cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་ལྔ་པ།

གླེགས་བམ། རུ༽

སྒེག་པའི་རྡོ་རྗེ། གཙང་སྟོན་རྡོ་རྗེ་རྒྱལ་མཚན། པྲ་ཛྙཱ་སིངྷ། ཡེ་ཤེས་རྒྱལ་མཚན། སྒྲོ་འདོག་ཕྲིན་ལས་བསྟན་འཛིན། སློབ་དཔོན་འཇམ་དཔལ་གྲགས་པ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དམ་ཚིག་གསལ་བཀྲ། སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེ།

དམ་ཚིག་གསལ་བཀྲ་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དད་པའི་ལྷ་ལ་ཕྱག་འཚལ་ནས། །ཐམས་ཅད་མཁྱེན་ཉིད་མངོན་དད་པའི། །རྣལ་འབྱོར་ཆེན་པོ་རྣམས་དོན་ཕྱིར། །སེམས་བསྐྱེད་ཆོ་ག་བཤད་པར་བྱ། །བརྩོམ་པའི་དང་པོ་མེད་པས་ན། །དཔག་ཏུ་མེད་པའི་སྤྲོ་སྤྱོད་ཀྱང་། །ས་བོན་རྒྱ་མཚོ་འདི་མེད་པས། །མཐར་ཕྱིན་འབྲས་བུ་མི་སྣང་སྟེ། །དེ་ཉིད་སྡུག་བསྔལ་ས་བོན་འགྱུར། །དེ་བས་གཞི་འདི་གོམས་པར་བྱོས། །དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན། འབྱུང་ཁུངས་ཀྱི་རྩ་བར་ངེས་པ་ནི་སེམས་ཡིན་ཏེ། གཞུང་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོ་ལས་བྱུང་བའོ། །ཐབས་ཀྱི་མཐར་ཕྱིན་པའོ། །ཞེས་འབྱུང་བ་དང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་བྱང་ཆུབ་སེམས་ཀྱི་ས་བོན་ལྟ་བུའོ། །ཞེས་པ་དང་། ཆོས་རྣམས་ཀུན་གྱི་ཡོ་བྱད་ནི། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །ཡོ་བྱད་དེ་དང་མ་ལྡན་ན། །དོན་རྣམས་གྲུབ་པར་མི་འགྱུར་རོ། །ཚད་མེད་སྙིང་རྗེ་བསྐྱེད་པ་དང་། །བྱང་ཆུབ་སེམས་ལ་དགའ་བ་ནི། །སྔོན་དུ་འགྲོ་བའི་མཆོག་ཡིན་ཏེ། །བསྒྲུབ་པ་པོས་ནི་ནན་ཏན་བྱ། །རྩ་བ་བྱང་ཆུབ་སེམས་ཉིད་རྟོགས། །ཐབས་ཀྱི་ཕ་རོལ་ཕྱིན་པར་སྤྱོད། །སྙིང་རྗེས་ཆུད་མ་ཟོས་པར་ཟུང་། །གདོན་མི་ཟ་བར་འགྲུབ་ཅེས་གསུངས། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་དག་གི་ཁྱད་པར་ནི། དཔེར་ན་ས་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་སྟེ། འགྱུར་བ་མེད་ཅིང་ལན་དུ་ཕན་འདོགས་པ་ལ་རེ་བ་མེད་དོ། །དེ་བཞིན་དུ་སེམས་དང་པོ་སྐྱེད་པ་ཡང་། །སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ། །སེམས་ཅན་ཐམས་ཅད་ཀྱི་འཚོ་བ་སྟེ། །འགྱུར་བ་མེད་ཅིང་ལན་དུ་ཕན་འདོགས་པ་ལ་རེ་བ་མེད་པའོ། །དཔེར་ན། རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་ཅན་ཐམས་ཅད་ཟིལ་གྱིས་གནོན་པ་སྟེ། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་དོར་ལ། དབུལ་བ་ཐམས་ཅད་ཀྱང་བཟློག་གི། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྐྱེད་པའི་སེམས་རིན་པོ་ཆེ་བསྒྲུབ་པ་དང་མ་ལྡན་ཡང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏེ། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ལས་ཀྱང་བཟློག་གོ། །དཔེར་ན་སེང་གེའི་ཕྲུ་གུའི་དྲི་མ་སྣམ་པའི་རྫི་ཕྱོགས་ན་གནས་པའི་གཅན་ཟན་ཐམས་ཅད་ཀྱང་འབྲོས་པར་འགྱུར་རོ། །དེ་བཞིན་དུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གང་དུ་ཕྱིན་པའི་ས་ཕྱོགས་ན་གནས་པའི་ལོག་པར་སྤྱོད་པའི་སེམས་ཅན་ཐམས་ཅད་སྐྲག་པར་འགྱུར་རོ། །གནས་འདིར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་བླ་མར་བཅས་པའོ། །མཆོད་གནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་གསུངས་སོ། །ཐབས་ཆེན་བྱང་ཆུབ་སེམས་དཔའི་གསང་བའི་སྤྱོད་པའང་འདི་ཉིད་དེ། འདི་མེད་རྒྱལ་པ་རྣམ་པར་སྣང་མཛད་ཐེག་པ་གསུམ་སྟོན་མི་སྲིད་དོ། །སྐད་ཅིག་ཙམ་ཡང་དད་པའི་ཤུགས་སྐྱེད་དེ་ཡང་མྱུར་དུ་འཇམ་དཔལ་གཞོན་ནུར་འགྱུར། །དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་སྲུང་བ་ཡིན། །ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་སྦྱིན་གནས་དམ་པར་རབ་ཏུ་བསྔགས། །གང་དག་འདིར་ནི་མངོན་སྤྱོད་ལ། །དགའ་བའི་ཡིད་ཀྱིས་ཕྱོགས་བྱེད་པ། །དེ་ནི་དངོས་དང་འདྲ་བ་སྟེ། །འབྲས་བུ་ལ་ཡང་མཐོ་དམན་མེད། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་ཡོད་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་ལས་ལྷག་པར་འགྱུར། །ཅེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་ལ་སེམས་བསྐྱེད་མདོར་བསྟན་ཏེ། །དངོས་པོ་གཉིས་དང་རིམ་པ་བཞི། །གཞི་དང་དབང་པོ་ཡོ་བྱད་དང་། །ཚིག་རིམས་སེམས་བསྐྱེད་སྡོམ་པའི་དངོས། །སྒོ་གསུམ་ལས་ཀྱིས་སྤྱོད་པ་དང་། །ཤེས་བཞིན་བཤགས་པ་རྣམ་བཅུ་གཅིག །ལས་ཀྱི་གཙོ་བོར་གང་ལེན་པ། །དེ་ནི་ལྡོག་པར་མ་གསུངས་ཏེ། །ཅུང་ཟད་ཙམ་གྱི་ལས་རྣམས་ཀྱང་། །རྒྱ་མཚོ་བཞིན་དུ་མི་སྐམ་ཞིང་། །འབྲས་བུ་བདག་གཞན་གཉིས་ལ་སྣང་། །དེ་བས་ནན་ཏན་སྙིང་པོར་གྱིས། །ཀུན་རྫོབ་སེམས་ནི་སྙིང་རྗེའི་མཆོག །སྡུག་བསྔལ་བཅུ་གཅིག་ཡུལ་བྱས་ཏེ། །གདུང་བས་བསྐྱབ་པའི་སེམས་བཅས་པས། །མགོན་སྐྱབས་བདག་པོར་ཡིད་ལ་བྱེད། །བདག་བདེ་རྗེ་དང་དོན་འདོར་བ། །དེ་ནི་ལྡོག་པ་མ་གསུངས་སོ། །འཁོར་ལོས་དཔུང་གི་ཚོགས་འདྲེན་བཞིན། །དེ་ནི་སངས་རྒྱས་ཆོས་རྣམས་འདྲེན། །ས་དང་རྒྱ་མཚོ་ནོར་བུ་བཞིན། །ཡོན་ཏན་དོན་དང་སྣང་བ་རྣམས། །སྙིང་རྗེ་ཆེན་པོ་ཉིད་ལས་བྱུང་། །མེ་ལོང་ཆུ་བཞིན་བསྒྲིབ་བྱས་པ། །དངོས་གྲུབ་གེགས་སུ་བྲལ་གསུངས་སོ། །བུ་དང་ཞེ་འགྲས་སྤྱོད་པ་ཡིས། །བྱང་ཆུབ་སེམས་དཔའི་མིང་མེད་ན། །སངས་རྒྱས་ཁས་ཆེས་རྣལ་འབྱོར་ཅིག །དོན་དམ་ངེས་པར་རབ་བཤད་པ། །མ་གཡོས་ཀུན་གཞིའི་ངང་དུ་བཤད། །རང་བཞིན་སྣང་བའི་གསེར་ཚུལ་ལྟར། །གཉིས་སུ་མེད་པར་རྒྱལ་བས་བཤད། །དྲི་དང་ག་བུར་ནུས་པ་བཞིན། །མཚན་མ་མེད་པར་སེམས་མི་དམིགས། །སེམས་ཉིད་གང་ཡིན་ཆོས་ཉིད་དེ། །ཆོས་ཉིད་ཀྱང་ནི་དེ་བཞིན་ནོ། །ཆོས་སེམས་གཉིས་མེད་ལྡན་གྱུར་པས། །བླ་མེད་བྱང་ཆུབ་ཆེན་པོར་བཤད། །ནམ་མཁས་གར་ཁྱབ་ཆོས་ཀྱིས་ཁྱབ། །ཆོས་ཉིད་གར་ཁྱབ་སེམས་ཡིན་པས། །ཕྱི་ནང་གཉིས་མེད་སེམས་སུ་གསལ། །མོས་དང་རྒྱུན་དྲན་མངོན་འགྱུར་བར། །ཡིད་ལ་བྱེད་པའི་སེམས་དག་གིས། །དོན་འདི་ཡོངས་སུ་རྫོགས་པར་བརྗོད། །གཡོ་ཞིང་སྨོན་པར་བྱེད་པ་ནི། །རང་བཞིན་མཚུངས་པར་ལྡན་པ་དང་། །ཞར་བྱུང་ལྷན་ཅིག་བྱེད་པ་དང་། །ཡོན་ཏེན་མཐོང་ཐོས་རྗེས་འཇུག་དང་། །བྱིན་རླབས་ཤུགས་ཀྱིས་འབྲེལ་པ་བཞི། །རྐྱེན་གྱི་རྣམ་པ་འདུས་པ་ཡིན། །སྐད་ཅིག་ཅུང་ཟད་ས་བོན་ལས། །བཙའ་བ་བཞིན་དུ་སྐྱེ་བར་གསུངས། །ལྷག་པར་འཕེལ་བའི་གང་ཟག་གིས། །སྙིང་རྗེ་སྐྱེ་དང་ལྟར་ལྡན་པས། །དོན་གཉིས་རྒྱུ་རུ་འདིར་ཤེས་ནས། །གོམས་པ་མང་དུ་བྱས་པ་ཡིས། །ཟླ་བ་ཡར་གྱི་ངོ་བཞིན་དུ། །ཇེ་ཆེ་ཇེ་མང་མངོནའཕེལ་བར། །དམ་བཅའ་འཇུག་པར་བྱ་བ་ཡིན། །ལྷག་པའ་ིབསམ་པ་མངོན་བྱས་ཏེ། །འགྱུར་བ་མེད་པར་གནས་པར་བྱའོ། །དངོས་གཞི་གཉིས་ལ་རབ་བརྟན་པ། །འཇུག་པའི་སྐྱེས་བུར་དེ་བཤད་དོ། །ཕྱིས་འབྱུང་སྡོམ་པའི་དངོས་པོ་ལ། །རྒྱུན་དང་དུམ་བུར་གང་གནས་པ། །གནས་པའི་སེམས་སུ་རབ་ཏུ་བརྟན། །དེ་ཉམས་གསུམ་དུ་ཤེས་པར་བྱ། །གནས་པ་མང་པོའི་མཐུ་རྫོགས་པས། །མངོན་བྱས་རྐྱེན་གྱིས་མི་འཕྲོགས་ཤིང་། །བསྒྲུབ་བྱ་རྐྱེན་གྱིས་མཐར་ཕྱིན་པ། །ཀློང་ཡངས་ནམ་མཁའི་དཀྱིལ་འཁོར་ལ། །སྤྲིན་མེད་ཉི་མ་འབུམ་གྱིས་བརྡལ། །མི་སྐྱེ་མི་འགག་ངོ་བོ་ལས། །ཇི་ལྟར་བལྟས་དགུའི་དེར་སྣང་བས། །དོན་གཉིས་ལྷུན་གྲུབ་རྟོག་བྲལ་བ། །མཐར་རྫོགས་སེམས་སུ་རྒྱལ་བས་གསུངས། །བསྔོ་གཞི་སྒྲིབ་བྲལ་ཉིད་དུ་བསྟན། །ཡུལ་ཉིད་ལྔ་ཡི་དབང་པོ་ནི། །རིམ་པ་གསུམ་གྱི་མཚན་ཉིད་ཅན། །སྙིང་རྗེ་ཆེན་པོ་བརླན་ལྡན་པས། །ཁ་གྲགས་འདོད་པའི་སེམས་གསུམ་སྤངས། །ཤེས་བྱ་བར་མ་ཀུན་མཁྱེན་པས། །མ་འདྲེས་དོན་གྱི་ཐ་སྙད་རྣམས། །ནད་དང་སྨན་གྱི་རིམ་བཞིན་བྱེད། །སྟོན་པའི་མཆོག་ཏུ་འདི་གསུངས་པས། །དང་པོའི་རིམ་ལ་གནས་པའི་མིས། །བརྩོན་འགྲུས་དགའ་བའི་ལས་རྣམས་ཀྱིས། །འདུ་ཤེས་སྟོན་པར་བཞག་སྟེ་བླང་། །ཅུང་ཟད་འགལ་བའི་སེམས་མེད་པར། །རྟག་པ་གདུང་བས་རྨོངས་བྱེད་པ། །དེ་འདྲ་བྲལ་བས་མ་གསུངས་སོ། །དཔང་འགྱུར་རྡོ་རྗེ་དམ་ཅན་རྣམས། །བྱིན་རླབས་གཉེན་པའི་སེམས་དག་གིས། །ལས་ཀྱི་སྟོངས་སུ་འགྱུར་བའི་ཕྱིར། །ཞིང་ཁམས་བྱེ་བའི་རྡུལ་འདས་པའི། །སངས་རྒྱས་འཁོར་བཅས་བཞུགས་པར་བྱ། །དེ་དག་རྟག་ཏུ་མངོན་བསམ་སྟེ། །ཤེས་བཞིན་རང་གི་སྡམ་པ་བསྔོ། །སྨོན་ལམ་དབང་གིས་གཟིགས་པར་འགྱུར། །མཎྜལ་བདུད་རྩིའི་དྲིས་བྱུགས་པ། །ཙན་དན་བདུད་རྩིའི་ཆུས་སྦྱངས་པ། །དྲི་ཞིམ་ཆས་ཀྱིས་རབ་བརྒྱན་ཏེ། །རིན་ཆེན་འབྱོར་པ་ལག་ཐོགས་བྱ། །སྣ་ཚོགས་ཡོལ་བའི་ཕྱི་རོལ་འདུག །ཁ་སྦྱར་བན་དྷའི་བུམ་ཆུ་སྦྱིན། །དྲིལ་བུས་རྡོ་རྗེའི་མིང་བརྟགས་བྱ། །སངས་རྒྱས་འཁོར་བཅས་གཟུགས་བརྙན་དགྲམ། །སྣ་ཚོགས་མཆོད་པ་རྒྱས་པ་དག །འཁོར་གསུམ་དག་པའི་སེམས་ཀྱིས་དབུལ། །ཁ་གསིལ་རོལ་མོ་རྒྱས་པར་སྦྱིན། །འབྱུང་པོ་ཀུན་གྱི་གཏོར་མ་དང་། །འགྲོ་དྲུག་སྦྱིན་པ་ཆེན་པོའི་ངང་། །དུག་གསུམ་སྤངས་པའི་སེམས་ཀྱིས་གཏང་། །སེམས་སྐྱེད་མཚོན་པའི་རྡོ་རྗེ་ཡང་། །རྟག་ཏུ་བཅང་བར་བྱ་བ་ཡིན། །དང་པོ་འདས་དང་འཇུག་འདོད་དང་། །གཡོ་བར་མཁན་པོས་གསལ་བཏབ་པས། །མཁན་པོས་གསོལ་བ་བཏབ་ནས་ནི། །དད་པའི་སེམས་ལ་གནས་སུ་གཞུག །དགོས་པའི་ཡོ་བྱད་རང་འབྱོར་ནས། །དགེ་བའི་བར་ཆད་བཟློག་པའི་ཕྱིར། །རྡོ་རྗེ་མི་ཤིགས་གུར་བཅིང་བྱ། །བུམ་ཆུ་གསུམ་པོ་བྱིན་བརླབ་ཕྱིར། །བདུད་རྩི་འཁྱིལ་པའི་དྲན་པ་ཡིས། །བགེགས་བསྐྲད་པ་ཡི་རང་བཞིན་དུ། །འབྲུ་ལྔ་ཡེ་ཤེས་ཆུ་རྒྱུན་དགུག །མ་ལུས་འདུས་པའི་ཁྲོམ་བཞིན་ཚོགས། །བསྐྱེད་དང་སྤྱན་དྲངས་མཆོད་ཚོགས་སྦྱར། །སྔགས་བཟློས་གསོལ་བཏབ་བུ་བྱིན་བརླབ། །ཁྲུས་བྱས་དྲི་ཞིམ་རྒྱན་ལྡན་བུ། །ཡོལ་ཕྱིར་ཕྱག་བྱས་ཐལ་སྦྱར་ཏེ། །དཔལ་ལྡན་རྡོ་རྗེ་འཛིན་པའི་བདག །འཁོར་བ་འདོན་པའི་དེད་དཔོན་ཆེ། །སྡུག་བསྔལ་ཆུ་བོ་རྒྱུན་བཟློག་དང་། །དོན་གཉིས་བདག་གིས་མངོན་བྱེད་པའི། །ཐབས་ཀྱི་ལས་མཐའ་གང་ལགས་པ། །རིམ་པ་ཡང་དག་བསྟན་པའི་ཕྱིར། །ཐུགས་རྗེ་ཉེ་བར་སྐྱེད་མཛད་དེ། །དེ་རིང་གནང་བ་མཛད་པར་རིགས། །མ་ལུས་ཕྱོགས་བཅུ་ན་བཞུགས་པའི། །སྔོན་གྱི་དབང་པོ་ཇི་སྙེད་པ། །རྒྱས་པར་སྤྱན་དྲངས་མཆོད་པར་བྱ། །སངས་རྒྱས་ལྟ་བའི་མོས་བྱས་པས། །ལག་བཟུང་ནང་དུ་གནས་པར་བྱ། །ཐལ་སྦྱར་ཞིང་ལ་ལུས་དབུལ་བྱ། །བི་ཤུད་དྷེ་དང་སྦྱོར་སྔགས་ཀྱི། །ཙན་དན་བདུད་རྩི་ཆུ་སྦྱར་དེ། །དད་པའི་ལྷར་སྐྱེད་བྱིན་གྱིས་བརླབ། །རིན་ཆེན་བསྙེན་པས་གསོལ་བཏབ་པས། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །ཐུགས་རྗེ་ཉེ་བར་བསྐྱེད་མཛད་དེ། །དམ་ཚིག་དམ་བཅས་རིམ་པ་བཞིན། །བདག་ལ་བྱིན་གྱིས་བརླབས་པར་རིགས། །རབ་ཏུ་གཏོར་ཏེ་འབྲེལ་བ་བརྟག །རྡོ་རྗེའི་མིང་ཡང་སྤྱིན་པར་བྱ། །དིང་ཁྱོད་སངས་རྒྱས་དཀྱིལ་འཁོར་གྱིས། །རིམ་པར་རབ་བཞུགས་ངེས་པ་ཡིན། །དམ་ཚིག་འདོད་པའི་སེམས་སྐྱེད་ཅིང་། །གཞན་དོན་རབ་དགའི་སེམས་ལྡན་པས། །བཤགས་པའི་མཆོག་གིས་རབ་ཤོགས་ཏེ། །དག་པའི་སེམས་ཀྱིས་བརླབ་པར་གྱིས། །འདབ་བརྒྱད་པདྨའི་དཀྱིལ་འཁོར་ལ། །བརྟན་ནས་སྒུད་ཅིང་མོས་བྱེད་དེ། །མཐའ་རྣམས་བྲལ་བའི་བྱང་ཆུབ་སེམས། །མི་རྟོག་མི་གནས་ནམ་མཁའ་ཉིད། །ཆོས་རྣམས་དེ་འདྲར་མོས་པ་དང་། །མཐོང་སྒོམ་ལམ་ལ་གནས་པ་དང་། །མཐར་ཕྱིན་ཐམས་ཅད་མཉམ་སྦྱོར་བས། །དམ་བཅས་ཡིད་ཀྱིས་བརྟན་པར་བྱ། །རྒྱུན་ཡང་དེ་བཞིན་བསྟན་པར་གསུངས། །དེ་ཡི་ཡོན་ཏན་དཔེ་རྣམས་ཀྱི། །ངེས་པར་མཚོན་པ་བཞི་རུ་བཤད། །བརྟན་པའི་བྱང་ཆུབ་སེམས་བསྐྱེད་དོ། །མ་རིག་ཞི་དང་བཅས་པའི་སེམས། །སྐད་ཅིག་རྒྱུན་གྱི་ལས་ཉོན་མོངས། །མཐུན་པར་སྣང་བའི་བལྟོས་པའི་ཆོས། །རྨི་ལམ་བཞིན་དུ་ཉམས་ཐག་རྣམས། །དྲན་པའི་སྙིང་རྗེ་གདུང་སེམས་ཀྱིས། །ཁྱད་པར་ཞིང་དུ་མངོན་བྱས་པ། །སྡུག་བསྔལ་རྒྱ་མཚོ་བཟློག་པའི་ཕྱིར། །ཆོ་འཕྲུལ་ལས་དང་སྐུ་དོན་རྣམས། །རྒྱལ་བས་གྲངས་མཐའ་མི་རྫོགས་སོ། །མངོན་འདོད་བྱ་བའི་མོས་པ་དག །བརྟན་པར་བསྐྱེད་ཅིང་རྒྱུན་གནས་པ། །སེམས་ཀྱིས་སྔོན་བཞིན་གནས་པར་བྱ། །ཐལ་སྦྱར་གུས་པའི་ལུས་གནས་ཏེ། །དང་པོར་གསོལ་བའི་ཚིག་བཤད་བཞི། །སྔོན་དུ་བཏང་ནས་གཏམ་པར་བྱ། །དཀྱིལ་འཁོར་མཆོད་པ་སྦྱིན་སྲེག་སོགས། །གཞན་དོན་གྲངས་མང་ཇི་སྙེད་པ། །ཚེ་འདི་གནས་ཙམ་མཐར་ཐུག་པར། །ནམ་ཡང་རྒྱུན་ཆད་མ་གྱུར་ཅིག །ཐུན་མོང་ཐབས་ཀྱིས་སྤྱོད་དྲུག་དང་། །མི་མཐུན་འདུལ་བའི་སྤྱོད་པ་རྣམས། །དེ་བཞིན་བསྟན་པར་བསྒྲུབ་པ་ཡིས། །འགྲོ་བ་མི་འདུལ་མེད་པར་ཤོག །དམ་བཅས་རིམ་པའི་སྡོམ་པ་རྣམས། །ཚིགས་བཤད་བཞིན་དུ་སེམས་ཀྱིས་བསྒྲུབ། །དོན་གཉིས་འགྱུར་བའི་ལུས་སྤྱོད་དག །ལུས་ཀྱི་ལེ་ལོ་སྤངས་པས་བྱས། །དོན་མེད་སྤྱོད་པ་སེམས་ཀྱིས་མནན། །སྙིང་པོ་བཤད་དང་ཕན་པའི་གཏམ། །མ་གཏོགས་པ་ཡི་རྒྱུན་བཅད་དེ། །ལེ་ལོ་སྤངས་པས་གསུམ་བསྒྲུབ་བྱ། །ཅ་ཅོ་ནམ་ཡང་མ་ཡིན་པ། །སངས་རྒྱས་ཆོས་སུ་དེ་བཤད་དོ། །བསམ་གཏན་ཤེས་རབ་རབ་མ་དང་། །སྙིང་རྗེ་སྡོམ་པ་བསྔོས་པའི་སེམས། །གཡེང་དང་བྱིང་རྨུགས་རྣམས་སྤངས་པས། །བསམ་བྱ་རྟག་པར་གང་དྲན་པ། །སངས་རྒྱས་ཆོས་བཞིར་འདི་བཤད་དོ། །སྒོ་གསུམ་ཆུང་བར་མོས་གྲུབ་པས། །རྟག་ཏུ་རང་ཉམས་སྨོད་བྱེད་པ། །དམ་ཚིག་སྡོམ་པའི་གཞིར་ཤེས་བྱ། །སངས་རྒྱས་སྐུ་གསུང་ཐུགས་ཐོབ་འགྱུར། །རྒྱས་པར་ཡོན་ཏན་བརྗོད་མི་ལང་། །ཁུད་པའི་ཞིང་དུ་གྱུར་རྣམས་ལ། །སྡུག་བསྔལ་ཡིན་ཡང་མཐར་ཕན་སྤྱོད། །བསྟོད་ཅིང་མཐོ་སེམས་རབ་སྤངས་པས། །འཁྲུལ་པ་ཇི་སྙེད་བརྗོད་མི་ལང་། །འདི་འདྲ་བ་ཡང་སྣོད་མ་སྨྲ། །རྒན་པོ་བླ་མའི་འདུ་ཤེས་བྱེད། །ཕྲག་དོག་ཅན་ལ་སེམས་ངན་མེད། །དཔག་ཚད་དུ་མའི་མཐར་གནས་བྱ། །མན་ངག་ཟང་ཟིང་ལན་སྤངས་སྦྱིན། །འགྲོན་གཉེར་རྒོས་མེད་དབང་དུ་བྱ། །དོན་ཡོད་སྡིག་པ་དང་དུ་བླང་། །མ་བསྔོས་འཚོ་བ་རྟག་ཏུ་སྤང་། །གྲགས་དང་འགྲན་ནོར་དགེ་བ་དོར། །ཉམས་ལ་སྙིང་རྗེ་གཏང་སྙོམས་སྤང་། །དོན་འགྱུར་ཕྱིར་ན་བདག་དགེ་སྤང་། །དེ་ནི་ལྡོག་པར་མ་གསུངས་སོ། །འཛིན་པ་སྤངས་པའི་སྦྱིན་པ་བཞི། །འཆད་པས་སྦྱིན་པ་བཟློག་པར་བྱ། །ལུས་འདོད་དུམ་བུའི་སེམས་དག་གིས། །སྤྲུལ་སྐུ་ཐོབ་ཕྱིར་སྦྱིན་པར་བྱ། །ཉམ་སོད་ལོག་ལྟ་སུན་དབྱུང་ཕྱིར། །སྐལ་པའི་སྦྱིན་པས་བཟློག་པར་བྱ། །བསམ་གཏན་རོ་མཆོག་ཀླུང་གནས་ཀྱང་། །ཐེག་དམན་སྤྱོད་པ་དོར་བ་མེད། །འདོད་པའི་སེམས་ཀྱིས་གྲང་མི་གཉེར། །བཟློག་པའི་སེམས་ཀྱིས་གྲོང་རྒྱུ་བ། །ཆོས་ཀྱི་སྐྱེས་ཀྱིས་འགྲོ་བར་བྱའོ། །ནད་དང་སྡུག་བསྔལ་ཅན་གཡོས་བྱད། །ཚུལ་ཁྲིམས་བསམ་སྤྱོད་ལྷུར་མི་འཛིན། །མཉེས་དང་བྲལ་ན་དག་པར་གསུངས། །རྩོད་པའི་རྩ་བ་སེམས་དྲན་དང་། །རྣམ་སྨིན་དྲན་པས་བཟློག་པར་བྱ། །ཁོང་ཁྲོ་ཉེས་ཆེན་བྲལ་འགྱུར་བ། །འདི་ལྡན་བྱང་ཆུབ་སེམས་དཔའ་མེད། །ཆོས་སྤྱོད་བཅུ་ལ་དམ་བཅས་ནས། །ཐུན་མོང་ཞེན་པ་བཟློག་པར་བྱ། །སྡུག་བསྔལ་བསམ་པ་ནམ་མི་འདོར། །སྣོད་མ་བལྟས་ལ་སེམས་མི་བརྟན། །དེ་ལ་དོན་འགྱུར་སྤང་མི་བྱ། །ཕན་བྱེད་རྣམས་ལ་ལ་མི་གླན། །མྱ་ངན་ཅི་ཡང་བསད་པར་བྱ། །སྒྲོ་སྐུར་སྤངས་ཏེ་ཡོན་ཏན་བརྗོད། །ངན་བྱེད་མཐོང་བ་མེ་སྨོན་དང་། །སྔོས་ངན་མཐོང་བ་དེ་བཞིན་སྟེ། །སྨོན་ལམ་བདག་གི་ཞེང་དུ་བཏབ། །བཟང་པོར་སྤྱོད་དང་དངོས་པོ་བཟང་། །མཆོད་རྫས་མཐོང་བ་ཇི་སྙེད་པ། །བདག་ཞིང་ཀུན་གྱིས་སྤྱོད་པར་སྨོན། །གདུག་པ་སངས་ཞིང་གནས་དང་། །འགྲོ་བ་སྤྲུལ་པས་དོན་བྱེད་དང་། །བྱིན་པ་བསམ་གཏན་བདེན་པ་རྣམས་དང་། །བསམ་རྩིས་ཆོས་ཀྱི་བསམ་པ་དང་། །འགྲེང་བ་སེམས་ཅན་དོན་བསྟན་དང་། །དཔའ་བོ་བདུད་བཞི་གཡུལ་འཇོམས་དང་། །ཐམས་ཅད་སྤྱོད་བཞིན་མ་གོས་དང་། །སྲོག་གཅོད་ཁྲོ་བོའི་ཕྲིན་ལས་དང་། །འདོད་ཆགས་མཉམ་པར་སྦྱོར་བ་དང་། །རྐུ་བྱེད་དངོས་གྲུབ་ལེན་པ་དང་། །རི་བོ་རྟོག་པས་མི་ཕྲོགས་དང་། །ཆུ་རྒྱུན་ཆོས་སྤྱོད་རྒྱུན་ལྡན་དང་། །འབྲས་བུ་སྐུ་དང་ཡེ་ཤེས་དང་། །མེ་ཏོག་རྣམ་གྲོལ་ཕུང་པོ་དང་། །ཡུལ་ཁམས་རྣམ་དག་འཇིག་རྟེན་དང་། །ཁ་ཟས་ཏིང་འཛིན་རོ་མཆོག་དང་། །སྐོམ་དང་སྙིང་རྗེ་ཆུ་འཐུང་སོགས། །ཁམས་གསུམ་གནས་པའི་སེམས་ཅན་ལ། །སྨོན་ལམ་ཡིད་ཀྱིས་ཟིན་པར་བྱ། །གཞན་ཕྱིར་བདག་ཀྱང་དེ་བཞིན་སྨོན། །རྩ་བའི་སྤྱོད་པ་གསུམ་སོགས་པ། །སེམས་སྐྱེད་སྡོམ་པ་བླངས་ནས་མཐོང་། །ཉམས་མེད་བསམ་པའི་དྲན་པ་དང་། །ཤེས་བཞིན་ལྟ་བས་བརྟག་དངོས་ཏེ། །གང་ཞིག་སྔོན་གོམས་དབང་ཉམས་པ། །འགྱོད་དང་བཅས་པས་སོར་གཞུག་བྱ། །ཡི་གེ་ལ་སོགས་བཟོ་མཐའ་རྣམས། །རྩོལ་བས་རྒྱུན་ཏུ་འཇུག་བྱེད་པ། །གོམས་ཏེ་སླ་བར་མ་གྱུར་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །སྤྱོད་ལམ་རྣམ་གསུམ་དྲན་བྱ་བ། །བྱང་ཆུབ་སེམས་དཔའི་མིང་ཐོབ་སྟེ། །དེ་ནི་ལྡོག་པར་མི་འགྱུར་རོ། །དཔེར་ན་ཕྱུག་པོ་ནོར་སྡོད་པ། །མེད་པར་གྱུར་པ་སོར་འཇུག་བཞིན། །སྤྱོད་པ་མཉམ་པའི་རྣལ་འབྱོར་པས། །ཞིག་པ་བཞིན་དུ་མི་གནས་ཏེ། །གཞི་འམ་འོན་ཏེ་གཞན་དག་གམ། །དཔང་པོར་གྱུར་པའི་རྟེན་དག་ལ། །སྔོན་དུ་མཎྜལ་མཆོད་སྦྱར་ནས། །མེ་ཏོག་ཕྱག་འཚལ་ལུས་གུས་པས། །འགྱོད་སེམས་དངོས་པོ་གང་གིས་བཤགས། །དེ་བཞིན་སླར་ཡང་བླང་བར་བྱ། །བདག་དང་དངོས་པོ་འབྲས་བུ་རྣམས། །མི་དམིགས་སེམས་ཀྱི་བཤགས་བྱ་བར། །དེ་ནི་ཉེས་པར་མ་གསུངས་སོ། །འདི་ནི་ཤིན་ཏུ་གསང་བའི་ཆོས། །བདག་གཞན་གཉིས་ཀའི་དོན་འགྱུར་ཕྱིར། །སྡོམ་པ་རྣམ་གྲངས་འཕེལ་མི་བྱ། །འདོད་པ་སྦྱིན་པའང་དེ་བཞིན་ནོ། །ཐུན་མོང་རབ་ཏུ་ཞེན་པ་བཟློག་པ་དང་། །བསླབ་པ་མཐར་ཆུབ་དེ་ལས་གྲོལ་བའི་ཕྱིར། །ལས་མཐའ་སེམས་བསྐྱེད་ཆོ་ག་མདོར་བཤད་པས། །འགྲོ་བ་མཐའ་དག་བྱང་ཆུབ་སེམས་ལྡན་ཤོག །སེམས་སྐྱེད་པའི་ཆོ་ག་མདོར་བཤད་པ་རྫོགས་སོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །དེ་ལྟར་སྟོན་པ་མཆོད་བྱས་ནས། །ལམ་གྱི་རྣལ་འབྱོར་རྣམས་དོན་ཕྱིར། །རྒྱུད་གསུམ་ངེས་པར་གསལ་བྱེད་ཅིང་། །དམ་ཚིག་ཆེན་པོ་མདོར་བཤད་པ། །ལམ་གྱི་རྒྱུད་ལ་ཞུགས་པ་རྣམས། །བསླབ་པ་གསུམ་ལ་གནས་བྱས་ནས། །དོན་གཉིས་མངོན་དུ་བྱེད་པ་ཡང་། །ནང་རིས་ལ་ལ་མུན་སྣང་ཕྱིར། །གཅིག་གིས་འཐད་པ་མ་ཡིན་ལ། །ལ་ལ་ཆ་མཐུན་སྤྱད་པའི་རིགས། །གདུལ་བྱ་སྐབས་ཀྱིས་རིམ་སྤྱོད་པ། །སངས་རྒྱས་མཛད་པ་འདི་གསུངས་སོ། །གཉེར་འདི་ལུང་གིས་ལུས་བཞག་ན། །ངོ་བོ་རྣམ་གྲངས་བསྲུང་ཐབས་དང་། །ཉམས་རྒྱུ་སྔ་རྟགས་སྐྱོན་ཡོན་གཉིས། །སྐོང་ཐབས་དཔེ་དང་མདོ་བཅུར་བཅད། །ངོ་བོ་རྩ་བ་བཞི་དག་ནི། །ཐུན་མིན་ཐུན་མོང་ཡན་ལག་གཉིས། །རྩ་བ་ཆེན་པོ་མདོར་འབྲེལ་ལོ། །དམ་ཚིག་རྣམ་པའི་གྲངས་དག་ནི། །སེམས་ཅན་གྲངས་དང་ལོག་རྟོག་གྲངས། །སངས་རྒྱས་ཉིད་ཀྱིས་མི་མཁྱེན་ཕྱིར། །རྟོག་འདུལ་གཉེན་པོ་དམ་ཚིག་གྲངས། །རྒྱལ་བ་ཉིད་ཀྱིས་བརྗོད་ལས་འདས། །འོན་ཀྱང་རྨོངས་ལ་མདོར་གཟུང་བ། །བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །སྤྱད་པ་ལྔ་དང་མི་སྤང་ལྔ། །དང་དུ་བླང་དང་བསྒྲུབ་དེ་བཞིན། །ཤེས་བྱ་ལྔ་རྣམས་ཐུན་མིན་བཤད། །ཡན་ལག་སྐབས་སུ་ཤེས་པར་བྱ། །ཐུན་མོང་དམ་ཚིག་མདོར་བཤད་པ། །མདོར་བསྡུས་བདག་གཞན་དོན་གཉིས་སོ། །རྣམ་གྲངས་སྐབས་སུ་ཤེས་པར་བྱ། །བསྲུང་བའི་ཐབས་ནི་འདི་ལྟ་སྟེ། །རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། །བྱས་མཐོང་ཟོས་པ་ཐམས་ཅད་ལ། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་དང་ཤེས་བཞིན་མངོན་བསྟེན་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་བསྔགས་པར་ཅི་ཞིག་ཚུད། །ལྟ་སྤྱོད་དམ་ཚིག་འབྲེལ་པ་ཡི། །སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་རྣམས། །ཡུལ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་མ་དང་ཕ་དང་མིག །སྙིང་བས་ལྷག་པའི་ཚུལ་བལྟས་ཏེ། །སྒོ་གསུམ་ཟོལ་སྒྱུ་མེད་པ་ནི། །ཡི་དམ་ལྷ་ལྟར་རྒྱུན་དུ་བསམ། །བསྲུང་རིམ་འཆད་བཞིན་ཤེས་པར་བྱ། །མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་དང་། །བདེ་གཤེགས་སྙིང་པོ་སྤུན་རིང་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ཡིན། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པས་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞང་ཚན་ཕ་སྤུན་སྤུན་པས་ཀྱང་། །ལྷག་པར་བལྟས་ཏེ་བསྲུང་བ་ནི། །ལུས་ཀྱི་ཟས་ནོར་མཉེས་བྱ་བ། །སྦུར་མ་ལྟ་བུར་འཕངས་པ་མེད། །གཏན་བཏིང་ཁུར་སོགས་ལས་བྱ་བ། །བྲན་བཞིན་ངེས་པར་དང་དུ་བླང་། །བླ་མའི་རིགས་འཁོར་དེ་བཞིན་དུ། །ནོར་ཟས་བླངས་པ་རྣམ་སྨིན་ཕྱིར། །ཏིལ་ཕུབ་ཙམ་ཡང་མི་འབག་ཅིང་། །མལ་གོས་ཆགས་སོགས་འགོང་མི་བྱ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །བརྡེག་བསད་རྐུ་འཕྲོག་སྤྱོད་པ་ནི། །དངོས་སུ་བྱ་བ་ཅི་སྨོས་ཀྱི། །རྩེད་མོ་ལས་སུ་བྱ་བ་མིན། །ངག་གིས་སྐྱོན་སྦས་ཡོན་ཏན་བསྒྲགས། །ཚུལ་བརྗོད་པ་ནི་ཉམས་པར་འགྱུར། །སྐྱོན་སྐུར་ལ་སོགས་མཚན་ཉིད་དག །བྲེ་མོ་གཏམ་དུ་ཟུར་མི་བྱའོ། །ཡིད་ཀྱིས་གཡོ་རྒྱུ་ཕྲག་དོག་དང་། །ངན་སེམས་དཔྱ་སེམས་ནོར་ལ་བརྐམ། །སེ་གོལ་ཡུན་དུའང་བྱ་བ་མིན། །ཤིན་ཏུ་གདུང་ཞིང་བརྩེ་བར་བྱ། །སྤྱོད་ལམ་ཅིས་ཀྱང་མཉེས་བྱེད་ཅིང་། །བཀའ་ཡི་ཟུར་ཡང་མི་བཅག་པ། །དེ་ནི་ལྡོག་པར་མ་གསུངས་སོ། །རྩ་བ་བསྐྱེད་དང་ལས་སྔགས་ཀྱིས། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །རང་གི་སྒོ་གསུམ་ཡི་དམ་གྱི། །སྐུ་གསུང་ཐུགས་སུ་མངོན་སྦྱར་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུང་ལ་ཞུགས་པ་ནི། །རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནས། །ཉིན་གསུམ་མཚན་གསུམ་ཉིན་ཅིག་དུ། །མ་ཡེངས་པ་ཡེ་ངག་གིས་བཟླས། །འབྲིང་གི་ཟླ་གཅིག་དུས་དྲུག་ཏུ། །དུས་བཞིའི་བར་དུ་མི་བཅད་ཅིང་། །ཐ་མ་བྱ་བའི་རྣལ་འབྱོར་པས། །ཟླ་རེ་འམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་པ། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མ་དེ་བཞིན་ཏེ། །ཐ་མ་ལོ་ཟླ་མི་འདའ་འོ། །ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷ་མིང་གཟུངས་དང་གྲུབ་རྟགས་རྣམས། །སྤྱི་གསང་རྣམ་པ་བཞིར་བཤད་དོ། །སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །གསང་བར་འོས་ལ་མདོར་བསྡུ་ན། །ཕུད་དང་གཏོར་མ་ཚོགས་དག་དང་། །བྷན་དྷ་ཕུར་པ་མར་མེ་སྣོད། །རྫས་དང་ལག་ཆ་དཀྱིལ་འཁོར་རྣམས། །སྐྱེ་བོས་མཐོན་བར་ཡོད་མི་བྱ། །དྲིལ་བུ་རྔ་ཆུང་ལ་སོགས་སྒྲ། །སྐྱེ་བོས་ཐོས་པར་ཡོང་མི་བརྡུང་། །གྲོགས་པོའི་སྤྱོད་དང་མཚན་རྣམས་དང་། །སེམས་ཅན་ཀུན་ཀྱང་ངན་སྤྱོད་དང་། །ཀུན་ལ་གནོད་པའི་སྤྱོད་པ་རྣམས། །ཤིན་ཏུ་གསང་ན་བྱང་ཆུབ་རྒྱུ། །གཉེར་གཏད་པ་ནི་གདམ་ངག་སྟེ། །སྔར་བཤད་སློབ་དཔོན་རྣམས་ཀྱིས་སོ། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །ཤིན་ཏུ་གསང་ན་བྱང་ཆུབ་རྒྱུ། །གསང་ཕྱིར་གདམ་ངག་སྣ་ཚོགས་གསུངས། །དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་ཞིང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །སེམས་ཀྱིས་བསྟན་པ་མི་བསམ་ཞིང་། །ལུས་ཀྱིས་ཐམས་ཅད་སྦས་ལ་སྤྱོད། །ངག་གི་རྡོ་རྗེ་ལྕེ་ཡོད་ཀྱང་། །བརྗོད་པ་དག་ཏུ་བྱ་བ་མེད། །དེ་དག་རྩ་བ་བཞིར་བཤད་དོ། །ཐུན་མིན་ཡན་ལག་བཤད་བྱ་བ། །སྦྱོར་སྒྲོལ་མ་བྱིན་ལེན་པ་དང་། །རྫུན་སྨྲ་ངག་བརླང་སྤྱད་བྱ་ལྔ། །རང་བཞིན་གྱི་ནི་སྦྱོར་སྒྲོལ་དང་། །དབང་པོ་ཡུལ་གྱི་སྦྱོར་སྒྲོལ་དང་། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། །མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ལྔའོ། །གཉིས་ནི་ཤེས་བྱ་ཐུན་མིན་བཤད། །ཏིང་འཛིན་བསླབ་པ་ཐུན་མོང་གསུངས། །མངོན་ཕྱུང་དམ་ཚིག་ཆེན་པོ་ལ། །བྱེད་པའི་ཚིག་ལྔ་ཤེས་པར་བྱ། །ལྟ་སྤྱོད་ཏིང་འཛིན་འབྲེལ་གོམས་པས། །དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུས་པ་དང་། །འདུ་བར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །གྲངས་ཀྱིས་རྩ་བ་བཅུ་བཞིའོ། །ཏིང་འ ཛིན་སྔགས་དང་ཕྱག་རྒྱ་རྣམས། །ཤིན་ཏུ་གོམས་པས་དབང་བསྐུར་རོ། །བྱང་ཆུབ་ཞིང་དུ་དགོད་པར་བྱ། །ཏིང་འཛིན་སྔགས་རྒྱས་བག་ཆགས་སྦྱངས། །རྣམ་ཤེས་ལྷར་སྐྱེད་འོག་མིན་འཕང་། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར། །ཕུར་པོ་བྱིན་བརླབས་མཆོད་པར་བསྒོ། །བསོད་ནམས་མཆོག་ཏུ་འདིས་འགྱུར་རོ། །དེ་ལྟར་བསྒྲལ་བའི་དགོས་ཆེད་ཀྱང། །བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་གིས་དམ་བསྐོངས་ཤིང་། །ལས་ངན་བར་ཆད་སྡུག་ཡུན་ཐུང་། །རང་གིས་བསགས་མེད་ངན་སོང་ལས། །བདེ་ལམ་འདི་ལས་གཞན་མེད་དོ། །ཐབས་ཀྱི་སྤྱོད་པས་འཆིང་འགྱུར་ན། །བྱང་ཆུབ་སེམས་དང་འདུལ་དབང་གིས། །བརྔོན་དང་སྨད་འཚོང་སྟོན་ཡང་ལྟུང་། །ཁེ་དང་སྤྱོད་པས་དེ་མིན་ཕྱིར། །ཐབས་ཆེན་ལམ་ལ་གནས་པ་ཡི། །སྐྱེ་བོ་ཀུན་གྱིས་བྱ་བར་འབྱུང་། །ག་ནའི་དམ་ཚིག་ཆེན་པོ་ནི། །ལོག་ཆགས་ཡིད་འོངས་སྤངས་པ་ཡི། །དོན་གཉིས་མངོན་དུ་བྱེད་པ་ཡི། །པད་ཅན་དུང་ཅན་རི་མོ་ཅན། །བན་གླང་ཅན་དང་ལྕུག་ཕྲན་ཅན། །སྡོང་གཅིག་མེ་རེག་ཕྱལ་བ་བརྒྱད། །མཉེན་དྲང་སྐད་རིང་སྟོད་སྨད་ཕྱེད། །ཡན་ལག་འཕྲ་འཇམ་ཚིགས་དམིག་ཟླུམ། །དཔྲལ་བའི་དབྱེས་ཆེ་སྨིན་ཁྱུགས་རིང་། །མིག་ཕྲ་དཀྱིལ་ནས་ཨུཏྤལ་མདོག །ཆུ་ཞིང་གཉིས་ཀ་འབྲིང་དུ་བཤད། །ལུས་དང་ཆུ་རླུང་ག་བུར་དྲི། །གསང་ཐུབ་ཤེས་རབ་སྤྱོད་པ་དལ། །དད་ལྡན་འགྲོགས་ཤིང་དད་ཆེ་བ། །གསང་བའི་གནས་སུ་སྤྱད་པར་བྱ། །དབང་བསྐུར་དམ་ཚིག་ཆོས་གསུམ་བཤད། །ལུས་ལ་རིགས་ལྔའི་རྡུལ་ཚོན་དབྱེ། །ཐབས་ལ་མཁས་པས་སྐབས་ཀྱིས་སྦྱར། །དམ་ཚིག་རྣམ་གྲངས་བཅུ་གཉིས་ཀྱི། །དངོས་གྲུབ་ཡོན་ཏན་བསམ་མི་ཁྱབ། །སློབ་བུ་སྨིན་ཅིང་ལས་རྣམས་འགྲུབ། །སྐྱེ་གནས་ངན་འགྲོ་རིས་དྲུག་དེས། །ཐབས་ཀྱི་ཐེག་པ་འདི་བཤད་དོ། །མཚན་ཉིད་ཆད་དང་རྣམ་གྲངས་དང་། །ལྟོས་པའི་ཀུན་བརྟག་རྣམ་པ་གསུམ། །དངོས་པོ་དེ་ཉིད་ལ་རྫུན་ཤེས། །ཐམས་ཅད་རང་གི་སྣང་ཕྱིར་བདེན། །ཤེས་ནས་ཀུན་སྨྲ་སྐྱེས་བུའི་ཡུལ། །དཀོན་མཆོག་གསུམ་དང་སློབ་དཔོན་མཆེད། །སེམས་ཅན་གནོད་པར་འོངས་པ་ལ། །རྫུན་དུ་སྨྲ་བའི་དམ་ཚིག་བྱ། །གང་ལ་གསང་བར་བྱ་བ་རྣམས། །གསང་བཅུ་ལས་འདི་རྫུན་བཅུ་སྨྲ། །བསྲུང་བ་བཅུ་བདུན་ཉམས་སུ་བླངས། །ཞིང་བཅུར་གྱུར་པའི་ནོར་བཅུ་དང་། །མཚན་ལྡན་གཟུངས་དང་བཀྲ་ཤིས་རྫས། །སྦས་ཆོས་ཕལ་འཆང་བྱིན་ཅན་རྫས། །བསྲུང་བ་ཡོན་དམ་མེད་པའི་ནོར། །ཕྱུག་པོ་སེར་སྣས་བཅིངས་པའི་ནོར། །མིང་གིས་བླངས་ལ་ཚོགས་སུ་བསྔོ། །དམ་ཚིག་བཅུ་བདུན་སྤྱད་པར་བྱ། །ཞིང་བཅུར་གྱུར་པའི་སེམས་ཅན་ལ། །བརླང་ཚིག་བཅུ་ཡི་ཞེ་བཅད་ཅིང་། །དྲག་ཤུལ་སྤྱོད་པ་སྔགས་དག་དང་། །གཟུངས་ལ་བརླང་པོར་སྦྱོར་བའི་ཚིག །སློབ་བུ་སྣོད་བཅོས་ཞེ་གཅོད་དང་། །འབྱུང་པོ་ཞེ་གཅོད་རྔམ་པའི་སྒྲ། །སྣོད་ལྡན་བུ་ལ་རྔམ་ཆོས་བཤད། །ངག་གི་དམ་ཚིག་བཅོ་ལྔ་བསྲུང་། །མི་སྤང་དམ་ཚིག་བཤད་པར་བྱ། །ཡང་དག་དུག་ལྔ་ལོག་དུག་ལྔ། །བཤད་པའི་ཐབས་མཁས་འདོད་ཆགས་དང་། །འདོད་སྤྱོད་སེམས་ཀྱི་རྒྱན་ཤེས་ནས། །ཤིན་ཏུ་ཞེན་པ་ལམ་དུ་གསུངས། །ཞིང་བཅུ་བརླག་བྱེད་ཞེ་སྡོང་མཆོག །ལྷ་ངན་འཇོམས་པ་དེ་བཞིན་ཏེ། །ཐབས་ལ་མཁས་པའི་སྤྱོད་པ་ཡིན། །མངོན་པར་མཐོ་པའི་ལྟ་བ་དང་། །ཏིང་འཛིན་ངེས་པར་སྲན་ཚུགས་པ། །ཤིན་ཏུ་རྒྱལ་བའི་མཆོག་ཏུ་གསུངས། །ལྟ་བས་ཕྱོགས་རིས་མི་ཕྱེད་དང་། །སྤྱོད་པ་བླང་དོར་མི་བྱེད་པ། །ཐེག་པ་ཆེན་པོའི་གཏི་མུག་གོ། །ལྟ་སྤྱོད་དམན་ལ་ཕྲག་དོག་ཅིང་། །དམ་འདྲེས་ལ་སོགས་སྤོང་བྱེད་པ། །ཕྲག་དོག་དམ་ཚིག་བསྲུང་བའོ། །ལོག་དུས་སེམས་ཅན་ཀུན་ལྡན་པ། །དུག་ལྔར་རང་རིག་རང་སྣང་ཕྱིར། །དྲན་པ་ཐམས་ཅད་ཤེས་པ་ལ། །ཤེས་པ་ཐམས་ཅད་རྩོལ་བ་ཡིན། །རྩོལ་བ་སེམས་ཕྱིར་ཐབས་མཁས་པ། །ཐབས་མཁས་རང་རིག་ཡེ་ཤེས་ཏེ། །ཉི་མའི་དཀྱིལ་ན་མུན་མེད་ལྟར། །ཡེ་ཤེས་རང་སྣང་མ་རྟོགས་པ། །ཉོན་མོངས་འཁོར་བ་ངང་གིས་མེད། །དེ་ཤེས་རང་རིག་ཡེ་ཤེས་ལ། །སྤང་བར་བྱ་བ་དམིགས་མི་འགྱུར། །དམ་ཚིག་བཅོ་ལྔ་ལ་གནས་པའི། །རྣལ་འབྱོར་ཆེན་པོ་དོན་གཉིས་རྫོགས། །ཀུན་གྱིས་བླང་བའི་དམ་ཚིག་ལྔ། །དྲི་ཆེན་དྲི་ཆུ་མཾ་ས་དང་། །ཟིལ་མ་ལྷག་པའི་སེམས་རྣམས་ལ། །གྲུབ་པ་བཞི་ཡིས་བརྒྱན་པའི་ཕྱིར། །ནད་ལྔ་བསལ་ཕྱིར་བླང་བ་དང་། །གཙོག་དམེ་རྟོག་སྦྱང་ཕྱིར་བླང་དང་། །ཐུན་མོང་དགོས་པ་ལྔ་ཕྱིར་དང་། །རིགས་ལྔ་འགྲུབ་པའི་ཡོན་ཏན་ནོ། །སྡུག་བསྔལ་གྲོལ་བའི་ཡོན་ཏན་ནི། །བཅུད་ལྔ་བཏུང་དབང་ལམ་གྱི་མཆོག །ཐབས་ཀྱི་ལུས་ལ་བརྟན་ཤེས་ན། །ཡོན་ཏན་བརྗོད་ལས་འདས་པར་གསུངས་། །ཕྱེ་བའི་དམ་ཚིག་སུམ་ཅུ་ཉིད། །སྐབས་ཀྱིས་དང་དུ་བླང་བར་བྱ། །བསྒྲུབ་པར་བྱ་བ་ལྔ་རྣམས་ལ། །རིག་དང་ཡེ་ཤེས་ཡབ་ཡུམ་ལྔ། །གཅིག་ལ་ལྔ་ལྔར་ཤེས་པར་བྱ། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །གཅིག་ཀྱང་ལྔ་ལྔར་ཕྱེ་བས་ན། །བཞི་བཅུ་ལྔ་ཡི་བྱེ་བྲག་རྣམས། །མཚན་ཉིད་ཤེས་ནས་བསྒྲུབ་པར་བྱའོ། །ཤེས་བྱ་ལྔ་ལ་བྱེ་བྲག་དང་། །ཕུང་པོ་ལྔ་དང་འབྱུང་བ་ལྔ་དང་། །དབང་པོ་ཡུལ་དང་ཡན་ལག་སར། །ཉོན་མོངས་དམ་རྫས་ཤ་དང་ནི། །ཕྱོགས་དང་ཁ་དོག་འགྲོ་བ་དང་། །སྙིགས་མ་བག་ཆགས་ལྔ་ལྔ་པོ། །བདུན་ཅུ་ལ་སོགས་འཁོར་བའི་ཆོས། །ཡེ་ཤེས་སྐུ་རིགས་ཡབ་ཡུམ་སོགས། །རང་བཞིན་ངང་གིས་ཀར་དག་པ། །བློ་ལ་ཉམས་སུ་ལོན་པ་ནི། །སྤྱོད་ཡུལ་ཡོངས་དག་རྣལ་འབྱོར་བའོ། །ཐུན་མོང་དམ་ཚིག་མདོར་བསྡུས་ན། །བདག་གཞན་དོན་ཏུ་ཤེས་པར་བྱ། །རྐྱེན་འགྱེད་ལུས་མཛེས་འདུས་ལྟང་དང་། །ཆང་དང་དྲེགས་སྤྱོད་ཁེང་སེམས་དང་། །རྡོ་རྗེ་གསུམ་ཕོག་ཕྱག་བྱེད་དང་། །ཆེ་དག་དགེ་སྨོད་སྡིག་བསྟོད་དང་། །ལེ་ལོ་སེར་སྣ་གཉིད་གཡེང་དང་། །ཁྲོ་གཏུམ་ཤེས་བཞིན་སྔོན་མི་བཏང་། །བཀའ་གཅག་སྡིག་པའི་གྲོགས་བསྟེན་དང་། །བག་མེད་སྤྱོད་དང་དམ་བཅའ་འདོར། །ཆོག་མི་ཤེས་དང་ངོམ་ལ་དགའ། །སྤང་བྱ་ཉི་ཤུ་གཅིག་བཟློག་པ། །བདག་དོན་མཆོག་ཏུ་གྱུར་པ་སྟེ། །ཀུན་གྱིས་བདག་ཉིད་ཁུར་བར་འགྱུར། །ཕ་རོལ་ཕྱིན་དྲུག་ཆོས་སྤྱོད་བཅུ། །རྣམ་བཞི་ལས་ཀྱི་སྤྱོད་པ་དང་། །མཐུན་འཇུག་ཐབས་ཀྱི་སྤྱོད་པ་ནི། །ཐེག་པ་དགུ་དང་མུ་སྟེགས་དགུ། །འགྲོ་བ་དྲུག་གི་སྤྱོད་པ་རྣམས། །འཛིན་དང་ཉམ་པ་མེད་པར་སྤྱོད། །དོན་འགྱུར་ཅི་ཡང་ཉམས་སུ་བླང་། །བཞི་བཅུ་བཞི་ལ་སོགས་པ་ཡིས། །གདུལ་བྱ་མ་ལུས་དོར་མི་བྱ། །བསྲུང་བྱ་དེ་དག་གྲངས་བརྟབ་ལ། །དྲན་དང་ཤེས་བཞིན་གྱིས་སྡོད་པ། །རྣལ་འབྱོར་དབང་ཕྱུག་ཆེན་པོར་གསུངས། །ཉམས་པར་གྱུར་པའི་རྒྱུ་དག་ནི། །མི་ཆོས་བླུན་པོའི་ལས་བྱེད་དང་། །བདག་བསྟོད་གཞན་སྨོད་ཟུར་འཛིན་མཁས། །ཁེ་དྲགས་ཉིད་ཀྱིས་འདུ་སྟེ་བརྣབ། །རྫས་ལ་ཆགས་སེམས་རང་ཕྱོགས་ཆེ། །ཆང་དང་རང་མཐོང་ལྟ་སྤྱོད་སྙེམས། །ཆོས་ལ་ཕྱོགས་རིས་ངོམས་རྐྱེན་དང་། །གསང་ཆུང་ལེ་ལོ་གཙང་དམེ་བྱེད། །སྒྲོ་བསྐུར་གྲོགས་ཀྱི་ཉམས་ལེན་དང་། །འཁོར་བའི་རིགས་རྒྱུད་སྤེལ་འདོད་ཅིང་། །གཅིག་པུར་མི་གནས་འདུ་ལ་དགའ། །ཉི་ཤུ་ཉམས་པའི་རྒྱུར་འགྱུར་རོ། །སྔ་རྟགས་སྔོན་དུ་འབྱུང་བ་ནི། །ཉམ་ང་བ་ཡི་ནད་རྣམས་རུང་། །དགྲར་བགེག་གཉིས་ལ་བདེན་མི་འཇུག །འཁོར་དང་ལོངས་སྤྱོད་ཡིད་འོང་བྲལ། །ཡ་ཁ་མ་ཉེས་ཁ་ཡོགས་འབྱུང་། །བརྩམས་པའི་ལས་ལ་འབྲས་མེད་ཅིང་། །ཡིད་དུ་མི་འོང་སྣ་ཚོགས་འབྱུང་། །གལ་ཏེ་ཉམས་ལ་རྟགས་མེད་པར། །ལེགས་པར་སྣང་ན་མི་རུང་སྟེ། །བདེ་བ་ཟད་བྱས་གཏན་དུ་སྡུག །གལ་ཏེ་མ་ཉམས་རྟགས་བྱུང་ན། །སྔོན་གྱི་རྣམ་སྨིན་ཟད་འགྱུར་ཕྱིར། །སྐོང་གསོའི་ལས་ལ་བརྩོན་བྱས་ན། །ངན་སོང་སྡུག་བསྔལ་མྱོང་མི་འགྱུར། །ཉམས་པར་གྱུར་པའི་སྐྱོན་རྣམས་ནི། །བྱང་སེམས་དམ་ཚིག་སྤངས་པར་འགྱུར། །སྐལ་བར་དགེ་བ་ཅི་བསགས་ཀྱང་། །གཞི་རྟེན་མེད་པར་འགྱུར་བ་ཡིན། །འཁོར་བའི་ཁམས་སུ་ཟག་པར་འགྱུར། །སྐུ་ཡི་དམ་ཚིག་ཉམས་གྱུར་ན། །ཡ་ངའི་ནད་སོགས་སྡུག་བསྔལ་ཚེ། །དུས་མིན་ཚོ་ཟད་བར་ཆད་མང་། །སྐལ་བར་རྡོ་རྗེ་དམྱལ་བར་ལྟུང་། །བདེ་བས་རབ་ཏུ་བྲེལ་བར་འགྱུར། །གསུང་གི་དམ་ཚིག་ཉམས་གྱུར་ན། །བགེགས་རྣམས་ཐོགས་མེད་འོང་བ་དང་། །རྐྱེན་དང་ཡེ་འདྲོག་མང་བ་དང་། །ཆོས་ལ་བྱིན་རླབས་མེད་འགྱུར་ཞིང་། །སྐལ་པ་གཉིས་སུ་དམྱལ་བར་ལྟུང་། །བསྒྲུབ་པའི་ཐབས་ལས་འགྱངས་བར་འགྱུར། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །སྨྱོ་འབོག་དབང་པོ་ཉམས་དག་བཅལ། །མྱོས་ཤིང་ལྐུགས་པའི་གནས་སུ་འགྱུར། །གང་ཡང་བསྒྲུབ་པ་རྟགས་མེད་ཅིང་། །ལྕེ་ལ་ཞིང་རྨོད་ལ་སོགས་པའི། །དམྱལ་བར་སྐལ་པ་གསུམ་དུ་གནས། །རྩ་བ་ཀུན་ཉམས་ཕྱལ་བ་དག །གསོ་བ་ཉེ་བར་མི་བརྩོན་ན། །རྡོ་རྗེ་དམྱལ་བར་དེ་ལྟུང་སྟེ། །དམྱལ་བ་ཕལ་པ་ཐམས་ཅད་ཀྱི། །སྡུག་བསྔལ་གཅིག་ཏུ་བསྡོམས་པས་ནི། །དེ་ཡིས་འབུམ་གྱི་ཆར་མི་ཕོད། །སངས་རྒྱས་སྟོང་གི་འོད་ཟེར་དང་། །བྱང་ཆུབ་སེམས་དཔའི་འཕྲིན་ལས་ཀུན། །རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར། །བསྐལ་པ་ཐེར་འབུམ་ལ་སོགས་སུ། །དེ་ནི་ཐོན་པར་མི་འགྱུར་ཏེ། །འཇིག་རྟེན་འཇིག་ན་གཞན་དུ་འཕོ། །སེ་གོལ་གཅིག་གིས་ཕྱིན་པར་བྱེད། །དེ་བས་ཤིན་ཏུ་ནན་ཏན་གྱིས། །ཡན་ལག་དམ་ཚིག་ཉམས་གྱུར་ན། །ལོངས་སྤྱོད་མང་དུ་འཕེལ་མེད་དང་། །ཐེག་པ་ཆེ་ལ་འཕྱས་འདོགས་ཤིང་། །ཐུན་མོང་མཆོག་གི་དངོས་གྲུབ་རྣམས། །ཤིན་ཏུ་རིང་བར་གྱུར་བ་དང་། །གདུལ་བྱའི་དོན་རྣམས་ཡལ་བར་འགྱུར། །ལྟ་སྤྱོད་ཡ་ཆར་གྱུར་པ་ཡིས། །ཐེག་པ་ཕྱི་ནང་འདྲེས་པ་ཉིད། །བཀའ་ཡི་བྱིན་ཉམས་གྲུབ་པར་དཀའ། །བསྲུང་བའི་ལྷ་རྣམས་གཡེལ་བ་དང་། །ཟབ་མོའི་ཆོས་ལས་རིང་འགྱུར་ཞིང་། །སྐལ་པར་ངན་སོང་སྡུག་བསྔལ་མྱོང་། །རྣལ་འབྱོར་སྔོ་སྐམས་ཉིད་དུ་གྱུར། །རྣལ་འབྱོར་སྐྱེས་བུ་ཆེན་པོ་དེས། །དམ་ཚིག་མ་ཉམས་གཞུང་ཐུབ་ན། །ལུས་ལ་ནད་ཉུང་མཚན་ལྡན་ཞིང་། །འཁོར་དང་ལོངས་སྤྱོད་འཕེལ་བ་དང་། །ཐུན་མོང་ཉེས་བྱས་དག་གྱུར་དང་། །སྲིད་པ་གསུམ་ལ་དབང་སྒྱུར་ཞིང་། །ཐེག་ཆེན་ཟབ་མོ་དོན་ཐོབ་འགྱུར། །གསུང་གིས་ལྷ་མཉེས་དོན་ཐོབ་འགྱུར། །མཐུ་དང་བྱིན་རླབས་བསམ་མི་ཁྱབ། །ལས་རྣམས་དུས་སུ་འབྱུང་བར་འགྱུར། །བསམ་པ་ཐམས་ཅད་ཡོངས་སུ་འགྲུབ། །ཐུགས་ཀྱིས་སྐྱོ་དུབ་མེད་པ་དང་། །མན་ངག་སྣོད་གྱུར་དངོས་གྲུབ་ཉེ། །དགོངས་ཟབ་དོན་ལ་མཁས་པ་དང་། །ལྷ་རྣམས་ཀུན་གྱིས་དབང་བསྐུར་འགྱུར། །ཡན་ལག་དམ་ཚིག་མ་ཉམས་ན། །རྣལ་འབྱོར་སྐྱེས་བུ་ཆེན་པོ་ཡིས། །སྐྱོན་བཟློག་པ་ཉིད་ཡོན་ཏན་ཏེ། །བདུད་བཞི་འཇོམས་ཤིང་ངན་སོང་སྦྱོང་། །ཐེག་ཆེན་ལྟ་སྤྱོད་གཞུང་སྲང་བས། །ལྷ་རྣམས་འགོ་ཞིང་བསམ་པ་འགྲུབ། །དོན་གཉིས་ཡོངས་སུ་རྫོགས་པར་འགྱུར། །ཐེག་ཆེན་དམ་ཚིག་ལ་གནས་ཤིང་། །འོག་མའི་འདུལ་སྡོམ་དམ་ཚིག་གསུམ། །བསྲུངས་པ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །དེ་ནི་རྣལ་འབྱོར་ཆེན་པོ་ཡིན། །ཉམས་ན་བསྐང་བའི་ཐབས་རྣམས་ནི། །བྱང་ཆུབ་སེམས་ཀྱི་དམ་ཉམས་པ། །མཁས་ལ་བླངས་ཏེ་གནས་པར་བྱའོ། །སྐུ་ཡི་དམ་ཚིག་ཉམས་འགྱུར་ན། །གང་ལ་ཉམས་པ་དེར་སོང་ལ། །ནོར་ཟས་འབྱོར་པ་མཉེས་ཕུལ་ནས། །གང་ཉེས་ཚིག་ཏུ་བཤགས་བྱས་ལ། །ཕྱིན་ཆད་སྡོམ་པ་ལེགས་པར་བཅའ། །གལ་ཏེ་གྲོངས་ཆད་གྱུར་པས་ན། །དེ་ཡི་སློབ་དཔོན་བཞུགས་པ་ལ། །དེ་ཚོ་གོང་མ་བཞིན་དུ་བཤགས། །མེད་ན་མཉམ་པ་བརྒྱ་ལ་བཤགས། །དེ་ཡང་རྙེད་པར་མ་གྱུར་ན། །དེ་དང་མཉམ་པ་གསུམ་བགུག་ལ། །སྦྱིན་སྲེག་མེ་ཐབ་རབ་བརྩིགས་ལ། །དཀྱིལ་འཁོར་ལྷ་ལ་མཆོད་རྫས་སུ། །སྤྱན་དྲང་གསང་མཚན་ལ་སོགས་མཆོད། །གོང་དུ་སྨོས་པའི་ཡོན་རྣམས་ནི། །དཔང་པོ་གསུམ་ལ་དབུལ་བར་བྱའོ། །གལ་ཏེ་གུས་པས་མི་ལེན་ན། །གཉིས་ཀ་རྡོ་རྗེ་དམྱལ་བར་ལྟུང་། །དེ་བས་མྱུར་དུ་ཚངས་པར་བྱ། །གསུང་གི་དམ་ཚིག་ཉམས་གྱུར་ན། །སྒོ་གསུམ་སྐུ་གསུང་ཐུགས་ཉིད་དུ། །ངེས་པར་ཤེས་ན་སྐོངས་པར་འགྱུར། །བཟླས་པ་བལྡབ་ཀྱིས་བསབ་པ་དང་། །བསྒྲུབ་པ་ཆེན་པོ་གསུམ་གྱིས་བསྐོང་། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །འགྲོ་དྲུག་སེམས་སུ་གསལ་རྟོགས་ན། །བདག་ཉིད་བདག་ལ་གསང་བ་མེད། །མི་རྟོག་ཏིང་འཛིན་ཀློང་ཞུགས་ཏེ། །མ་ཡེངས་བློ་ལ་འདྲིས་པར་བྱ། །ཡན་ལག་དམ་ཚིག་ཉམས་གྱུར་ན། །གང་འདས་དེ་ཉིད་སོར་བཅུག་ལ། །བརྒྱ་རྩ་བརྒྱད་ཀྱིས་ཚོགས་ཀྱིས་བསྐང་། །དེ་ལྟར་ཉམས་སུ་བླངས་ན་འགྲུབ། །སྔ་རྟགས་སྡུག་བསྔལ་འབྱུང་མི་འགྱུར། །དམ་ཚིག་ཆེན་པོའི་དཔེ་བསྟན་པ། །ས་གཞི་ལྟ་བུའི་རང་བཞིན་པས། །ལས་དང་འབྲས་བུའི་ཆོས་རྣམས་ཀུན། །དམ་ཚིག་མེད་པར་འབྱུང་བ་མིན། །སོ་མཚམས་དག་གི་རང་བཞིན་པས། །བསྲུང་བ་ཐུབ་དང་མ་ཐུབ་ལས། །ཉེས་ལེགས་སྟོབས་ཆེན་འབྱེད་པའོ། །རིན་ཆེན་ལྟ་བུའི་རང་བཞིན་པས། །དངོས་གྲུབ་དགོས་འདོད་ཐམས་ཅད་འབྱུང་། །ནམ་མཁའ་ལྟ་བུའི་རང་བཞིན་པས། །འདི་ཡོད་ཐམས་ཅད་ཤོང་བར་འགྱུར། །རྣོ་རྦལ་མཚོན་གྱི་རང་བཞིན་པས། །འཁོར་བའི་དྲྭ་བ་མ་ལུས་གཅོད། །ཕ་མ་ལྟ་བུའི་རང་བཞིན་པས། །དུས་གསུམ་སངས་རྒྱས་མ་ལུས་བསྐྱེད། །རྒྱ་མཚོ་ལྟ་བུའི་རང་བཞིན་པས། །བརླབས་ཆེན་དུས་སུ་འབྱུང་བར་བྱེད། །མེ་དཔུང་ལྟ་བུའི་རང་བཞིན་པས། །གང་མཆོངས་ཐམས་ཅད་ཚིག་པར་བྱེད། །དེ་བཞིན་རྩི་སྨན་རང་བཞིན་པས། །འཁོར་བའི་གཅོང་རྙིང་མ་ལུས་འབྱིན། །རྒྱལ་པོ་ལྟ་བུའི་རང་བཞིན་པས། །ཕྱོགས་འགལ་བསྙན་པས་རིམ་གྱིས་འཚོ། །རྒྱ་མཚོར་ནོར་ལེན་ཚོང་དཔོན་བཞིན། །ཐོག་མ་ནས་མཐར་འདི་ཕྱིན་པས། །འདི་ལ་ཤིན་ཏུ་ནན་ཏན་བྱོས། །དམ་ཚིག་དམ་ཚིག་ཞེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་དམ་ཚིག་ཡིན། །ཇི་སྙེད་སྣང་བའི་ཆོས་རྣམས་སུ། །རང་རིག་རྐྱེན་འབྲས་ཉིད་སྣང་བས། །ཅིར་སྣང་ཅིར་སྲིད་རང་རིག་ཉིད། །འགྲེ་ལོག་སྤྱི་གཙུག་གར་འགྲོ་ཡང་། །སྙིང་པོའི་དོན་ལས་འདའ་མི་སྲིད། །རང་བཞིན་དམ་ཚིག་ཆེན་པོར་བཤད། །རང་བཞིན་ལྷུན་གྲུབ་དམ་ཚིག་ལ། །རིག་པས་ཕྱིན་ཅི་མ་ལོག་ན། །སྔོན་སྣང་བརྟག་པའི་ཆོས་མེད་པས། །ལྟ་བའི་དམ་ཚིག་ཆེན་པོར་བཤད། །དེ་དོན་བློ་ལ་འདྲིས་པ་ཡིས། །སྤྱོད་ལམ་ཀུན་ཏུ་྄མ་ཉམས་པར། །ཏིང་འཛིན་རྒྱན་གྱི་དམ་ཚིག་སྟེ། །སངས་རྒྱས་ཉིད་དང་སྤྱོད་ཡུལ་ཅིག །འདི་ལ་བསྲུང་བ་ཅི་ཡང་མེད། །ཉམས་པ་རྡུལ་ཙམ་འབྱུང་མི་སྲིད། །ནམ་མཁའི་སྤྱོད་པ་འཛིན་མེད་པས། །ལྟག་པའི་དམ་ཚིག་རྣམ་བཞིར་ལྡན། །སྲུང་བྱ་མ་ལུས་འདིར་འདུས་ཕྱིར། །དམ་ཚིག་ཀུན་གྱི་མདོ་ཞེས་བྱ། །སྒྱུ་འཕྲུལ་རྣམ་བཀོད་གཏོར་ཚོགས་རྒྱ་མཚོའི་རྒྱུད་ཆེན་ལས། །ལམ་འབྲས་སྙིང་པོ་མེ་ལོང་བཅུ་གཅིག་གིས་མཚོན་པ། །འཁོར་ལོ་ངང་མཆུའི་ཚུལ་གྱིས་སྒེགས་པའི་བློས་བསྡུས་པའི། །དགེ་རྩས་ཀུན་ཀྱང་དམ་གནས་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །དམ་ཚིག་གསལ་བཀྲ་ཞེས་བྱ་བ། །སློབ་དཔོན་ཆེན་པོ་སྒེག་པ་རྡོ་རྗེས་མཛད་པའོ། །རྫོགས་སོ། །བཅོམ་ལྡན་འདས་ཐུགས་རྡོ་རྗེ་ལ་ཕྱག་འཚལ་ལོ། །རང་གི་ལྷ་ལ་ཕྱག་བཙལ་ནས། །ལམ་བཞི་དག་ཡོད་བྱ་བའི་ཕྱིར། །ལས་སྣོད་སྐལ་བས་གནས་གྱུར་པ། །དམ་ཚིག་ཕྲ་རྒྱས་གསུངས་པ་དེ། །ཐུན་མོང་མཆོག་གི་སྲུང་བྱ་རྣམས། །རྣལ་འབྱོར་ཆ་ལ་གནས་པ་ཡི། །བདག་དང་གཞན་དང་ཆོས་ཀྱི་ཕྱིར། །གཞུང་ཚུལ་སྲུང་བ་འདི་མི་བྱ། །སྔ་མ་སྲུང་བར་བྱ་བ་ནི། །མཐའ་ཡས་གསུངས་པ་མདོ་ཙམ་དུ། །ངེས་འབྱུང་བཞི་ཡིས་བཞི་རྣམས་དང་། །དཀའ་ཐུབ་འཛིན་མེད་སེམས་ཀྱིས་བསྲུང་། །གཞི་ཕྱིར་གཞན་ཡང་ལུས་ངག་གི། །རྒྱན་པོ་འགྱེད་རྣམས་དོར་བ་དང་། །མཚོན་ཐོགས་འཕོང་རྩེད་མཆོང་རྒྱུག་དང་། །མ་རབས་ཐོར་བུའི་སྤྱོད་ཀུན་དོར། །ངག་གི་བཞི་དང་གྲོལ་ངག་རྣམས། །ནམ་ཡང་སྨྲ་བར་བྱ་བ་མིན། །ཉོན་མོངས་དྲུག་དང་བྱིང་རྒོད་སོགས། །སྐྱོན་སེམས་བྱེ་བྲག་བསམ་མི་ཁྱབ། །གང་དག་དོན་མེད་དེ་ལེན་པ། །ཁ་ན་མ་ཐོ་འཕེལ་བ་དང་། །སྐྱེ་བོའི་གནས་སུ་མི་འགྱུར་པས། །འཁོར་བའི་མཐའ་མར་སྤྱང་ཐག་ཡིན། །བྱང་ཆུབ་ཆེད་ཕྱིར་གང་ཡང་སྤྱད། །དེ་དག་ལས་ལྡོག་སྤྱོད་པ་གསུམ། །སེམས་ཀྱིས་ཟིན་པར་གང་སྤྱོད་པ། །སངས་རྒྱས་སྐུ་གསུང་ཐོབ་པར་འགྱུར། །ཕྱི་མ་རྩ་ལ་ཡན་ལག་པས། །ལྔ་བཅུའི་བརྒྱ་དང་དྲུག་ཅུ་དང་། །ཉིས་བརྒྱའི་སྲུང་བྱ་མ་ལུས་པ། །བཀའ་ལུང་གཉིས་ཀྱི་རྗེས་སུ་སྙེགས། །པན་ཙི་ཉིང་ལག་ཞེས་བྱ་བའང་། །དང་པོ་ཉིད་ནས་ཐབས་སྤྱོད་དང་། །ཤེས་རབ་ཉིད་ཀྱིས་ཉིས་འགྱུར་ཡིན། །དེ་དེས་སྲུང་བྱ་སུམ་བཅུ་སྟེ། །བྱང་ཆུབ་སེམས་ནི་བླ་མེད་ལྷ། །ཞི་ཁྲོའི་ལྷ་དགུ་ཉིད་དང་བཅུ། །བཅུ་གཉིས་བསམ་ལས་མི་འདའ་ཞིང་། །ཐུན་མོང་མཆོག་གིས་ཚད་མེད་བརྒྱད། །བདེན་གཉིད་བྱང་ཆུབ་རྣམ་པ་བཅུ། །བླ་མེད་གསལ་བས་ཉམས་མི་བྱ། །ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །བདག་ཉིད་ལྷ་དང་མཉམ་སྦྱོར་ན། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །དེ་ཕྱིར་དུས་གསུམ་འདའ་མི་བྱ། །བླ་མ་བཀུར་བའང་སྒོ་གསུམ་གྱིས། །ལུས་ཀྱི་སྲུང་བའང་བརྡེག་སོགས་ལས། །ཐིང་སླད་ཙམ་དུའང་བྱ་བ་མིན། །འདོད་ཡོན་ལྔ་ཡི་མཆོད་པ་དང་། །གསང་བའི་སྣོད་དུ་དུག་མི་སྤྱོད། །འགྲོ་བ་དྲང་པོའི་ཕྱོགས་སྤང་དང་། །གདན་ས་གདན་སོགས་མི་བརླམ་དང་། །འགྲེང་འདུག་ངན་སྤྱོད་ལ་སོགས་སྤང་། །རྒྱན་འདོགས་ཟེ་ལྡིར་དེ་བཞིན་ཏེ། །མ་རབས་སྤྱོད་པ་ཀུན་སྤངས་ལ། །སྤྱོད་ལམ་ཟོན་ཆག་བསྟི་མི་གནས་བྱ། །རྫུན་དང་ཕྲ་མ་ངག་རྩུབ་དང་། །འཁྱལ་བ་ནམ་ཡང་མི་བྱ་སྟེ། །བེ་ཕོགས་མ་ཡིན་རྟ་བགད་དོར། །ལྐོག་ཏུ་ཚུལ་བརྗོད་ཉམས་པར་འགྱུར། །ཡོན་ཏན་བརྗོད་ཅིང་སྙན་པར་སྨྲ། །ཅ་ཅོ་ལ་སོགས་མ་ཡིན་པས། །སངས་རྒྱས་རྡོ་རྗེ་གསུང་ཐོབ་འགྱུར། །དམ་པ་སྟོན་པའི་བླ་མ་ལ། །ཆགས་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་དུག་ལྔའི་སེམས་མི་བྱ། །ངན་དུ་མི་སེམས་ལྕི་བར་སེམས། །ཕ་མ་ཡི་དམ་འདྲ་བར་བསམ། །རྟག་ཏུ་གདུང་བ་རྒྱུན་མི་བཅད། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཞི་ཁྲོའི་ཕྱག་རྒྱ་བདུན་གཉིས་དང་། །ཕྱོགས་བཅིང་རྟེན་དང་ཁང་པའི་སྔགས། །རྩ་སྐྱེད་ལས་རྣམས་བཞི་ཡི་སྔགས། །དབང་བསྐུར་བྱིན་བསྡུ་གསང་སྔགས་དང་། །སྤྱན་དྲངས་སྟིམ་བརྟན་ཕྱག་འཚལ་མཆོད། །དུས་གསུམ་རྒྱུན་དུ་གཞི་ཡིན་ཕྱིར། །ནམ་ཡང་རྒྱུན་བཅད་སྤང་མི་བྱ། །ཡང་དག་ལམ་དུ་ཞུགས་པའི་གྲོགས། །བསྣུན་དང་མ་བྱིན་བླང་མི་བྱ། །ཟླ་ཟེར་མ་ཡིན་གཟུངས་མི་བྱ། །ལྟ་སྤྱོད་མཐོ་བའི་གོང་མི་བཅད། །དབང་དང་དམ་ཚིག་དེ་བཞིན་སྟེ། །ཀུན་ཏུ་ཡངས་བག་ཟོན་ཕྲིག་ཅན། །བཀུར་སྟིས་མཆོད་བྱེད་དགའ་བར་སྤྱོད། །རྫུན་སོགས་རྣམ་བཞི་སྤང་བ་དང་། །གསང་བྱ་མི་སྨྲ་ཚུལ་མི་བརྗོད། །སྙན་སྨྲ་ཞེ་ས་གསོང་པོར་སྨྲ། །བདེན་ཚིག་སྲི་ཞུ་སྨྲ་བྱེད་པའོ། །སེམས་ཀྱི་སྔོན་བཞིན་དུག་ལྔ་དོར། །མངན་དང་དཔྱད་སེམས་སྤང་བ་དང་། །མིག་འདྲར་ལྟ་ཞིང་གདུང་བར་བྱ། །གནོད་སེམས་སྤང་དང་རྣམ་བཅུའོ། །གསང་བའི་དོན་ཕྱིར་མི་སྨྲ་བ། །སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེན་གཏད་རྣམ་པ་བཅུ། །སེམས་ཀྱིས་བསྟན་པར་མི་བསམ་ཞིང་། །ངག་གིས་བརྗོད་པར་ཡོངས་མི་བྱ། །ལུས་བརྡས་བསྟན་མིན་སུམ་ཅུའོ། །ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལ་བཅུ་ཕྲག་གཉིས་སུ་དབྱེ། །དང་དུ་བླང་བའི་དམ་བསྒྲུབ་རྫས། །བསྒྲུབ་རྫས་ལྔ་ཡང་རྩ་བ་བརྒྱད། །བརྒྱད་ཆ་རེ་ཞིང་དང་སྙིགས་ལྔ། །རེ་རེའང་རྣམ་པ་བཅུ་རུ་འགྱུར། །ཞིང་བཅུའི་བདུད་རྩིའི་དེ་བཞིན་པས། །རྣམ་པར་དབྱེ་བ་ཉི་ཤུའོ། །བདག་གཞན་རང་བཞིན་ཞིང་དང་གཉིས། །རྫས་བཅུ་ཐབས་སྤྱོད་ཤེས་རབ་སྤྱོད། །བཅུ་གཉིས་ཉི་ཤུར་འགྱུར་བའང་རིགས། །མི་སྤང་ལྔ་ལ་བཅུ་གཉིས་ཏེ། །ཞིང་བཅུ་ཐབས་ཀྱི་མཛད་པས་འཇོམས། །ཤེས་རབ་རང་བཞིན་མེད་པར་གྲོལ། །ཐབས་དང་ཤེས་རབ་ཞེ་སྡང་གིས། །བདག་གཞན་དོན་རྣམས་རྫོགས་པར་བྱེད། །ཡན་ལག་བཅུ་ཡི་དམ་ཚིག་ལ། །ཐབས་ཀྱི་མཛད་པ་མི་འབྱེད་ཅིང་། །ཤེས་རབ་གཉིས་མེད་མི་འབྱེད་པའི། །གཏི་མུག་བཅུ་གཉིས་འདའ་མི་བྱ། །དེ་ལྟར་ཐབས་དང་ཤེས་རབ་བཅུ། །གཉིས་ནི་གདེང་དུ་གྱུར་པ་ཡི། །ལྷག་པའི་ང་རྒྱལ་མི་འདའ་བ། །ང་རྒྱལ་ཆེན་པོའི་དམ་ཚིག་གོ། །ཞིང་བཅུ་ཐུགས་རྗེས་མི་གཏོང་བ། །རིགས་ལྔའི་ཡུམ་ལ་ཐབས་ཀྱིས་རོལ། །ཏིང་འཛིན་ཐབས་དབང་རང་བཞིན་སྦྱར། །ཤེས་རབ་དོན་དང་འདུ་འབྲལ་མེད། །མ་རྟོགས་གཉིས་དང་ལོག་རྟོགས་གཉིས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །གསང་སྔགས་ཕྱི་པའི་ཐེག་པ་གསུམ། །གསང་སྒོར་མཛད་པས་མི་ཚུད་ཅིང་། །ཤེས་རབ་ལྟ་ངན་མི་ཆུད་པ། །ཕྲག་དོག་ཆེན་པོའི་དམ་ཚིག་གོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་རྣམས། །བདག་གི་རྡོ་རྗེ་མཆོག་གསུམ་པོས། །ལོག་པར་མི་སྟོང་སྡོམ་པའི་དངོས། །ས་གཞི་ལྟ་བུར་སྲུང་བ་ཡིན། །རྒྱས་འབྲིང་སྟོང་རྩ་བརྒྱད་དང་ནི། །ས་ཡ་འབུམ་སྡེ་བདག་གཞན་ཕྱིར། །སྲུང་བའི་རྒྱུད་དག་ལས་གྲགས་པ། །གསུམ་གྱི་སྲུང་པ་སྔོན་བཞིན་ནོ། །དམ་ཚིག་འདི་ནི་རྡོ་རྗེ་ཆེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །འགྲུབ་འགྱུར་འདིར་བདེ་རྟག་པ་ཡི། །དབང་ཕྱུག་ཆེན་པོ་ཉིད་དུ་འགྱུར། །བྱིན་རླབས་གསུམ་གྱིས་མཛད་པ་དང་། །ཉེ་འདུ་ལས་བྱང་རྟག་ཏུ་སྲུང་། །ཡིད་འོང་གཏེར་འདོད་བསམ་འགྲུབ་ཅིང་། །ཕུན་སུམ་ཚོགས་ཡོན་རྒྱུད་ལས་འབྱུང་། །མྱོང་ལ་དམ་ཚིག་རྡོ་རྗེ་ཆུ། །བཞག་ཅིང་གོ་བས་བསྒྲགས་བྱས་ནས། །རྒྱུད་ལྔ་ཐ་ཚིགས་བྲལ་འགྱུར་ན། །རག་ཤ་ཡག་ཤར་གྱུར་ནས་ཀྱང་། །བསད་ནས་དམྱལ་བ་ཆེན་པོ་བརྒྱུད། །དེ་ཡི་སྡུག་བསྔལ་བཟོད་གླགས་ཆད། །ས་མ་ཡ་བི་ཏནྟྲ་ལས། །ཉེས་གསུམ་ཐོས་པའང་ཉམ་ང་ན། །འདི་ཕྱིས་མཐོང་མྱོང་སྨོས་ཅི་དགོས། །དེ་བས་རྒྱུན་དུ་མདོ་བཤགས་བསྔོ། །གང་དག་ས་གཞི་མེད་པ་དག །ཚུལ་འཆོས་ཕྱིར་ན་ཡོན་ཏན་བརྗོད། །ཉེས་སྨྲ་རྡོ་རྗེའི་དམ་ལྡན་མིན། །ལྷག་པར་བདག་ལྡན་སྨོས་ཕྱིར་རོ། །རྣལ་འབྱོར་ལམ་མཐར་ཕྱིན་བྱ་ཞིང་། །བདག་གཞན་དོན་ཕྱིར་ཕྲ་རྒྱས་བསྡུས། །ངལ་བའི་དགེ་རྩ་གང་ཡོད་པས། །མཐའ་ཡས་རྡོ་རྗེ་གསུམ་ཐོབ་ཤོག །དམ་ཚིག་ཕྲ་རྒྱས་བསྟན་པ་རྫོགས་སོ།། ། ༅། །སྒྱུ་འཕྲུལ་དམ་ཚིག་གསལ་བྱེད་སྤར། །བསྟན་གཉིས་དར་གླིང་ཆོས་གྲྭར་བསྐྲུན། །དགེ་བས་བདག་གཞན་འབྲེལ་བཅས་འགྲོ། །སྐྱེ་ཀུན་དམ་ཚིག་རྣམ་དག་ཤོག །དགེའོ། །དགེའོ། །དགེའོ། །བྱེ་སྤར་ལྟར་བྲིས་པའོ།།

