པ། །པདྨའི་ཚལ་ན་རྐང་དྲུག་འདུ་བ་བཞིན། ༦༢ །ཀུན་དཀྲིས་འཆིང་བ་དམ་ལྡན་གསེར་དགྲའི་ཁམས། །གང་གསུང་བཅུད་ལེན་སྨན་གྱིས་རེག་པའི་མོད། །རྣམ་གྲོལ་རིན་ཐང་བྲལ་པའི་སུ་ཝརྞར། །བསྒྱུར་བའི་གྲགས་སྙན་སྲིད་པའི་ཁོངས་ན་རྒྱུ། ༦༣ །བསོད་ནམས་བྱེ་བ་འབུམ་གྱིས་ལེགས་བསྐྲུན་པའི། །མཐོང་ན་མི་མཐུན་མེད་པའི་མཛེས་སྐུའི་དཔལ། །བལྟ་བས་མི་ངོམས་མཆོད་སྦྱིན་བརྒྱ་པ་ཡིས། །སྟོང་ཕྲག་བརྒལ་བའི་འདྲེན་བྱེད་སྤྲུལ་པར་ངེས། ༦༤ །དབྱངས་ཀྱི་ཡན་ལག་རྫོགས་པ་ནཱ་དའི་སྒྲས། །ཐེག་མཆོག་སེང་གེའི་སྒྲ་བསྒྲགས་ངོ་མཚར་ཕུལ། །མཉན་ལ་རབ་དགའ་འཇིག་རྟེན་བྱེད་པོ་ཡིས། །ཐོས་འཛིན་དབང་པོ་བརྒྱད་དུ་སྤྲུལ་མིན་ནམ། ༦༥ །སྲིད་ཞི་ཀུན་ལ་ཁྱབ་པའི་སྒྲིབ་བྲལ་ཐུགས། །མཁྱེན་བརྩེའི་དཀྱིལ་འཁོར་ལྷག་པར་རྒྱས་པ་གང་། །མཐོང་བས་རབ་སྐྱེངས་ལྷ་ལམ་ཉི་ཟླར་བཅས། །ཆར་ལྡན་ཆུ་འཛིན་ཕག་ཏུ་ཡིབ་པ་འདྲ། ༦༦ །གང་གི་ཡོན་ཏན་བསམ་མི་ཁྱབ་པའི་གཏེར། །ཆ་ཙམ་བརྗོད་འདོད་ཆུ་ལྷའི་དབང་པོ་ཡིས། །བཅུ་ཕྲག་བཅུ་ཡི་སྨྲ་བའི་འབབ་སྟེགས་ཀྱིིས། །འབད་ཀྱང་མཐུ་བྲལ་ལྕེ་ལ་ངོ་ཚ་བཞིན། ༦༧ །ཁྱབ་པར་དཀྲིགས་སོ་ལྷ་ལམ་ཡངས་པའི་ངོགས། །ཐུན་མཚམས་ཆུ་འཛིན་གསར་པའི་ཕྲེང་བས་ཏེ། །འཁོར་ཡུག་དང་བཅས་ས་ཆེན་འཇིག་རྟེན་ཁྱོན། །ཁྱོད་ཀྱི་ལེགས་མཛད་ཕྲིན་ལས་ཟབ་མོས་ཀྱང་། ༦༨ །རིགས་གྲོལ་སྤོོབས་པ་རྨད་བྱུང་མཆོག་གི་འཁོར། །འབུམ་ཕྲག་བརྒལ་བའི་ཡོན་ཏན་ལྕི་བའི་ཁུར། །འདེགས་པར་མ་བཟོད་ནོར་བུ་འཛིན་མ་ཡང་། །འཁུན་པའི་སྒྲར་བཅས་རབ་ཏུ་འདར་བ་འདྲ། ༦༩ །རབ་མཛེས་ཆོས་གོས་གསར་པའི་འོད་རིས་ཀྱིས། །ལྷ་ལམ་ལེ་བརྒན་ཚོས་སུ་བཙོས་པའི་མོད། །བསླབ་གསུམ་ཡོངས་འདུའི་དྲི་ཡིས་ཀུན་ཁྱབ་པས། །དབུས་འགྱུར་འཆང་གི་མཛེས་པ་ཟུམ་པར་བྱས། ༧༠ །ཀུན་སྙོམས་ཐུགས་རྗེའི་སྤྲིན་ཆེན་ལས་འོང་བའི། །ཕན་བདེའི་ཆར་གྱིས་རྣམ་གྲོལ་ལོ་ཏོག་ཚོགས། །སྨིན་པར་མ་བྱས་འགྲོ་འགའ་ཡོད་མེད་ཅེས། །བདག་གི་ཡིད་ནི་ཐེ་ཚོམ་ཁྱོགས་ལ་འཕྱང་། ༧༡ །ཞིབ་མོར་བརྟགས་པས་འདྲེན་པ་མ་ཕམ་སོགས། །སླད་ནས་ཞིང་འདིར་མངོན་འཚང་རྒྱ་བའི་ཚུལ། །སྟོན་པར་གསུང་ན་སྐལ་ངན་ལོག་སྲེད་ཅན། །གདུལ་བྱར་མ་གྱུར་འགའ་ཞིག་ལུས་པར་སེམས། ༧༢ །ས་ཕག་འབྲི་སོགས་ཆེན་པོ་མཐའ་དག་གི། །རལ་པའི་ནགས་ཀླུང་ཁྱོད་ཞབས་ཟླ་ཚེས་ཀྱིས། །མཛེས་པའི་མོད་ལ་སྡིག་ལྟའི་མུན་སངས་དང་། །སྡེ་བཞིའི་པད་དཀར་རྒྱས་པ་ལྷན་ཅིག་བྱས། ༧༣ །ལན་ཅིག་ཀུན་མཁྱེན་དགྱེས་སྤྱན་འཛུམ་པའི་མདའ། །བློ་ལྡན་གང་གི་འབེམ་ལ་ལྷུང་བ་དེས། །སྲིད་རྩའི་འཁྲུལ་འཁོར་མ་ལུས་ཧྲུལ་བྱེད་ན། །དཀྱིལ་འཁོར་སྤྲོས་བཅས་མང་པོའི་དགོས་པ་གང་། ༧༤ །པདྨ་ལས་གྲོལ་མཚན་གྱི་སྤྲིང་ཡིག་མཆོག །ལས་ཅན་ཐོས་འཛིན་བཅུད་དུ་སོན་ཙམ་གྱིས། །ལྷན་སྐྱེས་བདེ་ཆེན་རྩོལ་མེད་སྐྱེད་མཆི་ན། །ངོ་སྤྲོད་བཤད་ཡམ་མང་པོས་སུ་ལ་ཅི། ༧༥ །ཁྱོད་ཐུགས་གཞོན་ནུ་བུམ་པའི་ཁང་བཟང་དུ། །སྐུ་གསུམ་སྟོན་འཁོར་བཀོད་པ་ཡོངས་རྫོགས་སྤྲིན། །མངོན་གྱུར་དང་པོའི་མགོན་པོ་ཉིད་གྲུབ་ན། །བརྒྱུད་ཡིག་ལོ་རྒྱུས་མང་པོ་གང་ནས་བཙལ། ༧༦ །ཀ་དག་ལྷུན་གྲུབ་རིག་སྟོང་རྫོགས་པ་ཆེ། །གློ་བུར་གཟུང་འཛིན་སྒྲིབ་རྒྱལ་ལས་གྲོལ་ཏེ། །ཇི་བཞིན་མངོན་གྱུར་སངས་རྒྱས་ཉག་གཅིག་ལ། །རྒྱལ་བའི་སྲས་ཞེས་བརྗོད་འདི་རྨོངས་པས་བསླད། ༧༧ །ཀློང་གསལ་དྲི་མེད་ཆོས་སྐུ་ཉག་གཅིག་སྟེ། །བློ་འདས་ཉིད་ལ་བློ་ཡིས་དཔྱད་དུ་ཅི། །བརྗོད་དང་བྲལ་ལ་བརྗོད་པས་ཅི་ཞིག་བྱ། །མི་བསྟོད་པ་ནི་བསྟོད་པའི་རྒྱལ་པོ་ལགས། ༧༨ །རྡོ་རྗེ་གཟི་བརྗིད་ལྷུན་གྲུབ་ལོངས་སྤྱོད་རྫོགས། །མི་ཟད་རྒྱན་འཁོར་རྣམ་ལྔའི་བཀོད་པ་ཡིས། །ཆོས་ཀྱི་དབྱིངས་ཀུན་ཁྱབ་པར་རྟག་གནས་ན། །ཕྱོགས་རེར་ཞེན་པའི་བསྔགས་བརྗོད་འཁྲུལ་རྟོག་ཉིད། ༧༩ །ཚུལ་ཁྲིམས་བློ་གྲོས་གང་འདུལ་སྤྲུལ་པའི་སྐུ། །འདུལ་བ་བཞི་ཡི་ཕྲིན་ལས་རླབས་པོ་ཆེ། །འཁོར་བ་དོང་སྤྲུག་རྣམ་ཐར་ཚད་བྲལ་གང་། །བརྗོད་ལ་འཕགས་ཆེན་རྣམས་ཀྱང་ངལ་བ་འཛིན། ༨༠ །མང་མང་ལེགས་གསུང་ཆོས་ཕུང་དག་བྱེད་གཏེར། །ཡང་ཡང་མཁྱེན་རྟོགས་ལྷུན་པོས་བསྲུབས་པ་ལས། །ཟབ་ཟབ་མན་ངག་སྔོན་མེད་ཉིན་མོར་བྱེད། །མཛེས་མཛེས་ཐུབ་བསྟན་སྣང་བའི་རྒྱན་ཏུ་སྤུད། ༨༡ །འཕགས་བོད་གཞུང་འགྲེལ་མཁན་པོ་ཆེས་མང་ཡང་། །ངེས་དོན་སྙིང་པོ་སྡུད་མཁས་ཁྱོད་མཚུངས་སུ། །མཁའ་ངོས་གསལ་བྱེད་ཕྲེང་བས་ཡོངས་མཛེས་མོད། །ཉིན་མོར་བྱེད་པ་གཅིག་ལས་གཉིས་ཡོད་མིན། ༨༢ །རྒྱུད་དང་འབྲས་བུའི་ཐེག་པའི་གཞུང་ལུགས་ཀུན། །ཚང་ལ་མ་ནོར་རྒྱལ་བ་དགྱེས་པའི་ལམ། །མཐར་ཐུག་ཐེག་པ་གཅིག་ཏུ་རྫོགས་པའི་ཕུལ། །སེམས་ཉིད་ངལ་གསོ་ཐུབ་བསྟན་མཛེས་རྒྱན་རྨད། ༨༣ །བསམ་གཏན་ངལ་གསོ་ཏིང་འཛིན་སྣ་ཚོགས་ཀྱིས། །རྩོལ་མེད་ཨ་ཏིའི་འབྲས་རྩེར་སྦྱོར་ལ་ལྟོས། །དབང་རབ་ལས་ཅན་གྲོལ་བྱེད་འབྲས་བུའི་ཐེག །གསང་སྔགས་ཐབས་ཀྱི་ཆེ་བར་སུ་ཡིས་འགོག ༨༤ །སྒྱུ་མ་ངལ་གསོ་སྤྱོད་པ་རྣམ་སྦྱོང་གིས། །ཆོས་རྣམས་དཔེ་བརྒྱད་ངོ་བོར་གཏན་དབབ་ཚེ། །མ་བརྟགས་གྱ་ཚོམ་སྨྲ་བའི་གོས་སེར་ཅན། །སྐྱེངས་པའི་ཡིད་ཀྱིས་ས་འོག་ཡིབ་པར་ངེས། ༨༥ །གསལ་བར་བྱས་སོ་ཡིད་བཞིན་རིན་ཆེན་མཛོད། །ཐོག་མཐའ་བར་གསུམ་གཞི་ལམ་འབྲས་བུའི་ཚུལ། །དྲི་མེད་ཐོས་བསམ་སྒོམ་པའི་ཤེས་རབ་མཆོག །ངེས་དོན་མཐར་ཐུག་གཞན་སྟོང་དབུ་མའི་སྲོལ། ༨༦ །ཕྱིན་དྲུག་ཚོམས་ཀྱིས་མདོ་རྒྱུད་ཟབ་མོའི་གནད། །མན་ངག་རིན་ཆེན་མཛོད་དུ་གཏམ་ཉེའི་ཚེ། །ཟབ་གསང་དོ་ཧས་འདོམས་མཛད་མདའ་བསྣུན་ཞབས། །ཟུང་འཇུག་སྐུ་ཡིས་ངལ་གསོར་བཞུགས་པར་ངེས། ༨༧ །གནས་ལུགས་བསམ་མི་ཁྱབ་པའི་མཛོད་ཁང་ནས། །མེད་ཕྱལ་ལྷུན་གྲུབ་གཅིག་པུའི་རིན་ཆེན་གཏེར། །གསར་དུ་འབྱེད་ཚེ་སྟོན་པ་བཅུ་གཉིས་ཀྱི། །དགྱེས་པའི་ཞལ་རས་སྟོན་ལ་ཐེ་ཚོམ་བྲལ། ༨༨ །ཡང་ཟབ་འབད་མེད་གྲོལ་བྱེད་ཐེག་པའི་རྩེ། །ཆོས་དབྱིངས་བསམ་མི་ཁྱབ་པའི་མཛོད་ཁང་ཆེའི། །ཡོན་ཏན་དཔག་ནུས་མིན་ཡང་འདིར་ཤོང་བ། །ཨེ་མ་སྲིད་གསུམ་ཁོངས་དེ་ཤིན་ཏུ་ཡངས། ༨༩ །ནང་རྒྱུད་ཡོ་ག་གསུམ་གྱི་ཉིན་བྱེད་གཟིས། །དམན་ལམ་གྲུབ་མཐའི་རྒྱུ་སྐར་ཟིལ་མནན་ཅིང་། །རྡོ་རྗེའི་གནས་རྣམས་འབད་མེད་གསལ་ནུས་པའི། །མཛོད་འདི་སྔ་འགྱུར་བརྒྱུད་པའི་ཁྱད་ནོར་ཕུལ། ༩༠ །ཀུན་ཏུ་བཟང་པོའི་དགོངས་ཉམས་ཨ་མྲྀ་ཏ། །གྲུབ་མཆོག་བྱེ་བའི་ཐུགས་ཀྱི་བུམ་བཟང་དུ། །བསྐྱིལ་བའི་མན་ངག་ཡོངས་བཅུད་འོད་གསལ་མཛོད། །རྟོགས་པའི་འདྲ་འབག་རྗེས་འཇུག་སྐལ་བར་གདམས། ༩༡ །རྒྱུད་རྒྱལ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དོན། །ལུང་ཆེན་མན་ངག་བྱེ་བའི་སྙིང་པོར་བཅུད། །འོད་གསལ་སྙིང་པོའི་ལྟ་གྲུབ་གཞི་ལམ་འབྲས། །ཚང་ལ་མ་ནོར་ཐེག་མཆོག་རིན་ཆེན་མཛོད། ༩༢ །རྒྱལ་མཆོག་རིག་འཛིན་བྱེ་བའི་དགོངས་ཉམས་ཕུལ། །དབང་རྣོན་ཚེ་འདིར་གྲོལ་བྱེད་ཐེག་པའི་རྩེ། །ཟབ་པའི་ཡང་སྙིང་བླ་མ་ཡང་ཏིག་ཅེས། །ཟླ་བྲལ་ཆོས་སྐུའི་རིང་བསྲེལ་ཆེན་པོར་གྲུབ། ༩༣ །སྣང་བཞི་ཟད་སར་སྐྱེལ་བའི་གསང་ལམ་མཆོག །མཁའ་འགྲོ་ཡང་ཏིག་མན་ངག་ཉིན་བྱེད་གཟིས། །གཞན་ལ་ཟབ་པར་གྲགས་པའི་སྒོམ་རིམ་སྟོང་། །རྒྱུ་སྐར་ཚོགས་བཞིན་ལན་བརྒྱར་ཟིལ་གྱིས་མནན། ༩༤ །ངན་པ་དྲུག་སོགས་འཁྲུལ་པའིི་དྲི་བྲལ་ཞིང་། །ཡོན་ཏན་གསུམ་རྫོགས་ལུང་རིགས་ཚད་མའི་གཏེར། །ཉམས་མྱོང་མན་ངག་བྱེ་བས་ཡོངས་གཏམས་ཕྱིར། །ཁྱོད་གསུང་ཚིགས་བཅད་རེ་ཡང་ཐུབ་བསྟན་རྒྱན། ༩༥ །ཚད་མ་གསུམ་འབྲེལ་སྟོན་པ་དྲང་སྲོང་ཆེའི། །བཀའ་དང་དབྱེར་མེད་ཁྱོད་གསུང་ཚིག་རེས་ཀྱང་། །མཁས་པར་གྲགས་པ་གཞན་གྱི་ངལ་བ་བ རྒྱས། །བསྐྲུན་པའི་གཞུང་ཀུན་རི་མོའི་མར་མེ་བྱས། ༩༦ །དེ་སླད་ཡེ་ཤེས་བརྙེས་ཀྱང་འཇིག་རྟེན་ཚུལ། །ཨེ་ཀ་ཛ་ཊི་ལ་སོགས་བཀའ་སྲུང་གིས། །ཁོང་པའི་སྙིང་ལྟར་མེལ་ཚེ་མི་གཡེལ་བས། །རྟོག་གེའི་རང་བཟོའི་དུག་ཆུས་མ་བསླད་འཚེངས། ༩༧ །དྲི་མེད་ཁྱོད་གསུང་ཟབ་མོ་འདི་ཁོ་ནས། །གྲོལ་བ་དྲུག་ལྡན་འོད་གསལ་སྙིང་པོའི་སྲོལ། །དེང་ཡང་ཉམས་མེད་སྤྱོད་ཡོད་བཀའ་དྲིན་ཕུལ། །གཟུགས་སུ་གྲུབ་ན་སྲིད་གསུམ་སྣོད་དུ་ཆུང་། ༩༨ །འདི་ན་ཡིད་དཔྱོད་ལྟ་བའི་རྙོག་མ་ཡིས། །ཨ་ཏིའི་བསྟན་པའི་ཆུ་གཏེར་བསླད་ཉེའི་ཚེ། །ནམ་མཁའ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་སོགས། །རྣམ་འཕྲུལ་ཀེ་ཏ་ཀ་ཡི་ཕྲེང་བ་སྤེལ། ༩༩ །ཁྱད་པར་སྙིགས་ལྔའི་རྒུད་པའི་མུན་པ་ཡིས། །རྒྱལ་བསྟན་ཉི་དགའི་ཕྲེང་བ་ཉམས་ཉེའི་ཚེ། །མཁྱེན་རྟོགས་ཉི་མ་གསར་པའི་གཟི་འོད་ཅན། །འོད་གསལ་སྤྲུལ་པའི་རྡོ་རྗེའི་སྣང་བརྙན་ངོམ། ༡༠༠ །བཀའ་བབས་རིན་ཆེན་བདུན་གྱི་གསང་མཛོད་ཀྱིས། །ཤིང་རྟ་ཆེ་བརྒྱད་རིང་ལུགས་ཉིན་མོ་རུ། །གསལ་བྱེད་ཁྱོད་མཚུངས་འཕགས་བོད་མ་འཚལ་བས། །རང་ཉིད་དཔེ་ཟླར་བཞག་ལས་གཞན་དུ་ཅི། ༡༠༡ །ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་བཅས་ཀྱི། །གསང་གསུམ་ཡོན་ཏན་ཕྲིན་ལས་རྣམ་ཐར་སྟོང་། །ངེས་པར་འཇམ་མགོན་བླ་མར་རྫོགས་མཆི་ན། །བདག་ལྟ་བྱིིས་བློས་གཞལ་འདི་ངལ་བར་ཟད། ༡༠༢ །ཀློང་ཆེན་གཉིས་པ་རྡོ་རྗེ་གཟི་བརྗིད་ཀྱི། །དགྱེས་ཞལ་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ། །སོན་དང་ཐེག་རྩེའི་སྨིན་གྲོལ་བདུད་རྩིའི་རྒྱུན། །བསོད་ནམས་ཡོལ་གོར་བསྐྱིལ་འདི་རྨི་ལམ་མིན། ༡༠༣ །བདག་རྒྱུད་དད་དམ་ཞིང་ས་གཤིན་པོ་ལ། །སྨིན་གྲོལ་གདམས་པའི་ས་བོན་ཆེར་བཏབ་པར། །མཆོག་བྱིན་དྲོད་གཤེར་གྱིས་བསྐྱངས་དགེ་མཚན་གྱིས། །སྐུ་བཞིའི་འབྲས་བཟང་སྨིན་ལ་ཐེ་ཚོམ་ཅི། ༡༠༤ །སྙིང་ཐིག་རྣམ་གཉིས་མཛོད་བདུན་ངལ་གསོ་སྐོར། །མཇལ་བའི་མོད་ལ་བྱིན་རླབས་སྙིང་སིམས་པས། །རྟོགས་པའི་རང་ཞལ་ཁོང་ནས་རྒོད་པ་ཡིས། །ཨེ་མ་ཁོ་བོའི་དལ་རྟེན་དོན་ཡོད་བྱས། ༡༠༥ །གཞི་གནས་རིག་པ་སྐུ་གསུམ་གདོད་མའི་གཤིས། །ཡིན་ལུགས་ཅོག་བཞག་བཞི་ཡི་གསེང་ལམ་ནས། །འཁྲུལ་གཞི་དབྱིངས་སུ་དག་པའི་གུ་ཡངས་པོ། །ཀུན་མཁྱེན་ཆོས་རྗེའི་དྲིན་ལས་གཞན་གྱིས་མིན། ༡༠༦ །བླུན་སྒོམ་སེམས་ལས་འདས་པའི་རྫོགས་པ་ཆེ། །རིག་སྟོང་ཆོས་ཟད་རྗེན་པའི་རང་ཞལ་མཆོག །དོན་བརྒྱུད་བྱིན་རླབས་འཕོས་འགའི་སྤྱོད་ཡུལ་ལས། །ལོང་བ་བརྒྱུད་མའི་འུར་གྱིས་ཅི་སྟེ་མཐོང་། ༡༠༧ །དེ་སླད་བདག་བློ་དད་པའི་དབང་གྱུར་ཏེ། །ཀུན་མཁྱེན་ཡོན་ཏན་ནོར་བུ་ཆུ་ཤེལ་ཕྲེང་། །རྒྱན་གསུམ་ལམ་གྱི་སྲད་བུར་བརྒྱུས་པ་འདི། །དཔྱོད་ལྡན་མཁས་པའི་མགུལ་ན་སྤ་བར་མཛོད། ༡༠༨ །གཙུག་ལག་ཀུན་ལ་སྦྱང་བ་ཕ་མཐར་སོན་མིན་ཅིང་། །སྔོན་མེད་སྙན་ངག་སྨྲ་བའི་སྤོོབས་པས་དབེན་མོད་ཀྱི། །དམ་པའི་གསུང་ལ་ཆ་ཙམ་འདྲིས་ལས་ཉེར་ཐོབ་པའི། །བསྟོད་བསྔགས་སྙན་པའི་རོལ་མོ་འཁྲོལ་ལ་མི་འོས་ཅི། ༡༠༩ །རྒྱལ་བའི་ཡོན་ཏན་ཤིན་ཏུ་རྒྱ་ཆེ་མཚོ་ཆེན་ལས། །རང་སྐལ་སྐྲ་རྩེའི་ཟེགས་ཙམ་གུས་པས་འཐོར་བ་ཡིས། །རབ་དཀར་བསོད་ནམས་སྟོན་ཟླའི་དཔལ་ལ་འཁུ་བ་དེས། །འགྲོ་རྣམས་ཀུན་མཁྱེན་ཡེ་ཤེས་སྣང་བས་མཛེས་བྱེད་ཤོག ༡༡༠ །ལྷག་པར་ངེས་གསང་བསྟན་འགྲོའི་བདེ་སྐྱིད་པདྨོའི་ཚལ། །ཅིག་ཅར་བཞད་བྱེད་ཀུན་མཁྱེན་རྣམ་འཕྲུལ་ཉིན་མོར་བྱེད། །འགྲོ་བསོད་ཡངས་པའི་མཁའ་ལ་གསར་དུ་སྣང་བ་ཡིས། །ཕུལ་བྱུང་ཕྲིན་ལས་སྣང་བས་ས་གསུམ་ཀུན་ཁྱབ་ཤོག ༡༡༡ །ཕན་བདེའི་གཞིར་གྱུར་ཐུབ་བསྟན་སྤྱི་དང་སྔ་འགྱུར་གྱི། །བཤད་སྒྲུབ་ཕྲིན་ལས་ཤིན་ཏུ་ལྕི་བའི་ས་ཆེན་ཁྱོན། །སྙིང་སྟོབས་བརྩོན་པའི་ཕྲག་པས་འདེགས་ལ་མི་ངལ་བའི། །མཁས་གྲུབ་ཁྱབ་འཇུག་གཟུགས་ཅན་མཆིས་ཀུན་ཞབས་བརྟན་གསོལ། ༡༡༢ །བདག་ཀྱང་རྣམ་གཡེང་རྦ་ཀློང་འཁྲུགས་པའི་སྲིད་མཚོ་ལས། །ཉེར་ཐར་དགྲ་མེད་མི་གཡོ་ཞི་བའི་ནགས་ཁྲོད་དུ། །འོད་གསལ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་བུམ་སྐུ་རུ། །གྲོལ་ནས་མ་ལུས་འགྲོ་བ་སྐྱོབ་པའི་མགོན་གྱུར་ཅིག ༡༡༣། གངས་ལྗོངས་འགྲོ་བའི་དད་བསོད་པཉྩ་ལི་ཀའི་རྩེར། །ཀུན་མཁྱེན་བྱིན་རླབས་དགོས་འབྱུང་ནོར་བུའི་ཏོག་མཛེས་པས། །དམན་ལམ་འཇིགས་བྲལ་འོད་གསལ་རྡོ་རྗེ་རྩེ་མོ་ཡི། །བསྟན་པའི་རྒྱལ་མཚན་མི་ནུབ་སྲིད་མཐར་བསྒྲེངས་གྱུར་ཅིག ༡༡༤ །བཀྲ་ཤིས་གང་ཞིག་གདོད་ནས་རྣམ་དག་ཡེ་ཤེས་གསུམ་ཚུལ་འདུས་མ་བྱས། །བཀྲ་ཤིས་རྨད་བྱུང་གནད་གསུམ་ཆོས་ཉིད་འཁོར་ལོས་སྣང་བཞིའི་གསེང་ལམ་ནས། །བཀྲ་ཤིས་རྣམ་དག་གདོད་མའི་གྲོལ་ས་གཞོན་ནུ་བུམ་སྐུའི་རྒྱལ་ཐབས་ཆེར། །བཀྲ་ཤིས་རྟག་པ་དམ་པའི་ངོ་བོར་འགྲོ་འདི་ངལ་གསོ་ཐོབ་གྱུར་ཅིག ༡༡༥ །ཅེས་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ལ་བསྔགས་པའི་རབ་བྱེད་འདི་ནི་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྙན་ངག་མཁན་ཆེན་པོ་དག་གི་རིགས་སུ་སྐྱེས་ཤིང་རྒྱན་གསུམ་ལམ་གྱི་ཚུལ་ལ་བག་ཆགས་ཙམ་ཐེབས་པ་ཤཱཀྱའི་དགེ་ཚུལ་ཟེ་སྤྲུལ་མིང་འཛིན་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས། རང་ལོ་ཉེར་དྲུག་པ་མེ་སྤྲེལ་རྒྱལ་ཟླའི་ཀུན་མཁྱེན་ཆོས་རྗེའི་དུས་ཆེན་ཉིན་གྲུབ་པར་རང་གནས་དཔལ་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོར་སྦྱར་བ་སྟེ། འདིས་ཀྱང་རང་གཞན་ཀུན་གྱི་རྒྱུད་ལ་མཚུངས་མེད་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་རྩོལ་མེད་དུ་ཞུགས་ཏེ། ཟབ་གསང་རྟོགས་པའི་ཡོན་ཏན་ཡར་ཟླ་ལྟར་རྒྱས་པའི་རྒྱུར་གྱུར་ཅིག། །།
༄༅། །ༀ་སྭསྟི། ཤེས་དང་ཤེས་བྱའི་ཆོས་རྣམས་ཀུན། །མི་ཕྱེད་ཐུགས་ཀྱི་རྡོ་རྗེ་རུ། །ཡོངས་བསྡམས་ཀུན་མཁྱེན་ཆོས་ཀྱི་རྗེ། །དྲི་མེད་འོད་ཟེར་ཞབས་ལ་འདུད། །མགོན་ཁྱོད་གདོད་ནས་བྱང་ཆུབ་ཀྱང་། །སྙིང་རྗེས་སྲིད་པར་རྗེས་ཆགས་གར། །གང་འདུལ་མཚན་དཔེའི་རོལ་མོ་ནི། །ནམ་མཁའ་ཁྱབ་པར་སྤྲོ་ལ་འདུད། །སྒྲ་ཚིག་ཡི་གེ་ལས་འདས་པའི། །གཞོམ་མེད་ནཱ་དའི་སྒྲ་དབྱངས་ཆེ། །རྗོད་མེད་བརྗོད་བྱར་སྟོན་པའི་གཞུང་། །ཆོས་སྒོ་འབུམ་ཕྲག་འབྱེད་ལ་འདུད། །ཟབ་ཞི་སྤྲོས་པ་ལས་འདས་པའི། །འོད་གསལ་འདུས་མ་བྱས་དབྱིངས་སུ། །རྟག་ཏུ་མཉམ་པར་བཞག་བཞིན་དུ། །གཟུངས་སྤོོབས་གཏེར་ཁ་འབྱེད་དེར་འདུད། །བྲལ་ཐོབ་སྨིན་པའི་ཡོན་ཏན་ཆེ། །དུས་གསུམ་གཤེགས་པའི་རྒྱལ་རྣམས་དང་། །ཀུན་ནས་མཉམ་པ་ཉིད་གྱུར་པའི། །གསང་བ་བསམ་མི་ཁྱབ་ལ་འདུད། །ནམ་མཁའི་མུ་ཁྱུད་ར་བ་ལས། །ཡོངས་བརྒལ་ཆོས་ཀྱི་དབྱིངས་ཆེན་པོར། །ཟབ་མོའི་ཕྲིན་ལས་འཇུག་པ་ནི། །དཔག་ཏུ་མེད་པར་སྣང་ལ་འདུད། །འདི་ནས་བྱང་ཆུབ་སྙིང་པོའི་བར། །ཁྱོད་ལས་སྐྱབས་གཞན་མི་འཚོལ་ན། །འབྲལ་མེད་ཐུགས་རྗེ་ཆེན་པོ་ཡིས། །ཡིད་ལ་ཡེ་ཤེས་དབབ་ཏུ་གསོལ། །ཟབ་གསལ་གཉིས་སུ་མེད་པའི་དབྱིངས། །འོད་གསལ་འདུས་མ་བྱས་པའི་བདག །ཡེ་ནས་འཆིང་གྲོལ་མེད་པའི་གཤིས། །ཇི་བཞིན་མ་ནོར་རྟོགས་བྱིན་རློབས། །གདོད་མའི་འོད་གསལ་སྙིང་པོ་ལ། །སྒྲིབ་བྱེད་གློ་བུར་ཀུན་བརྟགས་སྤྲིན། །རང་བཞིན་མེད་པར་ལེགས་རྟོགས་པས། །འཁྲུལ་པའི་རྫུན་ཕུག་གཏིབ་བྱིན་རློབས། །ཕྱི་ནང་རྟེན་ཅིང་འབྲེལ་འབྱུང་གི། །སྣང་ཆ་སྣོད་བཅུད་བདེ་སྡུག་སོགས། །མེད་སྣང་ཆུ་ཟླའི་རྫུན་རིས་ལ། །རང་མཚང་གཏིང་ནས་རྟོགས་བྱིན་རློབས། །རྟག་པར་དགེ་བའི་བཤེས་གཉེན་གྱིས། །རྗེས་བཟུང་དགོངས་པའི་གསང་མཛོད་ལོན། །གྲོགས་ངན་རྐྱེན་གྱིས་བསྒྱུར་མིན་པར། །ཉིན་མཚན་ཆོས་ཀྱིས་འདའ་བྱིན་རློབས། །ཕྱི་ནང་གྲུབ་མཐའི་དེ་ཉིད་རིག །ཡང་དག་རྟོན་པ་བཞི་ཡིས་འབྱོར། །སོ་སོ་ཡང་དག་རིག་བཞི་ཡི། །སྤོབས་པ་ཐོགས་མེད་ཐོབ་བྱིན་རློབས། །དལ་འབྱོར་རྙེད་དཀའ་ལ་སོགས་པའི། །བསམ་བྱུང་རྒྱུད་ལ་ལེགས་གོམས་པས། །བཅོས་མིན་ངེས་འབྱུང་གིས་དྲངས་པའི། །དད་པའི་སྲོག་ཤིང་བརྟན་བྱིན་རློབས། །སྔོན་འགྲོའི་སྦྱངས་པ་མཐར་ཕྱིན་ཞིང་། །མཆོག་ཏུ་ཟབ་པའི་གཞི་རྒྱུད་ལ། །ཐེ་ཚོམ་སྨག་བྲལ་ངེས་ཤེས་ཀྱིས། །ཟབ་མོའི་རྣལ་འབྱོར་བསྒོམ་བྱིན་རློབས། །ཟབ་གསལ་གཉིས་མེད་བདེ་བ་ཆེ། །འོད་གསལ་བསམ་མི་ཁྱབ་པ་ཡི། །དངོས་གཞིའི་ཉམས་ལེན་མཐར་ཕྱིན་ནས། །ས་ལམ་དབུ་མར་རྫོགས་བྱིན་རློབས། །གཟའ་བྲལ་ཉི་ཟླའི་དཀྱིལ་འཁོར་བཞིན། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཚོགས། །མངོན་གྱུར་སྲིད་པ་ཇི་སྲིད་བར། །སྤྲུལ་པས་འགྲོ་བ་འདུལ་བྱིན་རློབས། །རྒྱལ་བསྟན་དྲི་མེད་ཕྱོགས་མཐར་ཁྱབ། །འགྲོ་ཀུན་ཐེག་མཆོག་ཆོས་ལ་སྤྱོད། །སྙིགས་སྤྱོད་རྒུད་པའི་མིང་མི་གྲགས། །དོན་གཉིས་མཐར་ཕྱིན་བྱིན་གྱིས་རློབས། །ཞེས་པའང་པདྨ་བི་ཛས་དབེན་པའི་རི་སུལ་དུ་གསོལ་བ་བཏབ་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག

ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་ཆོས་དབྱིངས་མཛོད་ལ་བསྔགས་པ་ངོ་མཚར་དཔག་བསམ་སྙེ་མ།

༄༅། །ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་ཆོས་དབྱིངས་མཛོད་ལ་བསྔགས་པ་ངོ་མཚར་དཔག་བསམ་སྙེ་མ་ཞེས་བྱ་བ། དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །ལྷ་དབང་ཀླུ་མཆོག་དྲང་སྲོང་གྲུབ་པས་བཏུད་གྱུར་ཅིང་། །རྒོལ་བ་ཚར་གཅོད་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ཏེ། །ས་གསུམ་སྐྱེ་དགུ་ཐེག་མཆོག་ཆོས་ཀྱིས་སྐྱོང་མཛད་པ། །འགྲོ་བའི་བླ་མ་ཀུན་མཁྱེན་ངག་གི་དབང་པོར་འདུད། །གང་ཐུགས་འོད་གསལ་ཀློང་ཆེན་ཡངས་པའི་མཁར། །ཕུལ་བྱུང་མཁྱེན་བརྩེའི་ཆུ་འཛིན་དཀྲིགས་པ་ལས། །ཟབ་དོན་ལེགས་བཤད་གདམས་པའི་ཆར་ཕབ་པས། །གདུལ་འགྲོའི་རྣམ་གྲོལ་མྱུ་གུ་བསྐྱེད་པ་ལགས། །ཡང་ཟབ་ཡང་ཟབ་ཀུན་བཟང་དགོངས་པའི་བཅུད། །ཡང་ཟབ་ཡང་ཟབ་ཐེག་རྒྱལ་ཨ་ཏིའི་ལུང་། །ཡང་ཟབ་ཡང་ཟབ་འབད་མེད་གྲོལ་བའི་གནད། །ཡང་ཟབ་ཡང་ཟབ་སྙིང་པོའི་བཅུད་འདི་ཡིན། །སེམས་ལུང་ཉེར་གཅིག་ས་འཛིན་གདན་ཁྲི་ཆེར། །ཀློང་གསུམ་དགོངས་པའི་བང་རིམ་བུམ་བྲིས་མཛེས། །མན་ངག་སྡེ་བཞིའི་ཆོས་འཁོར་ཏོག་འབར་བ། །ཆོས་དབྱིངས་མཛོད་མཆོག་ཆོས་སྐུའི་མཆོད་སྡོང་ཡིན། །རིག་འཛིན་བརྒྱུད་པའི་ཞལ་ལུང་ལྟེ་བ་ཟླུམ། །ལུང་རིགས་མན་ངག་རྩིབས་སྟོང་རྣམ་བཀྲ་ཤིང་། །རྟོགས་དོན་མཐར་ཕྱིན་ཏིང་འཛིན་མུ་ཁྱུད་ཅན། །ཆོས་དབྱིངས་མཛོད་འགྲེལ་ཆོས་ཀྱི་འཁོར་ལོ་ཡིན། །ཟབ་དང་རྒྱ་ཆེའི་གཞུང་བཟང་དག་བྱེད་གཏེར། །མན་ངག་རིན་ཆེན་བྱེ་བས་ཡོངས་གཏམས་པ། །མཁས་གྲུབ་ཀླུ་དབང་སྟོང་གིས་ཉེར་བསྟེན་པའི། །ཆོས་དབྱིངས་མཛོད་འགྲེལ་ཟབ་དོན་རྒྱ་མཚོ་ཡིན། །ཐེག་པའི་རྒྱལ་པོ་རི་རབ་ལྷུན་པོའི་རྩེར། །ཚིག་དོན་བཀོད་ལེགས་ཉི་ཟླ་རྣམ་བཀྲ་བས། །ས་གསུམ་རྒུད་པའི་མུན་ཚོགས་སེལ་མཛད་པ། །ཆོས་དབྱིངས་མཛོད་འགྲེལ་འཛམ་གླིང་མཛེས་རྒྱན་ཡིན། །འགྲོ་བ་མ་རིག་ལིང་ཐོག་གིས་ལྡོང་བ། །རང་བྱུང་རིག་པའི་ཐུར་མས་མིག་ཕྱེས་ཏེ། །བྱར་མེད་ཀློང་ཡངས་འབྲས་བུའི་རྩེར་སྦྱོར་བའི། །ཆོས་དབྱིངས་མཛོད་འགྲེལ་སྨན་པའི་རྒྱལ་པོ་ཡིན། །མ་རྟོག་ལོག་རྟོག་འཁྲུལ་རྟོག་རྙོག་པའི་སེམས། །ཡིད་དཔྱོད་མཚན་འཛིན་ཐེ་ཚོམ་དབུལ་བསལ་ནས། །ཟང་ཐལ་རིག་པ་འདོད་དགུའི་མཆོག་སྦྱིན་པའི། །ཆོས་དབྱིངས་མཛོད་འགྲེལ་གདེངས་ཅན་གཙུག་ནོར་ཡིན། །དང་པོར་བལྟས་ཚེ་གྲུབ་མཐའི་གནད་དོན་རིགས། །བར་དུ་བསམ་པས་སེམས་རིག་ལ་ཤན་འབྱེད། །ཐ་མ་སྒོམ་ན་རྟོགས་པ་ཀློང་ནས་འཆར། །ཆོས་དབྱིངས་མཛོད་འགྲེལ་ཐར་གླིང་དེད་དཔོན་ཡིན། །ཚིག་གི་རྗེས་གཅོད་རྟོག་གེའི་སྤྲོས་པ་དང་། །དཔེ་མང་ཀློག་པའི་ངལ་བ་སེལ་བྱེད་པའི། །ཟབ་ཅིང་འགྲེལ་ལ་མན་ངག་དོན་ཚང་བ། །ཆོས་དབྱིངས་མཛོད་འདི་སྔ་འགྱུར་ཁྱད་ནོར་ཡིན། །ཆོས་སྐུའི་སྟོན་མཆོག་དྲི་མེད་འོད་ཟེར་གྱིས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཅུད་ཕྱུང་བ། །ཆོས་ཉིད་མངོན་སྟོན་བྱིན་རླབས་སྤྲིན་ཕུང་ཅན། །ཆོས་དབྱིང་མཛོད་འདི་རྟོགས་པའི་འདྲ་འབག་ཡིན། །སྔར་འདས་རྒྱལ་བ་བྱང་ཆུབ་བརྙེས་པའི་གནས། །མ་འོངས་རྒྱལ་བ་རྒྱ་མཚོ་འབྱུང་བའི་དབྱིངས། །ད་ལྟའི་རྒྱལ་བ་ཀུན་གྱི་དགོངས་པའི་བཅུད། །ཆོས་དབྱིངས་མཛོད་འདི་རྒྱལ་བའི་འབྱུང་གནས་ཡིན། །ཟབ་དང་རྒྱ་ཆེའི་རྒྱུད་ལུང་མཐའ་ཡས་ཤིང་། །འཕགས་བོད་མཁས་པའི་ལེགས་བཤད་གཞུང་མང་ཡང་། །ངེས་དོན་སྙིང་པོ་ཟབ་པའི་མཐར་ཐུག་པ། །ཆོས་དབྱིངས་མཛོད་འདིར་མ་འདུས་ཡོད་མ་ཡིན། །འཁོར་འདས་ཀ་དག་འཁྲུལ་གྲོལ་གདོད་ནས་དབེན། །གཟུང་འཛིན་ཀ་དག་བཅིངས་གྲོལ་མཐའ་ལས་འདས། །སྤང་བླང་ཀ་དག་བྱར་མེད་ནམ་མཁའི་ཀློང་། །ཆོས་དབྱིངས་མཛོད་འདི་ཆོས་སྐུའི་དགོངས་པ་ཡིན། །ཡེ་ནས་ལྷུན་གྲུབ་རང་རིག་འདུས་མ་བྱས། །ཡོན་ཏན་ལྷུན་གྲུབ་འོད་གསལ་སྙིང་པོའི་དབྱིངས། །སྐུ་དང་ཡེ་ཤེས་ལྷུན་གྲུབ་བརྡལ་བ་ཆེ། །ཆོས་དབྱིངས་མཛོད་མཆོག་ལོངས་སྐུའི་རོལ་བ་ཡིན། །ལྷུན་མཉམ་ཡངས་པ་ཆེན་པོའི་དགོངས་པའི་ཀློང་། །མ་འགགས་རོལ་པ་མིང་ཚིག་ཡི་གེར་ཤར། །མཐའ་ཡས་སྐྱེ་དགུའི་འདོད་གཏེར་རོལ་པ་ཅན། །ཆོས་དབྱིངས་མཛོད་འདི་སྤྲུལ་སྐུའི་ཕྲིན་ལས་ཡིན། །ཆོས་དབྱིངས་མཛོད་འགྲེལ་ཆོས་ཀྱི་མཆོག་འདི་ནི། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་སྟེ། །དཔག་ཡས་ཡོན་ཏན་རྨད་བྱུང་གངས་ཆེན་མཚོ། །མཐའ་དག་བརྗོད་པར་འཕགས་པས་ནུས་མ་ཡིན། །འོན་ཀྱང་བདག་བློ་དད་པ་འཕེལ་བའི་ངག །ཅུང་ཟད་བརྗོད་པ་འདིས་ཀྱང་རང་གཞན་འགྲོ། །མ་རིག་གཟུང་འཛིན་འཁྲུལ་རྟོག་དབྱིངས་སངས་ནས། །ཀུན་བཟང་ཆོས་སྐུའི་རྒྱལ་སྲིད་ཟིན་པར་ཤོག །ཅེས་པའང་ཟབ་ཆོས་རིན་པོ་ཆེ་འདི་ཉིད་ཐོག་མར་མཇལ་བའི་སྐབས་སུ་མི་ཕྱེད་པའི་དད་པ་སྙིང་ནས་རྒྱས་པའི་དབང་གི་དུས་མཐའི་བཙུན་ཆུང་པདྨ་བི་ཛས་རང་ལོ་ཉེར་བཞི་པ་ལ་དབེན་པའི་རི་སུལ་དུ་བྲིས་པ་དགེ།

ཀུན་མཁྱེན་རྒྱལ་བ་གཉིས་པའི་གསུང་རབ་རིན་པོ་ཆེར་རྒྱུ་མཚན་ཤེས་པའི་བསྔགས་བརྗོད་ཉུང་ངུ་དད་བརྒྱའི་ཆུ་གཏེར་འཕེལ་བའི་ཟླ་གཞོན།

༄༅། །ཀུན་མཁྱེན་རྒྱལ་བ་གཉིས་པའི་གསུང་རབ་རིན་པོ་ཆེར་རྒྱུ་མཚན་ཤེས་པའི་བསྔགས་བརྗོད་ཉུང་ངུ་དད་བརྒྱའི་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞེས་བྱ་བ། དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །མཁྱེན་རབ་རལ་གྲི་རྣོན་པོས་རྨོངས་པའི་དྲྭ་བ་མ་ལུས་གཅོད་པ་པོ། །བརྩེ་ཆེན་ཐུགས་རྗེའི་པད་དཀར་བཞད་པས་སྲིད་ལམ་དུབ་པ་ངལ་གསོའི་གཉེན། །མཐུ་སྟོབས་རྩེ་བརྒྱ་འབར་བའི་མཚོན་ཆས་བདུད་སྡེའི་ཀླད་པ་འགེམས་མཛད་པ། །རིགས་གསུམ་གཅིག་གྱུར་འཛམ་གླིང་མཛེས་རྒྱན་ཀུན་མཁྱེན་ལྷ་ཡི་ལྷ་དེས་སྐྱོངས། ༡ །དེང་སང་དུས་འདིར་སྤྲིན་བྲལ་འོད་ཟེར་སྟོང་གི་དྲྭ་བས་མངོན་མཛེས་པས། །ས་གསུམ་མུན་པ་མ་ལུས་མཐར་བྱེད་ཉིན་མོར་བྱེད་པོ་འདི་དོར་ནས། །སྲིན་བུ་མེ་ཁྱེར་མདངས་ལ་མཚར་འཛིན་རྨོངས་པ་འདི་དག་མཐོང་གྱུར་ཚེ། །དྲི་མེད་ཐུབ་བསྟན་མཆོག་ཀྱང་ཇི་ལྟར་འགྱུར་སྙམ་བདག་བློ་སྐྱོ་བ་སྐྱེས། ༢ །རྒྱུད་ལུང་མན་ངག་བྱེ་བའི་རིན་ཆེན་གསེར་སྦྱངས་བཞུས་པའི་སྙིང་པོ་ལ། །འཐད་ལྡན་ལུང་རིགས་ཚད་མའི་རྩིབས་སྟོང་རྣམ་བཀྲ་ཡང་དག་རྟོན་པ་བཞིའི། །མུ་ཁྱུད་མཛེས་འབར་དོན་བརྒྱུད་བྱིན་རླབས་འོད་ཟེར་བྱེ་བའི་པ་ཏྲ་ཅན། །ཀུན་མཁྱེན་གསུང་རབ་ཆོས་ཀྱི་འཁོར་ལོ་ཐུབ་བསྟན་མཛེས་པའི་རྒྱན་དུ་སྤུད། ༣ །སྒྲ་དོན་གབ་ཚིག་སྔོན་མེད་པཉྩ་ལི་ཀའི་འཕྱོར་གོས་ཀྱིས་བ ཀླུབས་ཤིང་། མངོན་བརྗོད་གསེར་གྱི་སྐེ་རག་ལེགས་མཛེས་སྡེབ་སྦྱོར་ནོར་བུའི་ཅོད་པཎ་ཅན། །སྒྲ་ཚད་ཟབ་མོའི་སྒྱུ་ཡིས་མཁས་མང་ཡིད་དབང་བརྟན་པ་འཕྲོག་བྱེད་པའི། །ཀུན་མཁྱེན་གསུང་རབ་ངེས་དོན་བཙུན་མོ་ཐུབ་བསྟན་མཛེས་པའི་རྒྱན་དུ་སྤུད། ༤ །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གཅིག་ཏུ་འཁྱིལ་བའི་རིན་ཆེན་འབྱུང་གནས་ཆེ། །རྣམ་དག་ཐོས་བསམ་སྒོམ་པའི་གྲུ་ཡིས་ཕ་མཐར་བརྒལ་བའི་དཔལ་ཡོན་གྱིས། །མཁས་གྲུབ་ཀླུ་མཆོག་བྱེ་བའི་གཙུག་ནོར་ཐོབ་དེས་བསྟན་འགྲོའི་རྒུད་པ་བཅིལ། །ཀུན་མཁྱེན་གསུང་རབ་འདོད་འབྱུང་ནོར་བུ་ཐུབ་བསྟན་མཛེས་པའི་རྒྱན་དུ་སྤུད། ༥ །ཆོས་དང་ཆོས་མིན་རྣམ་པར་འབྱེད་པའི་རྣམ་དཔྱོད་བློ་གྲོས་མཆོག་ཏུ་ཡངས། །ཇི་ལྟ་ཇི་སྙེད་དེ་བཞིན་ལེགས་གཟིགས་བློ་མཆོག་སྤོོབས་པའི་གཏེར་གྱིས་ཕྱུག །ངེས་གསང་ཐེག་མཆོག་སྙིང་པོའི་རྒྱལ་སྲིད་མ་ལུས་སྲུང་ཞིང་སྐྱོང་མཛད་པའི། །ཀུན་མཁྱེན་གསུང་རབ་ཟླ་བྲལ་བློན་པོ་ཐུབ་བསྟན་མཛེས་པའི་རྒྱན་དུ་སྤུད། ༦ །སྲིད་པ་གསུམ་ན་དཔེ་མང་ཡོན་ཏན་མཁྱེན་རྟོགས་ཟབ་མོའི་ལུས་སྟོབས་རྒྱས། །གཞན་ཕན་ཐུག་རྗེའི་སྣ་ལྗགས་གཡོ་བཞིན་རྣམ་དཀར་ཕྲིན་ལས་མཆེ་ཟུང་རྫོགས། །ཡོངས་རྫོགས་བསྟན་པའི་ཁུར་ཆེན་འདེགས་བཟོད་སྙིང་སྟོབས་ནོར་བུའི་དྲྭ་བ་ཅན། །ཀུན་མཁྱེན་གསུང་རབ་སྟོབས་ཀྱི་གླང་པོ་ཐུབ་བསྟན་མཛེས་པའི་རྒྱན་དུ་སྤུད། ༧ །སྨིན་བྱེད་དབང་བཞིའི་རྐང་པ་ལེགས་མཛེས་མདོ་སྔགས་ཟུང་འབྲེལ་རྣ་མཆོག་ཅན། །གྲོལ་བྱེད་རིམ་གཉིས་རྣལ་འབྱོར་ཟབ་མོའི་དར་སྟན་རིན་ཆེན་རྒ་སྲབ་སྤྲས། །སྲིད་ཞིའི་ཆུ་བོའི་ཕ་མཐའ་བརྒལ་ལ་དཀའ་བ་མེད་པའི་རླུང་ཤུགས་ཅན། །ཀུན་མཁྱེན་གསུང་རབ་ཅང་ཤེས་དབང་པོ་ཐུབ་བསྟན་མཛེས་པའི་རྒྱན་དུ་སྤུད། ༨ །ཐེག་བརྒྱད་བློ་ཡིས་གཞོམ་དུ་མི་གཏུབ་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །དྲང་སྲོང་རུས་པའི་མཚོན་ཆའི་འཁོར་ལོ་ཆེས་ཆེར་བསྐོར་བའི་ངོ་མཚར་གྱིས། །ལོག་སྨྲའི་དཔུང་ཚོགས་སྡེར་བཅས་མིང་གི་ལྷག་མར་བྱེད་པ་དུས་དགྲའི་དབང་། །ཀུན་མཁྱེན་གསུང་རབ་དམག་དཔོན་རིན་ཆེན་ཐུབ་བསྟན་མཛེས་པའི་རྒྱན་དུ་སྤུད། ༩ །མཐོང་བ་ཙམ་གྱིས་དད་བརྒྱའི་འདབ་སྟོང་ཅིག་ཅར་བཞད་མཛད་ཉིན་མོའི་མགོན། །ཐོས་པས་བློ་ཡི་དྲྭ་བ་མ་ལུས་གཅོད་བྱེད་ཡེ་ཤེས་མཚོན་ཆ་ཆེ། །བསམ་དང་སྒོམ་པས་གཟུང་འཛིན་འཁོར་བའི་གཅོང་ནད་གཞིལ་ནུས་སྨན་གྱི་མཆོག །ཀུན་མཁྱེན་གསུང་རབ་ཡིད་བཞིན་གཏེར་མཚུངས་འདི་འདྲ་སྲིད་པ་གསུམ་ན་དབེན། ༡༠ །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ཞལ་གྱི་དྲོད་རླངས་ཐོལ་ལེ་བ། །མན་ངག་ཟབ་ཁྱད་རོ་མཆོག་སྟོང་གིས་ཁྱད་པར་བྱས་པ་འདི་ཡོད་བཞིན། །རྟོག་གེའི་ཚིག་གི་སྦང་སྐམ་བསིར་བས་གདམས་ཟབ་དྲི་རོས་ཡོངས་བཏང་ཞིང་། །བྱིན་རླབས་ངད་བྲལ་ཆུ་ལ་བཏུང་རྣམས་ཀྱེ་མ་བདུད་ཀྱིས་བསླུས་པར་སེམས། ༡༡ །བསམ་བཞིན་རྟོག་པའི་དྲྭ་བ་འཕེལ་བྱེད་རང་གཞན་གཉིས་བསྲེག་རྟོག་གེའི་གཞུང་། །ལྷག་མཐོང་སྣང་བས་ཡོངས་བཏང་བླུན་སྒོམ་མུན་ནང་རྡོ་འཕེན་འཆལ་གཏམ་ཕྲེང་། །ཕྱོགས་ཞེན་དུག་ཆུས་མྱོས་པས་ལུང་རྟོགས་སྙིང་པོར་རེ་བའི་ཡུས་སྤངས་ལ། །མཁས་དང་གྲུབ་པར་འདོད་པ་ཡོངས་ཀྱིས་ཀུན་མཁྱེན་གསུང་རབ་སྤྱི་བོས་ལོངས། ༡༢ །བདག་ནི་རྒྱ་ཆེན་ཐོས་དང་བསམ་དང་སྒོམ་པའི་བློ་གྲོས་མི་ལྡན་ཡང་། །ཚེ་རབས་སྔོན་ནས་རྣམ་དཀར་བསགས་པ་མི་དམན་དུས་སུ་སྨིན་པའི་མཐུས། །ཆུང་ངུ་ཉིད་ནས་ཀུན་མཁྱེན་མཆོག་དང་དེ་ཡི་བཀའ་སྲོལ་ཟོལ་མེད་ལ། །མི་འཕྲོག་གུས་པ་བརྟན་པོ་ལྡན་དེས་དལ་རྟེན་དོན་ཡོད་བྱས་པ་ལགས། ༡༣ །དགེ་བ་འདི་ཡིས་བདག་དང་མཁའ་མཉམ་འགྲོ་བ་ཇི་སྙེད་མཆིས་པ་ཀུན། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཆོག་གིས་འབྲལ་བ་མེད་པར་རྗེས་བཟུང་མཐུས། །རང་རིག་ཀུན་བཟང་དགོངས་ཀློང་མངོན་གྱུར་སྲིད་པའི་འཁྲུལ་འཁོར་ཡུད་ཀྱིས་ཞིག །གདོད་མའི་ས་ལ་གཏན་གྱི་སྲིད་ཟིན་ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག །ཅེས་པའང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་རང་སྣང་ལོངས་སྐུའི་ཞིང་ཁམས་ལ་མངའ་དབང་འབྱོར་པའི་གནས་མཆིམས་ཕུ་རི་མོ་ཅན་གྱི་ཉེ་འདབས་སུ། མདོ་ཁམས་ཟེ་སྤྲུལ་མིང་འཛིན་ཨོ་རྒྱན་མི་འགྱུར་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱིས་དད་པ་རྣམ་པར་འཕེལ་བའི་ངག་གིས་གང་དྲན་ཤུགས་འབྱུང་དུ་གསོལ་བ་བཏབ་པ་སྟེ། འདིས་ཀྱང་འགྲོ་ཀུན་རང་རིག་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་གྱུར་ཏེ། འཁོར་འདས་གཞི་ཟད་ཀྱི་ས་ལ་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག། །།

བདེ་གཤེགས་ཟུར་མེས་དབོན་རྣམ་གསུམ་གྱི་ཡོན་ཏན་རྗེས་དྲན་གྱི་བསྔགས་བརྗོད་ཉུང་ངུ་དད་གསུམ་ནོར་བུའི་ཏམྦུ་ར།

༄༅། །བདེ་གཤེགས་ཟུར་མེས་དབོན་རྣམ་གསུམ་གྱི་ཡོན་ཏན་རྗེས་དྲན་གྱི་བསྔགས་བརྗོད་ཉུང་ངུ་དད་གསུམ་ནོར་བུའི་ཏམྦུ་ར་ཞེས་བྱ་བ། བདེ་གཤེགས་ཟུར་མེས་དབོན་རྣམ་གསུམ་གྱི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དཔལ་ལྡན་ཡོན་ཏན་མཁྱེན་བརྩེའི་འོད་ཟེར་སྟོང་གི་དྲྭ་བས་མངོན་མཛེས་པས། །ས་གསུམ་རྒུད་པའི་མུན་པ་མ་ལུས་མིང་མཐར་བྱས་དང་ཆབས་ཅིག་པར། །མདོ་སྒྱུ་སེམས་ཕྱོགས་སྙིང་པོའི་པད་ཚལ་ཆེས་ཆེར་བཞད་པའི་དཔལ་ཡོན་ཅན། །བདེ་གཤེགས་ཟུར་ཆེན་ཟུར་ཆུང་སྒྲོ་ཕུག་པ་སོགས་དད་བརྒྱའི་གཙུག་ན་མཆོད། ༡ །ཇི་ལྟ་ཇི་སྙེད་ཇི་བཞིན་ལེགས་གཟིགས་མཁྱེན་རབ་ནོར་བུའི་ཏོག་གིས་མཛེས། །མ་ལུས་འགྲོ་ལ་བུ་གཅིག་ལྟར་བརྩེ་ཐུགས་རྗེའི་དར་ཤམ་འབུམ་ཕྲག་གཡོ། །འགྲོ་ཀུན་ཉེས་བརྒྱའི་ཚད་གདུང་མཐའ་དག་ཅིག་ཅར་གཞིལ་ནུས་ངོ་མཚར་ཕུལ། །བདེ་གཤེགས་ཟུར་པ་ཡབ་སྲས་བཀྲ་ཤིས་གདུགས་དཀར་དད་བརྒྱའི་གཙུག་ན་མཆོད། ༢ །མང་ཐོས་དྲི་མེད་ལུང་གི་རླབས་ཕྲེང་འབུམ་ཕྲག་གཡོ་བའི་ཆུ་གཏེར་ཆེར། །བསམ་བྱུང་རླུང་གཤོག་རྩལ་རྫོགས་སྒོམ་པའི་བློ་གྲོས་གསེར་གྱི་མིག་ལྡན་པས། །ཆོས་རྣམས་ཀུན་ལ་མ་ཆགས་ཐོགས་མེད་ངོ་མཚར་བྱེ་བའི་ཟློས་གར་མཁན། །བདེ་གཤེགས་ཟུར་པ་ཡབ་སྲས་བཀྲ་ཤིས་གསེར་ཉ་དད་བརྒྱའི་གཙུག་ན་མཆོད། ༣ །རྒྱ་ཆེན་དྲི་མེད་མདོ་རྒྱུད་ངེས་གསང་སྙིང་པོ་བཀའ་ཡི་ཀ་ལཱ་ཤ །རིག་འཛིན་བརྒྱུད་པའི་མན་ངག་ཟབ་མོའི་ལུང་གི་རྒྱན་གྱིས་སྒེག་པ་ལས། །ཉམས་མྱོང་རོ་བཅུད་སྟོང་གིས་བརྒྱན་པའི་བདུད་རྩི་འགྲོ་ལ་སྟེར་མཛད་པའི། །བདེ་གཤེགས་ཟུར་པ་ཡབ་སྲས་བཀྲ་ཤིས་བུམ་བཟང་དད་བརྒྱའི་གཙུག་ན་མཆོད། ༤ །སྨིན་བྱེད་དབང་བཞིས་ཆེས་ཆེར་བརླན་བྱས་དམ་ཚིག་རྣམ་དག་ཆུ་བ་བརླིང་། །བསྙེན་སྒྲུབ་ཡན་ལག་བཞི་ལྡན་བསྐྱེད་རྫོགས་ཟབ་མོའི་འདབ་སྟོང་རྒྱས་པའི་རྩེར། །རིག་འཛིན་རྣམ་བཞིའི་གེ་སར་ཆེས་མཐོ་ཐུབ་བསྟན་མཚོ་ཆེན་མཛེས་པའི་རྒྱན། །བདེ་གཤེགས་ཟུར་པ་ཡབ་སྲས་བཀྲ་ཤིས་པདྨ་དད་བརྒྱའི་གཙུག་ན་མཆོད། ༥ །རྣམ་ཀུན་མཆོག་ལྡན་སྟོང་ཆེན་དེ་བཞིན་ཉིད་དབྱིངས་ཆུ་གཏེར་ལས་འཁྲུངས་པའི། །བདེ་ཆེན་ཁ་སྦྱོར་བདུན་གྱི་རི་མོ་གཡས་འཁྱིལ་དཔལ་ཆེན་སྒྱུ་མའི་གར། །མཁྱེན་གཉིས་སྐྱེ་བ་ལྔ་པའི་སྒྲ་ཡིས་མཐའ་ཀླས་ཆོས་ཀུན་དབྱངས་སུ་ལེན། །བདེ་གཤེགས་ཟུར་པ་ཡབ་སྲས་བཀྲ་ཤིས་དུང་དཀར་དད་བརྒྱའི་གཙུག་ན་མཆོད། ༦ །མ་རིག་གཟུང་འཛིན་འཁྲུལ་པའི་དྲི་མ་མ་ལུས་དབྱིངས་སུ་སངས་པ་ལས། །ཕུལ་བྱུང་མཁྱེན་བརྩེའི་ཡོན་ཏན་རབ་རྒྱས་སྲིད་དང་ཞི་བའི་ཆོས་སོ་ཅོག །མི་འགྱུར་འཕོ་མེད་བདེ་ཆེན་རྡོ་རྗེའི་ཕྱག་རྒྱ་མཆོག་གིས་རབ་བསྡམས་པའི། །བདེ་གཤེགས་ཟུར་པ་ཡབ་སྲས་བཀྲ་ཤིས་དཔལ་བེའུ་དད་བརྒྱའི་གཙུག་ན་མཆོད། ༧ །སྣང་སྲིད་དཀྱིལ་འཁོར་གསུམ་དུ་ཡོངས་ཤར་མ་ཧཱ་ཡོ་གའི་ཡུ་བ་བརླིང་། །དབྱིངས་དང་ཡེ་ཤེས་གཉིས་སུ་མི་དམིགས་ཨ་ནུ་ཡོ་གའི་དར་ཤམ་བརྗིད། །བྱ་བྲལ་ལྷུན་རྫོགས་ཨ་ཏིའི་ཏོག་འབར་ཕས་རྒོལ་བྱེ་བས་མི་བརྫི་བའི། །བདེ་གཤེགས་ཟུར་པ་ཡབ་སྲས་བཀྲ་ཤིས་རྒྱལ་མཚན་དད་བརྒྱའི་གཙུག་ན་མཆོད། ༨ །སྤངས་རྟོགས་ཡོན་ཏན་དཔག་གིས་མི་ལང་དྲི་བྲལ་གསེར་སྦྱངས་སྙིང་པོའི་ཁམས། །གཞན་ཕན་ཐབས་མཁས་ཐུགས་རྗེའི་ཕྲིན་ལས་རྩིབས་སྟོང་རྣམ་པར་བཀྲ་བ་ཡིས། །ཐེག་མཆོག་ཆོས་ཀྱི་རྒྱལ་སྲིད་གླིང་བཞིའི་ཁྱོན་ལ་འདྲེན་པའི་ཁ་ལོ་མཆོག །བདེ་གཤེགས་ཟུར་པ་ཡབ་སྲས་བཀྲ་ཤིས་འཁོར་ལོ་དད་བརྒྱའི་གཙུག་ན་མཆོད། ༩ །ལྷ་དབང་ཀླུ་མཆོག་དྲང་སྲོང་གྲུབ་པའི་ཚོགས་ཀྱིས་གུས་པས་ཕྱག་བྱས་ཤིང་། །སྟོབས་མཆོག་སྟོབས་ཀྱིས་བདུད་དང་ལོག་འདྲེན་ཕས་ཀྱི་རྒོལ་ཀུན་ཚར་བཅད་ནས། །ངེས་གསང་བསྟན་པའི་ཉི་མ་གསལ་མཛད་ཐ་སྙད་ཙམ་མིན་གསང་བདག་དངོས། །དཔལ་ལྡན་གངས་རིའི་ཁྲོད་ན་ཟླ་བྲལ་ཟུར་པ་ཡབ་སྲས་གསུམ་ལ་འདུད། ༡༠ །གང་གི་རིང་ལུགས་ཤིན་ཏུ་རྨད་བྱུང་ཉིན་མོར་བྱེད་པའི་ཤིང་རྟ་མཆོག །འགྲོ་བསོད་ཡངས་པའི་མཁའ་ལ་འདྲེན་བཟོད་སྲས་སློབ་བརྒྱུད་པར་བཅས་ཀུན་དང་། །ཁྱད་པར་ལྔ་བདོའི་མཐར་ཡང་ཐུགས་བསྐྱེད་བརྩོན་པས་ཆེས་ཆེར་གསལ་མཛད་པ། །མྱོས་རིགས་སྐུ་མཆེད་བཀའ་དྲིན་བསམ་གྱིན་བ་སྤུའི་འཁྲི་ཤིང་རྣམ་པར་གཡོ། ༡༡ །སྐྱེས་ཐོབ་སྦྱང་དང་གོམས་པའི་ཡོན་ཏན་པདྨའི་སྣལ་མ་ཆེས་ཕྲ་ཡང་། །དད་དང་ལྷག་བསམ་སྨོན་པའི་བརླན་གྱི་རྩ་བ་ཀུན་ནས་བཏང་མིན་རྒྱུས། །མཆོག་བྱིན་ཉི་འོད་འཇུག་པའི་ཡུལ་གྱུར་རིང་མིན་ལུང་རྟོགས་སྦྲང་རྩི་ཡིས། །ཡོངས་གཏམས་རླབས་ཆེན་བརྩོན་པའི་དྲི་ཡིས་བསྙེན་པར་ནུས་པའི་དཔལ་སྩོལ་ཅིག ༡༢ །འཕགས་པའི་ཡོན་ཏན་མཁའ་ལྟར་རྒྱ་ཆེ་ཚུལ་མཐོང་བྱིས་བློའི་ཡུལ་མིན་ཡང་། །སྙིང་གི་པདྨོ་དད་གསུམ་ཉི་མས་བཞད་ལས་བསྟོད་བསྔགས་བདུད་རྩིའི་ཟེགས། །ཆ་ཙམ་འཐོར་དགས་སྔ་འགྱུར་བརྒྱུད་འཛིན་རྐང་དྲུག་དགའ་བའི་གླུ་ལེན་བཞིན། །རིག་འཛིན་རྣམ་བཞིའི་མཁའ་ལ་བསྐྱོད་པས་ཆོས་ཀྱི་དབྱིངས་ཀུན་མཛེས་གྱུར་ཅིག ༡༣ །ཅེས་སྔ་འགྱུར་བསྟན་པའི་ཤིང་རྟ་ས་གསུམ་ན་འགྲན་ཟླ་དང་བྲལ་བ་བདེ་གཤེགས་ཟུར་མེས་དབོན་གསུམ་གྱི་ཡོན་ཏན་རྗེས་དྲན་གྱི་བསྔགས་བརྗོད་ཉུང་ངུ་དད་གསུམ་ནོར་བུའི་ཏམྦུ་ར་འདིའང་། ལྷ་རྗེ་ཟུར་པོ་ཆེ་ཟུང་འཇུག་གི་སྐུ་མངོན་དུ་མཛད་ས་ཤངས་མདའི་དཔལ་ཆེན་གྱི་སྤྱན་སྔར་སྔགས་བཙུན་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བྲིས་ཤིང་གསོལ་བ་བཏབ་པ་ཛ་ཡནྟུ།

གངས་རིའི་ཁྲོད་ཙམ་ན་ཕུལ་དུ་བྱུང་བའི་མཁས་པ་ཆེན་པོ་རོང་ཟོམ་པ་ཆོས་ཀྱི་བཟང་པོ་ལ་བསྔགས་པ་དགེ་ལེགས་རྒྱ་མཚོའི་སྤྲིན་ཕུང་།

༄༅། །གངས་རིའི་ཁྲོད་ཙམ་ན་ཕུལ་དུ་བྱུང་བའི་མཁས་པ་ཆེན་པོ་རོང་ཟོམ་པ་ཆོས་ཀྱི་བཟང་པོ་ལ་བསྔགས་པ་དགེ་ལེགས་རྒྱ་མཚོའི་སྤྲིན་ཕུང་ཞེས་བྱ་བ། ཀུན་མཁྱེན་རོང་ཟོམ་པ་ཆེན་པོའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དགེ་ལེགས་བྱེ་བའི་དཔལ་གྱིས་མངོན་མཛེས་ཚ ངས་དང་དབང་པོས་ཕྱག་བྱས་ཤིང་། །དགེ་ལེགས་ཕན་བདེའི་སྣང་བ་མཆོག་གིས་ས་གསུམ་འཇིག་རྟེན་དགའ་མཛད་པའི། །དགེ་ལེགས་མཁྱེན་གཉིས་ནོར་བུའི་གཏེར་མངའ་ཐུབ་དབང་ཡེ་ཤེས་སྒྱུ་མའི་གར། །དགེ་ལེགས་ཡོན་ཏན་རྒྱ་མཚོའི་སྤྲིན་འཆང་ཆོས་ཀྱི་བཟང་པོས་བདག་སྐྱོངས་ཤིག ༡ །དཔའ་ཆེན་ཤེས་རབ་རལ་གྲིས་ཀུན་དཀྲིས་འཆིང་བ་དམ་པོ་གཅོད་མཛད་པའི། །ཡེ་ཤེས་མེ་ལོང་ཀུན་ནས་མཛེས་འབར་གང་གིས་ཐུགས་ལ་རབ་གནས་པས། །དཔལ་ལྡན་སྲས་བཅས་རྒྱལ་བའི་མཁྱེན་བརྒྱའི་གཟུགས་བརྙན་འབུམ་ཕྲག་འཛིན་པ་པོ། །འཇིག་རྟེན་མིག་གཅིག་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག ༢ །སྙིང་རྗེ་ཆེན་པོའི་ཆར་གྱིས་ཁོང་ཁྲོའི་མེ་ཚོགས་ཆེས་ཆེར་གཞིལ་མཛད་པའི། །ཕྱག་ན་པད་དཀར་འཆང་བའི་བདུད་རྩིའི་དོགས་པ་སྙིང་ལ་སིམ་པ་ཡིས། །མུ་མེད་འགྲོ་ལ་བུ་གཅིག་ལྟར་བརྩེ་ཐུགས་རྗེའི་རླབས་ཕྲེང་གཡོ་བ་ཅན། །འཇིག་རྟེན་མིག་གཅིག་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག ༣ །མཐུ་སྟོབས་རྩེ་བརྒྱ་འབར་བའི་མཚོན་གྱིས་བདུད་སྡེའི་ཀླད་པ་འགེམས་མཛད་པའི། །གསང་སྔགས་མགོན་པོ་ཡེ་ཤེས་ཉི་མ་མཁྱེན་བརྩེའི་མཁའ་ལ་རྟག་འབར་བས། །སྲིད་པ་གསུམ་ན་དཔེ་མེད་ནུས་པའི་རྩལ་རྫོགས་གྲུབ་མཆོག་གདོང་ལྔ་པ། །འཇིག་རྟེན་མིག་གཅིག་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག ༤ །ཐུན་མོང་ཐུན་མིན་གཙུག་ལག་བྱེ་བའི་ཆུ་ཕྲན་མཐའ་དག་གཅིག་བསྡོམས་པར། །ཐོས་བསམ་རླབས་ཕྲེང་འབུམ་ཕྲག་གཡོ་བཞིན་སྒོམ་བྱུང་ནོར་བུའི་མཛོད་ཀྱིས་གཏམས། །སྔོན་མེད་མཁས་དབང་མཚོ་ཆེན་འདི་འདྲ་འཕགས་བོད་གཉིས་ན་ཡོད་མིན་པའི། །འཇིག་རྟེན་མིག་གཅིག་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག །ཉེས་སྤྱོད་སྡོམ་པའི་གེ་སར་ཆེས་མཐོ་དགེ་བ་ཆོས་སྡུད་འདབ་སྟོང་བཀྲ། །སེམས་ཅན་དོན་བྱེད་དྲི་བསུང་རྒྱ་ཆེ་ཉེས་བྲལ་བཙུན་པའི་ཨུཏྤ་ལ། །འཛམ་གླིང་མཛེས་པའི་རྒྱན་མཆོག་སྐྱེད་མོས་ཚལ་ནས་ས་འདིར་འཕོས་པ་བཞིན། །འཇིག་རྟེན་མིག་གཅིག་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག ༦ །གང་ཞིག་སྲིད་གསུམ་ཁྲོས་པའི་རུ་མཚོན་མཐའ་དག་དུས་གཅིག་ལྷུང་གྱུར་ཀྱང་། །བྱམས་ཆེན་དམ་བཅའི་གོ་ཆ་ཆེན་པོ་ཆ་ཙམ་དབྲལ་བར་ནུས་མིན་པའི། །མི་མཆོག་ཤཱཀྱ་སེང་གེ་བཟང་པོའི་རྣམ་ཐར་རྒྱ་མཚོའི་རྗེས་སྙེགས་པའི། །འཇིག་རྟེན་མིག་གཅིག་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག ༧ །ཡང་དག་ཚད་མ་གསུམ་ལྡན་མདོ་རྒྱུད་བསྟན་བཅོས་ནོར་བུའི་ཏམྦུ་ར། །རྣམ་དག་མགྲིན་པའི་རྒྱུད་ལས་ལེགས་དྲང་སྔོན་མེད་ངོ་མཚར་འཆད་པའི་དབྱངས། །ཆ་ཙམ་མཉན་འདོད་འཇིག་རྟེན་བྱེད་པོས་ཐོས་འཛིན་ཟུང་བཞིར་སྤྲུལ་བར་ངེས། །འཇིག་རྟེན་མིག་གཅིག་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག ༨ །འཕགས་ཡུལ་མཁས་མང་གཙུག་གི་ཅོད་པཎ་མཚུངས་མེད་དཔལ་ལྡན་ཨ་ཏི་ཤས། །སྲིད་ན་ཟླ་བྲལ་བསྔགས་བརྗོད་མནྡ་ར་ཡི་ཆར་གྱིས་མཆོད་མཛད་ན། །འཐད་ལྡན་ལུང་རིགས་རྩོད་པའི་མདའ་ལས་དཔྱོད་ལྡན་སུ་ཞིག་འགོང་བར་ནུས། །འཇིག་རྟེན་མིག་གཅིག་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག ༩ །ཚངས་པའི་བུ་མོ་ཡིད་འོང་སྐུ་ཅན་མགྲིན་པའི་འོ་མཚོར་རྟག་རོལ་རྒྱུས། །མཐའ་དྲུག་ཚུལ་བཞིིས་ལེགས་པར་བཅིངས་པའི་མདོ་རྒྱུད་མན་ངག་ཟབ་མོའི་ལུང་། །རྒྱན་གསུམ་ཏམ་བུ་རར་དྲངས་རྩོམ་གྱིས་འཕགས་བོད་མཁས་མང་རི་དྭགས་འགུགས། །འཇིག་རྟེན་མིག་གཅིག་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག ༡༠ །མཁྱེན་བརྩེ་ནུས་པའི་ཏོག་གི་བློ་གྲོས་མཁས་བཙུན་བཟང་ཡོན་སྣང་འབུམ་མཛེས། །འཆད་རྩོད་རྩོམ་གསུམ་འདོད་དགུའི་ཆར་འབེབས་སྔ་འགྱུར་ཀླུ་དབང་གཙུག་གི་རྒྱན། །ཁྱོད་མཚུངས་འགའ་ཡང་དུས་གསུམ་མ་འཚལ་དེ་སླད་དཔེ་དང་བྲལ་བ་ཉིད། །འཇིག་རྟེན་མིག་གཅིག་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག ༡༡ །ཚེ་དབང་རིག་འཛིན་གྲུབ་པའི་རྩལ་རྫོགས་མི་མཆོག་གདོང་པ་ལྔ་པ་ཡིས། །འཆི་བདག་གླང་པོ་ཁྲོས་པའི་དཔུང་ཚོགས་ཅིག་ཅར་གཞོམ་པའི་ང་རོའི་སྒྲས། །རྩོད་ལྡན་ཚེ་ལོ་བརྒྱ་པར་གྲགས་པའི་གཏམ་ཡང་ངེས་པར་རྫུན་དུ་བྱས། །འཇིག་རྟེན་མིག་གཅིག་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག །བློ་སྟོབས་ཕུལ་ཕྱིན་གཞོན་ནུ་དོན་ཀུན་འགྲུབ་གྱུར་དེད་དཔོན་མཆོག་གིས་ཀྱང་། །གྲངས་མེད་གསུམ་དུ་ཚོགས་གཉིས་ཆུ་གཏེར་བརྒལ་ལས་རྙེད་པའི་རྣམ་གྲོལ་ནོར། །སྙིགས་དུས་སྐུ་ཚེ་གཅིག་ལ་དབང་བྱེད་འདི་འདྲ་སུ་ཞིག་བརྗོད་པར་དཔོག །འཇིག་རྟེན་མིག་གཅིག་ཆོས་ཀྱི་བཟང་པོས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག ༡༣ །ཁྱོད་ནི་སངས་རྒྱས་ཉག་གཅིག་ལགས་ཀྱི་ཡོན་ཏན་དཔག་ཡས་ནམ་མཁའི་ཁམས། །རྨོངས་བློའི་ཁབ་ཀྱི་མིག་བུར་འདྲེན་ལ་ངོ་མཚར་མིན་ཡང་ཁོ་བོའི་ཡིད། །རྣམ་གསུམ་དད་པའི་ཟིལ་གྱིས་བརླན་རྒྱུས་ཅུང་ཟད་བརྗོད་པའི་དགེ་བ་ཡིས། །འགྲོ་ཀུན་མགོན་པོ་མཆོག་གིས་རྗེས་བཟུང་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་པའང་མདོ་ཁམས་ཞེ་ཆེན་རྒྱལ་ཚབ་སྤྲུལ་མིང་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས། དཔལ་གཡོ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ཀྱི་གཙུག་ལག་ཁང་དུ་བྲིས་པ་མངྒལཾ།། །།

རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་ལ་བཀའ་དྲིན་རྗེས་དྲན་གྱི་བསྔགས་པ་ཡོན་ཏན་རྒྱ་མཚོའི་རླབས་ཕྲེང་།

༄༅། །རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་ལ་བཀའ་དྲིན་རྗེས་དྲན་གྱི་བསྔགས་པ་ཡོན་ཏན་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ། ན་མོ྅ཀྵར་བཛྲཱ་ཡ། མགོན་པོ་གདོད་ནས་མངོན་པར་བྱང་ཆུབ་སྲིད་ཞི་ཀུན་གྱི་དཔལ་གྱུར་པ། །ཡེ་ཤེས་ངོ་མཚར་བཀོད་པ་འབྱམས་ཀླས་རྣམ་པར་སྣང་མཛད་གངས་ཆེན་མཚོ། །ཆོས་དབྱིངས་དང་མཉམ་རྒྱལ་བའི་ཞིང་ཀུན་ཡོངས་འགེང་རྣམ་འཕྲུལ་བསམ་མི་ཁྱབ། །དཔག་མེད་ཡོན་ཏན་ཕན་བདེའི་ཆར་འབེབས་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༡ །འོག་མིན་ཆེན་པོར་གསང་ཆེན་རྒྱུད་སྡེ་མཐའ་ཡས་སྟོན་དང་ཞུ་པོ་དང་། །སྡུད་དང་སྤེལ་སོགས་ངོ་མཚར་རབ་འབྱམས་ཡེ་ཤེས་སྒྱུ་འཕྲུལ་ཟད་མི་ཤེས། །མཚན་ཙམ་གྱིས་ཀྱང་རྡོ་རྗེའི་ཡེ་ཤེས་སྙིང་ལ་འབེབས་བྱེད་བདུད་ཀྱི་དགྲ། །བགེགས་རྣམས་ཕམ་བྱེད་རྡོ་རྗེ་ཅན་ཞལ་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༢ །མི་མཇེད་ཞིང་གི་སྟོན་པ་མཚུངས་མེད་ཤཱཀྱའི་སྲས་ཀྱི་བསྟན་འདིར་ཡང་། །བདུད་དང་མུ་སྟེགས་གདུལ་དཀའ་འགྲོ་རྣམས་དཔའ་བོ་ཁྱོད་ལ་བརྟེན་ནས་བརྟུལ། །བསྟན་པ་རིན་ཆེན་འཛིན་དང་སྡུད་པར་བྱེད་པའང་ཁྱོད་ཉིད་འབའ་ཞིག་སྟེ། །དེས་ན་ཁྱོད་མཚུངས་འགའ་ཡང་ཡོད་མིན་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༣ །ཐུབ་མཆོག་ཞབས་ཀྱིས་མ་བཅགས་མཐའ་འཁོབ་ཁ་བ་ཅན་གྱི་ལྗོངས་འདིར་ཡང་། །སྣང་བའི་སྒོ་ཆེན་ཐོག་མར་འབྱེད་དང་རྒྱས་པར་སྤེལ་ཞིང་སྐྱོང་མཛད་པའི། །སྐྱེས་མཆོག་མཐའ་དག་ཁྱོད་གཅིག་ཁོ་ནའི་སྒྱུ་འཕྲུལ་བཀོད་པའི་རོལ་མོ་སྟེ། །དེ་སླད་བཀའ་དྲིན་མཚུངས་ཟླས་དབེན་གྱུར་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༤ །ཁྱད་པར་ལྔ་བདོའི་རྒུད་པས་ཐུབ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །རིང་ལུགས་དགུན་གྱི་ཆུ་བྲན་བཞིན་དུ་མིང་ཙམ་འགྱུར་ལ་ཉེ་བའི་ཚེ། །ལྷ་རིགས་མྱོས་ཀྱི་གདུང་ལ་ཉེར་ཞུགས་ཐུགས་བསྐྱེད་བཙོན་པའི་ཨ་གསྟི། །རིག་གྲོལ་ཆུ་གཏེར་ཆེས་ཆེར་བསྐྱེད་མཛད་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༥ །ཕུལ་བྱུང་མཁྱེན་པའི་རལ་གྲི་མཆོག་གང་རྡོ་རྗེ་རྣོན་པོས་ཁྱོད་ལ་གཏད། །བརྩེ་ཆེན་ཐུགས་རྗེའི་པདྨ་དཀར་པོ་གངས་ཅན་བླ་མས་དབུ་ལ་བཅིངས། །ནུས་མཐུ་རྩེ་བརྒྱ་འབར་བའི་མཚོན་གང་ནམ་ཡང་འབྲལ་མེད་ཆོས་ཉིད་ཕྱིར། །ས་གསུམ་འགྲན་བྲལ་མཁས་གྲུབ་དབང་པོ་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༦ །དེང་དུས་རྣམ་གསུམ་ཡོ་གའི་རྒྱུན་བཟང་བཤད་སྒྲུབ་ལྦུ་ཕྲེང་འཛུམ་དཀར་ཅན། །ཇི་སྙེད་མཆིས་ཀུན་ཁྱོད་ཞལ་འཆད་པའི་མཚོ་ཆེན་ལས་འོང་འབའ་ཞིག་སྟེ། །ལུང་རིགས་སེང་གེའི་སྒྲ་དང་མན་ངག་ལག་ལེན་ཟབ་དགུའི་གཅེས་ནོར་རིགས། །ཁྱོད་ཀྱི་འཆད་རྩོམ་ཕྲིན་ལས་རྒྱུན་ངེས་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༧ །མཁས་པའི་འདབ་ཡངས་བཙུན་པའི་གེེ་སར་བཟང་པོའི་དྲི་བསུང་རྒྱ་ཆེ་ཞིང་། །བསླབ་གསུམ་སྦྲང་རྩིའི་བཅུད་ཀྱིས་ལེགས་གཏམས་འདུས་ཚོགས་པདྨ་དཀར་པོའི་ཕྲེང་། །དེང་དུས་མ་ཉམས་སྔ་འགྱུར་བསྟན་པའི་སྐྱེད་ཚལ་མཛེས་བྱེད་གང་མཆིས་ཀུན། །མཆོག་གི་ཐུགས་བསྐྱེད་དྲིན་ལས་གཞན་མིན་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༨ །དྲུག་ལྡན་བརྒྱུད་པའི་གངས་རི་ལས་འོངས་རིང་བརྒྱུད་གདམས་ཟབ་ཆུ་ཀླུང་འབུམ། །ཡོངས་བསྐྱིལ་པད་འབྱུང་བི་མ་བཻ་རོ་མཚོ་རྒྱལ་ཉང་ཆོས་ཀུན་མཁྱེན་སོགས། །རིག་འཛིན་བྱེ་བས་རྗེས་བཟུང་ཉེ་བརྒྱུད་བྱིན་རླབས་བདུད་རྩིའི་ངད་ལྡང་བ། །མཆོག་གི་རིང་ལུགས་སྲིད་ན་ཟླ་བྲལ་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༩ །ཁྱད་པར་སྔོན་སྨོན་མཐུ་ཡིས་ཟབ་མོའི་གཏེར་བཞེས་བསྟན་འགྲོའི་དགེ་མཚན་སྤེལ། །རྩུབ་འགྱུར་རྒུད་པ་ཀུན་བཅིལ་ངོ་མཚར་སྙན་པས་འཛམ་གླིང་ཡོངས་ལ་ཁྱབ། །འཁོར་ལོ་གསུམ་གྱི་ཕྲིན་ལས་རླབས་ཆེན་ཉི་ཟླའི་འགྲོས་ལྟར་ཀུན་ལ་གསལ། །རྣམ་ཐར་དཔག་ཡས་གྲགས་པའི་གཏེར་གྱུར་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༡༠ །ཁྱོད་གསུང་ལས་སྐྱེས་མཁས་དང་གྲུབ་པའི་ཚོགས་ཀྱིས་ས་སྟེང་ཡོངས་ཁྱབ་ཅིང་། །བཤད་སྒྲུབ་དཔུང་པས་ཐུབ་བསྟན་རྒྱལ་མཚན་སྲིད་མཐར་མི་ཉམས་སྒྲེང་བའི་ཚུལ། །ལེགས་པར་སེམས་ན་ཁྱོད་འདྲའི་གནས་དུས་སྟོན་འཁོར་དུས་གསུམ་འབྱུང་དཀའ་བ། །ཨུ་དུམྦཱ་རའི་མེ་ཏོག་མཆེད་གྱུར་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༡༡ །སྙིགས་མ་ལས་ཀྱང་ཆེར་སྙིགས་དུས་ཀྱི་མཐར་སྐྱེས་རྨུ་རྒོད་བདག་སོགས་ཀྱང་། །ཡལ་བར་འདོར་མིན་ཐུགས་བསྐྱེད་བརྩོན་པའི་གོ་ཆ་ཆེན་པོ་ཉེར་བཞེས་ཏེ། །ཐུབ་བསྟན་བདག་པོར་ཐུབ་པས་ལུང་བསྟན་རྒྱལ་བ་གཉིས་པར་ཡོངས་བཞེངས་ནས། །སྔོན་མེད་མཛོད་ལྔའི་ཤིང་རྟའི་སྲོལ་འབྱེད་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༡༢ །སླད་མའི་དུས་ཀྱང་མི་མཇེད་ཞིང་འདིའི་རྣམ་འདྲེན་ཇི་སྙེད་མཆིས་ཀུན་གྱི། །རྣམ་ཐར་རྒྱ་མཚོ་གཅིག་ཏུ་བསྡོམས་བྱས་མཐའ་ཀླས་གདུལ་བྱ་རྒྱ་མཚོའི་ཚོགས། །ཐེག་གསུམ་ལམ་གྱིས་ཡོངས་སུ་སྨིན་མཛད་སྲིད་པ་གསུམ་ན་དཔེ་མེད་མཆོག །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཅིག་གྱུར་གཏེར་ཆེན་བླ་མས་རྗེས་སྐྱོངས་ཤིག ༡༣ །བདག་ཀྱང་འདི་ནས་ཚེ་རབས་ཕྲེང་བར་མགོན་པོ་མཆོག་དང་ཁྱོད་ཀྱི་སྲས། །གང་ན་སུ་ཞིག་བཞུགས་པ་དེ་ཀུན་ཞལ་བཟང་བལྟ་དང་ཆོས་བཟང་མཉན། །མཉེས་པས་བསྙེན་དང་གསང་མཛོད་ཟབ་མོ་མཐའ་དག་འཛིན་ལ་ཆེས་སྤྲོ་བས། །དེ་ལྟར་འགྲུབ་པའི་མཐུན་འགྱུར་བདེན་གསུང་ཤིས་པའི་མེ་ཏོག་སྩོལ་མཛོད་ཀྱཻ། ༡༤ །དེ་ལྟར་མགོན་པོ་ཁྱོད་ཀྱི་ཡོན་ཏན་བཀའ་དྲིན་རྗེས་སུ་དྲན་པའི་ངག །ཐོལ་བྱུང་མགྲིན་པའི་གདངས་སུ་འཕོས་པའི་ལེགས་བྱས་རྣམ་དཀར་གང་མཆིས་དེས། །ངེས་གསང་བསྟན་པའི་རྒྱལ་མཚན་སྲིད་མཐར་མི་ཉམས་དར་རྒྱས་ཡུན་བརྟན་ཞིང་། །མ་ལུས་འགྲོ་ཀུན་སྒྲིབ་གསུམ་འཆིང་རྒྱ་ལས་གྲོལ་སྐྱོབ་པ་ཁྱོད་འདྲར་ཤོག །ཅེས་པའང་མགོན་པོ་གང་གི་བཀའ་དྲིན་རྗེས་སུ་དྲན་པའི་བློས་སྐྱེ་ཀུན་མགོན་པོ་མཆོག་གི་རྗེས་འཇུག་ཏུ་སྨོན་ལམ་འདེབས་པའི་བྱ་བྲལ་བ་རྒན་པོ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་བྲིས་ཤིང་སྨོན་ལམ་དུ་བཏབ་པ་དགེ། །།

སྔ་འགྱུར་བསྟན་པའི་ཉི་མ་ལོ་ཆེན་དྷརྨ་ཤྲཱི་ལ་བསྔགས་པ་དོན་ལྡན་སྙན་པའི་རོལ་མོ།

༄༅། །སྔ་འགྱུར་བསྟན་པའི་ཉི་མ་ལོ་ཆེན་དྷརྨ་ཤྲཱི་ལ་བསྔགས་པ་དོན་ལྡན་སྙན་པའི་རོལ་མོ་ཞེས་བྱ་བ། ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །དགེ་ལེགས་བྱེ་བའི་དཔལ་གྱིས་མངོན་མཐོ་ལྷར་བཅས་སྐྱེ་དགུའི་མཆོག་སྡོང་མཆོག །ཕུལ་བྱུང་གྲགས་པའི་གཏེར་གྱུར་ལེགས་བཤད་འཛད་མེད་འཇོ་བའི་བུམ་པ་བཟང་། །ས་གསུམ་སྐྱེ་དགུའི་ཉེས་པའི་གདུང་སེལ་རྫོགས་ལྡན་ནོར་བུའི་སྤྲིན་ཆེན་པོ། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༡ །གང་གི་ཐུགས་བསྐྱེད་མ་ལ་ཡ་སྐྱེས་ཙན་དན་ལྗོན་པའི་ནགས་ཚལ་ལས། །ལེགས་འོང་རླབས་ཆེན་ཕྲིན་ལས་དྲི་བཞོན་འཁོར་ཡུག་རི་བོའི་ཁོངས་ཁྱབ་པས། །ཐུབ་བསྟན་སྐྱེད་ཚལ་མཛེས་པའི་རྒྱན་གཅིག་མཁས་གྲུབ་ཡོངས་ཀྱི་གཙུག་ནོར་མཆོག །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༢ །ངེས་འབྱུང་འཛིན་པའི་གཞི་ལས་ཉེར་འཁྲུངས་སྡོམ་པའི་ཚུལ་ཁྲིམས་རྩ་བ་བརྟན། །གཞན་ཕན་ཕྱིན་དྲུག་བརྩོན་མའི་ཡལ་འདབ་བསྡུ་བཞིའི་མེ་ཏོག་ཆེར་རྒྱས་ཤིང་། །རིམ་གཉིས་ལམ་གྱི་འབྲས་བཟང་ཡོངས་སྨིན་ཐུགས་རྗེའི་གྲིབ་བསིལ་སྣུམ་ལྡན་པ། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༣ །མང་དུ་ཐོས་པའི་ཆུ་ཀླུང་བྱེ་བ་ཕྲག་བརྒྱ་གཅིག་ཏུ་འདུས་པའི་མཚོ། །དྲི་མེད་བསམ་བྱུང་རིགས་པའི་རླབས་ཕྲེང་འབུམ་ཕྲག་ཆེས་ཆེར་གཡོ་བྱེད་ཅིང་། །སྒོམ་པའི་ཡོན་ཏན་ཤིན་ཏུ་གཏིང་ཟབ་གཟུངས་སྤྲིན་ཡེ་ཤེས་ནོར་བུའི་གཏེར། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༤ །མཁྱེན་པའི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེ་རྡུལ་བྲལ་ནོར་བུའི་མེ་ལོང་མཆོག །རྨད་བྱུང་བརྩེ་བའི་གཟུགས་བརྙན་འབུམ་བཀྲ་ནུས་མཐུ་ཚད་མེད་དར་དཔྱངས་གཡོ། །སྲས་བཅས་རྒྱལ་བའི་རྣམ་ཐར་དཔག་ཡས་འཛིན་ལ་མི་ངལ་རྒྱལ་བའི་སྲས། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༥ །མཁས་པའི་རྣམ་དཔྱོད་ངོ་མཚར་རྨད་བྱུང་ས་ཆེན་གླིང་བཞིའི་རྒྱན་གཅིག་པུ། །བཙུན་པའི་ཡོན་ཏན་ཉེས་པའི་རྡུལ་བྲལ་རིན་ཆེན་རང་བཞིན་བླ་ན་འཕགས། །བཟང་པོའི་ཕྲིན་ལས་ཉི་ཟླའི་རྣ་ཆས་ཕྱོགས་ཀྱི་མུན་པའི་གོ་སྐབས་འཕྲོག །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༦ །ཇི་སྙེད་ཤེས་བྱའི་ཡུལ་གྱུར་ཐུན་མོང་ཐུན་མིན་གཙུག་ལག་བྱེ་བའི་ཀླུང་། །རྣམ་དཔྱོད་བརྩོན་པའི་ཧུབ་གཅིག་གིས་དྲངས་སླར་ཡང་ལེགས་བཤད་ཛ་ཧུའི་རྒྱུན། །འཛད་མེད་འཇོ་བས་ས་གསུམ་ཉེས་བཤད་དྲི་མ་འཁྲུད་མཁས་དྲང་སྲོང་མཆོག །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༧ །དཔྱད་གསུམ་རྣམ་དག་ལུང་གི་གསེར་སྦྱངས་འཐད་ལྡན་རིགས་པའི་རྩིབས་སྟོང་བཀྲ། །རྟོན་པ་བཞི་ཡི་མུ་ཁྱུད་མཛེས་འབར་རྣམ་དཔྱོད་ལྷ་ཡི་ལམ་དུ་རྒྱུ། །ལོག་སྨྲ་ཁམས་ཀྱི་རྒྱལ་ཕྲན་ཟིལ་གནོན་ཐུབ་བསྟན་ངེས་དོན་གླིང་བཞིར་འདྲེན། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༨ །སོ་སོར་ཡང་དག་རིག་བཞིར་དབང་འབྱོར་སྤོབས་པ་བསམ་མི་ཁྱབ་པའི་གཏེར། །མཁྱེན་བཟང་ཟུར་ཕུད་ལྔ་པས་ལེགས་ཕྱེས་དབྱངས་ཅན་རྩེ་དགའི་རྒྱུད་མང་སྒྲ། །མགྲིན་པའི་འོ་མཚོར་འཕོས་པས་ལེགས་འོང་རྩོམ་པས་མཁས་མང་ཡིད་དབང་ཕྲོག །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༩ །ཁྱད་པར་དུས་གསུམ་རྒྱལ་བའི་གསང་མཛོད་ཤིན་ཏུ་ཟབ་བརླིང་ནོར་བུའི་སྒྲོམ། །ལེགས་པར་འབྱེད་པའི་རྣམ་དཔྱོད་ལྡེ་མིག་རྡོ་རྗེ་ཆོས་ཀྱིས་ཁྱོད་ལ་གཏད། །དེ་སླད་ཁྱོད་དང་མཉམ་པ་འགའ་ཡང་བསིལ་ལྡན་ལྗོངས་འདིར་ཡོད་མ་ཡིན། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༡༠ །ངེས་གསང་ཐེག་མཆོག་སྙིང་པོའི་སེང་གེའི་སྒྲ་ཡིས་ས་གསུམ་ཀུན་ཁྱབ་ཅིང་། །རྒོལ་ངན་གཉིས་འཐུང་སྟོང་གི་སྙིང་ཁྲག་ས་ལ་ཟག་བྱེད་གདོང་ལྔ་པ། །དོན་བརྒྱུད་མཛེས་པའི་གཡུ་རལ་ལེགས་ངོམ་མཆོག་བརྟན་གངས་རི་མཛེས་པའི་རྒྱན། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༡༡ །གཞན་ཡང་སྔ་འགྱུར་རིང་ལུགས་བརྒྱུད་པའི་འདུལ་བསྟན་པདྨའི་དགའ་ཚལ་མཆོག །གང་གི་ཐུགས་བསྐྱེད་ཉིན་བྱེད་ཀྱིས་བསྐྱངས་བསླབ་གསུམ་སྦྲང་རྩིས་ཡོངས་གཏམས་པའི། །འདུས་པའི་ཚོགས་ཀྱིས་ས་ཆེན་ཡོངས་བཀང་དེང་ཡང་ཕྲིན་ལས་ཉམས་པ་མེད། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༡༢ །བློ་གསལ་བློ་ཡི་པདྨ་དཀར་པོའི་འདབ་བརྒྱ་གསར་དུ་ཁ་འབྱེད་ཅིང་། །བློ་ཆེན་བློ་ཡི་ཆུ་གཏེར་གཏིང་ཟབ་ཀུན་ནས་བསྐྱེད་ཅིང་འཕེལ་བྱེད་པ། །བློ་མཆོག་སྨྲ་བའི་ཟླ་བ་མཆོག་གི་ལེགས་བཤད་མཐུ་ལས་གཞན་གྱིས་མིན། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག ༡༣ །མགོན་པོ་ཁྱོད་ཀྱི་ཡོན་ཏན་རྒྱ་ཆེ་རྣམ་ཐར་དཔག་ཡས་སྤྲིན་བཀོད་པ། །ཚུར་མཐོང་བྱིས་བློའི་སྤྱོད་ཡུལ་ལྟ་ཅི་འཕགས་རྣམས་ཀྱིས་ཀྱང་གཞལ་དཀའི་གནས། །དེ་སླད་བདག་ལྟས་བརྗོད་པར་ནུས་མིན་ཆ་ཙམ་དད་པའི་རྗེས་འབྲང་པའི། །ལེགས་བྱས་གང་དེས་སྐྱེ་ཀུན་མགོན་པོ་མཆོག་གི་བསྟན་ལ་འཇུག་གྱུར་ཅིག ༡༤། མཁའ་ལ་རིག་འཛིན་བརྒྱུད་པའི་སྤྲིན་འཁྲིགས་སྨིན་གྲོལ་གདམས་པའི་གྲུ་ཆར་འཇོ། །ས་ལ་དམ་ལྡན་སློབ་མའི་ཚོགས་རྒྱས་བཤད་སྒྲུབ་བསྟན་པས་ཕྱོགས་ཀུན་ཁྱབ། །དེའི་མཐུས་དཀར་ཕྱོགས་ལྷ་ཀླུ་དགའ་བས་སྣོད་བཅུད་དཔལ་གྱི་འབྱོར་པས་གང་། །ཀུན་ཀྱང་བདེ་སྐྱིད་ཐེག་མཆོག་ལ་སྤྱོད་རྣམ་གྲོལ་ཡོན་གྱིས་མཛེས་གྱུར་ཅིག ༡༥ །ཅེས་པའང་མགོན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་ཞིང་རྒྱུ་མཚན་ཤེས་པའི་མོས་གུས་སྙིང་ལ་འཆང་བ། འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་བྲིས་ཤིང་སྨོན་པ་དགེ། །།

འོད་གསལ་བསྟན་པའི་ཤིང་རྟ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་བསྔགས་པ་རིན་པོ་ཆེ་སྤྲིན་གྱི་ཕྲེང་།

༄༅། །འོད་གསལ་བསྟན་པའི་ཤིང་རྟ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་བསྔགས་པ་རིན་པོ་ཆེ་སྤྲིན་གྱི་ཕྲེང་བ་ཞེས་བྱ་བ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་འཇིགས་མེད་གླིང་པའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་རྣམས་ཡེ་ཤེས་གཅིག་བསྡམས་དཔལ་ལྡན་སངས་རྒྱས་པདྨ་ལས་འཁྲུངས་དང་། །རྒྱལ་བ་གཉིས་པ་དྲི་མེད་འོད་ཟེར་སྟོང་དུ་འབར་དེས་རྗེས་བཟུང་འཐུས། །རྒྱལ་ཀུན་སྤྱི་མེས་ཀུན་བཟང་དགོངས་ཀློང་མངོན་གྱུར་འོད་གསལ་ཐེག་པ་མཆོག །རྒྱལ་བསྟན་ཡོངས་ཀྱི་རྩེ་མོར་སྤུད་མཛད་འཇིགས་མེད་གླིང་པས་རྗེས་སྐྱོངས་ཤིག ༡ །གྲགས་པའི་གཏེར་གྱུར་མཁས་གྲུབ་ཀླུ་མཆོག་བྱེ་བའི་ཚོགས་ཀྱིས་ཉེར་བསྟེན་པའི། །རྨད་བྱུང་འཁོར་ལོ་གསུམ་གྱི་རླབས་ཕྲེང་འབུམ་ཕྲག་གཡོ་བའི་དགེ་མཚན་གྱིས། །ས་གསུམ་རྒུད་པའི་དྲི་མ་མ་ལུས་གཅིག་ཅར་འཁྲུད་དང་ཆབས་ཅིག་པར། །དགེ་ལེགས་ཕན་བདེའི་མྱུ་གུ་བསྐྱེད་བསྲིང་འཇིགས་མེད་གླིང་པས་རྗེས་སྐྱོངས་ཤིག ༢ །ཐོས་བསམ་རྟོག་གེའི་རིགས་པ་རྣོན་པོའི་ཉག་ཕྲན་འཁྲུལ་འཁོར་བསྐོར་མིན་ཞིང་། །བླུན་སྒོམ་ཞི་གནས་ཉམས་ཀྱི་སི་ཏ་འགུགས་ལ་མི་ཚེ་མ་བསྐྱལ་བར། །ཐུབ་བསྟན་ལུང་རྟོགས་སྙིང་པོའི་ས་ཆེན་ཡོངས་ལ་མངའ་དབང་བསྒྱུར་བའི་བཀའ། །ཆེ་དགུའི་རལ་པའི་རྩེ་ན་མངོན་བརླིང་འཇིགས་མེད་གླིང་པས་རྗེས་སྐྱོངས་ཤིག ༣ །ངེས་འབྱུང་མུ་ཁྱུད་བརྟན་ལྡན་བསྙེན་སྒྲུབ་ཡན་ལག་བཞི་ཡི་དག་བྱེད་གཏེར། །རིམ་གཉིས་ལྷུན་པོས་བསྲུབས་ལས་ཉེར་ཐོན་རྣམ་སྨིན་རིག་འཛིན་ཆུ་ཤེལ་ཁམས། །འཕགས་པའི་བདེན་པ་མངོན་གཟིགས་ཆ་ཤས་ཡོངས་གང་སྣང་བཞིའི་བསིལ་ཟེར་ཅན། །ཚོགས་གཉིས་དགེ་བའི་མཁའ་ལ་སྣང་གྱུར་འཇིགས་མེད་གླིང་པས་རྗེས་སྐྱོངས་ཤིག ༤ །གང་ཐུགས་མཁྱེན་རྟོགས་ཡོན་ཏན་ཟབ་མོའི་འདབ་སྟོང་རྣམ་པར་བཞད་པ་དང་། །སྲས་བཅས་རྒྱལ་བ་དགྱེས་པའི་ཉི་འོད་དུས་གཅིག་ལྷུང་བ་བཞིན་གྱུར་པས། །ཟབ་མོའི་ཆོས་གཏེར་ངོ་མཚར་ཟིལ་དངར་འབུམ་ཕྲག་འཇོ་བའི་དཔལ་ཡོན་གྱིས། །ཐེག་མཆོག་གདུལ་བྱའི་རྐང་དྲུག་དགའ་མཛད་འཇིགས་མེད་གླིང་པས་རྗེས་སྐྱོངས་ཤིག ༥ །རྒྱལ་བས་ལེགས་གསུངས་བརྒྱད་ཁྲི་བཞི་སྟོང་གཏིང་ཟབ་འོ་མའི་ཆུ་གཏེར་ཆེ། །རླབས་ཆེན་ཐོས་བསམ་སྒོམ་གྱིས་བསྲུབས་པའི་ངེས་དོན་སྙིང་པོ་མར་གྱི་བཅུད། །ཚང་ལ་མ་ནོར་ལམ་མཆོག་ཡོན་ཏན་རིན་པོ་ཆེ་ཡི་མཛོད་ལ་སོགས། །ལེགས་བཤད་སྣང་བས་ཐུབ་བསྟན་གསལ་མཛད་འཇིགས་མེད་གླིང་པས་རྗེས་སྐྱོངས་ཤིག ༦ །མཁྱེན་བརྩེའི་འོད་ཟེར་སྟོང་གི་དྲྭ་བས་ཀུན་ནས་མཛེས་འབར་རྟ་བདུན་གཟིས། །ཡིད་དཔྱོད་གྲུབ་མཐའི་ཤེ་མུན་གཏན་བཅོམ་འོད་གསལ་རྡོ་རྗེ་རྩེ་མོ་ཡི། །རིང་ལུགས་དྲི་བཟང་ཁང་པ་ཆེས་བཞད་དཔལ་ལྡན་གངས་རིའི་ཁྲོད་འདི་འང་། །འོག་མིན་ཞིང་བཞིན་བསྔགས་འོས་མཆོག་གྱུར་འཇིགས་མེད་གླིང་པས་རྗེས་སྐྱོངས་ཤིག ༧ །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་རྨད་བྱུང་ཆེན་པོ་བཞི་སོགས་ཀྱི། །སྤངས་རྟོགས་ཕྲིན་ལས་ནོར་བུའི་མཛོད་རྣམས་གཅིག་ཏུ་བསྡོམས་ལ་ཅོ་འདྲི་བའི། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གལ་ཏེ་གཟུགས་སུ་མཆིས་གྱུར་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང་གྱུར་འཇིགས་མེད་གླིང་པས་རྗེས་སྐྱོངས་ཤིག ༨ །གང་གི་གསུང་སྐྱེས་ལུང་རྟོགས་ནོར་བུའི་རྒྱན་གྱིས་ཆེར་སྒེག་བརྒྱ་ཕྲག་གིས། །བཤད་སྒྲུབ་ཕྲིན་ལས་ཟབ་མོའི་དཔུང་པས་ངེས་གསང་བསྟན་མཆོག་འཛིན་པའམ། །ཅི་སྟེ་འོག་མིན་གསང་ཆེན་ཕོ་བྲང་བསིལ་ལྡན་གཞི་འདིར་འཕོས་སམ་ཞེས། །བདག་བློ་ཐེ་ཚོམ་ཁྱོགས་ལ་འཕྱང་བྱས་འཇིགས་མེད་གླིང་པས་རྗེས་སྐྱོངས་ཤིག ༩ །ཞིང་ཁམས་རྒྱ་མཚོའི་འདྲེན་མཆོག་མཐའ་དག་ཁྱོད་གཅིག་ཁོ་ནའི་སྒྱུ་འཕྲུལ་ཏེ། །རྣམ་ཐར་རྒྱ་མཚོའི་སྤྲིན་ཆེན་ཆོས་ཀྱི་དབྱིངས་ཀུན་ཁྱབ་པར་དཀྲིགས་པ་ལས། །འགྲོ་ཚོགས་རྒྱ་མཚོའི་དོན་གཉིས་དགེ་བའི་ཆུ་གཏེར་བསྐྱེད་མཛད་གྲུ་ཆར་ཅན། །ཡོན་ཏན་རྒྱ་མཚོའི་གཏེར་མངའ་ཀུན་མཁྱེན་འཇིགས་མེད་གླིང་པས་རྗེས་སྐྱོངས་ཤིག ༡༠ །མདོར་ན་དུས་གསུམ་གཤེགས་པའི་མི་མཆོག་སྟོབས་བཅུ་མངའ་བ་ཇི་སྙེད་ཀྱི། །གསང་གསུམ་ཡོན་ཏན་ཕྲིན་ལས་མ་ལུས་མགོན་པོ་མཆོག་དང་ཐུན་མོང་ཉིད། །དེ་སླད་ལྷར་བཅས་སྐྱེ་དགུ་ཡོངས་ཀྱིས་ཁྱོད་གཅིག་ཁོ་ནའི་བསྔགས་པ་སྒྲོགས། །སྙན་ངག་ཆུ་བོ་སྟོང་གི་འབབས་སྟེགས་འཇིགས་མེད་གླིང་པས་རྗེས་སྐྱོངས་ཤིག ༡༡ །གཟུང་འཛིན་དགག་སྒྲུབ་སྤྲོས་པའི་མཚན་ཀུན་ཡེ་ནས་རྣམ་གྲོལ་ཀ་དག་དབྱིངས། །རང་གསལ་མི་གཡོ་ཡེ་ཤེས་ལྔ་ལྡན་ལྷུན་གྲུབ་འདུས་མ་བྱས་པའི་བདག །འཁོར་འདས་ཆོས་རྣམས་མ་སྤངས་གཞིར་རྫོགས་རིག་པ་བྱང་ཆུབ་སེམས་ཀྱི་ཁམས། །བློ་བྲལ་གཉུག་མ་དོན་གྱི་བླ་མ་འཇིགས་མེད་གླིང་པས་རྗེས་སྐྱོངས་ཤིག ༡༢ །མཆོག་གི་ཡོན་ཏན་ཤིན་ཏུ་རྨད་བྱུང་ངོ་མཚར་ནོར་བུའི་ཏམྦུ་ར། །ཆ་ཙམ་དད་གསུམ་སོར་མོའི་རྩེ་ཡིས་ཉེ་བར་བསྐུལ་བའི་དགེ་མཚན་གྱིས། །རྗེས་བརྩེའི་སྤྱན་གྱི་བུང་བ་བདག་ཡིད་ཨུཏྤལ་གཞོན་ནུར་རྟག་ཆགས་པས། །དོན་གཉིས་འདོད་དགུའི་བསམ་ཀུན་ཡིད་བཞིན་འགྲུབ་པའི་བྱིན་རླབས་དེང་འདིར་རྩོལ། ༡༣ །ངེས་འབྱུང་འཛིན་མའི་གཞི་ལས་ཉེར་འཁྲུངས་སོ་ཐར་ཁྲིམས་ཀྱི་ལྗོན་བཟང་བརླིང་། །གཞན་ཕན་སྦྲང་རྩིའི་བཅུད་ཀྱིས་ཡོངས་གཏམས་བྱང་ཆུབ་སེམས་ཀྱི་འདབ་སྟོང་རྒྱས། །སྨིན་གྲོལ་འདོད་དགུའི་ཆར་འབེབས་གསང་སྔགས་འབྲས་བུའི་སྤྲིན་ཚོགས་ལྷུན་སྟུག་པའི། །ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ཕུང་པོ་ཡོངས་སུ་དག་གྱུར་ཅིག །༡༤ ཐུན་མོངས་ཐུན་མིན་གཙུག་ལག་བྱེ་བའི་མང་ཐོས་ཡུ་བ་མཆོག་ཏུ་བརླིང་། །ངེས་འབྱུང་དད་དང་སྙིང་རྗེ་བྱང་སེམས་བསམ་བྱུང་ལྷབ་ལྷུབ་དར་གོས་བརྗིད། །ཟབ་གསང་སྒོམ་པའི་ཉམས་རྟོགས་ཡོན་ཏན་ནོར་བུའི་ཏོག་གིས་མངོན་མཛེས་པས། །སྲིད་ཞིའི་འཇིགས་བྲལ་ཟག་མེད་དགེ་བའི་རྒྱལ་མཚན་རྟག་པར་བསྒྲེངས་གྱུར་ཅིག ༡༥ །མཐའ་དྲུག་ཚུལ་བཞིའི་གནད་རྣམས་ལེགས་བཀྲལ་འཆད་པས་བློ་གསལ་ཡིད་དབང་འཕྲོག །ལུང་རིགས་ཚད་མ་གསུམ་འབྲེལ་རྩོད་པའི་རལ་གྲིས་ཕས་རྒོལ་སྨྲ་བྱེད་གཅོད། །འཆོས་སྐྱོབ་ཡོན་ཏན་བརྒྱད་ལྡན་རྩོམ་གྱིས་ཐུབ་བསྟན་སྙིང་པོ་གསལ་ནུས་པའི། །ངེས་གསང་བསྟན་འགྲོའི་དཔུང་གཉེན་མཚུངས་མེད་མཆོག་དང་རྣམ་ཐར་མཚུངས་གྱུར་ཅིག ༡༦ །ཕན་བདེའི་གཞིར་གྱུར་ཐུབ་བསྟན་ཉིན་བྱེད་འགྲོ་བསོད་མཁའ་ལ་རྟག་འཆར་བས། །ས་གསུམ་རྒུད་པའི་གྲང་རེག་གཏན་བཅོམ་དགེ་ལེགས་སྣང་བས་ཀུན་ཁྱབ་ཅིང་། །ཐར་གྲོལ་པད་ཚལ་ཆེས་བཞད་སྔོན་མེད་རྫོགས་ལྡན་དབྱར་གྱི་ལང་ཚོ་མཆོག །ཀུན་ནས་དར་བའི་ངོ་མཚར་འབྲུག་སྒྲས་ཆོས་ཀྱི་དབྱིངས་ཀུན་འགེངས་གྱུར་ཅིག ༡༧ །ཅེས་པའང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འཇིགས་མེད་གླིང་པས་ཐེག་མཆོག་ཆོས་ཀྱི་སྒྲ་དབྱངས་ཆེས་ཆེར་བསྒྲགས་པའི་གནས། ཚེ་རིང་ལྗོངས་བྱང་ཆུབ་ཤིང་གི་གནས་ཁྲོད་པདྨ་འོད་གསལ་ཐེག་མཆོག་གླིང་དུ་སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་མདོ་ཁམས་ཞེ་སྤྲུལ་མིང་འཛིན་ཨོ་རྒྱན་མི་འགྱུར་ཀུན་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བྲིས་ཤིང་གསོལ་བ་བཏབ་པ་སྟེ། འདིས་ཀྱང་འོད་གསལ་རྡོ་རྗེ་རྩེ་མོའི་བསྟན་མཆོག་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག། །། ༈ ན་མོ་གུ་རུ་བཛྲ་ཀྵ་རཱ་ཡ། ཀ་མ་ལ་ལྟར་ཉེས་པའི་སྐྱོན་བྲལ་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །ཁ་བ་དུང་ལྟར་རྣམ་དཀར་གྲགས་པའི་སྙན་པས་ས་གསུམ་ཀུན་ཁྱབ་ཅིང་། །ག་ནས་བསམས་ཀྱང་རྩོད་པའི་དུས་འདིར་རྒྱལ་བ་གཉིས་པའི་ཕྲིན་ལས་ཅན། །ང་ཡི་སྐྱབས་གཅིག་གཏེར་ཆེན་བླ་མས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག །ཅ་ཅོ་གྲགས་པའི་རྗེས་འབྲང་ཙམ་མིན་དོན་གྱི་སྣང་མཛད་ལོ་ཙཱ་དངོས། །ཆ་ཤས་མཁྱེན་རྟོགས་ཡོན་ཏན་ཀུན་ནས་ཡོངས་རྫོགས་སྔོན་མེད་ཨུ་དུམྦཱར། །ཇ་རིལ་མགོ་བོའི་རྒྱན་བསྟེན་འབྲལ་མེད་སྙིང་ནས་གུས་པས་གསོལ་འདེབས་ན། །ཉ་རྒྱས་ཟླ་འདྲའི་བློ་གྲོས་མཆོག་སྩོལ་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག །ཏ་ཐཱ་ག་ཏའི་རིང་ལུགས་ཟླ་བྲལ་མདོ་དང་སྔགས་ཀྱི་ཆོས་ཚུལ་འབུམ། །ཐ་དག་ཁྱོད་ཐུགས་བུམ་པར་བསྐྱིལ་དེས་ངེས་གསང་ཐེག་མཆོག་སྙིང་པོའི་སྲོལ། །ད་ལྟའི་དུས་ཀྱང་བཤད་སྒྲུབ་ཕྲིན་ལས་མ་ཉམས་ཕན་བདེའི་འཛུམ་དཀར་གྱིས། །ནཱ་ག་རྫུ་ནའི་རྣམ་ཐར་འཛིན་མཛད་མཆོག་གིས་བྱང་ཆུབ་བར་དུ་སྐྱོངས། །པ་སངས་ཟླ་ལྟར་ཆེས་དཀར་འཁོར་ལོ་གསུམ་གྱི་ཕྲིན་ལས་རྨད་པོ་ཆེས། །ཕ་གཅིག་པདྨའི་རིང་ལུགས་རྣམ་གསུམ་ཡོ་གའི་བསྟན་མཆོག་ཉིན་མོར་བྱེད། །བ་མཆོག་དཔག་བསམ་གཏེར་བཞིན་སྐྱེ་དགུའི་འདོད་པ་འཇོ་ཕྱིར་དད་བསོད་མཁར། །མ་ལུས་ཀུན་ནས་གསལ་མཛད་མཆོག་གིས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག །ཙཱ་རི་ཏྲ་སོགས་གནས་ཡུལ་ཞིང་སྐྱོང་མཐུ་ལྡན་མ་ལུས་བྲན་དུ་བཀོལ། །ཚ་དབལ་སྙིགས་ལྔའི་རྒུད་པ་སེལ་བྱེད་ཆོས་ནོར་རྫས་གཏེར་དཔག་མེད་བཞེས། །ཛ་ཡའི་དགོངས་པ་མཐར་ཐུག་ལེགས་བཀྲལ་འཆོས་སྐྱོབ་བྱེ་བའི་སྒོ་དབྱེ་སོགས། །ཝ་ཆུའི་རྒྱུན་བཞིན་འཛད་མེད་ཐུགས་རྗེའི་གཏེར་དེས་བྱང་ཆུབ་བར་དུ་སྐྱོངས། །ཞ་ཏོག་ཆེ་ལྡིར་ཁོ་ནར་འདག་གྲོལ་རེ་བའི་སྟོན་ཆེན་ཕལ་གཅིག་དང་། །ཟ་ཟིའི་ཉམས་སྣང་རྫུན་རིས་ལ་ཞེན་བླུན་སྒོམ་བདེན་ཡུལ་ཅན་རྣམས་ཀྱི། །འ་འུར་ཆོས་བརྒྱད་སྒྲུབ་པའི་སྙིགས་སྤྱོད་དྲིས་བཏང་ས་གསུམ་སྐྱེ་དགུའི་མགོན། །ཡ་མཚན་རྨད་བྱུང་རྣམ་ཐར་བསྒྲང་ཡས་མཆོག་གིས་བྱང་ཆུབ་བར་དུ་སྐྱོངས། །ར་བ་གངས་རིའི་ཁྲོད་ན་མངོན་འཕགས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྲོལ། །ལ་ལ་ཙམ་མིན་ཡོངས་རྫོགས་བསྟན་པའི་སྲོག་རྩ་མཐུད་པའི་ཕྲིན་ལས་ཅན། །ཤ་ཚུགས་མི་ལ་དོན་གྱི་དགོངས་པ་སངས་རྒྱས་རྣམས་དང་དབྱེར་མེད་པའི། །ས་གསུམ་སྐྱེ་དགུའི་མཆོད་སྡོང་མཚུངས་བྲལ་མཆོག་གི་བྱང་ཆུབ་བར་དུ་སྐྱོངས། །ཧ་བོ་གངས་ལས་ཆེས་དཀར་དད་དམ་མོས་གུས་ཟབ་མོས་ཀུན་བསླངས་ནས། །ཨ་ཏིའི་བསྟན་འཛིན་མཆོག་ལ་བསྔགས་ཤིང་རྩེ་གཅིག་གསོལ་བཏབ་འབྲས་བུ་ཡིས། །ཧ་ཧ་དགྱེས་པའི་གསུང་དབྱངས་དང་བཅས་འབྲལ་མེད་རྗེས་སུ་བཟུང་བའི་མཐུས། །ཨ་དོན་སྐྱེ་མེད་རྟོགས་པའི་སྣང་བ་མཆོག་གིས་དུས་ཀུན་སྲུང་གྱུར་ཅིག །ཅེས་པའང་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་གདུལ་བྱ་ཙམ་དུ་གཏོགས་པའི་སྙོམ་ལས་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་དུས་དགེ་བར་གསོལ་བ་བཏབ་པ་སིདྡྷིརསྟུ།། །།
༄༅། །ༀ་སྭསྟི་སིདྡྷི། ཀ་དག་ལྷུན་གྲུབ་རིག་སྟོང་ཟུང་འཇུག་ཀུན་བཟང་དགོངས་ཀློང་མངོན་གྱུར་མཆོག །ཁ་ཙམ་མ་ཡིན་སྒོམ་མེད་རྒྱལ་པོའི་ཁྲི་ལ་མངོན་བསྒྱིངས་མཁས་གྲུབ་ཕུལ། །ག་ནས་བསམས་ཀྱང་འོད་གསལ་བསྟན་པའི་ཤིང་རྟ་མཚུངས་བྲལ་བཻ་རོ་དངོས། །ང་བདག་འཛིན་བྲལ་ཤེས་རབ་ཡར་འཕེལ་མཆོག་གིས་བྱང་ཆུབ་བར་དུ་སྐྱོངས། །ཅ་ཅོ་གྲགས་པའི་རྗེས་ཟློས་ཙམ་མིན་སྒོམ་བྱུང་རྟོགས་པ་ཉམས་མྱོང་གཏམ། །ཆ་ཙམ་འཁྲུལ་བའི་དྲི་བྲལ་རྟོན་པ་བཞི་ལྡན་རྗེས་འཇུག་ལྟ་བའི་མིག །ཇ་དངུལ་རྙེད་བཀུར་ཆོས་བརྒྱད་འཆིང་བྲལ་ཡང་དག་དོན་གྱི་སྤོང་བ་པ། །ཉ་རྒྱས་ཟླ་ལྟའི་གྲགས་དཀར་རྨད་བྱུང་གྲུབ་པ་མཆོག་གིས་རྗེས་སྐྱོངས་ཤིག །ཏ་རེའི་སྐུ་ཡི་རྣམ་གྱུར་ལེགས་གསལ་ལྷག་ལྷས་ལུང་བསྟན་དབེན་གནས་སུ། །ཐ་མལ་སྣང་ཞེན་ལྷ་སྐུར་ཡོངས་སྦྱངས་རིག་འཛིན་རྣམ་བཞིའི་གསེང་ལམ་ནས། །ད་ལྟ་དྲུག་པ་རྡོ་རྗེ་འཆང་གི་རྒྱལ་ཚབ་མཆོག་ལ་མངའ་འབྱོར་བའི། །ན་རོ་ཏེ་པའི་མཆེད་གྱུར་དཔལ་ལྡན་གྲུབ་པ་མཆོག་གིས་རྗེས་སྐྱོངས་ཤིག །པ་པཾ་ཁུར་ལྕིས་ནོན་པའི་འགྲོ་ཚོགས་ཐུགས་རྗེས་མི་གཏོང་སྤྲུལ་པའི་གར། །ཕ་གཅིག་བློ་གྲོས་མཐའ་ཡས་ལ་སོགས་གང་འདུལ་ཆུ་ཟླའི་རོལ་རྩེད་ཀྱིས། །བ་གླང་སྤྱོད་སོགས་ནམ་མཁའི་མཐས་གཏུགས་འགྲོ་ཁམས་རྒྱ་མཚོ་སྒྲོལ་མཛད་པའི། །མ་འདྲིས་མཛའ་བཤེས་མཚུངས་བྲལ་གྲུབ་པ་མཆོག་གིས་བྱང་ཆུབ་བར་དུ་སྐྱོངས། །ཙ་ཏུར་ལས་དང་གྲུབ་པ་མཐར་ཕྱིན་ཕུལ་བྱུང་ཤུགས་སྒྲོལ་དམོད་པའི་མཚོན། །ཚ་ངར་ལྕེ་འབབ་དང་མཚུངས་གང་ལ་ཆས་གང་མིང་གི་མཐར་བྱས་མཐུས། །ཛ་ལང་གདུག་པའི་སེམས་འཆང་མི་དང་མི་མིན་ལོག་འདྲེན་འབྱུང་པོའི་དཔུང་། །ཝ་ལྟར་ཞུམ་ནས་ཁྱོད་ཞབས་བཏུད་གྱུར་གྲུབ་པ་མཆོག་གིས་རྗེས་སྐྱོངས་ཤིག །ཞྭ་ལྟར་འབྲལ་མེད་ཚངས་གནས་པདྨོར་ལེགས་མཆོད་སྐལ་བ་མཆོག་རྣམས་ལ། །ཟ་མ་ཙམ་ཡང་མི་བསྙེལ་ཐུགས་བརྩེས་ཆེས་དགོངས་ངོ་མཚར་རྟོགས་པའི་ཕུལ། །འ་འུར་སྩལ་དང་མཚན་ཐོས་ཙམ་གྱིས་སྲིད་པའི་འཆིང་བ་འདྲལ་ལ་སོགས། །ཡ་མཚན་རྨད་བྱུང་འབྲེལ་ཚད་དོན་ལྡན་གྲུབ་པ་མཆོག་གིས་རྗེས་སྐྱོངས་ཤིག །ར་བ་བརྒལ་དཀའ་སྲིད་པའི་གྲོང་ཁྱེར་ཧྲུལ་པོར་གཏོང་ལ་མི་ངལ་ཞིང་། །ལ་བའི་ཞབས་སོགས་གྲུབ་པ་ཡོངས་ཀྱི་རྣམ་ཐར་མ་ལུས་བདག་གིར་བཞེས། །ཤ་རུས་སྙིགས་མ་ཙམ་གྱིས་འབྱུང་བཞི་འཇིག་པ་དཔུང་ཡང་གཞིལ་ནུས་པའི། །ས་གསུམ་འགྲན་བྲལ་གྲུབ་པ་མཆོག་གིས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག །ཧ་ཅང་མཆོག་ཏུ་དགའ་དང་གུས་པའི་ཡིད་ཀྱི་རྫིང་བུ་ལས་ཐོན་པའི། །ཨ་ཏིའི་རྣལ་འབྱོར་མཆོག་ཁྱོད་རྗེས་བསྔགས་ཆུ་སྐྱེས་ཕྲེང་བར་བསྟར་བ་འདིས། །ཡིད་ལ་ཡེ་ཤེས་ཟབ་མོས་རྗེས་སྐྱོང་དོན་གཉིས་འདོད་པ་འཇོ་བ་ཡིས། །འཁོར་བ་དོང་སྤྲུག་བཀྲ་ཤིས་སྣང་བས་ཕྱོགས་དུས་ཀུན་ཏུ་ཁྱབ་གྱུར་ཅིག །ཅེས་པའང་གྲུབ་པ་མཆོག་གི་རོལ་རྩེད་རྫོགས་པའི་སངས་རྒྱས་བློ་གྲོས་མཐའ་ཡས་ཀྱི་ཞབས་ཀྱི་ཆུ་སྐྱེས་སྤྱི་བོས་ལེན་པའི་བནྡེ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་འགྲོ་ཀུན་བླ་མ་མཆོག་གིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།
༄༅། །ༀ་བདེ་ལེགས་སུ་གྱུར་ཅིག རྒྱལ་ཀུན་མཁྱེན་རབ་ཁྱིམ་གྱི་མེའི། །རྣམ་དཔྱོད་འབུམ་ཕྲག་གཅིག་བསྡུས་གཟིས། །མུན་གླིང་དཀར་པོ་བསྒྱུར་མཛད་པ། །འཇམ་མགོན་ཨ་ནུས་ཤིས་པ་སྩོལ། །ཁྱོད་དང་གཞོན་ནུ་ཟུར་ཕུད་ཅན། །རྣམ་པ་ཀུན་ཏུ་མཚུངས་ཐ་དད། །དེ་ནི་སྐལ་མེད་ལ་མི་སྣང་། །ཁྱོད་ནི་མུན་པས་ལོང་བའི་མིག །བོད་ལྗོངས་སྣང་བ་དཀར་པོའི་སྒོ། །འབྱེད་བྱེད་ཁྱོད་འདྲ་གཅིག་ཀྱང་མེད། མཁའ་ལ་ཉིན་མོར་བྱེད་པའི་དཔལ། །གཉིས་པ་ངེས་པར་ཡོད་མ་ཡིན། །ཟླ་བ་བདེ་འབྱུང་གཙུག་ན་བརྒྱན། །ཁྱོད་ཞབས་ཐར་འདོད་ཡོངས་ཀྱིས་བརྟེན། །དེ་ནི་རྟག་ཏུ་གང་མིན་ཡང་། །ཁྱོད་མཁྱེན་དཀྱིལ་འཁོར་ཡོངས་རྫོགས་ཉིད། །གང་ཞིག་ཁྱིམ་པའི་གཟུགས་ཀྱིས་ནི། །སྤོབས་པས་ས་གསུམ་དབང་བྱེད་འདི། །དྲི་མེད་གྲགས་སམ་ཨ་ནུ་ཞེས། །བདག་ཡིད་ཐེ་ཚོམ་ཕྱོགས་ལ་འཕྱན། །ཞིབ་པར་བརྟགས་ཚེ་བསླབ་གསུམ་དང་། །རིག་བྱེད་མིང་ཚིག་བརྗོད་ཀུན་གཞི། །ལྗོངས་འདིར་གསལ་བའི་ཁྱད་ཆོས་གང་། །ལཱི་ཙའི་དགེ་བསྙེན་ལ་མཆིས་སམ། །ཁྱོད་ནི་ཟབ་པས་དག་བྱེད་གཏེར། །བརྟན་པས་འབྱུང་པོ་འཛིན་མའི་གཞི། །ཕན་བདེའི་གྲིབ་མ་སྣུམ་ལྡན་པས། །ཡོངས་འདུའི་ལྗོན་པའི་མཐུན་ཕྱོགས་ཉིད། །འོན་ཀྱང་རྒྱ་མཚོའི་ལག་འགྲོའི་གནས། །ནོར་འཛིན་དམན་སོགས་འགོམ་བྱའི་གཞི། །རྐང་འཐུང་སེམས་མེད་བེམ་པོའི་དངོས། །དེ་སླད་ཁྱོད་ལ་འགྲན་ནུས་ཅི། །རྨད་བྱུང་སྙིང་རྗེའི་གཞན་དབང་གིས། །གངས་ལྗོངས་ཐེག་པ་ཆེན་པོའི་ལམ། །གསལ་ན་གནས་བརྟན་ཤཱ་རིའི་བུ། །ཁྱོད་ཀྱི་རྣམ་དཔྱོད་སྤུན་ཟླར་རུང་། །གང་གི་ཕྲིན་ལས་ནོར་བུའི་ཏོག །འགྲོ་བསོད་ཤེར་བརྩོན་རྒྱལ་མཚན་རྩེར། །ཐོབ་དེས་ཀུན་ཏུ་རྨོངས་པའི་དགྲས། །བརྫི་མིན་དགའ་སྟོན་རྒྱལ་བར་གྱུར། །ཁྱོད་ཞབས་ནོར་བུ་ཀེ་ཏ་ཀས། །མ་དག་ཉེས་ཚོགས་བགྲུང་བའི་རྒྱུས། །ས་ལའི་ནགས་ཀྱི་ལྗོངས་འདི་ཡང་། །དགའ་བ་བརྒྱ་ལྡན་གྲོང་ལས་འཕགས། །ཁྱོད་ཀྱི་མཁྱེན་རབ་མཛོད་ཁང་ཆེར། །ཆུད་མིན་ཤེས་བྱའི་དངོས་པོ་འགའ། །མཆིས་སམ་འོན་ཏེ་མི་མཆི་ཞེས། །བདག་བློ་སོམ་ཉིའི་དྲྭ་བར་ཆུད། །འོན་ཀྱང་ཁྱོད་ནི་ས་བཅུ་པའི། །དབང་ཕྱུག་ཉིད་དུ་སྟོན་དེའི་ཕྱིར། །རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ཡིས། །གཞོམ་བྱ་ཕྲ་མོའང་ལུས་པར་ཤེས། །དེ་ལྟ་ན་ཡང་འཕགས་པའི་ཚུལ། །ཟབ་མོ་བསམ་བྱ་མ་ཡིན་པས། །བྱིས་བློ་ཕྱེ་ལེབ་{བྱེ་ལྷེབ}གཤོག་རྩལ་གྱིས། །ནམ་མཁའི་གཏིང་ཕུག་འཚོལ་འདི་ནོངས། །ཁྱོད་ཀྱི་གསང་གསུམ་ཡོན་ཏན་ནི། །རྒྱལ་བ་ཀུན་དང་མཉམ་པ་ཉིད། །ཕྱོགས་རེར་འདྲེན་འདོད་བྱིས་པའི་མཚང་། །བརྗོད་པ་ལྕེ་ལ་ངོ་ཚ་བཞིན། །འོན་ཀྱང་བཀའ་དྲིན་དྲན་པའི་ངག །སྙན་ཚིག་ཨུཏྤལ་གསར་པའི་ཕྲེང་། །དད་པའི་སོར་མོས་བརྒྱུས་པ་ལ། །ནོངས་པ་མེད་སྙམ་བརྩོན་པ་ལགས། །དེ་ལས་བྱུང་བའི་དགེ་ཚོགས་རྒྱུན། །དུང་དང་པད་རྩ་ལྟར་དཀར་དེས། །འགྲོ་བ་མི་ཁོམ་གཏན་སྤངས་ནས། །ངག་གིས་དབང་ཕྱུག་འགྲུབ་གྱུར་ཅིག །ཅེས་པའང་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས་སྨྲས་པ་ཛ་ཡནྟུ།
༄༅། །ༀ་སྭ་སྟི། ཁྱོད་ཐུགས་མཁྱེན་མཁར་མ་ཆུད་ཤེས་བྱའི་ཆོས། །ཀུན་མཁྱེན་མཛོད་དུ་ཡོད་མེད་སོམ་ཉིའི་རྒྱ། །འགྲོལ་ལ་འཕགས་ཆེན་རྣམས་ཀྱང་ངལ་འཛིན་པའི། །ངག་དབང་ཆོས་དཔལ་རྒྱ་མཚོས་དགེ་ལེགས་སྩོལ། །ཁྱོད་ནི་དོན་དམ་རྣམ་ཀུན་མཆོག་ལྡན་གྱི། །སྟོང་ཆེན་ཨེ་དབྱིངས་ཤེས་རབ་ཕར་ཕྱིན་མར། །ཝཾ་ཡིག་བདེ་ཆེན་འགགས་མེད་རྗེས་ཆགས་མདངས། །ཞིང་ཁམས་རྒྱ་མཚོར་སྙེམ་མའི་བདག་པོར་གྲགས། །ཁྱོད་ནི་བརྟན་གཡོ་ཀུན་ཁྱབ་ཡེ་ཤེས་ཆེ། །ཁྱོད་ཀྱི་ཕྱག་རྒྱས་མ་བཏབ་སྲིད་ཞིའི་ཆོས། །སྲིད་མིན་ཆ་མེད་ཀུན་འགྲོ་ཁྱབ་བའི་བདག །གཙང་རྟག་བདེ་བ་དམ་པའི་ཕར་ཕྱིན་ཉིད། །འོད་གསལ་རང་བཞིན་ཆོས་དབྱིངས་འདུས་མ་བྱས། །ཉི་མཁའ་བཞིན་དུ་དཀོར་བདུན་འབྲས་བུའི་ཆོས། །མ་བཙལ་ལྷུན་རྫོགས་མཉམ་ཉིད་བྱང་ཆུབ་སེམས། །ཟབ་པའི་ཚུལ་དེ་འཕགས་པའི་སྤྱོད་ཡུལ་ལགས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཡོངས་རྫོགས་ལྷར། །ཡེ་ནས་སངས་རྒྱས་དག་རྟོགས་མཉམ་པའི་ཚུལ། །ལེགས་པར་ཤེས་ནས་གོམས་པ་ལྷུར་ལེན་ལ། །འབྲས་བུ་དུས་ལ་ལྟོས་མིན་དངོས་པོའི་གཤིས། །དེ་ལྟ་ན་ཡང་གཉིས་འཛིན་ཀུན་རྟོག་སྐྲས། །གནས་ཚུལ་མི་མཐོང་འཁྲུལ་སྣང་ཆར་བཞིན་འབབས། །དེ་བསལ་སླད་དུ་འཆད་དང་སྡུད་པོ་དང་། །འཛིན་དང་སྤེལ་ཕྱིར་འབུམ་ཕྲག་རོལ་རྩེད་སྟོན། །དེ་ལས་མི་མཇེད་བྱང་ཕྱོགས་ཁ་བའི་རིར། །ཐེག་མཆོག་ང་རོས་ལྟ་དམན་ཝ་སྐྱེས་ཚོགས། །སྐྲག་བྱེད་སྔོན་མེད་གདོང་ལྔའི་དབང་པོ་ཞིག །མྱོས་རིགས་གྲུབ་པའི་དཔྱིད་དུ་ལེགས་འཁྲུངས་རྨད། །ཆུང་ནས་ཐེག་མཆོག་རིགས་ཁམས་ས་ལུའི་སོན། །དད་བརྩེ་ཤེས་བརྩོན་བཟང་པོའི་མྱུ་གུའི་ཚལ། །རྒྱས་དེས་གཟུར་གནས་མཁས་མང་མགྲིན་གཅིག་ཏུ། །བསྔགས་པའི་པུཥྤེ་འཐོར་དེ་འབྲས་ལྡན་ཉིད། །སྡོམ་གསུམ་གནང་བཀག་གཙང་མའི་པད་སྡོང་རྩེར། །རླབས་ཆེན་མཁས་ཚུལ་དགུ་ཡི་འདབ་སྟོང་བཞད། །བསྡུ་བཞིའི་དྲི་བསུང་ཞིམ་པོས་བྷོ་ཊའི་ལྗོངས། །འོག་མིན་ལས་ཀྱང་བསྔགས་འོས་མཆོག་ཏུ་བྱས། །ཁྱབ་པར་དཀྲིགས་སོ་ཆོས་དབྱིངས་རབ་འབྱམས་ཞིང་། །ངོ་མཚར་གསང་གསུམ་བཀོད་པའི་རོལ་མོས་ཏེ། །དབྱིག་འཛིན་ཁྱོན་ཀུན་ཁྱོད་སྲས་འཕགས་པའི་ཚོགས། །རྣམ་གསུམ་ངུར་སྨྲིག་གསར་པའི་ཕྲེང་བས་ཀྱང་། །ཟབ་དང་རྒྱ་ཆེའི་མཁྱེན་པས་འཇམ་པའི་དབྱངས། །མ་ལུས་འགྲོ་ལ་བརྩེ་བས་པད་དཀར་འཆང་། །མི་བསྲུན་གདུལ་དཀའ་འདུལ་བས་གསང་བའི་བདག །རྣམ་ཐར་གཙང་མས་ཐུབ་རྣམས་རྗེས་སུ་འཆིང་། །ཟབ་མོ་ལྟ་བའི་གནས་ལ་ནཱ་ག་རྫུ། །རྒྱ་ཆེན་སྤྱོད་པའི་གཞུང་ལ་ཐོགས་མེད་ཞབས། །རྣམ་དག་རིགས་པའི་ལམ་ལ་ཕྱོགས་ཀྱི་གླང་། །རྣམ་གསུམ་མཁྱེན་པའི་མདངས་ལས་བརྐུས་པར་ངེས། །ཁྱོད་ནི་མང་དུ་ཐོས་པས་དབྱིག་གི་གཉེན། །རྣམ་དག་བརྗོད་པ་གཙང་བས་ཟླ་བའི་ཞབས། །རྩོམ་པའི་ལེགས་བཤད་སྙན་པས་དཔའ་བོ་སྟེ། །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས་པའང་ཡིན། །སྒྲ་ཚད་མཐར་ཕྱིན་ཨཱཪྱ་དེ་ཝ་དངོས། །འདུལ་ལུང་འཆད་ལ་ཡོན་ཤཱཀ་སླར་བྱོན་བཞིན། །རྒྱལ་སྲས་སྤྱོད་སྟོན་ཞི་ལྷའི་ངང་ཚུལ་འཛིན། །རྒྱུད་སྡེའི་མངའ་བདག་མདའ་སྣུན་ཞབས་ཀྱང་ངོ་། །རྣམ་གསུམ་ཡོ་གའི་རིང་ལུགས་ཉིན་བྱེད་གཟིས། །བསིལ་ཁྲོད་གདུང་བ་བཅིལ་ལ་པད་འབྱུང་དང་། །མཚུངས་མོད་གོང་དེ་མཚོ་དཀྱིལ་པད་སྦུབས་དང་། །ཁྱོད་ནི་ལྷ་རིགས་མི་མོའི་མངལ་རྒྱའི་ཁྱད། །སྡེ་གསུམ་རྫོགས་པ་ཆེན་པོའི་གསེང་ལམ་ནས། །འགྲོ་ཀུན་གདོད་གཞིར་འཁྲིད་པ་འདི་ཁོ་ནས། །ཁྱོད་དང་བི་མ་མཚུངས་ཞེས་བརྗོད་མིན་ཏེ། །སྒྱུ་འཕྲུལ་སྙིང་པོའི་རིང་ལུགས་གསལ་འདིས་ཀྱང་། །མདོར་ན་འཕགས་བོད་མཁས་གྲུབ་མཆིས་ཀུན་གྱི། །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཆ། །མཐའ་དག་གཅིག་ཏུ་བསྡོམས་ལས་འཕྲུལ་འདྲ་བའི། །རྣམ་ཐར་ཟབ་མོ་རང་ཉིད་དཔེ་ཟླར་མཚོན། །དེ་སླད་ཁྱོད་མིན་སྐྱབས་གཞན་རྨི་ལམ་ན། །འཚོལ་བའི་གོ་སྐབས་དབེན་པའི་དམན་བདག་ལ། །ཡེ་ཤེས་གཟིགས་པའི་བྱིན་ཆེན་དེང་ཕོབ་ལ། །མཆོག་དང་རྣམ་ཐར་མཚུངས་པར་མཛོད་ཅིག་ཀྱཻ། །ཅེས་པའང་བློ་གྲོས་རྒྱ་མཚོས་སོ།།

ཟེ་ཆེན་མ་ཧཱ་པཎྜི་ཏ་ལ་བསྔགས་པ།

༄༅། །ཟེ་ཆེན་མ་ཧཱ་པཎྜི་ཏ་ལ་བསྔགས་པ། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཀུན་ཕན་ཟླ་བ་བདུད་རྩིའི་ལང་ཚོ་ཡིས། །ཀུན་མཁྱེན་བསྟན་པའི་ཀུ་མུཏ་བཞད་མཛད་ཅིང་། །ཀུན་ཏུ་བཟང་པོའི་རྣམ་ཐར་རྗེས་སྒྲུབ་པའི། །ཀུན་གཟིགས་མཐུ་སྟོབས་རྣམ་པར་རྒྱལ་བས་སྐྱོངས། །ཁྱད་པར་སྙིགས་ལྔའི་འགྲོ་ལ་རྗེས་བརྩེའི་གར། །ཁྱབ་བདག་པདྨ་ཀ་རའི་གདུང་འཚོབ་ཕུལ། །ཁྱུ་མཆོག་སེང་གེའི་འགྲོས་ལྡན་མཚུངས་ཟླས་དབེན། །ཁྱོད་ནི་སྙིགས་དུས་རྒྱལ་བ་གཉིས་པར་གྲུབ། །གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་ནོར་གྱིས། །གང་ཞབས་ཏོག་གི་བློ་གྲོས་བསྙེན་བྱས་རྒྱུའི། །གངྒཱའི་རྒྱུན་ལྟར་ཕྲིན་ལས་ཟབ་མོའི་ཚུལ། །གང་དག་གཟུར་གནས་མཆིས་ན་མི་བསྔགས་སུ། །ངེས་དོན་མཐར་ཐུག་འཁོར་ལོ་བར་ཐ་དང་། །ངེས་གསང་སྙིང་པོ་ནང་རྒྱུད་སྡེ་གསུམ་དོན། །ངེས་པར་སེང་གེའི་སྒྲ་བསྒྲགས་ཀླུ་སྒྲུབ་དངོས། །ངེས་ལེགས་ཐར་པ་བགྲོད་པའི་ལམ་སྟོན་རྨད། །གཅིག་པུ་ཙམ་མིན་ཕྱོགས་གྲངས་ཤེས་བྱའི་ཆབ། །གཅིག་ཏུ་བརྩོན་པའི་ཧུབ་ཀྱིས་དྲངས་པའི་བཅུད། །གཅིག་བསྡུས་ལེགས་བཤད་མི་ཟད་སྐྱུག་མཁས་པ། །གཅིག་ཆོག་ཨཱཪྱ་དཱེ་ཝའི་མཆེད་ཟླ་ཉིད། །ཆོས་ཀུན་དྲང་ངེས་རྣམ་འབྱེད་ལ་མཁས་པས། །ཆོས་ཉིད་ཟབ་མོའི་མཐར་ཐུག་འགྲོ་ལ་སྟོན། །ཆོས་ཀྱི་རྒྱལ་པོ་འཕགས་པ་ཐོགས་མེད་དངོས། །ཆོས་སྤྱན་ལྡན་པ་ཡོངས་ཀྱིས་མགྲིན་གཅིག་བསྔགས། །འཇིག་ལྟའི་བྲག་རི་རྨང་ནས་འགྱེལ་བྱེད་ཅིང་། །འཇིག་ཚོགས་སྨྲ་བའི་དམ་བཅའ་རྡུལ་ཕྲན་དུ། །འཇིག་ནུས་རིགས་པའི་རྩེ་བརྒྱ་གདེངས་མཛད་པའི། །འཇིགས་བྲལ་ལྷ་དབང་ཆོས་ཀྱི་གྲགས་པར་ངེས། །ཉེས་པའི་དྲི་བྲལ་མཁྱེན་པའི་དཀྱིལ་འཁོར་རྫོགས། །ཉམ་ཐག་འགྲོ་ལ་ལྷག་པར་བརྩེ་བས་དགོངས། །སྙིང་པོའི་བསྟན་པའི་པད་ཚལ་བཞད་ནུས་པའི། །ཉིན་མོར་བྱེད་པ་ཤཱནྟ་དེ་ཝར་གྲུབ། །བརྟན་མཁས་ཡོན་ཏན་བྱེད་པའི་དཔལ་གྱིས་མཐོ། །སྟོན་པས་ལེགས་གསུང་ཆོས་ཀུན་ཐུགས་སུ་ཆུབ། །བསྟན་པ་རིན་ཆེན་ཁོང་པའི་སྙིང་ལྟར་བཅང་། །བསྟན་འགྲོའི་དཔལ་མགོན་དབྱིག་གཉེན་རྣམ་ཐར་འཛིན། །ཐེག་དམན་ལམ་དུ་དུས་རིང་དུབ་བའི་འགྲོ། །ཐེག་མཆོག་ངལ་སོའི་སྟེགས་ལ་འགོད་མཛད་པའི། །ཐེག་ཆེན་རྣལ་འབྱོར་རྨད་བྱུང་ཟླ་བའི་ཞབས། །ཐེག་སྒོ་དབྱེ་སླད་སླར་ཡང་བྱོན་པར་ངེས། །དོན་མེད་ཆོས་བརྒྱད་འཆིང་བས་བཅིངས་མིན་པར། །དོན་ལྡན་ལྷག་པའི་ལྷ་ཡིས་རྗེས་བསྐུལ་ཚེ། །དོན་ཆེན་བསྟན་པའི་བྱ་བར་ཆེས་བརྩོན་པའི། །དོན་དམ་གཟིགས་པ་ཕྱོགས་ཀྱི་གླང་པོར་མཐུན། །ནོར་མཆོག་འཕགས་པའི་ཡོན་གྱིས་ཆེས་འབྱོར་པས། །ན་གཞོན་བྱིས་པའི་དུས་ན་རྒན་པོའི་བློ། །རྣམ་དག་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱུན། །ནམ་མཁའ་མཛོད་ཀྱི་སྒོ་འཕར་འབྱེད་དེ་མཚར། །དཔག་མེད་ཏིང་འཛིན་གཟུངས་སྤྲིན་མངོན་ཤེས་མངའ། །སྤ་ལོ་ཚུལ་འཆོས་སྒྱུ་སོགས་དྲི་ཡིས་དབེན། །དཔེ་བྲལ་ཤཱཀྱའི་སྲས་ཀྱི་གདུང་འཚོ བ་ཕུལ། །དཔལ་ལྡན་ཞི་འཚོའི་རྣམ་ཐར་རྗེས་སུ་སྙེགས། །འཕགས་བོད་མཁས་གྲུབ་བྱེ་བའི་ཐུགས་ཀྱི་བཅུད། །འཕགས་བཞི་བསྐྱེད་པའི་ཡུམ་གྱུར་ཤེར་ཕྱིན་ལས། །འཕགས་ཆོས་སྣང་བཞིིའི་ཡེ་ཤེས་ཚད་ཕེབས་པའི། །འཕགས་པའི་ལམ་སྟོན་ཟླ་བྲལ་པད་འབྱུང་དངོས། །བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཡོངས་སུ་གྲོལ། །འབད་རྩོལ་མཐའ་དག་བསྟན་འགྲོར་སྨན་པའི་ཐབས། །འབྲེལ་བ་ཐོབ་ཚད་ངན་སོང་སྐྱེ་སྒོ་གཅོད། །བོད་ཆེན་འདྲེན་པ་འཁྲི་སྡེའི་གཟུགས་ཟླར་འོས། །མེ་ལོང་ངོགས་སུ་སྣང་བའི་གཟུགས་བརྙན་བཞིན། །མ་འགགས་གང་འདུལ་སྒྱུ་མའི་རོལ་རྩེ་དགྱེས། །མུ་མཐའ་བྲལ་བའི་འགྲོ་ཀུན་འདྲེན་མཛད་པས། །མི་ཤིགས་གསང་གསུམ་རྡོ་རྗེའི་ངོ་མཚར་རྨད། །བརྩེ་ཆེན་ཐུགས་རྗེའི་གཏེར་གྱི་རིག་སྔགས་གྲུབ། །རྩོལ་མེད་ཕྲིན་ལས་འཇུག་པ་མཁའ་དང་མཉམ། །བརྩེ་བའི་ཡུལ་གྱུར་སྲིད་མཚོ་དོང་སྤྲུགས་ཕུལ། །བརྩོན་པའི་གོ་ཆ་སྲས་བཅས་རྒྱལ་རྣམས་བཞིན། །ཚེ་རབས་ཀུན་ཏུ་རྒྱལ་བའི་ཆོས་མཛོད་འཛིན། །ཚུལ་ཁྲིམས་དག་པས་ལྷར་བཅས་སྐྱེ་དགུས་བཏུད། །མཚུངས་ཟླ་བྲལ་བའི་ཡོན་ཏན་འབྱོར་པའི་གཏེར། །ཚུར་མཐོང་བྱིས་པའི་བློ་ཡིས་གཞལ་བྱ་ཅི། །མཛད་སྤྱོད་ཀུན་ལ་འཁྲུལ་པའི་དྲི་མ་བྲལ། །འཛད་མེད་བློ་དང་སྤོབས་པས་གདུལ་འགྲོ་སྐྱོངས། །མཛེས་པའི་སྐུ་མཐོང་ཙམ་གྱིས་སྲིད་ལམ་དགག །ཛེ་ཏའི་ཚལ་བཞུགས་རྒྱལ་བའི་མཆེད་ཟླར་གྱུར། །ཝ་ལེར་དད་པའི་ཡིད་མཁར་འགོག་མེད་དུ། །ཝལ་ཝལ་གསང་གསུམ་ཡོན་ཏན་ཉེར་བཀོད་ནས། །ཝ་ཆུའི་རྒྱུན་བཞིན་གསོལ་འདེབས་སྐལ་བཟང་ལ། །ཝ་གི་ཤྭ་རི་གྲུབ་པའི་དགེ་མཚན་བྱིན། །ཞི་དང་ཁྲོ་སོགས་རབ་འབྱམས་དཀྱིལ་འཁོར་ལྷ། །ཞིང་ཁམས་རྒྱ་མཚོར་སྤྲོ་བསྡུའི་བྱེད་པོ་མཆོག །ཞུ་མཆེད་བསྟོད་དབྱངས་རྒྱ་མཚོས་རྗེས་བསྐུལ་ན། །གཞུ་ལྟར་འཁྱོགས་པའི་དམན་པ་བདག་ལ་དགོངས། །གཟུང་འཛིན་འཆིང་བ་ཀུན་ལས་རྣམ་གྲོལ་བའི། །གཟོད་ནས་ཞི་བ་གཉུག་མའི་རྒྱལ་ཁམས་ཆེ། །ཟབ་གསལ་གཉིས་མེད་རྟོགས་པའི་ཡེ་ཤེས་ཀྱིས། །གཟུངས་སྤོབས་བློ་གྲོས་སྒོར་བརྒྱ་འབྱེད་བྱིན་རློབས། །འལ་འོལ་བྱིས་པའི་འབྲིད་མཁས་སྨྲིག་རྒྱུ་ལྟའི། །འོལ་སྣང་ཚེ་འདིར་ཞེན་པའི་གདོས་ཐག་ཀུན། །འ་འུར་ངེས་འབྱུང་མཚོན་ཆས་མྱུར་བཅད་ནས། །འོད་གསལ་སྒོམས་ལ་མི་ཚེ་འཁྱོལ་བྱིན་རློབས། །ཡེ་ཤེས་མངོན་སུམ་སྟོན་པའི་མན་ངག་བཅུད། །ཡེ་བབ་སོར་བཞག་ཀློང་ཆེན་དགོངས་པའི་གནད། ཡིན་ལུགས་ཅོག་བཞག་བཞི་ཡི་གསེང་ལམ་ནས། །ཡིད་དཔྱོད་གྲུབ་མཐའ་ཞིག་པར་བྱིན་གྱིས་རློབས། །རང་རིག་སྐུ་གསུམ་དགོངས་ཀློང་མངོན་གྱུར་ནས། །རང་སྣང་རིས་མེད་མཉམ་པ་ཆེན་པོའི་ངང་། །རང་གཞན་དོན་གཉིས་འབད་མེད་ལྷུན་གྲུབ་ཏེ། །རང་བྱུང་པདྨ་རྒྱལ་པོའི་སྐུ་འགྲུབ་ཤོག །ལེགས་ལྡན་འགྲོ་ལ་བླང་དོར་སྟོན་པའི་མིག །ལམ་མཆོག་མཐར་ཐུག་རྒྱལ་བསྟན་རིན་པོ་ཆེ། །ལོག་རྟོག་དབང་གིས་ནམ་ཡང་མི་བ སྒྲིབ་པར། །ལུང་རིགས་མཐུ་ཡིས་སྲིད་མཐར་གསལ་གྱུར་ཅིག །ཤེས་རབ་ཟབ་མོས་བླང་དོར་གནས་འབྱེད་ཅིང་། །ཤེས་བཞིན་བྱ་རས་རང་རྒྱུད་ལེགས་བརྟགས་པའི། །ཤེས་ལྡན་སྐྱེ་བོའི་ཚོགས་ཀྱིས་ཕྱོགས་ཀུན་ཁྱབ། །ཤེས་དོན་སྒྲུབ་པས་མཐོ་རིས་མཛེས་བྱེད་ཤོག །སངས་རྒྱས་བྱིན་རླབས་གདུལ་བྱའི་རྒྱུད་ལ་ཞུགས། །སེམས་ཅན་དཀར་པོའི་བག་ཆགས་རྣམ་པར་འཕེལ། །སུ་ཡང་མི་ཤིས་རྒུད་པའི་མིང་མི་གྲགས། །ས་གསུམ་འཇིག་རྟེན་དགའ་བའི་བཀྲ་ཤིས་ཤོག །ཧ་པོ་གང་ལས་དཀར་བའི་ལེགས་བྱས་མཐུ། །ཧ་རིའི་ལྗོན་པའི་བསུང་བཞིན་འགྲོ་ཚོགས་ལ། །ཧ་ཧ་སིམ་པ་སྟེར་བའི་དགེ་མཚན་གྱིས། །ཧེ་རུ་ཀཿདཔལ་བླ་མ་མཉེས་གྱུར་ཅིག །ཨེ་མ་ངོ་མཚར་ཡི་གེའི་ཕྱི་མོ་ཡིས། །ཨ་ཏིའི་བསྟན་བདག་ཟེ་ཆེན་པཎྜི་ཏ། །ཨ་ལ་ལ་ཞེས་མཆོག་ཏུ་གུས་པའི་བློས། །ཨ་ཧོ་བསྔགས་པའི་ཕྲེང་བ་བསྟར་བ་པོ། །ཨ་གྲོ་བན་ཆུང་པདྨ་རྣམ་རྒྱལ་ཏེ། །ཨ་དོན་སྐྱེ་མེད་སྒོམ་པའི་རྗེས་ཐོབ་ཏུ། །ཨ་མཚར་བློ་གསལ་ཚོགས་རྣམས་དགའ་སྐྱེད་སླད། །ཨ་ཏིའི་སྒོམ་གྲྭ་པདྨ་འོད་ནས་སོ།། །།

ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བསྔགས་པ་ཨུཏྤལ་གཞོན་ནུའི་ཕྲེང་བ།

༄༅། །ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བསྔགས་པ་ཨུཏྤལ་གཞོན་ནུའི་ཕྲེང་བ། བླ་མ་ལ་ཕྱག་འཚལ་ལོ། །གྲགས་པའི་གཏེར་གྱུར་ཡོན་ཏན་བྱེ་བའི་རླབས་ཕྲེང་གིས། །ལྷར་བཅས་སྐྱེ་དགུའི་ཡིད་ཀྱི་གདུང་བ་ཀུན་སེལ་ཞིང་། །མཁས་གྲུབ་ཀླུ་མཆོག་བྱེ་བའི་ཚོགས་ཀྱིས་བརྟེན་བྱས་པའི། །ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོས་རྗེས་སྐྱོངས་ཤིག ༡ །སྔོན་རབས་དུ་མར་གོམས་པའི་ཐུགས་བསྐྱེད་རླུང་ཤུགས་ཀྱིས། །ཉེར་བསྐུལ་རླབས་ཆེན་བརྩོན་པའི་གྲུ་གཟིངས་སྟོབས་བསྐྱེད་པས། །རིས་མེད་ཐུབ་བསྟན་ནོར་བུའི་གླིང་ལ་དབང་བསྒྱུར་བའི། །ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོས་རྗེས་སྐྱོངས་ཤིག ༢ །འཕགས་བོད་ལོ་པཎ་མཁས་མང་ཉེ་དབང་གིས་བསྟེན་པའི། །སྒྲ་ཚད་བཟོ་གསོ་ནང་རིག་སྐལ་ལྡན་ཤིང་རྟའི་རྒྱུན། །མ་ལུས་རྣམ་དཔྱོད་ལྟོ་བར་བསྐྱིལ་མཁས་དྲང་སྲོང་མཆོག །ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོས་རྗེས་སྐྱོངས་ཤིག ༣ །བདེ་སྟོང་རྡོ་རྗེའི་ཉམས་བརྒྱས་སྒེག་པའི་གྲུབ་ཚོགས་ཀྱི། །ཟབ་གསང་རྟོགས་པའི་མྱོས་གླུས་སྐལ་ལྡན་རྐང་དྲུག་ཚོགས། །ཡོངས་སྨིན་སྒྲུབ་བརྒྱུད་ཡིད་བཞིན་མཛོད་ཀྱི་གཉེར་ཁ་པ། །ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོས་རྗེས་སྐྱོངས་ཤིག ༤ །མཚོ་སྐྱེས་རྒྱལ་བའི་ཡེ་ཤེས་སྤྱན་གྱིས་དུས་གསུམ་དུ། །གཟིགས་ཀྱང་ཁྱོད་དང་མཉམ་པ་གཞན་འགའ་མ་རྙེད་ནས། །བཀའ་བབས་བདུན་གྱི་གསང་མཛོད་ཁྱོད་གཅིག་ཁོ་ནར་གཏད། །ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོས་རྗེས་སྐྱོངས་ཤིག །བསིལ་ལྗོངས་འདི་ན་མཁས་དང་གྲུབ་པར་གྲགས་རྣམས་ཀྱིས། །ཁྱོད་ཞབས་པདྨའི་གེ་སར་ཉེ་བར་མ་བསྟེན་སུ། །དེ་སླད་ལུང་རྟོགས་སྦྲང་རྩིའི་བཅུད་ཀྱིས་ལྕི་བར་བྱས། །ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོས་རྗེས་སྐྱོངས་ཤིག ༦ །ལྷ་ཀླུ་མི་བདག་སྲིད་ན་ཆེ་བར་གྲགས་རྣམས་ཀྱི། །ཁེངས་པའི་ལག་པད་ཟུམ་པས་གཙུག་ནོར་མཐོན་ཀའི་དཔལ། །ཞབས་སེན་ཟླ་བ་གསར་པའི་རྒྱན་དུ་མཛེས་བྱས་པ། །ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོས་རྗེས་སྐྱོངས་ཤིག ༧ །དེང་དུས་སྙིགས་མར་སྤྱོད་པའི་ངང་ཚུལ་ཆུ་བདག་སྦུབས། །ཐུབ་བསྟན་ས་ཆེན་བྱིང་ལ་ཕྱོགས་ཚེ་ཕྲག་པ་ཡིས། །འདེགས་བཟོད་དཔལ་གྱི་ལག་པ་ཁྱོད་མིན་གཞན་པ་སུ། །ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོས་རྗེས་སྐྱོངས་ཤིག ༨ །ཁྱོད་སྲས་མཁས་གྲུབ་ཉེ་དབང་བྱེ་བའི་བསོད་ནམས་ཀྱི། །དཔུང་པས་ཡོངས་བསྲུང་བཤད་སྒྲུབ་ལྷ་ཡི་དགའ་ཚལ་མཆོག །ཆེས་ཆེར་དར་བས་རྫོགས་ལྡན་བྲིས་པའི་རི་མོར་བྱས། །ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོས་རྗེས་སྐྱོངས་ཤིག ༩ །ཁྱོད་ཞལ་མཇལ་དང་གསུང་གི་བདུད་རྩིའི་ཟེགས་མ་ཙམ། །སུ་ཞིག་སྒྲ་འཛིན་བུམ་པར་སོན་པ་དེ་ཀུན་ཀྱང་། །སླད་ནས་སྲིད་པའི་རིམས་ནད་རྒྱུ་བའི་སྐབས་མིན་པ། །ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོས་རྗེས་སྐྱོངས་ཤིག ༡༠ །འདི་ནས་བཟུང་སྟེ་ཚེ་རབས་ཕྲེང་བར་ཁྱོད་ཞབས་རྡུལ། །གནས་ལྔའི་རྩེ་མོར་ཆགས་པའི་སྐལ་བཟང་ཡོལ་མིན་པར། །དད་སོགས་འཕགས་ནོར་བདུན་གྱི་འབྱོར་པ་རྒྱ་ཆེན་པོས། །ཡོངས་གཏམས་སྲིད་པའི་དབུལ་ཀུན་དེང་ནས་རྒྱུན་ཆད་མཛོད། ༡༡ །ཐེག་མཆོག་རིགས་ཁམས་འཛིན་མར་བྱང་ཕྱོགས་དཔག་བསམ་དབང་། །གཞན་ཕན་བསྡུ་བཞིའི་མེ་འབྲས་ཆེར་རྒྱས་དོན་མཐུན་འགྲོར། །རྟོན་པ་བཞི་ལྡན་ངེས་དོན་སྙིང་པོའི་འདོད་དགུའི་ཆར། །ཅི་དགར་སྦྱིན་པའི་སྐལ་བཟང་དེང་འདིར་སྩོལ་མཛོད་ཀྱེ། ༡༢ །བཀྲ་ཤིས་གང་ཞིག་མཆོག་བྱིན་རྫོགས་ལྡན་སྤྲིན་ཆེན་ལས། །དགེ་ལེགས་ཕན་བདེའི་གྲུ་ཆར་རྟག་པར་འཇོ་བ་ཡིས། །ས་འདི་དགའ་བ་བརྒྱ་ལྡན་གྲོང་བཞིན་རྟག་འབྱོར་པས། །ངེས་དོན་ཆོས་ཀྱི་རྒྱལ་སྲིད་མི་ཉམས་བརྟན་གྱུར་ཅིག ༡༣ །ཅེས་པའང་དགེ་སློང་ཞིང་སྐྱོང་ལགས་ཀྱི་གསུང་བསྐུལ་ངོར་པདྨ་བི་ཛས་བྲིས་པ་སྐྱེ་ཀུན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།

འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་ལ་སྙན་ངག་དོན་རྒྱན་གྱི་སྒོ་ནས་བསྔགས་པ་པུཎྜ་རི་ཀའི་ཕྲེང་བ།

༄༅། །འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་ལ་སྙན་ངག་དོན་རྒྱན་གྱི་སྒོ་ནས་བསྔགས་པ་པུཎྜ་རི་ཀའི་ཕྲེང་བ། ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རང་བཞིན་བརྗོད་པ། རྒྱལ་བས་ལུང་བསྟན་རྩོད་བྲལ་སྤྲུལ་པའི་སྐུ། །ཤེས་བྱ་ཀུན་མཁྱེན་མཛོད་ལྔའི་ལམ་སྲོལ་འབྱེད། །རིས་མེད་བསྟན་ལ་ཕྱག་བཞེས་རྨད་བྱུང་བ། །བློ་གྲོས་མཐའ་ཡས་ཞབས་ལ་ཕྱག་བགྱིའོ། །དཔེ་རྒྱན། གང་གི་ཐུགས་བསྐྱེད་པདྨ་དཀར་པོ་བཞིན། །སྙིགས་ལྔའི་མཐར་ཡང་དམ་ཆོས་འཛིན་པའི་ཚུལ། །མཆོག་དང་མཚུངས་པ་འགའ་ཡང་མ་འཚལ་བས། །རང་ཉིད་དཔེ་ཟླར་བཞག་ལས་གཞན་དུ་ཅི། །གཟུགས་ཅན། རྣམ་དག་ཚུལ་ཁྲིམས་གསེར་གྱི་ཀ་ལཱ་ཤར། །ཟག་མེད་ཏིང་འཛིན་བདུད་རྩིའི་བཅུད་ཀྱིས་གཏམས། །ཤེས་རབ་རྣམ་བཀྲའི་རྒྱན་གྱིས་རབ་མཛེས་པ། །ཐར་འདོད་སྐྱེ་བོ་ཡོངས་ཀྱིས་བསྟེན་འོས་ཉིད། །གསལ་བྱེད། སྣང་བར་བྱས་སོ་ཐུན་མོང་ཤེས་བྱའི་གཞུང་། །ཐུན་མིན་མདོ་དང་རྒྱུད་སྡེའི་བཤད་བཀའི་རྒྱུན། །ཟབ་གསང་སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་ཏེ། །ཡང་ཟབ་རྩོལ་མེད་ཨ་ཏིའི་གསེང་ལམ་ཡང་། །བསྐོར་བ། ཁྱོད་ཀྱི་ལུང་རིགས་ཟབ་མྱུར་སྤོོབས་པ་ཡིས། །གཞན་སྡེའི་སྨྲ་བ་ཟིལ་མནན་བག་ཕེབས་རོལ། །རྒོལ་བའི་རེ་བ་ཟད་པའི་སྐྱེ་བོ་ཕལ། །སེམས་ལས་ཆུང་ངུས་རང་ཁྱིམ་བག་ཕེབས་རོལ། །འགོག་རྒྱན། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིང་ལུགས་ཆེར། །ཕྱག་བཞེས་ཆེ་ཞེས་ཉིད་ལ་མི་བསྟོད་དེ། །གསང་འཛིན་མགོན་པོ་རང་གི་བསྟན་པ་མཆོག །སྤེལ་ཕྱིར་བསམ་བཞིན་སླར་ལ་འབྱོན་དེའི་ཕྱིར། །དོན་གཞན་བཀོད་པ། འཁྲུལ་པའི་དྲི་བྲལ་རྒྱལ་ཀུན་གསང་བའི་མཛོད། །ཟབ་མོའི་ཚུལ་ལའང་ཁ་ཅིག་འཁུ་ལ་ལྟོས། །འོན་ཀྱང་ལོག་ལྟས་བསྒྲིབས་པའི་མཐོང་བྱེད་སྒོར། །སྟོན་པའི་མཛད་སྤྱོད་གཡོ་སྒྱུར་མཐོང་མིན་ནམ། །ལྡོག་པ་ཅན། མང་དུ་ཐོས་པའི་ཡོན་ཏན་རྒྱ་ཆེ་ཞིང་། །རྒྱལ་བའི་ཆོས་མཛོད་ཡོངས་སུ་སྡུད་མཛད་པས། །ཁྱོད་དང་ཉེ་གནས་ཀུན་དགའ་མཚུངས་ཐ་དད། །མགོན་ཁྱོད་བསིལ་ལྗོངས་གདུལ་བྱའི་མགོན་འདིས་སོ། །སྲིད་པ་ཅན། རྒྱུ་ཡིས་མ་བསྐྱེད་ཐེག་མཆོག་རིགས་ཁམས་བརྟས། །རྐྱེན་གྱིས་བསྒྱུར་མིན་དམ་པའི་ངང་ཚུལ་འཛིན། །གཞན་གྱི་མ་བཅོལ་ཉིད་ཀྱི་ཐུགས་བསྐྱེད་མཐུས། །བསྟན་དང་འགྲོ་ལ་ཕན་པ་རྒྱ་ཆེན་མཛད། །བསྡུས་བརྗོད། འདི་ན་ཉིན་མོར་བྱེད་པའི་གཟི་འོད་ཀྱིས། །འཇིག་རྟེན་མུན་ཚོགས་སེལ་ལ་མི་མཚར་བ། །མཚན་དུས་མི་ཁྱེར་སྣང་བའི་འོད་ཙམ་ལ། །རེ་ལྟོས་འཆའ་བའི་སྐྱེ་བོ་འགའ་ཡང་མཐོང་། །ཕུལ་བྱུང་། མགོན་པོ་མཆོག་གི་ཐུགས་སུ་མ་ཆུབ་པའི། །ཤེས་བྱའི་ཆོས་གང་སྲིད་ན་མ་འཚལ་བས། །ཀུན་མཁྱེན་མཛོད་དུ་འགའ་ཞིག་ཡོད་མེད་ཅེས། །བདག་གི་བློ་ནི་ཐེ་ཚོམ་དྲྭ་བར་ཆུད། །རབ་བཏགས། མཁའ་ཁྱབ་འགྲོ་ལ་རྗེས་བརྩེའི་སྙིང་རྗེའི་ལྕིད། །འདེགས་པར་མ་བཟོད་ནོར་འཛིན་དགའ་མ་ཡང་། །འཁུན་པའི་སྒྲར་བཅས་ཅུང་ཟད་འདར་བ་ལ། །རྒྱུ་སྐར་ཚོགས་རྣམས་འཕྱ་བས་རྒོད་པ་འདྲ། །རྒྱུ་རྒྱན། གང་གི་ལེགས་མཛད་ཕྲིན་ལས་བཟང་པོ་ཡིས། །རིས་བྲལ་བསྟན་འགྲོའི་དགའ་སྟོན་སྤེལ་བ་འདིས། །རྣམ་དཔྱོད་ལྡན་དང་གཟུ་བོར་གནས་རྣམས་ཀྱི། །ཡིད་ལ་སྔོན་མེད་དགའ་བ་རྒྱས་པར་བྱེད། །ཕྲ་མོ། ཚེ་རབས་ཕྲེང་བར་ཁྱོད་ཞབས་མནྡར། །བརྟེན་པའི་སྐལ་བཟང་སྙིང་ནས་སྨོན་པའི་མོད། །དགྱེས་ཞལ་འཛུམ་པའི་པུཎྜ་རི་ཀའི་ཕྲེང་། །དད་པའི་འདྲེན་བྱེད་ངོགས་སུ་མངོན་དུ་གྱུར། །ཆ་རྒྱན། རྒྱ་ཆེན་ཆོས་མཛོད་ཟབ་མོར་མ་ཆུད་འགར། །རང་ལུགས་འཛིན་པའི་བཤེས་གཉེན་ཆེས་མང་ཕྱིར། །ནམ་ཡང་ནུབ་པ་མེད་པའི་གནས་གཟིགས་ནས། །ཐུགས་ཁྲེལ་ཆུང་བར་དགོངས་ལས་གཞན་དུ་ཅི། །རིམ་པ་ཅན། མགོན་པོ་ཁྱོད་ཀྱི་འཆད་པའི་ལེགས་བཤད་དང་། །རྩོམ་པའི་རྣམ་དཔྱོད་རྩོད་པའི་རིགས་ལམ་ཚུལ། །མཁས་མཆོག་དབྱིག་གཉེན་དཔའ་བོ་ཆོས་གྲགས་ལས། །བརྐུས་པར་ངེས་སོ་ཐུབ་པས་ལུང་བསྟན་རྗེ། །དགའ་བའི་རྒྱན། མཆོག་གི་ཞལ་བཟང་བལྟ་དང་གདམས་ཟབ་ཉན། །དེང་བདག་ཡིད་ལ་དགའ་བ་སྐྱེས་པ་གང་། །སླར་ཡང་བསོད་ནམས་ཟོང་གི་འདི་འདྲའི་དཔལ། །མངོན་སུམ་ཉམས་སུ་མྱོང་ལས་གཞན་གྱིས་མིན། །ཉམས་ལྡན། སྒྲིན་པོའི་བློ་ཡིས་བརྩོན་ཀྱང་བསྐལ་བ་བརྒྱར། །རྟོགས་པར་ནུས་མིན་ལྷན་སྐྱེས་ཕྱག་རྒྱ་ཆེ། །མགོན་པོ་གང་གི་བརྡ་ཐབས་རྟེན་འབྲེལ་གྱིས། །ཨེ་མ་མངོན་སུམ་བསྟན་འདི་རྨི་ལམ་མིན། །གཟི་བརྗིད་ཅན། པདྨ་གར་དབང་ནུས་མཐུའི་ཚ་དབལ་གྱིས། །ནག་ཕྱོགས་གདུག་པ་མཐའ་དག་ཚར་བཅད་ཅེས། །དཀར་ཕྱོགས་སྐྱེ་དགུའི་ཚོགས་རྣམས་འཇིགས་མི་འཚལ། །ངང་ཚུལ་དགེ་བར་སྤྱོད་རྣམས་ནམ་ཡང་མིན། །རྣམ་གྲངས་བརྗོད་པ། མཆོག་གི་ཐུགས་བསྐྱེད་བརྩོན་པའི་གྲུ་གཟིངས་ཀྱིས། །གཅིག་ཀྱང་མ་ལུས་སྲིད་པའི་འགྲོ་བ་རྣམས། །བདེ་བའི་ངལ་སྟེགས་མཆོག་ལ་འགོད་མཛོད་དང་། །བདག་འདྲ་བཏང་ཉོམས་ངང་དུ་གྱུར་ཀྱང་བཟོད། །ཀུན་ཕན། བློ་གྲོས་མཐའ་ཡས་ཟབ་མོའི་ཆོས་གཏེར་མཛོད། །བསྡུ་བར་བཞེད་ཚེ་མདོ་སྒྱུ་སྒྲུབ་སྡེ་སོགས། །སྔོན་མེད་བཀའ་བབས་བདུན་གྱི་སྒོ་འཕར་ཡང་། །མཚོ་སྐྱེས་རྒྱལ་བའི་ཐུགས་རྗེས་རྣམ་པར་དབྱེ། །རྒྱ་ཆེ་བ། སྔོན་བྱོན་མཁས་དང་གྲུབ་པ་བརྒྱ་ཕྲག་གིས། །འདེགས་པར་མ་བཟོད་ཐུབ་བསྟན་ལྕི་བའི་ཁུར། །སྙིགས་མས་གཙེས་ཤིང་རྒུད་པས་ཉམ་ཐག་འདིར། །འདེགས་བཟོད་ཐུགས་བསྐྱེད་སྤོབས་པ་ཁྱོད་ལ་མངའ། །བསྙོན་དོར། མཆོག་གི་གསང་གསུམ་བཀོད་པ་གཅིག་ཉིད་མིན། །འབུམ་ཕྲག་རྣམ་པར་འཕྲུལ་ལ་བསྙོན་དུ་ཅི། །དེ་ལས་གཞན་དུ་ངོ་མཚར་མཛད་ཕྲིན་འདི། །སྙིགས་དུས་ཚེ་ཐུང་གཅིག་ལ་ཅི་ཕྱིར་རྫོགས། །སྦྱར་བ། སྤོབས་པ་མཐའ་ཡས་བློ་གྲོས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་སྒྲ་སྦྱར། འཛད་མི་ཤེས། །ཉེས་ལས་རྣམ་གྲོལ་ཡོན་ཏན་བྱེ་བའི་གཏེར། །རྒྱལ་སྲས་མཆོག་དང་ཁོ་བོའི་འདྲེན་པ་རྗེས། །སྟོན་པའི་ཆོས་མཛོད་རྒྱ་མཚོ་འཛིན་པར་བྱས།། ཁྱད་པར་བརྗོད་པ། ཁྱོད་གསུང་རྣམ་མང་ལེགས་པར་བཤད་པའི་གཏེར། །འདོད་ལ་གོམས་པའི་སྒྱུ་རྩལ་ལྡན་མིན་ཞིང་། །ཟོལ་སྦྱོར་ངོ་བསྟོད་ཚིག་གིས་འབྲིད་མིན་ཡང་། །ས་སྟེང་མཁས་པ་ཀུན་གྱི་ཡིད་དབང་འཕྲོག །མཚུངས་སྦྱོར་གྱི་རྒྱན། རིགས་གསུམ་སེམས་དཔའ་འོད་སྲུང་ཀུན་དགའ་བོ། །ཉེ་བར་འཁོར་དང་བདག་གི་མགོན་ཁྱོད་ཀྱང་། །རབ་འབྱམས་བཀའ་ཡི་སྡུད་པ་པོ་ཉིད་ཅེས། །ངོ་མཚར་སྙན་པ་ཡུལ་གཞན་མེད་པར་འཛིན། །འགལ་རྒྱན། ཁྱོད་ཀྱི་ལེགས་མཛད་གྲགས་པའི་སྙན་དབྱངས་མཆོག །ཐར་འདོད་སྐལ་བཟང་རྣ་བའི་བདུད་རྩི་སྟེ། །སྐལ་དམན་ལོག་པར་ལྟ་བའི་གཞན་དབང་དང་། །ཕྱོགས་ཞེན་ཅན་འགའི་རྣ་བར་དུག་ཏུ་གྱུར། །སྐབས་མིན་བསྟོད་པ། ཕྱོགས་ཞེན་དུག་ཆུས་མྱོས་པའི་བཙུན་གཟུགས་ཕལ། །མཐོང་ཚེ་ནགས་སུ་རྩྭ་ཆུས་ཉེར་འཚོ་ཞིང་། །བག་ཕེབས་བདེ་ལ་རོལ་བའི་རི་སྐྱེས་ཚོགས། །ཆོས་སྤངས་སྒྲིབ་པས་མ་སྦགས་སྐལ་བཟང་ཉིད། །ཟོལ་བསྟོད། དགེ་སྦྱོང་གྲོང་དུ་རྒྱུ་བའི་སྨྱིག་མ་མཁན། །མདའ་བསྣུན་ཞབས་ཀྱི་གོ་འཕང་དེ་བརྙེས་པར། །བདག་ནི་ཟུང་འཇུག་གྲུབ་པ་མཆོག་ཡིན་ཞེས། །སྙེམས་པ་མཆོག་གི་འཁྲི་ལ་འཛེགས་འོས་མིན། །ངེས་བསྟན། དབྱར་སྐྱེས་ཆུ་འཛིན་ལས་ཐོན་བསིལ་བཅུད་ཀྱིས། །རྩ་ལྗང་མྱུ་གུ་གསར་པའི་ཕྲེང་སྤེལ་འདིས། །མཆོག་གི་ཞལ་ལུང་ཟབ་དགུའི་གདམས་པ་ཡིས། །སྐལ་བཟང་སློབ་མའི་ཉམས་རྟོགས་བསྐྱེད་པ་མཚོན། །ལྷན་ཅིག་བརྗོད་པ། བསྟན་འགྲོའི་ཁུར་ཆེན་བཞེས་པའི་ཐུགས་བསྐྱེད་དང་། །ལྷན་ཅིག་སྲས་བཅས་རྒྱལ་བས་རྗེས་གནང་སྩལ། །ཟབ་གསང་ཆོས་སྒོ་གསར་དུ་ཕྱེ་བ་དང་། །བགྲང་ཡས་སློབ་ཚོགས་འདུ་བ་མཉམ་དུ་བྱས། །ཡོངས་བརྗེས། སྲིད་རྩའི་འཁྲི་ཤིང་གཅོད་པའི་མཚོན་རྣོན་པོ། །དཔའ་བོ་ཁྱོད་ཀྱིས་གང་ལ་གཟས་པ་དེའི། །ཀུན་འབྱུང་འཆིང་ཐག་ཆད་པའི་ཡོན་ཏན་ཆོས། །མ་ལུས་ཉིད་ཀྱི་གྲགས་པའི་རྒྱན་དུ་བཞེས། །ཤིས་བརྗོད། ཁྱོད་ནི་ཡེ་ཤེས་སྒྱུ་མའི་གར་མཁན་ཏེ། །མཉམ་ཉིད་ཀློང་དུ་སྐྱེ་སོགས་སྤྲོས་མཚན་དབེན། །དོན་དམ་ཉིད་དེ་སྒྲ་རྟོག་ཡུལ་ལས་འདས། །ཟབ་པའི་ཚུལ་གྱིས་འགྲོ་འདི་སྲུང་གྱུར་ཅིག །རབ་སྤེལ། ཡོན་ཏན་ཚད་མེད་མཁའ་ལྟར་རྒྱ་ཆེ་བ། །བློ་ཆུང་སྦྲང་བུའི་རྩལ་གྱིས་བགྲོད་རློམ་ཚེ། །རྔུལ་ཆུ་མུ་ཏིག་དཀར་པོའི་འཛུམ་དཀར་ཕྲེང་། །བདག་ལ་འཕྱ་ཕྱིར་ཡང་ཡང་རྒོད་མིན་ནམ། །འོན་ཀྱང་དད་པའི་ཡིད་ཀྱིས་ཆུ་ཐིགས་ཙམ། །བརྗོད་པ་འདི་ཡང་དོན་མེད་མི་འགྱུར་ཕྱིར། །བདག་གཞན་སྨྲ་བྱེད་རལ་གྲིའི་མཚོན་རྣོན་གྱིས། །འཐག་པའི་ལས་ངན་འཁྲུལ་འཁོར་རྒྱུན་ཆད་ཤོག །སྐྱེ་བ་ཀུན་ཏུ་ལེགས་བཤད་སྨྲ་བའི་ལྗགས། །རབ་མཉེས་པདྨ་རྒྱས་འདྲའི་དཔལ་ཐོབ་ནས། །སྲས་བཅས་རྒྱལ་ཀུན་དགྱེས་པའི་བསྟོད་དབྱངས་སྤྲིན། །ཞིང་ཁམས་རྒྱ་མཚོར་སྲིད་མཐར་སྒྲོགས་བྱེད་ཤོག །མཁས་པ་མཁས་པའི་ལེགས་བཤད་རྗེས་སུ་སྨྲ། །བླུན་རྣམས་བླུན་ཚིག་མགལ་དུམ་ཕྲེང་བ་སྤེལ། །དེ་ཕྱིར་འདི་ལྟར་ཅུང་ཟད་སྨྲ་བ་ཡང་། །ཡོངས་འཛིན་དམ་པའི་དྲིན་ཡིན་གཞན་གྱིས་མིན། །དེ་སླད་དགེ་བ་འདིའང་དེ་ཡི་ཕྱིར། །ཡོངས་བསྔོ་འཇམ་དཔལ་ཀུན་ཏུ་བཟང་སོགས་ཀྱི། །དགོངས་སྤྱོད་རྒྱ་མཚོར་མཉམ་པ་ཉིད་གྱུར་ཏེ། །ཀུན་མཁྱེན་ཡེ་ཤེས་སྣང་བ་འཛིན་གྱུར་ཅིག །བཀྲ་ཤིས་གང་ཞིག་སྲིད་ཞིའི་འཆིང་གྲོལ་བའི། །ཡེ་ཤེས་སྐུ་མཆོག་མཚན་དཔེས་བརྒྱན་པའི་གར། །འགྲོ་ལ་སྟོན་དང་ཚངས་དབྱངས་སྙན་གསུང་གིས། །ཆོས་སྒྲ་སྒྲོགས་པས་འཇིག་རྟེན་མཛེས་བྱེད་ཤོག །ཅེས་པའང་ལྔ་རིག་སྨྲ་བ་ངག་དབང་འཇམ་དཔལ་ལེགས་བཤད་རྒྱ་མཚོའི་བཀའ་དྲིན་ལས། དཎྜའི་གཞུང་ལ་བག་ཆགས་ཙམ་ཐེབས་པ་དབྱངས་ཅན་དགྱེས་པའི་སྡེས། ༧ འཇམ་མགོན་རྡོ་རྗེ་འཆང་ཆེན་པོ་ལ་སངས་རྒྱས་དངོས་མཐོང་གི་མོས་གུས་དང་ལྡན་པ་དགེ་སློང་ཞིང་སྐྱོང་ལགས་ཀྱི་གསུང་གིས་བསྐུལ་བའི་རྐྱེན་ལས་སྟན་ཐོག་གཅིག་ཏུ་ཤར་མར་བྲིས་པའི་དགེ་བས་སྐྱེ་ཀུན་བླ་མ་མཆོག་གི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།
༄༅། །ན་མོ་གུ་རུ། དཔལ་ལྡན་རྣམ་གྲོལ་ཡོན་ཏན་བྱེ་བའི་གཏེར། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་ཅིང་། །ཕན་བདེའི་དངོས་ཀུན་ཡིད་བཞིན་སྩོལ་མཛད་པ། །བློ་གྲོས་མཐའ་ཡས་ཞབས་ལ་ཕྱག་འཚལ་ལོ། །མགོན་པོ་གདོད་ནས་མངོན་པར་བྱང་ཆུབ་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པ་ཇི་སྲིད་བར། །སྣ་ཚོགས་ཐབས་ཀྱིས་འགྲོ་བའི་རེ་སྐོང་བའི། །ཡིད་བཞིན་ནོར་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་བ་སྤུའི་ཁུང་བུ་རེ་རེར་ཡང་། །སངས་རྒྱས་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་སྤྲུལ། །དེ་དེར་ཐེག་གསུམ་བདུད་རྩིའི་སྨན་ཆར་གྱིས། །འགྲོ་བའི་དུག་གསུམ་ནད་གཞིལ་མཛད་ཕྱག་འཚལ། །རྒྱུ་དང་འབྲས་བུའི་ཐེག་པའི་གནས་མཐའ་དག །སྟོན་པ་པོ་ཁྱོད་ཞུ་དང་སྡུད་པའང་ཁྱོད། །དེ་བཞིན་འཛིན་དང་སྤེལ་པོ་ཀུན་ཀྱང་ཁྱོད། །རྣམ་ཐར་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །རྒྱལ་དང་རྒྱལ་སྲས་ཉན་རང་འཕགས་པའི་ཚུལ། །དགེ་སྦྱོང་བྲམ་ཟེ་རིག་འཛིན་ལྷ་དབང་ཀླུ། །འགྲོ་ལ་གང་འདུལ་སྐུ་ཡི་བཀོད་པའི་སྤྲིན། །བསམ་མི་ཁྱབ་པར་སྤྲོ་ལ་ཕྱག་འཚལ་ལོ། །དེ་བཞིན་ཉི་ཟླ་ནོར་བུ་དཔག་བསམ་དབང་། །བུམ་བཟང་གཏེར་དང་སྨན་ཤིང་འབྲས་བུའི་ཚལ། །ཆུ་ཀླུང་ལྡེང་ཀ་གྲུ་ཟམ་ངལ་སྟེགས་སོགས། །ཕན་བདེའི་གཞི་ཀུན་འཕྲུལ་ལ་ཕྱག་འཚལ་ལོ། །འཕགས་བོད་བཤད་སྒྲུབ་བསྟན་པའི་མངའ་བདག་ཀུན། །ཁྱོད་གཅིག་ཁོ་ནའི་ཡེ་ཤེས་ཟབ་མོའི་འཕྲུལ། །དེ་སླད་ཕྱོགས་རེར་བགྲང་བའི་བློ་འདི་ནོངས། །ཡིད་བཞིན་སྤྲིན་ཆེན་མཆོག་ལ་ཕྱག་འཚལ་ལོ། །མདོ་རྒྱུད་ཀུན་ནས་བདེན་གསུང་སེང་གེའི་སྒྲས། །ཆེས་ཆེར་བསྔགས་པའི་བདེན་དོན་མི་བསླུ་འབྲས། །སྔོན་མེད་མཛོད་ལྔའི་སྒོ་འབྱེད་ཤིང་རྟ་ཆེ། །ཀུན་མཁྱེན་སྨྲ་བའི་ཟླ་བ་ལ་ཕྱག་འཚལ། །མཁྱེན་རབ་རལ་གྲིས་རྨོངས་པའི་དྲྭ་བ་འབུམ། །བཅད་དང་ཆབས་ཅིག་བློ་མཆོག་པདྨོའི་ཚལ། །ཅིག་ཅར་བཞད་མཛད་དོན་གྱི་འཇམ་པའི་དཔལ། །ཡེ་ཤེས་ཉི་མ་ཆེ་ལ་ཕྱག་འཚལ་ལོ། །བརྩེ་ཆེན་ཐུགས་རྗེའི་བསིལ་ཟེར་འབུམ་ཕྲག་གིས། །འགྲོ་ཀུན་སྲིད་པའི་ཚད་གདུང་ཀུན་བཅིལ་ནས། །ཕན་བདེའི་ཀུ་མུཏ་བཞད་མཛད་སྙིང་རྗེའི་གཏེར། །གདུང་སེལ་ཟླ་བ་མཆོག་ལ་ཕྱག་འཚལ་ལོ། །ནུས་མཐུ་བརྩེ་བརྒྱ་འབར་བའི་མཚོན་ཆར་གྱིས། །ལོག་འདྲེན་བདུད་སྡེའི་ཀླད་པ་འགེམས་བྱས་ནས། །ཐེག་མཆོག་སྙིང་པོའི་སྲིད་སྲུང་གསང་འཛིན་མགོན། །དཔའ་ཆེན་སྟོབས་ཀྱི་སེང་གེ་ལ་ཕྱག་འཚལ། །ཤེས་བྱའི་ཆོས་ཚུལ་ཚངས་པའི་རལ་ཀླུང་རྒྱུན། །མ་ལུས་ཐོས་བསམ་སྒོམ་པའི་ཧུབ་གཅིག་གིས། །ཉེར་དྲངས་ལྟོ་བར་བསྐྱིལ་མཛད་དྲང་སྲོང་མཆོག །མཁས་དབང་འཇིག་རྟེན་རྒྱན་ལ་ཕྱག་འཚལ་ལོ། །ཉེས་སྤྱོད་དྲི་ཡི་མ་གོས་དག་བྱེད་གཏེར། །དགེ་བ་ཆོས་སྡུད་རིན་ཆེན་བྱེ་བས་གཏམས། །གཞན་ཕན་བསྡུ་བཞིའི་ཕྲིན་ལས་རླབས་ཕྲེང་ཅན། །བཙུན་མཆོག་ཐུབ་བསྟན་རྒྱན་གྱུར་ལ་ཕྱག་འཚལ། །ས་སོགས་འབྱུང་བ་ཆེན་པོ་ཇི་བཞིན་དུ། །ལོག་སྒྲུབ་རྐྱེན་གྱིས་མི་འཁྲུགས་གོ་ཆ་བརྟན། །རྟག་པར་གཞན་ཕན་འབའ་ཞིག་མཛད་པ་ཡི། །ཀུན་བཟང་སྤྱོད་མཐར་ཕྱི ན་ལ་ཕྱག་འཚལ་ལོ། །ཐུན་མོང་ཐུན་མིན་གཙུག་ལག་བྱེ་བའི་ཆབ། །མཁྱེན་དཔྱོད་བུམ་པར་བསྐྱིལ་གང་དོན་གཉེར་འགྲོར། །རྩོལ་བས་ཐེ་ཚོམ་དྲི་ཀུན་འཁྲུད་མཛད་པའི། །འཆད་མཁས་ངག་གི་དབང་ཕྱུག་ཁྱོད་ཕྱག་འཚལ། །ཆོས་ཀུན་དེ་ཉིད་གཟིགས་པས་ཕྱོགས་ལྷུང་གི། །ཆགས་སྡང་རྩོད་པ་སྤངས་མོད་ལུང་རིགས་མཐུས། །ཕས་རྒོལ་ཝ་སྐྱེས་སྟོང་གི་དྲེགས་པ་བསྙིལ། །རྩོད་མཁས་སྨྲ་བའི་ཁྱུ་མཆོག་ལ་ཕྱག་འཚལ། །རྒྱུད་ལུང་མན་ངག་བྱེ་བའི་ཆུ་གཏེར་ལས། །སྔོན་སྦྱངས་མཐུ་ཡིས་རྙེད་པ་མཛོད་ལྔའི་ནོར། །བརྩེ་བས་རྗེ་འཇུག་སྐལ་བར་ལེགས་སྩོལ་བའི། །རྩོམ་མཁས་ཨུ་དུམྦཱ་ར་ཁྱོད་ཕྱག་འཚལ། །མདོར་ན་སྤང་ཀློག་ལས་ཀྱི་འཁོར་ལོ་གསུམ། །ཕྱོགས་རེར་མ་གྱུར་རྒྱལ་པའི་མཛད་པ་ཅན། །རིས་མེད་བསྟན་འགྲོའི་སྐྱབས་གཅིག་པད་འབྱུང་དངོས། །ཡོན་ཏན་རྒྱ་མཚོའི་གཏེར་ལ་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་པའི་སྤྲིན། །མ་ཚང་མེད་པའི་འདོད་ཡོན་ཟད་མེད་གཏེར། །ཐོས་བསམ་སྒོམ་པའི་རི་གླིང་བཀོད་ལེགས་བཅས། །གུས་པའི་བློ་ཡིས་འབུལ་གྱིས་བརྩེ་བས་བཞེས། །ཐོག་མེད་ནས་བསགས་སྡིག་ལྟུང་ཅི་མཆིས་དང་། །ཁྱད་པར་རྡོ་རྗེ་འཛིན་དབང་བླ་མ་རྗེར། །ཐ་མལ་མི་རུ་བཟུང་བའི་བློ་ངན་སྒྲིབ། །སྙིང་ནས་བཤགས་སོ་དག་ཚང་དངོས་གྲུབ་སྩོལ། །རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཁུར་བཞེས་ནས། །གདུལ་བྱ་རྒྱ་མཚོ་ཡོངས་སུ་སྨིན་བྱའི་ཕྱིར། །ཐེག་པ་རྒྱ་མཚོའི་སྒོ་འཕར་རྟག་དབྱེ་བའི། །རྣམ་ཐར་རྒྱ་མཚོའི་ཕྲེང་བར་རྗེས་ཡི་རང་། །ད་དུང་སེམས་ཅན་ཁམས་ནི་ཚད་མེད་ཅིང་། །དེ་ཀུན་ལས་ཉོན་ནད་ཀྱིས་གདུང་ལགས་ན། །བརྩེ་ཆེན་སྨན་པའི་རྒྱལ་པོ་རྗེས་དགོངས་ཏེ། །ཐེག་གསུམ་བདུད་རྩིའི་སྨན་མཆོག་སྩོལ་བར་མཛོད། །མགོན་ཁྱོད་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཕྱིར། །སྐྱེ་འཇིག་མཚན་མོའི་ཆོས་ལས་རིང་བརྒལ་བས། །ད་དུང་འགྲོ་ཁམས་རྒྱ་མཚོ་གནས་ཀྱི་བར། །གཟུགས་སྐུ་རྡོ་རྗེ་ལྟ་བུར་བརྟན་པར་མཛོད། །འདིས་མཚོན་དུས་གསུམ་བསགས་པའི་ལེགས་བྱས་མཐུས། །དཔལ་ལྡན་བླ་མའི་ཞབས་པད་རབ་བརྟན་ཅིང་། །རྨད་བྱུང་ཐུགས་རྗེའི་གྲིབ་བསིལ་སྣུམ་པོ་ལ། །མཐའ་ཡས་སྐྱེ་དགུ་ངལ་འཚོ་ཐོབ་གྱུར་ཅིག །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་པདྨོའི་ཚལ། །མཆོག་བྱིན་ཉིན་བྱེད་གསར་པས་རྟག་བསྐྱངས་མཐུས། །དཀར་ཕྱོགས་བུང་བ་དགའ་བའི་མྱོས་གླུ་ཡིས། །རྫོགས་ལྡན་དབྱར་གྱི་ལང་ཚོ་དར་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་སྐྱབས་མཆོག་སྨྲ་བའི་ཟླས། །རྗེས་བཟུང་ཡིད་མཁའི་མུན་པ་གཏན་བཅོམ་ནས། །བློ་གྲོས་ཀུ་མུཏ་བཞད་པའི་དཔལ་ཡོན་གྱིས། །དོན་གཉིས་སྦྲང་རྩིའི་དགའ་སྟོན་འགྱེད་གྱུར་ཅིག །ཅེས་པའང་མགོན་པོ་གང་གི་ཚད་མེད་པའི་བཀའ་དྲིན་གྱིས་བསྐྱངས་པའི་སློབ་ཐ་འདུ་གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་ཐེག་མཆོག་སེང་གེའི་སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོགས་ཤིང་སྒྲུབ་བརྒྱུད་རྟོགས་པའི་ཡོན་ཏན་དར་ལ་སྨིན་པའི་གནས་ཙ་འདྲ་རིན་ཆེན་བྲག་གི་མགུལ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་རྗེ་བཙུན་ཐམས་ཅད་མཁྱེན་པའི་གཟིམས་སྤྱིལ་གྱི་འདབས་ཞོལ་དུ་རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།
༄༅། །རབ་འབྱམས་རྒྱལ་བའི་ཡེ་ཤེས་གཅིག་བསྡོམས་པ། །ལུང་དང་རྟོགས་པའི་བསྟན་པ་ཀུན་གྱི་མཛོད། །བསྟན་འཛིན་དགེ་འདུན་བྱེ་བའི་གཙུག་ནོར་མཆོག །དཔལ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །སྤངས་རྟོགས་ཡོན་ཏན་ནོར་བུའི་ཏོག་མཛེས་ཤིང་། །རྨད་བྱུང་ཐུགས་རྗེའི་དར་ཤམ་གཡོ་བ་ཡིས། །སྲིད་པའི་ཚད་གདུང་དྲག་པོ་གཞི ལ་མཛད་པ། །དཔལ་མགོན་བླ་མ་བཀྲ་ཤིས་གདུགས་དཀར་ཡིན། །ཇི་ལྟ་ཇི་སྙེད་མཁྱེན་པའི་སྤྱན་ཟུང་བཀྲ། །ཐབས་དང་ཤེས་རབ་གཤོག་པ་ལེགས་བརྐྱངས་ནས། །བྱང་ཆེན་སྤྱོད་པའི་རྒྱ་མཚོར་འཇུག་མཛད་པ། །དཔལ་མགོན་བླ་མ་བཀྲ་ཤིས་གསེར་ཉ་ཡིན། །དྲི་མེད་ཚུལ་ཁྲིམས་གསེར་སྦྱངས་ལྟོ་བ་ཟླུམ། །ཏིང་འཛིན་དཔག་ཡས་བདུད་རྩིའི་བཅུད་ཀྱིས་གཏམས། །རྣམ་བཀྲའི་ཤེས་རབ་དཔག་བསམ་ཁ་རྒྱན་ཅན། །དཔལ་མགོན་བླ་མ་བཀྲ་ཤིས་བུམ་པ་ཡིན། །དྲི་མེད་ཐོས་པའི་འདབ་མ་རབ་ཏུ་ཡངས། །བསམ་བྱུང་ཤེས་རབ་གེ་སར་ཆེས་མཐོ་ཞིང་། །སྒོམ་པའི་ཡོན་ཏན་ཟིལ་དངར་མཆོག་ལྡན་པ། །དཔལ་མགོན་བླ་མ་བཀྲ་ཤིས་པདྨ་ཡིན། །ཆོས་དབྱིངས་རིན་འབྱུང་གནས་ལས་ཉེར་ཐོན་ཞིང་། །ཕུལ་བྱུང་མཁྱེན་བརྩེའི་རི་མོ་གཡས་སུ་འཁྱིལ། །ནུས་མཐུའི་སྒྲ་ཡིས་འགྲོ་ཀུན་དགའ་བསྐྱེད་པ། །དཔལ་མགོན་བླ་མ་བཀྲ་ཤིས་དུང་དཀར་ཡིན། །ཟབ་དང་ཞི་བ་སྤྲོས་མཚན་ཀུན་བྲལ་ཞིང་། །དྲི་མེད་འོད་གསལ་འདུས་མ་བྱས་པ་ཡི། །བདུད་རྩི་ལྟ་བུའི་ཆོས་ཉིད་མངོན་གཟིགས་པ། །དཔལ་མགོན་བླ་མ་བཀྲ་ཤིས་དཔལ་བེའུ་ཡིན། །འདུལ་ཁྲིམས་རྣམ་དག་ལྷ་རྫས་དྲི་བྲལ་ལ། །གཞན་ཕན་ཕར་ཕྱིན་དྲུག་གི་དར་དཔྱངས་གཡོ། །རིམ་གཉིས་ཏོག་མཛེས་ཕྱོགས་ལས་རྣམ་རྒྱལ་བའི། །དཔལ་མགོན་བླ་མ་བཀྲ་ཤིས་རྒྱལ་མཚན་ཡིན། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལྟེ་བ་ཟླུམ། །དགེ་བ་ཆོས་སྡུད་ཕྱིན་དྲུག་རྩིབས་སྟོང་བཀྲ། །བསྡུ་བའི་དངོས་པོ་བཞི་ཡི་མུ་ཁྱུད་ཅན། །དཔལ་མགོན་བླ་མ་བཀྲ་ཤིས་འཁོར་ལོ་ཡིན། །རང་དོན་ཡིད་བྱེད་གཡའ་ཡིས་མ་གོས་པར། །སྤངས་རྟོག་ཡོན་ཏན་མཁའ་ལ་མངོན་འཕགས་ཏེ། །འགྲོ་ཀུན་ཁ་ལོ་དགེ་བའི་ལམ་ལ་བསྒྱུར། །དཔལ་མགོན་བླ་མ་འཁོར་ལོ་རིན་ཆེན་ཡིན། །ཉམས་རྟོགས་ཡོན་ཏན་ལང་ཚོ་མཆོག་ཏུ་རྒྱས། །ངོ་ཚ་ཁྲེལ་ཡོད་ལྷ་རྫས་གོས་ཀྱིས་བཀླུབས། །མང་དུ་ཐོས་པ་ནོར་བུའི་རྒྱན་གྱིས་སྒེག །དཔལ་མགོན་བླ་མ་བཙུན་མོ་རིན་ཆེན་ཡིན། །ས་གསུམ་རྒུད་པའི་མུན་ཀུན་སེལ་མཛད་ཅིང་། །དགེ་ལེགས་འདོད་དགུའི་གྲུ་ཆར་ལེགས་དབབ་པས། །སྐལ་བཟང་འགྲོ་བའི་རེ་བ་ཡོངས་སྐོང་བ། །དཔལ་མགོན་བླ་མ་ནོར་བུ་རིན་ཆེན་ཡིན། །ཆོས་དང་ཆོས་མིན་འབྱེད་པའི་བློ་གྲོས་མངའ། །ཟབ་རྒྱས་གདམས་པའི་རིན་ཆེན་མཛོད་ཀྱིས་ཕྱུག །འགྲོ་ཀུན་འདུན་མ་དགེ་བའི་ཕྱོགས་སུ་བསྐུལ། །དཔལ་མགོན་བླ་མ་བློན་པོ་རིན་ཆེན་ཡིན། །ལུང་རིགས་མན་ངག་སྣ་ཤལ་མཆོག་ཏུ་རིང་། །རྒོལ་ངན་ཡུལ་ལ་འཇིགས་མེད་སྤོབས་པ་མཐོ། །འཆད་རྩོད་རྩོམ་པ་གསེར་གྱི་དྲྭ་བས་མཛེས། །དཔལ་མགོན་བླ་མ་གླང་པོ་རིན་ཆེན་ཡིན། །ཚད་མེད་བཞི་ཡི་སྤུ་ནི་ཡིད་དུ་འོང་། །གཞན་དོན་མི་སྐྱོ་བཟོད་པའི་ཁུར་ཁྱེར་ནས། །ས་བཅུ་ཅིག་ཅར་བགྲོད་པའི་གོམ་ཤུགས་ཅན། །དཔལ་མགོན་བླ་མ་རྟ་མཆོག་རིན་ཆེན་ཡིན། །སྙིང་སྟོབས་ཆེན་པོའི་གོ་ཆ་ཆེར་བགོས་ཏེ། །བདག་མེད་རྟོགས་པའི་ཤེས་རབ་མཚོན་རྣོན་གྱིས། །བདག་འཛིན་ཉོན་མོངས་དགྲ་བོ་གསོད་མཁས་པ། །དཔལ་མགོན་བླ་མ་དམག་དཔོན་རིན་ཆེན་ཡིན། །འཕགས་ནོར་རིན་ཆེན་བདུན་གྱིས་སྣ་དྲངས་ནས། །དོན་གཉིས་ལྷུན་གྲུབ་ལྷ་ཡི་ལམ་ལ་བསྐྱོད། །མཐའ་ཡས་འགྲོ་ཀུན་བརྩེ་བས་ལེགས་སྐྱོང་བའི། །དཔལ་མགོན་བླ་མ་འཁོར་ལོས་སྒྱུར་རྒྱལ་ཡིན། །དཔག་ཡས་ཐུགས་རྗེའི་ཆུ་འཛིན་ལྷུན་འཐུག་ཅིང་། །མཛད་པ་ཕྲིན་ལས་བདུད་རྩིའི་ཟེགས་མ་ཡིས། །འགྲོ་རྒྱུད་རྣམ་གྲོལ་མྱུ་གུ་བསྐྱེད་མཛད་པ། །དཔལ་མགོན་བླ་མ་ལྷ་ཡི་རྫིང་རིང་ཡིན། །ཕུལ་བྱུང་ཡོན་ཏན་ཀུན་གྱི་གཞི་འཛིན་ཅིང་། །མཐའ་ཀླས་སྐྱེས་དགུའི་ངལ་གསོའི་རྟེན་གནས་མཆོག །ལོག་སྒྲུབ་རྐྱེན་གྱིས་ནམ་ཡང་འཁྲུགས་མེད་པའི། །དཔལ་མགོན་བླ་མ་རྒྱ་མཚོའི་གོས་ཅན་ཡིན། །དེ་ལྟར་མཚུངས་མེད་བླ་མའི་ཡོན་ཏན་ལ། །དད་པའི་ངག་གིས་ཅུང་ཟད་བསྔགས་པའི་དགེས། །འགྲོ་ཀུན་ཐེག་མཆོག་བཤེས་ཀྱི་རྗེས་བཟུང་ནས། །བྱང་ཆུབ་ཞི་བའི་བདུད་རྩིས་འཚོ་གྱུར་ཅིག །ཅེས་པའང་པདྨ་བི་ཛས་དབེན་པའི་རི་བོར་བྲིས་པ་དགེ།
༄༅། །ཡོན་ཏན་རྒྱ་མཚོའི་མཇིང་ལས་མངོན་སྣང་ཞིང་། །འཕྲོག་མིན་གཟི་ལྡན་འགྲོ་བའི་རེ་སྐོང་བ། །ལྷར་བཅས་སྐྱེ་དགུའི་གཙུག་ན་མཆོད་འོས་པའི། །མཚུངས་མེད་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །བསྟན་འགྲོའི་བསོད་ནམས་མཁའ་ལ་ལེགས་འཆར་བས། །ས་གསུམ་རྒུད་པའི་མུན་པ་ཀུན་བསལ་ནས། །དགེ་ལེགས་ཕན་བདེའི་པད་ཚལ་འབྱེད་མཛད་པ། །དཔལ་ལྡན་བླ་མ་ནམ་མཁའི་ནོར་བུ་ཡིན། །ཚོགས་གཉིས་གདེངས་ཅན་གནས་ལས་ཉེར་ཐོན་པའི། །ཉེས་པའི་དྲི་བྲལ་ཐུགས་རྗེའི་བསིལ་ཟེར་ཅན། །སྲིད་པའི་ཚད་གདུང་དྲག་པོ་གཞིལ་མཛད་པ། །དཔལ་ལྡན་བླ་མ་གདུང་སེལ་ཟླ་བ་ཡིན། །རྣམ་དག་ཚུལ་ཁྲིམས་དྲི་བྲལ་གསེར་སྦྱངས་ཁམས། །ཏིང་འཛིན་མི་གཡོ་ཞི་བའི་མུ་ཁྱུད་ཅན། །ཤེས་རབ་ཟབ་མོའི་རྩིབས་སྟོང་རྣམ་བཀྲ་བའི། །དཔལ་ལྡན་བླ་མ་འཁོར་ལོ་རིན་ཆེན་ཡིན། །དད་མོས་རྒྱལ་མཚན་རྩེ་མོར་ལེགས་མཆོད་ནས། །རྩེ་གཅིག་གསོལ་བ་འདེབས་པའི་སྐལ་བཟང་ལ། །མཆོག་ཐུན་འདོད་དགུའི་གྲུ་ཆར་འབེབས་མཛད་པ། །དཔལ་ལྡན་བླ་མ་ཡིད་བཞིན་ནོར་བུ་ཡིན། །འཕགས་ནོར་གསེར་རིའི་ཕྲེང་བས་ཡོངས་མཛེས་ཤིང་། །བསྡུ་བའི་དངོས་པོ་བཞི་ཡི་བང་རིམ་བརྗིད། །ཐབས་ཤེས་ཉི་ཟླ་གསར་པའི་གཟི་འོད་ཅན། །དཔལ་ལྡན་བླ་མ་ས་འཛིན་དབང་པོ་ཡིན། །མཁྱེན་རབ་གཏིང་ཟབ་བརྩེ་བའི་རླབས་ཕྲེང་གཡོ། །མན་ངག་རིན་ཆེན་མཛོད་ཀྱིས་ཡོངས་གཏམས་པས། །མཁས་དབང་ཀླུ་མཆོག་སྟོང་གིས་བསྟེན་འོས་པའི། །དཔལ་ལྡན་བླ་མ་གདེངས་ཅན་རོལ་གནས་ཡིན། །རྨད་བྱུང་དུས་གསུམ་གཟིགས་པའི་སྤྱན་སྟོང་བཀྲ། །ནུས་མཐུ་རྩེ་བརྒྱ་འབར་བའི་མཚོན་ཆ་ཡིས། །ལྷ་མིན་འབྱུང་པོའི་ཚོགས་རྣམས་འཐག་མཛད་པ། །དཔལ་ལྡན་བླ་མ་འཆི་མེད་དབང་པོ་ཡིན། །གྲུབ་གཉིས་རྟོགས་པའི་རྩལ་གསུམ་རབ་རྫོགས་པས། །མི་མཐུན་གཡུལ་ལ་འཇིགས་མེད་སྤོབས་པ་མཐོ། །ཐེག་མཆོག་ང་རོས་ས་གསུམ་ཁྱབ་མཛད་པ། །དཔལ་ལྡན་བླ་མ་གདོང་ལྔའི་དབང་པོ་ཡིན། །མང་ཐོས་གཙུག་ལག་རྒྱ་མཚོའི་ཐེག་པ་ཆེ། །བསམ་བྱུང་ཤེས་རབ་གསེར་གྱི་དྲྭ་བས་མཛེས། །སྒོམ་པའི་བློ་གྲོས་རིན་ཆེན་དང་ལྡན་པའི། །དཔལ་ལྡན་བླ་མ་གཉིས་འཐུང་དབང་པོ་ཡིན། །གཏིང་མཐའ་མི་དཔོག་སྲིད་པའི་ཆུ་གཏེར་ལས། །མཐའ་ཡས་འགྲོ་རྣམས་མངོན་པར་བསྒྲལ་ནས་ཀྱང་། །ཞི་བདེ་རིན་ཆེན་གླིང་དུ་འདྲེན་མཛད་པ། །དཔལ་ལྡན་བླ་མ་རིན་ཆེན་གྲུ་བོ་ཡིན། །སྡུག་བསྔལ་མང་ལྡན་སྲིད་པའི་འབྲོག་དགོན་དུ། །རྣམ་པར་འཁྱམས་པའི་ཉམ་ཐག་འགྲོ་བ་རྣམས། །རྣམ་མཁྱེན་ཐར་པའི་གྲོང་ལ་འགོད་མཛད་པའི། །དཔལ་ལྡན་བླ་མ་སྐྱེལ་མ་དཔའ་བོ་ཡིན། །མ་རིག་གཟུང་འཛིན་གདོན་གྱིས་ཆེར་རློམ་ཞིང་། །སྡུག་བསྔལ་ཀུན་འབྱུང་ནད་ཀྱིས་ཟིན་པའི་འགྲོ། །ཟབ་རྒྱས་གདམས་པའི་སྨན་གྱིས་གསོ་མཛད་པ། །དཔལ་ལྡན་བླ་མ་འཚོ་མཛད་དབང་པོ་ཡིན། །ཡོན་ཏན་རང་བཞིན་དཔག་ཡས་གངས་ཆེན་མཚོ། །རྨད་བྱུང་ཐུགས་རྗེའི་རླབས་ཕྲེང་འབུམ་གཡོ་བས། །འཁོར་བ་དོང་ནས་སྤྲུག་པའི་ཕྲིན་ལས་ཅན། །དཔལ་ལྡན་བླ་མ་རྫོགས་པའི་སངས་རྒྱས་ཡིན། །དཀྱིལ་འཁོར་ཀུན་གྱི་གཙོ་མཆོག་རྡོ་རྗེ་སེམས། །ཐུན་མོང་འགྲོ་ངོར་བཤེས་གཉེན་ཚུལ་བཟུང་ནས། །བདག་སོགས་འགྲོ་ཀུན་སྐྱོབ་མཛད་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དྲི་མེད་ཚངས་སྤྱོད་གསེར་གྱི་མཎྜ་ལར། །རྨད་བྱུང་བྱང་ཆུབ་ལམ་གྱི་ཚོམ་བུ་བཀོད། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །དཔལ་ལྡན་བླ་མ་དགྱེས་པའི་གསོས་སུ་འབུལ། །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་ལ། །ཐ་མལ་མི་རུ་བཟུང་བའི་བློ་ངན་གྱིས། །རྩ་བ་ཡན་ལག་ཆག་ཉམས་ཅི་བགྱིས་པ། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་པར་བགྱི། །སྲས་བཅས་རྒྱལ་བའི་ཕྲིན་ལས་ཁུར་བཞེས་ནས། །བསྟན་མཆོག་ཉི་གཞོན་ཕྱོགས་མཐར་ཁྱབ་མཛད་ཅིང་། །སྲིད་པའི་ཆུ་གཏེར་ཡོངས་སུ་སྐེམ་པ་ཡི། །ཕུལ་བྱུང་མཛད་པའི་ཚོགས་ལ་ཡི་རངས་འབུལ། །སྐལ་བཟང་འགྲོ་བའི་ཤེས་རྒྱུད་འགྲོལ་བ་དང་། །བསྟན་མཆོག་རིན་ཆེན་ཡུན་དུ་གནས་པའི་ཕྱིར། །ཟབ་རྒྱས་ཐེག་པའི་སྒོ་འཕར་བརྒྱ་ཕྱེས་ནས། །རྨད་བྱུང་ཆོས་འཁོར་རྟག་པར་བསྐོར་བར་བསྐུལ། །ངེས་དོན་ཆོས་སྐུ་ནམ་མཁའ་ལྟ་བུ་སྟེ། །སྐྱེ་འཇིག་མཚན་མའི་སྤྲོས་པ་ཀུན་བྲལ་ཡང་། །སྲིད་པའི་རྒྱ་མཚོ་མ་སྐེམ་དེ་སྲིད་དུ། །གཟུགས་སྐུའི་བཀོད་པ་གཡོ་མེད་བརྟན་པར་མཛོད། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །འཁོར་གསུམ་དམིགས་པའི་དུག་གིས་ཡོངས་བཏང་སྟེ། །དམིགས་མེད་ཆོས་དབྱིངས་ཆེན་པོར་བསྔོ་བགྱིད་ན། །འཕགས་ཆེན་རྣམས་ཀྱི་སྤྱོད་ཡུལ་དང་མཚུངས་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །བག་ཡང་ལྷོད་པོ་པདྨ་བི་ཛས་བྲིས་པ་དགེ།

རྡོ་རྗེའི་ཆོས་སྐྱོང་རྣམས་ལ་བསྟོད་ཅིང་ཕྲིན་ལས་སུ་གསོལ་བ།

རྡོ་རྗེའི་ཆོས་སྐྱོང་རྣམས་ལ་བསྟོད་ཅིང་ཕྲིན་ལས་སུ་གསོལ་བ། ༀ་སྭསྟི་བི་ཛ་ཡན་ཏུ། གང་གི་ཐུགས་ནི་གཟོད་ནས་རྣམ་གྲོལ་ཞི་བ་ཆེན་པོར་རྟག་གནས་ཀྱང་། །སྙིང་རྗེ་ཆེན་པོས་གདུལ་དཀའི་འགྲོ་ལ་ཆེར་ཁྲོས་འབར་བ་ཆེན་པོའི་སྐུ། །མི་བསྲུན་བདུད་སྡེའི་སྙིང་ཁྲག་གིས་མྱོས་འཇིགས་རུང་གད་མོས་ས་གསུམ་གཡོ། །སྒྲུབ་མཆོག་རྣལ་འབྱོར་བུ་བཞིན་སྐྱོང་མཛད་དམ་ཅན་སྲུང་མའི་ཚོགས་ལ་འདུད། །འཇིག་རྟེན་སྐྱོང་བ་ཡོངས་ཀྱི་གཙུག་གི་ནོར་བུས་མངོན་པར་བཏུད་གྱུར་ཅིང་། །ལྷ་ཀླུ་གནོད་སྦྱིན་མིའམ་ཅི་དང་གྲུབ་པའི་ཚོགས་ཀྱིས་རྟག་ཏུ་བསྟོད། །ལྷ་མིན་གཡུལ་བཟློག་ལྷ་རྣམས་རྒྱལ་བའི་རུ་མཚོན་མི་ཉམས་སྲིད་རྩེའི་བླར། །ཆེས་ཆེར་བསྒྲེང་མཛད་མ་ཧཱ་ཀ་ལ་ལྕམ་དྲལ་བཀའ་སྡོད་བཅས་ལ་འདུད། །ཡེ་ཤེས་ཆེན་པོའི་སྤྱན་གྱིས་སྲིད་པ་གསུམ་པོ་མ་བསྒྲིབས་ས་ལེར་གཟིགས། །དམ་ཚིག་ཆེན་པོས་ངེས་གསང་བསྟན་དང་བསྟན་འཛིན་གང་དུ་འདུག་ཀྱང་སྐྱོངས། །ནུས་མཐུ་ཆེན་པོས་ཉམས་པ་བདུན་ལྡན་བདུན་བརྒྱུད་མིང་གི་ལྷག་མར་བྱེད། །སྙན་གྲགས་ཆེན་པོས་ཕྱོགས་ཀྱི་མཐར་ཁྱབ་རྒྱུད་གསུམ་དམ་ཅན་ཚོགས་ལ་འདུད། །ལ་ལ་ཡེ་ཤེས་ཚུལ་འཛིན་སྒྲུབ་ལ་གྲུབ་གཉིས་འདོད་དགུའི་ཆར་རྒྱུན་འབེབས། །ལ་ལ་འཇིག་རྟེན་ཚུལ་སྟོན་དྲག་གཏུམ་གསོད་པའི་ལས་ལ་ཤིན་ཏུ་རྔམས། །ཀུན་ཀྱང་ཕྱི་རུ་མཐུ་ཆེ་ནང་དུ་སྙིང་ཉེ་སྒྲུབ་ལ་བཀྲ་ཤིས་པའི། །རྟག་ཆགས་བརྟེན་སྒྲུབ་མཆོད་པའི་འོས་གྱུར་དམ་ལྡན་ཆོས་སྲུང་ཡོངས་ལ་འདུད། །མི་མཐུན་ཉེས་བརྒྱའི་གཅོང་ནད་ཞི་བྱེད་བདུད་རྩི་སྨན་གྱི་བུམ་པ་བཟང་། །ཕུན་ཚོགས་སྡེ་བཞིའི་དཔལ་འབྱོར་མཚོ་ཆེན་ཆེས་ཆེར་རྒྱས་བྱེད་རི་བོང་འཛིན། །བརྟན་གཡོའི་དངོས་ཀུན་སྡུད་ཅིང་འཆིང་བྱེད་དོན་ཡོད་ནོར་བུའི་ཞགས་པ་མཆོག །སྡང་བྱེད་རྩད་ནས་གཅོད་ལ་དྲང་སྲོང་དམོད་པའི་མཚོན་ཆར་གྱུར་ལ་འདུད། །རིག་འཛིན་བརྒྱུད་པའི་བཀའ་རྟགས་ནོར་བུའི་ཅོད་པཎ་གཙུག་ན་རབ་བརླིང་པའི། །ཐ་ཚིག་རྡོ་རྗེའི་གཡར་དམ་རྗེས་དགོངས་སྒྲུབ་མཆོག་བདག་ཅག་འཁོར་བཅས་ལ། །བྱང་ཆུབ་བར་དུ་མི་འབྲལ་རྗེས་དགོངས་ལས་བཞི་གྲུབ་པ་བརྒྱད་སོགས་ཀྱིས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་དང་ཡིད་ལ་འདོད་པའི་མཆོག་སྩོལ་ཅིག །མ་ལུས་སྐྱེ་དགུའི་ཕན་བདེའི་ཨུཏྤལ་ཅི་དགར་བཞད་མཛད་ཉིན་མོར་བྱེད། །ངེས་གསང་སྙིང་པོའི་བསྟན་མཆོག་ཕས་རྒོལ་སྒྲ་གཅན་ལག་པས་འགེབ་མིན་པར། །འགྲོ་བསོད་དགེ་བའི་མཁའ་ལ་རྟག་བརྟན་བཤད་སྒྲུབ་ཕྲིན་ལས་སྣང་བ་ཡིས། །ཕྱོགས་དུས་ཀུན་ཁྱབ་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་གྱིས་མཛེས་གྱུར་ཅིག །ཅེས་རྡོ་རྗེའི་ཆོས་སྐྱོང་རྣམས་ལ་བསྟོད་ཅིང་ཕྲིན་ལས་སུ་གསོལ་བ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་གྱི་གྲངས་ལྡན་འདི་ནི། དུས་ཞབས་ཀྱི་སྔགས་བན་རྒན་པོ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་ལོ་གསུམ་སྒྲུབ་པའི་དམ་བཅའ་ལེགས་པར་ཟིན་པའི་གཏོང་རག་དང་། སླད་ནས་ཀྱང་འདོད་པའི་དོན་ལ་གསོལ་བ་བཏབ་པའི་ཆེད་དུ་གང་ཤར་སྨྲས་པ་དགེ་ལེགས་སུ་གྱུར་ཅིག

བསྟན་སྲུང་ཞིང་སྐྱོང་དབང་མོར་བསྟོད་ཅིང་ཕྲིན་ལས་སུ་གསོལ་བ་བཀྲ་ཤིས་འདོད་འཇོའི་དཔྱིད་དཔལ།

༄༅། །བསྟན་སྲུང་ཞིང་སྐྱོང་དབང་མོར་བསྟོད་ཅིང་ཕྲིན་ལས་སུ་གསོལ་བ་བཀྲ་ཤིས་འདོད་འཇོའི་དཔྱིད་དཔལ་ཞེས་བྱ་བ། ན་མོ་གུ་རུ་བཛྲ་ཝཱ་ར་ཧི། བདེ་ཆེན་རྡོ་རྗེའི་ཞགས་པས་སྲིད་ཞིའི་ཁྱོན། །ཡོངས་བཅིངས་འཁོར་འདས་ཀུན་གྱི་སྤྱི་དཔལ་མོ། །རྡོ་རྗེའི་ཕག་ཞལ་རྔམ་པའི་བཞད་སྒྲ་ཅན། །བྱང་ཆུབ་བར་དུ་བདག་གི་མགོན་མཛོད་ཅིག ༡ །གང་ཐུགས་ཆོས་དབྱིངས་ཞི་ལས་གཡོས་མིན་ཀྱང་། །ལོག་འདྲེན་འདུལ་ཕྱིར་མི་བསྲུན་དྲག་མོའི་སྐུར། །ཡོངས་བཞེངས་ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་ཅེས། །གྲགས་པའི་རྔ་ཆེན་ནམ་མཁའི་མུ་ཁྱུད་བརྡལ། ༢ །རབ་འབར་བསྐལ་པའི་ཞུགས་ཕུང་འཁྲིགས་པའི་ཀློང་། །འཇིགས་རུང་དུས་མཐའི་ཆར་སྤྲིན་དཀྲིགས་འདྲའི་སྐུ། །གང་ཞིག་དྲན་ན་ལོག་འདྲེན་བཅུད་མེད་དཔུང་། །དགའ་བའི་མངལ་གནས་མི་ལྷུང་རང་དབང་ཅི། ༣ །མི་བསྲུན་སྡང་མིག་རྡོ་རྗེའི་ཚྭ་ཚྭའི་ཟེར། །གང་ལ་འབབ་དེའི་ཁོང་ཁྲག་ཁ་སྒོ་རུ། །ཁྱུར་ཁྱུར་ལྷུང་དང་ཆབས་ཅིག་དོན་སྙིང་ཚོགས། །ལྷུན་པོར་སྤུངས་པའི་འཇིགས་རྔམ་འདི་ཅི་ཞིག ༤ །ཉམས་པའི་སྙིང་ཁྲག་གིས་མྱོས་ང་རོའི་སྒྲས། །སྲིད་རྩེའི་གནས་ཀྱང་ཀུ་ཤའི་རྩེ་མོ་ལྟར། །གཡོས་ཚེ་ཞགས་ལྡན་མངལ་རྒྱ་དབྲལ་དོགས་ནས། །བྱེད་པོ་འཁོར་ཡུག་ར་བས་བཅིང་མིན་ནམ། ༥ །ཁྲག་འཛག་རྒྱུ་མར་བརྒྱུས་པའི་མི་མགོའི་ཕྲེང་། །དམར་བཤུས་ལྤགས་རློན་དྲོད་ལྡན་དགྲ་སྙིང་བཅས། །གཞན་སྡེར་སྐྱེངས་པ་སྟེར་བྱེད་འདི་མཐོང་ཚེ། །སྟོབས་ལྡན་ས་འོག་ཡིབ་པའི་ཆོ་གས་བྲེལ། ༦ །སྲིད་གསུམ་རྣམ་གསལ་འཕྲུལ་གྱི་མེ་ལོང་གིས། །འབྱུང་ཚོགས་སྐྱབས་གྲིབ་བརྟེན་པའི་མ ཚང་རྡོལ་ཚེ། །དབུགས་བྲལ་ཏི་རིའི་ཟོལ་གྱིས་ཞབས་འོག་ཏུ། །མནན་མཐོང་རྡོ་རྗེ་ཅན་ཡང་འདར་ཞེས་གླེང་། ༧ །ཕ་རོལ་ཕྱིན་དྲུག་རུས་པའི་ཕྱག་རྒྱ་དང་། །ཐབས་ཤེས་དུང་གི་སྙན་ཆ་འཐབ་པའི་སྒྲས། །ཡེ་ཤེས་ལྔ་ལྡན་བདེ་གཤེགས་རིག་མཆོག་ལྔ། །དབང་རྟགས་ཐོད་པའི་གུར་ན་བཞེང་པ་འདྲ། ༨ །རྣམ་བཞིའི་ཕྲིན་ལས་འཇུག་པ་བརྒྱ་པའི་གར། །ཀུན་གསལ་ཕ་མཐར་གཡོ་བའི་ངང་ཚུལ་གྱིས། །མེ་ཏོག་གཞུ་ཅན་རང་མཚོན་རྟུལ་ཤེས་ནས། །གཞན་འཕྲུལ་གནས་སུ་སྙིང་ལས་ཆུང་ངུས་ཡིབ། ༩ །སྙིགས་ལྔའི་རང་མཚན་ཉེས་བརྒྱའི་ཚད་གདུང་དབལ། །ཞི་བྱེད་བདུད་རྩིའི་རྫིང་བུ་འདི་འོ་ཞེས། །དམ་ལྡན་རྣལ་འབྱོར་ཡོངས་ལ་དུས་དྲུག་ཏུ། །སྔོ་བསངས་གཟའ་སྐར་མཛུབ་མོས་སྟོན་པ་བཞིན། ༡༠ །གང་ལ་བརྟེན་ནས་སྡེ་བཞིའི་འབྱོར་པའི་དཔལ། །རབ་འཕེལ་ཕུན་ཚོགས་འདོད་དགུའི་ལྕི་ཁུར་གྱིས། །དུབ་ལྡན་ནོར་འཛིན་བུ་མོས་རང་གི་བཞིན། །འབབ་ལྡན་རྔུལ་ཆུའི་ཐིགས་པས་འཁྲུད་པར་ངེས། ༡༡ །སྲིད་ཞིའི་དཔལ་ཀུན་ཅིག་ཅར་འཆིང་ནུས་པའི། །དབང་མཛད་འཕྲུལ་གྱི་ཞགས་པས་གཙུག་ན་ཟླ། །རང་མཐུ་བྱིན་ཟས་ཟོས་པའི་དྲེས་ཐག་ལྟར། །མཐོང་ནས་གངས་ཀྱི་རི་བོར་བྲོས་པར་དོགས། ༡༢ །དྲང་སྲོང་དམོད་པས་མཚོན་མིན་མངོན་སྤྱོད་མདས། །གཟས་དེར་ཀུ་ཤ་རླུང་གི་བསྐྱོད་པའི་སྒྲས། །ཀྱི་ཧུད་མི་རྟག་རྒུད་མཐའ་འདི་འོ་ཞེས། །སྐྱེ་བོ་ཀུན་ལ་བག་ཡོད་འདོམས་པར་ཤེས། ༡༣ །མཆོག་རབ་བདེ་ཆེན་སྤེལ་བའི་མཛའ་ན་མོར། །སོན་ཚེ་དྷཱུ་ཏིའི་འཛུམ་དཀར་དགོད་པའི་ཀློང་། །དགའ་བཞིའི་འགྲོས་ཐིམ་འཕོ་མེད་ལྷན་སྐྱེས་ཀྱི། །ཡེ་ཤེས་སུག་མཐིལ་གཏེར་བཞིན་སྦྱིན་པས་འཚེངས། ༡༤ །ཁྱོད་ནི་ཤིན་ཏུ་ཟབ་པས་ཏི་མིའི་མཛོད། །ཐུགས་རྗེའི་གོ་སྐབས་ཡངས་པས་ཆུ་མཐོངས་ཏེ། །སྒྲུབ་ལ་དངོས་གྲུབ་མཆོག་སྦྱིན་མནྡར། །ཉེས་པའི་གཡུལ་ལས་སྲུང་བས་མཁར་ཡང་ཡིན། ༡༥ །རྟོགས་ན་འཕགས་བཞི་བསྐྱེད་ཡུལ་ཝཱ་ར་ཧི། །མ་རྟོགས་དུར་ཁྲོད་འདྲེ་མོ་ངན་ནེ་མ། །ཞི་ཆགས་ཁྲོ་སོགས་རྣམ་འགྱུར་བསམ་མི་ཁྱབ། །ཕྱོགས་རེར་བགྲང་འདོད་ལྕེ་ལ་ངོ་ཚར་བྱས། ༡༦ །ངེས་དོན་རྡོ་རྗེ་བཙུན་མོའི་བྷ་ག་རུ། །སྲིད་ཞིའི་ཆོས་ཀུན་མ་བསྡོམས་གཞར་ཡང་ཅི། །དེ་སླད་དམན་མཆོག་འཛིན་པ་བྱིས་བློའི་སྐྱོན། །དག་པ་རབ་འབྱམས་འཁོར་ལོར་བདག་སྤྲོ་འོ། ༡༧ །ཨེ་མ་སྔོན་ནས་བརྟེན་པའི་གཡར་དམ་ཅན། །མི་འབྲལ་ཡིད་ལ་གོམས་པའི་པིར་རིས་ཀྱིས། །བི་ཤྭ་ཀརྨའི་ཁེངས་པ་བསྙིལ་ལགས་ན། །རྗེས་ཆགས་བརྩེ་བའི་འཛུམ་མདངས་དེང་སྟོན་ཅིག ༡༨ །ལྷག་བསམ་པདྨའི་རྩ་བ་བརྟན་ལགས་ཀྱང་། །སྙིགས་ལྔའི་རྒུད་པའི་ནམ་མཁའི་པགས་པ་ཡིས། །དོན་གཉིས་སྦྲང་རྩིའི་དགའ་སྟོན་འགྱེད་མ་ནུས། །མཆོག་བྱིན་སྣང་བའི་མཛོད་ཀྱིས་དབྱེ་བར་འོས། ༡༩ །ཞི་མཛད་ཡན་ལག་བརྒྱད་ལྡན་མཐོ་རིས་ཀླུང་། །བརྒྱད་གཉིས་འཇིགས་པས་ནོན་ལྡན་དུག་ཅན་བུའི། །གདུང་བ་སེལ་སླད་རིངས་པར་ཆས་པའི་མོད། །གློ་བུར་ཡེ་འདྲོག་མེ་ཚོགས་གཞིལ་བར་མཛོད། ༢༠ །དམ་ལྡན་སྔགས་འཆང་འབྱོར་པའི་དབང་པོ་ཡིས། །མ་ཅིག་མདངས་ལྡན་གཙུག་ནོར་མཐོན་ཀའི་དཔལ། །བསྙེན་པའི་མོད་ལ་སྡེ་བཞིའི་མཛོད་ཁང་འབུམ། །ཡོངས་འགེངས་རྨུགས་འཛིན་དཔལ་ལ་འཕྱ་བར་མཛོད། ༢༡ །རབ་མྱུར་ཕྲིན་ལས་ནོར་བུའི་ཞགས་པ་ཡིས། །ཆེ་དགུའི་སྣང་ཤེས་ཡིད་འཕྲོག་དྲི་ཟ་མོ། །རབ་བཅིངས་སྔགས་ སྤྱོད་རྒྱལ་བུའི་མངའ་ཐང་དཔལ། །མི་ཉམས་གླིང་བཞིའི་ཁོངས་སུ་ཁྱབ་པར་མཛོད། །མི་བསྲུན་ཉམས་པ་བདུན་ལྡན་སྡང་བྱེད་ཞིང་། །ཤུགས་སྒྲོལ་རྡོ་རྗེའི་མེ་ཆར་མི་བཟད་པས། ༢༢ །མིང་གི་ལྷག་མར་བཅོམ་པའི་གྲགས་སྙན་རྔ། །ཕྱོགས་ཀྱི་བུ་མོའི་སྒྲ་འཛིན་དཔྱིད་དུ་མཛོད། །ཁྱད་པར་འཁོར་ལོའི་དབང་ཕྱུག་རབ་འབྱམས་པའི། །ངོ་མཚར་མཚན་དཔེའི་ཟློས་གར་པདྨའི་གཉེན། །འགོག་མེད་འགྲོ་བསོད་རྟག་སྡོད་ཡངས་པའི་ངོགས། །མངོན་སྣང་ཕན་བདེའི་ཨུཏྤལ་ཆེར་བཞད་མཛོད། ༢༣ །བསྟན་གཉིས་ཉི་ཟླའི་བགྲོད་པས་ཉེར་མཛེས་ཤིང་། །རྣམ་གསུམ་འཁོར་ལོའི་ཕྲིན་ལས་དར་རྒྱས་པའི། །གླིང་འདིའི་བརྒྱུད་འཛིན་བུ་སློབ་ཡོན་བདག་བཅས། །ཁྱོད་ལ་གཉེར་དུ་གཏད་དོ་མེལ་ཚེ་མཛོད། ༢༥ །མདོར་ན་རྣལ་འབྱོར་ཡིད་ཀྱི་མ་ཀུ་རར། །གང་ཤར་ལེགས་བྱས་བྱེ་བའི་ཚེས་རིས་བརྒྱ། །གེགས་མེད་རྫོགས་ལྡན་དང་པོའི་དུས་སྟོན་གྱིས། །ཕྱོགས་ལས་རྣམ་རྒྱལ་རུ་མཚོན་སྒྲེང་བར་མཛོད། ༢༦ །བཀྲ་ཤིས་དཔྱིད་ཀྱི་རྒྱལ་མོའི་སྙན་འགྱུར་གླུས། །བཀྲ་ཤིས་དབྱར་གྱི་དཔལ་མོ་མགྲོན་ཁུགས་པས། །བཀྲ་ཤིས་དཀར་ཕྱོགས་དགྱེས་པའི་རྩེད་འཇོའི་གར། །བཀྲ་ཤིས་སྲིད་པ་གསུམ་ན་སྣང་གྱུར་ཅིག ༢༧ །ཅེས་པའང་ལྕགས་ཁམས་རྡོ་རྗེའི་སྣ་ལྡན་གྱི་ལོའི་དུས་ཚེས་དགེ་བར་ཞེ་ཆེན་པ་འགྱུར་མེད་པདྨ་བསྟན་འཛིན་གྱིས་བྲིས་ཤིང་ཕྲིན་ལས་སུ་གསོལ་བ་སརྦ་དཱ་ཀ་ལྱ་ཎཾ་བྷ་ཝ་ཏུ།

རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་བསྟོད་ཅིང་ཕྲིན་ལས་སུ་གསོལ་བ་འདོད་འབྱུང་ཡོངས་འདུས་འཁྲི་ཤིང་།

༄༅། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་བསྟོད་ཅིང་ཕྲིན་ལས་སུ་གསོལ་བ་འདོད་འབྱུང་ཡོངས་འདུས་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ།། ན་མོ་བཻ་ཤྲ་བ་ཎཱ་ཡ་སིངྷིརྦྷབ་ཏུ། ཚོགས་གཉིས་ནོར་བུ་རྒྱས་པའི་སྤྲིན་ཆེན་ལས། །དགེ་ལེགས་འདོད་དགུའི་གྲུ་ཆར་འཇོ་བ་ཡིས། །ས་གསུམ་སྐྱེ་དགུའི་རེ་བ་སྐོང་མཛད་པའི། །རྒྱལ་ཆེན་རྣམ་ཐོས་སྲས་ལ་བསྟོད་པར་བགྱི། །ཁྱོད་ནི་འདས་པའི་སངས་རྒྱས་རིན་ཆེན་མང་། །སྨོན་ལམ་དབང་གིས་ས་བརྒྱད་སེམས་དཔར་སྤྲུལ། །མ་འོངས་མེ་ཏོག་བཀོད་པའི་ཞིང་ཁམས་སུ། །ཡང་འཚང་རྒྱ་བའི་ལུང་བསྟན་བདག་གིར་བཞེས། །སྔོན་ཚེ་འོད་སྲུང་བསྟན་པའི་ཐ་མ་ལ། །མཆེད་གྱུར་ཐུགས་བསྐྱེད་སྨོན་པས་འབྲེལ་བའི་རྒྱུས། །ད་ལྟར་ཀུན་མཁྱེན་ཤཱཀྱའི་བསྟན་པ་འདིར། །བསྟན་སྐྱོང་རྒྱུ་སྐར་ཁྲོད་ན་ཟླ་བཞིན་འཕགས། །སྐྱོབ་པ་མཆོག་དེས་མཛད་པ་ཐ་མའི་ཚེ། །འཁོར་གྱི་ནང་ན་མི་བསྙེངས་སེང་གེའི་སྒྲས། །བསྐལ་མང་ཐུགས་ལ་བརྣག་པའི་དམ་ཆོས་ཀྱི། །རྒྱལ་སྲིད་མཆོག་དེ་ཁྱོད་ལ་གཏད་པར་མཛད། །ལྷ་ཀླུ་གནོད་སྦྱིན་ནོར་ལྷ་གཏེར་གྱི་བདག །བསགས་པ་རྒྱ་ཆེན་སྲིད་ན་མཆིས་ཀུན་གྱི། །གཙུག་ནོར་འོད་ཀྱིས་རྐང་རྟེན་བརྒྱན་བྱས་པའི། །དབང་ཕྱུག་དམ་པའི་དཔལ་དེ་ཁྱོད་ལ་མངའ། །ཕོངས་པ་གང་གི་གདུང་བའི་ང་རོའི་ཚིག །ལན་གཅིག་ཁྱོད་སྙན་པདྨོར་སོན་པའི་མོད། །སེར་སྣ་འཕགས་མིན་རྒྱུ་དང་འབྲས་བུའི་ཚོགས། །གནས་པའི་གོ་སྐབས་བྲལ་བའི་དགེ་མཚན་སྦྱིན། །དུས་ལས་གཡོལ་མེད་གཟིགས་པའི་སྤྱན་ཡངས་ཀྱིས། །རེ་བའི་མོད་ལ་ཡིད་ཀྱི་ཤིང་རྟའི་དཔལ། །འགེངས་ལ་ཁྱོད་མཚུངས་འགའ་ཡང་མ་འཚལ་ཞེས། །གྲགས་པའི་མུ་ཁྱུད་ཚངས་པའི་ཡུལ་ལས་བརྒལ། །ལྷ་དབང་ལྷ་ཡི་ལོངས་སྤྱོད་རྒྱ་ཆེན་དང་། །མི་དབང་རིན་ཆེན་བདུན་གྱི་འབྱོར་པ་ཡིས། །ཆ་ཙམ་མི་མཚོན་ནམ་མཁའ་མཛོད་ཀྱི་དཔལ། །སྦྱིན་པའི་ཕར་ཕྱིན་རྫོགས་པ་ཁྱོད་ལ་མངའ། །སྲིད་ཞིའི་དཔལ་ཀུན་བསྡོམས་ལས་འཕྲུལ་བ་ལྟའི། །ངོ་མཚར་རིན་ཆེན་ཕོ་བྲང་གཏེར་ལ་སོགས། །ཕུན་ཚོགས་བདོག་པའི་ཁྱད་པར་བགྲང་ཡས་ཕུལ། །བློ་ཆེན་ཚངས་པས་གཞལ་ཡང་དཔོག་ནུས་མིན། །སྟོབས་རྩལ་འགྲན་མེད་གདོང་ལྔའི་ཁྲི་སྟེང་ན། །གནོད་སྦྱིན་དབང་པོ་ཁྲོ་ཆགས་སྒེག་པའི་ཉམས། །རིན་ཆེན་རྒྱན་མང་ནོར་བུའི་སྲོག་ཞུ་ཅན། །རྡོ་རྗེ་ཕ་ལམ་ཡ་ལད་སྲ་བརྟན་མཚར། །ཕྱག་གཡས་མདུང་དམར་རྒྱལ་མཚན་སྲིད་རྩེ་རུ། །བསྒྲེངས་པས་ཕྱོགས་ལས་རྣམ་རྒྱལ་དགེ་མཚན་གསལ། །གཡོན་པས་ནོར་སྐྱུག་མགྲིན་པ་བཅིལ་བའི་མོད། །སྒྲུབ་པོར་འདོད་རྒུའི་དངོས་ཀུན་ཆར་བཞིན་འབེབས། །ལྷ་ཀླུའི་དབང་མོ་ནོར་བུའི་གདེངས་ཀ་ཅན། །གཙུག་ན་པདྨའི་ཕྲེང་བས་བརྒྱན་པ་དང་། །རིགས་མྱུག་རྨུགས་འཛིན་མཆེད་ལྔ་གཏེར་མཛོད་ཀྱི། །སྒོ་འཕར་བྱེ་བའི་བདག་པོའང་མདུན་སྔར་བརྡལ། །རྟ་བདག་བརྒྱད་དང་སྡེ་དཔོན་ཉི་ཤུ་བརྒྱད། །སྟོབས་ཆེན་སོ་གཉིས་གནོད་གནས་སུམ་ཁྲི་དང་། །དྲུག་འབུམ་འཁོར་གྱི་དབུས་ན་གསེར་རི་བཞིན། །བསོད་ནམས་ཆེན་པོའི་དཔལ་གྱིས་མངོན་པར་བརྗིད། །ཞི་ཆགས་ཁྲོ་བོའི་རྣམ་འགྱུར་སྣ་ཚོགས་པའི། །གང་སྐུ་འདོད་དགུར་འཕྲུལ་བའི་གཟི་བརྗིད་དཔལ། །བརྒྱ་ཕྲག་ཉི་ཟླའི་སྣང་བས་མཚོན་མིན་པས། །རང་ཉིད་དཔེ་ཟླར་བཞག་ལས་སྲིད་ན་སུ། །གང་འདུལ་ཕྲིན་ལས་རྣམ་བཞིའི་རོལ་རྩེད་ཀྱིས། །སྐྱེ་རྒུ་ཀུན་ལ་དབུགས་འབྱིན་བསྩལ་པའི་མཚན། །ངལ་བསོས་བུ་ཞེས་གྲགས་པའི་སྤྲིང་ཡིག་གིས། །ཕྱོགས་ཀྱི་བུ་མོའི་རྣ་ལུང་མཛེས་བྱས་རྨད། །རྒྱལ་དབང་པདྨའི་བཀའ་ལུང་ནོར་བུའི་ཐོད། །གཙུག་ན་ཆེས་བརླིང་གྲུབ་པའི་དགེ་མཚན་གྱིས། །མཐའ་བཞིའི་རཱ་ཛ་དབང་འདུས་ཆོས་སྲིད་བརྟན། །གངས་ལྗོངས་སྣང་བའི་སྒོ་འབྱེད་ཁྱོད་ཀྱི་མཐུ། །ཁྱོད་ནི་རྐང་འཐུང་ནང་ནས་ཡོངས་འདུའི་ལྗོན། །རིན་ཆེན་ཕལ་ལས་འཇོག་པོའི་གཙུག་གི་རྒྱན། །སྣང་བར་བྱེད་ལས་ཉིན་མོའི་མགོན་པོ་སྟེ། །གཅན་གཟན་ཁྲོད་ན་རི་དྭགས་རྒྱལ་པོ་དངོས། །སྲིད་ན་ནོར་སྦྱིན་བྱེད་པོ་ཆེས་མང་ཡང་། །འཕགས་པ་ཁྱོད་དང་རྣམ་ཐར་མཉམ་པ་སུ། །དབྱིག་འཛིན་འདམ་སྐྱེས་ཕྲེང་བས་མཛེས་མོད་ཀྱི། །ཨུ་དུམྦཱ་ར་གཉིས་པ་ཡོད་མ་ཡིན། །དེ་སླད་རྒྱུ་མཚན་ཤེས་པའི་དྭངས་པའི་ཡིད། །དགའ་དང་གུས་པའི་རླབས་ཕྲེང་གཡོ་བཞིན་དུ། །བསྟོད་དབྱངས་མེ་ཏོག་སིལ་མས་རྗེས་བསྐུལ་ན། །ཐུགས་བསྐྱེད་ལྷག་པར་དགོངས་མཛོད་བསྟན་སྲུང་གཙོ། །དེང་སང་སྐྱེ་བོ་སྙིགས་མའི་རྒུད་པས་མནར། །བསྟན་པའི་མངའ་ཐང་ཉམས་ལ་ཕྱོགས་པའི་ཚེ། །འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ་ཕྱེས་ལ། །འདོད་དགུ་ཆར་དུ་བསྐྱིལ་བར་མཛད་དུ་གསོལ། །ལྷ་ཀླུའི་གཙུག་ནོར་བྱེ་བས་མཚོན་མིན་པའི། །ཕན་བདེའི་འདོད་པ་འཇོ་བའི་ཡིད་བཞིན་གཏེར། །ཀུན་མཁྱེན་ཐུབ་པའི་བསྟན་པ་རིན་པོ་ཆེ། །སྲིད་མཐའི་བར་དུ་རྒྱས་པར་མཛད་དུ་གསོལ། །གངས་ལྗོངས་སྣང་བའི་སྒོ་ཆེན་འབྱེད་པའི་དཔལ། །བཤད་བརྒྱུད་ཀ་ཆེན་བཅུ་དང་སྒྲུབ་བརྒྱུད་བརྒྱད། །ཤིང་རྟའི་ལམ་སྲོལ་མ་བསླད་གཙང་མའི་རྒྱུན། །ཉན་བཤད་སྒོམ་སྒྲུབ་འཕེལ་བར་མཛད་དུ་གསོལ། །དྲི་མེད་མཁས་ཚུལ་དགུ་ཡི་བྱ་བ་ཡིས། །བསྟན་པ་རིན་ཆེན་གསལ་བྱེད་བཤེས་གཉེན་རྣམས། །གསང་གསུམ་རྡོ་རྗེའི་ཁམས་སུ་རྟག་བརྟན་ངོས། །བསྡུ་བ ཞིས་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། །དད་པའི་མྱུ་གུ་ཆོས་སུ་སྨིན་པའི་འབྲས། །བསླབ་གསུམ་གསེར་གྱི་སྙེ་མའི་ཁུར་ལྕི་ཞིང་། །གཞན་ཕན་འདོད་དགུར་འཇོ་བའི་དགེ་འདུན་སྡེ། །མཐུན་ཞིང་དོན་འགྲུབ་འཕེལ་རྒྱས་མཛད་དུ་གསོལ། །བཤད་པའི་ཆུ་གཏེར་ལུང་རིགས་རླབས་ཕྲེང་མཛེས། །སྒྲུབ་པའི་རི་བོ་ཉམས་རྟོགས་རྩི་སྨན་རྒྱས། །བཟང་པོའི་ཕྲིན་ལས་དབྱར་རྔ་སྲིད་ན་སྙན། །སྲིད་ཞིའི་དཔལ་ཀུན་འདུ་བར་མཛད་དུ་གསོལ། །ཆོས་ལྡན་རྒྱལ་པོའི་མངའ་ཐང་ཆབ་སྲིད་བརྟན། །ཡ་རབས་མཛངས་བློན་དྲ་མའི་བློ་རྩལ་དར། །དགེ་བཅུའི་ཁྲིམས་སྲོལ་ཉེ་འཁོན་མེད་པར་ལྕི། །སྡེ་བཞིའི་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། །རྗེ་བོའི་ཡོན་གྱིས་འབངས་ལ་བདེ་བ་སྦྱིན། །འབངས་འཁོར་སྤྱོད་པས་རྗེ་བོའི་མངའ་ཐང་འཕེལ། །ཀུན་ཀྱང་ལས་འབྲས་ཡིད་ཆེས་གནས་ལ་དད། །བསྟན་ལ་སྲི་ཞུ་འཕེལ་བར་མཛད་དུ་གསོལ། །འབྱོར་ལྡན་སྐྱེ་བོའི་ཚོགས་ཀྱིས་ཁྱིམ་ཀུན་གང་། །རིགས་བཟང་ཤེས་རབ་ལྡན་པས་ཕྱོགས་རྣམས་ཁྱབ། །ནད་མུག་མཚོན་སྐལ་མི་ཤིས་མིང་མི་གྲགས། །བདེ་སྐྱིད་ལོངས་སྤྱོད་འཕེལ་བར་མཛད་དུ་གསོལ། །དཀར་ཕྱོགས་དགའ་བས་དུས་སུ་ཆར་འབེབས་ཤིང་། །ལེགས་སྤྱོད་མཐུ་ཡིས་རྩི་སྨན་འབྲས་བཟང་སྨིན། །རང་འབྱོར་གྱིས་འཚེངས་གཞན་འཚེའི་བསམ་སྦྱོར་བྲལ། །ཀུན་དགའི་དུས་སྟོན་རྒྱས་པར་མཛད་དུ་གསོལ། །བཅུད་ཀྱི་སྤྱོད་པས་སྣོད་ཀྱི་དགེ་མཚན་སྤེལ། །སྣོད་ཀྱི་དཔལ་ཡོན་བཅུད་ཀྱིས་གསོས་སྨན་གྲུབ། །ཕན་ཚུན་རྟེན་འབྱུང་མཐུ་ཡིས་ལེགས་དགུ་འདུ། །རྫོགས་ལྡན་གསར་དུ་འདྲེན་པར་མཛད་དུ་གསོལ། །དཀོན་མཆོག་བྱིན་རླབས་འགྲོ་བའི་རྒྱུད་ལ་ཞུགས། །འགྲོ་བའི་སྐྱབས་གནས་དཀོན་མཆོག་གསུམ་ལ་འཚོལ། །རྟེན་འབྲེལ་རྒྱུ་རྐྱེན་དམ་པའི་ཆོས་ཕྱོགས་འགྲིགས། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་མཛད་དུ་གསོལ། །ཅེས་པ་འདིའང་ཟིལ་གནོན་མེ་རྟ་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་དགེ་བར་དབེན་སྤྱི ལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྱང་ཆུབ་སེམས་དཔའི་མིང་གིས་སྙན་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་ཤིང་ཕྲིན་ལས་སུ་བཅོལ་པ་དོན་དང་ལྡན་ཞིང་བརྟན་གཡོའི་དགེ་མཚན་རླབས་པོ་ཆེ་འཕེལ་ཞིང་བརྟན་པའི་རྒྱུར་གྱུར་ཅིག
༄༅། །ༀ་སྭསྟི། འཕགས་མཆོག་ནམ་མཁའ་མཛོད་ལ་མངའ་བརྙེས་པས། །སྲིད་གསུམ་དབུལ་བའི་གདུང་བ་རྒྱུན་གཅོད་ཅིང་། །ཕན་བདེའི་འདོད་པ་འཇོ་བའི་དཔག་བསམ་དབང་། །རྒྱལ་ཆེན་རྣམ་ཐོས་སྲས་ལ་བསྟོད་པར་བགྱི། ༡ །རི་རབ་བྱང་ཕྱོགས་ཕོ་བྲང་ལྕང་ལོ་ཅན། །སྟོང་གསུམ་བདག་པོས་སྲིད་པའི་ཕུན་ཚོགས་བཅུད། །གཅིག་ཏུ་བསྡོམས་པའི་འཕྲུལ་གྱིས་བཀོད་འདྲ་བས། །འཕྲུལ་དགའི་ཞིང་ཡང་བྲིས་པའི་རི་མོར་བྱས། ༢ །ཉིན་བྱེད་བྱེ་བས་མི་མཚོན་གཟི་ཡིས་འཁྱུད། །ལྷ་ཡི་ཆ་ལུགས་རིན་ཆེན་རྒྱལ་མཚན་དང་། །ནོར་སྐྱུག་ནེའུ་ལེ་ལེགས་འཛིན་གདོང་ལྔའི་ཁྲིར། །རབ་བརྗིད་ཁྱོད་སྐུའི་སྤུན་ཟླར་རང་ཉིད་ཙམ། ༣ །བཞི་ཡིས་ལྷག་པའི་བཅུ་ཕྲག་དྲུག་ལྡན་གསུང་། །གཉིས་མེད་ཡེ་ཤེས་ཉི་དཀྱིལ་གསལ་བའི་ཐུགས། །ཆེ་བའི་ཡོན་ཏན་གཏིང་མཐའ་དཔོག་མིན་པ། །ཁྱོད་དང་མཉམ་པ་སྲིད་པའི་ཁོངས་ན་སུ། ༤ །སྣ་ཚོགས་མཚན་དང་སྐུ་ཡི་བཀོད་པ་ཡིས། །རྣམ་བཞིའི་ཕྲིན་ལས་ཟབ་མྱུར་སྒོ་འཕར་འབུམ། །འགྱེད་མཐོང་དཔལ་གྱི་མགྲིན་ཅན་སྐྱེངས་པའི་ཡིད། །གངས་རིར་དཀའ་ཐུབ་ཟོལ་གྱི་ངལ་བ་བརྟེན། ༥ །ཁྱོད་སྲས་གར་མཁན་མཆོག་དང་ཕྲིན་སྒྲུབ་གསུམ། །ཁྱད་པར་པ་བཞི་ཐུན་མོང་དགུ་བཅུ་གཅིག །ཀུན་ཀྱང་བསོད་ནམས་དཔུང་པ་དར་དྲགས་པས། །བརྒྱ་བྱིན་མིག་སྟོང་བགྲད་ནས་འདར་བ་འདྲ། ༦ །རྟ་བདག་ཕྱོགས་སྐྱོང་ཆོས་སྤུན་སྟོབས་ཆེན་རིགས། །ལྗོངས་གནས་ཡུལ་སྐྱོང་འཕྲོག་མ་མ་སྲིན་དང་། །གནོད་གནས་ལ་སོགས་གྲངས་མེད་འཁོར་གྱི་ཚོགས། །ཕན་ཚུན་དྲེགས་པས་སྟོབས་འབྱོར་འགྲན་པ་བཞིན། ༧ །ཁྱོད་ནི་ཐུན་མོང་ཐེག་པར་འོད་སྲུང་དྲུང་། །བསླབ་པའི་གཞི་མནོས་ཤཱཀྱའི་བསྟན་པ་འདིར། །བདེན་མཐོང་བསྟན་པ་རིན་ཆེན་མཛོད་ཀྱི་གཉེར། །རེ་ལྟར་ཐོགས་ཀྱང་སྲིད་པ་བདུན་པར་གྲགས། ༨ །ཐུན་མིན་ཐེག་ཆེན་མདོ་ལས་གྲངས་མེད་སྔོན། །ཐུགས་བསྐྱེད་ས་བརྒྱད་ལ་གནས་སེམས་དཔའ་ཆེ། །མ་འོངས་རིན་ཆེན་གདུགས་ཞེས་རྒྱལ་བ་རུ། །བྱང་ཆུབ་ལུང་བསྟན་ཐུབ་པ་མཆོག་གིས་བསྩལ། ༩ །ཁྱད་པར་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི། །རྒྱུད་སྡེ་རྒྱ་མཚོར་དབང་བསྐུར་དམ་ནོས་པའི། །ངེས་གསང་བསྟན་པའི་གཉེར་འཛིན་གཅིག་པུ་པ། །རྣམ་ཐར་བསམ་མི་ཁྱབ་ལ་སུ་མི་རང་། ༡༠ །བརྟན་གཡོ་སྲིད་ཞིའི་ཕུན་སུམ་ཚོགས་པའི་དཔལ། །དབང་ལྔ་སིམ་བྱེད་ངོ་མཚར་མཆོད་པའི་སྤྲིན། །མ་ལུས་བློས་བླངས་དྭངས་པས་འབུལ་བགྱིད་ན། །བསྟན་འགྲོའི་དགེ་མཚན་སྤེལ་སླད་བདག་གིར་མཛོད། ༡༡ །ལྟུང་སྒོ་བཞི་ཡིས་སྒྲིབ་པའི་རབ་རིབ་མིག །སྡོམ་པ་གསུམ་སོགས་སྤྱི་དང་བྱེ་བྲག་གི། །དམ་ཚིག་ཉམས་པའི་མཆི་མས་ནོན་པའི་བཞིན། །སྟོབས་བཞིའི་ཁྲུས་རས་གཙང་མས་བྱི་དོར་བགྱིད། ༡༢ །སྔོན་ཚེ་སེམས་དཔའ་ཁྱོད་ཀྱིས་རྒྱལ་རྣམས་དྲུང་། །ཞལ་འཆེས་དམ་ཚིག་གཉན་པོ་རྗེས་དགོངས་ལ། །རིས་བྲལ་བསྟན་དང་འགྲོ་ལ་ཕན་བདེའི་དཔལ། །མཐའ་ཡས་སྦྱིན་པའི་ཕྱག་ཡངས་དེང་བསྐྱོད་འཚལ། ༡༣ །རེ་བའི་མོད་ལ་སྡེ་བཞིའི་འབྲས་མང་གིས། །དོན་གཉེར་སྙིམ་པ་འགེང་བར་མི་མཛད་ན། །ཁྱོད་ཀྱི་གྲགས་པ་རྫུན་དུ་མི་འགྱུར་རམ། །དེ་བས་དུས་འདིར་དགོངས་མཛོད་མགོན་པོ་ཀྱཻ། ༡༤ །རྣམ་བཞིའི་ཕྲིན་ལས་གང་འདུལ་རོལ་རྩེད་བརྒྱས། །དོན་གཉིས་བསམ་ཀུན་སུག་མཐིལ་གཏེར་བཞིན་དུ། །མངོན་སྣང་རྫོགས་ལྡན་དང་པོའི་དགའ་བ་བཞིན། །ལེགས་ཚོགས་དཔལ་གྱིས་ཕྱོགས་ཀུན་བརྒྱན་པར་མཛོད། ༡༥ །ཅེས་པའང་མོས་ལྡན་དམ་པ་མཆོག་གི་བཞེད་སྐོང་དུ་རྙིང་བན་གྱི་ན་བ་འགྱུར་མེད་པདྨ་བསྟན་འཛིན་གྱིས། མཁས་པ་བུ་སྟོན་གྱི་གསུང་གི་རྗེས་སུ་འབྲངས་ནས་བླ་བྲང་ཕུན་ཚོགས་ཡོངས་འདུའི་སྟེང་ཤག་ཏུ་བྲིས་པ་སརྦ་དཱ་མངྒལཾ་བྷ་ཝནྟུ། ༈ བཻ། ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན་ཞེས་ཕོ་བྲང་དམ་པ་ཉམས་དགའ་བར། །བཻ་ལས་སྐྱེས་པའི་རྒྱལ་པོ་ཆེན་པོ་ས་བརྒྱད་སེམས་དཔའ་རྣམ་ཐོས་སྲས། །གསེར་མདོག་བརྗིད་ཆགས་སྒེག་འཛུམ་ཁྲོ་བོའི་ཉམས་ལྡན་རྒྱལ་མཚན་ནེའུ་ལེ་འཛིན། །ཕྲག་གོང་ཉི་མ་ཟླ་བས་རབ་བརྒྱན་ཞལ་ནས་རིན་ཆེན་ཆར་པ་འབེབས། །མི་འཛད་ནམ་མཁའ་མཛོད་ལ་མངའ་བརྙེས་རབ་བརྗིད་གདོང་ལྔའི་སྟེང་ན་རོལ། །རྣམ་འཕྲུལ་དཔག་ཡས་འགྲོ་བའི་རེ་སྐོང་དུས་གསུམ་རྒྱལ་བའི་ཕྲིན་ལས་མཛོད། །ཁྱོད་ནི་དོན་གྱི་སངས་རྒྱས་ལགས་མོད་དགོས་པའི་དབང་གིས་ནོར་སྦྱིན་ཚུལ། །དེ་སླད་ཁྱོད་ལ་གུས་པས་འདུད་དོ་ཕུན་ཚོགས་སྡེ་བཞིའི་དཔལ་སྩོལ་ཅིག །ཛཾ་ཡིག་ལས་འཁྲུངས་གསེར་རི་ལྟར་བརྗིད་ནོར་གྱི་བདག་པོ་ཛམྦྷ་ལ། །དར་དང་རིན་ཆེན་ཨུཏྤལ་གྱིས་བརྒྱན་ནོར་བུ་དང་ནི་ནེའུ་ལེ་བསྣམས། །གཏེར་གྱི་བུམ་པའི་གདན་ལ་དགྱེས་རོལ་ཁམས་གསུམ་ནོར་སྦྱིན་ཡོངས་ལ་དབང་། །ཁྱོད་ལ་གུས་པས་འདུད་དོ་རིན་ཆེན་ནོར་གྱི་ཆར་པ་འདིར་ཕོབ་ཅིག །ཧྲཱིཿལས་སྐྱེས་པའི་ནོར་རྒྱུན་ལྷ་མོ་རབ་མཛེས་གསེར་སྦྱངས་བརྟན་པ་འཕྲོག །ཞལ་གཅིག་ཕྱག་གཉིས་ཞི་འཛུམ་སྒེག་ཉམས་ཕྱག་ན་འབྲས་ཀྱི་སྙེ་མ་བསྣམས། །ཞབས་གཉིས་བརྐྱང་བསྐུམ་ཕྱེད་སྐྱིལ་གྱིས་བཞུགས་སྲིད་ཞིའི་ཟས་གཡང་མ་ལུས་སྡུད། །ཁྱོད་ལ་གུས་པས་འདུད་དོ་དེང་འདིར་ཟས་ནོར་གོས་ཀྱི་ཆར་སྐྱིལ་ཅིག །ཛམྦྷ་ལ་དང་གང་བ་བཟང་པོ་ནོར་བུ་བཟང་དང་ཀུ་བེ་ར། །ཡང་དག་ཤེས་དང་འབྲོག་གནས་ལྔས་རྩེན་ཀུཎྜ་ལཱི་སྟེ་རྟ་བདག་བརྒྱད། །གཡས་པ་རང་རང་ཕྱག་མཚན་དང་ནི་གཡོན་པ་གཏེར་གྱི་ནེའུ་ལེ་འཛིན། །ཁྱོད་ལ་གུས་པས་འདུད་དོ་རང་རང་ལས་ལ་དབང་བའི་ཕྱྭ་ཁུག་ཅིག །སྟོབས་ཀྱིས་རྒྱུ་དང་པདྨ་པད་ཆེ་ནོར་རྒྱས་དུང་སྐྱོང་མཐའ་ཡས་དང་། །རིགས་ལྡན་དང་ནི་འཇོག་པོ་ལ་སོགས་ཀླུ་ཡི་ནོར་ལྷ་ཆེན་པོ་རྣམས། །སྦྲུལ་མགོའི་གདེངས་ཀ་བདུན་བདུན་དང་ལྡན་ཕྱག་ན་ནོར་རྐྱལ་ནེའུ་ལེ་བསྣམས། །ཁྱོད་ལ་གུས་པས་འདུད་དོ་སྐྱེ་དགུའི་ཕོངས་པ་མ་ལུས་སེལ་མཛོད་ཅིག །གཞན་ཡང་རྒྱལ་ཆེན་བཞི་དང་སྡེ་དཔོན་ཉེར་བརྒྱད་སྟོབས་ཆེན་སུམ་ཅུ་གཉིས། །གཡང་གི་ལྷ་མོ་མཛེས་ལྡན་སྲས་བཞི་བློན་བརྒྱད་མ་མོ་བྱེ་བའི་འཁོར། །ལྷ་སྲིན་སྡེ་བརྒྱད་སྤྲུལ་འཁོར་བཅས་དང་ཕྱྭ་གཡང་འགུགས་བསྟིམ་ལྷ་མོའི་ཚོགས། །ཁྱོད་ལ་གུས་པས་འདུད་དོ་ཕྱྭ་གཡང་ཚེ་དཔལ་དགོས་འདོད་ཆར་ཕོབ་ཅིག །ཁྱེད་རྣམས་ཡེ་ཤེས་འཇིག་རྟེན་སྣ་ཚོགས་ཚུལ་གྱིས་འགྲོ་ལ་ཕན་སྦྱིན་མོད། །དོན་དམ་གདོད་མའི་འོད་གསལ་ཆེན་པོ་རོ་མཉམ་ཆོས་དབྱིངས་གཅིག་གི་རྩལ། །དེ་སླད་རབ་ཏུ་དགའ་དང་གུས་པའི་ཡིད་ཀྱིས་རྩེ་གཅིག་བསྔགས་བགྱི་ན། །བུམ་བཟང་དཔག་བསམ་ཤིང་བཞིན་ཡིད་ལ་རེ་བའི་དཔལ་ཀུན་དེང་སྩོལ་ཅིག །འཆི་མེད་ཚེ་དང་རྒས་མེད་ལང་ཚོ་རྒུད་མེད་རྣམ་དཔྱོད་བློ་གྲོས་དང་། །འཛད་མེད་ལོངས་སྤྱོད་མངའ་ཐང་སྙན་གྲགས་འཁོར་སློབ་གདུལ་བྱ་ཕྲིན་ལས་རྒྱུན། །བཅུད་ཆེན་ཟས་དང་བརྗིད་ཆེན་གོས་སོགས་སྲིད་དང་ཞི་བའི་ཕུན་ཚོགས་དཔལ། །མ་ལུས་དབང་དུ་བསྡུས་ལ་དེང་སྩོལ་ཕྱོགས་ལས་རྣམ་རྒྱལ་མཆོག་བྱིན་ཅིག །ཅེས་པའང་པདྨ་དབང་ཆེན་གྱི་བཞེད་ངོར། ཕྱྭ་ཕྲིན་གཞུང་ནས་འབྱུང་བ་བཞིན་སྔགས་བན་འགྱུར་མེད་པད་མ་བསྟན་འཛིན་གྱིས་བྲིས་པ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ས་གསུམ་ཁྱབ་པའི་རྒྱུར་གྱུར་ཅིག སརྦ་དཱ་མདྒལཾ། །དགེའོ། །དགེའོ། །དགེའོ།།

བླ་མ་རྒྱང་འབོད་དང་ཡུལ་དམ་པ་རྣམས་ལ་གསོལ་འདེབས་ཞབས་བརྟན་གྱི་སྐོར་དད་བསོད་རྒྱ་མཚོའི་སྤྲིན་ཆེན།

༄༅། །པྲསཱདཔུནྱསམུདྲམཧཱམེགྷནཱམགུརུབིཔྲཀཪྵཧབབིཥཡཔརམསརྦརོཙནཔཱདདྷྲུབཀལྤཱསྟི།
༄༅། །བླ་མ་རྒྱང་འབོད་དང་ཡུལ་དམ་པ་རྣམས་ལ་གསོལ་འདེབས་ཞབས་བརྟན་གྱི་སྐོར་དད་བསོད་རྒྱ་མཚོའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ།།

བླ་མ་རྒྱང་འབོད་གསོལ་འདེབས་དད་གསུམ་སྙིང་གི་གདུང་སེལ།

༄༅། །བླ་མ་རྒྱང་འབོད་གསོལ་འདེབས་དད་གསུམ་སྙིང་གི་གདུང་སེལ། བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །སྤྲོས་བྲལ་ཆོས་དབྱིངས་རྣམ་དག་ཆོས་སྐུ་ཡི་ཞིང་ན། །ཆོས་ཉིད་དག་པ་གཉིས་ལྡན་མཁའ་ཁྱབ་ཀྱི་ཡེ་ཤེས། །སྲིད་ཞི་མཉམ་ཉིད་བདེ་ཆེན་རྡོ་རྗེ་ཡི་བདག་ཉིད། །དུས་གསུམ་འགྱུར་མེད་ཆོས་སྐུའི་བླ་མ་དེ་མཁྱེན་ནོ། །འོད་གསལ་ཡེ་ཤེས་ཆེན་པོར་རང་སྣང་གི་འཆར་ཆ། །ཕུན་ཚོགས་ངེས་པ་ལྔ་ལྡན་ཟག་བྲལ་གྱི་བཀོད་པ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྒྱུ་འཕྲུལ་གྱི་རོལ་མོ། །བསམ་འདས་བརྗོད་བྲལ་ལོངས་སྐུའི་བླ་མ་དེ་མཁྱེན་ནོ། །རབ་འབྱམས་ཕྱོགས་བཅུའི་ཞིང་ན་ཚད་མེད་ཀྱི་ཐུགས་རྗེས། །གང་འདུལ་རྣམ་འཕྲུལ་བཀོད་པས་མཁའ་ཁྱབ་ཀྱི་འགྲོ་བ། །སྣ་ཚོགས་ཐབས་ཀྱིས་ཕན་བདེའི་དགའ་སྟོན་ལ་སྦྱོར་མཛད། །འདུལ་བཞིའི་གར་རོལ་སྤྲུལ་སྐུའི་བླ་མ་དེ་མཁྱེན་ནོ། །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་སྤྲིན་ཆེན་ལས་ཐོན་པའི། །བསྡུ་བཞིའི་ཕྲིན་ལས་ཆར་གྱིས་མཐའ་ཀླས་ཀྱི་གདུལ་བྱའི། །དོན་གཉིས་མྱུ་གུ་བསྐྱེད་མཛད་རིས་མེད་ཀྱི་སྐྱེས་ཆེན། །ངོ་མཚར་རྨད་བྱུང་སྤྱི་ཡི་བླ་མ་རྣམས་མཁྱེན་ནོ། །རྨད་བྱུང་ཐུགས་རྗེ་ཆེན་པོའི་དཔྱང་ཐག་ལ་བརྟེན་ནས། །བདག་བློ་ཉེས་བརྒྱའི་རང་བཞིན་སྲིད་པ་ཡི་འདམ་ནས། །དྲི་མེད་ཐུབ་བསྟན་བདེ་བའི་སྐྱེད་ཚལ་དུ་འདྲེན་མཛད། །ངོ་མཚར་བཀའ་དྲིན་ཁྱད་འཕགས་བླ་མ་དེ་མཁྱེན་ནོ། །གཞི་དབང་གཉུག་མའི་ཕུང་ཁམས་སྒྲིབ་བྲལ་གྱི་ས་བོན། །ལམ་དབང་བརྡ་ཐབས་ཟབ་མོའི་རྟེན་འབྲེལ་ལ་བརྟེན་ནས། །འབྲས་དབང་སྐུ་བཞིའི་ཡེ་ཤེས་ཆེན་པོ་རུ་སྨིན་མཛད། །དབང་བཞི་རྫོགས་པར་བསྐུར་བའི་བླ་མ་དེ་མཁྱེན་ནོ། །སྨིན་བྱེད་དབང་བཞིས་དུལ་བའི་ཞིང་ས་ནི་གཤིན་པོར། །གྲོལ་བྱེད་རིམ་གཉིས་མྱུ་གུ་འབྲས་བཟང་དུ་སྨིན་པར། །དམ་ཚིག་རྣམ་པར་དག་པའི་བརླན་དྲོད་ལ་རག་ཕྱིར། །དམ་སྐོང་བདུད་རྩིའི་ཆར་སྦྱིན་བླ་མ་དེ་མཁྱེན་ནོ། །གཞི་རྒྱུད་གདོད་ནས་ལྷན་སྐྱེས་བདེ་གཤེགས་ཀྱི་སྙིང་པོ། །ལམ་རྒྱུད་དངོས་པོ་བཅུ་ཡི་བྱེད་རྐྱེན་ལ་བརྟེན་ནས། །འབྲས་ཆོས་ལྔ་ཕྲག་ལྔ་པོར་རང་ཆས་སུ་སྟོན་པའི། །རྒྱུད་དོན་ཟབ་མོས་ཤེས་རབ་རྒྱུད་འགྲོ ལ་དེ་མཁྱེན་ནོ། །སྣང་བཅས་ལྷ་སྐུར་གྲོལ་བྱེད་བསྐྱེད་རིམ་གྱི་རྣལ་འབྱོར། །སྣང་མེད་འོད་གསལ་མངོན་བྱེད་རྫོགས་རིམ་གྱི་ཡང་བཅུད། །ཟུང་འཇུག་ཡེ་ནས་འབྲལ་མེད་རྫོགས་ཆེན་གྱི་དགོངས་པ། །རང་གནས་མན་ངག་སྟོན་མཛད་བླ་མ་དེ་མཁྱེན་ནོ། །དགོངས་རྒྱུད་དུས་གསུམ་རྒྱལ་རྣམས་ཡེ་ཤེས་སུ་རོ་མཉམ། །བརྡ་བརྒྱུད་རིག་འཛིན་ཚོམ་བུ་གང་འདུལ་གྱི་རོལ་རྩེད། །སྙན་བརྒྱུད་གདམས་པའི་བདུད་རྩིས་སྐལ་བཟང་རྣམས་ཡོངས་སྨིན། །བརྒྱུད་གསུམ་ཀུན་འདུས་དྲིན་ཆེན་བླ་མ་དེ་མཁྱེན་ནོ། །སྤངས་རྟོགས་ཡོན་ཏན་ཆ་རྫོགས་ངེས་དོན་གྱི་སངས་རྒྱས། །ཐེག་གསུམ་ཆོས་དབྱངས་མི་འཛད་ལུང་རྟོགས་ཀྱི་གཏེར་མཛོད། །རིག་གྲོལ་ཡོན་ལྡན་ཟག་མེད་དགེ་འདུན་གྱི་ཚོགས་རྗེ། །སྐྱབས་གསུམ་དབྱེར་མེད་དྲིན་ཆེན་བླ་མ་དེ་མཁྱེན་ནོ། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཡི་དམ་གྱི་དཀྱིལ་འཁོར། །རྩ་རླུང་ཐིག་ལེ་དཔའ་བོ་མཁའ་འགྲོ་ཡི་གྲོང་ཁྱེར། །རྣམ་བཞིའི་ཕྲིན་ལས་མ་འགགས་དམ་ཅན་གྱི་ཆོས་སྲུང་། །རྩ་གསུམ་འདུས་ཞལ་དྲིན་ཆེན་བླ་མ་དེ་མཁྱེན་ནོ། །སྣང་སྲིད་ཀུན་ཁྱབ་ཡེ་ཤེས་སྒྱུ་མ་ཡི་གར་མཁན། །གཅིག་དང་དུ་མར་མི་གནས་སྤྲོས་བྲལ་གྱི་ཕྱག་རྒྱ། །གང་འདུལ་ཕན་བདེའི་རོལ་མོ་བསམ་འདས་ཀྱི་གར་མཁན། །སྲིད་ཞི་མཉམ་ཉིད་དྲིན་ཆེན་བླ་མ་དེ་མཁྱེན་ནོ། །རིག་སྟོང་རིག་པའི་དབྱིངས་སུ་འཁོར་འདས་ཀྱི་ཆོས་ཀུན། །འུབ་ཆུབ་རྟག་པ་དམ་པའི་རྒྱལ་ཐབས་ལ་རོལ་ནས། །ཟང་ཐལ་གཉུག་མའི་ཆོས་འཁོར་རྒྱུན་ཆགས་སུ་བསྐོར་མཛད། །མཐར་ཐུག་བློ་བྲལ་དོན་གྱི་བླ་མ་དེ་མཁྱེན་ནོ། །མཁྱེན་ནོ་མཁྱེན་ནོ་དྲིན་ཆེན་རྩ་བརྒྱུད་ཀྱི་བླ་མ། །དོན་ལ་དབྱེར་མེད་ཁྱབ་བདག་འཁོར་ལོ་ཡི་དབང་ཕྱུག །འབྲལ་མེད་སྙིང་དབུས་དྭངས་མའི་ཐིག་ལེ་རུ་བཞུགས་ནས། །དོན་བརྒྱུད་འཕོ་བའི་བྱིན་རླབས་དབང་མཆོག་དེ་བསྐུར་མཛོད། །ཅིར་སྣང་དག་པ་རབ་འབྱམས་ལྷ་སྐུ་ཡི་ཕྱག་རྒྱ། །འགྲོ་འོང་སྲོག་རྩོལ་གཡོ་བ་གཞོམ་མེད་ཀྱི་སྔགས་སྒྲ། །འཕོ་མེད་ལྷན་སྐྱེས་བདེ་སྟོང་འོད་གསལ་གྱི་འཁོར་ལོ། །དབང་བཞིའི་རྟོགས་པ་གོང་འཕེལ་བྱིན་རླབས་ཤིག་སྩོལ་ཅིག །ཡིད་དཔྱོད་འཛིན་པ་དག་པའི་སྤྲོས་བྲལ་གྱི་ལྟ་བ། །རང་བབས་མ་བཅོས་རྣལ་མའི་ཕྱག་རྒྱ་ཡིས་བསྡོམས་པས། །བྱས་ཆོས་འཁྲུལ་པ་ཞིག་པའི་བྱར་མེད་ཀྱི་ཀློང་དུ། །ལྷུན་རྫོགས་མཉམ་པ་ཆེན་པོའི་གྲུབ་མཐའ་ལ་སྦྱོར་ཅིག །ཤེས་རབ་རང་བྱུང་སྒྲོན་མེའི་ཡེ་ཤེས་ཀྱི་སྣང་ཆ། །འོད་གསལ་རང་གདངས་དབྱིངས་རིག་འཇའ་ཟེར་གྱི་ཐིག་ལེར། །ལྷུན་གྲུབ་ཚོམ་བུའི་དཀྱིལ་འཁོར་ཟུང་འཇུག་གི་བཀོད་པ། །མངོན་གྱུར་མཐར་ཕྱིན་ཆོས་སྐུའི་དགོངས་ཀློང་དུ་སྐྱོལ་ཅིག །འཆི་སྲིད་ཆོས་སྐུའི་དགོངས་པ་མངོན་སུམ་དུ་གྱུར་ཏེ། །བར་དོ་སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱ་རུ་བཞེངས་ནས། །གང་འདུལ་ཐབས་མཁས་སྤྲུལ་པས་མཐའ་ཀླས་ཀྱི་འགྲོ་ཚོགས། །འདྲེན་པའི་དེད་དཔོན་མཆོག་ཏུ་བྱིན་གྱིས་རང་རློབས་ཤིག །གནས་སྐབས་སུ་ཡང་མི་མཐུན་ཉེས་བརྒྱ་ཡི་གཡུལ་ལས། །རྣམ་རྒྱལ་ཚེ་བསོད་དཔལ་འབྱོར་ལེགས་ཚོགས་ཀྱི་ཡོན་ཏན། །གོང་འཕེལ་བསྟན་འགྲོར་ཕན་པའི་ལྷག་བསམ་གྱི་བགྱི་བ། །གེགས་མེད་མཐའ་རུ་ཕྱིན་པའི་དགའ་སྟོན་ལ་སྦྱོར་མཛོད། །ཚུལ་ཁྲིམས་རྣམ་པར་དག་པས་ལྷར་བཅས་ཀྱི་བཀུར་ཞིང་། །དྲི་མེད་ཐོས་བསམ་སྒོམ་པའི་ཡོན་ཏན་གྱི་མཐུ་ལས། །གཟུངས་སྤོོབས་བློ་གྲོས་བྱེ་བའི་གཏེར་ཁ་མཆོག་བཞད་ནས། །འཆད་རྩོད་རྩོམ་པས་རྒྱལ་བསྟན་གསལ་ནུས་སུ་མཛོད་ཅིག །རང་འདོད་འཁྲི་བའི་ཚང་ཚིང་ངེས་འབྱུང་གི་མེས་སྲེག །གཞན་ཕན་བདུད་རྩིའི་ཆར་གྱིས་བསྡུ་བཞི་ཡི་ས་བོན། །དོན་གཉིས་སྙེ་མར་འཁྲུངས་པའི་ངོ་མཚར་གྱི་འབྲུག་སྒྲ། །ས་གསུམ་རྣ་བའི་བཅུད་དུ་སྨིན་ངེས་སུ་མཛོད་ཅིག །བརྒྱུད་ལྡན་བླ་མའི་མན་ངག་ཞི་བསིལ་གྱི་བདུད་རྩི། །སྣོད་ལྡན་སློབ་མའི་དད་བརྩོན་གསེར་བུམ་དུ་བསྐྱིལ་ནས། །དམ་ལྡན་འདུས་པའི་སྡེ་ཡིས་ཕྱོགས་ཀུན་ཏུ་ཁྱབ་ཅིང་། །དོན་ལྡན་བཤད་སྒྲུབ་བྱ་བས་དུས་འདའ་རུ་མཛོད་ཅིག །ཀུན་ཀྱང་བལྟ་སྤྱོད་ཏིང་འཛིན་དོན་མཐུན་གྱིས་བག་ཕེབས། །རང་རྒྱུད་བསླབ་པས་ཡོངས་གྲོལ་གཞན་རྒྱུད་ཀྱི་འཆིང་བ། །གཅོད་པའི་ཐབས་ཚུལ་རྨད་བྱུང་སྤང་ཀློག་གི་བྱ་བར། །གེགས་མེད་ལྷར་བཅས་སྐྱེ་དགུའི་མཆོད་གནས་སུ་མཛོད་ཅིག །གངས་ལྗོངས་ཡོངས་ལ་གྲགས་པའི་སྒྲུབ་བརྒྱུད་ནི་རྣམ་བརྒྱད། །ཤིང་རྟའི་རིང་ལུགས་ཀུན་འདུས་མ་དྲོས་ཀྱི་མཚོ་ཆེན། །ཀུན་མཁྱེན་བླ་མའི་རིང་ལུགས་མཛོད་ལྔ་ཡི་བསྟན་མཆོག །མི་ཉམས་སྲིད་མཐར་རྒྱས་པའི་རྫོགས་ལྡན་ལ་སྦྱོར་ཅིག །དེར་འཛིན་བྱེད་པའི་མགོན་རྣམས་བསྐལ་བརྒྱ་རུ་ཞབས་བརྟན། །ལེགས་མཛད་ཕྲིན་ལས་ཟབ་མོས་ཕྱོགས་ཀུན་ཏུ་ཁྱབ་ཅིང་། །བསྟན་པའི་ཞབས་འདེགས་རྒྱལ་རིགས་བློན་འབངས་ཀྱི་ཚོགས་རྣམས། །མངའ་ཐང་མི་ཉམས་གངས་ལྗོངས་བདེ་སྐྱིད་ལ་སྦྱོར་མཛོད། །ཁྱད་པར་བདག་ལ་བརྟེན་པའི་བཟང་ངན་གྱི་འབྲེལ་ཐོབ། །ཀུན་ཀྱང་ཚེ་འདིར་བདེ་སྐྱིད་དམ་ཆོས་ལ་སྤྱོད་ཅིང་། །ཕྱི་མར་གནས་ངན་ལེན་པའི་མིང་ཙམ་ཡང་མི་གྲགས། །རྣམ་དག་ཞིང་དུ་སྐྱེ་བའི་སྐལ་བཟང་ལ་སྦྱོར་མཛོད། །མཁའ་ཁྱབ་ཞིང་ན་གནས་པའི་མ་གྱུར་གྱི་འགྲོ་ཚོགས། །ཀུན་ཀྱང་བདག་གི་བྱང་ཆུབ་སྤྱོད་པ་ཡི་གྲུ་ཡིིས། །སྡུག་བསྔལ་སྲིད་མཚོ་ལས་བསྒྲལ་དོན་གཉིས་ཀྱི་ནོར་གླིང་། །བདེ་བར་ངལ་འཚོ་སྦྱིན་ནུས་བྱིན་རླབས་ཤིག་སྩོལ་ཅིག །ཡང་ཡང་ཡིད་ལ་གོམས་པའི་གསོལ་འདེབས་ཀྱི་གླུ་དབྱངས། །ལྷང་ལྷང་མགྲིན་པའི་རྒྱུད་ནས་འབོད་ཚུལ་འདི་གསན་ནས། །ཟབ་ཟབ་མཁྱེན་བརྩེའི་སྤྲིན་ལས་བྱིན་ནུས་ཀྱི་ཆར་ཆེན། །སིབ་སིབ་བདག་རྒྱུད་ཞིང་སར་ལ་འུར་དུ་འབེབས་མཛོད། །བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་ཆེན་ནི་ཐིབས་ཐིབས། །ཡིད་དམ་ཞི་ཁྲོའི་དངོས་གྲུབ་མེ་ཏོག་ནི་སིལ་སིལ། །མཁའ་འགྲོ་ཆོས་སྲུང་དགའ་བའི་གླུ་དབྱངས་ནི་དིར་དིར། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་མཆོག་སྩོལ་ཅིག །ཅེས་པའང་རབ་ཚེས་རྔ་ཆེན་ཆུ་ཁྱི་གསར་དུ་འཆར་པའི་འཕེལ་ཕྱོགས་ཀྱི་དགའ་བ་དང་པོའི་ཚེས་ལ་རིག་འཛིན་གྱི་བཙུན་པ་ཟུང་འཇུག་སྒྲུབ་པའི་རྡོ་རྗེས། རང་བྱུང་པདྨའི་སྒྲུབ་གནས་མདོ་ཁམས་སེང་གེ་གནམ་རྫོང་གི་མགུལ་ན་མཛེས་པའི་དབེན་སྤྱིལ་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་བྲིས་ཤིང་གསོལ་བ་བཏབ་པ་དགེ། །།

རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ་ལ་བརྟེན་པའི་བླ་མ་རྒྱང་འབོད་མདོར་བསྡུས་བྱིན་རླབས་སྤྲིན་ཕུང་།

༄༅། །རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ་ལ་བརྟེན་པའི་བླ་མ་རྒྱང་འབོད་མདོར་བསྡུས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།། བླ་མ་མཁྱེན་ནོ། །ལན་གསུམ། གཞི་གྲོལ་ཀ་དག་སྤྲོས་བྲལ་ཆོས་སྐུ་ཡི་རང་རྩལ། །ལྷུན་གྲུབ་ངེས་པ་ལྔ་ལྡན་ལོངས་སྐུ་ཡི་སྤྲིན་ཕུང་། །རོལ་རྩལ་མ་འགགས་གང་འདུལ་སྤྲུལ་སྐུ་རུ་སྣང་བ། །དབྱེར་མེད་ངོ་བོ་ཉིད་སྐུའི་བླ་མ་དེ་མཁྱེན་ནོ། །མོས་གུས་བྱས་སོ་རྗེ་བཙུན་ཐུགས་རྗེ་ཡི་གཏེར་ཆེན། །ཡེ་ཤེས་གཟིགས་པས་དགོངས་མཛོད་མཁྱེན་བརྩེ་ཡི་དབང་པོ། །ཆོས་མིན་དྲེད་པོའི་བློ་སྣ་ཆོས་ཕྱོགས་སུ་བསྒྱུར་ནས། །རྟོགས་པ་ཕ་དང་མཉམ་པའི་དངོས་གྲུབ་ཅིག་སྩོལ་ཤོག །རབ་འབྱམས་རྩ་གསུམ་ལྷ་ཡི་ཡེ་ཤེས་ཀྱི་རོལ་གར། །དྲི་མེད་ལུང་རྟོགས་བསྟན་པ་རིན་ཆེན་གྱི་བང་མཛོད། །རིས་བྲལ་བསྟན་འགྲོའི་དཔལ་མགོན་ཟླ་མེད་ཀྱི་བཤེས་གཉེན། །སྐྱབས་ཀུན་འདུས་ཞལ་དྲིན་ཆེན་བླ་མ་དེ་མཁྱེན་ནོ། །མོས་གུས་བྱས་སོ་རྗེ་བཙུན་ཐུགས་རྗེ་ཡི་གཏེར་ཆེན། །ཡེ་ཤེས་གཟིགས་པས་དགོངས་མཛོད་མཁྱེན་བརྩེ་ཡི་དབང་པོ། །ཆོས་མེད་དྲེད་པོའི་བློ་སྣ་ཆོས་ཕྱོགས་སུ་བསྒྱུར་ནས། །རྟོགས་པ་ཕ་དང་མཉམ་པའི་དངོས་གྲུབ་ཞིག་སྩོལ་ཤོག །བི་མའི་རྣམ་འཕྲུལ་དཔལ་ལྡན་པདྨ་ཡི་སྲས་གཅིག །འོད་གསལ་སྙིང་པོའི་བཀའ་བབས་འཕགས་ནོར་གྱི་གྲངས་ལྡན། །མདོ་སྔགས་བསྟན་མཆོག་འཛམ་གླིང་ཕྱོགས་མཐའ་རུ་རྒྱས་མཛད། །བསྟན་པ་རྒྱ་མཚོའི་མགོན་གྱུར་བླ་མ་དེ་མཁྱེན་ནོ། །མོས་གུས་བྱས༴ ཡེ་ཤེས་གཟིགས༴ ཆོས་མེད་དྲེད་པོའི༴ རྟོགས་པ་ཕ༴ གང་ཐུགས་འགྱུར་མེད་ཡོངས་གྲུབ་འོད་གསལ་གྱི་མཁའ་ལ། །གཟུང་འཛིན་གཉིས་སྣང་འཁྲུལ་པའི་སྤྲིན་ཚོགས་ཀུན་དེངས་པས། །མཁྱེན་གཉིས་ཡེ་ཤེས་ཉི་ཟླ་སྒྲིབ་མེད་དུ་གསལ་བའི། །ཀུན་མཁྱེན་ཆོས་རྗེ་འགྲོ་བའི་བླ་མ་དེ་མཁྱེན་ནོ། །མོས་གུས་བྱས༴ ཡེ་ཤེས་གཟིགས༴ ཆོས་མེད༴ རྟོགས་པ་ཕ་དང་༴ མཐའ་མེད་སྲིད་མཚོར་དུབ་པའི་ཉམ་ཐག་གི་འགྲོ་ལ། །ཕུལ་བྱུང་བྱམས་བརྩེའི་སྤྱན་གྱིས་དུས་དྲུག་ཏུ་གཟིགས་ནས། །ཐབས་མཁས་ཕྲིན་ལས་ཟབ་མོས་བྱང་གྲོལ་ལ་འགོད་མཛད། །བརྩེ་ཆེན་ཐུགས་རྗེའི་དབང་ཕྱུག་བླ་མ་དེ་མཁྱེན་ནོ། །མོས་གུས༴ ཡེ་ཤེས༴ ཆོས་མེད༴ རྟོགས་པ་ཕ༴ རྨད་བྱུང་ཐུགས་རྗེ་ཆེན་པོའི་དཔྱང་ཐག་གིས་བཏབ་སྟེ། །འདུ་འཛི་འཁོར་བའི་གཅོང་རོང་ཉམ་ཐག་ལས་དྲངས་ནས། །ཐེག་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་མཆོག་སྩོལ་མཛད། །བཀའ་དྲིན་བསམ་མི་ཁྱབ་པའི་བླ་མ་དེ་མཁྱེན་ནོ། །མོས་གུས༴ ཡེ་ཤེས༴ ཆོས་མེད༴ རྟོགས་པ༴ གཞི་རྒྱུད་བདེ་གཤེགས་སྙིང་པོ་སྐུ་གསུམ་གྱི་ས་བོན། །ལམ་རྒྱུད་ཐབས་ཤེས་ཟུང་འཇུག་དྲོད་གཤེར་གྱིས་བསྐྱངས་པས། །འབྲས་རྒྱུད་སྐུ་དང་ཡེ་ཤེས་རང་ཆས་སུ་སྨིན་བྱེད། །དབང་བཞི་རྫོགས་པར་བསྐུར་བའི་བླ་མ་དེ་མཁྱེན་ནོ། །མོས་གུས༴ ཡེ་ཤེས༴ ཆོས་མེད༴ རྟོགས་པ༴ ཀུན་བཟང་རྡོ་རྗེ་སེམས་དཔའི་ཞལ་ལུང་གི་ཉིང་ཁུ། །གྲུབ་མཆོག་རིག་འཛིན་རྒྱ་མཚོའི་ཐུགས་བུམ་དུ་བསྐྱིལ་པའི། །མཐའ་དྲུག་ཚུལ་བཞིས་བཅིངས་པ་རྡོ་རྗེ་ཡི་གནས་རྣམས། །མ་སྦས་ལྷུག་པར་བཀྲལ་བའི་བླ་མ་དེ་མཁྱེན་ནོ། །མོས་གུས༴ ཡེ་ཤེས༴ ཆོས་མེད༴ རྟོགས་པ༴ གཞི་གནས་རིག་པ་ཀ་དག་སྤྲོས་བྲལ་གྱི་ཆོས་སྐུ། །ཡིད་དཔྱོད་འཛིན་པ་བྲལ་བར་མངོན་སུམ་དུ་བསྟན་ནས། །ལྷུན་གྲུབ་སྣང་བཞིའི་ཉེ་ལམ་འཆུགས་མེད་ལ་སྦྱོར་མཛད། །མཐར་ཐུག་ངེས་པ་དོན་གྱི་བླ་མ་དེ་མཁྱེན་ནོ། །མོས་གུས༴ ཡེ་ཤེས༴ ཆོས་མེད༴ རྟོགས་པ༴ ཀྱེ་མ་དལ་འབྱོར་རྙེད་ཀྱང་དམ་ཆོས་ནི་མ་འགྲུབ། །མི་རྟག་འཆི་བར་ཤེས་ཀྱང་འདིར་སྣང་ལ་ཞེན་ཅིང་། །འཁོར་བའི་སྡུག་བསྔལ་མཐོང་ཡང་བློ་ཁ་ནི་མ་ལྡོག །རྒྱུ་འབྲས་ཚིག་ཏུ་ཁྱེར་ཡང་ལག་ལེན་ནི་འཛོལ་འདུག །མོས་གུས༴ ཡེ་ཤེས༴ ཆོས་མེད༴ རྟོགས་པ༴ དབེན་གནས་རི་ཁྲོད་འགྲིམས་ཀྱང་རྣམ་གཡེང་ནི་མ་ཞི། །གྲོགས་མེད་གཅིག་པུར་གནས་ཀྱང་རང་སེམས་ནི་མ་དུལ། །ལྟར་སྣང་ཆོས་ལྟར་བཅོས་ཀྱང་ཆོས་བརྒྱད་ཀྱི་སྣོན་མ། །སྤྲང་པོའི་འདུན་མ་རང་མགོ་རང་གཡོགས་ལ་འབྱམས་འདུག །མོས་གུས༴ ཡེ་ཤེས༴ ཆོས་མེད༴ རྟོགས་པ༴ སོ་ཐར་འདུལ་ཁྲིམས་ནོས་ཀྱང་ཚུལ་འཆོས་ཀྱི་སྣོན་མ། །བྱང་སེམས་བསྐྱེད་ལོ་བྱས་ཀྱང་ཡིད་བྱེད་ནི་མ་བྲལ། །གསང་སྔགས་དབང་བཞི་ཞུས་ཀྱང་སྒོ་གསུམ་ནི་ཐ་མལ། །བརྩམས་པ་ཐམས་ཅད་ཉོན་མོངས་ཁ་སྣོན་དུ་གྱུར་འདུག །མོས་གུས༴ ཡེ་ཤེས༴ ཆོས་མེད༴ རྟོགས་པ༴ བསྐྱེད་རིམ་བསྒོམས་ཀྱང་ཨ་འཐས་བདེན་འཛིན་ལ་ཞེན་ཅིང་། །ལྷ་ཛབ྄་སྙིང་པོ་བསྒྲངས་ཀྱང་འཕྲོ་འདུ་ཡི་གཟེར་བྲལ། །རྫོགས་རིམ་སྟོང་ཉིད་བསྒོམས་ཀྱང་བློས་བྱས་ཀྱི་རྒྱས་འདེབས། །བྱས་མང་འབྲས་ཉུང་འཁྲུལ་རྟོག་རྒྱ་ཡན་ལ་འབྱམས་འདུག །མོས་གུས༴ ཡེ་ཤེས༴ ཆོས་མེད༴ རྟོགས་པ༴ ཀ་དག་ལྟ་བ་ཡིད་དཔྱོད་འཛིན་པ་ཡིས་བསླད་ཅིང་། །ལྷུན་གྲུབ་སྒོམ་པ་གཟུང་འཛིན་བདེན་ཞེན་གྱིས་བཅིངས་ཏེ། །ཤུགས་འབྱུང་སྤྱོད་པ་ཚུལ་འཆོས་ཞགས་པ་ཡིས་བསྡམས་ནས། མ་བཙལ་ལྷུན་རྫོགས་འབྲས་བུ་རེ་དོགས་ཀྱི་སྒྲིབ་འདུག །མོས་གུས༴ ཡེ་ཤེས༴ ཆོས་མེད༴ རྟོགས་པ༴ བློ་ལྡོག་རྣམ་བཞིས་དུལ་བའི་ཞིང་ས་ནི་གཤིན་པོར། །ཚུལ་ཁྲིམས་རྣམ་པར་དག་པའི་དཔག་བསམ་གྱི་སྙེ་མ། །གཞན་ཕན་བྱང་ཆུབ་སེམས་ཀྱི་འབྲས་བཟང་ཆེར་སྨིན་པས། །ལམ་གོལ་གཡང་ལས་གྲོལ་བའི་དངོས་གྲུབ་ཅིག་སྩོལ་ཤོག །བསྐྱེད་པའི་རིམ་པས་སྣང་ཞེན་ལྷ་སྐུ་རུ་བྱང་ཞིང་། །རླུང་སྔགས་རྡོ་རྗེའི་བཟླས་པས་ལས་རླུང་གི་འཆིང་དག །བསྙེན་བསྒྲུབ་རིག་འཛིན་རྣམ་བཞིའི་གསང་ལམ་ལ་བརྟེན་ནས། །གདོད་མའི་རྒྱལ་ས་ཟིན་པའི་དངོས་གྲུབ་ཅིག་སྩོལ་ཤོག །བདེ་གསལ་མི་རྟོག་ཉམས་ཀྱི་ཤུན་པ་དང་བྲལ་ཞིང་། །སེམས་དང་སེམས་བྱུང་རྙོག་པའི་དྲི་མ་ཀུན་སངས་ཏེ། །རང་རིག་ཀ་ནས་དག་པ་ཁྲེགས་ཆོད་ཀྱི་དགོངས་པ། །མངོན་གྱུར་སྒོམ་མེད་ཆེན་པོའི་དངོས་གྲུབ་ཅིག་སྩོལ་ཤོག །གནད་གསུམ་ཆོས་ཉིད་འཁོར་ལོའི་མན་ངག་ལ་བརྟེན་ནས། །རིག་གདངས་དབང་པོས་མངོན་སྣང་གོང་འཕེལ་དུ་གྱུར་ཏེ། །ཚད་ཕེབས་ལོངས་སྐུའི་ཞིང་ཉུལ་ཟད་ས་ལ་འཁྱོལ་ནས། །འཕོ་ཆེན་འཇའ་ལུས་འགྲུབ་པའི་དངོས་གྲུབ་ཅིག་སྩོལ་ཤོག །བརྩེ་ཆེན་ཐུགས་རྗེའི་སྒྱུ་འཕྲུལ་ཡེ་ཤེས་ཀྱི་ཉི་མ། །མཐའ་ཀླས་འགྲོ་བའི་མོས་མཁར་འགོག་མེད་དུ་གསལ་ནས། །མ་རིག་གཟུང་འཛིན་འཁྲུལ་རྟོག་ལྷག་མེད་དུ་བསལ་ཏེ། །གདོད་མའི་གྲོལ་སར་འགོད་ནུས་བྱིན་རླབས་ཤིག་སྩོལ་ཤོག །མོས་གུས་བྱས་སོ་རྗེ་བཙུན་ཐུགས་རྗེ་ཡི་གཏེར་ཆེན། །བརྩེ་ཆེན་ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་གྱི་བླ་མ། །དགོངས་རྒྱུད་བྱིན་རླབས་འཕོ་བའི་དབང་བསྐུར་གྱི་མཐུ་ལས། །ལྟ་དགོངས་ཕ་དང་མཉམ་པའི་དངོས་གྲུབ་ཅིག་སྩོལ་ཤོག །ཅེས་མོས་གུས་འཆི་མ་འཁྲུགས་པའི་གདུང་བའི་དབྱངས་ཀྱིས་གསོལ་བ་བཏབ་པའི་མཐར་བླ་མ་དང་རང་སེམས་གཉིས་མེད་དུ་བསྲེས་ནས་གཤིས་བདེ་བ་ཆེན་པོའི་ངང་ལ་གསལ་སྟོང་འཛིན་བྲལ་དུ་འཇོག་པ་ནི་གནད་དམ་པའོ། །ཞེས་པའང་སྲིད་འབྱོར་འཁོར་བའི་ལོངས་སྤྱོད་མཆིལ་མའི་ཐལ་བ་བཞིན་བོར་ནས་ངེས་མེད་དབེན་པའི་རི་བོར་སྒྲུབ་པ་སྙིང་པོར་དྲིལ་བའི་གླིང་རྗེ་བཙུན་མ་འཇམ་དབྱངས་ཚུལ་ཁྲིམས་དབང་མོའི་བཀས་བསྐུལ་མ་གནང་བ་ལྟར། མགོན་པོ་གང་གི་ཚད་མེད་པའི་ཐུགས་རྗེས་བསྐྱངས་པའི་བཀའ་འབངས་ཀྱི་ཐ་ཤལ་བྷུ་སུ་ཀུ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའི་སྡེས་རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པ་སྟེ། འདིས་ཀྱང་རང་གཞན་ཀུན་གྱི་རྒྱུད་ལ་དཔལ་ལྡན་བླ་མའི་བྱིན་རླབས་རྩོལ་མེད་དུ་འཇུག་པའི་རྒྱུར་གྱུར་ཅིག། །།

ཀུན་མཁྱེན་བློ་གྲོས་མཐའ་ཡས་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན།

༄༅། །ཀུན་མཁྱེན་བློ་གྲོས་མཐའ་ཡས་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། མཐའ་བརྒྱད་སྤྲོས་པའི་དྲྭ་བ་དབུ་མ་རུ་བསྡོམས་པའི། །སྙིང་དབུས་ཤནྟ་པུ་རི་བློ་བྲལ་གྱི་གྲོང་དུ། །ཀ་དག་ཆོས་ཟད་ཆེན་པོའི་རྒྱལ་ཐབས་ལ་རོལ་བའི། །ཆོས་སྐུའི་སྟོན་པ་གུ་ཎ་ས་མུ་དྲ་མཁྱེན་ནོ། །ཡིད་དཔྱོད་གྲུབ་མཐའ་ཞིག་པར་བྱིན་གྱིས་རང་རློབས་ཤིག །ནང་དབྱིངས་ཁྱད་ཆོས་དྲུག་ལྡན་འོད་གསལ་གྱི་འཆར་སྒོ། །ལྷུན་གྲུབ་ངེས་པ་ལྔ་ལྡན་ཡེ་ཤེས་ཀྱི་རོལ་རྩེད། །བདེ་ཆེན་ཁ་སྦྱོར་བདུན་གྱི་གསང་མཛོད་ཀྱིས་ཕྱུག་པའི། །ལོངས་སྐུའི་བླ་མ་གུ་ཎ༴ འོད་གསལ་སྣང་བཞི་མཐར་ཕྱིན་བྱིན་གྱིས་རང༴ རིག་རྩལ་ཐུགས་རྗེའི་རོལ་པ་འགག་མེད་ཀྱི་འཆར་སྒོ། །གང་འདུལ་འགྲོ་བའི་མོས་ངོར་དེ་སྙེད་དུ་སྟོན་པའི། །འདུལ་བ་བཞི་ཡི་ཕྲིན་ལས་རྟག་ཁྱབ་ལ་དབང་འབྱོར། །མཆོག་གི་སྤྲུལ་སྐུ་གུ་ཎ༴ དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རང༴ སྒྱུ་ལུས་ལྷ་སྐུར་སྨིན་པའི་འཇོ་སྒེག་དང་སྦྲགས་ནས། །སྲོག་རྩོལ་དབུ་མར་ཐིམ་པའི་ངོ་མཚར་གྱི་བཀོད་པས། །ཟུང་འཇུག་སྐུ་བཞིའི་རྒྱལ་སར་ངལ་གསོ་ལ་ཕེབས་པའི། །གྲུབ་བརྒྱའི་སྤྱི་མོས་གུ་ཎ༴ ཚེ་འདིར་གྲུབ་མཐའ་སྙོག་པར་བྱིན་གྱིས་རང་༴ སྲིད་རྩ་ཤེས་བྱར་འཁོན་པའི་དགྲ་སྡེ་ཡི་མུན་ཚོགས། །མཁྱེན་རབ་ཡེ་ཤེས་རལ་གྲིའི་གཟི་འོད་ཀྱིས་བཅོམ་པའི། །སྔོན་མེད་སྨྲ་བའི་སེང་གེ་མཚོ་བྱུང་གི་ལང་ཚོ། །ཤེས་བྱ་ཀུན་མཁྱེན་གུ་ཎ༴ སྤོབས་པའི་གཏེར་བརྒྱད་གྲོལ་བར་བྱིན་གྱིས་རང་༴ བསྒྲང་ཡས་བསྐལ་པར་གོམས་པའི་སྙིང་རྗེ་ཡི་དཔྱིད་ཐིག །སྲིད་མཐར་གཟིགས་པ་མི་གཏོང་དམ་བཅའ་ཡི་གོ་ཆ། །དབྲལ་མིན་གངས་ཅན་མགོན་པོའི་ཡེ་ཤེས་ཀྱི་རང་གཟུགས། །ཐུགས་རྗེའི་དབང་ཕྱུག་གུ་ཎ༴ གཞན་ཕན་ལྷག་བསམ་འབྱོར་པར་བྱིན་གྱིས་རང་༴ ངེས་གསང་བཀའ་ཡི་སྡུད་པོ་རིག་འཛིན་གྱི་རྩལ་འཆང་། །མངོན་སྣང་མཛོད་ལྔའི་སྲོལ་འབྱེད་སྔོན་མེད་ཀྱི་ཤིང་རྟ། །བློ་གྲོས་སྤོབས་པ་མཐའ་ཡས་རྒྱལ་རྣམས་ཀྱིས་བསྔགས་པའི། །རྒྱལ་བ་གཉིས་པ་གུ་ཎ༴ གྲུབ་གཉིས་འདོད་དགུར་འཕྲུལ་བར་བྱིན་གྱིས་རང་༴ སྔོན་མེད་ཐུགས་བསྐྱེད་བཙན་པོ་དུས་སྨིན་གྱི་ཕྲག་པས། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་སྲོལ་དགོས་འབྱུང་གི་ནོར་བུ། །འཆད་རྩོམ་རྒྱལ་མཚན་རྩེ་མོར་ནུབ་མེད་དུ་བསྒྲེངས་པའི། །རིགས་ཀུན་ཁྱབ་བདག་གུ་ཎ༴ དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རང་༴ རིས་སུ་མ་ཆད་གདུལ་བྱ་རྒྱ་མཚོ་ཡི་མགོན་གཅིག །ཕྱོགས་སུ་མ་ལྷུང་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག །ཕྱོགས་རེར་མ་སོང་རྣམ་ཐར་ཆོས་དབྱིངས་དང་མཉམ་པའི། །འཇིག་རྟེན་མིག་གཅིག་གུ་ཎ༴ རྣམ་ཐར་རྗེས་སུ་སྙོག་པར་བྱིན་གྱིས་རང་༴ འཇིག་རྟེན་ལྷ་མིས་བཏུད་ཀྱང་ཁེངས་དྲེགས་ནི་མི་མངའ། །སྲིད་ཞི་མཉམ་ཉིད་རྟོགས་ཀྱང་རྩིང་སྤྱོད་ནི་མི་མཛད། །ཞི་བའི་གོ་འཕང་བརྙེས་ཀྱང་ཞི་མཐའ་ལ་མི་གནས། །སྙིགས་འགྲོའི་སྐྱབས་གཅིག་གུ་ཎ༴ ཆོས་བརྒྱད་འཆིང་བ་ཞིག་པར་བྱིན་གྱིས་རང་༴ བདག་རྒྱུད་སྨིན་བྱེད་དབང་བཞིའི་བདུད་རྩི་ཡིས་བརླན་ཏེ། །གྲོལ་བྱེད་རིམ་གཉིས་གདམས་པའི་དྲོད་གཤེར་གྱིས་བསྐྱངས་པས། །མཐར་ལམ་སྐུ་བཞིའི་སྙེ་མ་འཁྲུང་རུང་དུ་མཛད་པའི། །བཀའ་དྲིན་འཁོར་མེད་གུ་ཎ༴ དབང་བཞིའི་རྟོགས་པ་གོང་འཕེལ་བྱིན་གྱིས༴ བློ་དང་ཡིད་དཔྱོད་ཉམས་ཀྱི་འཛིན་སྟངས་དང་བྲལ་བའི། །ཀ་དག་ཕྱོགས་ཡན་ཆེན་པོའི་གཤིས་ལུགས་དང་སྤྲད་ནས། །ལྷུན་གྲུབ་སྣང་བཞིའི་ཉམས་ལེན་འཆུགས་མེད་ལ་སྦྱོར་མཛད། །གདོད་མའི་མགོན་པོ་གུ་ཎ༴ ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རང་༴ ཀྱེ་མ་གཟུང་འཛིན་བདེན་ཞེན་སྦྲུལ་གདུག་གིས་ཟིན་པས། །མི་བཟད་སྡུག་བསྔལ་བརྒྱ་ཕྲག་རིམས་ནད་ཀྱིས་གཙེས་པའི། །གདུང་གླུ་ལག་པ་གཡོབ་པའི་ངང་ཚུལ་འདི་གཟིགས་ལ། །ཐུགས་རྗེའི་ཕྱག་ཡངས་རྐྱོངས་ཤིག་དྲིན་ཆེན་གྱི་བླ་མ། །ཆོས་བརྒྱད་རླུང་དམར་འཁྲུགས་པའི་རྣམ་གཡེང་གི་རྦ་ལ། །དལ་འབྱོར་རིན་ཆེན་གྲུ་བོ་ཉམས་ཉེ་རུ་ཕྱོགས་པའི། །ཕྱི་ཚིས་འཆིང་བ་མི་གཏོང་ཆོས་མེད་ཀྱི་དྲེད་པོའི། །བློ་སྣ་བཙན་ཐབས་སྟུངས་མཛོད་དྲིན་ཆེན་གྱི་བླ་མ། །སྲིད་པའི་ཕུན་ཚོགས་སྲིན་མོའི་འཇོ་སྒེག་གིས་བསླུས་ཏེ། །བཟོད་དཀའ་ངན་འགྲོའི་ལྕགས་ཁང་དོ་ར་རུ་ཆུད་ཉེའི། །རང་མཚང་མངོན་སུམ་རྟོགས་པའི་ཞེན་ལོག་གི་རྟ་ཕོས། །ངེས་ལེགས་གྲོང་དུ་སྦྱོར་མཛོད་དྲིན་ཆེན་གྱི་བླ་མ། །ཐོས་བསམ་མིག་རྒྱང་ཐུང་ངུའ་ིརང་ལྟ་ལ་ཆགས་ཤིང་། །གཞན་ཕྱོགས་དེ་ལས་ལྡོག་པའི་ཕྱོགས་ལྷུང་གི་ཆང་གིས། །རབ་མྱོས་ཆོས་སྤོང་གཡང་ས་དམྱལ་མེ་ཡི་དོང་ཁར། །འཁྱོལ་བའི་གོམ་པ་ཟློགས་ཤིག་དྲིན་ཆེན་གྱི་བླ་མ། །རང་སྐྱོན་རི་བོས་ནོན་ཡང་ཡོན་ཏན་དུ་རློམ་ཞིང་། །གཞན་སྐྱོན་ཕྲ་མོའི་རྡུལ་ཡང་སྒྲིམ་བློ་ཡིས་འཚོལ་བའི། །དམ་པ་མིན་པའི་ཀུན་རྟོག་སྐྲ་ཤད་ཀྱིས་འཛིང་འདི། །དག་སྣང་ཐུར་མས་སོལ་ཅིག་དྲིན་ཆེན་གྱི་བླ་མ། །ངེས་འབྱུང་གཏིང་ནས་མ་སྐྱེས་དགེ་སྦྱོང་གི་འདྲ་ཅོག །གཞན་ཕན་ལྷག་བསམ་མ་འབྱོངས་བྱང་སེམས་ཀྱི་ཁ་སྦྱང་། །དབང་བཞིའི་ལམ་ཁྱེར་མི་ལྡན་སྔགས་སྤྱོད་དུ་རློམ་པའི། །ལམ་གོལ་གཡང་ལས་སྲུངས་ཤིག་དྲིན་ཆེན་གྱི་བླ་མ། །དག་རྫོགས་སྨིན་གསུམ་མི་ལྡན་ཨ་འཐས་ཀྱི་བསྐྱེད་རིམ། །སྲོག་སྡོམ་གཟེར་བཞིའི་གནད་མེད་ལྷག་ཆད་ཀྱི་བཟླས་བརྗོད། །རང་གྲོལ་གནད་དང་མི་ལྡན་སྡུག་བཙིར་གྱི་སེམས་འཛིན། །དམན་ལམ་གོལ་སྒྲིབ་སངས་ཤིག་དྲིན་ཆེན་གྱི་བླ་མ། །རང་དོན་སྒྲུབ་ལ་ཞུགས་ཚེ་གཞན་དོན་གྱི་བྲེལ་གཡེངས། །གཞན་དོན་གྲོང་དུ་རྒྱུ་ཚེ་རང་རྒྱུད་ནི་ཐ་མལ། །གཉིས་དོན་མི་འགྲུབ་གྲུབ་འབྲས་ཁྱིམ་པ་ལས་ལོད་པའི། །འདིར་སྣང་ཞེན་པ་ཕྲོལ་ཅིག་དྲིན་ཆེན་གྱི་བླ་མ། །གཞོན་ཆུང་སེམས་ཤེད་མ་རྫོགས་གཞན་དབང་ལ་བསྙད་བསྙད། །དར་བབས་ལང་ཚོས་དྲེགས་ཚེ་འདོད་ཡོན་གྱིས་བསླུས་བསླུས། །རྒས་འཁོགས་ན་འཆིའི་གཏུགས་ཚེ་ཅི་ཙུག་རང་བྱེད་ཨང་། །བློ་སྣ་ཆོས་ལ་དྲོངས་ཤིག་དྲིན་ཆེན་གྱི་བླ་མ། །གདུལ་རྒྱུའི་དགྲ་བོ་ཟད་མེད་ཞེ་སྡང་གི་བུད་ཤིང་། །བསྐྱང་རྒྱུའི་གཉེན་གྲོགས་མགུ་མེད་ཆགས་སྡང་གི་ཚང་ཚིང་། །སྡེ་དགོན་འདུ་འཛིའི་བྲེལ་དོ་རྣམ་གཡེང་གི་ཆུ་རིས། །མཐུན་འཇུག་ཐག་པ་ཆོད་ཅིག་དྲིན་ཆེན་གྱི་བླ་མ། །ཕུན་ཚོགས་རྒྱལ་བས་ལེགས་བསྔགས་ཐར་འདོད་ཀྱི་བསྟི་གནས། །འདུ་འཛིའི་སྤྱོད་པས་ཡོངས་གཏོང་ལྕུག་ཕྲན་གྱི་དོ་རར། །དབེན་གསུམ་བདུད་རྩིའི་དགའ་སྟོན་ཆད་མེད་དུ་སྤྱོད་པའི། །བསྐལ་བཟང་ལ་འུར་སྩོལ་ཅིག་དྲིན་ཆེན་གི་བླ་མ། །བདག་རྟོག་དབྱིངས་སུ་བསྒྲལ་པའི་རྗེས་ཐོབ་ཀྱི་རོལ་རྩེད། །གཞན་ཕན་བྱང་ཆུབ་སེམས་ཀྱི་འཇོ་སྒེག་དང་སྦྲགས་ནས། །བསྡུ་བཞིའི་ཕྲིན་ལས་ཟབ་མོས་མ་གྱུར་གྱི་འགྲོ་ཀུན། །རྣམ་གྲོལ་དཔལ་ལ་སྦྱོར་ནུས་བླ་མ་རྗེས་མཛོད་ཅིག །ཀྱེ་ཧུད་སྙིགས་སྤྱོད་གདུག་པའི་མུན་པ་ཡི་དྲྭ་བས། །ཡོངས་ཁེབས་ཐུབ་བསྟན་པད་ཚལ་རྙིང་ཚུལ་འདི་གཟིགས་ལ། །སྤྲོས་བྲལ་ཆོས་སྐུའི་བླ་མ་སྟོང་གཟུགས་སུ་མ་བཞུགས། །ངོ་མཚར་མཚན་དཔེའི་ཉི་གཞོན་ལ་འུར་དུ་འཆར་རན། །སྲིད་པར་ཉིང་མཚམས་སྦྱར་བའི་སྲེད་ལེན་གྱི་འཆིང་བྱེད། །གཟོད་ནས་རྣམ་པར་གྲོལ་མོད་ཐུགས་རྗེ་ཡི་དཔྱང་ཐག །འགྲོ་ཁམས་རྒྱ་མཚོར་འཇུག་པ་མི་བསླུ་ཡི་ཐ་ཚིག །སྒྲིབ་བྲལ་སྤྲུལ་པའི་ཟླ་སྣང་མྱུར་འཆར་དུ་མཛོད་ཅིག །ཡེ་ཤེས་དབྱིངས་ལས་ཤར་བའི་རྩ་གསུམ་དང་ཆོས་སྲུང་། །མཐུ་ལྡན་དཀར་ཕྱོགས་སྐྱོང་རྣམས་དམ་ཚིག་ལ་དགོངས་ཏེ། །རྗེ་བཙུན་བླ་མ་དགྱེས་པའི་ངོ་མཚར་གྱི་ཟློས་གར། །འགོག་མེད་མྱུར་དུ་གསལ་བའི་ཕྲིན་ལས་ལ་བརྩོན་མཛོད། །ངོ་མཚར་མཆོག་གི་སྤྲུལ་སྐུ་སྔོན་མེད་ཀྱི་ཉི་གཞོན། །བསྟན་འགྲོའི་ལེགས་བྱས་མཁའ་ལ་གཡོ་མེད་དུ་བརྟན་ཅིང་། །གསང་གསུམ་བགྲེས་རྒུད་བྲལ་བ་རྡོ་རྗེ་ཡི་རང་བཞིན། །བར་ཆད་ཉེར་འཚེའི་སྒྲ་གཅན་སྤྲིན་ཚོགས་དང་བྲལ་ནས། །འཁོར་ལོ་གསུམ་གྱི་ཕྲིན་ལས་འོད་སྟོང་གི་དྲྭ་བས། །སྙིགས་ལྔའི་རྒུད་པའི་མུན་ཚོགས་ལྷག་མེད་དུ་བཅོམ་ནས། །ཐུབ་བསྟན་པད་ཚལ་བཞད་པའི་གེ་སར་གྱི་ལང་ཚོ། །ལུང་རྟོགས་སྦྲང་རྩིས་དུད་པའི་སྐལ་བཟང་གི་དྲི་བསུང་། །ཐར་འདོད་རྐང་དྲུག་ཡིད་ཀྱི་གསོས་སྨན་དུ་གྱུར་པའི། །དགེ་མཚན་ཕན་བདེའི་སྣང་བས་ཕྱོགས་དུས་ཀུན་ཁྱབ་སྟེ། །སྔོན་མེད་རྫོགས་ལྡན་གསར་པའི་དུས་སྟོན་གྱི་དགའ་བ། །ནུབ་མེད་ཉམས་སུ་མྱོང་བའི་སྨོན་ལམ་ཞིག་ཞུའོ། །དེ་སྐད་བླ་མ་དྲན་པའི་མོས་གུས་ཀྱི་གསོལ་འདེབས། །དད་གསུམ་མགྲིན་པའི་རྒྱུད་ནས་ལྷང་ལྷང་དུ་བླངས་པས། །ཡིད་ལ་ཡེ་ཤེས་ཟབ་མོའི་འཇུག་པ་ཡིས་བསྲུངས་ཏེ། །འགྲོ་ཀུན་རྣམ་གྲོལ་ས་ལ་དབུགས་འབྱིན་དུ་ཤོག་ཅིག །ཅེས་པའང་མགོན་པོ་གང་གི་ཚད་མེད་པའི་བཀའ་དྲིན་ཆེན་པོས་རྗེས་སུ་བསྐྱངས་པའི་སློབ་ཐ་འདུ་གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བཀའ་བརྒྱུད་བསྟན་པའི་གཞི་མ་གཅིག་པུར་གྱུར་པ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཆོས་གྲྭ་ཆེན་པོར་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱི་ཞལ་སྔ་ནས་ཟབ་མོ་གདམས་ངག་མཛོད་ཀྱི་སྨིན་གྲོལ་ཟབ་མོ་བཀའ་དྲིན་དུ་ནོད་པའི་སྐབས་སུ་བྲིས་ཤིང་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །།
༄༅། །བླ་མ་མཁྱེན་ནོ། །ལན་གསུམ། ཀ་དག་སྤྲོས་པ་བྲལ་བ་ཡེ་གཞི་ཡི་ཀློང་དུ། །སྣ་ཚོགས་ལྷུན་གྲུབ་འཆར་སྒོ་ཕྱི་གསལ་ཀུན་ཐིམ་པས། །ནང་དབྱིངས་གཞོན་ནུ་བུམ་པའི་རྒྱལ་ཐབས་ལ་རོལ་བའི། །ཆོས་སྐུའི་བླ་མ་རྡོ་རྗེ་གཟི་བརྗིད་དེ་མཁྱེན་ནོ། །ནང་དབྱིངས་འཕོ་འགྱུར་བྲལ་བའི་འོད་གསལ་གྱི་འཆར་སྒོ། །མ་འགགས་ཞིང་སྐུའི་བཀོད་པ་ཆོས་དབྱིངས་ཀྱི་རྒྱན་གྱུར། །ཁ་སྦྱོར་ཡན་ལག་བདུན་གྱི་བང་མཛོད་ཀྱིས་ཕྱུག་པའི། །ལོངས་སྐུའི་བླ་མ་མཁྱེན་བརྩེའི་དབང་པོ་དེ་མཁྱེན་ནོ། །བརྩེ་ཆེན་ཐུགས་རྗེེའི་འཇུག་པ་ཟླ་མེད་ཀྱི་འཆར་སྒོ། །གང་འདུལ་འགྲོ་བའི་ཤེས་ངོར་དེ་སྙེད་དུ་སྟོན་པའི། །འདུལ་བ་བཞི་ཡི་ཕྲིན་ལས་རྟག་ཁྱབ་ལ་དབང་འབྱོར། །སྤྲུལ་སྐུའི་བླ་མ་མདོ་སྔགས་གླིང་པ་དེ་མཁྱེན་ནོ། །དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མ་ཡི་ངོ་བོ། །རྒྱུད་སྡེ་བཞི་དྲུག་ཡི་དམ་སྤྲོ་བསྡུ་ཡི་བྱེད་པོ། །མ་ཚོགས་ཌཱ་ཀི་འབུམ་སྡེའི་ཚོགས་དཔོན་གྱི་དཔའ་བོ། །རྩ་གསུམ་འདུས་ཞལ་སྤྲུལ་པའི་རྡོ་རྗེ་དེ་མཁྱེན་ནོ། །རབ་འབྱམས་ཕྱོགས་དུས་རྒྱལ་བའི་ཡེ་ཤེས་ཀྱི་སྤྱི་གཟུགས། །རིན་ཆེན་བདུན་ལྡན་ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། །བསྟན་འཛིན་དགེ་འདུན་བྱེ་བའི་གཙུག་ནོར་དུ་ཐོབ་པའི། །སྐྱབས་གསུམ་དབྱེར་མེད་ཀུན་མཁྱེན་བླ་མ་དེ་མཁྱེན་ནོ། །བདག་རྒྱུད་སྨིན་བྱེད་དབང་བཞིའི་ས་བོན་མཆོག་བཞག་ནས། །གྲོལ་བྱེད་རིམ་གཉིས་གདམས་པའི་བདུད་རྩི་ཡིས་བརླན་ཏེ། །མཐར་ཕྱིན་འབྲས་བུ་སྐུ་བཞིའི་རྒྱལ་ཐབས་ལ་འགོད་མཛད། །བཀའ་དྲིན་འཁོར་མཐའ་བྲལ་བའི་བླ་མ་དེ་མཁྱེན་ནོ། །མོས་གུས་སྙིང་ནས་ཤར་བའི་གསོལ་འདེབས་ཀྱི་གདུང་དབྱངས། །མགོན་ཁྱོད་སྙན་གྱིས་པདྨོར་ཡུད་ཙམ་ལ་དེངས་ནས། །རྨད་བྱུང་ཐུགས་རྗེའི་ཉི་གཞོན་བདག་ཡིད་ལ་འཆར་ཏེ། །ངེས་དོན་རྟོགས་པའི་པད་ཚལ་རྒྱས་པ་རུ་མཛོད་ཅིག །ཅེས་ཆུ་འབྲུག་དགུན་ར་བའི་ཚེས་ཀྱི་དུས་དྲན་མཆོད་འབུལ་སྐབས་སློབ་ཐ་པདྨ་བི་ཛས་དད་པའི་ངག་གིས་གསོལ་བ་བཏབ་པ་སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་དམ་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག
༄༅། །ཨ་ཧོོཿ། བསིལ་ལྡན་འཛིན་མའི་གཞི་ལ་ཉི་ཟླ་ལྟར་གསལ་བའི། །བསྟན་པ་རྒྱ་མཚོའི་མགོན་གྱུར་མཁྱེན་བརྩེ་ཡི་དབང་པོ། །མཁས་གྲུབ་བྱེ་བའི་གཙུག་ནོར་བློ་གྲོས་ནི་མཐའ་ཡས། །ས་སྟེང་འགྲན་ཟླ་བྲལ་བའི་སློབ་དཔོན་ཟུང་དྲན་ནོ། །སྙིང་ཁུང་རུས་པའི་གཏིང་ནས་གསོལ་འདེབས་ཀྱི་བུ་ལ། །མཁྱེན་བརྩེའི་ཡེ་ཤེས་གཟིགས་པ་དྲི་མེད་ཀྱིས་དགོངས་མཛོད། །གྲངས་མེད་བསྐལ་པའི་གོང་ནས་བྱང་ཆུབ་ནི་བརྙེས་ཀྱང་། །རྨད་བྱུང་ཐུགས་རྗེ་ཆེན་པོས་སྲིད་པ་རུ་རྗེས་ཆགས། །སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་གང་འདུལ་དུ་སྟོན་པའི། །མཚུངས་བྲལ་ངེས་པ་དོན་གྱི་མཆོག་སྤྲུལ་ཟུང་དྲན་ནོ། །སྙིང་ནས་གསོལ་འདེབས་བུ་ལ་བྱིན་རླབས་རེ་སྩོལ་ཤོག །ཐོས་པའི་མཐའ་རྒྱ་ཆོད་པས་ཕྱོགས་ལྷུང་ནི་མི་མངའ། །བསམ་བྱུང་གཏན་ལ་ཕེབས་པས་ཐེ་ཚོམ་གྱི་མདུད་གྲོལ། །སྒོམ་བྱུང་ཀློང་ནས་རྡོལ་བས་གཟུང་འཛིན་གྱི་འཕྲང་ཞིག །གངས་ལྗོངས་མཛེས་པའི་རྒྱན་གྱུར་པཎ་ཆེན་ཟུང་དྲན་ནོ། །དད་མོས་སྙིང་ནས་ཤོར་རོ་ཐུགས་རྗེ་ཡིས་དགོངས་མཛོད། །མདོ་རྒྱུད་རྒྱ་མཚོ་འཆད་ཀྱང་ཟོང་དུ་ནི་མི་འཚོང་། །རྩོད་པ་ཕུལ་དུ་ཕྱིན་ཀྱང་བསྟན་སེལ་ནི་མི་འཇུག །རྩོམ་པའི་ལེགས་བཤད་མང་ཡང་མཁས་འདོད་ནི་མ་ཡིན། །མཚུངས་མེད་ཐུབ་པའི་བསྟན་འཛིན་ཆེན་པོ་ཟུང་དྲན་ནོ། །བསམ་རྒྱུ་ཁྱེད་ལས་མེད་དོ་བྱིན་གྱིས་རང་རློབས་ཤིག །མཁྱེན་རབ་ཤིན་ཏུ་རྒྱ་ཆེ་ཀུན་གསལ་གྱི་མཁའ་ལ། །བརྩེ་ཆེན་ཐུགས་རྗེའི་སྤྲིན་ཕུང་ལང་ལིང་དུ་གཡོ་བས། །ནུས་མཐུ་ཕུན་ཚོགས་ཕན་བདེའི་གྲུ་ཆར་མཆོག་འབེབས་མཛད། །རིས་བྲལ་བསྟན་འགྲོའི་དཔལ་མགོན་ཆོས་རྗེ་ཟུང་དྲན་ནོ། །དག་པའི་སྣང་དཀར་རྒྱས་པའི་དངོས་གྲུབ་ཞིག་སྩོལ་ཤོག །འཇིག་རྟེན་ལྷ་མིས་བཏུད་ཀྱང་ཁེངས་དྲེགས་ནི་མི་མངའ། །ཆོས་ཀུན་སྒྱུ་མར་རྟོགས་ཀྱང་རྩིང་སྤྱོད་ནི་མི་མཛད། །གཞན་ཕན་ཕར་ཕྱིན་དྲུག་གི་གཞུང་ལམ་ལ་བསྟེན་པའི། །བཀའ་གདམས་དྲང་སྲོང་ཡོངས་ཀྱི་ཁྱུ་མཆོག་ཟུང་དྲན་ནོ། །བློ་སྦྱོང་མཐའ་རུ་ཕྱིན་པའི་བྱིན་རླབས་ཤིག་སྩོལ་ཤོག །རང་གི་ཡོན་ཏན་རྒྱ་མཚོ་རྐུན་ནོར་བཞིན་སྦས་ནས། །གཞན་གྱི་བཟང་སྤྱོད་ཕྲ་མོ་ཁྱབ་བདལ་དུ་བསྔགས་ཀྱང་། །འཇིག་རྟེན་མཐུན་འཇུག་བྱ་བའི་ངོ་སྲུང་ནི་མ་ཡིན། །ཆོས་བརྒྱད་རོ་སྙོམས་རྟོགས་པའི་རྣལ་འབྱོར་ཟུང་དྲན་ནོ། །བདག་འཛིན་འགོང་པོ་ཐུལ་བའི་དངོས་གྲུབ་ཞིག་སྩོལ་ཤོག །ཆོས་ཉིད་དོན་དམ་ཡངས་པའི་ཀ་དག་གི་ཀློང་དུ། །ཆོས་ཅན་གཟུང་འཛིན་མཚན་མའི་སྤྲོས་པ་ཀུན་ཐིམ་པས། །ཀུན་བཟང་གདོད་མའི་རྒྱལ་སར་མངའ་དབང་མཆོག་འབྱོར་པའི། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་མཚུངས་མེད་ཟུང་དྲན་ནོ། །ཡིད་དཔྱོད་འཛིན་པ་དག་པའི་དངོས་གྲུབ་ཞིག་ཞུ་འོ། །ལྟ་དགོངས་ཚད་དུ་གྱུར་པའི་རྟེན་འབྲེལ་གྱི་མཐུ་ལས། །བརྟུལ་ཞུགས་ཕྱོགས་བྲལ་སྐྱོང་བ་སྔགས་སྤྱོད་ཀྱི་རྒྱལ་པོ། །ཟབ་མོའི་ཆོས་གཏེར་འཛད་མེད་དགོངས་ཀློང་ནས་རྡོལ་བའི། རིག་འཛིན་པདྨའི་སྲས་གཅིག་གྲུབ་ཆེན་ཟུང་དྲན་ནོ། །དགག་སྒྲུབ་འཛིན་སྟངས་ཞིག་པའི་བྱིན་རླབས་རེ་སྩོལ་ཅིག །མཁོས་མེད་རོ་དང་འདྲ་བའི་ཉམ་ཆུང་གི་དམན་བུར། །བརྩེ་ཆེན་ཐུགས་རྗེའི་གཟིགས་པ་དྲི་མེད་ཀྱིས་དགོངས་ནས། །དབང་བསྐུར་རྒྱུད་བཤད་མན་ངག་ཟབ་དགུ་ནི་སྩོལ་མཛད། །བཀའ་དྲིན་འགྲན་ཟླ་མེད་པའི་སྐྱབས་མཆོག་ཟུང་དྲན་ནོ། །དགོངས་བརྒྱུད་བྱིན་རླབས་འཕོ་བའི་དབང་བསྐུར་ཞིག་ཞུ་འོ། །བསྟན་པ་འགལ་མེད་རྟོགས་པའི་མཁས་གྲུབ་ཀྱི་ཞལ་སློབ། །ཕྱོགས་ལྷུང་ཆགས་སྡང་ཆོས་སྤོང་ལམ་གོལ་དུ་འཕྱན་ན། །ཐུགས་རྗེ་ཟླ་བསིལ་བདུད་རྩིས་དབུགས་དབྱུང་ཞིག་གནང་ནས། །དག་སྣང་དཀར་པོའི་བློ་མིག་གསལ་རྒྱས་སུ་མཛོད་ཅིག །བདག་བས་གཞན་གཅེས་འབྱོངས་པའི་རྒྱལ་སྲས་ཀྱི་ཞལ་སློབ། །རང་དོན་ཡིད་བྱེད་འཛིན་པའི་བློ་ངན་གྱིས་བསླུས་ན། །རྨད་བྱུང་བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས་བརླན་ནས། །བཅོས་མིན་གཞན་ཕན་ལྷག་བསམ་འབྱོངས་པ་རུ་མཛོད་ཅིག །དུས་གསུམ་ཤེས་བྱ་ཀུན་མཁྱེན་པཎ་ཆེན་གྱི་ཞལ་སློབ། །མ་རིག་གཏི་མུག་མུན་པའི་ཁང་བུ་རུ་ཚུད་ན། །མཁྱེན་བརྩེའི་ཡེ་ཤེས་ཉི་གཞོན་སྙིང་དབུས་ལ་ཤར་ནས། །བློ་གྲོས་ཕྱོགས་བྲལ་རྒྱས་པའི་དངོས་གྲུབ་ནི་སྩོལ་མཛོད། །ཆོས་ཟད་བློ་ལས་འདས་པའི་གྲུབ་ཆེན་གྱི་ཞལ་སློབ། །སྣང་སེམས་འཁྲུལ་པའི་བག་ཆགས་ཁོར་ཡུག་ཏུ་འབྱམས་ན། །རང་གནས་ཆོས་ཉིད་ཟབ་མོ་ཡིད་དཔྱོད་དང་ཕྲལ་ནས། །སྣང་སེམས་འཛིན་པ་དག་པའི་བྱིན་རླབས་ཤིག་སྩོལ་ཅིག །གདོད་མའི་རྒྱལ་སར་གཤེགས་པའི་ཀློང་ཆེན་གྱི་ཞལ་སློབ། །ལས་ཉོན་གཟུང་འཛིན་ཞགས་པས་སྲིད་པ་རུ་འཆིང་ན། །འཕོ་ཆེན་ཡེ་ཤེས་བྱིན་རླབས་དབང་བསྐུར་གྱི་མཐུ་ལས། །རྟོགས་གྲོལ་དུས་མཉམ་གདོད་མའི་ཟད་ས་ལ་སྐྱོལ་ཅིག །ངེས་དོན་སྙིང་པོ་ཆོས་སྐད་རྣ་བ་ལ་སྙན་ཞིང་། །དོན་བཟང་ཉམས་སུ་མྱོང་འདོད་དད་མོས་ཞིག་ཡོད་ཀྱང་། །ཐོག་མེད་མ་རིག་གཟུང་འཛིན་བག་ཆགས་འདི་འཐུག་པས། །གཤིས་ལུགས་འགྱུར་བ་མེད་པའི་ཡོངས་གྲུབ་ནི་མ་མཐོང་། །རང་བྱུང་གཞི་གནས་རིག་པ་སྐུ་གསུམ་གྱི་དགོངས་པ། །བྱས་ཤིང་བཅོས་མེད་གདོད་ནས་རང་ཆས་སུ་གནས་ཀྱང་། །འཁྲུལ་སྣང་སེམས་ཀྱི་ཤུན་པས་བར་མེད་དུ་བསྒྲིབས་ཏེ། །བློ་བྲལ་རིག་པའི་རང་ཚུགས་ཟིན་པ་ཞིག་མི་འདུག །མ་བཅོས་ཅོག་གེར་བཞག་པ་ཀུན་བཟང་གི་དགོངས་པ། །ཡིད་དཔྱོད་བཅོས་མའི་ལྟ་སྒོམ་འཁྲུལ་རྟོག་ཏུ་གསུངས་ཀྱང་། །ཨ་འཐས་བག་ཆགས་རེ་དོགས་དགག་སྒྲུབ་ཀྱི་སྤྲོས་པས། །རང་གྲོལ་གཉུག་མའི་གཏན་སྲིད་ཟིན་དུས་ནི་མི་འདུག །ད་ནི་བྱ་བྱེད་མང་པོའི་སྤྲ་སྤྲོ་དེ་དོར་ནས། །མི་ཕྱེད་སྙིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་ན། །སྣང་སེམས་རོ་མཉམ་རྟོགས་པའི་མཁས་གྲུབ་ནི་ཟུང་གིས། །བྱིན་རླབས་འཕོ་བ་ཆེན་པོའི་དབང་མཆོག་དེ་བསྐུར་ནས། །གཉུག་མའི་གཏན་སྲིད་ཟིན་པའི་དངོས་གྲུབ་ཞིག་སྩོལ་མཛོད། །སེམས་དང་སེམས་བྱུང་རྙོག་པའི་དྲི་མ་ཀུན་སངས་པའི། །རིག་སྟོང་མི་ཤིགས་སྐུ་གསུམ་ལྷུན་རྫོགས་ཀྱི་དགོངས་པ། །མ་བཅོས་ཅོག་བཞག་བཞི་ཡི་མན་ངག་ལ་བརྟེན་ནས། །གདོད་མའི་རྒྱལ་སར་གྲོལ་བའི་བྱིན་རླབས་རེ་གནང་ཤོག །གནད་གསུམ་ཆོས་ཉིད་འཁོར་ལོའི་གསང་ལམ་ལ་བརྟེན་ཏེ། །ལྷུན་གྲུབ་དག་པའི་སྣང་བཞི་ལྟད་མོ་ལ་གཡེངས་ནས། །བདེ་ཆེན་སྙིང་རྗེའི་རང་རྩལ་འཕོ་ཆེན་གྱི་འཇའ་ལུས། །འཁོར་བ་དོང་ནས་སྤྲུག་ནུས་དངོས་གྲུབ་ཞིག་སྩོལ་ཅིག །གལ་སྲིད་ཚེ་འདིར་གྲོལ་བའི་སྐལ་བ་ཡིས་ཕོངས་ཏེ། །གློ་བུར་འཆི་བའི་འཇིགས་པ་བཙན་ཐབས་སུ་བྱུང་ན། །ནམ་མཁའ་སུམ་ཕྲུགས་དགོངས་པའི་མན་ངག་ལ་བརྟེན་ཏེ། །འཆི་སྲིད་ཆོས་སྐུར་གྲོལ་བའི་བྱིན་རླབས་ཤིག་གནང་མཛོད། །དཀར་དམར་རླུང་གི་བྱེད་པ་དྷཱུ་ཏི་རུ་དག་པའི། །འོད་གསལ་བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི་རྗེས་ཐོབ། །ཆོས་ཉིད་བར་དོའི་སྣང་ཆ་རང་རྩལ་དུ་ཤེས་ནས། །རང་སྣང་ལོངས་སྐུར་གྲོལ་བའི་བྱིན་རླབས་ཤིག་སྩོལ་ཤོག །གལ་ཏེ་སྲིད་པ་བར་དོར་རྨི་ལམ་བཞིན་འཁྱམས་ན། །ཆོས་ཉིད་མངོན་སུམ་ངོ་སྤྲོད་བདེན་པ་ཡི་མཐུ་དང་། །རིག་འཛིན་བླ་མའི་བྱིན་རླབས་ལྷན་ཅིག་ཏུ་ཚོགས་ནས། །རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་ནི་མཛོད་ཅིག །གཞོན་ནུ་བུམ་སྐུར་བརྟན་པ་མ་ཐོབ་ཀྱི་བར་དུ། །སྐྱབས་གཅིག་མཆོག་ཟུང་འབྲལ་མེད་སྤྱི་བོ་རུ་བཞུགས་ནས། །ཟབ་གསང་རྟོགས་པའི་ཡོན་ཏན་ཡར་ཟླ་ལྟར་རྒྱས་ཏེ། །རང་གཞན་དོན་གཉིས་ལྷུན་གྲུབ་དངོས་གྲུབ་ཅིག་སྩོལ་མཛོད། །མེད་སྣང་སྲིད་པའི་ཐང་ལ་རྨི་ལམ་བཞིན་འཁོར་བའི། །མ་རྣམས་གཟུང་འཛིན་འཁྲུལ་སྣང་སྐད་ཅིག་ལ་སངས་ནས། །མ་སྐྱེས་གཉུག་མའི་ངང་དུ་ལ་ཆེན་དེ་བཟླས་ནས། །གདོད་མའི་རྒྱལ་སར་གྲོལ་བའི་བཀྲ་ཤིས་མཆོག་སྩོལ་ཅིག །ཅེས་འགྲན་གྱི་དོ་མེད་སྐྱབས་མཆོག་ཟུང་གི་ཐུགས་དམ་བསྐུལ་བའི་གདུང་དབྱངས་འདི་ཡང་། ལེགས་ཉེས་གང་བྱུང་བླ་མའི་དྲིན་དུ་བལྟ་བའི་བན་སྤྲང་པདྨ་རྣམ་རྒྱལ་གྱིས་རང་ལོ་ཉེར་གསུམ་པར་སེང་བྲག་ནམ་མཁའ་རྫོང་གི་དབེན་གནས་སུ་ཐོག་མར་སྒྲུབ་པར་ཞུགས་པའི་སྐབས་སུ་བྲིས་པ་དགེ།
༅། །ཨ་ཧོཿ གདོད་མའི་མགོན་པོ་མི་ཡི་ཤ་ཚུགས་སུ་བཞུགས་པའི། །ངོ་མཚར་བཀའ་བབས་བདུན་ལྡན་མདོ་སྔགས་ནི་གླིང་པ། །སྔོན་མེད་མཛོད་ལྔའི་ཤིང་རྟ་བློ་གྲོས་ནི་མཐའ་ཡས། །ས་སྟེང་འགྲན་ཟླ་བྲལ་བའི་སྐྱེས་མཆོག་ཟུང་དྲན་ནོ། །བདག་རྒྱུད་རིགས་ཁམས་དགེ་བའི་གཤེགས་སྙིང་གི་ས་བོན། །ཟབ་རྒྱས་སྨིན་གྲོལ་གདམས་པའི་གྲུ་ཆར་གྱིས་བརླན་པས། །ཉམས་རྟོགས་མྱུ་གུ་བསྐྱེད་མཛད་དྲིན་ཆེན་གྱི་བླ་མ། །བཀའ་དྲིན་འཁོར་མཐའ་མེད་པའི་མགོན་པོ་ཟུང་དྲན་ནོ། །མགོན་པོ་ཟུང་གི་མཚན་དཔེའི་དཀྱིལ་འཁོར་གྱི་ཞལ་རས། །གང་འདུལ་ཆོས་དབྱིངས་སྙན་པོའི་གསུང་གསང་གི་འགྱུར་བ། །ངོ་མཚར་སྟོན་འཁོར་ཚོམ་བུའི་མཛེས་སྡུག་གི་བཀོད་པ། །བསམ་བཞིན་མོས་གུས་གདུང་བས་ཚུགས་ཐབས་རང་མི་འདུག །མཉེས་གསུམ་ཞབས་ཏོག་འགྲུབ་པའི་ཧམ་ཆེན་ཞིག་མིན་ཡང་། །མོས་གུས་རྡོ་ཡི་རི་མོ་འགྱུར་བ་ནི་མི་འདུག །རྟག་ཏུ་གསོལ་འདེབས་བུ་ལ་ཡེ་ཤེས་ཀྱི་གཟིགས་པས། །ནམ་ཡང་འབྲལ་མེད་སྐྱོང་བའི་ངེས་ཤེས་ནི་ཡོད་དོ། །དང་པོར་མགོན་པོ་ཟུང་གི་ཞབས་པད་ནི་བསྙེན་བསྙེན། །བར་དུ་གསོལ་འདེབས་གདུང་བའི་གླུ་དབྱངས་ཀྱིས་བསྐུལ་བསྐུལ། །ད་ལྟ་མཆོག་སྤྲུལ་ཟུང་གི་ཞབས་པད་ཀྱི་ཟླ་ཚེས། །གུས་པས་སྤྱི་བོར་ལེན་པའི་སྐལ་བཟང་འདི་དགའ་འོ། །སྔོན་སྨོན་དད་དམ་དཀར་པོའི་ཉེར་ལེན་གྱི་རྒྱུ་ལས། །ད་ལྟ་ཐུགས་བརྩེས་མི་འདོར་རྟེན་འབྱུང་གི་ཆོས་ཉིད། །མ་འོངས་ཚོམ་བུ་གཅིག་ཏུ་རིག་འཛིན་གྱི་ཚོགས་གྲལ། །དགའ་སྟོན་གླུ་གར་བསྒྱུར་ལ་ཐེ་ཚོམ་རང་ཅི་ཡོད། །མཁའ་ལ་རིག་འཛིན་བརྒྱུད་པའི་བྱིན་རླབས་ནི་ཐིབས་ཐིབས། །བར་ན་གྲུབ་གཉིས་འདོད་དགུའི་གྲུ་ཆར་ནི་སིམ་སིམ། །ས་ལ་དམ་ལྡན་སློབ་མའི་འདུ་ཚོགས་ནི་རྒྱས་རྒྱས། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་ནི་སྩོལ་ཅིག །ཅེས་པའང་མགོན་པོ་ཟུང་གི་བཀོད་པས་བྱིན་གྱིས་བརླབས་པའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ། འདྲེན་མཆོག་ཟུང་གི་ཡང་སྤྲུལ་རྣམ་གསུམ་གདན་འཛོམས་ཀྱི་དགའ་སྟོན་ཚོགས་ཀྱི་འཁོར་ལོ་ལ་ཐོག་མར་ལོངས་སྤྱོད་པའི་སྐལ་བཟང་ཉམས་སུ་མྱོང་བའི་ཚེ་གང་ཤར་ཤུགས་འབྱུང་དུ་རྒན་པོ་བི་ཛས་སྨྲས་པ་དགེ།

འོད་གསལ་ཀློང་ཆེན་སྙིང་ཐིག་གི་བརྒྱུད་པ་གཙོར་གྱུར་གྱི་བླ་མ་རྒྱང་འབོད་བྱིན་རླབས་སྤྲིན་གྱི་མེ་ཏོག །

༄༅། །འོད་གསལ་ཀློང་ཆེན་སྙིང་ཐིག་གི་བརྒྱུད་པ་གཙོར་གྱུར་གྱི་བླ་མ་རྒྱང་འབོད་བྱིན་རླབས་སྤྲིན་གྱི་མེ་ཏོག་ཅེས་བྱ་བ། བླ་མ་མཁྱེན་ནོ། ལན་གསུམ། གཞི་གྲོལ་ཀ་ནས་དག་པ་སྤྲོས་བྲལ་གྱི་སྦུབས་སུ། །ལྷུན་གྲུབ་ནང་གསལ་གཞོན་ནུ་བུམ་སྐུ་རུ་བཞུགས་པའི། །གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་དབྱེར་མེད། །ཆོས་སྐུའི་བླ་མ་དྲི་མེད་འོད་ཟེར་དེ་མཁྱེན་ནོ། །དད་མོས་སྙིང་ནས་བྱས་སོ་ཀུན་མཁྱེན་ནི་ཆོས་རྗེ། །གདུང་བའི་དབྱངས་ཀྱིས་འབོད་དོ་མཁྱེན་བརྩེ་ཡིས་དགོངས་ལ། །བྱིན་རླབས་འཕོ་བ་ཆེན་པོའི་དབང་བསྐུར་གྱི་མཐུ་ལས། །ལྟ་དགོངས་རྗེ་དང་མཉམ་པའི་དངོས་གྲུབ་ཞིག་སྩོལ་ཤོག །ཡེ་ཤེས་ལྷུན་གྲུབ་རང་སྣང་གངས་ཅན་མཚོས་བརྒྱན་པའི། །བདེ་ཆེན་ཁ་སྦྱོར་བདུན་ལྡན་ལྔ་རྫོགས་ཀྱི་སྟོན་པ། །རིགས་ཀུན་བདག་པོ་རྡོ་རྗེ་སེམས་དཔའ་དང་དབྱེར་མེད། །ལོངས་སྐུའི་བླ་མ་མཁྱེན་བརྩེའི་འོད་ཟེར་དེ་མཁྱེན་ནོ། །དད་མོས་སྙིང་ནས་བྱས་སོ་འཇིགས་མེད་ནི་གླིང་པ། །གདུང་བའི་དབྱངས༴ བྱིན་རླབས་འཕོ༴ ལྟ་དགོངས་རྗེ༴ རོལ་རྩལ་མ་འགགས་གང་འདུལ་དེར་སྣང་དུ་སྟོན་པས། །འདུལ་བ་བཞི་ཡི་ཕྲིན་ལས་རྟག་ཁྱབ་ལ་དབང་འབྱོར། །འོད་གསལ་སྙིང་པོའི་སྟོན་མཆོག་དགའ་རབ་དང་དབྱེར་མེད། །སྤྲུལ་སྐུའི་བླ་མ་ཕྲིན་ལས་འོད་ཟེར་དེ་མཁྱེན་ནོ། །དད་མོས་སྙིང་ནས་བྱས་སོ་ཀུན་བཟང་ནི་གཞན་ཕན། །གདུང་བའི་དབྱངས༴ བྱིན་རླབས༴ ལྟ་དགོངས༴ ཆོས་ཉིད་སྤྲོས་མཚན་ཀུན་བྲལ་དོན་དམ་གྱི་མཁའ་ལ། །ཆོས་ཅན་གཉིས་འཛིན་འཁྲུལ་པའི་སྤྲིན་ཚོགས་ཀུན་དེངས་པའི། །རིག་འཛིན་གཙུག་རྒྱན་ཤྲཱི་སེདྷ་དང་དབྱེར་མེད། །མི་འགྱུར་འཕོ་མེད་ནམ་མཁའི་རྡོ་རྗེ་དེ་མཁྱེན་ནོ། །དད་མོས་སྙིང་ནས་བྱས་སོ་ཚེ་དབང་ནི་གྲུབ་རྩལ། །གདུང་བའི༴ བྱིན་རླབས༴ ལྟ་དགོངས༴ སྐྱེ་འཆི་བགྲེས་རྒུད་བྲལ་བ་རྡོ་རྗེ་ཡི་སྐུ་བརྙེས། །དབང་བཅུ་མཐར་ཕྱིན་དུས་གསུམ་རྒྱལ་བ་ཡི་གདུང་འཚོབ། །བཀའ་དྲིན་ཟླ་བྲལ་མཚོ་སྐྱེས་རྡོ་རྗེ་དང་དབྱེར་མེད། །གྲུབ་དབང་འཇིགས་མེད་ཡེ་ཤེས་རྡོ་རྗེ་དེ་མཁྱེན་ནོ། །དད་མོས་སྙིང་ནས་བྱས་སོ་གྲུབ་ཐོབ་ཀྱི་ཁྱུ་མཆོག །གདུང་བའི༴ བྱིན་རླབས༴ ལྟ་དགོངས༴ འཕོ་ཆེན་ཡེ་ཤེས་འཇའ་ལུས་རྡོ་རྗེའི་སྐུར་བཞེངས་ནས། །འོད་གསལ་སྙིང་པོའི་བསྟན་མཆོག་ཕྱོགས་མཐའ་རུ་རྒྱས་མཛད། །ཤིང་རྟ་ཆེན་པོ་བི་མ་མི་ཏྲ་དང་དབྱེར་མེད། །པདྨ་ཐེག་མཆོག་རོལ་པའི་རྡོ་རྗེ་དེ་མཁྱེན་ནོ། །དད་མོས་སྙིང་ནས་བྱས་སོ་དམ་ཆོས་ཀྱི་འོད་ཟེར། །གདུང་བའི༴ བྱིན་རླབས༴ ལྟ་དགོངས༴ མཁྱེན་རབ་དབང་ཕྱུག་མཁྱེན་བརྩེའི་གཏེར་ཆེན་ལས་འཁྲུངས་པའི། །ཏིང་འཛིན་མི་གཡོ་ལྷུན་རྫོགས་དགོངས་པ་ལ་མངའ་འབྱོར། །གངས་ཅན་མིག་གཅིག་འཇམ་མགོན་ཁྲི་ལྡེ་དང་དབྱེར་མེད། །ཀློང་ཆེན་འོད་གསལ་སྤྲུལ་པའི་རྡོ་རྗེ་དེ་མཁྱེན་ནོ། །དད་མོས་སྙིང་ནས་བྱས་སོ་མཁྱེན་བརྩེ་ཡི་དབང་པོ། །གདུང་བའི༴ བྱིན་རླབས༴ ལྟ་དགོངས༴ བསིལ་ལྡན་འཛིན་མའི་གཞི་ལ་ཟླ་མེད་ཀྱི་མཁས་གྲུབ། །སྡེ་གསུམ་སྙིང་པོའི་ཉི་གཞོན་འདྲེན་བྱེད་ཀྱི་ཤིང་རྟ། །སྐད་གཉིས་སྨྲ་བའི་དབང་ཕྱུག་བཻ་རོ་དང་དབྱེར་མེད། །གདོད་མའི་མགོན་པོ་པདྨ་གར་དབང་དེ་མཁྱེན་ནོ། །དད་མོས་སྙིང་ནས་བྱས་སོ་བློ་གྲོས་ནི་མཐའ་ཡས། །གདུང་བའི༴ བྱིན་རླབས༴ ལྟ་དགོངས༴ འགྲོ་སྒྲོལ་དམ་བཅའི་གོ་ཆ་གཡོ་མེད་དུ་བརྟན་ནས། །རྨད་བྱུང་རྒྱལ་སྲས་སྤྱོད་པའི་གཞུང་ལམ་ལ་བརྟེན་ཏེ། །མཐའ་ཡས་སྐྱེ་དགུ་འབྲེལ་ཚད་དོན་ལྡན་ལ་སྦྱོར་མཛད། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དེ་མཁྱེན་ནོ། །དད་མོས་སྙིང་ནས་བྱས་སོ་རྒྱལ་བ་ཡི་སྲས་པོ། །གདུང་བའི༴ བྱིན་རླབས༴ ལྟ་དགོངས༴ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་གཤེགས་ཤུལ་ནི་ཟླ་མེད། །ཐེག་ཀུན་རྩེ་རྒྱལ་གསང་བ་སྙིང་ཐིག་གི་ལམ་ནས། །སྦས་ཚུལ་འགྲོ་དོན་སྐྱོང་བ་རྣལ་འབྱོར་གྱི་དབང་ཕྱུག །བདེ་བ་ཆེན་པོའི་འོད་ཟེར་མཐའ་ཡས་དེ་མཁྱེན་ནོ། །དད་མོས་སྙིང་ནས་བྱས་སོ་སྒྲུབ་བརྩོན་གྱི་རྣལ་འབྱོར། །གདུང་བའི༴ བྱིན་རླབས༴ ལྟ་དགོངས༴ ཀུན་བཟང་རྡོ་རྗེ་སེམས་དཔའི་ཞལ་ལུང་གི་ཉིང་ཁུ། །འོད་གསལ་རྡོ་རྗེ་སྙིང་པོའི་གསང་ལམ་ལ་བརྟེན་ནས། །འདི་ཕྱི་བར་དོར་གྲོལ་བའི་གདེང་ཚད་མཆོག་བརྙེས་པའི། །དུས་གསུམ་བླ་མ་རིག་འཛིན་རྩལ་འཆང་རྣམས་མཁྱེན་ནོ། །དད་མོས་སྙིང་ནས་བྱས་སོ་རྩ་བརྒྱུད་ཀྱི་བླ་མ། །གདུང་བའི་དབྱངས་ཀྱིས་འབོད་དོ་མཁྱེན་བརྩེ་ཡིས་དགོངས་ལ། །བྱིན་རླབས་འཕོ་བ་ཆེན་པོའི་དབང་བསྐུར་གྱི་མཐུ་ལས། །ལྟ་དགོངས་རྗེ་དང་མཉམ་པའི་དངོས་གྲུབ་ཅིག་སྩོལ་ཤོག །ཀྱེ་མ་རྙེད་དཀའི་དལ་འབྱོར་རིན་ཆེན་ནི་ཐོབ་ཀྱང་། །ཐོག་མེད་མ་རིག་བག་ཆགས་ངན་གོམས་ཀྱི་མཐུ་ལས། །གཙང་བདག་རྟག་པར་འཛིན་པའི་བློ་ངན་འདིས་བསླུས་ཏེ། །མི་ཚེ་ཕལ་ཆེར་འཇིག་རྟེན་འཁྲུལ་ལས་ལ་འབྱམས་སོང་། །མཚན་ལྡན་བླ་མའི་དྲིན་གྱིས་བསྟན་སྒོ་རུ་ཚུད་ཀྱང་། །ལྟར་སྣང་མིག་སྔར་ལེགས་པའི་ཨོ་ཟོབ་ལ་ཞེན་ཅིང་། །དྲན་དང་ཤེས་བཞིན་ཉམས་པའི་ཆོམ་རྐུན་གྱིས་གཙེས་པས། །བསླབ་གསུམ་ནོར་བུའི་མཛོད་ཀྱིས་འབྱོར་དུས་ནི་མི་འདུག །ཐོས་པ་གནད་དུ་མ་སོང་ང་རྒྱལ་གྱི་ཁ་སྣོན། །སྐབས་རེར་བསམ་ལོ་བྱས་ཀྱང་ཐེ་ཚོམ་ནི་ཇེ་ཆེ། །སྒོམ་བྱུང་རྒྱུད་ལ་མ་སྐྱེས་དུག་ལྔ་ནི་མེ་འབར། །སྤྲང་པོའི་འདུན་མ་རང་མགོ་རང་གཡོགས་ལ་འབྱམས་སོ། །གཅིག་པུར་དབེན་གནས་འགྲིམས་ཀྱང་རྣམ་གཡེང་ནི་མ་ཞི། །མཚམས་སྒྲུབ་ལོ་ཟླར་བྱས་ཀྱང་དྲོད་ཚད་ནི་མ་རྙེད། །གཞན་གྱི་དམ་པར་བཟུང་ཡང་རང་རྒྱུད་ནི་ཐ་མལ། །གང་བྱས་ཚེ་འདིར་སོང་བས་གཏན་འདུན་ནི་གཡེལ་འདུག །ཀ་དག་ལྟ་བ་ཡིད་དཔྱོད་འཛིན་པ་ཡིས་ལྷད་ཅིང་། །ལྷུན་གྲུབ་སྒོམ་པ་གཟུང་འཛིན་བདེན་ཞེན་གྱིས་བཅིངས་ཏེ། །ཤུགས་འབྱུང་སྤྱོད་པ་ཚུལ་འཆོས་ཞགས་པ་ཡིས་བསྡམས་ནས། །མ་བཙལ་ལྷུན་རྫོགས་འབྲས་བུ་རེ་དོགས་ཀྱིས་སྒྲིབ་འདུག །ད་ནི་སྤྲ་སྤྲོ་མང་པོའི་མགོ་སྐོར་དེ་དོར་ནས། །མི་ཕྱེད་སྙིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་ན། །དོན་བརྒྱུད་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་འཕོས་ཏེ། །མཁྱེན་རྟོགས་རྗེ་དང་མཉམ་པའི་བྱིན་རླབས་དེ་སྩོལ་ཤོག །ངེས་འབྱུང་རྣམ་པར་དག་པའི་ཆུ་གཏེར་ལས་འཁྲུངས་པའི། །རྣམ་དག་ཚུལ་ཁྲིམས་གཙང་མའི་ཉ་གང་གི་ཟླ་བ། །གཞན་ཕན་ཕྱིན་དྲུག་ལམ་གྱི་སྣང་བ་འབུམ་གྲོལ་བས། །ས་ལམ་ཡོངས་གསལ་བྱང་ཆུབ་ནོར་གླིང་དང་སྤྲོད་ཅིག །དབང་བཞིའི་བདུད་རྩིས་བྲན་པའི་གཤེགས་སྙིང་གི་ས་བོན། །དམ་ཚིག་རྣམ་དག་རིམ་གཉིས་དྲོད་གཤེར་གྱིས་བསྐྱངས་པས། །རིག་འཛིན་རྣམ་བཞིའི་འབྲས་བཟང་གོང་འཕེལ་དུ་སྨིིན་ནས། །དོན་གཉིས་ལྷུན་གྲུབ་སྐུ་བཞིའི་རྒྱལ་ཐབས་ལ་སྦྱོར་ཅིག །ཉམས་སྣང་སེམས་ཀྱི་གོས་བྲལ་རིག་སྟོང་ནི་རྗེན་པ། །ཀ་དག་ཁྲེགས་ཆོད་མངོན་གྱུར་ཐོད་རྒལ་གྱི་ཡེ་ཤེས། །ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་བཙན་ཐབས་སུ་བགྲོད་ནས། །འཕོ་ཆེན་འཇའ་སྐུར་འགྲུབ་པའི་བྱིན་རླབས་ཤིག་སྩོལ་ཅིག །གལ་སྲིད་ཚེ་འདིར་གྲོལ་བའི་སྐལ་བ་ཡི་ཕོངས་ན། །ནམ་མཁའ་སུམ་ཕྲུགས་དགོངས་པའི་མན་ངག་ལ་བསྟེན་ནས། །འོད་གསལ་མ་བུ་འདྲེས་པའི་སྐད་ཅིག་ནི་དང་པོར། །འཆི་སྲིད་ཆོས་སྐུར་གྲོལ་བའི་དངོས་གྲུབ་ཞིག་སྩོལ་ཅིག །དེར་ཡང་མ་རིག་གཟུང་འཛིན་གོམས་རྐྱེན་གྱིས་སྒྲིབ་ན། །ཆོས་ཉིད་བར་དོའི་སྣང་བ་རང་རྩལ་དུ་ཤེས་ཏེ། །གྲོལ་ལུགས་གསུམ་གྱི་ཀ་དག་ནང་དབྱིངས་སུ་ཐིམ་ནས། །མཐའ་ཡས་སྤྲུལ་པས་གཞན་དོན་ལྷུན་གྲུབ་ཏུ་མཛོད་ཅིག །གལ་ཏེ་སྲིད་པ་བར་དོར་རྨི་ལམ་བཞིན་འཁྱལ་ན། །ཆོས་ཉིད་མངོན་སུམ་མཐོང་བའི་བདེན་པ་ཡི་མཐུ་དང་། །རིག་འཛིན་བརྒྱུད་པའི་བྱིན་རླབས་ལྷན་ཅིག་ཏུ་འཚོགས་ནས། །རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནི་མཛོད་ཅིག །མདོར་ན་འདི་བཟུང་བྱང་ཆུབ་མ་ཐོབ་ཀྱི་བར་དུ། །རེ་ས་གཞན་ན་མེད་དོ་ཐུགས་རྗེ་ཡིས་དགོངས་ཏེ། །ཚེ་རབས་ཕྲེང་བར་འབྲལ་མེད་སྤྱི་བོ་རུ་བཞུགས་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཞིག་སྩོལ་ཅིག །དད་མོས་སྙིང་ནས་བྱས་སོ་རྩ་བརྒྱུད་ཀྱི་བླ་མ། །གདུང་བའི་དབྱངས་ཀྱིས་འབོད་དོ་མཁྱེན་བརྩེ་ཡི་དགོངས་ལ། །བྱིན་རླབས་འཕོ་བ་ཆེན་པོའི་དབང་བསྐུར་གྱི་མཐུ་ལས། །མཁྱེན་རྟོགས་ཕ་དང་མཉམ་པའི་དངོས་གྲུབ་ཞིག་སྩོལ་ཅིག །ཅེས་མོས་གུས་མཆི་མ་འཁྲུགས་པའི་གདུང་བའི་དབྱངས་ཀྱིས་གསོལ་བ་བཏབ་པའི་མཐར་བླ་མ་དང་རང་སེམས་དབྱེར་མེད་དུ་བསྲེས་ནས། ཀ་དག་རིག་སྟ ོང་ཆོས་ཟད་རྗེན་པའི་ངང་བསྐྱངས་པ་ནི་དོན་གྱི་གནད་དམ་པའོ། །ཞེས་པའང་ཟབ་གསང་རྟོགས་པའི་བསྟན་འཛིན། སྒྲུབ་བརྩོན་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་བླ་མ་སྨན་བླའི་གསུང་བསྐུལ་ངོར། ཆགས་སྡང་ཆོས་བརྒྱད་ལ་ཞེན་པའི་བན་སྡོམ་པདྨ་རྣམ་རྒྱལ་གྱིས་ཤིང་རྟ་རྒྱལ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོ། ཀུན་མཁྱེན་ཆེན་པོའི་དུས་ཆེན་ཉིན་སེང་བྲག་ནམ་མཁའ་རྫོང་གི་དབེན་ཁྲོད་དུ་རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པ་སྟེ། འདིས་ཀྱང་རང་གཞན་ཀུན་གྱི་རྒྱུད་ལ་རིག་འཛིན་བརྒྱུད་པའི་བྱིན་རླབས་རྩོལ་མེད་དུ་ཞུགས་ནས་ཟབ་གསང་རྟོགས་པའི་ཡོན་ཏན་ཡར་ཟླ་ལྟར་རྒྱས་པའི་རྒྱུར་གྱུར་ཅིག། །།

སྤྲུལ་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པར་གསོལ་འདེབས་རྒྱང་འབོད་གྲུབ་གཉིས་འདོད་དགུའི་ཆར་འབེབས།

༄༅། །སྤྲུལ་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པར་གསོལ་འདེབས་རྒྱང་འབོད་གྲུབ་གཉིས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས། བླ་མ་མཁྱེན་ནོ། །ལན་གསུམ། གཞི་གྲོལ་ཀ་ནས་དག་པ་ཆོས་སྐུ་ཡི་ཀློང་ནས། །ལྷུན་གྲུབ་ངེས་པ་ལྔར་བཞེངས་ལོངས་སྐུ་ཡི་རོལ་རྩལ། །གང་འདུལ་མཚན་དཔེའི་སྐུར་སྣང་ཟླ་མེད་ཀྱི་སྤྲུལ་སྐུ། །འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པ་དེ་མཁྱེན་ནོ། །མོས་གུས་སྙིང་ནས་བྱས་སོ་དྲིན་ཆེན་གྱི་བླ་མ། །གདུང་བའི་དབྱངས་ཀྱིས་འབོད་དོ་རྩོད་བྲལ་གྱི་གཏེར་ཆེན། །རེ་ས་གཞན་ན་མེད་དོ་འགྲོ་འདུལ་གྱི་སྤྲུལ་སྐུ། །དོན་གཉིས་ལྷུན་གྱིས་གྲུབ་པའི་བྱིན་རླབས་རེ་སྩོལ་ཤོག །གང་ཐུགས་སྒྲིབ་གསུམ་དྲི་བྲལ་ངེས་དོན་གྱི་སངས་རྒྱས། །གང་གསུང་བདེན་གཉིས་ངོ་བོ་དམ་ཆོས་ཀྱི་འབྱུང་གནས། །གང་སྐུ་མཐོང་བས་ཡིད་འཕྲོག་རིག་འཛིན་གྱི་གཙོ་མཆོག །འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པ་དེ་མཁྱེན་ནོ། །མོས་གུས་སྙིང་༴ གདུང་བའི་དབྱངས༴ རེ་ས་གཞན༴ དོན་གཉིས་ལྷུན༴ དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མ་ཡི་ངོ་བོ། །རིགས་རྣམས་སྤྲོ་བསྡུའི་བྱེད་པོ་ཧེ་རུ་ནི་ཀ་དཔལ། །མ་ཚོགས་ཌཱ་ཀི་འབུམ་གྱི་ཚོགས་དཔོན་དུ་ཐོབ་པའི། །འགྲོ་འདུལ་མཆོག༴ མོས་གུས་སྙིང་༴ གདུང་བའི་དབྱངས༴ རེ་ས་གཞན༴ དོན་གཉིས་ལྷུན༴ བརྟུལ་ཞུགས་ཕྱོགས་བྲལ་སྐྱོང་བ་གྲུབ་ཐོབ་ཀྱི་རྒྱལ་པོ། །སྙིགས་ལྔའི་རྒུད་པ་སྐྱོབ་མཛད་ཟབ་གཏེར་གྱི་མངའ་བདག །གུ་རུ་པདྨའི་ཞལ་ཚབ་བཀའ་བབ་ནི་བདུན་ལྡན། །འགྲོ་འདུལ་མཆོག༴ མོས་གུས་སྙིང་༴ གདུང་བའི་དབྱངས༴ རེ་ས་གཞན༴ དོན་གཉིས་ལྷུན༴ ཆོས་དབྱིངས་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་ནི་ལྷུན་སྟུག །ངོ་མཚར་མཛད་འཕྲིན་ཟབ་མོའི་ཆར་བཟང་ཆེར་ཕབ་པས། །རིས་བྲལ་བསྟན་འགྲོའི་བདེ་སྐྱིད་ལོ་འབྲས་ཚོགས་བསྐྱེད་མཛད། །འགྲོ་འདུལ་མཆོག༴ མོས་གུས་སྙིང་༴ གདུང་བའི་དབྱངས༴ རེ་ས་གཞན༴ དོན་གཉིས་ལྷུན༴ ད་ལྟ་བདེ་ལྡན་པདྨོ་བཀོད་པ་ཡི་ཞིང་ན། རྒྱལ་སྲས་པདྨའི་མྱུ་གུ་འགྲོ་འདུལ་གྱི་སྐུ་ཡིས། །ཐེག་མཆོག་སེང་གེའི་སྒྲ་དབྱངས་རྒྱུན་ཆགས་སུ་སྒྲོགས་མཛད། །འགྲོ་འདུལ་མཆོག༴ མོས་གུས་སྙིང་༴ གདུང་བའི་དབྱངས༴ རེ་ས་གཞན༴ དོན་གཉིས་ལྷུན༴ ཀྱཻ་མ་སྙིགས་ལྔའི་རང་མཚང་ལྷག་པར་དུ་བདོ་བས། །མི་མཐུན་འགལ་རྐྱེན་ཉེས་བརྒྱའི་དཔུང་ཚོགས་ཀྱིས་གཙེས་པས། །མོས་ལྡན་རེ་བ་སྐོང་བའི་ཐུགས་རྗེ་ཡིས་དགོངས་ཏེ། །ཆོས་མཐུན་བསམ་དགུ་འགྲུབ་པའི་བྱིན་རླབས་དེ་སྩོལ་ཤོག །ཐོག་མེད་དུས་ནས་བག་ཆགས་ངན་གོམས་ཀྱི་མཐུ་ལས། །ཕྱིན་ཅི་ལོག་བཞིའི་འཇིགས་པའི་རྐུང་འཕྲང་དུ་ཚུད་འདུག །ད་ནི་འགྲོ་འདུལ་ཐབས་མཁས་ཐུགས་རྗེ་ཡིས་དགོངས་ལ། །ཆོས་ཀྱི་སྡོམ་བཞི་རྟོགས་པའི་བྱིན་རླབས་དེ་སྩོལ་ཤོག །འདིར་སྣང་ཆོས་བརྒྱད་ཞེན་པའི་ལྕགས་སྒྲོག་གིས་བསྡམས་པས། །ཡང་དག་ལམ་བཟང་བགྲོད་པའི་ནུས་མཐུ་ཞིག་མི་འདུག །སྣང་སྲིད་སྒྱུ་མར་རྟོགས་པའི་ཆོས་རྗེ་ཡི་བྱིན་མཐུས། །བདག་བློ་ཆོས་སུ་འགྲོ་བའི་བྱིན་རླབས་དེ་སྩོལ་ཤོག །རང་དོན་ཡིད་བྱེད་འཛིན་པའི་བློ་ངན་འདིས་བསླུས་པས། །རྨད་བྱུང་བྱང་ཆུབ་སེམས་མཆོག་འབྱོང་དུས་ནི་མི་འདུག །ད་ནི་རྒྱལ་བའི་སྲས་ཀྱི་ཐུགས་རྗེ་ཡིས་ཟུངས་ལ། སྨོན་འཇུག་ལམ་མཐར་ཕྱིན་པའི་དངོས་གྲུབ་དེ་སྩོལ་ཤོག །ཐ་མལ་འཁྲུལ་འཛིན་ཞེན་པའི་མུན་སྟུག་གིས་བསྒྲིབས་ནས། །གསང་སྔགས་འབྲས་བུའི་པད་ཚལ་བཞད་དུས་ནི་མི་འདུག །ད་ནི་མཆོག་བྱིན་ཉིན་བྱེད་སྙིང་དབུས་སུ་ཤར་བས། །བསྐྱེད་རྫོགས་ལམ་མཐར་ཕྱིན་པའི་བྱིན་རླབས་དེ་སྩོལ་ཤོག །མདོར་ན་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་བར་དུ། །རེ་ས་གཞན་ན་མེད་དོ་དྲིན་ཆེན་གྱི་བླ་མ། །ཚེ་རབས་ཕྲེང་བར་མི་འབྲལ་རྗེས་འཛིན་གྱི་མཐུ་ལས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བྱིན་རླབས་དེ་སྩོལ་ཤོག །ཅེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པར་གསོལ་འདེབས་གདུང་དབྱངས་ཀྱིས་འབོད་པ་གྲུབ་གཉིས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་འདི་ནི། ཆོས་སྲིད་ཕྲིན་ལས་ཀྱི་མངོན་པར་མཐོ་བ་སྤྱི་ཁྱབ་མཛོད་པ་ཆེན་པོ་ལྷ་རྒྱལ་གྱིས་ལྷ་རྫས་ཀྱི་སྐྱེས་དང་བཅས་བསྐུལ་ངོར། ཞེ་ཆེན་རྒྱལ་ཚབ་སྤྲུལ་མིང་འཛིན་པ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་གདན་ས་ཆེན་པོ་དཔལ་རི་བོ་ཆེར་བྲིས་པའི་དགེ་བས་རང་གཞན་ཀུན་གྱི་རྒྱུད་ལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག

མཁན་ཆེན་རྡོ་རྗེ་འཆང་ལ་བརྟེན་པའི་བླ་མ་རྒྱང་འབོད་བྱིན་རླབས་མྱུར་འཇུག །

༄༅། །མཁན་ཆེན་རྡོ་རྗེ་འཆང་ལ་བརྟེན་པའི་བླ་མ་རྒྱང་འབོད་བྱིན་རླབས་མྱུར་འཇུག་བཞུགས་སོ།། བླ་མ་མཁྱེན་ནོ། །ལན་གསུམ། རབ་འབྱམས་རྩ་གསུམ་རྒྱལ་བའི་ཡེ་ཤེས་ཀྱི་སྤྱི་གཟུགས། །ཐེག་གསུམ་ལུང་རྟོགས་བསྟན་པ་རིན་ཆེན་གྱི་བང་མཛོད། །མཐའ་ཡས་སྐྱེ་དགུའི་འདྲེན་པ་ཟླ་མེད་ཀྱི་བཤེས་གཉེན། །སྐྱབས་ཀུན་འདུས་ཞལ་པདྨ་བཛྲ་དེ་མཁྱེན་ནོ། །ཚུལ་ཁྲིམས་འདབ་རྒྱས་ཏིང་འཛིན་གེ་སར་ནི་ཆེས་མཐོ། །ཤེས་རབ་ཟིལ་མངར་མཆོག་ལྡན་གཞན་ཕན་གྱི་དྲི་བསུང་། །སྐལ་བཟང་རྐང་དྲུག་ཚོགས་ཀྱི་ངལ་འཚོ་རུ་གྲུབ་པའི། །རྒྱལ་བའི་ཞལ་ཚབ་པདྨ་བཛྲ་དེ་མཁྱེན་ནོ། །མཐའ་ཡས་ཤེས་བྱ་ཀུན་མཁྱེན་འཇམ་དཔལ་ནི་གཞོན་ནུ། །བརྩེ་ཆེན་ཐུགས་རྗེའི་གཏེར་གཅིག་གངས་ཅན་གྱི་མགོན་པོ། །ནུས་མཐུའི་རྩལ་རྫོགས་བཛྲ་པཱ་ཎི་དང་དབྱེར་མེད། །བསྟན་འགྲོའི་དཔལ་མགོན་པདྨ༴ ཕྱི་རུ་འདུལ་ཁྲིམས་རྣམ་དག་ཉན་ཐོས་ཀྱི་དགེ་སློང་། །ནང་དུ་བྱང་ཆུབ་སེམས་འབྱོངས་ཐེག་ཆེན་གྱི་རྒྱལ་སྲས། །གསང་བ་རིམ་གཉིས་རྩལ་རྫོགས་སྔགས་སྤྱོད་ཀྱི་རྣལ་འབྱོར། །འཇིག་རྟེན་མིག་གཅིག་པདྨ༴ ཆོས་བརྒྱད་ཞེན་པ་རང་གྲོལ་བྱ་བཏང་གི་རྒྱལ་པོ། །འདུ་འཛིའི་གཡེང་བ་རྒྱང་བསྲིངས་སྒྲུབ་བརྩོན་གྱི་དབང་ཕྱུག །སྣང་སེམས་རོ་མཉམ་རྟོགས་པ་འཁྲུལ་ཞིག་གི་སྒོམ་ཆེན། །སྙིང་པོའི་བསྟན་འཛིན་པདྨ༴ ཐོག་མར་བསྟན་སྒོར་འཇུག་མཛད་སོ་ཐར་གྱི་མཁན་པོ། །བར་དུ་བྱང་སྡོམ་འབོགས་པ་ཐེག་ཆེན་གྱི་སློབ་དཔོན། །ཐ་མར་སྨིན་གྲོལ་མཆོག་རྩོལ་གསང་སྔགས་ཀྱི་བླ་མ། །བཀའ་དྲིན་འཁོར་མེད་པདྨ༴ རང་རིག་ཀ་ནས་དག་པ་ཀུན་བཟང་གི་དགོངས་པ། །མ་བཅོས་ཅོག་བཞག་བཞི་ཡི་གསང་ལམ་ལ་བརྟེན་ནས། །བློ་དང་ཡིད་དཔྱོད་བྲལ་བར་རྗེན་པ་རུ་སྟོན་མཛད། །གདོད་མའི་མགོན་པོ་པདྨ༴ མོས་གུས་སྙིང་ནས་ཤོར་རོ་དྲིན་ཆེན་གྱི་བླ་མ། །གདུང་བའི་དབྱངས་ཀྱིས་འབོད་དོ་པདྨ་ནི་བཛྲ། །རེ་ས་གཞན་ན་མེད་དོ་ཐུགས་རྗེ་ཡིས་དགོངས་ལ། །བྱིན་རླབས་འཕོ་བའི་དབང་བསྐུར་ད་ལྟ་རང་སྩོལ་ཅིག །སྔོན་གོམས་རྟག་འཛིན་བག་ཆགས་ཨ་འཐས་ཀྱིས་བཅིངས་པས། །རང་རྒྱུད་དམ་པའི་ཆོས་དང་འདྲེས་དུས་ཞིག་མི་འདུག །ད་ནི་བླ་མའི་ཐུགས་རྗེས་བླ་ོངན་དེ་ཐུལ་ལ། །བདག་བློ་ཆོས་དང་འདྲེས་པའི་བྱིན་རླབས་ཤིག་སྩོལ་ཤོག །རང་དོན་ཡིད་བྱེད་བློ་ངན་མུན་སྟུག་གིས་སྒྲིབ་པས། །ཐེག་ཆེན་རྒྱལ་སྲས་ལམ་བཟང་སྣང་དུས་ཤིག་མི་འདུག །ད་ནི་བླ་མའི་ཐུགས་རྗེ་ཉི་འོད་ཀྱིས་བསྐྱངས་པས། །སྨོན་འཇུག་ལམ་མཐར་ཕྱིན་པའི༴ ཐ་མལ་འཁྲུལ་རྟོག་འཛིན་པའི་བག་ཆགས་ཀྱི་སྦུབས་ནས། །ལྟ་སྒོམ་འབྲས་བུས་དྲོད་ཚད་རྙེད་དུས་ཞིག་མི་འདུག །ད་ནི་བླ་མའི་ཐུགས་རྗེས་རིམ་གཉིས་ཀྱི་རྩལ་རྫོགས། །རིག་འཛིན་རྣམ་བཞིའི་འབྲས་སྦྱོར༴ བློ་དང་ཡིད་དཔྱོད་གཟུང་འཛིན་དགག་སྒྲུབ་ཀྱི་སྤྲོས་པས། །ཟང་ཐལ་གཉུག་མའི་གཏན་སྲིད་ཟིན་དུས་ཞིག་མི་འདུག །ད་ནི་བླ་མའི་ཐུགས་རྗེས་སེམས་འཛིན་གྱི་འཕྲང་ཞིག །བྱར་མེད་ཀློང་དུ་གྱུར་པའི༴ བདེ་གསལ་མི་རྟོགས་ཉམས་སྣང་རིག་རྩལ་གྱི་འཆར་སྒོ། །གེགས་དང་གོལ་ས་མཐའ་དག་གཟུང་འཛིན་གྱི་ཆོ་འཕྲུལ། །ཡིན་མིན་བློ་ལས་འདས་ན་གཉུག་མ་ཡི་གཤིས་ལུགས། །དགག་སྒྲུབ་འཛིན་པ་དག་པའི༴ ནམ་ཞིག་བཟློག་མེད་འཆི་བ་བཙན་ཐབས་སུ་བྱུང་ན། །རང་རིག་འོད་ཀྱི་གོང་བུ་སྐར་མདའ་བཞིན་འཕངས་ཏེ། །རིགས་བདག་བླ་མའི་ཐུགས་དང་དབྱེར་མེད་དུ་བསྲེ་ཚེ། །འཆི་སྲིད་ཆོས་སྐུར་གྲོལ་བའི༴ འོད་གསལ་ཆོས་ཉིད་བར་དོའི་སྒྲ་འོད་དང་ཟེར་ཐག །མཚུངས་མེད་བླ་མའི་ཐུགས་རྗེས་རང་གདངས་སུ་ཤེས་པས། །ངོ་མཚར་ཐིམ་ལུགས་བརྒྱད་ཀྱིས་གདོད་མ་ཡི་གྲོལ་སར། །དབང་བསྒྱུར་ལོངས་སྐུར་གྲོལ་བའི་བྱིན་རླབས་ཤིག་སྩོལ་ཅིག །གལ་ཏེ་ལས་ཀྱི་དབང་གི་སྲིད་པ་རུ་འཁྱམས་ན། །རིགས་བདག་བླ་མའི་སྣང་བས་མདུན་མཁའ་ནས་བསུས་ཏེ། །ངོ་མཚར་བདེ་ལྡན་ཞིང་དུ་སྐད་ཅིག་ལ་བརྫུས་ནས། །ལུང་བསྟན་དབུགས་དབྱུང་ཐོབ་པའི༴ མདོར་ན་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་བར་དུ། །རེ་ས་གཞན་ན་མེད་དོ་བླ་མ་ཡིས་མཁྱེན་མཛོད། །ལམ་གོལ་ངན་འགྲོའི་གཡང་ས་བཙན་ཐབས་སུ་ཆོད་ལ། །ལེགས་ཚོགས་མཐའ་རུ་ཕྱིན་པའི་དངོས་གྲུབ་མཆོག་སྩོལ་ཅིག །དེ་ལྟར་མོས་གུས་གདུང་བའི་ང་རོ་ཡིས། །རྩེ་གཅིག་གསོལ་བ་བཏབ་མཐར་བླ་མ་མཆོག །རང་གི་སེམས་དང་དབྱེར་མེད་གཅིག་བསྲེས་ནས། །གསལ་སྟོང་འཛིན་མེད་སྤྲོས་བྲལ་ངང་དུ་བཞག །བློ་དང་ཡིད་དཔྱོད་འཛིན་པས་མ་བཅིང་ཞིང་། །བདེ་གསལ་མི་རྟོག་ཉམས་ཀྱིས་མ་བསླད་པའི། །ཟང་མ་ཐལ་གྱུར་རང་རིག་རྗེན་པ་འདི། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་སྟེ། །བླ་མའི་ཐུགས་དང་ཡེ་ནས་རྣམ་དབྱེར་མེད། །དེ་ཡི་ངང་དུ་མཉམ་པར་བཞག་མཁས་ན། །ནམ་ཡང་བླ་མ་མཆོག་དང་འབྲལ་མི་སྲིད། །དེ་ཕྱིར་བློ་ལྡན་དགེ་བའི་མཆེད་རྣམས་ཀྱིས། །གཉུག་མའི་ངང་དེར་གཏན་སྲིད་ཟིན་པར་མཛོད། །ཚུལ་འདི་སྐྱབས་གཅིག་དཔལ་ལྡན་བླ་མ་ལ། །མི་ཕྱེད་དད་མོས་སྲོག་ཏུ་ཡོངས་གྲུབ་པའི། །འདུལ་འཛིན་དཔོན་སློབ་ཟུང་གི་བཞེད་སྐོང་དུ། །ཨ་གྲོ་བན་ཆུང་པདྨ་རྣམ་རྒྱལ་གྱིས། །འོག་མིན་སེང་བྲག་དཔལ་གྱི་ནགས་ཁྲོད་དུ། །ཡིད་ལ་གང་ཤར་བཟོ་མེད་ལྷུག་པར་བྲིས། །དགེ་བས་འགྲོ་ཀུན་བླ་མས་རྗེས་འཛིན་ཤོག།
༄༅། ན་མོ་གུ་རུ། དབྱིངས་དག་པ་གཉིས་ལྡན་སྤྲོས་བྲལ་གྱི་རྒྱལ་ཁབ། །མདངས་འོད་གསལ་ལྷུན་གྲུབ་ལྔ་ལྡན་གྱི་ཚོམ་བུ། །ཚུལ་མ་འགགས་གང་འདུལ་ཆུ་ཟླ་ཡི་གར་མཁན། །དོན་སྐུ་གསུམ་མཉམ་ཉིད་བླ་མ་དེ་མཁྱེན་ནོ། །མགོན་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྤྱི་གཟུགས། །ཆོས་ལུང་རྟོགས་{པ་ལྷག}བསྟན་པ་རིན་ཆེན་གྱི་བང་མཛོད། །དུས་སྙིགས་མའི་འགྲོ་འདྲེན་རིག་གྲོལ་གྱི་ཚོགས་རྗེ། །སྐྱབས་ཀུན་འདུས་མཚུངས་མེད་བླ་མ་དེ་མཁྱེན་ནོ། །དཔལ་རིགས་ཀུན་ཁྱབ་བདག་དྲིན་ཆེན་གྱི་བླ་མ། །དོན་གདན་གསུམ་ཡོངས་རྫོགས་རྩ་གསུམ་གྱི་སྤྱི་དཔལ། །ཚུལ་དྲན་པས་བདེ་ཆེན་ཡེ་ཤེས་མཆོག་སྦྱིན་མཛད། །མགོན་བཀྲ་ཤིས་བྱེ་བའི་འོད་ཟེར་དེ་མཁྱེན་ནོ། །སྐུ་མཐོང་བས་ཐ་མལ་འཁྲུལ་ཞེན་གྱི་མདུད་འགྲོལ། །གསུང་ཐོས་པས་སྲོག་རྩོལ་དབུ་མ་རུ་སྡོམ་མཛད། །ཐུགས་དྲན་པས་ཡིད་ལ་ཡེ་ཤེས་ཀྱི་སྣང་སྟེར། །སྐྱབས་མཚུངས་མེད་ཞི་བའི་སྙིང་པོ་དེ་མཁྱེན་ནོ། །ཆོས་ངེས་གསང་སྙིང་པོ་སྒྲུབ་བརྒྱུད་ནི་རྣམ་བརྒྱད། །མགོན་རྡོ་རྗེ་འཆང་གི་དགོངས་བཅུད་ཀྱི་ཡང་ཞུན། །སྤྲང་དད་བསོད་སྙིམ་པར་ཅི་དགའ་རུ་སྩོལ་མཛད། །དྲིན་འཁོར་མཐའ་བྲལ་བའི་བླ་མ་དེ་མཁྱེན་ནོ། །རྗེའི་ཀུན་རྫོབ་ཞལ་རས་མཐོང་སྐལ་གྱིས་དབེན་ཡང་། །ཐུགས་སྲིད་ཞི་ཀུན་ཁྱབ་བདེ་ཆེན་གྱི་ཡེ་ཤེས། །དོན་རིག་སྟོང་དབྱེར་མེད་ལྷན་སྐྱེས་ཀྱི་ངོ་བོར། །དུས་འབྲལ་མེད་བསྙེན་ནོ་ཐུགས་རྗེ་ཡིས་དགོངས་མཛོད། །གཟུགས་སྣང་སྟོང་ཞེན་བྲལ་བསྐྱེད་རིམ་གྱི་རྣལ་འབྱོར། །སྒྲ་གྲགས་སྟོང་འཛིན་བྲལ་སྐྱེ་མེད་ཀྱི་བཟླས་པ། །ཡིད་འགྱུ་སྟོང་རང་གྲོལ་རྫོགས་རིམ་གྱི་འོད་གསལ། །དོན་རྡོ་རྗེ་གསུམ་གྱི་ངོ་བོ་རུ་བསྙེན་ནོ། །དབྱིངས་ཀ་དག་སྤྲོས་བྲལ་ཆོས་སྐུ་ཡི་གཤིས་ལུགས། །མདངས་མ་འགགས་འོད་གསལ་ལྷུན་གྲུབ་ཀྱི་ལོངས་སྐུ། །རྩལ་ཤར་གྲོལ་རྗེས་མེད་སྤྲུལ་སྐུ་རུ་ལམ་ལམ། །ཚུལ་དབྱེར་མེད་ངོ་བོར་གསོལ་བ་རང་འདེབས་སོ། །ཕྱི་ཚོགས་དྲུག་ཡུལ་སྣང་སྒྱུ་མ་རུ་ལམ་ལམ། །ནང་དུག་ལྔ་རང་གྲོལ་ཡེ་ཤེས་སུ་རྗེན་རྗེན། །བར་ཟུང་འཇུག་བློ་བྲལ་མཐའ་གྲོལ་དུ་ཤིག་ཤིག །ཕ་རྗེ་བཙུན་བླ་མས་བྱིན་གྱིས་རང་རློབས་ཤིག །དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། །གནས་སྙིང་དབུས་དད་པའི་པདྨོ་རུ་བསྙེན་ན། །དོན་འཕོ་ཆེན་རྡོ་རྗེའི་ཡེ་ཤེས་ནི་འབེབས་པས། །རྗེ་ཁྱེད་དང་མཉམ་པའི་བྱིན་རླབས་དེ་སྩོལ་ཅིག །ཅེས་པའང་མགོན་པོ་གང་གི་བཀའ་དྲིན་རྗེས་སུ་དྲན་པའི་ངང་ནས། དུས་མཐའི་སྔགས་བན་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བྲིས་ཤིང་གསོལ་བ་བཏབ་པ་སིདྡྷི་རསྟུ།
༈ ༀ་སྭསྟི། རྒྱལ་ཀུན་བརྩེ་ཆེན་ཐུགས་རྗེའི་རང་མདངས་ལས། །ཡོངས་ཤར་ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །སྙིགས་དུས་དགེ་བའི་བཤེས་སུ་མངོན་སྣང་བ། རྗེ་བཙུན་བླ་མ་བསྟན་འཛིན་དར་རྒྱས་མཁྱེན། །ཕྱི་ཚུལ་སོ་ཐར་ཁྲིམས་ཀྱི་རྩ་བ་བརྟན། །ནང་དུ་བྱང་སེམས་ལམ་གྱི་ཡལ་འདབ་རྒྱས། །གསང་བ་རིམ་གཉིས་འབྲས་བུའི་ཁུར་དུད་པའི། །རྡོ་རྗེ་འཛིན་པ་བསྟན་འཛིན་དར་རྒྱས་མཁྱེན། །ཐོས་དང་བསམ་པའི་ཡོན་ཏན་རྒྱ་ཆེ་ཞིང་། །རྩེ་གཅིག་བསྒོམས་པས་གྲུབ་པའི་ས་མཐོར་གཤེགས། །ཐུགས་རྗེ་ཆེན་པོས་གཞན་ཕན་མཐའ་ཡས་པ། །འགྲོ་བའི་མགོན་པོ་བསྟན་འཛིན་དར་རྒྱས་མཁྱེན། །སྨིན་གྲོལ་གདམས་པའི་འདོད་དགུའི་གྲུ་ཆར་གྱིས། །གདུལ་འགྲོའི་ལས་ཉོན་མེ་ཚོགས་ཀུན་བཅིལ་ནས། །ཐར་གྲོལ་ས་ལུའི་མྱུ་གུ་བསྐྱེད་མཛད་པ། །བཀའ་དྲིན་འཁོར་མེད་བསྟན་འཛིན་དར་རྒྱས་མཁྱེན། །མོས་གུས་སྙིང་ནས་ཤོར་རོ་དྲིན་ཆེན་རྗེ། །ཡེ་ཤེས་གཟིགས་པས་དགོངས་མཛོད་བརྩེ་བ་ཅན། །བྱིན་རླབས་ཐུགས་རྗེའི་དབང་མཆོག་དེང་བསྐུར་ལ། །ཉིད་དང་དབྱེར་མེད་འགྲུབ་པར་མཛད་དུ་གསོལ། །དལ་འབྱོར་རྙེད་དཀའ་རྙེད་ཀྱང་ཆོས་མ་དྲན། །ནམ་འཆི་ངེས་མེད་ཤེས་ཀྱང་ཚེ་འདིར་ཞེན། །རྒྱུ་འབྲས་དབྱེ་གསལ་རྟོགས་ཀྱང་ལག་ལེན་འཛོལ། །བདག་འདྲ་བློ་དམན་འགྲོ་ལ་ཐུགས་རྗེས་གཟིགས། །བློ་སྣ་ཆོས་ལ་བསྒྱུར་ཅིག་དྲིན་ཆེན་རྗེ། །སོ་ཐར་སྡོམ་ཁྲིམས་ནོས་ཀྱང་འཆལ་སྤྱོད་མང་། །བྱང་སེམས་བསྐྱེད་ལོ་བྱས་ཀྱང་རང་དོན་གཉེར། །སྔགས་ལ་ཞུགས་ཀྱང་སྒོ་གསུམ་ཐ་མལ་པ། །བདག་འདྲ་སྙིགས་མའི་འགྲོ་ལ་ཐུགས་རྗེས་གཟིགས། །ལམ་མཆོག་མཐའ་རུ་ཕྱིན་པའི་དངོས་གྲུབ་སྩོལ། །རང་རིག་ཀུན་བཟང་ཡིན་ཡང་ཞལ་མ་མཇལ། །སྒོམ་པ་བློ་བྲལ་ཡིན་ཡང་འཛིན་པས་ལྷད། །ཆོས་ཀུན་མཉམ་པ་ཉིད་ཀྱང་ཕྱོགས་རེར་ཞེན། །བདག་འདྲ་ལམ་གོལ་འགྲོ་ལ་ཐུགས་རྗེས་གཟིགས། །གཉུག་མའི་གཏན་སྲིད་ཟིན་པའི་དངོས་གྲུབ་སྩོལ། །མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་བར། །རེ་ས་གཞན་ན་མེད་དོ་དགོངས་མཛོད་ལ། །འབྲལ་བ་མེད་པར་རྟག་པར་རྗེས་བཟུང་སྟེ། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་དད་དམ་ལྡན་པའི་བཙུན་པ་མགོན་ཚེ་ནས་བསྐུལ་ངོར། རྗེ་འདི་ཉིད་ལས་ཟབ་ཆོས་ཀྱི་འབྲེལ་བ་ཐོབ་པའི་ཟེ་ཆེན་པ་པདྨ་རྣམ་རྒྱལ་གྱིས་མཆོག་ཏུ་གུས་པའི་བློས་གསོལ་བ་བཏབ་པ་སྟེ་འདིས་ཀྱང་འགྲོ་ཀུན་དགེ་བའི་བཤེས་ཀྱིས་རྗེས་སུ་འཛིན་པར་གྱུར་ཅིག
༄༅། །ན་མོ་གུ་རུ། སྐུ་མཐོང་བས་ཐ་མལ་འཁྲུལ་སྣང་འགགས། །གསུང་ཐོས་པས་བདེ་ཆེན་ཡེ་ཤེས་སྐྱེད། །ཐུགས་དྲན་པས་གཟུང་འཛིན་བདེན་ཞེན་འཇིགས། །ཕ་སངས་རྒྱས་ལས་ལྷག་བཀའ་དྲིན་ཅན། །རྗེ་དྲན་ནོ་མཁྱེན་བརྩེའི་དབང་པོ་དྲན། །བུའི་གདུང་དབྱངས་ཐལ་ལོ་དྲིན་ཆེན་རྗེ། །སྤྱིར་ཐུབ་དབང་བསྟན་པའི་རྒྱན་གཅིག་པུ། །དགོས་ཤིང་རྟ་ཆེ་བརྒྱད་རིང་ལུགས་སྐྱོང་། །དོན་བཀའ་བབ་བདུན་གྱི་གསང་མཛོད་འཛིན། །མགོན་སངས་རྒྱས་དངོས་བྱོན་སྤྲུལ་པའི་སྐུ། །རྗེ་དྲན་ནོ༴ བུའི་གདུང་དབྱངས༴ ཕྱི་གནས་ལྔ་རིག་པའི་པཎྜི་ཏ། །ནང་གྲུབ་གཉིས་རྩལ་རྫོགས་རིག་འཛིན་གཙོ། །དོན་སྣང་བཞི་མཐར་ཕྱིན་གྲུབ་པའི་མཆོག །ཕ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། །རྗེ་དྲན་ནོ༴ བུའི་གདུང་དབྱངས༴ བཤད་བརྒྱུད་ཀྱི་ལྷ་ལམ་ཡངས་པའི་ངོགས། །མཁྱེན་རབ་ཀྱི་ཆ་རྫོགས་རི་བོང་ཅན། །ཆོས་ལུང་རིགས་ཚད་མའི་འོད་དཀར་གྱིས། །ཐེ་ཚོམ་གྱི་མུན་ཚོགས་དྲུང་ནས་བཅིལ། །རྗེ་དྲན་ནོ༴ བུའི་གདུང་དབྱངས༴ སྒྲུབ་བརྒྱུད་ཀྱི་གངས་རི་མཐོན་པོའི་སྤོར། །ཉམས་རྟོགས་པའི་རྩལ་རྫོགས་གདོང་ལྔ་པ། །ཆོས་རྡོ་རྗེ་རྩེ་མོའི་ང་རོ་ཡི། །ཐེག་དམན་གྱི་ཝ་སྐྱེས་སྔངས་མཛད་པ། །རྗེ་དྲན་ནོ༴ བུའི་གདུང་དབྱངས༴ སྤྱིར་ལྷར་བཅས་སྐྱེ་དགུའི་ཞིང་ས་ལ། །ཐུགས་རྗེ་ཡི་འོད་ཟེར་འབུམ་སྤྲོ་བས། །ཐར་གྲོལ་གྱི་པད་ཚལ་བཞད་མཛད་པ། །ཕ་ཉི་མ་ལྟ་བུའི་ངོ་མཚར་ཅན། །རྗེ་དྲན་ནོ༴ བུའི་གདུང་དབྱངས༴ དགོས་བུ་སློབ་འཚོགས་པའི་ཚོགས་དབུས་སུ། །མགོན་ཡིད་བཞིན་ནོར་འདྲའི་གཟི་བརྗིད་ཅན། །འཕོ་ཆེན་གྱི་བྱིན་རླབས་འདོད་དགུ་ཡིས། །ཉམས་རྟོགས་ཀྱི་བང་མཛོད་འགེང་མཛད་པ། །རྗེ་དྲན་ནོ༴ བུའི་གདུང་དབྱངས༴ དགོངས་ཀློང་གི་ནམ་མཁའ་ཡངས་པ་རུ། །མཁྱེན་བརྩེ་ཡི་ཆུ་འཛིན་ལྷུན་སྟུག་ལས། །ཟབ་དགུ་ཡི་གདམས་པའི་ཆར་བཟང་གིས། །དམན་བློ་ཡི་རྫིང་བུ་འགེང་མཛད་པ། །རྗེ་དྲན་ནོ༴ བུའི་གདུང་དབྱངས༴ ཕ་ཁྱེད་ཐུགས་དོན་དམ་ཆོས་ཀྱི་སྐུ། །མ་འགྲོ་བའི་རྒྱུད་ལ་རྟག་གནས་པ། །དོན་སྤྲོས་བྲལ་ཐིག་ལེ་ཉག་གཅིག་དེ། །དུས་ནམ་ཡང་འབྲལ་བ་མ་མཆིས་མོད། །ཀུན་རྫོབ་ཀྱི་མཚན་མའི་གཟུགས་སྐུ་དང་། །དུས་ཡུན་རིང་འབྲལ་བས་སྣང་ཤེས་སྐྱོ། །བུའི་ཚུགས་ཐབས་མེད་དོ་དྲིན་ཆེན་རྗེ། །ངོ་མཚར་གྱི་སྒྱུ་འཕྲུལ་མྱུར་སྟོན་མཛོད། །རྒྱུད་དད་དམ་དག་པའི་མཎྜ་ལ། །གཞན་ཕན་བྱང་སེམས་ཀྱི་ཆག་ཆག་གདབ། །ལམ་རིམ་གཉིས་ཟབ་མོའི་ཚོམ་བུ་བཀོད། །འོད་གསལ་རྩེ་མོ་ཡི་ཏོག་གིས་སྤྲས། །ཕ་བླ་མ་དགྱེས་པའི་གསོས་སུ་འབུལ། །དབྱིངས་ཆོས་སྐུའི་ཀློང་ནས་བྱིན་གྱིས་རློབས། །མོས་གུས་ལམ་ཁྱེར་གྱི་སློབ་ཐ་ངས། །སེམས་སྐྱེ་འགག་གནས་བྲལ་གཉུག་མའི་གཤིས། །ཚིག་དཔེ་ལས་འདས་པའི་ཡེ་ཤེས་ཆེ། །དོན་རིག་སྟོང་རྗེན་པའི་རང་ཞལ་མཆོག །བློ་ཡིད་དཔྱོད་བྲལ་བར་གཅེར་མཐོང་དུ། །ངོ་འཕྲོད་ཙམ་བྱུང་འདི་བླ་མའི་དྲིན། །ཨ་ལ་ལ་སྣང་བའི་བདེ་ཆ་ལ། །ཨ་ལ་ལ་ཉམས་ཀྱི་སྐྱིད་པ་ལ། །སྐྱིད་པ་འདི་མཚུངས་མེད་བླ་མའི་དྲིན། །ངེས་ཤེས་དེ་བླ་མ་རྗེ་ལ་འབུལ། །ད་དུང་ཡང་གསོལ་བ་སྙིང་ནས་འདེབས། །ཐུགས་ཡིད་གཅིག་འདྲེས་ཀྱི་བྱིན་རླབས་སྩོལ། །ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་རྟོགས། །ལྷུན་གྲུབ་ཐོད་རྒལ་གྱི་གསང་ལམ་ནས། །འཕོ་ཆེན་གྱི་འཇའ་ལུས་རྡོ་རྗེའི་སྐུ། །ཚེ་འདི་རུ་འགྲུབ་པའི་དངོས་གྲུབ་སྩོལ། །ཚུལ་དེ་སྐད་པདྨ་བི་ཛ་ཡས། །དཔལ་པདྨ་འོད་ཀྱི་ནགས་ཁྲོད་དུ། །ཕ་བླ་མའི་དུས་དྲན་མཆོད་པའི་ཉིན། །མོས་གུས་ཀྱི་གསོལ་འདེབས་གླུ་རུ་བླངས། །དགེ་དེས་ཀྱང་འགྲོ་ཀུན་ཡོངས་གྲོལ་ཤོག །

བཀའ་བརྒྱུད་གྲུབ་པའི་ཚོགས་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་གླུ་ཆུང་དད་བརྒྱའི་རྦ་རླབས་གཡོ་བའི་ཆུ་གཏེར།

༄༅། །བཀའ་བརྒྱུད་གྲུབ་པའི་ཚོགས་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་གླུ་ཆུང་དད་བརྒྱའི་རྦ་རླབས་གཡོ་བའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། རྣམ་ཀུན་མཆོག་ལྡན་སྟོང་ཆེན་ཆོས་སྐུ་ཡི་རང་རྩལ། །ཕུན་ཚོགས་ངེས་པ་ལྔ་ལྡན་ལོངས་སྐུ་རུ་བཞེངས་ནས། །བདེ་ཆེན་ཁ་སྦྱོར་བདུན་གྱི་གསང་མཛོད་ལ་རོལ་བའི། །དྲུག་པ་རྡོ་རྗེའི་འཆང་དེ་སྙིང་དབུས་ནས་དྲན་བྱུང་། །འོད་གསལ་བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི་མཁའ་ལ། །ཕུལ་བྱུང་མཁྱེན་བརྩེའི་ཆུ་འཛིན་ལང་ལིང་དུ་འཁྲིགས་པས། །ངེས་གསང་སྙིང་པོའི་ཆོས་ཆར་མཛད་མེད་དུ་སྤྲོ་མཛད། །ཏེ་ལོ་ཤེས་རབ་བཟང་པོ་དེ་སྙིང་དབུས་ནས་དྲན་བྱུང་། །ལུང་རིགས་ཚད་མའི་ང་རོས་ལྟ་དམན་གྱི་ཝ་ཚོགས། །ཟིལ་མནན་ཐེག་མཆོག་གདུལ་བྱའི་རི་སྐྱེས་ཚོགས་སྐྱོང་བའི། །གྲུབ་གཉིས་རྩལ་གསུམ་རྫོགས་པ་གདོང་ལྔ་ཡི་དབང་པོ། །ནཱ་རོ་ཛྙཱ་ན་ཏ་པ་དེ་སྙིང་དབུས་ནས་དྲན་བྱུང་། །འཕགས་ཡུལ་གྲུབ་པའི་ཐུགས་བཅུད་གདམས་ཟབ་ཀྱི་བདུད་རྩི། །གངས་ལྗོངས་དད་བསོད་རྫིང་བུར་ཅིག་ཅར་དུ་དྲངས་ནས། །བཀའ་བརྒྱུད་གྲུབ་པའི་པད་ཚལ་ཅི་དགའ་རུ་བཞད་མཛད། །དགྱེས་མཛད་མར་པ་ལོ་ཙཱ་དེ་སྙིང་དབུས་ནས་དྲན་བྱུང་། །ཡང་གསང་འབྲས་བུའི་ཐེག་པའི་གསང་ལམ་ལ་བརྟེན་ནས། །སྙིགས་དུས་ཚེ་ཐུང་གཅིག་ལ་སྐུ་བཞི་ཡི་རྒྱལ་སར། །བདེ་བར་ངལ་འཚོ་ཐོབ་པ་གྲུབ་བརྒྱ་ཡི་གཙུག་ནོར། །དབང་ཕྱུག་བཞད་པ་རྡོ་རྗེ་དེ་སྙིང་དབུས་ནས་དྲན་བྱུང་། །འགྲོ་བསོད་དགེ་བའི་སྐྱ་རེངས་ཁ་ལོ་ཡིས་དྲངས་པའི། །མཁྱེན་བརྩེའི་ཆ་ཤས་ཡོངས་གང་རྟ་བདུན་གྱི་དབང་པོ། །བཀའ་ཕྱག་བརྒྱུད་པའི་པད་ཚལ་ཆེས་ཆེར་དུ་བཞད་མཛད། །དྭགས་པོ་ཟླ་འོད་གཞོན་ནུ་དེ་སྙིང་དབུས་ནས་དྲན་བྱུང་། །འཕགས་བོད་མཁས་དང་གྲུབ་པའི་ཞལ་ལུང་གི་ཉིང་ཁུ། །བཏུང་བས་ལུས་སྟོབས་ཆེར་རྒྱས་གྲུབ་མཆོག་གི་དབང་ཕྱུག །མཁའ་སྤྱོད་དབུ་མའི་གྲོང་ན་མིག་འཕྲུལ་བཞིན་བསྐྱོད་པའི། །རས་ཆུང་རྡོ་རྗེ་གྲགས་པ་དེ་སྙིང་དབུས་ནས་དྲན་བྱུང་། །བསླབ་གསུམ་འདབ་མའི་ཁྱོན་ཡངས་ཨུ་དུམ་ནི་བཱ་ར། །ལུང་རྟོགས་སྦྲང་རྩིས་གཏམས་པའི་གེ་སར་གྱི་འཛུམ་གྱིས། །སྐལ་བཟང་རྐང་དྲུག་ཚོགས་ཀྱི་རེ་བ་མཆོག་སྐོང་མཛད། །ཕག་གྲུ་རྡོ་རྗེ་རྒྱལ་པོ་དེ་སྙིང་དབུས་ནས་དྲན་བྱུང་། །རྟོགས་པ་མཁའ་དང་མཉམ་པ་གླིང་ཆེན་གྱི་རས་པ། །འགྲོ་དོན་མཁའ་དང་མཉམ་པ་གཙང་པ་ཡི་རྒྱ་རས། །ཕྲིན་ལས་མཁའ་དང་མཉམ་པ་ལོ་རྒོད་དང་དབོན་རས། །བཀའ་བརྒྱུད་གྲུབ་པའི་ཚོགས་རྣམས་སྙིང་དབུས་ནས་དྲན་བྱུང་། །ཕྱག་ན་པད་དཀར་འཆང་བའི་ཐུགས་བསྐྱེད་ཀྱི་རོལ་གར། །གདུལ་དཀའ་འགྲོ་བ་འདུལ་བའི་ཕྲིན་ལས་ནི་ཟླ་བྲལ། །མཆོག་གི་སྤྲུལ་སྐུ་ཀར་རབས་ཡང་སྤྲུལ་ནི་བརྒྱུད་བཅས། །ངོ་མཚར་གསེར་རིའི་ཕྲེང་བཟང་སྙིང་དབུས་ནས་དྲན་བྱུང་། །གཞན་ཡང་དྭགས་པོ་གདན་རབས་འབའ་རོམ་དང་ཚལ་བ། །འབྲི་སྟག་ཁྲོ་གླིང་སྨར་ཡེར་གཡའ་བཟང་དང་ཤུག་གསེབ། །གྲུབ་པའི་ཚང་ཆེན་རྡོལ་བའི་ཆུ་མགོ་རུ་གྱུར་པའི། །ཆེ་བཞི་ཆུང་བརྒྱད་བརྒྱུད་པ་སྙིང་དབུས་ནས་དྲན་བྱུང་། །ཤླ་ཀ་འདི་གཉིས་སླད་ནས་མོས་ལྡན་འགའ་རེའི་གསུང་ངོར་བསྣན་པ་ཡིན། མཆན། སྒྱུ་ལུས་ལྷ་སྐུར་གྲོལ་བའི་རྗེས་ཐོབ་ཀྱི་རོལ་རྩེད། །ངོ་མཚར་སྤྲུལ་བསྒྱུར་འབུམ་གྱི་ཟློས་གར་དང་འགྲོགས་ནས། །བདེ་ཆེན་མཁའ་སྤྱོད་དགའ་མའི་འཛུམ་དཀར་ལ་རོལ་བའི། །བཀའ་བརྒྱུད་གྲུབ་པའི་ཚོགས་རྣམས་སྙིང་དབུས་ནས་དྲན་བྱུང་། །སྲོག་རྩོལ་ཐབས་ལ་མཁས་པས་ལས་རླུང་གི་རྒྱུ་བ། །དབུ་མ་སྒྲ་གཅན་དབྱིངས་སུ་ལྷག་མེད་དུ་བཙུད་པའི། །རང་རྩལ་ཟབ་གསང་སྙིང་པོའི་དོ་ཧ་རུ་སྟོན་མཛད། །བཀའ་བརྒྱུད་གྲུབ་པའི་ཚོགས་རྣམས་སྙིང་དབུས་ནས་དྲན་བྱུང་། །གཟུང་འཛིན་ཨ་འཐས་ཞེན་པའི་ཁུ་རླངས་ཀྱི་ཚོགས་རྣམས། །འོད་གསལ་ཆོས་ཉིད་མཁའ་ལ་རང་དེངས་སུ་སོང་བས། །མཁྱེན་བརྩེའི་ཉི་ཟླ་གསར་པའི་དཀྱིལ་འཁོར་གྱིས་མཛེས་པའི། །བཀའ་བརྒྱུད་གྲུབ་པའི་ཚོགས་རྣམས་སྙིང་དབུས་ནས་དྲན་བྱུང་། །མོས་གུས་དབྱར་རྔའི་སྒྲ་ཡིས་བསྐུལ་མཁན་ཞིག་ཡོད་ན། །བྱིན་རླབས་སྤྲིན་གྱི་མྱུ་གུ་འཛད་མེད་དུ་འཇོ་བས། །དོན་གཉིས་ཆུ་གཏེར་འཕེལ་བའི་དགེ་མཚན་ལ་རོལ་བ། །བཀའ་བརྒྱུད་གྲུབ་པའི་ཚོགས་རྣམས་སྙིང་དབུས་ནས་དྲན་བྱུང་། །ཡང་ཡང་སྙིང་ལ་ཤར་བའི་མོས་གུས་ཀྱི་གསོལ་འདེབས། །ལྷང་ལྷང་མགྲིན་པའི་རྒྱུད་ནས་གླུ་དབྱངས་སུ་ལེན་ན། །ཐིབས་ཐིབས་བཀའ་བརྒྱུད་བླ་མའི་བྱིན་ཆེན་དེ་ཕོབས་ལ། །ཟབ་ཟབ་རྟོགས་པའི་ཕ་ཕོག་སྟན་འདི་རུ་སྩོལ་ཅིག །ཆོས་བརྒྱད་ཆོམ་ལ་ཕེབས་པའི་བྱ་བཏང་གི་རྣལ་འབྱོར། །སྒོམ་མེད་ཀློང་དུ་གྱུར་པའི་རྟོགས་ལྡན་གྱི་རྒྱལ་པོ། །དོན་གཉིས་མཐའ་རུ་ཕྱིན་པ་ཀུན་མཁྱེན་གྱི་ཞལ་ཚབ། །བཀའ་བརྒྱུད་རྣམ་ཐར་འཁྱོང་བའི་བྱིན་རླབས་ཤིག་སྩོལ་ཅིག །བཀའ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་ཕུང་ནི་ཐིབས་ཐིབས། །ཡི་དམ་ཞི་ཁྲོའི་དངོས་གྲུབ་ཆར་རྒྱུན་ནི་སིབ་སིབ། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་གློག་དམར་ནི་ཁྱུགས་ཁྱུགས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དེ་སྩོལ་ཅིག །ཅེས་བཀའ་བརྒྱུད་གྲུབ་པའི་ཚོགས་ཀྱི་ཐུགས་རྗེ་བསྐུལ་བའི་གླུ་ཆུང་འདི་ནི། མ་ཅིག་གྲུབ་པའི་རྒྱལ་མོ་དང་དབང་ཕྱུག་བཞད་པ་རྡོ་རྗེས་ལུང་བསྟན་པའི་གནས། རས་ཆུང་རྡོ་རྗེ་གྲགས་པ་ཉིད་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་ས་ལོ་རོ་མོག་པ་ཚེ་སྐང་གི་སྒྲུབ་ཕུག་ཏུ་རྗེ་བཙུན་རས་པ་ཆེན་པོའི་བླ་སྒྲུབ་དང་རྗེས་སུ་འབྲེལ་བར་ཚོགས་ཀྱི་མཆོད་པ་བགྱིས་པའི་སྐབས། མདོ་ཁམས་ཞེ་སྤྲུལ་མིང་འཛིན་པ་ཨོ་རྒྱན་མི་འགྱུར་ཀུན་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པ་སྟེ། འདིས་ཀྱང་རང་གཞན་ཀུན་གྱི་རྒྱུད་ལ་ཟབ་གསང་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་སྐྱེ་བའི་རྒྱུར་གྱུར་ཅིག། །།
༄༅། །ན་མོ་གུ་རུ། དུས་གསུམ་རྒྱལ་ཀུན་འདུས་གཟུགས་ཨོ་རྒྱན་གྱི་མཁན་པོ། །སླར་ཡང་སྙིགས་འགྲོའི་མགོན་དུ་བཤེས་གཉེན་གྱི་ཚུལ་བཟུང་། །བཀའ་དྲིན་འཁོར་མཐའ་མེད་པའི་དྲིན་ཆེན་གྱི་བླ་མ། །འབྲལ་མེད་ཚངས་གནས་དད་པའི་པདྨོ་རུ་བཞུགས་ནས། །བློ་སྣ་ཆོས་ལ་འགྱུར་བའི་བྱིན་རླབས་ཤིག་སྩོལ་ཤོག །ད་རེས་རྙེད་དཀའ་དོན་ཆེན་དལ་འབྱོར་གྱི་གྲུ་གཟིངས། །རྣམ་རིག་བ་དན་གཡོ་བའི་ཕུན་ཚོགས་འདི་ཐོབ་ཀྱང་། །བག་མེད་རྣམ་གཡེང་འཛིན་ཁྲིའི་ཁ་སྒོ་རུ་ཆུད་པས། །སྡུག་བསྔལ་སྲིད་མཚོའི་ཕ་རོལ་སྒྲོལ་ངེས་ཤིག་མི་འདུག །བླ་མ་མཁྱེན་ནོ་བློ་སྣ་ཆོས་ཕྱོགས་སུ་དྲོངས་ཤིག །ཕྱི་སྣོད་མི་རྟག་ནམ་ཟླ་དུས་བཞི་ཡི་འགྱུར་བ། །ནང་བཅུད་དགྲ་གཉེན་བར་མའི་སྐྱེ་འཆི་ཡི་འཁོར་ལུགས། །གསང་བ་ཕུང་ལྔའི་ཚོགས་པ་རིམ་བཞིན་དུ་རྙིང་ཚུལ། །དེ་རིང་ཙམ་ཡང་མི་འཆིའི་བློ་གཏད་ཅིག་མི་འདུག །བླ་མ་མཁྱེན་ནོ༴ རིགས་གཟུགས་དབང་ཐང་སྟོབས་འབྱོར་སྙན་གྲགས་ཚོགས་ལྟ་ཅི། །ལྷན་ཅིག་སྐྱེས་པའི་ལུས་ཀྱང་བས་མཐའ་རུ་བོར་ནས། །འཕྲང་རིང་བར་དོའི་གནས་སུ་གྲོགས་མེད་དུ་འཁྱམས་ཚེ། །འཇིགས་སྐྲག་འཁྲུལ་སྣང་སྡུག་བསྔལ་བཟོད་ཐབས་རང་མི་འདུག །བླ་མ་མཁྱེན་ནོ༴ ཚེ་འདི་ཇི་ལྟར་རིང་ཡང་ལོ་བརྒྱ་ཡི་ཁོངས་མཛད། །འཇིག་རྟེན་ཕྱི་མར་འདི་ཞེས་ཚད་བཟུང་རང་མི་འདུག །ད་རེས་རྟེན་འདིར་ཐར་ལམ་སྣེ་ཟིན་ཞིག་མེད་ཕྱིན། །ཕྱིས་ནས་དཀོན་མཆོག་མཚན་ཙམ་ཐོས་དཀའ་རུ་གདའ་བ། །བླ་མ་མཁྱེན་ནོ༴ ཚེ་འདིའི་བྱ་གཞག་དོན་མེད་སྡིག་སྡུག་གི་རང་བཞིན། །མཐའ་མེད་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་ཡོ་ལང་། །ཡུད་ཙམ་ཡིད་ཡུལ་བ སྒོམས་ཀྱང་སྙིང་རླུང་ནི་ལྡང་ཉེ། །བཟོད་དཀའི་གནས་དེར་སྐྱེས་ན་ཅི་ཚུག་རང་བྱེད་ཨང་། །བླ་མ་མཁྱེན་ནོ༴ དང་པོ་ཆོས་སྒོར་ཞུགས་དུས་ངེས་འབྱུང་ཙམ་ཡོད་ཀྱང་། །བར་དུ་ཚོང་དང་སོ་ནམ་གཡོ་སྒྱུ་ཡིས་བསླུས་ཏེ། །བག་མེད་ལོག་འཚོའི་སྐོར་ལ་མི་ཚེ་ནི་ཟད་ཟད། ད་ལྟ་འཆི་བ་བྱུང་ན་ཆོས་དྲེད་ཀྱི་ཡང་ཐ། །བླ་མ་མཁྱེན་ནོ༴ ན་གཞོན་བྱིས་པའི་དུས་སུ་གཞན་དབང་གི་ཁོལ་པོ། །དར་བབས་ལང་ཚོས་དྲེགས་ཚེ་འདོད་ཡོན་ལ་རྩེན་རྩེན། །རྒན་འཁོགས་དབང་ཤེས་འགྲིབ་ཚེ་སྒྱུ་ལུས་ཀྱིས་མི་འཁྱོང་། །དེ་འདྲས་གཏན་གྱི་འདུན་མ་ཇི་ལྟར་དུ་འགྲུབ་ཨང་། །བླ་མ་མཁྱེན་ནོ༴ ཐོབ་ཐོབ་བསླབ་ཤེས་མང་ཡང་དགོས་དུས་སུ་མི་དྲན། །ཟབ་ཟབ་ཡིག་སྣ་གསོག་ཀྱང་རང་རྒྱུད་ལ་མ་འབྱོར། །བྱས་བྱས་རྣམ་གྲངས་མང་ཡང་གནད་ཐོག་ཏུ་མ་སྨིན། །ཡིན་ཡིན་སྣང་བ་མཐོ་ཡང་གདེང་ཚད་ནི་མི་འདུག །བླ་མ་མཁྱེན་ནོ༴ ལས་འབྲས་ཆ་ཙམ་གོ་ཡང་ལག་ལེན་དུ་མ་ཐེབས། །སོ་ཐར་འདུལ་ཁྲིམས་ནོད་ཀྱང་ངེས་འབྱུང་ནི་མ་སྐྱེས། །བྱང་སེམས་བསླབ་པ་བླངས་ཀྱང་གཞན་ཕན་ནི་མ་འབྱོངས། །སྔགས་སུ་ཞུགས་པར་རློམ་ཡང་དག་སྣང་ནི་མི་འདུག །བླ་མ་མཁྱེན་ནོ༴ ཕྱོགས་རེར་ཐོས་བསམས་བྱས་ཀྱང་ང་རྒྱལ་ནི་ཇེ་ཆེར། །སྐབས་རེར་སྒོམ་པར་རློམ་ཡང་ཉོན་མོངས་ནི་ཇེ་རགས། །ན་སོ་སྨིན་བཞིན་རང་རྒྱུད་ཇེ་རྩུབ་དང་ཇེ་ལོད། །བྱས་པ་དོན་མེད་བདག་འཛིན་ཁ་བསྣོན་དུ་སོང་འདུག །བླ་མ་མཁྱེན་ནོ༴ མི་དགེའི་བཤེས་གྲོགས་བརྟེན་པ་ཐར་ལམ་གྱི་བར་ཆོད། །གཉིད་ཆང་གཏམ་ལ་གཡེང་བ་དགེ་སྦྱོར་གྱི་བཤོལ་འདེབས། །དོན་མེད་བྱ་བཞག་མང་པོ་སེམས་ལས་ཀྱི་ཁུར་བོ། །ཆགས་སྡང་ཆོས་བརྒྱད་ཞེན་པའི་ལྕགས་སྒྲོག་འདིས་བཅིངས་འདུག །བླ་མ་མཁྱེན་ནོ༴ སྲིད་འབྱོར་སྒྱུ་མར་གོ་བའི་ཞེན་ལོག་དང་ངེས་འབྱུང་། །རྗེ་ལ་སངས་རྒྱས་དངོས་མཐོང་དག་སྣང་དང་མོས་གུས། །འགྲོ་ཀུན་ཕ་མར་ཤེས་པའི་བྱམས་པ་དང་སྙིང་རྗེ། །རྣམ་མཁྱེན་ཐར་པ་སྒྲུབ་ལ་མེད་ཐབས་རང་མི་འདུག །བླ་མ་མཁྱེན་ནོ༴ གྲུབ་མཐའི་ཕྱོགས་ཞེན་སྤངས་བ་ཆོས་སྣང་གི་སྒོ་མོ། །སྡོམ་གསུམ་འགལ་མེད་སྲུང་བ་ཡོན་ཏན་གྱི་གཞི་རྟེན། །ཐོས་བསམ་སྒོམ་ལ་དྲིལ་བ་དོན་གཉིས་ཀྱི་རྩ་བ། །ཚོགས་བསགས་སྒྲིབ་གཉིས་སྦྱང་བ་ཀུན་མཁྱེན་གྱི་ཉེ་རྒྱུ། །བླ་མ་མཁྱེན་ནོ༴ མན་ངག་སྒྲོ་འདོགས་ཆོད་པ་ཉམས་ལེན་གྱི་སྲོག་ཤིང་། །འདིར་སྣང་བྱ་བ་བཏང་བ་དགེ་སྦྱོར་གྱི་ལྕག་འདེབས། །མི་ཚེ་སྒྲུབ་ལ་སྐྱེལ་བ་གྲུབ་ཐོབ་ཀྱི་དཔའ་ཚུགས། །ཚེ་གཅིག་སངས་རྒྱས་སྒྲུབ་ལ་མེད་ཐབས་རང་མི་འདུག །བླ་མ་མཁྱེན་ནོ༴ རང་སེམས་བླ་མར་རྟོགས་པ་ལྟ་སྒོམ་གྱི་ཡང་སྙིང་། །དགོངས་བརྒྱུད་བྱིན་རླབས་འཕོས་པ་གྲུབ་རྟགས་ཀྱི་རྒྱལ་པོ། །ཁྱེར་སོ་གསུམ་དང་མ་བྲལ་ཚོགས་གཉིས་ཀྱི་ལམ་མཆོག །གཞན་ཕན་ལྷག་བསམ་འབྱོངས་པ་འགྲོ་ཕན་གྱི་རྩ་བ། །བླ་མ་མཁྱེན་ནོ་བློ་སྣ་ཆོས་ཕྱོགས་སུ་དྲོངས་ཤིག །མོས་གུས་སྙིང་ནས་ཤོར་རོོ་དྲིན་ཆེན་གྱི་བླ་མ། །གདུང་བའི་དབྱངས་ཀྱིས་འབོད་དོ་མཚོར་འཁྲུངས་ཀྱི་རྒྱལ་བ། །རེ་ས་གཞན་ན་མེད་དོ་ཕྱག་རྒྱ་ཡི་རྒྱ་ཆེན། །འབྲལ་མེད་ཐུགས་རྗེས་ཟུངས་ཤིག་བརྒྱུད་གསུམ་གྱི་བླ་མ། །དོན་དབང་སེམས་ལ་བསྐུར་ཅིག་ཀུན་མཁྱེན་ནི་ཡབ་སྲས། །ཉམས་རྟོགས་གོང་དུ་སྤོར་ཅིག་རིག་འཛིན་གྱི་ཚོམ་བུ། །རིག་པ་རང་གསལ་སྒྲོན་མེའི་སྐྱོ་གྲོགས་དང་འགྲོགས་ནས། །སྣང་སེམས་ཡེ་གྲོལ་ཆེན་པོ་ཀ་དག་གི་ཀློང་དུ། །དོན་བརྒྱུད་རྒྱལ་ས་ཟིན་པའི་བྱིན་རླབས་ཤིག་སྩོལ་ཅིག །དེ་སྐད་སྐལ་བཟང་གྲོགས་ཀྱིས་བསྐུལ་བ་ཡི་རྐྱེན་ལས། །རང་བྱུང་པདྨ་རྒྱལ་པོས་བྱིན་རླབས་ཀྱི་གནས་མཆོག །ཉམས་དགའ་རིག་པ་དྭངས་པའི་བསམ་གཏན་གྱི་ཁང་བུར། །བག་ཡང་པདྨ་བི་ཛས་ཐོལ་བྱུང་དུ་སྨྲས་སོ། །

གྲུབ་མཆོག་རྣལ་འབྱོར་གྱི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོའི་ཐུགས་དམ་གནད་ནས་བསྐུལ་བའི་གླུ་བུ་ཆུང་མ་ལ་འབོད་པའི་གདུང་དབྱངས།

༄༅། །གྲུབ་མཆོག་རྣལ་འབྱོར་གྱི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོའི་ཐུགས་དམ་གནད་ནས་བསྐུལ་བའི་གླུ་བུ་ཆུང་མ་ལ་འབོད་པའི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། མཚོ་སྐྱེས་རྒྱལ་བའི་ཐུགས་སྤྲུལ་ཟླ་མེད་ཀྱི་སྐྱེས་མཆོག །གྲུབ་གཉིས་རྩལ་གསུམ་རྫོགས་པ་གདོང་ལྔ་ཡི་དབང་པོ། །སྒྲུབ་བརྒྱུད་གངས་རིའི་རྩེ་མོར་ཐེག་མཆོག་གི་གད་རྒྱངས། །སྒྲོགས་མཛད་བརྩོན་འགྲུས་སེངྒེ་སྙིང་དབུས་ནས་དྲན་ནོ། །ཚེ་དབང་གྲུབ་པའི་རིགས་སྔགས་ཉི་འབུམ་གྱི་གཟི་ཡིས། །འཆི་བདག་གཏུམ་པོའི་མུན་ཚོགས་ལྷག་མེད་དུ་བཅོམ་ནས། །དབང་བཅུ་མཐའ་རུ་ཕྱིན་པའི་རྩེ་འཇོ་ཡིས་སྒེག་པའི། །གྲུབ་མཆོག་ཐང་སྟོང་རྒྱལ་པོ་སྙིང་དབུས་ནས་དྲན་ནོ། །གང་གསུང་རྡོ་རྗེའི་བདེན་ཚིག་ནོར་བུ་ཡི་ཞགས་པས། །སྡེ་བརྒྱད་དྲི་ཟའི་བུ་མོ་དབང་མེད་དུ་བཅིངས་ནས། །གང་བཅོལ་རྣམ་བཞིའི་ལས་ལ་བྲན་བཞིན་དུ་བཀོལ་མཛད། །རྣལ་འབྱོར་ལུང་སྟོང་སྨྱོན་པ་སྙིང་དབུས་ནས་དྲན་ནོ། །གཟུང་འཛིན་སྤྲིན་ཚོགས་དེངས་པའི་འོད་གསལ་གྱི་མཁའ་ལ། །མཁྱེན་བརྩེའི་ཉི་ཟླ་གསར་པའི་དཀྱིལ་འཁོར་གྱིས་མཛེས་པས། །མཆོག་ཐུན་འདོད་དགུའི་སྣང་འབུམ་ཅི་དགའ་རུ་སྤྲོ་མཛད། །གྲུབ་པའི་བཅུད་ལེན་མཁན་དེ་སྙིང་དབུས་ནས་དྲན་ནོ། །གང་གི་དད་བརྒྱའི་ཡིད་མཁར་ཡུད་ཙམ་དུ་ཤར་ཡང་། །བརྒྱད་གཉིས་འཇིགས་པའི་མུན་ཚོགས་གཞིལ་བ་དང་ཆབས་ཅིག །ལེགས་ཚོགས་ཡོན་ཏན་བྱེ་བའི་པད་ཚལ་མཆོག་བཞད་ནུས། །དབང་ཕྱུག་ལྕགས་ཟམ་པ་དེ་སྙིང་དབུས་ནས་དྲན་ནོ། །མོས་གུས་གྱེན་མིག་བལྟ་བའི་དགེ་བློ་ཙམ་ཡོད་ཀྱང་། །བརྟུལ་ཞུགས་ལུས་ཤེད་མ་རྫོགས་ཀུན་མཉམ་གྱི་མལ་ནས། །གདུང་དབྱངས་ཁ་འོ་ཙ་རེ་འབོད་པ་འདི་གཟིགས་ལ། །ཐུགས་རྗེའི་ཕྱག་ཡངས་མ་ཐོགས་ད་ལྟ་རུ་རྐྱོངས་ཤོག །ཐོག་མེད་ངན་གོམས་བག་ཆགས་སྐོར་ཕུར་གྱི་རྩ་ན། །འདིར་སྣང་ཆོས་བརྒྱད་ཞེན་པའི་འཆིང་ཐག་འདི་སྲ་བས། །ཡང་དག་ལམ་དུ་བགྲོད་པའི་བློ་མཐུ་དང་བྲལ་འདི། །ངེས་འབྱུང་རལ་གྲི་རྣོན་པོས་ད་ལྟ་རུ་ཕྲོལ་མཛོད། །དངོས་འཛིན་དྷ་དུ་ར་ཡིས་ཐོག་མེད་ནས་མྱོས་པས། །ཟབ་མོའི་གནས་ལ་ལྟ་བའི་རྣམ་དཔྱོད་ཀྱི་བློ་མིག །ལོག་རྟོག་སྐྲ་ཤད་འཛག་པའི་སྣང་ཚུལ་གྱིས་ཁེབས་འདི། །བྱིན་རླབས་གྲུབ་པའི་སྨན་གྱིས་ད་ལྟ་རུ་སོལ་ཅིིག །དེད་དཔོན་མཁས་པའི་ཞལ་ལུང་མཛེས་མ་ཡི་འགྲམ་ཆང་། །དོན་གཉེར་བ་ཀུ་ལ་ཡི་མེ་ཏོག་ལ་རེག་པས། །བསླབ་གསུམ་ཟིལ་དངར་འཇོ་བའི་ཀེེ་སར་གྱི་ལང་ཚོ། །ཐུབ་བསྟན་སྐྱེད་ཚལ་མཛེས་པའི་རྒྱན་མཆོག་ཏུ་བསྐྲུན་མཛོད། །སྨིན་གྲོལ་བསྐྱེད་རྫོགས་ཟབ་མོའི་བ་དན་གྱིས་མཛེས་པའི། །བསྙེན་སྒྲུབ་རྣམ་བཞིའི་གྲུ་བོ་ལེགས་ལམ་དུ་བསྒྱུར་བས། །རིག་འཛིན་རྣམ་བཞིའི་དབྱིག་མཆོག་རང་དབང་དུ་ཐོབ་པས། །དོན་གཉིས་འདོད་པ་འཇོ་བའི་དགའ་སྟོན་ལ་སྦྱོར་ཅིག །རྨད་བྱུང་བྱང་ཆུབ་སེམས་མཆོག་འཇོག་པོ་ཡི་གཙུག་ནོར། །གཞན་ཕན་བསྡུ་བཞིའི་རྒྱལ་མཚན་རྩེ་མོ་རུ་བསྙེན་ལས། །ཕན་བདེ་འདོད་དགུའི་གྲུ་ཆར་ས་གསུམ་དུ་ཕབ་པས། །ལུས་ཅན་སྲིད་པའི་དབུལ་ཀུན་མིང་མཐའ་རུ་མཛོད་ཅིག །མདོར་ན་སྙིགས་འགྲོའི་སྐྱོབ་པ་ཟླ་བྲལ་གྱི་རྣལ་འབྱོར། །གང་གི་གསང་གསུམ་བྱིན་རླབས་ཡེ་ཤེས་ཀྱི་ཆུ་རྒྱུན། །བདག་སོགས་སྒོ་གསུམ་ཞིང་སར་ད་ལྟ་རུ་ཕབ་ནས། །མཁྱེན་ནུས་རྗེ་དང་མཉམ་པའི་བྱིན་རླབས་ཤིག་སྩོལ་ཅིག །དེ་སྐད་གྲུབ་མཆོག་རྣལ་འབྱོར་དབང་ཕྱུག་ལ། །མི་ཕྱེད་མོས་པའི་རྒྱུ་ལ་སྐལ་བཟང་ཞིང་། །དཔལ་འབྱོར་དགེ་བའི་གྲོགས་ཀྱིས་བསྐུལ་བ་ཡི། །རྐྱེན་གྱིས་མཚམས་སྦྱར་ཐུགས་དམ་བསྐུལ་བའི་གླུ། །བུ་ཆུང་མ་ལ་འབོད་པའི་གདུང་དབྱངས་འདི།། བག་ཡངས་པདྨ་དགྱེས་པས་མགྲིན་རྟར་བསྐྱོན། །དགེ་བས་འགྲོ་ཀུན་རྣལ་འབྱོར་དབང་ཕྱུག་གིས། །རྗེས་བཟུང་དོན་གཉིས་མཐར་ཕྱིན་བཀྲ་ཤིས་སྩོལ།།
༄༅། །ན་མོ་གུ་རུ། རབ་འབྱམས་ཕྱོགས་དུས་སྲས་བཅས་རྒྱལ་བའི། །དཔག་མེད་མཁྱེན་བརྩེ་ནུས་པའི་ཡེ་ཤེས། །མ་ལུས་གཅིག་ཏུ་བསྡུས་པའི་སྤྱི་གཟུགས། །དྲན་པས་སྲིད་ཞིའི་འཇིགས་ཀུན་འཕྲོག་མཛད། །ཡིད་བཞིན་ནོར་ལྟར་ཕན་བདེའི་རེ་སྐོང་། །རྩ་གསུམ་འདུས་ཞལ་ཨོ་རྒྱན་ཐོད་ཕྲེང་། །དབྱེར་མེད་དྲིན་ཆེན་རྩ་བའི་བླ་མར། །མི་ཕྱེད་སྙིང་ནས་གུས་པས་འདུད་དོ། །སྙིགས་མའི་གདུལ་བྱ་རྒྱལ་བས་སྤངས་རྣམས། །འདུལ་སླད་སྲས་བཅས་རྣམ་འདྲེན་ཡོངས་ཀྱིས། །ཁྱོད་གཅིག་ཁོ་ན་བསྐུལ་བ་ལགས་ཕྱིར། །ཐུགས་རྗེ་བཏང་སྙོམས་ངང་དུ་མ་བཞུགས། །དེང་འདིར་མོས་ལྡན་བུ་ལ་དགོངས་ཤིག །རྙེད་དཀའི་དལ་འབྱོར་མི་ལུས་ཐོབ་ཀྱང་། །མི་རྟག་འཆི་བ་སྙིང་ནས་མ་དྲན། །ཅི་བྱེད་ཚེ་འདིའི་འདུན་མ་འབའ་ཞིག །མདོ་མེད་སྟོང་ལོག་མཁན་ལ་གཟིགས་ཤིག །མཚན་ལྡན་བཤེས་གཉེན་དུ་མ་མཇལ་ཞིང་། །གདམས་པའི་གནད་གསང་མང་དུ་ཐོས་ཀྱང་། །ཆ་ཙམ་རང་གི་རྒྱུད་ལ་མ་འབྱོར། །བླུན་རྨོངས་ཆོས་དྲེད་མཁན་ལ་གཟིགས་ཤིག །བྱས་བྱས་ཡོང་ཡོང་རྣམ་གྲངས་མང་པོས། །ཡིན་ཡིན་གློ་བ་བདེ་མདོག་ཁ་ཡང་། །རྐྱེན་དང་འཕྲད་ཚེ་ཐ་མལ་བས་ཐུ། །ལོ་འདོད་མཁན་ལ་ཐུགས་རྗེས་གཟིགས་ཤིག །དྲན་དང་ཤེས་བཞིན་འཁར་བས་གཏོང་རྒྱུས། །བག་མེད་འཆལ་སྤྱོད་མལ་ན་ལྷུང་ཞིང་། །ལེ་ལོ་ཆོས་བརྒྱད་སྒྲོག་གིས་བཅིང་བའི། །ཉམ་ཐག་བདག་གི་གདུང་བའི་ང་རོས། །འབོད་འདི་ཐུགས་རྗེའི་གཏེར་གྱིས་གསན་ནམ། །དམན་ལ་བརྩེ་བའི་ཐུགས་རྗེ་མེད་ན། །བློ་མཆོག་རྣམས་ལ་དགོངས་ཀྱང་ཅི་དགོས། །དེ་སླད་དེང་འདིར་ཐུགས་རྗེས་གཟིགས་ལ། །དབང་བསྐུར་སྨིན་གྲོལ་དངོས་གྲུབ་སྩོལ་ཅིག །ནད་གདོན་གེགས་རྐྱེན་ཕྱི་ཡི་བར་ཆད། །རྩ་རླུང་འཁྲུགས་པ་ནང་གི་ཆོ་འཕྲུལ། །གཟུང་འཛིན་རྣམ་རྟོག་གསང་བའི་གེགས་རྐྱེན། །ཐམས་ཅད་ཀ་དག་དབྱིངས་སུ་སོལ་ཅིག །ངེས་འབྱུང་འཛིན་མའི་གཞི་ལས་འཁྲུངས་པའི། །གཞན་ཕན་བྱང་ཆུབ་སེམས་ཀྱི་མེ་ཏོག །བསླབ་གསུམ་སྦྲང་རྩིའི་བཅུད་ཀྱིས་གཏམས་པས། །དོན་གཉིས་དགའ་སྟོན་འཕེལ་བར་མཛོད་ཅིག །སྨིན་བྱེད་དབང་བཞིས་དུལ་བའི་གཤེགས་སྙིང་། །གྲོལ་བྱེད་རིམ་གཉིས་ཆར་གྱིས་བརླན་པས། །སྐུ་བཞི་གསེར་གྱི་སྙེ་མར་འཁྲུངས་པའི། །གྲུབ་འབྲས་ཚེ་འདིར་སྨིན་པར་མཛོད་ཅིག །ཡེ་ནས་བཅིངས་གྲོལ་མེད་པའི་རིག་པ། །ཡོངས་གྲོལ་སྒོམ་གྱི་འཛིན་པས་མ་བཅིངས། །རང་བབས་ཆུ་བོའི་རྒྱུན་བཞིན་གོམས་པས། །གདོད་མའི་གསང་མཆོག་གྲུབ་པར་མཛོད་ཅིག །མདོར་ན་དགོངས་རྒྱུད་བྱིན་རླབས་འཕོས་པས། །ཅིར་སྣང་བླ་མའི་རོལ་པར་ཤར་ཏེ། །རང་གཞན་ཕན་བདེའི་སྒོ་འཕར་བརྒྱ་ཕྲག །འབྱེད་ལ་མཆོག་དང་མཚུངས་པར་མཛོད་ཅིག །འདི་ཕྱི་བར་དོའི་གནས་སྐབས་ཀུན་ཏུ། །ཁྱོད་མིན་བདག་ལ་སྐྱབས་གཞན་མ་མཆིས། །འབྲལ་མེད་བྱིན་རླབས་སྙིང་གི་བདུད་རྩིར། །སྨིན་པའི་དགའ་སྟོན་དེང་འདིར་སྩོལ་ཅིག །ཅེས་འདི་ཆོས་གྲོགས་དུ་མ་ཡིས། །བསྐུལ་ངོར་པདྨ་དགྱེས་པ་ཡི། །ཡིད་ལ་གང་དྲན་སྨྲས་པའི་དགེས། །འགྲོ་ཀུན་བླ་མས་རྗེས་འཛིན་ཤོག།
༄༅། །ན་མོ་གུ་རུ། བསྒྲང་ཡས་སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི་སྤྱི་གཟུགས། །དྲན་པས་སྲིད་ཞིའི་འཇིགས་འཕྲོག་མཚོ་སྐྱེས་ཀྱི་བླ་མ། །དབྱེར་མེད་དྲིན་ཆེན་ཆོས་རྗེའི་ཞབས་སེན་གྱི་ནོར་བུ། །ཚངས་གནས་དད་པའི་པདྨོར་འབྲལ་མེད་དུ་བཞུགས་ཤིག །ཀྱེ་མ་རྙེད་དཀའི་རྟེན་བཟང་ཡུད་ཙམ་དུ་ཐོབ་ཀྱང་། །འཆི་བ་སྙིང་ནས་མ་དྲན་འདིར་སྣང་ལ་ཞེན་པས། །ཅི་བྱེད་ཚེ་འདིའི་འདུན་མ་ཆོས་བརྒྱད་ཀྱི་ཁོལ་པོ། །སྤྲང་འཆལ་དྲེད་པོའི་བློ་སྣ་ཆོས་ཕྱོགས་སུ་དྲོངས་ཤིག །སོ་ཐར་སྡོམ་པ་ནོས་ཀྱང་ངེས་འབྱུང་གིས་མ་ཟིན། །བྱང་སེམས་བསྐྱེད་ལོ་བྱས་ཀྱང་གཞན་ཕན་གྱི་རྩིས་གཏོང་། །སྔགས་སུ་ཞུགས་པར་བརླམས་ཀྱང་འདུ་ཤེས་ནི་ཐ་མལ། །རང་མགོ་རང་གཡོགས་མཁན་ལ་ཐུགས་རྗེ་ཡིས་གཟིགས་ཤིང་། །བསྐྱེད་རིམ་ལྷ་སྐུ་བསྒོམས་ཀྱང་ཨ་འཐས་ཀྱི་འཛིན་པ། །རྫོགས་རིམ་སྟོང་ཉིད་བསྒོམས་ཀྱང་ཡིད་དཔྱོད་ཀྱི་རྒྱས་འདེབས། །བཟླས་བརྗོད་འབག་འབུག་བཏོན་ཀྱང་འཕྲོ་འདུ་ཡི་གནད་མེད། །བྱས་མང་འབྲས་ཉུང་མཁན་ལ་ཐུགས་རྗེ་ཡིས་གཟིགས་ཤིག །རང་དོན་སྒྲུབ་པར་བརླམས་ཀྱང་འདིར་སྣང་གི་ཁེ་གྲགས། །གཞན་དོན་བརྩོན་པར་བརླམས་ཀྱང་རང་འདོད་ཀྱི་རྙེད་ཚོལ། །གཉིས་མགོ་མི་ཐོན་བེ་སྦྲེལ་གཡང་ལྷུང་གི་གཞི་མ། །བསམ་བརླག་ཡུག་པ་བརྐྱང་ལ་ཐུགས་རྗེ་ཡིས་གཟིགས་ཤིག །རང་སྐྱོན་རང་གི་བལྟས་ན་ཡི་མུག་གི་གཞི་མ། །གཞན་སྐྱོན་ཀུན་ཏུ་བརྟགས་ན་ཁྲེལ་བརྡས་ཀྱི་རང་བཞིན། །ད་ནི་ཅི་ལ་བསམས་ཀྱང་སྐྱོ་ཤས་ཀྱི་བསྐུལ་འདེབས། །ཐུགས་རྗེའི་ཕྱག་ཡངས་རྐྱོངས་ཤོག་རྒྱུད་གསུམ་གྱི་བླ་མ། །དགོངས་བརྒྱུད་བྱིན་རླབས་དབང་མཆོག་ད་ལྟ་རུ་བསྐུར་ལ། །རྟོགས་གྲོལ་འདུས་མཉམ་ཆེན་པོའི་རྒྱལ་ཐབས་ལ་སྦྱར་ནས། །རིས་བྲལ་བསྟན་འགྲོའི་ཕན་བདེ་ཅི་དགའ་རུ་བཞད་པའི། །ཕྲིན་ལས་རྗེ་དང་མཉམ་པའི་བྱིན་རླབས་ཤིག་སྩོལ་ཅིག །ཅེས་འདི་མོས་ལྡན་བཻ་ཥ་ཛྱ། །ཡང་ཡང་གསུང་ནན་ཆེ་བའི་ངོར། །མདོ་མེད་པདྨ་བི་ཛ་ཡས། །གར་ཤར་ལྷུག་པར་སྨྲས་པ་དགེ།།
༄༅། །ན་མོ་གུ་རུ། བསྒྲང་ཡས་སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི་རང་གཟུགས། །གདུལ་དཀའི་སྙིགས་འགྲོའི་སྐྱོབ་པ་ཟླ་མེད་ཀྱི་བཤེས་གཉེན། །དྲན་པ་ཙམ་གྱིས་བདེ་ཆེན་ཡེ་ཤེས་མཆོག་བསྐྱེད་མཛད། །སྐྱབས་གཅིག་དྲིན་ཆེན་བླ་མ་སྙིང་དབུས་ནས་དྲན་ནོ། །དྭ་ཕྲུག་ཐང་ལ་བོར་འདྲའི་ཉམ་ཐག་གི་ང་རོ། །མི་སྡུག་ཁ་ཆུ་ཛ་རེ་འབོད་ཚུལ་འདི་ཨི་གཟིགས། །མོས་གུས་ལག་པ་གཡོབ་པའི་གནས་ཚུལ་ནི་འདི་ལགས། །ཐུགས་རྗེའི་ཕྱག་ཡངས་རྐྱོངས་མཛོད་རྗེ་བཙུན་གྱི་བླ་མ། རྙེད་དཀའི་དལ་འབྱོར་ཐོབ་ཀྱང་སྙིང་པོ་ནི་མ་ལོན། །ཟབ་དགུའི་གདམས་ངག་ཐོས་ཀྱང་རང་རྒྱུད་ལ་མ་འབྱོར། །སྐབས་རེར་དགེ་བློ་སྐྱེས་ཀྱང་བར་ཆད་ཀྱི་རྐྱེན་མང་། །གཉེན་པོའི་སྒོ་ལྕགས་ཞིག་པའི་ཉམ་ཐག་ལ་དགོངས་ཤིག །རྒྱུ་འབྲས་ཁ་ལ་ཡོད་ཀྱང་ལག་ལེན་ལ་མི་འདུག །ཆོས་ཚུལ་ཕྱི་ནས་གཡོགས་ཀྱང་རང་རྒྱུད་ནི་ཐ་མལ། །མི་རྟག་མཆུ་སྒོར་འདོན་ཡང་ཞེ་གཏིང་ལ་མེད་པའི། །ཕྱི་ཚུལ་ཨ་སྨྲའི་འབྲས་འདྲའི་གཡོན་ཅན་ལ་གཟིགས་མཛོད། །དེ་རིང་འཆི་བར་ཤེས་ཀྱང་ལོ་བརྒྱ་ཡི་འདུག་ཆུས། །ནམ་ཕུག་ཕུང་པར་གོ་ཡང་ཚེ་འདི་ཡི་བྱ་གཞག །དོན་མེད་དགྲ་འདུལ་གཉེན་སྐྱོང་བྲེལ་གཡེང་གི་ངང་ནས། །མི་ཚེ་སྟོང་ཟད་མཁན་ལ་ཐུགས་རྗེ་ཡིས་གཟིགས་ཤིག །བྱས་བྱས་རྣམ་གྲངས་མང་ཡང་དོན་འབྲས་ནི་གཅིག་མེད། །སྒྲུབ་སྒྲུབ་སྣ་ཁ་མང་ཡང་སེམས་རྒྱུད་ནི་ཐ་མལ། །སྙན་སྙན་མི་ལ་བཤད་ཀྱང་རང་མདོ་ཡིས་སྟོར་བའི། །རང་མགོ་རང་གཡོགས་མཁན་ལ་ཐུགས་རྗེ་ཡིས་དགོངས་མཛོད། །མགོ་ལ་སྐྲ་དཀར་གཤིན་རྗེའི་ཕྲིན་པ་ནི་བསླེབས་ཟིན། །གདོང་ལ་དཔྲལ་རིས་འཆི་ལྟས་གྲིབ་སོ་ནི་ལམ་ལམ། །འཆི་བ་གློ་བུར་བསླེབས་ན་བློ་གདེང་ནི་མི་འདུག །རེ་ས་གཞན་ན་མེད་དོ་བླ་མ་རྗེ་མཁྱེན་ནོ། །སེམས་རྒྱུད་ཆོས་དང་འདྲེས་པའི་བྱིན་རླབས་ཤིག་སྩོལ་ཅིག །བཅོས་མིན་ངེས་འབྱུང་རླུང་གིས་ཤུགས་དྲག་ཏུ་བསྐུལ་བའི། །བརྩོན་འགྲུས་མེ་ཆེན་སྦར་བས་རྣམ་གཡེང་གི་ཚང་ཚིང་། །མ་ལུས་ཁམས་སུ་ཟོས་པའི་ངོ་མཚར་གྱི་གར་གྱིས། །འཇིག་ལྟའི་སྦྲུལ་ཚང་སྟོང་པའི་བྱིན་རླབས་ཤིག་སྩོལ་མཛོད། །གདམས་ཟབ་ཐོང་བཤོལ་སྟོང་གིས་བདག་འཛིན་གྱི་ཐ་བ། །དུལ་བྱས་གཞན་ཕན་བྱང་སེམས་ས་ལུ་ཡི་ས་བོན། །རྨད་བྱུང་རྒྱལ་སྲས་སྤྱོད་པའི་སྙེ་མ་རུ་འཁྲུངས་ཏེ། །དོན་གཉིས་འབྲས་ཁུར་ལྕི་བའི་དགའ་སྟོན་ལ་སྦྱོར་མཛོད། །དམ་གཙང་འཛིན་མའི་གཞི་ལས་དད་གསུམ་གྱི་སྐྱེ་ཤིང་། །དག་པ་རབ་འབྱམས་འཁོར་ལོའི་ཡལ་འདབ་ཀྱིས་མཛེས་ཚེ། །སྨིན་གྲོལ་བསྐྱེད་རྫོགས་ཟབ་མོའི་ལོ་འབྲས་ཀྱི་སྙིང་པོ། །རིག་འཛིན་རྣམ་བཞིར་སྨིན་པའི་སྐལ་བཟང་ལ་སྦྱོར་མཛོད། །ཡེ་ནས་བཅིངས་གྲོལ་མེད་པའི་ཀ་དག་གི་རིག་པ། །ཡིན་ལུགས་ཅོག་བཞག་དགོངས་པའི་རང་གནད་ལ་སྐྱེལ་ཚེ། །འཁྲུལ་རྟོག་སེམས་དང་སེམས་བྱུང་རྙོག་མ་ཡིས་བསླད་མིན། །གདོད་མའི་གྲོལ་ས་རྙོག་པའི་བྱིན་རླབས་ཤིག་སྩོལ་མཛོད། །མདོར་ན་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་བར་དུ། །འབྲལ་མེད་ཡེ་ཤེས་གཟིགས་པས་བྱིན་གྱིས་རང་རློབས་ལ། །ཆོས་མིན་རྟོག་པ་རྒྱུན་ཆད་ཆོས་མཐུན་གྱི་བསམ་སྦྱོར། །གེགས་མེད་ཡོངས་གྲུབ་བཀྲ་ཤིས་དགའ་སྟོན་ནི་སྩོལ་ཅིག །ཅེས་པ་འདིའང་རང་དང་གཞན་གྱིས་ཀྱང་བསྐུལ་བའི་ངོར། བཙུན་ཆུང་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་ཤིང་རྩེ་གཅིག་གིས་གསོལ་བ་བཏབ་པའི་དགེ་བས་དཔལ་ལྡན་བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག

བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་མོས་གུས་སྙིང་གི་གཟེར་འདེབས་ཀྱི་ཞལ་སབ།

༄༅། །བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་མོས་གུས་སྙིང་གི་གཟེར་འདེབས་ཀྱི་ཞལ་སབ་ནི། བསྟན་གཉིས་གཡུང་དྲུང་གླིང་པའི་རྗེས་སུ། མཆོག་གྱུར་བདེ་ཆེན་གླིང་པ་མཁྱེན་ནོ། །ཟུང་འཇུག་གྲུབ་པའི་ཀློང་ནས་གཟིགས་ཤིག །སྨིན་གྲོལ་བསྐྱེད་རྫོགས་ཟབ་མོའི་ལམ་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛོད་ཅིག །ཨོ་རྒྱན་ཆོས་ཀྱི་དབང་པོ་མཁྱེན་ནོ། །གཞན་ཕན་མཁའ་ཁྱབ་ཀློང་ནས་གཟིགས་ཤིག །རང་དོན་ཡིད་བྱེད་བློ་ངན་ཞི་ནས། །བྱང་ཆུབ་སེམས་མཆོག་འབྱོང་བར་མཛོད་ཅིག །མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཁྱེན་ནོ། །ཤེས་བྱ་ཀུན་མཁྱེན་ཀློང་ནས་གཟིགས་ཤིག །ངེས་དོན་ཟབ་མོའི་དགོངས་དོན་རྟོགས་ནས། །གཟུངས་སྤོབས་བློ་གྲོས་སྒོ་འབྱེད་མཛོད་ཅིག །རྒྱལ་སྲས་བཀྲ་ཤིས་འོད་ཟེར་མཁྱེན་ནོ། །གཞན་ཕན་ཐུགས་རྗེའི་ཀློང་ནས་གཟིགས་ཤིག །བསླབ་གསུམ་སྦྱངས་ཡོན་མཐར་རུ་ ཕྱིན་ནས། །གཞན་ཕན་མཁའ་དང་མཉམ་པར་མཛོད་ཅིག །རིག་འཛིན་སྣ་ཚོགས་རང་གྲོལ་མཁྱེན་ནོ། །རིམ་གཉིས་ཟབ་མོའི་ཀློང་ནས་གཟིགས་ཤིག །རྩ་བ་ཡན་ལག་དམ་ཚིག་རྣམ་དག །དབང་བཞིའི་རྟོགས་པ་གོང་འཕེལ་མཛོད་ཅིག །གྲུབ་མཆོག་ཤཱཀྱ་ཤྲཱི་མཁྱེན་ནོ། །སྣང་བཞི་མཐར་ཕྱིན་ཀློང་ནས་གཟིགས་ཤིག །བླ་མ་སངས་རྒྱས་ཆོས་སྐུར་མཐོང་ནས། །དོན་བརྒྱུད་དགོངས་པ་འཕོ་བར་མཛོད་ཅིག །དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ། །ཞེས་སོགས་གཞུང་དཀྱུས་ལྟར་རོ། །ཞེས་པའང་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཅན་དགེ་སློང་ཞིང་སྐྱོང་ལགས་ཀྱི་བཞེད་ངོར། སྐྱེ་ཀུན་བླ་མའི་བྲན་དུ་སྨོན་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་མགུལ་འོག་མིན་བླ་མའི་གཟིམས་སྤྱིལ་དུ་བྲིས་ཤིང་གསོལ་བ་བཏབ་པ་དགེ། ༈ གཞན་ཡང་། ཀུན་བཟང་བསྟན་པའི་ཉི་མ་མཁྱེན་ནོ། །འབྲེལ་ཚད་དོན་ལྡན་ཀློང་ནས་གཟིགས་ཤིག །དད་དམ་མོས་གུས་མཐའ་རུ་ཕྱིན་ནས། །ཐུགས་ཡིད་དབྱེར་མེད་འདྲེས་པར་མཛོད་ཅིག །གཞན་ཕན་ཆོས་ཀྱི་བློ་གྲོས་མཁྱེན་ནོ། །བརྩེ་ཆེན་ཐུགས་རྗེས་ཀློང་ནས་གཟིགས་ཤིག །ཐུགས་བརྒྱུད་བྱིན་རླབས་འཕོ་བའི་དབང་གིས། །ཟོལ་མེད་ལྷག་བསམ་འབྱོར་པར་མཛོད་ཅིག །ཀུན་བཟང་གཞན་ཕན་བློ་གྲོས་མཁྱེན་ནོ། །འབྲལ་མེད་ཐུགས་རྗེ་ཆེན་པོས་གཟིགས་ཤིག །སྙིང་དབུས་དད་པའི་ཁྲི་ལ་བཞུགས་ནས། །རྟག་ཏུ་བདག་རྒྱུད་བྱིན་རློབས་མཛོད་ཅིག །འདི་ཡང་མོས་ལྡན་འགའ་ཡི་བཞེད་ངོར་བྲིས་པ་དགེ།
༈ རབ་འབྱམས་རྩ་གསུམ་རྒྱལ་བའི་ཡེ་ཤེས་འཕྲུལ། །སྙིགས་ལྔའི་རྒུད་པ་སྐྱོབ་མཛད་ཨོ་རྒྱན་རྗེ། །གང་དང་དབྱེར་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མི་རྟག་སྐྱོ་ཤས་ངེས་འབྱུང་གཏིང་ནས་འབྱོངས། །གཞན་ཕན་བྱང་ཆུབ་སེམས་ཀྱིས་གཞི་བཟུང་སྟེ། །རིམ་གཉིས་ལམ་ལ་བརྟན་པ་མཐར་ཕྱིན་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་གནམ་མཚོ་དབུ་རྒན་ཚུལ་ཁྲིམས་བཞེད་ངོར་བི་ཛས་བྲིས་པ་དགེ།

རྒྱལ་ཀུན་འདུས་ཞལ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་གསོལ་འདེབས་མོས་གུས་སྤྲིན་གྱི་རོལ་མོ།

༄༅། །རྒྱལ་ཀུན་འདུས་ཞལ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་གསོལ་འདེབས་མོས་གུས་སྤྲིན་གྱི་རོལ་མོ་བཞུགས་སོ།། ༀ་སྭསྟི་པྲ་ཛཱབྷྱཿ བསྐལ་བཟང་སྒྲོན་མེ་བཞི་པ་ཤཱཀྱ་ཡི་སྲས་པོས། །རིམ་གསུམ་ཆོས་ཀྱི་བདུད་རྩི་གདུལ་ཞིང་ལ་དབབ་ནས། །ངེས་གསང་འབྲས་བུའི་ལོ་ཏོག་སྐྱེད་མཛད་ཀྱི་སྤྲུལ་སྐུར། །འབྱུང་འགྱུར་ལུང་གིས་བསྔགས་པའི་མཚོ་སྐྱེས་རྗེ་མཁྱེན་ནོ། །འགྲོ་བསོད་དགེ་བའི་སྐྱ་རེངས་ཁ་ལོ་ཡིས་བསྐུལ་བས། །འོད་མཚན་སྟོང་འབར་མགོན་གྱི་ཐུགས་རྗེ་ཡི་ཉིན་བྱེད། །སིནྡྷུའི་དྭངས་མཚོར་པདྨའི་གེ་སར་ལ་ཆགས་པས། །བརྫུས་སྐྱེས་ངོ་མཚར་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ཨིཎྜ་བྷོ་དྷིའི་དད་བསོད་རྒྱལ་མཚན་གྱི་རྩེ་མོར། །ཉེ་བར་ཐོབ་པའི་རྒྱལ་སྲས་ཡིད་བཞིན་གྱི་ནོར་བུ། །བསྟན་འགྲོའི་དགེ་ལེགས་འདོད་དགུའི་གྲུ་ཆར་མཆོག་འབེབས་མཛད། །སྒྱུ་རྩལ་མཐར་ཕྱིན་རྒྱལ་བུ་ཐོར་ཅོག་ཅན་མཁྱེན་ནོ། །རིགས་ཀུན་བདག་པོ་བཛྲ་ས་ཏྭ་ཡིས་བསྐུལ་བཞིན། །ངེས་འབྱུང་བློ་ཡིས་རྒྱལ་སྲིད་ཐལ་བ་བཞིན་བོར་ནས། །བརྟུལ་ཞུགས་སྤྱོད་པས་འཇིགས་རུང་དུར་ཁྲོད་ཀུན་ཉུལ་མཛད། །མཁའ་འགྲོ་དབང་སྡུད་ཤཱནྟ་རཀྵི་ཏ་མཁྱེན་ནོ། །རྒྱལ་ཡུམ་ཝ་ར་ཧཱི་ལི་བྱིན་རླབས་ཀྱི་ཉི་གཞོན། །གང་ཐུགས་པདྨའི་ཚལ་ལ་ཆགས་པ་ཡི་རྐྱེན་ལས། །ལྟ་སྒོམ་སྤྱོད་འབྲས་ཟབ་མོའི་བདུད་རྩི་མཆོག་འཇོ་མཛད། །རྡོ་རྗེ་དྲག་པོ་རིག་འཛིན་རྩལ་འཆང་དེ་མཁྱེན་ནོ། །འོད་ཟེར་གླང་པོའི་ཞལ་ལུང་རྣལ་འབྱོར་གྱི་བདུད་རྩིས། །ཆེར་མྱོས་སྟོན་པའི་ཞམ་རིམ་མང་ཐོས་ཀྱི་མཆོག་གྱུར། །ཀུན་དགའ་བོ་ལས་རབ་བྱུང་བསླབ་གསུམ་གྱི་རྒྱལ་མཚན། །ཐུབ་དབང་གཉིས་པ་ཤཱཀྱ་སེང་གེ་དེ་མཁྱེན་ནོ། །འཕགས་ཡུལ་མཁས་ཚོགས་དྲི་བཟང་ཁང་པ་ཡི་ཚལ་ལས། །ཐུན་མོང་ཐུན་མིན་གཙུག་ལ་ཟིལ་དངར་གྱི་ཚོགས་རྣམས། །མ་ལུས་གཞིབ་པའི་བུང་བ་ཆོས་ཆེན་གྱི་དབྱངས་སྒྲོགས། །ཤེས་བྱ་ཀུན་མཁྱེན་བློ་ལྡན་མཆོག་སྲེད་དེ་མཁྱེན་ནོ། །གྲུབ་མཆོག་ཀླུ་དབང་སྟོང་ལས་གདམས་ཟབ་ཀྱི་ནོར་བུ། །མཐའ་དག་སུག་པར་སོན་པའི་རིག་འཛིན་གྱི་སྤྱི་རྗེ། །སྒྲུབ་པ་སྡེ་བརྒྱད་ཡི་དམ་ལྷ་ཚོགས་དང་དབྱེར་མེད། །འོད་ལུས་མངོན་རྫོགས་ཉི་མ་འོད་ཟེར་དེ་མཁྱེན་ནོ། །བདེ་སྐྱོང་ཌཱ་ཀིའི་གཙོ་བོ་མནྡ་ཡི་ར་བ། །ཚེ་ལམ་གསང་བའི་གྲོགས་བསྟེན་མཱ་ར་ནི་ཏི་ཀར། །འཆི་མེད་མགོན་པོས་བྱིན་རླབས་འཆི་བདག་གི་བདུད་བཅོམ། །རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་གནས་དེ་མཁྱེན་ནོ། །སྣ་ཚོགས་སྒྱུ་འཕྲུལ་བཀོད་པ་རྡོ་རྗེ་ཡི་ཆར་གྱིས། །མེ་ཆུ་དུག་མཚོན་འབྱུང་པོའི་གཡོ་སྦྱོར་གྱི་འབྲས་ཚོགས། །ལྷག་མེད་བཅོམ་པའི་གྲགས་སྙན་འབྲུག་སྒྲ་སྟོང་ལྡིར་བའི། །ངོ་མཚར་འཕྲུལ་ལྡན་པདྨ་སམ་བྷ་དེ་མཁྱེན་ནོ། །འཕུར་འགྲོའི་གླིང་གི་གདུལ་བྱའི་ཞིང་ས་ནི་གཤིན་པོར། །བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྤྲིན་བཅུད་ཆེར་དབབ་པས། །རྣམ་གྲོལ་སྙེ་མ་སྐུ་བཞིའི་འབྲས་བཟང་དུ་སྨིན་མཛད། །རྒྱལ་སྲས་མཆོག་གྱུར་པདྨ་རྒྱལ་པོ་དེ་མཁྱེན་ནོ། །ལུང་རིགས་ཚད་མ་གསུམ་གྱི་སྒྲ་བརྒྱ་འབུམ་བསྒྲགས་པས། །ལྟ་བ་ངན་ཞེན་ངང་མོའི་ཀླད་རྒྱ་ཆེར་དབྲལ་ཏེ། །མཐུ་སྟོབས་གནམ་ལྕགས་ཐོག་གིས་ཕྱེ་མ་རུ་འཐག་མཛད། །ཏརྐའི་དཔུང་བཅོམ་སེང་གེ་སྒྲ་སྒྲོགས་དེ་མཁྱེན་ནོ། །ཡང་ལེ་ཤོད་ཀྱི་སྒྲུབ་གནས་གཡའ་རི་ཡི་ནགས་སུ། །ཕྱག་ཆེན་གྲུབ་པའི་རྩལ་རྫོགས་གདོང་ལྔ་ཡི་དབང་པོས། །ཀཱི་ལ་ཡ་ཡི་ང་རོས་ལོག་འདྲེན་གྱི་ཝ་ཚོགས། །ཟིལ་གནོན་དཔའ་བོ་རྡོ་རྗེ་ཐོད་ཕྲེང་རྩལ་མཁྱེན་ནོ། །འཇམ་མགོན་ཁྲི་སྡེའི་ཐུགས་བསྐྱེད་སྐྱ་རེངས་ཀྱིས་བསུས་པས། །གངས་ལྗོངས་འགྲོ་བའི་དད་བསོད་ལྷ་ལམ་དུ་ཤར་ཚེ། །འགལ་བྱེད་ལྷ་འདྲེའི་ཆོ་འཕྲུལ་བ་མོའི་ཚོགས་བཅོམ་ནས། །བདེ་སྐྱིད་དགེ་བཅུའི་པད་ཚལ་རྒྱས་མཛད་དེ་མཁྱེན་ནོ། །ཡོན་ཏན་བྱེ་བའི་སྣང་འབར་ཡིད་བཞིན་གྱི་ནོར་བུ། །ཆོས་རྒྱལ་དད་བསོད་རྒྱལ་མཚན་རྩེ་མོ་རུ་མཆོད་པས། །ཟན་ཡང་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་འགྲུབ་སོགས། །དགེ་ལེགས་འདོད་དགུའི་གྲུ་ཆར་འབེབས་མཛད་དེ་མཁྱེན་ནོ། །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་གྱི་ཚོགས་ཀྱིས། །འཕགས་ཡུལ་ཐུབ་བསྟན་ལུང་རྟོགས་རིན་ཆེན་གྱི་མཚོ་ཆེན། །བསིལ་ལྡན་འཛིན་མའི་གཞི་ལ་ལྷག་མེད་དུ་དྲངས་ཏེ། །བཤད་སྒྲུབ་ཆུ་གཏེར་སྤེལ་མཛད་དྲིན་ཆེན་དེ་མཁྱེན་ནོ། །གསང་ཆེན་རྡོ་རྗེ་རྩེ་མོའི་སྨིན་གྲོལ་གྱིས་བསྐྱངས་པས། །མ་རིག་གཟུང་འཛིན་འཁྲུལ་པའི་སྒོང་རྒྱ་ལས་གྲོལ་ཏེ། །གྲུབ་གཉིས་གཤོག་རྩལ་རྫོགས་པའི་མཁའ་ལྡིང་གི་དབང་པོ། །རྗེ་འབངས་སྐལ་ལྡན་འདུས་པའི་སྟོན་འཁོར་དེ་མཁྱེན་ནོ། །སྐལ་བཟང་རྣམ་འདྲེན་ལས་ལྷག་ཡོན་ཏན་གྱི་གོང་བུ། །ངོ་མཚར་བསམ་མི་ཁྱབ་པའི་རྫུ་འཕྲུལ་གྱི་བཀོད་པས། །མི་དང་མི་མིན་གདུལ་བྱ་སྨིན་གྲོལ་ལ་འགོད་མཛད། །རྣམ་ཐར་དཔག་ཡས་ཨོ་རྒྱན་བླ་མ་དེ་མཁྱེན་ནོ། །གངས་བྲག་རི་མཚོ་ཕལ་ཆེར་སྒྲུབ་གནས་སུ་བྱིན་རླབས། །ཆོས་ནོར་རྫས་ཀྱི་གཏེར་ཁ་གྲངས་མེད་དུ་སྦས་ནས། །སྡེ་བརྒྱད་དྲེགས་ཚོགས་དམ་བཏགས་གངས་ཅན་གྱི་བླ་མ། །བཀའ་དྲིན་འཁོར་མེད་རྡོ་རྗེ་གྲོ་ལོ་དེ་མཁྱེན་ནོ། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་དཔལ་རི་ཡི་རྩེ་མོར། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་སྤྱི་རྗེ་རུ་བཞུགས་ནས། །གདུལ་དཀའི་སྲིན་པོ་འདུལ་མཛད་རྒྱལ་ཀུན་གྱི་ཞལ་ཚབ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ཆེན་པོ་དེ་མཁྱེན་ནོ། །བོད་ལ་རྒྱུན་ཆད་མེད་པའི་ཐུགས་རྗེ་ཡིས་གཟིགས་ནས། །རྣམ་མང་སྤྲུལ་པའི་ཟློས་གར་འགོག་མེད་དུ་འཆར་བས། །ཟབ་གཏེར་སྒོ་འབྱེད་སྙིགས་ལྔའི་རྒུད་པ་ཀུན་བཅིལ་ནས། །བདེ་ལེགས་ཕན་བདེའི་སྒོ་འབྱེད་གུ་རུ་རྗེ་མཁྱེན་ནོ། །གསོལ་བ་སྙིང་ནས་འདེབས་སོ་ཨོ་རྒྱན་གྱི་མཁན་པོ། །ཐུགས་དམ་ཞལ་བཞེས་དགོངས་པའི་རྩལ་ཆེན་དེ་ཕྱུང་ནས། །རྡོ་རྗེའི་ཡེ་ཤེས་ཟབ་མོའི་དབང་མཆོག་དེ་བསྐུར་ལ། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བྱིན་རླབས་ཤིག་སྩོལ་ཅིག །ཅེས་པའང་གྲགས་པའི་མཚོ་ཆེན་བཞིའི་ཡ་གྱལ། མ་ཧཱ་གུ་རུའི་ཕྱག་རྟགས་མངོན་དུ་གསལ་བའི་བྲག་གསུམ་ལྷ་ཡི་མཚོ་སྙིང་། ཟངས་མདོག་དཔལ་རིའི་ཕོ་བྲང་དུ། ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བར་གང་ཤར་གསོལ་བ་འདེབས་པ་པོ་ནི། གུ་རུའི་རྗེས་འཇུག་རྟགས་ཙམ་འཛིན་པ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོ་སྟེ། འདིས་ཀྱང་སྐྱེ་ཀུན་རྗེ་བཙུན་མ་ཧཱ་གུ་རུའི་བྱིན་རླབས་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག། །།
༄༅། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དཔལ་ལྡན་པདྨ་ལས་འཁྲུངས་རྫོགས་སངས་རྒྱས། །ཐེག་གསུམ་དམ་ཆོས་མ་ལུས་འབྱུང་བའི་གནས། །ཡིད་བཞིན་ནོར་ལྟར་འགྲོ་བའི་རེ་སྐོང་བ། །པདྨ་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །མཁའ་དང་རབ་མཉམ་འགྱུར་མེད་རྡོ་རྗེའི་སྐུ། །ཕུལ་བྱུང་མཚན་དཔེའི་དཔལ་འབར་ལྷམ་མེ་བ། །དད་པ་ཅན་ངོར་གང་འདུལ་རོལ་གར་སྟོན། །ཤཱཀྱ་སེང་གེའི་ཞབས་ལ་གསོལ་བ་འདེབས། །དབྱངས་ཀྱི་ཡན་ལག་རྫོགས་པ་རྡོ་རྗེའི་གསུང་། །གདུལ་འགྲོའི་ཁམས་དབང་བསམ་པའི་རྗེས་འགྲོ་བས། །བསྒྲང་ཡས་ཐེག་པའི་སྒོ་འཕར་འབྱེད་པའི་དཔལ། །པདྨ་སམྦྷའི་ཞབས་ལ༴ སྒྲིབ་གཉིས་འཆིང་བའི་དྲི་བྲལ་རྡོ་རྗེའི་ཐུགས། །མཁྱེན་བརྩེའི་ཡེ་ཤེས་ལྷག་པར་རྒྱས་པའི་དཔལ། །མཁའ་དང་རབ་མཉམ་ཡོངས་ལ་བརྡལ་བ་ཆེ། །བློ་ལྡན་མཆོག་སྲེད་ཞབས་ལ༴ རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །དཔག་ཡས་མཁྱེན་བརྩེ་ནུས་པའི་ཡོན་ཏན་འབུམ། །གཅིག་ཏུ་བསྡོམས་པའི་རང་མདངས་ལས་ཤར་མགོན། །པདྨ་རྒྱལ་པོའི་ཞབས་ལ༴ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་པ་བཞིས། །མཁའ་མཉམ་འགྲོ་བའི་རེ་བ་རྫོགས་མཛད་པའི། །ཐུགས་རྗེའི་ཕྲིན་ལས་གཞན་ལས་མྱུར་བའི་མགོན། །ཉི་མ་འོད་ཟེར་ཞབས་ལ༴ བདུད་དང་མུ་སྟེགས་ལོག་འདྲེན་དམ་སྲིའི་དཔུང་། །ཕས་རྒོལ་གདུག་པའི་ཚོགས་རྣམས་ཚར་གཅོད་ཅིང་། །ངེས་གསང་བསྟན་འགྲོའི་ཕན་བདེ་སྤེལ་བའི་མགོན། །སེང་གེ་སྒྲ་སྒྲོགས་ཞབས་ལ༴ གངས་ལྗོངས་བླ་མའི་སྐལ་བ་གཅིག་པུ་ཉིད། །རྣམ་ཐར་བཀའ་དྲིན་གཞན་ལས་ཁྱད་འཕགས་པ། །དྲན་པས་སྲི་ཞིའི་འཇིགས་འཕྲོག་དྲིན་ཆེན་རྗེ། །རྡོ་རྗེ་གྲོ་ལོད་ཞབས་ལ༴ གསོལ་བ་འདེབས་སོ་གུ་རུ་སྤྲུལ་པའི་སྐུ། །གདུང་བས་འབོད་དོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཐུགས་དམ་ཞལ་བཞེས་དགོངས་པའི་རྩལ་ཕྱུང་ལ། །མཆོག་ཐུན་དངོས་གྲུབ་མ་ལུས་དེང་སྩོལ་ཅིག །མ་ཧཱ་གུ་རུའི་རྡོ་རྗེའི་གསང་གསུམ་དང་། །བདག་གི་སྒོ་གསུམ་མཉམ་པ་ཉིད་གྱུར་ནས། །རྒྱལ་བའི་གདུང་འཚོབ་འགྲོ་བའི་མགོན་གྱུར་པའི། །རྡོ་རྗེའི་གསང་མཆོག་དེང་འདིར་འགྲུབ་གྱུར་ཅིག །ཅེས་པའང་ཤིང་ལུག་སྤྲེའུ་ཟླ་བའི་ཚེས་བཅུའི་ཉིན་གང་ཤར་ཤུགས་འབྱུང་དུ་གསོལ་བ་བཏབ་པ་པོ་ནི་པདྨ་དགྱེས་པ་ཕྱོགས་ལས་རྣམ་རྒྱལ་ཏེ་འདིས་ཀྱང་རང་གཞན་ཀུན་གྱི་རྒྱུད་ལ་མ་ཧཱ་གུ་རུའི་བྱིན་རླབས་རྩོལ་མེད་དུ་འདུག་པའི་རྒྱུ་གྱུར་ཅིག
༄༅། །ཀ་དག་སྤྲོས་པ་ཀུན་བྲལ་ཆོས་སྐུ་ཡི་ཀློང་ནས། །ལྷུན་གྲུབ་ངེས་པ་ལྔ་རྫོགས་ལོངས་སྐུ་ཡི་རོལ་པ། །རིག་རྩལ་མ་འགགས་གང་འདུལ་སྤྲུལ་སྐུ་རུ་ཤར་བའི། །སྐུ་གསུམ་འདུས་ཞལ་དྲིན་ཆེན་མཚོ་སྐྱེས་རྗེ་མཁྱེན་ནོ། །བྲལ་སྨིན་ཡོན་ཏན་འབུམ་ལྡན་ངེས་དོན་གྱི་སངས་རྒྱས། །ལུང་རྟོགས་ཐེག་དགུའི་འབྱུང་གནས་དམ་ཆོས་ཀྱི་གཏེར་མཛོད། །རིག་འཛིན་རྣམ་བཞི་མཐར་ཕྱིན་ཐེག་ཆེན་གྱི་དགེ་འདུན། །སྐྱབས་ཀུན་འདུས་ཞལ་དྲིན་ཆེན་མཚོ་སྐྱེས་རྗེ་མཁྱེན་ནོ། །བརྒྱུད་གསུམ་བླ་མའི་ངོ་བོ་རིག་འཛིན་གྱི་གཙོ་མཆོག །རིགས་རྣམས་སྤྲོ་བསྡུའི་བྱེད་པོ་ཧེ་རུ་ནི་ཀ་དཔལ། །མ་ཚོགས་ཌཱ་ཀིའི་ཚོགས་དཔོན་ཟླ་བྲལ་གྱི་དཔའ་བོ། །རྩ་གསུམ་འདུས་ཞལ་དྲིན་ཆེན༴ དྲི་མེད་པདྨའི་སྡོང་པོ་རང་བྱུང་གི་རྒྱལ་མཆོག །བརྟུལ་ཞུགས་ཕྱོགས་བྲལ་སྐྱོང་བ་གྲུབ་ཐོབ་ཀྱི་དབང་ཕྱུག །བསྟན་གཉིས་ཉི་ཟླ་གསལ་མཛད་ཟླ་མེད་ཀྱི་སྟོན་པ། །འཛམ་གླིང་མཛེས་པའི་རྒྱན་གྱུར་མཚོ་སྐྱེས༴ ནག་ཕྱོགས་བདུད་སྡེའི་དཔུང་བཅོམ་འཇིགས་མེད་ཀྱི་དཔའ་བོ། །གངས་ཅན་བོད་ན་རྣམ་ཐར་བཀའ་དྲིན་ནི་ཟླ་མེད། །སྙིགས་མའི་རྒུད་པ་སྐྱོབ་མཛད་ཨོ་རྒྱན་གྱི་མཁན་པོ། །སྣ་ཚོགས་མཚན་དང་བཀོད་ལྡན་མཚོ་སྐྱེས་རྗེ་མཁྱེན་ནོ། །གང་གི་བསམ་མི་ཁྱབ་པའི་ཡོན་ཏན་དང་བཀའ་དྲིན། །ཡང་ཡང་ཡིད་ལ་ཤར་བས་དད་མོས་ཀྱི་ཆུ་གཏེར། །དེང་འདིར་གཅིག་ཏུ་འཕེལ་བའི་རྒྱུ་རྐྱེན་གྱི་མཐུ་ལས། །གསོལ་འདེབས་གདུང་བའི་ང་རོས་ལྷང་ལྷང་དུ་འབོད་ན། །མཁྱེན་བརྩེའི་ཡེ་ཤེས་གཟིགས་པ་ཟླ་མེད་ཀྱི་དགོངས་ཏེ། །དེང་འདིར་མོས་ལྡན་བུ་ལ་བྱིན་གྱིས་རང་རློབས་ཤིག །རེ་ས་ཁྱེད་ལས་མེད་དོ་ཨོ་རྒྱན་གྱི་མཁན་པོ། །མི་མཐུན་འགལ་རྐྱེན་ཉེས་བརྒྱའི་གཡུལ་ངོ་ལས་རྒྱལ་ཏེ། །མཐུན་རྐྱེན་འདོད་དགུའི་དངོས་ཀུན་ཡིད་བཞིན་དུ་འགྲུབ་པས། །རང་གཞན་དོན་གཉིས་འགྲུབ་པའི་བྱིན་རླབས་ཤིག་སྩོལ་ཅིག །ཆོས་ཉིད་གཤིས་ཀྱི་གནས་ལུགས་གཡིད་དཔྱོད་དང་ཕྲལ་ཏེ། །མངོན་སུམ་སྙིང་པོའི་དོན་ལ་རྩོལ་མེད་དུ་གོམས་པས། །གང་ཤར་རྟོག་ཚོགས་སྦྲུལ་མདུད་རང་ས་རུ་གྲོལ་བཞིན། །ཀ་དག་གཏན་སྲིད་ཟིན་པའི་དངོས་གྲུབ་ཞིག་ཞུའོ། །ཅེས་པའང་གསེར་འཕྱང་གི་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉིན་གུ་རུའི་སྒྲུབ་གནས་ཡོན་ཏན་གནས་ལྔ་འདུས་པའི་སྙིང་པོ་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཀྱི་ལྟེ་བ་འོད་གསལ་རྡོ་རྗེ་ཐུགས་ཀྱི་རྫོང་དུ་གནས་འབྲེལ་ཚོགས་མཆོད་བགྱིས་པའི་སྐབས་པདྨ་བི་ཛས་གང་ཤར་ཐོལ་བྱུང་དུ་གསོལ་བ་བཏབ་པ་སྟེ། འདིས་ཀྱང་གུ་རུའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག
༈ སྐྱབས་དཀོན་མཆོག་རྩ་གསུམ་རྒྱ་མཚོ་ཡི་སྤྱི་གཟུགས། །བོད་གངས་ལྗོངས་བླ་མ་མཚོ་སྐྱེས་ཀྱི་རྡོ་རྗེ། །མཚན་དྲན་པས་སྲིད་ཞིའི་འཇིགས་པ་ཀུན་འཕྲོག་མཛད། །བདག་གསོལ་འདེབས་བུ་ལ་ཐུགས་རྗེ་ཡིས་གཟིགས་ཤིག །རྟེན་དལ་འབྱོར་རྫོགས་པའི་མི་ལུས་ནི་རིན་ཆེན། །སྔོན་བསོད་ནམས་བསགས་པས་ལན་གཅིག་ཏུ་རྙེད་ཀྱང་། །ཚེ་འདིར་སྣང་སྲིན་མོའི་འཇོ་སྒེག་གིས་བསླུས་བསླུས། །ཆོས་རྣམ་དག་སྒྲུབ་པའི་སྐལ་བ་ཡིས་ཕོངས་འདུག །ཕ་ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་གྱི་མཁན་པོ། །བུའི་བློ་སྣ་དམ་པའི་ཆོས་ཕྱོགས་སུ་དྲོངས་ཤིག །དུས་ནམ་ཞིག་འཆི་ངེས་ཡིད་ཡུལ་ན་ཡོད་ཀྱང་། །རྒྱུན་རིང་དུ་སྡོད་གྲབ་རྟག་འཛིན་གྱིས་བསླུས་བསླུས། །གཞོན་སོ་དཀར་ལང་ཚོ་དོན་མེད་དུ་ཡོལ་སོང་། །དགྲ་འཆི་བདག་བདུད་པོས་ནམ་ཟིན་ནི་མི་ཤེས། །ཕ་ཐུགས་རྗེས་གཟིགས༴ བུའི་འཁྲུལ་པའི་བློ་སྣ་བཙན་ཐབས་སུ་སྟུངས་མཛོད། །ལས་རྒྱུ་འབྲས་གོ་བ་ར་རི་ཞིག་ཡོད་ཀྱང་། །བློ་ལས་སུ་མ་རུང་སྙིགས་སྤྱོད་ཀྱི་ཡང་ཐ། །དོན་བླང་དོར་ཚུལ་ལ་ལག་ལེན་ནི་འཛོལ་བས། །སྔར་བྱས་པ་དོན་མེད་སྡིག་སྡུག་གི་རང་བཞིན། །ཕ་ཐུགས་རྗེས་གཟིགས་ཤིག༴ ལམ་ལོག་པར་མ་བཏང་ཐུགས་རྗེ་ཡིས་ཟུངས་མཛོད། །ཚུལ་འཁོར་བའི་འཁྲུལ་སྣང་སྡུག་བསྔལ་གྱི་ཡོ་ལང་། །ཚིག་ཙམ་དུ་མ་ཡིན་རང་ཐོག་ཏུ་ཁེལ་ཀྱང་། །ཞེ་གཏིང་ནས་མི་འགྱུར་འདིར་སྣང་ལ་ཞེན་པས། །ལས་ཅི་བྱེད་ཚེ་འདིའི་འདུན་མ་རུ་ཤོར་འདུག །ཕ་ཐུགས་རྗེ༴ ལམ་དམན་པར་མ་བཏང་ཐུགས་རྗེ་ཡིས་ཟུངས་མཛོད། །སྐྱབས་མཆོག་གསུམ་བརྟེན་ཡང་ཡིད་ཆེས་ཀྱི་གདེང་ཞན། །ལམ་ཐེག་ཆེན་ཞུགས་ཀྱང་གཞན་ཕན་གྱི་རྩིས་བཏང་། །རྒྱུད་སྡོམ་གསུམ་ནོད་ཀྱང་ངོ་ལྐོག་གི་ཚུལ་འཆོས། །སེམས་ཉོན་མོངས་མ་ཞི་ཆོས་པ་རུ་རློམ་འདུག །ཕ་ཐུགས་རྗེས༴ རྒྱུད་སྨིན་ཅིང་གྲོལ་བའི་བྱིན་རླབས་ཤིག་སྩོལ་ཤོག །གཞི་སྟོང་དང་སྙིང་རྗེ་ཟུང་འབྲེལ་གྱི་མཁའ་ལ། །ལམ་ཚོགས་གཉིས་སྤྱོད་པའི་འདབ་གཤོག་དེ་བརྐྱངས་ནས། །འབྲས་སྐུ་བཞི་ལྷུན་གྲུབ་ཚང་མལ་དུ་སྙོག་པའི། །ཕ་ཁྱུང་ཆེན་རྒྱལ་པོའི་བརྟུལ་ཞུགས་དང་སྤྲོད་ཅིག །ཞེ་གཏིང་ནས་འབྱུང་བའི་སྨྲེ་སྔགས་ཀྱི་འོ་དོད། །ངག་མགྲིན་པའི་རྒྱུད་ནས་ལྷང་ལྷང་དུ་འབོད་ན། །ཕ་ཐུགས་བརྩེའི་གཏེར་ཆེན་བཏང་སྙོམས་སུ་མ་བཞུགས། །བུའི་དོན་གཉིས་འགྲུབ་པའི་བྱིན་རླབས་ཤིག་སྩོལ་ཤོག །ཅེས་པ་འདིའང་དུས་བཟང་ཚེས་བཅུའི་ཉིན་སྤྲུལ་མིང་པད་རྣམ་མིང་གིས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།
༈ རྣམ་ཀུན་མཆོག་ལྡན་སྟོང་ཆེན་ཆོས་སྐུའི་རྩལ། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་འཕྲུལ། །མཁྱེན་པ་གཉིས་ལྡན་སྤྲུལ་སྐུར་ཡོངས་ཤར་བའི། །མཚོ་སྐྱེས་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་དཔལ་མཆོག །ལུང་རྟོགས་ཐེག་གསུམ་དམ་ཆོས་འབྱུང་བའི་གནས། །བསྟན་འཛིན་དགེ་འདུན་བྱེ་བའི་གཙུག་ནོར་ཆེ། །མཚོ་སྐྱེས༴ བརྒྱུད་གསུམ་རིག་འཛིན་བླ་མའི་རྣམ་རོལ་གར། །ཡི་དམ་ཞི་དང་ཁྲོ་བོའི་ཁྱབ་བདག་ཆེ། །མ་ཚོགས་ཌཱ་ཀི་འབུམ་གྱི་ཚོགས་དཔོན་མཆོག །མཚོ་སྐྱེས༴ བགྲེས {བསྒྲེས་འདིའི་རིགས་འདི་ལྟར་ཞུས། }རྒུད་འཕོ་འགྱུར་བྲལ་བ་རྡོ་རྗེའི་སྐུ། །མཚན་དཔེ་ཉིན་བྱེད་སྟོང་གིས་འཁྱུད་པ་ཡིས། །སྲིད་མཐའི་བར་དུ་འགྲོ་ཀུན་སྐྱོབ་པའི་མགོན། །མཚོ་སྐྱེས༴ གཞོམ་མེད་ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས། །རིས་སུ་མ་ཆད་གདུལ་བྱ་རྗེས་འཛིན་ཕྱིར། །ཟབ་རྒྱས་ཐེག་མཆོག་ཆོས་འཁོར་བསྐོར་མཛད་པའི། །མཚོ་སྐྱེས༴ ནམ་མཁའ་བཞིན་ཏུ་མཁྱེན་རབ་ཕ་མཐའ་བྲལ། །མུ་མེད་འགྲོ་ལ་ཐུགས་བརྩེས་བུ་བཞིན་དགོངས། །ཇི་སྙེད་རྒྱལ་བའི་མཛད་པ་བདག་གིར་བཞེས། །མཚོ་སྐྱེས༴ ཡིད་བཞིན་ནོར་ལྟར་འགྲོ་བའི་རེ་སྐོང་ཞིང་། །སྐད་ཅིག་དྲན་པས་བྱང་ཆུབ་མྱུ་གུ་བསྐྱེད། །ཡ་མཚན་རྨད་བྱུང་དུས་གསུམ་གཤེགས་པའི་འཕྲུལ། །མཚོ་སྐྱེས༴ རྒྱ་མཚོའི་རླབས་བཞིན་དུས་ལས་ཡོལ་མེད་པའི། །ཞི་རྒྱས་དབང་དྲག་གང་ལ་གང་འདུལ་གྱིས། །འགྲོ་བ་སྒྲོལ་བའི་ཕྲིན་ལས་དཔག་ཡས་པ། །མཚོ་སྐྱེས༴ ཕ་དང་མ་མེད་པད་སྡོང་རྩེ་ལས་འཁྲུངས། །འཕགས་བོད་ཀུན་ཏུ་རྒྱལ་བ་གཉིས་པར་གྱུར། །གདུལ་དཀའ་རྨུ་རྒོད་སྲིན་པོའི་ཁ་གནོན་མཛད། །མཚོ་སྐྱེས༴ གང་འདུལ་མོས་ངོར་ཐོད་ཕྲེང་སྡེ་ལྔ་དང་། །གུ་རུ་མཚན་བརྒྱད་འཕྲུལ་ཚན་ཉེར་ལྔ་སོགས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཆེ། །མཚོ་སྐྱེས༴ གསོལ་བ་འདེབས་སོ་གུ་རུ་ཆོས་ཀྱི་རྗེ། །ཐུགས་རྗེས་གཟིགས་ཤིག་པདྨ་ཐོད་ཕྲེང་རྩལ། །བྱིན་གྱིས་རློབས་ཤིག་རིག་འཛིན་པདྨ་འབྱུང་། །དངོས་གྲུབ་སྩོལ་ཅིག་སྤྲུལ་སྐུ་པདྨ་རྒྱལ། །བདག་སོགས་དུས་ངན་སྙིགས་མའི་འགྲོ་རྣམས་ལ། །མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་པས། །རྨད་བྱུང་ཡེ་ཤེས་གཟིགས་པས་རྗེས་དགོངས་ལ། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །ཆོས་མཐུན་བསམ་སྦྱོར་གེགས་མེད་ཡོངས་འགྲུབ་ཅིང་། །འོད་གསལ་རྫོགས་པ་ཆེན་པོའི་དོན་རྟོགས་ནས། །མགོན་པོ་ཁྱེད་དང་རྣམ་ཐར་མཚུངས་པ་ཡིས། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་བྱེད་ཤོག །ཅེས་པའང་རྨོངས་བཙུན་པདྨ་རྣམ་རྒྱལ་གྱིས་ཆུ་འབྲུག་ཁྲུམས་ཟླའི་ཚེས་བཅུའི་ཉིན་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་རྩེ་གཅིག་གུས་པས་གསོལ་བ་བཏབ་པ་སྟེ། འདིས་ཀྱང་སྐྱེ་ཀུན་ཐོད་ཕྲེང་རྩལ་གྱིས་རྗེས་སུ་བཟུང་བའི་རྒྱུར་གྱུར་ཅིག
༄༅། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ངོ་བོ་ཀ་དག་སྤྲོས་པ་བྲལ་བའི་ཀློང་། །ལྷུན་གྲུབ་ནང་གསལ་གཞོན་ནུ་བུམ་པའི་སྐུ། །ཆོས་སྐུའི་སྟོན་མཆོག་པདྨ་ཀུན་ཏུ་འཆང་། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །འབྱུང་བཞིའི་གཡོ་འཁྲུགས་གནོད་བྱེད་ཕྱི་ཡི་དགྲ །རྩ་རླུང་ཐིག་ལེའི་གེགས་ཆག་ནང་གི་གདོན། །གཟུང་འཛིན་སེམས་ཀྱི་རྟོག་ཚོགས་གསང་བའི་བདུད། །ཐམས་ཅད་ཀ་དག་ཆོས་དབྱིངས་ཀློང་དུ་བཟློག །ༀ་ཨཱཿཧཱུྃ༴ རང་སྣང་ལྷུན་གྲུབ་འོད་གསལ་ཞིང་ཁམས་སུ། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །བདེ་བ་ཆེན་པོ་པདྨ་བཛྲ་རྩལ། །གསོལ་བ་འདེབས༴ འབྱུང་བཞིའི་གཡོ༴ རྩ་རླུང་ཐིག༴ གཟུང་འཛིན་སེམས༴ ཐམས་ཅད་ཀ་དག༴ ༀ་ཨཱཿཧཱུྃ༴ རིག་རྩལ་མ་འགགས་གང་འདུལ་སྤྲུལ་པའི་སྐུ། །འདུལ་བ་བཞི་ཡི་ཕྲིན་ལས་བསམ་མི་ཁྱབ། །སྣང་སྲིད་དབང་སྡུད་པདྨ་རྒྱལ་བོའི་ཞབས། །གསོལ་བ་འདེབས༴ འབྱུང་བཞིའི་གཡོ༴ རྩ་རླུང་ཐིག༴ གཟུང་འཛིན་སེམས༴ ཐམས་ཅད་ཀ་དག༴ ༀ་ཨཱཿཧཱུྃ༴ དགོངས་བརྡ་སྙན་བརྒྱུད་བླ་མའི་ཚོགས་རྣམས་ཀྱི། །ཡེ་ཤེས་གཅིག་ཏུ་བསྡོམས་པའི་སྤྱི་དཔལ་མཆོག །ལྷུན་གྲུབ་རིག་འཛིན་པདྨ་ཐོད་ཕྲེང་རྩལ། །གསོལ་བ་འདེབས༴ འབྱུང་བཞིའི༴ རྩ་རླུང་ཐིག་ལེ༴ གཟུང་འཛིན༴ ཐམས་ཅད་ཀ་དག༴ ༀ་ཨཱཿཧཱུྃ༴ ཡེ་ཤེས་ཀློང་དགུའི་རོལ་རྩལ་འགགས་མེད་ལས། །འདས་དང་མ་འདས་ཆ་སྙོམས་ཚོམ་བུ་དགུའི། །དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོ་པདྨ་འབྱུང་། །གསོལ་བ་འདེབས༴ འབྱུང་བཞིའི༴ རྩ་རླུང་༴ གཟུང་འཛིན༴ ཐམས་ཅད༴ ༀ་ཨཱཿཧཱུྃ༴ རྩ་རླུང་ཐིག་ལེའི་རང་བཞིན་གནས་དག་པའི༴ ལྷན་སྐྱེས་ཞིང་སྔགས་དཔའ་བོའི་མཁའ་འགྲོའི་སྤྲིན། །འབུམ་ཕྲག་ཡངས་པའི་ཚོགས་དཔོན་ཧེ་རུ་ཀཿ། །གསོལ་བ་འདེབས༴ འབྱུང་བཞིའི༴ རྩ་རླུང་ཐིག༴ གཟུང་འཛིན༴ ཐམས་ཅད༴ ༀ་ཨཱཿཧཱུྃ༴ དཔལ་ལྡན་པདྨ་ལས་འཁྲུངས་རྫོགས་སངས་རྒྱས། །མཐའ་ཀླས་གདུལ་དཀའ་འདུལ་བའི་ཕྲིན་ལས་ཅན། །གངས་ཅན་བོད་ཀྱི་སྐྱབས་གཅིག་རྡོ་རྗེ་འཆང་། །གསོལ་བ་འདེབས༴ འབྱུང་བཞིའི༴ རྩ་རླུང་༴ གཟུང་འཛིན༴ ཐམས་ཅད༴ ༀ་ཨཱཿཧཱུྃ༴ ཐེག་གསུམ་དམ་ཆོས་མ་ལུས་འབྱུང་བའི་དབྱིངས། །ཡིད་བཞིན་ནོར་ལྟར་འགྲོ་བའི་རེ་སྐོང་བའི། །རྣམ་ཐར་བཀའ་དྲིན་འགྲན་བྲལ་མཚོ་སྐྱེས་རྗེར། །གསོལ་བ་འདེབས༴ འབྱུང་བཞིའི༴ རྩ་རླུང་༴ གཟུང་འཛིན༴ ཐམས་ཅད༴ ༀ་ཨཱཿཧཱུྃ༴ ཐེག་གསུམ་དགེ་འདུན་འདུས་པའི་གཙུག་རྒྱན་ཆེ། །འཕགས་བོད་ཀུན་ཏུ་བསྟན་པའི་སྒྲོན་མེ་སྦར། །རྡོ་རྗེའི་སྐུ་བརྙེས་གུ་རུ་ཨོ་རྒྱན་རྗེར། །གསོལ་བ་འདེབས༴ འབྱུང་བཞིའི༴ རྩ་རླུང་༴ གཟུང་འཛིན༴ ཐམས་ཅད༴ ༀ་ཨཱཿཧཱུྃ༴ སྐྱབས་ཀུན་འདུས་ཞལ་དྲིན་ཆེན་སྤྲུལ་པའི་སྐུ། །གངས་ལྗོངས་བླ་མའི་སྐལ་བ་གྲོ་བོ་ལོད། །སྙིགས་ལྔའི་རྒུད་པ་སྐྱོབ་པའི་ཐུགས་རྗེ་ཅན། །གསོལ་བ་འདེབས༴ འབྱུང་བཞིའི༴ རྩ་རླུང༴ གཟུང་འཛིན༴ ཐམས་ཅད༴ ༀ་ཨཱཿཧཱུྃ༴ ཉམ་ཐག་འགྲོ་བའི་སྐྱབས་གཅིག་པད་འབྱུང་རྗེར། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །ཐུགས་དམ་ཞལ་བཞེས་དགོངས་པའི་རྩལ་ཕྱུང་ལ། །དབང་བསྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ། །འབྱུང་བཞིའི་གཡོ་འཁྲུགས་གནོད་བྱེད་ཕྱི་ཡི་དགྲ། །རྩ་རླུང་ཐིག་ལེའི་གེགས་ཆག་ནང་གི་གདོན། །གཟུང་འཛིན་སེམས་གྱི་རྟོག་ཚོགས་གསང་བའི་བདུད། །ཐམས་ཅད་ཀ་དག་ཆོས་དབྱིངས་ཀློང་དུ་བཟློག །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སྣོད་བཅུད་རྒུད་ཞི་ཚེ་དཔལ་འབྱོར་དྲུག་རྒྱས། །རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །དགེ་འདུན་སྡེ་འཕེལ་བཤད་སྒྲུབ་ཕྲིན་ལས་ཀྱིས། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་ཨོ་རྒྱན་རིན་པོ་ཆེའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་བར་ཆད་རྐྱེན་བཟློག་འདིའང་ཕྱི་ནང་གི་རྟགས་མཚན་ཅུང་ཟད་འཁྲུགས་པ་ལ་བརྟེན་ནས་མེ་སྤྲེལ་རྒྱལ་ཟླའི་ཚེས་བཅུའི་ནུབ་བཙུན་ཆུང་པདྨ་བི་ཛས་གང་ཤར་ཤུགས་འབྱུང་དུ་བྲིས་པ་སྟེ་འདིས་ཀྱང་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག

མཚོ་སྐྱེས་རྒྱལ་བ་གཉིས་པའི་ཐུགས་དམ་གནད་བསྐུལ་གྱི་གསོལ་འདེབས་མཆོག་བྱིན་འགུགས་པའི་ལྕགས་ཀྱུ།

༄༅། །མཚོ་སྐྱེས་རྒྱལ་བ་གཉིས་པའི་ཐུགས་དམ་གནད་བསྐུལ་གྱི་གསོལ་འདེབས་མཆོག་བྱིན་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།། ན་མོ་པདྨ་ཀ་རཱ་ཡཻ། ཡེ་ཤེས་ཆེན་པོས་སྲིད་ཞིའི་ཆོས་ཀུན་ཁྱབ། །སྙིང་རྗེ་ཆེན་པོས་འཁོར་མཐའ་དོང་ནས་སྤྲུགས། །ནུས་མཐུ་ཆེན་པོས་སྙིགས་ལྔའི་རྒུད་པ་སྐྱོབ། །བདེ་བ་ཆེན་པོ་པདྨའི་ཞབས་ལ་འདུད། །ཁྱོད་ནི་རང་བྱུང་ཡེ་ཤེས་འདུས་མ་བྱས། །ཆ་མེད་ཀུན་འགྲོ་ཁྱབ་པའི་བདག་ཆེན་པོས། །འཁོར་འདས་ཆོས་ཀུན་མ་བཅིངས་ཡོངས་མི་མངའ། །རྣམ་ཐར་བསམ་མི་ཁྱབ་ལ་སུ་མི་རང་། །ཕྱི་ལྟར་རང་བྱུང་སྤྲུལ་སྐུའི་ཆ་ལུགས་འཆང་། །ནང་དུ་ཁ་སྦྱོར་བདུན་ལྡན་བདེ་བ་ཆེ། །གསང་བ་ཡེ་གྲོལ་གདོད་མའི་རྒྱལ་ཐབས་འཛིན། །སྐུ་གསུམ་དབྱེར་མེད་ཁྱོད་འདྲ་སྲིད་ན་སུ། །བྱིན་རླབས་ཆར་ཆེན་འབེབས་བྱེད་གུ་རུ་རྗེ། །གྲུབ་གཉིས་འདོད་དགུར་སྦྱིན་པའི་ཡི་དམ་དབང་། །བདེ་ཆེན་ཡེ་ཤེས་སྐྱེད་བྱེད་ཌཱ་ཀིའི་གཙོ། །རྩ་གསུམ་འདུས་ཞལ་མཆོག་ཁྱོད་སྙིང་ནས་དྲན། །རིག་འཛིན་བྱེ་བའི་གཙུག་གི་རྒྱན་གཅིག་པུ། །ཟབ་རྒྱས་ཐེག་པའི་སྒོ་འཕར་འབྱེད་པའི་གཉེན། །སྤངས་རྟོགས་མཐར་ཕྱིན་དོན་གྱི་སངས་རྒྱས་དངོས། །སྐྱབས་གསུམ་ཡོངས་འདུས་ཁྱོད་མིན་སྐྱབས་གཞན་སུ། །འགྲོ་དྲུག་འདུལ་ཕྱིར་རིག་པའི་སྐྱེས་བུ་དྲུག །མི་མཇེད་ཞིང་ན་རྣམ་འཕྲུལ་བྱེ་བ་བརྒྱ། །གླིང་འདིར་འཕྲུལ་ཚན་ཉི་ཤུ་མཚན་མཆོག་བརྒྱད། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་ངོམ། །སྐྱེ་འཆི་གཉིས་སྤངས་རྡོ་རྗེ་ལྟ་བུའི་སྐུ། །རྣམ་ཐར་དཔག་ཡས་ཆོས་དབྱིངས་ཁྱབ་པར་དཀྲིགས། །གདུལ་དཀའི་འགྲོ་བ་འདུལ་བའི་གཡར་དམ་ཅན། །ཁྱོད་འདྲའི་སྟོན་པ་དུས་གསུམ་འབྱོན་པར་དཀའ། །སྣང་མུན་དུས་དྲུག་བོད་ཀྱི་གདུལ་བྱར་དགོངས། །དད་ལྡན་མི་རེའི་མདུན་ན་རྣམ་འཕྲུལ་རེ། །སྐལ་བ་ཅན་ལ་དངོས་སུ་ཞལ་ཡང་སྟོན། །བཀའ་དྲིན་འཁོར་མེད་མ་ཧཱ་གུ་རུ་མཁྱེན། །སྔར་ཡང་སྐུ་དྲིན་ཆེ་འོ་མཚོ་སྐྱེས་རྗེ། །ད་ཡང་ཐུགས་རྗེ་གཟིགས་ཤིག་པདྨ་འབྱུང་། །རེ་ས་གཞན་ན་མེད་དོ་ཐུགས་རྗེ་ཅན། །ཐུགས་དམ་གནད་ནས་བསྐུལ་ལོ་བརྩེ་བས་དགོངས། །ལྗོངས་འདིར་གོམ་འགྲོས་འཁྱོལ་བའི་བྱིས་པ་ཡན། །ཕ་གཅིག་ཁྱོད་ལ་སྙིང་ནས་འབོད་བྱེད་ན། །མེ་ཡིས་བཀླུབས་པའི་བུ་ལ་མ་བཞིན་དུ། །ཐུགས་རྗེ་ལྷག་པར་དགོངས་ཤིག་དྲིན་ཆེན་རྗེ། །ཕྱོགས་རྣམས་ཐམས་ཅད་མཚོན་ཆ་གདེངས་པས་བསྐོར། །འབྲོས་པའི་ལམ་མེད་ལྡང་བའི་སྟོབས་ཀྱང་ཞན། །ཀྱི་ཧུད་མཐའ་ལ་སྐྱུར་བའི་རི་དྭགས་བཞིན། །སྙིང་རྗེ་ཅན་ཁྱོད་བརྩེ་བར་མི་མཛད་དམ། །བཅད་གཏུབ་འབིགས་གཤོག་དམྱལ་བའི་སེམས་ཅན་བཞིན། །བཀྲེས་པས་ཉམ་ཐག་ཡི་དྭགས་ལྟ་བུའི་ལུས། །བཀོལ་སྤྱད་བརྡེག་འཚོག་དུད་འགྲོའི་འགྲོ་བ་དངོས། །ཉམ་ང་འདི་ལས་སྐྱོབ་པར་མི་མཛད་དམ། །བསྟན་འགྲོའི་བདེ་སྐྱིད་འཆི་ཁའི་ནད་པ་བཞིན། །མི་མཐུན་འགལ་རྐྱེན་ལྷོ་སྤྲིན་བཞིན་དུ་འཚུབ། །ཁྱོད་ཀྱི་རྗེས་འཇུག་རྒུད་པའི་དུས་ལ་བབས། །སྐྱབས་མེད་བདག་ལ་རེ་ས་ཁྱེད་ལས་སུ། །ལས་ངན་དབང་གིས་ཁྱོད་ལ་གསོལ་འདེབས་ཀྱི། །ལས་ཟད་ན་ནི་ཁྱོད་ལ་གསོལ་ཅི་འཚལ། །དེ་སླད་གློག་ལྟར་མྱུར་བའི་ཐུགས་རྗེ་ཡིས། །ཉམ་ངའི་གནས་ལས་ད་ལྟ་ཉིད་དུ་སྐྱོབས། །ཉིན་བསམ་མཚན་བསམ་པད་འབྱུང་ཁྱོད་ཉིད་དྲན། །གསོལ་འདེབས་གདུང་བའི་རྒྱང་གླུ་དེ་ཙམ་བླངས། །ཐུགས་རྗེའི་ཁྱད་པར་ལྔ་ལྡན་བླ་མ་དེས། །ད་ནི་ཐུགས་རྗེའི་ཞགས་པས་འཛིན་རན་ལགས། །དངོས་སུ་མཇལ་བའི་སྐལ་བས་ཕོངས་ནའང་། །ཉམས་རྨིས་ཚུལ་དུ་ཞལ་གཟིགས་ལུང་སྟོན་སྩོལ། །སྤྲང་པོའི་ལེགས་ཉེས་སྐྱིད་སྡུག་ཁྱེར་རང་མཁྱེན། །དབང་བཅུའི་གྲིབ་མ་སྣུམ་པོར་ངལ་འཚོ་བྱིན། །རྒྱལ་ཁམས་ཀུན་ཏུ་ནད་མུག་མཚོན་འཁྲུགས་ཞི། །ལོ་ལེགས་སྐྱ་རྒྱལ་མི་ཤིས་སྒྲ་མི་གྲགས། །དགེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །བྱམས་དང་སྙིང་རྗེ་ཤེས་རྒྱུད་བརླན་པར་མཛོད། །ཁྱད་པར་བདག་དང་བདག་ལ་ལྟོས་པའི་འགྲོ། །སྐྱེ་ཀུན་ལུས་སེམས་རྡོ་རྗེ་ལྟ་བུར་བརྟན། བདུད་དགྲའི་འཚེ་བྲལ་རང་དབང་ཆོས་ལ་སྤྱོད། །ཐེག་ཆེན་ལམ་གྱི་རྟེན་འབྲེལ་མཐའ་དག་སྒྲིགས། །ཡེ་ཤེས་ཉི་མས་མ་རིག་མུན་པ་སོལ། །སྙིང་རྗེའི་ཆུ་བོས་དུག་ལྔའི་མེ་དཔུང་གཞིལ། །བྱིན་རླབས་བདུད་རྩིས་སྙིང་གི་བུམ་པ་འགེངས། །ལམ་ལྔའི་ཡོན་ཏན་ཉིན་བཞིན་གོང་འཕེལ་བྱོས། །སྟོབས་བཅུའི་སྟོབས་ཀྱིས་མི་མཐུན་གཡུལ་ལས་རྒྱལ། །དབང་བཅུའི་དཔུང་པས་མཁའ་ཁྱབ་འགྲོ་ཀུན་སྲུངས། །ཕྱིན་བཅུའི་མེ་འབྲས་གདུལ་བྱའི་ཞིང་སར་བསྐྲུན། །ཁྱོད་ཀྱི་རྣམ་ཐར་རྒྱ་མཚོར་འཇུག་བྱིན་རློབས། །མདོར་ན་འདི་ནས་ཚེ་རབས་ཕྲེང་བ་རུ། །གུ་རུ་པདྨ་དགྱེས་པའི་བྲན་གྱུར་ཏེ། །སྐྱེ་འཆི་བར་དོར་སྡུག་བསྔལ་སྒྲ་མི་གྲགས། །རང་གཞན་དོན་གཉིས་འགྲུབ་པའི་དཔལ་སྩོལ་ཅིག །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་སྲོག །ཞིང་འདིའི་གདུལ་བྱའི་དཔལ་ལས་སྲིད་མཐར་ཡང་། །ཉམས་མེད་མཁས་བཙུན་གྲུབ་པའི་ཚང་རྡོལ་ནས། །གྲོལ་བ་དྲུག་གི་ཕྲིན་ལས་རྟག་ཁྱབ་མཛོད། །བཀྲ་ཤིས་ཉི་མ་ཕན་བདེའི་འོད་པོ་ཆེ། །གུ་རུ་པདྨའི་ཐུགས་རྗེའི་བདེན་བྱིན་གྱིས། །ས་གསུམ་དགེ་ལེགས་པད་ཚལ་བཞད་པའི་རྒྱུད། །དཀར་ཕྱོགས་བུང་བའི་དགའ་སྟོན་འཕེལ་གྱུར་ཅིག །ཅེས་པའང་མི་བསྲུན་དུས་ཀྱི་འགྱུར་བ་སྣ་ཚོགས་ལ་བརྟེན་ནས་སྣང་བ་སྐྱོ་ཆད་དེ་བའི་ངང་ནས་ལེགས་ཉེས་གང་བྱུང་གུ་རུ་རིན་པོ་ཆེ་ལ་རེ་བའི་བན་སྡོམ་པདྨ་བི་ཛས་གང་ཤར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་མཛད་དུ་གསོལ།། །།

གངས་ལྗོངས་སྐྱོབ་པའི་མགོན་པོ་རྣམ་གསུམ་གྱི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་བུ་ཆུང་མ་ལ་འབོད་པའི་གདུང་དབྱངས།

༄༅། །གངས་ལྗོངས་སྐྱོབ་པའི་མགོན་པོ་རྣམ་གསུམ་གྱི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་བུ་ཆུང་མ་ལ་འབོད་པའི་གདུང་དབྱངས་བཞུགས། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། སྲས་བཅས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་དཔྱིད། །གདུལ་དཀའ་འདུལ་བའི་གོ་ཆ་གཅིག་པུས་བགོས། །དྲན་པས་སྙིགས་ལྔའི་རྒུད་པ་སྐྱོབ་མཛད་རྣམས། །དེ་རིང་ཉམ་ཐག་གདུང་བའི་ང་རོས་འབོད། །ཐུགས་རྗེས་གཟིགས་ཤིག་འཕགས་པ་སྤྱན་རས་གཟིགས། །འཇིགས་བརྒྱད་སྐྱོབས་ཤིག་ཨཱཪྱ་ཏཱ་རེ་མ། །བར་ཆད་སོལ་ཅིག་རྡོ་རྗེ་གྲོ་བོ་ལོད། །བྱིན་གྱིས་རློབས་ཤིག་རིག་འཛིན་རྩལ་འཆང་རྣམས། །ཀྱེ་མ་དེང་སང་སྣོད་བཅུད་སྡིག་པས་གང་། །འབྱུང་པོས་རྒྱུད་དཀྲུགས་མཐའ་ཡི་དམག་མཚོན་བརྡོལ། །མི་རུང་སྣ་དགུས་རྒྱལ་ཁམས་ཕུང་ལ་སྦྱོར། །བོད་འབངས་སྐྱབས་མེད་དྭ་ཕྲུག་ཐང་ལྷུང་འདྲ། །ཐུགས་རྗེས་གཟིགས༴ འཇིགས་བརྒྱད་སྐྱོབས༴ བར་ཆད་སོལ༴ བྱིན་གྱིས་རློབས༴ དམ་པའི་མགོན་རྣམས་ཞིང་གཞན་གདུལ་བྱ་སྐྱོང་། །རབ་བྱུང་རྟགས་འཛིན་འདོད་ལྷས་རྒྱལ་ཁམས་ཁེངས། །ཆོས་བཞིན་སྤྱོད་ལ་བར་ཆད་སྤྲིན་ལྟར་ལྡང་། །ཁྱེད་ཀྱི་རྗེས་འཇུག་སྲིད་གླིང་ཚོང་པ་འདྲ། །ཐུགས་རྗེས་གཟིགས༴ འཇིགས་བརྒྱད་༴ བར་ཆད་སོལ༴ བྱིན་གྱིས་རློབས༴ ཆོས་ལྡན་རྒྱལ་པོའི་མངའ་ཐང་དགུང་དུ་གཤེགས། །བདུད་རིས་བྱེ་བའི་འདུན་གྲོས་གཅིག་ཏུ་དྲིལ། །ཉེས་མེད་འགྲོ་རྣམས་ཉམ་ཐག་གལ་ལ་འཐོབ། །ནགས་མཐའ་མེ་ཡིས་བསྐོར་བའི་སྤྲེའུ་འདྲ། །ཐུགས་རྗེ༴ འཇིགས་བརྒྱད༴ བར་ཆད་སོལ༴ བྱིན་གྱིས་རློབས༴ མཁའ་ལ་སྤྲིན་མེད་རྩི་བཅུད་འབྲས་མི་སྨིན། །ཕྱུགས་ལ་སྒབ་མེད་བཞོན་བཅུད་དཀར་ཆུ་དཀོན། །ནོར་ལ་དབང་མེད་གང་ཡོད་དགྲ་འདྲེའི་གསོས། །བཀྲེས་པས་ཉམ་ཐག་ཡི་དྭགས་ཟས་འཚོལ་འདྲ། །ཐུགས་རྗེས༴ འཇིགས་བརྒྱད༴ བར་ཆད་སོལ༴ བྱིན་གྱིས་རློབས༴ ཡུལ་ལ་རྟེན་མེད་དྲི་ཟའི་གྲོང་ཁྱེར་འདྲ༴ རྫས་ལ་བདག་མེད་རི་ཤྭ་རླུང་ཁྱེར་བཞིན། །ཚེ་ལ་ངེས་མེད་རླུང་གསེབ་མར་མེ་དངོས། །སྣང་བ་མ་ངེས་བར་དོའི་སེམས་ཅན་ཉིད། །ཐུགས་རྗེས༴ འཇིགས་བརྒྱད༴ བར་ཆད་སོལ༴ བྱིན་གྱིས་རློབས༴ རྗེ་ལ་ཁྲིམས་མེད་ངན་དགུ་དབུ་འཕང་མཐོ། །འབངས་ལ་ཁྲེལ་མེད་ངན་སྤྱོད་ས་སྟེང་ཁེངས། །གྲོགས་ལ་གཞུངས་མེད་ཕ་མས་བུ་ཚ་བསླུ། །ཀུན་ཀྱང་མི་ལུས་གསོད་སྲེད་སྲིན་པོའི་སེམས། །ཐུགས་རྗེས༴ འཇིགས་བརྒྱད༴ བར་ཆད་སོལ༴ བྱིན་གྱིས་རློབས༴ རབ་བྱུང་ཁྲིམས་མེད་བཙུན་མའི་འཕོངས་ར་བརྡུང་། །སྔགས་པ་དམ་མེད་གྲོགས་ནག་བཤས་ར་འགྲིམ། །ཟས་སུ་མནའ་ཟ་སྐོམ་དུ་དུག་ཆུ་འཐུང་། །ལས་སུ་གསོད་རྐུ་རྒྱུན་དུ་མཚོན་ཆ་འདོག །ཐུགས་རྗེས༴ འཇིགས་བརྒྱད༴ བར་ཆད་སོལ༴ བྱིན་གྱིས་རློབས༴ གཞན་ལ་བལྟས་ན་སྙིང་སྤྱོད་སེམས་རྩ་འདར། །རང་ལ་བརྟགས་ཀྱང་སྐྱེད་མེད་ཐ་མལ་པ། །དགེ་བློ་ཡང་ཡང་སྐྱེད་ཀྱང་ཡང་ཡང་ཉམས། །ད་ལྟ་འཆི་ན་བློ་ཡི་གཏད་སོ་ཅི། །ཐུགས་རྗེ༴ འཇིགས་བརྒྱད༴ བར་ཆད་སོལ༴ བྱིན་གྱིས་རློབས༴ མི་ཆོས་མ་ཕེར་དབེན་པའི་ཕག་ཏུ་ཡིབ། །ལྷ་ཆོས་མ་འགྲུབ་རྣམ་གཡེང་རྦ་ལ་འཆེལ། །ལྷག་བསམ་ཡོད་ཀྱང་བསྟན་འགྲོ་སྨན་མཐུ་ཆུང་། །གང་བྱས་དོན་མེད་སྐྱེ་བོ་བདག་འདྲ་ལ། །ཐུགས་རྗེས༴ འཇིགས་བརྒྱད༴ བར་ཆད་སོལ༴ བྱིན་གྱིས་རློབས༴ ལས་ངན་རྒྱུས་བསྐྱེད་དུས་ཀྱི་ཐ་མ་འདིར། །ལུས་ངན་བླངས་པའི་སྐྱེ་བོ་བདག་འདྲ་བ། །རེ་ས་སྐྱབས་གནས་གཞན་དུ་མ་མཆིས་པས། །འཇིགས་པའི་ས་ནས་སྐྱེལ་མས་མི་བསླུ་བར། །ཐུགས་རྗེས༴ འཇིགས་བརྒྱད༴ བར་ཆད་སོལ༴ བྱིན་གྱིས་རློབས༴ སྲུང་བའི་གོ་ཆས་འཇིགས་བརྒྱད་གནོད་པ་སྐྱོབས། །བཟློག་པའི་མཚོན་ཆས་ཕས་རྒོལ་གཡུལ་ངོ་སྒྱུར། །རིང་འཚོའི་བཅུད་ལེན་སྲོག་གི་ཀ་བར་ཚུགས། །ཡེ་ཤེས་བྱིན་ཆེན་སྙིང་ལ་དབབ་ཏུ་གསོལ། །ཐུགས་རྗེས༴ འཇིགས་བརྒྱད༴ བར་ཆད་སོལ༴ བྱིན་གྱིས་རློབས༴ དུས་ཀྱི་མཐར་ཡང་དག་པའི་སྣང་བ་ཡིས། །མདུན་བསུས་ཁྱོད་ཞབས་པདྨའི་གེ་སར་དྲུང་། །བདེ་བར་ངལ་འཚོ་དོན་གཉིས་འབྱོར་པའི་དཔལ། །མངོན་བྱེད་ཆོས་ཀྱི་རྒྱལ་པོ་ཉིད་འགྱུར་མཛོད། །ཐུགས་རྗེས༴ འཇིགས་བརྒྱད༴ བར་ཆད་སོལ༴ བྱིན་གྱིས་རློབས༴ མདོར་ན་བདག་ནི་ཤི་གསོན་བདེ་སྡུག་སོགས། །ལེགས་ཉེས་ཅི་མཛད་སྐྱབས་གནས་ཁྱེད་རྣམས་དགོངས། །ཉམ་ཐག་བུ་ཡི་མཆི་མའི་ཆར་རྒྱུན་འདི། །བྱམས་ལྡན་མ་ཡིས་དེ་རིང་སོལ་མཛོད་ཀྱཻ། །ཐུགས་རྗེས་གཟིགས་ཤིག་མགོན་པོ་སྤྱན་རས་གཟིགས། །འཇིགས་བརྒྱད་སྐྱོབས་ཤིག་ཨཱཪྱ་ཏཱ་རེ་མ། །བར་ཆད་སོལ་ཅིག་རྡོ་རྗེ་གྲོ་བོ་ལོད། །བྱིན་གྱིས་རློབས་ཤིག་རིག་འཛིན་རྩལ་འཆང་རྣམས། །བསྟན་འཛིན་རྒྱལ་པོ་འཕགས་པའི་རྣམ་འཕྲུལ་ངོམ། །བསྟན་པ་དམ་པ་ངེས་གསང་བཤད་སྒྲུབ་དར། །ནག་ཕྱོགས་བདུད་རིས་འཚོ་བ་ལྷག་མེད་ཞི། །རྫོགས་ལྡན་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་པའང་སྤྱིར་རྒྱལ་ཁམས་ཀྱི་བདེ་སྐྱིད་ཉམས། དགོས་བསྟན་དགོན་ལའང་གེགས་ཆག་ཆེར་གྱུར། བྱེ་བྲག་རང་ཉིད་ལའང་ཅི་འགྱུར་ཆ་མ་འཚལ་བར་གྱུར་པའི་སྐབས་སུ་གང་ཤར་སྙིང་ནས་གསོལ་བ་འདེབས་པ་པོ་ནི། སྐྱེ་ཀུན་གུ་རུ་པདྨའི་རྗེས་འཇུག་ཏུ་སྨོན་ལམ་འདེབས་པ་པདྨ་བི་ཛ་སྟེ། འདིས་ཀྱང་འགྲོ་ཀུན་བདེ་སྐྱིད་ཀྱིས་འཚོ་བའི་རྒྱུར་གྱུར་ཅིག ༈ ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། རབ་འབྱམས་ཕྱོགས་བཅུའི་བདེ་གཤེགས་སྲས་བཅས་དང་། །ཁྱད་པར་སྙིང་རྗེའི་གཏེར་གཅིག་གངས་ཅན་མགོན། །སྙིགས་འགྲོའི་སྐྱོབ་པ་ཨོ་རྒྱན་རྡོ་རྗེ་འཆང་། །འཇིགས་ལས་སྒྲོལ་མཛད་ཨཱཪྱ་ཏཱ་རེ་སོགས། །མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དགོངས་སུ་གསོལ། །དེང་སང་སྙིགས་མ་ལྔ་ཡི་མཐའ་ལ་ཐུག །མི་རྣམས་ཐམས་ཅད་བསམ་སྦྱོར་ཕྱིན་ཅི་ལོག །དེ་ཡི་སྟོབས་ཀྱིས་དཀར་ཕྱོགས་ཉམས་དམས་ཤིང་། །ནག་ཕྱོགས་འབྱུང་པོའི་འཚེ་བ་སྤྲིན་ལྟར་གཡོ། །སྣོད་བཅུད་དཔལ་ཉམས་ནད་མུག་དུས་འཁྲུགས་བདོ། །འདི་དྲའི་དུས་སུ་ཐུགས་རྗེའི་དཔུང་བསྐྱེད་ལ། །མི་མཐུན་འགལ་རྐྱེན་འཚེ་བ་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་པ་ཡིད་བཞིན་འགྲུབ་བྱིན་རློབས། །ཁྱད་པར་སྨོན་འཇུག་སེམས་ཀྱི་གཞི་བཟུང་ཞིང་། །གཞན་ཕན་བསྡུ་དངོས་བཞི་ཡི་ཕྲིན་ལས་ཀྱིས། །འགྲོ་ལ་ཐར་པའི་ས་བོན་འདེབས་བྱེད་པར། །མི་དང་མི་མིན་འབྱུང་པོའི་འཚེ་བ་སྐྱོབས། །རྒྱལ་བའི་བསྟན་པ་ཕྱོགས་མཐར་རྒྱས་པ་དང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་མངའ་ཐང་དར། །མཁའ་ཁྱབ་འགྲོ་བའི་བློ་སྣ་ཆོས་ལ་འགྱུར། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །དཀོན་མཆོག་རྩ་བ་གསུམ་གྱི་ཐུགས་རྗེ་དང་། །ཆོས་ཉིད་རྣམ་དག་ཆོས་ཅན་རྟེན་འབྱུང་འབྲས། །བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས། །གསོལ་བཏབ་སྨོན་པའི་འབྲས་ཀུན་འགྲུབ་གྱུར་ཅིག །ཅེས་པའང་མཆོག་སྤྲུལ་དམ་པའི་ཐུགས་བཞེད་བཞིན་བི་ཛ་ཡས་ལྷག་པའི་བསམ་པས་གསོལ་བ་བཏབ་པ་དགེ།

ཨོ་རྒྱན་བརྒྱུད་པར་བཅས་པ་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་དབྱངས་སྙན།

༄༅། །ཨོ་རྒྱན་བརྒྱུད་པར་བཅས་པ་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སྐུ་ལྔ་ལྷུན་གྲུབ་དུས་གསུམ་རྒྱལ་བའི་སྲས། །སྐྱེ་འཆི་མི་མངའ་རྡོ་རྗེ་ལྟ་བུའི་སྐུ། །སྙིགས་མའི་འགྲོ་ཀུན་སྐྱོབ་པའི་མགོན་གཅིག་པུ། །ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྣང་བ་མཐའ་ཡས་ཐུགས་རྗེའི་འོད་ཟེར་ལས། །འོ་མ་ཅན་མཚོར་པདྨའི་གེ་སར་རྩེར། །བརྫུས་སྐྱེས་ངོ་མཚར་རང་བྱུང་སྤྲུལ་པའི་སྐུ། །པདྨ་འབྱུང་གནས་ཞབས་ལ༴ གཏོང་ལ་རབ་གོམས་ཨིནྡྲ་བོ་དྷི་ཆེ། །སེམས་བསྐྱེད་བཟང་པོས་དབྱིག་མཆོག་ལེན་ཕྱིན་ཚེ། །མཇལ་བས་ངོ་མཚར་སྤྱན་དྲངས་རྒྱལ་སར་བསྐུར། །སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེར༴ འོད་འཆང་མ་སོགས་བཙུན་མོ་ཁབ་ཏུ་བཞེས། །སྣ་ཚོགས་ཐབས་མཁས་ཐུགས་རྗེའི་ཕྲིན་ལས་ཀྱིས། །རྒྱལ་ཁམས་མ་ལུས་ཐེག་ཆེན་ཆོས་ལ་བཀོད། །རྒྱལ་བུ་ཐོར་ཅོག་ཅན་ལ༴ བརྟུལ་ཞུགས་སྤྱོད་པས་རྒྱལ་སྲིད་ཐབས་ཀྱིས་བོར། །བསིལ་བ་ཚལ་བྱོན་ཏན་གཎ་སྤྱོད་པ་བསྐྱངས། །མ་མོ་མཁའ་འགྲོའི་ཚོགས་རྣམས་དབང་དུ་བསྡུས། །ཤནྟ་རཀྵི་ཏ་ལ༴ དགའ་བྱེད་ཚལ་སོགས་ཕྱོགས་བཞིའི་དུར་ཁྲོད་དུ། །ཡེ་ཤེས་མཁའ་འགྲོས་བྱིན་རླབས་དབང་བསྐུར་ཞིང་། །ནུས་མཐུའི་རྩལ་རྫོགས་གཟའ་ཀླུ་དམ་ལ་བཏགས། །རྡོ་རྗེ་དྲག་པོ་རྩལ་ལ༴ རྡོ་རྗེ་གདན་དུ་ངོ་མཚར་སྤྲུལ་བསྒྱུར་བསྟན། །པྲ་བྷ་ཧ་སྟིའི་སྤྱན་སྔར་རབ་ཏུ་བྱུང་། །ཡོ་གའི་རྒྱུད་གསན་ལྷ་ཚོགས་མ་སྒྲུབ་འགྲུབ། །ཤཱཀྱ་སེངྒེའི་ཞབས་ལ༴ ཀུན་དགའ་མོ་ཡི་དབང་བཞི་རྫོགས་པར་བསྐུར། །རིག་འཛིན་གྲུབ་ཐོབ་མང་པོའི་སྤྱན་སྔར་བྱོན། །ཡོ་ག་རྣམ་གསུམ་ཆོས་ཀྱི་སྒྲོ་འདོགས་བཅད། །རིག་འཛིན་བློ་ལྡན་མཆོག་སྲེད་ལ༴ ལྷ་ལྕམ་ཡུམ་བཅས་འཆི་བ་མཐར་བྱེད་དུ། །ཚེ་འོད་དཔག་མེད་མགོན་གྱིས་དབང་བསྐུར་བས། །སྐྱེ་འཆིའི་འཇིགས་བྲལ་ཚེ་དབང་རིག་འཛིན་བརྙེས། །འཆི་མེད་པདྨ་འབྱུང་གནས་ལ༴ ཟ་ཧོར་རྒྱལ་པོས་ཆད་པས་མེར་བསྲེགས་ཚེ། །མེ་དབུས་མཚོ་དཀྱིལ་པད་སྡོང་རྩེར་བཞུགས་ནས། །རྒྱལ་པོ་འཁོར་བཅས་མི་ལྡོག་ས་ལ་བཀོད། །པདྨ་སམྦྷའི་ཞབས་ལ༴ ཨོ་རྒྱན་ཡུལ་བྱོན་བདུད་བློན་འདུན་དྲིལ་ནས། །མེར་བསྲེགས་མཚོར་བསྒྱུར་ཡ་མཚན་རྫུ་འཕྲུལ་གྱིས། །རྒྱལ་བློན་འབངས་འཁོར་དད་པའི་གནས་ལ་བཀོད། །པདྨ་ཐོད་ཕྲེང་རྩལ་ལ༴ བཅུ་གསུམ་བར་དུ་ཡབ་ཀྱི་མཆོད་གནས་མཛད། །བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཞལ་ཕྱེ་བས། །ལས་ཅན་རྒྱལ་པོ་ཚོམ་བུ་རིག་འཛིན་གྲུབ། །སྲས་མཆོག་པདྨ་རྒྱལ་པོར༴ མཚོ་སྐྱེས་རྡོ་རྗེ་མདའ་བསྣུན་བི་རཱུ་པ། །ཌོམྦི་ནག་པོ་སྤྱོད་པ་མཁའ་ལྡིང་རྩལ། །སྣ་ཚོགས་མཚན་དང་ཕྲིན་ལས་བསམ་མི་ཁྱབ། །གུ་རུ་ཉི་མ་འོད་ཟེར་ལ༴ རྡོ་རྗེ་གདན་དུ་མུ་སྟེགས་རྩོད་པ་བཅོམ། །བདུད་འདུལ་མ་ཡིས་བྱིན་རླབས་རིག་སྔགས་བསྟན། །ནུས་པའི་མཐུ་ཡིས་ཕས་རྒོལ་ཕྱེ་མར་བརླག །སེངྒེ་སྒྲ་སྒྲོག་ཞབས་ལ༴ ཡང་ལེ་ཤོད་དུ་ཤཱཀྱ་དེ་ཝིར་བཅས། །ཡང་ཕུར་གཉན་པོའི་དཀྱིལ་འཁོར་ཞལ་ཕྱེས་ནས། །བར་ཆད་བགེགས་བཏུལ་ཕྱག་ཆེན་མཆོག་དངོས་གྲུབ། །གུ་རུ་སྤྲུལ་པའི་སྐུ་ལ༴ དྷ་ན་ཀོ་ས་རུགྨ་ཏི་ར་ཧུ། །ཀཱ་མ་རཱུ་དང་ཀཉྩི་འགྲོ་ལྡིང་སོགས། །མཐའ་དབུས་ཀུན་ཏུ་བསྟན་པའི་སྒྲོན་མེ་སྦར། །མཚོ་སྐྱེས་རྒྱལ་བ་གཉིས་པར་གསོལ་བ༴ རྒྱ་ཧོར་འདུལ་སླད་རྒྱལ་པོ་མངོན་ཤེས་ཅན། །ཞང་ཞུང་ཡུལ་དུ་ཏ་པི་ཧྲི་ཙ་སོགས། །ངོ་མཚར་སྐུ་དང་རྣམ་ཐར་བསམ་མི་ཁྱབ། །གང་འདུལ་སྒྱུ་འཕྲུལ་དྲྭ་བར༴ འཇམ་དཔལ་དབྱངས་དངོས་ཁྲི་སྲོང་སྡེའུ་བཙན་ལ། །མཁན་པོས་ལུང་བསྟན་སྤྱན་དྲངས་བོད་ཡུལ་ཕེབས། །ལྷ་སྲིན་དམ་བཏགས་བསམ་ཡས་ས་གཞི་བརླབས། །དྲིན་ཆེན་སྤྲུལ་པའི་སྐུ་ལ༴ ལྷ་སྲིན་བྲན་བཀོལ་དཔལ་གྱི་བསམ་ཡས་བཞེངས། །རབ་གནས་མངའ་གསོལ་ཡ་མཚན་ཆོ་འཕྲུལ་བསྟན། །མདོ་སྔགས་ཐེག་ཆེན་ཆོས་ཀྱི་སྒྲོན་མེ་སྦར། །གངས་ལྗོངས་མུན་སེལ་མཆོག་ལ༴ རྒྱལ་པོར་བཀའ་བསྒོས་ཆོས་ཀྱི་ཁྲིམས་སྲོལ་བཏོད། །བཻ་རོ་ནམ་སྙིང་འཕགས་ཡུལ་ཆོས་འཚོལ་བཏང་། །བི་མ་ལ་སོགས་པཎ་གྲུབ་མང་སྤྱན་དྲངས། །བོད་ཡུལ་ཆོས་ཀྱིས་འགེངས་ལ༴ མངའ་བདག་རྒྱལ་པོས་གསོལ་བ་བཏབ་པའི་ངོར། །བསམ་ཡས་མཆིམས་ཕུར་བཀའ་བརྒྱད་དཀྱིལ་འཁོར་དུ། །ལས་ཅན་རྗེ་འབངས་སྨིན་གྲོལ་དངོས་གྲུབ་བརྙེས། །གྲུབ་པའི་ཁྱུ་མཆོག་ཁྱེད་ལ༴ མཁར་ཆུ་ཏི་གྲོ་ལ་སོགས་གནས་རྣམས་སུ། །རྗེ་འབངས་ཉེར་ལྔ་གཙོར་གྱུར་འདུས་པ་ལ། །ཡོ་ག་རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར། །བཀའ་དྲིན་བསམ་མི་ཁྱབ་ལ༴ སྟག་ཚང་གནས་སུ་དྲེགས་ཚོགས་དམ་ལ་བཞག །གངས་བྲག་མཚོ་སོགས་སྒྲུབ་གནས་བྱིན་གྱིས་བརླབས། །ཆོས་ནོར་རྫས་ཀྱི་གཏེར་ཁ་གྲངས་མེད་སྦས། །གུ་རུ་རྡོ་རྗེ་གྲོ་ལོད་ལ༴ སྙིགས་དུས་བོད་ཁམས་སྡུག་པའི་དུས་བྱུང་ཚེ། །གྲངས་མེད་སྤྲུལ་པས་ཟབ་གཏེར་སྒོ་ཕྱེས་ནས། །གདུལ་དཀའི་འགྲོ་བ་འདུལ་བའི་ལུང་བསྟན་སྩལ། །ཐུགས་རྗེ་རྒྱུན་ཆད་མེད་ལ༴ ཁྲ་འབྲུག་གནས་སུ་འདུས་པའི་ཕྱི་མ་ལ། །བཀའ་འདུས་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེས་ནས། །གདམས་པའི་གཏད་རྒྱ་རྒྱལ་སྲས་ལྷ་རྗེར་སྩལ། །ལུང་བསྟན་དབུགས་དབྱུང་མཛད་ལ༴ བོད་ཁམས་ཡོངས་ལ་བརྩེ་བའི་ཞལ་ཆེམས་བཞག །སྐུ་དངོས་གདུལ་དཀའ་སྲིན་པོ་འདུལ་དུ་གཤེགས། །བརྩེ་བའི་ཐུགས་རྗེས་དུས་དྲུག་བོད་ལ་གཟིགས། །བཀའ་དྲིན་འཁོར་མེད་རྗེ་ལ༴ རྒྱལ་བས་ལུང་བསྟན་འཇམ་མགོན་ས་འོད་བཟང་། །བདེ་གཤེགས་འདུས་པ་རྩ་བའི་བཀའ་བབས་པས། །ཏིང་འཛིན་མི་གཡོ་ལྷུན་གྲུབ་དགོངས་པ་སྐྱེས། །ཚངས་པ་ལྷ་ཡི་མེ་ཏོག་ལ༴ འཇམ་དཔལ་སྐུ་ཡི་བཀའ་བབས་སྔགས་པའི་རྒྱལ། །སྒྲགས་ཀྱི་ཡང་རྫོང་དངོས་གྲུབ་རྣམ་གཉིས་ཐོབ། །གྲུབ་རྟགས་བྲག་ལ་ཕུར་བཏབ་འོད་སྐུར་ཡལ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ༴ པདྨ་གསུང་གི་བཀའ་བབས་བཙུན་པའི་མཆོག །དབེན་རྩར་བསྒྲུབས་པས་ཡུལ་གསུམ་གྱད་དུ་གྱུར། །གྲུབ་རྟགས་རྟ་སྐད་གཙུག་སྟོན་ཚེ་ལ་དབང་། །ངན་ལམ་རྒྱལ་བ་མཆོག་དབྱངས་ལ༴ ཡང་དག་ཐུགས་ཀྱི་བཀའ་བབས་དགེ་སློང་ཆེ། །ལྷོ་བྲག་མཁར་ཆུར་ཕྱག་ཆེན་རིག་འཛིན་བརྙེས། །གྲུབ་རྟགས་ཉི་ཟེར་ལ་ཆིབས་མཁའ་སྤྱོད་གཤེགས། །གནུབས་སྟོན་ནམ་མཁའི་སྙིང་པོར༴ བདུད་རྩིའི་བཀའ་བབས་བཀའ་བཞིན་ཆུ་བོ་འཛིན། །ཡར་ལུང་ཤེས་གྱི་བྲག་ནས་དངོས་གྲུབ་བརྙེས། །གྲུབ་རྟགས་སྒྲུབ་ཆུ་བཏོན་ཞིང་འཇའ་སྐུར་ཡལ། །གཉགས་ལོ་ཡེ་ཤེས་གཞོན་ནུར༴ ཕུར་པའི་བཀའ་བབས་གུ་རུའི་དགྱེས་སྡེ་མཆོག །སེངྒེ་རྫོང་ནས་མཆོག་ཐུན་དངོས་གྲུབ་གྲུབ། །གྲུབ་རྟགས་བསད་གསོ་འཕོ་ཆེན་འཇའ་སྐུ་བརྙེས། །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ལ༴ མ་མོའི་བཀའ་བབས་སྔགས་འཆང་ལོ་ཙཱ་བ། །ཤམ་པོ་གངས་རར་བླ་མེད་དཀྱིལ་འཁོར་གཟིགས། །གྲུབ་རྟགས་སྣང་སྲིད་མ་མོ་བྲན་དུ་ཁོལ། །འབྲོག་མི་དཔལ་གྱི་ཡེ་ཤེས་ལ༴ མཆོད་བསྟོད་བཀའ་བབས་སྔགས་འཆང་རྡོ་རྗེ་འཛིན། །སྤ་གྲོ་སྟག་ཚང་དྲེགས་འདུལ་ལྷ་ཞལ་མཐོང་། །གྲུབ་རྟགས་འཇིག་རྟེན་དྲེགས་ཚོགས་ལས་ལ་འགྱེད། །རླང་ཆེན་དཔལ་གྱི་སེངྒེར༴ དྲག་སྔགས་བཀའ་བབས་དགེ་སློང་ཐམས་ཅད་མཁྱེན། །གཡའ་མ་ལུང་དུ་ནུས་མཐུའི་རྩལ་ཆེན་རྫོགས། །གྲུབ་རྟགས་ཡེ་ཤེས་སྤྱན་ལྡན་ཟུང་འཇུག་གྲུབ། །པ་གོར་བཻ་རོ་ཙཱ་ན༴ གཡུ་སྒྲ་སྙིང་པོ་བདུད་འཇོམས་ཡེ་ཤེས་དབྱངས། །ལྷ་དཔལ་སྣ་ནམ་ཡེ་ཤེས་དཔལ་དབང་ཕྱུག །ལྡན་མ་རྩེ་མང་དཔལ་བརྩེགས་དཔལ་སེངྒེ། །རྒྱལ་བའི་བློ་གྲོས་རྣམས་ལ༴ ཁྱེའུ་ཆུང་ལོ་ཙཱ་དྲན་པ་ནམ་མཁའི་ཞབས། །འོ་བྲན་དཔལ་དབང་རྨ་བན་རིན་ཆེན་མཆོག །ལྷ་ལུང་དཔལ་རྡོར་ལང་གྲོ་དཀོན་མཆོག་འབྱུང་། །རྒྱལ་བ་བྱང་ཆུབ་རྣམས་ལ༴ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་དུ། །སྨིན་གྲོལ་མཆོག་བརྙེས་གྲུབ་པའི་འཁོར་ལོས་བསྒྱུར། །རྡོ་རྗེ་འཛིན་པ་མཆོག་གྲུབ་རྒྱལ་པོ་སོགས། །བཀའ་བབས་ལས་ཅན་ཉེར་གཅིག་ལ༴ ཀ་དག་ཀུན་ཏུ་བཟང་པོའི་མཁའ་ཀློང་དུ། །ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པས། །ཟག་བཅས་གདོས་ལུས་དྭངས་མའི་སྐུར་སྨིན་པའི། །ཡེར་པའི་གྲུབ་ཆེན་བརྒྱད་ཅུར༴ ལྟ་བའི་རྩེ་མོ་བློ་འདས་རྫོགས་པ་ཆེ། །སྒོམ་པའི་སྙིང་པོ་དབྱིངས་རིག་སྣང་སེམས་འདྲེས། །མཉམ་རྗེས་རིས་མེད་ཆོས་སྐུའི་རྒྱལ་ས་ཟིན། །སྒོམ་ཆེན་བརྒྱ་རྩ་བརྒྱད་ལ༴ འོད་གསལ་ཀློང་ཡངས་ཐིག་ལེ་ཉག་གཅིག་ཏུ། །འཁོར་འདས་སྤང་བླང་ཆོས་རྣམས་ཡོངས་གྲོལ་བས། །བྱར་མེད་ལྷུན་རྫོགས་གདེང་བཞིའི་དྲོད་ཚད་བརྙེས། །ཤེལ་བྲག་རྟོགས་ལྡན་ང་ལྔ་ལ༴ དབང་བཞི་རྒྱུད་སྨིན་དམ་ཚིག་སྲོག་ཏུ་བཟུང་། །རིམ་གཉིས་མཐར་ཕྱིན་ལྷག་ལྷས་བྱིན་གྱིས་བརླབས། །ནུས་མཐུའི་རྩལ་རྫོགས་ལས་བཞི་ཐོགས་མེད་གྲུབ། །ཡང་རྫོང་སྔགས་པ་སུམ་ཅུར༴ དབྱིངས་ཕྱུག་ཡེ་ཤེས་ཌཱ་ཀིའི་སྒྱུ་མའི་གར། །བདེ་སྟོང་དགའ་བཞིའི་ཡེ་ཤེས་མཐར་ཕྱིན་པས། །སྣང་སེམས་རོ་མཉམ་གང་འདུལ་རོལ་གར་སྟོན། །མཁའ་འགྲོ་ཉི་ཤུ་རྩ་ལྔར༴ ཐ་མལ་སྣང་ཞེན་བསྐྱེད་པའི་རིམ་པས་སྦྱངས། །ལས་རླུང་འཆིང་དག་ས་ལམ་དབུ་མར་རྫོགས། །རིག་འཛིན་བཞི་བརྙེས་དོན་གཉིས་གཏེར་ཁ་འབྱེད། །གུ་རུའི་རྗེས་འཇུག་ཡོངས་ལ༴ དཔལ་ཆེན་དངོས་སྣང་ཟུར་པ་མེས་དབོན་གསུམ། །མཁས་གྲུབ་བྱེ་བའི་གཙུག་ནོར་རོང་ཟོམ་པ། །འོད་གསལ་སྙིང་པོའི་བསྟན་བདག་ཀློང་ཆེན་རྗེ། །རིག་འཛིན་བརྒྱུད་པར་བཅས་ལ༴ ལས་ཀྱི་འཕྲོ་སད་ཟབ་མོའི་གཏེར་ཞལ་ཕྱེས། །བརྟུལ་ཞུགས་སྤྱོད་པས་སྒྲོ་སྐུར་གཡང་ས་བཅད། །སྣ་ཚོགས་ཐབས་ཀྱིས་བསྟན་འགྲོའི་བདེ་སྐྱིད་སྤེལ། །རྩོད་བྲལ་གཏེར་སྟོན་རྣམས་ལ༴ འཕགས་རྣམས་ཐུགས་བསྐྱེད་ཟབ་མོའི་ཆུ་གཏེར་ལས། །ཉེར་ཐོན་མཁྱེན་བརྩེའི་འོད་ཟེར་སྟོང་འབར་བས། །ས་གསུམ་དགེ་ལེགས་པད་ཚལ་བཞད་མཛད་པའི། །རིས་བྲལ་མཁས་གྲུབ་ཡོངས་ལ༴ ཐུགས་བསྐྱེད་ཆེན་པོས་རྩོད་དུས་གདུར་བྱར་དགོངས། །མཛད་ཕྲིན་བཟང་པོས་སྔ་འགྱུར་བསྟན་སྲོག་མཐུད། །བཀའ་དྲིན་རྨད་བྱུང་མྱོས་རིགས་རྡོ་རྗེ་འཛིན། །ཡབ་སྲས་བརྒྱུད་པར་བཅས་ལ༴ གཟོད་ནས་ཞི་ཡང་སྲིད་པར་རྗེས་ཆགས་གར། །གདུལ་དཀའ་འདུལ་སླད་དགེ་བའི་བཤེས་གཉེན་དུ། །ཡོངས་ཤར་སྙིགས་མའི་འགྲོ་བ་སྐྱོབ་པའི་མགོན། །མཚུངས་མེད་བླ་མའི་ཞབས་ལ༴ ཡེ་ཤེས་ཀློང་དགུའི་རྩལ་ལས་རང་ཤར་བའི། །འདས་དང་མ་འདས་ཆ་མཉམ་ཚོམ་བུ་དགུ། །ཞི་དང་ཁྲོ་བོའི་རོལ་གར་འབྱམས་ཀླས་པ། །བདེ་གཤེགས་འདུས་པའི་ལྷ་ཚོགས་ལ༴ རྡོ་རྗེ་ལུས་ཀྱི་གཞལ་ཡས་གནས་ཡུལ་ན། །རྩ་རླུང་ཐིག་ལེའི་རང་བཞིན་གནས་དག་པའི། །ལྷན་སྐྱེས་ཞིང་སྔགས་དཔའ་བོ་མཁའ་འགྲོའི་སྤྲིན། །འབུམ་ཕྲག་ཡངས་པའི་ཚོགས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་རྩ་བརྒྱུད་བླ་མའི་ཚོགས། །བྱིན་གྱིས་རློབས་ཤིག་ཡི་དམ་བཀའ་བརྒྱད་ལྷ། །དངོས་གྲུབ་སྩོལ་ཅིག་དཔའ་བོ་མཁའ་འགྲོའི་ཚོགས། །ཡིད་དཔྱོད་འཛིན་པ་དག་པར་བྱིན་གྱིས་རློབས། །ཉམས་སྣང་སེམས་ཀྱི་གོས་བྲལ་རིག་པའི་གཤིས། །ཀ་དག་རྫོགས་ཆེན་དགོངས་པ་མངོན་གྱུར་ནས། །ལྷུན་གྲུབ་སྣང་བཞིའི་ཉེ་ལམ་མཐར་ཕྱིན་ཏེ། །འཕོ་ཆེན་འཇའ་ལུས་འགྲུབ་པའི་དངོས་གྲུབ་སྩོལ། །གསལ་བརྟན་དག་གསུམ་འཛོམས་པའི་བསྐྱེད་རིམ་གྱིས། །ཐ་མལ་དངོས་མཚན་སྣང་ཞེན་ཀུན་བྱང་ནས། །གདན་གསུམ་ཡོངས་རྫོགས་ལྷ་ཡི་འཁོར་ལོ་ཆེར། །འགྱུར་མེད་སྐུ་ཡི་རྡོ་རྗེ་མངོན་བྱེད་ཤོག །རྩ་རླུང་ཐིག་ལེའི་ལམ་ལ་གནད་བསྣུན་པས། །ཐ་མལ་ལས་རླུང་འཆིང་བ་དྷཱུ་ཏིར་དག །ས་ལམ་ཡོངས་བགྲོད་ནམ་མཁའ་འཁོར་ལོ་ཆེར། །གྲགས་སྟོང་གསུང་གི་རྡོ་རྗེ་མངོན་བྱེད་ཤོག །ཁྲེགས་ཆོད་ལྟ་བས་ཉམས་ཀྱི་འཛིན་སྟངས་བུད། །ལྷུན་གྲུབ་བསྒོམས་པས་ཆོས་ཉིད་ཟད་སར་འཁྱོལ། །དབྱིངས་སྣང་ནང་གསལ་གཞོན་ནུ་བུམ་སྐུའི་སྦུབས། །སྤྲོས་བྲལ་ཐུགས་ཀྱི་རྡོ་རྗེ་མངོན་བྱེད་ཤོག །རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་བརྟན་ཅིང་། །སྙིགས་མའི་རྒུད་སེལ་རྫོགས་ལྡན་དཔལ་འབྱོར་རྒྱས། །འགྲོ་ཀུན་གཟུང་འཛིན་འཁྲུལ་པའི་མུན་སངས་ནས། །ཕྱམ་གཅིག་འོད་སྐུར་གྲོལ་བའི་བཀྲ་ཤིས་ཤོག །ཅེས་པའང་ཤིང་རྟ་ཟླ་བ་དྲུག་པའི་ཚེས་བཅུ་གཉིས། པདྨའི་རྗེས་འཇུག་རྟགས་ཙམ་འཛིན་པ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེས་རྩེ་གཅིག་གུས་པའི་ཡིད་ཀྱིས་གང་ཤར་ཤུགས་འབྱུང་དུ་གསོལ་བ་བཏབ་པ་སྟེ་འདིས་ཀྱང་རང་གཞན་ཀུན་གྱི་རྒྱུད་ལ་དཔལ་ཨོ་རྒྱན་ཆེན་པོའི་བྱིན་རླབས་རྩོལ་མེད་དུ་འཇུག་པའི་རྒྱུར་གྱུར་ཅིག། །།

གུ་རུ་རིན་པོ་ཆེའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་འདོད་འབྱུང་ནོར་བུའི་སྤྲིན་ཕུང་།

༄༅། །གུ་རུ་རིན་པོ་ཆེའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་འདོད་འབྱུང་ནོར་བུའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།། ཨེ་མ་ཧོ། སྐྱབས་ཀུན་འདུས་ཞལ་རང་བྱུང་སྤྲུལ་པའི་སྐུ། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་ཅིང་། །ཕན་བདེའི་དངོས་ཀུན་ཅིག་ཅར་སྩོལ་མཛད་པའི། །ཕ་གཅིག་པདྨར་འབོད་དོ་བརྩེ་བས་དགོངས། །གང་གི་ཐུགས་བསྐྱེད་རྫོགས་ལྡན་སྤྲིན་ཆེན་ལས། །ཚེ་དཔལ་འབྱོར་པ་འདོད་དགུའི་གྲུ་ཆར་གྱིས། །ལུས་ཅན་ཕན་བདེའི་རེ་བ་ཡོངས་སྐོང་ཞིང་། །རྣམ་གྲོལ་དཔལ་ལ་སྦྱོར་ཅིག་པདྨ་འབྱུང་། །མཆོག་བྱིན་ཟླ་བ་གསལ་བའི་འཛུམ་ཟེར་གྱིས། །གངས་ལྗོངས་ཐུབ་བསྟན་པུཎྜ་རི་ཀའི་ཚལ། །ལུང་རྟོགས་ཀེ་སར་རྒོད་པའི་ལང་ཚོ་ཡིས། །རྫོགས་ལྡན་མགྲོན་དུ་ཁུགས་ཅིག་པདྨ་འབྱུང་། །ལྟ་ངན་ཆང་གི་རབ་མྱོས་གླང་པོའི་དཔུང་། །སྡང་བའི་མཚོན་འཁོར་བསྐྱོད་པ་ཀླ་ཀློའི་སྡེ། །མཆོག་བྱིན་གདོང་ལྔ་ཁྲོས་པའི་སྡེར་མོ་ཡིས། །མིང་གི་ལྷག་མར་མཛོད་ཅིག་པདྨ་འབྱུང་། །སྣ་ཚོགས་འདུ་བ་འཁྲུགས་པའི་ཚ་དབལ་གྱིས། །ལུས་སེམས་མྱ་ངན་ཐང་ལ་དུབ་པའི་ཚེ། །སྨན་རྒྱལ་དཔག་བསམ་དབང་པོའི་གྲིབ་བསིལ་དུ། །ངལ་འཚོའི་དབུགས་འབྱིན་མཛོད་ཅིག་པདྨ་འབྱུང་། །སྣོད་བཅུད་རྒུད་པའི་གདུང་བས་ཉམ་ཉེས་ཚེ། །བྱིན་རླབས་ནོར་བུ་རྒྱས་པའི་སྤྲིན་ཆེན་ལས། །འདོད་དགུ་ཆར་དུ་བསྙིལ་བའི་དཔལ་ཡོན་གྱིས། །མོས་ལྡན་རེ་བ་སྐོང་༴ སྔོན་སྨོན་སྐྱ་རེངས་ཁ་ལོས་བསུས་པའི་མགྲོན། །གཏེར་འབྱིན་གྲུབ་ཐོབ་ལས་ཅན་ཉིན་བྱེད་ཀྱི། །ཕྲིན་ལས་འོད་ཟེར་སྟོང་གི་དྲྭ་བ་ཡི། །ས་གསུམ་ཁྱབ་པར་མཛོད༴ སྦས་ཡུལ་པདྨའི་ཚལ་ན་མངོན་རྒྱུ་བའི། །སྐལ་ལྡན་སྐྱེས་བུ་རྐང་པ་དྲུག་པའི་ཚོགས། །མི་མཐུན་གྲང་རེག་ཀུན་བྲལ་འདོད་དགུ་ཡི། །སྦྲང་རྩིས་མྱོས་པར་མཛོད༴ ལུས་ཅན་ཁྲག་གི་སྦགས་པའི་མཆེ་སྡེར་ཅན། །མི་བསྲུན་འཚེ་ལ་གོམས་པའི་སྲོག་ཆགས་རྣམས། །དཔའ་བོ་གིང་ཆེན་རྔམས་པའི་རྔ་སྒྲ་ཡི། །ཕ་མཐར་སྐྲོད་པར་མཛོད༴ འབྱུང་བཞི་འཁྲུགས་པ་སྲིན་མོའི་ཁམ་ཟས་སུ། །སྟོང་ཁམས་ཟ་བར་ཆས་ལ་རིངས་པའི་ཚེ། །མཆོག་བྱིན་རིགས་སྔགས་འབར་བའི་མཚོན་ཆ་ཡིས༴ ལུས་ཅན་འཇིགས་ལས་སྲུངས་ཤིག༴ སྲེད་པས་ཟིལ་གནོན་ཙོ་ར་གདུག་པའི་མདའ། །ཟང་ཟིང་ནོར་གྱི་འབེན་ལ་གཟས་པའི་ཚེ། །མཐུ་སྟོབས་རླུང་དམར་འཁྲུགས་པའི་སྒྱུ་ཐབས་ཀྱི། །མ་རུངས་སྐྲོད་པར་མཛོད༴ ཞེ་སྡང་མཚོན་འཁོར་སྐྱོད་པའི་ཕས་རྒོལ་གྱིས། །དཔལ་འབྱོར་སྲོག་ལ་རྔམས་པའི་དུས་བྱུང་ཚེ། །བྱིན་རླབས་རྡོ་རྗེའི་མཁར་གྱིས་རབ་བ སྲུངས་ནས། །འཇིགས་མེད་དངོས་པོ་བྱིན་ཅིག༴ ལས་ཀྱི་རླུང་དམར་འཁྲུགས་པའི་གཡོ་འཕྲུལ་གྱིས། །ཚེ་སྲོག་མར་མེ་བཅོམ་ལ་མངོན་ཕྱོགས་ཚེ། །ཐུགས་རྗེ་ཆེན་པོའི་ཕྱག་ཡངས་ལེགས་བརྐྱངས་ནས། །བདེ་ལྡན་ཞིང་དུ་དྲོངས་ཤིག༴ སྒྱུ་ལུས་ལྗོན་ཤིང་བོར་བའི་རྣམ་ཤེས་སྦྲེལ། །རྟེན་མེད་ལས་རླུང་འཚུབ་མས་ཉམ་ཉེས་ཚེ། །མཆོག་བྱིན་ཚ་ཟེར་བརྒྱ་པའི་རོལ་རྩེད་ཀྱིས། །འཁྲུལ་སྣང་དབྱིངས་སུ་སོལ་ཅིག༴ མ་རིག་སྤྲི་མས་གཡོགས་པའི་མཐོང་བྱེད་སྒོར། །བག་ཆགས་གསུམ་གྱི་སྐྲ་ཤད་འཛག་པའི་ཚེ། །རང་གྲོལ་གསེར་གྱི་ཐུར་མས་སྒོ་ཕྱེས་ལ། །འོད་གསལ་རང་ངོ་སྤྲོད་ཅིག༴ གཟུང་འཛིན་ལྕགས་སྒྲོག་གིས་བསྡམས་སྲིད་པའི་གྲོང་། །སྡུག་བསྔལ་གསུམ་གྱི་ཆད་པས་མནར་བ་རྣམས། །དགེ་བཅུའི་བཀའ་ཁྲིམས་བཙན་པོའི་སྤྲིང་ཡིག་གིས། །ཁྲི་མུན་གནས་ནས་ཕྱུངས་ཤིག་པདྨ་འབྱུང་། །མདོར་ན་འདི་ནས་བཟུང་སྟེ་བྱང་ཆུབ་བར། །སྐྱིད་སྡུག་ལེགས་ཉེས་ཤི་གསོན་ཅི་བྱུང་ཡང་། །མགོན་པོ་མཆོག་ལས་སྐྱབས་གཞན་མ་མཆིས་པས། །འབྲལ་མེད་རྗེས་སུ་ཟུངས་ཤིག་པདྨ་འབྱུང་། །འབྱུང་བཞིའི་གཡོ་འཁྲུགས་ནད་མཚོན་དུག་སྦྱོར་སོགས། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སོགས། །ཆོས་མཐུན་བསམ་སྦྱོར་འགྲུབ་པར་བྱིན་གྱིས་རློབས། །མཐོ་རིས་ཡོན་ཏན་བདུན་གྱིས་བརྒྱན་པའི་ལུས། །བདེན་བཞིའི་འཇུག་ལྡོག་ཟབ་མོའི་གོས་ཀྱིས་ཀླུབས། །བསླབ་གསུམ་རྒྱན་ཆས་སྒེག་པའི་མཛའ་ན་མོ། །རྣམ་མཁྱེན་གྲོང་ཁྱེར་མཆོག་ཏུ་འཇུག་གྱུར་ཅིག །སྙིང་རྗེའི་བ་དན་གཡོ་བའི་སྟོང་ཉིད་གྲུབ། །ཚོགས་གཉིས་རླུང་གིས་བསྐུལ་བའི་སྒྱུ་ཐབས་ཀྱིས། །སྲིད་ཞིའི་ཆུ་གཏེར་ཕ་མཐར་རབ་བརྒལ་ནས། །དོན་གཉིས་ནོར་བུའི་གླིང་ལ་དབང་བསྒྱུར་ཤོག །ཅེས་པའང་རབ་དཀར་བསོད་ནམས་ཀྱི་ལས་ལ་མངོན་པར་སྤྲོ་བ་མཚོ་སྣ་རྫོང་དྲུང་དོན་འགྲུབ་ཕུན་ཚོགས་ནས་ནན་གྱིས་བསྐུལ་བའི་རྐྱེན་ལས། མོན་ཡུལ་སའི་ཐིག་ལེ། གུ་རུའི་སྒྲུབ་གནས་དམ་ཚང་། སྟག་ཚང་། ཤ་འུག་སྟག་སྒོ་རྣམས་སུ་ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བར་གང་ཤར་གསོལ་བ་འདེབས་པ་པོ་ནི་མདོ་ཁམས་ཞེ་ཆེན་པ་སྔགས་བཙུན་འགྱུར་མེད་པདྨ་རྣམ་རྒྱལ་ཏེ། འདིས་ཀྱང་འགྲོ་ཀུན་མ་ཧཱ་གུ་རུས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག
༈ ཨེ་མ་ཧོ། ཀ་དག་སྤྲོས་བྲལ་ཀོ་ཤའི་མཚོ་གླིང་དུ། །ལྷུན་གྲུབ་རང་གསལ་འདབ་ལྡན་པདྨའི་རྩེར། །རིག་རྩལ་རོལ་པ་མ་འགགས་སྤྲུལ་པའི་གར། །སྐྱེ་འཆི་མི་མངའ་རྡོ་རྗེ་ལྟ་བུའི་སྐུ། །ཚངས་པའི་གསུང་དབྱངས་འགྲོ་ལ་ལྷམ་མེ་བ། །མཁྱེན་བརྩེའི་ཡེ་ཤེས་ཉི་འོད་འབུམ་བརྡལ་ཐུགས། །ཡིད་བཞིན་ནོར་ལྟར་འགྲོ་བའི་རེ་སྐོང་ཞིང་། །ཕྲིན་ལས་རྒྱ་མཚོའི་རླབས་ལྟར་ཡོལ་མེད་པ། །འཕགས་བོད་ཀུན་ཏུ་བསྟན་པའི་སྒྲོན་མེ་སྦར། །གདུལ་དཀའ་དམུ་རྒོད་སྲིན་པོའི་ཁ་གནོན་མཛད། །ལས་ཅན་བུ་ལ་བརྩེ་བའི་ཐུགས་ཀྱིས་དགོངས། །བཀའ་དྲིན་མཉམ་མེད་ཨོ་རྒྱན་རིན་པོ་ཆེ། །ད་ལྟ་དུས་ངན་སྙིགས་མའི་མཐའ་ལ་ཐུག །སྐྱེ་བོ་ཐམས་ཅད་བསམ་སྦྱོར་ཕྱིན་ཅི་ལོག །བསྟན་འགྲོའི་བདེ་སྐྱིད་པད་ཚལ་སྟོང་ལ་ཉེ། །འདི་ལས་སྐྱོབས་ཤིག་རྗེ་བཙུན་པདྨ་འབྱུང་། །མཐའ་དམག་དབུས་ལྷགས་བོད་ཁམས་སྡུག་པའི་ཚེ། །གུ་རུ་ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ཀྱི། །མཐུ་སྟོབས་གནམ་ལྕགས་ཐོག་གི་སྒྱུ་ཐབས་ཀྱིས། །མིང་གི་ལྷག་མར་མཛོད་ཅིག་པདྨ་འབྱུང་། །སྣ་ཚོགས་འདུ་འཁྲུགས་ནད་ཀྱིས་ཉམ་ཉེས་ཚེ། །གུ་རུ་སྨན་གྱི་བླ་མའི་སྐུར་བཞེངས་ནས། །བྱིན་རླབས་བདུད་རྩིའི་ཆར་རྒྱུན་འབུམ་འཇོ་བས། །ཉེར་འཚེའི་ཚད་གདུང་སོལ་ཅིག༴ ལོ་ཉེས་སད་སེར་མུ་གེ་ཉམ་ཐག་ཚེ། །ནོར་ལྷ་དབང་གི་རྒྱལ་པོའི་སྐུར་བཞེངས་ནས། །འདོད་དགུ་ཆར་དུ་འབེབས་པའི་དགེ་མཚན་གྱིས། །སྣོད་བཅུད་དབུལ་བ་སོལ་ཅིག༴ ལས་ཅན་ཟབ་མོའི་གཏེར་ལ་སྤྱོད་པའི་ཚེ། །ཡི་དམ་དབང་གི་རྒྱལ་པོའི་སྐུར་བཞེངས་ནས། །བྱིན་རླབས་དབང་བསྐུར་བཀའ་གཏད་རྒྱ་བཀྲོལ་བས། །འགྲོ་ཕན་སྒོ་འཕར་ཕྱེས་ཤིག༴ སྐལ་བཟང་སྐྱེས་བུའི་དབེན་གནས་སྙོགས་པའི་ཚེ། །གུ་རུ་སྒྲུབ་པོའི་རེ་སྐོང་སྐུར་བཞེངས་ནས། །འགལ་རྐྱེན་བར་གཅོད་ཁ་ཆར་འཚུབས་མ་ཞི། །ཆོས་མཛད་ལམ་སྣ་དྲོངས་ཤིག༴ །སྲོག་ཆགས་གདུག་པས་འཚོ་བ་བསྟུང་ཉེའི་ཚེ། །གུ་རུ་དཔའ་བོ་གིང་གཙོའི་སྐུར་བཞེངས་ནས། །གདུག་པའི་སེམས་ཅན་སྐྲོད་པའི་སྦྱོར་བ་ཡིས། །འཇིགས་མེད་དངོས་པོ་བྱིན་ཅིག༴ འབྱུང་བཞི་འཁྲུགས་པས་བོད་ཁམས་སྡུག་པའི་ཚེ། །འབྱུང་བཞི་དབང་སྒྱུར་རྒྱལ་གྱི་སྐུར་བཞེངས་ནས། །རྨད་བྱུང་ཐུགས་རྗེ་ཆེན་པོའི་རིགས་སྔགས་གཟིས། །རང་སར་ཞི་བར་མཛོད་ཅིག༴ སྲེད་ལྡན་ཆོམ་རྐུན་གདུག་པས་གཙེས་པའི་ཚེ། །གུ་རུ་མ་རུངས་སྐྲོད་མཛད་སྐུར་བཞེངས་ནས། །དབྱེ་བསྐྲད་གཟིར་སོགས་རབ་འབྱམས་ཕྲིན་ལས་ཀྱི། །རྔམ་སེམས་ཞི་བར་མཛོད་ཅིག༴ བརྩེ་བྲལ་གཤེད་མའི་དཔུང་གིས་མཐའ་བསྐོར་ཚེ། །གུ་རུ་རྡོ་རྗེ་གོ་ཆའི་སྐུར་བཞེངས་ནས། །ཕས་རྒོལ་གཡུལ་ངོ་བཟློག་པའི་ཕྲིན་ལས་ཀྱིས། །རང་གཤེད་རང་ལ་ཕོབ་ཅིག༴ དབང་མེད་དུས་ཀྱི་ཞགས་པས་ཟིན་པའི་ཚེ། །གུ་རུ་འཆི་བའི་མུན་སེལ་སྐུར་བཞེངས་ནས།། མེད་སྣང་གློ་བུར་འཁྲུགས་རྟོགས་དབྱིངས་སངས་ཏེ། །འོད་གསལ་རང་ངོ་སྤྲོད་ཅིག་པདྨ་འབྱུང་། །སྡུག་བསྔལ་བརྒྱ་ཕྲག་རིམ་གྱིས་མནར་བའི་ཚེ། །གུ་རུ་སྐྱེ་བའི་སྡུག་སྦྱོང་སྐུར་བཞེངས་ནས། །ཕན་བདེའི་ཨུཏྤལ་བཞད་པའི་དགེ་མཚན་གྱིས། །དོན་གཉིས་སྦྲང་རྩི་སྩོལ་ཅིག་པདྨ་འབྱུང་། །སྲིད་གསུམ་ལས་ཉོན་འཆིང་བས་རབ་བཅིངས་ཚེ། །གུ་རུ་འགྲོ་དྲུག་ཀུན་སྐྱོབ་སྐུར་བཞེངས་ནས། །གང་འདུལ་ཐུགས་རྗེའི་ཕྲིན་ལས་རྨད་པོ་ཆེས། །རྣམ་གྲོལ་དཔལ་ལ་སྦྱོར་ཅིག་པདྨ་འབྱུང་། །མདོར་ན་འདི་ནས་བཟུང་སྟེ་བྱང་ཆུབ་བར། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང་། །མགོན་པོ་མཆོག་ལས་སྐྱབས་གཞན་མ་མཆིས་པས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །བཤད་སྒྲུབ་སྡེ་རྒྱས་ཆོས་སྤྱོད་བྱ་བ་འཕེལ། །གངས་ལྗོངས་བདེ་སྐྱིད་ནད་མུག་འཁྲུགས་རྩོད་ཞི། །རྫོགས་ལྡན་ལང་ཚོ་དར་བའི་བཀྲ་ཤིས་ཤོག །ཅེས་པའང་བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་ཐུགས་སྒྲུབ་བསམ་པ་ལྷུན་འགྲུབ་ཀྱི་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱོད་སྐབས། པདྨ་བི་ཛས་གང་ཤར་ཤུགས་འབྱུང་དུ་གསོལ་བ་བཏབ་པ་དགེ།
༈ ༀ་སྭསྟི། ཆོས་དབྱིངས་འོད་གསལ་ལྷ་ལམ་ཡངས་པའི་ངོགས། །ཕུལ་བྱུང་མཚན་དཔེ་དབང་པོའི་གཞུ་ཡིས་སྤྲས། །མཁྱེན་གཉིས་ཆར་གྱིས་ས་གསུམ་ཁྱབ་མཛད་པའི། །བཅོམ་ལྡན་ཐུབ་པ་མཆོག་ལ་ཕྱག་འཚལ་ལོ། །མཁྱེན་རབ་རལ་གྲི་འབར་བའི་གཟི་བརྗིད་ཀྱིས། །རྨོངས་པའི་དྲྭ་བ་མ་ལུས་བཅོམ་པ་ལས། །ཡེ་ཤེས་སྣང་བ་དམ་པས་མཛེས་བྱེད་པའི། །བཅོམ་ལྡན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །མཐུ་སྟོབས་རྩེ་བརྒྱ་འབར་བའི་མཚོན་ཆ་ཡིས། །ལོག་འདྲེན་ལྷ་མིན་ཚོགས་རྣམས་མཐར་བྱས་ནས། །ཐེག་མཆོག་ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་པོ། །བཅོམ་ལྡན་ཕྱག་ན་རྡོ་རྗེར་ཕྱག་འཚལ་ལོ། །བརྩེ་ཆེན་ཐུགས་རྗེའི་འདབ་སྟོང་གཡོ་བ་ལས། །དགེ་ལེགས་ཕན་བདེའི་སྦྲང་རྩི་སྐྱུག་པ་ཡིས། །རིས་བྲལ་འགྲོ་ཚོགས་བུང་བའི་རེ་སྐོང་མཆོག །བཅོམ་ལྡན་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་ནོར་བུ་རྒྱས་པའི་སྤྲིན་ཆེན་ལས། །ཕུན་ཚོགས་འདོད་དགུའི་གྲུ་ཆར་འཇོ་བ་ཡིས། །འགྲོ་ཀུན་སྲིད་པའི་དབུལ་བ་སེལ་མཛད་པ། །བཅོམ་ལྡན་ས་ཡི་སྙིང་པོར་ཕྱག་འཚལ་ལོ། །དཀར་མིན་ལས་ཀྱི་མུན་ཚོགས་གཏན་བཅོམ་ཞིང་། །བཟློག་དཀའ་ཤུགས་དྲག་ཉོན་མོངས་ཆུ་ཀླུང་སྐེམ། །ཤེས་སྒྲིབ་ས་ཆེན་སྲེག་མཛད་དུས་ཀྱི་མེ། །བཅོམ་ལྡན་སྒྲིབ་པ་རྣམ་སེལ་ལ་ཕྱག་འཚལ། །ཉེས་པའི་སྐྱོན་བྲལ་ཀེ་ལ་ཤ་རིའི་རྩེར། །མཁྱེན་བརྩེའི་ཟླ་གཞོན་བྱེ་བས་མངོན་འཁྱུད་པས། །འགྲོ་ཚོགས་སྲིད་པའི་ཚད་གདུང་བཅིལ་བའི་སྨན། །བཅོམ་ལྡན་ནམ་མཁའི་སྙིང་པོར་ཕྱག་འཚལ་ལོ། །རླབས་ཆེན་ཐུགས་བསྐྱེད་འཛིན་མའི་གཞི་ལས་འཁྲུངས། །ཕ་རོལ་ཕྱིན་བཅུའི་ཡལ་འདབ་མེ་ཏོག་རྒྱས། །ས་བཅུ་ལམ་ལྔའི་འབྲས་བཟང་ཆེར་སྨིན་པའི། །བཅོམ་ལྡན་བྱམས་པ་མགོན་ལ་ཕྱག་འཚལ་ལོ། །སྤངས་པ་ཕུན་ཚོགས་དྲི་བྲལ་གསེར་སྦྱངས་ཁམས། །རྟོགས་ཆོས་ཕུན་ཚོགས་མཆོད་སྡོང་བཀོད་ལེགས་ཤིང་། །ཕྲིན་ལས་ཕུན་ཚོགས་ནོར་བུའི་རྒྱན་གྱིས་སྤྲས། །བཅོམ་ལྡན་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། །གྲགས་པའི་གཏེར་གྱུར་ཡོན་ཏན་རླབས་ཕྲེང་གིས། །ཉེས་པའི་དྲི་མ་མ་ལུས་འཁྲུད་མཛད་པའི། །བདེ་གཤེགས་སྲས་ཀྱིས་བསྐོར་བའི་མགོན་རྣམས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །མཆོག་བྱིན་ཡན་ལག་བརྒྱད་ལྡན་གངྒཱའི་རྒྱུན། །དད་གསུམ་ཡུར་བར་དྲངས་པའི་དགེ་མཚན་གྱིས། །ཚོགས་ཟུང་ལྦུ་བའི་འཛུམ་དཀར་གྲོལ་བ་ལ། །དོན་གཉིས་ཡུལ་འཁོར་སྲུང་རྣམས་རྩེན་གྱུར་ཅིག །མཆོག་གསུམ་ཐུགས་རྗེའི་ཆར་རྒྱུན་འབུམ་འཇོ་ཞིང་། །དཀར་ཕྱོགས་ལྷ་ཀླུ་དགྱེས་པའི་སྤྲིན་གྱི་སྒྲས། །དགེ་བཅུའི་རྨ་བྱ་དགའ་བའི་ཟློས་གར་གྱིས། །རྫོགས་ལྡན་དབྱར་དུས་དར་བའི་བཀྲ་ཤིས་ཤོག །ཅེས་པའང་དཔལ་གཡོ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ཀྱི་གཙུག་ལག་ཁང་དུ་ཐུབ་དབང་ཉེ་སྲས་བརྒྱད་ཀྱི་མཆོད་ཆོག་དང་འབྲེལ་བར་ཚོགས་གཉིས་འབྲེལ་འཇོག་བགྱིས་པའི་སྐབས། རྨོངས་བཙུན་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ།
༄༅། །ཇི་སྙེད་རྒྱལ་ཀུན་བསྐྱེད་པའི་ཡབ་གྱུར་ཀྱང་། །འགྲོ་ལ་རྗེས་བརྩེས་གཞོན་ནུའི་སྐུ་ལུས་འཆང་། །ཡེ་ཤེས་ཉི་མས་རྨོངས་པའི་མུན་པ་འཇོམས། །བྱང་སེམས་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །གང་སྐུ་ཟླ་བ་གཞོན་ནུའི་བསིལ་ཟེར་གྱིས། །འགྲོ་བའི་ཉོན་མོངས་ཚད་གདུང་གཏན་བཅིལ་ཞིང་། །ཕན་དང་བདེ་བའི་ཆུ་གཏེར་རྒྱས་མཛད་པ། །ཉེ་སྲས་པདྨའི་སྤྱན་ལ་ཕྱག་འཚལ་ལོ། །མཐུ་སྟོབས་རྡོ་རྗེ་འབར་བའི་གཟི་བྱིན་གྱིས། །ལོག་འདྲེན་བདུད་ཀྱི་སྡེ་ཚོགས་དཔའ་བཀོང་ནས། །གསང་ཆེན་འབྲས་བུའི་ཐེག་པ་རྒྱས་མཛད་པའི། །རྒྱལ་སྲས་གསང་འཛིན་མགོན་པོར་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱིས་མཁྱེན་བརྩེ་ནུས་པའི་སྟོབས། །གཅིག་བསྡོམས་བླ་མ་རིགས་གསུམ་སེམས་དཔའ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བཏབ་མཐུས། །མཆོག་དང་ཐུན་མོངས་དངོས་གྲུབ་འབད་མེད་སྩོལ། །རང་དོན་ཐོས་བསམ་སྒོམ་པའི་ཤེས་རབ་རྒྱས། །གཞན་དོན་བྱམས་དང་སྙིང་རྗེ་མཐའ་རུ་ཕྱིན། །གཉིས་དོན་མཐུ་སྟོབས་ནུས་པའི་རྩལ་ཆེན་རྫོགས། །བསྟན་འགྲོའི་ཕུན་ཚོགས་དགེ་འགྲུབ་བཀྲ་ཤིས་ཤོག །ཅེས་པའང་རང་གནས་བཀྲ་ཤིང་ཁང་གསར་ནང་ཐོག་མར་ཞག་ལ་ཕེབས་ཚེ་རྟེན་འབྲེལ་གྱི་ཚིགས་སུ་བཅད་པ་བརྗོད་པའོ།།
༈ ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ཡ། རྣམ་འདྲེན་རྒྱུ་སྐར་ཕྲེང་བའི་དབུས་ན། །ཐུགས་བསྐྱེད་ཟླ་བ་རྒྱས་པའི་དཀྱིལ་འཁོར། །སྙིགས་ལྔའི་རྒུད་པའི་གདུང་བ་བཅིལ་མཛད། །བླ་མ་ཐུབ་པའི་དབང་པོ་མཁྱེན་ནོ། །དོན་གཉིས་མཐའ་རུ་ཕྱིན་པར་མཛོད་ཅིག །གང་སྐུའི་རྣམ་འགྱུར་ཡུད་ཙམ་དྲན་པས། །རྨོངས་ཆེན་བློ་ཡི་མུན་ཚོགས་བསལ་ནས། །མཁྱེན་རབ་ཡེ་ཤེས་སྣང་བ་རྒྱས་མཛད། །བླ་མ་འཇམ་དཔལ་དཔའ་བོ་མཁྱེན་ནོ། །སྤོོབས་པའི་གཏེར་བརྒྱད་གྲོལ་བར་མཛོད་ཅིག །གང་མཚན་ལན་གཅིག་ཐོས་པ་ཙམ་གྱིས། །ལྡོག་དཀའ་སྲིད་པའི་ཆུ་ཀླུང་བཟློག་ཅིང་། །ཐེག་ཆེན་ལམ་གྱི་ངལ་སྟེགས་ལ་སྦྱོར། །བླ་མ་སྤྱན་རས་གཟིགས་དབང་མཁྱེན་ནོ། །བྱང་ཆུབ་སེམས་ཆོག་འབྱོང་བར་མཛོད་ཅིག །གང་ཞིག་དྲན་ན་ཆུ་སྲིན་རྒྱལ་མཚན། །ཁྲོས་པའི་རུ་མཚོན་འབུམ་ཕྲག་བསྙིལ་མཛད། །གསང་སྔགས་རིགས་སྔགས་ཀུན་གྱི་བདག་པོ། །བླ་མ་ལག་ན་རྡོ་རྗེ་མཁྱེན་ནོ། །བྱང་ཆུབ་ལམ་གྱི་འགལ་རྐྱེན་སོལ་ཅིག །བྱམས་པའི་ཏིང་འཛིན་ནོར་བུའི་ཞགས་པ། །གཅིག་པུ་ཉིད་དེས་རྣམ་གྲོལ་ཡོན་ཏན། །ཁྲག་ཁྲིག་སྡུད་ལ་མི་ངལ་ཐབས་མཁས། །བླ་མ་མ་ཕམ་མགོན་པོ་མཁྱེན་ནོ། །བསླབ་གསུམ་མཐའ་རུ་ཕྱིན་པར་མཛོད་ཅིག །བློ་ཆེན་གཞན་ལ་བསྐལ་པར་བོས་ལས། །ཁྱོད་མཚན་ལན་གཅིག་དྲན་གང་དོན་ཆེར། །བདེན་གསུང་སེངྒེའི་སྒྲ་ཡིས་བསྔགས་པའི། །བླ་མ་ས་ཡི་སྙིང་པོ་མཁྱེན་ནོ། །སྣོད་བཅུད་དགེ་མཚན་སྤེལ་བར་མཛོད་ཅིག །འགྲོ་ཀུན་འཇམ་དཔལ་དཔའ་བོའི་སྤོབས་པ། །ཐོབ་ཀྱང་གང་གི་ཏིང་འཛིན་རྣམ་གྲངས། །ཆ་ཙམ་དཔོག་དཀར་ཐུབ་པས་རྗེས་བསྔགས། །བླ་མ་སྒྲིབ་པ་རྣམ་སེལ་མཁྱེན་ནོ། །སྒྲིབ་པའི་འཆིང་བ་མ་ལུས་ཁྲོལ་ཅིག །དུས་དྲུག་གཟིགས་པ་འགྲོ་ལ་བཙའ་བས། །སུ་ཞིག་རྒུད་པས་མནར་བ་རྗེས་འཛིན། །ལྟུང་ལྡན་རྣམས་ཀྱི་འཁར་བ་གཅིག་པུ། །བླ་མ་ནམ་མཁའི་སྙིང་པོ་མཁྱེན་ནོ། །ལྟུང་བའི་རི་བོ་རྨང་ནས་འགྱེལ་མཛོད། །ཆོས་དབྱིངས་དང་མཉམ་སྨོན་ལམ་སྤྲིན་ལས། །དོན་གཉིས་འདོད་པ་འཇོ་བའི་ཆར་བཟང་། །སྲིད་མཐའི་བར་དུ་ཅི་དགར་འབད་མཛད། །བླ་མ་ཀུན་ཏུ་བཟང་པོ་མཁྱེན་ནོ། །སྨོན་ལམ་མཐའ་རུ་ཕྱིན་པར་མཛོད་ཅིག །བདག་སོགས་འགྲོ་ཀུན་སྐྱེ་ཞིང་སྐྱེ་བར། །དལ་འབྱོར་རྟེན་ཐོབ་ཐེག་ཆེན་རིགས་སད། །མཚན་ལྡན་བཤེས་བསྟེན་བསླབ་གསུམ་རྣམ་དག །ཐོས་བསམ་སྒོམ་པ་མཐར་ཕྱིན་མཛོད་ཅིག །རླབས་ཆེན་རྫོགས་སྨིན་སྦྱངས་པ་རྒྱ་མཚོ། །དཔའ་ཆེན་རྣམས་ཀྱི་རྣམ་ཐར་རྗེས་སྙོགས། །མུ་མེད་འགྲོ་ཀུན་བདག་ཉིད་གཅིག་པུས། །འདྲེན་པའི་ནུས་པ་མྱུར་དུ་སྩོལ་མཛོད། །སྲིད་ན་ཕན་བདེ་ཀུན་གྱི་གཞི་གཅིག །དྲི་མེད་རྒྱལ་བསྟན་ལུང་དང་རྟོགས་པ། །སྲིད་མཐའི་བར་དུ་བཤད་དང་སྒྲུབ་པས། །མི་ཉམས་ཡར་ཟླའི་དཔལ་ལྟར་མཛོད་ཅིག །གྲངས་མེད་དུས་ནས་གཉེན་གྱུར་འགྲོ་ཚོགས། །སྡུག་བསྔལ་ཀུན་འབྱུང་རྒྱུར་བཅས་བྱང་ནས། །ལམ་བདེན་ཐེག་མཆོག་བཞོན་པ་ལ་བརྟེན། །རྣམ་མཁྱེན་གྲོང་དུ་དབུགས་དབྱུང་མཛོད་ཅིག །གནས་སྐབས་སུ་ཡང་མི་མཐུན་དུས་ཀྱི། །རྒུད་པའི་གྲང་རེག་མ་ལུས་རྒྱུན་ཆད། །རྫོགས་ལྡན་དབྱར་གྱི་དུས་སྟོན་བཟང་པོས། །ཕྱོགས་དུས་ཀུན་ཏུ་ཁྱབ་པར་མཛོད་ཅིག །ཅེས་པའང་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱི་ལྷག་བསམ་རྩེ་གཅིག་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག
༈ ཨེ་མ་ཧོ། ཁྱད་ཆོས་དྲུག་ལྡན་སྟོན་པ་ཀུན་ཏུ་བཟང་། །བདེ་ཆེན་ཁ་སྦྱོར་བདུན་ལྡན་རྡོ་རྗེ་སེམས། །ངེས་གསང་བཀའ་ཡི་སྡུད་པོ་རྡོ་རྗེ་ཅན། །སྐུ་གསུམ་སྟོན་འཁོར་རྣམས་ལ་གསོལ་བ་འདེབས། །ཏནྟྲ་བཅོ་བརྒྱད་སྙིང་པོའི་ལམ་བཟང་ཆེ། །གསལ་མཛད་སྨྲ་བའི་ཉི་མ་ལི་ཙཱ་བི། །དྲི་མེད་གྲགས་སོགས་ལྷ་ཀླུ་གནོད་སྦྱིན་སྲིན། །རིགས་ཅན་དྲྭ་མ་ལྔ་ལ་གསོལ་བ་འདེབས། །རྒྱུད་སྡེ་རྒྱ་མཚོའི་ཤིང་རྟ་རྒྱལ་པོ་ཛཿ། །ཟབ་གཏེར་སྒྲུབ་སྡེའི་སྒོ་འབྱེད་རིག་འཛིན་བརྒྱད། །ཐེག་མཆོག་བསྟན་པའི་མངའ་བདག་དགའ་རབ་རྗེ། །རིག་འཛིན་གྲུབ་མཆོག་ཡོངས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་ཀུན་ངོ་བོ་པདྨ་འབྱུང་། །ཐུགས་སྲས་ལས་ཅན་སྙིང་གི་བུ་དགུ་དང་། །བཀའ་བབས་ཉེར་གཅིག་འབངས་རིགས་ཉེར་ལྔ་སོགས། །རྣལ་འབྱོར་དབང་ཕྱུག་རྣམས་ལ་གསོལ་བ་འདེབས། །རྣམ་གསུམ་ཡོ་གའི་བབས་སོ་རྨ་གཉགས་གནུབས། །གསང་བདག་དངོས་བྱོན་ཟུར་པ་མེས་དབོན་གསུམ། །སྨྲ་བའི་ཉི་མ་རོང་ཀློང་མྱོས་སྟོན་སོགས། །བརྒྱུད་འཛིན་སློབ་མར་བཅས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་སྐུ་གསུམ་སྟོན་འཁོར་ཚོགས། །བྱིན་གྱིས་རློབས་ཤིག་རིག་འཛིན་རྩལ་འཆང་རྣམས། །བདག་སོགས་འགྲོ་ལ་སྨིན་གྲོལ་དབང་བསྐུར་ཞིང་། །རྣམ་བཞིའི་རིག་འཛིན་གྲུབ་པའི་དངོས་གྲུབ་སྩོལ། །ཕུང་ཁམས་སྐྱེ་མཆེད་ལྷ་ཡི་འཁོར་ལོར་དག །རྩ་རླུང་ཐིག་ལེའི་བྱེད་བཅིང་དབུ་མར་ཐིམ། །སྣང་བཞི་མཐར་ཕྱིན་འཕོ་ཆེན་རྡོ་རྗེའི་སྐུ། །མངོན་གྱུར་དོན་གཉིས་མཐར་ཕྱིན་བྱིན་གྱིས་རློབས། །ཞེས་པའང་མཁན་ཆེན་རྡོ་རྗེ་འཛིན་པའི་སྐུ་ཚ་གར་དབང་བསྟན་འཛིན་གྱིས་བཞེད་སྐོང་དུ་བནྡེ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་ཤིང་གསོལ་བ་བཏབ་པ་དགེ།
༈ བསྟན་པའི་བདག་པོ་མཉམ་མེད་ཤཱཀྱའི་ཏོག །དེ་སྲས་མཚུངས་མེད་རྒྱལ་ཚབ་མ་ཕམ་མགོན། །རིགས་གསུམ་སེམས་དཔའ་གནས་བརྟན་བཅུ་དྲུག་སོགས། །སྟོན་དང་བསྟན་འཛིན་ཚོགས་ལ་གསོལ་བ་འདེབས། །མཁྱེན་པའི་གཏེར་གྱུར་འཇམ་མགོན་དགྱེས་པའི་སྲས། །ཆོས་ཉིད་བདེན་མཐོང་རྣམ་གསུམ་བཀའ་འཁོར་འགྲེལ། །རྒོལ་ངན་དཔུང་བཅོམ་འཕགས་པ་ཀླུ་སྒྲུབ་ཅེས། །ཟབ་མོ་ལྟ་བའི་རྒྱན་ལ༴ དེ་གཞུང་ཟབ་བརླིང་སྔོན་མེད་མཚོ་ཆེན་མཆོག །མཁྱེན་དཔྱོད་ལྷུན་པོས་བསྲུབས་ལས་ཉེར་ཐོན་པའི། །དགོངས་འགྲེལ་ཉི་ཟླའི་དཀྱིལ་འཁོར་སྣང་མཛད་པ། །ཨཱཪྱ་དེ་ཝའི་ཞབས་ལ༴ བྱམས་པས་རྗེས་བཟུང་ས་གསུམ་མངོན་རྟོགས་བརྙེས། །ཐེག་མཆོག་སེང་གེའི་ང་རོ་སྲིད་ན་བསྒྲགས། །རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཅེས། །རྒྱ་ཆེན་སྤྱོད་པའི་རྒྱན་ལ༴ བྱམས་གཞུང་སྔོན་མེད་རྡུལ་བྲལ་མ་ཎི་ཀ །འཆད་རྩོད་རྒྱལ་མཚན་རྩེ་མོར་ལེགས་མཆོད་པས། །ས་གསུམ་ཆོས་ཀྱི་དབུལ་བ་གཏན་བཅིལ་མཛད། །སློབ་དཔོན་དབྱིག་གཉེན་ཞབས་ལ༴ མཁྱེན་པའི་འདབ་སྟོང་འཇམ་མགོན་ཉི་མས་བཞད། །རིགས་པའི་མཚོན་རྣོན་རྒོལ་ངན་ལྕེ་ལ་འདེབས། །རིག་སྔགས་མཆོག་གྲུབ་ཕྱོགས་ཀྱི་གླང་པོ་ཞེས། །རྣམ་དག་རིགས་པའི་རྒྱན་ལ༴ ཕས་རྒོལ་གླང་པོ་སྟོང་གི་སྤྱི་བོ་རུ། །འཇིགས་བྲལ་བདེ་བར་རྩེན་པའི་མིའི་སེང་གེ། །ལུང་རིགས་ང་རོས་ས་གསུམ་གཡོ་མཛད་པ། །དཔལ་ལྡན་ཆོས་ཀྱི་གྲགས་པར༴ འདུལ་བ་བདུད་རྩིའི་རྒྱན་གྱུར་ཡོན་ཤཱཀ་ཟུང་། །བྱང་ཆུབ་སེམས་ཀྱི་མངའ་བདག་རྨད་བྱུང་གཉིས། །ཕུལ་བྱུང་གྲགས་པའི་གཏེར་གྱུར་ཆེན་པོ་བཞི། །འཕགས་ཡུལ་བསྟན་སྐྱོང་རྣམས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་ཞིང་། །ཟབ་དང་རྒྱ་ཆེའི་ཐེག་མཆོག་སྙིང་པོའི་དོན། །ཇི་བཞིན་ལེགས་རྟོགས་སྲིད་མཐར་འཛིན་བྱེད་ཤོག །སྤྲོས་བྲལ་ལྟ་བའི་ཟབ་གནད་ཇི་བཞིན་རྟོགས། །རྒྱ་ཆེན་སྤྱོད་གཞུང་རྒྱ་མཚོའི་ཕ་མཐར་ཕྱིན། །སོ་སོ་ཡང་དག་རིག་བཞིས་ཆོས་སྒོ་འབྱེད། །དོན་གཉིས་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །ཅེས་པའང་བཙུན་ཆུང་ཐུབ་བསྟན་ཆོས་འཕེལ་གྱི་བཞེད་ངོར་བནྡེ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་ཤིང་གསོལ་བ་བཏབ་པ་སིདྡྷིརསྟུ།
༈ དཔལ་ལྡན་ཚོགས་གཉིས་ནོར་བུའི་སྤྲིན་ཆེན་ལས། །དགེ་ལེགས་འདོད་དགུའི་གྲུ་ཆར་འཇོ་བ་ཡིས། །ས་གསུམ་སྐྱེ་རྒུའི་རེ་བ་སྐོང་མཛད་པ། །ཐུབ་ཆེན་འགྲོ་བའི་བླ་མར་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པར་མཛད་དུ་གསོལ། །གཟོད་མ་ཉིད་ནས་མངོན་པར་བྱང་ཆུབ་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པ་ཇི་སྲིད་པར། །རྒྱལ་སྲས་ཚུལ་གྱིས་འགྲོ་དོན་མཛད་པ་ཡི། །འཕགས་པ་ཉེ་སྲས་བརྒྱད་ལ་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པར་མཛད་དུ་གསོལ། །ལྷ་མིའི་སྟོན་པ་ཤཱཀྱ་སེང་གེ་ཡི། །བསྟན་པ་རིན་ཆེན་གང་ལ་གཉེར་གཏད་པས། །སྣ་ཚོགས་ཐབས་ཀྱིས་བསྟན་འགྲོའི་ཕན་བདེ་སྤེལ། །དགྲ་བཅོམ་གནས་བརྟན་ཚོགས་ལ་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པར་མཛད་དུ་གསོལ། །འཛམ་གླིང་མཛེས་པའི་རྒྱན་མཆོག་རྨད་བྱུང་གཉིས། །རིག་འཛིན་རྣམ་བརྒྱད་གྲུབ་ཆེན་བརྒྱད་ཅུ་སོགས། །མཆོག་གི་སར་གནས་པཎ་གྲུབ་རིག་པ་འཛིན། །འཕགས་ཡུལ་བསྟན་སྐྱོང་རྣམས་ལ་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པར་མཛད་དུ་གསོལ། །རིགས་གསུམ་སྒྱུ་འཕྲུལ་མཁན་སློབ་ཆོས་རྒྱལ་དང་། །སྤྲུལ་པའི་ལོ་པཎ་རིག་འཛིན་བརྒྱུད་པར་བཅས། །ཟབ་གཏེར་སྒོ་འབྱེད་མཁས་གྲུབ་རིམ་བྱོན་ཚོགས། །སྔ་འགྱུར་བརྒྱུད་འཛིན་རྣམས་ལ༴ བསྟན་པ་ཡུན་རིང་གནས་པར༴ གཞན་ཡང་བཀའ་གདམས་གསར་རྙིང་ལམ་འབྲས་པ། །མར་ཤངས་བཀའ་བརྒྱུད་ཞི་གཅོད་སྦྱོར་བ་དྲུག །ཨོ་རྒྱན་བསྙེན་སྒྲུབ་ཤིང་རྟ་ཆེ་བརྒྱད་ཀྱི། །རིང་ལུགས་གསལ་མཛད་རྣམས་ལ༴ བསྟན་པ་ཡུན་རིང་གནས་པར༴ ཁྱད་པར་ཡེ་ཤེས་སྐུ་ཅན་འཁོར་ལོའི་མགོན། །རིས་བྲལ་བསྟན་པའི་ཉི་མ་གཅིག་པུ་པ། །རྣམ་ཐར་བསམ་ཡས་ཆོས་ཀྱི་དབྱིངས་ཁྱབ་པའི། །རྩ་བའི་བླ་མ་རྣམས་ལ༴ བསྟན་པ་ཡུན་རིང་གནས༴ གཞན་ཡང་རྒྱལ་བའི་སྤྱན་སྔར་ཞལ་བཞེས་ཤིང་། །བསྟན་པ་རིན་ཆེན་མཛོད་ཀྱི་གཉེར་འཛིན་པ། །ཚངས་དང་བརྒྱ་བྱིན་རྒྱལ་ཆེན་བཞི་ལ་སོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ༴ བསྟན་པ་ཡུན་རིང་༴ ཀྱེ་མ་བདག་འདྲ་སྙིགས་སྤྱོད་གདུལ་དཀའི་འགྲོ། །མ་རིག་དབང་གིས་ཆོས་ཀྱི་གནད་མ་རྟོགས། །ཐེ་ཚོམ་ཆེ་བས་བཀའ་ལ་ཡིད་གཉིས་ཟ། །སྐྱོན་རྟོག་རགས་པས་དག་སྣང་སྒོ་མོ་འགགས། །གྲོགས་ངན་རྐྱེན་གྱིས་གྲུབ་མཐའི་ཕྱོགས་ཞེན་ཤོར། །ཆོས་སྤོང་ངན་འགྲོའི་གཡང་སར་འཕྱན་ལ་ཉེ། །འདི་ལས་སྐྱོབས་ཤིག་རྒྱལ་བ་སྲས་དང་བཅས། །བྱིན་གྱིས་རློབས་ཤིག་རིག་འཛིན་བརྒྱུད་པའི་ཚོགས། །ཆོས་དྲེད་འདི་ལས་མྱུར་དུ་བསྒྲལ་དུ་གསོལ། །ཆོས་དང་སེམས་རྒྱུད་འདྲེས་པའི་ཉམས་ལེན་གྱིས། །བདག་འཛིན་ཁོང་དུ་སོད་པར་བྱིན་གྱིས་རློབས། །མཚུངས་མེད་བླ་མའི་ཞབས་པད་སྐལ་བརྒྱར་བརྟན། །དགེ་འདུན་སྡེ་འཕེལ་སྤང་ཀློག་ཕྲིན་ལས་རྒྱས། །ཀླ་ཀློའི་འཇིགས་ཞི་འགྲོ་ཚོགས་བསྟན་ལ་གུས། །ཐུབ་བསྟན་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག

སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གསོལ་འདེབས་དད་པའི་རླབས་ཕྲེང་།

༄༅། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གསོལ་འདེབས་དད་པའི་རླབས་ཕྲེང་། ན་མོ་གུ་རུ་བཛྲ་དྷཱ་ར་ཡ། ཀུན་བཟང་རིགས་ལྔ་སྟོན་པ་བཅུ་གཉིས་དང་། །རིགས་གསུམ་དྲྭ་མ་ལྔ་དང་རྒྱལ་པོ་ཛཿ། །དགའ་རབ་བི་མ་པད་འབྱུང་བེ་རོ་སོགས། །སྔ་འགྱུར་བརྒྱུད་པའི་བླ་མར་གསོལ་བ་འདེབས། །མར་མེ་མཛད་དང་འབྲོམ་སྟོན་སྐུ་མཆེད་གསུམ། །གླང་ཤར་རྣམ་གཉིས་ཙོང་ཁ་པ་ལ་སོགས། །ལྷ་བཞི་གཞུང་གདམས་མན་ངག་སྲོལ་འཛིན་བའི། །བཀའ་གདམས་བརྒྱུད་པའི་བླ་མར་གསོལ་བ་འདེབས། །ག་ཡ་དྷཱ་ར་འབྲོག་མི་སེ་སྟོན་རྗེ། །གོང་མ་རྣམ་ལྔ་ངོར་རྫོང་ཚ་བ་སོགས། །གསང་ཆེན་སློབ་བཤད་བསྟན་པ་གསལ་མཛད་པའི། །ལམ་འབྲས་བརྒྱུད་པའི་བླ་མར༴ དགྱེས་མཛད་སྤྲུལ་པའི་ལོ་ཙཱ་མར་སྟོན་རྗེ། །ཀ་ཆེན་བཞི་དང་ཁྱད་པར་སྒོམ་པོ་པ། །ཆེ་བཞི་ཆུང་བརྒྱད་གདམས་པའི་བཅུད་འཛིན་པའི། །བཀའ་ཕྱག་བརྒྱུད་པའི་བླ་མར༴ རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་གཉིས། །ཁྱུང་པོ་རྣལ་འབྱོར་རིན་ཆེན་བདུན་བརྒྱུད་ཟུང་། །ཐང་རྒྱལ་གྲོལ་མཆོག་ཏཱ་ར་ན་ཐ་སོགས། །ཤངས་ལུགས་བརྒྱུད་པའི་བླ་མར༴ དམ་པ་སངས་རྒྱས་ཛྙཱ་ན་གུ་ཧྱ་དང་། །རྨ་སོ་ཀམ་གསུམ་སྒོ་བའི་རྣལ་འབྱོར་བཞི། །སྐྱོ་སྟོན་ལབ་སྒྲོན་ཡུམ་སྲས་བརྒྱུད་པར་བཅས། །ཞི་གཅོད་བརྒྱུད་པའི་བླ་མར༴ ཆོས་རྒྱལ་རིགས་ལྡན་རིམ་བྱོན་ཙི་ལུ་པ། །གྱི་གྱོ་རྭ་འབྲོ་ཙ་མི་སྒ་ལོ་སོགས། །ཇོ་ཞལ་རྣམ་གཉིས་ཀུན་མཁྱེན་དོལ་པོ་པ། །སྦྱོར་དྲུག་བརྒྱུད་པའི་བླ་མར༴ ཡེ་ཤེས་ཌཱ་ཀི་གྲུབ་ཆེན་ཨོ་རྒྱན་པ། །མཁར་ཆུ་ཟླ་སེང་གོ་ལུང་ཟུར་ཕུག་པ། །ཤངས་སྟོན་སྙེ་མདོ་པ་དང་རང་བྱུང་ཞབས། །བསྙེན་སྒྲུབ་བརྒྱུད་པའི་བླ་མར༴ ཁྱད་པར་སྒྲུབ་བརྒྱུད་བརྒྱད་ཀྱི་རིང་ལུགས་མཆོག །ཀུན་འདུས་ཟབ་རྒྱས་གདམས་པའི་ཡིད་བཞིན་གཏེར། །འབྱེད་མཛད་འཁོར་ལོའི་མགོན་པོ་ཡབ་སྲས་སོགས། །བཀའ་དྲིན་ཟླ་བྲལ་རྣམས་ལ༴ དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཚེ་རབས་ཕྲེང་བར་དམ་པའི་ཆོས་འཛིན་ཅིང་། །ཟབ་གསང་རིམ་གཉིས་རྣལ་འབྱོར་མཐར་ཕྱིན་ནས། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་འགྲུབ་ཤོག །ཅེས་པའང་ཟུང་འཇུག་གྲུབ་པའི་རྡོ་རྗེས་གུས་པས་གསོལ་བ་བཏབ་པ་དགེ།

སྡོམ་གསུམ་བརྒྱུད་པའི་གསོལ་འདེབས་སྙིང་པོ་བསྡུས་པ་དད་པའི་གསོས་སྨན།

༄༅། །སྡོམ་གསུམ་བརྒྱུད་པའི་གསོལ་འདེབས་སྙིང་པོ་བསྡུས་པ་དད་པའི་གསོས་སྨན། ན་མོ་གུ་རུ་རཏྣ་ཡ། ཐུབ་དབང་ཤཱ་རིའི་བུ་དང་སྒྲ་གཅན་འཛིན། །བྲམ་ཟེའི་བཙུན་པ་ཀླུ་སྒྲུབ་ཡབ་སྲས་དང་། །བཀའ་དྲིན་ཟླ་མེད་ཞི་འཚོ་བླ་ཆེན་སོགས། །སོ་ཐར་བརྒྱུད་པའི་བླ་མར་གསོལ་བ་འདེབས། །རྒྱལ་སྲས་འཇམ་དཔལ་དབྱངས་དང་མ་ཕམ་མགོན། །ཀླུ་སྒྲུབ་ཞི་བ་ལྷ་དང་ཐོགས་མེད་མཆེད། །ཨ་ཏི་ཤ་དང་ཀུན་མཁྱེན་ཆོས་རྗེ་སོགས། །བྱང་སེམས་བརྒྱུད་པའི་བླ་མར༴ ཀུན་བཟང་རིགས་ལྔ་རིགས་གསུམ་རྒྱལ་པོ་ཛཿ། །དགའ་རབ་ཤྲཱི་སེང་པད་འབྱུང་རིག་འཛིན་བརྒྱད། །རྨ་གཉགས་གནུབས་ཟུར་གཏེར་སྟོན་བརྒྱ་རྩ་སོགས། །གསང་སྔགས་བརྒྱུད་པའི་བླ་མར༴ བརྒྱུད་སྲོལ་ཀུན་འདུས་གཏེར་ཆེན་བླ་མ་དང་། །དྷརྨ་ཤྲཱི་རྩ་བའི་བླ་མ་སོགས། །བཀའ་དྲིན་ཟླ་མེད་གསེར་རིའི་ཕྲེང་བཟང་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ཚེ་རབས་ཕྲེང་བར་དམ་པའི་མགོན་རྣམས་ཀྱིས། །རྗེས་བཟུང་ཐེག་པ་ཆེན་པོའི་རིགས་སད་ནས། །སོར་བྱང་སྔགས་ཀྱི་བཅས་ཁྲིམས་རྣམ་པར་དག །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་མངའ་ཐང་དར། །ཚུལ་གནས་ཐོས་བསམ་སྒོམ་པའི་བྱ་བ་འཕེལ། །བསླབ་གསུམ་རྒྱན་མཛེས་བསྡུ་བཞིའི་ཕྲིན་ལས་ཀྱིས། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་སྔགས་བཙུན་ཟེ་ཆེན་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་གསོལ་བ་བཏབ་པ་དགེ། ༈ སྤྱི་དང་འདྲེན་དང་དབང་བསྐུར་ཉམས་ཆག་སྐོང་། །མན་ངག་སྟོན་དང་ཤེས་རྒྱུད་འགྲོལ་མཛད་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཅེས་པདྨ་བི་ཛས་སོ།། ༈ ན་མོ་གུ་རུ། རབ་འབྱམས་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །དཔག་ཡས་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀུན། །གཅིག་བསྡོམས་བཀའ་དྲིན་མཚུངས་མེད་རྡོ་རྗེ་འཆང་། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །སྐུ་ལྔ་ལྷུན་གྲུབ་ཡང་དག་རྫོགས་སངས་རྒྱས། །ཞི་གྱུར་ཆགས་བྲལ་ལུང་རྟོགས་དམ་པའི་ཆོས། །རིག་གྲོལ་ཡོན་ཏན་རྨད་བྱུང་དགེ་འདུན་སྡེ། །དཀོན་མཆོག་རིན་ཆེན་གསུམ་ལ་གསོལ་བ་འདེབས། །ལྷ་མིའི་བླ་མ་མཉམ་མེད་ཤཱཀྱའི་ཏོག །གཏད་རབས་བདུན་དང་རྒྱན་མཆོག་རྨད་བྱུང་གཉིས། །རིག་འཛིན་རྣམ་བརྒྱད་གྲུབ་ཆེན་བརྒྱད་ཅུ་སོགས། །འཕགས་ཡུལ་བསྟན་སྐྱོང་རྣམས་ལ༴ གངས་ལྗོངས་འགྲོ་བའི་མིག་གཅིག་པདྨ་འབྱུང་། །བསྟན་པའི་སྲོག་ཤིང་མཁན་ཆེན་ཞི་བ་འཚོ། །སྤྲུལ་པའི་ཆོས་རྒྱལ་ལོ་པཎ་བྱང་སེམས་སོགས། །བཀའ་དྲིན་ཟླ་མེད་རྣམས་ལ༴ སྔ་འགྱུར་བཀའ་གཏེར་བཀའ་གདམས་གསར་རྙིང་དང་། །མར་ཤངས་བཀའ་བརྒྱུད་ལམ་འབྲས་སྦྱོར་དྲུག་པ། །ཞི་གཅོད་བསྙེན་སྒྲུབ་ཤིང་རྟ་ཆེ་བརྒྱད་ཀྱི། །བརྒྱུད་པའི་བླ་མ་རྣམས་ལ༴ བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེ་དང་། །འབྲེལ་བའི་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅས། །རབ་འབྱམས་རྩ་གསུམ་ལྷ་ལ༴ དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཚེ་རབས་ཕྲེང་བར་འབྲལ་མེད་རྗེས་བཟུང་ཞིང་། །སྲིད་ཞིའི་ཁམས་ཀྱི་དགེ་མཚན་རབ་འཕེལ་ནས། །དོན་གཉིས་བསམ་པ་ཡིད་བཞིན་འགྲུབ་པར་ཤོག །རྒྱལ་བས་ལེགས་བསྔགས་ལྷ་བས་ལྷག་པའི་རྟེན། །སྔོན་བསགས་མཐུ་ཡིས་ལན་གཅིག་རྙེད་པའི་ཚེ། །འདིར་སྣང་ཞེན་པའི་བདུད་ཀྱི་མི་བསླུ་བར། །སྙིང་ནས་བརྩོན་པས་བྱང་ཆུབ་བསྒྲུབ་པར་ཤོག །སྣོད་བཅུད་མི་རྟག་སྒྱུ་མའི་སྤྲིན་རུམ་ན། །ཚེ་སྲོག་གཡོ་བ་གློག་གི་གར་མཁན་ལྟའི། །འདུས་བྱས་མཚན་མའི་རང་མཚང་མཐོང་ནས་ནི། །ལོང་མེད་བརྩོན་འགྲུས་རྒྱུད་ལ་སྐྱེ་བར་ཤོག །དགེ་ལས་བདེ་དང་སྡིག་ལས་སྡུག་བསྔལ་བ། །ནམ་ཡང་མི་བསླུ་ལས་འབྲས་ཟབ་མོའི་ཚུལ། །ལེགས་པར་རྟོགས་པའི་ཡིད་ཆེས་བརྟན་པོ་ཡིས། །འཇུག་ལྡོག་ལག་ལེན་ཚུལ་བཞིན་བྱེད་པར་ཤོག །གཟུང་འཛིན་ལྕགས་སྒྲོག་སྲ་བས་དམ་བཅིངས་ནས། །སྡུག་བསྔལ་གསུམ་གྱི་ཆད་པས་རྟག་མནར་བའི། །ཐར་དཀའ་གཏིང་ཟབ་སྲིད་པའི་ཁྲི་མུན་ལས། །ཐར་འདོད་ངེས་འབྱུང་བཅོས་མིན་སྐྱེད་པར་ཤོག །གང་ལ་བརྟེན་ན་སྲིད་པའི་ཚད་གདུང་འབུམ། །གཅིག་ཅར་གཞོམ་ནུས་མཆོག་གསུམ་གདུགས་དཀར་པོ། །རང་གཞན་འཇིགས་པ་གསུམ་ལས་སྐྱོབ་པའི་ཕྱིར། །བྱང་ཆུབ་བར་དུ་སྐྱབས་སུ་བརྟེན་པར་ཤོག །འགྲོ་ལ་དམིགས་མེད་སྙིང་རྗེ་ཆེན་པོའི་བློས། །རྫོགས་བྱང་དོན་གཉེར་ཐེག་ཆེན་བྱང་ཆུབ་སེམས། །ཐབས་ཚུལ་དུ་མས་རྒྱུད་ལས་སྐྱེད་ནས་ཀྱང་། །སྨོན་འཇུག་བསླབ་ཀུན་མཐའ་རུ་ཕྱིན་པར་ཤོག །ངེས་འབྱུང་དད་བརྩོན་སྙིང་བརྩེ་ཕུན་ཚོགས་པས། །སོ་བྱང་སྔགས་ཀྱི་བཅས་ཁྲིམས་རྣམ་དག་ངོས། །ཐོས་བསམ་སྒོམ་པའི་ཡོན་ཏན་རབ་རྫོགས་ནས། །རླབས་ཆེན་བསྟན་འགྲོའི་ཕན་བདེ་སྤེལ་བར་ཤོག །རྒྱལ་བསྟན་དར་ཞིང་བསྟན་འཛིན་ཞབས་པད་བརྟན། །བོད་ཁམས་བདེ་སྐྱིད་དགེ་བཅུའི་ཁྲིམས་སྲོལ་དར། །ཀུན་ཀྱང་ཐེག་པ་ཆེན་པོས་རྒྱུད་གྲོལ་ནས། །ཕྱམ་གཅིག་གདོད་མའི་རྒྱལ་སར་དབང་འབྱོར་ཤོག །ཅེས་འདི་མོས་ལྡན་འགའ་ཞིག་གིས། །དགེ་རྩའི་ཁས་ལེན་མི་དམན་བཅས། །འདི་ལྟར་བྲིས་ཞེས་བསྐུལ་བའི་ངོར། །ལས་ངན་སྐུ་སྐྱེའི་མིང་ཐོགས་ཤིང་། །ལུས་ངན་ཆོས་དྲེད་སེར་གཟུགས་པ། །ཟས་ངན་ལོག་འཚོར་རྟག་གཡེངས་པའི། །གཤིས་ངན་པདྨ་བི་ཛས་བྲིས། །དགེ་བས་ངན་སོང་དོང་སྤྲུགས་ཤོག །

ཀུན་མཁྱེན་ངག་གི་དབང་པོ་ལ་གསོལ་བ་འདེབས་པ་མོས་གུས་རྒྱ་མཚོའི་རླབས་ཕྲེང་།

༄༅། །ཀུན་མཁྱེན་ངག་གི་དབང་པོ་ལ་གསོལ་བ་འདེབས་པ་མོས་གུས་རྒྱ་མཚོའི་རླབས་ཕྲེང་བཞུགས། ན་མོ་གུ་རུ་ཤཱི་ལ་མ་ཏི་ཡེ། དཔལ་ལྡན་དགེ་ལེགས་བྱེ་བའི་ཆུ་གཏེར་ལས། །ཉེར་ཐོན་ཕུལ་བྱུང་མཁྱེན་བརྩེའི་འོད་ཟེར་གྱིས། །ཐུབ་བསྟན་པད་ཚལ་ཆེས་ཆེར་བཞད་མཛད་པ། །ཀུན་མཁྱེན་ངག་གི་དབང་པོར་གསོལ་བ་འདེབས། །ངེས་འབྱུང་འཛིན་མའི་གཞི་ལས་ཉེར་འཁྲུངས་པའི། །དྲི་མེད་བསླབ་གསུམ་འདབ་རྒྱས་པདྨ་དཀར། །ལེགས་བཤད་བདུད་རྩི་འབུམ་ཕྲག་འཇོ་བའི་དཔྱིད། །ཀུན་མཁྱེན་ངག་གི་དབང་༴ འགྲོ་སྒྲོལ་དམ་བཅའི་གོ་ཆ་རབ་བརྟན་ཅིང་། །ཚད་མེད་རྣམ་བཞིའི་ཡལ་འདབ་ཆེར་རྒྱས་ཏེ། །ཕྱིན་དྲུག་སྤྱོད་པ་རྒྱ་མཚོའི་འབྲས་སྨིན་པ། །ཀུན་མཁྱེན་ངག་གི་དབང་༴ ཐུན་མོང་ཐུན་མིན་གཙུག་ལག་ལམ་གསུམ་འབབ། །མ་ལུས་ཧུབ་ཀྱིས་དྲངས་པའི་དཔལ་ཡོན་གྱིས། །དྲི་མེད་ལུང་གི་ལུས་སྟོབས་ཆེར་རྒྱས་པ། །ཀུན་མཁྱེན་ངག་གི་དབང་༴ ཡང་དག་ཚད་མ་གསུམ་གྱི་རྣམ་དཔྱོད་ཀྱིས། །འཁྲུལ་པའི་ཆུ་བོ་མ་ལུས་རིང་དོར་ནས། །ཐེག་མཆོག་འོ་མའི་བཅུད་ལ་དགྱེས་རོལ་པའི། །ཀུན་མཁྱེན་ངག་གི་དབང་༴ རྒྱལ་བས་ལེགས་གསུངས་རྒྱུ་དང་འབྲས་བུ་ཡི། །གཞུང་ལུགས་མཐའ་དག་གདམས་པར་ཤར་བ་ཡི། །སྒོམ་བྱུང་ཀློང་ནས་རྡོལ་ལ་མཚུངས་མེད་པ། །ཀུན་མཁྱེན་ངག་གི་དབང་༴ རང་གི་ཐུགས་སུ་ཆུད་པའི་བདུད་རྩི་མཆོག །ཟང་ཟིང་མེད་པར་ཐུགས་བརྩེ་འབའ་ཞིག་གིས། གདུལ་འགྲོ་ཡོངས་ལ་ཅི་དགར་སྩོལ་མཛད་པ། །ཀུན་མཁྱེན་ངག་གི་དབང་༴ མང་དུ་ཐོས་པ་ལུང་གི་རྩལ་རྫོགས་ཤིང་། །ཕ་རོལ་རྒོལ་འཇོམས་རིགས་པའི་གད་རྒྱངས་ཀྱིས། །ལོག་སྨྲའི་ཝ་སྐྱེས་སྔངས་མཛད་ཁ་ལྔ་པ། །ཀུན་མཁྱེན་ངག་གི་དབང་༴ ངན་པ་དྲུག་དང་འཁྲུལ་པའི་དྲི་བྲལ་ཞིང་། །ཡོན་ཏན་གསུམ་རྫོགས་རྒྱལ་བ་དགྱེས་པའི་ལམ། །ལེགས་བཤད་ཆར་གྱིས་ས་གསུམ་ཁྱབ་མཛད་པ། །ཀུན་མཁྱེན་ངག་གི་དབང་༴ འཇམ་དཔལ་ཡབ་ཡུམ་མཁྱེན་བརྩེའི་འོད་ཟེར་གྱིས། །བློ་མཆོག་པད་ཚལ་ཅིག་ཅར་བཞད་པ་ལ། །དཔལ་ལྡན་གངས་རིའི་ཁྲོད་ན་ཟླ་མེད་པ། །ཀུན་མཁྱེན་ངག་གི་དབང་༴ མཁས་རློམ་བྲིས་པའི་མར་མེ་འབུམ་ཕྲག་གིས། །སེལ་བར་མ་ནུས་ཐུབ་བསྟན་རྒུད་པའི་མུན། །མཐའ་དག་སེལ་ལ་སྔོན་མེད་ཉིན་མོར་བྱེད། །ཀུན་མཁྱེན་ངག་གི་དབང་༴ མདོ་དང་སྔགས་ཀྱི་ཟབ་དགོངས་བརླིང་དྲགས་པས། །ཇི་བཞིན་མ་རྟོག་འགལ་བ་འཛིན་པའི་དྲི། །མཐའ་དག་འཁྲུད་མཛད་སྔར་མེད་ཤིང་རྟ་མཆོག །ཀུན་མཁྱེན་ངག་གི་དབང་༴ འཇིག་རྟེན་ལྷ་མིས་བཏུད་ཀྱང་ཁེངས་དྲེགས་བྲལ། །ཆོས་རྣམས་མཉམ་པར་རྟོགས་ཀྱང་ལས་འབྲས་ཞིབ། །ཆོས་བརྒྱད་འཆིང་བྲལ་ཡང་དག་སྤོང་བ་པ། །ཀུན་མཁྱེན་ངག་གི་དབང་༴ རབ་འབྱམས་ལྷག་པའི་ལྷ་ཡིས་རྗེས་བཟུང་ཞིང་། །བརྟུལ་ཞུགས་གྲུབ་པས་སྡེ་བརྒྱད་བྲན་དུ་བཀོལ། །མ་ཚོགས་ཌཱ་ཀིའི་ཚོགས་དཔོན་ཧེ་རུ་ཀཿ། །ཀུན་མཁྱེན་ངག་གི་དབང་༴ པད་འབྱུང་བི་མའི་ཐུགས་རྗེའི་སྤྲིན་ཆེན་ལས། །བྱིན་རླབས་ཆར་གྱི་ཀུན་ཏུ་བརླན་པའི་རྒྱུས། །འོད་གསལ་ཐུགས་གཏེར་ཀློང་ནས་རྡོལ་བའི་དཔལ། ཀུན་མཁྱེན་ངག་གི་དབང་༴ ཆོས་ཅན་རོལ་པ་སྣ་ཚོགས་སྣང་བའི་སྤྲིན། །ཆོས་ཉིད་ཀ་དག་ཀློང་དུ་དེངས་པ་ཡིས། །ཀུན་བཟང་དགོངས་ཀློང་མངོན་གྱུར་ཀློང་ཆེན་པ། །ཀུན་མཁྱེན་ངག་གི་དབང་༴ མདོར་ན་ཕྱོགས་བཅུའི་བདེ་གཤེགས་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་རྣམ་ཐར་གཅིག་བསྡོམས་པ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་ཅན། །ཀུན་མཁྱེན་ངག་གི་དབང་པོར་གསོལ་བ་འདེབས། །གྲུབ་མཐའ་གཞན་གྱི་ཆེན་པོར་གྲགས་རྣམས་ཀྱིས། །ངལ་བརྒྱས་སྒྲུབ་པའི་བསྟན་བཅོས་མང་མཐོང་ཡང་། །བདག་བློ་དད་པའི་མུ་ཏིག་འ ཁྲི་ཤིང་ནི། །ཀུན་མཁྱེན་ཁྱེད་ལ་གཅིག་ཏུ་གུས་པར་གྱུར། །དེ་སླད་ཁ་ཙམ་མིན་པའི་གདུང་དབྱངས་ཀྱིས། །ཉིན་མཚན་ཀུན་ཏུ་གུས་པས་གསོལ་འདེབས་ན། །མཁྱེན་བརྩེའི་ཡེ་ཤེས་དགོངས་པའི་རྩལ་ཕྱུང་ལ། །དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །ཡང་དག་ལམ་སྟོན་དགེ་བའི་བཤེས་གཉེན་དང་། །གོ ལ་འཕྱུགས་མེད་པའི་གདམས་ངག་དང་འཕྲད་ནས། །རང་དབང་དམ་པའི་ཆོས་ལ་སྤྱོད་པ་ཡི། །སྐལ་བཟང་ལ་འུར་སྩོལ་ཅིག་ཀུན་མཁྱེན་རྗེ། །མ་རིག་སྲིན་མོས་འདོད་ཡོན་བསླུ་བྲིད་ཀྱིས། །འཇིགས་རུང་སྲིད་པའི་བརྩོན་རར་འཆིང་གྱུར་ན། །རང་མཚང་ལྷག་པར་རྟོགས་པའི་གཞན་དབང་གིས། །བཅོས་མིན་ངེས་འབྱུང་སྐྱེད་ཅིག་ཀུན་མཁྱེན་རྗེ། །གཅིག་པུར་དབེན་པར་གནས་པའི་བཙུན་པ་ལ། །རྣམ་གཡེང་འདུ་འཛིའི་བར་ཆད་འབྱུང་སྲིད་ན། །མི་རྟག་འཆི་བ་སྙིང་ལ་ཞུགས་པ་ཡིས། །འབད་མེད་བརྩོན་འགྲུས་བསྐྱེད་ཅིག༴ ཡང་དག་བྱང་ཆུབ་སྒྲུབ་པའི་གེགས་གྱུར་པའི། །ནག་ཕྱོགས་གདུག་པའི་ཟེར་རླངས་འཐུལ་བའི་ཚེ། །ནུས་པའི་མཐུ་ཡིས་ཕྱེ་མར་བརླགས་ནས་ཀྱང་། །ཆོས་མཐུན་བསམ་དགུ་འགྲུབ་མཛོད༴ འཇིགས་རུང་བེ་ཅོན་ལག་ཐོགས་འཆི་བདག་གི། །མི་བཟད་དུས་ཀྱི་ཞགས་པས་ཟིན་ཉེ་ན། །དབང་བཅུ་མཐའ་རུ་ཕྱིན་པའི་དགེ་མཚན་གྱིས། །རྡོ་རྗེའི་ཚེ་མཆོག་སྩོལ་ཅིག༴ ཕྱོགས་ལྷུང་ཆགས་སྡང་མུན་པས་རབ་སྒྲིབ་སྟེ། །ཆོས་སྤང་ངན་འགྲོའི་གཡང་སར་ལྷུང་ཉེ་ན། །བསྟན་པ་འགལ་མེད་རྟོགས་པའི་ཤེས་རབ་ཀྱིས། །དག་པའི་སྣང་དཀར་བསྐྱེད་ཅིག༴ ཐོག་མེད་གོམས་པའི་མ་རིག་སྦུབས་འཐུམས་པས། །ཆོས་དང་ཆོས་མིན་འབྱེད་པའི་མཐུ་དམན་ན། །གཟུངས་སྒོ་སྤོབས་པའི་གཏེར་བརྒྱད་གྲོལ་བ་ཡི། །དྲི་མེད་བློ་གྲོས་བསྐྱེད་ཅིག༴ རང་དོན་ཡིད་བྱེད་ཀུན་རྟོག་ཆོམ་པོ་དག །ཐེག་ཆེན་ནོར་མཆོག་འཕྲོག་པར་ཆས་གྱུར་ན། །བདག་བས་གཞན་གཅེས་གོམས་པའི་རྟེན་འབྲེལ་གྱིས། །ཕྱིན་དྲུག་ལམ་ལ་སྦྱོར་ཅིག༴ གྲོགས་ངན་རྐྱེན་གྱིས་བསྒྱུར་སོགས་ཉོན་མོངས་པས། །སྡོམ་གསུམ་བསླབ་ཁྲིམས་ལྷོད་{ སློད}པོར་གྱུར་པའི་ཚེ། །གནང་བཀག་ཞིབ་མོར་འབྱེད་པའི་དཔལ་ཡོན་གྱིས། །རྩིང་སྤྱོད་དྲི་མ་སོལ་ཅིག༴ དམན་པའི་ལྟ་སྤྱོད་བཅོས་མས་མགོ་བསྐོར་ན། །སྣང་སྲིད་ཆོས་ཀུན་ཡེ་ནས་སངས་རྒྱས་པ། །དག་པ་རབ་འབྱམས་འཁོར་ལོའི་དཀྱིལ་འཁོར་ཆེར། །མཉམ་པའི་དོན་ལ་སྦྱོར་ཅིག༴ སྣང་བཅས་ལྷ་སྐུར་གསལ་བའི་བསྐྱེད་རིམ་དང་། །རང་བཞིན་འོད་གསལ་ལྷན་སྐྱེས་རྫོགས་རིམ་ཆེ། །ཡེ་ནས་ཟུང་འཇུག་མཉམ་པའི་རྒྱས་ཐེབས་པའི། །རིམ་གཉིས་ལམ་ལ་སྦྱོར་ཅིག༴ ཀ་དག་སྟོང་པའི་དབྱིངས་དང་དབྱེར་མེད་པའི། །འོད་གསལ་ལྷུན་གྲུབ་ཡེ་ཤེས་ཆེན་པོའི་གདངས། །མཁའ་འདྲ་འཕོ་འགྱུར་བྲལ་བའི་གདེང་རྙེད་ནས། །ཡིད་དཔྱོད་གྲུབ་མཐའ་གཞིག་མཛོད༴ སྣ་ཚོགས་སྣང་སེམས་འཁྲུལ་བའི་བུན་ལོང་གིས། །ཟང་ཐལ་རང་བྱུང་རིག་པའི་སྒོ་སྒྲིབ་ན། །སྲིད་ཞི་མཉམ་ཉིད་རྟོགས་པའི་རིག་མདངས་ཀྱིས། །བློ་འདས་རང་ངོ་སྤྲོད་ཅིག་ཀུན་མཁྱེན་རྗེ། །མདོར་ན་དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་དཔག་ཡས་གཏེར། །མཆོག་གི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་། །ཀུན་ནས་མཉམ་པར་མཛོད་ཅིག་ཀུན་མཁྱེན་རྗེ། །ཀ་དག་ལྟ་བས་ཉམས་ཀྱི་འཛིན་སྟངས་བུད། །ལྷུན་གྲུབ་བསྒོམས་པས་ཟུང་འཇུག་འོད་སྐུར་གྲོལ། །དབྱིངས་སྣང་ནང་གསལ་གཞོན་ནུ་བུམ་སྐུའི་སྦུབས། །ཀུན་བཟང་ཆོས་སྐུའི་རྒྱལ་སྲིད་ཟིན་པར་ཤོག །སླར་ཡང་གཟུགས་སྐུའི་བཀོད་པ་འབྱམས་ཀླས་པས། །མ་རིག་འཁྲུལ་བས་བསླད་པའི་འགྲོ་བ་རྣམས། །རང་བྱུང་གདོད་མའི་གྲོལ་སར་དབུགས་ཕྱུང་སྟེ། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །བཀྲ་ཤིས་ཉི་མ་སྟོང་ཁམས་བརྡལ་བ་ཆེ། །ཀུན་མཁྱེན་བརྒྱུད་པའི་རིང་ལུགས་ཉིན་མོར་བྱེད། །སྲིད་མཐའི་བར་དུ་མི་ཉམས་དར་ཞིང་རྒྱས། །གྲོལ་བ་དྲུག་ལྡན་བཀྲ་ཤིས་འཕེལ་གྱུར་ཅིག །ཅེས་པའང་མོས་གུས་ལམ་དུ་བྱེད་པའི་བཙུན་ཆུང་པདྨ་བི་ཛས་རང་ལོ་ཉེར་བཞི་པར་དབེན་པའི་རི་བོར་རིམ་གཉིས་ཀྱི་ཐུན་མཚམས་སུ་རྩེ་གཅིག་གུས་པའི་ཡིད་ཀྱིས་གང་ཤར་ཤུགས་འབྱུང་དུ་གསོལ་བ་བཏབ་པ་སྟེ། འདིས་ཀྱང་རྟོགས་པའི་ཡོན་ཏན་ཡར་ཟླ་ལྟར་རྒྱས་པའི་རྒྱུར་གྱུར་ཅིག

བླ་མའི་གསོལ་འདེབས་དད་པའི་གསོས་སྨན།

༄༅། །བླ་མའི་གསོལ་འདེབས་དད་པའི་གསོས་སྨན་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། དཔལ་ལྡན་ཡོན་ཏན་བྱེ་བའི་གཟི་འབར་ཞིང་། །དྲན་པ་ཙམ་གྱིས་གྲུབ་གཉིས་འདོད་དགུའི་ཆར། །ཅི་དགར་འཇོ་མཛད་མཚོ་སྐྱེས་རྡོ་རྗེ་འཆང་། །སྐྱབས་ཀུན་འདུས་ཞལ་རྗེ་ལ་གསོལ་བ་འདེབས། །བི་མ་བཻ་རོ་རྗེ་འབངས་ལོ་པཎ་ཚོགས། །རྨ་གཉགས་གནུབས་ཟུར་རོང་ཟོམ་དམ་གཙང་བྱམས། །ཉང་རལ་ཆོས་དབང་གླིང་ཆེན་བཅུ་གཉིས་སོགས། །བཀའ་གཏེར་བརྒྱུད་པའི་བླ་མར་གསོལ་བ་འདེབས། །འཕགས་བོད་མཁས་གྲུབ་རྒྱུ་སྐར་ཕྲེང་བའི་དབུས། །མཁྱེན་རྟོགས་ཆ་རྫོགས་སྔོན་མེད་རི་བོང་འཛིན། །ཐེག་མཆོག་བསྟན་པའི་ཤིང་རྟ་གཅིག་པུ་པ། །ཀློང་ཆེན་རབ་འབྱམས་ཞབས་ལ་གསོལ་བ་འདེབས། །བཻ་རོའི་རྣམ་འཕྲུལ་གཏེར་འབྱིན་གྲུབ་བརྒྱའི་གཙོ། །འགྲོ་འདུལ་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ། །སྔ་འགྱུར་བསྟན་སྲོག་མཐུད་པའི་བཀའ་དྲིན་ཅན། །ཆོས་རྒྱལ་གཏེར་བདག་གླིང་པར༴ གཡུ་སྒྲ་དངོས་སྣང་སྐད་གཉིས་སྨྲ་བའི་དབང་། །བསླབ་གསུམ་རྣམ་དག་ངུར་སྨྲིག་འཛིན་པའི་ཏོག །དོན་གཉིས་མཐར་ཕྱིན་ལེགས་བཤད་བྱེ་བའི་གཏེར། །ངག་དབང་ཆོས་དཔལ་རྒྱ་མཚོར༴ མཁྱེན་རྟོགས་ཀློང་རྡོལ་དགོངས་པའི་རྩལ་ཆེན་རྫོགས། །སྙིང་ཐིག་བསྟན་པ་ནམ་མཁའི་ཁྱོན་ཡངས་བརྡལ། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་ནུས་པའི། །ཀུན་མཁྱེན་འཇིགས་མེད་གླིང་པར༴ ལྷ་སྲས་རྣམ་རོལ་འགྲན་བྲལ་གྲུབ་པའི་དབང་། །ཐུགས་གཏེར་ཟབ་མོའི་བཀའ་བབ་ཆོས་ཀྱི་བདག །རྣམ་འཕྲུལ་དུ་མས་བསྟན་འགྲོའི་དོན་ཆེན་མཛད། །ཀུན་བཟང་གཞན་ཕན་ཞབས་ལ༴ ཕྱོགས་ལས་རྣམ་རྒྱལ་བརྟུལ་ཞུགས་སྤྱོད་པ་ཡིས། །གདུལ་དཀའ་དམུ་རྒོད་འགྲོ་བ་མ་ལུས་འདུལ། །ཧེ་རུ་ཀཿདཔལ་གྲུབ་བརྒྱའི་ཁྱུ་མཆོག་ཆེ། །ཡེ་ཤེས་རྡོ་རྗེའི་ཞབས་ལ༴ རྨད་བྱུང་བྱང་ཆུབ་སེམས་ཀྱི་གཏེར་མངའ་ཞིང་། །གཞན་ཕན་བསྡུ་དངོས་བཞི་ཡི་ཕྲིན་ལས་ཀྱིས། །འབྲེལ་ཚད་འདུན་མ་དགེ་ལ་སྦྱོར་བའི་དཔལ། །འཇིགས་མེད་རྒྱལ་བའི་མྱུ་གུ༴ རབ་འབྱམས་ཤེས་བྱའི་ཆོས་ཀུན་ཐུགས་སུ་ཆུད། །རིས་བྲལ་འགྲོ་བ་ཡོངས་ལ་བུ་ལྟར་བརྩེ། །སྤོང་ཀློག་བྱ་བས་བསྟན་འགྲོའི་དོན་ཆེན་མཛད། །འཇིགས་མེད་ཆོས་ཀྱི་དབང་པོར༴ བཀའ་བབ་རིན་ཆེན་བདུན་གྱིས་མདུན་བསུས་ནས། །ཐུབ་བསྟན་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་བའི། །ཟླ་བྲལ་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར༴ བཀའ་གཏེར་མདོ་རྒྱུད་ཀུན་ནས་ལུང་གིས་བསྔགས། །སྔོན་མེད་མཛོད་ལྔའི་ཤིང་རྟ་གསར་དུ་ཕྱེས། །ཡོངས་རྫོགས་བསྟན་པའི་ཉི་མ་རྡོ་རྗེ་འཆང་། །བློ་གྲོས་མཐའ་ཡས་ཞབས་ལ༴ མཁྱེན་པའི་འདབ་སྟོང་འཇམ་མགོན་ཉི་མས་བཞད། །མགྲིན་པའི་རྩ་མདུད་ངག་དབང་ལྷ་མོས་བཀྲོལ། །ཕྱོགས་ལས་རྣམ་རྒྱལ་སྨྲ་བའི་སེང་ཆེན་མཆོག །མི་ཕམ་འཇམ་དཔལ་རྡོ་རྗེར༴ བསླབ་གསུམ་སྦྱངས་ཡོན་བྱེ་བའི་དཔལ་གྱིས་འཕྱོར། །ངེས་གསང་ཐེག་མཆོག་སྙིང་པོའི་ཆོས་སྒོ་འབྱེད། །གསང་ཆེན་རྒྱུད་སྡེའི་མངའ་བདག་རྡོ་རྗེ་འཆང་། །མཁན་ཆེན་ཡོན་ཏན་རྒྱ་མཚོར༴ དྲི་མེད་བཤེས་གཉེན་ཡེ་ཤེས་སྒྱུ་མའི་གར། །རྨད་བྱུང་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱས། །སྔ་འགྱུར་བསྟན་པའི་སྲོག་ཤིང་རྫོགས་ཆེན་པ། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེར་གསོལ༴ མྱ་ངན་མེད་དཔལ་ཐུགས་རྗེའི་འོད་ཟེར་ལས། །ཉེར་སྣང་མཁྱེན་རྟོགས་རྩལ་རྫོགས་གྲུབ་པའི་དབང་། །འཁོར་ལོའི་མགོན་པོ་རྫོགས་ཆེན་རབ་འབྱམས་པ། །ཀུན་བཟང་བསྟན་པའི་ཉི་མར༴ ཟླ་བྲལ་སྐྱེས་ཆེན་དུ་མས་རྗེས་སུ་བཟུང་། །ཟབ་རྒྱས་སྨིན་གྲོལ་གདམས་པའི་བཅུད་ཀྱིས་གཏམས། །རིས་མེད་བསྟན་ལ་དག་པའི་སྣང་བ་ཅན། །འཇམ་དབྱངས་མཁས་གྲུབ་རྒྱ་མཚོར་གསོལ༴ དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཚེ་རབས་ཕྲེང་བར་དམ་པའི་མགོན་རྣམས་ཀྱིས། །རྗེས་བཟུང་ཐེག་མཆོག་རྩེ་མོའི་གསེང་ལམ་ནས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་པའང་བསླབ་གསུམ་རྒྱན་མཛེས་གནམ་མཚོ་བླ་མ་དཔོན་གཡོག་གི་བཞེད་སྐོང་དུ་སྙོམ་ལས་པ་པདྨ་བི་ཛས་བྲིས་པ་དགེ།
༈ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་ལྔ་དང་ལྡན། །བདེ་གཤེགས་སྨིན་པ་རྒྱ་མཚོའི་འཁོར་གྱིས་བསྐོར། །གང་འདུལ་འཕྲུལ་མཚན་བཀོད་པ་བསམ་མི་ཁྱབ། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །རྒྱལ་རྣམས་སྤངས་རྟོགས་ཡོན་ཏན་རབ་མཉམ་ཡང་། །གདུལ་དཀའི་འགྲོ་བ་འདུལ་བའི་ཐུགས་རྗེ་ཅན། །སྙིགས་ལྔའི་རྒུད་སེལ་དྲིན་ཅན་སྤྲུལ་པའི་སྐུ། །ཨོ་རྒྱན་རིན་པོ་ཆེ་ལ༴ སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་སོགས། །དུས་ཀྱི་རྒྱལ་པོ་ཚེས་བཅུ་ནམ་འཆར་ཚེ། །ངེས་པར་བོད་བྱོན་རྡོ་རྗེའི་ཐ་ཚིག་བཙན། །ཨོ་རྒྱན་རིན་པོ་ཆེ་ལ༴ བདག་སོགས་ཁྱོད་ཀྱི་གདུལ་བྱར་གྱུར་རྣམས་ལ། །སྐྱབས་གནས་རེ་ལྟོས་གཞན་ན་མ་འཚལ་བས། །ཐུགས་རྗེའི་ཁྱད་པར་ལྔ་ལྡན་བླ་མ་རྗེས། །འབྲལ་མེད་ཐུགས་རྗེས་ཟུངས་ཤིག་དྲིན་ཆེན་རྗེ། །གཞོམ་མེད་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །བགྲེས་རྒུད་མེད་པའི་རྡོ་རྗེའི་ཚེ་མཆོག་སྩོལ། །ཡུལ་སྣང་གང་ཤར་ལྷ་སྐུའི་ཕྱག་རྒྱར་གྲོལ། །བུམ་དབང་ལམ་ཁྱེར་མཐའ་རུ་ཕྱིན་པར་ཤོག །འགགས་མེད་གསུང་གི་བྱིན་རླབས་ངག་ལ་ཞུགས། །ཚངས་དབྱངས་ཡན་ལག་དྲུག་ཅུའི་དཔལ་གྱིས་འཁྱུད། །འགྲོ་འོང་སྲོག་རྩོལ་དྷཱུ་ཏིའི་དབྱིངས་སུ་དག །གྲགས་སྟོང་གསང་དབང་ལམ་ཁྱེར་མཐར་ཕྱིན་ཤོག །འཁྲུལ་མེད་ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། །གཟུངས་སྤོབས་བློ་གྲོས་བྱེ་བའི་གཏེར་ཁ་འབྱེད། །འགྱུར་བཅས་ཟུག་རྔུ་འཕོ་བྲལ་དབྱིངས་སུ་ཐིམ། །བདེ་སྟོང་ཤེར་དབང་ལམ་ཁྱེར་མཐར་ཕྱིན་ཤོག །ཡེ་ཤེས་རྡོ་རྗེའི་དགོངས་པའི་གསང་མཛོད་འཕོས། །ཡིད་དཔྱོད་འཛིན་པའི་འཁྲུལ་བ་ཀུན་སངས་ནས། །ཀ་དག་ལྷུན་གྲུབ་དགོངས་པའི་རྩལ་ཆེན་རྫོགས། །རིག་སྟོང་བཞི་པའི་ལམ་ཁྱེར་མཐར་ཕྱིན་ཤོག །མདོར་ན་འདི་ནས་ཚེ་རབས་ཕྲེང་བ་རུ། །འབྲལ་བ་མེད་པར་གུ་རུས་རྗེས་བཟུང་མཐུས། །དོན་གཉིས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །བསྟན་འགྲོའི་དགེ་མཚན་འཕེལ་བར་མཛད་དུ་གསོལ། །ཅེས་པའང་རབ་ཚེས་ལྕགས་སྤྲེལ་སྤྲེ་ཟླའི་ཚེས་བཅུའི་ཉིན་འོག་མིན་བླ་མའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གུ་རུ་བདེ་བ་ཆེན་པོའི་སྐུ་ཚབ་ཀྱི་སྤྱན་སྔར་བླ་མ་གསང་བ་འདུས་པའི་ཚོགས་ཀྱི་མཆོད་པ་ཕུལ་བའི་ཚེ་གང་ཤར་དུ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་གསོལ་བ་བཏབ་པ་སིདྡྷིརསྟུ།
༈ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཀ་དག་སྤྲོས་མཚན་ཀུན་བྲལ་ཆོས་སྐུའི་རྩལ། །ལྷུན་གྲུབ་ངེས་པ་ལྔ་ལྡན་ལོངས་སྐུའི་འཕྲུལ། །གང་འདུལ་དེར་སྟོན་སྤྲུལ་སྐུའི་རོལ་རྩེད་ངོམ། །སྐུ་གསུམ་དབྱེར་མེད་ཨོ་རྒྱན་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ནད་གདོན་བར་ཆད་བྱད་ཕུར་རྦོད་གཏོང་སོགས། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་བྱིན་རློབས། །ༀ་ཨཱཿཧཱུྃ༴ སྤངས་རྟོགས་མཐར་ཕྱིན་དོན་གྱི་སངས་རྒྱས་དངོས། །ལུང་རྟོགས་ཆོས་ཕུང་རྒྱ་མཚོ་འབྱུང་བའི་དཔྱིད། །འཕགས་ཚོགས་དགེ་འདུན་ཡོངས་ཀྱི་གཙུག་གི་རྒྱན། །སྐྱབས་གསུམ་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ༴ ནད་གདོན་བར༴ ཕྱི་ནང་༴ དོན་གཉིས༴ ༀ་ཨཱཿཧཱུྃ༴ བརྒྱུད་གསུམ་རིག་འཛིན་བླ་མའི་སྤྱི་དཔལ་མཆོག །རབ་འབྱམས་ཡི་དམ་ཞི་ཁྲོ་སྤྲོ་བསྡུའི་དཔྱིད། །མ་ཚོགས་ཌཱཀྐིའི་ཚོགས་དཔོན་ཧེ་རུ་ཀཿ། །རྩ་གསུམ་ཀུན་འདུས་ཨོ་རྒྱན་དུས་གསུམ་མཁྱེན། །གསོལ་བ༴ ནད་གདོན༴ ཕྱི་ནང་༴ དོན་གཉིས༴ ༀ་ཨཱཿཧཱུྃ༴ འཕགས་བོད་ཀུན་ཏུ་བསྟན་པའི་སྒྲོན་མེ་སྦར། །ཤིན་ཏུ་གདུལ་དཀའི་འགྲོ་རྣམས་ཐབས་ཀྱིས་བརྟུལ། །སྨོན་ལམ་དབང་གིས་གངས་ལྗོངས་གདུལ་བྱ་སྐྱོང་། །བཀའ་དྲིན་མཚུངས་མེད་ཨོ་རྒྱན་རིན་པོ་ཆེ། །གསོལ་བ༴ ནད་གདོན༴ ཕྱི་ནང་༴ དོན་གཉིས༴ ༀ་ཨཱཿཧཱུྃ༴ མཚན་ཐོས་ཙམ་གྱིས་འབྱུང་པོའི་བར་ཆད་སེལ། །སྐད་ཅིག་དྲན་པས་བྱང་ཆུབ་ལམ་སྣ་འདྲེན། །གསོལ་བ་འདེབས་ལ་གྲུབ་གཉིས་ཆར་དུ་འབེབས། །ངོ་མཚར་རྨད་བྱུང་ཨོ་རྒྱན་ཐུགས་རྗེ་ཅན། །གསོལ་བ༴ ནད་གདོན༴ ཕྱི་ནང་༴ དོན་གཉིས༴ ༀ་ཨཱཿཧཱུྃ༴ ཀྱེ་མ་ཀྱེ་ཧུད་ཨོ་རྒྱན་རིན་པོ་ཆེ། །གདུང་བས་འབོད་དོ་དྲིན་ཆེན་སྤྲུལ་པའི་སྐུ། །དེང་སང་དུས་ངན་སྙིགས་མའི་མཐའ་ལ་ཐུག །ཁྱེད་ཀྱི་རྗེས་འཇུག་རྒུད་པའི་དུས་ལ་བབས། །མི་མཐུན་བར་ཆད་ཆར་སྤྲིན་བཞིན་དུ་གཡོ། །མཐུན་རྐྱེན་ལེགས་ཚོགས་ཐན་སྤྲིན་བཞིན་དུ་ཡལ། །ལྷག་བསམ་བསྐྱེད་ཀྱང་བསྟན་ལ་ཕན་མཐུ་ཆུང་། །ཇི་ལྟར་བྱས་ཀྱང་བདེ་བའི་གོ་སྐབས་ཅི། །འདི་འདྲའི་དུས་སུ་ཐུགས་རྗེའི་དཔུང་བསྐྱེད་ནས། །མི་བསྲུན་རྒྱལ་འགོང་དམ་སྲིའི་ཁ་ཆིངས་ལ། །བྱད་ཕུར་རྦོད་གཏོང་ནད་གདོན་འཚེ་བ་ཟློགས། །རྩ་རླུང་འཁྲུགས་པའི་གེགས་ཚོགས་ཞི་བར་མཛོད། །སྲུང་བའི་རྫོང་གིས་ཕས་རྒོལ་འཚེ་བ་སྐྱོབས། །བཟློག་པའི་སྒྱོགས་ཀྱིས་བྱད་མ་རང་གཤེད་ཕོབ། །ནུས་མཐུའི་རླུང་གིས་འགལ་རྐྱེན་སྤྲིན་ཚོགས་གཏོར། །མཐུན་རྐྱེན་བསམ་ཀུན་ཡིད་བཞིན་འགྲུབ་བྱིན་རློབས། །རྡོ་རྗེའི་སྐུ་ཡི་གཟི་བྱིན་ལུས་ལ་ཕོབ། །གཞོམ་མེད་གསུང་གི་བྱིན་རླབས་ངག་ལ་ཞུགས། །འཁྲུལ་མེད་ཐུགས་ཀྱི་དགོངས་པ་ཡིད་ལ་འཕོས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་མཛད་དུ་གསོལ། །མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་བར། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །འབྲལ་མེད་ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་རྗེ། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་གུ་རུའི་རྗེས་འཇུག་རྟགས་ཙམ་འཛིན་པ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེས་སྤྲེལ་ལོ་སྤྲེལ་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུ་ལ་འོག་མིན་བླ་མའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གང་དྲན་གསོལ་བ་བཏབ་པ་སྟེ། འདིས་ཀྱང་སྐྱེ་ཀུན་གུ་རུའི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག
༈ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་གཅིག་ཏུ་བསྡུས་པའི་དཔྱིད། །མཚོ་སྐྱེས་པདྨ་ཀུན་ཏུ་འཆང་། །འབྲལ་མེད་སྤྱི་བོའི་རྒྱན་བཞུགས་ནས། །རྟག་པར་བྱིན་གྱིས་བརླབས་པ་དང་། །ཡིད་ལ་ཡེ་ཤེས་མཆོག་སྩོལ་ནས། །རང་གཞན་དོན་གཉིས་འགྲུབ་པ་དང་། །བསྟན་འགྲོའི་དགེ་མཚན་འཕེལ་བ་ཡི། །བཀྲ་ཤིས་ཕྱོགས་ཀུན་ཁྱབ་གྱུར་ཅིག །སིདྡྷིརསྟུ།
༈ ཀུན་བཟང་རིགས་ལྔ་རིགས་གསུམ་དྲྭ་མ་ལྔ། །དགའ་རབ་ཤྲཱི་སེང་སྐལ་ལྡན་རྒྱལ་པོ་ཛཿ། །རིག་འཛིན་རྣམ་བརྒྱད་རྒྱལ་དབང་མཚོ་སྐྱེས་རྗེ། །རྗེ་འབངས་ལོ་པཎ་སྤྲུལ་པའི་གཏེར་འབྱིན་ཚོགས། །འཇམ་དཔལ་ཞི་ཁྲོ་བཀའ་གཏེར་བརྒྱུད་པ་ཡི། །རྩ་བརྒྱུད་བླ་མ་བཀའ་དྲིན་ཅན་རྣམས་དང་། །ཁྱད་པར་ཡེ་ཤེས་གཅིག་བསྡུས་འཁོར་ལོའི་མགོན། །འཇམ་དཔལ་དགྱེས་པའི་རྡོ་རྗེར་གསོལ་བ་འདེབས། །བརྒྱུད་གསུམ་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །རིག་སྟོང་འཇམ་དཔལ་རྡོ་རྗེའི་རང་ཞལ་མཇལ། །འཛད་མེད་གཟུངས་སྤོབས་བློ་གྲོས་གཏེར་ཁ་འབྱེད། །དོན་གཉིས་བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་དམ་པ་ཟུང་གི་ཐུགས་བཞེད་བཞིན་པདྨ་བི་ཛས་བྲིས་པ་དགེ།
༈ ཀུན་བཟང་རྡོ་རྗེ་འཆང་དབང་གསང་བའི་བདག །པྲ་ཆེན་ཧ་སྟ་པདྨ་ཐོད་ཕྲེང་ནས། །འཇམ་དཔལ་རྡོ་རྗེའི་བར་དུ་བྱིན་རླབས་པའི། །ཕྲིན་ལས་བརྒྱུད་པའི་བླ་མར་གསོལ་བ་འདེབས། །སྣང་བ་ཐབས་མཆོག་བཛྲ་ཀཱི་ལ་ཡ། །སྟོང་པ་སྐྱེ་མེད་ཤེས་རབ་རྒྱས་འདེབས་ཡུམ། །ཟུང་འཇུག་རོལ་རྩལ་ཁྲོ་བཅུ་ཁྲ་ཕྱག་སྲས། །རབ་འབྱམས་དཀྱིལ་འཁོར་ལྷ་ལ་གསོལ་བ་འདེབས། །འདི་ནས་བཟུང་སྟེ་ཚེ་རབས་ཕྲེང་བ་རུ། །མི་འབྲལ་བླ་མ་ལྷ་ཡི་རྗེས་བཟུང་མཐུས། །ཐལ་འབྱིན་རྣམ་བཞིའི་དགོངས་པ་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཅེས་པའང་རིག་འཛིན་སྤྲུལ་པའི་སྐུ་མཆོག་གི་ཐུགས་བཞེད་བཞིན་པདྨ་རྣམ་པར་རྒྱལ་བས་གསོལ་བ་བཏབ་པ་དགེ།
༈ ༀསྭསྟིཔྲཛཱབྷྱཿ སྟོང་ཉིད་སྙིང་རྗེའི་རྩ་བ་རབ་བརླིང་བྱང་ཆེན་སྤྱོད་པའི་ཡལ་འདབ་རྒྱས། །སྤངས་རྟོགས་ཡོན་ཏན་མེ་འབྲས་ཁུར་དུད་ཐུགས་རྗེའི་གྲིབ་བསིལ་སྣུམ་པོ་ཡིས། །སྲིད་ལམ་དུབ་ལྡན་མགྲོན་པོའི་ངལ་འཚོའི་གཉེན་གྱུར་སྔོན་མེད་དཔག་བསམ་དབང་། །རྒྱལ་བའི་སྲས་མཆོག་དྲི་མེད་ཀུན་ལྡན་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་ཐུགས་ནི་སྙིང་རྗེའི་དབང་གྱུར་བསྐལ་མང་སྦྱིན་ལ་གོམས་བྱས་རྒྱུའི། །རྒྱལ་སྲིད་བྲན་འཁོར་ལོངས་སྤྱོད་ལྟ་ཅི་བུ་དང་བུ་མོ་ཆུང་མ་དང་། །དེ་བཞིན་རང་གི་ལུས་ཀྱང་གཏོང་ལ་མངོན་བརྩོན་ཆོས་དང་སྐྱབས་སྦྱིན་གྱིས། །དགྲ་གཉེན་རིས་མེད་འགྲོ་བའི་རེ་སྐོང་སེམས་དཔའ་མཆོག་ལ་ཕྱག་འཚལ་ལོ། །གཞན་གནོད་གཞིར་བཅས་སྤོང་ལ་ཡོངས་གོམས་སྡོམ་པའི་ཚུལ་ཁྲིམས་གསེར་སྦྱངས་ཁམས། །དགེ་བ་ཆོས་སྡུད་རྩིབས་སྟོང་རྣམ་བཀྲ་སྦྱིན་སྙན་དོན་མཐུན་དོན་སྤྱོད་ཀྱིས། །གཞན་ཕན་ཡོངས་སྒྲུབ་མུ་ཁྱུད་རྣམ་མཛེས་ཚོགས་གཉིས་དགེ་བའི་མཁའ་དབྱིངས་སུ། །ཆེས་ཆེར་བརྗིད་པ་སྔོན་མེད་གསེར་གྱི་འཁོར་ལོ་མཆོག་ལ༴ གང་གིས་མེ་ཏོག་མནྡ་ར་ཡི་སིལ་མས་བསྙེན་ཅིང་བསྔགས་བྱས་དང་། །ལ་ལ་ཁྲོ་བས་རབ་རྔམ་འཕྱ་སྨོད་མཚོན་ཆའི་ཆར་པ་འབེབས་པ་གཉིས། །ཁྱོད་ཀྱི་ཐུགས་ལ་མཉམ་པ་ཉིད་གྱུར་ཀུན་ལ་བྱམས་པའི་དཔལ་མངའ་བ། །ས་དང་མཁའ་འདྲ་བཟོད་པའི་ཕ་རོལ་ཕྱིན་རྫོགས་དེ་ལ༴ དུས་ལས་ཡོལ་མེད་ཕྲིན་ལས་ཟབ་མོས་འགྲོ་རྣམས་སྲིད་ལས་སྒྲོལ་བརྩོན་ཅིང་། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་གྲུར་ཞུགས་ས་བཅུ་ལམ་ལྔའི་ཡོན་ཏན་ཆེར། །སྦྱོར་ལ་བདུད་དམག་བྱེ་བ་དྲུག་ཁྲིས་བརླག་ལྟ་རྩོམ་པར་ནུས་མིན་པ། །སེམས་དཔའ་ཆེན་པོ་བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་མཆོག་ལ༴ འཇིག་རྟེན་འཇིག་རྟེན་ལས་འདས་ཏིང་འཛིན་བྱེ་བ་ཕྲག་བརྒྱར་མངའ་འབྱོར་བས། །སེམས་ཅན་རྣམས་ཀྱི་མོས་དང་བསམ་པ་བསྐལ་བའི་ཁྱད་པར་རྗེས་འགྲོ་བའི། །གང་འདུལ་དེར་སྟོན་ངོ་མཚར་ཕྲིན་ལས་རྣམ་ཐར་བྱེ་བ་བསམ་ཡས་པས། །ཆོས་ཀྱི་དབྱིངས་ཁྱབ་ཡིད་བཞིན་ནོར་འདྲའི་རྒྱལ་སྲས་མཆོག་ལ༴ གང་གི་སོ་སོར་རྟོགས་པའི་ཤེས་རབ་རབ་རྣོན་རྡོ་རྗེ་ཕ་ལམ་གྱིས། །སྲིད་རྩའི་བདག་འཛིན་གཉིས་སྣང་འཁྲུལ་པའི་དྲྭ་བ་མ་ལུས་རབ་བཅོམ་ནས། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་གྱུར་བདེ་གཤེགས་སྙིང་པོའི་ཁམས། །མངོན་གྱུར་དོན་གཉིས་ལྷུན་རྫོགས་ཆོས་ཀྱི་རྒྱལ་པོ་མཆོག་ལ་ཕྱག་འཚལ་ལོ། །འཕགས་པའི་ཡོན་ཏན་མཁའ་ལྟར་རྒྱ་ཆེ་རྒྱ་མཚོ་བཞིན་ཏུ་གཏིང་ཟབ་པ། །ཚུར་མཐོང་བྱིས་བློས་གཞལ་བྱ་མིན་ཡང་བདག་བློ་དད་པ་འཕེལ་བའི་ངག །ཅུང་ཟད་བརྗོད་པ་འདིས་ཀྱང་བདག་དང་མཁའ་མཉམ་ཡིད་ཅན་རྒྱ་མཚོ་རྣམས། །བྱང་ཆུབ་སེམས་ཀྱི་བདུད་རྩིས་རྒྱུད་ཕྱུག་རྒྱལ་སྲས་ཁྱོད་འདྲ་ཉིད་གྱུར་ཅིག །ཅེས་པའང་ཀོང་ཡུལ་ས་ཡི་ཐིག་ལེ་བདུད་རི་ཧྭ་ཤང་ནག་པོ་བྱང་ཆུབ་སེམས་དཔའ་དྲི་མེད་ཀུན་ལྡན་གྱི་སྒྲུབ་ཕུག་ཏུ་རྩེ་གཅིག་གུས་པས་གསོལ་བ་འདེབས་པ་པོ་ནི། སྔགས་བཙུན་འགྱུར་མེད་པདྨ་རྣམ་རྒྱལ་ཏེ་འདིས་ཀྱང་འགྲོ་རྒྱུད་བྱང་ཆུབ་སེམས་ཀྱི་བདུད་རྩིས་ཕྱུག་པའི་རྒྱུར་གྱུར་ཅིག
༈ འོད་མཚན་སྟོང་འབར་ཐུགས་རྗེའི་མཁའ་ཀློང་ནས། །ཡོངས་ཤར་མཚོ་སྐྱེས་རྒྱལ་བའི་ཟློས་གར་མཆོག །བསྐལ་དུས་སྙིགས་མའི་འགྲོ་བ་སྐྱོབ་པའི་མགོན། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །རྨད་བྱུང་བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་ལས། །གཞན་ཕན་ཕྲིན་ལས་ཟབ་མོའི་གྲུ་ཆར་གྱིས། །གདུལ་འགྲོའི་རྣམ་གྲོལ་མྱུ་གུ་བསྐྱེད་བསྲིངས་པའི། །པཎ་ཆེན་མར་མེ་མཛད་ལ་གསོལ་བ་འདེབས། །འཕགས་བོད་མཁས་གྲུབ་ཡོངས་ཀྱི་གཙུག་གི་རྒྱན། །ཉམ་ཐག་འགྲོ་བ་སྐྱོབ་པའི་ཐུགས་རྗེ་ཅན། །བཀའ་གདམས་བསྟན་པའི་ཆུ་མགོ་ཐམས་ཅད་མཁྱེན། །མཉམ་མེད་ཇོ་བོ་རྗེ་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པའི་གསོལ་བཏབ་མཐུས། །སྲིད་ལས་ངེས་འབྱུང་འདིར་སྣང་འཁྲི་བ་ཆོད། །བདག་བས་གཞན་གཅེས་བྱང་ཆུབ་སེམས་མཆོག་འབྱོངས། །རང་གཞན་དོན་གཉིས་མཐར་ཕྱིན་བྱིན་གྱིས་རློབས། །རྨད་བྱུང་སྙིང་རྗེ་ཆེན་པོའི་ཆུ་གཏེར་དབུས། །ཤེས་རབ་བདག་མེད་གཉིས་རྟོགས་རིན་ཆེན་ཁམས། །སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་བང་རིམ་ཅན། །ཐུབ་དབང་ལྷུན་པོ་འགྲོ་འདིས་ཐོབ་གྱུར་ཅིག །ཅེས་པའང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་གདན་ས་སོལ་ནག་ཐང་པོ་ཆེར་ཇོ་བོ་བྱིས་དྲོད་མའི་སྤྱན་སྔར་པདྨ་བི་ཛས་གང་ཤར་གསོལ་བ་བཏབ་པ་དགེ།
༈ རྒྱལ་ཀུན་སྙིང་རྗེའི་རང་མདངས་པད་དཀར་ཅན། །རྩོད་དུས་འགྲོ་བ་འདྲེན་ཕྱིར་བཤེས་གཉེན་ཚུལ། །བྱང་ཆུབ་སེམས་ཀྱི་མངའ་བདག་འབྲོམ་སྟོན་པ། །རྒྱལ་བའི་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །རླབས་ཆེན་ཐུགས་བསྐྱེད་འཛིན་མའི་ཁྱོན་ཡངས་པོར། །ཐེག་ཆེན་ལམ་གྱི་དཔག་བསམ་ཉེར་འཁྲུངས་པ། །རྒྱ་ཆེན་ཕན་བདེའི་གྲིབ་བསིལ་སྣུམ་པོ་ཅན། །འཕགས་ཆེན་འབྲོམ་སྟོན་པ་ལ་གསོལ་བ་འདེབས། །ཐུགས་བསྐྱེད་ཟླ་བ་གསར་པའི་འཛུམ་ཟེར་གྱིས། །འགྲོ་ཁམས་རང་དོན་ཡིད་བྱེད་ཚ་གདུང་འབུམ། །བཅིལ་དང་ཆབས་ཅིག་གཞན་ཕན་ཀུནྡའི་ཚལ། །བཞད་མཛད་རྒྱལ་སྲས་མཆོག་ལ་གསོལ་བ་འདེབས། །ཐུགས་ལ་བརྣག་པ་གཞན་ཕན་ཁོ་ན་སྟེ། །མཛད་པ་ཐམས་ཅད་བསྟན་འགྲོར་སྨན་པའི་ཐབས། །དོན་གཉིས་མཐར་ཕྱིན་རྒྱལ་བ་འབྲོམ་སྟོན་པར། །མི་ཕྱེད་མཆོག་ཏུ་གུས་པས་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་མཐུས། །བྱང་ཆུབ་སེམས་གཉིས་ནོར་བུའི་གཏེར་ལ་དབང་། །ཕྱིན་དྲུག་སྤྱོད་པ་རྒྱ་མཚོའི་ཁྱད་ནོར་གྱིས། །འགྲོ་ཚོགས་སྲིད་པའི་དབུལ་བ་ཟད་བྱེད་ཤོག །ཅེས་པའང་དཔལ་སྟག་ལུང་ཐང་དུ་འབྲོོམ་སྟོན་འདྲ་ཞལ་དབུ་སྐྲ་འཕེལ་བའི་སྤྱན་སྔར་སྙོམ་ལས་པ་པདྨ་བི་ཛས་གསོལ་བ་བཏབ་པ་དགེ།
༈ ༀ་སྭསྟི། རྒྱ་བས་ལུང་བསྟན་འཛམ་གླིང་མཛེས་པའི་རྒྱན། །དཔལ་ལྡན་ནཱ་ག་རྫུ་ནའི་སྒྱུ་མའི་གར། །གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར། །སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་ལ་འདུད། །ཕུལ་བྱུང་མཁྱེན་པའི་གངས་རི་ལས་འོངས་པའི། །དམིགས་མེད་བརྩེ་ཆེན་ཐུགས་རྗེའི་ཆུ་བོ་ཡིས། །ས་གསུམ་ཉེས་པའི་ཚད་གདུང་གཞི ལ་ནུས་པའི། །སྐྱོབ་པ་འཇིག་རྟེན༴ ཐུགས་བསྐྱེད་ཟླ་བ་གསར་པའི་འཛུམ་ཟེར་གྱིས། །སྒྲུབ་བརྒྱུད་སྙིང་པོའི་ཆུ་གཏེར་འཕེལ་བ་དང་། །ཆབས་ཅིག་ཕན་བདེའི་ཀུ་མུ ཏ་བཞད་མཛད་པའི། །སྐྱོབ་པ་འཇིག་རྟེན༴ སྟོང་ཕྲག་བརྒྱད་ཅུའི་དགེ་འདུན་འདུས་པའི་དབུས། །ཐེག་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་དུ། །སྒྲོགས་མཛད་རྩོད་པའི་དུས་ཀྱི་རྒྱལ་བ་མཆོག །སྐྱོབ་པ་འཇིག་རྟེན༴ འཆད་པའི་རལ་གྲིས་ཐེ་ཚོམ་དྲྭ་བ་གཅོད། །རྩོད་པའི་མདའ་ཡིས་ལོག་སྨྲའི་སྙིང་ལ་འབིག །རྩོམ་པའི་སྨན་གྱིས་ཐུབ་བསྟན་སྲོག་མཐུད་པའི། །སྐྱོབ་པ་འཇིག་རྟེན༴ བསླབ་གསུམ་ཡོན་ཏན་རྫོགས་པའི་ས་འཛིན་དབང་། །བསྔགས་འོས་ཡོན་ཏན་རྒྱ་མཚོའི་བང་རིམ་བརྗིད། །རླབས་ཆེན་ཕྲིན་ལས་ཉི་ཟླའི་གཟི་འབར་བའི། །སྐྱོབ་པ་འཇིག་རྟེན༴ བཤད་རྒྱུད་ལུང་གི་དར་ཤམ་གཡོ་བའི་རྩེར། །ཟབ་གསང་མན་ངག་རྟོགས་པའི་ཏོག་འབར་བས། །ཕས་རྒོལ་བྱེ་བའི་གཡུལ་ལས་རྣམ་རྒྱལ་བའི། །སྐྱོབ་པ་འཇིག་རྟེན༴ དྭགས་བརྒྱུད་མན་ངག་བྱེ་བའི་ཆུ་གཏེར་ཆེ། །གུ་རུའི་ཟབ་གཏེར་ནོར་བུས་ཡོངས་གཏམས་པའི། །ཡོངས་རྫོགས་བསྟན་པའི་མངའ་བདག་འབྲི་གུང་པ། །ཡབ་སྲས་བརྒྱུད་པར་བཅས་ལ་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །བརྒྱུད་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །བཅོས་མིན་ངེས་འབྱུང་བྱང་སེམས་རྒྱུད་ལ་འབྱོངས། །རང་བྱུང་ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །མངོན་གྱུར་ཆོས་སྐུའི་རྒྱལ་སར་དབང་འབྱོར་ཤོག །ཐུབ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་ཀྱི། །བསྟན་པའི་རྒྱལ་མཚན་མི་ནུབ་ཡུན་དུ་གནས། །བོད་ཁམས་མཐའ་དབུས་བདེ་སྐྱིད་ཆོས་ལ་སྤྱོད། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་དཔལ་འབྲི་གུང་མཐིལ་གྱི་གཙུག་ལག་ཁང་ཆེན་པོར་རྟེན་འཛམ་གླིང་རྒྱན་གྱི་སྤྱན་སྔར་གང་ཤར་གསོལ་བ་བཏབ་པ་པོ་ནི་རྙིང་བན་པདྨ་རྣམ་རྒྱལ་ལོ།། ༈ རྒྱལ་བའི་བསྟན་སྲུང་མཐུ་ལྡན་དབང་མོ་མཆོག །སྒྲུབ་མཆོག་བུ་བཞིན་སྐྱོང་བའི་དམ་ཚིག་ཅན། །ཨ་ཕྱི་ཆོས་སྒྲོན་འཁོར་དང་བཅས་པ་རྣམས། །གསོལ་ལོ་མཆོད་དོ་འདོད་དོན་ཀུན་འགྲུབ་མཛོད། །ཅེས་པའང་པདྨ་བི་ཛས་སོ།། ༈ རྣམ་པར་སྣང་མཛད་ཡེ་ཤེས་སྒྱུ་མའི་གར། །སྐད་གཉིས་སྨྲ་བའི་དབང་པོ་བཻ་རོ་རྗེའི། །རྣམ་འཕྲུལ་མཁས་གྲུབ་ཡོངས་ཀྱི་གཙུག་གི་རྒྱན། །ཁྱུང་པོ་རྣལ་འབྱོར་ཞབས་ལ་གསོལ་བ་འདེབས། །སྙིང་སྟོབས་ཆེན་པོས་འཕགས་ཡུལ་ལན་མང་བགྲོད། །ཡེ་ཤེས་མཁའ་འགྲོ་རྣམ་གཉིས་གཙོར་གྱུར་པའི། །མཁས་གྲུབ་ལྔ་བརྒྱའི་དགོངས་པའི་གསང་མཛོད་བརྟོལ། །ཁྱུང་པོ་རྣལ་འབྱོར༴ ཐོས་བསམ་སྒོམ་པའི་སྤྲིན་ཆེན་ལྷུན་འཐུག་ལས། །མཁས་ཚུལ་གསུམ་གྱི་ཆར་བཟང་འབུམ་འཇོ་བས། །སྒྲུབ་བརྒྱུད་སྙིང་པོའི་ཆུ་གཏེར་འཕེལ་མཛད་པའི། །ཁྱུང་པོ་རྣལ་འབྱོར༴ ངོ་མཚར་རྫུ་འཕྲུལ་བྱེ་བའི་བཀོད་པ་ཡིས། །སྟོང་ཕྲག་བརྒྱད་ཅུའི་སྐལ་ལྡན་འདུས་པའི་དབུས། །ངེས་དོན་སེང་གེའི་སྒྲ་དབྱངས་ཆེར་བསྒྲགས་པའི། །ཁྱུང་པོ་རྣལ་འབྱོར༴ འཆི་བདག་འཇིགས་པའི་མུན་ཚོགས་མཐར་བསྐྲད་ནས། །བརྒྱ་དང་ལྔ་བཅུར་བསྟན་པའི་སྒྲོན་མེ་སྦར། །ངོ་མཚར་སྙན་པས་འཛམ་གླིང་ཡོངས་ལ་ཁྱབ། །ཁྱུང་པོ་རྣལ་འབྱོར་ཞབས༴ དཀའ་བ་སྤྱད་པས་སྒྲིབ་གཉིས་མུན་པ་སངས། །ཚོགས་རྫོགས་མཐུ་ཡིས་རྟོགས་པ་ཀློང་ནས་ཤར། །རང་རིག་མ་བཅོས་ཕྱག་ཆེན་ཆོས་ཀྱི་སྐུ། །མངོན་གྱུར་མགོན་པོ་མཆོག་དང་མཚུངས་པར་ཤོག །ཅེས་པའང་ཤངས་ཞང་ཞུང་རྡོ་རྗེ་གདན་དུ་འདྲ་ཞལ་ང་འདྲ་མའི་སྤྱན་སྔར་པདྨ་བི་ཛས་གང་ཤར་གསོལ་བ་བཏབ་པ་དགེ། ༈ སྔོན་སྨོན་ཐུགས་བསྐྱེད་གསེར་སྦྱངས་སྙིང་པོའི་ཁམས། །བསྔགས་འོས་ཡོན་ཏན་རྒྱ་མཚོའི་རྩིབས་སྟོང་བཀྲ། །ངེས་གསང་ཐུབ་བསྟན་རྒྱལ་སྲིད་འདྲེན་མཁས་པའི། །དགྱེས་མཛད་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས། །ན་རོ་མཻ་ཏྲིའི་གདམས་ཟབ་ཆུ་ཀླུང་འབུམ། །ཐོས་བསམ་སྒོམ་པའི་ལྟོ་བར་ལེགས་བསྐྱིལ་ནས། །ངེས་དོན་ཟབ་མོའི་བདུད་རྩི་སྐྱུག་མཛད་པའི། །མར་པ་ལོ་ཙཱའི་ཞབས་ལ༴ མཁྱེན་རྟོགས་ཡོན་ཏན་ཟབ་མོའི་འོད་སྟོང་གིས། །མཁས་གྲུབ་བྱེ་བའི་པད་ཚལ་བཞད་མཛད་པའི། །གངས་ལྗོངས་བསྟན་པའི་ཉི་མ་མར་སྟོན་རྗེ། །ཆོས་ཀྱི་བློ་གྲོས་ཞབས་ལ༴ བསིལ་ལྡན་བཤད་སྒྲུབ་ཆུ་བོ་བརྒྱ་ཕྲག་གི། །ཐོག་མའི་འབྱུང་གནས་མ་དྲོས་ཀླུ་ཡི་སྤུན། །ཕྲིན་ལས་ཀུན་ཁྱབ་དགྱེས་མཛད་མར་སྟོན་རྗེར། །མི་ཕྱེད་སྒོ་གསུམ་གུས་པས་གསོལ་བ་འདེབས། །མོས་གུས་སྟོབས་ཀྱིས་བྱིན་རླབས་རྒྱུད་ལ་ཞུགས། །རྟོགས་པ་དོན་བརྒྱུད་ཡེ་ཤེས་ཁོང་ནས་ཤར། །མ་བཅོས་ཐ་མལ་ཤེས་པ་ཆོས་ཀྱི་སྐུ། །མངོན་གྱུར་ཕྱག་ཆེན་གྲུབ་མཐའ་སྙེག་བྱིན་རློབས། །མཁའ་ལ་བཀའ་བརྒྱུད་བྱིན་རླབས་སྤྲིན་ཕུང་འཁྲིགས། །བར་ལ་གྲུབ་གཉིས་འདོད་དགུའི་ཆར་བཟང་འཇོ། །ས་ལ་སྒྲུབ་བརྒྱུད་བསྟན་པའི་པད་ཚལ་རྒྱས། །ཕུན་ཚོགས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་སྲས་མཁར་སྤྲུལ་པའི་ཕོ་བྲང་དུ་རྗེ་ལོ་ཙཱ་བ་ཆེན་པོའི་འདྲ་ཞལ་རྩ་རིས་མའི་སྤྱན་སྔར་ཚོགས་གཉིས་འབྲེལ་འཇོག་བགྱིས་སྐབས་གང་ཤར་གསོལ་བ་འདེབས་བ་པོ་ནི་རྙིང་བན་པདྨ་བི་ཛས་སོ།།
༈ རྡོ་རྗེ་འཆང་གི་དགོངས་བཅུད་ཨ་མྲྀ་ཏས། །ཆེར་མྱོས་བསིལ་ལྡན་གྲུབ་པ་ཡོངས་ཀྱི་ཏོག །ཟབ་གསང་དོ་ཧས་འདོམ་མཛད་མི་ལ་རྗེ། །བཞད་པ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །མཚན་ཙམ་གྱིས་ཀྱང་སྲིད་པའི་འཇིགས་འཕྲོག་ཅིང་། །ལྷན་སྐྱེས་ཡེ་ཤེས་རྩོལ་མེད་བསྐྱེད་མཛད་པའི། །བྱང་ཆུབ་སེམས་ཀྱི་མངའ་བདག་སྒོམ་པོ་པ། །ཟླ་འོད་གཞོན་ནུའི་ཞབས་ལ་གསོལ་བ་འདེབས། །སྲོག་རྩོལ་ཉི་ཟླའི་བགྲོད་པ་དྷཱུ་ཏིའི་མཁར། །ཡོངས་ཐིམ་ར ས་དཀར་གཤོག་པའི་བླ་གོས་ཀྱིས། །མཁའ་སྤྱོད་གནས་སུ་གཤེགས་མཛད་རས་ཆུང་བ། །རྡོ་རྗེ་གྲགས་པའི་ཞབས་ལ་གསོལ་བ་འདེབས། །མཚུངས་མེད་གྲུབ་པའི་ཁྱུ་མཆོག་རྣམ་གསུམ་གྱིས། །ཚེ་རབས་ཕྲེང་བར་འབྲལ་མེད་རྗེས་བཟུང་མཐུས། །དོན་གཉིས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཕྱག་ཆེན་མཆོག་དངོས་གྲུབ་པར་བྱིན་གྱིས་རློབས། །ཞེས་པའང་པདྨ་བི་ཛས་གསོལ་བ་བཏབ་པ་དགེ། ༀ་སྭསྟི། ཡིད་བཞིན་ནོར་དང་བུམ་བཟང་དཔག་བསམ་ཤིང་། །འདོད་འཇོའི་བ་མཆོག་མ་རྨོས་ལོ་ཏོག་བཞིན། །མཐའ་ཡས་འགྲོ་བའི་རེ་བ་སྐོང་མཛད་པ། །འབྲུག་སྨྱོན་ཀུན་དགའ་ལེགས་པའི་ཞབས་ལ་འདུད། །དྲི་མེད་ཐོས་པ་གསེར་རིའི་ཕྲེང་བའི་དབུས། །བསམ་པའི་ཤེས་རབ་བང་རིམ་ལྷུན་ཆགས་ཤིང་། །སྒོམ་བྱུང་བློ་གྲོས་སྲིད་པའི་བླ་ན་མཐོ། མཁས་པའི་ཡོན་ཏན་ས་འཛིན་དབང་པོ་བཞིན། །ཉེས་སྤྱོད་སྡོམ་པའི་མཚོ་ལས་ཉེར་འཁྲུངས་པའི། །དགེ་བ་ཆོས་སྡུད་གེ་སར་འདབ་ཕྲེང་མཛེས། །སེམས་ཅན་དོན་བྱིང་ཟིལ་དངར་འབུམ་འཇོ་བ། །བཙུན་པའི་ཚུལ་ཁྲིམས་པུཎྜ་རི་ཀར་འགྲན། །རབ་བརྟན་བཟོད་པའི་རྡོ་རྗེ་ཕ་ལམ་གྱིས། །ཞེ་སྡང་ལྷ་མིན་མཚོན་འཁོར་བཅོམ་བྱས་པས། །ལོག་སྒྲུབ་རྐྱེན་གྱིས་མི་འཁྲུགས་གོ་ཆ་ཅན། །བཟང་པོའི་ཡོན་ཏན་འཆི་མེད་དབང་པོར་མཐུན། །ཐུབ་གསུང་མདོ་རྒྱུད་སྙིང་པོ་འོ་མའི་བཅུད། །རང་བཟོའི་ཆབ་ཀྱིས་བསླད་པའི་གྲུབ་མཐའི་སྲོལ། །མ་འདྲེས་གསལ་བར་འབྱེད་པའི་རྣམ་དཔྱོད་ཅན། །མཁྱེན་རབ་འཇམ་དཔལ་གཞོན་ནུའི་ངང་ཚུལ་འཛིན། །བྱམས་དང་སྙིང་རྗེའི་གློག་ཕྲེང་དང་འགྲོགས་པའི། །རྨད་བྱུང་ཐུགས་རྗེ་ཆེན་པོའི་སྤྲིན་ཆེན་ལས། །ཀུན་ཕན་ཆར་གྱིས་སྲིད་པའི་ཚད་གདུང་བཅིལ། །བརྩེ་བའི་རང་བཞིན་དབྱར་གྱི་དཔལ་མོ་འདྲ། །ཕྲིན་ལས་རྣམ་བཞིའི་འོད་ཟེར་འབུམ་ཕྲག་གིས། །བསྟན་འགྲོའི་རྒུད་པའི་མུན་པ་ཀུན་བཅོམ་ནས། །ཕན་བདེའི་པད་ཚལ་ཅིག་ཅར་བཞད་མཛད་པའི། །ནུས་མཐུ་ཉིན་མོར་བྱེད་པའི་གཟི་བྱིན་ངོམ། །རྒྱུ་དང་འབྲས་བུའི་གཞུང་ལམ་འབྲུ་ཡི་མཆོག །བརྒྱུད་ལྡན་ཞལ་ལུང་ཕབས་ཀྱིས་བྲན་པའི་བཅུད། །ཉམས་མྱོང་མན་ངག་བདུད་རྩིའི་ཉིང་ཁུ་ཆེ། །འཆད་པས་བློ་ལྡན་བྱེ་བའི་ཉམས་སྟོབས་སྤེལ། །ཡང་དག་ཚད་མ་གསུམ་གྱི་མདའ་བོ་ཆེས། །ཕས་རྒོལ་ལོག་སྨྲའི་གྲོང་ཁྱེར་སུམ་བརྩེགས་ཀྱི། །རིགས་ལམ་ཐལ་བར་བྱེད་པའི་སྤོབས་པ་ཅན། །རྩོད་པའི་རྣམ་དཔྱོད་མ་ཧཱ་དེ་ཝར་གྲུབ། །བརྗོད་དོན་ཕུན་ཚོགས་དགོས་འབྱུང་ཡིད་བཞིན་དབང་། །རྗོད་བྱེད་མཛེས་པའི་སྲད་བུར་ལེགས་བརྒྱུས་པའི། །རྩོམ་པའི་ལེགས་བཤད་སྔོན་མེད་ནོར་བུའི་ཕྲེང་། །གཟུར་གནས་མཁས་མང་མགྲིན་པའི་རྒྱན་དུ་སྤུད། །གྲུབ་གཉིས་རྟོགས་པའི་སུ་རས་ཆེར་མྱོས་པས། །བསད་པ་གསོ་སོགས་ཡ་མཚན་རྨད་པོ་ཆེའི། །བརྟུལ་ཞུགས་སྤྱོད་པས་སྒྲོ་སྐུར་དྲི་མ་བསལ། །ཤ་བ་རི་པའི་རྣམ་ཐར་འཛིན་དེར་འདུད། །མེ་ཆུ་དུག་མཚོན་འབྱུང་པོའི་གཡུལ་ལས་རྒྱལ། །གདུལ་དཀའ་ཀློ་མོན་མུ་སྟེགས་ཆོས་ལ་བཀོད། །རྫུ་འཕྲུལ་མཐུ་ཡིས་འགྲོ་མང་རེ་སྐོང་བའི། །གྲུབ་པའི་ཁྱུ་མཆོག་ཁྱེད་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཡེ་ཤེས་དགོངས་པའི་བྱིན་རླབས་སྙིང་ལ་ཞུགས། །རྟོགས་གྲོལ་དུས་མཉམ་གདོད་མའི་རྒྱལ་ཐབས་ཆེར། །དབང་འབྱོར་དོན་གཉིས་མཐར་ཕྱིན་བྱིན་གྱིས་རློབས། །རྗེ་གྲུབ་ཐོབ་ཆེན་པོའི་གདན་ས་གཉལ་དྲེའུ་ལྷས་སུ་སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་སྙོམ་ལས་པ་པདྨ་བི་ཛ་ཡས་བྲིས་ཤིང་གསོལ་བ་བཏབ་པ་དགེ། ༈ འཇམ་དཔལ་ཞལ་གཟིགས་ས་ཆེན་ཀུན་དགའ་སྙིང་། །རྒྱུད་སྡེ་རྒྱ་མཚོ་འགྲོལ་མཁས་གྲགས་པའི་མཚན། །མཁའ་སྤྱོད་གནས་བགྲོད་བསོད་ནམས་རྩེ་མོའི་ཞབས། །དཀར་པོ་རྣམ་གསུམ་ཞབས་ལ་གསོལ་བ་འདེབས། །ལོག་སྨྲ་ཚར་གཅོད་ཆོས་རྗེ་པཎྜི་ཏ། །གཞན་ཕན་ཐུགས་རྗེའི་མངའ་བདག་འཕགས་པའི་མཚན། །གསུང་རབ་རྒྱ་མཚོའི་མཛོད་འཆང་བསོད་རྒྱལ་པ། །དམར་པོ་རྣམ་གསུམ་ཞབས་ལ་གསོལ་བ་འདེབས། །ཕར་ཕྱིན་བཤད་པའི་ཆུ་མགོ་གཡག་རོང་གཉིས། །གསང་ཆེན་རྒྱུད་སྡེའི་མངའ་བདག་ངོར་རྫོང་རྗེ། །རིགས་ལམ་སེང་གེའི་སྒྲ་སྒྲོགས་གོ་ཤཱཀ་སོགས། །ལམ་འབྲས་བསྟན་འཛིན་ཡོངས་ལ་གསོལ་བ་འདེབས། །མདོ་སྔགས་བསྟན་པའི་བདག་པོ་ས་སྐྱ་པའི། །རིང་ལུགས་སྲིད་མཐའི་བར་དུ་རྒྱས་པ་དང་། །བདག་སོགས་འགྲོ་ཀུན་སྒྲིབ་གསུམ་ལས་གྲོལ་ནས། །རྡོ་རྗེ་འཆང་དབང་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་པདྨ་བི་ཛས་གསོལ་བ་བཏབ་པ་དགེ། ༈ གསུང་གི་དབང་ཕྱུག་མཚོ་སྐྱེས་རྒྱལ་བ་ཡི། །རྣམ་རོལ་མ་འགགས་དཔལ་ལྡན་ཨ་ཏི་ཤ །སླར་ཡང་སྙིགས་འགྲོའི་མགོན་དུ་ཡོངས་ཤར་བའི། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ངེས་འབྱུང་རྣམ་པར་དག་པའི་མཚོ་དབུས་སུ། །གཞན་ཕན་བྱང་ཆུབ་སེམས་ཀྱི་རི་དབང་བརྗིད། །བསླབ་གསུམ་གསེར་གྱི་བང་རིམ་མངོན་མཛེས་པའི། །བློ་བཟང་གྲགས༴ མཁྱེན་རབ་རལ་གྲི་འཆང་བའི་གཟི་བྱིན་གྱིས། །བློ་ཡི་མུན་པ་མ་ལུས་བསལ་བ་ཡིས། །ཇི་སྙེད་བཀའ་བསྟན་དབུ་མའི་དེ་ཉིད་གཟིགས། །བློ་བཟང་གྲགས༴ གསང་འཛིན་མགོན་པོའི་ཞལ་ལུང་རྫོགས་པ་ཆེ། །བདུད་རྩི་སྨན་མཆོག་སྙིང་པོའི་དོན་རྟོགས་པས། །གྲུབ་པའི་སར་གཤེགས་ཌཱ་ཀིའི་རྗེས་བསྔགས་པའི། །བློ་བཟང་གྲགས༴ སྒྲིབ་སྦྱོང་མཐུ་ཡིས་མཁྱེན་རྟོགས་ཀློང་དུ་གྱུར། །ཚོགས་གཉིས་རྫོགས་པས་ཕྲིན་ལས་མཁའ་དང་མཉམ། །གྲགས་པ་དོན་ལྡན་རྒྱལ་བ་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པའི་གསོལ་བཏབ་མཐུས། །ངེས་འབྱུང་ཞིང་སར་སྙིང་རྗེའི་མྱུ་གུ་འཁྲུངས། །ཚོགས་གཉིས་འབྲས་སྨིན་གཞན་ཕན་ཕྲིན་ལས་རྒྱས། །དོན་གཉིས་མཐར་ཕྱིན་ཐུབ་བསྟན་མཐའ་རྒྱས་ཤོག །ཅེས་པའང་འབྲོག་རི་བོ་དགེ་ལྡན་རྣམ་རྒྱལ་གླིང་དུ། སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་སྔགས་བན་པདྨ་བི་ཛས་གསོལ་བ་བཏབ་པ་དགེ། ༈ ཆོས་ཀྱི་རྒྱལ་པོ་མཉམ་མེད་ཙོང་ཁ་པ། །རྒྱལ་མཁས་རྣམ་གཉིས་པཎ་ཆེན་དགེ་འདུན་གྲུབ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་སོགས། །དགེ་ལྡན་བསྟན་འཛིན་ཡོངས་ལ་གསོལ་བ་འདེབས། །བདེན་གཉིས་ཟུང་འཇུག་ལྟ་བའི་ཟབ་གནད་རྟོགས། །ཚོགས་གཉིས་ཟུང་འབྲེལ་ལམ་མཆོག་མཐའ་རུ་ཕྱིན། །སྐུ་གཉིས་མངོན་གྱུར་འབྲས་བུའི་རྒྱལ་ཐབས་ཆེར། །བདག་གཞན་འགྲོ་ཀུན་འགོད་པར་མཛད་དུ་གསོལ། །པདྨ་བི་ཛས་སོ།།
༈ ༀ་སྭསྟི། ཆོས་དབྱིངས་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །གང་འདུལ་རྣམ་འཕྲུལ་མཛད་ཕྲིན་སྨན་ཆར་གྱིས། །བསྟན་འགྲོའི་རྒུད་པའི་དྲི་མ་ཀུན་བཀྲུས་ནས། །ཕན་བདེའི་མྱུ་གུ་བསྐྲུན་ལ་གསོལ་བ་འདེབས། །ཐུགས་རྗེ་ཆེ་དངོས་དྲི་མེད་ཀུན་ལྡན་གྱིས། །སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་མཛད་ཚེ། །བློ་སྟོབས་ཆེན་པོས་རྒྱལ་བུའི་སྐུ་སྲུང་བ། །ཆོས་བློན་ཟླ་བ་བཟང་པོར་གསོལ་བ་འདེབས། །དགའ་བ་བརྒྱ་ལྡན་འཆི་མེད་གྲོང་ཁྱེར་དུ། །ཀུན་དགའ་སྙིང་པོ་དམ་པ་ཏོག་དཀར་མདུན། །བརྫུས་སྐྱེས་ངོ་མཚར་བྱང་ཆུབ་ལུང་བསྟན་བརྙེས། །ལྷ་བུ་འོད་དཀར་སྙིང་པོར༴ ཐུབ་ཆེན་དྲུང་དུ་གང་གའི་ལྷ་མོ་ཞེས། །ཟབ་མོའི་བཟོད་ཐོབ་བྱང་སེམས་ལུས་སྟོབས་རྒྱས། །གསེར་གྱི་མེ་ཏོག་ཅེས་བྱའི་རྒྱལ་བ་རུ། །འབྱུང་འགྱུར་ལུང་བསྟན་ཐོབ་ལ༴ དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་དཔལ། །ཀོ་ཤའི་མཚོ་གླིང་བརྫུས་ཏེ་སྐུ་འཁྲུངས་ཚེ། །ཐོག་མའི་ཞལ་མཇལ་ཆོས་ཀྱི་རྒྱལ་སྲིད་པ། །ཏྲི་ན་འཛིན་དུ་གྱུར་ལ༴ གུ་རུའི་བཀའ་སྒྲུབ་ཐབས་ལ་མཁས་པ་ཡིས། །ནམ་མཁའི་ཤུགས་ཅན་རྒྱལ་བློན་འབངས་འཁོར་བཅས། །རྟག་ཆད་ལས་བསྒྲལ་ནང་པའི་བསྟན་ལ་བཙུད། །ལྷ་ལྕམ་ཨ་ཐམ་རྒྱལ་མོར་གསོལ༴ བསིལ་བ་ཚལ་དུ་ཨོ་རྒྱན་ཆེན་པོ་ཡིས། །རྗེས་བཟུང་དབང་བསྐུར་གསང་སྔགས་ལམ་ལ་བཀོད། །དུར་ཁྲོད་ཀུན་ཏུ་བརྟུལ་ཞུགས་སྤྱོད་པ་མཛད། །སྨོན་ལམ་དབང་གི་རྡོ་རྗེར༴ དྲི་མེད་མདངས་ལྡན་གཡུ་ཡི་མཚོ་མོ་རུ། །གཉིས་འཐུང་ཚུལ་བཟུང་ཐོར་ཅོག་དགུ་ལྡན་བསྙེགས། །གུ་རུས་རྗེས་བཟུང་དབུགས་དབྱུང་ལུང་བསྟན་ནས། །ལྷ་ཡུལ་གཤེགས་པར་མཛད་ལ༴ གསོལ་སྨོན་བདེན་ཚིག་སྐྱ་རེངས་ཁ་ལོ་ཡིས། །ཉེར་དྲངས་ཕྱག་ན་པདྨ་ཉིན་མོར་བྱེད། །བསོད་ནམས་མཁའ་ལ་འཆར་བའི་དེ་མ་འདྲོགས། །དམྱལ་ཚོགས་སྨག་རུམ་སེལ་ལ༴ ངན་འགྲོའི་འདམ་ལས་སྐྱེས་ཀྱང་བློ་གྲོས་ཀྱི། །ཀེ་སར་མ་ཉམས་ཁྲི་སྙན་ཨུཏྤ་ལ། །གུ་རུའི་ཐུགས་རྗེའི་འོད་བརྒྱས་རེག་པའི་མོད། །རྣམ་གྲོལ་འདབ་སྟོང་གཡོ་ལ༴ མཚོ་སྐྱེས་འགྲོ་འདུལ་རྡོ་རྗེའི་གསང་བའི་ལྕམ། །བདེ་སྟོང་དགའ་བཞིའི་ཡེ་ཤེས་སྤེལ་བའི་གཉེན། །བྲམ་ཟེའི་རིགས་གྱུར་མཚར་སྡུག་རྫོགས་པའི་སྐུ། །ཡིད་འཕྲོག་མཛེས་མར་གྲགས་ལ༴ གང་ཐུགས་སྟོང་ཉིད་སྙིང་རྗེའི་སྤྲིན་ཆེན་ལས། །ལེགས་འོངས་བདེན་ཚིག་སྨོན་པའི་གྲུ་ཆར་གྱིས། །བདུད་རིགས་ཁྲོ་སེམས་མེ་ཚོགས་གཞིལ་མཛད་པ། །ཉེ་དབང་དྲི་མེད་ཟླ་བར༴ ཁྲི་སྲོང་དད་བསོད་རྒྱལ་མཚན་རྩེ་མོ་རུ། །ཐུབ་བསྟན་རིན་ཆེན་འགུགས་པའི་བྱ་མ་རྟ། །གུ་རུའི་ཐུགས་སྲས་སྐད་གཉིས་སྨྲ་བའི་ཕུལ། །སྦ་ལོ་རིན་ཆེན་བཟང་པོར༴ ཟབ་འུ་ལུང་དུ་མཚོ་རྒྱལ་རྗེ་དང་མཇལ། །གུ་རུས་རྗེས་བཟུང་གསང་བའི་དགྱེས་སྡེར་བརྟེན། །དབང་བསྐུར་བྱིན་རླབས་སྨིན་གྲོལ་དངོས་གྲུབ་བརྙེས། །ཤེལ་བཟའ་མགོན་སྐྱིད་ཞབས་ལ༴ ཨོ་ཌཱི་ཡ་ནར་ཡེ་ཤེས་ཌཱ་ཀི་ནི། །སེང་གེའི་ཞལ་གྱིས་དབང་བསྐུར་བྱིན་གྱིས་རླབས། །རྟོགས་གྲོལ་དུས་མཉམ་བརྟུལ་ཞུགས་རྩལ་ཆེན་རྫོགས། །བླ་མེད་མཆོག་གི་རྡོ་རྗེར༴ ཚ་བ་རོང་དུ་གཡུ་སྒྲས་རྗེས་སུ་བཟུང་། །རྫོགས་ཆེན་སྡེ་གསུམ་སྙིང་པོའི་གསང་མཛོད་གཏད། །ཕྲིན་ལས་ཟབ་མོའི་བསྟན་འགྲོའི་བདེ་སྐྱིད་སྤེལ། །རྡོ་རྗེ་དྲག་པོ་ཧཱུྃ་མཛད་ལ༴ ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་རུ། །ཡོ་ག་རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར། །མཁས་གྲུབ་གྲགས་པས་གངས་རིའི་ཁྱོན་ཀུན་ཁྱབ། །ནམ་མཁའ་རྡོ་རྗེའི་ཞབས་ལ༴ ལས་ཀྱི་འཕྲོ་སད་ཟབ་མོའི་གཏེར་དང་མཇལ། །ལས་འབྲེལ་རྩལ་གྱིས་སྙིང་ཐིག་གདམས་པ་གཏད། །ལས་ཅན་སྐྱེ་བོའི་ཚོགས་རྣམས་སྨིན་གྲོལ་མཛད། །ལེགས་པ་རྒྱལ་མཚན་ཞབས་ལ༴ ཡེ་ཤེས་ཌཱ་ཀིའི་ལུང་གིས་བསྐུལ་བ་བཞིན། །ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་མཇལ། །སྙིང་ཐིག་རྣམ་གཉིས་གདམས་པའི་ཕ་ཕོག་ཐོབ། །འོད་ཟེར་གོ་ཆའི་ཞབས་ལ༴ གྲུབ་པ་མཐར་ཕྱིན་སྒྱུ་མའི་རོལ་རྩེད་ཀྱིས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དབང་བསྡུས་ཤིང་། །ལྷ་སྲིན་དམ་བཏགས་ཆོས་ཀྱི་རྒྱལ་སྲིད་སྐྱོང་། །བལ་པོ་རཏྣ་མ་ཏིར་གསོལ་བ༴ ཚ་བ་རོང་དུ་རང་བྱུང་སྤྲུལ་པའི་སྐུ། །འོད་གསལ་ཐེག་མཆོག་སྙིང་པོའི་གསང་ལམ་ནས། །སྣང་བཞིའི་ཡེ་ཤེས་མཐར་ཕྱིན་དངོས་གྲུབ་བརྙེས། །གསང་བ་རྡོ་རྗེ་སྙིང་པོར་གསོལ༴ སྙེ་བའི་རིགས་འཁྲུངས་སྔོན་སྦྱངས་ལས་འཕྲོ་སད། །གུ་རུས་རྗེས་བཟུང་ཟབ་གཏེར་སྒོ་འཕར་ཕྱེས། །འབྲེལ་ཚད་དོན་ལྡན་བསྟན་པའི་སྒྲོན་མེ་སྦར། །གར་དབང་ལས་འཕྲོ་གླིང་པར་གསོལ་བ་འདེབས། །སླར་ཡང་གང་འདུལ་སྒྱུ་འཕྲུལ་བཀོད་པ་བརྒྱས། །རྒྱལ་བསྟན་སྤེལ་ཞིང་ལས་ཅན་གདུལ་འགྲོ་སྐྱོང་། །སྙིགས་ལྔའི་རྒུད་སྐྱོབ་འབྲེལ་ཚད་ཐར་པ་འདྲེན། །རྣམ་ཐར་བསམ་མི་ཁྱབ་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཚེ་རབས་ཕྲེང་བར་འབྲལ་མེད་རྗེས་བཟུང་ནས། །སྲིད་དང་ཞི་བའི་དཔལ་འབྱོར་ཀུན་འཕེལ་ཞིང་། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་གར་དབང་ལས་འཕྲོ་གླིང་པའི་སྐྱེ་འཕྲེང་གསོལ་འདེབས་འདིའང་། མགོན་པོ་གང་གི་སྐྱེས་རབས་རྟོགས་བརྗོད་ཆེན་མོ་མཇལ་བའི་རྐྱེན་ལས་མི་ཕྱེད་པའི་དད་པ་སྙིང་ནས་རྒྱས་པའི་དབང་གིས་སྔགས་བཙུན་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བྱང་སྟོད་ཚུགས་སོར་བྲིས་པ་དགེ། ༈ སྐྱེ་མེད་སྤྲོས་བྲལ་བོན་སྐུ་ཀུན་ཏུ་བཟང་། །རིག་པར་རང་གསལ་རྫོགས་སྐུ་གཤེན་ལྷ་འོད། །ཟུང་འཇུག་རང་རྩལ་སྤྲུལ་སྐུ་གཤེན་རབ་རྗེ། །འབྲལ་མེད་རོ་གཅིག་རིག་པའི་ངང་དུ་འདུ། །སྔོན་བསགས་མཐུ་ཡིས་དག་པའི་བག་ཆགས་སད། །དཀའ་སྤྱད་བསྒྲུབས་པས་གོང་མའི་རྗེས་སུ་སྙེགས། །མཁྱེན་རྟོག་ཀློང་རྡོལ་དོན་གཉིས་མཐའ་རུ་ཕྱིན། །མེ་སྟོན་ཉི་མ་རྒྱལ་མཚན་ཞབས་ལ་འདུད། །གང་གི་རྣམ་ཐར་རྟོགས་བརྗོད་དབྱར་གྱི་རྔ། །ཐོས་པས་རབ་དགའ་མྱོས་པའི་གཙུག་སྒྲོ་ཅན། །སོར་བཅུའི་ཟློས་གར་བསྒྱུར་དང་ཆབས་ཅིག་པར། །སྤྲོ་སེམས་མགྲིན་པ་བཏེགས་ནས་འདི་སྐད་སྒྲོགས། །ཐབས་མཁས་ཐུགས་རྗེའི་བདག་ཉིད་རྒྱལ་བ་མཆོག །གང་འདུལ་འགྲོ་ངོར་རབ་འབྱམས་སྐུར་བཞེངས་ནས། །བརྒྱད་ཁྲི་བཞི་སྟོང་ཆོས་བོན་ཐེག་པའི་སྒོ། །གསུངས་ཀུན་མཐར་ཐུག་དོན་ལ་རྣམ་དབྱེར་མེད། །སཾ་ཀྲྀ་ཏ་དང་ཞང་ཞུང་སྐད་ལ་སོགས། །འགྱུར་དང་བརྡ་ཆད་སོ་སོར་སྣང་ནའང་། །ཆུ་ཀླུང་མཐའ་དག་རྒྱ་མཚོར་རོ་གཅིག་བཞིན། །དགོངས་པའི་སྐྱེལ་སོ་མཐར་ཐུག་གཅིག་ཏུ་བབས། །བསླུ་མེད་མཆོག་གསུམ་སྐྱབས་སུ་འཛིན་པ་དང་། །ལྟ་སྤྱོད་བཀའ་རྟགས་ཕྱག་རྒྱ་བཞི་འཆང་ན། །ང་ཡི་རྗེས་འཇུག་ཡིན་ཞེས་ཐུབ་པས་གསུངས། །ཚུལ་འདི་དེང་སང་བོན་དཀར་ལུགས་ལ་ཡོད། །ངེས་པར་འབྱུང་ལྡན་ཚུལ་ཁྲིམས་རྣམ་དག་ངོས། །སྙིང་རྗེ་ཆེན་པོས་འགྲོ་བ་སྒྲོལ་སླད་དུ། །ཐབས་ཤེས་ཟུང་འབྲེལ་ཚོགས་གཉིས་རླབས་པོ་ཆེ། །གསོག་ལ་བན་བོན་དགོངས་བཞེད་གཅིག་པ་ལགས། །བོན་ཉིད་སྐྱེ་བ་མེད་པའི་མཁའ་ཀློང་དུ། །བོན་ཅན་མཚན་མའི་སྤྲིན་ཚོགས་ཅིར་སྣང་ཡང་། །འཛིན་མེད་རང་གྲོལ་གཤིས་ལ་ཕན་གནོད་བྲལ། །ངེས་དོན་སྙིང་པོའི་གནད་ཀུན་གཅིག་པར་གོ །དེ་སླད་བཻ་རོ་དྲན་པ་ནམ་མཁའ་སོགས། །སྔོན་བྱོན་ཚད་མའི་སྐྱེས་བུ་དུ་མ་ཡིས། །ཆོས་བོན་ཟུང་འབྲེལ་བསྟན་པའི་སྒྲོན་མེ་སྦར། །རིས་མེད་གདུལ་བྱ་རྒྱ་མཚོ་སྨིན་གྲོལ་མཛད། །མཁན་སློབ་ཆོས་རྒྱལ་ལོ་པཎ་གདན་འཛོམས་སྐབས། །བརྩེ་བྲལ་སྲོག་གཅོད་མཆོད་སྦྱིན་དགེ་རློམ་པའི། །ཕྱི་རོལ་གཞུང་དང་འདྲེས་པ་སྡིག་པའི་བོན། །བསྣུབས་མོད་ཆོས་བོན་ཡང་དག་ལྟ་སྤྱོད་ཅན། །རྒྱལ་བའི་ཕྲིན་ལས་འཛིན་རྣམས་དམས་པ་མེད། །རྡོར་གླིང་རྒོད་ལྡེམ་ཀུ་ས་སྨན་པ་སོགས། །གུ་རུའི་རྒྱལ་ཚབ་རྩོད་བྲལ་དུ་མ་ཡིས། །བོན་གཏེར་མཐའ་ཡས་བཞེས་པའི་ཚུལ་ལ་ལྟོས། །བློ་ལྡན་ཀུན་གྲོལ་སངས་རྒྱས་གླིང་ལ་སོགས། །བོན་གྱི་རིག་འཛིན་ཆེན་པོ་དག་གིས་ཀྱང་། །ངོ་མཚར་ཆོས་གཏེར་ནོར་བུའི་སྒོ་ཕྱེས་ནས། །བསྟན་གཉིས་ཉི་ཟླའི་སྒྲོན་མེ་འདེགས་པར་མཛད། །ཁྱད་པར་གུ་རུ་ཏ་པི་ཧྲི་ཙ་རུ། །སྤྲུལ་ནས་ཞང་ཞུང་ཡུལ་དུ་གསུངས་པའི་ཆོས། །རྫོགས་ཆེན་སྙན་བརྒྱུད་ཟབ་མོའི་གསང་ལམ་ནས། །གདོས་ལུས་འོད་སྐུར་དེངས་པའི་ངོ་མཚར་འབར། །དེ་ཕྱིར་བོན་དཀར་ཆོས་དང་དབྱེར་མེད་པས། །ཕྱི་རབས་སྐལ་བཟང་སྐྱེ་དགུའི་ཚོགས་རྣམས་ཀྱིས། །བན་བོན་གྲུབ་མཐའི་ཁ་འཛིན་མ་བྱེད་པར། །ཀུན་ལ་དག་སྣང་ཕྱོགས་མེད་སྦྱོངས་མཛོད་དང་། །དོན་འབྲས་མི་བསླུ་རྣམ་མཁྱེན་རྒྱུར་འགྱུར་ངེས། །དེ་སྐད་སྔགས་བཙུན་ཞེ་ཆེན་རྒྱལ་ཚབ་པས། ཁྱི་ལོ་ཟླ་བ་བརྒྱད་པའི་གྲལ་ཚེས་ལ། །ཁྱུང་གསེར་བཀྲ་ཤིས་གླིང་གི་ཞོལ་དུ་བྲིས། །དགེ་བས་བསྟན་གཉིས་མི་ནུབ་མཐར་རྒྱས་ཤོག །

རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཆེན་པོའི་སྐུ་ཕྲེང་རིམ་བྱོན་གྱི་གསོལ་འདེབས་བྱིན་རླབས་རོལ་མཚོ།

༄༅། །རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཆེན་པོའི་སྐུ་ཕྲེང་རིམ་བྱོན་གྱི་གསོལ་འདེབས་བྱིན་རླབས་རོལ་མཚོ་བཞུགས། ན་མོ་གུ་རུ། སྟོང་ཉིད་སྙིང་རྗེའི་རང་གཟུགས་རྒྱལ་བའི་སྲས། །ཕྱག་ན་པདྨའི་ཡེ་ཤེས་སྒྱུ་མའི་གར། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་གྲོལ་མཛད་པ། །དུས་གསུམ་མཁྱེན་པའི་ཞབས་ལ་གསོལ་བ་འདེབས། །འབྱུང་བཞིའི་འཇིགས་བྲལ་གྲུབ་བརྒྱའི་འཁོར་ལོས་སྒྱུར། །བརྟུལ་ཞུགས་སྤྱོད་པས་ཧོར་སོགས་གདུལ་དཀའ་འདུལ། །ནག་ཕྱོགས་མི་མིན་འབྱུང་པོའི་གནོད་པ་བསྐྱབས། །ཀརྨ་པཀྴིའི་ཞབས་ལ༴ ས་བཅུའི་དབང་ཕྱུག་འགྲོ་ལ་རྗེས་བརྩེའི་ཐུགས། །ངོ་མཚར་རྣམ་ཐར་གཞོན་ནུ་དོན་འགྲུབ་བཞིན། །གྲགས་པའི་གཏེར་གྱུར་ཕྱག་རྫོགས་བསྟན་པའི་སྲོག །རྒྱལ་དབང་རང་བྱུང་རྡོ་རྗེར༴ ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་ཆུ་འཛིན་འཁྲིགས། །ཕུལ་བྱུང་མཛད་ཕྲིན་ཆར་གྱི་རྒྱུན་བཟང་པོས། །བསྟན་འགྲོའི་བདེ་སྐྱིད་ལོ་འབྲས་བསྐྱེད་མཛད་པ། །རོལ་པའི་རྡོ་རྗེའི་ཞབས་ལ༴ མཁྱེན་བརྩེའི་ཉི་ཟླ་གསར་པའི་གཟི་འོད་ཀྱིས། །ས་གསུམ་རྒུད་པའི་མུན་ཚོགས་གཏན་བཅོམ་ཞིང་། །དགེ་ལེགས་ཕན་བདེའི་སྣང་བ་རྒྱས་མཛད་པ། །དེ་བཞིན་གཤེགས་པའི་ཞབས་ལ༴ མཁས་གྲུབ་ཀླུ་མཆོག་བྱེ་བའི་གཙུག་གི་རྒྱན། །དཔག་ཡས་ཡོན་ཏན་གཟི་འབར་ཡིད་བཞིན་དབང་། །འགྲོ་བའི་རེ་སྐོང་འདོད་དགུའི་གྲུ་ཆར་ཅན། །མཐོང་བ་དོན་ལྡན་ཞབས༴ སྒྲུབ་བརྒྱུད་གངས་རིའི་སྤོ་ལ་གནས་བཅས་ནས། །ངེས་དོན་དབུ་མ་སེང་གེའི་སྒྲ་དབྱངས་ཀྱི། །རྟག་ཆད་ལྟ་བའི་ཝ་སྐྱེས་སྔངས་མཛད་པ། །ཆོས་གྲགས་རྒྱ་མཚོའི་ཞབས༴ ཕུལ་བྱུང་སྐྱེས་ཐོབ་བློ་གྲོས་པདྨོའི་ཚལ། །ལུང་རིགས་རྩི་བཅུད་དངར་པོས་ཆེས་གཏམས་པས། །བློ་གསལ་རྐང་དྲུག་ཚོགས་རྣམས་དགའ་མཛད་པ། །མི་བསྐྱོད་རྡོ་རྗེའི་ཞབས་ལ༴ བརྒྱུད་པའི་མན་ངག་ཕབས་ཀྱིས་ལེགས་བྲན་པའི། །ཕྱག་རྒྱ་ཆེན་པོ་བདུད་རྩིའི་ཉིང་ཁུ་ཡིས། །བསྐལ་བཟང་གདུལ་འགྲོའི་རེ་བ་སྐོང་མཛད་པ། །དབང་ཕྱུག་རྡོ་རྗེའི་ཞབས་ལ༴ སྟོང་ཉིད་སྙིང་རྗེ་ཟབ་མོའི་གྲུ་ཆེན་གྱིས། །འཁོར་མཚོར་བྱིང་བའི་མཐའ་ཀླས་ཡིད་ཅན་ཀུན། །རྣམ་གྲོལ་རིན་ཆེན་གླིང་དུ་དབུགས་དབྱུང་བའི། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ༴ ཚུལ་ཁྲིམས་རྣམ་པར་དག་པའི་ཆུ་གཏེར་ལས། །ཉེར་འཁྲུངས་ཏིང་འཛིན་ཆ་རྫོགས་རི་བོང་ཅན། །རྣམ་གསུམ་ཤེས་རབ་བསིལ་ཟེར་འབུམ་འཕྲོ་བ། །ཡེ་ཤེས་རྡོ་རྗེའི་ཞབས་ལ༴ ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་མེ་ཤེལ་ཁམས། །དགེ་བ་ཆོས་སྡུད་གསེར་གྱི་མུ་ཁྱུད་བཀྲ། །སེམས་ཅན་དོན་བྱེད་འོད་ཟེར་སྟོང་འབར་བ། །བྱང་ཆུབ་རྡོ་རྗེའི་ཞབས་ལ༴ འདུལ་ཁྲིམས་རྣམ་པར་དག་པའི་གསེར་སྦྱངས་ཁམས། །བྱང་ཆེན་སྤྱོད་པ་རྒྱ་མཚོའི་རྩིབས་སྟོང་བཀྲ། །མཆོག་གསང་འབྲས་བུའི་དྲོད་རྟགས་མུ་ཁྱུད་ཅན། །བདུད་འདུལ་རྡོ་རྗེའི་ཞབས་ལ༴ མཁས་པའི་ཡོན་ཏན་འདབ་རྒྱས་པདྨ་དཀར། །བཙུན་པའི་གེ་སར་བཟང་པོའི་དྲི་བསུང་ཅན། །བསྟན་འཛིན་ས་མོས་ཚལ་ན་ཆེས་མཐོ་བ། །ཐེག་མཆོག་རྡོ་རྗེའི་ཞབས་ལ༴ མཁྱེན་བརྩེ་ནུས་པའི་ཆུ་ཁུར་དཀྲིགས་པ་ལས། །མཁས་ཚུལ་གསུམ་གྱི་དབྱར་རྔ་ཆེར་སྒྲོགས་པས། །མཁས་གྲུབ་མདོངས་མཐའ་ཅན་རྣམས་དགའ་བྱེད་པ། །མཁའ་ཁྱབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་ཡེ་ཤེས་ཀརྨ་པ། །ཚེ་རབས་ཕྲེང་བར་བདག་གི་བཤེས་གྱུར་ཏེ། །མོས་གུས་ཕྱག་རྒྱ་ཆེན་པོའི་གསང་ལམ་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བྱིན་རླབས་སྩོལ། །ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག །བྱང་ཆུབ་སེམས་འབྱོང་སྨོན་འཇུག་ལམ་མཐར་ཕྱིན། །དམ་ཚིག་རྣམ་དག་རིམ་གཉིས་ཟབ་ལམ་ལས། །སྐུ་བཞིའི་ཡེ་ཤེས་ཚེ་འདིར་མངོན་བྱེད་ཤོག །ཅེས་པའང་རྙིང་བཙུན་འདུ་གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོ་རེ་ཞིག་ལྗོངས་རྒྱུ་བར་ཆས་པའི་སྐབས། འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་ཆེན་པོའི་གསང་བ་གསུམ་གྱི་བྱིན་གྱིས་བརླབས་པའི་གནས་མདོ་ཁམས་ཀརྨ་དགོན་གྱི་ཉེ་ཞོལ་དུ་རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག ༈ གྲུབ་པ་མཐར་ཕྱིན་རོལ་རྩེད་ཀྱིས། །གང་འདུལ་འགྲོ་བའི་རེ་སྐོང་བ། །ཡིད་བཞིན་ནོར་བུ་ལྟ་བུའི་སྐུ། །སངས་རྒྱས་དབོན་པོ་ལ་ཕྱག་འཚལ། །ངེས་དོན་སེང་གེའི་སྒྲ་ཡིས་ནི། །ཐེག་དམན་རི་དྭགས་སྐྲག་མཛད་ཅིང་། །འགྲོ་ཚོགས་མ་རིག་གཉིད་ལས་སློང་། །སངས་རྒྱས་དབོན་པོ་ལ་ཕྱག་འཚལ། །ཟབ་ཅིང་རྒྱ་ཆེ་དྲི་མེད་པའི། །ཆོས་ཀྱི་དབྱིངས་ནི་རྟག་གཟིགས་ནས། །འགྲོ་ལ་བུ་ལྟར་རྗེས་བརྩེའི་ཐུགས། །སངས་རྒྱས་དབོན་པོ་ལ༴ བྲལ་དང་རྣམ་པར་སྨིན་པ་ཡི། །ཡོན་ཏན་རྒྱ་མཚོའི་གཏེར་མངའ་བས། །གྲགས་པ་འཛམ་གླིང་ཡོངས་ལ་ཁྱབ། །སངས་རྒྱས་དབོན་པོ་ལ༴ གང་གི་ཕྲིན་ལས་གདུགས་དཀར་གྱིས། །ས་འདི་ཡོངས་སུ་ཁེབས་པ་ལྟའི། །གྲིབ་བསིལ་བསྟན་འགྲོའི་ངལ་འཚོའི་སྨན། །སངས་རྒྱས་དབོན་པོ་ལ༴ གུ་རུའི་ཞལ་ཚབ་གཏེར་འབྱིན་གཙོ། །ཕག་གྲུའི་རྣམ་འཕྲུལ་སྒྲུབ་བརྒྱུད་དག །ངོ་མཚར་རྣམ་ཐར་དཔག་ཡས་པ། །སངས་རྒྱས་དབོན་པོ་ལ༴ འཕགས་པའི་རྣམ་ཐར་འཕགས་པ་ཡི། །སྤྱོད་ཡུལ་ཡིན་གྱི་སོ་སྐྱེས་མིན། །དེ་སླད་བདག་གིས་ཇི་ལྟར་དཔོག །སངས་རྒྱས་དབོན་པོ་ལ་ཕྱག་འཚལ། །འགྲོ་མགོན་སངས་རྒྱས་དབོན་པོ་ལ། །ཕྱག་འཚལ་བསྟོད་ཅིང་གསོལ་བཏབ་པས། །བདག་དང་མཐའ་ཡས་འགྲོ་བ་ཀུན། །སྐྱོབ་པ་ཁྱོད་འདྲ་ཉིད་གྱུར་ཅིག །ཅེས་པའང་གདན་ས་ཆེན་པོ་དཔལ་རི་བོ་ཆེར་སངས་རྒྱས་དབོན་གྱི་གཟིམས་མལ་འདྲ་ཞལ་མ་དང་རྩ་རིས་མ་གཉིས་ཀྱི་སྤྱན་སྔར་གང་ཤར་ཤུགས་འབྱུང་དུ་གསོལ་བ་འདེབས་པ་པོ་ནི་རྙིང་བན་པདྨ་རྣམ་རྒྱལ་ལོ།། ༈ ན་མོ་གུ་རུ། དཔལ་ལྡན་ཡོན་ཏན་བྱེ་བའི་སྤྲིན་ཆེན་ལས། །དགེ་ལེགས་ཕན་བདེའི་འདོད་དགུའི་གྲུ་ཆར་གྱིས། །འགྲོ་བློའི་རེ་སྐོང་རྒྱལ་བ་སྟག་ལུང་པ། །ཡབ་སྲས་བརྒྱུད་པའི་ཚོགས་ལ་ཕྱག་འཚལ་ལོ། །སྟོང་གསུམ་རི་རབ་གླིང་བཞི་ཉི་ཟླའི་ཚོགས། །ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་མི་ཟད་རྒྱན། །བདག་ལུས་ཕུང་ཁམས་སྐྱེ་མཆེད་དགེ་རྩར་བཅས། །དཔལ་མགོན་བླ་མའི་ཚོགས་རྣམས་མཉེས་ཕྱིར་འབུལ། །ཐོག་མ་མེད་ནས་མ་རིག་དབང་གྱུར་པས། །སོ་ཐར་བྱང་སེམས་རིག་འཛིན་སྡོམ་པ་དང་། །འགལ་བའི་ཉེས་པ་མ་ལུས་འགྱོད་བཤགས་སྡོམ། །དག་ཚང་ཁྲུས་ཀྱི་དངོས་གྲུབ་དེང་འདིར་སྩོལ། །འཕགས་པ་རྣམས་ཀྱི་རྣམ་ཐར་བསམ་མི་ཁྱབ། །ཡེ་ཤེས་ཡངས་པའི་སྤྱོད་ཡུལ་ཟབ་མོ་ཡིས། །འཁོར་བ་དོང་སྤྲུག་འགྲོ་དོན་རླབས་པོ་ཆེར། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་འབུལ། །རང་དོན་མངོན་རྫོགས་འཕགས་པ་མཆོག་རྣམས་ཀྱིས། །སྐལ་མེད་འགྲོ་རྣམས་ཡལ་བར་མི་འདོར་བར། །ཟབ་དང་རྒྱ་ཆེ་བླ་ན་མེད་པ་ཡི། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ། །ཆོས་སྐུ་ལྷུན་གྲུབ་ཆེན་པོར་རྟག་བཞུགས་ཀྱང་། །འགྲོ་ཚོགས་བསོད་ནམས་རྗེས་འགྲོ་གཟུགས་ཀྱི་སྐུ། །ལོག་རྟོག་དབང་གིས་ནམ་ཡང་མི་སྒྲིབ་པར། །བསྐལ་པ་ཞིང་རྡུལ་གཡོ་མེད་རྟག་བཞུགས་གསོལ། །འདིས་མཚོན་དུས་གསུམ་བསགས་ཡོད་དགེ་ཚོགས་རྣམས། །འཁོར་གསུམ་དམིགས་པའི་དུག་གིས་ཡོངས་བཏང་ནས། །ཟག་མེད་ཆོས་དབྱིངས་ཆེན་པོར་སྔོ་བྱེད་ན། །འགྲོ་རྣམས་སྐུ་བཞིའི་ཡེ་ཤེས་མངོན་བྱེད་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་རྟེན་ཐོབ་དགེ་བའི་བཤེས་ཀྱིས་ཟིན། །བདེན་བཞིའི་ཚུལ་རྟོགས་འཇུག་ལྡོག་ལྷོད་མེད་ངོས། །ཐོས་བསམ་སྒོམ་པའི་ལང་ཚོ་རྒྱས་པར་ཤོག །ཁྱད་པར་ཐེག་པ་ཆེན་པོའི་ལམ་གྱི་སྲོག །རིན་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་བགྱིས་ནས། །སྟོང་ཉིད་སྙིང་རྗེའི་བློ་སྦྱོང་མཐར་ཕྱིན་ཏེ། །ཕ་རོལ་ཕྱིན་བཅུའི་ཡོན་ཏན་ཡོངས་རྫོགས་ཤོག །དབང་བཞིའི་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་རླུང་ཐིག་རྫོགས་ཟབ་མོའི་རྣལ་འབྱོར་གྱིས། །ལུས་རྩ་རླུང་ཐིག་སེམས་ཀྱི་སྒྲིབ་དག་ནས། །སྐུ་བཞིའི་ཡེ་ཤེས་ཚེ་འདིར་མངོན་བྱེད་ཤོག །ཐུན་མིན་མོས་གུས་ཕྱག་རྒྱ་ཆེན་པོའི་སྲོག །མ་བཅོས་ཐ་མལ་ཤེས་པ་ཆོས་ཀྱི་སྐུ། །རང་བབ་གཉུག་མའི་ངང་དུ་ཀློད་མཁས་པས། །སྣང་སེམས་འཛིན་པ་གཞི་ལ་དག་གྱུར་ཅིག །མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་བར། །འཁོར་ལོའི་མགོན་གྱིས་འབྲལ་མེད་རྗེས་བཟུང་ནས། །དད་དང་དམ་ཚིག་མོས་གུས་མཐར་ཕྱིན་ནས། །དཔལ་མགོན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་འཕགས་མཆོག་སྤྲུལ་པའི་སྐུ་རིན་པོ་ཆེའི་ཡོངས་འཛིན་མཁས་བཙུན་བཟང་གསུམ་གྱིས་མངོན་པར་མཐོ་བ་གཏེར་སྲས་བླ་མ་དམ་པས་གསུང་བསྐུལ་གནང་ངོར་ཞེ་སྤྲུལ་མིང་འཛིན་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའི་སྡེས་གདན་ས་ཆེན་པོ་དཔལ་རི་བོ་ཆེའི་ཆོས་གྲྭར་བྲིས་ཤིང་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག ༈ རིགས་ལྡན་སྤྲུལ་པའི་རྣམ་རོལ་ཀུན་སྤངས་རྗེ། །དོལ་པོ་སངས་རྒྱས་ཏཱ་ར་ན་ཐ་སོགས། །རྟོན་པ་བཞི་ལྡན་ཀུན་མཁྱེན་ཇོ་ནང་པ། །ཡབ་སྲས་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །ཟབ་གསལ་དབྱེར་མེད་གཞི་ཡི་གནས་ལུགས་རྟོགས། །སྦྱོར་བ་དྲུག་ལྡན་ལམ་མཆོག་མཐར་རུ་ཕྱིན། །ཨེ་ཝཾ་ཟུང་འཇུག་བདེ་བ་ཆེན་པོའི་སྐུ། །ཚེ་འདིར་མངོན་དུ་བྱེད་པར་བྱིན་གྱིས་རློབས། །ཞེས་པའང་པདྨ་བི་ཛས་གསོལ་བ་བཏབ་པའོ།།
༈ ཨེ་མ་ཧོ། ངོ་བོ་ཀ་དག་སྤྲོས་བྲལ་གཉུག་མའི་གཤིས། །རང་བཞིན་ལྷུན་གྲུབ་འོད་གསལ་འདུས་མ་བྱས། །རིག་རྩལ་མ་འགགས་གང་འདུལ་སྤྲུལ་པའི་སྐུ། །དུས་གསུམ་མཉམ་ཉིད་བླ་མར་གསོལ་བ་འདེབས། །ཉམས་སྣང་སེམས་ཀྱི་གོས་བྲལ་རིག་པའི་གཤིས། །ལྟ་སྒོམ་ཞེན་པའི་སྒྲོག་གིས་མ་བཅིང་པར། །ཡིན་ལུགས་ཅོག་བཞག་བཞི་ཡི་གསེང་ལམ་ནས། །ཀ་དག་ཁྲེགས་ཆོད་ཉམས་ལེན་མཐར་ཕྱིན་ཤོག །གནད་གསུམ་ཆོས་ཉིད་འཁོར་ལོའི་མན་ངག་གིས། །འོད་གསལ་སྣང་བཞིིའི་ཡེ་ཤེས་མཐར་ཕྱིན་ཏེ། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ནས། །འགྲོ་ཀུན་གདོད་མའི་རྒྱལ་ཐབས་ལ་འགོད་ཤོག །ཅེས་པའང་གྲུབ་ཆེན་ཤེས་རབ་ཡར་འཕེལ་གྱི་ཡང་སྤྲུལ་མཆོག་གི་བཞེད་སྐོང་དུ། སྔགས་བན་པདྨ་བི་ཛས་འཕྲལ་མར་བྲིས་པ་དགེ།

བླ་མ་ཡང་ཏིག་གི་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས་ཀྱི་ཞལ་སབ།

༄༅། །བླ་མ་ཡང་ཏིག་གི་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས་ཀྱི་ཞལ་སབ་ནི། ཀུན་མཁྱེན་ཆེན་པོའི་འཕྲོར། མཁྱེན་པའི་ཆ་ཤས་ཡོངས་རྫོགས་ཤིང་། །བརྩེ་ཆེན་ཐུགས་རྗེའི་འོད་སྟོང་གིས། །འགྲོ་བློའི་མུན་པ་སེལ་མཛད་པའི། །ཁྱབ་བརྡལ་ལྷུན་གྲུབ་ལ་ཕྱག་འཚལ། །དཔག་ཡས་ཐུགས་རྗེའི་སྤྲིན་ཆེན་ལས། །ངེས་གསང་སྙིང་པོའི་གྲུ་ཆར་གྱིས། །རྣམ་གྲོལ་མྱུ་གུ་བསྐྱེད་མཛད་པའི། །གྲགས་པ་འོད་ཟེར་ལ༴ གཟུང་འཛིན་བདེན་ཞེན་འཁྲུལ་བ་ཞིག །རྣམ་གསུམ་ཤེས་རབ་རྩལ་ཆེན་རྫོགས། །གདུལ་བྱ་རྒྱ་མཚོ་སྨིན་མཛད་པའི། །སངས་རྒྱས་དབོན་པོ་ལ་ཕྱག་འཚལ། །མཁྱེན་རབ་མེ་ལོང་གཙང་མའི་ངོས། །ཤེས་བྱའི་གཟུགས་བརྙན་འབུམ་ཕྲག་བཀྲ། །དོན་གཉིས་མཐར་ཕྱིན་རྒྱལ་བའི་སྲས། །ཀུན་མཁྱེན་ཟླ་གྲགས་ལ༴ སྲིད་འབྱོར་སྒྱུ་མའི་ཚུལ་དུ་གཟིགས། །ཕྱོགས་མེད་སྒྲུབ་པའི་རྒྱལ་མཚན་བཙུགས། །ཀ་དག་དགོངས་པའི་རྩལ་ཆེན་རྫོགས། །ཀུན་བཟང་རྡོ་རྗེ་ལ༴ རྣམ་དག་ཚུལ་ཁྲིམས་གསེར་སྦྱངས་ཁམས། །ཟག་མེད་ཏིང་འཛིན་མུ་ཁྱུད་ཅན། །ཤེས་རབ་རྩིབས་སྟོང་རྣམ་བཀྲ་བའི། །རྒྱལ་མཚན་དཔལ་བཟང་ལ་ཕྱག་འཚལ། །ཕུལ་བྱུང་མཁྱེན་བརྩེའི་གྲུ་ཆེན་གྱིས། །སྲིད་ཞིའི་ཆུ་བོ་རབ་བརྒལ་ནས། །དོན་གཉིས་ནོར་བུའི་གླིང་ཕྱིན་པའི། །སྤྲུལ་སྐུ་སྣ་ཚོགས་ལ་ཕྱག་འཚལ། །བཀའ་གཏེར་གདམས་པའི་བུམ་བཟང་ལས། །སྨིན་གྲོལ་བདུད་རྩིའི་དགའ་སྟོན་གྱིས། །འགྲོ་བློའི་རེ་སྐོང་གྲུབ་པའི་དབང་། །བསྟན་འཛིན་གྲགས་པ་ལ༴ མང་ཐོས་མཁྱེན་རབ་ཡངས་པའི་མཁར། །སྒོམ་བྱུང་རྟོགས་པའི་མེ་ཤེལ་བཀྲ། །ཐུབ་བསྟན་པད་ཚལ་བཞད་པའི་གཉེན། །མདོ་སྔགས་བསྟན་འཛིན་ལ༴ རླབས་ཆེན་ཚོགས་གཉིས་གྲུ་གཟིངས་ཀྱིས། །སྲིད་མཚོར་བྱིང་བའི་ཉམ་ཐག་འགྲོ། །རྣམ་གྲོལ་རིན་གླིང་འགོད་མཛད་པའི། །ཕྲིན་ལས་ལྷུན་གྲུབ་ལ༴ ཐེག་མཆོག་ཡོ་ག་སྡེ་གསུམ་གྱི། །བཤད་སྒྲུབ་སྙིང་པོའི་བ་དན་མཆོག །སྲིད་མཐར་མི་ནུབ་སྒྲེང་མཛད་པའི། །འགྱུར་མེད་རྡོ་རྗེ་ལ༴ ཀུན་བཟང་དགོངས་པའི་རྩལ་ཆེན་རྫོགས། །འོད་གསལ་བསྟན་པའི་བདག་པོ་རུ། །གདོད་མའི་མགོན་གྱིས་ལུང་བསྟན་པའི། །མཁའ་འགྲོ་དཔལ་འཛིན་ལ༴ བི་མའི་རྣམ་འཕྲུལ་གྲུབ་རིག་འཛིན། །མཁས་ཚུལ་གསུམ་གྱི་བྱ་བ་ཡིས། །སྔ་འགྱུར་བསྟན་སྲོག་མཐུད་མཛད་པ། །རིན་ཆེན་རྣམ་རྒྱལ་ལ༴ བསླབ་གསུམ་ཡོངས་འདུའི་ལྗོན་བཟང་རྩེར། །ཐེག་མཆོག་འབྲས་བཟང་ཆེར་སྨིན་ཞིང་། །ཕན་བདེའི་གྲིབ་བསིལ་རྨད་བྱུང་བའི། །བསྟན་འཛིན་རྡོ་རྗེ་ལ༴ རིག་འཛིན་བརྒྱུད་པའི་གངས་རིའི་སྤོར། །མཁྱེན་རྟོགས་ཡོན་ཏན་རྩལ་ཆེན་རྫོགས། །གདུལ་ཡུལ་རི་དྭགས་སྙིང་རྗེས་བསྐྱོངས། །ཕྲིན་ལས་རྣམ་རྒྱལ་ལ༴ བཤད་སྒྲུབ་བསྟན་པའི་རྒྱལ་མཚན་རྩེར། །ཐེག་མཆོག་ནོར་བུའི་ཏོག་མཛེས་པས། །ངེས་གསང་འདོད་དགུའི་གྲུ་ཆར་འབེབས། །ཕྲིན་ལས་ཆོས་སྒྲོན་ལ༴ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱི། །ཡང་སྤྲུལ་བཀའ་བབ་བདུན་གྱི་བདག །འོད་གསལ་བསྟན་པའི་ཤིང་རྟ་པ། །སྤྲུལ་པའི་རྡོ་རྗེ་ལ་ཕྱག་འཚལ། །རྒྱལ་བས་ལུང་བསྟན་སྤྲུལ་པའི་སྐུ། །མཛོད་ལྔའི་སྲོལ་འབྱེད་ཤིང་རྟ་ཆེ། །ཡོངས་རྫོགས་བསྟན་པའི་མངའ་བདག་མཆོག །བློ་གྲོས་མཐའ་ཡས་ལ་ཕྱག་འཚལ། །གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་། །སོགས་དཀྱུས་ལ་འཇུག་པར་བྱའོ། །ཞེས་པའང་དུས་མཐའི་ཆོས་གཟུགས་འཛིན་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བདེ་ཆེན་འོད་གསལ་ཕུག་ཏུ་བྲིས་ཤིང་གསོལ་བ་བཏབ་པ་དགེ།

བླ་མ་ཡང་ཏིག་གི་གསོལ་འདེབས་བདུད་རྩིའི་སྤྲིན་ཕུང་གི་ཞལ་སབ།

༄༅། །བླ་མ་ཡང་ཏིག་གི་གསོལ་འདེབས་བདུད་རྩིའི་སྤྲིན་ཕུང་གི་ཞལ་སབ་ནི། ཀུན་མཁྱེན་ཆེན་པོའི་འཕྲོར། མཁས་གྲུབ་ཆེན་པོ་ཁྱབ་བདལ་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཤེས་ཉམས་ཡིད་དཔྱོད་ལས་འདས་རིག་པའི་གཤིས། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །རྒྱལ་བའི་སྲས་མཆོག་གྲགས་པ་འོད་ཟེར་ལ། །གསོལ་བ་འདེབས་སོ༴ སྡེ་གསུམ་ཀློང་དགུའི་མན་ངག་སྙིང་པོའི་སྲོལ། །ད་ལྟ་ཉིད་དུ༴ འཁྲུལ་ཞིག་ཆེན་པོ་ཤེས་རབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༴ གང་ཤར་རང་གྲོལ་ཀུན་བཟང་དགོངས་པའི་ཀློང་། །ད་ལྟ་ཉིད་དུ་ཕྱིན་པར༴ ཤེས་བྱ་ཀུན་མཁྱེན་ཟླ་བ་གྲགས་པ་ལ། །གསོལ་བ་འདེབས་སོ༴ རྒྱུད་ལུང་མན་ངག་བྱེ་བའི་དགོངས་པའི་གནད། །ད་ལྟ་ཉིད་དུ་ཁྲོལ་བར༴ གྲུབ་ཐོབ་ཆེན་པོ་ཀུན་བཟང་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ གཟུང་འཛིན་གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན། །ད་ལྟ་ཉིད་དུ་གཞིལ་བར༴ མཚུངས་མེད་ཀུན་དགའ་རྒྱལ་མཚན་དཔལ་བཟང་ལ། །གསོལ་བ་འདེབས་སོ༴སྟོང་ཉིད་སྙིང་རྗེའི་གྲུ་ཡིས་སྲིད་མཚོ་ལས། །ད་ལྟ་ཉིད་དུ་སྒྲོལ་བར༴ རིག་འཛིན་ཆེན་པོ་སྣ་ཚོགས་རང་གྲོལ་ལ། །གསོལ་བ་འདེབས༴ སྣང་སེམས་རོ་མཉམ་གདོད་མའི་གཤིས་ལུགས་ཆེ། །ད་ལྟ་ཉིད་དུ་རྟོགས་པར༴ སྤྲུལ་པའི་སྐུ་མཆོག་བསྟན་འཛིན་གྲགས་པ་ལ། །གསོལ་བ་འདེབས༴ རྟོགས་གྲོལ་དུས་མཉམ་བློ་བྲལ་གཉུག་མའི་གཤིས། །ད་ལྟ་ཉིད་དུ་རྟོགས་པར༴ མཁས་གྲུབ་ཆེན་པོ་མདོ་སྔགས་བསྟན་འཛིན་ལ། །གསོལ་བ་འདེབས༴ དོན་གཉིས་མཐར་ཕྱིན་རྣམ་གྲོལ་ཡིད་བཞིན་གཏེར། །ད་ལྟ་ཉིད་དུ་འབྱོར་པ༴ གསང་འཛིན་མགོན་པོ་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ་འདེབས༴ འཁོར་འདས་ཆོས་ཀུན་ཐིག་ལེ་ཉག་གཅིག་ཏུ། །ད་ལྟ་ཉིད་དུ་རྫོགས་པར༴ པདྨའི་ཞལ་ཚབ་གཏེར་བདག་གླིང་པ་ལ། །གསོལ་བ་འདེབས༴ རྣམ་བཞིའི་རིག་འཛིན་གྲུབ་པའི་གོ་འཕང་མཆོག །ད་ལྟ་ཉིད་དུ་ཐོབ་པར༴ ཀུན་ཏུ་བཟང་མོ་མི་འགྱུར་དཔལ་སྒྲོན་ལ། །གསོལ་བ་འདེབས༴ འོད་གསལ་ཀློང་ཆེན་དགོངས་པའི་གསང་མཛོད་མཆོག །ད་ལྟ་ཉིད་དུ་རྟོགས་པར༴ བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་རྒྱལ་ལ། །གསོལ་བ་འདེབས༴ གྲོལ་བ་དྲུག་ལྡ་རྡོ་རྗེ་རྩེ་མོའི་ལམ། །ད་ལྟ་ཉིད་དུ་བགྲོད་པར༴ མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ལ། །གསོལ་བ་འདེབས༴ འོད་གསལ་ལྷུན་གྲུབ་ཆོས་ཉིད་མངོན་སུམ་ལམ། །ད་ལྟ་ཉིད་དུ་མཐོང་བར༴ ངེས་གསང་ལམ་སྟོན་ཕྲིན་ལས་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ༴ ཉམས་སྣང་གོང་འཕེལ་ལྔ་ལྡན་ཚོམ་བུའི་དཀྱིལ། །ད་ལྟ་ཉིད་དུ་མཐོང་བར༴ ཐར་གླིང་སྣང་མཛད་ཕྲིན་ལས་ཆོས་སྒྲོན་ལ། །གསོལ་བ་འདེབས་སོ༴ རིག་པ་ཚད་ཕེབས་རང་སྣང་ལོངས་སྐུའི་ཞིང་། །ད་ལྟ་ཉིད་དུ་བགྲོད་པར་བྱིན་གྱིས་རློབས། །ཀློང་ཆེན་གཉིས་པ་རྡོ་རྗེ་གཟི་བརྗིད་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཆོས་ཟད་བློ་འདས་གཞོན་ནུ་བུམ་སྐུའི་ཀློང་། །ད་ལྟ་ཉིད་དུ་བགྲོལ་བར་བྱིན་གྱིས་རློབས། །རིགས་ཀུན་བདག་པོ་པདྨ་གར་དབང་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དགོངས་བརྒྱུད་བྱིན་རླབས་འཕོ་བའི་དབང་བསྐུར་གྱིས། །ད་ལྟ་ཉིད་དུ་སྨིན་པར་བྱིན་གྱིས་རློབས། །གཞན་ཡང་ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སོགས་དཀྱུས་ལ་འཇུག་གོ །ཞེས་པའང་ཐེག་པ་མཆོག་ལ་མོས་པས་སྤྱོད་པ་སྔགས་བན་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བདེ་ཆེན་འོད་གསལ་ཕུག་ནས་གསོལ་བ་བཏབ་པ་དགེ།

མཁན་ཆེན་ཨ་ཌི་ཡཱ་ནས་མཛད་པའི་སྨིན་གླིང་བླ་བརྒྱུད་གསོལ་འདེབས་བྱིན་རླབས་མྱུར་འཇུག་གི་འཕྲོ་མཐུད།

༄༅། །མཁན་ཆེན་ཨ་ཌི་ཡཱ་ནས་མཛད་པའི་སྨིན་གླིང་བླ་བརྒྱུད་གསོལ་འདེབས་བྱིན་རླབས་མྱུར་འཇུག་གི་འཕྲོ་མཐུད་ནི། རྒྱལ་ཀུན་འདུས་ཞལ་པདྨ་ཀ་ར་ཡེ། །རིང་ལུགས་དྲི་མེད་སྔ་འགྱུར་བསྟན་པའི་བདག །མཁས་ཤིང་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཛིན། །ཕྱོགས་ལས་རྣམ་རྒྱལ་དཔའ་བོར༴ ཕུལ་བྱུང་མཁྱེན་བརྩེ་ནུས་པའི་གཏེར་མངའ་ཞིང་། །དྲི་མེད་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས། །རིས་བྲལ་བསྟན་འགྲོའི་ཕན་བདེ་སྤེལ་མཛད་པའི། །ཆོས་ཀྱི་སྒྲོན་མེ་མཆོག་ལ༴ སྤངས་རྟོགས་མཐར་ཕྱིན་དོན་གྱི་སངས་རྒྱས་དངོས། །ཕྲིན་ལས་རྣམ་བཞིས་འགྲོ་ཀུན་རེ་སྐོང་ཞིང་། །མདོ་སྔགས་བསྟན་པའི་དགའ་ཚལ་རྒྱས་མཛད་པ། །རྡོ་རྗེ་འཛིན་པ་མཆོག་ལ༴ རྒྱལ་བསྟན་དྲི་མེད་འཛིན་སྐྱོང་སྤེལ་བ་ལ། །ཟླ་བྲལ་མཁས་དང་གྲུབ་པའི་དཔལ་མངའ་ཞིང་། །མ་རིག་མུན་འཐུམ་མཐའ་ཀླས་འགྲོ་ཀུན་གྱི། །ལམ་སྟོན་སྒྲོན་མེ་མཆོག་ལ༴ མཁས་གྲུབ་ཀླུ་མཆོག་བྱེ་བའི་གཙུག་གི་རྒྱན། །མཆོག་ཐུན་འདོད་དགུའི་ཆར་འབེབས་ཡིད་བཞིན་དབང་། །ངེས་གསང་བསྟན་པའི་རྒྱལ་མཚན་བསྒྲེངས་མཛད་པ། །མཚུངས་བྲལ་ཆོས་ཀྱི་རྗེ་ལ༴ མི་འགྱུར་འཕོ་མེད་བདེ་ཆེན་རྡོ་རྗེའི་གཟིས། །གཉིས་སྣང་འཁྲུལ་པའི་མུན་པ་གཏན་བཅོམ་ཞིང་། །མཆོག་ཐུན་འདོད་དགུའི་དངོས་གྲུབ་ཡིད་བཞིན་དུ། །རྩོལ་མཛད་རིགས་ཀུན་བདག་པོར༴ ཡེ་ནས་མངོན་རྫོགས་ཆོས་སྐུར་རྟག་གནས་ཀྱང་། །གདུལ་བྱའི་དབང་གིས་སྤྲུལ་པའི་སྐུར་སྟོན་པ། །ཤེས་བྱའི་ཆོས་ཀུན་མཁྱེན་ཅིང་གཟིགས་པའི་ཕུལ། །མ་གཅིག་ཆོས་ཀྱི་སྒྲོན་མར་གསོལ་བ་འདེབས། །དེ་ལྟར་མི་ཕྱེད༴ སོགས་དཀྱུས་ལ་འཇུག་གོ །ཞེས་པའང་ལུགས་ཟུང་མཁྱེན་པའི་སྤྱན་ལྡན་འབྲོང་པ་བསོད་རྒྱལ་ནས་བསྐུལ་ངོར་པདྨ་བི་ཛས་འཕྲལ་མར་བྲིས་པ་དགེ།

མྱོས་སྟོན་རིག་འཛིན་ཆེན་པོ་བརྒྱུད་པར་བཅས་པའི་གསོལ་འདེབས་གྲུབ་གཉིས་མཆོག་སྩོལ།

༄༅། །མྱོས་སྟོན་རིག་འཛིན་ཆེན་པོ་བརྒྱུད་པར་བཅས་པའི་གསོལ་འདེབས་གྲུབ་གཉིས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། ཀ་དག་སྤྲོས་བྲལ་ཆོས་སྐུ་ཀུན་ཏུ་བཟང་། །ལྷུན་གྲུབ་ངེས་པ་ལྔ་ལྡན་རྡོ་རྗེ་སེམས། །གང་འདུལ་དེར་སྟོན་སྤྲུལ་སྐུ་པདྨ་འབྱུང་། །སྐུ་གསུམ་མཉམ་ཉིད་བླ་མར་གསོལ་བ་འདེབས། །དཔལ་ལྡན་ཡོན་ཏན་བྱེ་བའི་སྤྲིན་ཆེན་ལས། །བཤད་སྒྲུབ་ཕྲིན་ལས་ཟབ་མོའི་སྨན་ཆར་གྱིས། །རིམ་དགུའི་ཐེག་པའི་པད་ཚལ་རྒྱས་མཛད་པ། །རིག་འཛིན་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །ཕུལ་བྱུང་སྐྱེས་ཐོབ་བློ་གྲོས་ཨ་དཪྴར། །མདོ་སྔགས་ཤེས་བྱའི་གཟུགས་བརྙན་འབུམ་བཀྲ་ཞིང་། །འཆད་རྩོད་རྩོམ་པས་རྒྱལ་བསྟན་སྙིང་པོའི་སྲོག །འཛིན་མཛད་མཁས་གྲུབ་མཆོག་ལ༴ རིག་འཛིན་གྲུབ་པ་ཡོངས་ཀྱི་གཙུག་གི་རྒྱན། །གནུབས་ཆེན་རྣམ་འཕྲུལ་སྔ་འགྱུར་བསྟན་འགྲོའི་མགོན། །ངོ་མཚར་ཕྲིན་ལས་རྣམ་བཞིའི་འཇུག་པ་ཡིས། །དོན་གཉིས་ལྷུན་གྲུབ་རྗེ་ལ༴ བཻ་རོའི་རྣམ་འཕྲུལ་ངེས་གསང་བསྟན་པའི་བདག །པདྨ་གར་དབང་གྲུབ་པའི་རིགས་སྔགས་འཆང་། །འགྱུར་མེད་རྡོ་རྗེ་གསུམ་ལྡན་གཏེར་གྱི་བདག །མཆོག་གི་གླིང་པ་ཆེན་པོར༴ མཁྱེན་རྟོགས་མཐར་ཕྱིན་དུས་གསུམ་རྒྱལ་བའི་སྲས། །དྲི་མེད་ཐུབ་བསྟན་སྙིང་པོ་གསལ་མཛད་པའི། །རྩོད་བྲལ་སྨྲ་བའི་ཉི་མ་ཆོས་ཀྱི་རྗེ། །བསླབ་གསུམ་རྣམ་དག་མཆོག་ལ༴ ངག་གི་དབང་ཕྱུག་སྐད་གཉིས་སྨྲ་བའི་ཕུལ། །ཤེས་བྱའི་ཆོས་ཀུན་སྒྲིབ་མེད་མཁྱེན་པའི་དཔལ། །ཞི་འཚོ་གཉིས་པ་སྨད་འདུལ་སྲོག་མཐུད་མཛད། །ཡོན་ཏན་རྒྱ་མཚོའི་གཏེར་ལ༴ རྒྱལ་ཀུན་འདུས་ཞལ་པདྨ་ཀ་ར་ཡི། །རིང་ལུགས་དྲི་བྲལ་སྔ་འགྱུར་བསྟན་པའི་བདག །རིས་མེད་མཁས་གྲུབ་རྒྱ་མཚོའི་གཙུག་གི་རྒྱན། །མི་ཕམ་རྣམ་རྒྱལ་རྡོ་རྗེར༴ འགྱུར་མེད་བདེན་དོན་གནས་ལུགས་མངོན་དུ་གཟིགས། །ཡིད་བཞིན་ནོར་ལྟར་འགྲོ་བའི་རེ་སྐོང་མཛད། །དགེ་ལེགས་བྱེ་བའི་འབྱུང་གནས་གྲུབ་པའི་དབང་། །མཚུངས་བྲལ་རྒྱལ་བའི་སྲས་ལ༴ པཎ་གྲུབ་བྱེ་བའི་གཙུག་ནོར་བི་མ་ལ། །འགྱུར་མེད་མཚན་དཔེའི་སྐུ་རུ་ཡོངས་ཤར་བ། །རིས་བྲལ་བསྟན་འགྲོའི་གཙུག་གི་རིན་ཆེན་མཆོག །ཕྱོགས་ལས་རྣམ་རྒྱལ་དབང་པོར༴ མི་འགྱུར་དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོའི་འཕྲུལ། །ཟླ་བྲལ་ཟབ་གསང་སྙིང་པོའི་བསྟན་འཛིན་མཆོག །དཔལ་ལྡན་དང་པོའི་མགོན་གྱིས་རྗེས་བསྔགས་པ། །ས་གསུམ་འགྲོ་བའི་སྒྲོན་མེར༴ སྔ་འགྱུར་བསྟན་པ་རྒྱ་མཚོའི་ཐེག་པ་ཆེ། །དྲི་མེད་ལུང་རིགས་ཟབ་མོའི་སྣ་ཤལ་རིང་། །བཤད་སྒྲུབ་པདྨའི་ཚལ་ན་མངོན་མཛེས་པ། །བསྟན་འཛིན་གཉིས་འཐུང་དབང་པོར༴ ཨོ་རྒྱན་མཁན་པོའི་རིང་ལུགས་གངས་རིའི་སྤོར། །ཐོས་བསམ་སྒོམ་པའི་རྩལ་རྫོགས་གདོང་ལྔ་པ། །བསྟན་འཛིན་སྡེར་ཅན་འབུམ་གྱི་དབུས་ན་བརྗིད། །རྡོ་རྗེ་འཛིན་པ་མཆོག་ལ༴ འགྱུར་མེད་བདེན་དོན་གཟིགས་པའི་ཏོག་གིས་མཛེས། །ངོ་མཚར་ཕྲིན་ལས་ཟབ་མོའི་དར་ཤམ་གཡོ། །ཕྱོགས་ལས་རྣམ་རྒྱལ་གྲུབ་པའི་མཚན་རྟགས་ཅན། །ཐར་པའི་ལམ་སྟོན་རྗེེ་ལ༴ འགྱུར་མེད་རྡོ་རྗེའི་ཐུགས་བསྐྱེད་འོ་མཚོ་ལས། །ཉེར་ཐོན་ལུང་རྟོགས་འདབ་རྒྱས་པདྨ་དཀར། །སྐལ་བཟང་རྐང་དྲུག་རེ་བ་རྫོགས་མཛད་པ། །ཟླ་བྲལ་དབང་གི་རྒྱལ་པོར༴ འགྱུར་མེད་མཁྱེན་བརྩེའི་སྤྲིན་ཆེན་ཡངས་པ་ལས། །བཤད་སྒྲུབ་ཕྲིན་ལས་ཆར་གྱི་རྒྱུན་བཟང་པོས། །ངེས་གསང་བསྟན་པའི་ལོ་འབྲས་རྒྱས་མཛད་པ། །འཕགས་མ་ཆོས་ཀྱི་སྒྲོན་མར༴ ཆོས་དབྱིངས་འགྱུར་བ་མེད་པའི་དབྱིངས་རུམ་ནས། །གང་འདུལ་སྒྱུ་མའི་སྐུར་བཞེངས་སངས་རྒྱས་དངོས། །འཁོར་ལོ་གསུམ་གྱི་མཛད་ཕྲིན་རླབས་པོ་ཆེས། །ཀུན་དགའི་དཔལ་སྟེར་མཆོག་ལ༴ བསྟན་འཛིན་ཤར་རིའི་ཕྲེང་བའི་སྤྱི་བོ་ན། །མངོན་མཛེས་ཐུགས་རྗེའི་འོད་དཀར་འབུམ་ཕྲག་གིས། །བསྟན་འགྲོའི་ཕན་བདེ་ཀུ་མུ ཏ་བཞད་པའི་དཔལ། །རབ་གསལ་ཟླ་བའི་སྒྲོན་མར༴ འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །སྲིད་ཞི་ཀུན་ལ་དབང་བསྒྱུར་འཁོར་ལོའི་མགོན། །ཡིད་བཞིན་ནོར་ལྟར་འགྲོ་བློའི་རེ་སྐོང་བའི། །མཁས་དབང་གྲུབ་པའི་རྒྱལ་པོར༴ རང་རིག་བདེ་ཆེན་ཀུན་ཏུ་བཟང་པོའི་ཞལ། །སྒྲིབ་མེད་མངོན་སུམ་གཟིགས་པའི་མཁས་གྲུབ་མཆོག །སྙིགས་མའི་རྒུད་པ་སེལ་མཛད་ཆོས་ཀྱི་རྗེ། །གྲུབ་རིག་འཛིན་པ་མཆོག་ལ༴ དབྱིངས་ཕྱུག་ཡེ་ཤེས་ཌཱ་ཀིའི་སྒྱུ་མའི་གར། །མཁྱེན་རྟོགས་ཡོན་ཏན་སྲིད་ཞིའི་བླ་ན་མཐོ། །མཐའ་ཀླས་འགྲོ་བ་སྐྱོབ་པའི་ཕྲིན་ལས་ཅན། །མ་གཅིག་ཆོས་ཀྱི་སྒྲོན་མར་གསོལ་བ་འདེབས། །མི་འགྱུར་འཕོ་མེད་བདེ་ཆེན་རྡོ་རྗེའི་གཟིས། །གཟུང་འཛིན་མཚན་མའི་རྟོག་ཚོགས་ཀུན་བཅོམ་པ། །ཆོས་དབྱིངས་ཀུན་ཏུ་བཟང་མོའི་ཟློས་གར་མཆོག །ངེས་གསང་བསྟན་པའི་སྒྲོན་མར༴ མདོ་སྔགས་སྟོན་པའི་དགོངས་བཅུད་ཨ་མྲྀ་ཏ། །སྔ་འགྱུར་བཀའ་གཏེར་གདམས་པའི་བདུད་རྩིའི་བཅུད། །གཅིག་བསྡུས་སྲིད་ན་ཟླ་བྲལ་སྨིན་གླིང་པ། །ཡབ་སྲས་བརྒྱུད་པའི་ཚོགས་ལ༴ དེ་ལྟར་མི་ཕྱེད་གུས་པའི་གསོལ་བཏབ་མཐུས། །ཚེ་རབས་ཕྲེང་བར་གཏེར་ཆེན་བླ་མ་ཡི། །རིང་ལུགས་དྲི་མེད་མཆོག་དང་མི་འབྲལ་ཞིང་། །ཐོས་བསམ་སྒོམ་པས་བྱ་བ་བྱེད་པར་ཤོག །སྦྱང་གཞི་འོད་གསལ་བདེ་གཤེགས་སྙིང་པོའི་ཁམས། །སྦྱང་བྱ་གཟུང་འཛིན་འཁྲུལ་པས་སྒྲིབ་པ་དག །སྦྱོང་བྱེད་རྡོ་རྗེ་བཞི་ཡི་རྣལ་འབྱོར་གྱིས། །སྦྱངས་འབྲས་སྐུ་བཞིའི་ཡེ་ཤེས་མངོན་བྱེད་ཤོག །དཀོན་མཆོག་རྩ་གསུམ་བདེན་སྟོབས་བསླུ་མེད་དང་། །རིག་འཛིན་རྩ་བརྒྱུད་བླ་མའི་བྱིན་རླབས་སྟོབས། །བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས། །གསོལ་བཏབ་སྨོན་པ་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་འདི་ཡོངས་འཛིན་དགེ་བའི་བཤེས། །འགྱུར་མེད་སངས་རྒྱས་རྡོ་རྗེའི་ངོར། །བི་ཛས་གང་དྲན་རླུང་ལྟར་སྤེལ། །དགེ་བས་འགྲོ་ཀུན་ཡོངས་གྲོལ་ཤོག། ༈ གསང་ཆེན་བསྟན་པའི་ཉི་མ་དམ་གཙང་བྱམས། །བླ་རབས་བཅུ་གསུམ་རྨོག་དྲུང་རིམ་བྱོན་དང་། །ཀློང་བདུད་རྣམ་གཉིས་དྲི་མེད་ཞིང་ལ་སོགས། །ཀཿཐོག་གདན་རབས་ཡོངས་ལ་གསོལ་བ་འདེབས། །ཁྱད་པར་སྙིགས་མའི་དུས་མཐར་ངེས་གསང་བསྟན། །གསལ་མཛད་སེང་གེའི་སྒྲ་སྒྲོགས་དགེ་རྩེ་དང་། །རླབས་ཆེན་ཕྲིན་ལས་རྨད་བྱུང་སི་ཏུ་པ། །ཟླ་བྲལ་པཎ་ཆེན་ཟུང་ལ་གསོལ་བ་འདེབས། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །འབྲལ་བ་མེད་པར་ཐུགས་རྗེས་རྗེས་བཟུང་མཐུས། །ངེས་གསང་མཐར་ཐུག་ཡོ་ག་རྣམ་གསུམ་གྱི། །བསྟན་ལ་བྱ་བ་ནུས་པར་བྱིན་གྱིས་རློབས། །ཅེས་པའང་པདྨ་བི་ཛས་གསོལ་བ་བཏབ་པའོ།། ༈ ཨ་ཏིའི་དགོངས་ཀློང་མངོན་གྱུར་རྫོགས་ཆེན་པ། །པདྨ་རིག་འཛིན་ནམ་མཁའ་འོད་གསལ་དང་། །བསྟན་པའི་རྒྱལ་མཚན་ཡབ་སྲས་བརྒྱུད་པར་བཅས། །རྫོགས་ཆེན་བསྟན་འཛིན་ཡོངས་ལ་གསོལ་བ་འདེབས། །ཁྱད་པར་རྒྱལ་བའི་སྲས་པོ་གཞན་ཕན་པ། །མཁྱེན་བརྩེ་ནུས་པའི་གཏེར་མཛད་དཔལ་སྤྲུལ་རྗེ། །གསང་བདག་དངོས་བྱོན་པདྨ་བཛྲ་སྟེ། །ཟླ་བྲལ་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ངེས་འབྱུང་སོ་ཐར་བསླབ་ཁྲིམས་རྣམ་པར་དག །གཞན་ཕན་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །བསྐྱེད་རྫོགས་རྫོགས་ཆེན་ཉམས་ལེན་མཐར་ཕྱིན་ནས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཅེས་པའང་པདྨ་བི་ཛས་སོ།། ༈ མཁས་གྲུབ་བྱེ་བའི་འབྱུང་གནས་རྡོར་སྨིིན་གཉིས། །གསང་ཆེན་བསྟན་པའི་མངའ་བདག་ཀཿསྟག་རྒྱ། །བཤད་སྒྲུབ་བསྟན་པའི་མཛོད་འཛིན་དཔལ་རྫོགས་ཞེ། །བརྒྱུད་འཛིན་སློབ་མར་བཅས་ལ་གསོལ་བ་འདེབས། །རྟག་པར་དགེ་འདུན་ལྟ་སྤྱོད་དོན་མཐུན་ཞིང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་མངའ་ཐང་དར། །སྔ་འགྱུར་རིག་འཛིན་བརྒྱུད་པའི་རིང་ལུགས་མཆོག །མི་ཉམས་སྲིད་མཐར་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་པའང་བི་ཛས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག

ཟེ་ཆེན་བླ་བརྒྱུད་གསོལ་འདེབས།

༄༅། །ཟེ་ཆེན་བླ་བརྒྱུད་གསོལ་འདེབས། ན་མོ་གུ་རུ། འཇམ་དཔལ་བཤེས་གཉེན་ཐུགས་རྗེའི་འོད་ཟེར་ལས། །ཡོངས་ཤར་ལུང་རིགས་སེང་གེའི་ང་རོ་ཡིས། །ལྟ་དམན་རི་དྭགས་སྐྲག་མཛད་རབ་འབྱམས་པ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །མཁྱེན་རྟོགས་མཐར་ཕྱིན་གཞན་ཕན་སྒོ་བརྒྱ་འབྱེད། །འཆད་རྩོད་རྩོམ་པས་ངེས་གསང་བསྟན་མཆོག་འཛིན། །རླབས་ཆེན་ཕྲིན་ལས་ཟླ་བྲལ་ཟེ་ཆེན་པ། །ཀུན་བཟང་རྣམ་རྒྱལ་ཞབས་ལ༴ བསླབ་གསུམ་རྣམ་དག་མཁྱེན་བརྩེ་ནུས་པའི་གཏེར། །སྨིན་གྲོལ་བདུད་རྩིས་སྐལ་བཟང་གདུལ་བྱའི་ཚོགས། །ཡོངས་སུ་སྨིན་མཛད་དོན་གྱི་རིག་པ་འཛིན། །དཔལ་འབྱོར་རྒྱ་མཚོའི་ཞབས་ལ༴ ཨོ་རྒྱན་ལུང་བསྟན་ཟབ་མོའི་གཏེར་ལ་དབང་། །བརྟུལ་ཞུགས་སྤྱོད་པས་སྦས་པའི་གནས་ཞལ་འབྱེད། །བསྐྱེད་རྫོགས་གདེང་ལྡན་སྔགས་སྤྱོད་གར་གྱི་དབང་། །ཆོས་ཀྱི་རྒྱལ་མཚན་ཞབས་ལ༴ འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་རྗེས་སུ་བཟུང་། །གཞན་ཕན་བསྡུ་བཞིའི་ཕྲིན་ལས་བསམ་མི་ཁྱབ། །འབྲེལ་ཚད་དོན་ལྡནའགྱུར་མེད་བདེན་དོན་གཟིགས། །ཀུན་བཟང་བསྟན་པའི་ཉི་མར༴ རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཡིས། །བསྟན་པ་རིན་ཆེན་འཛིན་སྐྱོང་སྤེལ་བའི་གཉེན། །སྙིགས་མའི་གདུལ་བྱ་འདུལ་མཛད་སྤྲུལ་པའི་སྐུ། །བསྟན་པའི་ཉི་མའི་ཞབས་ལ༴ སྔ་འགྱུར་བསྟན་པའི་ཉི་མ་གཏེར་ཆེན་རྗེའི། །ཐུགས་བསྐྱེད་དུས་བབས་རྣམས་བཞིའི་ཕྲིན་ལས་ཀྱིས། །ངེས་གྲོལ་ཆུ་གཏེར་བསྐྱིལ་བའི་མགོན་གཅིག་པུ། །བསྟན་འཛིན་ཆོས་ཀྱི་རྒྱལ་པོར༴ མཁྱེན་རྟོགས་ཀློང་རྡོལ་ནུས་མཐུའི་རྩལ་ཆེན་རྫོགས། །སྡེ་བརྒྱད་བྲན་ཁོལ་བསྟན་འགྲོའི་བདེ་སྐྱིད་སྤེལ། །གདུལ་དཀའ་དམུ་རྒོད་འདུལ་བའི་ཐུགས་རྗེ་ཅན། །ཨོ་རྒྱན་རང་བྱུང་རྡོ་རྗེར༴ སྐྱེ་བ་གསུམ་དུ་རྫོགས་ཆེན་རབ་འབྱམས་པའི། །ཕྲིན་ལས་རྗེས་བསྒྲུབས་བླ་མ་སངས་རྒྱས་སུ། །ལེགས་མཐོང་དགོས་པའི་བྱིན་རླབས་ཉེར་ཐོབ་པ། །འཇམ་དབྱངས་བློ་གྲོས་རྒྱ་མཚོར༴ གཡུ་སྒྲའི་རྣམ་འཕྲུལ་དྷརྨ་ཤྲཱི་ཡི། །ཡེ་ཤེས་རང་རྩལ་ངེས་གསང་བསྟན་པའི་བདག །ཤེས་བྱ་ཀུན་མཁྱེན་མ་ཧཱ་པཎྜི་ཏ། །བསྟན་འཛིན་འཕེལ་རྒྱས་ཞབས་ལ༴ འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་། །སྒོམ་བྱུང་ཀློང་རྡོལ་སྣང་བཞི་མཐའ་རུ་ཕྱིན། །བཻ་རོའི་རྣམ་འཕྲུལ་གྲུབ་པ་ཡོངས་ཀྱི་རྗེ། །ཤེས་རབ་ཡར་འཕེལ་ཞབས་ལ༴ རྒྱལ་བས་ལུང་བསྟན་རྩོད་བྲལ་སྤྲུལ་པའི་སྐུ། །མཛོད་ཆེན་རྣམ་ལྔའི་སྲོལ་འབྱེད་ཤིང་རྟ་ཆེ། །ཡོངས་རྫོགས་བསྟན་པའི་ཉི་མ་ཐམས་ཅད་མཁྱེན། །བློ་གྲོས་མཐའ་ཡས་ཞབས་ལ༴ རྣམ་འཕྲུལ་ཚད་མེད་གདུལ་བྱའི་མཁའ་ལ་ཤར། །འཕགས་པའི་རིགས་སད་གཞན་ཕན་བྱང་སེམས་འབྱོངས། །གང་འབྲེལ་དོན་ལྡན་བསྟན་པའི་སྒྲོན་མེ་སྦར། །ཕྲིན་ལས་འོད་ཟེར་ཞབས་ལ༴ དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཚེ་རབས་ཕྲེང་བར་དམ་པའི་མགོན་རྣམས་ཀྱིས། །རྗེས་བཟུང་མཉེས་པ་གསུམ་གྱིས་ལེགས་བསྟེན་རྒྱུས། །དོན་གཉིས་བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་བསླབ་གསུམ་ནོར་བུའི་མཛོད་འཆང་འབྲོག་པ་བླ་མ་ཚུལ་ཁྲིམས་རྣམ་དག་གི་བཞེད་སྐོང་དུ་རྒན་པོ་བི་ཛས་བྲིས་པ་དགེ།

སྐྱབས་རྗེ་དྲུང་པ་རིན་པོ་ཆེའི་གསོལ་འདེབས་བཀྲ་ཤིས་སྐྱེ་བ་ལྔ་པའི་སྒྲ་དབྱངས།

༄༅། །སྐྱབས་རྗེ་དྲུང་པ་རིན་པོ་ཆེའི་གསོལ་འདེབས་བཀྲ་ཤིས་སྐྱེ་བ་ལྔ་པའི་སྒྲ་དབྱངས་བཞུགས་སོ།། ན་མོ་གུ་རུ། ཟབ་གསལ་གཉིས་མེད་ཡེ་ཤེས་ཆེན་པོའི་ཁམས། །གློ་བུར་འཁྲུལ་པའི་སྦུབས་རྒྱ་ལས་གྲོལ་བས། །ཀ་དག་གདོད་མའི་གྲོལ་སར་བྱང་ཆུབ་པ། །མཚུངས་བྲལ་དཔལ་ལྡན་བླ་མར་གསོལ་བ་འདེབས། །སྤྲོས་ལས་འདས་ཀྱང་སྤྲོས་པའི་རོལ་གར་ནི། །གང་འདུལ་འགྲོ་ངོར་དབང་ཕྱུག་མི་ལ་རྗེ། །ཀུན་དགའ་རྒྱལ་མཚན་ཀུན་དགའ་རྣམ་རྒྱལ་སོགས། །མཚན་ཙམ་གྱིས་ཀྱང་སྲིད་ལམ་རྒྱུན་གཅོད་པའི། །སྐྱེ་འཕྲེང་ཚར་དུ་དངར་ལ་གསོལ་བ་འདེབས། །ཁྱད་པར་རྒྱལ་ཀུན་འདུས་ཞལ་ཀརྨ་པའི། །རིང་ལུགས་སྒྲུབ་བརྒྱུད་སྙིང་པོའི་པད་ཚལ་མཆོག །བཞེད་མཛད་བཤད་སྒྲུབ་ཆོས་ཀྱི་ཉིན་མོར་བྱེད། །ས་གསུམ་འགྲན་བྲལ་མཆོག་ལ་གསོལ་བ་འདེབས། །ངེས་འབྱུང་མཐར་ཕྱིན་ཆོས་བརྒྱད་འཆིང་བ་ཞིག །སྦྱངས་པ་མཐར་ཕྱིན་ཆོས་ཀུན་དེ་ཉིད་གཟིགས། །མཁྱེན་རྟོགས་མཐར་ཕྱིན་དོན་བརྒྱུད་རྒྱལ་ས་འཛིན། །དོན་གཉིས་མཐར་ཕྱིན་རྗེ་ལ་གསོལ་བ་འདེབས། །རྣམ་དག་ཚུལ་ཁྲིམས་གསེར་སྦྱངས་སྙིང་པོའི་ཁམས། །ཏིང་འཛིན་དཔག་མེད་ཞི་བའི་མུ་ཁྱུད་བརླིང་། །ཤེས་རབ་ཟབ་མོའི་རྩིབས་སྟོང་རྣམ་བཀྲ་བའི། །བསླབ་གསུམ་འཁོར་ལོས་སྒྱུར་ལ་གསོལ་བ་འདེབས། །ཟབ་རྒྱས་གླིང་གྲོལ་གཟི་འོད་འབུམ་བརྡལ་བས། །འགྲོ་རྒྱུད་སྒྲིབ་བཞིའི་མུན་པ་མཐར་བྱས་ནས། །སྐུ་དང་ཡེ་ཤེས་འདོད་དགུ་སྦྱིན་པའི་དཔལ། །ཡིད་བཞིན་ནོར་བུ་མཆོག་ལ་གསོལ་བ་འདེབས། །སྦྱིན་པའི་ཟུར་མིག་ས་གསུམ་ཡིད་དབང་འཕྲོག །སྙན་པར་སྨྲ་བའི་འདོད་པའི་སྒྱུ་རྩལ་མཁས། །དོན་མཐུན་དོན་སྤྱོད་རེག་ན་བདེ་བ་སྟེར། །བསྡུ་བཞིའི་བཙུན་མོས་འཁྱུད་དེར་གསོལ་བ་འདེབས། །མང་དུ་ཐོས་པ་ལྷ་ཡི་སྤྱན་དང་ལྡན། །རྟོན་པ་བཞི་ལྡན་བསམ་བྱུང་རྟོག་པ་མཁས། །སྒོམ་པའི་ཤེས་རབ་ངེས་དོན་ཆོས་མཛོད་སྲུང་། །མཁྱེན་མཆོག་བློན་པོས་བསྐོར་དེར་གསོལ་བ་འདེབས། །འཆད་ལ་མི་བསྙེངས་ལུང་གི་སྣ་ཤལ་རིང་། །རྩོད་པའི་རིགས་རྣོན་ཕས་རྒོལ་གཡུལ་ངོ་བཟློག །རྩོམ་པའི་ལེགས་བཤད་གསེར་གྱི་དྲྭ་བས་མཛེས། །ཐེག་མཆོག་གླང་པོས་མཚན་དེར་གསོལ་བ་འདེབས། །མཁས་པའི་རྣམ་དཔྱོད་ལེགས་བཤད་མགྲིན་དབྱངས་འཁྲོལ། །བཙུན་པའི་ཡོན་ཏན་སྤུ་སྡུག་རྒྱན་གྱིས་བརྒྱན། །བཟང་པོའི་ཕྲིན་ལས་གླིང་བཞི་ཡུད་ཀྱིས་བསྐོར། །དམ་པ་ཅང་ཤེས་དབང་པོར་གསོལ་བ་འདེབས། །ཕུལ་བྱུང་མཁྱེན་པའི་མཚོན་རྣོན་ཕྱག་ན་བསྣམས། །མི་འཁྲུགས་བརྩེ་བའི་རྡོ་རྗེའི་གོ་ཁྲབ་བརླིང་། །ནུས་མཐུ་ཚད་མེད་སྲིད་པའི་འཁྲུལ་འཁོར་གཞིག །སྔོན་མེད་དམག་དཔོན་མཆོག་ལ་གསོལ་བ་འདེབས། །མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །ས་གསུམ་སྐྱེ་དགུའི་རེ་བ་ཡོངས་སྐོང་ཞིང་། །དྲི་མེད་ཐུབ་བསྟན་རྒྱལ་མཚན་སྒྲེང་མཛད་པ། །མཚུངས་བྲལ་དཔལ་ལྡན་བླ་མར་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །གསང་གསུམ་རྡོ་རྗེའི་ཁམས་སུ་རྟག་བརྟན་ཅིང་། །ལེགས་མཛད་ཕྲིན་ལས་ཟབ་མོས་གླིང་བཞིའི་ཁྱོན། །ཡོངས་ཁྱབ་བསྟན་འགྲོའི་དགེ་མཚན་རྒྱས་བྱིན་རློབས། །རྣམ་དག་དད་དམ་མོས་པོའི་ཨ་དཪྴར། །མཆོག་བྱིན་པྲ་ཕབ་གཟུགས་བརྙན་ལེགས་འཕོས་ཏེ། །དོན་བརྒྱུད་དགོངས་པའི་གསང་མཛོད་བརྟོལ་བ་ཡིས། །རྟོགས་གྲོལ་དུས་མཉམ་ཆེན་པོར་བྱིན་གྱིས་རློབས། །དེ་མ་ཐོབ་ཀྱི་ཚེ་རབས་ཕྲེང་བར་ཡང་། །མགོན་ཁྱོད་རིགས་ཀྱི་བདག་པོར་ཉེར་ཐོབ་ཅིང་། །ཡང་དག་ལམ་གྱི་རྟེན་འབྲེལ་ཀུན་འགྲིགས་ནས། །མཐར་ཐུག་ཚོམ་བུ་གཅིག་ཏུ་གྲོལ་བར་ཤོག །མགོན་པོ་མཆོག་གི་ཐུགས་བསྐྱེད་རྣམ་ཐར་དང་། །མཛད་པ་ཕྲིན་ལས་གསང་བ་ཟབ་མོའི་ཚུལ། །མ་ལུས་བདག་གིས་སྒྲུབ་པའི་མཐུ་ཐོབ་ནས། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་སྐྱབས་གཅིག་འཁོར་ལོའི་མགོན་པོ་བཀའ་དྲིན་མཚུངས་བྲལ་དྲུང་སྤྲུལ་རིན་པོ་ཆེའི་གསོལ་འདེབས་ཉུང་ངུ་འདི་ཡང་། རང་ཉིད་ཀྱི་དད་པའི་གསོས་དང་སྐལ་བཟང་རྡོ་རྗེའི་མཆེད་པོ་དུ་མའི་གསུང་གིས་བསྐུལ་བའི་ངོར་སྙོམ་ལས་འདུ་གསུམ་སྤྱོད་པ་འགྱུར་མེད་པདྨ་བསྟན་འཛིན་གྱིས་བྲིས་ཤིང་གསོལ་བ་བཏབ་པ་སིདྡྷིརསྟུ། མངྒལཾ། དགེའོ། །དགེའོ། །དགེའོ།། ༈ སྐྱབས་ཀུན་འདུས་ཞལ་གཅིག་ཆོག་ཆོས་ཀྱི་རྗེ། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་ཅིང་། །ལྷན་སྐྱེས་བདེ་ཆེན་རྩོལ་མེད་སྐྱེད་མཛད་པའི། །མཚུངས་བྲལ་དྲིན་ཆེན་བླ་མར་གསོལ་བ་འདེབས། །སངས་རྒྱས་ཐམས་ཅད་བླ་མའི་ངོ་བོ་སྟེ། །དམ་ཆོས་ཐམས་ཅད་བླ་མའི་རང་བཞིན་ཡིན། །དགེ་འདུན་ཐམས་ཅད་བླ་མའི་རོལ་པ་ཉིད། །སྐྱབས་ཀུན་འདུས་ཞལ་བླ་མར་གསོལ་བ་འདེབས། །རྩ་བརྒྱུད་བླ་མའི་དགོངས་ཀློང་འདུ་འབྲལ་མེད། །ཡི་དམ་ཞི་ཁྲོ་བླ་མའི་ཡེ་ཤེས་ཏེ། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་རང་མདངས་ཡིན། །རྩ་གསུམ་སྤྱི་དཔལ་བླ་མར་གསོལ་བ་འདེབས། །བླ་མའི་ཐུགས་ནི་འགྱུར་མེད་ཆོས་ཀྱི་སྐུ། །བླ་མའི་གསུང་ནི་འགགས་མེད་ལོངས་སྤྱོད་རྫོགས། །བླ་མའི་སྐུ་ནི་གང་འདུལ་སྤྲུལ་སྐུ་དངོས། །སྐུ་བཞི་ལྷུན་གྲུབ་བླ་མར་གསོལ་བ་འདེབས། །གང་གིས་གཡེངས་པ་སྤངས་ནས་ལོ་སྟོང་དུ། །རྩེ་གཅིག་ལྷ་སྐུའི་རྣལ་འབྱོར་སྒོམ་པ་བས། །བླ་མ་སྐད་ཅིག་དྲན་པ་ཁྱད་པར་འཕགས། །དེ་སླད་བླ་མ་རྗེ་ལ་གསོལ་བ་འདེབས། །གང་གིས་རྒྱུད་སྡེ་བཞི་ཡི་ཡི་དམ་ལྷའི། །ལྷ་ཛབ྄་སྙིང་པོ་བྱེ་བ་འབུམ་བཟླས་ལས། །བླ་མའི་གསོལ་འདེབས་ལན་གཅིག་ཁྱད་པར་འཕགས། །དེ་ཕྱིར་བླ་མ་རྗེ་ལ་གསོལ་བ་འདེབས། །གང་གིས་ཞི་གནས་གནས་ཆའི་བསམ་གཏན་དང་། །རྫོགས་རིམ་སྟོང་རྐྱང་ལོ་བརྒྱར་སྒོམ་པ་བས། །ཐུགས་ཡིད་སྐད་ཅིག་འདྲེས་པ་ཁྱད་པར་འཕགས། །དེ་སླད་བླ་མ་རྗེ་ལ་གསོལ་བ་འདེབས། གང་གིས་རིན་ཆེན་བདུན་གྱི་སྙིང་པོ་ཡིས། །ལྷ་སྐུ་བྱེ་བ་འབུམ་ཕྲག་བཞེངས་པ་བས། །བླ་མའི་སྐུ་གཟུགས་རི་མོར་བྲིས་པ་མཆོག །དེ་སླད་བླ་མ་རྗེ་ལ་གསོལ་བ་འདེབས། །གང་གིས་གསུང་རབ་ཡན་ལག་བཅུ་གཉིས་པོ། །བྲིས་ཤིང་བཅངས་ཏེ་ཀུན་ལ་བསྟན་པ་བས། །བླ་མའི་གསུང་སྒྲོས་ཚིག་གཅིག་འཛིན་པ་མཆོག །དེ་སླད་བླ་མ་རྗེ་ལ་གསོལ་བ་འདེབས། །ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་རྒྱལ་རྣམས་ལ། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་མཆོད་པ་བས། །བླ་མའི་བ་སྤུ་གཅིག་མཆོད་བསོད་ནམས་འཕགས། །དེ་སླད་བླ་མ་རྗེ་ལ་གསོལ་བ་འདེབས། །བླ་མའི་སྐུ་ལ་བསྡོ་{བརྡོ} བའི་གདུག་བྱེད་རྣམས། །སྙིང་སྟོབས་ཆེན་པོའི་མཐུ་ཡིས་བསྒྲལ་བྱས་ན། །ཁམས་གསུམ་སེམས་ཅན་སྲོག་བཏོན་ལས་འཕགས་གསུངས། །དེ་སླད་བླ་མ་རྗེ་ལ་གསོལ་བ་འདེབས། །བསྐྱེད་རིམ་སེམས་འཛིན་མང་པོ་བློས་མི་ལྕོགས། །བསྙེན་སྒྲུབ་བཟླས་བརྗོད་མང་པོ་གྲངས་མི་སོག །རྫོགས་རིམ་ཏིང་འཛིན་མང་པོ་བློར་མ་ལོངས། །དེ་སླད་གཅིག་ཆོག་བླ་མར་གསོལ་བ་འདེབས། །བསྲུང་བཟློག་སྐུ་རིམ་མང་པོའི་ལང་མ་བྱུང་། །ཁ་བསྒྱུར་དམིགས་པ་མང་པོ་བློར་མ་ངེས། །ཙབ་ཙུབ་བློ་མང་གཡེངས་པའི་སྣོན་མར་གོ །དེ་སླད་བདག་ནི་བླ་མར་གསོལ་བ་འདེབས། །བསྐྱེད་རྫོགས་སྙིང་པོ་བླ་མའི་མོས་གུས་ཡིན། །བཟླས་བརྗོད་སྙིང་པོ་བླ་མའི་གསོལ་འདེབས་ཡིན། །ཉམས་ལེན་སྙིང་པོ་བླ་མ་འབྲལ་མེད་མཆོག །དེ་ཕྱིར་བླ་མ་རྗེ་ལ་གསོལ་བ་འདེབས། །སྣང་བ་རང་གསལ་འཛིན་མེད་བླ་མའི་སྐུ། །གྲགས་སྟོང་སྐྱེ་མེད་བརྗོད་བྲལ་བླ་མའི་གསུང་། །དྲན་པ་རང་དག་རིག་སྟོང་བླ་མའི་ཐུགས། །རྡོ་རྗེ་གསུམ་གྱི་ངོ་བོར་གསོལ་བ་འདེབས། །རང་སེམས་བླ་མར་རྟོགས་པ་ལྟ་བའི་རྩེ། །ཐུགས་ཡིད་དབྱེར་མེད་བསྲེ་བ་སྒོམ་གྱི་བཅུད། །བླ་མའི་རྣམ་ཐར་སྐྱོང་བ་སྤྱོད་པའི་མཆོག །ལྟ་སྤྱོད་དབྱེར་མེད་ངང་ནས་གསོལ་བ་འདེབས། །ཚེ་འདིའི་བར་ཆད་བླ་མ་བསྒྲུབས་པས་སེལ། །ཕྱི་མའི་ས་ལམ་བླ་མའི་མཐུ་ཡིས་བགྲོད། །མཆོག་ཐུན་དངོས་ཀུན་བླ་མ་རྗེ་ལ་རག །དེ་ལྟར་ཤེས་པས་གསོལ་བ་རྒྱུན་དུ་འདེབས། །སྐྱིད་སྡུག་ལེགས་ཉེས་ཤི་གསོན་གང་བྱུང་ཡང་། །བདག་ལ་རེ་ས་བླ་མ་རྗེ་ལས་མེད། །ཉིན་མཚན་ཀུན་ཏུ་མི་བརྗེད་གསོལ་འདེབས་ན། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བྱིན་རླབས་སྩོལ། །དགོངས་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །རྟོགས་པ་དོན་གྱི་ཡེ་ཤེས་ནང་ནས་ཤར། །ཅེར་གྲོལ་ཅོག་བཞག་ཆེན་པོར་འགག་སྡོམ་པས། །དཔལ་ལྡན་བླ་མའི་ཐུགས་དང་རོ་གཅིག་ཤོག །ཅེས་རྒྱུ་མཚན་ཤེས་པའི་གསོལ་འདེབས་ཉུང་ངུ་འདིའང་རྨོངས་བཙུན་པདྨ་རྣམ་རྒྱལ་གྱིས་དད་པ་རྣམ་པར་འཕེལ་བའི་ངག་གིས་བརྗོད་པ་དགེ། མངྒལཾ། ༈ ཐུགས་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །མགོན་མེད་བདག་ལ་བརྩེ་བས་རྗེས་དགོངས་ཏེ། །སྐྱེ་ཀུན་སྡིག་སེམས་ཡིད་ལ་མི་འགྱུ་བར། །བྱང་ཆུབ་སེམས་མཆོག་འབྱོང་བར་བྱིན་གྱིས་རློབས། །ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་འཕྱིད། །ཕྱི་མར་ཕན་པ་དམ་པའི་ཆོས་ལས་མེད། །རང་དབང་རྟེན་གྱི་འབྱོར་པ་ད་རེས་ཙམ། །བློ་སྣ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །སྐད་ཅིག་རེ་བཞིན་འཆི་ལ་ཕར་ཕར་ཉེ། །མ་ཚོར་ངང་དུ་མི་ཚེ་ཡུད་ཀྱིས་ཟད། །དེ་རིང་ཙམ་ཡང་མི་འཆིའི་བློ་གཏད་ཅི། །ལོང་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྔར་བྱས་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །མྱོང་གྱུར་ལས་རྣམས་རང་གི་ཐོག་ཏུ་སྨིན། །ངན་སོང་འཁོར་བའི་སྡུག་བསྔལ་བཟོད་གླགས་{བླག}མེད། །བཅོས་མིན་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །སྐྱིད་པ་གང་བྱུང་དཀོན་མཆོག་ཐུགས་རྗེའི་མཐུ། །སྡུག་བསྔལ་ཐམས་ཅད་སྔོན་བསགས་ངན་པའི་འབྲས། །གང་བྱུང་ལམ་ཁྱེར་ལས་འབྲས་གོ་བའི་གནད། །བསགས་སྦྱང་གནད་དུ་སྨིན་པར་བྱིན་གྱིས་རློབས། །བདག་བདེ་འདོད་ལས་འགྲོ་རྣམས་སྲིད་པར་འཆིང་། །གཞན་ཕན་གོམས་པས་ཐུབ་རྣམས་མངོན་སངས་རྒྱས། །དེ་ཕྱིར་བདག་བས་གཞན་གཅེས་གོམས་པའི་ཤུགས། །བྱམས་དང་སྙིང་རྗེ་འབྱོང་བར་བྱིན་གྱིས་རློབས། །འགྲོ་སྒྲོལ་སླད་དུ་རྫོགས་བྱང་དོན་གཉེར་བློ། །བསམ་དང་སྦྱོར་བས་སྨོན་དང་འཇུག་པའི་ཚུལ། །སྲོག་ལ་བབས་ཀྱང་མི་གཏོང་སྐྱེ་ཀུན་ཏུ། །རྒྱལ་སྲས་སྤྱོད་ལ་འཇུག་པར་བྱིན་གྱིས་རློབས། །སྒོ་གསུམ་རྩོམ་པ་རྟག་ཏུ་དོན་ཡོད་ཅིང་། །ཐབས་ལ་མཁས་པས་རྫོགས་སྨིན་སྦྱངས་མཐར་ཕྱིན། །དོན་གཉིས་ལྷུན་གྲུབ་མངོན་པར་སངས་རྒྱས་ནས། །སྲིད་མཚོ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །མདོར་ན་འཕགས་མཆོག་སྙིང་རྗེའི་ལྷ་ཁྱོད་ཀྱིས། །སྐྱེ་ཀུན་བདག་གི་དགེ་བའི་བཤེས་མཛད་ནས། །རྣམ་ཐར་རྒྱ་མཚོར་མཉམ་པར་འཇུག་ནུས་པའི། །བྱིན་དངོས་མཐའ་དག་དེང་འདིར་སྩལ་ཏུ་གསོལ། །ཅེས་པའང་དད་ལྡན་ངོར་གཞན་ཕན་བློ་གྲོས་ཀྱིས་བྲིས་པ་དགེ། ༈ ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། དོན་བཅུ་ཡང་དག་ཐུགས་སུ་ཆུད་གྱུར་ཅིང་། །ཕྱག་རྒྱ་བཞི་ཡི་དོན་ནི་འགྲོ་ལ་སྟོན། །ཚིག་དོན་དྲི་མེད་ཆོས་རབ་སྣང་བའི་གཏེར། །སྨྲ་བའི་ཉི་མ་སྙིང་ལ་འཇུག་པར་མཛོད། །ཁྱོད་ནི་སྒྱུ་འཕྲུལ་དྲྭ་བའི་རོལ་གར་མཁན། །ནམ་མཁའི་མཐའ་དང་སེམས་ཅན་གནས་ཇི་སྲིད། །གསང་བ་བསམ་མི་ཁྱབ་པའི་བཀོད་པའི་སྤྲིན། །ཆོས་ཀྱི་དབྱིངས་དང་མཉམ་པར་འཇུག་པ་ལགས། །དེ་སླད་ཕྱོགས་རེར་ཞེན་པའི་ཀུན་རྟོག་གི། །སྤྲོས་པས་ཅི་བྱ་བསམ་མི་ཁྱབ་པ་ཡི། །རྣམ་ཐར་ཟབ་མོའི་ཚུལ་ལ་དད་བྱས་ནས། །འདོད་པའི་དོན་འགའ་ཁྱེད་ལ་གསོལ་བར་བགྱི། །དཔག་བསམ་ཤིང་དང་འདོད་འབྱུང་ནོར་བུའི་གཏེར། །འབྱུང་ཆེན་ཁམས་བཞིན་མཐའ་ཡས་འགྲོ་ཀུན་ལ། །ཁྱོད་ནི་རྣམ་མང་ཉེར་འཚོའི་གཞིར་གྲགས་ན། །དམན་པ་བདག་ལའང་ཤས་ཙམ་སྩལ་པར་འོས། །སྡུག་བསྔལ་མང་ལྡན་སྲིད་པའི་བརྩོན་ར་འདིར། །ལས་ཉོན་ལྕགས་སྒྲོག་སྲ་བས་བསྡམས་པ་བདག །མགོན་པོ་ཁྱོད་ལས་སྐྱབས་གཞན་མི་འཚལ་ན། །འཇིགས་ལས་དབུགས་དབྱུང་སྩོལ་ཅིག་འཇམ་པའི་དབྱངས། །ཤིན་ཏུ་རྙེད་དཀའི་དལ་འབྱོར་རྟེན་ཐོབ་ཀྱང་། །དམན་པ་བདག་ནི་དོན་མེད་བྱ་བས་གཡེངས། །རིན་ཆེན་གླིང་ནས་སྟོང་ལོག་བྱེད་ལ་ཉེ། །ངེས་འབྱུང་རྒྱུད་ལ་སྐྱེད་ཅིག་འཇམ་པའི་དབྱངས། །སངས་རྒྱས་མཐུ་ཡིས་བརྒྱ་ལམ་རེ་འགའ་ཙམ། །རྙེད་པའི་དགེ་བློ་ཤིན་ཏུ་ཉམ་ཆུང་ཞིང་། །ཐོག་མེད་ངན་གོམས་བག་ཆགས་ཤུགས་དྲག་པས། །འཕགས་པའི་ནོར་དང་སྤྲོད་ཅིག་འཇམ་པའི་དབྱངས། །ངན་འགྲོའི་སྒོ་འགགས་མཐོ་རིས་སྒོ་དབྱེ་ཞིང་། །རྒ་ཤི་མེད་པར་འདྲེན་མཛད་བྱང་ཆུབ་སེམས། །སྐྱེ་བའི་གེགས་གྱུར་རང་དོན་ཡིད་བྱེད་ཀྱི། །བློ་ངན་འདི་ལས་སྐྱོབས་ཤིག་འཇམ་པའི་དབྱངས། །དགེ་བའི་བཤེས་དང་དགེ་བའི་གྲོགས་པོ་དང་། །ཆོས་མཐུན་གནས་མལ་འཚོ་བ་ལ་སོགས་པའི། །མཐུན་པའི་ཡོ་བྱད་ཀུན་གྱིས་མི་བྲེལ་ཞིང་། །རང་དབང་ཆོས་ལ་སྦྱོར་ཅིག་འཇམ་པའི་དབྱངས། །རིགས་ཁམས་མཐུ་ལས་མོས་པའི་རླུང་ཤུགས་ཀྱིས། །ཚད་མེད་རྣམ་བཞིའི་ཤིང་རྟ་ལེགས་བསྒྱུར་བས། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་ཉི་ཟླའི་དལ། །ཡིད་མཁར་གསལ་བར་མཛོད་ཅིག་འཇམ་པའི་དབྱངས། །ཐོས་ལ་མི་མོས་བསམ་པར་གཡེལ་བ་དང་། །སྒོམ་པར་ལྷོད་དང་སྦྱོར་བར་ལེ་ལོ་ཆེ། །ཀུན་སློང་སྙིང་རྗེ་མེད་སོགས་འགལ་རྐྱེན་རིགས། །ནམ་ཡང་མི་འབྱུང་མཛོད་ཅིག་འཇམ་པའི་དབྱངས། །མི་ཉམས་རྒྱུ་གསུམ་འཕེལ་བའི་རྐྱེན་དགུ་སོགས། །མཐུན་སྐྱེན་ཀུན་ཚང་དྲན་ཤེས་བག་ཡོད་པས། །རྒྱལ་བའི་སྲས་ཀྱི་བསླབ་པ་རྒྱ་མཚོ་ལ། །ཚུལ་བཞིན་སློབ་ནུས་མཛོད་ཅིག་འཇམ་པའི་དབྱངས། །རྩ་ལྟུང་གཅིག་བཞི་བཅོ་བརྒྱད་ཉི་ཤུའི་གྲང་། །ནག་པོའི་ཆོས་བཞི་ཡན་ལག་ཉེས་བྱས་རིགས། །སྤངས་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ། །འཆལ་སྤྱོད་དྲི་མ་སོལ་ཅིག་འཇམ་པའི་དབྱངས། །ཁྱད་ཆོས་བཞི་ལྡན་སྦྱིན་སོགས་དྲུག་ཚན་དྲུག །ཡོན་ཏན་བཞི་ལྡན་ཆགས་བདུན་སྤོང་ཚུལ་གྱིས། །སྒྲུབ་པ་དགེ་བ་ཆོས་སྡུད་ཚུལ་ཁྲིམས་ལ། །ཚུལ་བཞིན་སློབ་ནུས་མཛོད་ཅིག་འཇམ་པའི་དབྱངས། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་རྩར་བཅས། །གཏོང་སེམས་དགེ་བ་ཡོངས་སུ་གོམས་པའི་མཐུས། །ཆོས་ནོར་མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཡིས། །འགྲོ་ཚོགས་རེ་སྐོང་མཛོད་ཅིག་འཇམ་པའི་དབྱངས། །སྤོང་སེམས་དགེ་བ་བསིལ་བ་ཐོབ་པའི་གཞི། །ས་ཆེན་བཞིན་དུ་ཡོན་ཏན་ཀུན་གྱི་རྟེན། །སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་པའི། །ཚུལ་ཁྲིམས་གསུམ་ལ་སྦྱོར་མཛོད་འཇམ་པའི་དབྱངས། །དཀའ་ཐུབ་ཀུན་གྱི་མཆོག་གྱུར་མི་འཁྲུགས་སེམས། །ཁྲོ་བའི་དགྲ་འཇོམས་སྡུག་བསྔལ་དང་དུ་ལེན། །གནོད་བྱེད་ཇི་མི་སྙམ་དང་ཟབ་མོ་ཡི། །བཟོད་པ་གསུམ་ལ་སྦྱོར་ཅིག་འཇམ་པའི་དབྱངས། །སྙིང་སྟོབས་མི་ཞུམ་མཆོག་གི་གནས་ལ་སྦྱོར། །བསམ་པ་གོ་ཆ་ཆེ་དང་སྦྱོར་བས་ཞུགས། །གཞན་དོན་མཆོག་ལ་སྤྲོ་བའི་བརྩོན་འགྲུས་ཀྱིས། །ལེ་ལོའི་གཡུལ་ངོ་བཟློག་ཅིག་འཇམ་པའི་དབྱངས། །ཉེས་བརྒྱའི་འབྱུང་གནས་གཡེང་བའི་དགྲ་གཞོམ་པའི། །ཏིང་འཛིན་མི་གཡོ་ཡོན་ཏན་ཀུན་འབྱུང་གཞི། །འཇིག་རྟེན་འཇིག་རྟེན་འདས་པའི་བསམ་གཏན་གསུམ། །རྒྱུད་ལ་སྐྱེད་པར་མཛོད་ཅིག་འཇམ་པའི་དབྱངས། །ཆོས་རབ་རྣམ་འབྱེད་ནོར་བུའི་སྒྲོན་མེ་མཆོག །མཐར་འཛིན་ལྟ་བའི་རབ་རིབ་སེལ་བའི་སྨན། །དྲི་མེད་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ། །རྩོལ་མེད་རྒྱུད་ལ་སྐྱེད་ཅིག་འཇམ་པའི་དབྱངས། །ཀུན་ཀྱང་རྟེན་དང་དངོས་པོ་ཆེད་དུ་བྱ། །ཐབས་དང་བསྔོ་བ་རྣམ་དག་དམ་པ་སྟེ། །དམ་པ་དྲུག་ལྡན་གནས་སྐབས་མཐར་ཐུག་གི། །རང་འབྲས་མཆོག་ལ་སྦྱོར་ཅིག་འཇམ་པའི་དབྱངས། །སྦྱིན་པས་འཁོར་སྡུད་དམ་ཆོས་སྙན་པར་བཤད། །དོན་སྤྱོད་གྲོས་གདབ་དོན་མཐུན་སྒྲུབ་པ་སྟེ། །བསྡུ་དངོས་བཞི་ལྡན་སེམས་ཅན་དོན་བྱེད་ཀྱི། །ཚུལ་ཁྲིམས་མཆོག་སྦྱོར་མཛོད་ཅིག་འཇམ་པའི་དབྱངས། །གནས་སྐབས་མི་ཤེས་མ་གུས་བག་མེད་རྐྱེན། །ཉོན་མོངས་དབང་གིས་རྙོགས་པར་གྱུར་ན་ཡང་། །སྟོབས་བཞིའི་ཆོ་གས་མོད་ལ་སྦྱངས་བྱས་ནས། །ལྷན་ཅིག་མི་གནས་མཛོད་ཅིག་འཇམ་པའི་དབྱངས། །དྲན་པ་ཉེར་བཞག་བཞི་སོགས་བྱང་ཕྱོགས་ཆོས། །སུམ་ཅུ་རྩ་བདུན་མངོན་རྟོགས་ལ་བརྟེན་ནས། །དཀའ་བ་མེད་པར་ལམ་ལྔའི་ཡོན་ཏན་མཆོག །མྱུར་དུ་རྫོགས་པར་མཛོད་ཅིག་འཇམ་པའི་དབྱངས། །ཁྱད་པར་དུའང་ཅུང་ཟད་བལྟ་བ་དང་། །འདྲི་བར་འདོད་ཚེ་མགོན་པོ་འཇམ་པའི་དབྱངས། །ཁྱོད་ནི་དགེ་བའི་བཤེས་སུ་མངོན་སྣང་ནས། །སྤོབས་པའི་གཏེར་བརྒྱད་གྲོལ་བར་མཛད་དུ་གསོལ། །ཟབ་མོ་ལྟ་བའི་གནས་ལ་བློ་མིག་ཐོབ། །རྒྱ་ཆེན་སྤྱོད་གཞུང་རྒྱ་མཚོར་རང་དབང་སྒྱུར། །རྣམ་དག་རིགས་ལམ་སེང་གེའི་ང་རོ་ཡིས། །ཐེ་ཚོམ་དྲྭ་བ་ཆོད་པར་མཛད་དུ་གསོལ། །ཐུབ་གསུང་མཐའ་དག་ངེས་དོན་ཀློང་དུ་གཅིག །གནས་སྐབས་གདུལ་བྱ་དཀྲི་ཚུལ་བསམ་མི་ཁྱབ། །ཀུན་ཀྱང་ཐབས་མཁས་མཛད་པར་ངེས་རྙེད་ནས། །ཀུན་ལ་དག་སྣང་འཕེལ་བར་མཛད་དུ་གསོལ། །ཅུང་ཟད་ཐོས་ཚེ་རང་རྒྱུད་མི་དྲེགས་ཅིང་། །ཕྱོགས་ཙམ་གོ་ཚེ་གཞན་སྐྱོན་མི་འཚོལ་བར། །གང་ཤེས་རང་གི་རྒྱུད་ལ་དྲིལ་བ་ཡིས། །ཆོས་དང་སེམས་རྒྱུད་འདྲེས་པར་མཛད་དུ་གསོལ། །བླང་དོར་ཚུལ་བཞིན་སྟོན་པའི་མཁན་སློབ་དང་། །དེས་བསྟན་ཆོས་དང་དེར་བརྩོན་གྲོགས་རྣམས་ལ། །མ་དད་ལོག་ལྟ་སྐད་ཅིག་མི་སྐྱེ་བར། །གུས་པས་སྤྱི་བོས་ལེན་པར་མཛད་དུ་གསོལ། །བསྟོད་དང་གྲགས་པས་རློམ་སེམས་མི་སྐྱེ་ཞིང་། །སྨད་ཀྱང་ཞུམ་དང་སྡང་སེམས་མི་སྐྱེ་བར། །ཆོས་བརྒྱད་མགོ་སྙོམས་རང་སེམས་ཡོངས་སུ་འདུལ། །ནང་གི་ཡོན་ཏན་འཕེལ་བར་མཛད་དུ་གསོལ། །རྒྱལ་སྲས་རྣམས་ཀྱིས་གང་ལ་མི་བསླབ་པའི། །ཤེས་བྱའི་དངོས་དེ་འགའ་ཡང་ཡོད་མིན་ཕྱིར། །སྒྲ་ཚད་བཟོ་གསོ་ནང་རིག་ཡན་ལག་བཅས། །མ་ལུས་ཐོས་ཤིང་ཆུབ་པར་མཛད་དུ་གསོལ། །སྣང་བ་ཀུན་རྫོབ་རྟེན་འབྱུང་སྒྱུ་མ་དང་། །སྟོང་པ་དོན་དམ་སྤྲོས་བྲལ་གནས་ལུགས་མཆོག །ལེགས་པར་གཞལ་བའི་ཚད་མ་རྣམ་གཉིས་ཀྱིས། །གནས་སྣང་གཏན་ལ་ཕབ་པར་མཛད་དུ་གསོལ། །མཐར་ཐུག་སྟོང་དང་རྟེན་འབྱུང་ཟུང་འཇུག་པའི། །སྤྲོས་པ་ཀུན་བྲལ་ཆོས་དབྱིངས་ཟབ་མོའི་ཚུལ། །ཇི་བཞིན་རྟོགས་ནས་བསལ་བཞག་བྲལ་བ་ཡི། །སྒོམ་བྱུང་བློ་གྲོས་བསྐྱེད་པར་མཛད་དུ་གསོལ། །མི་བརྗེད་གཟུངས་ཀྱིས་ཆོས་ཀུན་འཛིན་ནུས་ཤིང་། །སྤོབས་པ་ཟབ་མོས་ཐོགས་མེད་འབྱིན་ལ་དབང་། །རྩོད་འཆད་རྩོམ་པའི་བློ་གྲོས་དྲི་མེད་ཀྱིས། །བསྟན་ལ་བྱ་བ་ནུས་པར་མཛད་དུ་གསོལ། །མཐའ་ཀླས་སྐྱེ་དགུའི་དད་བསོད་གོས་བཟང་རྩེར། །དྲི་མེད་ཐུབ་བསྟན་ནོར་བུའི་ཏོག་འབར་ཞིང་། །རྒོལ་ངན་ཀླ་ཀློའི་དཔུང་གིས་བརྫི་མིན་པའི། །དགའ་སྟོན་རྒྱལ་མཚན་བརྟན་པར་མཛད་དུ་གསོལ། །བསྟན་འཛིན་མཆོག་རྣམས་སྐུ་ཚེ་རྡོ་རྗེ་ལྟར། །རབ་བརྟན་ཐུགས་ཀྱི་བཞེད་དོན་གེགས་མེད་འགྲུབ། །འཁོར་ལོ་གསུམ་གྱི་ཕྲིན་ལས་ཟབ་མོའི་ཚུལ། །དུས་ཀྱི་མཐར་ཡང་ཉམས་མེད་མཛད་དུ་གསོལ། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི། །རྫོགས་ལྡན་དུས་བཞིན་སྣོད་བཅུད་དཔལ་འབྱོར་རྒྱས། །ལས་འབྲས་ཡིད་ཆེས་ལྟ་བས་རྒྱུད་གྲོལ་ནས། །ཀུན་ཀྱང་དགེ་ལ་གཞོལ་བར་མཛད་དུ་གསོལ། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས། །བདག་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་ནོན། །འབྲེལ་ཚད་དོན་ལྡན་རྣམ་དཀར་ཕྲིན་ལས་རྒྱས། །དོན་གཉིས་བསམ་ཀུན་འགྲུབ་པར་མཛད་དུ་གསོལ། །ཅེས་ཀུན་མཁྱེན་བླ་མའི་རྡོ་རྗེའི་གསུང་བྱིན་རླབས་ཀྱི་གཟི་བྱིན་འབར་བ་མཁས་པ་ལ་འཇུག་པའི་སྒོའི་བརྗོད་ཀྱི་ཤླ་ཀའི་གཤམ་དུ་གསར་དུ་བསྣན་ནས་འདོད་པའི་དོན་ལ་གསོལ་བ་བཏབ་པ་ཚིགས་སུ་བཅད་པ་བྱང་ཕྱོགས་ཀྱི་གྲངས་ལྡན་འདི་ནི་རབ་ཚེས་མེ་འབྲུག་ལོ་སློབ་གྲྭ་གསར་འཛུགས་ཀྱི་སྐབས་སུ་མཆེད་གྲོགས་འགའ་ཞིག་གིས་བསྐུལ་ངོར་ཤཱཀྱའི་བཙུན་པ་རྒན་པོ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར་བྲིས་ཤིང་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་མཛད་དུ་གསོལ། དགེའོ། །དགེའོ། །དགེའོ།།
༄༅། །སྭསྟི་པྲ་ཛཱབྷྱཿ དགེ་ལེགས་བྱེ་བའི་དཔལ་གྱིས་མངོན་མཐོ་ཞིང་། །ཚངས་པའི་གསུང་དབྱངས་འགྲོ་ལ་ལྷང་ངེ་བ། །མཁྱེན་བརྩེའི་ཡེ་ཤེས་གཏིང་མཐའ་མི་དཔོག་པའི། །ཐུབ་ཆེན་འགྲོ་བའི་བླ་མར་ཕྱག་བགྱི་འོ། །གང་ཁྱོད་བསྐལ་མང་གོང་ནས་བྱང་ཆུབ་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པར་རྗེས་ཆགས་གར། །ལྔ་བདོའི་འགྲོ་བ་སྐྱོབ་པའི་ཐུགས་བསྐྱེད་དཔལ། །པད་དཀར་ལྟར་བསྔགས་གྲགས་པའི་མུ་ཁྱུད་བརླིང་། །གང་ཚེ་སློབ་པ་ལམ་ཞུགས་སྐབས་སུ་ཡང་། །ཕ་རོལ་ཕྱིན་བཅུས་ས་བཅུ་རིམ་བགྲོད་ཚུལ། །དཔལ་གྱི་མགུལ་ལས་ལེགས་གསུང་ངོ་མཚར་དབྱངས། །ས་གསུམ་རྣ་བའི་བཅུད་ལེན་ཉིད་དུ་གྲུབ། །དེང་འདིར་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་ནས། །གདུལ་བྱ་འདུལ་སླད་ཚེ་ལོ་བརྒྱ་པའི་དུས། །རྡོ་རྗེ་གདན་དྲུང་བྱང་ཆུབ་ཚུལ་བསྟན་ནས། །ཐེག་གསུམ་ཆོས་ཆར་གདུལ་བྱའི་ཞིང་ལ་ཕབ། །གང་དག་མེད་པར་ལྟ་བའི་བློ་ཅན་རིགས། །དེ་ལ་ཐར་པ་ནམ་ཡང་ཡོད་མིན་ཕྱིར། །བདེན་བཞིའི་རྒྱུ་འབྲས་བླང་དོར་ཡོད་ལྟ་བའི། །བཀའ་འཁོར་དང་པོར་དཀྲི་འདི་ཐབས་མཁས་སྒོ། །གང་ལ་མཚན་མར་འཛིན་པའི་བློ་ཡོད་པ། །དེ་སྲིད་སྲིད་རྩའི་འ ཁྲི་ཤིང་གཅོད་དཀའ་བས། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་མཐའ་དག །སྟོང་པའི་ཚུལ་འདི་འཁོར་ལོ་བར་པར་བསྟན། །ཡང་དག་དོན་ལ་སྤྲོས་མཚན་ཀུན་བྲལ་དབྱིངས། །སྣང་སྟོང་ཟུང་འཇུག་བདེ་གཤེགས་སྙིང་པོས་ཁམས། །རྟག་ཆད་ལས་འདས་འདུས་མ་བྱས་པའི་བདག །ཟབ་པའི་ཚུལ་དེ་ཐ་མར་བསྟན་པ་ལགས། །ཀུན་ཀྱང་གནས་སྐབས་གདུལ་བྱ་དཀྲི་ཚུལ་ལས། །མཐར་ཐུག་དགོངས་ཟབ་གཅིག་ཏུ་འབབས་པའི་གནད། །ངེས་དོན་འཁོར་ལོ་གསུམ་པར་ཡོད་དོ་ཞེས། །འཇིགས་མེད་སེང་གེའི་སྒྲ་ཡིས་རྗེས་སུ་བསྔགས། །ཤིན་ཏུ་ཟབ་པ་མཐར་ཐུག་སྙིང་པོའི་སྒོ། །རྒྱུ་འབྲས་གཞན་དུ་མི་ཚོལ་འབྲས་བུའི་ཐེག །དབང་རྣོན་ཚེ་གཅིག་གྲོལ་བའི་ཉེ་ལམ་ཀྱང་། །རིང་མིན་འབྱུང་བའི་རྡོ་རྗེའི་ལུང་ཡང་སྩལ། །ཕན་བདེའི་གཞིར་གྱུར་བསྟན་པ་རིན་ཆེན་མཛོད། །གནས་བརྟན་བཅུ་དྲུག་རྒྱལ་ཆེན་བཞི་ལ་སོགས། །དབང་ཐོབ་ལྷ་མིའི་འཁོར་ལ་ལེགས་གཏད་ནས། །བསྟན་འཛིན་འཕགས་པའི་ཚོགས་ཀྱང་ལུང་བསྟན་མཛད། །ཨེ་མ་ངོ་མཚར་ཆེ་འོ་ལྷ་ཡི་ལྷ། །ཨ་ཧོ་བཀའ་དྲིན་ཆེ་འོ་ཤཱཀྱའི་སྲས། །མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་བློས། །ཕྱི་མཐར་དམ་ཆོས་འཛིན་པའི་གཡར་དམ་འཆའ། །མཐུ་ལྡན་དཀར་ཕྱོགས་སྐྱོང་བའི་ཚོགས་རྣམས་ཀྱིས། །ཐུགས་དམ་རྗེས་དགོངས་བསྟན་དང་བསྟན་འཛིན་ཚོགས། །གང་དུ་བཞུགས་དེར་སྲུང་སྐྱོབ་སྒོ་ཕྱེས་ལ། །བསྟན་པ་རིན་ཆེན་ཡུན་དུ་རྒྱས་པར་མཛོད། །བསྟན་ལ་འཚེ་བའི་མཐའ་དམག་འབྱུང་པོ་སོགས། །བསྟན་སེལ་འཇུག་པའི་བསམ་སྦྱོར་གདུག་པའི་དཔལ། །བསྟན་སྲུང་དབང་པོ་རྣམས་ཀྱིས་ཞི་མཛོད་ལ། །བསྟན་དང་བསྟན་འཛིན་མངའ་ཐང་དགུང་དུ་སྤེལ། །ཁྱད་པར་འདིར་འདུས་བདག་ཅག་དཔོན་སློབ་ཚོགས། །ལུས་སེམས་རྡོ་རྗེ་ལྟ་བུར་རབ་བརྟན་ཅིང་། །འཁོར་ལོ་གསུམ་འབྲེལ་ཆོས་ལྡན་བགྱི་འོས་རིགས། །ཡིད་ལ་བསམ་པ་མཐའ་དག་འགྲུབ་པར་མཛོད། །མདོར་ན་དམ་པ་རྣམས་ཀྱིས་ཡོངས་བསྔགས་པའི། །ལེགས་ཚོགས་དཔལ་གྱིས་ཕྱོགས་དུས་ཀུན་ཁྱབ་ཅིང་། །འགྲོ་ཀུན་ཐེག་པ་ཆེན་པོ་རྒྱུད་གྲོལ་ནས། །ཕྱམས་ཅིག་རྣམ་གྲོལ་ཡོན་གྱིས་འབྱོར་གྱུར་ཅིག །ཅེས་པའང་རབ་ཚེས་ས་རྟ་གནམ་ལོ་གསར་དུ་འཆར་བའི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ལ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྟེན་འབྱུང་དུ་བརྗོད་པ་དགེ་ལེགས་འཕེལ། ༈ ༀ་སྭ སྟི། དཔལ་ལྡན་ཚོགས་གཉིས་ལྗོན་པའི་ཡལ་འདབ་རྩེར། །ཕུན་ཚོགས་སྐུ་བཞིའི་ལོ་འབྲས་གཡུར་སྨིན་པས། །ས་གསུམ་སྐྱེ་དགུའི་རེ་བ་སྐོང་བའི་གཉེན། །མཚོ་སྐྱེས་པདྨ་རྒྱལ་པོར་ཕྱག་བགྱི་འོ། །གང་གི་ཡོན་ཏན་ཀུན་གསལ་ཡངས་པའི་མཐའ། །བློ་ཆེན་འདབ་བཟང་དབང་པོས་བགྲོད་མིན་ན། །བདག་ལྟ་ཕྱེ་ལེབ་རྩལ་གྱིས་ག་ལ་ཞིག །དེ་སླད་བསམ་མི་ཁྱབ་ལ་བདག་དགའ་འོ། །སྟོབས་བཅུའི་སྟོབས་ཀྱིས་མི་མཐུན་ཕྱོགས་གཞོམ་ཞིང་། །དབང་བཅུའི་དཔལ་མང་ལུས་ཅན་ངལ་གསོའི་སྨན། །ཐུགས་རྗེའི་ཁྱད་པར་ལྔ་ལྡན་བླ་མ་མཆོག །གངས་ཅན་འགྲོ་བའི་སྐྱབས་གནས་གཅིག་པུ་ཉིད། །བྲལ་སྨིན་ཡོན་ཏན་རྒྱལ་དང་རབ་མཉམ་ཡང་། །གདུལ་དཀའ་འདུལ་ལ་ཕྲིན་ལས་ཁྱོད་གཅིག་འཕགས། །ལྔ་བདོའི་རྒུད་པས་མནར་བའི་འགྲོ་རྣམས་ལ། །བྱིན་རླབས་བཀའ་དྲིན་ལྷག་པར་འཇུག་པ་མྱུར། །དེ་སླད་གཅམ་བུ་མིན་པའི་གདུང་དབྱངས་ཀྱིས། །སྙིང་ནས་གསོལ་འདེབས་བུ་ལ་ཐུགས་རྗེས་དགོངས། །ཡིད་ལ་ཡེ་ཤེས་གཟིགས་པ་མྱུར་ཞུགས་ནས། །དོན་གཉིས་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཀྱེ་མ་དེང་དུས་བསྟན་པའི་མཐའ་ལ་ཐུག །བསྟན་འཛིན་སྐྱེས་མཆོག་ཕལ་ཆེར་ཞི་དབྱིངས་མནལ། །བསྟན་བཤིག་འཁྱམས་པོས་ས་སྟེང་གང་དུས་འདིར། །ཁྱེད་ཀྱི་རྗེས་འཇུག་རྒུད་པའི་དུས་ལ་བབས། །མཐའ་མི་དབུས་ལྷགས་འཁྲུག་རྩོད་ཆུ་ལྟར་ཁོལ། །བོད་ཁམས་བདེ་སྐྱིད་དགུང་ལ་ཡལ་ཉེ་ཞིང་། །སྟོན་དང་བསྟན་འཛིན་རྒུད་པའི་དུས་བྱུང་བས། །ཡེ་ཤེས་གཟིགས་པས་ལ་འུར་དགོངས་པར་མཛོད། །ས་གསུམ་དབང་བྱེད་སྲིད་གསུམ་བྲན་དུ་འཁོལ། །ཁྱོད་ཀྱི་མཐུ་སྟོབས་དུས་མཐའི་ཞུགས་ལས་ཆེ། །དེ་སླད་ཐུགས་རྗེ་ནུས་པའི་སྟོབས་བསྐྱེད་ལ། །ནག་པོའི་རྩ་ལག་མ་ལུས་མིང་མཐར་བྱོས། །བདག་སོགས་ཁྱེད་ཀྱི་གདུལ་བྱར་གྱུར་པ་རྣམས། །སྲུང་སྐྱོབ་རྡོ་རྗེའི་རྭ་གུར་བརྟན་མཛོད་ལ། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །དགེ་ལེགས་བསམ་ཀུན་ཡིད་བཞིན་འགྲུབ་པར་མཛོད། །མགོན་པོ་གང་ལ་བྱས་པ་གཟོ་འདོད་བློས། །མཆོག་གི་རིང་ལུགས་ཚུལ་བཞིན་འཛིན་འདོད་ཀྱི། །ལྷག་བསམ་ཡོད་ཀྱང་ནུས་པའི་སྟོབས་ཞན་པའི། །དམན་པ་བདག་ལ་ཐུགས་རྗེས་ལྷག་པར་དགོངས། །ལུས་ངག་ཡིད་ལ་རྡོ་རྗེའི་བྱིན་ཆེན་ཕོབ། །འབྲེལ་ཚད་དོན་ལྡན་བསམ་དོན་ཆོས་བཞིན་འགྲུབ། །བགེགས་དང་བར་ཆད་ནམ་ཡང་མི་འབྱུང་ཞིང་། །དོན་གཉིས་བས མ་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཨོ་རྒྱན་རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ།། ཐ་ཚིག་རྡོ་རྗེའི་དམ་བཞེས་བསྟན་སྲུང་ཚོགས། །དེང་འདིར་དགོས་པ་བྱུང་ངོ་ཐུགས་དམ་བསྐུལ། །བསྟན་དང་བསྟན་འཛིན་སྲུང་སྐྱོབས་མངའ་ཐང་སྤེལ། །སྤྲེལ་ཚ་གདོང་དམར་བོད་ཀྱི་སེམས་ཅན་རྣམས། །ཐུགས་རྗེས་ཡལ་བར་མ་དོར་ཐུགས་རྗེ་ཅན། །ཉམ་ཐག་བུ་ལ་ཕ་ཡིས་མི་བརྩེའམ། །སྙིགས་མའི་རྒུད་ཞི་བདེ་སྐྱིད་འཕེལ་བར་མཛོད། །མདོར་ན་བདག་སོགས་འདི་ནས་བྱང་ཆུབ་བར། །མ་ཧཱ་གུ་རུ་མཆོག་ལས་སྐྱབས་གཞན་སུ། །དེ་སླད་འདི་ཕྱི་བར་དོའི་གནས་ཀུན་ཏུ། །འབྲལ་མེད་ཐུགས་རྗེས་ཟུངས་ཤིག་དྲིན་ཆེན་རྗེ། །པདྨའི་ཐུགས་རྗེ་གདུལ་བྱའི་སྣོད་ལ་ཤར། །འགྲོ་བའི་དད་བསོད་མོས་དགེ་གཅིག་ཏུ་བརྟན། །ལེགས་པའི་རྟེན་འབྱུང་འབུམ་ཕྲག་ལྷན་ཅིག་འཚོགས། །རྫོགས་ལྡན་དུས་སྟོན་ངོམ་པའི་བཀྲ་ཤིས་ཤོག །ཅེས་པའང་རབ་ཚེས་ས་རྟ་ག ནམ་ལོ་གསར་འཆར་གྱི་ཚེས་ལ་སྔགས་བཙུན་པདྨ་བསྟན་འཛིན་གྱིས་གསོལ་བ་བཏབ་པ་དགེ་ལེགས་འཕེལ། ༈ ༀ་སྭསྟི། གང་མཚན་ཉིན་མོར་བྱེད་པའི་གཟི་འོད་ཀྱིས། །འཆི་བདག་འཇིགས་པའི་མུན་ཚོགས་མཐར་བསྐྲད་ནས། །ཚེ་དང་ཡེ་ཤེས་པད་ཚལ་བཞད་མཛད་པའི། །བཅོམ་ལྡན་གཟི་འོད་དཔག་མེད་མགོན་ལ་འདུད། །རྒྱལ་བ་ཀུན་གྱི་མཚན་བཟང་གཙུག་ཏོར་ལས། །ཉེར་ཐོན་རིགས་སྔགས་ལྷ་མོ་ཕྱག་བརྒྱད་མ། །གང་གིས་དྲན་ལ་ཚེ་དཔལ་དངོས་གྲུབ་མཆོག །སྩོལ་མཛད་རྣམ་པར་རྒྱལ་མར་གུས་པས་འདུད། །སྲས་བཅས་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་དཔལ། །བརྒྱད་གཉིས་འཇིགས་པའི་དཔུང་འཕྲོག་འཕགས་མ་རྗེ། །རབ་དཀར་ཟླ་བའི་མདངས་ལྡན་ཚེ་སྦྱིན་མ། །ཡིད་བཞིན་འཁོར་ལོའི་ཞབས་ལ་གུས་པས་འདུད། །གང་མཚན་ལན་གཅིག་ཐོས་དང་དྲན་པས་ཀྱང་། །དུས་མིན་འཆི་བའི་ཉེས་པ་ཀུན་ཞི་ཞིང་། །རྡོ་རྗེའི་ཚེ་མཆོག་གྲུབ་མཛད་ལྷག་པའི་ལྷར། །རབ་གུས་དྭངས་པས་ཕྱག་འཚལ་སྐྱབས་སུ་མཆི། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་འབུལ། །སྲོག་གཅོད་ལ་སོགས་མི་དགེ་བགྱིས་ཀུན་བཤགས། །འཕགས་སྐྱེའི་རྣམ་དཀར་ལས་ལ་ཡི་རང་འབུལ། །འགྲོ་ལ་བདུད་རྩིའི་སྒོ་འཕར་འབྱེད་པར་གསོལ། །རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས། །ཞབས་པད་རྡོ་རྗེའི་ཁམས་སུ་རྟག་བརྟན་ཅིང་། །བདག་གཞན་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། །འགྲོ་ཀུན་འཆི་མེད་མགོན་པོའི་སྐུ་ཐོབ་ཤོག །བཀྲ་ཤིས་སྲོག་གི་ཀ་བ་མི་འགྱུར་བརྟན། །མི་ཤིགས་ཚེ་ཡི་གཡུང་དྲུང་གཞོམ་གཞིག་བྲལ། །ཕུན་ཚོགས་སྡེ་བཞིའི་ཆུ་གཏེར་ཟབ་ལ་འཁྱིལ། །དོན་གཉིས་བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་པའང་ས་རྟ་གནམ་ལོ་གསར་འཆར་ལ་སྡོང་བན་ཚེ་རིང་འབྲུག་རྒྱལ་གྱིས་རྟེན་འབྱུང་དུ་སྨོན་པ་དགེ། ༈ བརྒྱུད་ལྡན་བླ་མའི་གདམས་ཟབ་བདུད་རྩིའི་ཀླུང་། །ངོམས་མེད་གསོལ་ནས་སྐལ་བཟང་གདུལ་བྱ་ལ། །ལེགས་པར་སྩོལ་མཛད་གཞན་ཕན་ལྷག་བསམ་ཅན། །ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས། །ཞེན་ལོག་མཐར་ཕྱིན་ཆོས་བརྒྱད་འཆིང་བ་ཞིག །སྦྱངས་པ་མཐར་ཕྱིན་ཆོས་ཀུན་དེ་ཉིད་གཟིགས། །འགྲོ་དོན་མཐར་ཕྱིན་ཀརྨའི་བཀའ་བརྒྱུད་སྐྱོང་། །ཆོས་ཀྱི་ཉིན་བྱེད་ཞབས་ལ་གསོལ་བ་འདེབས། །ཅེས་པའང་དད་ལྡན་ཀརྨ་ཡིད་བཞིན་ངོར་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་པ་དགེའོ།། ༈ སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །མཁྱེན་བརྩེ་ནུས་གསུམ་གྱི་གཏེར་ཆེན། །བྱིན་རླབས་དངོས་གྲུབ་ཀྱི་འབྱུང་གནས། །རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །མ་རིག་མུན་སེལ་གྱི་སྒྲོན་མེ། །ཡང་དག་ཐར་ལམ་གྱི་ས་མཁན། །འབྲེལ་ཚད་དོན་ལྡན་གྱི་སྐྱེས་མཆོག །རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །གཞི་དབང་གཤེགས་སྙིང་གི་ས་བོན། །ལམ་དབང་བརྡ་ཐབས་ལ་བརྟེན་པ། །འབྲས་དབང་སྐུ་བཞི་རུ་སྨིན་མཛད། །རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །ཀུན་བཟང་རྡོར་སེམས་ཀྱི་དགོངས་བཅུད། །མཐའ་དྲུག་ཚུལ་བཞི་ཡིས་བཅིངས་པའི། །གསང་བའི་ཏནྟྲ་མཆོག་འགྲོལ་མཛད། །རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །དྲུག་ལྡན་བརྒྱུད་པ་ཡི་མན་ངག །ཟབ་གསང་གདམས་ངག་གི་བདུད་རྩིས། །བདག་བློའི་བུམ་བཟང་མཆོག་འགེངས་མཛད། །རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །བདག་རྒྱུད་ཉེས་ལྟུང་གི་རྙོག་མ། །མཆོག་སྦྱིན་ཀེ་ཏ་ཀས་བགྲུང་ནས། །གྲུབ་གཉིས་འདོད་དགུ་རུ་སྦྱིན་མཛད། །རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །དགོངས་པ་སངས་རྒྱས་དང་མཉམ་ཡང་། །བཀའ་དྲིན་རྒྱལ་ལས་ཀྱང་ལྷག་པའི། །ལེགས་ཚོགས་མཐའ་དག་གི་འབྱུང་ཁུངས། །རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །འདི་ནས་བྱང་ཆུབ་ཀྱི་བར་དུ། །ཁྱོད་མིན་སྐྱབས་གཞན་ནི་མ་དམིགས། །འབྲལ་མེད་ཐུགས་རྗེ་ཡིས་ཟུངས་ལ། །བདག་རྒྱུད་བྱིན་གྱིས་རང་རློབས་ཤིག །ཅེས་པའང་མོས་ལྡན་དམ་པའི་གསུང་གིས་བསྐུལ་ངོར། བི་ཛ་ཡས་བརྗོད་པ་བླ་མའི་བྱིན་རླབས་སེམས་ལ་འཇུག་པའི་རྒྱུར་གྱུར་ཅིག
༄༅། །ༀ་སྭསྟི། དོན་འགྲུབ་བསམ་ཀུན་རྫོགས་བྱེད་པའི། །ཡིད་བཞིན་ནོར་བུ་དཔག་བསམ་མཆོག །བླ་མ་རྒྱལ་བ་སྲས་བཅས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་དགོངས། །བདག་ཅག་སྙིགས་མར་སྐྱེས་པའི་འགྲོས། །ཉམ་ཆུང་ཆོས་ལྟར་སྤྱོད་རྣམས་ལ། །ཁྱོད་མིན་སྐྱབས་གཞན་མི་འཚལ་བས། །དུས་ཀུན་ཐུགས་རྗེས་བཟུང་དུ་གསོལ། །མི་མཐུན་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་པ་ཡིད་བཞིན་འགྲུབ། །བཤད་སྒྲུབ་བསྟན་པའི་མངའ་ཐང་རྒྱས། །དོན་གཉིས་ཕུན་སུམ་ཚོགས་པར་མཛོད། །ཕྱི་རོལ་བགེགས་དང་བར་ཆད་ཞི། །ནང་དུ་རྩ་རླུང་འདུ་བ་སྙོམས། །གསང་བ་དབྱིངས་རིག་བཅུད་དུ་སྨིན། །ཡེ་ཤེས་ཆེན་པོ་མངོན་བྱེད་ཤོག །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན། །དགེ་འདུན་མཐུན་ཞིང་དོན་རྣམས་འགྲུབ། །རྟག་པར་ཆོས་སྤྱོད་བྱ་བ་འཕེལ། །བསྟན་འགྲོའི་དོན་ཆེན་འགྲུབ་པར་ཤོག །འཇིག་རྟེན་རྒུད་པ་མིང་མི་གྲགས། །སྣོད་བཅུད་དཔལ་དང་འབྱོར་པས་ཕྱུག །ལས་འབྲས་ཡིད་ཆེས་བསྟན་ལ་དད། །རྫོགས་ལྡན་དུས་སྟོན་གསར་འཆར་ཤོག །བཀྲ་ཤིས་བྱེ་བའི་སྤྲིན་ཆེན་ལས། །བཀྲ་ཤིས་འདོད་དགུའི་ཆར་འཇོ་བས། །བཀྲ་ཤིས་ཕན་བདེའི་མྱུ་གུའི་ཚལ། །བཀྲ་ཤིས་ཕྱོགས་མཐར་རྒྱས་གྱུར་ཅིག །རབ་ཚེས་ལྕགས་བྱ་གསར་དུ་བཞད་པའི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ཉིན་བི་ཛ་ཡས་སྨོན་པ་དགེ། ༈ ༀ་སྭསྟི་སིདྡྷཾ། འབར་བ་ཆེན་པོའི་སྐུ་ཡི་གཟི་བྱིན་གྱིས། །ལོག་འདྲེན་འབྱུང་པོའི་སྙིང་ཁྲག་འདྲེན་མཛད་ཅིང་། །སྒྲུབ་ལ་མཆོག་ཐུན་དངོས་ཀུན་སྩོལ་མཛད་པའི། །རབ་འབྱམས་རྩ་གསུམ་ཆོས་སྲུང་བཅས་ཀུན་རྒྱལ། །ཁྱོད་ནི་རྣལ་འབྱོར་བདག་གི་མགོན་ལགས་ཀྱི། །རྩེ་གཅིག་བསྙེན་སྒྲུབ་མཆོད་ཅིང་གསོལ་ལགས་ན། །རྒྱལ་མཚན་དམ་པ་ཁྱེད་རྣམས་དཔུང་བསྐྱེད་ལ། །དེང་འདིར་མི་མཐུན་གཡུལ་ལས་རྒྱལ་བར་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པ། །གང་ལ་གང་གིས་འདུལ་བ་དེར་སྟོན་པའི། །རབ་འབྱམས་ཕྲིན་ལས་ནོར་བུའི་ཞགས་པ་ཡིས། །རྣལ་འབྱོར་ཡིད་ལ་བསམ་ཀུན་འགྲུབ་པར་མཛོད། །རྟག་པར་ལུས་སེམས་རྡོ་རྗེ་ལྟ་བུར་བརྟན། །བརྒྱུད་འཛིན་བུ་སློབ་ཡར་ངོའི་ཟླ་ལྟར་རྒྱས། །བཤད་སྒྲུབ་ཐོས་བསམ་སྒོམ་པའི་དགའ་སྟོན་གྱིས། །ངེས་གསང་བསྟན་འགྲོའི་དགེ་མཚན་རྒྱས་པར་མཛོད། །ཁྱད་པར་བདག་ལ་ལྟོས་པ་འཁོར་དང་བཅས། །མི་མཐུན་བགེགས་དགྲའི་འཚེ་བ་མི་འབྱུང་ཞིང་། །ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ། །སྡེ་བཞིའི་དཔལ་ཡོན་མི་ཉམས་གོང་འཕེལ་མཛོད། །བསྟན་འགྲོའི་དཔལ་མགོན་བླ་མའི་ཞབས་པད་བརྟན། །བསྟན་འཛིན་ཐུགས་མཐུན་བསླབ་གསུམ་ཡོན་གྱིས་འབྱོར། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་རིན་ཆེན་སྲིད་མཐར་འཕེལ་རྒྱས་མཛོད། །མཁའ་ལ་རྩ་གསུམ་རྒྱལ་བའི་སྤྲིན་ཆེན་འཁྲིགས། །བར་ལ་སྨིན་གྲོལ་ཟབ་མོའི་གྲུ་ཆར་འཇོ། །ས་ལ་དམ་ལྡན་སློབ་མའི་འདུ་ཚོགས་རྒྱས། །ཀུན་ལ་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་པའང་གོང་ཚེས་ལའོ།། ༈ རྡོ་རྗེའི་སྐུ་ནི་སྐྱེ་འཆི་བགྲེས་རྒུད་བྲལ། །རྡོ་རྗེའི་གསུང་ནི་གཞོམ་མེད་ནཱ་དའི་སྒྲ། །རྡོ་རྗེའི་ཐུགས་ནི་རང་བྱུང་ཡེ་ཤེས་མཆོག །རྩ་གསུམ་ཚེ་ཡི་ལྷ་ལ་གསོལ་བ་འདེབས། །དུས་མིན་འཆི་བའི་མཚན་མ་མི་འབྱུང་ཞིང་། །རྡོ་རྗེའི་ཚེ་དང་རྣམ་དཔྱོད་བློ་གྲོས་དཔལ། །ཕྱོགས་ལས་རྣམ་རྒྱལ་གྲུབ་པའི་དགེ་མཚན་གྱིས། །དོན་གཉིས་བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཚེས་དེ་ཉིད་ལའོ།། ༈ གང་གི་མཚན་ཙམ་ཐོས་དང་དྲན་པས་ཀྱང་། །སྡུག་བསྔལ་སྲིད་པའི་འཇིགས་པ་ཀུན་སེལ་བའི། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །སྲིད་གསུམ་མི་རྟག་སྒྱུ་མའི་སྤྲིན་རུམ་ན། །སྡུག་བསྔལ་གསུམ་གྱི་གློག་ཕྲེང་དྲག་གཡོ་བའི། །ངང་ཚུལ་རྟོགས་ནས་གང་ལ་ཡང་ཞེན་མེད་པའི། །ངེས་འབྱུང་བློ་སྣ་སྐྱེད་པར་བྱིན་གྱིས་རློབས། །དེ་ལྟའི་བདེ་སྡུག་སྔོན་བསགས་ལས་ཀྱི་མཐུ། །ཕྱི་མ་ཅིར་འགྱུར་ད་ལྟའི་ལས་ལ་རག །དཀར་ནག་མི་འགྱུར་ཨུཏྤལ་པདྨ་བཞིན། །ལག་ལེན་གནད་དུ་དྲིལ་བར་བྱིན་གྱིས་རློབས། །འཁྲུལ་སྣང་མི་བདེན་སྒྱུ་མ་ལྟ་བུ་སྟེ། །གང་ལའང་སྙིང་པོ་མེད་པའི་ཚུལ་རིག་ནས། །མྱ་ངན་སྡུག་བསྔལ་སྐད་ཅིག་ཉིད་ལ་སངས། །བདེ་ཆེན་བདེ་བས་འཚོ་བར་བྱིན་གྱིས་རློབས། །སྐྱིད་པ་གང་བྱུང་དཀོན་མཆོག་བླ་མའི་དྲིན། །སྡུག་བསྔལ་གང་བྱུང་སྔོན་བསགས་ལས་ཀྱི་མཐུར། །ལེགས་པར་རྟོགས་ནས་བསགས་སྦྱང་དཔུང་བསྐྱེད་དེ། །གང་བྱུང་ལམ་དུ་ཁྱེར་ནུས་བྱིན་གྱིས་རློབས། །མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །སྐྱབས་གནས་དཀོན་མཆོག་མ་གཏོགས་རེ་ས་མེད། །འབྲལ་བ་མེད་པར་ཐུགས་རྗེས་རྗེས་བཟུང་ལ། །དོན་གཉིས་བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་དད་ལྡན་མའི་ངག་འདོན་རྒྱུར་བི་ཛས་བརྗོད་པ་དོན་དང་ལྡན་པར་གྱུར་ཅིག ༈ ཕྱོགས་བཅུ་དུས་བཞིར་གཤེགས་ཤིང་བཞུགས་པ་ཡི། །བླ་མ་རྒྱལ་བ་སྲས་དང་སློབ་མར་བཅས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །འདི་ནས་བཟུང་སྟེ་ཚེ་རབས་ཕྲེང་བ་རུ། །འབྲལ་བ་མེད་པར་རྟག་པར་རྗེས་བཟུང་ནས། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས།། ༈ སྐྱབས་འོས་རྣམས་ལ་གུས་པས་གསོལ་བ་འདེབས། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་དག་པ་དང་། །ཉིན་མཚན་བརྩོན་པ་ཆོས་ཀྱི་འདའ་བ་ཡིས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་མོས་ལྡན་རྡོ་བའི་ངོར་བི་ཛས་སོ།། ༈ གང་མཚན་ཐོས་པས་དུས་མིན་འཆི་བའི་དཔུང་། །ཅིག་ཅར་གཞོམ་མཛད་བཅོམ་ལྡན་ཚེ་དཔག་མེད། །ཁྱེད་ལ་སྐྱབས་མཆི་སྙིང་ནས་གསོལ་བ་འདེབས། །རྡོ་རྗེའི་ཚེ་མཆོག་འགྲུབ་པར་བྱིན་གྱིས་རློབས། །ༀ་ཨ་མཱ་ར་ཎི་ཛི་ཝནྟི་ཡེ་སྭཱ་ཧཱ། །ཞེས་པའང་བི་ཛས་སོ།། ༈ གང་མཚན་ཐོས་པས་དུག་གསུམ་རྒྱུ་འབྲས་ནད། །གཞིལ་མཛད་བཅོམ་ལྡན་སྨན་པའི་རྒྱལ་པོ་དང་། །དབྱེར་མེད་གྲུབ་བརྒྱའི་སྤྱི་མེས་གཡུ་ཐོག་པ། །ཡོན་ཏན་མགོན་པོའི་ཞབས་ལ་གསོལ་བ་འདེབས། །བདག་སོགས་ཁྱེད་ཀྱི་གདུལ་བྱར་གྱུར་རྣམས་ལ། །འབྲལ་མེད་ཐུགས་རྗེ་ཆེན་པོས་རྗེས་དགོངས་ཏེ། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་རླབས་ནས། །དོན་གཉིས་བསམ་ཀུན་འགྲུབ་པར་མཛད་དུ་གསོལ། །ཅེས་པའང་ཚེ་ཡི་རིག་བྱེད་འཛིན་པ་གང་གི་བཞེད་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་ཤིང་གསོལ་བ་བཏབ་པ་དགེ། ༈ ཧཱུྃ། དགོངས་ཤིག་བླ་མ་རིག་འཛིན་པདྨ་འབྱུང་། །བཞེངས་ཤིག་རབ་འབྱམས་རྩ་གསུམ་སྲུང་མའི་ཚོགས། །ཡེ་ཤེས་དབྱིངས་ལས་དགོངས་པའི་རྩལ་བསྐྱེད་ལ། །སྐལ་ལྡན་བུ་ཡི་ཤེས་རྒྱུད་བྱིན་གྱིས་རློབས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཡོངས་རྫོགས་ལྷ། །ཡེ་ནས་དག་མཉམ་ཆོས་སྐུའི་རོལ་པ་ལ། །བརླབ་དང་རློབ་པར་བྱ་བ་མི་དམིགས་ཀྱང་། །ཀུན་རྫོབ་རྟེན་འབྱུང་སྒྱུ་མའི་རོལ་རྩེད་བཞིན། །ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཆེན་ཕོབ། །ངག་ལ་ཚངས་དབྱངས་གསུང་གི་བྱིན་ཆེན་ཕོབ། །ཡིད་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་ཆེན་ཕོབ། །སྒོ་གསུམ་རྡོ་རྗེ་གསུམ་དང་མཉམ་སྦྱོར་མཛོད། །རང་དོན་ཐོས་བསམ་སྒོམ་པའི་ཡོན་ཏན་རྫོགས། །གཞན་དོན་འཆད་རྩོད་རྩོམ་པའི་སྤོབས་པ་མཐོ། །གཉིས་དོན་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱས། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །མི་ཤིགས་སྲོག་གི་ཀ་བ་ལོ་བརྒྱར་བརྟན། །ངོ་མཚར་སྙན་གྲགས་ཆེན་པོས་ས་སྟེང་ཁྱབ། །ལེགས་དགུའི་རྟེན་འབྲེལ་མཐའ་དག་གཅིག་ཏུ་ཚོགས། །འབྲེལ་ཚད་དོན་ལྡན་གཞན་ཕན་མཁའ་མཉམ་ཤོག །ཅེས་པའང་རྟེན་འབྱུང་ཤིན་ཏུ་དགེ་བར་འགྱུར་མེད་པདྨ་བསྟན་འཛིན་དོན་ཐམས་ཅད་འགྲུབ་པའི་སྡེས་བྲིས་པ་མངྒལཾ། ༈ ༀ་སྭསྟི། བཀྲ་ཤིས་ཕུན་ཚོགས་དཔལ་ཀུན་འབྱུང་བའི་གཞི། །རྩ་གསུམ་རྒྱལ་བ་སྲས་བཅས་བདེན་པའི་མཐུས། །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་ཞིང་། །དགེ་ལེགས་བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག །ནོར་བུ་བུམ་བཟང་དཔག་བསམ་ལྗོན་པ་བཞིན། །སེམས་ཅན་ཀུན་གྱི་རེ་བ་སྐོང་མཛད་པའི། །སྐྱབས་ཀྱི་མཆོག་རྣམས་དེང་འདིར་དགོངས་མཛོད་ལ། །དོན་གྲུབ་བསམ་པ་འགྲུབ་པའི་མཆོག་སྩོལ་ཅིག །ཟུག་རྔུ་ཀུན་འབྱིན་སྨན་པ་ཆེན་པོ་སྟེ། །མ་རིག་མུན་སེལ་ཡེ་ཤེས་ཉི་མ་མཆོག །ཀུན་ལ་ཕན་པར་བཞེད་པའི་བྱམས་ཆེན་མ། །དེང་འདིར་བདག་གི་དཔལ་དང་མགོན་མཛོད་ཅིག །གཞི་རུ་བདེ་སྐྱིད་བྱེས་སུ་བཀྲ་ཤིས་ཤིང་། །ཆོས་ནོར་འདོད་ཐར་སྡེ་བཞིའི་དཔལ་འབྱོར་དང་། །སྙན་པའི་དར་ཕྱར་གྲགས་པའི་དུང་བུས་ལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་སྩོལ་ཅིག །ཕྱི་སྣོད་བརྟན་དགེ་གཡང་ཆགས་རྩི་སྨན་རྒྱས། །ནང་བཅུད་བདེ་སྐྱིད་དཔལ་འཕེལ་ཆོས་ལ་སྤྱོད། །ལེགས་སྨོན་རྟེན་འབྱུང་དཀར་པོའི་ཕྱོགས་སུ་འགྲིགས། །དོན་གཉིས་འབྱོར་པས་ས་གསུམ་ཁྱབ་གྱུར་ཅིག །ཅེས་པའང་ཡོངས་འཛིན་ཆུ་བྱི་ལོ་ཆོ་འཕྲུལ་ཅན་གྱི་དུས་ཚེས་དགེ་བར་འགྱུར་མེད་པདྨ་བསྟན་འཛིན་གྱིས་བྲིས་པ་སུ་ཛ་ཡནྟུ། ༈ ༀཿ བཀྲ་ཤིས་དཔལ་འབར་སྲིད་ཞིའི་གཙུག་གི་རྒྱན། །དོན་གཉིས་མཐར་ཕྱིན་ཆགས་བྲལ་ཚོགས་ཀྱི་མཆོག །བླ་མེད་དཀོན་མཆོག་གསུམ་གྱི་བདེན་བྱིན་གྱིས། །མི་མཐུན་ཀུན་ཞི་མཐུན་རྐྱེན་བསམ་འགྲུབ་ཤོག །བཀྲ་ཤིས་དམ་པའི་བྱིན་རླབས་སྤྲིན་ཆེན་ལས། །གྲུབ་གཉིས་ཆར་འབེབས་ཕྲིན་ལས་འབྲུག་སྒྲ་སྙན། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་བདེན་བྱིན་གྱིས། །མི་མཐུན་ཀུན་ཞི་མཐུན་རྐྱེན་བསམ་འགྲུབ་ཤོག །བཀྲ་ཤིས་གང་ཞིག་ཡེ་ཤེས་འཇིག་རྟེན་ཚུལ། །རྣམ་བཞིའི་ལས་རྣམས་ཅི་བཅོལ་ཐོགས་པ་མེད། །རྒྱུད་གསུམ་དམ་ཅན་སྲུང་མའི་བདེན་བྱིན་གྱིས། །མི་མཐུན་ཀུན་ཞི་མཐུན་རྐྱེན་བསམ་འགྲུབ་ཤོག །བཀྲ་ཤིས་བསོད་ནམས་བསམ་མི་ཁྱབ་པའི་གཏེར། །སྦྱིན་པའི་འབྲས་མང་འདོད་འབྱིན་དཔག་བསམ་ཤིང་། །དཀར་ཕྱོགས་ལྷ་ཀླུ་ནོར་བདག་བདེན་བྱིན་གྱིས། །མི་མཐུན་ཀུན་ཞི་མཐུན་རྐྱེན་བསམ་འགྲུབ་ཤོག །བཀྲ་ཤིས་རྨད་བྱུང་ཆོས་དབྱིངས་བཀོད་པའི་སྤྲིན། །འོད་གསལ་རང་བཞིན་སྐུ་དང་ཡེ་ཤེས་ཁམས། །བདེ་ཆེན་འདུ་འབྲལ་མེད་པའི་བདེན་བྱིན་གྱིས། །མི་མཐུན་ཀུན་ཞི་མཐུན་རྐྱེན་བསམ་འགྲུབ་ཤོག །བཀྲ་ཤིས་མི་ཟད་དཀོན་མཆོག་གསུམ་གྱི་གདུང་། །སྲིད་མཐར་མི་འཆད་ཕན་བདེ་འབྱུང་བའི་གཞི། །རིན་ཆེན་བྱང་ཆུབ་སེམས་ཀྱི་བདེན་བྱིན་གྱིས། །མི་མཐུན་ཀུན་ཞི་མཐུན་རྐྱེན་བསམ་འགྲུབ་ཤོག །བཀྲ་ཤིས་རྣམ་མང་ས་གསུམ་འབྱོར་པའི་གཞི། །དགེ་ལེགས་ཡོན་ཏན་ཟད་མི་ཤེས་པའི་གནས། །ལེགས་སྨོན་རྟེན་འབྱུང་ཟབ་མོའི་བདེན་བྱིན་གྱིས། །མི་མཐུན་ཀུན་ཞི་མཐུན་རྐྱེན་བསམ་འགྲུབ་ཤོག །བཀྲ་ཤིས་མཆོག་གྱུར་བླ་མའི་ཞབས་པད་བརྟན། །བཀྲ་ཤིས་ངོ་བོ་བསྟན་པའི་མངའ་ཐང་དར། །བཀྲ་ཤིས་གཞི་མ་རྒྱལ་ཁམས་བདེ་ཞིང་སྐྱིད། །བཀྲ་ཤིས་སྣང་བས་ཕྱོགས་དུས་རྟག་ཁྱབ་ཤོག །ཅེས་ཤིས་པ་བརྗོད་པ་བཀྲ་ཤིས་རྟགས་¡eབརྒྱད་ཞུ་མཆན། ¡fཀྱི་གྲངས་ལྡན་འདིའང་། ཡོངས་འཛིན་ཆུ་བྱི་དུས་ཚེས་དགེ་བར་འཇམ་དབྱངས་མཁས་གྲུབ་རྒྱ་མཚོས་བྲིས་པ་མངྒལཾ། ༈ ༀ་སྭསྟི། རྟག་བརྟན་འཕོ་འགྱུར་བྲལ་བ་གཉུག་མའི་གཤིས། །གློ་བུར་གཟུང་འཛིན་སྤྲོས་པའི་སྦུབས་རྒྱ་ལས། །ཡོངས་གྲོལ་རྩ་གསུམ་ཚེ་ལྷའི་ངོ་བོ་རུ། །མཆོག་གི་སྤྲུལ་སྐུ་ཞབས་པད་བརྟན་གྱུར་ཅིག ༡ །རྣམ་དག་ཚུལ་ཁྲིམས་གསེར་སྦྱངས་དྲི་བྲལ་ཁམས། །ཟག་མེད་ཏིང་འཛིན་ལྟེ་བ་ཀུན་ནས་ཟླུམ། །རྣམ་གསུམ་ཤེས་རབ་རྩིབས་སྟོང་རབ་བཀྲ་བའི། །འཁོར་ལོ་རིན་ཆེན་མཆོག་ཏུ་ཞབས་བརྟན་གསོལ། ༢ །ཤེས་བྱའི་ཆོས་ཀུན་མཁྱེན་པའི་ཟུར་མིག་གཡོ། །བརྩེ་ཆེན་ཐུགས་རྗེའི་སྒྱུ་རྩལ་ཕུལ་དུ་བྱུང་། །ནུས་མཐུ་ཚད་མེད་རེག་ན་བདེ་བ་སྟེར། །བཙུན་མོ་རིན་ཆེན་མཆོག་ཏུ་ཞབས་བརྟན་གསོལ། ༣ །མཁས་པའི་རྣམ་དཔྱོད་ཡོངས་སྦྱངས་བཻཌཱུཪྱ། །བཙུན་པའི་ཡོན་ཏན་འཆལ་སྤྱོད་མུན་པ་སེལ། །བཟང་པོའི་ཕྲིན་ལས་ཕན་བདེའི་གྲུ་ཆར་འཇོ། །ནོར་བུ་རིན་ཆེན་མཆོག་ཏུ་ཞབས་བརྟན་གསོལ། ༤ །བཤད་ཀ་བཅུ་ཡི་ལུང་རིགས་མཛོད་ཀྱིས་ཕྱུག །སྒྲུབ་བརྒྱུད་མན་ངག་བྱེ་བའི་གཏེར་ཁ་འབྱེད། །རྟོན་པ་བཞི་ལྡན་ངེས་དོན་རྒྱལ་ཐབས་སྐྱོངས། །བློན་པོ་རིན་ཆེན་མཆོག་ཏུ་ཞབས་བརྟན་གསོལ། ༥ །ཐུབ་བསྟན་ཡོངས་རྫོགས་འདེགས་པའི་ཐག་པ་ཆེ། །ཕུལ་བྱུང་རྩོད་འཆད་རྩོམ་པའི་སྣ་ཤལ་རིངས། །དོན་བརྒྱུད་རྟོགས་པའི་ནོར་བུའི་དྲྭ་བས་གཡོགས། །གླང་པོ་རིན་ཆེན་མཆོག་ཏུ་ཞབས་བརྟན་གསོལ། ༦ །གཞན་ཕན་བསྡུ་དངོས་བཞི་ཡི་ཡན་ལག་མཛེས། །དོན་གཉིས་ལྷུན་གྱིས་གྲུབ་པའི་རླུང་གཤོག་ངོམ། །རླབས་ཆེན་ཕྲིན་ལས་གླིང་བཞི་ཡོངས་ལ་བསྒྱུར། །རྟ་མཆོག་རིན་ཆེན་མཆོག་ཏུ་ཞབས་བརྟན་གསོལ། ༧ །ཡང་དག་ཚད་མ་གསུམ་གྱི་མཚོན་རྣོན་གྱིས། །ལོག་སྨྲའི་ཕས་རྒོལ་དཔུང་ཚོགས་ཚར་བཅད་ནས། །ཕྱོགས་ལས་རྣམ་རྒྱལ་མཛོད་ལྔའི་རྒྱལ་སྲིད་སྲུང་། །དམག་དཔོན་རིན་ཆེན་མཆོག་ཏུ་ཞབས་བརྟན་གསོལ། ༨ །དོན་བརྒྱུད་རིན་ཆེན་བདུན་ལ་དབང་བསྒྱུར་བའི། །ངེས་དོན་ཆོས་ཀྱི་འཁོར་ལོས་སྒྱུར་བ་མཆོག །ལྷར་བཅས་སྐྱེ་དགུའི་གཙུག་ནོར་ཅོད་པཎ་རྩེར། །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག ༩ །བཀྲ་ཤིས་དཔལ་མངའ་བླ་མའི་ཞབས་པད་བརྟན། །བཀྲ་ཤིས་མཛད་མེད་འཁོར་སློབ་འདུ་བ་རྒྱས། །བཀྲ་ཤིས་རྨད་བྱུང་བཤད་སྒྲུབ་མངའ་ཐང་དར། །བཀྲ་ཤིས་ཕྱོགས་དུས་ཀུན་ན་ཁྱབ་གྱུར་ཅིག ༡༠ །ཅེས་བཀའ་དྲིན་མཚུངས་བྲལ་འཁོར་ལོའི་དབང་ཕྱུག་གི་མཆོག་གི་སྤྲུལ་པའི་ཟློས་གར། དཔལ་ལྡན་ཆོས་ཀྱི་དབང་ཕྱུག་བློ་གྲོས་དྲི་མེད་པདྨ་མྱུ་གུ་མཁྱེན་བརྩེའི་འོད་ཟེར་རྒྱས་པའི་སྡེའི་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཞིང་གསན་བསམ་སྒོམ་པའི་ཡོན་ཏན་མཐར་ཕྱིན་ཅིང་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པར་གསོལ་བ་འདེབས་པའི་རྟེན་འབྱུང་སྨོན་ཚིག་གུས་སློབ་རྒན་བུ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོས་ཕུལ་བ་དགེ། ༈ ༀ་སྭསྟི། རྟག་བརྟན་འཕོ་འགྱུར་བྲལ་བ་གཉུག་མའི་གཤིས། །གང་འདུལ་མཚན་དཔེའི་དཔྱིད་དུ་ལེགས་ཤར་བ། །ལོག་རྟོག་དབང་གིས་ནམ་ཡང་སྒྲིབ་མིན་པར། །ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་མཛོད། །སྔོན་སྨོན་ཐུགས་བསྐྱེད་གསེར་སྦྱངས་སྙིང་པོའི་ཁམས། །འགྲོ་ཕན་ཕྲིན་ལས་རྩིབས་སྟོང་རྣམས་བཀྲ་ཞིང་། །འབྲེལ་ཚད་ཁ་ལོ་དགེ་ལ་བསྒྱུར་བའི་གཉེན། །འཁོར་ལོ་རིན་ཆེན་མཆོག་ཁྱོད་ཞབས་བརྟན་གསོལ། །ཕུལ་བྱུང་ཡོན་ཏན་འབུམ་ཕྲག་གཟི་ཡིས་འཁྱུད། །ས་གསུམ་ཉེས་པའི་མུན་པ་གཏན་བཅིལ་ཞིང་། །ཕན་བདེ་འདོད་དགུའི་གྲུ་ཆར་འབེབས་མཛད་པའི། །ནོར་བུ་རིན་ཆེན་མཆོག་ཁྱོད་ཞབས་བརྟན་གསོལ། །ཐུགས་རྗེའི་ཟུར་མིག་གཡོ་བའི་མདའ་རྣོན་གྱིས། །སྐལ་བཟང་གདུལ་བྱའི་ཡིད་དབང་འགུགས་བྱས་ནས། །ཉེས་པའི་གདུང་སེལ་བསིལ་བའི་རེག་བྱ་སྟོབས། །བཙུན་མོ་རིན་ཆེན་མཆོག་ཁྱོད་ཞབས་བརྟན་གསོལ། །སྲས་བཅས་རྒྱལ་བའི་དགོངས་པ་སྐོང་མཛད་ཅིང་། །དམ་ཆོས་རིན་ཆེན་མཛོད་ཀྱི་གཉེར་ཁ་པ། །མཐར་འཛིན་ཞལ་ལྕེ་དབུ་མའི་དབྱིངས་སུ་གཅོད། །བློན་པོ་རིན་ཆེན་མཆོག་ཁྱོད་ཞབས་བརྟན་གསོལ། །ཐེག་པ་རིམ་དགུར་བགྲོད་པའི་སྟོབས་ཤུགས་བརླིང་། །འཕགས་ནོར་ཡོན་ཏན་གསེར་གྱི་དྲྭ་བས་བརྒྱན། །བསྡུ་བཞིའི་སྣ་ལྗགས་རིང་པོར་རྐྱོང་མཛད་པའི། །གླང་པོ་རིན་ཆེན་མཆོག་ཁྱོད་ཞབས་བརྟན་གསོལ། །གསན་བསམ་སྒོམ་པའི་ཡན་ལག་རབ་ཏུ་རྫོགས། །མཁྱེན་བརྩེ་ནུས་པའི་རྫུ་འཕྲུལ་རྐང་པས་མཛེས། །འཆད་རྩོད་རྩོམ་པས་གླིང་བཞི་ཡུད་ཀྱིས་བསྐོར། །རྟ་མཆོག་རིན་ཆེན་མཆོག་ཁྱོད་ཞབས་བརྟན་གསོལ། །རང་དོན་ལྟ་དགོངས་ཟབ་མོའི་སྒྱུ་རྩལ་མཁས། །གཞན་དོན་ཕྲིན་ལས་རྣམ་བཞིའི་དཔུང་གིས་ཕྱུག །བདུད་བཞིའི་ཕྲུ་མ་གཞོམ་ལ་གཅིག་ཏུ་དཔའ། །དམག་དཔོན་རིན་ཆེན་མཆོག་ཁྱོད་ཞབས་བརྟན་གསོལ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱིས་རྒྱལ་པོ་མཆོག །ཟག་མེད་ཡོན་ཏན་རིན་ཆེན་བདུན་གྱིས་འབྱོར། །ངེས་གསང་སྙིང་པོའི་ཆབ་སྲིད་མཁའ་དང་མཉམ། །སྙན་པའི་འབྲུག་སྒྲས་ཕྱོགས་དུས་ཀུན་ཁྱབ་ཤོག །བླ་མ་ལྷག་པའི་ལྷ་ཡི་ཐུགས་རྗེ་དང་། །བདག་ཅག་དད་མོས་ལྷག་བསམ་དཀར་བའི་མཐུས། །ཇི་ལྟར་གསོལ་ཞིང་སྨོན་པའི་གནས་འདི་དག །གེགས་མེད་ཡོངས་སུ་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པའང་ཤཱཀྱའི་དགེ་སློང་འདུ་གསུམ་སྤྱོད་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་གུས་ཤིང་དྭངས་པའི་བློས་བརྗོད་པ་དོན་དང་ལྡན་པར་གྱུར་ཅིག་སརྦ་མངྒལཾ། ༈ ༀ་སྭསྟི་པྲ་ཛཱ་བྷྱཿ རྟག་བརྟན་གཞོམ་བྲལ་རྡོ་རྗེའི་ཡེ་ཤེས་ཆེ། །གང་འདུལ་མཚན་དཔེ་འབར་བའི་སྐུར་བཞེངས་ནས། །འགྲོ་ཀུན་འཆི་བདག་གཡུལ་ལས་རྒྱལ་མཛད་པའི། །རྩ་གསུམ་ཚེ་ལྷའི་ཚོགས་རྣམས་དགོངས་སུ་གསོལ། །གཟོད་ནས་རྣམ་གྲོལ་ཡོན་ཏན་མཆོག་བརྙེས་ཀྱང་། །འགྲོ་ཁམས་རྒྱ་མཚོ་སྨིན་སླད་བཤེས་གཉེན་ཚུལ། །རྒྱལ་བས་ལུང་བསྟན་མཛོད་ལྔའི་ཤིང་རྟ་མཆོག །བློ་གྲོས་མཐའ་ཡས་བསྐལ་བརྒྱར་ཞབས་བརྟན་གསོལ། །འཇམ་དཔལ་དཔའ་བོའི་མཁྱེན་རབ་ཉི་མའི་གཟིས། །བློ་གྲོས་སྤོབས་པའི་པད་ཚལ་ཆེར་བཞད་པས། །འཆད་རྩོད་རྩོམ་པའི་ཟིལ་དངར་འབུམ་འཇོ་བའི། །མི་ཕམ་རྒྱ་མཚོ་བསྐལ་བརྒྱར་ཞབས་བརྟན་གསོལ། །རབ་འབྱམས་རྒྱལ་ཀུན་འདུས་ཞལ་པདྨ་འབྱུང་། །གང་གི་རིང་ལུགས་ངེས་གསང་ཐེག་པ་མཆོག །ཡོ་ག་རྣམ་གསུམ་བསྟན་པའི་རྒྱལ་མཚན་ཆེ། །འཛིན་མཛད་དཔལ་ལྡན་བླ་མ་ཞབས་བརྟན་གསོལ། །རླབས་ཆེན་ཐུགས་བསྐྱེད་འཛིན་མའི་གཞི་ལས་འཁྲུང་། །སྤངས་རྟོགས་ཡོན་ཏན་ཡལ་འདབ་མེ་འབྲས་རྒྱས། །ཐུགས་རྗེའི་གྲིབ་བསིལ་བསྟན་འགྲོའི་ངལ་འཚོའི་སྨན། །རིས་བྲལ་སྐྱེས་ཆེན་ཚོགས་རྣམས་ཞབས་བརྟན་གསོལ། །དྲི་མེད་ཚུལ་ཁྲིམས་གསེར་གྱི་ས་གཞི་ལ། །དཔག་ཡས་ཏིང་འཛིན་རི་གླིང་བཀོད་ལེགས་ཤིང་། །རྣམ་གསུམ་ཤེས་རབ་ཉི་ཟླའི་གོ་ཆ་ཅན། །བསྟན་འཛིན་འཇིག་རྟེན་རྒྱན་རྣམས་ཞབས་བརྟན་གསོལ། །ལུང་རིགས་མན་ངག་ཟབ་མོའི་འབྲུག་སྒྲ་ཡིས། །ལོག་སྨྲ་ངང་མོའི་ཀླད་རྒྱ་དབྲལ་བ་དང་། །ཆབས་ཅིག་སྐལ་བཟང་རྨ་བྱ་དགའ་བའི་གཉེན། །བཤེས་གཉེན་ཆར་སྤྲིན་དབང་པོ་ཞབས་བརྟན་གསོལ། །དྲན་ཤེས་བག་ཡོད་རིན་ཆེན་རྒྱན་ཆས་སྒེག །དད་སོགས་འཕགས་ནོར་བདུན་གྱི་བང་མཛོད་ཕྱུག །ཚོགས་གཉིས་ཤིང་རྟའི་ཁ་ལོ་བསྒྱུར་མཁས་པའི། །འཕགས་ཚོགས་འཕྲུལ་གྱི་བློན་པོ་ཞབས་བརྟན་གསོལ། །དབང་བཞིའི་དུལ་བའི་གཞི་རྒྱུད་གསེར་སྦྱངས་ཁམས། །གྲོལ་བྱེད་རིམ་གཉིས་མཆོད་སྡོང་བཀོད་མཛེས་པར། །རིག་འཛིན་རྣམ་བཞིའི་ཉི་ཟླའི་རྒྱན་འབར་བའི། །སྔགས་སྤྱོད་གྲུབ་པའི་ཚོགས་རྣམས་ཞབས་བརྟན་གསོལ། །ངེས་འབྱུང་སྙིང་ལ་ཞུགས་པའི་རླུང་ཤུགས་ཀྱིས། །སྲིད་པའི་བདེ་འབྱོར་མཚོ་ལ་མ་ཆགས་པར། །ཞི་བའི་ནགས་ཁྲོད་རིན་ཆེན་གླིང་ཉུལ་བའི། །རྣལ་འབྱོར་དེད་དཔོན་མཆོག་རྣམས་ཞབས་བརྟན་གསོལ། །དགེ་བཅུའི་བཀའ་ཁྲིམས་བཙན་པོའི་ཀེ་ཏ་ཀས། །སྙིགས་དུས་གདོལ་སྤྱོད་དྲི་མ་ཀུན་བགྲུང་ནས། །རྫོགས་ལྡན་གསར་པའི་ཆུ་གཏེར་སྤེལ་མཛད་པའི། །ཆོས་ལྡན་ས་བདག་རྒྱལ་བློན་ཞབས་བརྟན་གསོལ། །མཐོ་རིས་ཡོན་ཏན་བདུན་གྱི་ཁྱད་ནོར་མཆོག །འཕྲོག་ལ་མངོན་བརྩོན་འཆི་བདག་རྐུན་བུའི་སྡེ། །མཆོག་གསུམ་བདེན་མཐུའི་དཔུང་གིས་མཐར་བསྐྲད་པས། །འགྲོ་ཀུན་རིང་འཚོའི་དགེ་མཚན་འབར་གྱུར་ཅིག །སྲིད་དང་ཞི་བའི་དགེ་མཚན་པདྨའི་ཚལ། །ཅིག་ཅར་བཞད་མཛད་ཐུབ་བསྟན་ཉིན་བྱེད་དབང་། །བཤད་སྒྲུབ་ཁྱུང་སྔོན་སྐྱེས་ཀྱི་ཉེར་དྲངས་པས། །འགྲོ་བསོད་ཡངས་པའི་མཁའ་ལས་ཡོལ་མེད་ཤོག །ཁྱད་པར་མཁན་སློབ་ཆོས་རྒྱལ་དེད་དཔོན་ཆེས། །འཕགས་ཡུལ་གདེངས་ཅན་གནས་ནས་ཉེར་དྲངས་པའི། །ཚང་ལ་མ་ནོར་སྔ་འགྱུར་ཡིད་བཞིན་དབང་། །གངས་ལྗོངས་ཐུབ་བསྟན་རྒྱལ་མཚན་རྩེར་བཀོད་ཤོག །ཨོ་རྒྱན་མཁན་པོའི་རིང་ལུགས་པདྨའི་ཚལ། །སྨིན་གྲོལ་འདབ་སྟོང་གཡོ་བའི་འཛུམ་རླབས་ཀྱིས། །ཐར་འདོད་རྐང་དྲུག་ཚོགས་རྣམས་དགའ་བའི་གླིང་། །ངེས་པ་དོན་གྱི་དགའ་ཚལ་རྒྱས་གྱུར་ཅིག །ཐུབ་བསྟན་མདོ་དང་སྔགས་ཀྱི་གཞུང་མཐའ་དག །བཤད་སྒྲུབ་གཉིས་ཀྱི་དར་སྨིན་རྒྱས་མཛད་པའི། །འདུས་པའི་ཚོགས་རྣམས་ཞབས་པད་ཡུན་བརྟན་ཞིང་། །ཆོས་སྲིད་ཕྲིན་ལས་གླིང་བཞིའི་མཐར་ཁྱབ་ཤོག །རྩ་གསུམ་ཚེ་ལྷའི་ཐུགས་རྗེའི་བྱིན་རླབས་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་པའི་སྟོབས། །བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས། །གསོལ་བཏབ་སྨོན་པའི་འབྲས་ཀུན་འགྲུབ་གྱུར་ཅིག །རྩ་རྒྱུད་བླ་མའི་བྱིན་རླབས་སྤྲིན་ཕུང་འཁྲིགས། །ཡི་དམ་ཞི་ཁྲོའི་དངོས་གྲུབ་ཆར་རྒྱུན་བསྙིལ། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་གློག་དམར་འཁྱུགས། །དོན་གཉིས་ཆུ་གཏེར་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པའང་ས་ཁྱི་ས་ག་ཟླ་བའི་འཕེལ་ཕྱོགས་ཀྱི་རྒྱལ་བ་གསུམ་པར་བྲག་དམར་གཡའ་མ་ལུང་འཆི་མེད་རྡོ་རྗེའི་ཀེའུ་ཚང་དུ་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཚོགས་བསྐང་དང་རྗེས་སུ་འབྲེལ་བར། སྔགས་བཙུན་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོ་ནས་གང་ཤར་བདེན་སྨོན་དུ་གསོལ་བ་སྟེ། འདིས་ཀྱང་བསྟན་འཛིན་མཆོག་རྣམས་ཞབས་པད་སྐལ་བརྒྱར་བརྟན་ཞིང་བཤད་སྒྲུབ་ཕྲིན་ལས་ཡར་ངོའི་ཟླ་ལྟར་འཕེལ་བའི་རྒྱུར་གྱུར་ཅིག དགེའོ།། ༈ མཆོག་བྱིན་ཉི་མ་འབུམ་གྱི་གཟི་བྱིན་གྱིས། །འཆི་བདག་འཇིགས་པའི་མུན་ཚོགས་གཏན་བཅོམ་ཞིང་། །འཆི་མེད་རྡོ་རྗེའི་པད་ཚལ་རྒྱས་མཛད་པའི། །རྩ་གསུམ་ཚེ་ལྷའི་ཚོགས་རྣམས་དགོངས་སུ་གསོལ། །ཕན་བདེའི་གཞིར་གྱུར་རྒྱལ་བསྟན་རིན་པོ་ཆེ། །གངས་ལྗོངས་དད་བསོད་གོས་བཟང་རྩེར་བཀོད་པའི། །སྒྲུབ་བརྒྱུད་རྣམ་བརྒྱད་རིང་ལུགས་གདུགས་དཀར་པོ། །འཛིན་མཛད་བཤེས་གཉེན་ཚོགས་རྣམས་ཞབས་བརྟན་གསོལ། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་འཛིན་མའི་ལྟོར། །དགེ་བ་ཆོས་སྡུད་ཕྱིན་དྲུག་ཡལ་འདབ་རྒྱས། །སེམས་ཅན་དོན་བྱེད་མེ་འབྲས་ཁུར་དུད་པའི། །བཤེས་གཉེན་དཔག་བསམ་དབང་པོ་ཞབས་བརྟན་གསོལ། །འདུལ་ཁྲིམས་རྣམ་པར་དག་པའི་སྡོང་པོ་ལ། །རྨད་བྱུང་བྱང་སེམས་བསླབ་པའི་འདབ་ཕྲེང་མཛེས། །གསང་སྔགས་དམ་ཚིག་ཟབ་མོའི་གེ་སར་ཅན། །བཤེས་གཉེན་གསེར་གྱི་པདྨ་ཞབས་བརྟན་གསོལ། །མང་ཐོས་ཏི་མའི་མཇིང་ལས་ལེགས་ཐོན་པའི། །བསམ་བྱུང་ངོ་བོ་དྲི་མེད་ཆུ་ཤེལ་ཁམས། །སྒོམ་བྱུང་ཤེས་རབ་ཆ་ཤས་ཡོངས་རྫོགས་པའི། །བཤེས་གཉེན་བདེ་འབྱུང་གཙུག་རྒྱན་ཞབས་བརྟན་གསོལ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཡོངས་སུ་རྫོགས། །འཆད་རྩོད་རྩོམ་གསུམ་འབུམ་ཕྲག་སྣང་བ་ཡིས། །བསྟན་འགྲོའི་ཕན་བདེ་པད་ཚལ་བཞད་མཛད་པའི། །བཤེས་གཉེན་ཉིན་བྱེད་དབང་པོ་ཞབས་བརྟན་གསོལ། །རིག་འཛིན་བརྒྱུད་པའི་གངས་རིར་གནས་བཅས་ཤིང་། །གྲུབ་གཉིས་རྩལ་རྫོགས་ཐེག་མཆོག་ང་རོ་ཡིས། །ལྟ་བ་དམན་པའི་ཝ་ཚོགས་སྐྲག་མཛད་པའི། །བཤེས་གཉེན་གདོང་ལྔའི་དབང་པོ་ཞབས་བརྟན་གསོལ། །དགོངས་ཀློང་དུས་གསུམ་རྒྱལ་བར་རབ་མཉམ་ཡང་། །བདག་ལ་རྒྱལ་བ་ལས་ལྷག་བཀའ་དྲིན་ཅན། །དབང་བསྐུར་རྒྱུད་བཤད་མན་ངག་ལུང་འབོགས་པའི། །བཤེས་གཉེན་ཚོགས་རྣམས་བསྐལ་བརྒྱར་ཞབས་བརྟན་གསོལ། །དཀོན་མཆོག་རྩ་གསུམ་ཐུགས་རྗེའི་བདེན་སྟོབས་དང་། །བདག་ཅག་དད་མོས་གཅིག་ཏུ་དཀར་བའི་མཐུས། །དྲིན་ཆེན་བླ་མའི་ཚོགས་རྣམས་ཞབས་བརྟན་ཞིང་། །ཕྲིན་ལས་གླིང་བཞི་ཡོངས་ལ་ཁྱབ་གྱུར་ཅིག །རིས་བྲལ་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ཞབས་བརྟན་གསོལ་འདེབས་ཉུང་ངུ་འདིའང་། མཆེད་གྲོགས་བློ་གྲོས་གཞན་ཕན་གྱི་བཞེད་སྐོང་དུ། པདྨ་བི་ཛས་བྲིས་ཏེ་རྩེ་གཅིག་གུས་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག དགེའོ།། ༈ ༀ་སྭསྟི། མི་འགྱུར་འཕོ་མེད་བདེ་ཆེན་རྡོ་རྗེའི་གཟིགས། །གཟུང་འཛིན་མཚན་མའི་སྤྲོས་པ་ཀུན་བཅོམ་པའི། །དོན་དམ་རང་རིག་དཔལ་ལྡན་བླ་མ་དང་། །དབྱེར་མེད་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་དགོངས། །རླབས་ཆེན་ཐུགས་བསྐྱེད་ཟབ་མོའི་ཆུ་གཏེར་དབུས། །ཐོས་བསམ་སྒོམ་པའི་རི་གླིང་བཀོད་ལེགས་ཤིང་། །གཞན་ཕན་ཕྲིན་ལས་ཉི་ཟླའི་རྣ་ཆ་ཅན། །འགྱུར་མེད་བདེ་ཆེན་ཆོས་སྒྲོན་ཞབས་བརྟན་གསོལ། །རིག་འཛིན་བརྒྱུད་པའི་གངས་རིར་གནས་བཅས་པའི། །མཁྱེན་རྟོགས་ཡོན་ཏན་རྩལ་རྫོགས་གདོང་ལྔ་པ། །ཐེག་མཆོག་གད་མོས་ས་གསུམ་གཡོ་བཞིན་དུ། །ཀུན་བཟང་ཡེ་ཤེས་ཆོས་སྒྲོན་ཞབས་བརྟན་གསོལ། །རླབས་ཆེན་ཚོགས་གཉིས་ཆུ་གཏེར་བསྲུབས་ལས་འཁྲུངས། །བསྔགས་འོས་ཡོན་ཏན་ཆ་ཤས་ཡོངས་སུ་རྫོགས། །ཕན་བདེའི་བསིལ་ཟེར་ཐུབ་བསྟན་ཀུ་མུཏ་གཉེན། །འགྱུར་མེད་བྱང་ཆུབ་ཆོས་སྒྲོན་ཞབས་བརྟན་གསོལ། །སྔོན་སྨོན་ཐུགས་བསྐྱེད་རྩ་བ་རབ་ཏུ་བརླིང་། །རིམ་གཉིས་རྣལ་འབྱོར་ཟབ་མོའི་ཡལ་འདབ་རྒྱས། །ཐུགས་རྗེའི་གྲིབ་བསིལ་སྐལ་བཟང་གདུང་སེལ་བ། །འགྱུར་མེད་གར་དབང་ཆོས་སྒྲོན་ཞབས་བརྟན་གསོལ། །ལེགས་བྱས་དཔྱིད་ཀྱི་རྒྱལ་མོས་བོས་པའི་མགྲོན། །བཀྲ་ཤིས་ངོ་མཚར་བྱེ་བའི་སྒྲ་དབྱངས་ཀྱིས། །ས་གསུམ་འཇིག་རྟེན་ཀུན་ནས་དགའ་མཛད་པ། །འཆི་མེད་བདེ་ལྡན་སྒྲོལ་མ་ཞབས་བརྟན་གསོལ། །སྔ་འགྱུར་རིང་ལུགས་བརྒྱུད་པའི་གོས་བཟང་རྩེར། །ཉེར་ཐོབ་འཁོར་ལོ་གསུམ་གྱི་གཟི་འབར་བའི། །མཚུངས་བྲལ་རྗེ་བཙུན་མ་ཎི་ཀ་ཡི་ཕྲེང་། །འགྱུར་མེད་རྡོ་རྗེའི་ཁྲི་ལ་རྟག་བརྟན་གསོལ། །རྒྱལ་ཀུན་འདུས་ཞལ་ཨོ་རྒྱན་བླ་མ་ཡི། །རིང་ལུགས་སྨིན་གྲོལ་ཆོས་ཀྱི་དགའ་ཚལ་མཆོག །མཁས་གྲུབ་ཨུ་དུམ་བཱ་རས་ཡོངས་གཏམས་རྒྱུས། །བཤད་སྒྲུབ་ཕྲིན་ལས་གླིང་བཞིའི་མཐར་ཁྱབ་ཤོག །བརྒྱུད་གསུམ་བླ་མའི་བྱིན་རླབས་སྤྲིན་བཞིན་འཁྲིགས། །ཡི་དམ་ཞི་ཁྲོའི་དངོས་གྲུབ་ཆར་དུ་བསྙིལ། །མཁའ་འགྲོ་ཆོས་སྐྱོང་ཐོགས་མེད་ཕྲིན་ལས་ཀྱིས། །དོན་གཉིས་འདོད་པ་འཇོ་བའི་བཀྲ་ཤིས་ཤོག །ཅེས་པའང་མཚུངས་བྲལ་འཁོར་ལོའི་མགོན་པོ་རྗེ་བཙུན་རིན་པོ་ཆེ་རྣམས་ཀྱི་ཞབས་པད་གཙུག་ན་བསྙེན་པའི་གུས་འབངས་ཞེ་ཆེན་པ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭ་ཆེན་པོར་བདེན་ཚིག་སྨོན་ལམ་དུ་གསོལ་བ་སྟེ། འདིས་ཀྱང་སྐྱབས་མཆོག་དམ་པ་རྣམས་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་ཞིང་གསན་བསམ་སྒོམ་པའི་ཡོན་ཏན་ཡར་ངོའི་ཟླ་ལྟར་རྒྱས་པའི་རྒྱུར་གྱུར་ཅིག དགེའོ།། ༈ ༀ་སྭསྟི། རྟག་བརྟན་གཞོམ་བྲལ་འོད་གསལ་གཉུག་མའི་གཤིས། །གང་འདུལ་མཚན་དཔེ་འབར་བའི་སྐུར་བཞེངས་ནས། །འགྲོ་ཀུན་འཆི་བདག་གཡུལ་ལས་རྒྱལ་མཛད་པའི། །རྩ་གསུམ་ཚེ་ལྷའི་ཚོགས་རྣམ་དགོངས་སུ་གསོལ། །དཔལ་ལྡན་སྟོབས་བཅུ་མངའ་བ་སྲས་བཅས་ཀྱི། །ཕུལ་བྱུང་བྲལ་ཐོབ་སྨིན་པའི་ཡོན་ཏན་འབུམ། །གཅིག་བསྡོམས་རྒྱལ་བས་ལུང་བསྟན་སྤྲུལ་པའི་སྐུ། །སྐྱབས་མཆོག་འཁོར་ལོའི་མགོན་པོ་ཞབས་བརྟན་གསོལ། །གུ་རུའི་ཞལ་ཚབ་གཏེར་འབྱིན་ཡོངས་ཀྱི་རྗེ། །ཚེ་ལ་དབང་ཐོབ་གྲུབ་པའི་རིག་པ་འཛིན། །དཀྱིལ་འཁོར་རྒྱ་མཚོའི་གཙོ་མཆོག་ཧེ་རུ་ཀཿ། །རྡོ་རྗེ་གཡུང་དྲུང་གླིང་པ་ཞབས་བརྟན་གསོལ། །མཁྱེན་རྩེ་ནུས་པའི་རི་གླིང་བཀོད་ལེགས་ཤིང་། །འཆད་རྩོད་རྩོམ་གསུམ་ཉི་ཟླའི་བགྲོད་པ་ཡིས། །ཐུབ་བསྟན་རྒུད་མུན་མཐའ་དག་གཏན་བཅོམ་པའི། །འཆི་མེད་བསྟན་གཉིས་གླིང་པ་ཞབས་བརྟན་གསོལ། །བཤད་རྒྱུད་ལུང་གི་འདབ་སྟོང་རྒྱས་པའི་རྩེར། །སྒྲུབ་བརྒྱུད་རྟོགས་པའི་ཟིལ་དངར་འབུམ་འཇོ་བས། །སྐལ་བཟང་རྐང་དྲུག་རེ་བ་སྐོང་མཛད་པའི། །ངག་དབང་ཡོན་ཏན་རྒྱ་མཚོ་ཞབས་བརྟན་གསོལ། །རྒྱུད་ལུང་མན་ངག་ཟབ་མོའི་ཆུ་གཏེར་ཆེ། །ཐུགས་བསྐྱེད་བརྩོན་པའི་གྲུ་ཡིས་ལེགས་བརྒལ་བས། །མཛོད་ཆེན་རྣམ་ལྔ་སྔོན་མེད་དགོས་འབྱུང་དབང་། །སྩོལ་མཛད་བློ་གྲོས་མཐའ་ཡས་ཞབས་བརྟན་གསོལ། །ཕྱོགས་རེར་མ་གྱུར་ཡོངས་རྫོགས་བསྟན་པའི་བདག །རིས་སུ་མ་ཆད་གདུལ་བྱ་རྒྱ་མཚོའི་མགོན། །རྣམ་ཐར་དཔག་ཡས་ཆོས་ཀྱི་དབྱིངས་ཁྱབ་པའི། །པདྨ་གར་དབང་བསྐལ་བརྒྱར་ཞབས་བརྟན་གསོལ། །རྡོ་རྗེ་འཆང་སོགས་བརྒྱུད་གསུམ་བླ་མའི་དྲུང་། །རྡོ་རྗེའི་ཐ་ཚིག་གཉེན་པོ་ཞལ་འཆེས་པའི། །རྡོ་རྗེ་ཆོས་སྲུང་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་ཞབས་བརྟན་གསོལ། །རྡོ་རྗེ་འཛིན་དབང་བླ་མའི་ཞབས་པད་བརྟན། །རྡོ་རྗེའི་སློབ་ཚོགས་འདུ་བ་ཆེས་ཆེར་འཕེལ། །རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཕྲིན་ལས་རྒྱས། །རྡོ་རྗེའི་གསང་མཆོག་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སྐྱབས་ཅིག་བཀའ་དྲིན་མཚུངས་བྲལ་རྡོ་རྗེ་འཆང་རིན་པོ་ཆེའི་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་བཞུགས་གསོལ་འདེབས་ཉུང་ངུ་འདིའང་། གུས་སློབ་ཐ་ཆུང་ཞེ་སྤྲུལ་མིང་འཛིན་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེ་ནས་བྲིས་ཤིང་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག ༈ རྟག་བརྟན་འཕོ་འགྱུར་བྲལ་བ་གཉུག་མའི་གཤིས། །གང་འདུལ་མཚན་དཔེའི་སྐུར་བཞེངས་རྡོ་རྗེ་འཆང་། །མདོ་སྔགས་བསྟན་པའི་པད་ཚལ་རྒྱས་མཛད་པའི། །འགྲོ་མགོན་ཉིན་བྱེད་དབང་པོ་ཞབས་བརྟན་གསོལ། །དྲི་མེད་ཚུལ་ཁྲིམས་གསེར་སྦྱངས་སྙིང་པོའི་ཁམས། །ཏིང་འཛིན་མི་གཡོ་ཞི་བའི་མུ་ཁྱུད་བརྟན། །རྣམ་བཀྲའི་ཤེས་རབ་རྩིབས་སྟོང་རབ་མཛེས་པའི། །འགྲོ་མགོན་ཆོས་ཀྱི་འཁོར་ལོ་ཞབས་བརྟན་གསོལ། །མང་ཐོས་གདེངས་ཅན་གནས་ནས་ཉེར་ཐོན་པའི། །དྲི་མེད་བསམ་བྱུང་འཕྲོག་མིན་གཟི་འབར་ཞིང་། །སྒོམ་བྱུང་འདོད་དགུའི་གྲུ་ཆར་འཇོ་བའི་དཔྱིད། །འགྲོ་མགོན་ཡིད་བཞིན་ནོར་བུ་ཞབས་བརྟན་གསོལ། །བདེན་བཞིའི་ལུས་སྟོབས་རྒྱས་པའི་མཛའ་ན་མོ། །གཞན་ཕན་ཕར་ཕྱིན་དྲུག་གི་གོས་ཀྱིས་ཀླུབ། །གསང་སྔགས་རིམ་གཉིས་ནོར་བུའི་རྒྱན་ཆས་སྒེག །འགྲོ་མགོན་ངེས་དོན་བཙུན་མོ་ཞབས་བརྟན་གསོལ། །རྒྱུད་ལུང་མན་ངག་ཟབ་མོའི་བང་མཛོད་ཕྱུག །གཞན་དོན་ཐབས་མཁས་ཐུགས་རྗེའི་ཕྲིན་ལས་མྱུར། །འབྲེལ་ཚད་འདུན་མ་དགེ་ལ་བསྒྱུར་བའི་གཉེན། །འགྲོ་མགོན་བློན་པོ་རིན་ཆེན་ཞབས་བརྟན་གསོལ། །རྒྱ་ཆེན་མཁྱེན་པའི་ལུས་སྟོབས་མཆོག་ཏུ་རྒྱས། །རྨད་བྱུང་བརྩེ་བའི་སྣ་ལྗགས་ཕྱོགས་བཅུར་གཡོ། །ལུས་མེད་གཡུལ་ངོ་བཟློག་པའི་ནུས་སྟོབས་ཅན། །འགྲོ་མགོན་སྟོབས་ཀྱི་གླང་པོ་ཞབས་བརྟན་གསོལ། །ཐེག་བརྒྱད་སྤྲོས་པའི་སྒྲོག་གིས་བཅིང་མིན་པར། །ཡེ་གྲོལ་ཀློང་ཆེན་ཡངས་པའི་ཐང་མོ་ཆེར། །གཏད་མེད་རྒྱ་ཡན་རླུང་ཤུགས་ཀྱིས་བསྐྱོད་པའི། །འགྲོ་མགོན་ཅང་ཤེས་དབང་པོ་ཞབས་བརྟན་གསོལ། །ལུང་རིགས་ཚད་མ་གསུམ་གྱི་རལ་གྲི་ཡིས། །ལོག་སྨྲའི་ཕས་རྒོལ་དཔུང་ཚོགས་བཅོམ་ནས་སླར། །ཐེག་མཆོག་ཆོས་ཀྱི་རྒྱལ་སྲིད་སྲུང་བའི་གཉེན། །འགྲོ་མགོན་དམག་དཔོན་རིན་ཆེན་ཞབས་བརྟན་གསོལ། །བླུན་སྒོམ་ཞེན་པའི་འདོད་པས་མ་བསླུས་ཤིང་། །རང་མཐོང་རྟོག་གེའི་མཚོན་རྣོན་བསྣམ་མིན་པར། །གཟུང་འཛིན་ལྷ་མིན་གཡུལ་ལས་རྣམ་རྒྱལ་བའི། །འགྲོ་མགོན་འཆི་མེད་དབང་པོ་ཞབས་བརྟན་གསོལ། །སྐུ་ཚེ་རི་དབང་བཞིན་དུ་རྟག་བརྟན་ངོས། །བཤད་སྒྲུབ་མཛད་ཕྲིན་ཉི་ཟླའི་མདངས་གསལ་བས། །སྔ་འགྱུར་བསྟན་པའི་པད་ཚལ་བཞད་པའི་རྒྱུའི། །སྐལ་བཟང་རྐང་དྲུག་དགའ་བའི་གླུ་ལེན་ཤོག །མཆོག་བྱིན་ཚ་ཟེར་བརྒྱ་བའི་འཛུམ་རླབས་ཀྱིས། །འཆི་བདག་འཇིགས་པའི་མུན་ཚོགས་སེལ་མཛད་པའི། །རྩ་གསུམ་ཚེ་ལྷའི་ཚོགས་ཀྱི་བདེན་པའི་མཐུས། །གསོལ་བཏབ་སྨོན་པའི་འབྲས་ཀུན་འགྲུབ་གྱུར་ཅིག །ཅེས་སྔ་འགྱུར་བསྟན་པའི་སྒྲོན་མེ་མཚུངས་བྲལ་འགྲོ་བའི་མགོན་པོ་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཉུང་ངུ་འདི་ཡང་། མདོ་ཁམས་ཞེ་ཆེན་གྱི་བཙུན་པ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་སོ།། ༈ སྙིང་རྗེའི་མངའ་བདག་རྒྱལ་བ་སྲས་བཅས་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་ཀུན་གྱིས། །སྡིག་སེམས་བསམ་པ་ཡིད་ལ་མི་འགྱུ་ཞིང་། །ཉིན་མཚན་ཆོས་ཀྱི་འདའ་བར་བྱིན་གྱིས་རློབས། །ཅེས་པའང་བི་ཛས་སོ།། ༈ ཐུབ་དབང་སྲས་ཀྱིས་བསྐོར་བའི་མགོན་རྣམས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་དག་པ་དང་། །བྱང་ཆུབ་སེམས་མཆོག་འབྱོང་བར་བྱིན་གྱིས་རློབས། །ཞེས་པའང་བི་ཛས་སོ།། གངས་ཅན་བླ་མའི་སྐལ་བ་པདྨ་འབྱུང་། མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །དོན་གཉིས་བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་བི་ཛས་སོ།། ༈ རབ་འབྱམས་སྐྱབས་ཀུན་འདུས་པའི་བདག་ཉིད་ཆེ། །ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །འདི་ཕྱི་ཀུན་ཏུ་འབྲལ་མེད་ཐུགས་རྗེས་ཟུངས། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་བི་ཛས་སོ།། ༈ ཆོས་སྐུའི་ཀློང་ན་དགོངས་ཀློང་འདུ་འབྲལ་མེད། །ལོངས་སྐུའི་དབྱིངས་སུ་རང་སྣང་ཕྱག་རྒྱར་གསལ། །སྤྲུལ་སྐུའི་ཕྲིན་ལས་གདུལ་བྱའི་མོས་པར་འཇུག །དུས་གསུམ་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །ཞེས་ཀྱང་བི་ཛས་སོ།། ༈ ༀ་སྭསྟི། རྟག་བརྟན་གཞོམ་བྲལ་གཉུག་མ་རྡོ་རྗེའི་སེམས། །གང་འདུལ་མཚན་དཔེའི་དཔལ་འབར་རྩ་གསུམ་ལྷ། །ཁྱད་པར་བླ་མ་ཚེ་ལྷའི་བདེན་བྱིན་གྱིས། །འཁོར་ལོའི་མགོན་གྱི་ཞབས་པད་བརྟན་གྱུར་ཅིག །འཇམ་དབྱངས་མཁྱེན་པའི་ཆུ་གཏེར་ལས་འཁྲུངས་ཤིང་། །བརྩེ་ཆེན་ཐུགས་རྗེའི་འདབ་སྟོང་རྣམ་པར་བཞད། །ཟབ་རྒྱས་ཆོས་ཀྱི་ཟིལ་མངར་འབུམ་འཇོ་བའི། །བློ་གྲོས་རྒྱ་མཚོའི་ཞབས་པད་བརྟན་གྱུར་ཅིག །གཞོམ་གཞིག་བྲལ་བ་འགྱུར་མེད་རྡོ་རྗེའི་སྐུ། །ཕུལ་བྱུང་མཚན་དཔེའི་དཔལ་གྱིས་རྟག་འཁྱུད་ཅིང་། །མཐོང་ཐོས་དྲན་རེག་ཐར་མཆོག་གཏན་བདེ་ཆེར། །འགོད་མཛད་སྐུ་ཡི་རྡོ་རྗེ་ཞབས་བརྟན་གསོལ། །འགགས་མེད་གསུང་གསང་གཞོམ་བྲལ་རྡོ་རྗེའི་སྐུ། །གང་འདུལ་གདུལ་བྱའི་ཁམས་དང་བསམ་པ་བཞིན། །ཅི་དགར་འཇོ་བས་ཐེག་མཆོག་སྙིང་པོའི་སྲོལ། །གསལ་མཛད་གསུང་གི་རྡོ་རྗེ་ཞབས་བརྟན་གསོལ། །ཟབ་ཞི་སྤྲོས་བྲལ་འོད་གསལ་སྙིང་པོའི་ཐུགས། །འཕོ་མེད་བདེ་ཆེན་རྡོ་རྗེས་རྟག་འཁྱུད་ཙམ། །གཟུངས་སྤོབས་བློ་གྲོས་མཁྱེན་བརྩེའི་དཀྱིལ་འཁོར་རྫོགས། །འགྱུར་མེད་ཐུགས་ཀྱི་རྡོ་རྗེ་ཞབས་བརྟན་གསོལ། །བྲལ་སྨིན་ཡོན་ཏན་བྱེ་བའི་ལེགས་མཛེས་ཤིང་། །གཞན་ཕན་ཕྲིན་ལས་ཟབ་མོའི་འཇུག་པ་ཡིས། །རིས་མེད་བསྟན་པའི་རྒྱལ་མཚན་འཛིན་མཛད་པའི། །མཆོག་གི་སྤྲུལ་སྐུའི་ཞབས་པད་བརྟན་གྱུར་ཅིག །རྡོ་རྗེ་སློབ་དཔོན་ཞབས་པད་བསྐལ་བརྒྱར་བརྟན། །རྡོ་རྗེའི་སློབ་ཚོགས་འདུ་བ་མཁའ་དང་མཉམ། །རྡོ་རྗེ་རྩེ་མོའི་སྨིན་གྲོལ་ཕྲིན་ལས་རྒྱས། །རྡོ་རྗེའི་གསང་མཆོག་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་སློབ་དཔོན་རྒན་བུ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོས་བྲིས་ཤིང་དུས་ཚེས་དགེ་བར་གསོལ་བ་བཏབ་པ་དགེ། ༈ རབ་འབྱམས་རྩ་གསུམ་ཚེ་ལྷའི་བདེན་བྱིན་དང་། །བདག་ཅག་དད་དམ་ལྷག་བསམ་དཀར་པོའི་མཐུས། །སྲིད་ཞིའི་དཔལ་མགོན་མཚུངས་མེད་ཆོས་ཀྱི་རྗེའི། །ཞབས་པད་བརྟན་ཞིང་ཕྲིན་ལས་རྒྱས་གྱུར་ཅིག །བཀའ་ཕྱག་དྭགས་རྙིང་བརྒྱུད་པའི་རིང་ལུགས་མཆོག །ཀརྨ་བཀའ་བརྒྱུད་བསྟན་པའི་པད་ཚལ་མཆོག །བཞད་མཛད་ཆོས་ཀྱི་ཉིན་བྱེད་འོད་པོ་ཆེ། །འགྲོ་བསོད་མཁའ་ལ་རྟག་ཏུ་བརྟན་གྱུར་ཅིག །ཐུགས་ལ་བརྣག་པ་གཞན་ཕན་འབའ་ཞིག་སྟེ། །མཛད་པ་མཐའ་དག་བསྟན་འགྲོར་ཕན་པའི་སྒོ། །སྙིགས་མའི་དུས་ན་ཁྱོད་འདྲའི་བཤེས་གཉེན་སུ། །དེ་སླད་ཐུགས་ཀྱི་བཞེད་ཀུན་འགྲུབ་གྱུར་ཅིག །ཡང་དག་ལམ་གྱི་ས་མཁན་གཅིག་པུ་པ། །མཛད་སྤྱོད་གང་ལའང་འཁྲུལ་བའི་དྲི་མ་བྲལ། །ཁྱོད་འདྲའི་འདྲེན་པ་དུས་གསུམ་འབྱོན་དཀའ་བས། །བྱང་ཆུབ་བར་དུ་འབྲལ་བར་མ་གྱུར་ཅིག །བདག་ཀྱང་རྣམ་གཡེང་འདུ་འཛིའི་དགྲ་བོ་ལས། །རྒྱལ་ནས་དབེན་གསུམ་བདུད་རྩིས་འཚོ་བཞིན་དུ། །ཆོས་བརྒྱད་འཆིང་བས་མ་གོས་བསྟན་འགྲོའི་དོན། །ཡིད་ལ་བསམ་པ་མཐའ་དག་འགྲུབ་གྱུར་ཅིག །རྡོ་རྗེའི་མཆེད་གྱུར་འདུས་པ་རྒྱ་མཚོ་ཡང་། །སྐུ་ཚེ་བརྟན་ཞིང་ལེགས་མཛད་གོང་དུ་འཕེལ། །དམ་ཚིག་མི་ཉམས་ལྟ་སྤྱོད་དོན་མཐུན་པས། །རྡོ་རྗེའི་གསང་མཆོག་ཚེ་འདིར་འགྲུབ་གྱུར་ཅིག །ཕྱོགས་འདིར་དགེ་འདུན་འདུས་པའི་སྡེ་འཕེལ་ཞིང་། །བསྟན་འཛིན་ཞབས་བརྟན་སྤང་ཀློག་བྱ་བ་འཕེལ། །དཀར་ཕྱོགས་ལྷས་སྲུང་ནག་ཕྱོགས་རྩུབ་འགྱུར་ཞི། །དོན་གཉིས་དཔལ་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག །བླ་མའི་ཐུགས་རྗེ་སློབ་མའི་རྒྱུད་ལ་ཞུགས། །སློབ་མའི་དད་མོས་བླ་མའི་ཐུགས་ལ་ཤར། །བླ་སློབ་མི་འབྲལ་དུས་ཀུན་ལྷན་ཅིག་འཚོགས། །ལེགས་ཚོགས་རྟེན་འབྲེལ་མཐའ་རྒྱས་བཀྲ་ཤིས་ཤོག །ཅེས་པའང་ཤཱཀྱའི་དགེ་སྦྱོང་རྒན་པོ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོས་གུས་ཤིང་དྭངས་པའི་སྒོ་ནས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་མངྒལཾ། ༈ ༀ་སྭསྟི་སིདྡྷཾ། རྒྱལ་ཀུན་འདུས་ཞལ་ཨོ་རྒྱན་ཆེན་པོ་ཡིས། །གདུང་འཚོབ་གྲུབ་རིག་འཛིན་པ་ཡོངས་ཀྱི་ཏོག །ཐེག་མཆོག་སྙིང་པོའི་ལམ་བཟང་སྣང་མཛད་པ། །རྡོ་རྗེ་འཆང་དབང་བླ་མར་གསོལ་བ་འདེབས། །མཆོག་གསང་ཐུགས་གཏེར་ནམ་མཁའ་མཛོད་སྒོ་ནས། །ཟབ་རྒྱས་སྨིན་གྲོལ་གདམས་པའི་གྲུ་ཆར་གྱིས། །མཐའ་ཀླས་སྐྱེ་དགུའི་རེ་སྐོང་རིག་པ་འཛིན། །གར་དབང་བཞད་པ་རྩལ་ལ་གསོལ་བ་འདེབས། །ཚོགས་བརྒྱད་ཀུན་རྟོག་སྣ་ཚོགས་འཁྲུལ་སེམས་སྤྲིན། །ཀ་དག་རིག་པའི་དབྱིངས་སུ་རང་གྲོལ་ནས། །ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་རྩལ་རྫོགས་པ། །དགའ་རབ་གཉིས་པའི་ཞབས་ལ་གསོལ་བ་འདེབས། །རྣམ་བཞིའི་རིག་འཛིན་གྲུབ་པའི་གསེང་ལམ་ཆེར། །གདུལ་བྱ་རྒྱ་མཚོ་ཡོངས་སུ་སྨིན་མཛད་ཅིང་། །དམུ་རྒོད་སྙིགས་འགྲོ་འདུལ་བའི་དཔའ་བོ་མཆོག །རྡོ་རྗེ་སློབ་དཔོན་སྐལ་བརྒྱར་འཚོ་གཞེས་གསོལ། །དེ་ལྟར་མི་ཕྱེད་དད་པས་གསོལ་བཏབ་མཐུས། །དབང་བཅུའི་གོ་འཕང་མཆོག་བརྙེས་རིག་འཛིན་རྗེ། །གསང་གསུམ་ཚེ་ལྷའི་ངོ་བོར་བརྟན་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་རྟག་པར་བསྐང་བྱིན་རློབས། །རླབས་ཆེན་བསྡུ་དངོས་གཞི་ཡི་ཕྲིན་ལས་ཀྱིས། །ས་གསུམ་སྐྱེ་དགུའི་རེ་བ་ཡོངས་སྐོང་ཞིང་། །རྨད་བྱུང་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱུན། །སྲིད་མཐའི་བར་དུ་མི་ཉམས་བརྟན་གྱུར་ཅིག །རབ་འབྱམས་རྩ་གསུམ་ཚེ་ལྷའི་བདེ་བྱིན་དང་། །བདག་སོགས་དད་མོས་ལྷག་བསམ་དག་པའི་མཐུས། །ཇི་ལྟར་གསོལ་བཏབ་སྨོན་པའི་འབྲས་བཟང་ཀུན། །གེགས་མེད་ཡོངས་སུ་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་བསླབ་གསུམ་ནོར་བུའི་མཛོད་འཆང་རྨུགས་སངས་པ་ཚུལ་ཁྲིམ་རྒྱ་མཚོའི་བཞེད་སྐོང་དུ། མགོན་པོ་གང་ལ་མི་ཕྱེད་པའི་དད་མོས་སྙིང་ལ་འཆང་བའི་ཀུ་སཱ་ལི་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་བྲིས་ཤིང་གསོལ་བ་བཏབ་པ་དགེ། མངྒལཾ། ༈ ཀུན་བཟང་པདྨའི་ཞལ་ཚབ་རིག་པ་འཛིན། །བློ་གྲོས་མཐའ་ཡས་ཐུགས་རྗེའི་འོད་ཟེར་ལས། །ཡོངས་ཤར་གཞན་ཕན་ཕྲིན་ལས་ཕ་མཐའ་ཡས། །ཞབས་པད་བརྟན་ཞིང་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་པའང་དགེ་སྦྱོང་རྒན་པོ་འགྱུར་མེད་པདྨ་བསྟན་འཛིན་གྱིས་ཆེད་དུ་བརྗོད་པའོ། ། ༈ ༀ་སྭསྟི། བསྒྲངས་ཡས་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །དྲན་པས་བདུད་བཞིའི་འཇིགས་པ་འཕྲོག་མཛད་པའི། །རབ་འབྱམས་རྩ་གསུམ་ཚེ་ལྷའི་བདེན་བྱིན་གྱིས། །དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག །ཕུལ་བྱུང་སྐྱེས་ཐོབ་དགེ་བའི་ཨུཏྤ་ལ། །སྦྱོར་བྱུང་ཡོན་ཏན་བྱེ་བའི་བདུད་རྩིས་ཕྱུག །སྐལ་བཟང་བུང་བ་སྡུད་པའི་སྨན་གཅིག་པུ། །མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་ཞབས་བརྟན་གསོལ། །རྣམ་དག་ཚུལ་ཁྲིམས་གསེར་རིའི་ཕྲེང་བས་བསྐོར། །དཔག་ཡས་ཏིང་འཛིན་ཞི་བའི་ལྷུན་པོ་བརྗིད། །རྣམ་བཀྲའི་ཤེས་རབ་ཉི་ཟླའི་དཀྱིལ་འཁོར་མཛེས། །མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་ཞབས་བརྟན་གསོལ། །མང་ཐོས་ལུང་གི་རྒྱལ་མཚན་མཐོན་པོའི་རྩེར། །ཟབ་གསང་རྟོགས་པའི་ནོར་བུའི་ཏོག་མཛེས་པས། །བཤད་སྒྲུབ་འདོད་དགུའི་གྲུ་ཆར་འཇོ་བའི་དཔྱིད། །མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་ཞབས་བརྟན་གསོལ། །བརྟན་མཁས་ཡོན་ཏན་བྱེ་བའི་དཔལ་གྱིས་མཐོ། །གཞན་ཕན་བསྡུ་དངོས་བཞི་ཡི་ཕྲིན་ལས་རྒྱས། །དྲི་མེད་ཐུབ་བསྟན་གསལ་བའི་བཤེས་གཉེན་མཆོག །མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་ཞབས་བརྟན་གསོལ། །དོན་དམ་ཆོས་ཉིད་སྐྱེ་སོགས་སྤྲོས་བྲལ་ཀྱང་། །ཀུན་རྫོབ་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད། །བདེན་གཉིས་ཟུང་འབྲེལ་རྟེན་འབྱུང་ཟབ་མོའི་མཐུས། །རྡོ་རྗེ་འཛིན་དབང་ཞབས་པད་བརྟན་གྱུར་ཅིག །རྡོ་རྗེ་སློབ་དཔོན་ཞབས་པད་བསྐལ་བརྒྱར་བརྟན། །དམ་ལྡན་སློབ་མའི་འདུ་ཚོགས་ཆེས་ཆེར་འཕེལ། །བླ་སློབ་རྟེན་འབྲེལ་བཤད་སྒྲུབ་ཕྱོགས་སུ་འགྲིགས། །ཐུབ་བསྟན་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་མཁན་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་བརྟན་སྨོན་ཚིག་འདིའང་། རྗེ་བཙུན་བླ་མ་གང་གིས་བཀའ་དྲིན་གྱིས་འཚོ་བའི་ཞེ་སྤྲུལ་མིང་འཛིན་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོས་བྱང་ཆུབ་ཆོས་གླིང་དུ། ལོ་གསར་ཆོ་འཕྲུལ་ཟླ་བའི་དུས་ཚེས་བཟང་པོར་བྲིས་ཤིང་གསོལ་བ་བཏབ་པ་དེ་དེ་བཞིན་དུ་ཡོངས་སུ་འགྲུབ་པར་ཤོག་ཅིག་གུ། ཨ་ཡུ་ཏིཥྛནྟུ།
༄༅། །ༀ་སྭསྟི། རྟག་བརྟན་གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུ། །ཚངས་དབྱངས་འགགས་པ་མེད་པ་རྡོ་རྗེའི་གསུང་། །ཟག་བྲལ་བདེ་སྟོང་རྡོ་རྗེའི་ཐུགས་མངའ་བའི། །རྩ་གསུམ་ཚེ་ལྷའི་ཚོགས་ཀྱིས་དགེ་ལེགས་སྩོལ། །ཀུན་བཟང་པད་མའི་རིང་ལུགས་རྫོགས་པ་ཆེའི། །བསྟན་པའི་ཉི་མ་མཚུངས་མེད་རབ་འབྱམས་པ། །བཤད་སྒྲུབ་ཆོས་ཀྱི་གོ་ཆ་ཟླ་བྲལ་མཆོག །གསང་གསུམ་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག །མདོ་སྔགས་བསྟན་པ་གཉིས་ལྡན་ངུར་སྨྲིག་སྡེའི། །དད་བསོད་རྒྱལ་མཚན་རྩེ་ན་རྟག་བརྟན་ཞིང་། །འཁོར་ལོ་གསུམ་གྱི་ཕྲིན་ལས་དར་ཞིང་རྒྱས། །སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་གྱུར་ཅིག །ཅེས་པའང་ཤཱཀྱའི་དགེ་སློང་རྒན་པོ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོས་བདེན་ཚིག་སྨོན་ལམ་དུ་གསོལ་བ་སིདྡྷི་རསྟུ། ༈ བཀྲ་ཤིས་ཡོན་ཏན་བྱེ་བས་བརྒྱན་པའི་དཔལ། །དྲན་པས་འཆི་བདག་འཇིགས་པ་ཀུན་འཕྲོག་ཅིང་། །རྡོ་རྗེའི་ཚེ་མཆོག་སྩོལ་མཛད་ལྷག་པའི་ལྷས། །མཆོག་གི་སྤྲུལ་སྐུའི་ཞབས་པད་བརྟན་གྱུར་ཅིག །ཨོ་རྒྱན་རིང་ལུགས་ཐེག་མཆོག་རྫོགས་པ་ཆེའི། །བསྟན་པའི་རྒྱལ་མཚན་འཛིན་མཛད་སྤྲུལ་པའི་སྐུའི། །གསང་གསུམ་ཚེ་མཐའ་ཡས་པའི་ངོ་བོ་རུ། །རྟག་བརྟན་མཛད་ཕྲིན་གླིང་བཞིའི་མཐར་ཁྱབ་ཤོག །གསན་བསམ་སྒོམ་པའི་ཡོན་ཏན་མཐའ་རུ་ཕྱིན། །འཆད་རྩོད་རྩོམ་པའི་ལེགས་མཛད་རྨད་དུ་བྱུང་། །འཁོར་ལོ་གསུམ་གྱི་མཛད་ཕྲིན་མཁའ་མཐར་མཉམ། །དོན་གཉིས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་པའང་རིག་འཛིན་གྱི་བཙུན་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་ལྷག་བསམ་རྩེ་གཅིག་པས་བྲིས་ཤིང་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག སརྦ་དཱ་མངྒལཾ་བྷནྟུ། ༈ རབ་འབྱམས་ཞིང་གི་རྒྱལ་བ་སྲས་བཅས་ཀྱིས། །བྲལ་ཐོབ་སྨིན་པའི་ཡོན་ཏན་གཅིག་བསྡུས་པ། །སྙིགས་འགྲོའི་སྐྱོབ་པ་མཚུངས་མེད་ཐུགས་རྗེའི་གཏེར། །བློ་གྲོས་མཐའ་ཡས་ཞབས་ལ་གསོལ་བ་འདེབས། །མགོན་ཁྱོད་ཆོས་དབྱིངས་ཞི་ལ་གཞོལ་མིན་པར། །བདག་སོགས་སྙིགས་འགྲོའི་གདུང་བ་སེལ་སླད་དུ། །ངོ་མཚར་སྤྲུལ་པའི་ཟློས་གར་མྱུར་བསྟན་ནས། །བསྟན་འགྲོའི་དོན་ཆེན་བསྒྲུབ་པར་མཛད་དུ་གསོལ། །ཅེས་པའང་སློབ་ཐ་པདྨ་བི་ཛས་སྙིང་ཐག་པ་ནས་སྨོན་པས་གསོལ་བ་བཏབ་པ་དགེའོ།། ༈ འགྱུར་མེད་ཀུན་ཏུ་བཟང་པོའི་ཡེ་ཤེས་ནི། །བསྟན་པ་རྒྱ་མཚོའི་མགོན་དུ་ལེགས་བཞེངས་པ། །སྨྲ་བའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ། །འདྲེན་མཆོག་བཟང་པོའི་ཞབས་ལ་གསོལ་བ་འདེབས། །མགོན་ཁྱོད་ཆོས་དབྱིངས་ཞི་ལ་གཞོལ་མིན་པར། །སྙིང་རྗེ་ཆེན་པོས་བདག་སོགས་གདུལ་བྱ་ལ། །རྗེས་དགོངས་ངོ་མཚར་སྤྲུལ་པའི་ཟླ་གཞོན་མཆོག །འགོག་མེད་མྱུར་དུ་སྟོན་པར་མཛད་དུ་གསོལ། །དེར་ཡང་བར་ཆད་བདུད་སྡེའི་གཡུལ་ལས་རྒྱལ། །གསན་བསམ་སྒོམ་པའི་ཡོན་ཏན་ཡོངས་སུ་རྫོགས། །རླབས་ཆེན་མཁས་ཚུལ་དགུ་ཡི་ཕྲིན་ལས་ཀྱིས། །བསྟན་འགྲོའི་དོན་ཆེན་སྒྲུབ་པར་མཛད་དུ་གསོལ། །རབ་འབྱམས་རྩ་གསུམ་རྒྱལ་བའི་བདེན་བྱིན་དང་། །ཆོས་ཉིད་ཆོས་ཅན་རྒྱུ་འབྲས་རྟེན་འབྱུང་མཐུས། །ཇི་ལྟར་སྨོན་ཅིང་གསོལ་བ་བཏབ་པའི་དོན། །གེགས་མེད་ཡོངས་སུ་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པའང་གུས་སློབ་ཐ་ཤལ་པདྨ་བི་ཛས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ༈ གཡུ་སྒྲའི་རྣམ་འཕྲུལ་མ་ཧཱ་པཎྜི་ཏ། །འགྱུར་མེད་བདེན་དོན་མངོན་གཟིགས་གྲུབ་པའི་དབང་། །མཐུ་སྟོབས་རྩལ་གྱིས་བདུད་སྡེའི་དཔུང་བཅོམ་པའི། །ཕྱོགས་ལས་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །རང་དོན་མཐར་ཕྱིན་སྲིད་ལས་རྣམ་གྲོལ་ཀྱང་། །གཞན་ཕན་སྙིང་རྗེས་ཞི་མཐར་གཞོལ་མིན་པར། །དབང་བཅུའི་གྲིབ་མར་འགྲོ་ཀུན་ངལ་འཚོའི་སླད། །ངོ་མཚར་སྤྲུལ་པའི་ཟློར་གར་མྱུར་སྟོན་མཛོད། །བླ་མ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །རྩ་གསུམ་དམ་ཅན་སྲུང་མའི་བདེན་པའི་སྟོབས། །བདག་ཅག་མོས་དགེ་ལྷག་བསམ་དག་པའི་མཐུས། །གསོལ་བཏབ་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག །ཅེས་པའང་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་ལྷག་པའི་བསམ་པས་གསོལ་བ་བཏབ་པ་དགེ། ༈ བདེ་ཆེན་རྡོ་རྗེའི་ས་མཁན་འཁོར་ལོའི་མགོན། །དྲན་པས་སྙིང་ལ་བདེ་སྟེར་མཚུངས་པ་མེད། །ཡིད་ལ་ཡེ་ཤེས་མཆོག་སྦྱིན་དྲིན་ཆེན་རྗེ། །བཀྲ་ཤིས་འོད་ཟེར་ཞབས་ལ་གསོལ་བ་འདེབས། །མགོན་ཁྱོད་དོན་དམ་གཤེགས་བཞུགས་མཚན་བྲལ་ཡང་། །ཀུན་རྫོབ་འགྲོ་ལ་སྣང་བ་མཚན་དཔེའི་གར། །རེ་ཞིག་དབྱིངས་སུ་བསྡུས་མོད་བདག་སོགས་ལ། །རྗེས་དགོངས་ངོ་མཚར་སྤྲུལ་པའི་ཟླ་ཞལ་སྟོན། །རྣམ་དག་ལྷག་བསམ་པུཎྜ་རི་ཀའི་ཚལ། །རྗེས་བརྩེའི་བསིལ་ཟེར་འབབ་པའི་སྟེགས་གྱུར་པས། །ངེས་གསང་སྙིང་པོ་སྒྲུབ་བརྒྱུད་བརྒྱད་སྲོལ་གྱི། །མཆོག་བསྟན་འོ་མའི་མཚོ་ཆེན་མཛོད་མཛད་གསོལ། །དེར་ཡང་མི་མཐུན་ཉེར་འཚོའི་གཡུལ་ལས་རྒྱལ། །གསན་བསམ་སྒོམ་པའི་ཡོན་ཏན་དཀྱིལ་འཁོར་རྫོགས། །མཁྱེན་བརྩེ་ནུས་པས་འགྲོ་ཀུན་སྨིན་ཅིང་གྲོལ། །དོན་གཉིས་མཐའ་རུ་ཕྱིན་པར་མཛད་དུ་གསོལ། །རབ་འབྱམས་རྩ་གསུམ་སྲུང་མའི་བདེན་བྱིན་དང་། །བླ་སློབ་དད་དམ་གཙང་མའི་རྟེན་འབྱུང་མཐུས། །གསོལ་བཏབ་སྨོན་པའི་འབྲས་བཟང་ཕྱོགས་འདི་རུ། །གེགས་མེད་མྱུར་དུ་སྨིན་པའི་རྒྱུར་གྱུར་ཅིག །ཅེས་པའང་གུས་སློབ་ཐ་ཤལ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་སྙིང་ཐག་པ་ནས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ༈ ཡེ་གྲོལ་ཀློང་ཆེན་ཡངས་པའི་མཁའ་དབྱིངས་སུ། །ཟང་ཐལ་རིག་པའི་ཁྱུང་ཆེན་ལྡིང་བ་ཡིས། །རྩོལ་བཅས་ཐེག་བརྒྱད་གཡང་ས་ཤུགས་ཀྱིས་བཅད། །བྱ་བྲལ་ནམ་མཁའི་རྣལ་འབྱོར་ཞབས་བརྟན་གསོལ། །ངན་རྟོག་རྟོག་གེའི་སད་ཀྱིས་མ་ཁྱེར་ཞིང་། །བླུན་སྒོམ་ཉམས་ཀྱི་སྤུན་པས་མ་གཡོགས་པའི། །ཟབ་དོན་མན་ངག་འབྲས་བུའི་མཛོད་མངའ་བའི། །རྫོགས་ཆེན་ཡོན་ཏན་དཔལ་བཟང་ཞབས་བརྟན་གསོལ། །ཕྱག་རྒྱ་ཆེན་པོའི་མན་ངག་འབྲུ་ཡི་མཆོག །རྫོགས་ཆེན་ཕབས་ཀྱིས་བརླན་པའི་དགེ་མཚན་གྱིས། །གྲུབ་གཉིས་ཆང་གིས་མྱོས་པའི་རྣལ་འབྱོར་པ། །བྱ་བྲལ་ལྷུན་རྫོགས་རྒྱལ་པོ་ཞབས་བརྟན་གསོལ། །ཀ་དག་ལྷུན་གྲུབ་ཟུང་འབྲེལ་གཉུག་མའི་གཤིས། །ཡིད་དཔྱོད་བྲལ་བར་མངོན་གྱུར་ཚད་ཕེབས་པས། །གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་ཆད་མེད། །བདེ་མཆོག་བདེ་བའི་རྡོ་རྗེ་ཞབས་བརྟན་གསོལ། །སྲིད་འབྱོར་སྒྱུ་མའི་བསླུ་བྲིད་རིང་དོར་ཀྱང་། །གཞན་ཕན་ཕྲིན་ལས་ཟབ་མོའི་ལྕགས་ཀྱུ་ཡིས། །སྐལ་བཟང་འགྲོ་བ་འདྲེན་མཛད་རྫོགས་ཆེན་པའི། །ཞབས་པད་བརྟན་ཅིང་བཀྲ་ཤིས་རྒྱས་གྱུར་ཅིག །ཅེས་ངེས་པ་དོན་གྱི་རྫོགས་ཆེན་པ་ཡོན་ཏན་དཔལ་བཟང་གི་ཞབས་བརྟན་ཉུང་ངུ་འདིའང་ཞེ་སྤྲུལ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོས་གནས་དུས་བཟང་པོར་གསོལ་བ་བཏབ་པ་དགེ། ༈ མི་འགྱུར་འཕོ་མེད་བདེན་དོན་མངོན་གཟིགས་པའི། །པདྨའི་ཞལ་ཚབ་ཟླ་བྲལ་དུ་མ་ཡིས། །རྗེས་བཟུང་རིས་མེད་བསྟན་ལ་ལྷག་བསམ་ཅན། །རྣམ་པར་རྒྱལ་བའི་དཔའ་བོར་གསོལ་བ་འདེབས། །མགོན་ཁྱོད་གསང་གསུམ་ཚེ་མཐའ་ཡས་པའི་ངོར། །འབྲལ་མེད་ཚངས་གནས་རྒྱན་དུ་རྟག་བཞུགས་ནས། །སྲིད་ཞིའི་རྒུད་པའི་གདུང་བ་ཀུན་བཅིལ་ཞིང་། །དོན་གཉིས་བསམ་ཀུན་འགྲུབ་པར་མཛད་དུ་གསོལ། །རབ་འབྱམས་རྩ་གསུམ་ཚེ་ལྷའི་བདེན་སྟོབས་དང་། །བླ་མ་ལྷག་པའི་ལྷ་ཡི་བྱིན་མཐུ་ཡིས། །ཇི་ལྟར་སྨོན་ཞིང་གསོལ་བ་བཏབ་པའི་འབྲས། །གེགས་མེད་ཡོངས་སུ་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པའང་དད་དམ་རྨད་བྱུང་རྡོ་རྗེའི་མཆེད་པོ་དགེ་འདུན་ཆོས་གྲགས་ལགས་ཀྱི་བཞེད་སྐོང་དུ་བི་ཛས་གང་ཤར་འཕྲལ་མར་བྲིས་ཏེ་ཕུལ་བ་དགེ། བཀྲ་ཤིས། མངྒལཾ།

གསོལ་འདེབས་ཞབས་བརྟན་དོན་ཀུན་གྲུབ་པའི་དབྱངས་སྙན།

༄༅། །གསོལ་འདེབས་ཞབས་བརྟན་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།། ཨོ་རྒྱན་ཐུགས་སྤྲུལ་མཆོག་གི་དངོས་གྲུབ་བརྙེས། །རྡོ་རྗེ་ཚེ་ལ་དབང་ཐོབ་གྲུབ་པའི་མགོན། །ནམ་མཁའི་སྙིང་པོ་ཡེ་ཤེས་མཐར་ཕྱིན་སྐུ། །ཁྱབ་བདག་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཨོ་རྒྱན་སངས་རྒྱས་གཉིས་པའི་སྒྱུ་འཕྲུལ་གར། །མི་འགྱུར་ནམ་མཁའི་རྡོ་རྗེ་འདུས་མ་བྱས། །ཀུན་བཟང་དགོངས་པའི་དོན་རྟོགས་མགོན་པོ་ཡི། །བསྟན་པའི་རྒྱལ མཚན་མི་ནུབ་རྟག་བརྟན་གསོལ། །འཇམ་དབྱངས་མཁྱེན་པའི་ཡེ་ཤེས་རྒྱུད་ལ་ཞུགས། །མཁས་དང་གྲུབ་པའི་འཁོར་འདས་སྤྲོ་ཞིང་བསྡུད། །བསྟན་འགྲོར་སྨན་པའི་ཕྲིན་ལས་སྣང་བའི་དཔལ། །རྒྱ་མཚོའི་གོས་ཅན་གཞི་ལ་ཁྱབ་པར་ཤོག །འགྱུར་མེད་རྟག་པ་རྡོ་རྗེའི་ཁྲི་མཆོག་ལ། །པདྨའི་རྒྱལ་ཚབ་ཞབས་པད་མི་གཡོ་བརྟན། །རྣམ་ཀུན་རྒྱལ་བའི་མཛད་པ་རྒྱས་པ་ཡིས། །བདག་སོགས་འགྲོ་རྣམས་སྨིན་གྲོལ་ལམ་འགོད་ཤོག །རྩ་རྒྱུད་བླ་མ་མཆོག་གསུམ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་དང་། །ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུས། །ཇི་ལྟར་གསོལ་བ་བཏབ་བཞིན་འགྲུབ་གྱུར་ཅིག །ཅེས་ལུང་རྟོགས་བསྟན་པ་རྒྱ་མཚོའི་མངའ་བདག་ཡོངས་འཛིན་དགེ་བའི་བཤེས་གཉེན་དཔལ་མཚོའི་བླ་མ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རང་ཕྱོགས་སུ་འདུལ་བ་གཞི་གསུམ་ཆོ་ག་གསར་འཛུགས་སྐབས། ཚོགས་མང་ནས་ཞལ་འདོན་མཛད་རྒྱུར་འདི་འདྲ་ཞིག་གསུང་ནན་ཆེ་བའི་གཡར་ཁྲལ་ཙམ་དུ་དམ་པ་གོང་མ་རྣམས་ཀྱིས་རང་ལ་བདེན་སྨོན་ཤིས་བརྗོད་སོགས་གནང་བའམ་བྱིན་རླབས་ཅན་འགའ་ཞིག་ཕྱོགས་གཅིག་ཏུ་བྲིས་ནས་ཕུལ་བའི་དགེ་བས། བླ་སློབ་མི་འབྲལ་ལྷན་ཅིག་ཚོགས། །ཚེ་ལ་དབང་བའི་གྲུབ་པ་བརྙེས། །བཤད་སྒྲུབ་ཕྲིན་ལས་མཁའ་དང་མཉམ། །དོན་གཉིས་མཐར་ཕྱིན་བཀྲ་ཤིས་སྩོལ། །དགེའོ། །དགེའོ། །དགེའོ།