གསལ་བཀྲའི་འགྲེལ་རྣལ་འབྱོར་མིག་གི་སྒྲོན་མ། གཙང་སྟོན་རྡོ་རྗེ་རྒྱལ་མཚན།

༄༅ ། །ཀཿཐོག་པ་ཆོས་རྗེ་གཙང་སྟོན་རིན་པོ་ཆེའི་གསུངས། དམ་ཚིག་གསལ་བཀྲའི་འགྲེལ་རྣལ་འབྱོར་མིག་གི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རིག་བདག་མཉམ་ཉིད་རང་བྱུང་རིན་པོ་ཆེ། །ཅིར་ཡང་སྣང་བ་གདུལ་བྱའི་གྲངས་བཞིན་ཏེ། །ཡོངས་སུ་རྫོགས་པ་ཀུན་ཏུ་བཟང་པོའི་ངང་། །མཁའ་བཞིན་འདའ་བ་མེད་ལ་གུས་པར་འདུད། །ལམ་ད ང་འབྲས་བུའི་བདག་ཉིད་རྡོ་རྗེ་ཆེ། །མཆོག་གི་སྤྱོད་ཡུལ་མཐར་ཐུག་ཐེག་པ་ཡི། །གཞི་ཉིད་དམ་པའི་དོན་གྱིས་གསལ་བ་ལས། །དོན་གྱི་ནུས་ཆུང་ཚིག་གི་བརྗེད་བྱང་བྲི། །སྤྱིར་ཤེས་བྱ་ཐམས་ཅད་བསྡུ་ན་གཉིས་ཏེ། བརྗོད་བྱ་དོན་དང་། རྗོད་བྱེེད་ཚིག་གོ། །དང་པོ་ལ་ཡང་གཉིས་ཏེ། ཀུན་ནས་ཉོན་མོངས་པ་རྟེན་འབྲེལ་རྒྱུ་འབྲས་དང་། །རྣམ་པར་བྱང་བ་རྟེན་འབྲེལ་རྒྱུ་འབྲས་སོ། །དང་པོ་ནི། གསང་བའི་སྙིང་པོ་ལས། སྲིད་རྩེའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །རྒྱུ་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །ཅེས་སོ། །རྣམ་པར་བྱང་བ་ལ་ཡང་གཉིས་ཏེ། །ལམ་དང་། འབྲས་བུའོ། །དེ་ལས་འབྲས་བུ་ནི། བསྐལ་པ་གྲངས་མེད་པར་ཚོགས་བསགས་པའི་སྐྱེས་བུས་གྲོན་ཚགས་མེད་པར་ལམ་ཉམས་སུ་བླང་སྟེ། ལམ་གྱི་རྩོལ་བ་ཟད་ནས། གཞི་ཅི་བཞིན་པར་སོན་པ་ཉིད་འབྲས་བུ་སྟེ། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་པའོ། །ལམ་ནི། ཐམས་ཅད་མཁྱེན་པ་གཉིས་སུ་མེད་པའི་ཐུགས་རྗེས་གདུལ་བྱ་འགྲོ་དྲུག་ལ་ཆོས་ཀྱི་སྒོ་མོ་དཔག་ཏུ་མེད་པར་གསུང་སྟེ། གསང་སྙིང་ལས། ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར། ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་ཞེས་པ་དང་། །ཐེག་པ་བཞིའི་ངེས་འབྱུང་ལ། །ཐེག་པ་ཅིག་གི་འབྲས་བུར་གནས། །ཞེས་པས། རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ཏེ། དེ་དག་ནི་ལམ་པ་རྣམས་ཀྱིས་ཉམས་སུ་བླངས་ནས་འབྲས་བུ་ལ་སྦྱོར་བར་བྱེད་པས་ན་ལམ་མོ། །བརྗོད་བྱེད་ཚིག་ནི་གསང་བའི་སྙིང་པོ་ལས། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲ་བཏགས་མིང་ཚོགས་ལས། །བརྟེན་པའི་ཚིག་གི་རབ་མཚོན་ཏེ། །ཞེས་པས། དངོས་སམ་བརྒྱུད་ནས་ཕན་པ་མ་ཡིན་ཏེ། མ་རྟོགས་པ་དང་ལོག་པར་རྟོགས་མུ་རྟོགས་ཀྱི་ཚོགས་སོ། །དངོས་སམ་བརྒྱུད་ནས་ཕན་པར་བྱེད་པ་སྟེ་ཐེག་པ་དགུའོ། །དེ་ཡང་རྒྱུ་ཡི་ཐེག་པའི་སྡེ་སྣོད་རིན་པོ་ཆེ་གསུམ། སྣོད་དག་པར་བྱས་པར་ལྟ་བུ་སྟེ། ཕྱི་པ་རྣམས་གསུམ་བཅུད་བླུགས་པ་ལྟ་བུ་དང་། ནང་པ་རྣམས་གསུམ་རོ་མྱོང་བ་ལྟ་བུ་སྟེ། གསང་སྔགས་སྡེ་སྣོད་གསུམ་དུ་བསྡུ་བ་ནི་རྒྱལ་པོ་འབངས་སུ་བསྡུ་བ་ལྟ་བུའོ། །ཞེས་བདག་གི་བླ་མ་དམ་པའ་ིགསུངས་སོ། །སྐབས་སུ་མ་བབ་ཅིང་ཡི་གེས་འཇིགས་པས་ཞིབ་པར་མི་སྤྲོའོ། །འདིར་བརྗོད་བྱའི་ངོ་བོ་རྒྱུ་དང་འབྲས་བུ་གཉིས་ལ། འབྲས་བུའི་ཐེག་པའོ་དེ་ཡང་ཕྱི་ནང་གཉིས་ལས་ནང་པ་ལ་གསུམ་སྟེ། བསྐྱེད་པ་དང་། རྫོགས་པ་དང་། རྫོགས་པ་ཆེན་པོའོ། །དེ་ཡང་བདུད་རྩི་ལས། རྒྱུད་དང་ལུང་དང་མན་ངག་ཀྱང་། །འབངས་དང་རྗེ་དང་རྒྱལ་པོའི་ཚུལ། །ཞེས་པས། གསུམ་པོ་རེ་རེའི་ནང་ན་ཡང་གསུམ་ཀ་ཚང་བར་སྟོན་པ་དང་། འདིར་ཡང་རྩ་བའི་རྩ་བ་མཉམ་པའི་དམ་ཚིག་ཉིད། ཨ་ཏི་ཡོ་གའི་དམ་ཚིག་བཞི་སྟོན་པའོ། །ཤས་ཆེ་བར་བསྐྱེད་པ་དང་རྫོགས་པ་གཉིས་སྟོན་ཏེ་སྤྱོད་པ་སྲུང་བ་ལ་ཁྱད་མེད་པའིཕྱིར་རོ། །དེ་ལྟར་སྟོན་ཡང་འདིར་རྒྱུད་ཀྱི་ཁུང་ཤས་ཆེ་བ་མ་ཧཱ་ཡོ་ག་ཡིན་པའི་ཕྱིར་རོ། །དེ་་ལ་ཡང་བདེ་བར་གཤེགས་པས་ཞལ་ནས་གསུངས་པའི་རྒྱུད་སྡེ་བཅོ་བརྒྱད་དང་། དེ་ལ་བརྟེན་ཏེ་མཛད་པའི་ཆོས་རྣམས་སོ། །དེ་ལ་གཉིས་ཏེ། མངོན་པར་རྟོགས་པའི་མན་ངག་དང་། །བསླབ་ཅིང་ཉམས་སུ་བླང་བའི་མན་ངག་གོ། །དང་པོ་ནི། རྒྱུད་ཀྱི་དོན་མངོན་པར་རྟོགས་པའི་ཐབས་ཏེ། ཁོག་འབུབ་པ་དང་། འབྲེལ་པ་ལ་སོགས་པའོ། །གཉིས་པ་ནི། བཅུ་འམ་བདུན་གྱིས་སྟོན་སྟེ། སློབ་དཔོན་སྒེག་པའི་རྡོ་རྗེས། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །འཕྲིན་ལས་བསྒྲུབ་པའི་ལས་རིམས་ཀྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་གསུངས་པས། བདུན་ལས་འདི་ནི་མི་འདའ་བ་དམ་ཚིག་གི་མན་ངག་གོ། །དེ་ནས་གང་ཟག་འཇུག་ངོ་ཤེས་པར་བྱ་བའི་ཕྱིར་དམ་པའི་ཆོས་ཀྱི་ངོས་བཟུང་བའོ། །དེ་ལ་བཤད་པའི་ཐབས་བསྟན་པ་ནི། བཀའ་དང་བསྟན་བཅོས་གཉིས་ལས། འདིར་བསྟན་ཆོས་ཡིན་པས་རྩིས་འགོ་ཀླད་ནས་གཞོམ་ཞེས་པས། དོན་གསུམ་སྟེ། རྩིས་མགོ་ལྔས་བཤད་པ་དང་། ལྔ་བོ་དེ་དཀྱུས་ནས་སྙད་དུས་འབྱིན་ངོས་བཟུང་བ་དང་། སྤྱིའི་དབུ་ཞབས་་ཀྱི་རྗོད་བྱ་མདོར་བསྡུས་སྟེ་བློ་ལ་བླང་ན་ཚིག་གང་གིས་དོན་གང་སྟོན་པའོ། །དེ་ལ་དང་པོ་ནི། ཁུང་བཙུན་ཅིང་ཡིད་ཆེས་པར་བྱ་བའི་ཕྱིར་སློབ་དཔོན་གང་གིས་མཛད་ན་སྒེག་པའི་རྡོ་རྗེས་སོ། །དེ་ལའང་རྒྱ་གར་དང་བལ་པོ་གཉིས་ཡོད་པ་ལས་འདི་རྒྱ་གར་རོ། །དེ་ལ་ཡང་སྔ་ཕྱི་གསུམ་ཡོད་པ་ལས་འདི་དང་པོའོ། །དེ་ལ་སྤྱིར་བསྟན་ཆོས་རྩོམ་པ་ལ་རབ་ཆོས་ཉིད་བདེན་པའི་དོན་མཐོང་བ། འབྲིང་ཡི་དམ་ལྷ་ཡི་ཞལ་མཐོང་བ། ཐ་མ་རིག་པའི་གནས་ལྔ་ལ་མཁས་པ་ཅིག་གིས་མཛད་པ་ཡིན་པ་ལ། སློབ་དཔོན་འདི་ནི་གསུམ་ཀ་འཛོམ་པ་སྟེ། ཆོས་ཉིད་བདེན་པའི་དོན་མཐོང་ཞིང་། རྡོ་རྗེ་སེམས་དཔའི་ཞལ་མཐོང་སྟེ། རིག་པའི་གནས་ལྔ་ལ་མཁས་པའི་སློབ་དཔོན་དེས་མཛད་དེ་སྤར་ཁབ་མཁན་པོ་དང་མཐུན་ནོ་གསུངས། བསྟན་པ་ལ་མཚན་ངེས་ཤིང་དཔེ་དོན་གྱི་མདོ་རྩམ་ཞིག་རྟོགས་པར་བྱ་བའི་ཕྱིར་རོ། །མཚན་ཅི་ལས་བཏགས་ནས་འདོག་ལུགས་ལྔ་སྟེ། དཔེར་ལས་བཏགས་པ་དང་། རྣམ་གྲངས་ལས་བཏགས་པ་དང་། གང་ཟག་ལས་བཏགས་པ་དང་། ཡུལ་ལས་བཏགས་པ་དང་། དོན་ལས་བཏགས་པ་ལས། འདིར་ཐ་མའོ། །དེ་རང་ལ་བཞི་སྟེ། དོན་གྱི་གཙོ་བོ་ལས་བཏགས་པ། རྡོ་རྗེ་སེམས་དཔའི་ཞུས་ལན་དང་། ཆུ་གཏོར་ལྟ་བུ། དོན་གྱི་རྣམ་གྲངས་ལས་བཏགས་པ་ནི། རིམ་དྲུག་དང་། རིམ་གསུམ་ལྟ་བུ། དོན་མདོར་བསྡུས་པ་ལས་བཏགས་པ་སྐོལ་མདོ་ལྟ་བུ་ལ། འདིར་ནི་དོན་རང་གི་ངོ་བོ་ལས་བཏགས་པ་སྟེ། དམ་ཚིག་རྡོ་རྗེ་གསལ་བཀྲ་ཞེས་པ་དང་། དམ་ཚིག་ཆེན་པོ་མདོར་བཤད་བྱ། །ཞེས་པས་སོ། །དེ་ཡང་དམ་པ་ནི་ཆོས་ཉིད་ལ་བྱ་སྟེ་དེས་ཐམས་ཅད་ལ་ཁྱབ་ཅིང་མི་འདའ་བས་ན་དམ་པའོ། །དེ་རྟོགས་ན་འཁོར་བའི་སྡུག་བསྔལ་འཇིག་ལ་མ་རྟོགས་པ་ན་རྣམ་བྱང་གི་བདེ་བ་ཚིག་པའོ། །དེ་ཉིད་དུས་གསུམ་དུ་མི་འགྱུར་བས་ན་རྡོ་རྗེའོ། །མ་འདྲེས་ལ་ཡོངས་སུ་རྫོགས་པའི་ངོས་ནས་སྐལ་ལྡན་གྱི་རིག་པ་ལ་གསལ་ཞིང་བཀྲ་བའོ། །ཡང་ན་རྡོ་རྗེ་སློབ་དཔོན་གྱི་སྤྱན་སྔར་དབང་གི་དུས་སུ་བཅས་པའི་རྩ་བ་དང་ཡན་ལག་གི་རྣམ་གྲངས་རྣམས་ཏེ་བསྲུངས་མ་སྲུངས་ཀྱིས་འཁོར་འདས་ཚིག་པའི་ཕྱིར་རོ། །རྡོ་རྗེ་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་རྣམ་གསུམ་ད་ལྟ་ཉིད་ནས་རྣལ་འབྱོར་པའི་རྒྱུད་ལ་གསལ་ཞིང་བཀྲ་བར་བྱེད་པའོ། །ཡང་ན་རྡོ་རྗེ་ནི་དཔེ་ལྟར་གཞོམ་དུ་མེད་ཅིང་འདའ་བར་དཀའ་བ་སྟེ། འདི་ནས་འབྱུང་བའི་དམ་ཚིག་རྣམས་སོ། །གསལ་བཀྲ་པ་ནི། རྩ་བ་སོ་སོར་མ་འདྲེས་ཤིང་གསལ་བ་དང་། ཡན་ལག་སོ་སོར་མ་འདྲེས་ཤིང་བཀྲ་བའམ། ཡང་ན་རྩ་བའི་རྩ་བ་མ་འདྲེས་པས་གསལ་བ་དང་དེ་ཉིད་ཀྱི་ཡན་ལག་བཀྲ་བའོ། །ཡན་ལག་གི་རྩ་བ་རྣམས་གསལ་ཞིང་ཉིང་ལག་རྣམས་མ་འདྲེས་པར་བཀྲ་བའོ། །ཡང་ན་རྩ་བ་དང་ཡན་ལག་རྣམས་རྒྱུད་ནས་འཐོར་ཏེ་མི་གསལ་བ་རྣམས་འདིར་ཡོད་ཚད་ཀུན་ཕྱོགས་གཅིག་ཏུ་བཀོད་པས་གསལ་ལ་མ་འདྲེས་པས་སོ་སོའི་བཀྲ་བའོ། །དོན་དེས་ན། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ་ཞེས་པས་རྡོ་རྗེ་ལྟ་བུ་གསུམ་འམ་ལྔ་མངོན་དུ་གྱུར་པའི་དཔལ་རྡོ་རྗེ་སེམས་དཔའ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ངོ་བོ་ཉིད་ཡིན་ལ། དེའི་ཐུགས་མཁྱེན་པའི་ཡེ་ཤེས་དེ་ཉིད་གདུལ་བྱ་བློ་རབ་འབྲིང་ལ་རིམ་པ་བཞིན་དམ་ཚིག་གི་ཚོགས་སུ་སྣང་བ་སྟེ། དེས་ན་དབྱེར་མེད་པས་རྡོ་རྗེ་ཞེས་སྨོས་སོ། །དམ་ཚིག་དེ་དག་བསྲུངས་པ་ལ་བཟོད་གཅིག་རྡོ་རྗེ་འཆང་དུ་སྣང་ཞེས་བྱ་བ་ནི། དྲང་བའི་དོན་ཏེ་བློ་དམན་གྱི་ངོར་ངེས་སོ། །བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར་ན་རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་ན་གསང་བའི་སྙིང་པོ་ལ་སོགས་པ་རྒྱུད་གསུམ་ནས་བཏུགས་ཤིང་ཕྱོགས་མ་ཧཱ་གར་གཏོགས་ཏེ། དེ་ལང་རྒྱུད་གསུམ་ངེས་པར་གསལ་བྱེད་པ། །ཞེས་དང་། སྒྱུ་འཕྲུལ་རྣམ་བཀོད་ཅེས་པ་ལ་སོགས་པས་རྒྱུད་ཀྱི་ཁུངས་བསྟན་ཕྱོགས་ཀྱང་རྒྱུད་གསུམ་དང་འདི་ཉིད་ཀྱི་གཞུང་གིས་བརྗོད་བྱའི་དོན་ཐམས་ཅད་མ་ཧཱ་ཡོ་ག་ཁོ་ན་ཡིན་པའི་དེ་ཉིད་དོ། །བརྩམ་པ་ལ་དོན་ཡོད་པར་བྱ་བའི་ཕྱིར་གང་ཟག་གི་དོན་དུ་མཛད་ན་ཕྱི་རབས་ཀྱི་གང་ཟག་ལམ་པ་རྣམས་ཀྱི་དོན་དུ་མཛད་དེ་ལམ་གྱི་རྣལ་འབྱོར་རྣམས་དོན་ཕྱིར་ཞེས་པ་དང་། ལམ་གྱི་རྒྱུད་ལ་ཞུགས་པ་རྣམས་ཀྱིས་ཞེས་པ་དང་། ལྟ་སྤྱོད་ཏིང་འཛིན་འབྲེལ་དགོས་པས་ཞེས་པ་ལ་སོགས་པས་སོ། །ཤེས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དབུ་ནས་ཞབས་ཀྱི་བར་དུ་དོན་དུས་བསྟན་ན་གསུམ་སྟེ། ཀླད་ཀྱི་དོན་ལ་སོགས་པའོ། །དེ་ལྟར་དེ་དག་གིས་ནི་རྩིས་འགོ་ལྔ་དང་། དེ་དཀྱུས་ནས་སྙད་དུས་འབྱོན་ངོས་བཟུང་བའོ། །བཤད་ཐབས་ཀྱི་གསུམ་པ། བརྗོད་བྱའི་དོན་བསྡུས་ཏེ་བློ་ལ་བླང་ན་དཀྱུས་ནས། ངོ་བོ་རྣམ་གྲངས་བསྲུངས་ཐབས་དང་། །ཞེས་པ་ལ་སོགས་པ་ལ་བརྗོད་བྱའི་དོན་བཅུ་པོ་དེ་ཉིད། གཞུང་བརྗོད་བྱེད་འདི་ཉིད་ཀྱིས་སྟོན་པ་ལ་སྐྱོན་བསྐུར་བྲལ་བར་སྟོན་པའོ། །དོན་དེ་གསུམ་གྱིས་བཤད་པའི་ཐབས་བསྟན་པའོ། །དེ་ཡི་གོང་མས་དམ་པའི་ཆོས་ངོས་གཟུང་ལ་དེ་གཉིས་སྡོམ་པས་དགོས་པའི་དོན་གྱི་ཁོག་དབུབ་པའོ། །སྤྱི་དོན་གཉིས་པ། དཀྱུས་ཀྱིས་ས་བཅད་པ། གསུམ་པ། ཚིག་གི་འབྲུ་ནོན་པ་གཉིས་ཐུན་མོང་དུ་འཁྲོལ་དུ་སྟོན་ཏེ། དོན་གསུམ་གྱིས་ས་གཅོད་པ་ས་གཅོད་ཀྱི་གཞུང་དང་མཐུན་ཏེ། ཀླད་དང་། གཞུང་དང་། ཞབས་སོ། །ཀླད་ལ་གཉིས་ཀྱི་དང་པོ་ཕྱག་འཚལ་བའི་གནས་ཚིག་དོན་དུ་བསྟན་པ་ནི། རྡོ་རྗེ་འཛིན་ལ་ཞེས་པ་སྟེ་ཕྱག་འཚལ་བའི་ཡུལ་རྡོ་རྗེ་སེམས་དཔའ་ནི་གསང་སྔགས་མ་ཧཱ་ཡོ་གའི་སྟོན་པ་ཡང་ཡིན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱང་ཡིན། སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཀྱང་ཡིན་ཏེ། དོན་ལ་འཁོར་འདས་དབྱེར་མེད་ཀུན་ཏུ་བཟང་པོའོ། །རྡོ་རྗེ་ནི་མཚོན་པ་དཔེ་དང་མཚོན་བྱ་དོན་གཉིས་ལས། མཚོན་པ་ལ་ཡང་གཉིས་ཀྱི་དང་པོ་རྣམ་གྲངས་མཚོན་པ་ནི། ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་གཅིག་གི་བརྡར་རྡོ་རྗེ་རྩེ་གཅིག་པར་བསྟན་པ་དང་། དེ་བཞིན་དུ་རང་བྱུང་ཡེ་ཤེས་སྐུ་གསུང་ཐུགས་གསུམ་དང་ལྡན་པའི་རྟགས་སུ་རྡོ་རྗེ་རྩེ་གསུམ་པ་དང་། དེ་ཉིད་ཡེ་ཤེས་ལྔའི་རྟགས་སུ་རྡོ་རྗེ་རྩེ་ལྔ་པ་དང་། ཡེ་ཤེས་དགུའི་རྟགས་སུ་རྩེ་དགུ་བསྟན་པའོ། །ནུས་པ་མཚོན་པ་ནི་རྡོ་རྗེའི་ཕ་ལམ་ཏེ། དེ་ཉིད་ཀྱིས་ཀྱང་གཞོམ་དུ་མེད་པ་དང་། རིན་པོ་ཆེ་གཞན་ཐམས་ཅད་ཀྱི་འཇོམས་བྱེད་དུ་གནས་པ་དང་། རང་གི་ངོ་བོ་མི་ཕྱེད་པ་གསུམ་གྱིས་མཚོན་པས། དོན་གྱི་རྡོ་རྗེ་ཆོས་ཀྱི་དབྱིངས་དངོས་པོ་ཐམས་ཅད་དང་བྲལ་ཞིང་ནམ་མཁའ་ལྟ་བུ་སྟེ། དངོས་པོ་གང་གིས་ཀྱང་འགྱུར་དུ་མི་བཏུབ་པ་དང་། དེ་ཉིད་མ་འགགས་པར་གསལ་བ་རིག་པའི་ཡེ་ཤེས། ཆོས་ཐམས་ཅད་ཀྱི་དབྱིངས་སུ་འཇོམ་པའི་བདག་ཉིད་དུ་བཞུགས་པ་དང་། དབྱིངས་ཉིད་མི་འགག་པར་གསལ་བ་ནི་རིག་པའི་ཡེ་ཤེས་སོ། །ཡེ་ཤེས་དངོས་པོ་ཐམས་ཅད་དང་བྲལ་བ་ནི་ཆོས་ཀྱི་དབྱིངས་ཏེ། ནམ་མཁའ་དང་སྟོང་གསལ་མི་ཕྱེད་པ་ལྟ་བུ་ནི་མི་ཕྱེད་པའོ། །དོན་དེ་ནི་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་གཞིའོ་དོན་ནོ། །རྡོ་རྗེ་ལྟ་བུ་ལྔ་ནི། རྡོ་རྗེ་སེམས་དཔའ་ནི་དོན་དམ་པའི་ཆོས་ཉིད་སྤྲོས་པ་དང་བྲལ་བའོ། །ངོ་བོ་ནི་འདུས་མ་བྱས་པའི་ཆོས་ཉིད་དོ། །རང་བཞིན་ནི་དབྱེར་མི་ཕྱེད་དེ་ནམ་མཁའ་བཞིན་ནོ། །དེ་ཡི་མཚན་ཉིད་ནི་སྐྱེ་འཇིག་མེད་པའོ། །ཡོན་ཏན་ནི་རྩལ་མི་དགོས་པར་སྣང་བའོ། །འཕྲིན་ལས་ནི་བདག་གཞན་གཉིས་འཛིན་ཐམས་ཅད་འཇོམས་པའོ། །འཛིན་ཞེས་པ་ནི་མི་གཏོང་བའམ་བདེ་བླག་ཏུ་གྱུར་པ་ཏེ། གོང་མའི་དོན་དེ་ཉིད་རང་རིག་པའི་མངོན་གསུམ་དུ་རང་བཞིན་གྱིས་འོད་གསལ་ཞིང་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བ་ལྷུན་གྱིས་གྲུབ་པའོ། །དོན་དེ་ཉིད་ཀྱི་ཞར་ལ་དཔའ་བའང་གྲུབ་སྟེ་རིག་པའི་ཡེ་ཤེས་ཅིར་ཡང་མི་འགགས་པས་མྱ་ངན་ལས་འདས་པའི་མཐའ་ལས་དཔའ་བ་ལ། ཆོས་ཀྱི་དབྱིངས་གང་དུའང་མ་གྲུབ་པས་འཁོར་བའི་མཐའ་ལ་དཔའ་བའོ། །གོང་མ་ལྟ་བུའི་རྟགས་མི་འགག་པར་སྣང་བ་་གཟུགས་ཀྱི་སྐུར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། རྒྱུད་ཀྱི་སྟོན་པ་ནི་ཕྱག་གི་ཡུལ་ལོ། །དོན་དེས་ན་བརྗོད་བྱ་དམ་ཚིག་གི་ཚོགས་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་དབྱེར་མེད་པས་ཕྱག་འཚལ་བ་ཆོས་ཀྱི་ཁ་བྱང་དུ་གསལ་ཏེ། དམ་ཚིག་འཆད་པར་མངོན་ནོ། །ལན་ཅེས་པ་གཞིའི་དོན་སྟེ་ཕྱག་གི་ཡུལ་ལོ། །ངེས་ཚིག་གི་དོན་བསྟན་ནས། ངོ་བོ་སྤྱི་དོན་དུ་བསྟན་པ་ནི་ཕྱག་འཚལ་ཞེས་པ་སྟེ། དེ་ལ་བཞི་སྟེ། དང་པོ་གང་གིས་འཚལ་ན་སློབ་དཔོན་སྒེགས་པའི་རྡོ་རྗེས། རྗེས་འཇུག་དུ་རྣལ་འབྱོར་འདི་ཡི་སྒོར་ཞུགས་པ་ཐམས་ཅད་ཀྱིས་སོ། །གང་ལ་འཚལ་ན་དོན་རྟགས་རྣམ་པ་གཉིས་དང་ལྡན་པའི་རྡོ་རྗེ་སེམས་དཔའ་ལའོ། །ཚུལ་ཅི་ལྟར་འཚལ་ན་གསུམ་སྟེ། མི་ཕྱེད་འདྲེས་པའི་ཕྱག་ནི་རྡོ་རྗེ་སེམས་དཔའ་དང་རྣལ་འབྱོར་པ་རང་བཞིན་ཡེ་ནས་དབྱེར་མེད་པར་རྟོགས་ནས་དེ་ལ་དེར་འཛིན་ཡང་མ་དམིགས་པ་སྟེ་ལྟ་བའི་གདེང་གིས་ཆོད་པའོ། །དེ་ཡང་ཞི་ཁྲོ་གལ་འཕྲེང་ལས། ཆུ་ལ་ཆུ་དང་མར་ལ་མར། གཉིས་མེད་རིག་པ་དང་འདྲེས་ཕྱག་འཚལ་ཅེས་སོ། །གཉིས་པ་བསྒྲུབ་པ་ཐབས་ཀྱི་ཕྱག་ནི། འདི་ན་སྨོས་པའི་དམ་ཚིག་རྣམས་དྲན་པ་དང་ཤེས་བཞིན་གྱིས་མི་ཉམས་པར་བསྲུང་ཚུལ་གཉིས་ཀྱི་སྒོ་ནས་བསྲུང་བ་ནི་བསྒྲུབ་པའི་ངོ་བོའོ། །དེ་ནས་གང་ཞིག་བསྒྲུབ་པ་འཇལ་བའི་ཕྱག་ཅེས་བྱའོ། །སྤྱོད་པ་ཡ་རབས་ཀྱི་ཕྱག་ནི་ལུས་ངག་ཡིད་གསུམ་གུས་པ་དང་བཅས་པས་འོག་མ་དང་མཐུན་པར་ཕྱག་འཚལ་བའོ། །ཅི་ཡི་ཕྱིར་ཕྱག་འཚལ་བའི་དགོས་པ་ནི་གཉིས་ཏེ། སྤྱིར་བཙལ་བའི་དགོས་པ་དང་། ཁྱད་པར་དུ་བཙལ་བའི་དགོས་པའོ། །དང་པོ་ལ་གཉིས་ཏེ། དངོས་སུ་སློབ་དཔོན་ཉིད་ཀྱི་ཕྱག་དང་དེ་ཉིད་ཡི་གེའི་དཀྱུས་སུ་བཀོད་པའོ། །སློབ་དཔོན་ཉིད་ཀྱི་ཕྱག་གི་དགོས་པ་ལ་གཉིས་ཀྱི་དང་པོ་འཇིག་རྟེན་པ་དང་ཚུལ་མཐུན་པར་མོས་པ་ཅན་དྲངས་པའི་དགོས་པ་ནི། དཔེར་ན་འཇིག་རྟེན་ན་ཡང་རབས་དམ་པ་དག་འཇིག་རྟེན་གྱི་བྱ་བ་གང་བསྒྲུབ་པའི་སྔོན་དུ། རང་གྲུབ་པའི་ལྷ་ལ་ཕྱག་འཚལ་ན་བྱས་པ་ཆུད་མི་ཟ་བ་བཞིན་ནོ། །འདིར་སློབ་དཔོན་ཉིད་ཀྱིས་བསྟན་ཆོས་འདི་མཛད་པའི་སྔོན་དུ། ཡི་དམ་གྱི་ལྷ་ལ་ཕྱག་འཚལ་བས་སློབ་དཔོན་ཉིད་ཡ་རབས་དམ་པར་ངེས་པས། གང་ཟག་གང་ཟག་གི་རྗེས་སུ་འབྲང་བ་རྣམས་འཇུག་པ་དང་། རྡོ་རྗེ་སེམས་དཔའ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་སློབ་དཔོན་ཉིད་མཁྱེན་པ་རྒྱ་ཆེ་བར་མངོན་པས། གང་ཟག་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་འཇུག་པའི་དགོས་པའོ། །གཉིས་པ་བར་ཆད་མེད་ཅིང་ཐུགས་དགོངས་མཐར་ཕྱིན་པའི་དགོས་པ་ནི། ཕྱག་འཚལ་བས་ཚོགས་རྫོགས་ཤིང་སྒྲིབ་པ་བྱང་སྟེ། བར་ཆད་ཞི་བ་སྣང་མུན་ལྟ་བུ་ཡིན་ལ། དེ་ལ་རྟོགས་པའི་ཕྱག་གིས་ཤེས་བྱའི་སྒྲིབ་པ་བྱང་ཞིང་། ཡེ་ཤེས་ཀྱི་ཚོགས་རྫོགས། སྒྲུབ་པའི་ཕྱག་གི་ཉོན་མོངས་པའི་སྒྲིབ་པ་བྱང་ཞིང་། སྤྱོད་པ་ཡ་རབས་ཀྱི་ཕྱག་གིས་ལས་སྒྲིབ་བྱང་ཞིང་བསོད་ནམས་ཀྱི་ཚོགས་རྫོགས་ཞེས་འཆད་ན། འདིར་སློབ་དཔོན་ཆེན་པོ་ལྟ་བུ་སྐལ་པ་ཡ་རབས་ཀྱིས། རྡོ་རྗེ་སེམས་དཔའ་དང་དམ་ཚིག་དབྱེར་མེད་ཉིད་རང་རིག་པའི་གདེང་དུ་ཆུད་ནས། རིམ་པར་བསགས་སྦྱངས་མེད་དེ་ཉི་མ་ཤར་ནས་མུན་པ་དག་པ་བཞིན། སྐད་ཅིག་མ་གཅིག་ལ་ཚོགས་རྫོགས་པ་དང་སྒྲིབ་པ་དག་པ་དུས་གཅིག་གོ། །དོན་དེས་བར་ཆོད་རྒྱུ་ནས་དག་སྟེ་ཅི་བརྩམ་པ་ཐམས་ཅད་མཐར་ཕྱིན་ལ། ཁྱད་པར་དུ་ཆོས་འདི་ཉིད་བརྩམ་པ་མཐར་ཕྱིན་པས་མ་འོངས་པའི་གང་ཟག་འདི་ཡི་སྒོར་ཞུགས་པ་རྣམས། མཐར་འབྲས་བུ་ལ་སྦྱོར་བ་ནི་སློབ་དཔོན་ཉིད་ཀྱི་ཐུགས་དགོངས་མཐར་ཕྱིན་པའི་དགོས་པའོ། །ཡི་གེའི་དཀྱུས་སུ་བཀོད་པའི་དགོས་པ་ལ་གཉིས་ཏེ། སློབ་དཔོན་ཡ་རབས་ཀྱི་ཚུལ་ཅན་དུ་ཤེས་པར་བྱ་བ་གོང་དུ་བསྟན་པ་ལྟར་གོ་བས། དེས་མོས་གུས་ཀྱི་དད་པ་བསྐྱེད་པས་འབྲས་བུ་ལ་སྦྱོར་བ་དང་། ཕྱི་རབས་ཀྱི་ཉན་བཤད་མཁན་རྣམས་མོས་གུས་ཉམས་སུ་བླངས་པས་སྒྲ་ཚད་ལྟ་བུ་མ་ཡིན་སྟེ། ཚོགས་དགོས་པ་ཉིད་ལམ་གྱི་ངོ་བོར་བསྟན་པས་བསྒྲུབ་པ་ཉམས་སུ་བླང་བའི་དགོས་པའོ། །དེས་སྤྱིར་ཕྱག་འཚལ་བ་ལ་བསྟན་ནས། ཁྱད་པར་དུ་རྡོ་རྗེ་སེམས་དཔའ་ཁོ་ན་ལ་བཙལ་བའི་དགོས་ཆེད་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཕྱག་འཚལ་ཏེ། ཤེས་རབ་སྤྱན་འབྱེད་ལས། དཀྱིལ་འཁོར་གཙོ་བོ་སྐྱེས་བུ་མཆོག །དམ་པའི་ལྷ་ཕྱིར་ཕྱག་འཚལ་ནས་ཞེས་པ་དང་། རྒྱས་པ་ལས། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཉིད་དེ་རིགས་བཞི་ལྷ་དང་ལྷ་མོ་འཁོར་ཅེས་པས་སོ། །འཆད་པའི་སྐྱེས་བུ་ཡིན་པ་དང་། དམ་ཚིག་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཕྱག་འཚལ་བ་ནི། རྡོ་རྗེ་སེམས་དཔའི་བཀས་བཤད་པའོ། །སྡོམ་པའི་རྩ་བ་མ་ལུས་ཀུན། །ཞེས་རྒྱས་པ་ལས་འབྱུང་བས་སོ། །ཐུགས་དམ་གྱི་ལྷ་ཡིན་པའི་ཕྱིར་ཕྱག་འཚལ་བ་ནི། རྒྱལ་པོ་ཛས་རྡོ་རྗེ་སེམས་དཔའ་ཞལ་མཐོང་བའི་དུས་སུ། སྔོན་ཚེ་གོང་ནས་འབྲེལ་བའི་ལས་ཀྱིས་མཇལ་བའི་ལྷ་མཆོག་གོ། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ་། །ཞེས་པས་སོ། །ཀླད་དོན་གྱི་གཉིས་པ་བཤད་པར་དམ་བཅའ་བ་ནི། དེ་ལྟར་སྟོན་པ་མཆོད་བྱས་ནས། །ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཕྱག་འཚལ་ནས་ཅི་བྱེད་ཅེ་ན་བཤད་པར་བྱ་ཅེས་པས་འབྲེལ་ལོ། །གང་བཤད་དམ་ཚིག་ཆེན་པོ་ཅེས་པ་སྟེ། རང་བཟོས་མ་ལགས་སམ་ཞེ་ན་རྒྱུད་གསུམ་ཞེས་པས་ལུང་བསྟན་རྒྱུད་ནས་ཡོད་པ་བལྡབས་པས་ཅི་དགོས་ཤེ་ན། རྒྱུད་ན་འཐོར་བ་གོ་བདེ་བའི་དོན་དུ་བསྡུས་ནས་བསྒྲིགས་ཏེ་བཀོད་པས་མདོར་ཅེས་བྱའོ། །འོ་ན་ལྷག་ཆད་དུ་མ་གྱུར་རམ་ཞེ་ན་ངེས་པར་གསལ་བྱེད་པའི་ཅེས་པས། ཚིག་བསྡུས་ལ་དོན་རྒྱས་པའོ། །གང་གི་ཕྱིར་ཅེ་ན་ལམ་གྱི་རྣལ་འབྱོར་རྣམས་དོན་ཕྱིར། ཞེས་པ་སྟེ། གསང་སྔགས་པ་རྣམས་ཀྱི་དོན་དུའོ། །འོ་ན་གསང་སྔགས་བྱིན་རླབས་ཀྱི་ལམ་པ་ཡིན་པས་སྔོན་དུ་བླ་མ་དང་ཡི་དམ་ལ་དབང་མི་ཟ་བ་དགོས་ན་དེ་ཡོད་དམ་ཅེ་ན། དེ་ལྟར་སྟོན་པ་མཆོད་བྱས་ནས། ཞེས་པས་སྟོན་པ་གཉིས་ལ་མཆོད་པ་བྱས་ནས་གསང་སྔགས་ཀྱི་གཞུང་དང་མི་འགལ་བར་བསྟན་ཏོ། །དམ་བཅའ་བ་སློབ་དཔོན་ཉིད་ཀྱིས་མཛད་པས་ཆོག །དཀྱུས་སུ་དགོད་པ་ཅི་དགོས་ཞེ་ན། དྲ་མ་རྣམས་དམ་བཅའ་བ་སྔོན་དུ་སོང་ནས་བརྩམ་པ་མཐར་ཕྱིན་པའི་ཕྱིར། སློབ་དཔོན་ཉིད་ཀྱང་དེ་ལྟར་བསྟན་པ་དང་། ཕྱི་རབས་པ་ལའང་གདམ་པ་སྟེ། དེ་ནས་ཕྱག་གི་སྐབས་སུ་བསྟན་པ་བཞིན་ནོ། །དེས་དཀྱུས་སུ་བཀོད་པའི་དགོས་པ་སྟེ་ཁོག་དོན་ནོ། །ཚིག་གི་དོན་ནི་དེ་ལྟར་སྟོན་པ་མཆོད་བྱས་ནས། ཞེས་པ་སྟེ། གོང་དུ་ཕྱག་གི་སྐབས་སུ་བློ་རབ་འབྲིང་རྣམ་པ་གསུམ་གྱི་ཐབས་ཀྱིས་བསྟོད་པ་བྱས་པ་དེ་ལྟར་སྟོན་པ་ནི་གཉིས་ཏེ། ཆོས་ཐམས་ཅད་ཀྱི་ཁོ་ན་གབ་པ་གསང་བ་བཞིས་ཆོད་པའི་རང་བཞིན་གྱི་རྒྱུད་ནི་རྡོ་རྗེ་སེམས་དཔས་སྟོན་ལ། གཟུ་ལུམ་རས་ཆོད་ཅན་གྱི་ཆེད་དུ་ཡི་གེའི་རྒྱུད་ལ་གབ་པ། སྦས་པ་དང་མི་བསྟན་པའི་གསང་བ་རྣམས་ནི་རྡོ་རྗེ་སློབ་དཔོན་གྱིས་སྟོན་པའི་གཉིས་པོ་དེ་ཐབས་ཅིའི་སྒོ་ནས་ཀྱང་མཉེས་པ་ནི་མཆོད་པ་ཞེས་བྱ་སྟེ། དོན་དེ་ཉིད་སྔོན་དུ་སོང་བ་ལ་ནི་བྱས་ཞེས་སོ། །ལྷ་རྗེ་གླན་གྱིས་དེ་ལྟར་ཅེས་པ་རང་བཞིན་རྒྱུད་ལ་འདོད་སྐད། སྤྱིར་རྣལ་འབྱོར་པ་གཞི་ལམ་འབྲས་བུ་གསུམ་ཀ་ལ་འཇུག་ཀྱང་། འདིར་ལམ་བཀར་ནས་སྟོན་པ་ནི་གང་ཞིག་ལམ་གྱི་བགྲོད་པ་དོན་དུ་གཉེར་ནས་ཡུལ་དུ་ཕྱིར་ནས་དོན་ཉམས་སུ་མྱོང་བ་བཞིན། འདིར་འབྲས་བུ་བསྒྲུབ་པའི་ཐབས་ལྟ་སྤྱོད་སྒོམ་གསུམ་དབྱེར་མེད་པ་ཉིད་ཆུ་ཡི་རྒྱུན་ལྟར་མི་འབྲལ་བ་ནི་འབྲས་བུ་ཐོབ་པའི་ཐབས་མ་ནོར་བ་སྟེེ། རྣལ་འབྱོར་ཞེས་པའང་དོན་དེ་ཉིད་ཉམས་སུ་ལོན་པའི་རྟེན་ཀྱི་གང་ཟག་གོ། །རྣམས་ནི་དབྲེ་བསྐོལ་མེད་པར་བསྒྲུབ་པ་པོ་ཐམས་ཅད་དོན་ནི་ལམ་ཉམས་སུ་བླང་བ་ཉིད་གནས་སྐབས་ཀྱི་དོན་ལ། འབྲས་བུ་མངོན་དུ་གྱུར་པ་མཐར་ཐུག་གི་དོན་སྟེ། དེ་དག་ཐམས་ཅད་བར་མ་དོར་ཆུད་མི་ཟ་ཞིང་མཐར་ཕྱིན་པར་བྱེད་པ་ནི་ས་གཞིའམ་དེད་དཔོན་དང་འདྲ་བའི་དམ་ཚིག་ཡིན་པས་དེ་དག་དགོས་ཆེད་དེའི་ཕྱིར་རོ། །རྒྱུད་གསུམ་ནི་གསང་བའི་སྙིང་པོ་དང་། གཏོར་རྒྱུད་དང་ས་མ་ཡ་བཀོད་པ་སྟེ། གསལ་བྱེད་ཅེས་པ་ནི་རྒྱུད་ན་འཐོར་བ་རྣམས་སྙིགས་མའི་དུས་ཀྱི་གང་ཟག་གིས་རྟོགས་སླ་བའི་ཕྱིར། གསང་བའི་སྙིང་པོ་ནས་རྩ་བའི་དམ་ཚིག་བཅོ་ལྔ་སྟོན་པ། འདིར་ཡན་ལག་ཉིང་ལག་དང་བཅས་པ་གསལ་བར་སྟོན་པར་བྱེད་པ་དང་། ས་མ་ཡ་བཀོད་པ་ནས་བསྲུང་ཐབས་ཉམས་རྒྱུ་ལ་སོགས་པ་རྣམས་འཐོར་ནས་ཡོད་པ་རྣམས་འདིར་ཕྱོགས་ཕྱོགས་སུ་བསྡེབ་ནས་གསལ་བར་བྱེད་པ་དང་། གཏོར་རྒྱུད་ནས་ལུས་རྣམ་པར་བཞག་པ་བཅུར་སྟོན་པ་ཉིད་དེ། ཉུང་ན་མི་ཆོག་ཅིང་མང་ན་མི་དགོས་པས་དེ་ཉིད་གསལ་བར་བྱས་པའོ། །ངེས་པར། ཅེས་པར་སྒྲོ་སྐུ་དང་བྲལ་བའི་རྒྱུད་གསུམ་གྱི་དོན་ལྷག་ཆད་མེད་པར་སྐལ་ལྡན་ཚེ་གཅིག་གིས་འབྲས་བུ་ལ་སྦྱོར་བའི་ངོ་བོ་མངོན་གསུམ་དུ་སྣང་བར་བྱས་པ་ལ་གསལ་བྱེད་ཅེས་བྱའོ། །ཡང་ན་རྒྱུད་གསུམ་ཅེས་པས་དམ་ཚིག་གི་ཆེ་བའང་ཡིན་སྟེ། གཞན་གཞུང་གི་དམ་ཚིག་རྣམས་ནི་ལམ་གྱི་ནང་ནའང་སྲུང་བའི་ངོ་བོ་ཙམ་གཅིག་སྟོན་ལ། འདི་ནི་གཞི་དམ་ཚིག་འདི་ཉིད་སྟོན་པས། གཞི་ལམ་འབྲས་བུ་གསུམ་ཀ་སྐལ་ལྡན་གྱི་བློ་ལ་ངེས་པར་གསལ་བར་བྱེད་པ་སྟེ། དེ་ཡང་སྤྱི་དང་བྱེ་བྲག་གཉིས་ལས་འདིའི་བརྗོད་བྱའི་དོན་དང་ཚིག་གི་རྣམ་གྲངས་མ་ལུས་པ་སེམས་ཉིད་ངང་ལ་སྣང་ཞིང་དེ་དང་གཉིས་སུ་མེད་པ་གཞི་ཡིན་ལ་ལམ་དུ་རྟོགས་ནས་རྟོགས་པའི་དོན་ལས་མི་འདའ་བ་སྐྱེད་དུ་བྱ་བ་དང་བཅས་པ་ཉིད་ནས་ལམ་སྟེ། དེ་ཉིད་མཐར་ཕྱིན་ནས་དམ་ཚིག་ཐམས་ཅད་དབྱེར་མེད་པའི་ངོ་བོ་རྡོ་རྗེ་སེམས་དཔའ་ཉིད་འབྲས་བུའོ། །དེ་དག་ངེས་པར་གསལ་བྱེད། ཅེས་བྱའོ། །བྱེ་བྲག་ན་བྱང་ཆུབ་སེམས་ཀྱི་དམ་ཚིག་དང་། ཤེས་པར་བྱ་བ་དང་། མཉམ་པའི་དམ་ཚིག་དང་། ལྟ་བ་ཤེས་ཆེར་སྟོན་པ་ཐམས་ཅད་གཞིའོ། །རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཉམས་སུ་བླངས་པའི་ངོས་ནས་ལམ་ཤེས་པ་དང་བསྒྲུབ་པའམ་དམ་ཚིག་མཐར་ཕྱིན་པ་འབྲས་བུ་སྟེ། དེ་དག་སྐལ་ལྡན་གྱི་ངོ་ལ་ངེས་པར་གསལ་བྱེད་ཅེས་བྱའོ། །དེས་ན་དམ་ཚིག་ཆེན་པོ་ཞེས་པ་དམ་ཚིག་གི་འབྲས་བུའང་མཚན་དང་མཐུན། ཆེན་པོ་ཅེས་པ་ཡོ་ག་ཕྱི་ནང་ཀུན་ལ་དཔགས་པ་སྟེ། བདུན་གྱིས་སོ། །དེ་ཡང་གསང་བའི་སྙིང་པོ་ལས། རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །བདེར་གཤེགས་ཉིད་ཀྱི་ཡུལ་ལ་བཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཅི་བཞིན་ཉིད་དང་འདུལ་བའི་ཐབས། །ཅི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཉམས་ན་བསྐང་བས་རྫོགས་པ་དང་། །དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་པ་སྟེ། འཇིག་རྟེན་གྱི་གཙོ་བོ་ལྷ་ཆེན་པོ་བརྒྱད་དང་། །དེའི་འཁོར་རྣམས་ཀྱིས་བཀུལ་བ་དང་། དམ་པ་མཆོག་སངས་རྒྱས་ཀྱིས་སྲས་སུ་དགོངས་ཤིང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤུན་དུ་དགོངས་ཏེ་ཉིན་མཚན་དུས་དྲུག་དུ་བྱིན་གྱིས་རློབ་པ་དང་། ཚེ་འདི་ཉིད་ལ་ད་ལྟ་ནས་བདེ་བར་གཤེགས་པའི་དགོངས་སྤྱོད་ལ་འཇུག་སྟེ་ཡུལ་གཅིག་ལ་རོལ་བ་དང་། དེས་ཁམས་གསུམ་གྱི་རྩ་བ་ཟད་སྟེ། རྒན་མོ་ལ་བུ་ནད་མི་སྡིག་པ་ལྟར། གཟུང་འཛིན་གྱི་ཉེས་པ་དང་བྲལ་བ་དང་། ད་ལྟ་ཉིད་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་སུ་གསེར་གླིང་ལྟར་དངོས་སུ་སྦྱོར་བ་དང་། འོག་མའི་འདུལ་སྡོམ་མ་ལུས་པ་རིལ་ཆེད་དུ་བསྲུངས་པ་མེད་པར་ཉེས་པ་རྡུལ་ཕྲ་རབ་ཀྱང་མ་དམིགས་པར་དག་པའི་ངང་དུ་ལྷུན་གྱིས་གྲུབ་པ་དང་། ཉན་ཐོས་ནི་ཞིག་ན་གསོར་མེད། བྱང་སེམས་ནི་ཉམས་ནས་གསོས་ན་འཕྲོ་སོབས་ལ། འདིར་གསང་སྔགས་ནི་ཉམས་ནས་བསྐངས་ན་འཕྲོ་སོབས་པའི་སྟེང་དུ་བསྒྲུབ་པར་འགྱུར་ཏེ་འབྲས་བུ་ཆེ་བར་འབྱིན་པའོ། །མདོར་ཞེས་པ་རྒྱུད་གསུམ་ན་འཐོར་བས་འདུས་དཀའ་བ་དེ་བརྗོད་བྱེད་འདིའི་དོན་རྒྱས་ལ་ཚིག་མདོར་བསྡུས་ཞེས་པའོ། །ཡང་ན་སློབ་དཔོན་སྒེགས་པའི་རྡོ་རྗེ་ཉིད་ཀྱིས་བཞེད་པའི་དམ་ཚིག་མདོ་རྒྱས་འབྲིང་དགུ་ལས་གོང་མ་རྣམས་ལ་བལྟོས་ན་འདིས་ཉུང་བས་མདོར་ཞེས་བྱའོ། །བཤད་བྱ་ཅེས་པ་ཐུགས་ཀྱི་དགོངས་པ་དམ་བཅས་པ་ཉིད་ཞལ་དུ་ཕྱུངས་པའོ། །དམ་ཚིག་སྣོད་ཀྱི་བྱེ་བྲག་དང་སྦྱར་བའི་དགོས་པ་ལ་གསུམ་གྱི་དང་པོ། རྟེན་གྱི་གང་ཟག་གི་མཚན་ཉིད་ནི་ལམ་གྱི་རྒྱུད་པ་ཞུགས་པ་རྣམས་གྱིས། ཞེས་པ་ལ་སོགས་པ་སྟེ། གང་ཞིག་ཉམས་སུ་བླངས་ནས་འབྲས་བུ་མངོན་དུ་སྣང་བར་བྱེད་པའི་ནུས་པ་དང་ལྡན་པ་ནི་ལམ་སྟེ་འདིར་ཁྱད་པར་གསང་སྔགས་བླ་ན་མེད་པའི་ལམ་མོ། །གྱིང་ཞེས་པ་རྒྱུ་གཉིས་རྐྱེན་བཞི་སྟེ་དྲུག་གིས་རྩྭ་མེ་བཞིན་དུ་ཡུལ་མཆེད་ནས་སྐད་ཅིག་མས་སྟོབས་ཞུགས་ཏེ་ཐབས་ཤེས་རབ་ཀྱི་ལམ་དང་། བསྐྱེད་རྫོགས་གཉིས་ལ་དགོངས་པས་ཟག་བཅས་ཀྱི་ལམ་ཆེ་འབྲིང་རྣམས་དང་། ཟག་མེད་རྣམས་སྟོབས་ཞུགས་སྟེ་གོང་ནས་གོང་དུ་འཕོ་བ་ལ་ནི་རྒྱུད་ཅེས་བྱའོ། །ལ་ནི་དེ་ཉིད་གཞིར་བསྟན་པའོ། །ཡུལ་དེ་ཉིད་ལ་ཞུགས་པའི་སྐྱེས་བུ་སྐལ་པ་མཆོག་དང་ལྡན་པ་རྣམས་ཀྱིས། བསླབ་པ་གསུམ་ལ་གནས་བྱས་ནས། །ཞེས་པས་སྤྱིའི་སླབ་པ་གསུམ་སྟེ། ལྷག་པ་ཚུལ་ཁྲིམས་གཙོ་བོར་སྟོན་པ། འདུལ་བ་དང་། ཏིང་ངེ་འཛིན་གཙོ་བོར་སྟོན་པ། མདོ་སྡེ་དང་། ཤེས་རབ་གཙོ་བོར་སྟོན་པ་མངོན་པ་སྟེ། སྡེ་སྣོད་གསུམ་ལ་མཁས་པ་ལ་ནི་གནས་པ་ཞེས་བྱའོ། །ཐེག་པས་དམ་སྡོམ་པའི་བསླབ་པ་གསུམ་ནི། ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། བྱང་སེམས་ཀྱི་སྡོམ་པ་དང་། གསང་སྔགས་ཀྱི་དམ་ཚིག་སྟེ། གོང་མ་ལ་འོག་མ་རྫོགས་པ་དང་། འོག་མ་གོང་མ་གནས་གྱུར་པའི་ཚུལ་གྱིས་མི་འབྲལ་བ་ལ་གནས་བྱས་ནས་ཞེས་སོ། །ཁྱད་པར་གསང་སྔགས་ཀྱི་བསླབ་པ་གསུམ་ནི་ལྟ་སྤྱོད་སྒོམ་གསུམ་སྟེ། དཔེར་ན་སེམས་ཅན་གཅིག་གི་ལུས་ཀྱི་ཡན་ལག་ཚང་བ་དང་འདྲ་བར་འབྲས་བུ་མངོན་དུ་སྣང་བའི་ནུས་པ་ཅན་སྟེ་གནས་བྱས་ནས་ཞེས་པ་མ་འབྲལ་གཅིག་པའོ། །དེ་ནས་ཅི་བྱེད་ཅེ་ན་དོན་གཉིས་མངོན་དུ་བྱེད་པ་ཡང་ཞེས་པ་བསྒྲུབ་པ་ངོ་བོའི་ངོས་ནས་མཆོག་དང་ཐུན་མོང་རྣམ་པ་གཉིས་སམ། ཡོན་ཏན་གྱི་ངོས་ནས་བདག་དོན་དང་གཞན་དོན་རྣམ་པ་གཉིས་སོ། །འོ་ན་དེ་ཚོ་ནི་ཐེག་པ་ཐུན་མོང་པ་ལ་ཡང་ཡོད་ཅེ་ན་འདིར་རྒྱུ་མངོན་དུའང་ཞེས་པས་དབང་པོའི་མངོན་གསུམ་དུ་ཚེ་གཅིག་གིས་བྱེད་པ་བྱའོ། །དེས་ན་ཐེག་པ་མཆོག་གི་ལམ་པས་སངས་རྒྱས་ཀྱི་མཛད་པ་ད་ལྟ་ཉིད་བྱེད་པ་ཅེས་ཡང་། གཅིག་གིས་ཀུན་འདུལ་བ་མ་ཡིན་པར་བསྟན་ཏེ་གང་ཞེ་ན་ཐེག་པ་བྱེ་བྲག་ཏུ་བསྟན་པའི་དགོས་པ་ནི་ནང་རིས་ལ་ལ་མུན་སྣང་ཕྱིར། ཞེས་པ་ལ་སོགས་པ་སྟེ། འདིར་ཕྱི་པ་ལས་དགར་བས་ནང་བ་ཞེས་སྨོས་ལ་དེའི་ནང་ཚན་གྱིས་རིས་མི་མཐུན་པས་ན་ལ་ལ་ཞེས་བྱ་བ་ལ་སྨོས་ཏེ་ཐེག་པ་དགུའོ། །དེ་དག་ཀྱང་མུན་པ་དང་། འདིར་མ་དཔེ་མི་གསལ་མ་དཔེ་རྙེད་ན་གསབ་དགོས། ཐེག་པ་ལ་ལའི་ངོ་བོ་ལ་ལའི་འགལ་ཅན་དུ་ཤར་སྟེ། འུག་པའི་སྣང་བ་གཞན་གྱི་མུན་པ་དང་མཚུངས་པ་དང་འདྲ་བར་ཐེག་པ་ཆེན་པོའི་བླང་བྱ་རྣམས་ཐེག་ཆུང་གི་སྤང་བྱར་གྱུར་པ་དང་། གསང་སྔགས་དང་བྱང་ཆུབ་སེམས་དཔའ་དེ་དང་མཚུངས་པས། སྣང་བ་དང་གདུལ་བྱའི་བློ་རྟོག་བཞིན་ཏེ། དེས་གདུལ་བྱ་ཀུན་གྱི་རྒྱུད་ལ་ཐེག་པ་གཅིག་གིས་འདུལ་བར་འཐད་པ་མ་ཡིན་ཏེ། ཉན་ཐོས་དང་གསང་སྔགས་བཞིན་ནོ། །གཞི་དེ་ལྟ་བུ་ལ་གདུལ་བྱ་གང་དང་གང་ལ་ཐེག་པ་གང་དང་གིས་གདུལ་བྱའི་བློ་དང་ཆ་མཐུན་པས་འདུལ་བའི་སྤྱོད་པ་དེ་དང་དེས་འདུལ་བ་རིག་ཏེ། ཐེག་པ་ཆུང་ངུ་གཉིས་དང་ཆ་མཐུན་པའི་སྤྱོད་པ་དེས་རྟེན་གྱི་གང་ཟག་དེ་དག་གི་དོན་སྤྱོད་པའི་རིགས་ཏེ་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱང་དེ་དང་མཚུངས་སོ། །གདུལ་བྱའི་བློ་དང་འཚམ་པར་བསྟན་པའི་ཡོན་ཏན་ནི་གདུལ་བྱའི་སྐབས་ཀྱི་རིམ་སྤྱོད་པ། ཞེས་པ་ལ་སོགས་པ་སྟེ། ཐེག་པ་རིམ་པ་དགུའི་གདུལ་བྱའི་སྐབས་དང་སྦྱར་ནས་ཐེག་པའང་དེ་བཞིན་དུ་སྟོན་ཏེ། ཉན་ཐོས་ཀྱི་ཐེག་པའི་གདུལ་བྱའི་སྐབས་དང་སྦྱར་ནས་དེའི་ཐེག་པའི་སྐབས་ཀྱིས་རིམས་ཀྱིས་དོན་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་གདུལ་བྱ་དང་སྦྱར་ནས་དེའི་ཐེག་པའི་སྐབས་ཀྱིས་རིམས་ཀྱིས་དོན་སྤྱོད་པ་དང་། གསང་སྔགས་ཕྱི་ནང་དྲུག་ཀྱང་དེ་དང་མཚུངས་པར་སྤྱོད་པ་དེ་ནི་སངས་རྒྱས་ཀྱི་མཛད་པ་དངོས་ཡིན་ཏེ་གདུལ་བྱའི་བློ་ཚད་བཞིན་དུ་ཤར་བ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུའོ། །དེ་གསུངས་སོ། །ཞེས་པ་དོན་དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་པ་ནི་ལུས་མི་ཡིན་ཡང་སེམས་སངས་རྒྱས་སུ་བཞུགས་ཏེ་འགྲོ་བའི་ལུས་ལ་དག་པའི་དགོངས་པ་ཅན་ཞེས་ཆོས་ཀྱི་མེ་ལོང་ལས་གསུངས་སོ། །དེས་ན་ཐེག་པ་མཆོག་གི་ལམ་པས་བདག་གཞན་གྱི་དོན་ཐམས་ཅད་ལྷུན་གྲུབ་དུ་ཕྱོགས་ཀུན་ལ་མཁས་ན་དོན་ངོ་བོས་རྫོགས་པ་ནི། ལྟ་འཕྲེང་ལས་བདེན་པས་ན། རྡོ་རྗེ་སློབ་དཔོན་ཀྱང་ཕྱི་ནང་ཕྱོགས་ཐམས་ཅད་ལ་མཁས་པར་བྱ་བ་ཡིན་གྱི་ཕྱོགས་འགའ་ཙམ་ཤེས་པར་སློབ་དཔོན་གྱིས་ས་བཟུང་དུ་མི་རུང་ཞེས་གསུངས་སོ། །དོན་བྱེད་ཚུལ་ཡང་གཉིས་ཏེ། གནས་སྐབས་དེ་ཉིད་དུ་ཐེག་པ་གང་གི་སྣོད་དང་ལྡན་ནས་དེ་ཉིད་ཀྱི་བློ་ཚིམ་པར་བྱ་བ་དང་། རིམ་པར་བརྒྱུད་ནས་མཆོག་ལ་སྦྱོར་བ་ནི་མཐར་ཐུག་གི་དོན་ནོ། །དེ་ལྟར་ཀླད་ཀྱི་དོན་བསྟན་ནས་གཞུང་ལ་གཉིས་ཀྱི་མདོར་བསྟན་པ་ནི་གཉེར་འདི་ལུང་གི་ལུས་བཞག་ན། ཞེས་པ་ལ་སོགས་པ་སྟེ་གཉེར་ནི་རྟེན་གྱི་གང་ཟག་གིས་ཁས་བླང་ནས་མི་འདའ་བ་སྟེ། རྩ་བ་དང་ཡན་ལག་རྣམས་སོ། །འདི་ལ་ཁ་ཅིག་གིས་འབྲས་བུ་བསྒྲུབ་པའི་ཐབས་སམ་ཉམས་སུ་བླང་བའི་ཡན་ལག་རྒྱུད་ཀྱི་དངོས་པོ་བཅུ་ལས་དམ་ཚིག་དགར་བས་སོ་གསུང་སྐད། འདི་ཞེས་པ་དངོས་པོ་ཉེ་བར་སྟོན་པ་སྟེ། བརྗོད་བྱ་དེ་ཉིད་སྟོན་པར་བྱེད་པའི་བརྗོད་བྱེད་གཞུང་འདིའོ། །ལུང་གིས། ཞེས་པ་ཀུན་ཏུ་བཟང་པོ་བརྗོད་བྱ་ཚད་མས་གསུངས་པའི་ལུང་གཏོར་རྒྱུད་ཀྱིས་བསྟན་ཆོས་ཀྱི་དོན་མདོར་བསྡུས་ཏེ་ལུས་རྣམ་པར་བཞག་པར། ངོ་བོ་རྣམ་གྲངས་ལ་སོགས་པ་བཅུ་སྟེ་འདི་ཡང་གོང་དམ་བཅའི་སྐབས་སུ་ངེས་པར་གསལ་བྱེད་ཅེས་པས་མདོ་རྒྱས་སུ་བསྟན་པའི་ཕྱི་རབས་པ་བློ་ཞན་པ་རྣམས་ཀྱིས་གོ་སླ་བའི་ཕྱིར་རོ། །དེ་ཡང་གོ་རིམས་རྣམ་པར་བཞག་པ་ནི་རྟེན་གྱི་གང་ཟག་རྣམས་ཀྱིས་དམ་ཚིག་ཅི་ལྟ་བུ་ཡིན་པ་དོན་སྤྱི་ཡིད་ཀྱི་ཡུལ་དུ་ཤེས་པར་བྱ་བའི་ཕྱིར། ཐོག་མར་དམ་ཚིག་གི་དོན་གྱི་ངོ་བོ་བསྟན་ཏེ་ཙམ་དུ་བཞག་ན་ལམ་གྱིས་རིམ་དུ་སོང་བས་དོན་བློ་དངོས་འཕྲོད་དཀའ་བས་དེ་བསལ་བའི་ཕྱིར་རྣམ་གྲངས་རྣམ་པར་ཕྱེ་སྟེ་བློ་ལ་བརྡའ་མཇལ་བར་བྱ་རྣམ་གྲངས་ཙམ་ཤེས་ཀྱང་བསྲུངས་བ་ཉམས་སུ་མ་བླངས་ན་དབུལ་མོའི་ཁྱིམ་ན་གཏེར་ཡོད་པ་དང་འདྲ་བར་ཡོན་ཏན་མི་སྣང་སྟེ། དེས་ན་བསྲུང་ཐབས་འཆད་པ་བཞིན་རྣམ་པ་གཉིས་ཀྱི་སྒོ་ནས་རྒྱས་པར་བཤད། དེ་ལྟར་ཉམས་སུ་བླངས་ཀྱང་སེམས་ཅན་ལོག་རྟོག་གི་རང་བཞིན་བས་མི་མཐུན་པ་ཉམས་པ་འོང་བས། དེའི་རྒྱུ་བཀགས་ནས་འབྲས་བུ་ཉམ་པ་མི་འབྱུང་བར་བྱ་བའི་ཕྱིར་ཉམས་པའི་རྒྱུ་བསྟན། རྒྱ་ལ་ཉམས་ན། དེའི་སྐྱོན་ཚེ་འདི་ལ་འབྱུང་བ་ནི་ཚེ་ཕྱི་མ་ལ་ངན་སོང་དུ་འགྲོ་བའི་སྔ་རྟགས་ཡིན་པས་དེ་ཉིད་དུ་སྔ་རྟགས་བསྟན། ཉམས་པའི་སྐྱོན་ནི་ཕྱི་ནང་མ་ལ་ངན་སོང་དུ་ཁ་འཁོར་བ་སྟེ། དུག་འཐུངས་པའི་སྡུག་བསྔལ་ཤེས་ན་རྒྱུ་ལ་དུག་མི་འཐུང་བ་བཞིན་དུ་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་སྐྱོ་ནས་སྐྱོན་སྤོང་བར་བསྟན། ཡོན་ཏན་ནི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་སྟེ། དེ་ལ་བྲོད་པ་བསྐྱེད་པས་བསྲུང་བ་ལ་ནན་ཏན་དུ་འཇུག་པས་དེའི་རྗེས་ལ་བསྟན། བསྐང་ཐབས་ནི་རྒྱ་ལ་ཉམས་ན་ཐེག་དམན་དང་མི་འདྲ་བས་ཆེ་བ་བདུན་དུ་བཤད་པ་བཞིན་བས་དེ་ཉིད་དུ་བསྐང་ཐབས་བསྟན། དཔེ་ནི་ཐེག་པ་མཆོག་གི་དམ་ཚིག་ཉིད་ལམ་གྱི་དངོས་གཞི་ཡིན་པ་དང་། འབྲས་བུ་བསྐྱེད་པའི་གཞི་ཡིན་པ་དང་། དེ་ལ་སོགས་ཏེ་ཤིན་ཏུ་གལ་ཆེ་བས་དེ་མཚོན་པའི་དཔེ་བསྟན་པའོ། །ཞེས་པ་དཔེར་ན་ཟ་འོག་ཡུག་ལ་རི་མོ་གཟུགས་ཅི་ལྟར་སྣང་ཡང་ཟ་འོག་ཏུ་གཅིག་པ་བཞིན། འདིར་རྣམ་གྲངས་དགུ་པོའི་བསམ་བརྗོད་ཅི་ལྟར་སྣང་ཡང་། མཉམ་པ་ཉིད་སེམས་ཉིད་ཀྱི་ངང་ལ་སྣང་ཞིང་། དེ་ལས་མ་གཡོས་ཤིང་དེར་གཉིས་སུ་་མེད་པ་ནི་མཉམ་པའི་དམ་ཚིག་ཅེས་བྱ་ལ། མདོར་བསྡུས་པ་ཞེས་ཀྱང་བྱ་སྟེ། དམ་ཚིག་ཐམས་ཅད་དེ་ལ་སྣང་ཞིང་དེར་མི་གཉིས་པས་རྩ་བའི་རྩ་བ་ཞེས་བཤད་དོ། །གྲངས་ངེས་པ་ནི་དཔེར་ན་ཕྱོགས་ཐམས་ཅད་ཕྱོགས་བཅུའི་ཞིང་ནང་དུ་འདུས་ཤིང་དེ་བས་ལྷག་པའང་མི་དགོས་ལ། བཅུ་ལ་སོགས་པ་བྱས་ཀྱང་གཅིག་ལ་སོགས་པས་མ་ཚང་བ་སྟེ། དེ་བཞིན་དུ་གཞུང་འདིའི་བརྗོད་བྱའི་དོན་རྟེན་གྱི་གང་ཟག་གིས་ཉམས་སུ་བླངས་པ་ཡང་ཕལ་ཆེར་ལས་དང་པོ་པའི་ངོས་ནས་བཅུ་བས་མང་ནའང་ལྷག་ལ་དེ་བས་ཉུང་ན་ཡང་མ་ཆོག་པ་སྟེ། འདིར་མ་དཔེར་ལྡེབ་གཅིག་ཆད་ཡོད་པས་རྗེས་སུ་རྙེད་ན་གསབ་དགོས་ཞུ། སེམས་རྒྱུད་ཀྱི་ལོག་རྟོག་ཀྱང་གྲངས་མེད་དེ་སངས་རྒྱས་ཉིིད་ཀྱིས་མི་མཁྱེན་ཕྱིར། ཞེས་པ་ལ་དོར་བའི་ཚིག་སྟེ་གོང་གི་གྲངས་གཉིས་པོ་སངས་རྒྱས་ཉིད་ཀྱིས་བརྗོད་པ་ལས་དབང་ཐོབ་པས་ཀྱང་བརྗོད་པ་མི་རྫོགས་པའི་ཕྱིར་མི་མཁྱེན་ཕྱིར། ཞེས་བྱའོ། །དེ་བས་ནི་སེམས་ཅན་ཐམས་ཅད་སངས་རྒྱས་སུ་གྱུར་ནས་བརྗོད་ནའང་མི་ལང་ཞེས་བྱའོ། །རྟོག་འདུལ་གཉེན་པོར་དམ་ཚིག་གྲངས། །ཞེས་པ་གདུལ་བྱའི་རྟོག་པ་འདུལ་བའི་གཉེན་པོར་དམ་ཚིག །སྣང་བ་ཡིན་པས་རྟོག་པ་བརྗོད་ལས་འདས་པའི་དབང་གིས་དམ་ཚིག་གི་གྲངས་ཀྱང་དུས་གསུམ་གྱི་རྒྱལ་བ་ཉིད་ཀྱིས་ཀྱང་བརྗོད་པ་ལས་འདས་ཏེ་བརྗོད་ཀྱི་མི་ལང་ཞེས་བྱའོ། །དོན་དེ་ཉིད་གསང་བའི་སྙིང་པོ་ལས། དམ་ཚིག་འདི་ནས་རྨད་པོ་ཆེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྲིད་གསུམ་འགྲོ་བ་ཅི་སྙེད་པའི། །རྟོག་འདུལ་དམ་ཚིག་དེ་སྙེད་སྤྲོས། །ཞེས་པས། རྟོག་པ་འདུལ་བའི་ཐབས་ནི་གཉེན་པོས་འདུལ་བ་ལྷ་དང་མི་ཡི་ཐེག་པ་དགེ་བཅུ་དང་། ཉན་ཐོས་དང་རང་རྒྱལ་བའོ། །སྦྱངས་པས་འདུལ་བ་རྒྱུ་ཡི་ཐེག་པ་ཆེན་པོའོ། །བསྒྱུར་བས་འདུལ་བ་ནི་ཕྱི་པ་གསུམ་མོ། །མ་སྤངས་གནས་སུ་དག་པ་ནི་ནང་པ་རྣམ་པ་གཉིས་ཏེ། ངོ་ཤེས་པས་འདུལ་བ་ནི་ཨ་ཏི་ཡོ་གའོ། །དེས་ན་ཐེག་པ་རིམ་དགུའང་དམ་ཚིག་གི་རྣམ་གྲངས་སྟེ། དམ་ཚིག་རྒྱས་པར་ས་མ་ཡ་འབུམ་སྡེ་ལ་སོགས་པའོ། །སློབ་དཔོན་ཉིད་ཀྱིས་ཀྱང་། ཐེག་པ་མཆོག་གི་དམ་ཚིག་རྣམས་ནི་འཁོར་ལོས་སྒྱུར་བའི་རྒྱལ་ཁྲིམས་དང་འདྲ་སྟེ། གདུལ་བྱའི་དབང་གིས་རྒྱ་ཆད་པ་མེད་དེ་གྲངས་མ་ངེས་པ་ཁོ་ནའོ། །ཞེས་གསུངས་པ་དང་། དམ་ཚིག་བཀོད་པ་ལས་ཀྱང་། ས་མ་ཡ་འབུམ་སྡེའི་བསྲུང་བའི་རིམ་པ་ནི། ཅི་སྙེད་དུ་བརྗོད་ཀྱང་བརྗོད་པའི་མཐའ་ལས་འདས་སྟེ་ཆུ་ཐམས་ཅད་ཐིགས་པ་ནས་བགྲང་བར་ནུས་ཀྱི། དམ་ཚིག་གི་གྲངས་འདི་བརྗོད་པར་དཀའ་སྟེ། བསྐལ་པ་དཔག་ཏུ་མེད་པར་བརྗོད་ཀྱང་མཐའ་མེད་དོ། །ཅེས་སོ། །དེ་ནི་དམ་ཚིག་རྣམ་གྲངས་རྒྱས་པའི་རྒྱས་པར་བསྟན་ཏོ། །གྲངས་དངོས་ལ་གསུམ་གྱི་དང་པོ་རྩ་བའི་གྲངས་ནི་བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག་ཅེས་པ་ལ་སོགས་པ་སྟེ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དོན་དམ་དང་ཀུན་རྫོབ་སྟེ་འོག་མ་དག་གིས་སྟོང་པ་དང་སྙིང་རྗེ་ཞེས་འདོགས་ལ། ཤེས་རབ་གཙོ་བོར་སྟོན་པ་རྣམས་ཀྱིས་ཀུན་རྫོབ་ཁམས་ཀྱི་དྭངས་མ་དང་གཉིས་སུ་བྱས་ཀྱང་། འདིར་ནི་ཀུན་རྫོབ་མ་འགག་པར་སྣང་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་གསེར་གྱི་རྫས་ལྟར་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཡེ་ནས་དག་པའོ། །དོན་དམ་ནི་དེ་ཉིད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཡུལ་ཡུལ་ཅན་མ་དམིགས་པ་ནི་བྱང་ཆུབ་སེམས་ཞེས་བྱའོ། །དེས་ན་རྒྱས་པ་ལས། དོན་དམ་དུ་ནི་ནོར་བདུན་ལ། །ཀུན་རྫོབ་དུ་ནི་ཉམས་རྫོགས་སྟེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་སོ། །སློབ་དཔོན་དྲུག་ཅེས་པ་གཞན་དག་ལ་གསུམ་ལྡན་ཞེས་འཆད་ཀྱང་། འདིར་སྤྱི་ཡི་སློབ་དཔོན་དང་། འདྲེན་པ་དང་། དབང་དང་། ཆག་ཉམས་སྐོང་བ་དང་། ཤེས་རྒྱུད་དགྲོལ་བ་དང་། མན་ངག་ལུང་སྟེ་དྲུག་གོ། །འདིར་རྣམ་གྲངས་བསྟན་པའི་སྐབས་ཡིན་པས་ཞིབ་པར་བསྲུང་ཐབས་ཀྱི་སྐབས་སུ་བསྟན་པར་བཤད་པ་དང་། འཆད་པ་ཀུན་ལས་ཤེས་པར་བྱའོ། །མཆེད་བཞི། ཞེས་པ་སྤྱི་ཡི་མཆེད་ཁམས་གསུམ་གྱི་སེམས་ཅན་དང་། མཛེས་པའི་མཆེད་ནང་པ་སངས་རྒྱས་པ་དང་། ཉེ་བའི་མཆེད་གསང་སྔགས་སུ་ཞུགས་པ་ཙམ་དང་། འབྲེལ་པའི་མཆེད་དཀྱིལ་འཁོར་གཅིག་ཏུ་དུས་གཅིག་དབང་ཐོབ་པ་དང་བཞི་སྟེ་གོང་མ་དྲུག་དང་བཅུ་སྐུའོ། །སྔགས་གསུམ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་དང་། བསྐྱེད་པ་རྐྱེན་གྱི་སྔགས་དང་། བསྐུལ་བ་ལས་ཀྱི་སྔགས་གསུམ་མོ། །ཕྱག་རྒྱ་བཞི་ནི་སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་ཕྱག་རྒྱ། འཕྲོ་འདུ་ཕྲིན་ལས་ཀྱི་ཕྱག་རྒྱ་བཞི་དང་བདུན་ནི་གསུང་ངོ་། །གསང་བཅུ་ཞེས་པ་སྤྱིར་གསང་བཞི། བར་གསང་བཞི། འོས་པ་དང་གཉེར་གཏད་པ་གཉིས་དང་བཅུ་ནི་ཐུགས་སོ། །རྩ་བར་ཞེས་པ་གོང་གི་ཡན་ལག་བཞི་ལས་ཉིད་ལག་ཉི་ཤུ་རྩ་དགུར་ཕྱེས་པ་ནི་ཐུབ་མ་ཐུབ་ཀྱིས་ལེགས་ཉེས་ཀྱི་རྩ་བར་གྱུར་པ་དང་འབུམ་སྡེ་ཐམས་ཅད་འདི་ཉིད་ལས་འཕྲོས་པས་ཤེས་པར་བྱ་ཞེས་གདམས་པ་བརྗོད་པའོ། །ཐུན་མོང་མ་ཡིན་པའི་ཡན་ལག་གི་གྲངས་ནི་སྤྱད་བྱ་ལྔ་དང་མི་སྤང་ལྔ། ཞེས་པ་ལ་སོགས་པ་སྟེ་སྤྱད་པ་ལྔ་ནི་སྦྱོར་གྲོལ་མ་བྱིན་ལེན་པ། རྫུན་སྨྲ་ངག་བརླངས་ལྔ་ཡུལ་དང་ཕྲད་ནས་འོག་མ་དང་མི་འདྲ་བས་སྤྱད་པ་ཉིད་ཀྱི་དོན་གཉིས་གྲུབ་ཅིང་ཚོགས་གཉིས་རྫོགས་པ་ལ་ནི་སྤྱད་པ་ལྔ་ཞེ་བྱའོ། །མ་སྤངས་པ་ལྔ་ནི་འོག་མ་དག་གི་འཆིང་བྱེད་ཀྱི་དངོས་པོ་དུག་ལྔ་སྟེ། འདིར་ཡང་དག་པ་དང་ལོག་པའི་དབང་གིས་ལྟ་སྒོམ་གྱི་གདེང་དང་ལྡན་པ་ཆོས་མཐུན་པ་ཙམ་ལས་བརྗོད་པ་དང་། ལོག་དུག་ལྔ་རང་རིག་རང་སྣང་དུ་ཤེས་པས་སྤང་རྒྱུ་ཡུལ་དུ་མ་གྲུབ་པས་མི་སྤང་ལྔ་ཞེས་བྱའོ། །དང་དུ་བླང་དང་། ཞེས་པ་བདུད་རྩི་ལྔ་སྟེ་གྲུབ་པ་བཞིས་བརྒྱན་པ་ལས་མཆོག་ཐུན་ཐམས་ཅད་སྣང་བའི་སྤྱོད་པའི་དངོས་པོའོ། །བསྒྲུབ་ཅེས་པས་རིགས་ལྔ་ཡེ་ཤེས་ལྔ་ཡབ་ཡུམ་ལ་སོགས་པ་འབྲས་བུའི་ངོ་བོ་ཉིད་ལ་ད་ལྟ་ཉིད་ནས་བསྒྲུབ་པ་ཉམས་སུ་བླངས་པས་འབྲས་བུའི་ཐེག་པ་ཞེས་བྱའོ། །དེ་བཞིན་ཞེས་པ་གོང་མ་ཉིད་དཔེར་བླང་སྟེ་བསྒྲུབ་པ་ལྔ་ཡོད་པ་དེ་བཞིན་དུ་བསྒྲུབ་པའི་སྔོན་དུ་འགྲོ་བའི་ལྟ་བ་ལའང་འཁོར་བའི་ཆོས་ཀྱི་ལྔ་ཚན་རྣམས་སྤངས་པ་མེད་པར་ཡེ་ཤེས་ལྔ་ལ་སོགས་པའི་ངང་དུ་སྣང་བ་ལ་ནི་གྲངས་མང་ཡང་ལྔ་ཚན་དུ་བསྡུས་པས་ཤེས་བྱ་ལྔ་རྣམས་ཞེས་བྱ་སྟེ། འདི་དག་ནི་ཐེག་པ་འདི་ཉིད་ཁོ་ནའི་སྤྱོད་ཡུལ་ཏེ། ཡོ་ག་མན་ཆད་ཀྱིས་དབེན་པས་ཐུན་མོང་མ་ཡིན་པའི་ཡན་ལག་ཅེས་སྟོན་པ་ཀུན་ཏུ་བཟང་པོའི་རྒྱུད་དུ་བཤད་དེ། ཡན་ལག་དམ་ཚིག་ལྔ་གཉིས་ལའང་ཞེས་པ་དང་། དམ་ཚིག་བཀོད་པ་ལས་ཀྱང་། ཡན་ལག་གི་དམ་ཚིག་འདི་དག་ནི། སྣོད་དུ་མ་གྱུར་པ་རྣམས་ལ་བསྟོན་ན་ཞེས་གསུངས་པས་སོ། །ཡན་ལག་སྐབས་སུ་ཤེས་པར་བྱ། །ཞེས་པ་ཡན་ལག་ནི་གོང་དུ་ལྔ་ཚོམས་སུ་བསྟན་པ་རྣམས་ཡིན་ལ། འདིར་ནི་ཉིང་ལག་ཡིན་ཏེ། ལྔ་ཚོམ་རེ་རེ་ཡང་ཞིབ་ཏུ་གསེས་པའི་བྱེ་བྲག་རྣམས་བསྲུངས་ཐབས་བརྗོད་པའི་སྐབས་སུ་ཤེས་པར་བྱ་ཞེས་སོ། །ཐུན་མོང་གི་ཡན་ལག་གི་གྲངས་ནི་ཐུན་མོང་དམ་ཚིག་མཐའ་ཡས་པ། ཞེས་པ་ལ་སོགས་པ་སྟེ་ཡོ་ག་ཕྱིས་ཆོད་ནས་ཉན་ཐོས་ཀྱི་བར་སྟེ་ཐམས་ཅད་ཀྱི་བསྲུང་བྱ་ཐུན་མོང་དུ་གྱུར་བའི་དམ་ཚིག་ནི་མཐའ་ཡས་པ་སྟེ། གོང་དུ་རྣམ་གྲངས་ཀྱི་སྐབས་སུ་བསྟན་པ་ལྟར་ཡིན་ལ། འདིར་དེ་དག་གལ་ཆེ་བ་དང་ཐག་ཉེ་བ་རྣམས་མདོར་བསྡུས་ན་བདག་དོན་ཉི་ཤུ་རྩ་གཅིག་དང་གཞན་དོན་བཞི་བཅུ་རྩ་གཉིས་ཏེ། རྣམ་གྲངས་སྐབས་སུ་ཤེས་པར་བྱ། །ཞེས་པ་ཉིད་ལག་གི་རྣམ་གྲངས་ནི་བསྲུང་ཐབས་རྒྱས་པར་བསྟན་པའི་སྐབས་སུ་འོག་ཏུ་ཤེས་པར་བྱ་ཞེས་སོ། །སྤྱི་དོན་གསུམ་པ་བསྲུངས་བའི་ཐབས་ལ་གསུམ་གྱི་དང་པོ་མདོར་བསྟན་པ་ནི། བསྲུང་བའི་ཐབས་ནི་འདི་ལྟ་སྟེ། །ཞེས་པ་གོང་དུ་རྣམ་གྲངས་ཉིད་ཤེས་པར་བྱས་ཀྱང་བསྲུང་བ་ཉམས་སུ་མ་བླང་ན་མི་ཕན་ཏེ་ལྷ་ཡུལ་གྱི་བདུད་རྩི་བརྗོད་པ་དང་མཚུངས་པས་དེ་ཉམས་སུ་ལོན་པའི་ཐབས་ནི་འདི་ཉིད་དུ་བསྟན་པས་ན་འདི་ལྟ་སྟེ། ཞེས་བྱའོ། །འདི་དག་ལ་ཡང་རྟེན་གྱི་གང་ཟག་གང་གི་སྲུངས་བ་དང་། ཡུལ་གང་ལ་བསྲུང་བ་དང་། ཚུལ་ཇི་ལྟར་བསྲུང་བ་དང་། བསྲུང་བའི་ངོ་བོ་དང་། རྒྱུད་མཐོ་དམན་གང་གི་ཚེ་ངོ་བོ་གང་དང་ལྡན་པ་དང་། དུས་དང་དྲུག་གིས་སྟོན་ལ། སྐྱོན་ཡོན་ལ་སོགས་པའི་ཡན་ལག་རྣམས་ནི་ལུས་རྣམ་བཞག་གིས་བསྟན་པ་ཉིད་དོ། །དེ་ལ་རྟེན་གྱི་གང་ཟག་ནི་ལྟ་སྤྱོད་དམ་ཚིག་འབྲེལ་བ་ཡིན་ཞེས་པས་ཐམས་ཅད་དུ་མཐུན་ནོ། །ཡུལ་ལ་སོགས་པ་རྣམས་ནི་གློ་བུར་སྦྱར་བར་བྱའོ། །རྒྱས་པར་དབྱེ་བ་ལ་གཉིས་ཀྱི་རྩ་བའི་དམ་ཚིག །དེ་ལ་ལྔར་དབྱེ་བའི་དང་པོ་བྱང་ཆུབ་སེམས་དཔའ་དེ་ལ་གསུམ་དུ་དབྱེ་བའི་ཀུན་རྫོབ་བྱང་སེམས་སྟོན་ཏེ། རང་ལུགས་རྒྱལ་བའི་ཕྱག་རྒྱ་ཆེ་ཞེས་པ་རང་ནི་རྟེན་གྱི་གང་ཟག་སྟེ་མཚན་ཉིད་སྨོས་པ་དེ་ཉིད་དོ། །ལུས་ནི་རྒྱུ་རྐྱེན་གྱི་གཅིག་ཏུ་འདུས་པའི་ཕུང་པོ་ལྔ་སྟེ། གཟུགས་ཀྱི་ཕུང་པོ་ལ་གཟུགས་ཆེན་བཅོ་ལྔ། ཚོར་བ་ལ་བདེ་སྡུག་བཏང་སྙོམས་གསུམ་ལ་དུས་གསུམ་གྱིས་བཅོ་བརྒྱད། འདུ་ཤེས་རྒྱ་ཆེ་ཆུང་ཚད་མེད་པ་གསུམ། འདུ་བྱེད་ལ་ལྔ་བཅུ་གཅིག །ཕྱི་ནང་གི་ཆོས་ཐམས་ཅད་ལ་དེ་ཉིད་དུ་མ་འདུས་པ་རྡུལ་ཕྲ་རབ་ཙམ་ཡང་མེད་པ་ལ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཅེས་བྱའོ། །དེ་ཉིད་མ་རྟོགས་པའི་དུས་སུ་ལོག་རྟོགས་རང་སྣང་ངོ་། །སྐལ་ལྡན་གྱིས་རྟོགས་པའི་ངོ་ལ་ཡེ་ཤེས་རང་སྣང་སྟེ། རྣམ་པར་མི་འགག་པ་སྟོང་པའི་མཐའ་ལས་རྒྱལ་ལ། ངོ་བོ་མ་དམིགས་པས་རྟག་པའི་མཐའ་ལས་རྒྱལ་སྟེ། དེ་ཉིད་སྣང་བ་དང་གྲགས་པ་དང་། དྲན་རིག་གསུམ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིན་ལ་རྒྱལ་པོའི་ཕྱག་རྒྱ་དང་མཚུང་སྟེ། དེའི་རྒྱས་ཐེབས་པ་དང་། དེ་ལས་མི་འདའ་བས་ཀྱང་ཕྱག་རྒྱའོ། །ཆེ་ཞེས་པ་དོན་དེ་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཉིད་ཡོ་ག་ཕྱིན་ཆད་ཀྱི་སྤྱོད་ཡུལ་དུ་མ་གྱུར་བས་སོ། །དེ་ཉིད་རྒྱས་པར་བཤད་པ་ནི། གསང་བའི་སྙིང་པོ་ལས། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་པའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་པ་དང་ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས། དེ་ཉིད་བསྐྱེད་པར་བྱེད་པའི་བདག་ཉིད་འབྱུང་བ་ལྔ་ཕུང་པོ་དང་དབྱེར་མེད་པ་ནི་ཡུམ་ལྔའི་བདག་ཉིད་མིག་ནས་ལྕེ་ཡི་བར་གྱི་རྣམ་ཤེས་བཞི་ནི་ཐུགས་ཀྱི་རང་བཞིན། ས་ཡི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་བཞི། རྣམ་ཤེས་ཀྱི་ཡུལ་དུ་གྱུར་པའི་གཟུགས་སྒྲ་དྲི་རོ་བཞི་བལྟོས་པའི་དབང་གི་མཚུངས་པར་གྲུབ་པ་དབྱེར་མེད་པ་ཉིད་སྒེག་མོ་ལ་སོགས་པ་བཞིའོ། །མིག་ལ་སོགས་པའི་དབང་པོ་བཞི་མ་འགགས་པར་སྣང་བ་སྐུའི་རང་བཞིན། བྱང་ཆུབ་སེམས་དཔའ་བྱམས་པ་དང་། སྒྲིབ་སེལ་དང་། ཀུན་བཟང་འཇམ་དཔལ་དང་བཞི་དབང་པོ་ལ་བརྟེན་ཏེ་དུས་སུ་སྣང་བས། གསུམ་མཐུན་པ་ལས་ཕྱིས་འབྱུང་བ་དང་བཞི་སྟེ། ཡོན་ཏན་གྱི་བདག་ཉིད་བདུག་སྤོས་མ་ལ་སོགས་པའི་ལྷ་མོ་བཞིའོ། །ལུས་ཀྱི་ཆོས་དབང་པོ་དང་། རྣམ་ཤེས་དང་། ཡུལ་དང་། རེག་ཤེས་བཞི་ནི་གཤེན་རྗེེ་གཤེད་ལ་སོགས་པའི་ཁྲོ་བོ་བཞི། ལྟ་བའི་ནང་ན་དམན་པ་དང་། རྩེ་བ་དང་། སྟོབས་ཆེ་བའི་རྟག་ལྟ་ཆད་ལྟ། བདག་ལྟ་མཚན་ལྟ་བཞི། ཁྲོ་མོ་ལྕགས་ཀྱུ་མ་ལ་སོགས་པ་བཞིའོ། །དེ་དག་ཀྱང་ལུས་དང་ཆོས་ལ་མཐུན་པས་ཡབ་ཡུམ་དུ་བཞུགས་སོ། །དེ་ལྟར་བཤད་པའི་རྟོག་པ་སུམ་བཅུ་རྩ་བཞི་ཉིད། ཡིད་ཀྱི་ཤེས་པའི་རྩལ་ཉིད་སྣང་ལ། ཡིད་རང་བྱུང་ཡེ་ཤེས་སུ་དག་ནས་རྒྱལ་བ་སུམ་ཅུ་རྩ་བཞིར་གསལ་བས། ཐམས་ཅད་རང་རིག་ཡེ་ཤེས་སུ་གཅིག་པ་ཉིད། དྲུག་པ་ཀུན་དུ་བཟང་པོའོ། །དེ་ཉིད་ན་ཡིད་དང་ཀུན་གཞི་དབྱེར་མེད་ཏེ། རྣལ་མ་དོན་གྱི་ཀུན་གཞི་ཉིད། དུས་གསུམ་སངས་རྒྱས་བསྐྱེད་པའི་བདག་ཉིད་ལས་ཆོས་ཀྱི་དབྱིངས་ཞེས་སྨོས་ལ། གཟུང་འཛིན་ཕྲ་བའང་མི་གནས་པའི་བཟང་མོའོ། །དེ་ལྟ་བུའང་གཞན་པ་དག་གིས་དཔེར་ན་འཇིམ་པ་ལ་འདེར་སོའི་རྒྱུ་གནས་པ་དང་འདྲ་བར། ཕུང་ཁམས་སྐྱེ་མཆེད་ལ་བྱིན་རླབས་ཀྱིས་བསྲངས་ན་དེ་ལྟར་ཡིན་གྱིས། མེད་ན་རང་རྒྱུད་སྨྲ་བ་ནི། ཁྲེ་འབྲུ་ཐུ་བས་ས་གཞི་ཆེན་པོ་མི་མཐོང་བ་བཞིན་ནོ། །དངོས་པོའི་ཆོས་གཅིག་ལ་མཐོང་སྣང་དྲུག་སྐད་ཅིག་ལ་རྫོགས་པས་ཀྱང་གསལ་ལོ། །རྟེན་གྱིས་གང་ཟག་ཉིད་དེ་ལྟར་ཡིན་པ་མ་ཟད་དེ་སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། ཞེས་པ་སེམས་ཅན་གྱི་ཁམས་མཐའ་ཐུག་པ་མེད་པ་རྣམས་ཀྱང་ལོག་རྟོགས་རང་སྣང་གི་རྟོག་ཚོགས་རྣམས་གོང་དུ་བསྟན་པའི་ལྷ་དང་ལྷ་མོའི་དཀྱིལ་འཁོར་དེར་ཤེས་ཤིང་སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། ཞེས་པ་འཇའ་དང་ནམ་མཁའ་ལྟར་ལྷ་ཡི་སྐུར་མ་འགག་པར་སྣང་ཡང་ངོ་བོ་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་སྟོང་། དེ་ཉིད་ལྷ་ཡི་མ་འགག་པས་སྣང་། དེ་གཉིས་སུ་མེད་པ་རྟོགས་པ་གདེང་དུ་གྱུར་པ་ནི་ཡེ་ཤེས་ཏེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། དེ་ཉིད་ཆོས་ཐམས་ཅད་ལ་ཁྱབ་ཅིང་། དུས་གསུམ་དུ་མི་འགྱུར་ལ་ཡོན་ཏན་གྱི་འབྱུང་གནས་སུ་གྱུར་པས་སྐུའོ། །རྒྱུ་རྐྱེན་གྱིས་བསྐྱེད་པ་ལྟར་སྣང་བའི་མ་འགག་པ་ནི་ཀུན་རྫོབ་བོ། །དེ་ཉིད་སེམས་སུ་གསལ་བས་སྤྲོས་པ་མི་མངའ་བས་བྱང་ཆུའི་གཟུགས་བརྙན་ལྟར་མི་གཉིས་ཅིང་སེམས་ལས་མ་གཡོས་པས་ཆུབ། གསལ་ལ་མི་འགག་ངོས་བཟུང་མེད་པས་སེམས་སོ། །དོན་དམ་བྱང་ཆུབ་སེམས་ནི་བྱས་མཐོང་ཟོས་པ་ཐམས་ཅད་ལ། ཞེས་པ་དབང་པོ་དྲུག་གི་ཡུལ་དུ་གྱུར་པ་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ཤར་བས་ཡུལ་ཡུལ་ཅན་མ་གྲུབ་སྟེ། དེ་ལ་གཟུང་འཛིན་རང་རྒྱུད་མི་མངའ་བས། དེ་ཉིད་དུས་ན་དུས་གསུམ་དུ་མི་འགྱུར་བར་བསྟན་ཏེ། བྱས་པ་ནི་ལུས་ཀྱི་ཆ། མཐོང་བ་མིག །ཟོས་པ་ལྕེ། ཐམས་ཅད་ཀྱི་ཁོངས་སུ་རྣ་བ་དང་སྣ་སྟེ་དབང་པོ་ལྔ་དང་། དེའི་ཡུལ་གཟུགས་ལ་སོགས་པ་ལྔ་དང་། མྱོང་བའི་རྣམ་ཤེས་ལྔའོ། །ལ་ནི་དེ་དག་ལྟ་གཞིར་བསྟན་པའོ། །དེ་ཡང་ཐབས་ཀྱི་ཞགས་པ་ལས། མཐོང་བ་མེད་པའི་ཚུལ་དུ་མཐོང་བ་དང་། ཐོས་པ་མེད་པའི་ཚུལ་གྱིས་ཐོས་པ་དང་། དྲི་མ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་སྣོམ་པ་དང་། རོ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་མྱོང་བ་དང་། རེག་ཐམས་ཅད་བྲལ་བའི་ཚུལ་གྱིས་རེག་པ་དང་། ཞེས་པ་བྱས་པ་ལུས་ཀྱི་དབང་པོ་དང་། ཡུལ་དང་འཛོམ་ནས་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་ལྟར་སྣང་ཡང་། གསུམ་པོ་སེམས་ཉིད་ལས་མ་གཡོས་པའི་ཕྱིར། བྱས་གཟུང་འཛིན་དུ་སྣང་བ་མེད་པ་དང་། མཐོང་བ་མིག་གི་དབང་པོ་དང་། ཡུལ་གཟུགས་སུ་གྲུབ་ནས་རྣམ་ཤེས་ཀྱིས་མྱོང་བ་ལྟར་སྣང་ཡང་། སེམས་ཉིད་ངང་ལས་མ་གཡོས་པའི་ཕྱིར་ཡུལ་དང་ཡུལ་ཅན་དུ་སྣང་བ་མེད་པ་དང་། ཟོས་པ་ལྕེ་ཡི་དབང་པོ་དང་ཡུལ་ལྟར་སྣང་བ་དང་། རྣམ་ཤེས་ཀྱིས་མྱོང་བ་དང་སེམས་ཀྱི་ཕྱིར། ཡུལ་ཡུལ་ཅན་མ་གྲུབ་པས། གང་ཡང་མྱོང་བ་མེད་པ་དང་། ཐོས་པ་རྣ་བའི་དབང་པོ་ལྟར་སྣང་ནས་ཡུལ་དང་འཛོམ་སྟེ་རྣམ་ཤེས་ཀྱིས་མྱོང་ཡང་སེམས་ཉིད་ཀྱི་ཕྱིར། ཡུལ་ཡུལ་ཅན་མ་བྲལ་བས་ཐོས་པ་མ་གྲུབ་པ་དང་། སྣོམ་པ་སྣ་ཡི་དབང་པོ་ཡུལ་ལྟར་སྣང་ལ། རྣམ་ཤེས་ཀྱི་མྱོང་ཡང་སེམས་ཉིད་ཕྱིར། ཡུལ་ཡུལ་ཅན་དུ་མ་གྲུབ་པས་མྱོང་བ་མེད་དེ། རང་བྱུང་ལ་གི་ཡེ་ཤེས་ཉི་མའི་སྙིང་པོ་ལྟར། གཟུང་འཛིན་ཀ་ནས་དག་པ་ནི་རིག་པ་བྱང་ཆུབ་སེམས་ཞེས་བྱ་སྟེ། དེ་བས་བཅུད་དམ་པ་ཉིད་ཆ་ཤས་དང་བྲལ་བས་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཏེ། སེམས་ཉིད་སྤྲོས་པ་ངང་གི་བྲལ་བ་ཉིད་ཤེས་སྒྲིབ་ཀྱི་དོན་ལ་ཆ་ཤས་དང་བྲལ་ཞིང་མི་འགྱུར་བས་དམ། གཟུང་འཛིན་མི་མངའ་བས་བྱང་། ཆོས་ཐམས་ཅད་འདུས་པས་ཆུབ། དངོས་གཞི་དང་བྲལ་ཞིང་གསལ་ལ་མི་འགག་པས་སེམས་སོ། །དེ་ཡང་རྟེན་གྱི་གང་ཟག་གོང་དུ་སྨོས་པས་ཀུན་རྫོབ་མ་འགག་པར་སྣང་བ་ལྷའི་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས། དོན་དམ་པ་རིག་པ་རང་གསལ་གྱི་ཡེ་ཤེས། འོག་མའི་སྤྱོད་ཡུལ་དུ་མ་གྱུར་པས་ན་ལྷག་པའི་བྱང་སེམས་རྣམ་པ་གཉིས་ཞེས་བྱའོ། །ཚུལ་ཅི་ལྟར་བསྲུང་ན་དྲན་དང་ཤེས་བཞིན་སྔོན་བཏང་ན། ཞེས་པས་དྲན་པས་མ་ཡེང་པར་བྱ། ཤེས་བཞིན་གྱིས་དེའི་བྱ་ར་བྱས་ནས་དེ་ཉིད་སྔོན་དུ་སོང་བས་བྱང་སེམས་རྣམ་གཉིས་ལྟ་བའི་ངོ་བོ་ལ་དུས་གསུམ་རྒྱུན་དུ་མ་དྲན་ན། ཞེས་པ་དུས་གསུམ་སྤྱོད་ལམ་བཞིར་མ་ཉམས་པས་ན་བསྲུང་ཚུལ་བསྲུང་བའི་ངོ་བོ་དང་བཅས་པའོ། །རྒྱུད་ལ་ཅི་ལྟར་ལྡན་པ་ནི་ལས་དང་པོ་པས་སྐབས་སུ་དྲན་པ་དང་ཤེས་བཞིན་གྱིས་ཚིག་གིས་མོས་པའི་དབང་གིས་མ་ཡེང་བར་བྱ་བའོ། །དེ་ཉིད་རིག་པ་ལ་ཉམས་སུ་ལེན་ནས་ཡུལ་དག་ཡུལ་ཅན་མེད་པ་ལྟར་སྣང་ཡང་ཆེད་འཛིན་དང་བཅས་པ་ནི་ཟག་བཅས་ཀྱི་མཐོང་ལམ་ཞེས་བྱ་སྟེ། སྔ་ན་མ་མཐོང་བ་མཐོང་ཡང་ཆེད་འཛིན་གྱི་དབང་གི་ཟག་བཅས་སོ། །དེ་ཉིད་བསྟས་པ་མེད་པར་རང་སྤྱིའི་ཆོས། དབྱེར་མེད་ཕྱོགས་ལྟའི་འདོད་བྲལ་བའོ། །ཅེས་སོ། །རྟོགས་པ་མངོན་སུམ་དུ་གྱུར་ཏེ་ཆེད་འཛིན་ཕྲ་བའང་མི་གནས་པས། ཟག་མེད་རང་གི་མཚན་ཉིད་དེ་མཐོང་ལམ་མོ། །དེ་ཉིད་རིམ་པར་སྟོབས་སུ་གྱུར་ནས་བྱང་སེམས་གཉིས་པོ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཉིད་ནམ་མཁའ་བཞིན་མཐའ་ཐུག་པ་མེད་པ་རང་བྱུང་གི་ཡེ་ཤེས་གསལ་བ་ཉིད་ཐར་ལམ་པ་རྩལ་ཆེན་རྫོགས་པའི་སྐྱེས་བུའོ། །དེས་འབྲས་བུ་མངོན་དུ་གྱུར་པའི་ཚེ་ལམ་གྱི་རྣམས་སྤང་བྱར་བརྟགས་པ་ནི་འཛིན་པ་གཏིང་ནས་མ་གྲོལ་བས་བློ་ཕེབས་པའོ། །ཆུ་བོ་བརྒལ་བའི་གྲུ་བཞིར་འདོར། །ཞེས་པ་ནི་འཛིན་པ་ཟད་པ་ཙམ་དང་བློ་ཞན་ཞེས་པའི་ཐབས་སོ། །དེས་ན་དམ་ཚིག་རྣམས་ནི་རྡོ་རྗེ་ཞེས་གསུངས་སོ། །དེ་དག་དང་མི་ལྡན་པའི་ཉེས་དམིགས་ནི། དུས་གསུམ་བཅས་པ་ལ་གོང་མའི་དོན་ཉིད་དུས་འདས་པ་ལ་སོགས་པ་གསུམ་དང་། རྒྱུན་ཞེས་པ་སྤྱོད་ལམ་རྣམ་པ་བཞིར་མི་བརྗེད་པར་བྱ་རྒྱུ་ཡིན་པ་ལ། དེ་ལས་གཞན་པ་མ་དྲན་ན་རྟེན་དེ་ལས་རང་སེམས་རྟོག་པ་མེད་པས་ཐེག་མཆོག་སྔགས་པར་ཅི་ཞིག་ཆུད་ཅེས་པ་ཐེག་པ་རྣམས་ཀྱི་མཆོག་ངོ་བོ་མེད་བཞིན་ཡོན་ཏན་ཕུན་སུམ་ཚོགས་པའི་བདག་ཉིད་དུ་ཅི་ཞིག་ཆུད་དེ་མི་ཆུད་ཅེས་བྱའོ། །དུས་ནི་ད་ལྟ་ནས་ཐར་ལམ་བར་རོ། །གཞན་ལས་ཀྱང་རྣལ་འབྱོར་ཡེ་ཤེས་མི་ཤེས་པར། ང་ནི་སྔགས་པ་ཡིན་ཟེར་བ་ཞེས་གསུངས་སོ། །སྐུ་ལ་གསུམ་གྱིས་བསྟན་པའི་རྟེན་གྱི་གང་ཟག་གི་ལྟ་སྤྱོད་དམ་ཚིག་འགྲེལ་པ་ཡིས། ཞེས་པས་ལྟ་བའི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པ་མན་ངག་གི་དོན་དང་། ཕུང་ཁམས་ལྷར་རྟོགས་པ་རྒྱུད་ཀྱི་དོན་གཉིས་དང་ལྡན་པ་དང་། སྤྱོད་པས་ཟག་བཅས་ཟག་མེད་ཀྱིས་སྤྱོད་པ་རྣམས་མ་ནོར་བར་གནས་སྐབས་འབྱོར་བ་དང་། དམ་ཚིག་སྟེ་རྩ་བ་དང་ཡན་ལག་རྣམས་མ་ཚང་པ་མེད་པར་རྫོགས་པའོ། །འོ་ན་བྱང་ཆུབ་སེམས་ཀྱི་དམ་ཚིག་དང་། ལྟ་བ་ལ་ཁྱད་ཅི་ཡོད་ཞེ་ན། ངོ་བོ་ལ་ཁྱད་མེད་ཀྱང་རྟོགས་པ་ཉིད་གཅེས་པས་དམ་པར་འཛིན་པའི་ངོས་ནས་མི་འབྲལ་བས་དམ་ཚིག་ཅེས་བརྗོད་ལ། དེ་ཉིད་ཡུལ་ཡུལ་ཅན་མེད་པར་རང་གསལ་གྱི་ངོས་ནས་ལྟ་བ་ཞེས་བརྗོད་དེ། དབྱེར་མེད་པར་འབྲེལ་བ་དང་། སྤྱོད་པ་ཡང་བློ་དམན་གྱི་ཆེད་དུ་བདག་དོན་གཞན་དོན་ཏེ་ཐུན་མོང་གི་ཡན་ལག་དང་། ཐུན་མོང་མ་ཡིན་པའི་ཡན་ལག་ཉེར་ལྔ་ལས་མ་གཏོགས་པའི་སྤྱོད་པ་ལ་ལོགས་སུ་མེད་པས། སྤྱོད་པའི་ངོ་བོ་གང་ལ་བགྱི་ཞེ་ན། ཡན་ལག་གཉིས་པོ་ཡུལ་དང་ཕྲད་ནས་བསྲུང་བ་ལས་མི་འདའ་བ་ལ་ནི་དམ་ཚིག་ཅེས་བྱ་ལ། མི་འགོགས་པར་ཉམས་སུ་བླང་བའི་ངོས་ནས་སྤྱོད་པ་ཞེས་བྱའོ། །དེ་དག་ཀྱང་དབྱེར་མེད་པས་ན་འབྲེལ་བ་རྣམ་པ་གཉིས་ལྷུན་གྱིས་གྲུབ་པའི་རྟེན་གྱི་གང་ཟག་ལ་ནི་འབྲེལ་པ་ཡིས་ཞེས་སོ། །ལྟ་སྤྱོད་སྒོམ་གསུམ་ཅེས་ཀུན་ལ་བཤད་ན། འདིར་སྒོམ་པ་མ་སྨོས་པ་ནི་སྐུའི་སྐབས་སུ་སྤྱོད་པ་གཙོ་ཆེ་བས་སོ། །འོ་ན་ལྟ་བ་སྨོས་པ་ཅི་ཞེ་ན། སྒྲུབ་པའི་དམ་ཚིག་བསྐྱང་བའི་ཕྱིར་ཞེས་པས་ལྟ་བའི་རླན་གྱིས་སྤྱོད་པའི་སྲོག་ཏུ་འགྱུར་བས་སོ། །འོན་ཀྱང་འདིར་སྐུ་ལ་ཁ་ཐག་ཉེ་ཡང་གསུམ་ཀའི་རྟེན་གྱི་གང་ཟག་དུ་ཡང་སྨོས་སོ། །བསྲུང་བའི་ཐབས་ལ་གཉིས་ཀྱི་དང་པོ་ཡུལ་སློབ་དཔོན་བསྟན། དེ་ལ་བཞི་ཡི་དང་པོ་གྲངས་བསྟན་པ་ནི། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་གྲོལ། །མན་ངག་ལུང་གི་སློབ་དཔོན་རྣམས། །ཞེས་པ་དྲུག་གོ། །དང་པོ་སྤྱིའི་ནི་ཐེག་པ་ཐམས་ཅད་སྤྱི་གཞི་རྒྱུ་ཡི་ཐེག་པའོ། །དེའི་སློབ་དཔོན་ནི་སྐྱབས་སུ་འགྲོ་བ་ཐུན་མོང་ཡན་ཆད་ནས་སེམས་བསྐྱེད་པ་དང་སྡེ་སྣོད་གསུམ་གྱི་ཐོས་བསམ་བགྱིས་པའི་བར་ཆེ་འབྲིང་ཐམས་ཅད་དོ། །འདི་ལ་ཁ་ཅིག་སློབ་དཔོན་ཞེས་འཆད་ན། དམ་པ་བདེ་བར་གཤེགས་པའི་ཞལ་ནས། བླ་མའི་བླ་མ་ནི་ཉིད་དང་ཁྱད་མེད་ཏེ་ཉམས་པ་བྱུང་ན་ཡང་བླ་མ་དངོས་མི་བཞུགས་དེ་ལ་བཤགས་པར་བཤད་པ་དང་། དེ་མ་རྙེད་ན་མཉེས་པ་གསུམ་འམ་བརྒྱ་ལ་སོགས་པ་འགྱུར་ལྡབ་དུ་བརྩིས་པས་དང་། སློབ་དཔོན་དྲུག་ཡོན་ཏན་གྱི་གྲལ་རིམས་ཀྱིས་བཞག་པ་ལ་བར་དུ་འདྲེན་སློབ་བྱུང་བས་ཀྱང་མི་འཐད་པས་སོ། །དེ་བས་ན་དམ་ཚིག་བཀོད་པ་ལས་ཀྱང་མཁན་པོ་སློབ་དཔོན་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས་སྤྱི་ཡི་སློབ་དཔོན་སྟོན་པའི་སྐབས་སུ་མཁྱེན་པ་ཅན་ཐ་དག་དང་ཐ་ན་ཚིག་གི་ལེའུ་གསུམ་གསུངས་པ་ཡན་ཆད་ཅེས་གསུངས་པ་དང་། གསང་བའི་སྙིང་པོ་ལས་ཀྱང་། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས་ཞེས་པ་དང་། དཔེའི་སྐབས་སུ་ཡང་ཡུལ་ལ་དབང་བའི་རྒྱལ་པོ་དང་ཞེས་པས། མཚན་ཉིད་ཀྱི་སློབ་དཔོན་ཡིན་པར་ཤིན་དུའང་འཐད་དོ་གསུངས། གཞན་ལས་ཀྱང་གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ་ཞེས་པས་སོ། །འོན་ཀྱང་གོང་མ་ཡེ་ཕྱོགས་སྔ་མར་བཞག་པའང་མ་ཡིན་ཏེ། དམ་པ་གོང་མ་རྣམས་ཀྱི་བཞེད་པ་ཡིན་པས་བློ་སྤྱི་བོར་བཞག་གོ། །འདྲེན་ཞེས་པར་འདྲེན་པའི་སློབ་དཔོན་སྟེ་དབང་བསྐུར་བའི་དུས་སུ་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་ཁྲིད་པའི་ལས་ཀྱི་སློབ་དཔོན་ཏེ། འཁོར་བའི་ཁམས་ནས་འདས་པར་ཁྲིད་པའི་བརྡའ་ཡིན་པའོ། །འདི་ལའང་ཁ་ཅིག་གིས་མ་རིག་སྒོ་འདྲེན་འདྲི་ཀློག་སློབ་པའི་སློབ་དཔོན་ལ་གསུང་ན། འདྲི་ཀློང་ནི་ཐུན་མོང་ཡིན་སྟེ། ནང་པ་དང་། ཕྱི་རོལ་པ་དང་། འཇིག་རྟེན་པ་ཐམས་ཅད་ལ་ཡོད་པས་གང་དུའང་མ་ངེས་པ་དང་། འདིར་སྤྱིའི་སློབ་དཔོན་གྱི་སྟེང་ལ་བྱུང་བས་དེ་སྤངས་མི་རིགས་པ་དང་། ཡི་གེ་མཁན་ལ་སློབ་དཔོན་གྱི་སྒྲ་མི་འཇུག་སྟེ། མཁན་པོ་ཞེས་རྒྱ་ཆེར་རོལ་པ་ལས་བཤད་པས་སོ། །དམ་ཚིག་བཀོད་པ་ལས། སྐུ་ཡི་དམ་ཚིག་ཕ་༡མ་༣དང་༢། །ལུས་སྲོག་སྐྱེད་དང་འཇིག་རྟེན་སྟོན། །མཁན་པོ་སློབ་དཔོན་རྡོ་རྗེ་མཆེད་ཅེས་པ་ནི། ཕ་མས་བྱིས་པ་མ་རིག་པ་འཇིག་རྟེན་གྱི་བྱ་བ་ལ་དབང་པོའི་སྒོ་འདྲེན་པ་དང་། མཁན་པོ་སློབ་དཔོན་གྱིས་འདས་པའི་བྱ་བ་མ་རིག་པ་ལ་དབང་པོའི་སྒོ་འདྲེན་པ་གཉིས་འཆར་དུ་བསྟོན་ཏོ། །དམ་ཚིག་དབང་ཞེས་པས་དབང་གི་བླ་མས་ཕྱི་ནང་གི་དམ་ཚིག་རྣམས་རིམ་པ་བཞིན་དུ་ཕོགས་ནས་རྒྱུད་ལ་ཐེག་ཚད་ཀྱི་དབང་རྣམས་བསྐུར་བའོ། །ཆགས་ཉམས་བསྐོང་བ་ནི་དམ་ཚིག་སྲུང་བ་ལས་འདས་ཏེ་ཉམས་ན་ཆག་ཉམས་ཞེས་བྱ་སྟེ། བྱང་ཆུབ་སེམས་དང་གསུང་གི་དམ་ཚིག་དུས་ལས་འདས་ན་ཆགས་པ་དང་། དམ་ཚིག་གཞན་མ་རྣམས་གཞུང་དུ་མ་སྲོངས་པ་ལ་ནི་ཉམས་པ་ཞེས་བྱ་སྟེ། འདིར་ཐེག་པ་མཆོག་གི་དམ་ཚིག་གི་ཡོན་ཏན་ནི་ཉམས་ན་བསྐང་བས་རྫོགས་པ་དང་ཞེས་པས། དེ་སྐོང་བའི་དཔང་པོའི་མདུན་དུ་བཤགས་དགོས་པས་ཉམས་ཆག་བསྐང་བའི་སློབ་དཔོན་ཞེས་བྱའོ། །ཤེས་རྒྱུད་གྲོལ་བ་ནི་ལུང་ཟབ་མོའི་གཞུང་ཉན་ནས་ཕྱི་ནང་གི་ཆོས་ལ་རིག་པ་བདེ་བླག་དུ་དབང་བསྒྱུར་བ་ལ་ནི་རྒྱུད་གྲོལ་ཞེས་བྱ་སྟེ། ཐ་མལ་བས་ཤེས་རྒྱུད་རྩ་བ་ནས་དག་པའོ། །མན་ངག་ལུང་ཞེས་པ་བསྐྱེད་རྫོགས་གཉིས་ཀྱི་དགོངས་པ་སྟེ་བུངས་ཆུང་ལ་དོན་ཆེ། ཐབས་སླ་ལ་དཔག་དཀའ་བའི་མན་ངག་གི་དོན་ཟབ་མོ་བདེ་བར་གཤེགས་པའི་ལུང་ཟབ་མོས་ཟིན་པའོ། །དེ་ལྟར་བུའི་དོན་སྟོན་པ་ལ་ནི་སློབ་པའི་ཁྲིད་མཁན་དུ་གྱུར་པས་ན་སློབ་དཔོན་ཞེས་བྱའོ། །རྣམས་ནི་གོང་མ་ལྔ་པོ་ལ་ཡང་སྦྱར་ཏེ་དྲུག་གོ། །ཚུལ་མཚོན་པ་དཔེའི་གྲངས་ནི། ཡུལ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་མ་དང་ཕ་དང་མིག །སྙིང་བས་ལྷག་པའི་ཚུལ་ལྟ་སྟེ། །ཅེས་སྟེ་སྤྱིའི་སློབ་དཔོན་བཀུར་བའི་དཔེ་ནི། དཔེར་ན་རྒྱལ་པོའི་མངའ་རིས་ལ་ལོངས་སྤྱོད་པའི་འབངས་སམ་འཁོར་གྱིས་ཁྲིམས་དང་འགལ་བ་མི་བྱེད་ཅིང་ཁྲིམས་བཙའ་བ་དང་། དུས་གསུམ་དུ་ཕྱག་དང་མཆོད་པ་འབུལ་བའོ། །དེ་བཞིན་དུ་རྒྱུ་ཡི་ཐེག་པའི་སློབ་དཔོན་ཡང་ཁྲིམ་དང་འདྲ་བའི་དཀོན་མཆོག་གསུམ་གྱི་བ སླབ་པ་དང་འགལ་བ་མི་བྱ་བ་དང་། དགེ་བ་བཅུ་དང་ཚངས་པའི་གནས་པ་བཞི་ལས་མི་འདའ་བ་དང་། ཁས་བླངས་པའི་སྡོམ་པ་གཉིས་བསྲུང་བ་དང་། འགྲོ་བ་ལ་བྱམས་པ་དང་སྙིང་རྗེའི་སྒོ་ནས་ཕན་འདོགས་པ་དང་། དུས་དུས་ཀྱི་ཕྱག་དང་མཆོད་པ་ལས་མི་འདའ་བའོ། །ཁུ་བོ་ཞེས་པ་འདྲེན་པའི་སློབ་དཔོན་གྱི་དཔེ་སྟེ། རྒྱལ་ཁྲིམས་ཅན་གྱི་ཡུལ་ན་རྒྱལ་སར་ཕྱུང་བ་ལ་ཁྲིད་མཁན་ཁུ་བོས་བྱེད་པ་དང་དོན་དེས་ན་གུས་པ་དང་། གདན་གཏིང་བ་དང་། བསྙེན་བསྐུར་བྱ་བ་དང་། ཕྱག་དང་ཞེ་ས་རྣམས་རྒྱལ་ཁྲིམས་དང་མི་འགལ་བར་བྱ་བ་བཞིན། འདིར་འདྲེན་པའི་སློབ་དཔོན་ལ་ཡང་རྒྱལ་ཁྲིམས་དང་འདྲ་བའི་དམ་ཚིག་གི་གཞུང་ནས་སྨོས་པ་བཞིན་ལུས་ངག་ཡིད་གསུམ་གྱིས་མཉེས་པར་བྱ་བའོ། །མ་ནི་དབང་གི་སློབ་དཔོན་གྱི་དཔེ་སྟེ་རྒྱལ་ཁྲིམས་ཅན་གྱི་མ་མ་རྣམས་འཚོགས་ནས་རྒྱལ་བུའི་ལུས་བརྟན་པ་དང་ཤེད་སྐྱེ་བ་དང་སྟོབས་དང་ལྡན་ནས་རྒྱལ་ཁྲིམས་ཀྱི་རྟེན་དུ་རུང་བ་བཞིན་དམ་ཚིག་དབང་གི་སློབ་དཔོན་གྱིས་དམ་ཚིག་དང་དབང་རྣམས་རིམ་པ་བཞིན་ཕོག་ཅིང་བསྐུར་ནས་སྣོད་དང་རྟེན་དག་པར་བྱས་ཏེ་རྒྱལ་ཁྲིམས་དང་འདྲ་བའི་ཐམས་ཅད་མཁྱེན་པའི་བསྐྱེད་རྫོགས་གཉིས་ཀྱི་སྣོད་དུ་རུང་བར་བྱས་པའོ། །ཕ་ཞེས་པ་ཉམས་པ་སྐོང་བའི་སློབ་དཔོན་གྱི་དཔེ་སྟེ། རྒྱལ་ཁྲིམས་དང་འགལ་ནས་ཆད་པ་བྱུང་ན་དེ་ལས་བསླུ་བའི་ཐབས་ནི་ཕས་བྱེད་དེ། ནོར་ལ་སོགས་པས་རྒྱལ་པོ་མཉེས་པར་བྱས་ནས་ཉེས་པ་སོབས་ཏེ། སླར་རྒྱལ་ཁྲིམས་དང་མཐུན་པའོ། །དེས་ན་ཕ་ལ་རིམ་འགྲོ་ཆེ་བར་བྱེད་པ་འདི་བཞིན་དུ་ཉམས་ཆག་སྐོང་བ་ཡང་བཤགས་པས་སྐོང་སྟེ། རྒྱལ་ཁྲིམས་དང་འདྲ་བའི་ཐེག་པ་མཆོག་གི་རིགས་སུ་ངེས་པར་བྱེད་དོ། །དེ་བཀུར་བ་ཡང་འཆད་པ་རྣམས་ཀྱིས་མཉེས་པར་བྱ་བའོ། །མིག་ཅེས་པས་ཤེས་རྒྱུད་གྲོལ་བའི་སློབ་དཔོན་ཀྱི་དཔེ་སྟེ་མིག་ལ་བརྟེན་ཏེ་ཕྱི་ནང་གི་ལག་ཉེས་ཐམས་ཅད་བརྡའ་སྤྲོད་པ་དང་འདྲ་བར། ཤེས་རྒྱུད་དགྲོལ་བས་ཀྱང་འཁོར་འདས་ཀྱི་སྤང་བླང་དང་ལམ་གྱི་རྩོལ་སྒྲུབ་དང་། འབྲས་བུའི་དངོས་གཞི་རྣམས་རིག་དང་འཇལ་བར་བྱེད་པའོ། །དེས་ན་མིག་ནི་ཤིན་དུ་གཅེས་ཏེ། བསྲུང་བ་དང་མི་འབྲལ་བ་བཞིན། སློབ་དཔོན་ལ་གདུང་བ་དང་མི་འབྲལ་ཅིང་བསྲུང་ཐབས་རྣམས་ཉམས་སུ་བླང་ངོ་། །སྙིང་ནི་མན་ངག་གི་སློབ་དཔོན་གྱི་དཔེ་སྟེ། དགོངས་འདུས་ལས། སྐྱེས་བུ་རྐང་ལག་བཅད་དེ་ཉམས་ཀྱང་འཚོ། །ཅི་ལྟར་སྙིང་ཕྱུགས་འཚོ་བའི་གླགས་མེད་ལྟར། །ཞེས་པས་ཡན་ལག་གང་ཉམས་ཀྱང་འཚོར་བཏུབ་ལ་སྙིང་ཕྱུང་ན་འཚོ་བའི་གླག་མེད་པ་ལྟར། བསྐྱེད་རྫོགས་རྣམ་པ་གཉེས་ཀྱི་མན་ངག་མེད་ན། ལྔ་པོ་ཅི་ལྟར་བྱས་ཀྱང་བརྗོད་བྱེད་ཚིག་གི་ཐ་སྙད་དུ་བབ་སྟེ། བུ་རམ་མངར་བའི་ལོ་རྒྱུས་བརྗོད་པ་དང་མཚུངས་པས་འབྲས་བུ་མངོན་དུ་མན་ངག་གི་སྟོབས་ཏེ། དེས་ན་སྙིང་དང་འདྲ་བས་བཀུར་བར་བྱའོ། །ལྷག་པའི་ཚུལ་བལྟ་སྟེ་ཞེས་པ་བཤད་པའི་སློབ་དཔོན་དྲུག་ཉིད་སོ་སོའི་དཔེས་དྲུག་པས་ཀྱང་ལྷག་པའི་ཚུལ་དུ་བླ་མ་རྣམས་ལ་བལྟའོ་ཞེས་པ་འོ། །སྟེ་ཞེས་པ་ལྷག་མ་སྟེ་གང་ཞེ་ན་བཀུར་ཐབས་འཆད་པ་བཞིན་ནོ། །སློབ་དཔོན་དྲུག་རྒྱུད་གཅིག་ལ་ལྡན་པའི་ཚུལ་ནི་སློབ་དཔོན་གཅིག་གིས་དབང་བསྐུར་ན་དེས་རྒྱུའི་ཐེག་པ་སེམས་བསྐྱེད་སྐྱབས་འགྲོ་བྱས་པ་སྤྱིའི་སློབ་དཔོན། ཉམས་པ་བྱུང་ན་སྐོང་བའི་ཡུལ་ཡིན་ན་དེ་ཉིད་ཚང་། རྒྱུད་ཞུས་ན་ཤེས་རྒྱུད་དགྲོལ་བ་ཚང་། མན་ངག་ཞུས་ན་དེ་ཉིད་ཚང་། འདྲེན་སློབ་གཞན་ལ་རག་སྟེ་ཡུལ་ལ་གང་ལྡན་རྣམས་བརྩི་བ་སོ་སོའི་སྣང་བ་ཡང་ཡོད་དེ་དཔྱད་དོ། །བསྲུང་ཐབས་དངོས་ནི། སྒོ་གསུམ་ཟོལ་སྒྱུ་མེད་པར་ནི། །ཡི་དམ་ལྷ་ལྟར་རྒྱུན་དུ་བསམ། །ཞེས་པས་སྒོ་ནི་ལུས་ངག་ཡིད་གསུམ་སྟེ་ཡུལ་ལ་འགྲོ་བ་དང་། བག་ཆག་ལན་པ་དང་། ཡོན་ཏན་མ་སྦྱོར་བའི་སྒོར་གྱུར་ལ། གསུམ་ནི་གྲངས་སོ། །ཟོལ་སྒྱུ་ཞེས་པ་ལུས་ཀྱི་སྒོ་ནས་ཟོལ་ནི་ནོར་གཏོང་ཡང་ལྟད་བཅུག་པ་དང་། ལུས་གཏོང་ཡང་མི་ན་པ་ན་བར་བཅོས་པ་ལྟ་བུའོ། །སྒྱུ་ནི་ནོར་མི་ཤོར་བའི་ཐབས་ལྟ་བུ་དང་། ལུས་ཀྱང་ཉམ་སྟོབས་ཆེ་ཡང་ཆུང་བ་ལྟར་བཅོས་པའོ། །ངག་གི་སྒོ་ནས་ཟོལ་ནི་རྫུན་སྤྱོད་པ་དང་། ཤེས་རྫུན་པ་ལྟ་བུ་ལ་ནི་སྒྱུ་ཞེས་བྱའོ། །དེ་དག་ཀྱང་ལུས་ངག་གི་རྗེས་སུ་འགྲོ་བ་ལ་ནི་ཟོལ་སྒྱུ་ཞེས་བྱའོ། །དེ་དག་གིས་མ་གོས་པ་ནི་མེད་པ་སྟེ། ཡིད་དམ་ཞེས་པ་ལྷ་རྒྱུན་དུ་བསྒོམ་པ་དང་། དད་མོས་མི་ཕྱེད་པ་དང་གཉན་པ་དང་། ཡོན་ཏན་ཐམས་ཅད་ཀྱི་བྱུང་ཁུངས་སུ་གྱུར་པ་ལྟར། དུས་གསུམ་སྤྱོད་ལམ་བཞིར་བླ་མ་ལ་ཡང་དེ་ལྟར་བྱ་བས་ན་རྒྱུན་དུ་བསམ་ཞེས་བྱའོ། །སྐུ་ཡི་དམ་ཚིག་སྤྱིར་བསྟན་པ་ནི། བསྲུང་རིམ་འཆད་བཞིན་ཤེས་པར་བྱ། །ཞེས་པ་སྟེ་གོང་དུ་བསྲུང་ཐབས་མདོར་བསྟན་ནས། བསྲུང་བའི་རིམ་པ་རྒྱས་པར་བཤད་པ་ནི་གྲོགས་པོ་དང་མཚུངས་པར་འོག་ནས་འཆད་པ་བཞིན་ཤེས་པར་བྱ་ཞེས་གདམ་པའོ། །མཆེད་ཀྱི་དམ་ཚིག་ལ་གཉིས་ཀྱི་མཆེད་དུ་འབྲེལ་བའི་བྱེ་བྲག་ལ་ལྔའི་དང་པོ། སྤྱིའི་མཆེད་ནི། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །ཞེས་པ་སྟེ་འཇིག་རྟེན་གྱི་ཁམས་དང་ནང་བཅུད་ཀྱི་སེམས་ཅན་ལ་མཐར་ཐུག་པ་མེད་པས་མཐའ་ཡས་ཞེས་བྱ། སེམས་དངོས་པོ་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བ་ལས་འཁྲུལ་པས་གཅིག་ལ་གཉིས་སུ་མཐོང་སྟེ་བརྟགས་པ་ལ་ཅན་ཞེས་བྱའོ། །དེ་དག་རྟེན་ཀྱི་གང་ཟག་གི་མཆེད་དུ་གྱུར་པའི་རིག་པ་ནི་གཉིས་སྟེ་དང་པོ་གསང་སྔགས་ལྟར་ན་རང་རིག་ཕྱིར། གང་ཡང་བདག་ལས་གཞན་མིན་དང་། །ཅེས་པ་དྲུག་གི་འགྲོ་བ་ཐམས་ཅད་རང་རིག་ཉིད་མ་འགགས་པ་དེ་དག་དུ་སྣང་ཞིང་རང་རིག་ཉིད་དུ་གཅིག་པའི་ཕྱིར། གང་ཡང་ཞེས་པ་འགྲོ་བ་དྲུག་ཐམས་ཅད་རང་གི་སེམས་རང་རིག་ལས་མ་གཏོགས་པ་གཞན་དུ་གྲུབ་པ་རྡུལ་ཕྲ་རབ་ཙམ་ཡང་མེད་པས་བདག་ཉིད་གཅིག་པའི་འབྲེལ་བ་སྟེ། མན་ངག་ལས་ཀྱང་། བདག་གི་ལུས་ནི་མཐའ་ཡས་ཞིང་། སྐྱེ་བོའི་ལུས་སུ་རབ་སྣང་ཡང་ཞེས་པའོ། །རྒྱུ་ཡི་ཐེག་པའི་གཏན་ཚིགས་ནི་བདེར་གཤེགས་སྙིང་པོར་སྤུན་ཡིན་ཕྱིར་ཞེས་པས་ཁམས་གསུམ་པ་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཉིད་ཀྱིས་མ་ཁྱབ་པ་མེད་པ་སྟེ། འགྲོ་བའི་འདི་དག་ཐམས་ཅད་སངས་རྒྱས་རྒྱུ། །ཞེས་པ་དང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ་ཅེས་པས་སོ། །དེས་ན་འགྲོ་བ་གང་ཡང་སངས་རྒྱས་སུ་རུང་བར་བསྟན་ཏོ། གཏན་ཚིགས་གཉིས་ཀྱིས་འགྲོ་བ་ཐམས་ཅད་རང་བཞིན་མཚུངས་པས་སྤུན་ཡིན་པའི་ཕྱིར། མ་འོང་སངས་རྒྱས་རང་བཞིན་ནོ། །ཞེས་པས་མ་འོངས་པའི་དུས་ན་འགྲོ་བ་ཐམས་ཅད་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་ཡིན་ནོ། །དོན་དེ་ཉིད་ལ་ནི་སྤྱིའི་མཆེད་ཅེས་བྱ་སྟེ་བྱམས་པ་དང་སྙིང་རྗེའི་ཡུལ་ལོ། །རིང་བའི་མཆེད་ནི། སངས་རྒྱས་ཆོས་ཞུགས་རིང་བ་དང་། །ཞེས་པས། ནང་པ་སངས་རྒྱས་པའི་བསྟན་པའི་ཆོས་ཀྱིས་སྒོར་ཞུགས་པ་སྟེ། དེ་ནས་སྐྱབས་གནས་དམ་པ་གཅིག་པ་དང་། སེམས་ཀྱི་ཕུགས་བདག་མེད་ལ་བཅའ་བ་དང་། འཁོར་འདས་གཉིས་སྤང་བསྒྲུབ་ཀྱི་བསམ་པ་ཅན་དུ་མཐུན་པས་མཆེད་ཡིན་ཡང་། གསང་སྔགས་ལ་བལྟོས་པས་རིང་བ་ཞེས་བྱའོ། །ཉེ་བའི་མཆེད་ནི། ལྟ་སྤྱོད་མཐུན་པར་ཉེ་བར་བཤད། །ཅེས་པ་ལྟ་བས་མཉམ་པ་ཉིད་ཀྱི་དོན་སྟོན་པར་མཐུན་པ་དང་། སྤྱོད་པ་བླང་དོར་མེད་པར་མཐུན་པ་ནི་གསང་སྔགས་ཆུད་པ་སྟེ་གོང་གི་རིང་བ་ལ་བལྟོས་ན་འདིར་ཉེ་བའི་མཆེད་དེ། དམ་ཚིག་བཀོད་པའི་རྒྱུད་ནས་དང་པོ་འཇུག་པའི་སྒོ་དང་། བར་དུ་བསྒྲུབ་པའི་ཐབས་དང་། ཐ་མ་གྲུབ་པའི་འབྲས་བུ་ཐམས་ཅད་གཅིག་པས་ཞེས་པས་སོ། །འདྲེས་པའི་མཆེད་ནི། ཕ་གཅིག་དམ་ཚིག་གང་འདྲེས་ན། །ཞེས་པས་ཕ་ནི་དོན་སྟོན་པར་བྱེད་པའི་རྡོ་རྗེ་སློབ་དཔོན་ཏེ་གཅིག་གི་སྤྱན་སྔར་དབང་དང་རྒྱུད་བཤད་པ་དང་། མན་ངག་འབོགས་པ་གསུམ་གྱི་གནས་སྐབས་ཀྱིས་དཀྱིལ་འཁོར་གཅིག་དམ་ཚིག་དུས་གཅིག་ཐོབ་པས་ནང་འདྲེས་ན། ཚེ་སྐབས་ཀྱི་དོན་སྟེ་དེ་དག་གི་དུས་སྐབས་ན་ཚུལ་མཚོན་པའི་དཔེ་བསྟན་པ་ནི། སྤྱིའི་མཆེད་དེ་ནང་མཚན་བཞིན་ཞེས་པ་སྤྱིའི་མཆེད་ཀྱི་དཔེས་ནི་རྒྱུས་གཅིག་གི་མཚན་ན་ནང་མཚན་བཟང་པོ་བཞིན་དུ་བསྐུར་སྟེ་བྱམས་པ་དང་སྙིང་རྗེའི་གཞི་བཟུང་བ་དང་། ཚད་མེད་བཞིས་དོན་བྱ་བ་དང་། ཐ་ན་སྡུག་བསྔལ་དང་བྲལ་ཞིང་བདེན་པ་དང་ལྡན་པའི་སྨོན་ལམ་འདེབས་པ་ལ་སོགས་པའོ། །དེ་ཡང་དམ་ཚིག་བཀོད་པ་ལས། ཐམས་ཅད་བདག་ཉིད་ཀྱི་བུ་དང་འདྲ་བར་ཉེས་ན་བཅོས་པ་དང་། ལེགས་པའི་ལམ་བསྟན་པ་དང་། བྱས་པ་ཐམས་ཅད་བར་ཆད་མེད་པར་འགྲུབ་ཅིང་མཐར་ཕྱིན་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་པོ་ཞེས་སོ། །ཞང་ཚན་ཞེས་པ་རིང་བའི་མཆེད་ཀྱི་དཔེ་སྟེ་ཡང་མྱེས་སྤུན་ལྟ་བུ་ལ་སོགས་པའི་ཞང་ཚན་བཟང་པོ་བདུན་མ་གཅིག་པར་བྱ་བ་དང་། སྲོག་སྲིད་རྒྱ་སྐྱོང་སྟེ་ཐམས་ཅད་དང་མཐུན་ཅིང་འཇམ་བར་བྱ་བ་ལྟར་འདིར་ཆོས་སྒོར་ཞུགས་པ་ཙམ་ལ་ཆོས་དང་འགལ་བའི་ལས་མི་བྱ་ཞིང་བསྟན་པ་གཅིག་དུ་སྐྱོབ་སྟེ། དེ་ཡང་དམ་ཚིག་བཀོད་པ་ལས། སངས་རྒྱས་ཀྱི་བསྟན་པ་ཙམ་ལ་གནས་པ་ལ་ནང་མཐུན་པ་ལ་དབྱེན་མི་བསྐྱལ། མི་མཐུན་པ་ལ་རིས་མི་གཟུང་། རྩོད་པ་ཅན་ལ་ཟུར་མི་གསོས་ཞེས་པ་ལ་སོགས་པ་གསུང་བ་བཞིན་ནོ། །ཕ་སྤུན་ཞེས་པ་ཉེ་བའི་མཆེད་ཀྱི་དཔེ་ཉེ་བ་སྤུན་བཟང་པོ་ནི་དགྲ་ཕྱོགས་གཅིག་ན་བཏུལ་གཉེན་ཕྱོགས་གཅིག་ན་སྐྱོང་བ་དང་འདྲ་བར། འདིར་ལྟ་སྤྱོད་མཐུན་པའི་རྣལ་འབྱོར་པ་རྣམས་ཀྱིས་གསང་སྔགས་ཀྱི་དམ་ཚིག་དང་མི་འགལ་བར་བྱས་ན་འཁོར་བའི་དམག་དཔུང་ཚོགས་ཤིང་འདས་པའི་ཕྱོགས་དར་བ་སྟེ། དམ་ཚིག་བཀོད་པ་ལས། དགོངས་པ་ཅན་ལ་འཕྱས་མི་གདགས། །དགེ་བ་ཅན་གྱི་ཐུགས་མི་དཀྲུག་ཅེས་སོ། །སྤུན་བས་ཀྱང་ཞེས་པ་འདྲེས་པའི་མཆེད་ཀྱི་དཔེ་སྟེ། དཔེར་ན་ཕ་གཅིག་གི་བུ་ནི་གཅིག་གི་དགྲ་ཀུན་བཏུལ་བ་དང་། རྒྱུན་ཀུན་གྱིས་བསྐྱང་བ་དང་ཡོ་བྱད་ཐུན་མོང་དུ་བྱེད་པ་ལྟར། རྡོ་རྗེ་སློབ་དཔོན་གཅིག་ལ་དམ་ཚིག་དུས་གཅིག་ཏུ་མནོས་པ་ནི། ད་ནི་བཟུང་སྟེ་སངས་རྒྱས་པའི་བར་དུ་མི་འབྲལ་བས་གྲོགས་པོ་དམ་པ་ཡིན་ཏེ། དེས་ན་དགོས་པ་ལ་བབ་ན་སྲོག་གིས་ཀྱང་འཐུད་པར་ལྟ་བུར་བྱའོ། །དེ་ཡང་དམ་ཚིག་བཀོད་པ་ལས། མཆེད་ལྕམ་ལ་ཁྱད་པར་དུ་བརྩེ་གདུང་གི་གཞི་བཟུང་སྟེ་མི་འབྲལ་ཅིང་ལོག་པའི་ལམ་བཀག་ཅིང་པའི་ལམ་བཀག་ཅིང་དགེ་བ་ལ་བསྐུལ་བ་དང་། འབྲས་བུ་དུས་གཅིག་ཐོབ་པའི་སྨོན་ལམ་གདབ་ཅེས་སོ། །བསྲུང་ཐབས་ཐུན་མོང་བ་ལ་གསུམ་གྱི་ལུས་ཀྱི་སྒོ་ནས་དྲུག་གི་དང་པོ་མཆོད་སྦྱིན་གྱི་སྒོ་ནས་མཉེས་པར་བྱ་བ་ནི་ལུས་ཀྱི་ཟས་ནོར་མཉེས་བྱ་ལ། སྦུར་མ་ལྟ་བུར་འཕང་བ་མེད། །ཅེས་པ་སྟེ། འདི་ཡང་རྟེན་གི་གང་ཟག་སྔོན་དུ་བསྟན་ལ། སློབ་དཔོན་མཆེད་གཉིས་སྐུའི་དམ་ཚིག་སྟེ་ལུས་ཀྱི་བསྲུང་བ་ཤེས་ཆེ་ལ། ངག་ཡིད་གཉིས་ཀྱི་དེའི་གྲོགས་སུ་བསྟན་པས་སྐུའི་དམ་ཚིག་སྟེ་དེ་ནི་ཡུལ་ལོ། །བསྲུང་བའི་ཚུལ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་འཆད་པ་བཞིན་ཏེ། རྟེན་ལུས་ཀྱི་ཁ་ཟས་ཀྱི་བྱེ་བྲག་དང་། ནོར་གྱི་བྱེ་བྲག་རྣམས་ཀྱིས་ཡུལ་མཉེས་པའི་ཐབས་གང་ཡིན་པ་བྱས་པ་ལ་ནི་མཉེས་བྱས་ཞེས་སོ། །གསང་བའི་སྙིང་པོ་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་འབུལ་ཞེས་པ་ལ་སོགས་པ་རྒྱུད་ཐམས་ཅད་ལ་རྒྱས་པར་འབྱུང་ངོ་། །དེ་དག་ཀྱང་སེར་སྣས་མ་གོས་པ། ཁྲོ་ལེན་ནས་སྦུར་མ་ལྟ་བུར་འཕངས་མེད་པའི་སེམས་ཀྱིས་དབུལ་བར་བྱའོ། །གཉིས་པ་ཞབས་འབྲེང་བྱ་བའི་ཚུལ་ཡང་། གདན་བཏིང་ཞེས་པ་ལ་སོགས་པ་སྟེ། བླ་མ་དང་གྲོགས་དམ་པ་ལ་བཞུགས་ས་གར་དགོས་ལ་གདན་བཏིང་བ་དང་། འདམ་རྫབ་དང་ཆུ་འཕྲང་ལ་ཁུར་བ་དང་། བཙོགས་ཁོང་སུ་ཞབས་འབྲེང་ཐམས་ཅད་བསྡུས་ཏེ་གཟིམ་མལ་དང་། རྟ་ལ་བཅིབས་གཤེགས་དང་། གཤེགས་བཞུད་ཀྱི་གྲོགས་དང་ན་བཟའ་གསོལ་གཤེགས་ལ་སོགས་པ་ཐམས་ཅད་དོ། །དེ་ལྟ་བུའི་ལས་ཀྱི་བྱ་བ་ཅི་བྱེད་ཀྱང་། རང་དོན་གྱི་སྒོ་ན ས་བླ་མ་མཉེས་པའི་ཐབས་གཅིག་པུ་ལས་མ་གཏོགས་པ་བརློམ་པ་དང་འཁེངས་སེམས་གཏན་མེད་པ་ནི་སྟན་གྱི་ཐ་མ་བཞིན་ནོ། །དང་དུ་བླང་བར་བྱ་ཞེས་པ་ངོ་སོའམ་དྲིན་ཆེ་བ་ལྟ་བུ་མ་ཡིན་པར་ཡུལ་གཉིས་ཀྱི་ཞབས་འབྲིང་རྣམས་ཞེ་ཐག་པ་ནས་རང་གཉེར་གྱིས་དང་དུ་བླང་པའོ། །བླ་མའི་ཉེ་འཁོར་ལ་བལྟ་ཚུལ་ནི། བླ་མའི་ཉེ་འཁོར་ཞེས་པ་ཁྱིམ་པ་ལྟ་བུ་ནི་བུ་ཚའི་རིགས་རྒྱུད་དང་ཁྱིམ་བྲལ་ན་ཐུགས་གཉེན་ལ་སོགས་པའི་འཁོར་རྣམས། དེ་བཞིན་ཞེས་པས་བླ་མ་བཞིན་ནམ་ཡང་ན་གྲོགས་པོ་དེ་བཞིན་དུ་ཞེས་སོ། །གནང་བ་མེད་པའི་ནོར་རྫས་མི་བླང་བ་ནི། ནོར་རྫས་བླང་བ་ཞེས་པ་ལ་སོགས་པ་སྟེ། བླ་མས་མ་གནང་བར་ནོར་རྫས་ཀྱི་བྱེ་བྲག་རྣམས་འདོད་ཞེན་གྱིས་བླང་ན། རྟེན་གཉེན་བས་རྣམ་སྨིན་ཤིན་ཏུ་ཆེ་སྟེ། ངན་སོང་ཁ་བརྒྱུད་པའི་ཕྱིར་ཐ་ན་ཏིལ་འབྲུ་ཙམ་ལ་ཡང་མི་འབག་སྟེ། གྲོགས་ལའང་དེ་དང་མཚུངས་སོ། །བླ་མའི་གདན་ལ་སོགས་ལ་སྤྱད་པའི་ཉེས་པ་ནི་མལ་གོས་ཞེས་པ་ལ་སོགས་པ་སྟེ། གཟིམས་བཞུགས་གཉིས་ཀྱི་ཆས་དང་། གོས་ཀྱི་བྱེ་བྲག་དང་། ཆས་སྟེ་གདུགས་དུང་ལ་སོགས་པ་ལྟ་བུ་དང་། ཡང་ན་ཆགས་ཞེས་པས། ཆགས་ལྷྭམ་དང་། བཙོགས་ཀྱིས་བཞོན་པ་དང་། རྟ་དང་བཙུན་མོ་ལྟ་བུའོ། །དེ་དག་བགོམ་པར་མི་བྱ་བ་ནི་བསྲུང་ཚུལ་ལོ། །བགོམས་ན་ཅི་ཉེས་ཤེ་ན་མཆོད་རྟེན་བཤིགས་པ་དང་འདྲ་བར་གསུངས། ཞེས་པས་དེ་ཉིད་ཉེ་བ་ལྔ་ཡི་གཅིག་སྟེ་དེ་དང་ཉེས་པ་མཉམ་ཞེའོ། །གར་གསུངས་ན་དགོངས་པ་འདུས་པ་དང་གསང་བའི་སྤྱི་རྒྱུད་ལས་སོ། །དམན་པའི་སྤྱོད་པ་ལྔ་ཡང་སྤང་བར་བསྟན་པ་ནི། བརྡེག་བསད་རྐུ་འཕྲོག་སྤྱོད་པ་ནི། །ཞེས་པ་ལ་སོགས་པ་སྟེ། བརྡེག་པ་ནི་མཚོན་ཆ་དང་ཚོག་དབྱུག་དང་ཐལ་མོ་དང་ཁུ་ཚུར་ལྟ་བུའོ། །བསད་པ་ནི་སྲོག་གི་འཚོ་བ་དང་ཕྲལ་བའོ། །རྐུ་བ་ནི་ལྐོག་དུའོ། །འཕྲོག་པ་ནི་དངོས་སུ་བཙན་ཐབས་སོ། །སྤྱོད་པ་ནི་འདོད་ལོག་སྟེ། ལས་དག་དངོས་སུ་བྱ་བ་ནི་ཅི་སྨྲོས་ཀྱི་རྩེ་མོའམ་ཀུ་རེ་ཙམ་གྱི་ལས་སུ་བྱ་བ་མིན་སྟེ་ཤིན་དུ་སྤངས་བར་བྱ་སྟེ། གྲོགས་པོ་ལ་ཡང་མཚུངས་སོ། །ལུས་ཀྱི་ལས་དེ་དག་ཀྱང་སློབ་དཔོན་ཉིད་ཀྱི་འཕྲ་རྒྱས་སུ་གསལ་བ་སྟེ། ལུས་ཀྱི་བསྲུང་བའང་བརྡེག་སོགས་ལས། མཐོང་སྨད་ཙམ་དུ་བྱ་བ་མིན། འདོད་ཡོན་ལྔའི་མཆོད་པ་དང་། གསང་བའི་སྣོད་དུ་དུག་མི་སྤྱོད། །ཅེས་པ་སྟེ་ཡུམ་ལ་བརླམ་པ་དང་། འགྲོ་བ་དྲང་པོའི་ཕྱོགས་སྤངས་ཞེས་པས་རྒྱབ་ཀྱི་གཡོན་ཕྱོགས་སུ་འགྲོ་བ་དང་། གདན་ས་གདན་སོགས་མི་བརླམ་པ་དང་། འགྲོ་འདུག་ཅེས་པས་བླ་མ་བཞེངས་ན་རང་འདུག་པ་མ་ཡིན་པ་དང་། ངན་སྤྱོད་སྤང་ཞེས་པས་སྣབས་ལུད་དང་གཤང་ཅི་ལ་སོགས་པ་བླ་མས་གཟིགས་སར་མི་བྱ་བ་དང་། བླ་མའི་སྤྱན་སྔར་རྒྱན་འབྱེད་པ་སྟེ་སྒེག་ཆོས་སྤང་བ་དང་། ཟེའུ་ལྡེར་སྟེ་གདུགས་མི་དབུབ་པ་དང་། སྐྱེ་བོ་མ་རབས་ཀྱི་སྤྱོད་པ་ཀུན་སྤང་བ་དང་། སྤྱོད་ལམ་ཐམས་ཅད་དུ་བླ་མ་ལ་བག་ཟོན་ཆེ་བར་བྱ་བ་དང་། བཀུར་སྟིའི་མཆོག་བྱ་བར་བསྟན་ཏོ། །དོན་དེ་ཉིད་དམ་ཚིག་བཀོད་པ་ལས་ཀྱང་བླ་མ་མཉེས་པའི་ཐབས་སྒོ་གསུམ་གྱི་བྱ་བ་རྒྱས་པར་གསུངས་པས་དེ་ལྟར་བལྟ་བར་བྱའོ། །ངག་གི་སྒོ་ནས་བསྲུངས་ཐབས་ནི་ངག་གིས་སྐྱོན་སྦ་ཞེས་པ་ལ་སོགས་པ་སྟེ། བརྟེན་ངག་གི་སྒོ་ནས་བླ་མ་དང་མཆེད་ལ་སྐྱོན་ཡོད་ན་ཐབས་ཅིས་ཀྱང་སྦ་བ་དང་། ཡོན་ཏན་གཞན་ལ་བསྒྲག་པར་བྱའོ། །བླ་མ་དང་གྲོགས་པོའི་ཚུལ་ཞེས་པ་འདྲ་སྣང་སྟེ། གཟིགས་པ་དང་བཞུད་པ་དང་གསུང་བ་དང་། མཛད་སྤྱོད་ཀྱི་སྟོངས་དང་། སྐྱོན་གྱི་ཚོགས་མངོན་ནམ་སྦགས་སུ་བརྗོད་པ་ནི་ཉམས་པར་འགྱུར་བས་སྤང་བར་བྱའོ། །སྐྱོན་མེད་པ་ལ་བཏགས་པའི་སྒྲོ་དང་། ཡོན་ཏན་ཡོད་ཀྱང་བཅས་པའི་བསྐུར་བ་དང་། སོགས་ཁོངས་སུ་སྐྱོན་བརྗོད་པའི་བྱེ་བྲག་ཐམས་ཅད་བརྗོད་པའི་མཚན་ཉིད་དག་དངོས་སུ་བྱ་བ་ལྟ་ཅི་སྨོས་ཀྱི་བྲེ་མོའམ་ཀུ་རེ་ཙམ་དུ་ཡང་མི་བརྗོད་པ་དང་། ཡང་ཐིལ་གྱིས་བརྗོད་པ་ལྟ་ཅི་སྨོས་ཏེ་ཟུར་ཙམ་ཡང་མི་བྱ་བ་ནི་ངག་གིས་བསྲུང་བའི་ཚུལ་ལོ། །དེ་ཉིད་ཀྱང་འཕྲ་རྒྱས་འབྱེད་པ་ལས། རྫུན་དང་འཕྲ་མ་ངག་རྩུབ་དང་། །འཁྱལ་པ་ནམ་ཡང་མི་བྱ་སྟེ། །བེ་ཕོག་མ་ཡིན་རྟ་གད་དོར། །རྐོག་ཏུ་ཚུལ་བརྗོད་ཉམས་པར་འགྱུར། །ཡོན་ཏན་བརྗོད་ཅིང་སྙན་པར་སྨྲ། །ཅ་ཅོ་ལ་སོགས་མ་ཡིན་པ་ཞེས་སོ། །ཡིད་ཀྱི་བསྲུང་བ་ནི་ཡིད་ཀྱིས་གཡོ་སྒྱུ་འཕྲག་དོག་དང་ཞེས་པ་ལ་སོགས་པ་སྟེ། རྟེན་ཡིད་ཀྱི་སྒོ་ནས་བླ་མ་དང་གྲོགས་ལ་གཡོ་དང་སྒྱུ་དང་བདག་འཐོབ་པར་འདོད་པའི་འཕྲག་དོག་དང་། ཡུལ་གཉིས་དམན་པར་འདོད་པའི་རྔན་སེམས་དང་དཔྱས་གདག་པའི་སེམས་དང་། ནོར་ལ་སྐམ་ཆགས་ཀྱིི་སེམས་རྣམས་ཐ་ན་ཡུན་ཐུང་བ་སེ་གོལ་ཙམ་གྱི་ཡུན་དུའང་མི་བྱ་སྟེ། མདོར་བསྡུས་ན། དད་པས་མི་ཕྱེད་པས་ཤིན་ཏུ་གདུང་ཞིང་ཕན་འདོགས་པའི་ངོས་ནས་བརྩེ་བར་བྱ་ཞེས་པས་སེམས་ཀྱིས་བསྲུང་ཚུལ་ལོ། །དེ་ཡང་ཕྲ་རྒྱས་ལས། ཆགས་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་དུག་ལྔའི་སེམས་མི་བྱ། །ངན་དུ་མི་སེམས་ལྕི་བར་སེམས། །ཕ་མ་ཡི་དམ་འདྲ་བར་སེམས། །རྟག་ཏུ་གདུང་བ་རྒྱུན་མི་བཅད། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །ཞེས་སོ། །དེ་དག་དྲན་པ་དང་ཤེས་བཞིན་གྱིས་མི་ཉམས་པར་བསྲུང་བ་ནི་རང་གི་ངོ་བོའོ། །འདི་དག་དུས་སྐབས་གང་གི་ཚེ་རྒྱུད་ལ་ཅི་ལྟར་ལྡན་པ་ནི། ཟག་བཅས་དང་པོའི་དུས་སུ་གཉེན་པོ་གོ་ཆ་བགོས་ནས་བསྲུང་བའོ། །སྦྱོར་ལམ་ལ་ཉེ་ནས་ཆུ་གཞོལ་ཕྱོགས་སུ་འབབ་པ་བཞིན་བརྩོན་འགྲུས་ཀྱི་ངོ་བོ་ཉིད་དུ་ཞུགས་སོ། །ཟག་མེད་ནས་མཐར་ལམ་གྱི་བར་དུ་སེམས་ཉིད་དུ་རྟོགས་ལ། ཉེས་པས་མ་གོས་པ་ཉིད་གང་ནས་གང་དུ་སྟོབས་སུ་གྱུར་པའོ། །དུས་ནི་དགོངས་འདུས་ལས། འདུན་པ་ནས་བཟུངས་ལས་རུང་བའི་བར་དུ་དེ་ལས་ལྟོས་དགོས་སོ་ཞེས་པ་དང་། བླ་མེད་སྙིང་པོར་འགྲོ་བའི་གྲོགས་ཞེས་པས་ལས་དང་པོ་ནས་མཐའ་ལམ་གྱི་བར་དུའོ། །ཡོན་ཏན་གྱི་ངོས་ནས་ཞབས་བསྡུ་བ་ནི་སྤྱོད་ལམ་ཞེས་པ་ལ་སོགས་པ་སྟེ། བླ་མ་དང་གྲོགས་པོ་མཉེས་པའི་ཐབས་ཀྱི་སྤྱོད་ལམ་གྱིས་དངོས་པོ་རྣམས་དེ་བཞིན་དུ་ཉམས་སུ་བླང་བ་དང་། གཞན་ཡང་མཉེས་པའི་ཐབས་ཟས་དང་ནོར་དང་ལུས་འབུལ་བ་དང་། དད་པ་དང་ཤེས་རབ་དང་བསྒྲུབ་པ་ལ་སོགས་སུ་ཅི་བྱས་ཀྱང་བླ་མ་དང་གྲོགས་མཉེས་པར་བྱེད་ཅིང་བཀའི་ཐིལ་གཅོག་པ་ལྟ་བུ་ག་ལའང་སྲིད་དེ། ཟུར་ཙམ་ཡང་མི་གཅོག་པའི་རྣལ་འབྱོར་དེ་ནི་སངས་རྒྱས་ཀྱི་སའི་རྒྱུད་ལ་ཞུགས་པ་ལས་འཁོར་བར་ཕྱིར་ལྡོག་པར་རྒྱལ་བ་ཀུན་དུ་བཟང་པོས་མ་གསུངས་སོ། །དེ་ཡང་དམ་ཚིག་བཀོད་པ་ལས། དམ་ཚིག་མ་ཉམས་པར་བསྲུངས་ན་ཀུན་དུ་བཟང་པོ་དང་སྐལ་པ་མཉམ་པ་ཡིན་ནོ་ཞེས་པ་དང་། གསང་བའི་སྙིང་པོ་ལས། བདེར་གཤེགས་ཉིད་ཀྱི་ཡུལ་ལ་བཞུགས། །ཞེས་པས་སོ། །འོན་ཀྱང་ཐེག་པ་ཆེན་པོ་ནི་གནང་བཀག་གི་བྱེ་བྲག་གིས་བསྲུང་བ་ཡིན་པས། བཀའ་བཅག་ཀྱང་མི་སྟོ་བའི་སྐབས་ནི་དམ་ཚིག་བཀོད་པ་ལས། བདུད་དང་བར་ཆོད་སློབ་དཔོན་གྱི་ཆ་བྱད་དུ་བྱུང་བ་དང་། སློབ་དཔོན་སྨྱོས་པ་དང་། ཆང་དབང་དང་། གདོན་དབང་དུ་སོང་བ་དང་། ལེགས་པའི་ལམ་ལ་འགོག་ཅིང་དགེ་བའི་གེགས་བྱེད་དེ་སྡིག་པའི་ལས་ལ་བསྐུལ་བ་དང་། བཀའ་བདེན་པར་མི་སྟོན་ཅིང་མུ་སྟེགས་དང་ལོག་པའི་ཕྱོགས་སྟོན་པར་བྱེད་ན་བཀའ་བཅག་པ་མི་སྟོ་སྟེ་གནས་སྐབས་བཞིའོ། །གྲོགས་པོ་ཡང་དཀར་པོ་ལ་སྨད་ཅིང་ནག་པོ་ལ་བསྟོད་པ་དང་། དད་པ་ཅན་གྱི་ཚོགས་གཅོག་ཅིང་། དགེ་བ་ཅན་གྱི་ཐུགས་དཀྲུག་པ་དང་། བཀའ་དང་དམ་ཚིག་ལས་འགལ་ཞིང་མཆེད་ལ་བརྩེ་གདུང་མེད་ཅིང་འཁུ་བ་དང་། ཆོས་ལ་མི་དད་ཅིང་དགེ་བ་ལ་མི་གུས་ན་བཀའ་བཅག་པ་མི་སྟོ་བའོ། །དོན་དེས་ན་བླ་མ་ནི་ཡོན་ཏན་ཐམས་ཅད་ཀྱི་རྩ་བའམ་གཞི་ཡིན་གྱི། གྲོགས་པོ་ནི་ཡོན་ཏན་ཐམས་ཅད་བསྒྲུབ་པའི་གྲོགས་ཡིན་པས་སྐུ་ཡི་དམ་ཚིག་གལ་ཆེ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། རྡོ་རྗེ་སློབ་དཔོན་སྨད་མི་བྱ། །བྱང་ཆུབ་སྟན་པའི་འདྲེན་པ་པོ། །ལོང་བའི་དམིག་བུ་འདྲེན་དང་འདྲ། །ཉོན་མོངས་སྡུག་བསྔལ་མཚོ་སྐེམ་ཡིན་ཞེས་པ་དང་། མཆེད་ཀྱང་རྡོ་རྗེ་མཆེད་དང་ལྕམ་བྲལ་ནི། བླ་མེད་བྱང་ཆུབ་འགྲོ་བའི་སྤུན། །ཆོས་ཉིད་དམ་ཚིག་སྨོན་ལམ་མཐུན། །བྱང་ཆུབ་རིག་འཛིན་སར་ངེས་པས། །ཞེས་པས་སོ། །མན་ངག་ལས་ཀྱང་། སློབ་མ་གོ་འཕང་མཆོག་བརྙེས་ཀྱང་། །སེམས་ཅན་གནས་པའི་བླ་མ་བཀུར། །ལྷ་ཡི་སྐུ་འབུམ་སྒོམ་པས་ཀྱང་། །བླ་མ་མཆོད་པའི་ཆར་མི་ཉེ། །ཞེས་གལ་ཆེ་བར་གདམ་པའོ། །གསུང་གི་དམ་ཚིག་ལ་བཞིས་བསྟན་པའི་དང་པོ་སྔགས་གསུམ་ནི་འཆད་བསྐྱེད་དང་། ཞེས་པ་ལ་སོགས་པ་སྟེ། འདིར་ཡི་དམ་གྱི་ལྷ་ཡི་སྐུ་ལ་བརྟེན་ཏེ་ངག་གི་ལས་ལ་ཤེས་ཆེ་བས་ནི་གསུང་དམ་པར་ཞེས་སྨོས་སྟེ། དེ་ཡང་རྟེན་གྱི་གང་ཟག་ནི་གོང་དུ་སྟོན་ལ། ཡུལ་སྔགས་གསུམ་དང་ཕྱག་རྒྱ་བཞི་འཆེད་པ་འདི་ཉིད་དོ། །རྩ་བ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་སྟེ་གཞིའི་སྙིང་པོའོ། །འབྲུ་བརྒྱད་དམ། འབྲུ་དགུ་ལྟ་བུ་དང་། ལྷ་རྣམས་ཀྱི་མི་སྔགས་སོ། །བསྐྱེད་དང་ཞེས་པ་སྔགས་བརྗོད་པའི་རྐྱེན་གྱིས་ལྷའི་སྐུ་བསྐྱེད་པ་སྟེ་འདིར་ན་ཧཱུྃ་ཧ་ཧེ་ཕཊ་དང་སྔགས་བརྗོད་པ་ཉིད་ཀྱིས་ལྷའི་སྐུ་བསྐྱེད་པ་ཐམས་ཅད་དོ། །ལས་སྔགས་ནི་ཐུགས་དམ་བསྐུལ་བས་འཕྲིན་ལས་སུ་གྱུར་པ་སྟེ་བྷྱི་ཤ་བཛྲ་ཀྲོ་དྷས་ཁྲོ་བོ་འཆོལ་བ་སྤྲོས་པ་དང་ཏ་ཀ་ཧ་ན་ད་ཧ་པ་ཙ་ལ་སོགས་གཞན་ཡང་ཐུགས་དམ་བསྐུལ་བའི་ཚིག་ཐམས་ཅད་ཀྱིས་ནི་བྱེད་པའི་ཚིག་དེ་གང་ཞེ་ན། ཕྱག་རྒྱ་བཞིའོ། །དེ་ཉིད་བསྟན་པའི་དམ་ཚིག་ལས་དང་ཞེས་པ་ལ་སོགས་པ་སྟེ། གཞུང་འདི་ཉིད་ཀྱི་ཕྱག་རྒྱ་བཞི་ནི་ཐུགས་དམ་ཚིག་གི་ཕྱག་རྒྱ་དང་། ལས་ཞེས་པ་འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་དང་། ཆོས་ནི་གསུང་ཆོས་ཀྱི་ཕྱག་རྒྱ་དང་བསྡུས་པའི་དོན་ནི་སྐུ་ཉིད་ཕྱག་རྒྱ་ཆེན་པོ་དང་བཞིའོ། །དེ་ལ་སྐུའི་ཕྱག་རྒྱ་བཤད་པ་ལའང་བཞི་སྟེ། མ་སྐྱེས་པ་ཆོས་ཀྱི་སྐུ་དང་། མ་འགག་པ་གཟུགས་ཀྱི་སྐུའོ། །དེ་ལ་མ་སྐྱེས་པ་ནི་ཆོས་ཀྱི་སྐུ་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། དེ་ཡང་ཆོས་ཐམས་ཅད་ལ་རྒྱས་ཐེབ་ཤིང་མི་འདའ་བས་ཕྱག་རྒྱའོ། །མ་འགག་པ་གཟུགས་ཀྱི་སྐུ་ལ་གཉིས་ཏེ། འབྲས་བུ་ལྷུན་གྲུབ་བདེར་གཤེགས་ཀྱི་སྐུ་དང་། ལམ་པས་བསྒྲུབ་བྱེེད་ཀྱི་གཟུགས་སྐུའོ། །དེ་ལ་འབྲས་བུ་ལྷུན་གྲུབ་ནི་ལོངས་སྐུ་དང་སྤྲུལ་སྐུའི་བྱེ་བྲག་ཞི་ཁྲོ་མཐའ་ཡས་པ་སྐུ་ཕྱག་རྒྱའི་རྣམ་པར་སྣང་བའོ། །ལམ་ལ་གཉིས་ཏེ། ཏིང་འཛིན་དག་པའི་གཟུགས་སྐུ་རྣལ་འབྱོར་པའི་ཏིང་ངེ་འཛིན་ལ་སྣང་བ་དང་། མཚོན་པར་བྱེད་པའི་གཟུགས་བརྙན་གྱི་སྐུའོ། །དེ་ལ་བཞི་སྟེ། འབུར་དུ་བཏོད་པ་དང་། ལུགས་སུ་བླུགས་པ་དང་། རིས་སུ་བྲིས་པ་དང་། རྡུལ་མཚོན་གྱི་དཀྱིལ་འཁོར་རྣམས་སོ། །གསུང་ཆོས་ཀྱི་ཕྱག་རྒྱ་ལ་གཉིས་ཏེ། མ་སྐྱེས་པ་གསུང་ཆོས་ཀྱི་ཕྱག་རྒྱ་དང་། མི་འགག་པའི་གསུང་ངོ་། །མ་སྐྱེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཆོས་སྐུ་སྤྲོས་པ་དང་བྲལ་བ་ཉིད་འཇལ་དུ་བཏུབ་པས་སོ། །མ་འགག་པ་ལ་གཉིས་ཏེ། བརྗོད་བྱ་དོན་གྱི་གསུང་དང་། བརྗོད་བྱེད་ཚིག་གི་གསུང་ངོ་། །དོན་ནི་ཕྱི་ནང་གི་ཆོས་ཐམས་ཅད་བརྡའ་སྤྲོད་པར་བྱེད་པ་ཡི་གེ་འཁོར་ལོའི་འཕྲིང་བར་གནས་པའི་ཕྱིར་མིང་གི་མཚན་ཉིད་ཀྱིས་སོ་སོའི་ནུས་པ་མི་འགག་པར་བརྡའ་སྤྲོད་པར་བྱེད་པའི་ཕྱིར་གསུང་ཆོས་ཀྱི་ཕྱག་རྒྱ་ཞེས་བསྙད་དོ། །བརྗོད་བྱེད་ལ་གཉིས་ཏེ། ལྷུན་འགྲུབ་འབྲས་བུའི་གསུང་དང་། སྦྱོང་བྱེད་ལམ་གྱི་གསུང་ངོ་། །འབྲས་བུའི་གསུང་ནི་ཆོས་ཀྱི་སྐུའི་གསུང་ནམ་མཁའ་ལྟ་བུ་ལ་སོགས་པ་ལྔའོ། །སྤྱོང་བྱེད་ལ་གཉིས་ཏེ། བསམ་པ་ཆོས་ཀྱི་ཕྱག་རྒྱ་ཡིག་འབྲུ་བསྒོམ་པ་སྟེ། རྒྱུ་ཡི་ཡི་གེ་དང་ཐུགས་ཀ་ནས་སྒོམ་པ་རྣམས་སོ། །བརྗོད་པ་ཆོས་ཀྱི་ཕྱག་རྒྱ་ངག་གི་ལས་ཐམས་ཅད་དེ་སྔགས་བརྗོད་པ་དང་། བསྟོད་པ་དང་། བསྐུལ་བ་རྣམས་སོ། །དེ་ནི་སྔགས་གསུམ་གྱི་ཁོངས་སུ་ཡང་འགྲོ་བས་སྔགས་དང་ཕྱག་རྒྱ་འབྲེལ་བ་ཉིད་གསུང་གི་དམ་མོ། །ཐུགས་དམ་ཚིག་ལ་གཉིས་ཏེ། ལྷུན་གྲུབ་འབྲས་བུའི་ཐུགས་དང་། སྦྱོང་བྱེད་ལམ་གྱི་ཐུགས་སོ། །དང་པོ་ལ་གསུམ་སྟེ། མ་སྐྱེས་པ་དང་། མ་འགག་པ་དང་། དབྱེར་མེད་པའོ། །དེ་ལ་མ་སྐྱེས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །མ་འགག་པ་ནི་མེ་ལོང་ལྟ་བུ་དང་། སོ་སོ་ཀུན་རྟོག་དང་། བྱ་བ་གྲུབ་པའོ། །དབྱེར་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ལམ་ལ་གསུམ་སྟེ། བསམ་པ་དམ་ཚིག་གི་ཕྱག་རྒྱ་དང་བཅའ་བ་དམ་ཚིག་གི་ཕྱག་རྒྱ་དང་། མཚོན་བྱེད་དམ་ཚིག་གི་ཕྱག་རྒྱའོ། །བསམ་པ་ནི་ཐུགས་ཡེ་ཤེས་སེམས་དཔའ་དང་། ཐུགས་མཚན་བསྒོམ་པའོ། །བཅའ་བ་ནི་འཁོར་ལོ་ལ་སོགས་པ་གང་དང་གང་བཅའ་བའི་དངོས་གཞི་ཉིད་དོ། །མཚོན་བྱེད་ནི། རྡོ་རྗེ་དྲིལ་བུ་དང་ཕུར་བུ་ལ་སོགས་པ་བཅང་བ་རྣམས་སོ། །གོང་དུ་དེ་ལྟར་མ་སྐྱེས་པ་ལ་སྐུ་གསུང་ཐུགས་ཀྱི་དབྱེ་བར་བསྟན་པ་ནི་མཐའ་དང་བྲལ་བའི་ངོ་བོ་ཆོས་ཐམས་ཅད་ཀྱི་དངོས་གཞི་རང་བཞིན་དུ་གནས་པའི་ངོས་ནས་ཆོས་སྐུ་དེ་ཉིད་གོ་མི་འགག་པའི་ངོས་ནས་ནམ་མཁའ་ལྟ་བུའི་གསུང་རིག་པ་ཡུལ་བྲལ་རང་བྱུང་ཡེ་ཤེས་སུ་སྣང་བའི་ངོས་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་སྟེ་ཆོས་དབྱིངས་ཡེ་ཤེས་སོ། །འཕྲོ་འདུ་འཕྲིན་ལས་ཀྱི་ཕྱག་རྒྱ་ནི་མི་འགག་པ་ཁོ་ན་ཡིན་པའི་ཕྱིར་མ་སྐྱེས་པ་དང་མི་སྦྱར་ཏེ། དེ་ཡང་འབྲས་བུ་ལྷུན་གྱིས་གྲུབ་པའི་ལས་ཀྱི་ཕྱག་རྒྱ་དང་། གདུལ་བྱ་ལམ་པའི་ལས་ཀྱི་ཕྱག་རྒྱའོ། །དང་པོ་ལ་བཞི་སྟེ། རྟག་པ་རྒྱུན་དུ་ཐུགས་རྗེ་སྐྱེ་བ་དང་། རང་བཞིན་ཤུགས་ཀྱིས་སྐྱེ་བ་དང་། ཡུལ་དང་ཕྲད་ན་སྐྱེ་བ་དང་། བསྐུལ་ཞིང་གསོལ་བ་བཏབ་པས་ཐུགས་རྗེས་སྐྱེ་བའོ། །གདུལ་བྱའི་ཕྱག་རྒྱ་ལ་གཉིས་ཏེ། བསམ་པ་ལས་ཀྱི་ཕྱག་རྒྱ་དང་། བཅའ་བ་ལས་ཀྱི་རྒྱའོ། །བསམ་པ་ནི་ཏིང་ངེ་འཛིན་གྱི་འཕྲོ་འདུ་སྟེ། ས་བོན་དང་། ཐུགས་མཚན་དང་། སྐུ་དང་། བཟླས་པའི་འཕྲེང་བ་ལས་འོད་འཕྲོས་པས་འཕགས་པའི་ཐུགས་རྒྱུད་བསྐུལ། སེམས་ཅན་གྱི་དོན་བྱས་པ་ལ་སོགས་པ་རྣམས་སོ། །བཅའ་བ་ནི་དངོས་སུ་ལུས་ཀྱི་འགྱུར་སྟངས་དང་། ལག་པའི་བཅའ་བར་ཕྱག་རྒྱ་གང་དང་གང་བཅའ་བའི་དུས་སུ་གཡས་སུ་གསུམ་བསྟོད། གཡོན་དུ་གསུམ་སྨད། ཐུགས་ཀར་གསུམ་ཐད་དོ། །དེ་ནས་དངོས་པོ་བཅིང་མཁའ་ལ་དཀྲོལ། སྙིང་ཁར་བསྡུ་བ་དང་བཞི། དང་པོ་འབྱུང་བའི་གཞི་དང་། འཕྱོ་བའི་ཚུལ་དང་དྲུག་འཕྲུགས་སུ་བྱས་པ་རྣམས་སོ། །དེ་དག་གི་འཕྲོ་འདུས་བདག་གཞན་གྱི་དོན་ཐམས་ཅད་བསྒྲུབ་པ་ནི་ལས་སོ། །དེ་ཡང་ཕྲིན་ལས་བཞི་ལྷུན་གྲུབ་དང་ལྔ། གནས་སྐབས་ཀུན་ཏུ་སྦྱར་བར་བྱའོ། །དེ་ལྟར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཕྱག་རྒྱ་བཞིར་བསྡུ། དེ་རང་རིག་དང་དབྱེར་མེད་པར་རྟོགས་པར་བྱ་བ་དང་། དེ་དག་ལས་མི་འདའ་བར་བྱ་བ་ནི་བསྒྲུབ་པ་དམ་པ་ཡིན་པའི་ཕྱིར་གསུང་གི་དམ་ཚིག་བསྒྲུབ་པ་ཞེས་བྱའོ། །སྤྱིར་ཕྱག་རྒྱའི་ངེས་ཚིག་ནི་མི་འགྱུར་བའི་དོན་དང་། མི་འདའ་བའི་དོན་དང་། བཅའ་བའི་དོན་དང་། འཆང་བའི་དོན་དུ་ཤེས་པར་བྱའོ། །ཡང་སྣང་བ་ཐམས་ཅད་སྐུ་ཕྱག་རྒྱ་ཆེན་པོ། རང་བཞིན་མེད་པའི་གསུང་ཆོས་ཀྱི་ཕྱག་རྒྱ། དབྱེར་མེད་པ་ཐུགས་དམ་ཚིག་གི་ཕྱག་རྒྱ། བྱ་བ་བྱེད་པ་ལས་ཀྱི་ཕྱག་རྒྱའོ། །དེ་ལྟར་རྣལ་འབྱོར་པའི་རིགས་པ་ལས་གསལ་བ་ནི་ཕྱ་རྒྱ་བཞི་དབྱེར་མེད་པའོ། །དེ་ཡང་འདིར་ཉིན་ཉམས་སུ་ལེན་ན། རྟོག་པའི་བློ་ཅན་གྱིས་ཏིང་ངེ་འཛིན་གྱི་སྐབས་སུ་ལྷ་ཡི་སྐུ་བསྒོམ་པ་ཕྱག་རྒྱ་ཆེན་པོ་ཡིག་འབྲུ་བསྒོམ་པ་དང་སྔགས་བརྗོད་པ་གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་མཚན་བསྒོམ་པ་དང་ཐུགས་ཀ་ན་བསྒོམ་པ་ཐུགས་དམ་ཚིག་གི་ཕྱག་རྒྱ་ཏིང་ངེ་འཛིན་གྱི་འཕྲོ་འདུ་ཐམས་ཅད་འཕྲིན་ལས་ཀྱི་ཕྱག་རྒྱའོ། །དེ་དག་གི་བསྒྲུབ་ཚུལ་ནི་རང་གི་སྒོ་གསུམ་ཡི་དམ་གྱི་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་པ་རང་གི་ལུས་ངག་ཡིད་གསུམ་ཡི་དམ་གྱི་ལྷ་ཡི་སྐུ་གསུང་ཐུགས་སུ་སྔགས་གསུམ་དང་ཕྱག་རྒྱ་བཞིར་དབྱེར་མེད་པར་སྦྱར་ལ། དུས་གསུམ་དུ་སྤྱོད་ལམ་བཞིར་རྟག་ཏུ་ཡང་དང་ཡང་དུ་ཏིང་ངེ་འཛིན་གྱི་བཟླས་པ་བྱེད་པ་དང་། སྔགས་ཀྱི་བཟླས་པ་བྱེད་པ་ནི་བླ་ན་མེད་པའི་འབྲས་བུའི་གཟུངས་ཀྱིས་ཟིན་པ་ཡིན་ལ། ཕྱིར་མི་ལྡོག་ངེས་པས་ཞུགས་པའི་ཡིན་ཞེས་བྱའོ། །ཐུན་གྱི་ཚད་བསྟན་པ་ནི། རབ་ཀྱིས་ཞེས་པ་ལ་སོགས་པ་སྟེ། རབ་ཀྱི་ཡ་རབ་ཀྱིས་ཆུ་བོའི་གཞུང་བཞིན་བར་འཚམས་མེད་པར་བསྒྲུབ་པའམ། རབ་ཀྱི་འབྲིང་གིས་ཉིན་གསུམ་མཚན་གསུམ་སྟེ་ཐུན་དྲུག་གམ། རབ་ཀྱི་ཐ་མས་ཉིན་གཅིག་སྟེ་ཞལ་གཅིག་ལ་ལན་གཅིག་བསྒོམ་པའོ། །དེ་ཡང་ཡིད་ཏིང་ངེ་འཛིན་ལ་མ་ཡེངས་པ་ཙམ་གྱིས་ངང་གིས་བཟླས་ཞེས་པས་རྒྱུན་དུ་མ་ཡེངས་པར་བྱ་བ་དམ་ཚིག་གི་མན་ངག་གོ། །འབྲིང་གིས་ཞེས་པ་འབྲིང་གི་རབ་ཀྱིས་ཟླ་བ་གཅིག་ལ་དུས་དྲུག་སྟེ་གསུམ་གྱི་ཐོག་དུ་བཅུ་བཞི་བཅོ་བརྒྱད། ཉི་ཤུ་དགུ་བསྣན་པའོ། །ཡང་ན་ཚེས་གཅིག་གནམ་སྟོང་ཉི་ཤུ་དགུ་ཞེས་འཆད་དོ། །འབྲིང་གི་ཐ་མས་དུས་བཞི་ཞེས་པས། གསུམ་གྱི་ཐོག་ཏུ་ཉི་ཤུ་དགུའམ་ཚེས་གཅིག་བསྟན་པས་གནས་སྐབས་དེར་བསྒྲུབ་པ་ལ་བར་ཆད་པར་མི་བྱ་བ་ལ་ཅི་ཞེས་བྱའོ། །རྣལ་འབྱོར་ཐ་མ་ནི་བརྩོན་འགྲུས་ལ་སོགས་པ་གོང་མ་གཉིས་ལས་ཞན་པས། ལེ་ལོ་དང་ང་རྒྱལ་ཆུང་བ་ལ་དཔྱའ་བ་ཞེས་བྱ་སྟེ། དེ་ཉིད་བསྒྲུབ་པ་ལ་ཞན་པས་གཞན་གྱིས་དཔྱའ་བར་ཡང་གྱུར་པས་སོ། །དེ་ལྟར་བུའི་རྣལ་འབྱོར་བས་ཟླ་རེ་འམ་ཞེས་པ་ཐ་མའི་རབ་ཀྱིས་ཟླ་བ་རེ་རེ་ལ་ལན་རེའམ། ཡང་ན་ཐ་མའི་འབྲིང་གིས་རབ་བཞི་སྟེ་ལོ་གཅིག་ལ་ལན་བཞིའོ། །དེ་ལྟ་བུའི་དུས་ཚིགས་དག་ཏུ་ཡི་དམ་གྱི་སྒོམ་བསྒྲུབ་ལ་བརྩོན་པར་འབད་པ་ནི་གསུང་གི་དམ་ཚིག་བསྲུང་བའི་ཐབས་སོ། །དེ་ལྟར་མི་བྱེད་ནས་ཁས་བླངས་ནས་འཕྱལ་བར་བོར་བ་ནི་བྱང་ཆུབ་ས་བོན་བརླན་པ་ཡིན། ཞེས་པ་རང་གི་བྱང་ཆུབ་ས་བོན་རང་གིས་བརླག་པ་ཡིན་ཏེ། ཁས་བླངས་ནས་འདས་པའི་ཉེས་པ་རང་རྒྱུད་གཏན་བརླག་པ་སྟེ། དཔེར་ན་ས་བོན་བཏབ་ནས་ལད་ཡུར་དང་བསྲུང་བྲན་མ་བྱས་པ་མེས་བསྲེག་པ་དང་མཚུངས་སོ། །འོ་ན་བསྲུང་དམ་ལ་སྔགས་དང་ཕྱག་རྒྱ་མིན་པ་གཞན་ཅི་ཡང་མི་དགོས་སམ་ཞེ་ན། འགྲུབ་བྱེད་ཀྱི་ཡན་ལག་དུ་དགོས་ཏེ། གང་ཞེ་ན་ཚོགས་དང་ཞེས་པ་ཚོགས་ཀྱི་མཆོད་པ་ཡན་ལག་དང་བཅས། དེ་བཞིན་དུ་ཞེས་པའང་ཕྱི་ནང་གི་མཆོད་པ་ཐམས་ཅད་བསྡུས་ཏེ། དེ་ཡང་བསྙེགས་པ་ཉིད་དཔེར་བླངས་པས་བསྒོམ་བཟླས་རབ་ཆུ་བོའི་རྒྱུན་ལ་སོགས་པ་དུས་བཞག་རྣམས་སྨོས་པ་དེ་བཞིན་དུ་ཚོགས་གཏོར་ཡང་བྱ་བའོ། །གཞན་ཡང་ཐ་མའི་ཐ་མས་ཀྱང་ལོ་ཟླ་མི་འདའོ། །ཞེས་པས་རྣལ་འབྱོར་པ་གཡེང་བ་ཅན་གྱིས་ལོ་རེ་ལ་ཟླ་བ་རེ་ལ་ཞག་བདུན་ལ་སོགས་པ་དམ་ཚིག་གི་རྒྱུད་ནས་སྨོས་པ་བཞིན་དུ་འབད་པ་དང་། ཚོགས་དང་གཏོར་མའང་དེ་དང་མཚུང་པས་སོ། །ཡང་ན་ཐ་མ་ནི་འབྱོར་པ་ཆུང་བའི་གང་ཟག་གིས་བསྒྲུབ་པ་གོང་གི་རབ་འབྲིང་སྨོས་པ་རྣམས་ཅི་ལྟར་ཉམས་སུ་བླངས་ཀྱང་ཚོགས་ལོ་མི་འདའ་སྟེ། ལོ་གཅིག་ལ་ལན་རེ། གཏོར་མ་ཟླ་བ་རེ་ལ་ཡང་མི་འདའ་བ་ཞེས་བྱའོ། །སྤྱིར་གསུང་གི་དམ་ཚིག་འགྲུབ་བྱེད་ཀྱི་ཡན་ལག་ལ་ཚོགས་དང་སྦྱིན་སྲེག་གཏོར་མ་གསུམ་སྨོས་པས་དེ་གསུམ་འཚོགས་པར་བྱའོ། །གསུམ་དང་བསྲུང་བ་རང་གི་ངོ་བོ་ནི། དུས་ཚོད་སྨོས་པ་རྣམས་ལས་མ་འདས་པའོ། །རྟེན་གྱི་རྒྱུད་ལ་ལྡན་པའི་ཚད་ནི་ཟག་བཅས་ཀྱི་དུས་སུ་བརྩོན་འགྲུས་དང་གོ་ཆས་ཆེད་དུ་ཉམས་སུ་བླངས་ལ། ཟག་མེད་མི་གཏོང་ངོ་བོ་ཉིད་ཀྱིས་རྒྱུད་ལ་ལྡན་ཏེ། ཆུ་དང་གཤེར་མི་གཏོང་བ་བཞིན་ཡིན་ཀྱང་། ན་འཕར་ཞིང་སྟོབས་སུ་གྱུར་པའོ། །དུས་ནི་ལས་དང་པོ་ནས་མཐར་ལམ་གྱི་བར་དུའོ། །དེ་དག་གི་བྱ་བ་དང་དུས་ཚིག་རྣམས་ཀྱང་། དམ་ཚིག་བཀོད་པ་ལས་སྨོས་ཏེ། རབ་ཀྱིས་ཆུ་བོ་གཞུང་བཞིན་དུ་བྱ་བ་དང་། ཉིན་མཚན་དུས་དྲུག་ཏུ་བྱ་བ་དང་། ཡང་དུས་བཞི་ཞེས་པ་དང་། ཐ་མ་ཞག་གྲངས་བདུན་ནམ། ཡང་ན་ཉི་ཤུ་རྩ་གཅིག་གམ་ཞེས་པས་རྒྱས་པར་སྟོན་ཏོ། །དོན་དེ་ཉིད་ནི་འབྲས་བུ་བསྒྲུབ་པའི་ལམ་གྱི་རྩ་གཞི་ཡིན་ཏེ། བདག་ཉིད་ལྷ་དང་མཉམ་སྦྱར་ན། ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར་ཞེས་པ་དང་། ལྷ་སྤང་དགེ་སྤྱད་དོན་མེད་འགྱུར་ཞེས་པ་ལ་སོགས་པ་རྒྱས་པ་བརྒྱད་ཅུ་བ་ལས་གསུངས་སོ། །ཐུགས་ཀྱི་དམ་ཚིག་ལ་གཉིས་ཀྱིས་གསང་བྱའི་ང་ོབོའི་དང་པོ། སྤྱིར་གསང་བཞི་ནས་ལྟ་ཟབ་ཞེས་པ་ལ་སོགས་སྟེ་ལྟ་བ་ཟབ་མོ་ནི་ཆོས་མཉམ་པ་ཉིད་ཀྱི་དོན་ཐེག་པ་འོག་མའི་ཡུལ་དུ་མ་གྱུར་པ། ནམ་མཁའ་ཆེ་ལས་བསམ་བརྗོད་ལས་འདས་པར་བསྟན་པ་ལྟ་བུ་དང་། སྤྱོད་པ་ནི་བདག་གཞན་གྱི་དོན་དུ་མི་འགགས་པ་སྟེ། བརླང་པོ་ནི་མོ་རིགས་སྦྱོར་བ་དང་། ཕོ་རིགས་སྒྲོལ་བ་ལ་སོགས་པ་ནང་པའི་ལྟ་སྒོམ་གྱིས་བདག་གཞན་གྱི་དོན་དུ་འགྱུར་ཞིང་། དེ་ཐེག་དོན་བློ་ལ་མི་ཤོང་བས་མི་མོས་པ་འདི་ཡི་དཀྱུས་སུ་འཆད་པ་རྣམས་སོ། །དེ་ཡང་དམ་ཚིག་བཀོད་པ་ལས། རྣལ་འབྱོར་སྔགས་ཀྱི་སྤྱོད་པ་དག །ཆོས་མ་མཐོང་བ་ལྟ་ཅི་སྨོས། །དམ་མ་འདྲེས་པ་རྣམས་ལ་ཡང་། །ཟུར་ཡང་བསྟན་པར་མི་བྱ་ཞིང་། །དངོས་སུ་བསྟན་པ་ཅི་སྨོས་ཀྱི། །ཚིག་གི་ཟུར་དུའང་གླེང་མི་བྱ། །ཞེས་སོ། །ལྷ་ཞེས་པ་ཡི་དམ་གྱི་ལྷ་སྟེ། དེ་ཡང་གསུང་དམ་ནི་ཉམས་སུ་བླང་བའི་ངོས་ཡིན་ལ། འདིར་ནི་དེ་གསང་བྱའི་ཡུལ་གྱི་གྲངས་སོ། །དེ་གསུམ་ལྟ་སྤྱོད་སྒོམ་གསུམ་བརྩི་བ་དང་། མིང་ཅེས་པ་གསང་མཚན་དང་། དབང་དང་བསྒྲུབ་པའི་དུས་ཀྱི་ཡུམ་གཟུགས་མ་དང་། བསྒྲུབ་པའི་དུས་ཀྱི་རྨི་ལམ་དང་། དངོས་སུ་སྣང་བའི་གྲུབ་རྟགས་རྣམས་ཏེ་བཞིའོ། །འདི་ལ་གོང་མ་ལ་ལ་དག་ལྟ་བ་ཟབ་མོ་དང་། སྤྱོད་པ་བརླངས་པོ་དང་། ཡི་དམ་གྱི་ལྷ་ཡི་མིང་དང་། གཟུངས་དང་གྲུབ་རྟགས་གཉིས་གཅིག་དུ་བརྩིས་པ་དང་བཞིར་བཞེད་སྐད་དེ། ལུང་རྒྱུད་ཀྱི་དབྱེ་བ་སོ་སོ་བས་འགལ་བ་མི་བསམ་མོ། །དེས་ནི་སྤྱིར་གསང་སྔགས་སུ་ཞུགས་པ་ཐམས་ཅད་ཀྱིས་དུས་སྐབས་ཐམས་ཅད་དུ་གསང་བར་བྱ་བའི་རྣམ་པའི་གྲངས་བཞི་ཞེས་སྟོན་པ་རྡོ་རྗེ་འཆང་གིས་ལུང་རྒྱུད་ཐམས་ཅད་དུ་བཤད་དོ། །ཁྱད་པར་གསང་བ་བཞི་ནི་བསྒྲུབ་པའི་གནས་དུས་ཞེས་པ་ལ་སོགས་པ་སྟེ། མཆོག་གི་བསྒྲུབ་པ་དཔལ་ཡང་དག་དང་། ཐུན་མོང་གི་བསྒྲུབ་པ་བདུད་རྩི་དང་། དེ་ལ་སོགས་པའི་ཆེ་འཕྲ་གང་ལ་ཡང་། གནས་གང་ཡིན་པ་དང་། དུས་ནམ་གྱི་ཚོད་དང་། གྲོགས་གང་དང་གང་ཡིན་པ་དང་། རྫས་གང་དགོས་པ་དང་བཞི་སྟེ། དེ་ཡང་གསང་སྔགས་གསང་བས་འགྲུབ་པ་དང་། གསང་བ་དམ་ཚིག་ཡིན་པ་དང་། མི་དང་མི་མ་ཡིན་པའི་བར་ཆད་དགོས་པའི་ངོས་ནས་གསང་སྟེ། སྔོན་འབྱུང་མ་གསང་པས་བར་ཆོད་གནས་སུ་ཞུགས་པ་དང་། དུས་འཛོལ་བར་བྱས་པ་དང་། གྲོགས་དང་དབྱེ་བ་དང་། རྫས་མ་གྲུབ་པ་ལ་སོགས་པའི་ལོ་རྒྱུས་ཀྱང་དུ་མ་གསུངས། དེས་ན་བརྩོན་འགྲུས་དྲག་པོས་བཞི་པོ་རབ་ཏུ་གསང་ལ་བསྒྲུབ་པ་བསྐུར་བར་བྱའོ། །དེ་བཞིས་ནི་བསྒྲུབ་པ་བརྩམ་ནས་མ་ཚར་གྱི་བར་དུ་གསང་བའི་བར་གསང་ཞེས་བྱའོ། །ཚར་ནས་མ་ཞུགས་ཀྱི་བར་དུ་གསང་བའི་གཞི་མེད་པས་རང་གསང་ཞེས་བྱའོ། །གསང་བ་འོས་པའི་རྣམ་གྲངས་ནི། གསང་བར་འོས་པ་ཞེས་པ་ལ་སོགས་པ་སྟེ། དེ་ཡང་མཐོང་ཐོས་ཀྱི་ཆོས་རྣམས་དང་པོ་ནི། འདིར་གྲོགས་དང་སློབ་དཔོན་ཉིད་ཀྱིས་གཉེར་གཏད་པའི་གསུང་མེད་ཀྱང་། གསང་སྔགས་སུ་ཞུགས་ནས་གསང་བར་འོས་པའི་རྣམ་གྲངས་རྣམས་ཡང་ཡང་འདིར་མདོར་བསྡུས་ཏེ་བསྟན་ན་དཀྱིལ་འཁོར་དང་ནང་གི་མཆོད་པ་ལྔ་ལ་བསྔོས་པའི་བཟའ་བཏུང་གི་བྱེ་བྲག་རྣམས་ཀྱི་ཕུད་དེ་རྒྱུ་ལྟ་བུ་དང་གཏོར་མ་ནི་འབྲས་བུ་སྟེ་དཀྱིལ་འཁོར་ལ་བསྔོས་པ་དང་། ཁྱད་པར་གྱི་གཏོར་མ་ལ་བསྔོས་པ་དང་། ཚོགས་དག་ཞེས་པས་ཚོགས་ཀྱི་ཡོ་བྱད་ཚོགས་བཅའ་བ་དང་བཅས་པ་དང་། བསྒྲུབ་པ་ལ་བསྔོས་པའམ་གོ་ཆ་བཞིས་བསྒྲལ་བའི་ཞིང་ཚོགས་དང་། མཚན་དང་ལྡན་ཞིང་ཡོན་ཏན་འབྱུང་ནུས་པའི་བྷན་དྷ་དང་། ལྷ་ཡི་ཐུགས་ཀྱི་རྟེན་དཀྱིལ་འཁོར་ལ་བཀོད་པའི་ཕུར་པ་དང་། མར་མེའི་སྣོད་ནི་ཡང་དག་གི་བསྒྲུབ་པ་ལ་བཀོད་པའི་སྐོང་བུ་དང་། རྫས་ནི་བསྒྲུབ་པའི་དམ་རྫས་སྟེ་བམ་གྱི་དབང་པོ་ལྔ་ལ་སོགས་པ་ལྟ་བུའོ། །ལག་ཆ་ནི་བསྒྲུབ་པའི་དུས་སུ་དགོས་པའི་རྡོ་རྗེ་དྲིལ་བུ་དང་། འཚམས་ལ་དགོས་པའི་ཕུར་བུ། ཉིལ་ལེ་བཟློག་པའི་ཞིང་ལྤགས་དང་། གཏོར་མ་གཏོང་བའི་རྔེའུ་ཆུང་དང་དེ་ལ་སོགས་པ་ཐམས་ཅད་དོ། །འོ་ན་དྲིལ་བུ་དང་རྔེའུ་ཆུང་གཉིས་འོག་དུ་ཡང་སྨོས་ལ། འདིར་ཡང་སྨོས་པ་ཅི་ཞེ་ན། འདིར་ནི་མཐོང་བྱའི་དབྱིབས་གསང་ལ། འོག་ཏུ་ནི་ཐོབ་བྱའི་སྒྲ་གསང་བས་ལས་གཉིས་སྨོས་པའོ། །དཀྱིལ་འཁོར་ནི་བྲིས་པ་དང་བསྐོད་པའོ། །རྣམས་ཀྱིས་ནི་གོང་མ་རྣམས་བསྡུས་པའོ། །ཡུལ་ནི་ལས་ཀྱི་ཁ་ལོ་བསྒྱུར་བའི་ས་པ་བས་དེ་ཉིད་སོ་སོ་ལས་སྐྱེས་པའི་སྐྱེ་བོ་སྟེ་འཆད་པའི་གསང་བའི་ཡུལ་རྣམས་སོ། །དེས་རྣམ་པ་ཐམས་ཅད་དུ་མཐོང་བར་ལོངས་སུ་མ་བྱ་ཞེས་སོ། །སྒྲ་ནི་ནང་གི་བསྒྲུབ་པ་ལ་བསྔོས་པའི་དྲིལ་བུ་དང་། བན་དྷེའི་རྔེའུ་ཆུང་སོགས་ཁོང་དུ་རྐང་པའི་དུང་དང་། གླིང་བུ་དང་། ཐོད་པའི་ཆ་ལང་ལ་སོགས་ཏེ། སྒྲ་ཐམས་ཅད་སྐྱེ་བོ་ཞེས་པ་ཡུལ་འོག་མ་ཉིད་ཀྱིས་ཐོས་པ་ཡོངས་སུ་མི་བརྡུང་སྟེ། དེས་ན་དགོན་པ་ཡང་གྲོངས་ཡུལ་ལས་དཔག་ཚད་དང་རྒྱང་གྲགས་ཀྱིས་དབེན་པར་གསུངས་སོ། །དེ་ཡང་དམ་ཚིག་བཀོད་པ་ལས། རྫས་དང་ལག་ཆ་ལ་སོགས་དང་། །ཕུད་དང་གཏོར་མ་ཚོགས་རྣམས་དང་། །ཕུར་པ་མེ་མར་སྣོད་ལ་སོགས། །དེ་དག་མཐོང་བར་མི་བྱའོ། །རྔ་དང་དྲིལ་བུ་ལ་སོགས་སྒྲ། །སྐྱེ་བོས་ཐོས་པར་ཡོང་མི་བྱ། །གང་ཞིག་ཉན་ཅིང་ལྟ་འདོད་པའི། །རྡུལ་ཕྱག་སྐྱེས་བུའི་ཕྱག་གོ་ཞེས་སོ། །གཉེན་གཏད་པ་ནི་གྲོགས་པོ་ཞེས་པ་ལ་སོགས་པ་སྟེ། འདིར་ཐེག་པ་མཆོག་ལ་ཞུགས་པའི་དུས་སུ་དབང་ལ་སོགས་པ་དུས་གཅིག་བླངས་པས་ཀྱང་གྲོགས་པོ་ལ་སངས་རྒྱས་ཀྱི་བར་དུ་མི་འབྲལ་བའི་ཀྱང་གྲོགས་པོ་སྟེ། དེ་དག་གི་སྤྱོད་ལམ་ངན་པ་གཞན་གྱི་ཚོར་ན་མི་མོས་པ་རྣམས་དང་། གཞན་ཡང་སྐྱོན་དང་འཚངས་གཞན་གྱིས་ཚོར་ན། ཡུལ་དེ་ཉིད་ལ་གནོད་པར་གྱུར་པ་རྣམས་དང་། སྤྱིར་སེམས་ཅན་ཀུན་གྱི་སྤྱོད་ཚུལ་ངན་པ་དང་། འཚངས་སྐྱོན་ངན་པ་རྣམས་དང་། ཀུན་ལ་གནོད་པའི་ངན་སྤྱོད་ཅེས་པ། འགྲོ་བ་རིགས་གང་ལའང་གནོད་པར་འགྱུར་བའི་ལས་ཏེ། རྔོན་གྱི་བྱེ་བྲག་རླུབས་དང་། ཐུ་དང་སྙི་དང་ས་མདའ་ལ་སོགས་པ་སྟེ། སེམས་ཅན་གྱི་རིགས་གང་དང་གང་བསད་པའི་ཐབས་ཀྱི་སྦྱོར་བ་རྣམས་ནི་འཇིག་རྟེན་འདིར་ཡང་རིགས་ངན་གྱི་སྤྱོད་པ་ཡིན་ལ། ཕྱི་མ་ངན་སོང་དུ་འགྲོ་བའི་སྤྱོད་པ་ཡིན་པས་དེ་དག་ཤིན་ཏུ་གསང་བ་ནི་བླ་ན་མེད་པའི་རྒྱུ་ཡིན་པའི་ཕྱིར་གསང་བ་དང་། གཉེར་གཏད་པ་ནི་ཞེས་པ་སྤྱིར་གསང་བ་བཅུ་སྤྱི་ཡང་ཡིན་ལ། སྒོས་སུ་བཤད་པའི་ཐ་མ་གཉིས་ཏེ། གཞན་ཡང་སྨྲས་པའི་གལ་མེད་དེ་གཞན་གནོད་པར་མི་འགྱུར་ཡང་། བླ་མ་དང་མཆེད་ཀྱིས་མ་སྨྲ་གསུང་ན་དེ་གཉེར་གཏད་པའི་དམ་ཚིག་དམ་པ་ཡིན་ཏེ། སྔར་སྐུ་ཡི་དམ་ཚིག་སྐབས་སུ་བཤད་པའི་སློབ་དཔོན་དང་མཆེད་རྣམས་ཀྱིས་མཉེས་གཏད་པའི་བསྲུང་བ་ལ་ནི་རྣམས་ཀྱིས་ཞེས་སོ། །གསང་བའི་ཐབས་ལ་གསུམ་གྱི་དང་པོ། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཞེས་པ་ལ་སོགས་པ་ཐེག་པ་མཆོག་ལ་སྐྱོན་ཡོད་ན་གཞན་གྱིས་མཐོང་ཐོས་མི་རུང་བས། གསང་བ་ལྟ་བུ་མ་ཡིན་ཏེ། འགྲོ་བ་སེམས་ཅན་རྣམས་སྦྱངས་བ་ཆུང་བློ་ཞན་དེའི་དབང་གིས་གསང་སྔགས་ཀྱི་སྤྱོད་པ་བརླང་པོ་རྣམས་མཐོང་ན་རང་གི་བློ་ལ་མི་ཤོང་བས་མི་མོས། དེ་ཙམ་དུ་མ་ཟད་དེ་བཀུར་པ་བཏབ་སྟེ་ཡུལ་ཁྱད་པར་ཅན་ལ་བསྐུར་བ་བཏབ་པས་རྣམ་སྨིན་ཤིན་ཏུ་ཆེ་བས་དཔྱང་ཐག་ཆད་པ་བཞིན་དུ་ངན་སོང་དུ་ལྟུང་བའི་ཕྱིར། དེ་ལྟ་བུའི་སེམས་ཀྱི་དོན་གྱི་ཕྱིར་རབ་ཏུ་གསང་ཞེས་པ་སྟེ་གཞན་དོན་ནོ། །བདག་དོན་དུ་གསང་ཐུབ་ན་གསང་བའི་དམ་ཚིག་ལ་གནས་པས་དངོས་གྲུབ་མི་ཡལ་བའི་དུས་སུ་འགྲུབ་པའི་ཕྱིར་དང་། ཡང་དངོས་གྲུབ་ཡལ་བའི་རྒྱུ་ནི་གཉིས་ཏེ། ཕྱི་བག་ཆགས་རྡུལ་གྱི་གོས་པ་དང་། ནང་མཚན་མའི་འཛིན་རྟོགས་སྐྱེས་པའོ། །དེ་ལ་གསང་བྱ་རྣམས་ཡུལ་རྣམས་ཀྱི་མངོན་དུ་གྱུར་ལ། དེ་དག་ལ་དཔྱད་ར་དང་འཕྱ་སློན་དང་། ཐ་སྙད་མང་པོ་འདག་པ་དང་། ཀུན་ལ་མ་ཡོད་པའི་བརྙས་སེམས་དང་འཕྱ་སེམས་བྱས་པ་ནི། དཔེར་ན་མཛོད་གཏིང་ན་ཡོད་པའི་ནོར་མཆོག་ཕྱི་རོལ་དུ་ཕྱུངས་པས་དྲི་མ་དང་། དུ་བ་དང་། རྡུལ་གྱིས་གོས་པ་ལྟ་བུའོ། །ནང་མཚན་མའི་འཛིན་རྟོག་སྐྱེས་པ་ནི་བསྒྲུབ་པ་པོ་ཉིད་བློ་ཐག་མ་ཆོད་ནས། ཐེ་ཚོམ་དང་སོམ་ཉིས་གསང་གྲམ་པའི་རྒྱུ་བྱས་སྟེ་དེ་ཉིད་ཀྱིས་དངོས་གྲུབ་ཡལ་བས་དེ་ལས་བཟློག་པའི་ཕྱིར་གསང་བར་གསུངས་པས་དགོས་པ་དེའི་ཕྱིར་གདམ་ངག་ཞེས་ཀྱང་བྱ། བརྡའ་དག་ཞེས་ཀྱང་བྱ་སྟེ། གསང་བའི་གདམ་ངག་གི་ཕྱིར་ལུས་བརྡའ་དང་ངག་བརྡའ་ལ་མི་འདྲ་བ་སྣ་ཚོགས། གློག་གི་འཁོར་ལོ་ལ་སོགས་པའི་རྒྱུད་རྣམས་སུ་སྟོན་པས་གསུངས་སོ། །ཡུལ་ནི་ངམ་ཉམས་ཞེས་པ་ལ་སོགས་པ་སྟེ། སྔགས་པ་གར་མནོས་ཏེ་ནང་ན་འདུག་ཀྱང་རྩ་བ་དང་ཡན་ལག་སྤྱི་ཉམས་པ་དང་རྩ་བ་ཉམས་པ་དང་། ཡན་ལག་ཉམས་པ་དང་། ཟླས་ཉམས་ཏེ་ཉམས་པ་དང་འགྲོགས་པ་དང་། ཞར་ཉམས་ཏེ་ཉམས་པའི་མགོན་བྱས་པའོ། །དམ་ལས་ལོག་ཞེས་པ་གང་དང་གང་ཉམས་ནས་ཀྱང་སྔགས་པའི་ཚུལ་ནས་ཀྱང་ལོག་སྟེ་སྐྱེ་བོ་དང་ལྷན་ཅིག་པ་དང་། དམ་མེད་དེ་དམ་ཚིག་མ་བླངས་པ་དང་། དེས་དཀྱིལ་འཁོར་མ་མཐོང་ཞིང་དབང་མ་ཐོབ་སྟེ་སྐྱེ་བོ་ནི་རྒྱུ་ཡི་ཐེག་པ་ཆེན་པོའི་བར་གྱི་གང་ཟག་གོ། །འདྲེས་དང་ཞེས་པ་ཐོབ་ཅིང་མ་ཉམས་པ་དང་དབང་དང་དམ་ཚིག་དུས་གཅིག་མནོས་པའོ། །མ་འདྲེས་ནས་དམ་ཚིག་དང་ལྡན་ཡང་རང་དང་དུས་གཅིག་དབང་ཐོབ་པ་མ་ཡིན་པ་ལྟ་བུའོ། །ཐམས་ཅད་ནི་གསང་བྱའི་ཡུལ་ཙམ་བསྡུས་པས་ལ་ཞེས་བྱའོ། །འདི་ལ་ལྷ་རྗེ་ཡང་ཁེང་ན་རེ། དམ་ཚིག་མ་ཉམས་ན་རྣམ་པ་ཐམས་ཅད་དུ་གསང་བ་མ་ཡིན་སྟེ། འཆད་པའི་གསང་ཐབས་ཀྱི་ནང་ཀས་འདྲེས་ནས་ཉམས་པ་དང་། ཡང་རྗེས་ནས་ཉམས་པའོ་གསུང་སྐད་དོ། །འོན་ཀྱང་དེ་གཉིས་ནས་གོང་གི་དམ་ཉམས་ཀྱི་ཁོངས་སུ་འདུས་པས་དེས་ན་དཔྱད་པ་རིགས་སོ། །ཐབས་ནི་སེམས་ཀྱིས་བསྟན་པ་ཞེས་པ་ལ་སོགས་པ་སྟེ། གསང་བྱའི་ངོ་བོ་རྣམས་སེམས་ཀྱི་སྒོ་ནས་ཡུལ་གང་ལ་ཡང་བསྟན་པར་མི་བསམ་ཞིང་། ལུས་ཀྱི་སྒོ་ནས་དངོས་པོ་ཐམས་ཅད་ཡུལ་གང་ལའང་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྦ་བ་ལ་འབད་ནས་ཀྱང་ངག་གི་རྡོ་རྗེ་ལྕེ་ཡོད་ཀྱང་། ཞེས་པ་ཐམས་ཅད་མཁྱེན་པ་ལ་མངའ་སྟེ། འཁོར་བའི་ཆོས་ཅི་ལྟར་བརྗོད་ཀྱང་ཡེ་ཤེས་སུ་ཤར་བས་ཉེས་པས་མི་གོས་པ་ནི་རྡོ་རྗེའི་ལྕེ་སྟེ། དེ་ལྟ་བུའི་དགོངས་པ་ཡོད་ཀྱང་གསང་བྱ་རྣམས་བརྗོད་པར་བྱ་བ་དག་དུ་མིན་སྟེ་མི་བརྗོད་ན། རྟོག་པའི་རྣལ་འབྱོར་རྣམས་ཀྱིས་ལྟ་ག་ལ་བརྗོད་ཅེས་ལ་དོར་བའོ། །དེ་ཡང་རྟེན་ཐུན་མོང་བ་གོང་དུ་བསྟན་པ་དེས་ཡུལ་གསང་བ་བཅུ་ལ་ཚུལ་སྤྱིར་གསང་བ་དང་། གནས་སྐབས་སུ་གསང་བ་ཉིད་ཀྱིས་ཉམས་སུ་ལེན་པ་ངོ་བོའོ། །དུས་ལས་དང་པོ་ནས་མཐར་ལམ་གྱི་བར་དུའོ། །རྒྱུད་ལ་ལྡན་པའི་ཚུལ་ནི། དང་པོའི་རྣལ་འབྱོར་རྣམས་ཀྱིས་བསྟེན་པའི་སྒོ་ནས་བསྲུང་བ་ཉིད་ཉམས་པ་དང་བཅས་ལས་ཐོབ་ནས་ཆེད་བྱས་མེད་པར་བསྲུང་བ་ལས་ངོ་བོ་ཉིད་ཀྱིས་མི་འདའ་སྟེ། ཉམས་པ་གཞི་བྲལ་བ་ཉིད་རྩལ་ཆེན་རྫོགས་པའི་བར་དུ་སྟོབས་སུ་གྱུར་པའོ། །འདི་ཡང་དམ་ཚིག་བསྐོད་པ་ལས། ཀུན་བཟང་བཀའ་དང་ངེས་པའི་ལུང་། །གསང་བ་ཆེན་པོ་བཅུ་པོ་དག །མན་ངག་གཞན་ལས་མི་སྤེལ་བ། །དེ་ཡང་ངག་ལུས་སེམས་རྣམས་ཏེ། །ལུས་ཀྱི་སྤྱོད་པ་བརླང་པོ་གསང་། །ངག་གིས་རྡོ་རྗེའི་ལྕེ་ཡོད་ཀྱང་། །བརྗོད་པ་དག་ཏུ་བྱ་བ་མིན་ཞེས་སོ། །འོ་ན་ཡེ་མི་བཤད་དམ་ཞེ་ན། ཡང་དེ་ཉིད་ལས། དབང་བསྐུར་གནང་བ་གང་ཐོབ་ནས། །སྣོད་དང་ལྡན་པའི་སྐྱེས་བུ་ལ། །ཐབས་ཀྱིས་སྨྲ་བ་གང་བྱེད་པ། །དེ་ནི་བསྲུངས་པའི་རིམ་པ་སྟེ། །དངོས་གྲུབ་འབྲས་བུ་ཆུད་མི་ཟ་ཞེས་སོ། །རྩ་བ་གསུམ་སྤྱི་ཡི་ཞབས་བསྡུ་བ་ནི། དེ་དག་རྩ་བ་བཞིར་བཤད་དེ། །ཞེས་པ་གང་དུ་སྨོས་པའི་བཞི་པོ་དེ་དག་རྩ་བ་བཅས་པ་འབྲུ་གང་དུ་བཤད་པ་བཞིན་པས་གྲངས་བཞིར་གང་གིས་ན་ཀུན་དུ་བཟང་པོས་སོ། །གང་དུ་ན་རྒྱུད་གཞུང་རྣམས་ཏེ། གསང་སྙིང་ལས་ཀྱང་རྩ་བ་ཞེས་སྨོས་པ་དང་། དམ་ཚིག་བཀོད་པ་ལས་ཀྱང་། འདི་དག་ནི་རྩ་བ་སྟེ། འདི་མ་ཉམས་ན་ཡན་ལག་རྣམས་ཤུགས་ཀྱིས་ཚང་སྟེ་གལ་ཏེ་སྒོས་སུ་ཉམས་པ་ཡོད་ཀྱང་རྩ་བའི་སྟོབས་ཀྱིས་ཤུགས་ཀྱིས་བསྐོངས་པར་འགྱུར་རོ་ཞེས་འཆད་དོ། །དེ་ལྟར་རྩ་བའི་བསྲུང་ཐབས་རྒྱས་པར་བརྟེན་ནས་ཡན་ལག་ལ་གཉིས་ཀྱི་ཁྱད་པར་ལ་མདོར་བསྟན་པའི་ཚུལ་གྱིས་དམ་བཅའ་བ་ནི་ཐུན་མིན་ཡན་ལག་བཤད་བྱ་བ་ཞེས་པས་ཉན་ཐོས་དང་ཡོ་གའི་བར་གྱི་ཐེག་པ་རྣམས་ཀྱིས་སྤྱོད་ཡུལ་དུ་མ་གྱུར་ཅིང་ནང་པ་འབའ་ཞིག་གི་སྨིན་པས་ཐུན་མིན་སྟེ། ཚིག་ཉིད་དངོས་སུ་བསྟན་པ་ཡང་ཐུན་མོང་གི་ཡན་ལག་རྣམས་འཆད་པ་དང་། ཐེག་པ་མཆོག་ཕལ་གྱི་སྤྱོད་ཡུལ་མ་ཡིན་པས། བདེ་བར་གཤེགས་པའི་དགོངས་མཛད་ཉིད་དངོས་སུ་སྣང་བ་སྟེ་སྣོད་དཀོན་པར་བསྟན་ནོ། །ཡན་ལག་ནི་རྩ་བའི་ཤུགས་ལ་འདི་ཉིད་གྲུབ་པ་དང་། རྩ་བ་མ་གྲུབ་ན་མེད་པ་དང་། བསྲུང་ཐུབ་མ་ཐུབ་ཀྱིས་ཡག་ཉེས་སྟོབས་ཆུང་བ་དང་། ཉམས་ཀྱང་བསྐང་སླ་བས་ན་ཡན་ལག་གོ། །དེ་ཉིད་འཆད་པའི་ཉིད་ལག་དང་བཅས་པའི་སྔར་བྱུང་བ་ལ་ཡང་ཡན་ལག་ཅེས་བྱ་སྟེ་དེ་བཤད་པ་དམ་བཅའ་བའོ། །རྒྱས་པ་ལ་ལྔ་ཡི་སྤྱད་པའི་དམ་ཚིག་སྟེ། དེ་ལ་ཡང་མདོར་བསྟན་པ་ནི་སྦྱོར་སྒྲོལ་མ་བྱིན་ལེན་པ་དང་། རྫུན་སྨྲ་ངག་བརླང་སྤྱོད་པ་ལྔ། །ཞེས་པ་ཐེག་པ་མཆོག་གི་ལུགས་ཀྱིས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་ཉིད་རྟགས་སུ་སྦྱོར་བ་དང་། ཞིང་བཅུ་ཐུགས་རྗེའི་ཞིང་དུ་བྱས་ནས་ཏིང་ངེ་འཛིན་གྱི་ཐར་པའི་ས་ལ་སྒྲོལ་བ་དང་། ཐུགས་རྗེས་ཀུན་ནས་བསླང་སྟེ་ཞིང་བཅུའི་ནོར་དང་། གསང་སྔགས་ཀྱི་གྲུབ་རྫས་རྣམས་གཞན་གྱིས་མ་བྱིན་པར་ཐབས་ཀྱིས་འཕྲིན་ལས་ཀྱིས་ལེན་པ་དང་། གསང་བ་བཅུ་སྦེད་པའི་ཐབས་ཀྱི་རྫུན་དང་། ལོག་བརྟགས་ཅན་ལ་མི་བདེན་པའི་རང་རིགས་གང་དུའང་མ་གྲུབ་ཅིང་ཅིར་ཡང་སྣང་བའི་རྫུན་སྨྲ་བ་དང་། བསྟན་པའི་དགྲ་དང་། སློབ་དཔོན་གྱི་སྐུ་དགྲ་དང་། འཁོར་དང་སློབ་མ་རྣམས་ཞི་དེས་ཀྱིས་མི་འདུལ་ན་ངག་བརླང་པའི་འཆོས་པ་དང་། ལྔ་ནི་འཚོམས་ཀྱི་ཡུལ་ལྔ་དང་ཕྲད་པའི་དུས་སུ་དངོས་སུ་ཉམས་སུ་བླངས་ནས་དོན་བཞིའི་ཕྱིར་སྤྱད་པའི་གྲངས་ལྔའོ། །དེ་ཡང་དམ་ཚིག་བཀོད་པ་ལས། ཞིང་བཅུ་ཐུགས་རྗེས་བཟུང་ནས། གནས་ཏིང་ངེས་སྤོར་བ་ནི་སྒྲོལ་བའི་དམ་ཚིག་གོ། །དེ་མ་ཡིན་པ་སྲོག་ལ་མི་འཛེམ་པ་དང་། སྙིང་རྗེ་དང་བྲལ་བ་ནི་དམ་ཉམས་པའོ། །ཞེས་པ་ལ་སོགས་པ་རྒྱས་བཤད་སྒྲོལ་བའི་དམ་ཚིག་ལ་བདུན་གྱི་དང་པོ། རང་བཞིན་ལྟ་བུའི་སྒྲོལ་བ་ནི་རང་བཞིན་གྱི་ནི་སྦྱོར་སྒྲོལ་དང་། ཞེས་པ་སྟེ། རང་བཞིན་ནི་སེམས་ཀྱི་ཆོས་ཉིད་རྒྱུ་རྐྱེན་དང་བྲལ་ཞིང་དུ་མ་མེད་པ་གཞན་པ་ངང་གིས་མ་དམིགས་པ་ལ་ནི་རང་ཞེས་སྟེ། དོན་དེ་ཉིད་བྱས་ཆོས་དང་བྲལ་བ་གནས་ཚུལ་ཉིད་དབྲི་བསྣན་བྲལ་བར་རིགས་པ་ལ་ལྷུན་གྱིས་གྲུབ་པ་ནི་བཞིན་ཞེས་བྱའོ། །གྱི་ནི་ཞེས་པ་བྱེད་པའི་ཚིག་སྟེ་ལྕགས་ཀྱི་སྟྭ་རེ་ཞེས་པ་སྟེ་རང་བཞིན་ཞེས་པས་ངོ་བོ་སྟོན་ལ། སྦྱོར་སྒྲོལ་ནི་དེ་ཉིད་ཀྱི་ལས་སོ། །འདིར་ཨ་ཏིའི་སྦྱོར་སྒྲོལ་ཡང་ཡིན་ལ། ལྟ་བའང་ཡིན་ཏེ་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྟོགས་པའི་ངོ་ལ་རང་བཞིན་ཆོས་ཀྱི་དབྱིངས་སུ་སྦྱོར་ཞིང་། དོན་དེ་ཉིད་ཀྱིས་རྟོགས་པའི་ངོ་ལ་གཟུང་འཛིན་ཀ་ནས་དག་པ་ལ་ནི་སྒྲོལ་བ་ཞེས་བྱའོ། །དོན་དེ་ཉིད་ནི་སྤྱད་པ་ལྔ་ཡི་གཞི་ཡིན་ཏེ་དེ་ཡང་བརྒྱ་སྤུ་བ་ལས། སྦྱོར་བ་ཉིད་ལ་སྒྲོལ་བ་སྟེ། །སྒྲོལ་བ་ཉིད་ན་སྦྱོར་བ་རྫོགས་ཞེས་པས། གང་ལྟར་ན་ཡང་སྦྱོར་སྒྲོལ་དབྱེར་མེད་པར་བསྟན་ཏོ། །གོམས་པའི་སྒྲོལ་བ་ནི་ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། ཞེས་པ་ཏིང་ངེ་འཛིན་ནི་གཡོས་བྱེད་ལམ་གྱི་ངོ་བོ་ཡིན་ཏེ། གཞལ་བྱ་སྣང་སྲིད་ཐུན་མོངས་མ་ཡིན་པའི་ཚད་མས་གཞལ་བས། ལྷ་དང་ཆོས་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་གྱུར་ཏེ་བསྒོམ་པས། དགོངས་པ་ཉིད་ལ་སྦྱོར་བའི་གནས་སྐབས་ན་ཐ་མལ་གྱི་ཞེན་པ་མི་གནས་པ་ལ་སྒྲོལ་བ་ཞེས་བྱའོ། །ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ནི་དབང་པོ་ཡུལ་གྱི་སྦྱོར་སྒྲོལ་དང་། ཞེས་པ་འདིར་མ་ཧཱ་ཡོ་ག་རང་གཞུང་གི་ལྟ་བ་རྟོགས། ཚོགས་ལྷར་ཤེས་པ་སྟེ་ཕུང་པོ་ལྔ་ཡབ་ལྔ། འབྱུང་བ་ལྔ་ཡུམ་ལྔ། དབང་པོ་ལྔ་སེམས་དཔའ་དང་ཁྲོ་བོ་ཡབ། ཡུལ་ལྔ་སེམས་མ་ཡུམ་འམ། ཡང་ན་དབང་པོ་ལྔ་རིགས་ལྔ། དེའི་ཡུལ་ལྔ་ཡུམ་སྟེ། ཀུན་རྫོབ་བྱང་སེམས་ཀྱི་སྐབས་སུ་བཤད་པ་བཞིན་ལ། དེ་ལྟར་དབང་ཡུལ་ཐབས་དང་ཤེས་རབ་དུ་ལྡན་པའི་དགོངས་པ་དང་ལྡན་པའི་དུས་སུ་ཐ་མལ་པའི་དབང་ཡུལ་གཏན་ནས་དག་པ་ལ་སྒྲོལ་བ་ཞེས་བྱའོ། །རུ་ཏྲ་སྒྲོལ་བ་ནི། ཐབས་ཆེན་པོའི་སྦྱོར་སྒྲོལ་དང་། ཞེས་པ་ཐབས་ཆེ་བ་ནི། རུ་ཏྲ་ནག་པོ་ལས་ངན་པ་སྟོབས་རྒྱས་པས་ངན་སོང་ཁ་བརྒྱུད་པ་ལས་ཐར་ཡང་། ཁམས་གསུམ་ལོག་པའི་ལམ་དུ་བཙུད་པའི་ནུས་པ་དང་ལྡན་པ་དེ། རང་ལ་བསགས་པ་མེད་པས་ཞི་རྒྱས་དབང་གིས་ཀྱང་མི་འདུལ་བ་ཉིད་དཔལ་ཆེན་པོས་དྲག་པོའི་སྒོ་ནས་བསྒྲལ་ཏེ། ལུས་སེམས་ཚར་གཅོད་པ་ཉིད་འོག་མའི་སྤྱོད་ཡུལ་མིན་ཏེ། ཐབས་ལ་དེ་བས་ཆེ་བ་མེད་པའི་དེ་ལྟ་བུའི་སྤྱོད་པའི་སྒོ་ནས་རུ་ཏྲ་རང་གི་བསགས་པ་མེད་པར་ཤེས་པ་ཟག་མེད་ལ་སྦྱོར་བ་དང་། ཕུང་པོ་དུས་གསུམ་གྱི་མཆོད་པ་དཔལ་ཆེན་པོས་གསོལ་བ་ལ་ནི་སྦྱོར་སྒྲོལ་ཞེས་བྱ་སྟེ། ཡང་ན་མོ་རྣམས་སྦྱོར་བས་འདུལ་བ་དང་། ཕོ་རྣམས་སྒྲོལ་བས་འདུལ་བའོ། །སྡུད་པའི་ཚིག་རྣམས་ནི་དོན་ལྔ་ལ་སོ་སོར་བཞི་པོ་རྣམས་འདུལ་བའོ། །འཕྲིན་ལས་ཀྱི་སྒྲོལ་བ་ནི་མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ལྔའོ། །ཞེས་པ་སྔོན་བྱུང་སངས་རྒྱས་ཀྱི་མཛད་པ་ཉིད་རྗེས་འཇུག་རྣལ་འབྱོར་པའི་ལམ་སྟེ། བསྒྲལ་བའི་ཞིང་བཅུ་ལྟ་བུ་ལ། རྫས་དང་སྔགས་དང་འཁྲུལ་འཁོར་དང་ཏིང་ངེ་འཛིན་གྱིས་དབང་པོའི་མངོན་གསུམ་དུ་སྣང་བའི་ལུས་སེམས་དབྲལ་བའི་ཆོ་ག་ནས་ཕྱུང་ཞེས་བྱ་སྟེ། ལུས་སེམས་དབྲལ་བའི་ཆོ་གས་བསྒྲལ་ནས་ར་མ་ནའི་མདའ་བཞིན་ཤེས་པ་ཟག་མེད་དུ་སྦྱོར་ནུས་པའོ། །ལྟ་བ་གཉིས་ཤེས་བྱའི་ཡུལ་ཐུན་མོང་དུ་བསྟན་པ་ནི་གཉིས་ནི་ཤེས་བྱ་ཐུན་མོང་། ཞེས་པ་བཤད་པའི་གྲངས་ལྔ་ལས། རང་བཞིན་དང་དབང་ཡུལ་གཉིས་ཤེས་པར་བྱ་བའི་ཡུལ་ལྟ་བ་ཡིན་ཏེ། དེ་ནི་ལམ་པ་རྣམས་ཀྱི་གཞི་ཐུན་མོང་ཡིན་པ་དང་། སྦྱོར་སྒྲོལ་ལྔ་པོ་ཡང་དེ་ཉིད་ཀྱི་ངང་དུ་རྫོགས་པས་རྣལ་འབྱོར་པས་བྱ་བ་གང་བྱེད་ཀྱང་ཐམས་ཅད་ཀྱི་སྔོན་དུ་གཞི་ལྟ་བ་དགོས་པས་བཤད་ཅེས་བྱའོ། །འདི་ལའང་ལྷ་རྗེ་ཡང་ཁོང་གི་ཞལ་ནས། སྤྱད་པ་ལྔ་ཡི་སྐབས་སུ་ལྟ་བ་ཐུན་མོང་དུ་བཤད་པ་ལ་དགོས་པ་མེད་དེ་ཡི་གེ་མང་བར་འགྱུར་བས་སོ། །གཉིས་ནི་ཤེས་བྱ། ཞེས་པ་མཐུན་པ་ལས་རྩ་བ་དང་ཡན་ལག་གི་ཐུན་མོང་སྟེ། བྱང་སེམས་ལྟ་དང་གཉིས་མཐུན་པའི་ཕྱིར་རོ་ཅེའོ། །འོ་ན་མཚོན་ཚུལ་མ་འདྲེས་པས་མ་ངེས་སོ་ཞེ་ན་མ་འདྲེས་སྟེ། གོང་དུ་ནི་ཤེས་བྱའི་ཡུལ་ལྟ་བ་བཞིར་བསྟན་ནས། འདི་འབྲས་བུའམ་ནུས་པ་སྟེ། སྦྱོར་སྒྲོལ་གྱི་ངོ་བོ་ཉིད་ཙམ་དུ་བཤད་པས་སོ། །ཏིང་འཛིན་ལམ་ལ་ཀུན་གྱི་ཐུན་མོང་དུ་གསུངས་པ་ནི། ཏིང་འཛིན་ཞེས་པ་ལ་སོགས་པ་སྟེ། ཏིང་འཛིན་ནི་དོན་དང་ཡི་གེ་གཉིས་སྟེ། བསླབ་པ་ནི་གཉིས་པོ་ལམ་གྱི་ངོ་བོ་ཡིན་པས་འདྲིས་གོམས་སུ་བྱ་བ་སྟེ། ཐུན་མོང་གི་དེ་ཉིད་འདུན་པའི་རྣལ་འབྱོར་ད་ལྟ་ནས་རྩལ་ཆེན་རྫོགས་པ་ལྟར་ལམ་གྱི་བར་དུ་ལམ་པ་མཐོ་དམན་ཀུན་གྱི་ཐུན་མོང་སྟེ། ལམ་མཐར་ཕྱིན་པ་ཉིད་འབྲས་བུའི་ངོ་བོའོ། །འདི་ལ་ཡང་གོང་ལྟར་གསུང་གི་དམ་ཚིག་རྩ་བ་དང་ཡན་ལག་ཐུན་མོང་ངོ་ཞེས་གསུང་སྟེ། དེ་ལྟར་ནའང་མཚོན་ཚུལ་མ་འདྲེས་པ་ནི། གསུང་དམ་ནི་ཉམས་སུ་བླང་བའི་ངོས་ནས་བཞག་ལ། འདི་ཉིད་ནས་ནུས་པ་ཙམ་གྱི་ངོས་ནས་འཇོག་སྟེ། རིག་པ་ཏིང་ངེ་འཛིན་གཉིས་པོ་ལ་སྦྱོར་ཞིང་ཐ་མལ་ལས་སྒྲོལ་ཞེས་བྱའོ། །མངོན་ཕྱུང་ལ་གཉིས་ཀྱི་མདོ་ནི། མངོན་ཕྱུང་ཞེས་པ་ལ་སོགས་པ་སྟེ། དེ་ཡང་མངོན་ཕྱུང་ནི་བཤད་པར་བས་ལ། དམ་ཚིག་ནི་ཡུལ་དང་ཕྲད་ན་དེ་ལས་འདའ་བར་མི་བྱའོ། །ཆེན་པོ་ནི་ཐེག་པ་མཆོག་གི་དོན། སྐལ་པ་ཡང་རབ་གྱི་ཡུལ། བརླང་བའི་ལས་ཀྱིས་ཚོགས་གཉིས་གཅིག་ཆར་དུ་རྫོགས་པའོ། །གཞི་དེ་ཉིད་ལ་འཕྲིན་ལས་ཀྱི་ངོ་བོ་མངོན་དུ་སྣང་བའི་ཚིག་ལྔ་ཏེ། གང་གི་གང་ལ་ཅི་ལྟར་ཅིའི་ཕྱིར། རྩོད་པ་སྤང་བར་འཆད་པ་བཞིན་ཤེས་པར་བྱ་ཞེས་གདམས་པ་བརྗོད་པའོ། །ལྟ་སྤྱོད་ཏིང་འཛིན་འབྲེལ་གོམས་པས། །ཞེས་པས་རྟེན་གྱི་གང་ཟག་བསྟན་ཏེ། དེ་ཡང་ཀུན་ཀྱི་གཞི་ལྟ་བ་ནི། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་ཞེས་པ་མྱ་ངན་ལས་འདས་པ་རང་སྣང་གི་ཆོས་ཐམས་ཅད་ནི་རང་བྱུང་གི་ཡེ་ཤེས་སུ་རྒྱུ་གཅིག་ལ། ཕྱིན་གྱི་ལོག་གི་རྒྱུན་ལས་སྣང་བའི་འཁོར་བའི་ཆོས་ནི་མ་རིགས་པ་རྒྱུ་གཅིག་དེ་གཉིས་ཀྱང་ཞེན་པ་དང་བསམ་པས་ཐ་དད་ཀྱང་། སྨན་ག་བུར་བཞིན་ངོ་བོ་དབྱེར་མེད་སྟེ། རྒྱས་པ་ལས། ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོང་སྡུག་བསྔལ་བྱང་ཆུབ་མཆོག །ཞེས་པས། ལོག་རྟོག་ཉིད་དུ་སྣང་ནའང་རིག་པ་རང་སྣང་བས་གསེར་གྱི་དཔེས་རང་བྱུང་གི་ཡེ་ཤེས་ཁོ་ན་སྟེ་དེ་ཉིད་ཀྱི་ངོ་བོ་བསྟན་དུ་མེད་དེ། ཡུལ་དང་བྲལ་བ་ཉིད། གསལ་ལ་འགག་པ་མེད་པ་ནི་མཉམ་པའི་དབྱིངས་སུ་གསལ་བས། གཏན་ཚིག་དང་གྲུབ་མཐའ་ཐུན་མོང་པ་སྟེ་རྒྱུ་གཅིག་པའོ། །ཡིག་འབྲུ་ནི་དོན་དེ་ཉིད་དཔེ་ཏེ། བཤད་པའི་རྒྱུ་ཉིད་ཀྱི་ཕྱིར། འཁོར་འདས་ཐམས་ཅད་སེམས་ཉིད་ཁོ་ན་བས་དེ་ཉིད་ལས་དངོས་གང་དུའང་མ་གྲུབ་པ་དང་། སེམས་ཉིད་ཀྱི་སྣང་སྟོང་གི་ཕྱོགས་གང་དུ་ཡང་མ་ངེས་པ་ནི་ཨ་ཉིད་ཡི་གེ་ཐམས་ཅད་དུ་སྣང་ཡང་། ཨ་ཉིད་ལ་གྲུབ་པ་མེད་པ་དང་། ཨ་ཉིད་ཡི་གེ་གང་དུ་ཡང་མ་ངེས་པས་ཡི་གེ་ཐམས་ཅད་མི་འགག་པར་སྣང་བ་སྟེ་གསུང་གི་རང་བཞིན་ནོ། །སེམས་ངོ་བོ་ཉིད་དུ་གྲུབ་པ་མེད་པ་ཉིད་རྟོགས་མ་རྟོགས་ཀྱིས་རིག་པ་ཉིད་འཁོར་འདས་ཀྱི་ཆོས་ཅིར་ཡང་སྣང་བ་ནི་ཨ་ལ་ན་རོ་སྣང་བ་ལྟ་བུ་སྟེ་སྐུའི་རང་བཞིན་དང་བཤད་པའི་སྣང་སྟོང་གཉིས་ཚིག་ལ་སྔ་ཕྱི་སྣང་ཡང་དོན་དབྱེར་མེད་པར་རྟོགས་པའི་རིག་པ་ཉིད་ཡེ་ཤེས་ལྔར་གསལ་བ་ནི་ཨཱོཾ་གྱིས་མཚོན་པ་སྟེ་ཐུགས་ཁོ་ནའོ། །བྱིན་གྱིས་བརླབས་དང་མངོན་གསུམ་པ་ཞེས་པ། འདིར་བྱིན་གྱིས་བརླབས་པ་ནི་བརླབས་བྱ་དང་རློབ་བྱེད་སྟེ། ཡུལ་ནི་ཕུང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོའོ། །བརློབ་བྱེད་ནི་བཤད་པའི་གཏན་ཚིག་གཉིས་ཀྱིས་ཀུན་རྫོབ་བྱང་ཆུབ་སེམས་སུ་བཤད་པ་ལྟར་བྱིན་གྱིས་བརླབས་པའི་དོན་རྟོགས་པའོ། །མངོན་གསུམ་པར་ཞེས་པ་མངོན་གསུམ་བཞི་ལས་ཐེག་པ་མཆོག་གི་རང་རིག་པའི་མངོན་གསུམ་སྟེ། དོན་ཅི་ལྟ་བ་ཉིད་རིག་པ་ལ་གདེང་དུ་གྱུར་ནས་ཡུལ་དང་ཡུལ་ཅན་མེད་ད་ེ ནམ་མཁས་ལ་ནམ་མཁའ་མི་སེམས་པ་ལྟ་བུའོ། །དེ་ལྟ་བུའི་དོན་རྟོགས་པ་ལ་ནི་ལྟ་བྱ་ལྟ་བྱེད་མེད་པར་རང་གསལ་བ་ནི་ལྟ་བ་ཞེས་བརྗོད་དོ། །བལྟས་པ་མེད་པར་རང་སྤྱི་ཆོས། དབྱེར་མེད་ཕྱོགས་ལྟའི་འདོད་བྲལ་བ་ཞེས་པས་སོ། །དེ་ལྟ་བུ་མིན་པའི་ལྟ་བ་ཐ་སྙད་ལེགས་པ་ནི་ལྷ་ཡུལ་གྱི་བདུད་རྩི་བརྗོད་པ་དང་མཚུངས་ཏེ། འོན་ཀྱང་གཏན་འགོག་པའང་མ་ཡིན་ཏེ་བརྒྱུད་པའི་ཐབས་སོ། །སྤྱོད་ཅེས་པ་སྤྱིར་ལམ་མཐོ་དམན་གྱི་བྱེ་བྲག་གིས་སྤྱོད་པའི་གྲངས་མང་ཡང་འདིར་སྤྱོད་པ་ལྔའི་དོན་ཡུལ་དང་ཕྲད་ནས་ཉམས་སུ་བླངས་ཀྱང་བདག་གཞན་གྱི་དོན་རྣམས་པ་གཉིས་སུ་འགྱུར་བ་དང་། སྒོས་སུ་སྒྲོལ་བ་འཕྲིན་ལས་ཀྱི་སྤྱོད་པ་རྣམས་བྱས་ལ་མི་བཙོག་པ་སྟེ། འབྲས་བུའི་ནུས་པ་དང་ལྡན་པའོ། །གསང་སྙིང་ལས། བྱས་པ་མི་བགོས་སྡོམ་པ་རྫོགས། །ཞེས་པས་སོ། །ཏིང་འཛིན་གཉིས་ལས་དམིགས་སུ་མེད་པའི་ཏིང་འཛིན་གྱིས་རིག་པ་གླང་པོ། སྨྱོན་པ་དང་འདྲ་བ་བཏུལ་ཏེ་སྣང་སྟོང་གང་དུ་ཡང་དབང་ཐོབ་པ་ལ་བྱ་སྟེ། ཕྲིན་ལས་ཀྱི་སྐབས་འདིར་དེ་ཉིད་གལ་ཆེ་བས་རབ་ཏིང་ངེ་འཛིན་གྱིས་གསོ་བསད་ལ་དབང་བ་དང་། འབྲིང་ཏིང་ངེ་འཛིན་དང་སྔགས་གཉིས། ཐ་མ་ཏིང་ངེ་འཛིན་དང་འཕྲུལ་འཁོར་གསུམ་གྱི་དུས་སུ་ཡང་ཏིང་ངེ་འཛིན་གཙོ་ཆེ་བ་དང་། ཏིང་ངེ་འཛིན་འབའ་ཞིག་གི་འཕྲོ་འདུས་སྦྱང་བ་རྣམས་ཀྱིས་ཏིང་ངེ་འཛིན་གཙོར་སྨོས་སོ། །འབྲེལ་ཞེས་པ་དེ་དག་ཀྱང་ཡ་ཆ་མ་ཡིན་ཏེ་གཅིག་ལ་གཉིས་ཚང་བས། ལྷུན་གྱིས་གྲུབ་པའི་དེའི་ཁོངས་སུ་དམ་ཚིག་ཀྱང་འདུས་པས་སོ། །གོམ་ཞེས་པ་རབ་ནི་ཏིང་ངེ་འཛིན་ནུས་པ་གཞན་སྣང་དུ་གསལ་བ་སྟེ་ཟག་མེད་ཀྱི་ལམ་པའོ། །འབྲིང་ནི་སྔགས་དང་ཏིང་ངེ་འཛིན་གྱིས་ལུས་སེམས་ཕྲལ་ནུས་པའོ། །ཐ་མ་ནི་སེམས་ཏིང་ངེ་འཛིན། ལུས་ཕྱག་རྒྱ། ངག་ཚིག་བཅད། གཅིག་ལ་གཅིག་མི་སྒྲིབ་པར་འབྲས་བུ་མངོན་དུ་སྣང་བའོ། །ཡུལ་གང་ལ་ན་བཅུ་སྟེ། དཀོན་མཆོག་ཞེས་པ་ལ་སོགས་པ་དཀོན་མཆོག་གསུམ་ལ་འགལ་བར་བྱེད་པའི་སྐུ་དགྲ་དང་། རྡོ་རྗེ་སློབ་དཔོན་གྱི་འཚོ་བ་གསུམ་འཕྲོག་པ་དང་། གཉིས་ཞེས་པ་བཤད་པའི་ཡུལ་གྱི་ངོས་ནས་སོ། །དམ་ལས་ལོགས་ཞེས་པ་དམ་ཚིག་མནོས་ཀྱང་དེའི་ནང་ན་མི་གནས་ནས་ཉམས་ཏེ་ལོག་པའོ། །འཁུས་པ་ནི་ཚུར་ལ་གནོད་པ་བྱེད་པ་སྟེ་ཤེས་ཆེ་བར་བླ་མ་དང་གྲོགས་པོ་ལའོ། །འདུས་པ་འོང་ཞེས་པ་ཕྱི་ནང་གཉིས་ཏེ་ཕྱི་ནང་ཆོས་ཉན་པ་དང་། རབ་ཏུ་བྱུང་བ་དང་། དབང་བསྐུར་བ་དང་། ཐར་པ་ལ་གཞོལ་བའི་ཕྱོགས་སུ་འོང་བ་རྣམས་ལ་གནོད་དེ་བར་བཅད་ནས་མི་འགྲུབ་པར་བྱེད་པའོ། །ནང་ནི་བསྒྲུབ་པ་ཆེན་པོ་ལ་འདུས་པའི་སར་འོང་བ་སྟེ་བླ་མའི་ཞལ་ལས་ཤེས་སོ། །ཡོངས་ལ་གནོད་ཅེས་པར་སྤྱིར་སེམས་ཅན་ཆེ་འཕྲ་གང་ལའང་སྲོག་དང་བདེ་བའི་བར་དུ་གཅོད་པའི་ཐབས་སྣ་ཚོགས་བྱེད་པའོ། །དམ་དགྲ་ནི་དམ་ཚིག་ཅན་གཅིག་པུའི་དགྲ་ཤ་སྟག་བྱེད་པ་སྟེ། གོང་དུ་ནི་སློབ་དཔོན་དང་། གྲོགས་པོ་ལ་ཤས་ཆེར་ཡིན་ལ་འདིར་ནི་དམ་ཚིག་ཅན་ཐམས་ཅད་ཀྱི་དགྲ་བྱེད་པའོ། །ངན་པའི་ངང་ཚུལ་ཅན་ཞེས་པ་ཞི་རྒྱས་གང་གིས་ཀྱང་། འདུལ་བར་མི་འགྱུར་བའི་སྔོན་གྱི་ཆིབས་བྱ་རོག་དང་། སྔགས་རྗེ་ལ་སྲོག་ལྟ་བུ་ནུས་སྟོབས་དང་ལྡན་པ་ལུས་ཀྱི་རྩལ་འབྲས་བུ་ངན་པར་སོང་བའི་གྲངས་དང་ལྡན་པ་ཞི་བའི་ཆོས་བཤད་ཀྱང་དེ་ཉིད་སྡུག་བསྔལ་ལས་སྦྱོར་བ་སྟེ། དེ་དང་བདུན་པ་ནི་རྒྱུ་ལ་སྒྲོལ་བ་བདུན་ཞེས་བྱའོ། །འབྲས་བུ་གསུམ་ནི་ངན་སོང་གསུམ་དང་ཞེས་པ་ལ་སོགས་པ་སྟེ། དེ་ཡང་རྒྱུ་མི་དགེ་བ་ལས་ངན་པས་དམྱལ་བ་ཡི་དྭགས་བྱོལ་སོང་གསུམ་དང་། གོང་གི་བདུན་དང་བཅུ་པ་ནི་རྣལ་འབྱོར་ཞེས་པར་བཤད་པའི་ལྟ་སྤྱོད་སྒོམ་གསུམ་རིགས་ལ་ལྷུན་གྱིས་འགྲུབ་པའི་གསང་སྔགས་པ་ཀུན་གྱིས་ཡུལ་དང་ཕྲད་པའི་ཐད་སོང་ཡལ་བར་མི་དོར་བར་བྱ་བའི་ཕྱིར་དང་དུ་བླང་ཞེའོ། །འོ་ན་ཞིང་བཅུ་ཡང་ཁམས་གསུམ་སེམས་ཅན་གྱི་ཁོངས་སུ་གཏོགས་ལ་དེ་དག་བསྒྲལ་ན་སྤྱིའི་མཆེད་ཡིན་པའི་གྲོགས་ཀྱི་དམ་ཚིག་དང་འགལ་བར་མི་འགྱུར་རམ་ཞེ་ན་བསྒྲལ་བའི་ཡོན་ཏན་འཆད་པ་བཞིན་ཡིན་པས་འགལ་བར་མི་འགྱུར་ཏེ། ཕན་འདོགས་པས་དམ་ཚིག་རྫོགས་སྟེ། དཔེར་ན་མི་ནག་མདུང་ཐུང་ཅན་བསད་པ་ལྟ་བུའོ། །གྲངས་ནི་རྩ་བ་བཅུ་བཞིའོ། །ཞེས་པ་སྤྱི་གྲངས་བསྟན་སྟེ། སྒྲོལ་བའི་གྲངས་ཀྱི་རྩ་བ་ཡུལ་བཅུ་གོང་མ་ལ་བཞི་དང་བཅུ་བཞིའོ། །འདི་ལ་ལྷ་རྗེ་ཡང་ཁོང་གིས། དཀོན་མཆོག་གསུམ་གྱི་གསུམ། སློབ་དཔོན་སྐུ་དགྲ་དང་བཞི། དམ་ལས་ལོགས་པ་དང་ལྔ་འཁུས་པ་དང་དྲུག །འདུས་པ་འོང་བ་ལ་གནོད་པ་དང་བདུན། ཡོངས་ལ་གནོད་པ་ད ང་བརྒྱད། དམ་དགྲ་ངན་པའི་ངང་ཚུལ་ཅན་གཉིས་དང་བཅུ། ངན་སོང་གསུམ་དང་བཅུ་གསུམ། སྐུ་དགྲ་གཉིས་ཞེས་པས་གྲོགས་པོའི་སྐུ་དགྲ་དང་བཅུ་བཞི་སྟེ། མངོན་ཕྱུང་གཅིག་པུའི་གྲངས་སུ་བཞེད་སྐད་དོ། །བསྒྲལ་བའི་ཐབས་ཀྱང་། ཏིང་འཛིན་སྔགས་དང་ཕྱག་རྒྱ་རྣམས། །ཞེས་པ་ལ་སོགས་པ་སྟེ། ཏིང་འཛིན་སེམས་ཀྱི་ལས་དང་། སྔགས་ངག་གི་ལས། ཕྱག་རྒྱ་ལུས་ཀྱི་ལས་རྣམས་ཤིན་དུ་གོམས་ཏེ་རིག་པ་ལ་དབང་ཐོབ་པ་ནི་རྟོགས་པས་བདག་བསྒྲལ་བ་ཡིན་ལ། དེ་ཉིད་ཀྱི་བྱིན་བརླབས་གཞན་ལ་སྣང་དུ་རུང་སྟེ། ཤིན་དུ་གོམས་པས་བསྒྲལ་བྱ་ཉིད་དབང་བསྐུར་ཏེ་རྣམ་པར་ཤེས་པ་བྱང་ཆུབ་ཀྱི་ཞིང་དུ་དགོད་པར་བྱ་ཞེས་མདོར་བསྟན་ནས། རྒྱས་པར་བཤད་པ་ནི། ཏིང་འཛིན་སྔགས་རྒྱས། ཞེས་པ་འདི་ཏེ་ཐམས་ཅད་ཡང་བློ་རབ་འབྲིང་གི་བྱེ་བྲག་སྟེ་རབ་ཏིང་ངེ་འཛིན་གཅིག་པུ་ལ་དབང་ཐོབ་ནས་བསྒྲལ་བྱའི་དངོས་པོ་ལ་སྙིང་ཀ་ཆོས་ཀྱི་འཁོར་ལོ་རྩ་པདྨ་འདབ་བརྒྱད་ལ་སྔགས་ཞེས་བྱ་སྟེ་དག་པའི་ས་བོན་སྐུ་གསུང་ཐུགས་ཨཱོཾ་ཨཱཿཧཱུྃ་གསུམ་གནས་པ་དང་། མ་དག་པའི་ས་བོན་རིགས་དྲུག་སྟེ་ཨ་ནྲི་སུ་ཏྲེ་པྲེ་དུ་གནས་པ་དང་། དབུས་ན་སྲོག་མི་ཤིགས་པའི་ཐིག་ལེའི་ངོ་བོ་ཡེ་ཤེས་ལྔ་ཡི་བདག་ཉིད་ཧཱུྃ་གནས་པས་ཧཱུྃ་ལས་འོད་ཟེར་འཕྲོས་པས་རིགས་དྲུག་གི་ས་བོན་བསྲེགས་ནས། ཨཱོཾ་ཨཿཧཱུྃ་གསུམ་ལ་ཐིམ་དེ་ཉིད་ཀྱང་སྲོག་མི་ཤིགས་པའི་ཐིག་ལེ་ཧཱུྃ་ལ་ཐིམ་པ་ལ་ནི་བག་ཆགས་སྦྱངས་ཞེས་བྱ་ལ། རྒྱས་ཞེས་པས་བདག་ཉིད་ལས་ཀྱི་ལྷ་ཡི་ཏིང་ངེ་འཛིན་གསལ་བའི་ཐུགས་ལས་འོད་ཟེར་སྤྲོས་པས་བག་ཆགས་སྦྱང་སྟེ་དག་ནས་ཉི་མའི་སྙིང་པོ་ལྟ་བུར་གྱུར་ཏེ་ཡེ་ཤེས་ལྔའི་ངོ་བོ་རྩ་ལྔའི་ཧཱུྃ་ལས་རྣམ་ཤེས་ལྷར་བསྐྱེད་ཅེས་པས་ཧཱུྃ་རྣམ་པར་ཤེས་པ་ལས་སེམས་ཀྱི་ཆོས་ཉིད་རང་སྣང་བའི་བརྡའ་རྡོ་རྗེ་སེམས་དཔར་བསྐྱེད་དེ་ཡེ་ཤེས་ལྔས་དབང་བསྐུར་བ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་མན་ངག་ལྟར་བྱས་ནས་འོག་མིན་རྣམ་པར་སྣང་མཛད་ཀྱི་ཕོ་བྲང་དུ་འཕང་སྟེ་རྒྱལ་བའི་སྲས་སུ་བྱ་བ་ནི་ཏིང་ངེ་འཛིན་འབའ་ཞིག་གི་ལས་སྟེ་དབང་པོ་རབ་ཀྱི་སྤྱོད་ཡུལ་ལོ། །དབང་པོ་འབྲིང་གིས་སྔགས་དང་ཏིང་ངེ་འཛིན་དང་འཁྲུལ་འཁོར་གསུམ་ཀ་ལ་བརྟེན་ཏེ་གསང་སྔགས་ཀྱི་ཚེ་བ་རྟེན་འབྲེལ་གྱི་སྟོབས་ལ་སྣང་བས་རྒྱུད་ཀྱི་གཞུང་ན་སྨོས་པའ་ིརྒྱུ་རྣམས་ལ་གཟུགས་བཅའ་བ་དང་མཚོན་ཆ་ཕུར་པ་མཚན་ཉིད་དང་ལྡན་པ་དང་། གཟུགས་ཀྱི་སྣོད་གྲུ་གསུམ་ཨེའི་སྣོད་དང་། ཡེ་ཤེས་ཀྱི་ལྷ་མཉེས་པའི་ཡན་ལག་ནང་གི་མཆོད་པ་རྣམ་པ་གསུམ་དང་། རྒྱུ་རྐྱེན་རྣམས་འཚོགས་ནས། རྣལ་འབྱོར་པ་རང་ཉིད་ལས་ཀྱི་ལྷའི་ཏིང་ངེ་འཛིན་གསལ་བ་དང་། དཔལ་གསང་བ་འདུས་པ་ནས་སྨོས་པ་བཞིན་དུ་ཉེས་པ་བསྒོ་བ་དང་། བསྒྲག་པ་དང་། ཁ་སྦྱོར་དབྱེ་བ་རྣམས་བྱ་སྟེ་གཟུགས་དང་མི་གཉིས་པར་ཏིང་ངེ་འཛིན་གྱིས་གསལ་བར་བྱས་ནས། ལུས་སེམས་དབྲལ་བའི་མཚོན་ཆ་བྱིན་གྱིས་བརླབ་པའི་ཕུར་པས་གདབ་སྟེ། སེམས་གདབ་པའི་ཏིང་ངེ་འཛིན་དང་། ངག་དེ་ཉིད་ཀྱི་སྔགས་དང་། ལུས་ཀྱི་ཕྱག་རྒྱ་དང་། རྣམ་པ་གསུམ་གྱི་འཕྲོ་འདུས་བསྒྲལ་ཞིང་གི་ལུས་ལ་ཡོད་པའི་འགྲོ་དྲུག་གི་ས་བོན་བསྲེག་པ་དང་། ཕུར་པས་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཉོན་མོངས་པའི་བག་ཆགས་མེད་པར་བྱས་པ་ལ་ནི་སྦྱངས་ཞེས་སོ། །རྣམ་པར་ཤེས་པ་ཨའི་ངོ་བོ་ཕུར་པའི་རྩེ་མོས་བླངས་ནས་ལས་ཀྱི་ལྷ་ཡི་ཐུགས་ཀར་བསྟིམ་སྟེ། སྐུ་ལ་བརྒྱུད་ནས་ཡུམ་གྱི་མཁར་ཧཱུྃ་ལས་རྡོ་རྗེ་སེམས་མ་དཀར་པོ་མཚོན་གང་བར་བསྒོམ་པ་ལ་ནི་རྣམ་ཤེས་ལྷར་བསྐྱེད་ཞེས་བྱ་སྟེ། དེ་ཉིད་ལ་ནི་ཡེ་ཤེས་ལྔས་དབང་བསྐུར་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་སྟེ་འཕང་ཞེས་པས། ཤེས་རབ་ཟླ་བའི་སྟེང་དུ་བཞག་ནས། ཐབས་མཆོག་ཉི་མས་བཀབ་སྟེ། སཾ་མ་ར་ན་ཕཊ་ཀྱིས་འོག་མིན་དུ་འཕང་བ་སྔ་མ་ལྟར་རོ། །དེ་ལས་གཞན་པ་བསྒྲུབ་པ་ཆེན་པོའི་ལུགས་ནི་ཞལ་ལས་བླང་ངོ་། །དེའི་ཕན་ཡོན་ནི་བསྒྲལ་ཞིང་སྣང་བ་སྟེ་ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར་ཞེས་པ་ཁོས་བསོད་ནམས་ཀྱི་བསགས་པ་མེད་པར་གསང་སྔགས་ཀྱི་རྟེན་སྟོབས་ཀྱིས་ཤེས་པ་ཟག་མེད་ཀྱིས་ལ་མ་སྦྱོར་བ་ནི། ཡེ་ཤེས་ཚོགས་ཀྱི་འབྲས་བུ་སྣང་བ་སྟེ། ཀྱང་ནི་མ་བསགས་པར་རང་རྫོགས་པར་འགྱུར་བས་སོ། །འོ་ན་བསོད་ནམས་ཀྱི་ཚོགས་རྫོགས་སམ་ཞེ་ན་དེ་ཉིད་བསྟན་པ་ནི། འབྱུང་བའི་ཕུང་པོ་ཤ་ཁྲག་རུས་པ་གསུམ་དུག་གསུམ་དུ་བྱིན་གྱིས་བརླབ་ནས་རྒྱལ་བའི་དཀྱིལ་འཁོར་ལ་མཆོད་པར་བསྔོས་པ་ནི་ཁོ་ཉིད་ཀྱིས་བསོད་ནམས་ཀྱི་ཚོགས་སུ་གཅིག་ཅར་དུ་རྫོགས་པས་འདི་འགྱུར་རོ་ཞེས་སོ། །དེས་ན་ཐབས་ཀྱི་ཞགས་པ་ར་མ་ནའི་མདའ་དང་མཚུངས་སོ་ཞེས་པས། རྒྱལ་པོ་ར་མ་ནས་མདའ་གང་འཕང་འཕོག་ཤི་ནས་ལྷར་སྐྱེ་བ་ལས་མི་འདའ་བ་བཞིན་འདིར་གསང་སྔགས་རྟེན་འབྲེལ་འཚོགས་པའི་སྟོབས་ཀྱིས་འཕྲིན་ལས་གྲུབ་ནས་གནས་སྤར་ནུས་པའང་དཔེ་དེ་བཞིན་ནོ། །འོན་ཀྱང་ཕྱི་རོལ་བ་ཐུན་མོང་གི་རིགས་སྔགས་རྣམས་ནི་མ་གཏོགས་སོ། །དེ་ལྟར་བསྒྲལ་བྱའི་ཚོགས་གཉིས་སུ་འགྱུར་བས། དོན་དེས་རྣལ་འབྱོར་པའི་ཡང་ཚོགས་གཉིས་གཅིག་ཅར་ལ་རྫོགས་སྟེ་མ་བཀག་པ་དང་མི་འཇིག་པ་གཉིས་ཀྱིས་དམ་ཚིག་གི་འོད་པོ་ལྷུན་གྱིས་གྲུབ་པའོ། །རྒྱུ་ལ་གྲུབ་པ་བདུན་པོ་སྤྱོད་ཡུལ་དུ་གྱུར་པས་བཤད་པ་ལྟར་ཡིན་ཀྱང་འབྲས་བུ་ལ་བསྒྲལ་བ་ངན་སོང་གསུམ་པོ་ཡུལ་དུ་མ་གྱུར་པས་ཅི་ལྟར་ཞེ་ན། དེ་ནི་རྣལ་འབྱོར་པ་རྣམས་ཀྱིས་ལྷག་པ་ཏིང་ངེ་འཛིན་གྱི་སྒོ་ནས་ཏེ། རྣལ་འབྱོར་པ་ལས་ཀྱི་ལྷར་གསལ་བའི་ཐུགས་ཀ་ནས་རྃ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་བྱུང་བས་ངན་སོང་གསུམ་གྱི་སྡུག་བསྔལ་བསྲེགས་ནས་སེམས་རྣམ་པར་དག་པ། གྲངས་ཀྱི་ཨར་གྱུར་པ་ཉིད་ཨ་གཅིག་དུ་འདུས་ནས་འོག་མིན་དུ་འཕང་བའོ། །ལྐོག་གྱུར་གྱིས་དོན་ཅི་ལྟར་འགྱུར་ཞེ་ན་ལུང་གིས་བསྟན་ཏེ། གདོས་བཅས་ཡུལ་ན་མི་སྣང་ཡང་། ཆུ་ཁམས་བལྟས་པ་བཞིན་དུ་སྣང་། ཡིད་གཟུགས་མངོན་ཤེས་ཅན་གྱིས་མཐོང་ཞེས་དགོངས་འདུས་ནས་གསུངས་སོ། །དེ་ནི་རྒྱས་པ་ལས། རྃ་སྲིད་གསུམ་བསྲེགས་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །རྃ་དབང་པོ་དྭངས་བའི་དཀྱིལ་འཁོར་དུ། །སྤྱོད་ཡུལ་རྫས་རྣམས་བསྡུས་ནས་སུ། །ལྷན་ནེ་ལྷང་ངེ་དོན་དུ་ནི། །ཨ་ཞེས་པས་སོ། །དགོས་ཆེད་ནི་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། གོང་དུ་བསྟན་པའི་དོན་དེ་ཁོ་ན་བཞིན་ཡུལ་དང་ཕྲད་ནས་ལུས་སེམས་དང་བྲལ་ཏེ་ཤེས་པ་ཟག་མེད་ཀྱི་ས་ལ་དགོད་པའི་དགོས་ཆེད་ཀྱང་། བྱང་ཆུབ་སྤྱོད་འཕེལ་ཞེས་པས། སྤྱི་བརྩན་དུ་བསྒྲལ་བའི་ཞིང་བཅུ་བསྟན་པ་ལ་གནོད་པ་རྣམས་བསྒྲལ་བས་བློ་དམན་རྣམས་ཆོས་བདེན་པར་ཡིད་ཆེས་ནས་བྱང་ཆུབ་སྤྱོད་པ་འཕེལ་བ་དང་། དམ་ཚིག་ཅན་ལ་གནོད་པ་མེད་པས་བྱང་ཆུབ་བསྒྲུབ་པའི་བར་ཆེད་ཉུང་བས་ཀྱང་སྤྱོད་པ་འཕེལ་བ་དང་། སེམས་ཅན་ཡོངས་ལ་གནོད་པ་དང་། ངན་པའི་ངང་ཚུལ་ཅན་བསྒྲལ་བས་སེམས་ཅན་ཐམས་ཅད་བདེ་བ་སྟེ་སྤྱིའི་དོན་ནོ། །དགོས་ཀྱི་བདག་དོན་ལ་ལྷ་མཉེས་ཞེས་པས་བསྒྲལ་བ་དེ་ཉིད་ཀྱིས་དམ་ཚིག་རྫོགས་པས་ལྷ་མཉེས་པ་དང་། ཡུལ་གྱིས་བསགས་པ་མེད་པར་ཟག་མེད་ལ་སྦྱོར་བའི་ཉེས་པ་དང་། ཕུང་པོ་དུག་གསུམ་གྱིས་མཆོད་པར་ཕུལ་བའི་མཉེས་པ་དང་གསུམ་མོ། །རྣལ་འབྱོར་པ་བདག་ལ་དམ་ཚིག་གི་ཆག་ཉམས་ཡོད་ཀྱང་དེ་ཉིད་ཀྱིས་སྐོངས་པར་འགྱུར་བས་སོ། །གཞན་དོན་དུ་ལས་ངན་བར་ཆད་སྡུག་ཡུན་ཐུང་ཞེས་པ་ཚེ་འདིར་ཡུལ་གྱི་གོང་དུ་སྨོས་པའི་ལས་ངན་པ་རྣམས་བསགས་པའི་བར་ཆད་ནས་ཚེ་ཕྱི་མ་ལ་སྡུག་ཡུན་ཐུང་ནི་རྣལ་འབྱོར་ཐ་མའི་ཚད་དེ། ཕུར་པ་བཅུ་གཉིས་ཀྱི་རྒྱུད་ལས། ཐབས་ཀྱི་ཐ་མའི་ཐ་མ་ནི། །ཏིང་ངེ་འཛིན་གྱི་རྩལ་ཆུང་ཡང་། །དམྱལ་བའི་གནས་སུ་ཡུན་ཐུང་འགྱུར་ཞེས་སོ། །རྣལ་འབྱོར་རབ་དང་འབྲིང་གིས་ནི། ཚོགས་གཉིས་རྫོགས་པར་བཤད་པ་བཞིན་དང་། འཆད་པའི་གཏན་ཚིགས་ཉིད་ཀྱིས་གསལ་ལོ། །འཆད་པ་ཉིད་གང་ཞེ་ན། རང་གིས་བསགས་མེད་ཅེས་པ་ལ་སོགས་པ་སྟེ། བསྒྲལ་ཞིང་ཁོ་རང་གིས་ཤེས་པའི་རྒྱུད་ལ་བསོད་ནམས་ཀྱི་བསགས་པ་འཕྲ་བ་ཡང་མེད་དེ། སྡིག་པ་ཆེ་འཕྲ་ཐེར་སླང་གི་རག་པ་བཞིན་དུ་བསགས་པས་ངན་སོང་གསུམ་དུ་འགྲོ་བ་ལས་མ་ཏོགས་པ་གཞན་མེད་པ་ལས་གསང་སྔགས་ཀྱི་གདུལ་བྱར་གྱུར་པས་ཟག་མེད་ཀྱི་ས་ལ་དགོད་པའི་བདེ་བའི་ཐབས་ཀྱི་ལམ་ཐེག་པ་འདི་ཉིད་ལས་མ་གཏོགས་གཞན་མེད་ཅེའོ། །རྩོད་པ་སྤོང་བ་ནི་གསུམ་སྟེ་ཐབས་ཀྱི་སྤྱོད་པས་མི་འཆིང་པ་ནི། ཐབས་ཀྱིས་སྤྱོད་པས་འཆིང་འགྱུར་ན་ཞེས་པ་ལ་སོགས་པ་སྟེ། འོག་མ་དག་གིས་འདིར་འགྲོ་བའི་ལུས་སེམས་དང་དབྲལ་ན་ཞེས་པས་མཆོག་དེ་དབྲལ་བས་ལྟུང་བར་འགྱུར་ཞེས་པ་ལ། འདིར་ཐབས་ནི་བཙན་དུག་སྲོག་གཅོད་པའི་བདག་ཉིད་ཡིན་ཡང་། སྔགས་དང་སྨན་གྱིས་བསྒྱུར་བས་བཅུད་ལེན་གྱི་མཆོག་ཏུ་འགྱུར་པ་བཞིན་འོག་མ་དག་གི་སྤང་བྱའི་ལས་བརླང་བའི་སྤྱོད་པ་སྦྱོར་སྒྲོལ་ལྟ་བུ་བཙན་དུག་དང་འདྲ་བ་ཉིད། སྔགས་སྨན་དང་འདྲ་བའི་ལྟ་བ་དང་ཏིང་ངེ་འཛིན་གྱི་སྡེང་དུ་གྱུར་ནས། བཅུད་ལེན་དང་འདྲ་བ་བདག་གཞན་གྱི་དོན་གཉིས་སུ་འགྱུར་ཏེ། འབྲས་བུ་རྫོགས་ན་འོག་མ་བཞིན་དེས་འཆི་བར་འགྱུར་ན། རྒྱུའི་བྱང་ཆུབ་སེམས་དཔའི་ཐེག་པས་གཞན་དོན་སྙིང་རྗེ་ཙམ་གྱིས་བསླང་ནས་གདུལ་བྱ་འདུལ་བའི་དབང་གིས་བཅོམ་ལྡན་འདས་ཀྱིས་རྔོན་པ་བྱ་བ་དཀར་པོར་སྤྲུལ་པ་དང་། སྨད་འཚོང་མ་ནང་པ་ལ་མི་དགའ་ཕྱི་རོལ་པ་ལ་དགའ་བ་འདུལ་བའི་ཆེད་དུ་སྟོན་པས་སྐྱེས་བུར་སྤྲུལ་ནས་འདུལ་བ་མདོ་སྡེ་ནས་བཤད་པ་ཀུན་ཡང་ལྟུང་བར་འགྱུར་ཏེ། དེ་དག་ཀྱང་མི་ལྟུང་སྟེ། བདག་གཞན་གྱི་དོན་རྫོགས་ན་འདིར་ལྟ་སྒོམ་གྱི་གདེང་གིས་ཟིན་པ་ནི་ཅི་སྨོས་ཞེས་བསྟན་པ་དང་། དམན་སྤྱོད་ཀྱི་དབང་དུ་མི་གཏང་བ་ནི་ཁེ་དང་ཆེས་པས། གོང་མའི་འཕྲིན་ལས་དེ་ཡང་བདག་གཞན་མཉམ་པ་ཉིད་དུ་རྟོགས་པས་ཁེ་གྲགས་ཀྱིས་མ་ཡིན་པ་དང་། སྤྱོད་པས་ཞེས་པས་དུག་གསུམ་གྱིས་ཀུན་ནས་བསླངས་པའི་རང་ག་མའི་སྤྱོད་པའི་འཕྲིན་ལས་དེ་ཆེད་དུ་བླངས་པ་མེད་པའི་ཕྱིར་ཐབས་མཁས་ཀྱི་ལྟ་བས་ཟིན་པ་ནི་ཐབས་ཆེན་ཞེས་ཏེ། རྟོགས་པ་དང་བདག་བསྒྲལ་ནས་ཐུགས་རྗེས་གཞན་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་གཞན་དོན་གྱི་ཐབས་ལ་དེ་བས་ཆེ་བ་མེད་པས་ཡོ་ག་མན་ཆོད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་ན་ཆེན་པོ་སྟེ། གསང་སྔགས་ཀྱི་ལམ་ལ་གནས་པ་ནི་རྟེན་གྱི་གང་ཟག་གི་བློ་ཚད་ཀྱི་མཐོ་དམན་གྱི་བྱེ་བྲག་སྟེ། འདུན་པ་སེམས་པའི་རྣལ་འབྱོར་པ་ཚོགས་ལམ་པ་རྣམས་ལ་སྐྱེ་བོ་ཞེས་བྱ་སྟེ། དབང་ཐོབ་ལ་མ་ཉམས་པ་ཀུན་གྱིས་ཏིང་ངེ་འཛིན་དང་། སྔགས་དང་འཁྲུལ་འཁོར་རྣམ་པ་གསུམ་ལ་བརྟེན་ཏེ་བྱ་བར་འབྱུང་། རིགས་ཆེན་འབྱེད་པ་དང་། དབུགས་ཆེན་འབྱིན་པའི་རྣལ་འབྱོར་མཐོང་ལམ་ལ་གནས་པའི་རྟེན་གྱི་སྐྱེ་བོ་ཀུན་གྱི་ཏིང་ངེ་འཛིན་དང་སྔགས་ཀྱིས་བྱ་བར་འབྱུང་། ལུང་ཆེན་ཐོབ་པའི་རྣལ་འབྱོར་བསྒོམ་ལམ་པས་ཏིང་ངེ་འཛིན་གྱི་འཕྲོ་འདུས་བྱ་བར་འབྱུང་ངོ་། །དོན་དེས་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྤྱོད་པ་འོག་མའིི་གཞལ་བྱ་མིན་པར་བསྟན་ནོ། །སྦྱོར་བའི་དམ་ཚིག་ལ་གཉིས་ཀྱི་དང་པོ་མདོར་བསྟན་པ་ནི་ག་ནའི་དམ་ཚིག་ཅེས་པ་ལ་སོགས་པ་སྟེ། དེ་ཡང་སྤྱིར་གོང་དུ་སྦྱོར་སྒྲོལ་དབྱེར་མེད་པར་བསྟན་ཀྱང་འདིར་སྐད་ཅིག་སྔ་ཕྱི་དབང་གིས་ཞིང་བཅུ་སྒྲོལ་བ་ལས་འབྲས་བུ་ཟག་མེད་ལ་སྦྱོར་བ་འབྱུང་བས་སྒྲོལ་བར་བརྩི། འདིར་ཐབས་དང་ཤེས་རབ་དབྱེར་མེད་པར་སྦྱོར་བ་ལས་ཐ་མལ་པའི་གཟུང་འཛིན་ལས་སྒྲོལ་བ་སྣང་བས་སྦྱོར་བ་བརྩིའོ། །ག་ནའི་ཞེས་ཏེ་ཐབས་དང་ཤེས་རབ་དབྱེར་མེད་པར་འཚོགས་པའམ། ཡང་ན་ར་ག་ན་ཟེར་ལ་ལར་ར་ག་ཅེས་པ་ཆགས་པ་ཞེས་བྱ་སྟེ། གསང་བའི་སྙིང་པོ་ལས། མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ནའང་ཆགས་པ་མེད། །དེ་ཉིད་ཚངས་མཆོག་རྒྱལ་པོ་ཡིན། །ཅེས་པས་ཡུལ་དང་ཡུལ་ཅན་ཆགས་བྱ་ཆགས་བྱེད་ལྟར་སྣང་ཡང་། སེམས་ཉིད་ཀྱི་དབྱིངས་སུ་གསལ་བས། གཉིས་པ་ངང་གི་མི་གནས་པ་ལ་ནི། ཡུལ་ཡུལ་ཅན་གཏན་ནས་བྲལ་བས་ཉི་མའི་སྙིང་པོ་ལྟར་ཏེ། མཐའ་གཉིས་པས་རྒྱལ་བས་རྒྱལ་པོ་ཞེས་བྱའོ། །དོན་དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་པས་འཆད་པ་བཞིན་ཡུལ་གཉིས་འཛོམ་པའི་དུས་སུ་ཉམས་བླང་བ་ལས་མི་འདའ་བས་དམ་ཚིག་སྟེ། ཡོ་ག་མན་ཆད་ཀྱིས་དབེན་པས་ཆེན་པོའོ། །རྒྱས་པ་ལ་བཞིའི་དང་པོ་རྟེན་གྱི་གང་ཟག་ནི་ཆོས་གཉིས་སྟེ། སྤང་བ་ནི། ལོག་པར་ཆགས་ཡིད་གཡོས་སྤང་བ་ཞེས་པ། ཕ་ལ་དགྲར་མཐོང་བ་ལ་ནི་ལོགས་པ་ཞེས་བྱ་སྟེ། ཐམས་ཅད་སེམས་ཉིད་ཀྱི་དབྱིངས་སུ་གཅིག་པ་ལ་ཡུལ་ཡུལ་ཅན་རང་རྒྱུད་པ་འཛིན་པས་ཆགས་བྱ་དང་ཆགས་བྱེད་དུ་སྣང་བའོ། །ཡིད་གཡོ་ཞེས་པ་བར་སྐབས་ཀྱི་ཚིག་སྟེ་མཉམ་པ་ཉིད་གདེང་དུ་གྱུར་ནས། ནམ་མཁའ་དངོས་པོར་མི་སྣང་བ་ལྟར། ཡིད་གཡོ་བ་བཙལ་གྱིས་མི་རྙེད་པ་ལ་སྤངས་པ་ཞེས་བྱ་ལ། དང་པོ་རྣལ་འབྱོར་ཏིང་ངེ་འཛིན་ལས་སུ་རུང་བས་ཀྱང་ཐ་མལ་བའི་ཤེས་པ་ཕྲ་བའང་མི་གནས་པར་བྱ་བ་ལ་གཡོས་སྦང་ཞེས་བྱ་སྟེ། སློབ་དཔོན་སངས་རྒྱས་གསང་བས། །ཆགས་པ་ཁམས་འགྲུབ་གཅིག་ཤོས་ཀྱིས། །རང་བྱུང་ཡེ་ཤེས་འགྲུབ་བྱེད་པའོ། །ཞེས་སོ། །ལྡན་པ་ནི་དོན་གཉིས་ཞེས་ཏེ་བསྒྲུབ་པའི་དུས་སུ་བདག་དོན་ལ། དབང་གྱི་དུས་སུ་གཞན་དོན་ནོ། །བདག་དོན་ལ་ཡང་མཆོག་དང་ཐུན་མོང་གཉིས་ཏེ། ཐེག་པ་འོག་མ་དག་གིས་བརྒྱུད་ནས་བསྒྲུབ་ལ། ཁྱད་པར་གྱི་ཐེག་པ་འདི་ཉིད་ཀྱིས་ཐབས་ཁྱད་པར་ཅན་འདི་ཉིད་ལ་བརྟེན་ནས་ཚེ་གཅིག་གིས་དབང་པོའི་མངོན་གསུམ་དུ་སྣང་བར་འདོད་པའི་རྟེན་གྱི་གང་ཟག་ལ་མི་ཞེས་བྱའོ། །ཡུལ་ལ་གཉིས་ཀྱིས་བསྟན་པའི་རིག་པ་ནི་པད་ཅན་དུང་ཅན་ཞེས་པ་ལ་སོགས་པ་སྟེ། དེ་ཡང་རིགས་དང་མཚན་ཉིད་རྣམ་པ་གཉིས་ལས་པད་ཅན་ཞེས་དེར་ཁ་དོག་ནི་དམར་པོ་མཚོན་པ་དང་། འཕྲིན་ལས་བཞི་ལ་ན་དབང་གི་ཡུམ་ཡིན་ཏེ། དེ་ཡང་ཆོས་གང་དང་ལྡན་ན། བཞིན་མདོག་དམར་མོ་སོགས་ཀ་ལ། །མིག་རིང་ཐགས་དམ་སོ་ཞོ་ཆག །སྐེད་འཕྲ་ལུས་ལ་དྲི་ཞིམ་འབྱུང་། །པད་མ་ཅན་གྱི་བུད་མེད་དོ། །ཅེས་སོ། །དུང་ཅན་ཞེས་པ་དབྱིབས་ནི་དཀར་པོ། འཕྲིན་ལས་ན་ཞི་བ་སྟེ། བོང་ཆུང་ལུས་མཛེས་ཟླ་བའི་མདོག །གཡས་འཁྱིལ་ལུས་ཀྱང་དེ་བཞིན་ཤེས། །སྐད་གསལ་སྔགས་ཟློས་ཡིད་མི་སྐྱོ། །འགྲོ་སྤངས་པ་དེ་ཞི་བར་སྦྱར་ཞེས་སོ། །རི་མོ་ཅན་ཞེས་པ་ཕྲིན་ལས་ན་དྲག་པོ། ལུས་ལ་ཁྲོ་གཉེར་མང་བ་ལྟ་བུ་སྟེ། །བཞིན་མདོག་ནག་པོ་གྲུ་གསུམ་ལ། །ཁྲོ་གཉེར་ཅན་ལ་གེར་བག་ཆགས། །རྩིད་མགོའི་རི་མོ་ཅན་དུ་བཤད་ཞེས་སོ། །བན་གླང་ཅན་ཞེས་པ་ཁ་དོག་ན་སེར་བ་འཕྲིན་ལས་ན་རྒྱས་པ་སྟེ། །བན་གླང་སེར་པོ་གྲུ་བཞི་ལ། །སྐྲ་ཁམས་སྨིན་ཚོགས་ཆེ་མིག་འབུར། །འགྲམ་སྤང་རྣ་བ་རིང་ཤ་རྒྱས། །སྐྲ་འཚམས་དམའ་བ་བན་གླང་ཅན་ཞེས་སོ། །དེ་ཚེ་རིགས་བསྟན་ནས་མཚན་ཉིད་བཞི་ནི་འདི་དག་མངོན་རྟོགས་ཀྱི་ལེའུ་གཉིས་པ་ན་གསལ་ལོ། །ལྕུག་ཕྲན་ཅན་ཞེས་པ་ཞི་བས་ཡུམ་སྟེ། ཟླའམ་ཞེས་པས་རིགས་རྒྱུད་འཕན་པའོ། །སྟོང་གཅིག་ཅེས་པས་མེས་ཚིག་འདྲ་ཞེས་ཞེས་སྟེ། ཡན་ལག་མེད་པ་ན་དབང་གི་ལས་ལ་ཤེས་སོ། །མེ་རིག་ཅེས་པ་ཟླ་བྲལ་མྱ་ངན་གྱིས་གདུངས་པ་ནི་དྲག་པོའི་ཡུམ་མོ། །ཕྱལ་བ་ནི་རང་བཞིན་གྱིས་མི་སྡོམ་པ་སྟེ་རྒྱས་པའི་ཡུམ་མོ། །བརྒྱད་ཅེས་པ་རིགས་བཞི་མཚན་ཉིད་བཞི་དང་བརྒྱད་དོ། །མཚན་བསྟན་པ་ནི། མཉེན་དྲང་ཞེས་པ་ལ་སོགས་པ་སྟེ། ལུས་ཀྱི་མཚན་ཉིད་རྐེད་པ་དང་ཡན་ལག་རྣམས་དང་མཉེན་པས་ཅིར་ཡང་བསྒྱུར་དུ་བཏུབ་པ་དང་དྲང་ཞེས་པ་མདུན་ནས་བལྟས་ན་དགྱེ་བ། རྒྱབ་ནས་བལྟས་ན་དགུར་བའོ། །རྐེད་རིང་ཞེས་པ་གཞུའི་འཆང་གཟུང་ལྟ་བུ་སྟེ་དཔྱི་དང་རྩིས་བུ་ཐུང་གི་བར་ན་སོར་བཞི་ཡོད་པའོ། །འདི་ལ་སྐེ་རིང་ཞེས་པས་མགྲིན་པ་བྱ་ངང་པ་ལྟར་རིང་ལ་སྒུ་བ། སྐད་ངང་པའི་སྐད་ལྟ་བུ་ཞེས་ཀྱང་འཆད་དོ། །སྟོད་སྨད་ཕྱེད་ནི་མཚན་ཉིད་སོ་སོར་རྫོགས་ནས་འཆི་གུའམ་གྲོད་པ་ལྟ་བུ་མ་ཡིན་པའོ། །འདི་ལ་ཡང་གོང་མ་དག་གིས་པད་མའི་མཚན་ཉིད་རྫོགས་པའོ་གསུང་། ཡན་ལག་འཕྲ་འཇམ་ཞེས་པ་ཡན་ལག་དང་ཉིང་ལག་རྣམས་རྩ་འཇག་བཞིན་སོང་བ་ལ་ནི་མི་བྱ་སྟེ་སོ་སོར་བཤན་ལ་འབྱེད་པའོ། །འཇམ་པ་ནི་མཐོང་བྱ་དང་རེག་བྱ་གཉིས་ཀྱི་ངོས་ནས་སོ། །གང་དུ་ཡན་ལག་གི་ཆོས་བཤད་པ་ཉིད་ཀྱིས་སོར་མོ་རྣམས་ཀྱི་ཚིག་པ་མི་མངོན་པ་ལ་ནི་མིག་ཟླུམ་ཞེས་བྱའོ། །འཕྲལ་བ་ནི་གླད་པ་བདེ་ཆེན་གྱི་འཁོར་ལོ་སྟེ་དབྱེས་ཆེ་བ་ཟླ་བ་གམ་པ་ལྟ་བུའོ། །དམིག་དཀྱུས་རིང་ཞེས་པ་དམིགས་འཕྲལ་རིང་བ་སྟེ། ཤེས་རབ་ཆེ་བའི་རྟགས་སོ། །དཔེ་ལ་ལས་མིག་དཀྱུས་རིང་ཞེས་པས་སྨིན་མ་འདྲེས་པ་ལ་བཞེད་དོ། །དམིག་དཔྲལ་དཀྱིལ་ན་ཞེས་པ་མིག་གཉིས་ཀྱི་སྟེ། དཔྲལ་བའི་དཀྱིལ་ན་སྨྱིན་མ་འདྲེས་པ་ཉིད་ཁ་དོག་ནག་པས་ཨུཏྤལ་མདོག་ཅེས་བྱའོ། །ལ་ཤན་ལས་དམིག་འཕྲ་དཀྱིལ་ནག་ཨུད་པལ་མདོག་ཅེས་པ། མིག་འཕྲ་བ་ནི་རིང་ལ་འཛུམ་པ་སྟེ་དཀྱིལ་ནག་པ་ནི་ན་ཡུད་མཆོག་གི་མིག་ཅེས་པ་དང་མཚུངས་ལ། ཁ་དོག་དེ་ཉིད་ཨུད་པལ་གྱི་མདོག་ལྟ་བུའོ། །ཆུ་ཞེང་གཉིས་ཀ་འབྲིང་དུ་བཤད་ཅེས་པ་བོང་མཐོན་དམན་དང་འཕྲ་སྦོམ་སྟེ། དེ་གཉིས་ཀ་འབྲིང་བ་ནི་གནས་སྐབས་དེ་ཉིད་ན་ཀུན་གྱི་ཡིད་ལ་རན་པ་སྟེ། ཧ་ཅང་རིང་མིན་ཐུང་བའང་མིན། །དེ་བཞིན་སྦོམ་མིན་འཕྲ་བའང་མིན། །ཞེས་སྟོན་པས་གསང་བའི་རྒྱུད་རྣམས་སུ་བཤད་པའོ། །ལུས་ལ་ཆུ་ཀླུང་ག་བུར་དྲི། །ཞེས་པ་ཆུ་ལ་ངོ་བོ་ཉིད་ཀྱིས་དྲི་མ་མེད་པ་དང་འདྲ་བར་ལུས་ལ་དྲི་མ་མི་ཆགས་པ་ཆུ་ཀླུང་ལྟ་བུ་དང་། ག་བུར་གྱི་དྲི་ཞིམ་པོ་བྲོ་བའོ། །ཡང་ལུས་ལ་ཆུ་རླུང་ག་བུར་དྲི་ཞེས་པས་ཆུ་ནི་རྡུལ་ཡིན་ལ། རླུང་ནི་ཁའི་དབུགས་ཏེ་དེ་གཉིས་དྲི་ཞིམ་པོ་ག་བུར་ལྟ་བུ་བྲོ་བའོ། །གསང་ཐུབ་པའི་གསང་བྱའི་དངོས་པོ་རྣམས་ཆུ་འཛག་སུ་མི་འགྲོ་བ་དང་། ཤེས་རབ་ཆེ་བས་མཉམ་པ་ཉིད་ཀྱི་དོན་རྟོགས་ཏེ། དོན་དེས་རྟོག་འཛིན་གྱི་ཤེས་ཆུང་བ་དང་། སྤྱོད་པ་དལ་ཏེ་བརྡབས་བག་ཏུ་མ་ཡིན་པས་ཡིད་དུ་འོང་བའོ། །དད་པ་དང་ལྡན་ཏེ་ལས་དང་ལྷ་དང་བླ་མ་ལ་ཡིད་ཆེས་ཞིང་མི་ཕྱེད་པའི་དད་པ་དང་ལྡན་པ་དང་། དམ་ཚིག་ཅན་བླ་མ་དང་གྲོགས་པོ་དང་འགྲོགས་ཤིང་བཤད་པའི་ཤེས་རབ་ཀྱི་དབང་གིས་གསང་སྔགས་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་གསང་བའི་གནས་སུ་བཤད་པར་བྱ་ཞེས་པ་ཕྱིའི་གསང་བའི་གནས་ནི་ཐུགས་ཀྱི་དམ་ཚིག་ཏུ་བཤད་པ་བཞིན་རྣལ་འབྱོར་པས་གནས་ཡིན་པས་སོ། །དེ་ཡོ་ག་མན་ཆད་ཀྱི་ཡུལ་མ་ཡིན་པས་གསང་བའི་ཐེག་པ་མཆོག་གི་གནས་སུ་གྱུར་པས་དབང་དང་བསྒྲུབ་པའི་དུས་སུ་སྤྱད་པར་བྱ་ཞེས་སོ། །དེ་བྱིན་གྱིས་བརླབས་པའི་ཐབས་ནི་དབང་བསྐུར་དམ་ཕོག་ཅེས་པ་ལ་སོགས་པ་སྟེ། དང་པོ་མ་སྨིན་པ་སྨིན་པར་བྱ་ཞིང་སྣོད་རུང་བའི་ཕྱིར་དབང་རྣམས་རིམ་པ་བཞིན་དུ་བསྐུར། དམ་འབོག་སྟེ་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་དབོག །ལུས་ངག་ཡིད་གསུམ་གྱི་ཆོས་བཤད་དེ་ལུས་སྦྱོར་ཐབ་ཀ་ར་ནའི་བསྟན་ཆོས་ཤེས་པར་བྱ། ངག་ཐ་མལ་པ་ལས་འདས་པའི་ཕྱིར་མཚོན་པ་ཐམས་ཅད་བསྡབ། སེམས་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་སྣང་བར་བྱ་བའི་ཕྱིར་ལྷའི་སྐུ་འཇའ་ཚོན་ལྟ་བུ་དང་། སྐྱེས་པའི་ཡེ་ཤེས་ཉིད་གཡོ་བ་དང་ཐོབ་པ་དང་། གོམས་པ་དང་། བརྟན་པ་དང་། མཐར་ཕྱིན་པ་རྣམས་ཤེས་པར་བྱའོ། །ཡང་ན་ཆོས་གསུམ་སྟེ། ཕྱི་འདོད་པའི་བསྟན་ཆོས། ནང་ལྷ་ཡི་ཏིང་ངེ་འཛིན། གསང་བ་བདེ་སྟོང་གི་ཡེ་ཤེས་གསུམ་བརྡའ་ཕྲད་པར་བཤད་དོ། །ལུས་ལ་རིགས་ལྔའི་རྡུལ་མཚོན་དབྱེ་ཞེས་པ་ཐ་མལ་པའི་ལུས་ཉིད་རྒྱལ་བའི་ཡུམ་དུ་བྱིན་གྱིས་བརླབས་པ་ལས་རིགས་ལྔ་དང་ཞེས་པས་ཡུལ་ལྔ་དང་ཁྲོ་མོ་བཞི་བཀོད་པ་ནི་བདུད་རྩི་ཆེན་པོ་རྒྱུད་ལྟར་ཤེས་པར་བྱས་ལ་ཉམས་སུ་བླང་བ་ནི་དཔེར་ན་ས་སྟེགས་ལ་མཚོན་གྱིས་བསྒྱུར་ན་དཀྱིལ་འཁོར་སྣང་བ་བཞིན། ཕུང་པོ་ཉིད་ལྷར་སྣང་བས་ན་རྡུལ་མཚོན་དབྱེ་ཞེས་བྱའོ། །ཐབས་ལ་མཁས་པས་ཞེས་པ་ཀུན་གྱི་སྤང་བྱའི་བཙན་དུ ག་ཟོས་པས་སྤུ་སྡུག་ལ་བཀྲག་གསལ་བ་རྨ་བྱ་ལྟ་བུ་སྟེ། དཔེ་དེ་བཞིན་ཐེག་པ་འོག་མ་པ་ཀུན་གྱི་སྤང་བྱ་ཉམས་སུ་བླངས་པས་འབྲས་བུའི་ངོ་བོར་གྲུབ་པ་ནི་ཐབས་ཏེ། གཞི་དེ་ཉིད་ཉམས་སུ་ལེན་པ་ལ་མཁས་པ་ཞེས་བྱའོ། །སྐབས་ཀྱིས་ཞེས་པ་གཞན་དོན་དབང་དང་། བདག་དོན་བསྒྲུབ་པའི་དང་། གསང་མཆོག་ཀྱི་སྐབས་ཀྱི་ཉམས་སུ་བླང་བ་ལ་སྦྱར་ཞེས་བྱའོ། །རྣམ་གྲངས་ཕན་ཡོན་དང་བཅས་པ་ནི། དམ་ཚིག་རྣམ་གྲངས་ཞེས་པ་ལ་སོགས་པ་སྟེ། སྐབས་སུ་བབ་ན་ཉམས་སུ་བླངས་བ་ལས་མི་འདའ་བའི་དམ་ཚིག །དབྱེ་བའི་རྣམ་པའི་གྲངས་བཅུ་གཉིས་ནི་སང་ཀྲི་ཏིའི་སྐད་དེ་ཉི་ཤུ་སྟེ། གོང་གི་རིགས་དང་མཚན་ཉིད་སྡོམས་པའི་ཆོས་སོ། །ཡང་ན་ཚིག་བཅུ་གཉིས་དང་པོ་སྟེ། གོང་དུ་རིགས་མའི་མཚན་ཉིད་བརྒྱད། མཉེན་སྲང་ལ་སོགས་པ་རྣམས་སྤྱི་ཡི་ཆོས་སུ་བཞག་ནས། དབང་བསྐུར་དམ་འབོག་ཆོས་གསུམ་བཤད་པའི་གསུམ། ཡུལ་ལ་ལྷ་བཀོད་པ་དང་བཅུ་གཉིས་སམ། ཡང་ན་ཉི་ཤུ་རང་དུ་བྱེད་ན་ཡང་མཉེན་དྲང་ནས་རྡུལ་མཚོན་དབྱེ་བའི་བར་ལ་ཚང་སྟེ། དེ་ལྟར་དབྱེ་ལུགས་གསུམ་སློབ་དཔོན་ཀུན་གྱི་ཐུགས་དགོངས་ལ་སོ་སོ་ནའང་། དམ་པ་བདེ་བར་གཤེགས་པས་གོང་མ་ཉིད་བཞེད་དོ། །དེ་ལྟར་ཉི་ཤུ་དང་ལྡན་པའི་ལས་དེ་ཉིད་ཀྱིས། དངོས་གྲུབ་ཡོན་ཏན་བསམ་མི་ཁྱབ་ཅེས་པ་སྤྲོ་ན་དངོས་པོ་མེད་པའི་ངོ་བོ་ཉིད་མངོན་གསུམ་དུ་གྲུབ་པ་མཆོག་དང་། དངོས་པོ་མེད་ཀྱང་ལྷར་སྣང་བ་ཐུན་མོང་དང་གྲུབ་ན་བཞི་ཡན་ཆད་གོང་མ་ཉིད་ཉམས་སུ་བླངས་བའི་ཡོན་ཏན་རང་སྣང་བས་རགས་ཕྲ་བསམ་གྱིས་མི་ཁྱབ་པ་ཉིད་མདོར་བསྡུ་ན། སློབ་བུ་སྨིན་ཅིང་ཞེས་པ་དབང་གི་དུས་སུ་སློབ་མའི་རྒྱུད་སྨིན་ཅིང་རྟུལ་ཞུགས་གསུམ་པོ་ལ་སོགས་པ་ཟག་མེད་ཀྱི་ལམ་ཉམས་སུ་བླང་བར་ནུས་པ་དང་། ཞི་རྒྱས་ལ་སོགས་པའི་ལས་རྣམས་མྱུར་དུ་འགྲུབ་པ་དང་། བསྒྲུབ་པ་ཉིད་ཁམས་གསུམ་ལས་འདས་པས་འཁོར་བའི་ཆོས་ཀྱིས་མ་གོས་ཏེ། སྐྱེ་གནས་ལས་གྲོལ་བ་དང་། དོན་དེ་ཉིད་ཀྱིས་དབུགས་ཆེན་ཕྱིན་ཏེ། བསྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་དུ་ལུང་བསྟན་ནས་རྩལ་ཆེན་རྫོགས་པ་མཐར་ལམ་གྱི་འབྲས་བུ་ལ་སྦྱོར་བ་ནི་ཕྱིར་མི་ལྡོག་ཅེས་པས་རིགས་སུ་ངེས་ཞེས་བྱའོ། །དེ་ལྟ་བུའི་ལམ་དེ་ཐབས་ཆེན་པོ་གསང་སྔགས་ནང་པའི་ཐེག་པ་འདི་ཉིད་དུ་བཤད་པ་ལས་གཞན་པ་རྣམ་པར་བཅད་དོ། །ཡང་སྐྱེ་གནས་ལས་གྲོལ་ཞེས་པ་རིགས་མའི་མཚན་ཉིད་དེ་གོང་དུ་བསྟན་པའི་མཚན་ཉིད་རྣམས་དང་ལྡན་པ་ནི་སྦྱངས་ལས་བྱུང་བས་ངན་སོང་གི་སྐྱེ་གནས་ལས་གྲོལ་ཞིང་གསང་སྔགས་ཀྱི་རིགས་སུ་ངེས་པ་སྟེ། དེ་ཉིད་ཐེག་པ་འདི་ཉིད་ཡིན་པ་ནི་བཤད་པ་མཐུན་ནོ། །སྤྱད་པའི་གསུམ་པ་རྫུན་དུ་སྨྲ་བ་ལ་བཞི་ཡི་དང་པོ་ལྟ་བའི་རྫུན་གསུམ་ནི། མཚན་ཉིད་འཆད་དང་ཞེས་པ་ལ་སོགས་པ་སྟེ། མཚན་ཉིད་རྒྱ་ཆད་པའི་ཀུན་བཏགས་ཞེས་བཤད་སྟེ། འདི་ལྟར་སྣང་བ་ཀུན་རྫོབ་ཀྱི་དངོས་པོ་བརྟགས་པ་དབེན། མཐུན་པར་སྣང་། རྒྱུ་རྐྱེན་གྱིས་བསྐྱེད། དོན་བྱེད་ནུས་པ་གཞིའི་མཚན་ཉིད་ཅན་འདི་དཔེར་ན་རི་བོང་གི་རྭ་དང་འདྲ་སྟེ་དེ་ཉིད་ཚིག་ཏུ་གྲུབ་ལ་དོན་ལ་མ་གྲུབ་བཞིན་དུ། ཡུལ་ཅན་སོ་སོ་སྐྱེ་བོའི་ངོ་ལ་འཕྲུལ་པའི་བློས་བརྟགས། སྨིག་སྒྱུ་བཞིན་སྣང་ཡང་ཚིག་ཙམ་སྟེ་ངོ་བོ་ལ་མ་གྲུབ་པའོ། །དེས་ན་ཕྱི་ནང་གི་ཆོས་ཐམས་ཅད་སོ་སོ་སྐྱེ་བོ་ལ་འཁྲུལ་སྣང་གི་མཚན་ཉིད་དུ་རྒྱ་ཆད་ལ། རྣལ་འབྱོར་པའི་བློ་ལ་སེམས་ཉིད་རང་གསལ་ལས་མ་གཏོགས་པ། དངོས་པོའི་ཆོས་རྡུལ་ཕྲ་རབ་ཙམ་ལ་ཡང་མ་དམིགས་པས་རྒྱ་ཆད་ཅེས་བྱའོ། །དོན་དེ་ཉིད་རྣལ་འབྱོར་པ་ལ་དེ་ལྟར་མཚན་ཉིད་ཆད་ཀྱང་སོ་སོ་སྐྱེ་བོ་ལ་འཕྲུལ་སྣང་གི་མཚན་ཉིད་མི་འགོག་པས་རྒྱ་མ་ཆད། སོ་སོ་སྐྱེ་བོ་ལ་ཀུན་བརྟགས་ཀྱི་མཚན་ཉིད་སྣང་བདོ་ན་ཡང་། རྣལ་འབྱོར་པ་ལ་སེམས་ཉིད་རང་གསལ་གྱི་ངང་ལས་མ་གཡོས་པས་རྒྱ་མ་ཆད་ཅེས་བྱའོ། །དོན་དེ་ཉིད་འཁོར་འདས་གཉིས་གཞི་གཅིག་དུ་བསྟན་ལ། མི་མཐུན་པའི་ནང་རིས་གཅིག་ལ་གཅིག་རྫུན་པའོ། །རྣམ་གྲངས་ཀྱི་ཀུན་བརྟགས་ནི་དངོས་པོ་གཅིག་ལ་འགྲོ་དྲུག་གི་མཐོང་སྣང་ལྷུན་གྲུབ་ཏུ་བསྟན་ཏེ་ཆུ་ལྟ་བུ་གཅིག་ལ་ཡང་དམྱལ་བས་བཙོ་བསྲེག་གི་ཆུར་མཐོང་བ་དང་། ཡི་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང་བ་དང་། བྱོལ་སོང་གིས་སྐོམ་པ་སེལ་བ་ཙམ་དུ་མཐོང་བ་དང་། མིས་ལོངས་སྤྱོད་ཀྱི་གཞིར་མཐོང་བ་དང་། ལྷས་བདུད་རྩི་མཐོང་བ་དང་། ལྷ་མིན་གྱིས་རྩོད་པའི་གཞི་ལྟ་བུར་མཐོང་བའོ། །དེ་རྣམས་སྐད་ཅིག་མ་ལ་འཛོམ་ཡང་འགྲོ་དྲུག་སོ་སོ་རང་སྣང་གཅིག་ཉིད་བདེན་ལ་ལྔ་པོ་རྫུན་ཏེ། བདེན་རྫུན་བསྣོལ་མར་ཤར་བའི་དོན་གྱིས་གང་ཡང་བདེན་པར་མ་གྲུབ་སྟེ་ཀུན་རྫུན་པའོ། །དོན་དེ་ཉིད་ཐེག་པ་དགུའི་གཞལ་བྱའི་སྣང་བ་དགུ་ཡང་རང་ངོ་ཐམས་ཅད་བདེན་ཞིང་གཞན་ཐམས་ཅད་རྫུན་པས་མང་ཡང་ཕྱོགས་གཅིག་པར་མ་གྲུབ་པའོ། །དེས་ན་མུ་སྟེགས་རྟག་ཆད་ཀྱི་ལྟ་བའང་དེ་དང་མཚུངས་པས། རྣམ་གྲངས་མཐོང་སྣང་བཅུ་བདུན་ཡང་སོ་སོ་རང་རང་གི་ཀུན་བརྟགས་ཡིན་པས་སོ། །བལྟོས་པའི་ཀུན་བརྟགས་ནི་འཁོར་བ་ལས་ལྡོག་པའི་མྱ་ངན་ལས་འདས་པ་ཞེས་ཀུན་དུ་བརྟགས་པ་དང་དོན་དེས་རིང་ཐུང་དང་ཆེ་ཆུང་དང་། བཟང་ངན་ལ་སོགས་པ་རྣམས་གཅིག་ལ་བརྟེན་ཏེ་གཅིག་བྱུང་བས་ཀུན་དུ་བཏགས་པའི་སྣང་བ་སྟེ། བལྟོས་པའི་གཞི་མ་གྲུབ་ན་སྣང་ཡང་མི་གྲུབ་པའི་རྫུན་ཞེས་བྱའོ། །རྣམ་པ་གསུམ་ཞེས་བཤད་པའི་ཀུན་བརྟགས་རྣམ་པ་གསུམ་སྟེ། སྣང་གྲགས་ཀྱི་ཆོས་ཐམས་ཅད་ངོ་བོ་ཉིད་ཐ་སྙད་དེ་དག་ཏུ་འདུས་པས་སོ། །དངོས་པོ་དེ་ཉིད་ལ་རྫུན་ཞེས་པ་མཚན་ཉིད་རྒྱ་ཆད་པའི་ཀུན་བརྟགས་སོ་སོ་སྐྱེ་བོའི་ཡུལ་ལ་དངོས་པོ་དེ་ཉིད་དུ་སྣང་ཙམ་ན་དེས་ངེས་པར་བརྟགས་མི་ཚུགས་ཏེ། མི་རྟག་ཅིང་མི་བརྟན་ལ་འགྱུར་བའི་ཆོས་ཅན་བས་རྫུན་ཞེས་པ་དང་། རྣམ་གྲངས་ཀྱི་ཀུན་བརྟགས་མཐུན་པར་བདེན་པ་མེད་པས་རྫུན་ཁ་སྤྲོད་ཉིད་རང་རང་གི་དངོས་པོ་ལ་སྣང་ཙམ་དེ་ཉིད་ན་གཞན་ངོ་ལ་མི་བདེན་པས་རྫུན་ཞེས་བྱའོ། །བལྟོས་པའང་རིང་ཐུང་ལ་སོགས་པའི་དངོས་པོ་དེ་ཉིད་སྣང་ཙམ་ན་རིང་བ་མ་གྲུབ་པས་ཐུང་བའམ་མི་འགྲུབ་པ་བཞིན་དུ། བལྟོས་པ་ཐམས་ཅད་ལ་དེ་དང་མཚུང་པས་རྫུན་ཞེས་བྱའོ། །འོ་ན་རྣམ་པ་ཐམས་ཅད་དུ་བདེན་མེད་དམ་ཞེ་ན་མ་ཡིན་ཏེ། ཐམས་ཅད་རང་རིག་སྣང་ཕྱིར་བདེན་ཞེས་པ། ཀུན་བརྟགས་རྣམ་པ་གསུམ་ལ་སོགས་པ་ཐམས་ཅད་མ་འགགས་ཀྱང་། སེམས་རང་རིག་པ་ཉིད་དུ་དབྱེར་མེད་ཅིང་རང་རིག་པ་ཉིད་ཆོས་ཐམས་ཅད་དུ་མ་འགགས་པར་སྣང་བའི་ཕྱིར་དུས་གསུམ་དུ་མི་འགྱུར་བས་བདེན་པ་ཆེན་པོའོ། །དེས་ན་ཆོས་ཐམས་ཅད་བྱང་ཆུབ་སེམས་བདེན་པ་གསུམ་དབྱེར་མེད་པའི་ངང་དུ་ཤེས་ནས་ཀུན་སྨྲ་སྟེ། ཡོད་མེད་ལ་སོགས་པའི་ཐ་སྙད་ཀྱི་བྱེ་བྲག་ཚིག་ཏུ་ཅི་ལྟར་སྨྲས་ཀྱང་འཛིན་པ་བྲལ་བས་ཉེས་པས་མི་གོས་པ་དང་། ཞེ་ལ་འཛིན་པ་མི་མངའ་བས་བསགས་པ་དང་སྦྱངས་པ་གཉིས་སྣང་བའི་འབྲས་བུ་ཐེག་པ་མཆོག་གི་རྟེན་གྱི་གང་ཟག་གི་སྐྱེས་བུའི་ཡུལ་དུ་བསྟན་ཏོ། །གནོད་པའི་རྫུན་བཞི་ནས་དཀོན་མཆོག་གསུམ་དང་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་དཀོན་མཆོག་ལ་གནོད་པ་སྟེ། གཟུགས་བརྙན་གྱི་བྱེ་བྲག་རྣམས་བཤིག་པ་དང་། ཆོས་དཀོན་མཆོག་བརྟན་པའི་གླེགས་བམ་ལ་གནོད་པ་དང་། དགེ་འདུན་དཀོན་མཆོག་སྟེ་གཉིས་གནོད་པར་འོངས་པ་དང་། རྡོ་རྗེ་སློབ་དཔོན་དང་གྲོགས་མཆེད་ལ་གནོད་པ་བྱེད་དུ་འོངས་པ་དང་། སྤྱིར་སེམས་ཅན་ཆེ་འཕྲ་གང་དང་གང་ལ་གནོད་པ་བྱེད་དུ་འོངས་པའི་སྡིག་ཅན་གང་དང་གང་ཡིན་པ་དེ་ལ་གནོད་པས་མི་ཐེངས་པའི་ཐབས་ཀྱི་རྫུན་གང་དང་གང་ཡིན་པ་བྱ་སྟེ། དཔེར་ན་དམགས་མང་པོ་ཡོད་བྱ་བའམ། མི་འདུག་བྱ་བའམ། ཕྱིར་བཟློག་པའི་ཐབས་ཀྱི་སྦྱོར་བ་བྱེད་བྱ་བ་ལ་སོགས་པ་སྨྲ་བ་ནི་གོང་མ་གསུམ་པོ་ལའོ། །སེམས་ཅན་ཡོང་ལ་གནོད་པ་ནི་མི་དང་རི་དྭགས་ལ་སོགས་པ་ཐམས་ཅད་དེ་མི་འདུག་བྱ་བ་དང་། གནས་པའི་ལུང་པ་ལས་གཞན་བསྟན་པ་དང་། ཕུ་མདའ་གཉིས་ཀྱང་སོ་སོ་ལོག་པར་སྨྲ་བ་སྟེ། ཐེག་པ་འདི་ཡི་སྐབས་སུ་དེ་ལྟ་བུ་ནི་དམ་ཚིག་ཡིན་པས་བྱ་ཞེའོ། །གསང་བའི་རྫུན་བཅུ་ནི། གང་ལ་གསང་བར་བྱ་བ་ཞེས་པ་སྟེ། ཡུལ་གང་ལ་ནི། དམ་ཉམས་དམ་མེད་ལ་སོགས་པ་ཐུགས་ཀྱིས་དམ་ཚིག་གི་སྐབས་སུ་བཤད་པ་དེ་དག་གོ། །དངོས་གང་ན་གསང་བར་བྱ་བ་ཐུགས་ཀྱི་དམ་ཚིག་གི་རྣམ་གྲངས་རྣམས་ཏེ། ཉེ་བར་བསྡུ་བ་གསང་བ་བཅུའོ། །གཞི་དེ་ཉིད་ལ་ཡུལ་རྣམས་ཀྱིས་དྲི་ན་གསང་བྱའི་ངོས་ནས་བཅུ་ཡོད་པ་ལས་དེ་དག་མི་འདྲ་བའི་རྫུན་བཅུ་སྨྲ་བའོ། །དེ་ཡང་ལྟ་སྤྱོད་སྒོམ་གསུམ་དང་། གསང་མཚན་དང་། གཟུགས་དང་། གྲུབ་རྟགས་བཞི་ལ་གང་དང་གང་དྲི་ན་ཡང་། དངོས་པོ་མིན་པའི་གང་དང་གང་སྨྲ་བ་སྟེ། བསྲུང་བ་བཅུ་ག་ལ་དེ་བཞིན་དུ་སྦྱར་རོ། །བསྲུང་བ་བཅུ་བདུན་ཉམས་སུ་བླང་ཞེས་པ་ཞབས་བསྡུ་བ་སྟེ། འཆད་པའི་བསྲུང་ཐབས་གཉིས་པོའི་སྒོ་ནས་བསྲུང་བའི་རྣམ་གྲངས་བཅུ་བདུན་ཏེ། ལྟ་བའི་རྫུན་གསུམ། གནོད་པའི་རྫུན་བཞི། གསང་བའི་རྫུན་བཅུའོ། །དོན་དེ་ཉིད་ལམ་པའི་ཉམས་སུ་བླང་བྱའི་དངོས་པོའོ། །དེ་ཡང་དམ་ཚིག་བཀོད་པ་ལས། གསང་བའི་དོན་དྲང་པོ་སྨྲ་བ་མ་ཡིན་ཅིང་ཕན་པའི་ཆོས་སུ་འགྱུར་བའི་རྫུན་སྨྲ་བ་ནི་དམ་ཚིག་སྟེ། གསང་སྐབས་མེད་པར་རང་རྒྱལ་བྱ་བ་དང་། གཞན་ལ་གནོད་པར་སྨྲ་བ་ནི་ཉམས་པ་ཞེས་པའོ། །མ་བྱིན་པར་ལེན་པ་ལ་གཉིས་ཀྱི་རྒྱས་པ་ནི། ཞིང་བཅུ་གྱུར་པའི་ནོར་བཅུ་དང་ཞེས་པ་ལ་སོགས་པ་སྟེ། ཐུགས་རྗེས་བསྒྲལ་བའི་ཞིང་དུ་གྱུར་པའི་བཤད་པའི་བཅུ་པོ་ནི་ཐབས་ཅིའི་སྒོ་ནས་ཀྱང་འདུལ་ཏེ། གྲངས་བཅུ་པོ་དེ་ཉིད་ཀྱི་ལོངས་སྤྱོད་ཀྱི་ཡོ་བྱད་རྣམས་ཀྱང་ཕྲོགས་ལ་འཆད་པ་བཞིན་ཚོགས་སུ་འབུལ་བའོ། །འོ་ན་རྒྱུ་ལ་སྒྲོལ་བ་བདུན་ལ་ལྷ་བཏུབ་ན་འབྲས་བུ་ངན་སོང་གསུམ་ལ་ཅི་ལྟར་བྱ་ཞེ་ན། དེ་ནི་གོང་དུ་བསྟན་པ་ལྟར་ཏིང་ངེ་འཛིན་གྱི་འཕྲོ་འདུས་སྦྱངས་ནས་སྡུག་བསྔལ་ཐམས་ཅད་བསྲེག་པ་ནི་ནོར་འཕྲོག་པ་ཡིན་ནོ། །དེ་ཉིད་མི་གནས་པར་བྱས་པ་ནི། ཚོགས་སུ་ཕུལ་བ་འབྲས་བུ་དང་བཅས་པའོ། །མཚན་ལྡན་གཟུངས་ཞེས་པ་བཤད་པའི་རིགས་དང་མཚན་ཉིད་དང་ལྡན་པ་བཅུ་གཉིས་དང་བཅུ་དྲུག་ལ་སོགས་པ་ལོའི་ཆོས་རྫོགས་པ་གཉེན་དྲང་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཐབས་དང་ཤེས་རབ་ཡ་མ་བྲལ་བའི་རྟགས་སུ་གཟུངས་སུ་གྱུར་པ་སྟེ། དེ་ལྟ་བུ་ལ་བརྟེན་ནས་ཐབས་ཀྱི་ལམ་གྱིས་མཆོག་ཐུན་གྱི་འབྲས་བུ་སྣང་བས་བརྐུས་དང་ཕྲོགས་ཀྱང་དམ་ཚིག་གི་ངོ་བོ། བཀྲ་ཤིས་རྫས་ཞེས་པ་དེ་ལ་བརྟེན་ནས་དངོས་གྲུབ་སྣང་བ་སྟེ། བྃ་སྐྱེ་བ་བདུན་པ་ལྟ་བུའོ། །སྦས་ཆོས་ཐལ་འཆང་ནི། སྦ་བར་བྱ་བའི་ཆོས་ཀྱི་ངོ་བོ་དམ་རྫས་བྷན་དྷ་མཚན་ལྡན་དང་། ཐུགས་ཀྱི་སྐབས་སུ་བཤད་པའི་གསང་བར་འོས་པའི་རྣམ་གྲངས་རྣམས་སོ་སོ་སྐྱེ་བོ་ཐ་མལ་བས་འཆང་བ་རྣམས་སོ། །བྱིན་ཅན་རྫས་ནི་གོང་མ་རྣམས་ཀྱི་བྱིན་རླབས་དང་ལྡན་པ་བྷན་དྷ་མཚན་ལྡན་དང་རྔེའུ་ཆུང་དང་རྡོ་རྗེ་དྲིལ་བུ་ལ་སོགས་པ་སྟེ། དེ་ཉིད་བསྟེན་པ་ཙམ་གྱིས་བྱིན་རླབས་འབྱུང་བའི་དམ་རྫས་སློབ་དཔོན་པདྨའི་དུང་གྲགས་ཆེན་གྲགས་ཆུང་ལྟ་བུའོ། །བསྲུང་བ་ཡོད་དམ་ཞེས་པ་ས་འོག་གི་གཏེར་འདྲེས་བདག་པ་མེད་པའི་གཏེར་ནི་འདྲེ་མེད་པའོ། །ཕྱུག་པོ་ནི་མི་ཡོ་བྱད་མང་པོ་ཅན་ལ། སེར་སྣས་བཅིངས་པ་ནི་ལོག་ལྟ་ཅན་དཀོན་མཆོག་དང་ཆོས་ཕྱོགས་སུ་ཡོ་བྱད་གཏོང་མི་ཕོད་པའོ། །དེ་དག་མིང་གིས་བླང་ཞེས་དང་། ཞིང་བཅུར་གྱུར་པའི་ནོར་བཅུ་དང་གཏེར་གཉིས་དང་། ཕྱུག་པོ་སེར་སྣས་བཅིངས་པའི་ནོར་རྣམས་ནི་ཆགས་ཞེན་གྱིས་བསླང་པ་མ་ཡིན་པར་ཡུལ་རྣམས་ཀྱི་དོན་དུ་གྱུར་པས་མིང་གིས་ཞེས་བྱ་སྟེ་མངོན་གསུམ་དུ་བླངས་ལ་ལྷ་དཀོན་མཆོག་དང་བླ་མ་ལ་རྣལ་འབྱོར་པ་དང་ཡུལ་གྱི་ཚོགས་སུ་འགྱུར་བར་བྱ་བའི་ཕྱིར་ཡུལ་ལ་བསོད་ནམས་ཀྱང་དེ་ལྟར་བསྔོའོ། །བདག་མེད་ཀྱི་གཏེར་ནི་བླང་སྟེ་དེ་ལྟར་བྱས་པས་བསོད་ནམས་ཡོང་ལ་བསྔོ་བར་མཐུན་ནོ། །མཚན་ལྡན་གཟུགས་ལ་སོགས་པ་རྣམས་ནི་འཇིག་རྟེན་གྱི་ཆགས་ཞེན་སྤངས་ཏེ་དངོས་གྲུབ་གྱི་རྟེན་བྱ་བའི་ཕྱིར་མིང་གིས་མངོན་དུ་བླངས་ལ་ཚོགས་སུ་འགྱུར་བས་བར་པ་ལ་འབུལ་ཞེས་བྱའོ། །ཞབས་བསྡུ་བ་ནི། དམ་ཚིག་བཅུ་བདུན་ཞེས་པ་བསྲུང་བ་ལས་མི་འདའ་བའི་དམ་ཚིག །ཞིང་བཅུར་གྱུར་པའི་ནོར་བཅུ་དང་། མཚན་ལྡན་གཟུངས་ལ་སོགས་པ་བདུན་དང་བཅུ་བདུན་ནི་རྟེན་གྱིས་སྤྱད་པར་བྱ་བའི་དམ་ཚིག་ཡིན་པས་བྱ་ཞེས་གདམས་པའོ། །དོན་དེ་ཉིད་ཀྱང་དམ་ཚིག་བཀོད་པ་ལས། སེར་སྣས་བཅིངས་པའི་ཡོ་བྱད་དང་། དངོས་གྲུབ་ཀྱི་རྫས་ཐ་མལ་པས་འཆད་པ་རྣམས་བླངས་ཏེ་བྱིན་རླབས་ཀྱི་རྟེན་དུ་བྱ་བ་ནི་དམ་ཚིག་གོ། །རང་རྒྱལ་དུ་གཞན་གྱི་ཡོ་བྱད་ཕྲོགས་པ་ནི་ཉམས་པའོ་ཞེས་སོ། །ངག་བརླང་པོ་ལ་གསུམ་གྱི་དང་པོ་ནི་བཞི་བཅུ་ཞེས་པ་ལ་སོགས་པ་སྟེ། དེ་ཡང་ཞིང་ཐ་བ་ལ་ས་བོན་བཏབ་སྟེ་རྨོས་ནས་ཆུ་ལུད་ཀྱིས་བྲན་ཏེ་འབྲས་བུ་སྨིན་ནས་ཡང་གསོས་སུ་གྱུར་པ་བཞིན། བསྒྲལ་བའི་ཞིང་བཅུའི་རྒྱུད་ཉོན་མོངས་པའི་ཐ་རྒོད་ལ་གསང་སྔགས་ཀྱི་འཕྲིན་ལས་ཀྱིས་བཤད་པ་བཞིན་ཚོགས་གཉིས་སུ་བྱས་ནས་འབྲས་བུ་ལྷུན་གྱིས་གྲུབ་པས་སོ། །ཡང་ན་ཞིང་དེ་དག་ཐེག་པ་མཆོག་གི་རྟེན་ཀྱི་གང་ཟག་གིས་ཡལ་བར་མི་འདོར་བས་སོ། །བཅུ་ནི་རྒྱུ་འབྲས་ཀྱི་གྲངས་ཏེ་བཤད་པ་ཉིད་དོ། །གདུལ་བྱ་གྱུར་པའི་སེམས་ཅན་ནི་ཞིང་ཉིད་ཁམས་གསུམ་པ་ཡིན་པས་སོ། །ཡུལ་དེ་ཉིད་ལ་བརླང་ཚིག་བཅུ་ཡི་ཞེས་པ་ཡུལ་ཉིད་ཁོང་ནས་སྐྲག་པར་བྱེད་པ་ལ་ནི་བརླང་ཚིག་ཅེས་བྱ་སྟེ། གྲངས་ངེས་པ་མེད་ཀྱང་ཡུལ་གྱིས་ཕྱེ་བས་བཅུ་ཞེས་བྱའོ། །ཞེ་བཅད་པ་ནི་བཤད་པའི་ཚིག་ཉིད་ཀྱིས་གདུགས་སེམས་ཁོང་ནས་ཞི་སྟེ་ཞེ་སྡང་ཆགས་པ་ལྟ་བུའོ། །ཅི་ནི་དེ་ཉིད་ཀྱི་སར་མི་འཇོག་པ་སྟེ་དོན་ལ་སྦྱོར་བའོ། །གསང་སྔགས་སྤྱོད་པའི་ཚིག་ནི་དྲག་ཤུལ་སྤྱོད་པའི་ཞེས་པ་ལ་སོགས་པ་སྟེ། དེ་ཡང་དྲག་ཤུལ་ནི་དངོས་སུ་སེམས་ཚར་གཅོད་པར་བྱེད་པར་བྱེད་པ་སྤྱོད་པ་བརླང་མོ་ཉིད་དེ། དེ་ཉིད་མ་བསྐུལ་བ་ལས་ཀྱི་སྔགས་ད་ཧ་དད་པ་ཙ་ལྟ་བུ་སྟེ། སྒྲ་ཡི་སྒོ་ནས་སོད་ཅིག་དང་། རྒྱོབ་ཅིག་དང་ཚོས་ཤིག་ཆིངས་ཤིག་ལ་སོགས་པས་དྲག་སྔགས་རྣམས་སོ། །དེ་གཉིས་ནི་བསྒྲལ་བའི་ཞིང་བཅུ་ལ་ཤེས་ཆ་བའོ། །འོ་ན་གོང་དུའང་བརླང་ཚིག་སྨོས་ལ། འདིར་ཡང་དྲག་ཤུལ་སྤྱོད་པའི་སྔགས་ཞེས་པས་མ་བལྡབས་སམ་ཞེ་ན། མ་བལྡབས་ཏེ། གོང་མ་ནི་འཇིག་རྟེན་གྱི་གཏམ་གྱི་ངོས་ནས་ཡིན་ལ། འདིར་ནས་འཕྲིན་ལས་ཀྱི་དུས་ཀྱི་དྲག་སྔགས་སོ། །ཡང་ན་བསྒྲལ་ཞིང་གང་ཡིན་པ་དེ་རྟེན་གྱི་གང་ཟག་ཏིང་ངེ་འཛིན་ལ་དབང་བས། དང་པོ་ངག་གི་སྤྱོ་བརྒྱད་ཀྱིས་ཞེ་བཅད་ནས་ང་རྒྱལ་ཆག་སྟེ་སེམས་རྣལ་མར་གནས་པ་སྟེ། ཏིང་ངེ་འཛིན་དང་དྲག་སྔགས་ཀྱིས་ལུས་སེམས་ཕྲལ་བ་ལ་ནི་དྲག་ཤུལ་སྤྱོད་པའི་སྔགས་དག་ཅེས་གསུང་སྟེ། ཚིག་འཚམས་ཀྱི་ཅིང་ཞེས་པས་ཀྱང་གསལ་ལོ། །གཟུངས་ལ་ཞེས་པ་བཤད་པ་བཞིན་དུ་དབང་དང་བསྒྲུབ་པའི་སྐབས་སུ་ཐབས་དང་ཤེས་རབ་དབྱེར་མེད་པར་དངོས་སུ་ཉམས་སུ་བླང་བའི་ཚེ་ཐེག་པ་འོག་མའི་སྤང་བྱ་བརླང་པོར་སྦྱོར་བའི་དུས་སུ་ས་མ་ཡ་ཧོ་ལ་སོགས་པ་བརྡའ་ཚིག་རྣམས་ཏེ་རྒྱུད་ལས་ཀྱང་། ས་མ་ཡ་ཧོ་ལ་སོགས་སྒྲ། འཇིག་རྟེན་བསྟན་ཆོས་ལ་མེད་ཅིང་། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །ཞེས་སོ། །དང་ནི་རིམ་པ་བཞིན་འཆད་པ་རྣམས་སྡུད་པའོ། །ཆོས་ཀྱི་སྣོད་དུ་རུང་བའི་སློབ་མ་རྣམས་ཀྱི་སྣོད་བཅོས་པ་སྟེ། ཐོས་བསམ་གྱི་དུས་སུ་བརྩོན་འགྲུས་ལ་བསྐུལ་བ་དང་། བསྒྲུབ་པ་ལ་ནན་ཏན་བྱེད་པའི་ཐབས་དང་། དམ་ཚིག་བསྲུང་བའི་ཕྱིར་དང་། ཆོས་དང་མི་མཐུན་པ་བྱེད་པ་རྣམས་སྤང་བ་དང་། ཕྱིས་མི་འབྱུང་བའི་ཕྱིར་མི་ཆོས་དང་ལྷ་དམ་གྱི་འཚང་ནས་བྲུ་བ་ཡན་ཆད་ཀྱི་བཀའ་བཀྱོན་དྲག་པོས་ཞེ་བཅད་དེ། སེམས་མེད་དམའ་བར་བྱས་ནས། དེ་ཉིད་ཀྱིས་དོན་ལ་སྦྱོར་བ་དང་། འབྱུང་པོ་ཞེས་པ་མི་མ་ཡིན་པས་བར་ཆོད་ཀྱི་ཚོགས་ཏེ་བསྒྲུབ་པ་དང་། ཐ་མལ་པའི་སྐབས་སུ་འབྱུང་པོའི་ཆོ་འཕྲུལ་ཅི་ལྟར་བྱུང་ཡང་གདོང་ཐུག་ལ་ལྟ་སྒོམ་སྤྱོད་པའི་གདིང་དང་ལྡན་པར་བྱས་ནས་ཡུལ་དེ་དག་ཞེ་གཅོད་པར་བྱེད་པའི་དྲག་པོའི་ཕྲིན་ལས་ཀྱི་གཞུང་ཉམས་སུ་བླངས་ཏེ་སྔགས་དང་གྱེར་མོ་རྣམ་པ་གཉིས། སེམས་རྔམ་པ་ཏིང་དེ་འཛིན་འཕང་མཐོ་བ། ལུས་རྔམ་པ་སྟངས་སྟབས་དང་ཕྱག་རྒྱ། ངག་རྔམ་པ་གད་པ་ངར་གྱི་སྒྲ་དང་བཅས་པ་བྱའོ། །སྣོད་ལྡན་ཞེས་པ་རྒྱུད་ནས་སྨོས་པའི་སྣོད་ཀྱི་མཚན་ཉིད་རྣམས་དང་ལྡན་ཏེ། བཤད་པའི་བཅོས་པའང་མི་དགོས་པ་ལྟ་བུ་ལ་བརླང་ཆོས་ཏེ། ལྟ་བ་བརླང་བར་ཆོས་མཉམ་པ་ཉིད་གཅིག་ཚད་དུ་བསྟན་པ་དང་། སྤྱོད་པ་བརླང་བ་སྟན་འགན་ལ་སོགས་པ་རྣམས་དངོས་སུ་བཤད་པ་དང་། བསྒོམ་པ་བརླང་པ་ཚེ་གཅིག་གིས་འབྲས་བུ་ལ་སྦྱོར་བའི་ཏིང་ངེ་འཛིན་རྣམས་ཡེ་བཤད་པའོ། །ཞབས་བསྡུ་བ་ནི་ངག་གི་ཞིས་པ་སྟེ། ངག་གི་ལས་ཡིན་པ་ཉིད་ཉམས་སུ་བླང་བ་ལས་མི་འདའ་བས་ན་དམ་ཚིག་ཏེ། ཞིང་བཅུ་ཡུལ་གྱིས་ཕྱེ་བས་བཅུ། ཕྱིན་ཆད་ལ་ལྔ་དང་བཅོ་ལྔ། དེ་ཉམས་སུ་བླངས་བ་ལས་མི་འདའ་བ་ལ་བསྲུང་ཞེས་འཆད་དོ། །དེ་ཡང་དམ་ཚིག་བཀོད་པ་ལས། བཀའ་ལས་འགལ་ཞིང་མཆེད་ལ་འཁུས་པ་དང་། དཔོན་དང་མཆེད་དང་འཁོར་དང་གཉེན་དང་འདུལ་བའི་དུས་ལ་བབ་པ་རྣམས། ལོག་ཅིང་འགལ་བར་བྱེད་པ་ལ་ཞིབ་དང་ངེས་པས་འདུལ་ན་ངག་བརླང་པོས་འཆོས་པ་དམ་ཚིག་གོ། །འགལ་བ་མེད་པ་དང་ཐུབ་ཚད་ལ་ངང་བརླང་པོར་སྨྲ་བ་ནི་ཉམས་པའོ་ཞེས་སོ། །དེས་ན་སྤྱད་པའི་དམ་ཚིག་ལྔ་པོ་ཡང་རྟེན་གྱི་གང་ཟག་ནི་སྨོས་པ་ཉིད་དོ། །ཡུལ་ནི་སྒྲོལ་བ་ལ་སོགས་པ་ལྔ་པོ་ཉིད་དོ། །བསྲུང་ཚུལ་ནི་ཉམས་སུ་བླང་བའི་ཐབས་རྣམས་སོ། །དེ་ཉིད་ཉམས་སུ་བླངས་ནས་མ་འདས་པ་ནི་བསྲུང་བ་རང་གི་ངོ་བོའོ། །རྒྱུད་ཚོད་མཐོན་དམན་གྱི་བྱེ་བྲག་ནི་ལས་དང་པོའི་དུས་སུ་མོས་པས་ཉམས་སུ་བླང་ལ། རིགས་ཆེན་འབྱེད་པའི་སྐབས་སུ་ནི་ཏིང་ངེ་འཛིན་དང་དངོས་འཛོམ་པས་ཉམས་སུ་བླང་ལ། ཟག་མེད་མངོན་དུ་གྱུར་ནས་ཏིང་ངེ་འཛིན་གྱིས་གཞན་སྣང་ཉམས་སུ་མྱོང་བའོ། །ཡུལ་ལྔ་པོ་ཉིད་ལ་རྩིང་ཞིབ་ཀྱི་བྱེ་བྲག་ནི་དཔྱད་པར་བྱའོ། །དུས་ནི་དམ་ཚིག་བཀོད་པ་ལས། སྤྱད་པར་བྱ་བའི་དམ་ཚིག་ལྔ་ནི་དུས་ལ་བབ་པ་རིམ་པར་ཤེས་ནས་བསྲུང་ཞེས་པས། ཡུལ་ལྔ་པོ་ཉིད་ཐད་སོ་གང་བབ་ཀྱི་སྐབས་སུ་ཉམས་སུ་བླང་སྟེ་བསྲུང་བ་ལས་མི་འདའ་བའོ། །མི་སྤང་པའི་དམ་ཚིག་ལ་མདོར་བསྟན་པ་ནི་མི་སྤང་ཞེས་པ་ལ་སོགས་པ་སྟེ་འདོད་ཆགས་ལ་སོགས་པའི་དུག་ལྔ་ཉིད་ཡོ་ག་མན་ཆོད་ཀྱི་ཐེག་པ་རྣམས་ཀྱི་སྤང་བྱ་ཡིན་པ་ལས་ཐེག་པ་འདི་ཉིད་ཀྱིས་མ་སྤང་སྟེ་ལམ་གྱི་ངོ་བོར་བྱས་ནས་དེ་ལས་མི་འདའ་བས་དམ་ཚིག་སྟེ། དེ་བཤད་པར་དམ་བཅའ་བ་ནི། ཡང་དག་དུག་ལྔ་ཞེས་པ་བཤད་པའི་ལྟ་བ་ལྔ་དང་། སྤྱོད་པ་ལྔ་སྟེ། དེ་ཉིད་ནི་འབྲས་བུའི་ཐབས་ཀྱི་ངོ་བོ་ཉིད་ཡིན་པས་ཡང་དག་ཅེས་ཏེ་ལོག་པ་དང་ཆོས་མཐུན་པ་ཡོད་པས་དུག་ལྔ་ཞེས་སྨོས་ཀྱང་འདིར་མཚོན་པའི་ཕྱིར་ན་ཐ་སྙད་ཙམ་མོ། །ཡང་ན་ལོག་དུག་ཉིད་གོང་མའི་སྟོབས་ཀྱིས་བཅུད་ལེན་བདུད་རྩིར་བསྒྱུར་བ་ལྟ་བུའོ། །ལོག་དུག་ལྔ་ཞེས་པ་འདོད་ཆགས་ལ་སོགས་ལྔས་ཐར་པའི་འབྲས་བུ་གཅོད་ཅིང་། འཁོར་བ་ལ་ལོག་པར་མཆེད་པས་དུག་ཅེས་བྱ་སྟེ། དུག་ཁོང་དུ་སོང་ན་སྡུག་བསྔལ་བསྐྱེད་ཅིང་སྲོག་གཅོད་པ་དང་འདྲ་བར་འཁོར་བའི་སྡུག་བསྔལ་བསྐྱེད་ཅིང་ཐར་པའི་བདེ་བ་གཅོད་པས་སོ། །ཆུང་ཡང་འཕེལ་བ་དང་འདྲ་བར་ཉོན་མོངས་པ་རྒྱུ་འབྲས་སྟོབས་སུ་གྱུར་ནས་འཁོར་བ་འབའ་ཞིག་དུ་སྣང་བའོ། །རྒྱས་པ་ལ་གཉིས་ཀྱི་དང་པོ་ཡང་དག་དུག་ལྔ་བསྟེན་ཏེ། དེ་ལ་ལྔ་ལས་ཐབས་ཀྱིས་ཟིན་པའི་འདོད་ཆགས་ནི་བཤད་པའི་ཐབས་མཁས་ཞེས་པ་ལ་སོགས་པ་སྟེ། ག་ནའི་དམ་ཚིག་ཏུ་བཤད་པ་བཞིན་ཐབས་མཁས་པ་ནི་བཙན་དུག་སྲོག་གཅོད་པའི་བདག་ཉིད་ཡིན་ཡང་སྨན་དང་སྔགས་ཀྱིས་བཅུད་ལེན་དུ་བྱས་ཏེ་ཚེའི་རིག་འཛིན་གྲུབ་པ་དང་འདྲ་བར་འདོད་ཆགས་ཉིད་ཁམས་གསུམ་འགྲུབ་བྱེད་ཀྱི་རྩ་བ་ཡིན་ཡང་། ཐེག་པ་མཆོག་གི་ལུགས་ཀྱིས་ལྟ་སྤྱོད་སྒོམ་གསུམ་ལྡན་པས་ཉམས་སུ་བླངས་ཏེ་དེ་ཉིད་ཀྱིས་འབྲས་བུ་མངོན་དུ་སྣང་སྟེ་ཉོན་མོངས་པ་མིང་ཡང་མ་དམིགས་པ་ནི་ཐབས་མཁས་པའོ། །འདོད་ཆགས་ནི་སྦྱོར་ཐབས་སུམ་བརྒྱ་དྲུག་བཅུའི་སྒོ་ནས་རང་བྱུང་གི་ཡེ་ཤེས་སྣང་བ་སྟེ་ཆོས་མཐུན་པ་ཙམ་ཕས་སྤྱོད་པའོ། །ལྟ་བ་ནི་འདོད་སྤྱོད་ཅེས་པས་འདོད་པའི་ཡོན་ཏན་རྣམ་པ་ལྔ་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཐམས་ཅད་དོན་དམ་བྱང་སེམས་སུ་བཤད་པ་བཞིན་སེམས་ཉིད་ཀྱི་ངང་དུ་གསལ་ཏེ། མི་འགག་པའི་རྒྱན་ཐམས་ཅད་རང་བྱུང་ཡེ་ཤེས་སུ་གསལ་བའི་དེ་ཉིད་ཤེས་ཏེ་གོམས་ལྷུན་གྱིས་གྲུབ་ན། གནས་སྐབས་དེའི་ཚེ་ན་ཤིན་ཏུ་ཞེན་པ་ཞེས་པ་འོག་མ་དག་གི་ཡུལ་དང་ཡུལ་ཅན་དུ་ཞེན་པ་ཡིན་ལ། འདིར་བཤད་པའི་ལྟ་སྤྱོད་གཉིས་ལ་ཡུལ་དང་ཡུལ་ཅན་མེད་དེ་ཆུ་དང་བཤེར་བ་བཞིན་ཆེད་གཉེར་མེད་པ་ལ་ནི་ཤིན་ཏུ་ཞེན་པ་ཞེས་བྱ་སྟེ། དེ་ཉིད་ནི་ཐེག་པ་མཆོག་གི་མ་ནོར་བའི་ལམ་དུ་གསུངས་ཏེ། སྒྱུ་འཕྲུལ་རྒྱས་པ་ལས་དུག་ལྔ་ཞེས་བྱ་བའི་དམ་ཚིག་ནི་ཞེས་པས་ལ་སོགས་པ་རྒྱས་པར་གསུངས་སོ། །འོ་ན་རྩ་བ་དང་ཡན་ལག་ཁྱད་མེད་པར་འགྱུར་རོ་ཞེ་ན། རྩ་བ་ནི་ལྟ་བ་ཉིད་ཤེས་བྱའི་ཡུལ་དུ་བསྟན་ལ་འདིར་ནི་དེ་ཉིད་ཡུལ་དང་ཡུལ་ཅན་མེད་པར་མི་འབྱེད་པར་ཉིད་འདོད་ཆགས་ཞེས་བྱ་སྟེ་ཡན་ལག་གི་ཆ་ལྟ་བུའོ། །དེ་ཡང་དམ་ཚིག་བཀོད་པ་ལས། འདོད་ཆགས་ཆོས་ཉིད་ལ་ཏིང་ངེ་འཛིན་ཆགས་པ་དམ་པའོ། །འདོད་པ་དངོས་པོ་ལ་ཆགས་པ་ཉམས་པའོ། །ཞེ་སྡང་ནི་ཞིང་བཅུ་ཞེས་པ་ལ་སོགས་པ་སྟེ། དེ་ཡང་བཤད་པའི་ཞིང་བཅུ་ཉིད་ཡུལ་དང་ཕྲད་པའི་ཚེ་ཡམ་བར་མི་འདོར་ནས་ལུས་སེམས་ཕྲལ་བ་བྱེད་པ་ནི་བརླག་བྱེད་ཅེས་བྱ་སྟེ། འཇིག་རྟེན་པ་དང་མཐུན་པར་ཞེ་སྡང་ལྟ་བུར་སྣང་ཡང་། འདིར་ཐེག་པ་མཆོག་གི་སྙིང་རྗེས་གཞི་བཟུང་སྟེ་ཞིང་བཅུ་རྒྱུ་འབྲས་སྡུག་བསྔལ་བསྐྱེད་པའི་ངོས་ནས་སྙིང་རྗེ་བ་དང་། ཉམས་སུ་བླངས་པ་ཉིད་ཀྱིས་དམ་ཚིག་རྫོགས་པ་དང་། ཡུལ་ཉིད་བསགས་པ་མེད་པར་འབྲས་བུ་ལ་སྦྱོར་བ་དང་། དེ་རྣམས་ཀྱིས་མཆོག་ཅེས་བྱའོ། །དེ་ནས་གཞན་ལས་ཀྱང་གདུག་ལ་རྟག་དུ་བྱམས་ལྡན་པ་ཞེས་པ་ལྟ་བུའོ། །དེ་ཉིད་ནི་སྤྱོད་པའི་ངོས་ནས་ཡིན་ཏེ། གོང་དུ་བཤད་པའི་ནི་ངོ་བོ་དངོས་ཡིན་ལ། འདི་ཉིད་ནི་ཞེ་སྡང་གི་ཆོས་མཐུན་ཙམ་མོ། །ལྟ་ངན་ཞེས་པ་ཉན་ཐོས་དང་རང་རྒྱལ་བ་སྟེ་ཐེག་དམན་གཉིས། རྡུལ་ཕྲ་རབ་སྐད་ཅིག་མ་དོན་དམ་འདོད་པ་ལྟ་བུ་དང་། ཐེག་ཆེན་པ་དག་བདེན་པ་རེས་འཇོག་དུ་བྱེད་པ་དང་། ཀྲི་ཡ་བ་དག་ཀུན་རྫོབ་རིགས་གསུམ་དུ་བརླབ་བྱ་རློབ་བྱེད་དུ་འདོད་པ་དང། ཡེ་ཤེས་སེམས་དཔའ་གྲོགས་སུ་བསྟན་ནས་དངོས་གྲུབ་རེ་བ་བཞིན་ནི་རེ་འཛིན་དང་བཅས་པ་ཉིད་དུ་སྒྲིབ་བྱེད་དུ་གྱུར་པས་ལྟ་ངན་ཞེས་བྱ་སྟེ། འདི་ཉིད་དུ་དེ་རྣམས་བསལ་སྤངས་མེད་པར་རྟོགས་པ་བཞིན་དང་། དག་པ་གསུམ་དང་། མཉམ་པ་བཞིའི་གཏན་ཚིགས་ཀྱིས་སེམས་ཉིད་སྣང་སྟོང་དང་བྲལ་བ་བདེན་པ་གསུམ་པའི་ངང་དུ་འཇོམས་པས་ཆད་འཛིན་ཐམས་ཅད་དང་བྲལ་བ་ནི་ལྟ་བ་སྟེ། དེ་བཞིན་ཏེ་ཞེས་པ་བཤད་པ་བཞིན་ཞེ་སྡང་ཡིན་ཀྱང་གཏན་ཚིག་གོང་མའི་མཆོག་སྟེ། ཐབས་ལ་མཁས་པས་ཞེས་པ་འདིའི་སྒོར་ཞུགས་པའི་རྣལ་འབྱོར་པ་ནི་བཤད་པ་བཞིན་ཐབས་ལ་མཁས་པ་ཡིན་པས་ཉམས་སུ་བླང་བ་ལས་མི་འདའ་བས་ན་སྤྱོད་པ་ཡིན་ཞེས་བྱའོ། །དེ་ཡང་དམ་ཚིག་བཀོད་ལས་ཞེ་སྡང་ལོག་པ་དང་གོལ་བ་ལ་སྡང་བ་དམ་པའོ། །མ་ཉེས་པ་དང་ཐུབ་པ་ལ་སྡང་བ་ཉམས་པའོ། །ང་རྒྱལ་ནི་མངོན་པར་མཐོང་བའི་ཞེས་པ་ལ་སོགས་པ་སྟེ། རང་རིག་པའི་མངོན་གསུམ་དུ་གྱུར་བའི་ཆོས་བྱང་ཆུབ་སེམས་ཀྱི་དམ་ཚིག་ཏུ་བཤད་པ་བཞིན་ནི་གསང་སྔགས་ཡོ་ག་མན་ཆད་གང་གི་ཡང་སྤྱོད་ཡུལ་དུ་མ་གྱུར་པ་དང་སྣང་སྟོང་ལ་སོགས་པ་གང་གི་ཡང་མཐས་མ་རེག་པའི་ཕྱིར་རི་རབ་དང་ཆོས་མཐུན་པས་མཐོ་བ་ཞེས་བྱ་སྟེ། དོན་དེ་ཉིད་ལ་ལྟ་བ་མེད་པའི་ལྟ་བ་ནི། འདི་ནི་ལྟ་བའི་དམ་པའོ། །ཞེས་པ་དང་མཚུངས་པས་ཡུལ་བྲལ་གྱི་ཡེ་ཤེས་ཉིད་དོ། །འོན་ཀྱང་འདི་ནི་ལྟ་བའི་ངང་ལས་མི་འགྱུར་བ་ཙམ་ལ་བརྗོད་དོ། །ཏིང་ངེ་འཛིན་ཞེས་པ་དོན་སྐྱེ་བ་མེད་པ་དང་། ཡི་གེ་ལྷའི་རྣལ་འབྱོར་གཉིས་ཏེ། ངེས་པ་ནི་ཡིད་ཀྱིས་འདྲེས་གོམས་སུ་གྱུར་པའོ། །དེ་ཉིད་འགལ་རྐྱེན་གང་གིས་ཀྱང་མི་ཤིགས་པ་དང་། ནམ་མཁའ་བཞིན་ལྷུན་གྱིས་གྲུབ་པས་གཉེན་པོ་དང་བྲལ་བ་དང་། ཡུལ་ཡུལ་ཅན་མེད་པས་མི་འགྱུར་བ་སྟེ། དོན་དེས་བསྲན་ཚུགས་པ་ནི་ཤིན་དུ་རྒྱལ་བ་ཞེས་པ་འོག་མ་རྣམས་ནི་ཡུལ་དང་ཡུན་ཅན་ཡོད་པས་འགྱུར་བ་དང་བཅས་ལ། འདི་ཉིད་རིགས་པ་ལ་གདེང་དུ་ཐོན་ཏེ་ནམ་མཁའ་སྟོང་གསལ་ལས་མི་འགྱུར་བ་བཞིན་པས་ཤིན་ཏུ་རྒྱལ་བའི་ཞེས་བྱའོ། །མཆོག་ནི་དོན་དེ་ཉིད་མཐར་ཐུག་པ་དང་འབྲས་བུ་ཉིད་ཡིན་པས་སོ། །དེ་ཉིད་གསུང་པ་ནི། ང་རྒྱལ་བསྙེམས་པའི་དགོངས་པ་ཡིས། དབྱེ་གསལ་མི་མཛད་ངེས་པའི་ཐུགས་ཞེས་ལྷ་མོ་སྒྱུ་འཕྲུལ་ལས་གསུངས་སོ། །དམ་ཚིག་བཀོད་པ་ལས་ཀྱང་། ང་རྒྱལ་བདུད་ཀྱིས་བསླུས་པའི་མི་ཚུགས་ཤིང་། རྡོ་རྗེ་ཐེག་པ་ལ་བསྲན་ཚུགས་པ་དམ་པའོ། །བདེན་པ་མེད་པར་ལོག་པའི་ཕྱོགས་ལ་འཆོལ་ཞིང་ཆེ་བ་ཉམས་པའོ། །ཞེས་པའོ། །གཏི་མུག་ནི་ལྟ་བ་དང་ཞེས་པ་ལ་སོགས་པ་སྟེ་ཐོས་བསམ་གྱིས་དོན་ཐག་ཆད་དེ། ལྟ་བ་བློ་དངོས་འཕྲོད་ནས་རིག་པ་ལ་འཇལ་བས་ཕྱོགས་རིས་མི་ཕྱེད་ཅེས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཀྱི་ངང་དུ་གསལ་བས་གསེར་ལས་བྱས་པའི་རྫས་རྣམས་གསེར་དུ་གཅིག་པ་བཞིན། འཁོར་བ་ངན་པ་བྱས་པའི་ཕྱོགས་རིས་དང་། འདས་པ་བཟང་པོ་བྱས་པའི་མི་ཕྱེད་པ་དང་། སྣང་གྲགས་ཀྱི་ཆོས་ལ་ཡུལ་དང་དབང་པོའི་ཕྱོགས་རིས་མི་ཕྱེད་པ་དང་། ཆེ་ཆུང་ལ་སོགས་པའི་ཕྱོགས་རིས་མི་ཕྱེད་དེ། གཟུང་འཛིན་གཞི་དག་པ་ནི་འབྱེད་པ་མེད་པ་ཐེག་པ་ཆེན་པོའི་གཏི་མུག་གོ། །གདིང་དེ་མངའ་ནས་དེ་དག་དང་མཐུན་པའི་སྤྱོད་པ་དམ་རྫས་ལྔ་དང་ཤ་ལྔ་ལ་སོགས་པ་ལ་གཙང་མ་བླང་བ་དང་། མི་གཙང་བ་དོར་བའི་སྤྱོད་མི་བྱ་སྟེ། བླང་དོར་མེད་པ་ཉིད་ཉམས་སུ་ལེན་པར་བྱ་བ་ནི་ལྟ་སྤྱོད་ཡ་མ་བྲལ་བ་སྟེ། ཐེག་པ་ཆེན་པོ་ཞེས་པ་བཤད་པའི་ལྟ་སྤྱོད་གཉིས་དང་ལྡན་པའི་དོན་གྱིས་ཚེ་གཅིག་གིས་འབྲས་བུ་ལ་སྦྱོར་བ་ནི་ཀུན་ཤོང་ཀུན་འཇུག་འདིར་བདེ་བས། ཐེག་པ་ཆེ་ཞེས་བརྗོད་པ་ཡིན། ཞེས་སོ། །གཏི་མུག་ནི་ཐམས་ཅད་ལ་འབྱེད་པ་མེད་པ་བཤད་པ་ལྟར་རོ། །དེས་ན་དམ་ཚིག་བཀོད་པ་ལས། གཏི་མུག་ཕྱོགས་རིས་མེད་ཅིང་ཅི་ལ་ཡང་མི་རྟོག་པ་དམ་པའོ། །བསྟན་པ་ཉན་མི་ཤེས་དགེ་སྡིག་ལ་འཛེམ་པ་མེད་པ་ཉམས་པའོ། །འཕྲག་དོག་ནི་ལྟ་སྤྱོད་ཅེས་པ་ལ་སོགས་པ་སྟེ། ལྟ་བས་ལྟ་སྤྱོད་དམན་པ་སྟེ། ཡོ་ག་མན་ཆོད་ལྟ་དམན་ཡིན་ཏེ་ཕྱོགས་འཛིན་དང་བཅས་པ་སྤྱོད་པ་དམན་ཏེ་སྤང་བླང་དང་བཅས་ཐེག་པ་སོ་སོ་རྣམས། འདི་ཉིད་ཀྱི་དོན་མཐོང་བར་མི་ནུས་པས་ན་དམན་པ་ཞེས་བྱ་སྟེ། ཡུལ་དེ་དག་ལ་འཕྲག་དོག་པ་ནི་དེ་དག་དང་མི་གཅིག་ཅིང་དེར་མི་གནས་པ་སྟེ། རང་གི་ལྟ་སྤྱོད་ལས་མི་འགྱུར་བའོ། །སྦྱོད་པའི་ངོས་ནས་དམ་མ་འདྲེས་པ་དམ་ཚིག་མ་འདྲེས་པའི་སྔགས་སུ་ཞུགས་པ་ལྟ་བུའམ། ཐུགས་ཀྱི་དམ་ཚིག་གི་སྐབས་སུ་བཤད་པའི་ཡུལ་རྣམས་དང་ལྷན་གཅིག་ཏུ་མི་གནས་ཏེ། བསྒྲུབ་པ་ལ་སོགས་པའི་སྐབས་སུ་སྤོང་བར་བྱེད་པ་ནི་བཤད་པ་གཉིས་པོ་དང་ལྡན་པས་འཕྲག་དོག་ཅེས་བྱ་སྟེ། དེ་ལས་མི་འདའ་བས་དམ་ཚིག་ཉམས་སུ་བླངས་བ་ནི། བསྲུང་བ་ཡིན་ཞེས་བྱའོ། །དེ་ཡང་དམ་ཚིག་བཀོད་པ་ལས། འཕྲག་དོག་ཆོས་ཉིད་ལས་གལ་མི་འཛུག་ཅིང་ཡང་དག་པ་ལ་འཛིན་རྟོག་མིང་ཡང་མེད་པར་གནས་པ་ནི་དམ་པའོ། །གཞན་ཉམས་པ་མེད་པར་གྲོགས་མཆེད་ལ་འཕྲག་དོག་པ་ཉམས་པའོ། །ཞེས་སོ། །ལོག་དུག་ལྔ་ལ་བཞིའི་བསྟན་པའི་དང་པོ་འགྲོ་བ་ལ་རང་ཆས་སུ་ལྡན་པར་བསྟན་པ་ནི་ལོག་པའི་ལམ་དུ་ཁྲིད་པར་བྱེད་པའི་བདག་ཉིད་ཉོན་མོངས་པ་ལྔ་ནི་མདོར་བསྟན་དུ་བཤད་པ་བཞིན་པས་ཁམས་གསུམ་གྱི་སེམས་ཅན་ཀུན་ལ་རང་ཆས་སུ་ལྡན་ཏེ་རྒྱུ་དེ་ཡི་ལས་སྣང་ཞིང་དེ་དང་མི་གཉིས་ཤིང་དེ་ལ་ལོངས་སྤྱོད་པས་སོ། །འཕྲོ་ཚོལ་བ་ནི་དེ་ཉིད་རང་རྒྱུད་དུ་གྲུབ་པ་མེད་དེ་དུག་ལྔ་སེམས་ཡིན་པར་བསྟན་པ་ནི་དུག་ལྔ་རང་རིག་རང་སྣང་ཕྱིར་ཞེས་པ་ལ་སོགས་པ་སྟེ། དེ་ཡང་ཞེ་སྡང་མནར་སེམས་དགུ་དང་ལྡན་པའི་མཚན་ཉིད་ལྟར་སྣང་ཡང་། རང་རིག་པ་ཉིད་སྣང་བ་ལས་མ་རྟོགས་པ་ཡུལ་དུ་གྲུབ་པ་མེད་པ་དང་། འདོད་ཆགས་ཡུལ་དང་ཡུལ་ཅན་ཆགས་ཤིང་ཞེན་པའི་མཚན་ཉིད་ཅན་དང་། གཏི་མུག་འབྱེད་པ་མེད་པའི་མཚན་ཉིད་ཅན་དང་། ང་རྒྱལ་རང་གི་ངོ་བོ་ལ་མི་འགྱུར་བ་དང་། འཕྲག་དོག་ཡུལ་མི་འཇུག་པ་སྟེ་ཞེ་སྡང་གི་སྐབས་སུ་བཤད་པ་དང་མཐུན་པར་སེམས་ཉིད་རང་སྣང་བའི་གཏན་ཚིགས་ཀྱིས་དྲན་པ་ནི་ཡུལ་དུ་གྱུར་པ་སྟེ། མིག་གི་ཡུལ་དུ་གྱུར་པ་གཟུགས་སྣང་ཡང་། ཤེས་པ་ཞེས་པས་ཡིད་ཀྱི་ཤེས་པ་ཡང་འགགས་པར་སྣང་བར་གཟུགས་སུ་སྣང་བ་ལས་མ་གཏོགས་པ་ཡུལ་དུ་གྱུར་པ་ཕྲ་རབ་ཀྱང་མེད་པ་དང་། ཐམས་ཅད་ཀྱི་སྒྲས་དབང་པོ་ལྔའི་ཡུལ་ལྔ་སྟེ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ཅི་ལྟར་སྣང་ཡང་གསལ་བ་མ་འགགས་པ་ཡིད་ཀྱི་ཡུལ་དུ་གྱུར་པ་ལ་ནི་དྲན་པ་ཞེས་བྱ་སྟེ་གསལ་བའི་ཆ་ཙམ་མོ། །དོན་དེ་ཉིད་ལ་བཟང་བ་ལ་འདོད་ཆགས་ངན་པ་ལ་ཞེ་སྡང་། བར་པ་ལ་གཏི་མུག །རང་གི་ངོ་བོ་ཉིད་ལས་མི་འགྱུར་ཞིང་དོན་དེ་ཉིད་ཀྱིས་གཞན་པ་དམའ་བར་འདོད་པ་ནི་ང་རྒྱལ་དང་འཕྲག་དོག་དུས་གཅིག་སྟེ། དེ་ཐམས་ཅད་དྲན་པར་འདུས་སོ། །དྲན་པ་ཉིད་གང་ཞེ་ན་ཡིད་ཀྱིས་ཤེས་པ་མ་འགགས་པར་གསལ་བ་སྣང་བ་སྟེ། ཡིད་ཀྱི་ཤེས་པའི་ལམ་མིག་གི་དབང་ལ་ཕྱུངས་ནས་ཡུལ་གཟུགས་ལ་དུག་ལྔར་བསགས་དང་དེ་བཞིན་དུ་སྣང་བ་ལ་ཤུལ་ཕྱུངས་ཏེ་སྒྲ་དང་། སྣ་ལ་ཤུལ་ཕྱུངས་ཏེ་དྲི་དང་། ལྕེའི་ལམ་ལས་རོ་དང་། ལུས་ཀྱི་ལམ་ལས་རེག་བྱ་ནི་ཡིད་ཀྱི་ཤེས་པ་གཅིག་པུ་སྣང་བར་བྱེད་པའི་གཞི་ལ། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱང་ཡིད་ཀྱི་ཤེས་པ་ཉིད་ལས་སྣང་བ་ཡིན་པས་ཤེས་པ་ཐམས་ཅད་ཅེས་བྱ་སྟེ། རྩོལ་བ་ནི་ཡིད་ཀྱི་ཤེས་པ། གཡོ་བྱེད་ཀྱི་རླུང་སྟེ། དེ་ཡིད་ཀྱི་ཤེས་པ་སྐད་ཅིག་མ་ཉིད་ཡུལ་ལ་གཡོ་བར་བྱས་པ་སྟེ། འོན་ཀྱང་ཐ་སྙད་ཙམ་དུ་བརྗོད་ཀྱང་སྐད་ཅིག་ཙམ་གྱི་སྔ་ཕྱི་དང་བྲལ་བའོ། །གཡོ་བྱེད་ཀྱི་རྩོལ་བ་ཉིད་སེམས་ཕྱིར་ཞེས་པ་ཡུལ་དང་དབང་པོ་ཐམས་ཅད་རང་བཞིན་རྣལ་མ་དོན་གྱི་ཀུན་གཞི་སྟེ། ངོ་བོ་ཉིད་འཛིན་པ་ཐམས་ཅད་དང་བྲལ་ཞིང་དུས་གསུམ་དུ་མི་འགྱུར་ལ་འབྱུང་གཞིར་གྱུར་པ་སྟེ་དགོངས་པ་འདུས་ལས་སེམས་ཞེས་པ་ནི་མ་བྱས་པ་མ་བཅོས་པ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ལ་བྱའོ་ཞེས་པ་དང་། གསང་བའི་སྙིང་པོ་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །ཞེས་པ་ལ་སོགས་རྒྱས་པ་གསུངས་སོ། །དེས་ན་འཁོར་འདས་ཐམས་ཅད་སེམས་ཉིད་ལ་དབྱེར་མེད་པའི་གཏན་ཚིགས་ཀྱིས། ཐབས་མཁས་ཞེས་པས་ནམ་མཁའ་ནི་མེད་ལ་ཟད་མི་ཤེས། སྟོང་ལ་ཐམས་ཅད་འབྱུང་བས་ཐབས་མཁས་པ་སྟེ་སེམས་ཀྱི་ཆོས་ཉིད་དཔེ་བཞིན་གར་ཡང་མ་གྲུབ་པ་ཉིད་ཅིར་ཡང་མི་འགགས་པས་ཐབས་མཁས་པས་དུག་ལྔ་རང་རྒྱུད་མེད་པར་བསྟན་ཏོ། །དེ་ཉིད་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ནི། ཐབས་མཁས་ཞེས་པ་ལ་སོགས་པ་སྟེ་འཁོར་འདས་ཀྱི་ངོ་བོ་ཉིད་སེམས་ཉིད་ཐབས་མཁས་པའི་བདག་ཉིད་ནི་རྒྱུ་རྐྱེན་དང་བྲལ་བ་དང་། ཡུལ་མེད་ཏེ་ཐམས་ཅད་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པ་ལ་ནི་རང་ཞེས་བྱ་སྟེ། སྟོང་པ་ཕྱོགས་གཅིག་པའམ་བེམ་པོ་ལྟ་བུ་མ་ཡིན་ཏེ་གསལ་ལ་འགག་པ་མེད་པས་རེག་ཅེས་ཏེ། དེ་ཉིད་བྱས་པ་པོས་མ་བྱས་ཤིང་གློ་བུར་དུ་བྱུང་པར་མ་ཡིན་པས་ཡེ་ཤེས་ཞེས་པ་སྟེ་ཡེ་ནས་གནས་པའི་དོན་གསལ་ལ་འགག་པ་མེད་པའོ། །དེ་ཉིད་དཔེས་མཚོན་ན་ཉི་མའི་དཀྱིལ་འཁོར་ལ་མུན་པ་གཏན་ནས་གྲུབ་མ་མྱོང་སྟེ། གསལ་ནས་དག་པ་མ་ཡིན་ལ་འགྲོ་བ་ལ་འགྲིབ་པ་ལྟར་སྣང་ཡང་ཉི་མ་རང་ངོ་ལ་འགྲིབ་མ་མྱོང་བ་ལྟར། སྣང་གྲགས་ཀྱི་ཆོས་ཐམས་ཅད་བཤད་པའི་གཏན་ཚིགས་ཀྱིས་རང་བྱུང་ཡེ་ཤེས་རང་སྣང་བ་ལས་མ་གཏོགས་པ་ཉོན་མོངས་པ་ལྔ་དང་། ཁམས་གསུམ་འཁོར་བའི་ཆོས་སྤང་བར་བྱ་བ་ངང་གིས་མེད་དེ། གོང་དུ་དུག་ལྔའི་མཚན་ཉིད་བཤད་པ་ལྟར་ལྷུན་གྱིས་གྲུབ་པས་མ་འགགས་པ་ཙམ་སྣང་ཡང་ཡུལ་ཡུལ་ཅན་མེད་པ་དང་། གཞི་ལ་མ་གྲུབ་པར་བསྟན་ཏོ། །དེ་ཡང་དམ་ཚིག་བཀོད་པ་ལས། དྲན་པ་ཐམས་ཅད་ཤེས་པ། ཤེས་པ་ཐམས་ཅད་རྩོལ་བ། རྩོལ་བ་ཐམས་ཅད་ཐབས་མཁས་པ། ཐབས་མཁས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཏེ། ཡེ་ཤེས་རང་སྣང་བ་ལས་མ་གཏོགས་པ་རྟོག་པ་རང་རྒྱུད་ཀྱིས་མེད་ལ། ཐབས་རང་སྣང་བ་ལས་མ་གཏོགས་པ་ཉོན་མོངས་པ་རང་རྒྱུད་ཀྱིས་མེད་དོ་ཞེས་སོ། །དེས་ན་ཕྱི་ནང་གི་ཆོས་ཐམས་ཅད་ཡེ་ཤེས་རང་སྣང་ཞེས་པས་ལྔར་བརྡའ་སྤྲད་དོ། །ཁམས་གསུམ་ན་ཡང་སྤང་བྱ་མ་གྲུབ་པར་བསྟན་པ་ནི། དེ་ཤེས་རང་རིག་ཅེས་པ་ལ་སོགས་པ་སྟེ། བསྙེད་པ་བཤད་པའི་དོན་ཉིད་རིགས་པ་ལ་གདེང་དུ་སོན་པ་ལ་ནི་ཤེས་ཞེས་བྱ་སྟེ་ངོ་བོ་རང་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོའོ། །དོན་དེ་ཉིད་ལས་མ་གཏོགས་པའི་སྤང་བྱའི་ཁམས་གསུམ་ནི་གཟུགས་བསྙན་ཐ་སྙད་དུའང་མ་གྲུབ་པས་དམིགས་མི་འགྱུར་ཞེས་སོ། །ཞབས་བསྡུ་བ་ཡོན་ཏན་དང་བཅས་པ་ནི། དམ་ཚིག་བཅོ་ལྔ་ལ་ཞེས་པ་ལ་སོགས་པ་སྟེ། བཤད་པ་བཞིན་ཉམས་སུ་བླང་བ་ལས་མི་འདའ་བའི་རྣམ་གྲངས་ཡང་དག་དུག་ལྔ་ལ་བཅུ་དུག་ལྔ་དང་བཅོ་ལྔ་སྟེ། དེ་བསྲུང་བ་ལ་རྒྱུན་དུ་གནས་པའི་རྣལ་འབྱོར་ཆེན་པོའང་ཐེག་པ་འདི་ཉིད་ཀྱི་ལམ་པ་ལ་དོན་གཉིས་རྫོགས་ནི་མཆོག་དང་ཐུན་མོང་དམ་བདག་གཞན་གཉིས་ཀྱི་དོན་ཏེ་མཐར་ཕྱིན་པ་དམ་ཚིག་གི་འབྲས་བུའོ། །འདི་ཡང་རྟེན་གྱི་གང་ཟག་མཐུན་པ་ལས་ཡུལ་ནས་སྨོས་པའི་བཅོ་ལྔ་པོ་ཉིད་བསྲུང་ཚུལ་ནི། ལྟ་བའི་ཤེས་པ་དང་། སྤྱོད་པས་ཉམས་སུ་བླང་སྟེ་མི་འགལ་བར་བྱའོ། །རང་གི་ངོ་བོ་ཉིད་ཉམས་སུ་ལེན་པའོ། །རྒྱུད་ཚོད་མཐོན་དམན་དང་ལྡན་པའི་ཚུལ་ནི་ཟག་བཅས་ཀྱི་དུས་སུ་མོས་པས་ཉམས་སུ་ལེན་ལ། ཟག་མེད་ནས་ཅི་བཞིན་པར་ཉམས་སུ་ལེན་པའོ། །དུས་ནི་དམ་ཚིག་བཀོད་པ་ལས། ཉིན་མཚན་མེད་པར་བསྲུང་ཞེས་པས་ཚུལ་གཉིས་པོས་དེ་ལྟར་ཉམས་སུ་བླང་ངོ་། །དང་དུ་བླང་བ་ལ་གསུམ་གྱི་མདོར་བསྟན་པ་ནི། ཀུན་གྱིས་བླང་བའི་ཞེས་པ་ལ་སོགས་པ་སྟེ་ཡོ་ག་མན་ཆོད་ཀྱིས་སྤང་བར་འདོད་ཀྱང་ཟག་བཅས་ཀྱི་སྐབས་སུ་ཀུན་ལ་རང་ཆས་སུ་ལྡན་པས་བླང་ཞེས་པ་དང་། འདིར་གསང་སྔགས་ནང་པར་ཞུགས་འཚལ་ཀུན་གྱིས་ཆེད་དུ་བླང་བ་ལས་མི་འདའ་བའི་དམ་ཚིག་སྟེ་འཆད་པའི་ལྔ་པོའོ། །རྒྱས་པ་ལ་གསུམ་གྱི་དང་པོ་རྫས་ཀྱི་ངོ་བོ་ནི་དྲི་ཆེན་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་དྲི་ཆེན་དང་། དྲི་ཆུ་དངོས་དང་། མང་ས་ཤ་ཆེན་པོ་དང་། ཟིལ་པ་སྟེ། དངས་མར་གྱུར་པ་པད་མ་རག་ཏ་དང་། ལྷག་པའི་བྱང་ཆུབ་སེམས་གོང་མ་རྣམས་བསྡུས་ཏེ། གཞི་དེ་ལ་ཡོན་ཏན་འབྱུང་བའི་གཏན་ཚིགས་ནི། གྲུབ་པ་བཞི་ཡིས་བརྒྱན་པའི་ཕྱིར་ཞེས་པ་ལ་སོགས་པ་མདོར་བསྟན་ཡང་ཡིན་ཏེ་འཆད་པའི་རང་བཞིན་གྱིས་གྲུབ་པ་དང་། ངོ་བོས་གྲུབ་པ་དང་། མཐུས་གྲུབ་པ་དང་། བྱིན་རླབས་ཀྱིས་གྲུབ་པ་བཞི་སྟེ། དེ་ཉིད་ཀྱིས་བདུད་རྩི་རྣམ་པ་ལྔ་ལ་མཚན་དཔེ་དང་འདྲ་བར་བརྒྱན་ཏེ། ཡོན་ཏན་དེ་དག་རང་སྣང་བའི་ཕྱིར་གཏན་ཚིགས་སམ་དགོས་པའོ། །གྲུབ་པ་བཞིའི་དང་པོ་མཐུས་གྲུབ་པ་བསྟན་ཏེ། ནད་ལྔ་བསལ་ཕྱིར་བླངས་པ་དང་ཞེས་པ་དྲི་ཆེན་གྱིས་དུག་ནད་སེལ་ཏེ། དེ་ཡང་སྦྱོར་བའི་དུག་རྣམས་ཀྱང་ཡིན་ལ་ཁྱད་པར་དུ་ཀླུ་ཡི་བསམ་པའི་དུག་ཁད་པའི་རྣམ་པ་སེལ་ཏོ། །དྲི་ཆུས་གྲང་ནད་སེལ་ཏེ་ཁྱད་པར་དུ་ཡང་ཕོ་བ་ལ་ཞེན་པའི་གྲང་ནད་སེལ་ཏོ། །ཤ་ཆེན་གྱིས་མཛེ་ནད་ཐམས་ཅད་སེལ་ཏེ། ཁྱད་པར་དུ་ཡང་ཆུ་སེར་གྱི་ནད་སེལ་ཏོ། །རཀ་ཏས་འབྲུམ་བུའི་ནད་ཐམས་ཅད་སེལ་ཏེ། ཁྱད་པར་དུ་ཡང་འབྲུམ་ནག་དང་ཁྱི་འབྲུམ་སེལ་ཏོ། །བྱང་ཆུབ་སེམས་ཀྱི་ཚ་ནད་སེལ་ཏེ་ཁྱད་པར་དུ་ཡང་ཚ་བ་གནག་པ་སེལ་བས་ག་བུར་ཞེས་ཀྱང་བཤད་དོ། །ཆོས་ཅན་ལྔ་ཡི་མཐུན་ལྔས་ནད་ལྔ་བསལ་བའི་ཕྱིར་རྣལ་འབྱོར་པས་ཉམས་སུ་བླང་བ་ཞེས་པ་དང་། བྱིན་རླབས་ཀྱིས་གྲུབ་པ་ནི་གཙང་སྨེ་སྡིག་སྦྱང་ཞེས་པ་ལ་སོགས་པ་སྟེ། མི་གཙང་བར་འཛིན་པའི་རྟོགས་པ་ཆོས་ཅན་ལྔ་དངོས་སུ་བཤད་པས་ནུས་ཏེ། དོན་དེས་ན་གཙང་བ་སྨེད་འཛིན་པ་ནི་ཉེས་པའང་ཆེ་ལ་གཟུང་འཛིན་སྤང་ཡང་དཀའ་སྟེ། བདུད་རྩི་ལྔ་བླངས་པས་དེ་དག་དག་པར་བྱས་ནས་འཛིན་པ་ཞི་ནས་བློ་མཉམ་པ་ཉིད་དུ་གྱུར་པ་ནི་སྡིག་པ་སྦྱང་སྟེ་བྱ་བའང་ཡིན་པས་དགོས་ཆེད་དེ་ཡི་ཕྱིར་ཉམས་སུ་བླང་བའང་གཅེས་སོ། །དེ་ནི་བདུད་རྩི་རྣམ་ལྔའི་ངོ་བོའི་བྱིན་རླབས་ཡིན་པར་བསྟན་ཏོ། །ཐུན་མོང་དགོས་པ་ལྔ་ཕྱིར་དང་བཅས་པ་ངོ་བོས་གྲུབ་པ་སྣང་བ་བསྟན་པ་སྟེ། ཡོན་ཏན་ལྔ་པོ་འདི་དག་འཇིག་རྟེན་པ་དང་ཐུན་མོང་དུ་གྱུར་པས་ན་ཐུན་མོངས་ཞེས་བྱ་སྟེ་དེ་དག་གྲུབ་པའི་དགོས་པ་ཆོས་ཅན་གྱི་ངོས་ནས་ལྔ་མཚོན་པ་སྟེ། དེས་ན་ཉམས་སུ་བླང་བའང་དྲི་ཆེན་བསྟེན་པས་བཅུད་ལེན་གྱིས་ཚེ་རིང་བ་དང་། དྲི་ཆུས་སྐད་སྙན་པ་དང་། ཚངས་པའི་སྐད་དུ་སྒྲོག་ནུས་པ་དང་། ཤ་ཆེན་བསྟེན་པས་མཐུ་ཆེ་སྟེ་མི་མ་ཡིན་པ་ཐམས་ཅད་ངོ་བོ་ཉིད་ཀྱིས་འཁོལ་བ་དང་། རཀ་ཏས་བཀྲག་གསལ་སྟེ་འགྲོ་བ་གཞན་ལ་འཕགས་པ་དང་། བྱང་ཆུབ་སེམས་ཀྱིས་བརྗིད་པའི་གཟུགས་ཐོབ་སྟེ་འགྲོ་བ་གཞན་ཐམས་ཅད་ཟིལ་གྱིས་གནོན་པའོ། །རང་བཞིན་གྱི་གྲུབ་པ་ནི། རིགས་ལྔར་གྲུབ་ཅེས་པ་བྱང་ཆུབ་སེམས་ཀྱིས་རྡོ་རྗེ་སེམས་དཔར་སྣང་ལ། དྲི་ཆེན་རྣམ་པར་སྣང་མཛད། མང་ས་རིན་ཆེན་འབྱུང་ལྡན། རཀ་ཏ་སྣང་བ་མཐའ་ཡས། དྲི་ཆུ་དོན་ཡོད་གྲུབ་པ་སྟེ། བདུད་རྩི་རྩ་བརྒྱད་ལས། བྱང་སེམས་རྡོ་རྗེ་སེམས་དཔའ་དཀར། དྲི་ཆེན་གསེར་མདོག་རྣམ་སྣང་མཛད། མང་ས་རིན་ཆེན་འབྱུང་ལྡན་སྔོ། རཀ་ཏ་སྣང་བ་མཐའ་ཡས་དམར། དྲི་ཆུ་དོན་ཡོད་གྲུབ་པ་ལྗང་ཞེས་པ་ཆོས་ཅན་ལྔ་ཉིད་རིགས་ལྔར་གྲུབ་པའི་ཡོན་ཏན་དང་ལྡན་ནོ། །དོན་དེས་ཁམས་གསུམ་གྱི་སྡུག་བ སྔལ་རྒྱུ་དང་འབྲས་བུར་བཅས་པ་ལས་གྲོལ་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྣང་བ་ལ་ཐོབ་ཅེས་བྱའོ། །ལམ་གྱི་ངོ་བོར་བསྟན་པ་ནི། བཅུད་ལྔ་བཏུང་དབང་ལམ་གྱི་མཆོག་ཅེས་པ་ལ་སོགས་པ་སྟེ། བཅུད་ལྔ་ནི་བདུད་རྩི་ལྔ་སྟེ། དེ་ཡང་སྣོད་གང་གི་བཅུད་ཞེ་ན། ལྟེ་བའི་རྩ་ནས་ཤ་ཆེན་གྱི་བཅུད། ལོང་ཀའི་རྩ་ནས་དྲི་ཆེན་གྱི་བཅུད་རོ་མ་ནས་དྲི་ཆུ། རྐྱང་མ་ནས་རག་ཏ། ཀུན་དྷར་མ་ནས་བྱང་སེམས་ཀྱི་བཅུད་ལ་ལྔ་པོ་བཏུང་བ་སྟེ། ཉམས་སུ་བླང་བ་ལ་དབང་ཐབས་ན་ལམ་གྱི་མཆོག་ཅེས་པ་ཐབས་ལམ་ལ་བྱ་སྟེ་སྨད་པར་བྱ་བའི་རྫས་ཀྱིས་འབྲས་བུ་མངོན་གསུམ་དུ་སྣང་བས་སོ། །འོ་ན་དུད་འགྲོ་ལ་སོགས་པས་ཉམས་སུ་བླང་བ་ལ་ཡོན་ཏན་མེད་པར་མངོན་གསུམ་གྱིས་གསལ་ཞེ་ན། ཐབས་ཀྱི་ལུང་ལ་བསྟེན་ཤེས་ན། ཞེས་པ་གྲུབ་པ་བཞིས་བརྒྱན་པའི་ཐབས་ཆེན་པོ་གསང་སྔགས་ཀྱི་ལུང་ལ་བསྟེན་ཤེས་པ་ནི་ལྟ་སྤྱོད་སྒོམ་གསུམ་ལ་མ་ཆ་བའོ། །དུས་སྐབས་དེ་ཡི་ཚེ་ན་དེ་ཉིད་ཀྱི་ཡོན་ཏན་གྲུབ་པ་བཞི་ལ་སོགས་པའི་ཡོན་ཏན་བཤད་པ་རྣམས་དང་། གཞན་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྣམས་བདུད་རྩིའི་རྒྱུད་དུ་ཀུན་དུ་བཟང་པོས་རྡོ་རྗེ་ཆོས་ལ་གསུངས་སོ། །ཞབས་བསྡུ་བ་ནི། ཕྱེ་བའི་དམ་ཚིག་ཅེས་པ་རྣམ་གྲངས་བཤད་བཞིན་གྱི་ཉམས་སུ་བླངས་བ་ལས་མི་འདའ་བའི་དམ་ཚིག་གོང་གི་ལྔ་བཞི་ཉི་ཤུ་དང་། རྒྱ་ཆེ་བ་ནི་རིགས་ལྔ། ཟབ་པ་ཡེ་ཤེས་ལྔ་དང་སུམ་བཅུ་ཅེའམ། ཡང་ན་གོང་གི་ཉི་ཤུའི་ཐོག་དུ་ཟབ་པ་ཡེ་ཤེས་ལྔ། རྩ་བ་བདུད་རྩི་ལྔ་དང་སུམ་བཅུ་ཉིད་སྐབས་ཀྱིས་ཞེས་པ་མཆོག་དང་ཐུན་མོང་གི་བསྒྲུབ་པ་གཉིས་དང་། དབང་གི་སྐབས་སུ་དང་དུ་བླང་བར་གསུངས་ཞེས་པ་ཀུན་ཏུ་བཟང་པོས་ནང་པའི་རྒྱུད་ཐ་དག་དུའོ། །དེ་ཡང་དམ་ཚིག་བཀོད་པ་ལས། དང་དུ་བླང་བ་ལྔ་སྟེ། དམ་རྫས་ལྔ་པོ་ཉིད་ཆོས་ཉིད་ལ་རྟོགས་པ་མེད་པ་དང་། རང་བཞིན་གྲུབ་པའི་མཐུ་ཡོད་པ་དང་། ཡེ་ནས་བདུད་རྩི་ཡིན་པ་དང་། སྐྱོན་ཡོན་གྱིས་དུག་དང་བདུད་རྩི་ཡིན་པ་དང་། དེ་ཉིད་དངོས་གྲུབ་ཆེན་པོའི་རྒྱུ་དང་རྐྱེན་ཡིན་པས་གསང་སྔགས་བསྒྲུབ་པའི་ཐབས་དམ་པར་སྤྱོད་པ་ནི་དམ་ཚིག་གོ། །རྟོགས་པ་དང་ཏིང་ངེ་འཛིན་དུ་མི་ལྡན་ཞིང་གསང་མེད་པར་བྱོལ་སོང་བཞིན་དུ་བབ་ཆོལ་དུ་སྤྱོད་པ་ནི་ཉམས་པའོ་ཞེས་སོ། །འདི་ཡང་རྟེན་གྱི་གང་ཟག་སྨོས་པ་ཉིད་ཀྱིས་ཡུལ་དང་དུ་བླང་བ་ལྔ་ལ་ཚུལ་ལྟ་དགོངས་དང་ལྡན་པས་ངོ་བོ་ཉམས་སུ་བླང་བ་ཉིད་དུ་ཆུད་པའོ། །རྒྱུད་ལ་ལྡན་པ་ནི་ཟག་བཅས་མཐོན་དམན་གྱི་བྱེ་བྲག་གིས་མོས་པ་དང་དངོས་སུ་སྤྱོད་ལ་། ཟག་མེད་ཡན་ཆད་ནས་སྤང་བླང་ཐམས་ཅད་དང་བྲལ་བའོ། །དུས་ནི་དམ་ཚིག་བཀོད་པ་ལས་དང་དུ་བླང་པ་ལྔ་ནི་དུས་བཞི་དང་། དུས་དྲུག་དུ་བསྲུང་ཞེས་པས། དངོས་སུ་ཉམས་སུ་བླང་བ་ནི་གསུང་གི་དམ་ཚིག་ཉམས་སུ་བླང་བའི་སྐབས་དང་འཛོམ་ལ་རྒྱུན་དུའང་མོས་པས་མི་འབྲལ་བའོ། །བསྒྲུབ་པར་བྱ་བ་ལ་གསུམ་གྱི་མདོར་བསྟན་པ་ནི། བསྒྲུབ་པས་ན་བསྒྲུབ་པ་སྟེ། ལམ་གྱི་ཆོས་རྣམས་དང་བསྒྲུབ་པར་བྱ་བས་ན་སྟེ། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་དོ། །དེ་ཉིད་ཀྱང་རྒྱུ་ཡི་ཐེག་པ་ལྟར་མི་འདྲ་བས་མི་འདྲ་བ་བསྒྲུབས་པ་ལྟ་བུ་མ་ཡིན་ཏེ་ཡི་གེ་སློབ་པ་ལྟར་འབྲས་བུ་ཉིད་ལ་ད་ལྟ་ཉིད་ནས་སྦྱང་བས་ན་བསྒྲུབ་པ་བྱ་བ་སྟེ། ལྔ་ནི་རེ་རེ་ལ་ཡང་ལྔ་ལྔ་རྫོགས་པས་སོ། །འཆད་པ་རྣམས་ཡོ་ལ་ཞེས་བྱ་སྟེ། མདོར་བསྟན་པ་ཉིད་གཞིའི་ངོ་བོ་ལ། རྒྱས་པ་དབྱེ་བ་ནི། རིགས་ལྔ་ཡེ་ཤེས་ཡབ་ཡུམ་ལས། གཅིག་ལ་ལྔ་ལྔར་ཤེས་པར་བྱ་ཞེས་པས། རིགས་ནི་རིགས་ལྔ་སྟེ། ལྔར་བྱུང་ལྔར་སྣང་ལྔས་འདུལ་སྒྲོལ་ཅེས་པ་དང་། འཆད་པ་བཞིན་པས་གདུལ་བྱ་འདུལ་བྱེད་ཐམས་ཅད་རིགས་ལྔ་སྟེ། ཐུགས་རྡོ་རྗེའི་རིགས་དང་། སྐུ་དེ་བཞིན་གཤེགས་པའི་རིགས་དང་། ཡོན་ཏན་རིན་པོ་ཆེའི་རིགས་དང་། གསུང་པད་མའི་རིགས་དང་། འཕྲིན་ལས་ལས་ཀྱི་རིགས་ཏེ། ཉོན་མོངས་པ་ལྔ་ལས་སྣང་བ་དང་། དེ་ཉིད་གདུལ་བྱའི་ཕྱིར་ངེས་ཏེ། རྒྱ་ཆེ་བ་ན་དེ་ལྟར་ཡིན་ཡང་། ཟབ་པའི་དབང་དུ་ཡེ་ཤེས་ལྔ་སྟེ། ཐུགས་རྡོ་རྗེ་འགྱུར་བ་མེད་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམས་པར་དག་པའི་ཡེ་ཤེས་དང་། དེ་ཉིད་ཅིར་ཡང་མི་འགག་པ་འཆར་བ་ཆོས་ཀྱི་དབྱིངས་ལས་གདུལ་བྱ་ལྟར་གཤེགས་པ་གསལ་བ་འགག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། དེ་ཉིད་གདུལ་བྱ་དང་མཐུན་པར་སྣང་ཡང་སྐྱོན་མི་གོས་པ་གསུང་པད་མའི་རིགས་སོ་སོའི་རྟོག་པའི་ཡེ་ཤེས་དང་། དེ་ཉིད་ཅིར་ཡང་སྣང་ཡང་ཆོས་ཀྱི་དབྱིངས་ལས་དུས་གསུམ་དུ་མི་འགྱུར་བ་རྟོག་པ་མེད་ཀྱང་དགོས་འདོད་སྐོང་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། གསུང་པད་མའི་རིགས་ཅི་ལྟར་སྣང་བའི་འགྲོ་བའི་དོན་ལ་ཡིན་བཞིན་དུ་རོལ་ཅིང་ལྷུན་གྱིས་གྲུབ་པ་ལས་ཀྱི་རིགས་ཏེ་གཅིག་ཆར་དུ་ལྷུན་གྱིས་གྲུབ་པས་སྐད་ཅིག་མ་སྔ་ཕྱིའི་རྒྱུ་འབྲས་ནི་ངང་གིས་མི་དམིགས་ཏེ་དབང་གི་རྒྱལ་པོའི་ཡོན་ཏན་ཆོས་སྣ་ཚོགས་ཀྱིས་མཚོན་པ་བཞིན་ནོ། །ཡབ་ལྔ་ནི་མི་སྐྱོད་པ་ལ་སོགས་པ་ལྔ་སྟེ། དོན་ཉིད་ཚིག་གིས་མཚོན་པའི་སྒོ་ནས་བརྗོད་པ་སྟེ། ཆོས་ཀྱི་དབྱིངས་ཡེ་ཤེས་མཐའ་གང་གིས་ཀྱང་མི་སྐྱོད་པ་དང་། མེ་ལོང་ཡེ་ཤེས་གསལ་ལ་འགག་པ་མེད་པ་རྣམ་པར་སྣང་མཛད་མཉམ་པ་ཉིད་ཡེ་ཤེས་སྣང་སྟོང་གི་མཐའ་དང་བྲལ་བ་ཉིད་ཡོན་ཏན་གྱི་འབྱུང་གནས་སུ་གྱུར་པའི་རིན་ཆེན་འབྱུང་ལྡན་དང་། སོ་སོར་རྟོག་པ་གདུལ་བྱའི་བསམ་པ་བཞིན་མཐར་ཐུག་པ་མེད་པས་སྣང་བ་མཐའ་ཡས་དང་། བྱ་གྲུབ་ཡེ་ཤེས་འཁོར་བ་མ་སྟོང་གྱི་བར་དུ་འཕྲིན་ལས་མི་ཟད་པ་དང་། བར་མ་དོར་ཆུད་མི་ཟ་ཞིང་འབྲས་བུ་ལ་སྦྱོར་བར་བྱེད་པ་དོན་ཡོད་གྲུབ་པའོ། །དེ་ལྔ་ནི་མ་འགག་པ་ལ་སྣང་བའི་ཆ་འཛིན་པས་ཡབ་ཅེས་བྱའོ། །ཡུམ་ལྔ་ནི་རྒྱུའི་དུས་ནས་འབྱུང་བ་ལྔ་ཆོས་ཐམས་ཅད་ཀྱི་སྐྱེ་བྱེད་དུ་གནས་པ་ཡིན་ལ། དེ་གནས་སུ་དག་པ་ཆོས་ཀྱི་དབྱིངས་ལྔ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་སྟེ་དུ་མ་མེད་ཀྱང་ཡུལ་ཅན་གྱི་ངོས་ནས་བརྗོད་དེ་ཡེ་ཤེས་ལྔ་ཡི་རང་བཞིན་དང་། སྤྱད་པར་བྱ་བ་དང་། གཟིགས་པར་བྱ་བ་དང་། དབྱེར་མི་ཕྱེད་པར་བཞུགས་ཞེས་བྱ་སྟེ། མཚོན་པའི་ཐ་སྙད་ཡིན་ཡང་དོན་ལ་དབྱེར་མེད་དེ་བརྗོད་གཞི་དང་བྲལ་བའོ། །དེ་ཉིད་མ་འགག་པའི་རྟགས་ཙམ་དུ་མི་སྤྱོད་པའི་ཡུམ་ཀུན་ཏུ་བཟང་མོ་སྟེ་ཆོས་དབྱིངས་ཡེ་ཤེས་ལ་གཟུང་འཛིན་གྱི་ཆ་ཕན་སེམས་ཕྲ་བའང་མི་གནས་པས་ཐ་སྙད་དུ་བཟང་ཞེས་བྱ་ལ། རང་བཞིན་དང་ཡུལ་གྱི་ཆ་འཛིན་པའི་ངོས་ནས་མོའོ། །མེ་ལོང་ཡེ་ཤེས་གསལ་ལ་འགག་པ་མེད་པ་རང་བཞིན་སངས་རྒྱས་སྤྱན་མ་སྟེ་མི་འགག་པར་གསལ་བའི་བདག་ཉིད་དོ། །ཕྱི་མ་བཤད་པ་བཞིན་འཆད་པ་ཀུན་ལའང་སྦྱར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་མ་འགག་པར་སྣང་བ་རིན་ཆེན་འབྱུང་ལྡན་ནི་རྟོག་པ་མེད་ཀྱང་དགོས་འདོད་སྐོང་བའི་བདག་ཉིད་དུ་ཞུགས་ཏེ། དེ་ཡི་ཡུམ་མ་མ་ཀི་ལ་ཡོན་ཏན་ཐམས་ཅད་ཀྱི་སྐྱེད་བྱེད་དམ་གཞིར་གྱུར་པས་མ་མ་ཀི་སྟེ་དོན་དང་མཐུན་པའི་མིང་ངོ་། །རླན་གྱིས་ཐམས་ཅད་བསྐྱེད་དུ་གནས་པས་ཆོས་མཐུན་པའང་ཡིན་ལ། འབྱུང་བ་དེ་ཉིད་གནས་སུ་དག་པའང་ཡིན་ནོ། །སྣང་བ་མཐའ་ཡས་ཀྱི་ཡུམ་ན་བཟའ་དཀར་མོ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ཆོས་སྤྱི་དང་རང་གི་མཚན་ཉིད་མཁྱེན་པའི་གཏན་ཚིགས་དེས་འཁོར་འདས་ཀྱི་སྐྱོན་གཏན་ནས་དག་པ་དང་། གདུལ་བྱ་དང་ཡུལ་གཅིག་ལ་རོལ་ཀྱང་དེའི་སྐྱོན་གྱིས་མི་གོས་པ་ནི་དཔེར་ན་དཀར་པོ་ལ་མཚོན་གཞན་གྱིས་མ་གོས་པ་དང་འདྲ་བར་ན་བཟའ་དཀར་མོ་ཞེས་བྱ་སྟེ་གོས་ཀྱི་ལྷགས་པ་ལས་སྐྱོབས་པ་དང་འདྲ་བར་མཁྱེན་པ་གཉིས་ཀྱིས་འཁོར་འདས་ཀྱི་མཐའ་ལས་སྐྱོབ་པ་དང་། དོན་དེས་སྐྱོན་གྱིས་མ་གོས་པས་དཀར་མོ་ཞེས་བྱའོ། །འབྱུང་བ་མེས་དངོས་པོ་ཐམས་ཅད་བསྲེག་པར་བྱེད་པ་ཡང་ཆོས་མཐུན་ནོ། །དོན་ཡོད་གྲུབ་པའི་ཡུམ་དམ་ཚིག་སྒྲོལ་མ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་འཁོར་བ་ནས་ཐར་པ་སྒྲོལ་མ་ལས་མི་འདའ་བས་དམ་ཚིག་སྟེ། དོན་དེ་ཉིད་དམ་ཚིག་སྒྲོལ་མ་ཞེས་བྱ་ལ། མཐར་སངས་རྒྱས་ཀྱི་ས་ལ་སྐྱོལ་བར་བྱེད་པ་ནི་སྒྲོལ་མའོ། །དེ་ནི་འབྱུང་བ་རླུང་ག ནས་སུ་དག་པའང་ཡིན་ཏེ་ཆོས་མཐུན་མའང་སྦྱར་རོ། །ལས་ནི་རིགས་པ་ལ་སོགས་པ་ཐམས་ཅད་དབྱེ་བའི་གཞིར་བཞགས་པའོ། །གཅིག་ལའང་ལྔ་ལྔར་ཞེས་པ་གོང་གི་རིགས་ལ་སོགས་པ་གཅིག་ལ་ཡང་རྡོ་རྗེ་ལ་སོགས་པ་ལྔ་ལྔ་སྟེ་བཤད་པ་རྣམས་སོ། །ཤེས་པ་བྱ་ཞེས་པས་ཤེས་པའི་དམ་ཚིག་ལྟ་བ་བསྒྲུབ་པའི་སྔོན་དུ་འགྲོ་བར་ཁས་བླངས་པའོ། །སྐུ་དང་གསུང་ཐུགས་ཡོན་ཏན་ལས་ཞེས་པ་ལ་སོགས་པ་སྐུ་ལྔ་སྟེ་ཆོས་ཐམས་ཅད་དེ་ཁོ་ན་ཉིད་རྟོགས་པ་མཐར་ཕྱིན་པ་དུས་གསུམ་དུ་མི་འགྱུར་ཅིང་དངོས་གཞི་ཐམས་ཅད་བྲལ་བ་ཉིད་ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པ་དང་། འོག་མིན་གྱི་གནས་ན་བཞུགས་པ་ལོངས་སྤྱོད་ཐམས་ཅད་ལ་རོལ་པ་རྣམ་པར་སྣང་མཛད་ལྟ་བུ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་སྦྱོང་བར་བྱེད་པའི་སྟོན་པར་གྱུར་པ་དང་། དངོས་གཞི་མ་གྲུབ་ཀྱང་གདུལ་བྱ་འགྲོ་དྲུག་གི་སྟོན་པ་སྤྱི་དང་བྱེ་བྲག་གི་དབང་གིས་གྲངས་བསམ་གྱིས་མི་ཁྱབ་པ་ཆུ་ཟླ་དང་མེ་ལོང་བཞིན་སྣང་བ་ཐ་དད་པ་རྣམས་དང་རྡོ་རྗེ་སྐུ་ཞེས་ཏེ་སྤྲུལ་པའི་སྐུའི་ཆ་ལག་སྟེ་རྡོ་རྗེ་གཞོམ་དུ་མེད་པ་བཞིན་སྤྲུལ་པའི་སྐུས་གདུལ་བྱ་དང་འཁོར་བ་ལ་མཐུན་སྣང་དུ་རོལ་ཀྱང་སྐྱོན་གྱིས་མི་གོས་པའི་རྡོ་རྗེའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་ཞེས་བྱ་སྟེ་སྐུ་གསུམ་དབྱེར་མེད་ཀྱི་ཡོན་ཏན་གྱི་ཆ་རང་རིག་པའི་ཡེ་ཤེས་ལ་མ་སྐྱེས་པ་དང་མ་འགག་པ་གཉིས་ཀྱིས་མཐའ་གཉིས་ལས་རྒྱལ་བར་མངོན་ཞིང་དོན་དེ་ཉིད་ཀྱིས་མཐའ་གཉིས་མ་དམིགས་པས་བྱ་བ་གཉིས་དང་། ཡོངས་སུ་རྫོགས་པས་ཆུབ་པ་གཉིས་ལྷུན་གྱིས་གྲུབ་པའོ། །ལྔ་པོ་ལ་སྐུ་ཞེས་བརྗོད་པ་ནི་ཆོས་སྐུའི་སྐབས་སུ་བརྗོད་པ་བཞིན་ནོ། །གསུང་ཞེས་པ་ལྔ་སྟེ། ཆོས་ཀྱི་སྐུ་ཡི་གསུང་དཔེ་ནམ་མཁའ་ལ་ལྟ་བུ་སྟེ་ངོ་བོ་མ་གྲུབ། དུས་གསུམ་དུ་མི་འགྱུར། འབྱུང་བའི་གཞིར་གྱུར་ཐམས་ཅད་ལ་ཁྱབ་ཅིང་མཐའ་མེད་པའོ། །དོན་དེ་ཉིད་མཐར་ལམ་པའི་རིག་པ་ལ་གོ་ཞིང་རྟོགས་ཏེ་བརྡ་འཇལ་དུ་བཏུབ་པས་ཀྱང་གསུང་ཞེས་བརྗོད་ལ། བདེར་གཤེགས་ཐམས་ཅད་དགོངས་པ་མཐུན་པར་དེ་ཉིད་ལས་མི་གཞན་པས་ཀྱང་གསུང་ཞེས་བྱའོ། །ལོངས་སྐུ་མེ་ལོང་ལྟ་བུའི་གསུང་སྟེ། དཔེར་ན་མེ་ལོང་ལ་བརྟེན་ཏེ་བཞིན་གྱི་དྲི་ཁེབས་རྟོགས་པ་བཞིན་སྟོན་པའི་སྐུ་ལ་བལྟས་པས་འཁོར་གྱི་སེམས་དཔའ་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་སྦྱོང་ཞིང་དག་པར་བྱེད་པ་ནི་བརྡ་འཕྲོད་ཅིང་འཇལ་བའི་གསུང་ཞེས་བྱའོ། །སྤྲུལ་པའི་སྐུ་ཡི་གསུང་ནི་གསུང་དབྱངས་མེས་པོའི་ངག་ལྟ་བུ་ཞེས་པས་འཇིག་རྟེན་གྱི་མེས་པོ་ཚངས་པས་གསུང་གཅིག་གིས་སྟོང་ཆེན་པའི་འཇིག་རྟེན་གྱི་སེམས་ཅན་ཐམས་ཅད་ཀྱི་སྐད་དང་མཐུན་པར་སོ་སོར་ཐོས་པ་བཞིན། སྟོན་པས་གསུང་གཅིག་བསྒྲགས་པ་ལྟར་སྣང་བས་འཁོར་འགྲོ་དྲུག་གིས་རང་རང་གི་སྐད་དུ་བརྡ་འཇལ་བ་སྟེ། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། ཅེས་པས་སོ། །དེ་ཡང་ཡན་ལག་སུམ་བརྒྱ་དྲུག་བཅུ་ཞེས་པས་རྩ་བ་འགྲོ་བ་དྲུག་གི་སྐད་དྲུག་ལས་རེ་རེ་ལ་ཡང་ཡན་ལག་བཅུ་བཅུར་ཕྱེ་བ་ལ་སོགས་པའོ། །དེ་ལ་ནི་སྤྲུལ་སྐུ་ཚིག་སྡེབ་སྦྱོར་ལེགས་པའི་གསུང་ཞེས་བྱའོ། །རྡོ་རྗེའི་གསུང་རྡོ་རྗེ་ལྟ་བུ་སྟེ། སྤྲུལ་པའི་སྐུས་འཁོར་བའི་ཆོས་ཀྱི་མཚན་ཉིད་ཅི་ལྟར་བརྗོད་ཀྱང་འཛིན་པ་རྩ་བ་ནས་དག་པས་བྲག་ཆ་དང་མཚུངས་ཏེ་ཉེས་པའི་གཞི་བྲལ་བའོ། །དེ་ཉིད་རིག་པ་ལ་འཇལ་ཏེ་གོ་རྟོགས་སུ་གཏུབ་པས་གསུང་ཞེས་བྱའོ། །མངོན་པར་བྱང་ཆུབ་པའི་སྐུའི་གསུང་གི་དཔེ་ཉི་མའི་སྙིང་པོ་ལྟ་བུ་སྟེ། ཉི་མ་ནས་མུན་པ་བསལ་ནས་དག་པ་མ་ཡིན་གཏན་ནས་གྲུབ་མ་མྱོང་། དཔེ་དེ་བཞིན་དུ་འཁོར་འདས་ཐམས་ཅད་ཀྱི་རང་བཞིན། རང་རིག་པའི་ཡེ་ཤེས་ལ་གཟུང་འཛིན་གསལ་ལམ་སྤངས་ནས་དག་པ་མ་ཡིན་ཏེ། གཏན་ནས་གྲུབ་མ་མྱོང་བའོ། །དེ་ཉིད་ལ་ཕྱོགས་འཛིན་ཅན་དག་འཁོར་བ་ནི་གློ་བུར་པའོ་ཞེས་སྨྲའོ། །དེ་ཉིད་གོ་ཞིང་རྟོགས་སུ་བཏུབ་པས་ན་གསུང་ཞེས་སྨོས་སོ། །ཐུགས་ནི་ཡེ་ཤེས་ལྔ་སྟེ། ཅིར་ཡང་མི་དམིགས་པ་བདེ་བ་ཆེན་པོའི་ཐུགས་དང་། ཅིར་ཡང་མ་འགག་པ་མེ་ལོང་ལྟ་བུའི་ཐུགས་དང་། ཅིར་ཡང་མི་དམིགས་པ་མཉམ་པ་ཉིད་ཀྱི་ཐུགས་དང་། ཅིར་ཡང་སྣང་བ་སོ་སོར་རྟོགས་པའི་ཐུགས་དང་། ཅིར་ཡང་མ་འགག་པ་འགྲོ་བ་སྒྲོལ་ཐུགས་སོ། །དེ་དག་ཀྱང་དུ་མའི་ཆ་ནས་བརྗོད་པ་མ་ཡིན་ཏེ་ཡོན་ཏན་ཆ་ནས་སོ་སོར་བརྗོད་ཀྱང་ངོ་བོ་དབྱེར་མེད་པ་དབང་གི་རྒྱལ་པོ་བཞིན་ནོ། །ཡོན་ཏན་ལྔ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལས་སྣང་སྟེ་ཞིང་ཁམས་རྣམ་པར་དག་པ་འོག་མིན་དང་བདེ་བ་ཅན་ལྟ་བུ་དང་། ཕོ་བྲང་རྣམ་པར་དག་པ་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གསང་བའི་སྙིང་པོའི་གླེང་གཞིའི་ལེའུ་ལྟ་བ་དང་། གདན་ཁྲི་ཕུན་གསུམ་ཚོགས་པ་ཐུགས་མི་འཇིགས་པ་བཞི་དང་ལྡན་པའི་རྟགས་སུ་སེངྒེའི་ཁྲི་དང་། སྐུ་སྟོབས་བཅུ་དང་ལྡན་པའི་རྟགས་སུ་གླང་པོའི་ཁྲི་དང་། ཡོན་ཏན་རྫུ་འཕྲུལ་གྱི་སྐང་བ་བཞི་དང་ལྡན་པའི་རྟགས་སུ་རྟའི་ཁྲི་དང་། གསུང་དབང་བཅུ་དང་ལྡན་པའི་རྟགས་སུ་རྨ་བྱའི་ཁྲི་དང་། འཕྲིན་ལས་བཞི་དང་ལྡན་པའི་རྟགས་སུ་ཤང་ཤང་གི་ཁྲིའོ། །ཐབས་དང་ཤེས་རབ་ཉི་ཟླའི་གདན་དང་། མ་ཆགས་པདྨའི་གདན་དང་། རེ་བ་སྐོང་བ་རིན་པོ་ཆེའི་གདན་ནོ། །འོད་ཟེར་རྣམ་པར་དག་པ་ནི་སྐུ་ཡི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་འགྲོ་བ་དྲུག་འདུལ་བའི་འོད་ཟེར་ཁ་དོག་དྲུག་ཕྱོགས་བཅུར་གདུལ་བྱའི་གནས་སུ་སྤྲོས་པས་དྲུག་བཅུ་དྲུག་བཅུ་ཞེས་བརྗོད་དོ། །ཆེ་བའི་རྒྱན་ཕུན་སུམ་འཚོགས་པ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རྟགས་སྙན་ཆ་དང་། འགུར་ཆུ་དང་། དོ་ཤལ་ལ་སོགས་པ་སྟེ། དེ་དག་ཀྱང་རྒྱན་དང་རྒྱན་ཅན་ལྟ་བུ་ནི་མ་ཡིན་ཏེ། རིག་པ་ཉིད་རྒྱན་དང་རྒྱན་ཅན་གྱི་ཚོགས་སུ་སྣང་བ་ཐ་སྙད་དུ་སེམས་ཉིད་དུ་གཅིག་ཅེས་བརྗོད་དོ། །ལས་ནི་ལྔ་སྟེ། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། ལྷུན་གྱིས་གྲུབ་པའོ། །སྤྱིར་མཛད་པ་མ་འགག་པ་ཐམས་ཅད་འཕྲིན་ལས་བཞིའི་ངོ་བོ་ཡིན་པ་ནི་ཞིབ་པར་མི་སྤྲོ་སྟེ་ཡི་གེས་འཇིགས་པས་སོ། །ཡོངས་གྲགས་ཀྱིས་སྦྱིན་སྲེག་བཞི་ནི། རྒྱ་མཚོ་ལས་ཆུ་ཡི་ཐིག་པ་བཞིན་ནོ། །བཤད་པའི་སྐུ་ལ་སོགས་པ་གཅིག་ལ་ཡང་སྐུ་ལྔ་ཕྱེ་བ་དང་། ལྔ་གཉིས་ཀྱི་སྒྲས་གསུང་ལ་སོགས་པ་བཞི་ཡང་ལྔ་ལྔར་ཕྱེ་བའི་དུས་སྐབས་ན། ཞབས་བསྡུ་བ་ནི། བཅུ་ལྔའི་བྱེ་བྲག་རྣམས་ཞེས་པ་བཤད་བའི་གྲངས་ཏེ། ལྔ་ཚན་བཅུ་གཅིག་གི་བྱེ་བྲག་རྣམས་ཀྱི་མཚན་ཉིད་དང་། རང་བཞིན་ཅི་ལྟ་བ་ཤེས་པར་བྱས་ནས་ལྟ་བ་རྟོག་པ་དང་། དེ་ཉམས་སུ་ལེན་པ་ལ་བསྒྲུབ་པ་ཞེས་བྱའོ། །དེས་ན་བསྒྲུབ་བསྟན་པའི་སྐབས་སུ་ཤེས་པའི་ཚིག་ཉིས་ཀྱིས་བསྒྲུབ་པའི་སྔོན་དུ་ལྟ་བ་གལ་ཆེ་བར་གདམས་པའོ། །འདི་རྟེན་ཀྱི་གང་ཟག་སྨོས་པ་ཉིད་ཀྱིས་ཡུལ་བསྒྲུབ་པར་བྱ་བ་ཉིད་བསྲུང་བའི་ཚུལ་དུ་དྲུག་གམ་དུས་བཞིའམ། ཆུ་བོ་ལྟར་རྒྱུན་ཆད་མེད་པར་ཉམས་སུ་བླངས་ནས་མ་འདས་པ་ནི་བསྲུང་བ་རང་གི་ངོ་བོའོ། །རྒྱུད་ལ་ལྡན་ཚུལ་ནི་ཟག་བཅས་ཀྱི་དུས་སུ་རྟོགས་པའི་རྣལ་འབྱོར་ཅེས་བྱ་སྟེ་མོས་པའི་ང་རྒྱལ་གྱིས་གནས་པའོ། །ཟག་མེད་ནི་རང་གི་མཚན་ཉིད་ལྡན་ནས་མཐར་ལམ་ལ་ལྷུན་གྱིས་གྲུབ་པའོ། །དུས་ནི་དམ་ཚིག་བཀོད་པ་ལས། དུས་དང་རྒྱུན་ཆད་མེད་པར་བསྲུང་ཞེས་པས། ཟག་བཅས་ཟག་མེད་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་གིས་མཐར་ལམ་གྱི་བར་དུའོ། །ཁས་བླངས་པའི་ལྟ་བ་ལ་གསུམ་གྱི་མདོར་བསྟན་པ་ནི། ཞེས་པ་ལྔ་ལས་བྱེ་བྲག་ཏུ་ཞེས་པ་བསྒྲུབ་པའི་གཞི་གཞལ་བྱ་ཕྱི་ནང་གི་ཆོས་ལ་གྲུབ་མཐའ་ཡེ་ཤེས་སྐུ་རིགས་ལ་སོགས་པ་ཉམས་སུ་ལེན་པའོ། །ལྔ་ཞེས་པ་གཞལ་བྱའི་ཆོས་ཐམས་ཅད་ཀྱང་ལྔ་ཚན་དུ་འདུས་ལ། དེའི་འབྲས་བུའང་ལྔ་མཚན་དུ་སྣང་བས་སོ། །ལམ་ཞེས་པ་ལའང་ཞེས་པར་བསྒྱུར་ཏེ། མན་ངག་ལྔ་ཚན་དེ་ཉིད་ལ་བྱེ་བྲག་ཏུ་ཞེས་པ་ཉིང་ལག་བསྟན་པའི་ཚིག་གོ། །དེ་ཉིད་རྒྱས་པར་བཤད་པ་ལ་གཞལ་བྱ་འཁོར་བའི་ཆོས་ནི་ཕུང་པོ་ལྔ་ཞེས་པ་ལ་སོགས་པ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལྔ་ནི་ཤེས་ཟད་དོ། །དེ་ཉིད་མ་སྤང་པར་གནས་སུ་དག་པ་རྡོ་རྗེ་སེམས་དཔའ་ལ་སོགས་ཡབ་ལྔའི་རང་བཞིན་ཏེ། གསང་བའི་སྙིང་པོ་ལས། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་སོ། །འབྱུང་བ་ལྔ་ནི་ནམ་མཁའ་ལ་སོགས་པ་ལྔ་སྟེ། དེ་ཉིད་ལས། ས་ཆུ་སྤྱན་དང་མ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་པས་སོ། །དབང་པོ་ཞེས་པ་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་ལྔ་སྟེ། ཡུལ་ལ་ཤེས་པར་མཆེད་པའི་བྱ་བ་བྱེད་པ་དང་བཅས་པའོ། །དེ་ནི་ཡབ་ལྔ་སྟེ། ཐབས་ཀྱི་ཞགས་པ་ལས། དབང་པོ་ལྔ་ནི་ཡབ་ལྔའི་རང་བཞིན་ཞེས་པས་སོ། །ཡུལ་ལྔ་ནི་གཟུགས་ནས་རེག་བྱའི་བར་ལྔ་སྟེ་ཡུམ་ལྔའོ། །དེ་ཡང་དེ་ཉིད་ལས་ཡུལ་ལྔ་ནི་ཡུམ་ལྔའི་དེ་ཉིད་ཅེས་སོ། །ཡན་ལག་ཅེས་པ་བཞི་མགོ་དང་ལྔ་སྟེ། དེ་ཡང་རིགས་ལྔའི་རང་བཞིན་ཏེ། ཐབས་ཀྱི་ཞགས་པ་ལས་དབུ་དེ་བཞིན་གཤེགས་པའི་རིགས། ལག་པ་གཡས་པ་རྡོ་རྗེའི་རིགས། །གཡོན་པ་རིན་པོ་ཆེའི་རིགས། །རྐང་པ་གཡས་པ་ལས་ཀྱི་རིགས། །གཡོན་པ་པདྨའི་རིགས་ཞེས་རྒྱུས་པར་བཤད་དོ། །སོར་ཞེས་པ་སོར་མོ་ལྔ་སྟེ། དེ་ཡང་གཡས་པ་རྣམས་ལ་ཡབ་བཀོད་པ་དང་། གཡོན་པ་རྣམས་ལ་ཡུམ་བཀོད་པ་གསང་བའི་སྙིང་པོའི་ཕྱག་རྒྱའི་ལེའུ་བཞིན་ནོ། །ཡན་ལག་གི་དབང་གིས་ལྔ་བཞི་ཉི་ཤུ་ནི་གྲངས་སོ། །ཉོན་མོངས་ཞེས་པ་འདོད་ཆགས་ལ་སོགས་པ་ལྔ་སྟེ། དེ་ཡང་ཐབས་ཀྱི་ཞགས་པ་ལས། ཞེ་སྡང་ནི་རྡོ་རྗེའི་རིགས་ཀྱི་དམ་ཚིག་གོ། །འདོད་ཆགས་ནི་པདྨའི་རིགས་ཀྱི་དམ་ཚིག །གཏི་མུག་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག །ང་རྒྱལ་རིན་ཆེན་རིགས་ཀྱི་དམ་ཚིག །འཕྲག་དོག་ལས་ཀྱི་རིགས་ཀྱི་དམ་ཚིག་ཅེས་སྨོས་སོ། །དམ་རྫས་ནི་དམ་ཚིག་ཉམས་སུ་བླང་བའི་རྫས་ཏེ་བདུད་རྩི་ལྔའོ། །དེ་ཉིད་ཀྱང་བཤད་པའི་བདུད་རྩིའི་ལུང་གི་རིགས་ལྔའི་ངོ་བོའོ། །ཤ་ནི་ཤ་ཆེན་ལ་སོགས་པ་ལྔ་སྟེ། འདི་ཉིད་ཀྱི་གཞུང་གིས་ཤ་ཆེན་ནི་ལས་ཀུན་བསགས་གཞིའི་བདག་ཉིད་ལས། ཐུགས་རྡོ་རྗེའི་རིགས་གླང་པོ་ཆེ་ནི་འདེགས་སྟོབས་ཆེ་བས་སྟོབས་བཅུ་དང་ལྡན་པ་སྐུ་དེ་བཞིན་གཤེགས་པའི་རིགས། རྟ་ནི་རྐང་ལག་བཞི་མགྱོགས་པའི་ཤུགས་དང་ལྡན་པ། རྫུ་འཕྲུལ་གྱི་རྐང་པ་བཞི་ཡོན་ཏན་རིན་པོ་ཆེའི་རིགས། བྱ་ནི་རྨ་བྱ་སྟེ་སྤུ་སྡུག་ཅིང་སྐད་སྙན་པ་འགྲོ་བ་དབང་དུ་སྡུད་པ། གསུང་དབང་བཅུ་དང་ལྡན་པ། པདྨའི་རིགས་སྣང་བ་མཐའ་ཡས། ཁྱི་ནི་འཕྲག་དོག་གི་བདག་ཉིད་དེ་འདིར་འཕྲག་དོག་གནས་སུ་དག་སྟེ། བདག་གཞན་མཉམ་པ་ཉིད་དུ་རྟོགས་པ་ལས་ཀྱི་རིགས་དོན་ཡོད་གྲུབ་པའོ། །ནི་ཞེས་པ་རྣམ་གྲངས་གཞན་ཡང་སྡུད་པ་སྟེ། གང་ཞེ་ན། ཕྱོགས་དང་ཞེས་པ། ཕྱོགས་བཞི་དབུས་དང་ལྔ་སྟེ་རྒྱས་པའི་དམ་ཚིག་གི་ལེའུ་བཞིན་རིགས་ལྔའི་ངོ་བོའོ། །ཁ་དོག་ཅེས་པ་སྔོ་ནག་ཕྱོགས་གཅིག་པས་ལྔ་སྟེ། དེ་ཡང་རིགས་ལྔའི་ངོ་བོ་ཉིད་ནི་དམ་ཚིག་རྒྱས་པར་བཤད་པའི་ལེའུ་བཞིའོ། །འགྲོ་བ་ཞེས་པ་སྤྱིར་དྲུག་ཡིན་ཀྱང་ཉོན་མོངས་པ་ལས་སྣང་བས་རྒྱུ་ལྔ་ངེས་པ་དང་། འབྲས་བུའང་མི་ལ་བརྟེན་ཏེ་འགྲོ་བ་རྣམས་ཀྱི་ས་བོན་སོག་པའི་བཞི་ཡིན་པས། རྒྱུ་སྤྱི་དཀར་བཏང་བ་མི་མ་རྟོགས་པ་ལྔ་དང་། ཡང་ན་ལྷ་མ་ཡིན་སྟོད་རིས་ལྷར་བརྩི། སྨད་རིས་དུད་འགྲོར་རྩི་བས་འབྲས་བུ་སྤྱི་ཀར་བཏང་བ་སྟེ་ལྔར་བརྩི་བའོ། །དེ་ཡང་རྒྱུ་ཉོན་མོངས་པ་ལྔ་ལས་སྣང་བས་རྒྱ་མཚོར་གཤེར་ན་རླབས་གཤེར་བ་བཞིན། རིགས་ལྔའི་ངོ་བོ་ཉིད་དོ། །སྙིགས་མ་ཞེས་པ་བསྐལ་པའི་དངས་མ་འགྲིབ་ནས་སྙིགས་མའི་དུས་ལ་བབ་པ་ད་ལྟ་ལྟ་བུ་སྟེ། དེ་ཡང་ཚེའི་དངས་མ་བརྒྱད་ཁྲི་ལས་འགྲིབ་ནས་བཅུ་པ་འགྱུར་པ་ལྟ་བུ་དང་། དུས་ཏེ་བདུད་རྩི་ལ་ལོངས་སྤྱོད་ཅིང་ལོངས་སྤྱོད་ཐམས་ཅད་འགྲུབ་སླ་བ་ལས། ད་ལྟ་གྱི་དུས་སུ་ལོངས་སྤྱོད་ཀྱི་ཆེད་དུ་སྲོག་འདོར་བ་དང་། ཁ་ཟས་ཀྱི་ཆེད་དུ་མི་གསོད་པ་ལ་སོགས་པ་ནི་དུས་ཀྱི་སྙིགས་མ། དངས་མའི་དུས་སུ་དགེ་བཅུ་དང་རང་བཞིན་གྱིས་ལྡན་ཀྱང་། མི་དགེ་བ་བཅུའི་རྒྱུན་ཆགས་སུ་གནས་པ་ནི་ལས་ཀྱི་སྙིགས་མ། ཞི་བ་དང་དེས་པ་དང་འཇམ་པ་ལ་སོགས་པ་ལས། རང་བཞིན་གྱིས་འཁྲོ་བ་དང་། གཏུམ་པ་དང་བསད་བཅད་ལ་དགའ་བ་ནི་རང་བཞིན་གྱི་སྙིགས་མའོ། །ཉོན་མོངས་པ་ལྔ་སྐྱེ་བར་དཀའ་ལ་ཡལ་བར་སླ་བ་ལས་སྐྱེས་པ་རྒྱུན་རྟག་ནས་ཡལ་བ་ནི་ཉོན་མོངས་པའི་སྙིགས་མའོ། །དེ་ཉིད་ཀྱང་བསལ་སྤངས་མེད་པར་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་སྟེ། གསང་བའི་སྙིང་པོ་ལས། སྙིགས་མ་ལྔ་ཉིད་བདེ་ལྡན་གནས་ཞེས་སོ། །བག་ཆགས་ཞེས་པ་རྣལ་མ་དོན་གྱི་ཀུན་གཞི་མ་རྟོགས་པའི་དབང་གིས། བདག་འཛིན་ཉོན་མོངས་པ་ཅན་གྱི་ཡིད། དྲི་མ་ཅན་གྱི་འཁོར་བཞི་སྟེ། བདག་ཏུ་འཛིན་པ་དང་བདག་ལ་ཆགས་པ་དང་། བདག་ཏུ་རློམ་པ་དང་། བདག་ལ་ང་རྒྱལ་བའོ། །དེས་ན་ལྔའོ། །ཡང་ན་འགྲོ་བ་རིགས་དྲུག་གི་ས་བོན་ལྔར་བསྡུས་བ་ཉིད་བཤད་པ་ལྟར་ཀུན་གཞི་ལ་གནས་པའོ། །བཅུ་བདུན་ལ་སོགས་ཞེས་པ་བཤད་པའི་གྲངས་རྣམ་པ་བདུན་ཅུ་ཐམ་པ་སྟེ། སོགས་ཁོངས་སུ་འཁོར་བའི་ཆོས་ཐ་སྙེད་ཀྱི་ཡན་ལག་མ་ལུས་པ་ཐམས་ཅད་བསྡུས་པའོ། །དེ་ཉིད་ལོགས་རྟོག་རང་སྣང་གཟུང་འཛིན་འཁྲུལ་ཆོས་ཐུག་པ་མེད་པས་སྣང་བ་ལ་ནི་འཁོར་བ་ཞེས་བྱ་ལ། དོན་དེ་བྱེད་པ་མེད་ཀྱང་མཚན་ཉིད་འཛིན་པ་ལས་མི་འདའ་བ་ནི་ཆོས་སོ། །དེ་ནི་གཞལ་བྱ་སྟེ་ལམ་པ་རྣམས་ཀྱི་འཇུག་པའི་སྒོའོ། །གཏན་ཚིགས་གང་གིས་གཞལ་ན་ཐུན་མོང་གི་གཏན་ཚིགས་ཀྱིས་གཏན་མི་ཕིགས་ཏེ། འདིར་གསང་སྔགས་རང་གི་ཐུན་མོང་མ་ཡིན་པའི་གཏན་ཚིགས་རྟོགས་པ་བཞིན། དག་པ་གསུམ་དང་། མཉམ་པ་བཞིའི་གཏན་ཚིགས་བཞིས་གཞལ་བས། བྱིས་པ་ཡི་གེ་ལོབས་པ་མཐར་ཕྱིན་པ་བཞིན་ཉིད་མཐར་ཕྱིན་པ་གྲུབ་མཐར་མངོན་དུ་སྣང་སྟེ། གང་ཞེ་ན། སྤྱོད་ཡུལ་ཀ་དག་པར་བསྟན་པ་ནི། ཡེ་ཤེས་སྐུའི་རིགས་ཞེས་པ་ལ་སོགས་པ་སྟེ། བཤད་པ་བཞིན་ཡེ་ཤེས་ལྔ་དང་སྐུ་ལྔ་དང་། རིགས་ལྔ་དང་། ཡབ་ལྔ་དང་། ཡུམ་ལྔ་སྟེ། འཁོར་བའི་ཆོས་བཤད་པ་ཉིད་ཀྱི་དོན་གྱི་སྐབས་སུ་སྦྱར་བ་བཞིན་ནོ། །བསྡུས་པའི་སྒྲ་ནི། གསང་བའི་སྙིང་པོ་ལས། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད་ཅེས་སོ། །དོན་དེ་ཉིད་བྱས་པ་མེད་པར་རང་བཞིན་ནམ། ངོ་བོ་ཉིད་ཀྱིས་འཁོར་བ་གཟུང་འཛིན་གྱི་དྲི་མ་འཕྲ་རགས་རྣམས་ངང་གིས་མ་གྲུབ་སྟེ་གོང་དུ་བཤད་པ་བཞིན། ཉོན་མོངས་པ་ངང་གིས་ཀ་དག་པའི་དོན་ཐོས་པའི་ཤེས་རབ་ཀྱིས་དོན་སྤྱི་ཡིད་ཀྱི་ཡུལ་དུ་བྱས། བསམ་པའི་ཤེས་རབ་ཀྱིས་རིག་པ་ལ་ཉམས་སུ་ལེན་ཏེ་ཡུལ་དང་ཡུལ་ཅན་མེད་པར་རིག་པ་རང་གསལ་རང་སྣང་ཤར་ཆེད་བྱས་ཕྲ་བའང་མེད་པ་ནི་ལྟ་བ་བློ་དངོས་འཕྲོད་ཅེས་བྱ་སྟེ། ལ་ལ་དག་གིས་དུ་མ་རོ་གཅིག་ཅེས་ཀྱང་འཆད་དོ། །དེ་ལྟ་བུའི་རྟེན་གྱི་གང་ཟག་ནི་སྤྱོད་པ་ནི་དབང་པོ་ལ། དེ་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་ལྟ་བའི་ངང་དུ་ལྷུན་གྱིས་གྲུབ་པས་ལྟ་བ་ལ་དམ་པ་འཛིན་པ་དང་ཡང་བྲལ་ཏེ་བློ་མཉམ་པ་ཉིད་ནམ་མཁའ་ལྟར་གྱུར་ནས་ཞེ་འདོད་ཕྲ་བ་མ་དམིགས་པ་ནི་ཡོངས་སུ་དག་པ་ཞེས་བྱ་སྟེ། དེ་ལྟ་བུའི་དགོངས་པ་མངའ་བ་ལ་ནི། ཤེས་བྱའི་ཡུལ་གཞིའི་དོན་གྱི་རྣལ་མ་ལ་རིག་པ་རྟོགས་པའི་བློ་འབྱོར་པའོ། །དེ་ལྟ་བུ་ལ་ནི་ལྟ་བ་ཞེས་བྱ་སྟེ་སྔར་མ་མཐོང་བའི་དོན་མཐོང་བ་ཡིན་ཀྱང་ད་རུང་བསྒོམ་པ་ལ་རག་ལས་པས་ཟག་བཅས་ཀྱི་མཐོང་ལམ་ཞེས་བྱའོ། །འདི་ཡང་རྟེན་གྱི་གང་ཟག་གོང་དུ་སྨོས་པ་ཉིད་ཀྱིས་ཡུལ་ཤེས་པར་བྱ་བ་ལྟ་བའི་ངོ་བོ་ལ་ཚུལ་ཐོས་བསམ་གྱིས་རྟོགས་པའི་ཐབས་ལ་འབད་པའོ། །ལྟ་བ་རྟོགས་པའི་དོན་ལས་མི་འདའ་བའོ། །རྒྱུད་ལ་ལྡན་པའི་ཚུལ་ནི་ལས་དང་པོ་བའི་དུས་སུ་མོས་པས་བསྲུང་། ཟག་མེད་ནས་རང་གི་མཚན་ཉིད་ཅི་བཞིན་པར་ལྡན། མཐར་ལམ་ལ་ལྷུན་གྱིས་གྲུབ་པའོ། །དུས་ནི་ཐོག་མ་འཇུག་པའི་དུས་ནས་མཐར་ལམ་གྱི་བར་དུ་མི་འདའ་བའོ། །ཡན་ལག་ནི་གཉིས་པ་ཐུན་མོང་གི་མདོར་བསྟན་པ་ནི། ཐུན་མོང་གི་དམ་ཚིག་མདོར་བསྡུས་ན་ཞེས་པ། འཆད་པ་འདི་དག་ཐེག་པ་དགུ་ཀུན་ཀྱི་བསྲུང་བྱ་ཐུན་མོང་པ་ཡིན་པ་དང་། ཕྱི་རོལ་པ་རྣམས་དང་འཇིག་རྟེན་པ་ཡ་རབས་རྣམས་ཀྱི་འང་བསྲུང་བྱ་མང་བས་སོ། །དེ་ཉིད་གསང་སྔགས་ལ་གནས་པ་རྣམས་ཀྱིས་བསྲུང་བས་དམ་ཚིག་ཅེས་བྱ་སྟེ། རྒྱས་པར་བཤད་ན་འབུམ་སྡེའི་གྲངས་མི་རྫོགས་པས་ཉུང་ངུ་མདོར་བསྡུས་ན་འཆད་པའི་བདག་དོན་དུ་བསྲུང་བ་དང་། གཞན་དོན་ལ་སྦྱོར་བ་རྣམ་པ་གཉིས་སུ་ཤེས་པར་བྱ་ཅེས་སོ། །དང་པོ་བདག་དོན་ལ་གཉིས་ཀྱིས་སྤང་བྱའི་སྐྱོན་བསྟན་པ་ནི་རྒྱན་འབྱེད་ཅེས་པ་ལ་སོགས་པ་སྟེ། རྒྱན་བཙུག་ནས་དེ་ཐོབ་པའི་ཐབས་ཀྱི་འབྱེད་པ་ནི་གང་ཞེ་ན། ཤོ་དང་། ཆོ་ལོ་དང་། མིག་མང་དང་། ཁྲས་འབྱེད་པ་ལ་སོགས་པའོ། །ལུས་མཛེས་ཞེས་ཏེ་ལུས་མཛེས་པར་བྱེད་པའི་ཐབས་ཀྱི་ཡན་ལག་རྣམས་འཆང་བས་སོ། །འདུས་པ་ཞེས་པ་དམག་དང་། འཐབ་མོ་དང་། སྟོན་མོ་དང་། ཚོང་ཁང་ལ་སོགས་པ་མི་མང་པོ་འདུ་བའི་སར་འགྲོ་བ་སྤང་སྟེ། དགྲ་སྡང་སྡིག་འཕེལ་མ་བསྔགས་འཆི་ཉེན་ཅན། །དེ་ཕྱིར་མཁས་པས་འཁྲུག་པའི་ལྟད་མོ་སྤང་། །ཞེས་སོ། །ཆང་དང་བཅས་པ་གསང་སྔགས་ཕྱི་ནང་རང་ས་སྤང་སྟེ། ཀྲི་ཡ་ལས་ཤ་ཆང་སྒོག་ཙོང་སྤང་ཞེས་རྩ་བའི་དམ་ཚིག་ཏུ་བྱས་པ་དང་། ཡོ་ག་རྡོ་རྗེ་རྩེ་མོ་ལས། ཕུང་ཁྲོལ་ཀུན་ཀྱི་རྩ་བའི། །ཆང་ནི་རྣམ་པར་སྤང་བར་བྱ། །ཞེས་དམ་ཚིག་དུ་ཕོག་པ་དང་། མ་ཧཱ་ཡོ་གའི་མ་རྒྱུད་དགྱེས་པའི་རྡོ་རྗེ་ལས། དེར་ནི་ཆང་ཡང་བཏུང་བར་བྱ་ཞེས་པ་ཚོགས་ཀྱི་སྐབས་སུ་གནང་ལ། དེར་ནིའི་སྒྲས་གཞན་དུས་ཐམས་ཅད་དུ་སྤང་བར་བསྟན་པ་དང་། བདེ་མཆོག་སྡོམ་པ་འབྱུང་བ་ལས། ཚོགས་ཀྱི་འཁོར་ལོའི་སྐབས་སུ་ཆང་དགོས་པས་དེའི་ཐབས་སུ་ཡབ་ཀྱི་སྦྱོར་བ་རྣམས་བཤད་ཀྱང་། བྱིན་གྱིས་མ་རླབས་པའི་ཆང་འཐུངས་ན་དམྱལ་བ་ངུ་འབོད་དུ་སྐྱེ་བར་གསུང་པ་ཕ་རྒྱུད་ཀྱི་བཤད་རྒྱུད་གདོང་དྲུག་པ་ལས། ཉེས་པ་ཐམས་ཅད་སྐྱེད་པའི་ཆང་ནི་སྔགས་པས་སྤང་བར་བྱ་ཞེས་པ་དང་། དཔའ་ཡང་དག་གྲུབ་པ་ལས། བསྒྲུབ་པོ་རྣམས་ཀྱིས་ཏིང་ངེ་འཛིན་གྱི་འགལ་རྐྱེན་ཆང་སྤང་པར་གསུངས་པ་དང་། མདོ་དགོངས་པ་འདུས་པ་ལས། ཐུགས་ཐུབ་རས་ཆོད་ང་རྒྱལ་རི། །དྲེགས་བྱེད་དབང་པོ་ཉམས་པའི་བཅུད། །སྙོམས་ལས་ལེ་ལོའི་གཞིར་གྱུར་པ། །དཔའ་བྱེད་རྐྱེན་ཡང་རྣམས་པར་བསྡམ། །ཞེས་པས་རྣམ་པ་ཐམས་ཅད་དུ་སྤང་བྱའོ། །དྲེགས་སྤྱོད་ནི་ལུས་ངག་ཡིད་གསུམ་གྱི་ཆོས་ཏེ། ལུས་ཀྱི་སྒོ་ནས་མཆོང་བ་དང་། རྒྱུག་པ་དང་། གྱད་འདེགས་པ་དང་། སྟོབས་འདེགས་པ་དང་། མ་ཞི་བས་སྤྱོད་པ་རྣམས་སོ། །ངག་གི་སྒོ་ནས། ཚིག་རྩུབ་དང་། གཞན་གྱི་ཞེ་བཀལ་ཞིང་རང་སྤངས་མཐོ་བའི་ཚིག་ཐམས་ཅད་དོ། །སེམས་ཀྱི་སྒོ་ནས་ཁེང་སེམས་ཞེས་པས་མཐོ་བ་བླ་མ་ལྟ་བུ་དང་། བར་མ་གྲོགས་པོ་ལྟ་བུ་དང་། དམའ་བ་སེམས་ཅན་ཐ་མལ་བ་ལ་མི་གུས་ཤིང་ང་རྒྱལ་དང་ལྡན་པའོ། །རྡོ་རྗེ་གསུམ་པོས་ཕྱག་བྱེད་ནི། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་བྱིན་གྱིས་རླབས་ནས་དེ་མ་ཡིན་པ་ལ་ཕྱག་བྱེད་པའོ། །དེ་ཡང་ཞར་ལ་དགོངས་པ་མཐོན་པོས་དམའ་བ་ལ་ཕྱག་བྱེད་པ་དང་། དབང་གྲངས་མང་བས་ཉུང་བ་ལ་ཕྱག་བྱེད་པ་དང་། དབང་ཟབ་པས་མི་ཟབ་པ་ལ་ཕྱག་བྱེད་པ་དང་། ཕྱི་རོལ་དང་བསྟུན་ནས་སློབ་དཔོན་གྱིས་ཕྱག་བྱེད་པ་དང་། ཞར་ལ་ཉན་ཐོས་ཀྱི་སྡོམ་པ་མཐོ་དམན་དང་། ཚང་མི་ཚང་རྣམས་ཀྱང་ཤེས་པར་བྱའོ། །ཆེ་ངག་ནི་རང་དེ་ཙམ་མིན་པར་གོང་མ་མཆེད་པོ་རྣམས་ཀྱི་གསུང་གི་ཚུལ་དང་། སྐད་ཀྱི་གདངས་ལྟར་བཅོས་པའོ། །དགེ་སྨོད་ནི། གཞན་གྱིས་དགེ་བ་ཆེ་ཕྲའི་བྱེ་བྲག་གང་བྱས་ཀྱང་། ཁོ་ཁེ་གྲགས་འདོད་པ་ཡིན་བྱ་བ་ལྟ་བུའམ། ཚུལ་འཆོས་བྱེད་པ་ཡིན། ཁོ་ལ་དེ་ཙམ་མ་བབ། ཁོ་ལ་དེ་ཙམ་མི་འོང་ཟེར་བ་ལྟ་བུའོ། །སྡིག་བསྟོད་ནི་གཞན་གྱི་རྣམས་པར་བརླང་བའི་ལས་ཆེ་འཕྲ་ཅི་བྱས་ཀྱང་ཁོ་དཔའ་བོ་ཡིན། རྒོད་པོ་ཡིན། རེམ་པ་ཡིན། ཕྱུང་འཇལ་ནུས་ཞེས་བསྟོད་ར་གཏོང་བ་ལྟ་བུའོ། །ལེ་ལོ་ནི་གཞན་བསྒྲུབ་རྒྱུ་མེད་པར་ཡེངས་མ་ཤོར་བ་སྟེ། བསྒྲུབ་པ་ལ་མི་འགྲུབ་པའོ། །སེར་སྣ་ནི། བླ་མ་དང་དཀོན་མཆོག་དང་གྲོགས་པོ་དང་བསྒྲུབས་པའི་ཕྱོགས་སུ་ཟས་ནོར་གཏོང་མི་ནུས་པ་སྟེ་འཆི་བའོ། །གཉིད་ནི་དགེ་བ་སྲོག་དང་འདྲ་བའི་དགྲ་སྟེ་རང་དབང་མེད་པར་སེམས་ནང་དུ་སྡུད་ནས་འཐིབ་པའོ། །གཡེང་བ་ནི་འཇིག་རྟེན་གྱི་བྱ་བས་ཁྲིད་ནས་དགེ་བ་ལ་མི་བརྩོན་པ་སྟེ་ཟུར་ཀའི་འཇག་མ་ལྟ་བུ་བློ་ཕྱོགས་གཅིག་དུ་མི་གནས་པའོ། །འཁྲོ་གཏུམ་ནི་ལུས་འཁྲོ་ཞིང་སེམས་གཏུམ་པ་སྟེ། ཞེ་སྡང་གིས་བསླང་བའི་ལས་མངོན་དུ་སྣང་བའོ། །ཡེ་ཤེས་སྔོན་མི་གཏོང་ཞེས་དཔེར་ན་རང་བྱུང་གི་ཡེ་ཤེས་ཡེ་ནས་རང་ཆས་སུ་ལྡན་པ་དང་འདྲ་བར་རང་རྒྱུད་ངན་པ་སྟེ་ཉོན་མོངས་པ་ལྔ་གང་དང་གང་ཤེས་ཆེ་བ་དང་། མཚན་ཉིད་གྱོང་བ་ལྟ་བུ་བླ་མ་དང་གྲོགས་པོས་བསྟན་ཅིང་བཅོས་ཀྱང་རང་གི་སྔོན་གྱི་རྒྱུད་མི་གཏོང་བའོ། །བཀའ་ཅོག་ནི་བླ་མ་དང་གྲོགས་པོའི་འོ། །སྡིག་པའི་གྲོགས་བསྟེན་ནི་མི་དགེ་བ་ལ་ཞུགས་པའི་གང་ཟག་གཉིས་པོ་དང་རྔོན་པ་ལྟ་བུ་དང་ཆོས་དོན་དུ་མི་གཉེར་བ་དང་འགྲོགས་པ་ལྟ་བུའོ། །བག་མེད་སྤྱོད་ནི་ཞིང་དག་པ་རྣམས་ཀྱི་ཐུགས་ཀྱིས་མ་བབས་པའི་སྤྱོད་པ་དང་། བར་པ་རྣམས་ཀྱི་ཡིད་ལ་གནོད་པ་དང་། དམན་པ་རྣམས་ལ་དངོས་སུ་སྤྱོད་པའོ། །དམ་བཅས་འདོར་ནི། དགེ་བ་དང་། བསྒྲུབ་པ་དང་། བསོད་ནམས་ཀྱི་ཕྱོགས་བྱེད་པར་དམ་བཅས་ནས་གཞུང་དུ་མི་བཙུད་དེ་འདོར་བའོ། །ཆོག་མི་ཤེས་པ་ནི་འདོད་པའི་འདོད་ཆགས་ཟས་ནོར་གྱི་བྱེ་བྲག་ཡོད་ཀྱང་ཆོག་མི་ཤེས་ཏེ་སྲིད་པ་མེ་འདྲ་བ་དང་། འདོད་ཆགས་གཉིས་པའང་དེ་དང་མཚུངས་སོ། །དམ་པོ་དགའ་ཞེས་པ། དགེ་བ་དང་ཆོས་ཀྱི་དོན་དང་། ཡོ་བྱད་རྣམས་གཞན་གྱིས་མཐོང་ཞིང་ཚོར་བའི་ཕྱིར་དམ་པོ་ལ་དགའ་བའོ། །སྤང་བྱ་ནི། གོང་གི་རྣམས་གྲངས། དགེ་བ་བཅུ་ཤེས་པ་དང་མཚུངས་པས་སྤངས་པ་ཉིད་ཀྱིས་དམ་ཚིག་རྫོགས་པའོ། །ཉི་ཤུ་གཅིག་ནས། བཤད་པ་ཉིད་ཀྱི་གྲངས་སོ། །བཟློག་ཅེས་པ་ཡང་ཏེ་མི་གནས་པར་བྱས་པའོ། །དེས་ཅིར་འགྱུར་ཞེ་ན། བདག་དོན་མཆོག་ཏུ་འགྱུར་པ་སྟེ་ཞེས་པ། བདག་གི་དོན་དུ་འགྱུར་ཏེ། དམ་ཚིག་རྫོགས་པ་དང་། དེ་ཉིད་ལ་གཞན་ཐམས་ཅད་དགའ་བ་བས ། གཞན་གྱི་དོན་དུ་འགྱུར་བ་དང་། དོན་དེས་བདག་གཞན་གཉིས་ཀ་འབྲས་བུ་ལ་སྦྱོར་བའི་དོན་དང་། དེ་ཉིད་ཀྱིས་ཆོས་ཀྱི་དོན་དུའང་འགྱུར་བ་དང་། མཆོག་ཏུ་འགྱུར་བ་སྟེ་ཆེའོ། །ཀུན་ཀྱིས་ཞེས་པ། སྐྱེ་བོ་དང་གསང་སྔགས་ཀྱི་བར་ཀུན་གྱིས་ཉམས་སུ་བླངས་པའི་སྦྱོར་བ་བདག་ཉིད་ཁུར་བ་ནི་བཀུར་བ་སྟེ་དོན་འགྱུར་བཞིའི་འབྲས་བུའང་ཡིན་ལ། དམ་ཚིག་བསྲུངས་བའི་འབྲས་བུའོ། །གཞན་དོན་ལ་གཉིས་ཀྱི་ངོ་བོ་ཉམས་སུ་བླངས་པ་ནི། ཕ་རོལ་ཕྱིན་དྲུག་ཅེས་པ། སྦྱིན་པ་ལ་སོགས་པ་དྲུག་དང་། ཆོས་སྤྱོད་བཅུ་ནི། ཡི་གེ་འདྲི་དང་མཆོད་སྦྱིན་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཐོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པའོ། །ཞེས་སོ། །རྣམས་བཞི་ལས་ཀྱི་སྤྱོད་པ་ནི། ཞི་རྒྱས་དབང་དྲག་བཞི་ལས་ཀྱི་སྤྱོད་པའམ། ཡང་ན་འདིར་ཐུན་མོང་གི་ཐེག་པའི་སྒོ་ནས། གཞན་དོན་བྱེད་པའི་སྐབས་ཡིན་པས། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་རྣམས་པ་བཞིའི་འཕྲིན་ལས་ཀྱི་སྒོ་ནས་གཞན་དོན་སྤྱོད་པའི་གསུངས་སོ། གཞན་ཡང་གདུལ་བྱ་དང་མཐུན་པར་དོན་ལ་འཇུག་པའི་ཐབས་མ་འགག་པའི་སྤྱོད་པ་ནི་གང་ཞེ་ན། ཉན་ཐོས་ལ་སོགས་པའི་ཐེག་པ་དགུ་དང་། གཞི་དེ་ལས་གོལ་བའི་མུ་སྟེགས་དགུ་སྟེ། མདོ་ཆོས་ཀྱི་མེ་ལོང་ལས་བཤད་པ་བཞིན་ནོ། །གཞན་ཡང་གདུལ་བྱ་འགྲོ་བ་དྲུག་རང་འཐད་ཀྱི་སྤྱོད་པ་རྣམས་ཀྱང་། གང་ལ་གང་འདུལ་དེ་ལ་སྣང་བ་ཉམས་བླང་སྟེ། འདི་ཉིད་ཀྱི་གླད་དུའང་ནང་རིག་ལ་ལ་མུན་པ་སྣང་ཕྱིར་དང་། ཞེས་པ་དང་། གཅིག་གིས་འཐད་པ་མ་ཡིན་ལ། ལ་ལ་ཆ་མཐུན་སྤྱོད་པའི་རིགས་ཞེས་སོ། །དེ་དག་ཞིབ་པར་དབྱེ་བ་ནི། གཞན་དུ་ཤེས་པར་བྱའོ། །འཛིན་དང་ཉམ་ང་མེད་པར་སྤྱད་ཅེས་པ། གོང་མ་ལྟ་བུར་གདུལ་བྱའི་དོན་ཅི་ལྟར་བཤད་ཀྱང་སེམས་ཉིད་ཀྱི་ངང་དུ་ཤེས་པས། ཡུལ་དང་ཡུལ་ཅན་མེད་དེ། སྤྱོད་ལ་མི་འཛིན་པ་དང་། ཐེག་པ་འོག་མ་པ་དང་། མུ་སྟེགས་དང་། འགྲོ་དྲུག་གི་སྤྱོད་པ་རྣམས་གདུལ་བྱ་དང་མཐུན་པར་སྤྱོད་ཀྱང་། བཤད་པའི་གཏན་ཚིགས་ཀྱིས་ལྷུང་དོགས་ཀྱི་ཉམས་ང་བ་དང་བག་ཚ་བ་མེད་དེ། དོན་དེས་ཉམ་ང་མེད་པར་སྤྱད་ཅེའོ། །དེའང་ཀླད་དོན་དུ། སངས་རྒྱས་མཛད་པར་དེ་གསུངས་སོ་ཞེས་གདམས་སོ། །བསྲུང་ཐབས་ཀྱི་སྒོ་ནས་ཞབས་བསྡུ་བ་ནི་གཉིས་ལས། ཕྱུག་པོའི་ལུག་རྫིའི་ལུས་རྩི་བ་དང་མཐུན་པར་བསྲུང་བ་ནི། བསྲུངས་བ་དེ་དག་གྲངས་བཏབས་ནས། །ཞེས་པ། དཔེར་ན་ཕྱུག་པོའི་ལུག་མང་པོ་རྫི་བུས་འཚོ་བ་ནི། གྲངས་མང་བ་དག་གལ་ཆེ་མ་གཏོར་ན་བྱ་དགའ་འཐོབ་གཏོར་ན་ཆད་པའོ། །བའི་ངོས་ནས། གོ་ཆ་ཆེན་པོ་དང་ལྡན་ཏེ། ཉིན་གཅིག་ལན་གསུམ་ཚང་མི་ཚང་བརྩི་བ་དང་། མ་ཚང་ན་ཚོར་བའི་ཐབས་ལ་འབད་པ་དང་། མཚན་པ་དེ་བཞིན་དུ་བརྩོན་འགྲུས་བྱ་བ་བཞིན་དུ། མཆོག་གི་ཐེག་པ་ལ་ཞུགས་པའི་རྟེན་གྱི་གང་ཟག་འཇུག་པའི་སྒོ་དབང་གི་དུས་སུ་དམ་ཚིག་རྣམས་ཕོག་ནས། དེ་ཉིད་རྩ་བ་ཡན་ལག་རྒྱས་པར་ཤེས་པར་བྱ་སྟེ། མཆོག་དང་ཐུན་མོང་གི་ཡོན་ཏན་ཐམས་ཅད་ཀྱི་གཞིའི་ཕྱིར་གལ་ཆེ་བས་ཉིན་ལན་གསུམ་མཚན་ལན་གསུམ་བསྔོ་བགྲང་བྱ་སྟེ་མ་ཚང་ན་བསྐང་བའི་ཐབས་ལ་འབད་པ་དང་ནས་ཞེས་པས། དེ་ཙམ་གྱི་སར་བཞག་པས་མི་ཆོག་སྟེ། རྒྱུན་དུ་མི་ཡེང་པར་བྱས་པ། རྒྱལ་པོའི་མཛོད་སྒོ་བསྲུང་བའི་ཚུལ་དུ་ཉམས་སུ་བླང་བ་ནི། དྲན་དང་ཤེས་བཞིན་གྱི་སྤྱོད་པ་ཞེས་པ་སྟེ། རྒྱལ་པོའི་མཛོད་སྒོ་བསྲུང་བ་ནི་བསྲུང་ཐུབ་ན་ཡིག་ཚང་ཐོབ་ལ། བསྲུང་མ་ཐུབ་ན་ཆད་པས་ཕོག་པས། རྒྱུན་གྱི་དྲན་པ་དང་ཤེས་བཞིན་གྱིས་མ་ཡེངས་པར་གནས་པ་བཞིན། འདིར་ཡང་བསྲུང་ཐུབ་ཀྱི་སྐྱོན་ཡོན་འཆད་པ་བཞིན་འགྱུར་བས། ཉིན་མཚན་དུས་དྲུག་གི་བསྔོ་བ་བགྲངས་བྱས་ནས། དེ་དག་གི་བར་སྐབས་སུ་ཕྱལ་བར་འདུག་པ་ལྟ་བུ་མ་ཡིན་ཏེ། དྲན་པས་མ་ཡེང་པར་བྱས་ནས། ཤེས་བཞིན་གྱིས་ཡེངས་མ་ཡེངས་ཀྱི་བྱ་ར་བྱས་ཏེ། དེ་ལྟ་བུ་རྒྱུན་པར་གནས་པ་ཉམས་སུ་བླང་བ་ལ་ནི། སྤྱོད་པ་ཞེས་བྱ་སྟེ། ཉེས་པའི་གཏན་ནས་མི་གོས་ཏེ། དམ་ཚིག་གི་ངོ་བོ་ལྷུན་གྱིས་གྲུབ་པ་ལ་ནི། ལམ་ཉམས་སུ་ལེན་པ་ལས་མི་འདའ་བས་རྣལ་འབྱོར་ཏེ། ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ལས་རང་དབང་དུ་བསྒྱུར་བས་དབང་ཕྱུག་ཅེས་བྱའོ། །ཆེན་པོ་ནི། ཐེག་པ་མཆོག་འདི་ཉིད་འབའ་ཞིག་ལས་མ་གཏོགས་པ། གཞན་རྣམས་པར་བཅད་པའོ། །ཞེས་དཔལ་ཀུན་དུ་བཟང་པོའི་རྒྱུད་དུ་གསུངས་སོ། །ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་ཞེས་སོ། ༈ །སྤྱི་དོན་བཞི་པ་ཉམས་པར་གྱུར་པའི་རྒྱུ་བསྟེན་པ་ནི། གསུམ་ལས། མདོར་བསྟན་པ་ནི། ཉམས་པ་གྱུར་པའི་རྒྱུ་དག་ནི། །ཞེས་པ། སྤྱིར་ནི་ཉམས་པའི་རྒྱུ་བག་ལ་ཉལ་ཉོན་མོངས་པ་ལྔ་ཡིན་ཀྱང་། ཐེག་པ་མཆོག་འདིར་འོག་མ་དང་མི་འདྲ་བས། རྒྱུ་ཉོན་མོངས་པ་ལྔ་ཉིད་སྤངས་པ་མེད་པར་ཡེ་ཤེས་སུ་དག་སྟེ། དོན་དམ་བྱང་ཆུབ་སེམས་སུ་བཤད་པ་དང་། ཡན་ལག་གི་མི་སྤངས་པ་ལྔ་དང་། ཤེས་པའི་དམ་ཚིག་དུ་བཤད་པ་ལྟར། ཡེ་ཤེས་སུ་རྟོགས་ཏེ། ཉོན་མོངས་པ་ངང་གིས་མི་གནས་པ། ཉི་མའི་སྙིང་པོའི་དཔེས་བསྟན་པ་ལྟར་རོ། །དོན་དེས་ན་འདིར་ནི་ཉི་མ་ལ་བལྟ་བ་པོའི་ངོ་ལ་གློ་བུར་སྤྲིན་གྱི་སྒྲིབས་པ་ལྟར། མངོན་དུ་རྒྱུ་བའི་ཚོགས་རྣམས། བསྐུལ་བྱེད་ཀྱི་རྐྱེན་ཡང་ཡིན་ལ། དེ་ཉིད་ཀྱི་སྟོབས་ཀྱིས་སྣང་བས་རྒྱུ་ཞེས་འདོགས་སོ། །དེ་དག་ཀྱང་གང་ཡིན་ཞེ་ན། མི་ཆོས་བློན་པོའོ་ལས་བྱེད་པ་དང་ཞེས་པ་ལ་སོགས་པ་སྟེ། ལྷ་ཆོས་ལ་དགར་བའི་མི་ཆོས་སྨོས་ཏེ། བློན་པོ་ནི་འཇིག་རྟེན་གྱི་རང་ཡན་ཆོད་པས་བཀུར་བ་དང་། མན་ཆོད་པ་བསྐྱང་པ་གཉིས་ཀྱི་ལས་ཀྱིས། འཇིག་རྟེན་གྱི་འདུན་མ་བྱེད་པ་སྟེ། དེའང་རང་ཕྱོགས་རྒྱལ་བ་དང་གཞན་ཕྱོགས་ཕམ་པའི་ཐབས་སོ། །དེ་དག་གལ་ཆེ་བས་ཞིབ་པར་བཤད་ན། ལས་དེ་ཉིད་ཀྱི་ཆགས་སྡང་བསགས་པའི་དབང་གིས། སློབ་དཔོན་གྲངས་ཀྱི་ཐུགས་དང་འགལ་བ་དང་། གྲོགས་ཀྱི་ཐུགས་དང་འགལ་བ་དག །སྲིད་པ་དང་། བློན་པོའི་ལས་གཡེང་བའི་དབང་གིས། གསུང་གི་དམ་ཚིག་ལས་གཡེལ་བར་འགྱུར་བ་དང་། དེ་དག་གིས་དབང་གིས་ཐུགས་ཀྱི་དམ་ཚིག་གསང་ཆུ་འཛགས་སུ་ཤོར་བ་དང་། སྤྱད་པར་ལྔ་ཡུལ་དང་འཕྲད་ཀྱང་ཡལ་བར་དོར་བ་དང་། མི་སྤང་བ་ལྔའི་དགོངས་པ་ཉམས་སུ་མ་ལེན་པ་དང་། དང་དུ་བླང་བ་ལྔ་དུས་ལས་འདས་པ་དང་། ཤེས་པ་ལྔ་ཚིག་གི་ལྟ་བ་ལ་ཤོར་བ་དང་། བསྒྲུབ་པ་ལྔ་ཡལ་བར་བོར་བའོ། །ཐུན་མོང་གི་ཡན་ལག་རྣམས་ཀྱང་། ལེ་ལོ་དང་གཡེང་བས་དུས་འདས་པ་སྟེ། བློན་པོའི་ལས་ནི་དམ་ཚིག་ཉམས་པའི་རྒྱུ་ཆེ་བས་ཆེ་བའོ། །བདག་བསྟོད་ནི་ཆོས་དང་འཇིག་རྟེན་པའི་སྒོ་ནས་བདག་བསྟོད་པ་སྟེ། དེའང་སྐུ་ཡི་དམ་ཚིག་ལས་ཉམས་པ་ལས་ཁ་ཐག་ཉེ་བ་དང་། ཆོས་ཀྱི་སྒོ་ནས་ཐུགས་དམ་ཉམས་པ་ལས་ཁ་ཐག་ཉེ་བའོ། །གཞན་སྨོད་ནི། བདག་བསྟོད་དང་། འགྲོགས་ཀྱང་། བདག་གཞན་གཉིས་ཀྱི་ངོས་ནས་གཉིས་སུ་བརྩིས་ཏེ། ཡུལ་གྱི་སྒོ་ནས། སྐུ་དམ་ཉམས་པ་ལ་ཁ་ཐག་ཉེའོ། །ཟུར་ཟ་མཁན་ནི། བླ་མ་དང་གྲོགས་པོ་སྟེ། འདིའང་སྐུ་དམ་ཚིག་ལས་ཁ་ཐག་ཉེ་ལ། གཞན་མའང་ཞིབ་པར་དཔྱད་པར་བྱའོ། །ཟས་ནོར་ཁེ་འདོད་པ་དང་། འཇིག་རྟེན་གྱི་གྲགས་པ་འདོད་པ་ཉིད་ཀྱི་ཕྱིར་འདུ་བའི་ཚོགས་ཉམས་སུ་ལེན་ཅིང་བརྟེན་པ་ནི། འཇིག་རྟེན་གྱི་ཤིང་དང་། རྟ་རྒྱུག་དང་། འབུལ་འབྱེད་ཆེན་པོ་བྱེད་པ་ལྟ་བུ་སྟེ། དེ་ནི་བློན་པོའི་ལས་བྱེད་པ་དང་མཚུངས་པར་ཤེས་པར་བྱའོ། །རྫས་ནི་ཟས་ནོར་གྱི་ཕྱོགས་ལ་ཆགས་སེམས་ནི་གཏོང་མི་ཕོད་པ་སྟེ། དེའང་སྐུ་དམ་ལ་ཁ་ཐག་ཉེ་ལ། གཞན་མའང་ཆ་འཕྲ་བར་ཡོད་པར་ཤེས་པར་བྱའོ། །རང་ཕྱོགས་ཆེ་ཞིང་རང་ཉིད་གཅིག་པུའི་ཕྱོགས་བསྐྱོད་ཅིང་། གཞན་པ་ཡལ་བར་བོར་བ་སྟེ། དེའང་སྐུ་དམ་ལ་ཁ་ཐག་ཉེ་ལ། གཞན་པ་ཆ་འཕྲ་བར་ཤེས་སོ། །ཆང་དང་ནི་དེ་གཅིག་པུ་ལ་དགའ་བ་དང་། དེའང་མི་ཆོས་བློན་པོའི་ལས་དང་མཚུངས་པས། རྩ་བ་དང་ཡན་ལག་ཀུན་གྱི་ཉམས་པའི་གཞིའོ། །རང་མཐོང་ཆེ་བ་ནི། རང་ཉིད་མཐོ་བ་དང་། བཟང་བ་དང་། ཡོན་ཏན་ཆེ་བར་རློམ་པ་སྟེ། དེའི་དབང་གིས་གཞན་ལ་བརྙས་པ་ཤས་ཆེར་སྐུ་དམ་ལ་ཁ་ཐག་ཉེ་ལ། གཞན་འཕྲ་བར་བརྩིའོ། །ལྟ་སྤྱོད་སྙོམས་ལས་སུ་བཏང་ནས་གཡེལ་བ་ནི། བྱང་ཆུབ་སེམས་ཀྱི་དམ་ཚིག་དང་འགལ་བ་དང་། གསུང་དུས་ལས་འདས་པ་དང་། ཐུགས་དམ་ནན་ཏན་ཆུང་བ་དང་། ཡན་ལག་གི་དམ་ཚིག་ཡོ་ཉམས་པའི་རྒྱུ་འགྱུར་པ་དང་། དོན་དེ་ཉིད་ཀྱི་སློབ་དཔོན་དང་གྲོགས་པོའི་ཐུགས་དང་འགལ་བའི་རྒྱུའོ། །ལྟ་སྤྱོད་སྙོམས་ལས་སུ་འགྲོ་བ་ནི། གཏན་ཡིད་ཆེས་པའི་དད་པ་མེད་པས། བརྩོན་འགྲུས་ཀྱི་ལྕགས་དང་བྲལ་ཏེ། སྙོམས་པ་ནི་མ་རྟོགས་པའི་བཏང་སྙོམས་ཏེ། ལྟ་བ་སྙོམས་ལས་སུ་གྱུར་པས། བྱང་ཆུབ་སེམས་ཀྱི་དམ་ཚིག་ཉམས་པའི་རྒྱུ་དང་། སྤྱོད་པ་སྙོམས་ལས་སུ་སོང་བས། གསུང་གི་དམ་ཚིག་ཉམས་པའི་རྒྱུ་དང་། གསང་བའི་དམ་ཚིག་སྙོམས་ལས་སུ་སོང་བས། ཐུགས་དམ་ཉམས་པ་དང་། དེས་ཡུལ་དང་ཕྲད་པའི་སྤྱོད་པའི་དམ་ཚིག་སྙོམས་ལས་སུ་སོང་བ་དང་། མི་སྤང་བ་ཉམས་སུ་མ་ལོན་པ་དང་། དང་དུ་བླང་པར་ཡལ་བར་འགྱུར་བ་དང་། ཤེས་བསྒྲུབས་ཉམས་པ་གཉིས། ལྟ་སྒོམ་ལས་གཡེལ་བ་དང་། ཐུན་མོང་གི་ཡན་ལག་རྣམས་ཡལ་བར་དོར་བའོ། །ཆོས་ལ་ཕྱོགས་རིས་ཞེས་པ། རང་ཕྱོགས་ལ་བསྟོད་ཅིང་གཞན་ཕྱོགས་ལ་འཐབ་པ་དང་། ཆགས་སྡང་དང་བཅས་པས་བྱང་ཆུབ་སེམས་དང་འགལ་བ་དང་། དོན་དེ་ཉིད་ཀྱིས་སྐུ་དམ་དང་འགལ་བའི་རྒྱུ་དང་། ཕྱོགས་རིས་ཀྱི་བསྟོད་སྨད་ཀྱིས་ཐུགས་ཀྱི་དམ་ཚིག་དང་འགལ་བ་དང་། ཡན་ལག་རྣམས་ཀྱང་ཤེས་རབ་ཞིབ་མོའི་ཤེས་པར་བྱ་སྟེ། བརྗོད་ཀྱིས་མི་ལང་ངོ་། །ཕྱོགས་རིས་དང་བཅས་པ་ནི་དམ་ཚིག་ཐམས་ཅད་ཉམས་པའི་རྒྱུ་ཡིན་ལ་ཕྱོགས་རིས་དང་བྲལ་བའི་མཉམ་པ་ཉིད་ལ། ཉམས་པ་གཏན་མི་འབྱུང་ངོ་། །ངོམ་སྐྱེན་ཞེས་པ། ཆོས་དང་འཇིག་རྟེན་གྱི་བྱ་བ་གཉིས་ལ་ངོམ་པོ་ལ་དགའ་བ་སྟེ། ཐུགས་ཀྱི་དམ་ཚིག་ཉམས་པའི་རྒྱུ་དང་། དོན་དེས་སྐུ་དམ་པའི་ཡུལ་གཉིས་དང་འགལ་བའང་སྲིད་པས། དེའི་འང་རྒྱུའོ། །གསང་ཆུང་བ་ནི་གསང་མི་ཐུབ་པ་སྟེ། ཐུགས་ཀྱི་དམ་ཚིག་ཉམས་རྒྱུའོ། །ངོམ་སྐྱེན་པ་དང་། གསང་ཆུང་བ་ཐི་གི་མཚུངས་ཀྱང་། ངོམ་སྐྱེན་པ་ནི། ཡོན་ཏན་རློམ་པ་དང་བཅས་པའི་ངོས་ནས་ཡིན་ལ། སྐྱོན་ཡོན་གང་གིའང་དམིགས་པར་མེད་པ་སྨྲ་བ་ནི། གསང་ཆུང་བ་སྟེ། སྣོད་ཟག་པ་ལྟ་བུའོ། །ལེ་ལོ་ཆེ་ན་ནི་བསྒྲུབ་པ་ལ་མི་གུས་པ་སྟེ། གསུང་དང་ཉམས་རྒྱུ་ཁ་ཐག་ཉེ་ལ། སྐུ་དམ་ཡང་སྣང་འབྲིང་གི་ངོས་ནས་རྔོ་མི་ཐོབ་པའོ། །བྱང་ཆུབ་སེམས་ཀྱང་ལེ་ལོ་ལ་ཤོར་བས་ཉེས་པའི་རྒྱུའོ། །ཤས་ཆེ་ཆུང་ཙམ་སྨོས་ཀྱང་། སྤྱིར་རྩ་བ་ཡན་ལག་ཀུན་ཉེས་པའི་རྒྱུའོ། །གཙང་སྨེ་ཆེ་བ་ནི། ཆས་ཆེར་དང་དུ་བླང་བའི་དམ་ཚིག་ཉམས་པའི་རྒྱུ་ཁ་ཐག་ཉེ་ལ། ཀུན་ལའང་ཕྲ་རགས་སུ་སྦྱར་རོ། །སྒྲོ་བསྐུར་ནི་སྐྱོན་བཏགས་པ་དང་། ཡོན་ཏན་བཅད་པ་སྟེ། བྱང་ཆུབ་སེམས་ལ་མཚན་མའི་སྒྲོ་བསྐུར་བརྗོད་པ་དང་། སློབ་དཔོན་དང་གྲོགས་པོ་ལ་སྐྱོན་ཡོན་ཀྱི་སྒྲོ་སྐུར་དང་། སྤྱད་པའི་དམ་ཚིག་ཡིན་མིན་གྱི་སྒྲོ་སྐུར་དང་། སྤྱིར་ཕྲ་རགས་ཀྱིས་ཀུན་ལ་ཡིན་མིན་གྱི་སྒྲོ་སྐུར་བརྗོད་པ་ཉམས་པའི་རྒྱུའོ། །གྲོགས་པོ་རྣམས་ཀྱི་ཉམས་ཅི་འདྲ་བ་ལེན་པའི་ཕྱིར། ཡ་ཏ་མ་ཏའི་གཏམ་བརྗོད་པ་ནི། ཉམས་པའི་རྒྱུའོ། །དེ་ཉིད་ནི་ཤེས་ཆེ་བར་གྲོགས་པོའི་དབང་ངོ་། །འཁོར་བའི་རིགས་རྒྱུད་ནི། བུ་དང་། ཚ་བོ་དང་། དེ་དག་གི་ཟས་ནོར་འཕེལ་བར་འདོད་པ་ལ་ཆགས་ཤིང་ཞེན་པ་སྟེ། ངོ་བོ་དང་ཉེས་པ་མི་ཆོས་བློན་པོ་དང་མཐུན་ཀྱང་། གོང་མ་ནི་སྤྱིར་བསྟན་ལ། འདི་ཉིད་ནི་གཉིས་རིགས་རྒྱུད་ཀྱི་སྒོས་སུ་བསྟན་པའོ། །ཅིག་པུར་མི་གནས་ནི། དགོན་པ་ན་མི་འདུག་པ་སྟེ། ཉེས་པ་མི་ཆོས་བློན་པོ་དང་མཚུངས་སོ། །འདུ་ལ་དགའ་བ་ནི། ཚོགས་པ་ལ་དགའ་བ་སྟེ། སེམས་ནི་རྣམས་པར་གཡེང་བའི་མི། །ཉོན་མོངས་ཆེ་བའི་ཕྲག་ན་གནས། །ཞེས་པས། ཉམས་པའི་རྒྱུར་གྱུར་པ་མི་ཆོས་བློན་པོའི་ལས་དང་མཚུངས་སོ། །ཉི་ཤུས་བཅས་པ་གོང་དུ་བསྟན་པའི་གྲངས་ཏེ། དེ་དག་ནི་དམ་ཚིག་ཉམས་པའི་རྒྱུ་འགྱུར་པ་ཡིན་པས། ཤེས་ནས་སྤངས་ན། རྒྱུ་མེད་ན་འབྲས་བུ་ཉམས་པ་མི་འོང་སྟེ། དེས་སྡུག་བསྔལ་མི་མྱོང་བར་བསྟན་ནོ། །འདི་དག་ནི་འདུན་པས་སེམས་པའི་རྣལ་འབྱོར་འབའ་ཞིག་གི་ཡུལ་ཏེ། རིགས་ཆེན་འབྱིན་པ་དང་། དབུགས་ཆེན་འབྱིན་ནས་མཐོང་ལམ་གྱི་སྐབས་སུ། རྒན་མོ་ལ་བུ་ནད་མི་སྡིག་པ་ལྟར་གཏན་ནས་དག་གོ། ༈ །སྤྱི་དོན་ལྔ་པ་ཉམས་པའི་སྔ་རྟགས་ཀྱི་མདོར་བསྟན་ནི། སྔ་རྟགས་སྔོན་དུ་འབྱུང་བ་ནི། །ཞེས་པ་ལས་དང་པོའི་གང་ཟག་ཤེས་པ་བེམ་པོ་ལྟ་བུས་དམ་ཚིག་ཉམས་པ་མ་ཚོར་ཡང་། རྩ་བ་དང་ཡན་ལག་གི་དམ་ཚིག་གང་དང་གང་ཉམས་ཏེ། ཕྱི་མ་ལ་ངན་སོང་དུ་འགྲོ་བའི་སྔ་རྟགས། སྔོན་ནི་རྩ་བའི་སྐད་དེ། ཚེ་འདི་ལ་དབང་པོའི་མངོན་གསུམ་དུ་འབྱུང་བའམ། ཡང་ན་ཕྱི་མར་སྡུག་བསྔལ་བའི་སྔ་རྟགས། སྔོན་དུ་ཚེ་འདི་ཉིད་ལ་འབྱུང་བ་ནི་གང་ཞེ་ན། གསུམ་གྱི་དང་པོ་སྐྱོན་འདི་ལ་སྣང་བས་ཕྱི་མ་ལ་ངན་སོང་དུ་འགྲོ་བའི་སྔ་རྟགས་ནི། ཉམས་ང་བའི་ནད་རྣམས་དང་ཞེས་པ་ལ་སོགས་ཏེ། དེ་ཡང་སྡུག་བསྔལ་ཆེ་བས་བསྲན་ཀླགས་མེད་པ་དང་། ནུས་པ་ཤོར་བ་དང་། ཁྲེལ་འཛེམ་མེད་པ་དང་། མཚན་ཉིད་འགྱུར་བ་དང་། བདག་ཉམས་ང་བ་དང་། གང་གིས་མཐོང་ཞིང་ཐོས་པ་རྣམས་སྐྱི་གཡའ་བ་དང་། གང་ཡང་ཉེར་མི་བཏུབ་པའི་རིགས་རྒྱུད་རྣམས་འབྱེར་བ་དང་། ཀུན་གྱིས་ཀླེས་ལ་བོར་ནས་སེམས་ཀྱི་རྒྱབ་ཏུ་བསྐྱུར་བ་ནི་གཞན་ཉམས་ང་བའོ། །དེ་ལྟ་བའི་ནད་རྣམས་ནི་གང་ཞེ་ན། འབྲུམ་ནད་དང་། མཛེའི་ནད་རྣམས་དང་། ལྷོག་པའི་རིགས་རྣམས་དང་། རིམ་གྱི་བྱེ་བྲག་དང་ཚར་པ་དམར་བཤལ་ཡི་རིགས་རྣམས་སོ། །ཡུལ་དགྲ་བགེགས་གཉིས་ལ་དབེན་པ་མི་འཇུག་སྟེ། དགྲ་ལ་མཐུ་མེད། བགེགས་ལ་བྱིན་རླབས་མེད་པ་སྟེ། ཆོས་སྐྱོང་དམ་ཅན་རྣམས་མི་ཉེ་བས་སོ། །འཁོར་ཡིད་དུ་འོང་བ་དང་། ལོངས་སྤྱོད་ཡིད་དུ་འོང་བ་དང་འབྲལ་ཏེ། ཁྱིམ་པ་ལྟ་བུ་ན། བུ་ཚ་བོ་དང་། རབ་ཏུ་བྱུང་བ་ན་འཁོར་དང་ཉེ་གནས་རྣམས་གང་བཟང་བ་དང་། ཡིད་དུ་འོང་བ་རྣམས་དང་བྲལ་ཏེ། ཤི་བའམ་འབྱེ་བའོ། །ལོངས་སྤྱོད་ཡིད་དུ་འོང་བ་སྙིང་ལ་སྡུག་པ་རྣམས་དང་འབྱེ་སྟེ། སྲོག་ཆགས་ཀྱི་ཚོགས་རྣམས་ཤི་བ་དང་། བོར་བ་དང་། གོས་ཟས་ཀྱི་ཚོགས་ཀྱང་ངོ་བོ་ཉིད་ཀྱིས་འབྲལ་བའོ། །རང་གི་མ་ཉེས་པའི་ཡ་ཁ་གློ་བུར་དུ་ཕོག་པ་སྟེ། ཆོས་ལ་མི་གནས་པ་དང་། རྣམ་སྨིན་ལ་མི་འཛེམ་པ་དང་། མཐུ་མེད་པ་ལ་སོགས་པའི་མ་ཚངས་ཀྱི་ཡ་ཁ་ཕོག་པ་དང་། རང་མ་ཉེས་པའི་ཁ་ཡོགས་ཆེན་པོ་ཕོག་སྟེ། སྟོང་དང་ལེ་ལན་དང་། ལྐོད་ལ་སོགས་པའི་མང་པོ་འཇལ་དགོས་པ་དང་འཕྲད་དོ། །ཅི་དང་ཅི་བརྩམ་པའི་ལས་ལ་འབྲས་བུ་མེད་དེ། འཇིག་རྟེན་མི་བྱ་བ་དང་ཆོས་གཉིས་ཏེ། ཆོས་ལའང་མཐུ་དང་བྱང་ཆུབ་བསྒྲུབ་པ་རྣམ་པ་གཉིས་ལ། འབྲས་བུ་མི་འབྱུང་སྟེ། ས་བོན་ཚིག་པའམ། གཞི་མེད་པའི་ནམ་མཁའ་ལ་མེ་ཏོག་རྨོ་བ་བཞིན་ནོ། །མདོར་བསྡུས་ན་ཡིད་དུ་མི་འོང་སྣ་ཚོགས་འབྱུང་། ཞེས་ཏེ། བཤད་པ་རྣམས་དང་། གཞན་ཡང་ལོ་ཉེས་པ་དང་། དགྲ་མང་བ་དང་། བརྩེ་བ་ཉུང་བ་དང་། ངོ་བོ་ཉིད་ཀྱིས་ཀུན་ཀྱི་ཡིད་དུ་མི་འོང་བར་ཡང་འགྱུར་རོ། །དོན་དེ་ཉིད་དམ་ཚིག་བཀོད་པ་ལས། སྐུ་ཡི་དམ་ཚིག་ཉམས་པའི་སྔ་རྟགས་ནི། འཇིག་རྟེན་འདིར་ཡང་མཛེ་དང་ཤུ་བ་ལ་སོགས་པའི་ནད་ངན་སྣ་ཚོགས་བྱུང་ནས། སྐྱེ་བོ་ཡོངས་ཀྱིས་སྤང་པ་དང་། ཉེ་དུ་ལ་སོགས་པ་རྣམས་ཀྱིས་འགྲོགས་ཤིང་བརྟེན་པའི་དབང་མེད་དོ། །གཞན་ཡང་མི་རྣམས་ཀྱིས་སྨད་པར་འགྱུར་ནས། དུས་མ་ཡིན་པར་འཆི་ཞེའོ། །གསུང་གི་དམ་ཚིག་ཉམས་པའི་སྔ་རྟགས་ནི། འཇིག་རྟེན་གྱི་ཁམས་འདིར་ཡང་། བགེགས་སྟོང་ཕྲག་བརྒྱད་བཅུ་རྩ་བཞིས་གླག་ཚོལ་བ་དང་། ནད་བཞི་བརྒྱ་རྩ་བཞིས་སྐབས་ཚོལ་བ་དང་། ཡེ་འདྲོག་སུམ་བརྒྱ་དྲུག་ཅུས་བར་དུ་གཅོད་པ་དང་། ལྐུག་ཤིང་དབང་པོ་རྨོང་བ་ལ་སོགས་པའི་ནད་སྣ་ཚོགས་བྱུང་ནས། གསང་བའི་བཀའ་ནུབ་པ་དང་བར་ཆོད་ཀྱི་བགེགས་ཀྱིས་གློ་བུར་དུ་འཆི་ཞེའོ། །ཐུགས་ཀྱི་དམ་ཚིག་ཉམས་པ་ཡང་། འཇིག་རྟེན་གྱི་ཁམས་འདིར་ཡང་མཐུ་དང་རྫུ་འཕྲུལ་ཆུང་ཞིང་། སྨྱོ་བ་དང་། འབོག་པ་དང་། ལྟ་བ་དང་། དབང་པོ་ཉམས་མི་གསལ་ཞེའོ། །ཉམས་པ་ལ་རྟགས་མེད་ན་ཕྱི་མར་ལྟུང་ཚབས་ཆེ་བར་བསྟན་པ་ནི། གལ་ཏེ་ཉམས་ལ་རྟགས་མེད་པར། །ཞེས་པ་ལ་སོགས་པ། གལ་ཏེ་འམ། བརྒྱ་ལ་ནི་དམ་ཚིག་ཉམས་པར་བདག་གཞན་ཀུན་ཀྱིས་ཤེས་བཞིན་གཞི་དེ་ལས་ཉམས་པའི་རྟགས་བཤད་པ་རྣམས་ལྔ་བར། གཏོར་རྒྱུད་ལས་སྔ་རྟགས་སྨོས་པ་རྣམས་བྱུང་སྔ་མ་ལ་ཉམས་པ་འདིར་བསྙེན་པས་བསྐང་གསོལ་ལ་འབད་ཅེས་སོ། །ཡོན་ཏན་གྱི་ལེགས་པ་སྣང་བ་ནི། དེ་ཉིད་མི་རུང་བ་ཆེན་པོ་ཡིན་ཏེ། བདེ་བ་ཟད་བྱེད་ཅེས་པ། ཚེ་སྔ་མའི་བསགས་པའི་ལས་ཀྱི་རྣམ་སྨིན་བཟང་པོ་བདེ་བ་སྟེ། ཚེ་འདི་ཉིད་ལ་ཟད་པར་བྱས་ནས། ཕྱི་མར་ངན་སོང་གསུམ་དང་རྡོ་རྗེ་དམྱལ་བ་ཁ་བརྒྱུད་ནས། འཆད་པ་བཞིན་འཐོན་པར་དཀའ་བས་གཏན་དུ་སྡུག་ཅེས་སོ། །མ་ཉམས་པར་རྟགས་བྱུང་ན་བཟང་བར་བསྟན་པ་ནི། གལ་ཏེ་མ་ཉམས་པ་ཞེས་པ་ལ་སོགས་པ་གལ་ཏེ་འམ། བརྒྱ་ལ་ན་དམ་ཚིག་རྣམས་མ་ཉམས་པར་བདག་གཞན་ཀུན་ཀྱིས་ཤེས་བཞིན། བཤད་པའི་རྟགས་རྣམས་བྱུང་ན་དེ་ནི་བཟང་བ་སྟེ། འདིར་དམ་ཚིག་ལ་ནན་ཏན་བྱས་པའི་སྟོབས་ཀྱིས། ཚེ་རབས་སྔོན་ནས་བསགས་པའི་རྣམ་སྨིན་རྩུབ་མོ་རྣམས་གསང་སྔགས་ཟབ་མོའི་བྱིན་རླབས་ཀྱིས། གཏན་ནས་ཟད་པར་འགྱུར་བའི་ཕྱིར། འདིར་ཡང་བསྐང་གསོ་ཞེས་པ། དབང་དང་བསྒྲུབ་པ་དང་། ཚོགས་དང་། གཏོར་མ་རྒྱ་ཆེན་པོས། རྒྱལ་བའི་ཐུགས་དམ་བསྐང་ཞིང་ཉམས་པ་རྣམས་སླར་གསོ་བའི་ལས་བཤད་མ་ཐག་པ་ཉིད་ལ། བརྩོན་པར་བྱས་ན། ལས་ཀྱི་སྒྲིབ་པ་གཏན་ནས་དག་སྟེ། ཕྱི་མ་ལ་ངན་སོང་གསུམ་དང་རྡོ་རྗེ་དམྱལ་བའི་སྡུག་བསྔལ་མྱོང་བར་མི་འགྱུར་ཞེས་བསྟན་ཏོ། ༈ །སྤྱི་དོན་དྲུག་པ་ཉམས་པའི་སྐྱོན་བསྟན་པའི་མདོ་ནི། ཉམས་པར་གྱུར་པའི་སྐྱོན་བཤད་པ། །ཞེས་པ་ཉམས་པ་ལྔ་ལས། ཟླས་ཉམ་ཞར་ཉམས་གཉིས་ཤུགས་ཀྱིས་བཤད་ལ། གསུམ་པོ་དངོས་སུ་བཤད་པའོ། །དེའང་རྩ་བ་ཉམས་པ་དང་། ཡན་ལག་ཉམས་པ་ནི་དངོས་སུ་བཤད་ལ། སྤྱི་ཉམས་པ་ཤུགས་ལ་བཤད་འདིར་དངོས་སུ་བཤད་པའི་རྩ་བ་དང་ཡན་ལག་གཉིས་དང་། ཞར་ལ་བཤད་པ་གསུམ་དང་ལྔ། གང་དང་གང་ཉམས་པ་ཤས་ཆེ་བ་ཚེ་ཕྱི་མ་ལ་བསྙེན་པ་ནི། སྐྱོན་ཞེས་བྱ་སྟེ། དེ་བཤད་པ་ཞལ་ཀྱིས་བཞེས་པའོ། །དང་པོ་བྱང་ཆུབ་སེམས་ཉམས་པའི་སྐྱོན་ནི། བྱང་སེམས་དམ་ཚིག་ནི། ཀུན་རྫོབ་དང་དོན་དམ་བཤད་པ་ཉིད་དོ། །སྤང་བ་ནི། མ་མོས་པ་དང་མི་དད་པའི་དབང་གིས་སྨོད་བསྐུར། སྤངས་པ་གྱུར་ན་སྐལ་པ་ཆེན་པོའི་བར་དུ། དགེ་བའི་རྩ་བ་སྟོབས་པོ་ཆེ་ཅི་བསགས་ཀྱང་། བྱང་སེམས་དམ་ཚིག་སྤངས་པས། དགེ་བའི་གཞིར་རྟེན་མེད་དེ། ནམ་མཁའི་མེ་ཏོག་བཞིན་པས། འབྲས་བུ་སངས་རྒྱས་པར་མི་འགྱུར་ཏེ། རྒྱུ་འབྲས་མི་བསླུ་བ་ཙམ་ཉིད་འཁོར་བས་ཁམས་སུ་སྨིན་ནས། ཟག་ཅིང་ཟད་པར་འགྱུར་ཏེ། རྣམ་བྱང་གི་ས་བོན་གཏན་མེད་དོ། །དེས་ན་རྟོགས་པ་ཆུང་བ་ལ་ནི། སྤངས་ཞེས་མི་བྱ་སྟེ། དམ་ཚིག་བཀོད་པ་ལས། གཏན་ནས་མ་ལོག་ཅིང་། བཤགས་སེམས་དང་ལྡན་ན། ཉམས་ཀྱང་སླར་སོབ་པ། གཏན་ནས་བཤགས་སེམས་མེད་པ་ནི། བསྐང་བའི་ཚད་ལས་འདས་པའོ། །ཞེས་སོ། །སྐུ་ཉམས་པའི་སྐྱོན་ནི། སྐུ་ཡི་དམ་ཚིག་ཅེས་པ་ལ་སོགས་ཏེ། བཤད་པའི་སློབ་དཔོན་དང་གྲོགས་པོ་ལ། རྟེན་གསུམ་གང་གི་སྒོ་ནས་ཉམས་པར་འགྱུར་ན། ལ་ངའི་ནད་སོགས་སྡུག་བསྔལ་ཆེ་ཞེས་པས། གོང་དུ་བཤད་པ་བཞིན་གྱི་ནད་རྣམས་འབྱུང་བ་དང་། སོགས་ཁོངས་སུ་མི་བདེ་བ་ཐམས་ཅད་བསྡུས་ཏེ། དོན་དེས་ལུས་སྡུག་ཅིང་སེམས་ཟུག་ཟེར་གྱི་སྡུག་བསྔལ་ཆེན་པོས་གཙེས་ཏེ། དུས་མིན་ཞེས་པ། དུས་ལ་མ་བབ་པ་ཚེ་ཟད་དེ། ཚེ་འཕོས་པའང་། བར་ཆོད་མང་བར་ཏེ། རྒྱུ་དམ་ཚིག་ཉམས་པས་བསྲུང་བྱའི་ལྷ་གཡེར་ནས་ཤི་ནས་ཅི་འགྱུར་ཞེ་ན། གཏོར་རྒྱུད་ལས་གསུམ་ཉམས་ན། ས་བོན་མེས་ཚིག་པ་དང་འདྲ་སྟེ་བསྐལ་པ་གཉིས། ཐུགས་དམ་ཉམས་ན་བསྐལ་པ་གསུམ་སྟེ། མེ་ཏོག་སད་ཀྱིས་ཁྱེར་བ་འདྲ། དགེ་བ་ཅི་བྱས་པས་མི་ཕན་ཅེའོ། །གསུམ་ཀ་ཉམས་ན། གཞི་འཇིག་པ་དང་འདྲ་སྟེ། བསྐལ་པ་དཔག་མེད་དམྱལ་བར་སྐྱེ་ཞེས་སོ། །ཡན་ལག་ཉམས་ན་ཤིང་ཏ་ལའི་འགོ་བཅད་པ་དང་འདྲ་སྟེ། བསྐལ་པ་བཅོ་བརྒྱད་དུ་སྡུག་བསྔལ་མྱོང་ཅེའོ། །བསྐལ་པ་རྡོ་རྗེ་དམྱལ་བར་ལྟུང་ཞེས་པ་བསྐལ་པའི་ཚད་ནི་བརྗོད་དཀའ་སྟེ། རྒྱུད་འགའ་ཞིག་ལས། རྒྱ་མཚོ་ཆེན་པོའི་སྐྲའི་ཉག་མས་བླངས་ཏེ་གཏོར་ན་ཟད་པ་ཉིད་དོ། །གསུང་ལ་ལ་དག་གིས་ཚད་སྨོས་པ་མེད་པས། དེ་ཉིད་ལ་བསྐལ་པའོ་གསུང་། ལྕགས་ཀྱི་རི་རབ་ཚད་ལྡན་བརྒྱད་རིམ་པ་བཞིན་བྱ་རིགས་འཇམ་གྱི་པགས་པས་དྲུད་ན་ཟད་པ་ནི། རྡོ་རྗེ་དམྱལ་བའི་ཚེ་ཚད་དོ་ཅེས་སོ། །དེའི་རྒྱུ་ནི་ལྟ་བའི་དོན་མ་རྟོགས་པས་ཆགས་སྡང་གིས་རྡོ་རྗེ་སློབ་དཔོན་ལ་སོགས་པ་ལ་ཉེས་པའི་བྱེ་བྲག་རྣམས་སོ་ཅེས་སོ། །གཏོར་རྒྱུད་ལས་བླ་མ་ལ་ཉམས་ན་སོལ་བ་ལ་ལྗོན་པ་མ ི་སྐྱེ་བ་དང་འདྲ་སྟེ། སྐལ་པ་གཅིག་པུ་དམྱལ་བར་གནས་པ་ལ་དགེ་བ་ཅི་བྱས་ཀྱང་ཕན་མེད་ཅེའོ། །དེ་ནི་དམ་ཚིག་བཀོད་པའི་ལུང་གིས་འདི་ཉིད་དུའང་། བསྐལ་པ་ཐེར་འབུམ་ལ་སོགས་སུ་དེ་ནས་ཐོན་པར་མི་འགྱུར་རོ། །ཞེས་སོ། །རྡོ་རྗེ་དམྱལ་བའི་གནས་ནི། དྲང་བ་དག་གིས་མནར་མེད་དང་མཉམ་པའི་ཕྱོགས་གཅིག་ན། དགོན་པའི་ཚུལ་དུ་ཡོད་དོ་གསུངས། ངེས་པར་ནི། སེམས་ཉིད་དེ་དང་དེར་སྣང་བ་ལས། གནས་ཀྱི་ངེས་པ་ཕྱོགས་གཅིག་ཏུ་སྨྲ་བ་མ་མཆིས་སོ་གསུང་། བདེ་བས་རབ་ཏུ་བྲེལ་བར་འགྱུར། །ཅེས་པས། བདེ་བའི་གནས་སྐབས་རྡུལ་ཕྲ་རབ་ཙམ་ཡང་མེད་དེ། དུས་རྒྱུན་དུ་སྡུག་བསྔལ་གྱིས་ལུས་སེམས་གཡེན་གཡོས་པ་ནི་བར་འཚམས་མེད་པས། འབྲེལ་བར་འགྱུར་ཅེས་བྱའོ། །དེ་བས་ན་དམ་ཚིག་བཀོད་པ་ལས། རྡོ་རྗེ་དམྱལ་བ་དེ་ལ་ནི་ཚེའི་ཚོད་ཀྱང་མེད་དེ། ཐམས་ཅད་དུ་ཐོན་མི་སྲིད་པའི་ཕྱིར་རོ་ཅེས་སོ། །གསུང་དམ་ཉམས་པའི་སྐྱོན་ནི། གསུང་གི་དམ་ཚིག་ཅེས་པ། བཤད་པའི་སྔགས་གསུམ་ཕྱག་རྒྱ་བཞིའོ། །དེ་དག་ཉམས་པར་འགྱུར་བ་ནི། གཏན་ནས་ལོག་པ་དང་། མ་ལོག་ཀྱང་ལེ་ལོའི་དབང་གིས། ལོ་ཟླ་འདས་པ་ནི་ཉམས་པ་འགྱུར་ན་ཞེས་སོ། །དེའི་སྐྱོན་ནི་གསུང་དམ་ཉམས་པའི་ཆོས་སྐྱོང་གཡེལ་ཏེ། དེས་བར་དུ་གཅོད་པའི་བགེགས་རྣམས་ཐོགས་བབས་འོང་བ་དང་། དེས་ལུས་ལ་ནད་རིམས་ཀྱི་གནོད་པ་མང་བ་དང་། དགྲ་བགེགས་གཉིས་ཀྱི་གློ་བུར་དུ་བར་ཆད་ཀྱི་རྐྱེན་གྱིས་དགྲ་དང་ནད་དྲག་པོས་བཏབ་པའི་ཡེ་འདྲོག་མང་བ་དང་། གསུང་དམ་ཉམས་པའི་དབང་གིས། གང་བསྒྲུབ་པའི་ཆོས་ལ་བྱིན་རླབས་མེད་པར་འགྱུར་ཞིང་། རྒྱུ་དེས་བཤད་པ་བཞིན་ཤི་ནས་བསྐལ་པ་ཆེན་པོ་གཉིས་སུ་རྡོ་རྗེ་དམྱལ་བར་ལྟུང་ངོ་། །ལར་གསུང་དམ་ཉམས་ནས། ཐུན་མོང་དང་མཆོག་གི་བསྒྲུབ་པ་གང་བརྩམ་ཀྱང་འབྲས་བུ་དུས་ཚོད་ལ་མི་འབྱུང་བས་འགྱང་བར་གསུང་ཞེས་སོ། །དམ་ཚིག་བཀོད་པ་ལས་ནི་རྡོ་རྗེ་དམྱལ་བའི་ཚེ་ཆད་མཉམ་པར་གསུངས་སོ། །ཐུགས་ཀྱི་དམ་ཚིག་ཉམས་པ་ནི། ཐུགས་ཀྱི་དམ་ཚིག་ཅེས་པ་དང་། གསང་བ་རྣམ་པ་བཅུ་སྟེ། དེ་ཉིད་སྣོད་མིན་པ་ལ་བསྟན་པ་དང་། སྣོད་ཡོད་ཀྱང་རང་ལ་བསྟན་པའི་ལུང་མེད་པ་དང་། འདུ་འཛིའི་དབང་གིས་ཆུ་འཛགས་སུ་ཟག་པར་འགྱུར་ན། སྨྱོ་འབོག་དབང་པོ་ཉམས་དང་འཆལ་ཞེས་པ། སྨྱོ་བ་ནི་སེམས་ཀྱི་དྲན་པ་མེད་པའོ། །འབོག་པ་ནི། ངག་ངེས་པ་མེད་པར་སྨྲ་བའོ། །དབང་པོ་ཉམས་པ་ནི། མིག་གིས་གཟུགས་མི་འཛིན་པ་ལ་སོགས་པ་སྟེ། དེ་ཉིད་ལ་ཉམས་པ་ཞེས་བྱའོ། །འཆལ་བ་ནི། ཁ་ན་མི་སྨྲ་དགུ་སྨྲ་བའོ། །མྱོས་པ་ནི་སེམས་འཐིབ་པའོ། །ལྐུག་པ་ནི་ཚིག་མེད་པའོ། །དེ་རྣམས་མངོན་དུ་སྣང་བ་ལ། གནས་སུ་འགྱུར་ཅེས་བྱའོ། །ཐུགས་ཀྱི་དམ་ཚིག་གསང་བ་གཞན་ལ་འཕེལ་བས། མཆོག་དང་ཐུན་མོང་གི་བསྒྲུབ་པ་གང་བསྒྲུབ་ཀྱང་། རྟགས་དང་འབྲས་བུ་མེད་ཅེས་སོ། །སྤྱིར་གང་ཡང་རུང་སྟེ། རང་གིས་མ་བསྒྲུབ་པར་གཞན་ལ་བསྟེན་ན། དེ་ཉིད་ཕྱིས་རང་གི་བསྒྲུབ་པར་དཀའོ་གསུང་། བར་ཆོད་ཀྱིས་དུས་མ་ཡིན་པར་འཆི་ནས། རྡོ་རྗེ་དམྱལ་བར་བསྐལ་པ་གསུམ་དུ་གནས་ཏེ། སྔར་གསང་བ་ཉམས་པ་ལྕེའི་ལས་ཡིན་པས། དམྱལ་བའི་སྐབས་སུ་ཡང་སྡུག་བསྔལ་གཞན་དང་མཐུན་པར་ལྷག་པོ་ལྕེ་ལ་ཞིང་རྨོ་བ་དང་། སོགས་ཁོངས་སུ་དྲ་བ་དང་། བཏུབ་པ་དང་། ཕྱེ་མར་བཏང་བ་ལ་སོགས་པའོ། །སྤྱི་ཉམས་པ་ལ་ལྔ། དང་པོ། སྐྱོན་དངོས་ནི། རྩ་བ་ཀུན་ཉམས་ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དང་སྐུ་གསུང་ཐུགས་ཉམས་པ་ནི། རྩ་བ་ཀུན་ཉམས་པས། གཟུང་བཅང་འཕྲ་བའང་མེད་པས། ཕྱལ་བ་ཞེས་བྱ་སྟེ། དེ་ལྟ་བུའི་རྟེན་གྱི་གང་ཟག་གིས་གསོལ་བ་ལ་ཉེ་བར་མི་བརྩོན་ནས་ཐ་མལ་པ་འདུག་ན། ཚེ་ཕྱི་མ་ལ་རྡོ་རྗེ་དམྱལ་བ་ལྟུང་ཅེའོ། །རྡོ་རྗེ་དམྱལ་བའི་སྡུག་བསྔལ་ཡི་ཚེ་ཚད་ནི། དམྱལ་བ་ཕལ་པ་ཐམས་ཅད་ཅེས་པ་ལ་སོགས་པ་དམྱལ་ཁམས་བཅོ་བརྒྱད་ནི། ཐེག་པ་ཐུན་མོང་ལས་ཉམས་པའི་འབྲས་བུ་ཡིན་པས། ཕལ་པ་ཞེས་བྱ་ལ། དེ་དག་ཐམས་ཅད་མ་ལུས་པ་ཀུན་ཀྱི་སྡུག་བསྔལ་གཅིག་ཏུ་བསྡོམས་པ་ནི། རྡོ་རྗེ་དམྱལ་བ་དེའི་འབུམ་གྱི་ཆར་ཡང་མི་ཕོད་ཞེའོ། །དམྱལ་བ་ཕལ་པའི་སྡུག་བསྔལ་ནང་གི་ཆུང་བའི་ཚད་ནི། ཡང་སོས་ཀྱི་སྡུག་བསྔལ་ཏེ། སློབ་དཔོན་ཀླུ་གྲུབ་ཀྱིས། འདི་ནས་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡི། རབ་ཏུ་དྲག་གཏབས་སྡུག་བསྔལ་གང་ཡིན་ཏེ། དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུའི་ཀྱང་། འོལ་ཡང་མི་བྱའི་ཆར་ཡང་མི་ཕོད་དོ། །ཅེས་སོ། །འོ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི། ཐུགས་རྗེའི་བདག་ཉིད་ཅན་ཡིན་ན། དེ་ལྟ་བུའི་སྡུག་བསྔལ་ལས་ཅིའི་ཕྱིར་མི་སྡོངས་ཞེ་ན། སྔར་སངས་རྒྱས་ཀྱི་དགོངས་པ་ལས་ཉམས་པའི་དབང་གིས། དཔྱང་ཐག་ཆད་པས་ཐུགས་རྗེའི་སྟོངས་མེད་པར་བསྟན་ཏེ། སྐལ་པ་བཟང་པོ་འདི་ཉིད་ཀྱི་བརྒྱ་སྟོང་གི་འོད་ཟེར་མ་ལུས་པ་དང་འཇིག་རྟེན་ཀྱི་ཁམས་གཞན་ན་བཞུགས་པའི་རྒྱལ་བ་རྣམས་ཀྱི་འོད་ཟེར་དང་། ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་མ་ལུས་པའི་འཕྲིན་ལས། རྒྱུན་དུ་མཛད་ཀྱང་། རྡོ་རྗེ་དམྱལ་བ་ལས་ཕན་པར་མི་འགྱུར་བའི་ཐོག་ཏུ། སླར་སྡུག་བསྔལ་གྱི་སྣོད་དུ་སྣང་བའི་གཏན་ཚིགས་ནི། སྨན་མ་ཞུ་བ་དང་འདྲ་སྟེ་སླར་གནོད་པ་ནི། སྔར་དཔྱང་ཐག་ཆད་པའི་སྟབས་སོ། །དེ་ཉིད་ཀྱི་ཡུན་ནི། སྐལ་པ་ཐེར་འབུམ། ཞེས་པ་ལ་སོགས་པ། སྐལ་པ་ཆེན་པོའི་གྲངས་ཐེར་འབུམ་མོ། །སོགས་ཁོངས་སུ་གྲངས་མེད་པའོ། །ཡུན་རིང་པོ་རྡོ་རྗེ་དམྱལ་བ་དེ་ནི། སྡུག་བསྔལ་ལས་ཐར་བར་མི་འགྱུར་ཞེའོ། །འོ་ན་སྐལ་པ་ཆེན་པོ་གཅིག་ན། འཇིག་རྟེན་གྱི་ཁམས་འཇིག་ན། རྡོ་རྗེ་དམྱལ་བ་དེ་ཅི་ལྟར་འགྱུར་ཞེ་ན། འཇིག་རྟེན་ཁམས་དེ་ཉིད་ཞིག་པའི་དུས་ལ་བབ་པའི་ཚེ་སྐབས་ན། མ་ཞིག་པའི་འཇིག་རྟེན་གྱི་ཁམས་གཞན་དུ་འཕོའོ། །འོ་ན་འཕོ་བའི་བར་ན་སྡུག་བསྔལ་ལ་ངལ་བསོར་ཡོད་དམ་ཞེ་ན། མེད་དེ། ཡུན་ཐུང་བ་ནི་སེ་གོལ་གཅིག་གིས་ཕྱིན་པར་བྱེད་ཅེས་སོ། །ཉེན་ཆེ་བས་ནན་ཏན་དུ་གདམས་པ་ནི། གོང་མ་རྣམས་སྡུག་བསྔལ་ཤིན་ཏུ་ཆེ་བས་གཏན་ཚིག་དེ་བས་ན། ལུས་ངག་ཡིད་གསུམ་གྱིས་བསྲུང་བ་ལ་ཤིན་ཏུ་ནན་ཏན་གྱིས་ཤིག་པའོ། །དེ་བས་ན་དམ་ཚིག་བཀོད་པ་ལས། རྡོ་རྗེ་དམྱལ་བ་ལས་བརྒྱ་ལ་ཐར་ན་ཡང་། དམྱལ་ཁམས་བཅུ་དྲུག་རིམ་པ་བཞིན་དམའ་བ་ནས་བརྒྱུད་དེ། སོ་སོའི་ཚེ་ཚད་ཀྱིས་སྡུག་བསྔལ་ཉམས་སུ་མྱོང་བ་དང་། དེ་ལས་ཐར་ནས་ཀྱང་། ཡི་དྭགས་རིམ་བཞིན་བརྒྱུད་པ་དང་། དེ་ལས་ཐར་ནས་བྱོལ་སོང་དུ་བརྒྱུད་པ་དང་། དེ་ལས་ཐར་ན་རུ་ཏྲ་ནག་པོར་སྐྱེ་བ། ལེའུ་དྲུག་པ་ལས་རྒྱས་པར་གསུངས་སོ། །ཡན་ལག་ཉམས་པའི་སྐྱོན་ལ་གཉིས་ཀྱི་མདོ་ནི། རྩ་བ་མ་ཉམས་ནས། ཡན་ལག་གི་དམ་ཚིག་ལྔ་ཚོ་ལྔ་སྟེ། གང་དང་གང་ཉམས་ནས་བསྲུང་བ་གཞུང་དུ་མ་སྲོངས་ན་ལོངས་སྤྱོད་ནི་ཡོ་བྱད་ཀྱི་ཚོགས་ཡིན་ལ། མང་དུ་འཕེལ་བ་སྤུས་ནི། ཉུངས་བ་སྟེ་དབུལ་བའོ། །ཐེག་པ་ཆེ་ལ་འཕྱ་འདོགས་ཅིང་། ཞེས་པ། ཐེག་པ་ཆེན་པོ་གསང་ཞུགས་སུ་ཞུགས་ནས། ལྟ་བ་དེ་ཉིད་འཛིན་ཅིང་སྤྱོད་པ་ལན་ལག་གི་དམ་ཚིག་རྣམས་ཡལ་བར་དོར་བ་ནི། དོན་ལ་འཕྱ་འདོགས་པ་ཡིན་པས། དོན་དེས་ཐུན་མོང་དང་མཆོག་གིས་དངོས་གྲུབ་རྣམས་བསྒྲུབས་ཀྱང་མྱུར་བར་མི་འགྲུབ་སྟེ། ཤིན་ཏུ་རིང་བར་འགྱུར་བ་དང་། །ཞེས་པས། གཏན་མེད་པ་མ་ཡིན་ཞེས་པ་དང་། ཡང་དང་ཡང་དུ་བླང་བ་ལས་ཉམས་ཐུན་མོང་གྱི་དངོས་གྲུབ་རྣམས་རིང་བ་དང་། མི་སྤང་བ་དང་ཤེས་བསྒྲུབ་རྣམས་ཡལ་བར་དོར་བས། མཆོག་གི་དངོས་གྲུབ་རིང་བར་འགྱུར་བ་དང་། སྤྱད་པར་ལྔ་དོར་བས་དེ་ཉིད་ཀྱི་གདུལ་བྱ་རྣམས་ཀྱི་དོན་རྣམས་མི་འགྲུབ་སྟེ། ཡལ་བར་འགྱུར་ཞིང་། ལྟ་སྤྱོད་ཡ་ཆར་འགྱུར་བ་ཉིད། །ཅེས་པ། ལྟ་བ་ནང་པ་ལྟར་སྤྱད་ཅིང་སྤྱོད་པ་ཕྱི་པར་གྱུར་པ་ཉིད་ཀྱིས་ཐེག་པ་ཕྱི་ནང་སྟེ། སྤྱོད་པ་ཕྱི་པ་ལྟར་བྱས་ནས། ལྟ་བ་ནང་པ་ལྟར་བྱས་པ་ཉིད་ཀྱིས། གསང་སྔགས་ཕྱི་ནང་འདྲེས་པ་དང་། རྒྱུ་དང་འབྲས་བུའི་ཐེག་པ་འདྲེས་པས། དཔེར་ན་མར་དང་སྤྱིན་དུ་བསྲེས་ན་མར་གྱི་མདོག་བསྣུམ་པ་དང་། སྤྱིན་གྱི་ཟུང་གཉིས་སོ་སོར་ཉམས་པའམ། ནས་དང་བྲ་བོ་འདྲེས་ན་སོ་སོར་ལོངས་སྤྱོད་མི་བདེ་བ་བཞིན། དོན་དེས་བཀའི་བྱིན་རླབས་འགྲུབས་པར་དཀའ་སྟེ། གསང་སྔགས་ཀྱི་བཀའ་ཟབ་མོ་ནི་བྱིན་རླབས་མངོན་གསུམ་དུ་མི་སྣང་བའོ། །ཡན་ལག་གི་དམ་ཚིག་ཉམས་པའི་དབང་གིས། ཆོས་སྐྱོང་མ་དགའ་བ་ནི། བསྲུང་བའི་ལྷ་རྣམས་གཡེལ་བའོ། །བོང་བུ་ལ་སེང་གེ་མི་འཕྲུགས་པ་ལྟར། གཉིས་འཛིན་ལ་མཉམ་པ་ཉིད་ཀྱི་དོན་མི་སྣང་བས། ཟབ་མོའི་དོན་མྱུར་བར། མི་རྟོགས་པ། རིང་འགྱུར་ཅིང་ཞེས་བྱའོ། །སྐལ་པ་ཆེན་པོར་ངན་སོང་གསུམ་གྱི་ཁ་བརྒྱུད་པས། དེ་དག་གི་སྡུག་བསྔལ་ཉམས་སུ་མྱོང་ཅེའོ། །རྣལ་འབྱོར་དངོས་སྒོམས་ཉིད་དུ་འགྱུར། ཅེས་པ། སྤྱོད་པ་ནི་ལྟ་སྒོམ་གཉིས་ཀྱི་འབྲས་བུ་མངོན་དུ་སྣང་བ་དང་། ཟག་བཅས་ཟག་མེད་དུ་སྦྱོར་བའི་གསོས་སམ་བཅུད་ཀྱི་རླན་དང་མཚུངས་པ་ལས། ཡན་ལག་གི་དམ་ཚིག་ཉམས་པའི་རྣལ་འབྱོར་པ་ལ་སྤྱོད་པའི་རླན་མེད་པས། དངོས་སྐམས་ཉིད་དུ་འགྱུར། ཅེའོ། །སྤྱི་དོན་བདུན་པ་མ་ཉམས་པའི་ཡོན་ཏན་ལ་གསུམ་གྱི་མདོ་ནི། རྣལ་འབྱོར་སྐྱེས་བུ་ཆེན་མོ་ཡིས། །ཞེས་པ། གཞིའི་རྣལ་འབྱོར་དང་། ལམ་གྱི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་དང་གསུམ་ལས། འདིར་ལམ་མོ། །ལམ་ལ་ཡང་ཟག་བཅས་ཟག་མེད་གཉིས་ལས། འདིར་ཟག་བཅས་འདུན་པས་སེམས་པའི་རྣལ་འབྱོར་རོ། །དེ་ནི་ལྟ་བའི་ངོས་ནས། ཆོས་ཐམས་ཅད་ཀྱི་རང་བཞིན་མ་བཅོས་པའི་རྣལ་མ་ལ། རིག་པའི་བློ་འབྱོར་བ་དང་། དེ་ཉིད་ཏིང་ངེ་འཛིན་དུ་འབྱོར་བ་དང་། དམ་ཚིག་གི་གཞུང་ཚུགས་པའོ། །སྐྱེས་བུ་ནི་ཚོགས་བསགས་པ་ལས་སྣང་བ་སྟེ། ཚེ་གཅིག་གིས་ཟག་པ་པའི་ལམ་མངོན་དུ་བྱ་བ་དང་ལྡན་པའོ། །ཆེན་པོ་ནས་འོག་མའི་སྤྱོད་ཡུལ་མ་ཡིན་པ་དང་། འཇིག་རྟེན་གྱི་དཔའ་རྩལ་ཅན་ལྟ་བུ་ལས་སླར་གྱུར་པའོ། །དེ་ལྟ་བུའི་རྐྱེན་ཀྱི་གང་ཟག་གིས་ཅེས་པས་རྟེན་བསྟན་ཏོ། །རྒྱས་པ་གཉིས་ཀྱི། རྩ་བའི་དམ་ཚིག་ལ་བྱང་ཆུབ་སེམས་ཀྱི་དམ་ཚིག་དང་། སྐུ་དམ་ཐུན་མོང་དུ་བསྟན་པ་ནི། དམ་ཚིག་མ་ཉམས་གཞུང་ཐོབ་ན། །ཞེས་པ། བྱང་ཆུབ་སེམས་གཉིས་དང་། སྐུ་ཡི་དམ་ཚིག་གཉིས་མ་ཉམས་ཏེ་གཞུང་ཐོབ་པ་ནི། ཉམས་སུ་ལེན་པ་ཁོ་ནའོ། །དུས་སྐབས་དེའི་ཚེ་ན། ལུས་ལ་འབྱུང་བ་དང་གདོན་གྱི་ནད་མེད་པ་དང་མཚན་ལྡན་ཞེས་པ། འཁོར་ལོ་བསྒྱུར་བ་ལ་ཡོད་པ་ལྟ་བུ་དག་འབྱུང་ཟེར་བའང་མ་ཡིན་ཏེ། འགྲོ་བ་ཀུན་གྱི་ཡིད་དུ་འོང་བའི་སྐུར་སྣང་བ་དང་འཁོར་རྣམ་པ་གཉིས་དང་ལོངས་སྤྱོད་ཀྱི་ཚོགས་ཐམས་ཅད་མ་བརྩལ་ཡང་རང་འཕེལ་བ་དང་། དོན་དེས་སྐལ་པ་ངན་སོང་མྱོང་མི་འགྱུར་ཅེས་སོ། །ཉམས་པའི་སྐྱོན་རྡོ་རྗེ་དམྱལ་བ་ལས་བཟློག་པས། དེ་ལ་སོགས་པ་ངན་སོང་གསུམ་པོའི་སྡུག་བསྔལ་ཉམས་སུ་མྱོང་བར་མི་འགྱུར་ཅེས་པ་དང་། ཐེག་པ་ཐུན་མོང་གི་སྒོ་ནས། ཉེས་བྱས་ཐམས་ཅད་འབྲས་བུ་བྱིན་པར་མི་ནུས་པས་ན། དག་པར་འགྱུར་ཅེས་བྱ་ཏེ། ཉི་མ་དང་སྲིན་བུ་མེ་ཁྱེར་བཞིན་པས་རག་མ་ལུས་པར་བསྟན་ཏོ། །སྲིད་པ་གསུམ་དུ་དབང་བསྐུར་ཞིང་ཞེས་པ། དམ་ཚིག་གི་ཡོན་ཏན་ཆེན་པོ་བདུན་ཉིད་དེ། འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །ཞེས་པས་དོན་གྱིས་འཇིག་རྟེན་པ་ཀུན་ཀྱིས་བཀུར་གནས་སུ་བྱེད་པས་དབང་བྱེད་པ་དང་། འདས་པ་རྣམས་ཀྱིས་བྱིན་གྱིས་རློབས་པས་དབང་བསྐུར་བའོ། །འགྱུར་ནི་ཡོན་ཏན་བརྗོད་པའི་ཚིག་གི་འཕྲོད་དོ། །ཐེག་པ་ཆེན་པོའི་དོན་ཐོབ་འགྱུར། །ཅེས་པ། སྐུའི་དམ་ཚིག་མ་ཉམས་པ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཟིན་ནས། ཐེག་པ་ཆེན་པོའི་གཞུང་གི་དོན་དང་གདམ་ངག་རྣམས་ཐོབ་པར་འགྱུར་བ་དང་། བྱང་ཆུབ་སེམས་ཀྱི་དམ་ཚིག་མ་ཉམས་པས་ཐེག་པ་ཆེན་པོའི་དོན་ནི་ལྟ་བ་དངོས་ཏེ། དེ་ཉིད་ཉམས་སུ་ལེན་པར་འགྱུར་བའོ། །དེས་ན་དམ་ཚིག་བཀོད་པ་ལས་ཀྱང་། སྐུ་ཡི་ཡོན་ཏན་ནི། ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་། ནད་མེད་པ་དང་། གཞོན་ཞིང་ཡང་ཙ་ལ་བབ་པ་དང་། ཡན་ལག་ལྷག་ཆད་མེད་པ་དང་། དབང་པོ་མ་ཉམས་པ་རྣམས་དང་། ཚེ་རིང་བ་དང་། ལོངས་སྤྱོད་དང་འབྱོར་པ་འཕེལ་བ་དང་། འཁོར་མ་མོ་དང་མཁའ་འགྲོ་བཀའ་བཞིན་ཉན་པ་དང་། སྲིད་པ་གསུམ་ལ་དབང་བསྒྱུར་བ་དང་། མཐུ་དང་རྫུ་འཕྲུལ་གཞན་གྱིས་དཔག་གིས་མི་ལང་བ་དང་། མན་ངག་ལུང་གི་དོན་རྟོགས་པར་འགྱུར་བ་དང་། རིག་འཛིན་རྣམ་གསུམ་གྱི་དངོས་གྲུབ་ཐོབ་པ་དང་། ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པ། ཞེས་སོ། །གསུང་གི་ཡོན་ཏན་ནི། གསུང་གི་ལྷ་མཉེས་ཞེས་པ་ལ་སོགས་སྟེ། གསུང་གི་དམ་ཚིག་སྔགས་བཟླ། ཕྱག་རྒྱ་བཞི་མ་ཉམས་པར་བསྲུང་བའི་ཡོན་ཏན་ནི། ཡེ་ཤེས་ཀྱི་ལྷ་མཉེས་པ་དང་། དེས་བར་ཆད་དང་བྲལ་བས། རིགས་རྒྱུད་གཉིས་འཕེལ་བ་དང་། གསུང་གི་དམ་ཚིག་རྒྱུན་མི་ཆད་པར་ཉམས་སུ་བླངས་པའི་སྟོབས་ཀྱིས། འཕྲིན་ལས་བཞི་ལ་སོགས་པ་ཐམས་ཅད་ལྷུན་གྱིས་གྲུབ་པའི་མཐུ་དང་ལྡན་པ་དང་། དེའི་བྱིན་རླབས་བསམ་གྱིས་མི་ཁྱབ་པ་གཞན་ལ་སྣང་བས། གཞན་དོན་ཀྱི་ལས་རྣམ་བཞི་ཡང་། གང་བསྒྲུབས་པའི་དུས་སུ། ཐོགས་པ་མེད་པར་འགྲུབ་པར་འགྱུར་བ་དང་། མདོར་བསྡུས་ན་ཅི་དང་ཅི་བསམ་པའི་དངོས་པོ་ཐམས་ཅད་མྱུར་བར་འགྲུབ་པར་འགྱུར་རོ། །དེས་ན་དམ་ཚིག་མཐར་ཕྱིན་པའི་རྒྱ་རྟགས་རྣམ་པ་བཞི་སྟེ། མང་པོས་བཀུར་ཞིང་གྲགས་པ་ཐོབ་པ་དང་། ཡིད་འོང་འབྱུང་ཞིང་འདོད་པ་གྲུབ་པ་དང་། དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང་། མངོན་ཤེས་འབྱུང་ཞིང་རིག་པ་འཆར་བ་རྣམས་རྫོགས་པའོ། །དེ་ཡང་དམ་ཚིག་བཀོད་པ་ལས། གསུང་གི་ཡོན་ཏན་ལྷ་ཉེ་བ་དང་། རིགས་རྒྱུད་འཕེལ་བ་དང་། དུས་སུ་འགྲུབ་པ་དང་། བཀའ་ཉན་པ་དང་ཞེས་པ་ལ་སོགས་པ་སྟེ། ཀུན་ཏུ་བཟང་པོ་ང་དང་སྤྱོད་པ་མཉམ་པར་འགྱུར་རོ། །ཞེས་སོ། །ཐུགས་ཀྱི་དམ་ཚིག་ནི། ཐུགས་ཀྱིས་སྐྱོ་དུབ་མེད་པ་དང་། །ཞེས་པ་ལ་སོགས་པ། གསང་བ་བཅུ་མ་ཉམས་པའི་ཡོན་ཏན་ནི། ཐུགས་ཀྱི་སྒོ་ནས་ཡིན་པས། ཐོས་བསམ་བསྒོམ་གསུམ་དང་། བསྒོམ་པའང་མཆོག་དང་ཐུན་མོང་གཉིས་དང་། བླ་མའི་བྱ་བ་ལ་བྲལ་འདོད་པའི་སྐྱོ་བ་མེད་པ་དང་། ངལ་ཞིང་དུབ་པ་མེད་པ་དང་། དོན་དེ་ཉིད་ཀྱིས། བསྐྱེད་རྫོགས་རྣམ་པ་གཉིས་ཀྱི་མན་ངག་སྣོད་དུ་འགྱུར་བས། བླ་མས་གནང་བ་དང་། ངོ་བོ་ཉིད་ཀྱི་འཕྲད་པའོ། །མཆོག་ཐུན་གྱི་དངོས་གྲུབ་གང་བསྒྲུབས་ཀྱང་ཉེ་བར་འགྲུབ་པ་དང་། ཐུགས་དམ་མ་ཉམས་པའི་སྟོབས་ཀྱིས། དགོངས་པ་ཟབ་མོ་རྟོགས་དཀའ་བ་མཉམ་པ་ཉིད་ཀྱི་དོན་མཁས་པའི་གདེང་དུ་འགྱུར་པ་དང་། ཡེ་ཤེས་ཀྱི་ལྷ་རྣམས་ཀྱིས་དབང་བསྐུར་བར་འགྱུར་བ་སྐུའི་སྐབས་སུ་བཤད་པ་བཞིན་ནོ། །དེ་ཡང་དམ་ཚིག་བཀོད་ལས། ཐུགས་ཀྱི་ཡོན་ཏན་ནི། དོན་མཐུན་པ་དང་། སྐྱོ་དུབ་མེད་པ་དང་། མན་ངག་གི་སྣོད་དུ་འགྱུར་པ་ལ་སོགས་པ་རྒྱས་པ་དང་། ཀུན་ཏུ་བཟང་པོ་ང་དང་རྟོགས་པ་མཉམ་པར་འགྱུར་ཅེའོ། །ཡན་ལག་གི་ཡོན་ཏན་ནི། ཡན་ལག་དམ་ཚིག་མ་ཉམས་ན། །ཞེས་པ། ཡན་ལག་ཡང་ཉི་ཤུ་རྩ་ལྔའི་དམ་ཚིག་མ་ཉམས་ཏེ་ཉམས་སུ་ལོན་ན། སྐྱོན་བཟློག་པ་ཉིད་ཅེས་པ། གོང་གི་སྐྱོན་ལས་བཟློག་པ་སྟེ། ལོངས་སྤྱོད་མང་དུ་འཕེལ་བ་དང་། ཐེག་པ་ཆེ་ལ་དཔྱ་མ་འདོགས་ཏེ་ལྟ་སྤྱོད་མཐུན་པས། མཆོག་ཐུན་མོང་ཀྱི་དངོས་གྲུབ་རྣམས་ཤིན་ཏུ་ཉེ་བར་འགྱུར་བ་དང་། འདུལ་བྱའི་དོན་རྣམས་དུས་སུ་འགྲུབ་པ་དང་ལྟ་སྤྱོད་ཡ་ཆར་མ་གྱུར་ཏེ། གསང་སྔགས་ནང་པར་ཆུད་པས། ཐེག་པ་ཕྱི་ནང་མ་འདྲེས་པས། བཀའི་བྱིན་རླབས་དུས་སུ་འགྲུབ་པ་དང་། བསྲུང་བའི་ལྷ་རྣམས་ཀྱིས་སྐྱོབ་པ་དང་། ཟབ་མོའི་ཆོས་མྱུར་བར་རྟོགས་ཤིང་། བསྐལ་པར་ངན་སོང་གི་སྡུག་བསྔལ་མི་མྱོང་བ་དང་། རྣལ་འབྱོར་པ་སྤྱོད་པའི་རླན་གྱིས་ཟིན་པའོ། །གཞན་ཡང་། བདུད་བཞི་འཇོམས་ཤིང་ཞེས་པ། སྤྱད་པ་ལྔས་ལྷ་ཡི་བུའི་བདུད་བཅོམ། མི་སྤང་བ་ལྔས་ཉོན་མོངས་པ་བདུད་བཅོམ། དང་དུ་བླང་བ་ལྔས་འཆི་བདག་གི་བདུད་བཅོམ། ཤེས་པ་ལྔས་ཕུང་པོའི་བདུད་བཅོམ། བསྒྲུབ་པ་ལྔ་སྤྱི་ལྟར་རྩིའོ། །ངན་སོང་སྦྱོང་ཞེས་པ། རྒྱུ་ས་བོན་གཏིང་ནས་དག་པ་སྟེ། མཛད་པར་ཡང་སྦྱར་ཏེ། ཐེག་སྤྱད་པར་བྱ་བ་ལྔ་པོས། ཐེག་ཆེན་ལྟ་སྤྱོད་གཞུང་སྲོངས་ཞེས་པ། ཐེག་པ་མཆོག་གསང་སྔགས་ཀྱི་ལྟ་བ་དང་སྤྱོད་པ་ཡ་མ་ཆ་བས་གཞུང་སྲོངས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་འགོ་བས། ཅི་བསམ་པ་ཐམས་ཅད་འགྲུབ་ལ། མདོར་ཆོག་དང་ཐུན་མོང་འམ། བདག་གཞན་ཀྱི་དོན་གཉིས་ཡོངས་སུ་རྫོགས་པར་འགྱུར་རོ། །འོག་མའི་འདུལ་སྡོམ་རྣམས་འདིར་འདུས་པ་ནི། ཐེག་ཆེན་དམ་ཚིག་ལ་གནས་པས། །ཞེས་པ་ལ་སོགས་པ། ཐེག་ཆེན་འདི་ཉིད་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པར་གནས་པས། ཐུན་མོང་གི་ཡན་ལག་གི་སྐབས་སུ། ཐེག་པ་འོག་མའི་ཉན་ཐོས་ཀྱི་འདུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་རྫོགས་ལ། གསང་སྔགས་ཕྱི་ནང་གི་དམ་ཚིག་རྣམས། ཆེད་དུ་བསྲུང་བ་མེད་པར། དོན་རྣམས་ཡོངས་སུ་རྫོགས་ཏེ། ཐུབ་པས་ན་ཞེས་པ། དཔེར་ན་ཤིང་གི་ཕུང་པོ་ཆེན་པོ་ལ་ཡན་ལག་ཕྲ་བའི་ཕྲ་བའང་མ་ཉམས་པ་ལྟ་བུའོ། །དེ་ཡང་རྟེན་གྱི་གང་ཟག་དེ་ལ་འདུལ་བའི་ངོས་ནི་ཉན་ཐོས་དང་རང་རྒྱལ་བའི་དགེ་སློང་ཞེས་བྱ་བ་དང་། སྡོམ་པའི་ངོས་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། གསང་སྔགས་ཕྱི་པའི་ངོས་ནས་རྣལ་འབྱོར་དང་། ནང་པ་གསུམ་གྱི་ངོས་ནས། རྣལ་འབྱོར་ཆེན་པོ་ཡིན་ཞེས་བྱའོ། །དོན་ལ་མ་འདྲེས་ཡོངས་སུ་རྫོགས་པའོ། །སྤྱི་དོན་བརྒྱད་པ། ཉམས་པ་བསྐང་བའི་ཐབས་ལ་གསུམ་གྱི་དང་པོ་མདོར་བསྟན་པ་ནི། ཉམས་ན་ཞེས་པ་ལ་སོགས་པ་ཏེ། དེ་ཡང་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ན། སྐྱེས་བུ་ཡ་རབ་ཀྱིས་ཉམས་པའི་སར་མི་འཇོག་སྟེ། ཉམས་པ་ཉིད་བསྐང་བའི་ཐབས། རྩ་བའི་བསྐང་ཐབས་སོ་སོ་དང་། ཡན་ལག་སོ་སོ་རྣམས་ནི། འཆད་པ་བཞིན་ཡོད་དེ། དེ་ཡང་དམ་ཚིག་བཀོད་པ་ལས། འདི་དག་ཉམས་པ་ལས་སླར་གསོ་བའི་ཐབས་ནི་ཅི་མངའ། གསོས་ན་སྐོངས་པར་འགྱུར་རམ། མི་འགྱུར་བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། འདི་དག་གསོ་བའི་ཐབས་ནི་མངའ་སྟེ། དཔེར་ན་མར་མེ་དང་འདྲའོ། །ཤི་ཞིང་ཉམས་ཀྱང་གསོ་བའི་ཐབས་མངའོ། །གསེར་སྐྱོགས་དངུལ་སྐྱོགས་དང་འདྲ་སྟེ། ཞོམས་ཡང་བསྲང་བའི་ཐབས་མངའོ། །དཔེར་ན་མཚོན་གྱི་རི་མོ་དང་འདྲ་སྟེ། ཡལ་ཡང་གསོ་བའི་ཐབས་མངའོ། །ཞེས་པ་དང་། ཡང་ཞུས་པ། སྐུའི་དམ་ཚིག་ཉམས་ན་སླར་གསོ་ཞིང་བསྐང་པའི་ཆོ་ག་གང་ལགས། ཞེས་པ་ལ་སོགས་པ་གསུངས་སོ། །རྒྱས་པ་ལ་གཉིས་ཀྱི། རྩ་བ་ལ་བཞི་ནི། བྱང་ཆུབ་སེམས་ཀྱི་བསྐང་ཐབས་ནི། །བྱང་ཆུབ་སེམས་ཀྱི་དམ་ཉམས་ན། །ཞེས་པ་ལ་སོགས་པ་གོང་དུ་བཤད་པ་བཞིན་ཀུན་རྫོབ་དང་དོན་དམ་གཉིས་ལ་མ་མོས་པ་དང་། ཉམས་སུ་མ་བླང་སྟེ། ཕྱལ་བར་སོང་བར་རྣམས་ནི་དམ་ཉམས་པ་སྟེ། དེ་ལྟ་བུ་གྱུར་ན། བླ་མ་རྒྱུད་ཀྱི་གཞུང་དང་དགོངས་པའི་ཉམས་ལ་མཁས་པ་ལ། སྔོན་དུ་དད་པ་དང་ཡོ་བྱད་ཀྱིས་མཉེས་པར་བྱས་ནས། དགོངས་པའི་དོན་བླངས་ཏེ། དེའི་ངང་ལ་དུས་གསུམ་དུ་གནས་པར་བྱ་བ་ལས་མ་གཏོགས་པ། ཐབས་ཀྱི་བརྩལ་བ་གཞན་གང་གིས་་ཀྱང་མི་སྐོངས་སོ། །གཏོར་རྒྱུད་ལས་སྐུའི་ཉམས་ན་ག་ལ་ཉམས་པའི་གནས་སུ་བསྐང་ངོ་། །གསུང་བདུད་རྩི་འདི་ལ་བསྒྲུབ་པ་གསུམ་གྱིས་བསྐང་ངོ་། །ཐུགས་ནི་པ་ཏི་ལས་སུ་རུང་བས་བསྐང་ངོ་། །ཡན་ལག་ནི་ཚོགས་གཏོར་བརྒྱ་རྩ་བརྒྱད་ཀྱིས་བསྐང་ངོ་ཞེའོ། །དེ་ཡང་དམ་ཚིག་བཀོད་པ་ལས། སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་དང་རང་བཞིན་མེད་པར་ཤེས་ན། དམ་ཚིག་མི་ཉམས་སོ། །དེ་ཅིའི་ཕྱིར་ཞེ་ན། འཛིན་པ་དང་ཆགས་པ་མེད་པས་སོ། །དེ་བས་ཀྱང་ཆོས་ཐམས་ཅད་གཉིས་སུ་མེད་ཅིང་མཉམ་པ་ཉིད་དུ་ཤེས་ན། དམ་ཚིག་ལ་ཉམས་པའི་དུས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་རྟོག་གི་ཕྱོགས་རིས་མིང་ཡང་མེད་པས། ཉམས་པའི་དུས་མེད་དོ། །ཅེས་ཏེ། སྐོང་བའི་ཚད་དོ། །སྐུའི་བསྐང་ཐབས་ལ་ལྔའི་དང་པོ། བསྐང་ཐབས་དངོས་ནི། སྐུའི་དམ་ཚིག་ཉམས་གྱུར་ན། །ཞེས་པ་ལ་སོགས་པ་སྟེ། དེ་ཡང་སྐུ་དམ་བླ་མ་དང་གྲོགས་པོ་གཉིས་ཏེ། ལུས་ངག་ཡིད་གསུམ་གྱིས་བཤད་པ་ལྟར་ཉམས་སུ་མ་ལེན་ནས། འཚོ་བ་གསུམ་ཕྲོགས་པ་སྟེ། སྲོག་གི་འཚོ་བ་སྟེ། ཐུགས་མི་བདེ་བར་བྱས་པ་དང་། ལོངས་སྤྱོད་ཀྱིས་འཚོ་བ་སྟེ། ཡོ་བྱད་ཕྲོགས་པའོ། །དེ་གསུམ་ཡང་གོང་མ་དང་འོག་མ་དང་བར་མའི་རིགས་ཀྱིས། ཉེས་པ་ཆེ་ཆུང་གི་བྱེ་བྲག་སྟེ། ཡང་གསུམ་ཚོགས་པ་དང་། གཉིས་དང་། གཅིག་གི་ཁྱད་ཀྱང་ཤེས་པར་བྱའོ། །ཡུལ་སློབ་དཔོན་དྲུག་ཀྱང་། མན་ངག་ལ་སོགས་པ་རིམ་པ་བཞིན་དུ་གནས་ལ། གྲོགས་པོ་བཞི་འང་འཚོ་བ་གསུམ་ཕྲོགས་པ་སྔར་དང་འདྲ་བ་ལས། འདྲེས་པ་དང་ཉེ་བའི་རིམ་པ་ཉེས་ཆེ་ཆུང་ཤེས་པར་བྱ་སྟེ། དེ་ཡང་དམ་ཚིག་བཀོད་པ་ལས། རྡོ་རྗེ་སློབ་དཔོན་གྱི་སྐབས་ན། །སྐུ་ལ་བསྡོས་དང་ཐགས་ཐུབ་སྤྱད། །མ་རིགས་ཀ་མ་ལི་མ་བརླམས། །ངན་དུ་བརྗོད་དང་ལོག་པར་སྨྲས། །སྐུ་ལ་སྨད་ཅིང་ཐུགས་ལ་བསྡོས། །བཀའ་རྐུན་ལུང་མེད་ཡོངས་སུ་བསླད། །ཅེས་པ་དང་། གྲོགས་པོ་ལ་ཡང་། རྣལ་འབྱོར་འཐབ་རྩོད་སྐྱེས་པ་ལ། །གཅིག་ལན་གཅིག་གིས་བྱེད་པ་ནི། །བེའུ་སྦྲེལ་གཡང་དུ་ལྟུང་བ་བཞིན། །གཉིས་ཀ་དམྱལ་བར་ལྟུང་བར་འགྱུར། །གང་གིས་བསྲིང་པ་དེ་རྒྱལ་བས། །གཉིས་ཀས་བསྲིང་ན་རྒྱལ་བ་དེས། །རྩོད་པ་རྒྱལ་ཡང་ཕམ་པ་བཞིན། །ཅེས་སོ། །དེས་ན་ཉམས་པའི་དངོས་པོ་ད་ལྟ་བུ་མངོན་དུ་བྱུང་བར་གྱུར་ན། གང་ལ་ཉམས་པ་དེར་སོང་ནས། ཞེས་པ། སློབ་དཔོན་དྲུག་གང་ལ་ཉམས་པ་འམ། གྲོགས་མཆེད་གང་ལ་ཉམས་པའི་ཡུལ་དེའི་སྤྱན་སྔར་སོང་ལ། བཤགས་པའི་ཐབས་ནི། ནོར་ཟས་འབྱོར་བ་མཉེས་ཕུལ་ནས། །ཞེས་པ། ཀུན་འདུས་རིག་པ་ནས་སྨོས་པའི་རིན་ཆེ་ལྟ་བུའམ། གསང་བའི་སྙིང་པོ་ནས་སྨོས་པས། རྒྱལ་སྲིད་དང་ནི་རང་གི་ལུས། །ཞེས་པ་ལ་སོགས་པ་དང་། ཟས་ཀྱི་བྱེ་བྲག་རང་གི་འབྱོར་ཚད་དམ། ཡང་ན་ཡུལ་མཉེས་པའི་ཚད་དུ་ཕྱིན་པར་ཕུལ་ནས། གང་ཉེས་ཚིག་ཏུ་བཤགས་བྱས་ལ། །ཞེས་པ། རང་གིས་ཉམས་པའི་དངོས་པོ་གང་ཉེས་པ་སྟེ། སེམས་གནོང་བ་དང་བཅས་པས། ཚིག་ཏུ་ཟུར་ཕྱིན་པར་བཤགས་པར་བྱ་སྟེ། མ་མོས་ཤིང་མི་དད་པ་ལྟ་བུ་མ་ཡིན་པར་བསྟན་ཏོ། །དེས་ན། ད་ཉེས་ནི་མ་ཉེས་སྟེ། བཤགས་པ་ནི་བྱེད་ཟེར་བ་ལྟ་བུ་ནི་མི་དག་པར་གསུངས་སོ། །དེ་ལྟར་བཤགས་པ་བྱས་པའི་རྟིང་ལ། ཕྱིན་ཆད་དེ་ལས་མི་འདའ་བའི་སྡོམ་པ་ལེགས་པར་བཅའོ། །དེ་ཡང་དམ་ཚིག་བཀོད་པ་ལས། རྣམ་པར་དག་པའི་བསམ་པས་མཐོལ། །དོན་གྱིས་མི་གནས་ཚིག་འདིས་གཤེགས། །རང་བཞིན་མེད་པར་བཟོད་པར་གསོལ། །ཅེས་སོ། །ཡུལ་དེ་མེད་ན་དེའི་སློབ་དཔོན་ལ་སྐོངས་ཐབས་ནི། །གལ་ཏེ་གྲོངས་ཆད་གྱུར་པ་ན། །ཞེས་པ། གལ་ཏེའམ་རྒྱ་ལ་ན། ཡུལ་གཉིས་གང་ཡིན་པ་དེ། གྲོངས་ཏེ་འདས་པའམ། ཆད་སྟེ་བར་དུ་རྩ་ཆེན་པོའི་བཅད་པ་དང་། གཅན་ཟན་གཏུམ་པོས་བཅད་པ་དང་། རྒྱལ་ཁམས་མི་གཅིག་པས་ཆོད་དེ། བགྲོད་ཐབས་མེད་པར་གྱུར་པ་ན། ཡུལ་གཉིས་པོ་དེའི་སློབ་དཔོན་གང་ཡིན་པར་ཁུགས་པར་གྱུར་ན། གནས་སྐབས་དེའི་ཚེ་གོང་མ་བཞིན་ཅེས་པ། ཡུལ་གང་ཡིན་པར་དེར་སོང་ལ། སྔོན་དུ་ནོར་ཟས་ཀྱིས་མཉེས་པར་བྱས་ནས། ཉེས་པ་གང་ཡིན་པ་དེ་ཚིག་ཏུ་དག་པར་བཤགས་ལ། ཕྱིན་ཆད་སྡོམ་པ་ལེགས་པར་བཅང་བ་ལ་ནི་བཤགས་ཞེས་བྱའོ། །ཡུལ་གང་གིས་ཀྱང་མྱུར་དུ་ཚངས་པ་སྦྱིན་པར་བྱ་སྟེ། དེ་མ་བྱས་ན་གཉིས་ཀ་ལྷུང་བ་ནི། དམ་ཚིག་བཀོད་པ་ལས། དེ་ལྟར་བཤགས་པ་བྱེད་ན་ཡང་། །སློབ་དཔོན་ལ་སོགས་མཆེད་རྣམས་ཀྱིས། །གང་ཞིག་ནོངས་པར་དྲན་པ་དང་། །རྗེས་སུ་འགྱོད་པ་སྐྱེས་ནས་སུ། །སླན་ཆད་སྡོམ་པར་འཚལ་བ་དང་། །ཚངས་པ་འཕྲལ་དུ་གསོལ་བར་བྱ། །ཞེས་སོ། །དེ་ཡང་དམ་ཚིག་གི་རྒྱུད་ལས། གལ་ཏེ་ཉམས་པ་མ་བསྐངས་པར། །བླ་མ་སློབ་དཔོན་མཆེད་ལྕམ་དྲལ། །རྐྱེན་ཀྱིས་གྲོངས་ཆད་གྱུར་པས་ན། །དེའི་སློབ་དཔོན་བཞུགས་པ་ལ། །གོང་མ་བཞིན་དུ་བཤགས་པར་བྱ། །ཞེས་སོ། །མཉམ་པ་བརྒྱ་ལ་བཤགས་པ་ནི། །མེད་ན་མཉམ་པ་བརྒྱ་ལ་གཤགས། །ཞེས་པ། སློབ་དཔོན་དེ་ཡང་གྲོངས་ཆད་དུ་གྱུར་ནས་མེད་ན། ཡུལ་གཉིས་པོ་གང་རུང་དང་། དགོངས་པ་མཉམ་པ་བརྒྱ་བཙལ་ཏེ། དངོས་འདྲ་བ་བརྒྱ་མ་རྙེད་ཀྱང་དོད་བརྩི་བ་ནི། ཉན་ཐོས་ཀྱི་ཚིགས་སུ་བཅད་པ་འབུམ། བྱང་ཆུབ་སེམས་དཔའི་ཐེག་པའི་ཚིགས་སུ་བཅད་པ་གཅིག་དང་མཉམ་ལ། དེ་ཉིད་ཀྱི་འབུམ། གསང་སྔགས་ཕྱི་པའི་ཚིགས་གཅིག་དང་མཉམ་ལ། དེ་ཉིད་ཀྱི་ཚིགས་བཅད་འབུམ། གསང་སྔགས་ནང་པའི་ཚིགས་སུ་བཅད་པ་གཅིག་དང་མཉམ། དེ་ལྟ་བུའི་བརྒྱ་ཚང་བ་ལ་བཤགས་པའི་ཐབས་དང་། དངོས་གཞི་དང་། རྗེས་ཀྱི་བྱ་བ་རྣམས་བཤད་པ་ལྟར་ཉམས་སུ་བླང་སྟེ་གཤེགས་སོ། །དེ་ཡང་དམ་ཚིག་བཀོད་པ་ལས། དེའི་སློབ་དཔོན་མི་བཞུགས་ན། །དེ་དང་མཉམ་པ་བརྒྱ་རྣམས་ལ། །དེ་ཚེ་གོང་མ་བཞིན་དུ་གཤེགས། །ཞེས་སོ། །དེ་མ་རྙེད་ན་སྦྱིན་སྲེག་བྱ་བ་ནི། དེ་ཡང་རྙེད་པ་མ་གྱུར་ན། །ཞེས་པ་ལ་སོགས་པ་སྟེ། མཉམ་པ་བརྒྱ་པོ་དེ་ཡང་རྙེད་པར་མ་གྱུར་ན། ཉམས་པའི་ཡུལ་གང་ཡིན་པ་དེ་དང་། ལྟ་སྤྱོད་བསྒོམ་གསུམ་མཉམ་པ་གསུམ། བཀུག་པ་དེ་ནས་སྤྱན་དྲངས་པའོ། །གསུམ་གྱི་དགོས་པ་ནི། གཅིག་རྡོ་རྗེ་རྒྱལ་པོ་སྟེ། ཏིང་ངེ་འཛིན་འཕྲོ་འདུ་གཅིག་པུའི་ལས་བྱེད། གཅིག་རྡོ་རྗེ་རྒྱལ་ཚབ་སྟེ། ཏིང་ངེ་འཛིན་དང་ཕྲིན་ལས་གཉིས་ཀྱི་གཞུང་བསྲང་། གཅིག་ལས་མཁན་ཏེ། འཕྲིན་ལས་དང་ལས་བསྒྲིགས་ཐམས་ཅད་བྱ་བའོ། །སྦྱིན་སྲེག་མེ་ཐབ་ཅེས་པ། ལས་ཐམས་ཅད་འགྲུབ་པར་བྱེད་པའི་སྦྱིན་སྲེག་སྟེ། དེ་ཡང་མེ་ལྷ་དྲང་སྲོང་ལ་སྦྱིན་པ་དང་། དཀྱིལ་འཁོར་ཡི་དངོས་གཞི་ལ་བསྲེག་པ་སྟེ། གཞི་མེད་ལ་བརྟེན་པའི་གཞི་ལས། འདིར་ཞི་བའི་ཐབས་ཟླུམ་པོ་དང་། ཁ་དོག་དཀར་པོ་ལ་སོགས་པ་མཚན་ཉིད་དང་མཐུན་པ་བརྩིགས་ནས། ཞི་བའི་ཁྱད་པར་ཀྱི་ཆོས་རྣམས་དང་། མཐུན་པའི་མཆོད་རྫས་དང་། བསྲེགས་རྫས་རྣམས་ལྟ་གོན་དུ་གནས་པ་དང་། ཞི་བར་སྨོས་པས་ཤིང་བརྩིག་པ་དང་། རང་ཉིད་ལས་ཀྱི་ལྷ་ཡི་རྣལ་འབྱོར་སྟ་གོན་བྱས་ནས། མཚན་ཉིད་དང་མཐུན་པའི་མེ་སྦར་སྟེ། ཞི་བའི་མེ་ལྷ་སྐྱེད་དེ། ཡེ་ཤེས་པ་བསྟིམས་ནས། དང་པོར་མཆོད་པ་འབུལ། དེ་ནས་བསྲེག་རྫས་འབུལ་བའང་། ཞི་བའི་སྔགས་ཀྱིས་སོ། །དེར་མེ་ལྷ་མེའི་རང་བཞིན་དུ་བྱས་པའི་ནང་དུ་དཀྱིལ་འཁོར་ལྷ་ཞེས་པ། ཡུལ་བླ་མ་ཡིན་ན། དབང་བསྐུར་ཞུས་པའི་དཀྱིལ་འཁོར་འམ། ཡི་དམ་ཁོགས་པའི་དལ་འམ། ཡང་ན་བླ་མ་ཉིད་ཀྱི་ཐུགས་དམ་གང་ཡིན་པའོ། །གྲོགས་པོ་ལྟ་བུ་ན། དབང་མནོས་པའི་དལ་ཐུན་མོང་གང་ཡིན་པའམ། ཡང་ན་གྲོགས་པོའི་ཡི་དམ་མོ། །དེ་དག་མེའི་ནང་དུ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད། སྤྱན་དྲངས་ཞེས་པ། ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ། དེ་ནས་མཆོད་པ་རྣམས་གཞུང་དང་མཐུན་པར་འབུལ་བའོ། །ཡང་སྤྱན་དྲངས་ཞེས་པ་ཉམས་པའི་ཡུལ་གང་ཡིན་པའང་། ཡང་ནས་ཡང་དུ་སྤྱན་དྲངས་ཤིང་དཀྱིལ་འཁོར་ལ་བསྟིམ། རྫས་སུ་ཞེས་པས་བསྲེག་རྫས་རྣམས་མངོན་པར་རྟོགས་པའི་གྲལ་རིམ་པ་བཞིན་འབུལ་ཏེ། འབུལ་བའི་སྔགས་ནི། གསང་མཚན་ལ་སོགས་ཞེས་པས། ཡེ་ཤེས་ལྷ་སྔགས་ཀྱི་རྟིང་ལ་བདག་ཆེ་གེ་མོ་ཞེས་པའི་གསང་མཚན་དང་། དམ་ཚིག་ཉམས་པ་ཤིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ནི། བསྡུས་པའི་དོན་ཏེ་རིམ་པར་མཆོད་དོ། །ཡང་ན་སྦྱིན་སྲེག་གི་དུས་སུ་བླ་མ་དང་གྲོགས་པོ་གང་ཡིན་པ་དེ་སྤྱན་དྲངས་ཏེ། ཚུལ་ཅི་ལྟར་ན་གསང་མཚན་ཀྱི་སྒོ་ནས་སམ་སོགས་ཁོངས་སུ། འཇིག་རྟེན་པ་ལ་གྲགས་པའི་མཚན་ནོ། །མཆོད་ཅེས་པས། དེ་ལ་སྦྱིན་སྲེག་གི་མཆོད་པ་གཞུང་བཞིན་དུ་བྱའོ། །དེ་ཡང་ཚར་ནས་མེ་ལྷའི་ཆོ་ག་རྣམས་ཀྱང་བྱས་ཏེ། སྤྱིར་སྦྱིན་སྲེག་བདུན་ནམ་ཉི་ཤུ་རྩ་གཅིག་ལ་སོགས་པ་ཚར་ནས་གོང་དུ་སྨོས་པའི་ཡོ་བྱད་རྣམས། ཞེས་པ། བཤགས་ཐབས་དང་པོའི་སྐབས་སུ་སྨོས་པའི་ནོར་ཟས་འབྱོར་པ་རྣམས་སོ། །དང་པོ་གསུམ་ནི། ཀླད་དུ་སྨོས་པའི་མཉམ་པ་གསུམ་མོ། །ཡང་ན་དབང་པོ་ཞེས་བྱ་བ་ནི། བཤགས་པའི་དཔང་པོ་བཤད་མ་ཐག་པའི་སློབ་དཔོན་གསུམ་མོ། །དེ་དག་མཉེས་པའི་ཐབས་སུ་འབུལ་བར་བྱ། ཞེས་སོ། །དེ་ཡང་དམ་ཚིག་བཀོད་པ་ལས། དེ་ཡང་རྙེད་པར་མ་གྱུར་ན། །སྦྱིན་སྲེག་མེ་ཐབ་རབ་བརྩིགས་ནས། །དེ་དང་མཉམ་པ་གསུམ་བཀུག་ནས། །མཆོད་རྫས་སྣ་ཚོགས་བཤམ་པར་བྱ། །གསུམ་པོ་དེ་ཡང་དཔང་པོར་བཞག །བླ་མ་ལ་སོགས་མཆེད་རྣམས་ཀྱི། །གསང་མཚན་ལ་སོགས་སྤྱན་དྲངས་ཏེ། །སྦྱིན་སྲེག་མཆོད་པ་གཞུང་བཞིན་བྱ། །དཀྱིལ་འཁོར་ལྷ་ལ་ཚུལ་བཞིན་བྱ། །བཞུགས་ལ་གཤེགས་པའི་ཆོ་ག་གདགས། །དེ་ཚེ་ཟིན་པར་གྱུར་པའི་ཚེ། །གོང་དུ་སྨོས་པའི་ཡོན་རྣམས་ཀྱང་། །དཔང་པོ་གསུམ་ལ་དབུལ་བར་བྱ། །དེས་ཀྱང་ཡོངས་སུ་བཤད་པར་གཏང་། །དེ་བཞིན་ལན་གྲངས་བདུན་དུ་བྱ། །དེ་ལྟར་བྱས་ན་སྐོངས་པར་འགྱུར། །མཆེད་ལ་སོགས་པའང་དེ་བཞིན་ནོ། །ཞེས་སོ། །དཔང་པོ་གསུམ་གྱིས་ཀྱང་ཚངས་རྒྱ་སྦྱིན་པ་གལ་ཆེའོ། །ཡུལ་གྱིས་མྱུར་དུ་ཚངས་པ་སྦྱིན་པ་ནི། གལ་ཏེ་གུས་པས་མི་ལན་ན། །ཞེས་པ། གལ་ཏེ་ཉམས་པ་ཅན་གྱིས་དེ་ལྟར་གདུང་པའི་སེམས་ཀྱིས་བཤགས་པ་དང་དུ་བླངས་ཀྱང་། ཡུལ་གང་ཡིན་པས། ཡུས་བཤད་པའི་དབང་གིས། གུས་པས་བཤགས་པ་མི་ལེན་ན། བརྣག་སེམས་ཆེ་བར་གྱུར་ན། ཉེས་པ་ཤིན་ཏུ་ཆེ་སྟེ། སྤྱིར་ཐེག་པ་ཆེན་པོའི་ལུགས་ཀྱིས་སེམས་ཅན་ཆུད་མི་གསོན་ཅིང་། བྱམས་པ་དང་སྙིང་རྗེས་བཟུང་ལ། གསང་སྔགས་ནི་དེ་བས་ཀྱང་ཐབས་ལ་མཁས་པ་ཡིན་པས། ཐབས་ཅིའི་སྒོ་ནས་ཀྱང་གཞན་དོན་འབའ་ཞིག་ཉམས་སུ་ལེན་པའོ། །དེས་ན་གཉིས་ཀ་ཞེས་པ། ཡུལ་གྱིས་བཤགས་པ་མ་བླངས་པ་དང་། དེ་ཉིད་ཀྱིས་ཡུལ་ཅན་གྱི་དྲི་མ་མ་དག་པས་ཉེས་པ་མཉམ་པས། གཉིས་ཀ་རྡོ་རྗེ་དམྱལ་བར་ལྟུང་ཞེའོ། །ཉེས་པ་ཆེ་བ་དེ་བས་ཡུལ་གྱིས་ཀྱང་མྱུར་བ་གྱུར་ཏེ། རང་ངོ་ནས་ཚངས་པར་བྱས་ལ། གཞན་ངོར་ཚངས་པ་བཙལ་བར་ཡང་བྱའོ། །དེ་ཡང་དམ་ཚིག་བཀོད་པ་ལས། དེ་ལ་ཚངས་པ་མ་བཙལ་ན། །གཉིས་ཀ་རྡོ་རྗེ་དམྱལ་བར་སྐྱེ། །དེ་ལ་སྡུག་བསྔལ་བཟོད་ཀླགས་མེད། །དེ་བས་ཚངས་པ་རྩལ་བར་བྱ། །ཞེས་སོ། །དེ་ལྟར་ཉེས་པ་དག་པར་གྱུར་ནས་ཀྱང་། ད་ཉེས་པ་དག་ཟིན། དེ་ཕྱིར་མི་གཏོགས་ཟེར་བ་ལྟ་བུ་མ་ཡིན་ཏེ། སྔ་བས་ཀྱང་ཉེ་བ་དང་གདུང་སེམས་དང་། ཞབས་འབྲིང་ལས་འབད་པར་བྱ་བ་ནི། རྒྱུད་ལས། དེ་ལྟར་ཚངས་པ་ཐོབ་ནས་ཀྱང་། །གཤེགས་པར་འདོད་པ་གང་ཡིན་པས། །ཞབས་ལ་སྤྱི་བོས་བླང་བར་བྱ། །སླད་ཆད་མི་གཉིས་གཅིག་པར་བྱ་ཞེས་སོ། །གསུང་གི་བསྐང་ཐབས་ནི། གསུང་གི་དམ་ཚིག་ཅེས་པ་ལ་སོགས་པ་སྟེ། དེ་ཡང་གསུང་གི་དམ་ཚིག་ནི། སྔགས་གསུམ་ཕྱག་རྒྱ་བཞི་སྟེ། རྣལ་འབྱོར་རབ་འབྲིང་གིས་དུས་ཚོད་ལས་འདས་པ་ནི། ཉམས་པ་འགྱུར་ཏེ། དེ་ལྟ་བུར་འགྱུར་བ་ནི། ཡིད་ཀྱི་ཤེས་པ་འཛིན་རྟོག་གི་དབང་དུ་སོང་བས་ཏེ། སློབ་དཔོན་ལུང་མེད་ཅིང་མན་ངག་ལ་མི་མཁས་པ་ན། དོན་དེས་རྣལ་འབྱོར་པ་རྟོགས་པ་དང་ལྟ་བ་ཆུང་ཞིང་། གསུང་གི་དམ་ཚིག་གཞུང་དུ་མ་བསྙགས་པས་སོ། །དེ་བསྐངས་པའི་ཐབས་ནི། ཡག་ཉེས་ཐམས་ཅད་འབྱུང་བའི་སྒོར་གྱུར་པ་ལུས་ངག་ཡིད་གསུམ། ལྷ་ཡི་སྐུ་གསུང་ཐུགས་ཉིད་དུ་གསལ་བ་སྟེ། ལུས་ལྷ་ཡི་དཀྱིལ་འཁོར། ངག་ཡི་དམ་གྱི་གསུང་གི་རང་བཞིན། སེམས་མཉམ་པ་ཉིད་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཚིག་ཙམ་མ་ཡིན་པ་དག་རིག་པ་ལ་གདིང་ཆུད་པ་ཉིད། ངེས་པར་ཤེས་ཅེས་བྱ་སྟེ། དེ་ལྟ་བུའི་དོན་མངོན་དུ་གྱུར་པ་དང་། ཉམས་པ་སྐོངས་བ་དུས་གཅིག་པ་སྟེ། དེས་ན་ལམ་གྱི་རྩོལ་བ་ཟད་པ་ཉིད་འབྲས་བུ་དང་མཚུངས་སོ། །རྟོགས་པའི་འབྲས་བུ་ལས་སྣང་བས་འགྱུར་ཅེས་བྱ་སྟེ། དམ་ཚིག་བཀོད་པ་ལས། ལུས་ཀྱི་བསྒུལ་སྐྱོད་ཟེ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཡིན་ལ། ངག་གི་བཟླས་བརྗོད་ནི། བཟླས་པར་བྱ་བའི་སྙིང་པོ་ཡིན་ལ། སེམས་ཀྱི་དྲན་རྟོག་ཐམས་ཅད་ཐུགས་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ཞེས་སོ། །དེ་ནི་ཉམས་པ་ཉིད་ལྟ་བའི་བསྐང་ཐབས་སོ། །སྤྱོད་པའི་བསྐངས་ཐབས་ནི། བཟླས་པ་བལྡབ་ཀྱིས་བསབ་པ་དང་། །ཞེས་པ། གསུང་གི་དམ་ཚིག་ཕྱག་རྒྱ་བཞི་ལ་བརྟེན་ཏེ། སྔགས་གསུམ་བཟླ་བ་ཡང་། བརྒྱས་འགྲུབ་ན། ཉིས་བརྒྱ་བཏང་བ་ལྟ་བུའམ། ཡང་ན་སྔོན་འཇུག་པས། དེ་ཞི་བའི་ཕྱིར་ཕུར་པའི་བསྒྲུབ་པ་དང་། ཉམས་པ་བསྐང་པའི་ཕྱིར། བདུད་རྩི་སྨན་གྱི་བསྒྲུབ་པ་དང་གསུམ་གྱིས་བསྐང་བའོ། །ཐུགས་ཀྱི་བསྐང་ཐབས་ནི། ཐུགས་ཀྱི་དམ་ཚིག་ཅེས་པ་ལ་སོགས་པ་སྟེ། གསང་བ་བཅུའི་དམ་ཚིག་མ་གསང་ནས་སྣོད་མིན་ལ་བསྒྲགས་ཏེ། སྐྱེ་བོ་ཀུན་ཀྱིས་ཤེས་པར་གྱུར་པ་ནི། ཉམས་པ་སྟེ། དེ་ལྟར་གྱུར་ན། དེ་བསྐངས་པའི་ཐབས་ནི། འགྲོ་དྲུག་སེམས་སུ་གསལ་རྟོགས་ན་ཞེས་པ་དྲུག་གིས་འགྲོ་བ་ཐམས་ཅད་དོན་དམ་པའི་བྱང་ཆུབ་སེམས་སུ་བཤད་པ་ལྟར་སེམས་ཉིད་དུ་དབྱེར་མེད་པར་ཁ་ཙམ་ཚིག་ཙམ་མ་ཡིན་པར་རིག་པ་ལ་འབྱོར་པ་ལ་ནི། གསལ་རྟོགས་ཞེས་བྱའོ། །དེ་ལྟ་བུའི་དོན་མངོན་དུ་གྱུར་ན། ཆོས་ཐམས་ཅད་སེམས་ཉིད་དུ་གཅིག་པས། ཡུལ་ཡུལ་ཅན་མ་གྲུབ་པའི་དབང་གིས། རྣལ་འབྱོར་པ་བདག་ཉིད་ལྟ་བུའི་ཡུལ་དུ་སྣང་བའང་བདག་ཉིད་ལས་མི་གཞན་པས། བདག་ལ་གསང་བ་མེད་ཅེས་བྱ་བ་སྟེ། གཉིས་ཅན་མ་གྲུབ་པས་སོ། །དོན་དེའི་ངང་ལས་ཐམས་ཅད་བདག་ཉིད་ཆེན་པོར་རྟོགས་པས་ཡོད་མེད་དང་སྣང་སྟོང་ལ་སོགས་པའི་མཐའ་གང་དུའང་མི་རྟོགས་པའི་བློ་ཏིང་ངེ་འཛིན་ལ་ཀླུང་ཞུགས། ཞེས་བྱ་སྟེ། བར་ཆོད་མེད་པ་དང་ཐམས་ཅད་དེ་ཉིད་དུ་ཤེས་པ་ནི། ཏིང་ངེ་འཛིན་མི་ཉམས་སོ། །གདམས་པ་བརྗོད་པ་ནི། མ་ཡེང་བློ་ལ་འདྲིས་པར་བྱ། །ཞེས་པ། གོང་མའི་དོན་དེ་ཉིད་ལས། དུས་གསུམ་དུ་སྤྱོད་ལམ་རྣམ་པར་གཡེང་བ་དྲུག་གི་དབང་དུ་མ་སོང་བར། བློ་ལ་འདྲིས་གོམས་སུ་བྱ། ཞེས་གདམས་པའོ། །དེ་ལྟར་མ་ཡིན་པ་སྐོངས་པའི་ཐབས་རྣམ་པར་བསྟན་ཏོ། །དེ་ཡང་དམ་ཚིག་བཀོད་པ་ལས། ནམ་མཁའ་ལ་ཡང་དོག་མེད་པ་བཞིན། བློ་ཆོས་ཉིད་དུ་གྱུར་པ་ལས། འཇིག་རྟེན་གྱི་བག་ཆགས་སྤངས་པས། གང་ཞིག་སྨྲས་ཤིང་བརྗོད་ན་ཡང་། སྣོད་དང་མི་ལྡན་པ་རྣམ་པར་ཤེས་པར་བྱས་ལ། བསྲུང་དུ་མེད་པའི་ངོ་བོ་རང་བཞིན་གྱི་རྣལ་འབྱོར་པས། ཆོས་ཉིད་ཚིག་དང་ཡི་གེ་ལས་འདས། ཞེས་པ་དང་། ཡང་དེ་ཉིད་ལས། ནམ་མཁའ་ལ་ཡང་དོག་རྣམས་བཞི། སེམས་དཔའ་ཆེན་པོ་འདི་ལྟ་བུའི་མན་ངག་ནོས་ལ། ཁོངས་སུ་ཆུས་པར་གྱིས་ཤིག །ཐུགས་ཀྱི་དམ་ཚིག་སྐོངས་པའོ། །འདི་ལྟ་བུ་ལ་ཡེངས་པ་རྣམ་པར་གྱིས་ཤིག །ཐུགས་ཀྱི་དམ་ཚིག་མི་ཉམས་པའོ། །འདིའི་དོན་ལ་འགྱུར་བ་མེད་པར་གྱིས་ཤིག །ཐུགས་ཀྱི་དམ་ཚིག་མི་འདའ་བའོ། །ཡན་ལག་གི་བསྐང་ཐབས་ནི། ཡན་ལག་དམ་ཚིག་ཅེས་པ་ལ་སོགས་ཏེ། འདིར་ཐུན་མོང་མ་ཡིན་པའི་ཡན་ལག་གི་དམ་ཚིག་གྲངས་ཉི་ཤུ་རྩ་ལྔ་པོའི་གང་དང་གང་ཉམས་པར་གྱུར་ན། གང་ཉམས་པ་དེའི་སྔ་སོར་བཅུག་སྟེ་བསྡམས་པ་ལ། གཞན་ཡང་ཚོགས་ཆེན་ཞེས་པ། ཡི་དམ་གྱི་སྒོ་ནས་ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་བརྒྱད་ཀྱིས་བསྐང་ངོ་། །ཐུན་མོང་རྣམས་ནི། བསྡམ་པ་ཉིད་ཀྱིས་ཆོག་གོ། །དེ་ཉིད་ཀྱི་སྐོངས་བའི་ཐབས་ཀྱང་། དམ་ཆེན་པོ་ལས་དཔེལ་ན་ཤིང་ཏ་ལ་རྩ་བ་མྱུ་གུ་བྱུང་ན་ཡན་ལག་ཤུགས་ཀྱིས་སྐྱེ་བ་བཞིན། རྩ་བ་རྣམས་ན་ཡན་ལག་ཤུགས་ཀྱིས་སྐོངས་པར་འགྱུར་ལ། གལ་ཏེ་ཉམས་པར་ཚོར་ན་ཡང་། སྤྱད་པར་བྱ་བའི་དམ་ཚིག་ཉམས་ན། དཀྱིལ་འཁོར་གཅིག་པའི་ཕྲིན་ལས་ཀྱིས་བསྐང་། ཞེས་པ་ལ་སོགས་པ་གསུངས་སོ། །ཞབས་བསྡུ་བ་ནི། དེ་ལྟར་ཞེས་པ་ལ་སོགས་པ། རྩ་བ་བཞི་དང་ཡན་ལག་བཤད་པ་དེ་ལྟར་རྣལ་འབྱོར་པས་ཉམས་སུ་བླངས་ན་སྐོངས་པར་འགྱུར་ཏེ། དེའི་ཡོན་ཏན་ནི་སྔ་རྟགས་སྡུག་བསྔལ་འབྱུང་མི་འགྱུར། ཅེས་པ། བཤད་པའི་སྔ་རྟགས། ཚེ་འདི་ལ་སྨིན་པའི་སྡུག་བསྔལ་རྣམས་འབྱུང་བ་མི་འགྱུར་ལ། དོན་དེས་ཕྱི་མ་ལ་སྨིན་པའི་འབྲས་བུ་ངན་པ་མི་སྣང་ཞེས་བརྗོད་དོ། །སྤྱི་དོན་དགུ་པ། དཔེ་ལ་གསུམ་གྱི་མདོར་བསྟན་པ། དམ་ཚིག་ཆེན་པོ་ཞེས་པ་ལ་སོགས་ཏེ། དམ་ཚིག་ནི་རྩ་བ་དང་ཡན་ལག་རྣམས་སོ། །ཆེན་པོ་ནི་ཡོ་ག་ཕྱིན་ཆོད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་བཤད་པ་རྣམས་སོ། །དཔེ་ཞེས་པ། ཐེག་པ་མཆོག་གི་དམ་ཚིག་ནི། རིན་པོ་ཆེ་དབང་གི་རྒྱལ་པོ་དང་འདྲ་སྟེ། དོན་ཐམས་ཅད་ལྷུན་གྱིས་གྲུབ་པས། དེ་ཉིད་ཀྱི་དབང་གིས་དཔེས་མཚོན་ལ། དཔེ་རེས་དོན་རེ་ཙམ་མཚོན་ནུས་པའི་དབང་གིས། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཚེ་རེའི་ངོས་ནས། དཔེ་རེ་རེ་སྟེ་གྲངས་བཅུ་གཅིག་གི་སྒོ་ནས་བསྟན་པ་གང་ཞེ་ན། གཞི་ཡི་དཔེ་ནི། ས་གཞི་ལྟ་བུའི་རང་བཞིན་ལ། །ཞེས་པ་ལ་སོགས་པ་སྟེ། དཔེར་ན་ས་གཞི་ཆེན་པོ་ནི། ནང་བཅུད་ཀྱི་འགྲོ་བ་དང་། དེའི་ལོངས་སྤྱོད་དུ་གྱུར་པ། ས་བོན་ལས་འབྲས་བུ་སྨིན་པའི་བར་ཐམས་ཅད་ས་གཞི་ལ་བརྟེན་ཏེ། སྐྱེ་ཞིང་སྣང་སྟེ་སྨིན་པར་བྱེད་ལ། ས་གཞི་རྣམ་གང་ཡང་སྣང་བ་ལྟར། གསང་སྔགས་ཀྱི་དམ་ཚིག་ཀྱང་། དཔེ་དེ་ལྟ་བུའི་རང་བཞིན་བས་ལམ་གྱི་སྔོན་དུ་འགྲོ་བའི་གཞི་ལྟ་བ་དང་། ཉམས་སུ་བླངས་པའི་ངོ་བོ། ཏིང་ངེ་འཛིན་བསྐྱེད་རྫོགས་ཀྱི་གཉིས་དང་། དེ་ལས་སྣང་བའི་འབྲས་བུ་སྐུ་ལྔ་རྒྱན་གྱི་འཁོར་ལོས། སོ་སོའི་མཚན་ཉིད་པའི་ཆོས་རྣམས་ཀུན། ས་གཞི་དང་འདྲ་བའི་དམ་ཚིག་མེད་ན། ལས་འབྲས་གང་ཡང་འབྱུང་བར་མི་འགྱུར་ཏེ། ཐམས་ཅད་དམ་ཚིག་ལ་སྣང་བར་བསྟན་ནོ། །བསྲུང་ཐུབ་མ་ཐུབ་ཀྱིས་ལེགས་ཉེས་སུ་འགྱུར་བའི་དཔེ་ནི། སོ་མཚམས་མཁར་ཀྱི་ཞེས་པ་ལ་སོགས་ཏེ། དཔེར་ན། སོ་འཚམས་ཆེ་བའི་ས་ན་མཁར་བཙན་པོ་གཅིག་ཡོད་ན་དེ་བསྲུང་ཐུབ་སྟེ་དགྲ་ལ་མ་ཤོར་ན། བདག་ཕྱོགས་རྒྱལ་ཞིང་དགྲ་ཕྱོགས་ཕམ་ལ། བསྲུང་མ་ཐུབ་ན་མཁར་དགྲ་ལ་ཤོར་བས། དགྲ་ཕྱོགས་རྒྱལ་ཞིང་བདག་ཕྱོགས་གཏན་ཕམ་པ་བཞིན། འདིར་དམ་ཚིག་ཀྱང་དེའི་རང་བཞིན་པས། སོ་འཚམས་དང་འདྲ་བས་འཁོར་འདས་གཉིས་ཀྱི་བར་ན་མཁར་དང་འདྲ་བའི་དམ་ཚིག་ནི། བསྲུང་བ་ཐུབ་སྟེ་རྩ་བ་དང་ཡན་ལག་རྣམས་མ་ཉམས་ན་ལེགས་པ་སྟོབས་ཆེན་པོ་བྱེད་དེ། འཇིག་རྟེན་གྱི་བདེ་ལེགས་ཀྱིས་ཀྱང་མི་ཉེ་བས་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་སྣང་བའོ། །བསྲུང་བ་མ་ཐུབ་སྟེ། རྩ་བ་དང་ཡན་ལག་རྣམས་ཉམས་པ་ལས་ཉེས་པ་སྟོབས་པོ་ཆེ་སྣང་སྟེ། རྡོ་རྗེ་དམྱལ་བར་འཚེད་ནས་ཐར་པའི་བྱང་ཆུབ་གཏན་ཆད་པའོ། །བསྲུངས་པས་དགོས་འདོད་སྐང་བའི་དཔེ་ནི། རིན་ཆེན་ཞེས་པ་ལ་སོགས་པ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདམ་ཁུང་དུ་བསྣུབས་ན་ཡོན་ཏན་མི་སྣང་ལ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། མཆོད་པའི་ཚོགས་ཀྱིས་མཆོད་ན། གསོལ་བ་བཏབས་ན། དགོས་འདོད་ཆར་བཞིན་དུ་འབབ་པོ། དམ་ཚིག་ཀྱང་དེ་ལྟ་བུའི་རང་བཞིན་པས། རྒྱལ་མཚན་ཀྱི་རྩེ་མོ་ལ་བཏགས་ཏེ། མཆོད་པ་དང་འདྲ་བའི་མ་ཉམས་པར་བསྲུང་ན། དངོས་གྲུབ་ནི་སངས་རྒྱས་ཀྱི་ས་དང་། ལམ་རིག་འཛིན་རྣམས་སྣང་ལ་དགོས་འདོད་ནི་རྣལ་འབྱོར་པའི་བློའི་དགོས་པ་སྐོང་སྟེ། བཤད་པའི་ཡོན་ཏན་གྱི་ཚོགས་རྣམས་དང་། རྒྱ་རྟགས་རྣམ་པ་བཞི་དང་། དེ་ལ་སོགས་ཏེ། རེ་བ་ཐམས་ཅད་དམ་ཚིག་ལ་སྣང་ངོ་། །ཆོས་ཐམས་ཅད་དམ་ཚིག་ཏུ་འདུས་པའི་དཔེ་ནི། ནམ་མཁའ་ལྟ་བུའི་ཞེས་པ་ལ་སོགས་ཏེ། དཔེར་ན། ནམ་མཁའ་ནི་དངོས་པོ་རྣམས་ཀྱང་། སྣང་སྲིད་ཀྱི་ཆོས་ཐམས་ཅད་ནམ་མཁའ་ལས་སྣང་ཞིང་། ནམ་མཁའ་དང་མི་གཉིས་ཤིང་དབྱེར་མེད་ལ། ཕྱོགས་འཛིན་དང་བྲལ་བ་སྟེ། དམ་ཚིག་ཀྱང་དེ་ལྟ་བུའི་རང་བཞིན་པས། དེ་མ་ཉམས་པར་ཡོད་ན། ཡོན་ཏན་གྱི་རྩལ་ཕྲིན་ལས་བཞི་ནས་སངས་རྒྱས་པའི་བར་ཐམས་ཅད་དམ་ཚིག་ལས་སྣང་ཞིང་། དེ་དང་མི་གཉིས་ཤིང་དབྱེར་མེད་པ་ལ་ཤོང་པར་འགྱུར། ཞེས་བྱའོ། །འཁོར་བའི་དྲྭ་བ་གཅོད་པའི་དཔེ་ནི། རྣོ་དབལ་ཞེས་པ་ལ་སོགས་པ་སྟེ། དཔེར་ན། བྱ་ལ་སོགས་པའི་སྲོག་ཆགས་གང་རུང་ཅིག་དྲྭ་བར་བཅུག་ན། འཕུར་བ་ལ་སོགས་པའི་བདེ་བླག་མེད་དེ། འཆིང་བ་མཚོན་རྣོན་པོ་དབལ་ངར་མ་དང་། ཆས་པས་དྲྭ་བ་བཅད་ན། འཆིང་བྱེད་མེད་པས་ནམ་མཁའ་ལ་སོགས་པ་ལ་ལོངས་སྤྱོད་བཞིན། དམ་ཚིག་ཀྱང་དེ་ལྟ་བུའི་རང་བཞིན་བས། ཁམས་གསུམ་འཁོར་བས་འཆིང་སྟེ། ཐར་པའི་བདེ་བླག་མེད་པ་དང་འདྲ་བས་ཉོན་མོངས་པའི་དྲྭ་བ་མ་ལུས་པ་གཅོད་དེ། ཐར་པའི་བདེ་བླག་ལོངས་སྤྱོད་པའོ། །དུས་གསུམ་གྱི་རྒྱལ་བ་བསྐྱེད་པའི་དཔེ་ནི། ཕ་མ་ཞེས་པ་ལ་སོགས་པ་སྟེ། དཔེར་ན་སེམས་ཅན་རྣམས་ཕ་མ་ལ་སྐྱེ་ཞིང་། དེས་བསྐྱེད་དེ་སྣང་བ་ལྟར། དམ་ཚིག་ཀྱང་དེ་ལྟ་བུའི་རང་བཞིན་པས། འདས་པ་ལ་སོགས་དུས་གསུམ་གྱི་མཐའ་གཉིས་ལས་རྒྱལ་བའི་རྒྱལ་བ་མ་ལུས་པ་ཐམས་ཅད། དམ་ཚིག་བསྐྱེད་ཅིང་དེ་ལས་སྣང་བའོ། །དངོས་གྲུབ་ཀྱི་རླབས་འབྱུང་བའི་དཔེ་ནི། རྒྱ་མཚོ་ཞེས་པ་ལ་སོགས་ཏེ། དཔེར་ན་མཐའི་རྒྱ་མཚོ་ལས། རིན་པོ་ཆེ་ལ་སོགས་པའི་རླབས་འབྱུང་བ་ཡང་། དུས་སུ་འབྱུང་ཞིང་དུས་ལས་མི་འདའ། དམ་ཚིག་ཀྱང་དེ་ལྟ་བུའི་རང་བཞིན་པས་ཡོན་ཏན་ཀྱི་རླབས་ཆེ་བ་ནི། དཔེ་ལས་ཁྱད་པར་དུ་གྱུར་པ་སྟེ། རྟེན་གྱི་གང་ཟག་གི་རྟོགས་པ་དང་། ས་ཚོད་ཀྱི་གནས་སྐབས་ཀྱིས་དུས་སུ་འབྱུང་བར་འགྱུར་ཏེ། ཚེ་རིང་བ་དང་། ནད་མེད་པ་དང་། ལོངས་སྤྱོད་ཆེ་བ་དང་། འགྲོ་བས་བཀུར་བ་དང་། འཕྲིན་ལས་གང་ཡང་ཐོགས་པ་མེད་པར་འགྲུབ་པ་དང་། མངོན་ཤེས་དང་ཡེ་ཤེས་རྣམས་དམ་ཚིག་ལས་འབྱུང་བར་འགྱུར་རོ། །ཁྱད་དུ་མི་གསོད་ཅིང་བགས་དང་ལྡན་པའི་དཔེ་ནི། མེ་དཔུང་ཞེས་པ་ལ་སོགས་པ་སྟེ། དཔེར་ན་མེ་ཡི་ཕུང་པོ་ཆེན་པོ་ལ་བཙའ་ཞིང་བསྟེན་ན་ཡོན་ཏན་ཐམས་ཅད་སྣང་ལ་མ་བཙས་ཏེ་ཆས་འཚལ་ན། གང་རེག་པ་ཐམས་ཅད་འཚིག་པ་བཞིན། དམ་ཚིག་ཀྱང་དེ་ལྟ་བུའི་རང་བཞིན་བས། མི་བཙའ་བ་དང་འདྲ་བས་དམ་ཚིག་བསྲུང་བ་ལ་མ་འདས་ན། ཡོན་ཏན་ཐམས་ཅད་སྣང་ལ། ཆབ་འཚལ་ཏེ་མ་བསྲུང་ན། གང་མཆོངས་ཞེས་ཏེ། དམ་ཚིག་དང་འགལ་བ་ཐམས་ཅད་ཐར་པའི་ས་བོན་འཇིག་པར་འགྱུར་ཞེས་བྱའོ། །འཁོར་བའི་སྡུག་བསྔལ་སེལ་བའི་དཔེ་ནི། དེ་བཞིན་རྩི་སྨན་ཞེས་པ་སྟེ་བཤད་པ་བཞིན་གཞན་ཡང་དམ་ཚིག་གི་རྩི་སྨན་གྱི་རང་བཞིན་འདྲ་སྟེ། ཚ་གྲངས་གི་ནད་གང་ལ་ནད་དང་མཐུན་པའི་ཁ་ཟས་ཏེ། རྩི་ཞེས་བྱ་བ་དང་། མ་ནོར་བའི་བསིལ་དྲོད་རྣམས་པ་གཉིས་ཀྱི་སྨན་གྱིས་ནད་དང་མཐུན་པར་བསྟན་ཅིང་བཏང་ན། ནད་གཏན་ནས་བྱང་བར་བྱེད་པ་དང་འདྲ་བར་དམ་ཚིག་ཀྱང་དེ་ལྟ་བའི་རང་བཞིན་པས། མ་ཉམས་ན་ཁམས་གསུམ་འཁོར་བའི་ཐོག་མ་མེད་པའི་མུ་ནས་ལྟས་པའི། གཟུང་འཛིན་གཉིས་སྡུག་བསྔལ་བསྐྱེད་ཅིང་ཐོན་དཀའ་བའི་རོང་ལྟ་བུ། ཆེ་འཕྲ་མ་ལུས་པ་ཐམས་ཅད་འབྱིན་ཅིང་མི་གནས་པ་མཛད་དོ། །བྱས་པ་ཆུད་མི་ཟ་བའི་དཔེ་ནི། རྒྱལ་པོ་ལྟ་བུ་ཞེས་པ་ལ་སོགས་ཏེ། དཔེར་ན་རྒྱལ་ཁྲིམས་ཡོད་པའི་རྒྱལ་པོ། མངའ་འོག་དུ་ཚུད་དེ། རྒྱལ་ཁྲིམས་ལ་གནས་ནས་རྒྱལ་པོའི་སྲིད་བཙའ་ཤེས་ན། ལེན་པ་ཅི་བྱས་ཐམས་ཅད་ཆུད་མི་ཟ་སྟེ། འབངས་ངན་པ་ལས་བཟང་པོར་འགྱུར་ལ། དེ་ལས་ཀྱང་མཐར་བློན་པོར་འགྱུར་པ་དང་། ཁྲིམས་དང་འགལ་ན། ཉེས་པའི་གྲལ་རིམ་བཞིན་ཁྲིམས་ཕོག་ལ། ཉེས་ཆེན་མགོ་གཅོད་པ་སྟེ། དམ་ཚིག་ཀྱང་དེ་ལྟ་བུའི་རང་བཞིན་པས། ཕྱོགས་འགའ་བརྟེན་པའི་ཞེས་པ་ཟག་བཅས་ཀྱི་དུས་སུ་མོས་པས་བསྲུང་བ་ཙམ་གྱིས་ཕྱོགས་པས། དེའི་ཡོན་ཏན་རྣམས་སྣང་ལ། དེ་ཉིད་རིམ་གྱིས་སྟོབས་སུ་གྱུར་ནས། ཟག་མེད་ཀྱི་གནས་སྐབས་སུ། སྟོབས་སུ་གྱུར་པའི་ཕྱོགས་ཉིད་ཀྱིས། རིམ་གྱིས་མཐར་ལམ་དང་། འབྲས་བུ་སྦྱོར་བས་འཚོ་ཞེས་བྱའོ། །དམ་ཚིག་དང་འགལ་ན་མགོ་གཅོད་པ་དང་འདྲ་བས་ཐར་པའི་ས་བོན་ཚིག་གོ། །དེ་ན་སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས། གསང་སྔགས་སྐྱེ་བ་གཉིས་ཡིན་ཏེ། །རྡོ་རྗེ་དམྱལ་དང་སངས་རྒྱས་པ། །ཞེས་གསུངས་སོ། །ལས་དང་པོ་ནས་སངས་རྒྱས་ཀྱི་བར་དུ་མི་འབྲལ་བའི་དཔེ་ནི། རྒྱ་མཚོ་ནོར་ལེན་ཞེས་པ་ལ་སོགས་ཏེ། རྒྱ་མཚོའི་ཀློང་ནས་ནོར་བུ་རིན་པོ་ཆེ་ལེན་པ་དང་། གསང་སྔགས་ཀྱི་འབྲས་བུ་བསྒྲུབ་པ་དོན་མཐུན་ཏེ། མཚོ་དང་འདྲ་བའི་ཁམས་གསུམ་འཁོར་བ་ལས་བརྒལ་བ་ལ། གཟིངས་དང་འདྲ་བའི་གསང་སྔགས་ཀྱི་ཐེག་པར་ཞུགས་ནས་ཆུ་སྲིན་དང་འདྲ་བའི་ཉོན་མོངས་པའི་ཚོགས་ལམ་གྱི་བར་ཆད་རྣམས་ཡོད་པ་དང་། ཆུ་སྲིན་བསལ་བའི་ཐབས་སུ། དུང་འདུ་བའི་ཐབས་འོ་མ་ཡིན་ལ། དེ་བ་ལས་སྣང་བས། བ་ཡར་མ་གཉིས་ཏེ། གཅིག་ནི་ཤི་ཐེབ་ཡིན་པ་ནི། ལམ་གྱི་བདེན་པ་གཉིས་སོ། །སྐམ་ས་ཉུལ་བའི་ཕྱིར། བྱ་རོག་གཉིས་གསོ་བ་ནི། དྲན་དང་ཤེས་བཞིན་གྱི་བྱ་ར་བས་ལམ་པའི་རྒྱུད་ལ་བརྟགས་པའོ། །རྒྱ་མཚོའི་ཕྱོགས་སུ་བརྟགས་པའི་ཚེ། བྲག་དམར་པོའི་རི་ཆེན་གི་གོང་ན་ཚུར་ཉི་ཟླ་འཆར་བ་ལྟ་བུ་ཡོད། ཆུ་སྲིན་ཁ་ལའང་དེ་བུ་ཡོད་པས། ཆུ་སྲིན་ཡིན་ན་གཟིངས་གསོན་པོ་གྲེ་བར་ནུབ་པས། དེ་ཡིན་མིན་བརྟག་པའི་ཕྱིར། ཕུག་རོན་ཏེ། ཁྱུ་ཆགས་པའི་ཕྱིར་བདུན་ནོ། །དེ་ཡང་ཆུ་སྲིན་ཡིན་ན་ཚུར་ལོག་ལ། ཆུ་སྲིན་མིན་ན་དེ་ཉིད་ལ་བབ་སྟེ། དེའི་ཆོས་མཐུན་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །ཟུར་བཞི་གདན་བཞི་བཙུགས་ཏེ། མཐུན་པའི་རླུང་དང་འཕྲད་ན་ཕ་བོང་སྟེང་དུ་བཞག་པ་དང་། བ་དན་བསྒྲེང་ནས་འགྲོ་བ་དང་མཐུན་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། མི་མཐུན་པའི་རླུང་བྱུང་ན། བ་དན་དྲིལ་ཏེ་བསྡད་པའི་ཕྱིར། ཁྲོ་ཆུའི་ཕ་བོང་ལ། ལྕགས་ཐག་འདོམ་དགུས་བཏགས་ཆུ་ནང་དུ་དཔྱངས་བས། རྒྱ་མཚོ་འཇིངས་འདོམ་དགུའི་སོ་ན་གཡོ་བ་མེད་པས་གཟིངས་གང་དུའང་མི་འགྱུར་བ་སྟེ། ཕ་བོང་བཞི་དང་འདྲ་བའི་ཚད་མེད་པ་བཞིའོ། །དེ་ལྟ་བུའི་གཟིངས་ལ་བརྟེན་ཏེ། རིན་པོ་ཆེའི་གླིང་ནས། དེ་ཉིད་ཀྱི་ཚོགས་ལེན་ཏེ། འགྲོ་བ་དབུལ་འཕོངས་རྣམས་ལ་སྦྱིན་པ་བཏང་བ་བཞིན། ཐེག་པའི་སྒོར་འཇུག་སྟེ་ཉམས་སུ་བླངས་ནས། འབྲས་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་ནས། གཞན་དོན་གྱི་མཛད་པས་གདུལ་བྱ་རྣམས་ཀྱིས་དགོས་པ་སྐོང་བར་བྱེད་པའོ། །དེ་ནས་གཟིངས་ཀྱི་དགོས་པའི་བྱ་བ་ཐམས་ཅད་ཚང་ཡང་། ཚོང་དཔོན་ལན་མང་པོ་སོང་བ་རྒན་པ་ཉིད་གཟིངས་ལ་དང་པོ་ཞུགས་ནས་མཐར་ཡུལ་དུ་མ་ཕྱིན་པའི་བར་དུ། དེ་ཉིད་མེད་ཀ་མེད་པ་དང་འདྲ་བར། ཐོག་མ་ནས་མཐར་འདིས་ཕྱིན་པས། ཞེས་པ་འདིར་འབྲས་བུ་བསྒྲུབ་པའི་རྟེན་ཀྱི་གང་ཟག་མཐར་སངས་མ་རྒྱས་བར་དུ། ཚོང་དཔོན་དང་འདྲ་བའི་དམ་ཚིག་ལ་རག་ལས་ཏེ། རྒན་པ་དང་འདྲ་བའི་ཐོག་མེད་པའི་སངས་རྒྱས་པ་ཐམས་ཅད་ཀྱང་དམ་ཚིག་ལས་སྣང་ལ། ལན་མང་སོང་བ་དང་འདྲ་བའི་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིལ་ཡང་། མཐར་དམ་ཚིག་འདིས་ཕྱིན་པར་བྱེད་པས། འདི་ཉིད་བསྲུངས་བ་ལ་བཤད་པ་བཞིན་ནན་ཏན་ཆེ་བར་བྱའོ། །སྤྱི་དོན་བཅུ་པ་མདོ་བཞིས་བརྗོད་བྱའི་ཞབས་བསྡུ་བ་ལ་དབུ་ནས་བརྟེན་པའི་རང་བཞིན་གྱི་མདོ་ལ་གསུམ་གྱི། རང་བཞིན་གྱི་དམ་ཚིག་བསྟན་པ་ནི། དམ་ཚིག་དམ་ཚིག་ཅེས་པ་ལ་སོགས་པ་སྟེ། གསང་སྔགས་ཕྱི་བ་དང་ནང་པའི་གཉིས་སམ། ཡང་ན་རྩ་བ་དང་ཡན་ལག་གམ། དོན་དམ་དང་ཀུན་རྫོབ་རྣམ་པ་གཉིས་སོ། །བསྲུང་བྱའི་རྣམ་གྲངས་དེ་དག་སེམས་ཉིད་ལས་མ་གཏོགས་པའིབདུད་ཅིག་ན། ལོགས་སུ་ཡོད་པ་མ་ཡིན་ཏེ། འོ་ན་ཅི་ལྟར་ཡིན་ཞེ་ན། རྣམ་གྲངས་སུ་བཅས་པའི་དམ་ཚིག་མ་ལུས་པ་ཐམས་ཅད་རང་གི་སེམས་ཉིད་དུ་འདུས་ལ། རང་གི་སེམས་ཉིད་དམ་ཚིག་ཏུ་སྣང་བ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་དེ་ལྟར་ཡིན་པའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་བསྟན་པ་ནི། ཅི་སྙེད་ཅེས་པ་ལ་སོགས་པ་སྟེ། རྣམ་གྲངས་མང་པོའི་ཆོས་དབང་པོ་དྲུག་གི་ཡུལ་དུ་སྣང་བའི་ཀུན་རྫོབ་ཀྱི་ཆོས་རྣམས་མ་ལུས་པ་ཀུན་ཡུལ་ལས་གཞན་པ་གཅིག་མ་ཡིན་ཏེ། སེམས་རང་རིག་ཁ་དོག་གི་ཆོས་ཀྱིས་མ་རེག །དབྱིངས་ཀྱི་ཆོས་ཀྱིས་མ་རེག །རིགས་དང་གནས་ཀྱིས་མ་རེག་པས་ཀུན་བྲལ་ལ། དེ་ཉིད་འགྱུར་བ་མེད་ཅིང་ཐམས་ཅད་དབྱེར་མེད་པས་གཞན་པ་མ་དམིགས་པ་ཉིད། མི་འགག་པར་རང་སྣང་བའི་གཏན་ཚིགས་ཀྱིས། ཅི་ལྟར་སྣང་སྟེ། དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་ཅི་སྲིད་དེ། དབང་པོའི་སྤྱོད་ཡུལ་དུ་མ་གྱུར་ཀྱང་། གླིང་གསུམ་དང་རི་རབ་ལྟ་བུར་ཡོད་ངེས་པ་རྣམས། འོངས་བསྡུས་མེད་པར་རང་རིག་པ་ཉིད་དུ་འདུས་ལ། རང་རིག་པ་ཉིད་དེ་དག་དུ་གསལ་བས། དེ་ལྟ་བུའི་གདེངས་མངའ་བའི་སྐྱེས་བུ་ལ། འགྲེེ་ལྡོག་ཀྱང་རུང་། སྤྱི་ཚུགས་ཀྱང་རུང་། སྤྱོད་ལམ་རྣམ་བཞིར་གར་སོང་ཡང་། སྙིང་པོ་ནི་གསུམ་སྟེ། ཆོས་ཐམས་ཅད་ཀྱི་དྭངས་བཅུད་དང་། ཆོས་ཐམས་ཅད་ཀྱི་འབྱུང་བའི་གཞི་དང་། མཐར་ཕྱིན་པའི་དོན་ཏེ། སེམས་ཀྱི་ཆོས་ཉིད་ཀྱི་དོན་ལ། སྐད་ཅིག་ཀྱང་འདའ་མི་སྲིད་དེ། ཆུ་དང་གཤེར་བ་ལྟ་བུའོ། །དོན་དེ་ཉིད། རྒྱུ་ལས་མ་བྱུང་། རྐྱེན་ཀྱིས་མ་བསྐྱོད། བྱེད་པ་པོས་མ་བྱས་པས་རང་བཞིན། དུས་རྒྱུན་དུ་དེ་ལས་མི་འདའ་བས་དམ་ཚིག །ཡོ་ག་ཕྱིས་ཆོད་ཀྱི་སྤྱོད་ཡུལ་མ་ཡིན་པས་ན་ཆེན་པོའོ། །དེ་ཉིད་ནི་ངོ་བོ་ཉིད་ཀྱིས་འདའ་བ་མེད་པར་བསྟན་ཏེ། གཞི་གནས་པའི་ཚུལ་ལོ། །དེ་ཉིད་ཤེས་པར་བྱ་བ་ལྟ་བའི་མདོ་ནི། རང་བཞིན་ཞེས་པ་ལ་སོགས་པ་སྟེ། ནམ་མཁའ་སྟོང་གསལ་བྱས་པ་རྣམས་བཞིན། བཤད་པའི་དམ་ཚིག་རྒྱུ་རྐྱེན་དང་བྲལ་ཏེ། དེ་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པ་ལྷུན་འགྲུབ། དུས་རྒྱུན་དུ་དེ་ལས་མི་འདའ་བའི་དམ་ཚིག །ལས་ཞེས་པ། ཐ་སྙད་ཙམ་དུ་རྟོགས་བྱའི་ཡུལ་ལོ། །རིག་པ་ཞེས་པ། ཡིད་ཀྱི་ཤེས་པའི་རང་བཞིན་རྟོགས་ནས། ཡུལ་དང་ཡུལ་ཅན་མེད་པར་རང་གསལ་བ་ཉིད་ཀྱིས་བཤད་པའི་རང་བཞིན་གྱི་དམ་ཚིག །ཕྱིན་ཅི་མ་ལོག་པར་རང་གི་ངོ་བོ་ཅི་ལྟ་བར་རྟོགས་པའི་ཚེ། སྔོན་སྣང་ཞེས་པས། མངོན་གསུམ་དུ་སྣང་བ་གཟུགས་ཀྱི་ཆ་གཞི་ལ་མ་གྲུབ་སྟེ། གཏན་མ་དམིགས་པ་དང་། དེར་མ་ཟད་བཏགས་པ་ཐ་སྙད་ཙམ་གྱི་ཆོས་སུ་འཛིན་པའང་མེད་པས། དོན་དེ་ཉིད་ཡུལ་དང་ཡུལ་ཅན་མེད་དེ་རང་གསལ་བ་ནི་ལྟ་བ་ཞེས་བརྗོད་ལ། དེ་ལ་དུས་གསུམ་དུ་མི་འགྱུར་བའི་དམ་ཚིག་བསྲུང་འཚམས་རིས་སུ་འཆད་པ་རྣམས་ཀྱི་ངོ་བོ་ཉིད་ཡིན་ཀྱང་། དེ་དག་གིས་མ་གོས་པས་ཆེན་པོར། བཤད་ཅེས་པ་དམ་ཚིག་བཀོད་པའི་རྒྱུད་ལས་སོ། །གསང་སྙིང་ལས་ཀྱང་མཉམ་ལ་མཉམ་པ་སྦྱོར་བ་ཡི། མཉམ་པའི་དམ་ཚིག་ལ་གནས་ན། མཉམ་རྫོགས་ཆེན་པོ་ཐོབ་འགྱུར་བས། །འདས་ནས་སངས་རྒྱས་མ་ཡིན་ནོ། །ཞེས་སོ། །གོམས་བྱེད་ཏིང་ངེ་འཛིན་གྱི་མདོ་ནི། དེ་དོན་ཞེས་པ་ལ་སོགས་པ། ལྟ་བའི་དམ་ཚིག་དེའི་དོན་བཤད་པ་ཉིད། གོམས་པ་ཏིང་ངེ་འཛིན་ལམ་གྱི་ངོ་བོ་ཡིན་པས། རྣལ་འབྱོར་པའི་བློ་ལ་འདྲིས་པར་གྱིས། །ཞེས་གདམས་པའོ། །དེ་ཡང་ཐུན་དུ་བཅད་པ་ཙམ་གྱིས་དམ་ཚིག་ལྷུན་གྱིས་གྲུབ་པར་མི་འོང་པས། སྤྱོད་ལམ་བཞི་པོ་ཀུན་ཏུ་མཉམས་པ་སྟེ། གཉིད་ལོག་ཀྱང་མི་འདའ་བའོ། །དེ་ཉིད་དུས་གསུམ་དུ་ཡེངས་པ་མེད་པའི་ཏིང་ངེ་འཛིན་ཏེ། རྒྱུན་ཆད་མེད་པས་ཆུ་བོའི་རྒྱུན་ལྟ་བུར། ཏིང་ངེ་འཛིན་གྱི་དམ་ཚིག་ལས་མི་འདའ་བ་སྟེ། དེ་ནས་དུས་གསུམ་གྱི་སངས་རྒྱས་ཉིད་དང་། དགོངས་པ་སྤྱོད་ཡུལ་གཅིག་ལ་རོལ་བས། ལུས་མི་ཡང་སེམས་སངས་རྒྱས་ཏེ། དམན་པའི་ལུས་ལ་དམ་པའི་དགོངས་པ་ཅན། ཞེས་སོ། །སྤྱོད་པའི་ངོ་བོ་ནི། འདི་ལ་བསྲུང་བ་གཅིག་ཀྱང་མེད། །ཅེས་པ། དངོས་པོ་ཉེ་བར་མཚོན་པ་ནི། ལྟ་སྒོམ་དབྱེར་མེད་པར་བཤད་མ་ཐག་པ་ཉིད་དོ། གཞི་དེ་ཉིད་ལས། གོང་དུ་མངོན་སྣང་བཏགས་པའི་ཆོས་མེད། ཅེས་པས། དངོས་པོ་གཟུང་འཛིན་གྱིས་བསླངས་བའི་རྣམ་གྲངས་ཀྱི་ཆོས། ཕྲ་བ་གཅིག་ཀྱང་མེད་པས། དེ་འདུལ་བའི་གཉེན་པོ་རིས་སུ་བཅད་པའི་བསྲུང་བ་སྣ་གཅིག་ཙམ་ཡང་མེད་ཅེས་བྱའོ། །འོ་ན་བསྲུང་བ་དང་བྲལ་བས། ཉམས་པ་མི་འགྱུར་རམ་ཅེ་ན། མི་འགྱུར་བའི་གཏན་ཚིགས་ནི། ཉེས་པ་རྡུལ་ཙམ་འབྱུང་མི་སྲིད་ཅེས་པ། དམ་ཚིག་ཉམས་པའི་ཉེས་པ་ནི། རྩ་བ་གཟུང་འཛིན་ལས་སྣང་བས་ན། འདིར་གཟུང་འཛིན་གཏན་ནས་དག་པས། དེས་བསྐྱེད་པའི་ཉམས་པའི་ཉེས་པ། རྒྱུ་འབྲས་བུ་རྡུལ་ཕྲ་རབ་ཙམ་ཡང་འབྱུང་བར་མི་སྲིད་དེ། ནམ་མཁའ་དངོས་པོ་མི་སྣང་བ་བཞིན་ནོ། །ཉམས་པ་ཅིའི་ཕྱིར་མི་འབྱུང་ཞེ་ན། མ་བཀག་སྤྱོད་ལ། ཞེས་པ། ཡུལ་དྲུག་གི་ཆོས་ཉན་ཐོས་བཞིན་དུ་མ་བཀག་སྟེ། རང་ལ་རང་རོལ་པས་སྤྱོད་པས། དེ་ཉིད་ཀྱིས་མི་འཆིང་བས། སོ་སོ་སྐྱེ་བོའི་མཐའ་བསལ་བ་ནི། གཟུང་འཛིན་རང་རྒྱུད་གཏན་ནས་མ་གྲུབ་པས་སོ། །ཁྱད་པར་གྱི་དམ་ཚིག་བཞིན་ཞབས་བསྡུས་པ་ནི། ལྷག་པའི་དམ་ཚིག་ཅེས་པ་ལ་སོགས་པ་སྟེ། ལྷག་པ་ནི་ལུས་མན་ཆོད་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །དེ་ནི་དམ་ཚིག་རྣམ་པ་བཞི་སྟེ། གོང་གི་མ་བཀག་སྤྱོད་ལ་འཛིན་མེད་པའི། མཉམ་པ་ཉིད་ཀྱི་ངང་ལ་ལུང་མན་ཆོད་རྣམས་རྩ་བ་དང་ཡན་ལག་གི་དམ་ཚིག་སོ་སོར་རིས་སུ་བཅད་ལ། བསྲུང་དུ་མེད་པ་དང་། རྩ་བ་དང་ཡན་ལག་རྣམས་ལ་འདི་ནས་རྩ་བའོ། །འདི་ནི་ཡན་ལག་གོ་ཞེས་པའི་གཟའ་གཏད་མེད་པའི་ཕྱལ་བ་དང་། བསྲུང་བའི་རྣམ་གྲངས་ཅི་ལྟར་སྙད་ཀྱང་། མཉམ་པ་ཆེན་པོ་འབྱེད་པ་མེད་པའི་ངང་ལས། མི་འདའ་བའི་གཅིག་པུ་དང་། ཐེག་པ་མང་པོའི་བསྲུང་བྱ་ཐམས་ཅད་མཉམ་པའི་ངང་ཆེན་པོར་མ་འདྲེས་པ་ཡོངས་སུ་རྫོགས་པའི་ལྷུན་གྱིས་གྲུབ་པ་དང་། ཡེ་ནས་ལྡན་ཞེས་སོ། །ཡང་ན་བཞི་ནས། བཤད་པའི་རང་བཞིན་མདོ་ལ་སོགས་པ་བཞིའོ། །བསྲུང་པ་མ་ལུས་འདིར་འདུས་ཕྱིར། ཞེས་པ། ཐེག་པ་དགུའི་བསྲུང་བྱ་མ་ལུས་པ་རྣམས། དམ་ཚིག་གི་མདོར་འདུས་པ་དང་། དེའང་བཞི་པོ་འདིར་འདུས་པ་དང་། དེ་ལ་སེམས་ཉིད་དུ་འདུས་པའི་ཕྱིར། དམ་ཚིག་སྨོས་པས་རྩ་བ་དང་ཡན་ལག་ཀུན་ཀྱི་མདོ་འདི་ཉིད་དུ་འདུས་པ་སྟེ། ལམ་གྱི་སྤྱི་གྲོང་གིས་བསྡུས་པ་ལྟ་བུའོ། །དེ་ལ་ནི། ཡན་ལག་རྣམས་ནི་རྩ་བ་ལས་བྱུང་ལ། རྩ་བའང་འདི་ཉིད་དུ་འདུས་པས། རྩ་བའི་རྩ་བ་དང་། རྩ་བ་ཆེན་པོ་ཞེས་སྨོས་པའོ། །དེས་དཀྱུས་ཚར་ནས། ཞབས་ཀྱི་དོན་ནི། སྒྱུ་འཕྲུལ་ཅེས་པ་ལ་སོགས་པ་སྟེ། རྒྱུད་ཀྱི་ཁུངས་བསྟན་ཏེ། སྒྱུ་འཕྲུལ་རྩ་བ་གསང་བའི་སྙིང་པོ་དང་། དམ་ཚིག་བཀོད་པའི་རྒྱུད་དང་། གཏོར་རྒྱུད་ཆེན་པོ་དང་། སོགས་ཁོངས་སུ་གོང་མ་གཉིས་བསྡུས་ལ། ཟབ་མོའི་རྒྱུད་རྣམས་ལ་དམ་ཚིག་ཤས་རེ་ཤས་རེ་མི་སྟོན་པ་མེད་པས་དེ་དག་ཡོངས་བསྡུས་པའོ། །རྒྱ་མཚོ་ནི། རྒྱ་ཆེ་ལ་གཏིང་དཔག་དཀའ་བའི་དཔེ་སྟེ། བཤད་རྒྱུད་ཆེན་པོ་རྣམས་ལས། བསྟན་ཆོས་ཀྱི་ངོ་བོ་ནི། ལམ་འབྲས་སྙིང་པོ། ཞེས་པ་ལ་སོགས་ཏེ། ལམ་གྱི་སྙིང་པོ་སྟེ། འདིས་མཚོན་པའི་དམ་ཚིག་རྣམས་ཏེ། དེའི་ཡོན་ཏན་གྱི་རྩལ་ལས། བསྒྲུབ་བྱེད་ཀྱི་ལམ་ཐམས་ཅད་སྣང་བའོ། །དེ་ཡང་། རྟོག་འདུལ་གཉེན་པོ་དམ་ཚིག་གྲངས། །ཞེས་པས་གསལ་ལོ། །འབྲས་བུའི་སྙིང་པོ་ནི། དམ་ཚིག་དང་འབྲས་བུ་རྒྱུ་འབྲས་ལྟ་བུ་མ་ཡིན་ཏེ། དམ་ཚིག་མཐར་ཕྱིན་པ་ཉིད་འབྲས་བུར་སྣང་བས། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །ཞེས་པས་སོ། །མེ་ལོང་ནི་དཔེ་སྟེ། གྲངས་བཅུ་གཅིག་གི་དོན་ལ་དམ་ཚིག་མཚོན་པའོ། །འཁོར་ལོ། །གཞི་ལམ་འབྲས་བུ་གསུམ་དབྱེར་མེད་པའི་དཔེ་སྟེ། འཁོར་ལོ་རྩིབ་གཅིག་འཁོར་ན་ཀུན་འཁོར་བ་ལྟར། འདི་ཉིད་དུ་གཞི་བསྟན་པའི་སྐབས་སུ་ཡང་། གནས་པ་གཞི། ཤེས་པ་ལམ། མཐར་ཕྱིན་པ་འབྲས་བུ་སྟེ། ལམ་དང་འབྲས་བུ་ལ་ཡང་། ཚུལ་དེ་ལྟར་ཤེས་པར་བྱའོ། །ངང་ཆུའི་ཚུལ་གྱིས་ཞེས་པ། དཔེར་ན་མཚོ་ནང་དུ་ཆུ་དང་འོ་མ་འདྲེས་ན། ངང་པའི་རྒྱལ་པོ་རབ་རྒའི་མཆུ་ལ་སྐྱུར་རྩི་ཡོད་པས། ཆུ་དང་འོ་མ་འབྱེད་ཅིང་འོ་མ་སྡུད་པའི་ཚུལ་གྱིས། རྒྱ་མཚོ་དང་འདྲ་བའི་རྒྱུད་ཀྱི་གཞུང་སྨོས་པ་རྣམས་ལ། འོ་མ་དང་འདྲ་བའི་དམ་ཚིག་རྣམས། ངང་པའི་མཆུ་དང་འདྲ་བའི་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེའི་བློས་བརྒྱུད་ནས་འཐོར་བ་བསྡུས་ཏེ། གཞུང་ཉིད་དུ་སྣང་བ་འདི་ལ། ཕྱི་རབས་ལ་ཕན་པའི་སེམས་ཀྱིས་ཀུན་ནས་བསླངས་ཏེ། སྒོ་གསུམ་དུབ་པའི་དགེ་བའི་རྩ་བས་ཀུན་ཀྱང་སྟེ། སྤྱི་བཙན་དུ་འགྲོ་བ། སྒོས་བཙན་དུ་དམ་ཚིག་ལ་གནས་པའི་རྣལ་འབྱོར་པ་རྣམས་འདམ་ནས་ཞེས་པ། ཁམས་གསུམ་འཁོར་བ་ནས། འགྲོ་བ་ཀུན་བྱང་ཆུབ་ཐོབ་པར་ཤོག །ཞེས་པའོ། ཡང་ན་དགེ་བའི་རྩ་བས་ཀུན་ཀྱང་ཞེས་པ་གསང་སྔགས་སུ་ཞུགས་པ་དེས་ཞུས་ཞེས་པ་དམ་ཚིག་ལ་གནས་ཏེ། སློབ་དཔོན་ཉིད་ཀྱིས་བསྟན་ཆོས་བརྩམས་པའི་དགེ་བའི་རྩ་བའི་རྣལ་འབྱོར་པ་རྣམས་དམ་ཚིག་ལ་གནས་ནས། དེའི་དགེ་བའི་རྩ་བས་འགྲོ་བ་ཀུན་བྱང་ཆུབ་ཐོབ་པར་ཤོག་ཅེས་པ། སློབ་དཔོན་ཉིད་ཀྱི་ཐུགས་དགོངས་མཐར་ཕྱིན་པའོ། །དམ་ཚིག་རྡོ་རྗེ་གསལ་བཀྲ་ཞེས་བྱ་བ། བཤད་ཟིན་ཏོ། །གསང་སྔགས་སྤྱིའི་དམ་ཚིག །རྒྱུད་ན་འཐོར་བ་འདིར་མདོར་བསྡུས་པའམ། ཡང་ན་རྒྱས་པ་འབུམ་སྟེ། དེ་ལས་བསྡུས་པ་སྟོང་རྩ་བརྒྱད། དེ་ལས་བསྡུས་པ་སུམ་བརྒྱ་དྲུག་བཅུ། དེ་ལས་བསྡུས་པ་བརྒྱ་རྩ་བརྒྱད། དེ་ལས་བསྡུས་པ་འདི་ཉིད་དོ། །འདི་ལའང་བརྒྱ་དྲུག་བཅུར་དབྱེར་བཏུབ་བོ། །རྡོ་རྗེ་བཞད་པ་ནི། སློབ་དཔོན་སྒེགས་པའི་རྡོ་རྗེའི་འགྱུར་རོ། །ཟབ་ཅིང་བརྟག་དཀའ་མཆོག་གི་སྐྱེ་བའི་ཡུལ། །རྟོག་གེའི་དྲི་མས་མ་གོས་ལམ་མཆོག་ཉིད། །ཀུན་གྱི་བདག་ཉིད་བསྲུང་བའི་ངོ་བོ་ཉིད། །མོས་པའི་ཆེད་དུ་གསལ་བར་བྱས་པ་ཡིས། །རྣལ་འབྱོར་མཆོག་རྣམས་དམ་དང་མི་འབྲལ་ཞིང་། །མཐར་ཐུག་འགྲོ་བ་མ་ལུས་སྒྲོལ་བར་ཤོག །གསང་སྔགས་སྤྱི་ཡི་དམ་ཚིག་གི་བཤད་པའང་། །རྣལ་འབྱོར་མིག་གི་སྒྲོན་མ་ཞེ་བྱ་བའི། །བན་དྷེ་རྡོ་རྗེ་རྒྱལ་མཚན་གྱིས། །བརྗེད་བྱང་ཙམ་དུ་བྲིས་པའོ། །རྫོགས་སོ།། །།བླ་མ་ཀཿཐོག་པ་ཤཱཀྱའི་དགེ་སློང་བཛྲ་ཀེ་ཏུས་མཛད་པ་འདི་ཉིད་ལེགས་པར་ཡོངས་སུ་རྫོགས་སོ།། །།ལེགས་སོ། །ཨཱི་ཐཱི། ༅། །གང་ཞིག་སྔོན་སྦྱང་ལས་ཅན་དག །ཐར་པའི་གྲོང་མཆོག་སྙེགས་འདོད་ན། །རིག་པ་རང་བྱུང་རྟ་ཕོ་ལ། །དབང་དང་དམ་ཚིག་སྒ་སྟན་ཐོབ། །ཤེས་རབ་གསུམ་གྱི་འཁོར་གསུམ་ཐོགས། །བསྐྱེད་རྫོགས་རྣམ་གཉིས་གོ་ཆ་གོན། །བསོད་ནམས་བསགས་པའི་སྐྱེས་བུས་ཞོན། །བྱམས་དང་སྙིང་རྗེའི་ཁ་ཁྲིད་གཙོ། །དད་དང་བརྩོན་འགྲུས་ལྕགས་ཀྱིས་བྲབ། །དམ་པ་རིན་ཆེན་ལམ་མཁན་བསྐོ། །དྲན་དང་ཤེས་བཞིན་སོ་པ་མངག །ཐབས་ལམ་ཟབ་མོ་སྲུང་མ་ཁྲིད། །རྣམ་རྟོག་དགྲ་དང་གཟུང་འཛིན་དམག །རེ་དོགས་ཀྱི་ཇག་པའང་སྐྱེངས་ནས་ཐལ། །ལམ་གོལ་ས་མེད་དེ་དྲང་ནས་གདའ། །འཇིགས་པ་མེད་དེ་ལམ་གྲོགས་བཟང་། །ཁོང་འགྲོས་ཆུང་གི་ཉིན་ལམ་དཔག་མེད་ལ། །ཉིན་གཅིག་གི་འགྲོས་ཀྱིས་སླེབས་སྟེ་མཆི། །ད་རེས་དོན་གཉེར་ཡགས་པ་ཡིན། །ཕྱིན་ཆད་ལམ་ལ་འགྲིམ་དོན་མེད། །ཧེ་ཧེ།།

དམ་ཚིག་གསལ་བཀྲའི་བསྡུས་དོན་གསལ་བྱེད་མེ་ལོང་། པྲ་ཛྙཱ་སིངྷ།

དམ་ཚིག་གསལ་བཀྲའི་བསྡུས་དོན་གསལ་བྱེད་མེ་ལོང་བཞུགས་སོ། །ༀ་སྭ་སྟི། ཐབས་ཀྱི་ཐེག་པ་སྤྱིའི་དམ་ཚིག་གི་མདོར་བསྡུས་པ་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེས་མཛད་པ་འདི་ལ། སྤྱི་དོན་གསུམ་སྟེ། ཀླད་ཀྱི་དོན་དང་། གཞུང་དང་། ཞབས་དགེ་བའི་རྩ་བ་བསྔོ་བའོ། །དང་པོ་ལ་གསུམ་སྟེ། ཕྱག་འཚལ་བ་རྡོ་རྗེ་འཛིན་དང་། བཤད་པར་དམ་བཅའ་བ་དེ་ལ་དང་། དམ་ཚིག་གི་སྣོད་ཀྱི་བྱེ་བྲག་དང་སྦྱར་བའི་དགོས་པའོ། །སྒྱུ་འཕྲུལ་དེ་ལ་གསུམ་སྟེ། གསང་ལམ་གྱི་སྔགས་ཀྱི་སྒོར་འཇུག་པའི་རྣལ་འབྱོར་བའི་མཚན་ཉིད་དང་། ནང་རིས་ལ་ལ་བྱེ་བྲག་ཏུ་བསྟུན་པའི་དགོས་པ་དང་། གདུལ་བྱའི་ཞེས་བློ་དང་འཚམས་པར་སྦྱར་བའི་ཡོན་ཏན་ནོ། །གཞུང་ལ་གཉིས་ཏེ། མདོར་བསྟན་པ་གཉེར་འདི་དང་། རྒྱས་པར་བཤད་པའོ། །དེ་ལ་བཅུ་སྟེ། ངོ་བོ་དང་། རྣམ་གྲངས་དང་། སྲུང་བའི་ཐབས་དང་། ཉམས་པའི་རྒྱུ་དང་། ཉམས་པའི་སྔ་རྟགས་ཚེ་འདི་ལ་འབྱུང་བར་བསྟན་པ་དང་། ཉམས་པའི་སྐྱོན་ཕྱི་མར་འབྱུང་བ་དང་། བསྲུངས་པའི་ཡོན་ཏན་དང་། ཉམས་ན་བསྐང་བའི་ཐབས་དང་། མཚོན་པའི་དཔེ་དང་། མདོར་བསྡུས་པའོ། །ངོ་བོ་ལ་གསུམ་སྟེ། རྩ་བ་ངོ་བོ་དང་། ཡན་ལག་ཐུན་མིན་དང་། རྩ་བའི་རྩ་བ་ཆེན་པོ་རྩ་བའོ། །རྣམ་གྲངས་ལ་གཉིས་ཏེ། མདོ་དམ་ཚིག་པ་རྣམ་པའི་དང་། རྒྱས་པའོ། །དེ་ལ་གཉིས་ཏེ། གྲངས་སེམས་ཅན་བསྟན་པའི་དགོས་པ་དང་། གྲངས། དང་པོ། དེ་ལ་གསུམ་སྟེ། རྩ་བའི་བྱང་སེམས་གྲངས་དང་། ཐུན་མོང་སྤྱོད་པ་མ་ཡིན་པའི་ཡན་ལག་གི་གྲངས་དང་། ཐུན་མོང་གི་གྲངས་སོ། །སྲུང་བའི་ཐབས་ལ་གསུམ་སྟེ། མདོར་བསྲུང་བསྟན་པ་དང་རྒྱས་པར་བཤད་པ་དང་། སྲུང་བའི་སྲུང་བ་ཐབས་ཀྱི་མན་ངག་ཕན་ཡོན་དང་བཅས་པའི་སྒོ་ནས་ཞབས་བསྡུ་བའོ། །རྒྱས་པར་དབྱེ་བ་ལ་གཉིས་ཏེ། རྩ་བའི་དམ་ཚིག་དང་། ཡན་ལག་གི་སྲུང་ཐབས་སོ། །དང་པོ་ལ་ལྔ་སྟེ། བྱང་ཆུབ་སེམས་ཀྱི་དམ་ཚིག་བྱས་མཐོང་དང་། སྐུའི་དམ་ཚིག་དང་། གསུང་གི་དམ་ཚིག་དང་། ཐུགས་ཀྱི་དམ་ཚིག་དང་། ཞབས་དེ་དག་རྩ་བ་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཀུན་རང་ལུས་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་དང་། དེ་དག་དུས་གསུམ་རྒྱུན་དུ་དང་མི་ལྡན་པའི་ཉེས་དམིགས་སོ། །སྐུའི་དམ་ཚིག་ལ་གསུམ་སྟེ། གང་ལྟ་སྤྱོད་གིས་སྲུང་བའི་རྣལ་འབྱོར་པ་དང་། སྲུང་བའི་ཐབས་དང་། ཡོན་ཏན་སྤྱོད་ལམ་ཞེས་གྱི་སྒོ་ནས་ཞབས་བསྡུ་བའོ། །སྲུང་བའི་ཐབས་ལ་གཉིས་ཏེ། བསྲུང་བའི་ཡུལ་སློབ་དཔོན་དང་། མཆེད་དོ། །དང་པོ་ལ་བཞི་སྟེ། སློབ་དཔོན་སྤྱི་དང་བསྲུང་བའི་ཡུལ་གྱི་གྲངས་དང་། ཚུལ་མཚོན་པ་དཔེ་གྲངས་དང་། སྲུང་སྒོ་གསུམ་བའི་ཐབས་དང་། ལྷག་བསྲུང་རིམ་མ་སྐུའི། དམ་ཚིག་གི་སྤྱིར་བསྟན་པ་ལས་ཤེས་པར་བྱའོ། །མཆེད་ཀྱི་དམ་ཚིག་ལ་གཉིས་ཏེ། མཆེད་དུ་འབྲེལ་བའི་བྱེ་བྲག་དང་། སྐུའི་དམ་ཚིག་སྲུང་ཐབས་ཐུན་མོང་དུ་བསྟན་པའོ། །དང་པོ་ལ་ལྔ་སྟེ། མཐའ་ཡས་པ་བྱམས་དང་སྙིང་རྗེའི་ཡུལ་དུ་གྱུར་པ་སྤྱིའི་མཆེད་དང་། སངས་རྒྱས་ཆོས་བསྟན་པ་ལ་ཞུགས་པ་རིང་བའི་མཆེད་དང་། སྔགས་ལྟ་སྤྱོད། སུ་ཞུགས་པ་ཉེ་བའི་མཆེད་དང་། དཀྱིལ་ཕ་གཅིག་འཁོར་གཅིག་ཏུ་ཞུགས་པས་འདྲེས་པའི་མཆེད་དང་། དེ་དག་ནང་ཚན་གིས་མཚོན་ཚུལ་དཔེ་བསྟན་པའོ། །སྲུང་ཐབས་ལ་གསུམ་སྟེ། ལུས་ཀྱི་སྒོ་ནས་སྲུང་བའི་ཐབས་དང་། ངག་གིས་ངག་དང་། ཡིད་ཀྱི་སྒོ་ནས་བསྲུང་བའོ། །དང་པོ་ལ་དྲུག་སྟེ། མཆོད་ལུས་ཀྱི་སྦྱིན་གྱི་སྒོ་ནས་མཉེས་པར་བྱས་པ་དང་། ཞབས་གདན་བཏིང་འབྲིང་བྱ་བའི་ཚུལ་དང་། བླ་བླའི་རིག་མའི་ཉེ་འཁོར་ལ་ཡང་གྲོགས་ལྟར་བྱས་པ་དང་། གནང་བ་ནོར་ཟས་མེད་པའི་ནོར་རྫས་བླང་བ་སྤངས་པ་དང་། བླ་མའི་མལ་གོ་ས་གདན་ལ་སོགས་པ་བག་མེད་དུ་སྤྱོད་པའི་ཉེས་པ་དང་དམན་པའི་སྤྱོད་ལམ་ལྔ་རྩེད་མོར་ཡང་སྤང་བའོ། །གསུང་གི་དམ་ཚིག་ལ་བཞི་སྟེ། སྔགས་ཙ་བ་བསྐྱེད་དང་གསུམ་བསྟན་པ་དང་། ཕྱག་རྒྱ་དམ་ཚིག་བཞིའི་སྒོམ་པ་དང་། དེ་དག་གི་རང་གི་སྒོ་གསུམ་བསྒྲུབ་ཚུལ་དང་། ཡུན་གྱི་རས་ཀྱི་ཚད་བསྟན་པའོ། །ཐུགས་ཀྱི་དམ་ཚིག་ལ་གཉིས་ཏེ། གསང་བའི་ངོ་བོ་དང་། གསང་བའི་ཐབས་སོ། །ངོ་བོ་ལ་བཞི་སྟེ། སྤྱིར་ལྟ་ཟབ་གསང་སྔགས་སུ་ཞུགས་ནས་གསང་དགོས་པ་དང་། ཁྱད་པར་སྒྲུབ་པའི་སྒྲུབ་པའི་དུས་ཀྱི་གསང་བ་བཞི་དང་། གསང་བར་འོས་པོས་པའི་རྣམ་གྲངས་མདོར་བསྡུས་པ་དང་། གཉེར་གཏད་ཅེས་པའི་དམ་ཚིག་གོ། །གསང་བའི་ཐབས་ལ་གསུམ་སྟེ། གསང་སྔགས་བའི་དགོས་པ་དང་། གསང་དམ་ཉམས་པ་ལ། བའི་ཡུལ་དང་། སྒོ་སེམས་ཉིད་གསུམ་གྱི་གསང་བའི་ཐབས་སོ། །ཡན་ལག་གི་དམ་ཚིག་སྲུང་ཐབས་ལ་གཉིས་ཏེ། ཁྱད་པར་གྱི་ཡན་ལག་དང་། ཐུན་མོང་གི་ཡན་ལག་གོ། །དང་པོ་ལ་གཉིས་ཏེ། དམ་ཐུན་མིན་བཅའ་བའི་ངོས་ནས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་ལྔ་སྟེ། སྤྱོད་པའི་དམ་ཚིག་དང་། མི་སྤང་བའི་དམ་ཚིག་དང་། དང་དུ་བླངས་པའི་དམ་ཚིག་དང་། བསྒྲུབ་པར་བྱ་བའི་དམ་ཚིག་དང་། ཤེས་པར་བྱ་བ་ལྟ་བའི་དམ་ཚིག་གོ། །སྤྱོད་པ་ལ་གཉིས་ཏེ། མདོར་སྦྱོར་སྒྲོལ་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་ལྔ་སྟེ། སྒྲོལ་བའི་དམ་ཚིག་དང་། སྦྱོར་བའི་དམ་ཚིག་དང་། རྫུན་དུ་སྨྲ་བའི་དམ་ཚིག་དང་། མ་བྱིན་པར་ལེན་པའི་དམ་ཚིག་དང་། ངག་བརླང་པོའི་དམ་ཚིག་གོ། །སྒྲོལ་བ་ལ་བདུན་ཏེ། རང་བཞིན་ཅེས་ལྟ་བའི་སྒྲོལ་བ་དང་། ཏིང་ངེ་འཛིན་ཅེས་གོམས་པའི་སྒྲོལ་བ་དང་། དབང་དབང་པོ། ཡུལ་ཐབས་དང་ཤེས་རབ་ཀྱིས་སྒྲོལ་བ་དང་། ཐབས་ཀྱིས་ཞེས་རུ་ཏྲ་སྒྲོལ་བ་དང་། །མངོན་ཕྱུང་འཕྲིན་ལས་ཀྱི་སྒྲོལ་བ་དང་། རྒྱུད་གཉིས་ཀྱི་དང་མན་ངག་གི་ལྟ་བ་གཉིས་ཤེས་བྱ་ཡིན་པའི་ཕྱིར་ཐུན་མོང་དུ་བསྟན་པ་དང་། ཏིང་ངེ་འཛིན་ཅེས་གོམས་པས་བསྐྱེད་རྫོགས་ཀུན་གྱི་ཐུན་མོང་དུ་བསྟན་པའོ། །མངོན་ཕྱུང་འཕྲིན་ལས་ཀྱི་སྒྲོལ་བ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། རྣམ་གྲངས་མདོར་མངོན་ཕྱུང་བསྟན་པ་དང་། དེ་དག་རྒྱས་པར་བཤད་པའོ། །དེ་ལ་ལྔ་སྟེ་ལྟ་སྤྱོད་གང་གིས་སྒྲོལ་བའི་རྣལ་འབྱོར་པ་དང་། གང་བསྒྲལ་བའི་ཞིང་དང་། བསྒྲལ་ཏིང་ངེ་འཛིན་པའི་ཐབས་དང་། དེའི་དེ་ལྟར་དགོས་ཆེད་དང་། ཞར་ལ་ཐེག་པ་འོག་མའི་རྩོད་པ་སྤང་བའོ། །ཞིང་ལ་གཉིས་ཏེ། རྒྱུ་དཀོན་མཆོག་ལས་བསྒྲོལ་བ་བདུན་དང་། འབྲས་བུ་ལས་བསྒྲལ་བ་གསུམ་སྟེ་སྤྱིའི་རྣམ་གྲངས་དང་བཅས་པའོ། །ཐེག་པ་འོག་མའི་རྩོད་པ་སྤང་བ་ལ་གསུམ་སྟེ། ཐབས་ཀྱི་ཞེས་པ་སྤྱོད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འགོ་བགྲེ་བ་དང་། དམན་གྱི་ཁམས་དང་སྤྱོད་ཀྱི་དབང་དུ་མི་བཏང་བ་དང་། ཐབས་ཐབས་ཆེན་མཁས་པའི་ལྟ་བས་ཟིན་པའོ། །སྦྱོར་བའི་དམ་ཚིག་ལ་གཉིས་ཏེ། མདོར་གྷ་ན་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། གང་ལོག་པར་གིས་བྱ་བའི་རྣལ་འབྱོར་པ་དང་། གཟུངས་ཀྱི་མཚན་ཉིད་དང་། བྱིན་དབང་བསྐུར་གྱིས་བརླབ་པའི་ཐབས་དང་། རྣམ་དམ་ཚིག་གྲངས་ཀྱི་སྒོ་ནས་སྦྱོར་བའི་ཕན་ཡོན་བསྟན་པའོ། །མཚན་ཉིད་ལ་གཉིས་ཏེ། རིགས་པད་ཅན་བསྟན་པ་དང་། མཚན་མཉེན་དྲང་བསྟན་པའོ། །རྫུན་དུ་སྨྲ་བའི་དམ་ཚིག་ལ་བཞི་སྟེ། ལྟ་བའི་མཚན་ཉིད་རྫུན་གསུམ་དང་། སྤྱོད་པའི་དཀོན་མཆོག་རྫུན་བཞི་དང་། གསང་བའི་རྫུན་བཅུ་དང་། རྣམ་བསྲུང་པ་གྲངས་བསྟན་པའི་སྒོ་ནས་ཞབས་བསྡུ་བའོ། །མ་བྱིན་པར་ལེན་པའི་དམ་ཚིག་ལ་གསུམ་སྟེ། མདོར་ཞིང་བཅུ་བསྟན་པ་དང་། རྒྱས་མཚན་པར་བཤད་པ་དང་། རྣམ་དམ་ཚིག་གི་གྲངས་དང་འབྲས་བུར་བཅས་པའི་སྒོ་ནས་ཞབས་བསྡུ་བའོ། །ངག་བརླང་པོའི་དམ་ཚིག་ལ་གསུམ་སྟེ། ཚར་ཞིང་བཅུ་བཅད་པའི་ཚིག་དང་། གསང་དྲག་ཤུལ་སྔགས་སྤྱོད་པའི་བརླང་ཚིག་དང་། རྣམ་ངག་གི་གྲངས་ཀྱི་སྒོ་ནས་ཞབས་བསྡུ་བའོ། །མི་སྤང་བའི་དམ་ཚིག་ལ་གསུམ་སྟེ། མདོར་མི་སྤང་བསྟན་པ་དང་། རྒྱས་པར་བཤད་པ་དང་། རྣམ་དེ་དག་གི་གྲངས་དང་འབྲས་བུར་བཅས་པའི་སྒོ་ནས་ཞབས་བསྡུ་བའོ། །རྒྱས་པ་ལ་གཉིས་ཏེ། ཆོས་མཐུན་པ་ཡོད་པའི་ཕྱིར་ཡང་དག་པའི་དུག་ལྔ་དང་། ལྟ་སྒོམ་ཟིལ་གྱིས་ནོན་པའི་ཕྱིར་ལོགས་པའི་དུག་ལྔའོ། །དང་པོ་ལ་ལྔ་སྟེ། ཐབས་བཤད་པའི་ཀྱིས་ཟིན་པའི་འདོད་ཆགས་དང་། སྙིང་རྗེ་ཞིང་བཅུ། དང་ཤེས་རབ་ཀྱིས་ཟིན་པའི་ཞེ་སྡང་དང་། མང་དོར་ཡང་དག་པའི་ལྟ་སྒོམ་ལ་བཟོད་པ་ཐོབ་པའི་ང་རྒྱལ་དང་། ཕྱོགས་ལྟ་བའི་འཛིན་དང་བྲལ་བའི་གཏི་མུག་དང་། སྣོད་སྤྱོད་དམན་དང་མི་ལྡན་པའི་ཕྲག་དོག་གོ། །ལྟ་བས་ཟིལ་གྱིས་ནོན་པའི་དུག་ལྔ་ཡེ་ཤེས་སུ་ཤར་བ་ལ་བཞི་སྟེ། ཁམས་ལོག་དུག་གསུམ་དུག་ལྔ་རང་ཆས་སུ་ལྡན་པ་ཡིན་པར་བསྟན་པ་དང་། དུག་ལྔ་ཞེས་སེམས་ཡིན་ལ་སེམས་མ་སྐྱེེས་པས་དུག་ཀྱང་མ་བསྐྱེས་པར་བསྟན་པ་དང་། དེ་ཐབས་མཁས་ལྟར་ཐབས་མཁས་པའི་སྐྱེས་བུ་ལ་ཡེ་ཤེས་ལྔ་ལས་མ་གཏོགས་པའི་དུག་ལྔ་རང་རྒྱུད་པ་མེད་པར་བསྟན་པ་དཔེ་དང་བཅས་པ་དང་། དེ་དེ་ཤི་བ་ལྟ་བུར་རིག་པ་ན་ཁམས་གསུམ་ལས་ཡེ་ཤེས་མ་གཏོགས་པའི་སྤང་བྱ་མེད་པར་བསྟན་པའོ། །དང་དུ་བླང་བའི་དམ་ཚིག་ལ་གསུམ་སྟེ། མདོ་དང་ཀུན་གྱིས་རྒྱས་པ་དང་། རྣམ་གྲངས་ཀྱི་ངོས་ནས་ཞབས་བསྡུ་བའོ། །རྒྱས་པ་ལ་གཉིས། རྫས་དྲི་ཆེན་ཀྱི་ངོ་བོ་དང་། ཡོན་གྲུབ་པ་ཏན་འབྱུང་བའི་གཏན་ཚིགས་དང་། ཤེས་བཅུད་ལྔ་རབ་དང་། ཏིང་ངེ་འཛིན་གྱིས་ཟིན་པར་སྤྱད་ན་ལམ་གྱི་མཆོག་ཡོན་ཏན་དཔག་ཏུ་མེད་པར་བསྟན་པའོ། །བསྒྲུབ་པར་བྱ་བ་ལ་གསུམ་སྟེ། མདོར་སྒྲུབ་པ་བསྟན་པ་དང་། རྒྱས་རིགས་ལྔ་པར་དབྱེ་བ་དང་། རྣམ་གྲངས་བཞི་བཅུ་ལྔ་ཀྱི་ངོས་ནས་ཞབས་བསྡུ་བའོ། །ཤེས་པར་བྱ་བའི་དམ་ཚིག་ལ་གསུམ་སྟེ། མདོར་ཤེས་པ་བསྟན་པ་དང་། རྒྱས་པར་དབྱེ་བ་དང་། ལྟ་བ་བློ་ལ་གདིང་ཆུད་པའི་ངོས་ནས་ཞབས་བསྡུ་བའོ། །རྒྱས་པ་ལ་གཉིས་ཏེ། ཁམས་ཕུང་པོ་ལྔ་གསུམ་གྱི་ཆོས་ཐམས་ཅད་བསྡུ་ན་གྲངས་བདུན་ཅུར་འདུས་པ་དང་། དེ་ཡེ་ཤེས་ཉིད་ཀྱི་དོན་རྟོགས་པའི་གདིང་དང་ལྡན་ན་མྱ་ངན་ལས་འདས་པའི་ཆོས་ཀྱང་དེ་ལས་ལོགས་ན་མེད་པས་སྤྱོད་ཡུལ་ཐམས་ཅད་ཡེ་ཤེས་སུ་ཀ་དག་པར་བསྟན་པའོ། །ཐུན་མོང་གི་ཡན་ལག་ལ་གཉིས་ཏེ། མདོ་ཐུན་མོང་དང་། རྒྱས་པའོ། །དེ་ལ་གཉིས་ཏེ། བདག་དོན་དུ་སྲུང་བ་དང་། གཞན་དོན་དུ་སྦྱོར་བའོ། །དང་པོ་ལ་གཉིས་ཏེ། སྤང་རྒྱན་འགྱེད་བྱའི་སྐྱོན་རྣམས་བསྟན་པ་དང་། དེ་སྤང་བྱ་ལས་བཟློག་པའི་ཡོན་ཏན་བསྟན་པའོ། །གཞན་དོན་དུ་སྦྱོར་བ་ལ་གཉིས་ཕ་རོལ་ཕྱིན་དྲུག་ཏེ། ཐུགས་རྗེའི་སྤྱོད་པའི་ངོས་ནས་གཞན་དོན་དུ་ཉམས་སུ་བླང་བ་དང་། རྣམ་བཞི་བཅུ་གྲངས་ཀྱིས་ངོས་ནས་གདུལ་བྱ་མི་སྤང་བར་གདམས་པའོ། །སྤྱི་དོན་བཞི་པ་དམ་ཚིག་ཉམས་པའི་རྒྱུ་བསྟན་པ་ལ་གསུམ་སྟེ། མདོ་ཉམས་པར་དང་། ཉམས་མི་ཆོས་སློབ་དཔོན་རྒྱུའི་རྣམ་གྲངས་རྒྱས་པར་བཤད་པ་དང་། མ་སྤངས་ཉི་ཤུ་ཉམས་ན་ཉམས་པར་འགྱུར་བའོ། །སྤྱི་དོན་ལྔ་པ་ཉམས་པའི་རྒྱུ་བསྟན་པ་ལ་གཉིས་ཏེ། མདོ་དང་རྒྱས་པའོ། །དེ་ལ་གསུམ་སྟེ། ཉམས་ཞེས་པའི་སྐྱོན་ཚེ་འདི་ལས་འབྱུང་བར་ཕྱི་མར་ངན་སོང་དུ་འགྲོ་བའི་སྔ་རྟགས་དང་། ཉམས་གལ་ཏེ་ཉམས་ན་རྟགས་མེད་ཀྱང་། ཕྱི་མར་སྡུག་བསྔལ་ཚབ་ཆེ་བས་སྡུག་བསྔལ་ཡུན་རིང་བར་བསྟན་པ་དང་། མ་ཉམས་གལ་ལྟེ་ཉམས་པར་རྟགས་བྱུང་ན་ཚེ་སྔ་མ་ཕན་ཆད་ཀྱི་རྣམ་སྨིན་རྩུབ་མོ་སྟོབས་ཆེ་བས་འདིར་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་ཟད་ནས་སླར་བསྐང་གསོ་ལ་བཙོན་པར་བྱས་ན་ཕྱིན་ཆད་ངན་སོང་མི་མྱོང་བར་བསྟན་པའོ། །སྤྱི་དོན་དྲུག་པ་ཉམས་པའི་སྐྱོན་བསྟན་པ་ལ་གཉིས་ཏེ། མདོ་དང་། རྒྱས་པའོ། །དེ་ལ་གཉིས་ཏེ། རྩ་བ་ཉམས་པའི་སྐྱོན་དང་། ཡན་ལག་ཉམས་པའི་སྐྱོན་ནོ། །དང་པོ་ལ་གཉིས་ཏེ། བྱེ་བྲག་ཉམས་པའི་སྐྱོན་དང་། སྤྱིར་ཉམས་པའི་སྐྱོན་ནོ། །དང་པོ་ལ་བཞི་སྟེ། བྱང་སེམས་ཞེས་དམ་ཚིག་ཉམས་པའི་སྐྱོན་དང་། སྐུ་ཞེས་དང་། གསུང་ཞེས་དང་། ཐུགས་ཞེས་ཀྱི་དམ་ཚིག་ཉམས་པའི་སྐྱོན་ནོ། །སྤྱིར་ཉམས་པ་ལ་ལྔ་སྟེ། སྐྱོན་དངོས་དང་། རྡོ་རྗེ་དམྱལ་བའི་སྡུག་བསྔལ་གྱི་ཚད་དང་། སྔར་སངས་རྒྱས་སྟོང་ཉམས་པའི་དབང་གིས་ཐུགས་རྗེའི་སྟོབས་མེད་པ་དང་། རྡོ་རྗེ་དམྱལ་བཀལ་བ་བར་གནས་པའི་ཡུན་དང་། དེ་དེ་བས་ལྟར་ཉེས་ཆེ་བས་བསྲུང་བ་ལ་ནན་ཏན་བྱ་བར་གདམས་པའོ། །ཡན་ལག་ཉམས་པའི་སྐྱོན་ལ་གཉིས་ཏེ། མདོ་ཡན་ལག་དང་། རྒྱས་ལོངས་སྤྱོད་པའོ། །སྤྱི་དོན་བདུན་པ་མ་ཉམས་ཡོན་ཏན་ལ་གསུམ་སྟེ། མདོ་རྣལ་འབྱོར་དང་། རྒྱས་པ་དང་། ཐེག་ཆེན་ཐེག་པ་གསུམ་གྱི་སྡོམ་པ་ཐམས་ཅད་འདིའི་ཡན་ལག་ཏུ་འདུས་པས་ཕན་ཡོན་དང་བཅས་པར་བསྟན་པའོ། །རྒྱས་པ་ལ་གཉིས་ཏེ། རྩ་བའི་ཡོན་ཏན་དང་། ཡན་ལག་གི་ཡན་ལག་ཡོན་ཏན་ནོ། །རྩ་བ་ལ་གསུམ་སྟེ། བྱང་ཆུབ་ཀྱི་ལུས་ནད་ཉུང་དམ་ཚིག་དང་། སྐུའི་དམ་ཚིག་ཡོན་ཏན་ཐུན་མོང་དུ་བསྟན་པ་དང་། གསུང་ཞེས་གི་ཡོན་ཏན་དང་། ཐུགས་ཞེས་ཀྱི་ཡོན་ཏན་ནོ། །སྤྱི་དོན་བརྒྱད་པ་ཉམས་ན་བསྐང་བའི་ཐབས་ལ་གསུམ་སྟེ། མདོ་ཉ མས་ན་དང་། རྒྱས་པ་དང་། བསྐངས་པའི་དེ་ལྟར་ཉམས་སུ་ཡོན་ཏན་གྱི་སྒོ་ནས་ཞབས་བསྡུ་བའོ། །རྒྱས་པ་ལ་གཉིས་ཏེ། རྩ་བའི་བསྐང་སྐོང་། ཐབས་དང་། ཡན་ལག་གི་བསྐང་ཐབས་སོ། །རྩ་བའི་བསྐང་ཐབས་ལ་བཞི་སྟེ། བྱང་ཆུབ་སེམས་ཀྱི་ཞེས་བསྐང་ཐབས་དང་། སྐུ་ཡི་བསྐང་ཐབས་དང་། གསུང་གི་ཞེས་བསྐང་ཐབས་དང་། ཐུགས་ཀྱི་ཞེས་བསྐང་ཐབས་སོ། །སྐུའི་བསྐང་ཐབས་ལ་ལྔ་སྟེ། བསྐངས་ཐབས་དངོས་སྐུ་ཡི་དང་། ཡུལ་དེ་མེད་ན་དེའི་སློབ་དཔོན་ལ་བསྐང་བའི་ཐབས་གལ་ཏེ་དང་། དེ་ཡང་མེད་ན་མཉམ་པ་བརྒྱ་ལ་མཆོད་སྦྱིན་གྱིས་བསྐང་བ་མེད་ན་དང་། བརྒྱ་མ་རྙེད་ན་མཉམ་པ་གསུམ་ལ་སྦྱིན་སྲེག་གིས་བསྐང་དེ་ཡང་བ་དང་། ཞར་ལ་བཤགས་པའི་ཡུལ་དངོས་ཀྱིས་ཀྱང་མྱུར་དུ་ཚངས་པར་མ་བྱས་པའི་ཉེས་དམིགས་བསྟན་གལ་ཏེ་པའོ། །སྤྱི་དོན་དགུ་པ་མཚོན་པ་དཔེ་ལ་གསུམ་སྟེ། མདོ་དམ་ཚིག་དང་། རྒྱས་པ་དང་། གདམས་པའོ། །རྒྱས་པ་ལ་བཅུ་གཅིག་སྟེ། ཡོན་ཏན་ཐམས་ཅད་ཀྱི་གཞི་དམ་ཚིག་གིས་བཟུང་བའི་དཔེ་ས་གཞི་དང་། བསྲུང་ཐུབ་མ་ཐུབ་ཀྱིས་ལེགས་ཉེས་གང་དུ་གྱུར་པའི་དཔེ་སོ་མཚམས་དང་། བསྲུངས་བའི་ཡོན་ཏན་ལམ་འབྲས་བུའི་དགོས་པ་སྐོང་བའི་དཔེ་རིན་ཆེན་དང་། ཆོས་ཐམས་ཅད་དམ་ཚིག་ཏུ་འདུས་པའི་དཔེ་ནམ་མཁའ་དང་། བསྲུངས་ན་འཁོར་བའི་སྡུག་བསྔལ་གྱིས་འཆིང་བ་གཅོད་པའི་དཔེ་རྣོ་དབལ་དང་། དུས་གསུམ་རྒྱལ་བ་དམ་ཚིག་ལས་འབྱུང་བའི་དཔེ་ཕ་མས་དང་། བསྲུང་ན་དངོས་གྲུབ་ཀྱི་བྱིན་རླབས་འབྱུང་བའི་དཔེ་རྒྱ་མཚོ་དང་། ཁྱད་དུ་མི་གསད་ཅིང་བག་དང་ལྡན་པའི་དཔེ་མེ་དཔུང་དང་། འཁོར་བའི་སྡུག་བསྔལ་སེལ་བའི་དཔེ་དེ་བཞིན་དང་། དམ་ཚིག་དང་ལྡན་པའི་བྱ་བ་ཐམས་ཅད་ཆུད་མི་ཟད་པའི་དཔེ་རྒྱལ་པོ་དང་། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་མཐར་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་སྐད་ཅིག་ཙམ་ཡང་འབྲལ་མི་རུང་བའི་རྒྱ་མཚོའི་ནོར་དཔེའོ། །སྤྱི་དོན་བཅུ་པ་མདོ་བཞིའི་བརྗོད་བྱའི་ཞབས་བསྡུ་བ་ལ་བཞི་སྟེ། རང་བཞིན་གྱི་མདོ་དང་། ཤེས་བྱ་ལྟ་བའི་མདོ་རང་བཞིན་དང་། གོམས་བྱེད་ཏིང་ངེ་འཛིན་གྱི་མདོ་དེ་དོན་དང་། བླང་དོར་མེད་པ་སྤྱོད་པའི་མདོའོ། །རང་བཞིན་ལ་གསུམ་སྟེ། ཅེས་དམ་ཚིག་རང་བཞིན་དང་། ཆོས་ཇི་སྙེད་ཐམས་ཅད་ཀྱི་རང་བཞིན་བསྟན་པ་དང་དུས་ཐམས་ཅི་སྣང་ཅད་དུ་དེ་ལས་འདའ་བ་མེད་པར་བསྟན་པའོ། །སྤྱོད་པའི་མདོ་ལ་གསུམ་སྟེ། སྤྱོད་པའི་ངོ་བོ་འདི་ལ་དང་། ཉེས་པར་མི་འགྱུར་བའི་གཏན་ཚིགས་མ་བཤགས་དང་། དཔེའི་ཁྱད་པར་གྱིས་དམ་ཚིག་བཞིའི་ཞབས་བསྡུ་སྒྱུ་འཕྲུལ་བའོ། །དམ་ཚིག་རྡོ་རྗེ་གསལ་བཀྲའི་བསྡུས་དོན་གསལ་བྱེད་མེ་ལོང་ཞེ་བྱ་བ་བླ་མ་རིན་པོ་ཆེ་པྲ་ཛྙཱ་སིངྷས་མཛད་པ་རྫོགས་སོ།། །།ཤུ་བྷཾ།

དམ་ཚིག་རྡོ་རྗེ་གསལ་བཀྲའི་འགྲེལ་པ་དག་ལྡན་གསལ་བའི་མེ་ལོང། ཡེ་ཤེས་རྒྱལ་མཚན།

ས མ ཡ བ ཛྲ དཱི པྲ ཤྩི ཏྲཾ བྲྀ ཏྟཾ ཤུ དྡྷཱི ཀཱ ཤཱ ད ཪྴཾ ནཱ མ བི ཧ ར ཏི སྨ། །
དམ་ཚིག་རྡོ་རྗེ་གསལ་བཀྲའི་འགྲེལ་པ་དག་ལྡན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི་སིདྡྷི། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གནས་ལུགས་ཆོས་དབྱིངས་ནམ་མཁའ་ཡངས་པ་ལ། །མཁྱེན་བརྩེ་ཡེ་ཤེས་འོད་དཀར་དྲྭ་བ་ཅན། །མཛད་པའི་འཕྲིན་ལས་བསིལ་ཟེར་ཀུན་འཕྲོ་བ། །ཀུན་མཁྱེན་ཀུ་མུད་གཉེན་ལ་མི་ཕྱེད་འདུད། །རྒྱ་གར་ཆུ་བཞིའི་མཁས་མཆོག་རྡོར་འཛིན་དེས། །གསང་སྔགས་རྨད་བྱུང་ཐེག་མཆོག་ཁོང་ཆུད་དོན། །ཅི་བཞིན་མ་ནོར་བསྲུང་བྱའི་དོན་སྟོན་པ། །སྒེག་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །སྒེག་པའི་དགོངས་པ་དངུལ་དཀར་མེ་ལོང་ལ། །སུམ་བརྒྱ་དྲུག་ཅུའི་གཟུགས་བརྙན་གསལ་བ་ནི། །གང་ཟག་ལོག་རྟོག་གཡའ་ཡིས་གཡོགས་པ་ལ། །བདག་གིས་ཚད་མ་གསུམ་གྱིས་གསལ་བར་ཕྱེ། །དེ་ཉིད་ཀྱིས་མཛད་པའི་དམ་ཚིག་རྡོ་རྗེ་གསལ་བཀྲ་འདི་ལ་སྤྱི་དོན་གསུམ་སྟེ། འཆད་ཉན་ཇི་ལྟར་བྱ་བའི་ཚུལ་དང་། གང་འཆད་ཉན་བྱེད་པ་དམ་ཆོས་ཀྱི་རྣམ་བཞག །འཆད་ཉན་མཐར་ཕྱིན་པའི་རྒྱུ་མཚན་དང་གསུམ། དང་པོ་ལ་གཉིས་ཏེ། འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད་དང་། ཉན་པ་པོ་སློབ་མའི་མཚན་ཉིད་དོ། །དང་པོ་སློབ་དཔོན་དེའི་མཚན་ཉིད། དེས་ཆོས་བཤད་ཚུལ། བཤད་པའི་ཕན་ཡོན་དང་གསུམ། གཉིས་པ་ཉན་པ་པོ་སློབ་མའི་མཚན་ཉིད། དེས་ཆོས་ཉན་ཚུལ་དང་། ཆོས་ཉན་པའི་ཕན་ཡོན་དང་གསུམ། དེ་རྣམས་ནི་ཞིབ་པར་ཐེག་པ་སྤྱིའི་བཅིང་གི་ཁོག་དབུབ་ནང་དུ་གཟིགས་མཛོད། གཉིས་པ་གང་འཆད་ཉན་བྱེད་པ་དམ་ཆོས་ཀྱི་རྣམ་བཞག་ལ་གསུམ་སྟེ། གང་ཟག་འཇུག་ངོར་ཤེས་པར་བྱ་བའི་ཕྱིར། དམ་པའི་ཆོས་ངོས་བཟུང་བ་དང་། དོན་མ་ནོར་བར་ཤེས་པར་བྱ་བའི་ཕྱིར། བཤད་པའི་ཐབས་བསྟན་པ་དང་། བཤད་བྱ་གཞུང་དོན་དངོས་ཀྱི་སྐབས་དང་གསུམ་དུ་གནས་པ་ལ། དང་པོ་དམ་པའི་ཆོས་ངོས་བཟུང་བ་ལ་འདས་ཆོས་དང་། འཁོར་ཆོས་གཉིས། འདས་ཆོས་ལ་ཡང་། རྟོགས་ཆོས་དང་། ལུང་ཆོས་གཉིས། ལུང་ཆོས་ལ་ཡང་། སྡེ་སྣོད་དང་། རྒྱུད་སྡེ་གཉིས། རྒྱུད་སྡེ་ལ་ཡང་། ཕྱི་ནང་གཉིས། ནང་པ་ལ་ཡང་གསུམ་ཡོད་པའི་འདིར་མ་ཧཱ་ཡོ་ག །དེ་ལ་བདེ་བར་གཤེགས་པའི་ཞལ་ནས་གསུངས་པའི་རྒྱུད། དེ་ལ་བརྟེན་པའི་མན་ངག་གཉིས་ལས་འདི་མན་ངག །དེ་ལ་རྒྱུད་ཀྱི་དོན་མངོན་པར་རྟོགས་པའི་མན་ངག་དང་། བསླབ་ཅིང་ཉམས་སུ་བྱང་བའི་མན་ངག་གཉིས་ལས་འདི་བསླབ་ཅིང་ཉམས་སུ་བླང་བའི་མན་ངག །དེ་ལ་རྒྱུད་དོན་དངོས་པོ་བཅུ་ཡོད་པ་ལས། འདི་ནི་བསྲུང་བྱ་དམ་ཚིག་ཆོས་སོ། །གཉིས་པ་དོན་མ་ནོར་བར་ཤེས་པར་བྱ་བའི་ཕྱིར་བཤད་པའི་ཐབས་བསྟན་པ་ལ། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད། བསྟན་བཅོས་མན་ངག་ཐམས་ཅད་རྩིས་འགོ་ལྔས་འཆད་པ་ལས། འདི་མན་ངག་ཡིན་པས་རྩིས་འགོ་ལྔས་འཆད་པར་བྱ་སྟེ། ལུང་མཆོག་བླ་མ་ལས། ཐོས་ཆུང་གསར་བུ་ཡིད་ཆེས་བསྐྱེད་པའི་ཕྱིར། །མན་ངག་སྤྱི་དོན་རྩིས་འགོས་ཀླད་ནས་གཞོམ། །ཞེས་གསུངས་པས། ཁུངས་བཙུན་ཞིང་ཡིད་ཆེས་པར་བྱ་བའི་ཕྱིར། སློབ་དཔོན་གང་གིས་མཛད་པ་དང་། བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར། རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་པ་དང་། བསྟན་པ་མཚན་ངེས་ཤིང་དོན་གྱི་མདོ་ཙམ་ཞིག་རྟོགས་པར་བྱ་བའི་ཕྱིར་མཚན་ཅི་ལ་བཏགས་པ་དང་། བརྩམ་པ་ལ་དོན་ཡོད་པར་བྱ་བའི་ཕྱིར་དགོས་ཆེད་གང་གི་དོན་དུ་མཛད་པ་དང་། ཤེས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དབུ་ཞབས་སུ་དོན་དུ་བསྟན་པ་དང་ལྔ་ལས། དང་པོ་ནི། སྤྱིར་བསྟན་བཅོས་བརྩམ་པའི་ཚད་ལ། རབ་ཆོས་ཉིད་ཀྱི་བདེན་པའི་དོན་མཐོང་བ། འབྲིང་ཡི་དམ་ལྷའི་ཞལ་གཟིགས་ཤིང་ལུང་བསྟན་ཐོབ་པ། ཐ་མ་བཀའི་དགོངས་དོན་ཁྲོལ་ཞིང་ཐེག་པའི་ཤན་འབྱེད་ཅིང་ལ་ཟློས་པ་ཚིག་དོན་ལ་མཁས་ཤིང་བྱེ་བྲག་ཕྱེད་པ་ཞིག་གིས་བརྩམ་དགོས་ཏེ། རྫོགས་ཆེན་རྒྱན་ལས། ཆོས་ཉིད་མངོན་སུམ་རྟོགས་པ་རབ། །བླ་མ་ཡི་དམ་མཁའ་འགྲོ་ཡི། །ལུང་བསྟན་ཐོབ་པ་འབྲིང་པོ་ཡིན། །ལ་ཤན་བཀའ་ལུང་ཚིག་ལ་མཁས། །བྱེ་བྲག་ཕྱེད་པ་ཐ་མ་ཡིན། །ཅེས་གསུངས་པས། གཞུང་འདི་ཉིད་རྩོམ་པའི་སློབ་དཔོན་སྒེག་རྡོར་ནི། བལ་པོ་སྒེག་རྡོར་དང་། རྒྱ་གར་སྒེག་རྡོར་གཉིས་ལས། འདི་རྒྱ་གར་བ། དེ་ཡང་ཐོག་མཐར་བར་གསུམ་ཡོད་པ་ལ། འདི་དང་པོའི་སྒེག་རྡོར་ཡིན་ལ། གོང་གི་བརྩམ་ཚད་རབ་འབྲིང་ཐ་མ་གསུམ་ཀ་དང་ལྡན་པ་ཡིན་ནོ། །གཉིས་པ་ནི། གཞུང་འདི་ཉིད་ལས། རྒྱུད་གསུམ་ཞེས་པ། གཏོར་རྒྱུད་ཀྱིས་ཁོག་ཕུབ། གསང་སྙིང་གིས་གཞུང་བསྲང་། ས་མ་བཀོད་པས་རྒྱས་པར་བཤད་པའི་དོན་རྣམས་འདིར་བསྟུས་ཤིང་ཕྱོགས་མ་ཧཱ་ཡོ་གར་གཏོགས། གསུམ་པ་ནི། སྤྱིར་མཚན་གྱི་འདོགས་ལུགས་ལ། ཡུལ་ལ་བཏགས་པ་དང་། ཞུ་བ་པོ་ལ། དཔེ་ལ། རྣམ་གྲངས་ལ། དོན་ལ་བཏགས་པ་དང་ལྔ་ལས། འདིར་ནི་དམ་ཚིག་རྡོ་རྗེ་གསལ་བཀྲ་ཞེས་པས་དོན་རང་གི་ངོ་བོ་ལ་འདོགས་པ་སྟེ། མཚན་དོན་གྱི་བཤད་ལུགས་མང་ཡང་། འདིར་ཕྱོགས་གཅིག་ཉེ་བར་མཚོན་ན། མི་འདའ་བས་དམ་ཚིག །གང་ལས་མི་འདའ་ན། སྣང་སྟོང་དབྱེར་མེད་མཚོན་པའི་རྡོ་རྗེ་དེ་ཉིད་འདའ་ཉམས་མེད་པར་སྲུང་བའི་ཐབས་རྣམས་རྒྱུད་ཀྱི་ནང་ནས་འཐོར་བ། གཞུང་འདིར་རྩ་བ་དང་ཡན་ལག་གི་སྲུང་བྱ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་གསལ་ཞིང་བཀྲ་བར་བྱེད་པའོ། །བཞི་པ་ནི་འདི་ཉིད་ལས། ལམ་གྱི་རྣལ་འབྱོར་རྣམས་དོན་ཕྱིར། །ཞེས་པས། གསང་སྔགས་མ་ཧཱ་ཡོ་གའི་ལམ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་དོན་བྱ་བའི་མཛད་པའོ། །ལྔ་པ་ནི། ཀླད་དོན་དང་། གཞུང་དོན་དང་། ཞབས་དོན་དང་གསུམ་དུ་གནས་པ་ལ། གཞུང་དོན་ལའང་། ངོ་བོ་རྣམ་གྲངས་སྲུང་ཐབས་དང་། །ཉམས་རྒྱུ་སྔ་རྟགས་སྐྱོན་ཡོན་གཉིས། །སྐོང་ཐབས་དཔེ་དང་མདོར་བཅུར་བཤད། །ཅེས་གསུངས་གཞུང་དོན་རྒྱས་པར་བཤད་དོ། །དེས་སྤྱི་དོན་གྱིས་ཁོག་དབུབ་པ་བསྡུས་པ་ཙམ་ཞིང་སོང་ནས། གཞུང་དོན་ས་བཅད་པ་དང་། ཚིག་དོན་གྱི་འབྲུ་གཉེར་བ་གཉིས་ནི་བཤད་བྱ་གཞུང་དོན་དང་འབྲེལ་བ་ཡིན་ནོ། །སྤྱིར་བཤད་བྱ་རང་ལ་ཡང་། འདུལ་བ་གླེང་བཞིས་བཤད་མདོ་སྡེ་དཔེ་ཡིས་བཤད། མངོན་པ་རྩིས་ཀྱིས་བཤད། གསང་སྔགས་རྟགས་ཀྱིས་བཤད། ལྟ་བ་གལ་འགག་གིས་བཤད། འཕྲིན་ལས་ཆོག་འགྲིག་གིས་བཤད། དམ་ཚིག་རྣམ་གྲངས་ཀྱིས་བཤད། དེ་ལའང་དགོས་བསྡུས་ཚིག་གསུམ་བརྒལ་ལན་མཚམས་སྦྱོར་ལྔས་འཆད་དགོས་ཏེ། དབྱིག་གཉེན་གྱི་རྣམ་བཤད་རིག་པ་ལས། དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བ ཅས་དང་བརྒལ་ལན་བཅས། །མཚམས་སྦྱོར་བསྙད་དེ་བཤད་པར་བྱ། །ཞེས་གསུངས་པས། གཞུང་གང་བཤད་ནའང་། དགོས་ཆེད་ཀྱི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་དང་། བརྒལ་ལེན་གྱི་དོན་དང་། མཚམས་སྦྱོར་གྱི་དོན་དང་ལྔའི་སྒོ་ནས་འཆད་པར་བྱའོ། ༈ །སྤྱི་དོན་གསུམ་པ་བཤད་བྱ་གཞུང་གི་དོན་དངོས་ལ་གསུམ་སྟེ། ཀླད་དོན་དང་། གཞུང་དོན། ཞབས་དགེ་བའི་རྩ་བ་བསྔོ་བའོ། །དང་པོ་ལ་གཉིས་ཡོད་པའི་དང་པོ་ཕྱག་འཚལ་བ་ནི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་པ་བཤད་པའི་གཞིར་དྲང་། དེའི་ཁྱད་པར་གྱི་ཆོས་ལ་ལྔ། གང་གིས་ན་སློབ་དཔོན་སྒེག་པའི་རྡོ་རྗེས། རྗེས་འཇུག་འཆད་ཉན་པ་རྣམས་ཀྱིས། གང་ལ་ན་རྡོ་རྗེ་འཛིན་པ་ལ། དེ་ཡང་དཔེ་དོན་རྟགས་གསུམ་གྱིས་འཆད་དེ། དཔེར་ན་རིན་པོ་ཆེ་རྡོ་རྗེ་ཕ་ལམ་གྱིས་ཕར་ལ་རིན་པོ་ཆེ་གཞན་རྣམས་འཇོམས་ཚུར་ལ་མི་ཚུགས་པ་བཞིན་དུ། དོན་རྡོ་རྗེ་ཆོས་ཉིད་ཀྱིས་ཀྱང་ཕར་ལ་དངོས་པོ་མཚན་མ་ཐམས་ཅད་འཇོམས་ཤིང་ཚུར་ལ་མི་ཚུགས་པ་དེ་ལ་ལྔ་སྟེ་རྡོ་རྗེ་སེམས་དཔའ་རང་བཞིན་ཆོས་ཉིད་འདུས་མ་བྱས་པའི་རྡོ་རྗེ། ངོ་བོ་དབྱིངས་ཡེ་ཤེས་དབྱེར་མི་ཕྱེད་པའི་རྡོ་རྗེ། མཚན་ཉིད་ནི་རྒྱུ་རྐྱེན་དང་བྲལ་ཞིང་གཉེན་པོས་མི་ཤིགས་པས་སྐྱེ་འཇིག་དང་བྲལ་བའི་རྡོ་རྗེ། ཡོན་ཏན་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལྷུན་གྱིས་གྲུབ་པས་གཞན་དུ་བཙལ་བ་མེད་པའི་རྡོ་རྗེ། འཕྲིན་ལས་ཀྱིས་རང་ལས་གཞན་དུ་འཛིན་པའི་རྟོག་པ་ཐམས་ཅད་འཇོམས་པའི་རྡོ་རྗེའོ། །དེ་ལྟར་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་འདུས་པའི་བརྡ་རྡོ་རྗེ་རྩེ་གཅིག །དེ་ལ་ཇི་ལྟ་ཇི་སྙེད་དབྱེར་མེད་ཀྱི་ཡེ་ཤེས་གསུམ་དང་ལྡན་པའི་རྟགས་སུ་རྡོ་རྗེ་རྩེ་གསུམ། དེའང་བྱེད་ལས་ཀྱི་ཆ་ལས་ཡེ་ཤེས་ལྔར་སྣང་བའི་རྟགས་སུ་རྡོ་རྗེ་རྩེ་ལྔ། དེ་ལྟར་ཡེ་ཤེས་དགུ་པོ་ལྷུན་གྱིས་གྲུབ་པ་མཚོན་པའི་རྟགས་སུ་རྡོ་རྗེ་རྩེ་དགུ་བསྟན་པའི་དོན་དེ་ཉིད་རྒྱུན་དུ་མི་གཏོང་བས་ན་འཛིན་པ་དེ་ལ་ཕྱག་འཚལ་བའོ། །དུས་ནམ་འཚལ་ན། སྔོན་བྱུང་དུ་སློབ་དཔོན་སྒེག་རྡོར་གྱིས། བསྟན་བཅོས་འདི་ཉིད་བརྩམ་པའི་ཐོག་མར་འཚལ། རྗེས་འཇུག་ཏུ་འཆད་ཉན་པ་རྣམས་ཀྱིས་ཉན་བཤད་བྱེད་པའི་ཐོག་མར་འཚལ། ཚུལ་ཇི་ལྟར་དུ་འཚལ་ན། མི་ཕྱེད་འདྲེས་པ། སྒྲུབ་པ་ཐབས། སྤྱོད་པ་ཡ་རབས་དང་གསུམ་ལས། དང་པོ་ནི་རྡོ་རྗེ་སེམས་དཔའི་དགོངས་པ་དང་། སློབ་དཔོན་སྒེག་རྡོར་གྱི་དགོངས་པ་གཉིས་ཤར་ནུབ་ཀྱི་ནམ་མཁའ་ལྟར་དབྱེར་མེད་ཀྱི་ངང་དུ་རྟོགས་པ་ནི་མི་ཕྱེད་འདྲེས་པའི་ཕྱག་ཅེས་བྱའོ། །གཞུང་འདི་ཉིད་ཀྱི་དོན་རྣམས་བདེ་བླག་ཏུ་རྟོགས་ཤིང་ཉམས་སུ་ལེན་པ་མཐར་ཕྱིན་པ་ནི་སྒྲུབ་པ་ཐབས་སོ། །སྤྱོད་པ་ཡ་རབས་ཀྱི་ཕྱག་ནི། ལུས་གུས་པ་དང་བཅས་ནས་སྨད་ལྔ་ས་ལ་གཏུགས། ངག་དྭང་བ་དད་པས་བསྟོད་པ་དང་དབྱངས་སུ་བཅས། ཡིད་ཏིང་ངེ་འཛིན་གྱི་སྒོ་ནས་ཕྱག་འཚལ་བའོ། །དགོས་ཆེད་ཅིའི་ཕྱིར་འཚལ་ན། སྔོན་བྱུང་དུ་སྒེག་རྡོར་གྱིས་བསྟན་བཅོས་བརྩམ་པའི་ཐོག་མར་སྟོན་པ་ཁྱད་པར་ཅན་ལ་མཆོད་པར་བརྗོད་པས། སྒྲིབ་པ་བྱང་། ཚོགས་རྫོགས། བར་ཆད་རྒྱུད་ནས་དག་སྟེ། བརྩམ་པ་མཐར་ཕྱིན་པའི་དགོས་པ་དང་། གཞུང་མཛེས་པའི་དགོས་པ་རྣམས་ཡོད་དོ། །གཉིས་པ་བཤད་པར་དམ་བཅའ་བ་ལ་གཉིས་ཡོད་པའི་དང་པོ་དམ་བཅའ་དངོས་ནི། དེ་ལྟར་རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་སེམས་དཔའ་ལ་མཆོད་བརྗོད་བྱས་ནས་ཅི་བྱེད་ན། བཤད་པར་བྱ། གང་བཤད་ན། དམ་ཚིག་ཆེན་པོ། གང་གི་དོན་དང་བཤད་ན། ལམ་གྱི་རྣལ་འབྱོར་རྣམས་དོན་ཕྱིར། འོ་ན་རང་བཟོ་མ་ཡིན་ནམ་ཞེ་ན། རྒྱུད་གསུམ་བལྡབ་པར་མི་འགྱུར་རམ་ཞེ་ན། རྒྱུད་ནས་འཐོར་བ་རྣམས་མདོར་བསྡུས་ནས་བཤད་པར་བྱ། འོ་ན་ལྷག་ཆད་ཅན་དུ་མ་སོང་ངམ་ཞེ་ན། ངེས་པར་གསལ་བྱེད་ཅེས་པས་ནི་ཁོག་བསྡེབ་སྟེ་བཤད་པའོ། །ཚིག་དོན་རྒྱས་པར་བཤད་པ་ནི། གསང་སྔགས་མ་ཧཱ་ཡོ་གའི་སྒོར་འཇུག་ཅིང་བགྲོད་པས་ལམ་གྱི་རྒྱུད་ལ་ཞུགས་པའི་སྣང་སེམས་དབྱེར་མེད་རྣལ་མ་ལ་བློ་འབྱོར་པའི་གང་ཟག་དུ་མ་རྣམས་ཀྱི་དོན་བྱ་བའི་ཕྱིར། གསང་སྙིང་། གཏོར་རྒྱུད་ས་མ་ཡ་བཀོད་པའི་རྒྱུད་དང་གསུམ་གྱི་དོན་རྣམས་ལུང་རིག་མན་ངག་གསུམ་དང་མི་འགལ་བར་ངེས་པར་གསལ་བར་བྱེད་པའི། མི་འདའ་བས་དམ་ཚིག་གསང་སྔགས་བླ་མེད་ཀྱི་བསྲུང་བྱ་ཡིན་པས་ཆེན་པོ་རྒྱུད་ནས་ཚིག་དོན་འཐོར་བ་རྣམས་གཞུང་འདིར་མདོར་བསྡུས་ཏེ། སློབ་དཔོན་སྒེག་རྡོར་གྱི་ཐུགས་ཀྱིས་དགོངས་པ་ཞལ་དུ་མ་འདྲེས་པར་སངས་རྒྱས་ཀྱིས་ཕྱུང་ནས་བཤད་པར་བྱའོ། །གཉིས་པ་དམ་ཚིག་སྣོད་ཀྱི་བྱེ་བྲག་དང་སྦྱར་བའི་དགོས་པ་ལ་གསུམ་ཡོད་པའི་དང་པོ་གསང་སྔགས་ཀྱི་སྒོར་འཇུག་པའི་རྣལ་འབྱོར་པའི་མཚན་ཉིད་ནི། གསང་སྔགས་མ་ཧཱ་ཡོ་གའི་ལམ་གྱི་རྒྱུད་ལ་ཞུགས་པའི་རྣལ་འབྱོར་བ་ལམ་གྱིས་བསླབ་པ་གསུམ་ལ་གནས་པར་བྱས་ནས་ཉམས་སུ་ལེན་དགོས་ཏེ། ལས་དང་པོ་པས་ཐུན་མོང་པ་དང་སྤྱིའི་བསླབ་པ་ལ་འཇུག་དགོས་ཏེ། གསང་སྙིང་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོ་འགྲོ་བའི་ལམ། །ཞེས་པ་དང་། བརྟག་གཉིས་ལས། དང་པོ་གསོ་སྦྱོང་སྡོམ་པ་བླང་། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཅེས་གསུངས་པས། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་འདུལ་བ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་མདོ་སྡེ། ལྷག་པ་ཤེས་རབ་ཀྱི་བསླབ་པ་མངོན་པ། ལྷག་པའི་དོན་ནི་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས། ལེགས་སྨོན་གྱི་ཚུལ་ཁྲིམས། ངེས་འབྱུང་གི་ཚུལ་ཁྲིམས་དང་གསུམ་དུ་ཡོད་པ་ལས། འདིར་སངས་རྒྱས་བསྟན་པའི་རྨིང་གཞི་ཡིན་པས། ངེས་འབྱུང་གི་ཚུལ་ཁྲིམས་ལ་བསླབ་དགོས། ཏིང་ངེ་འཛིན་ལ་ཞི་གནས་ཀྱི་ཏིང་ངེ་འཛིན་དང་། ལྷག་མཐོང་གི་ཏིང་ངེ་འཛིན་གཉིས་ཡོད་པ་ལས། ལྷག་མཐོང་གི་ཏིང་འཛིན་ལྷག་པའི་བསླབ་པ་ཡིན་ནོ། །ཤེས་རབ་ལ་ཐོས་བསམ་སྒོམ་གསུམ་ཡོད་པ་ལ་སྒོམ་པའི་ཤེས་རབ་ལ་བསླབ་དགོས། ཡང་ཐེག་པའི་སྡོམ་པའི་བསླབ་པ་ནི། ཉན་ཐོས་ཀྱི་འདུལ་ཁྲིམས། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་བསླབ་བྱ། གསང་སྔགས་ཀྱི་སྡོམ་པ། གསང་སྔགས་རང་ལའང་ཁྱད་པར་བླ་མེད་རང་གཞུང་གི་ལྟ་སྤྱོད་སྒོམ་གསུམ་གྱི་བསླབ་པ་གསུམ་ལ་བློ་གནས་པར་བྱས་ནས་གོམས་ན། འབྲས་བུ་བདག་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་གཉིས་ཚེ་འདི་ལ་མངོན་སུམ་དུ་བྱེད་པ་ཡིན་ཡང་། ཡང་ན་དོན་གཉིས་ནི་མཆོག་ཐུན་མོང་གཉིས་སམ། བདག་གཞན་གཉིས་ཀྱི་དོན་ལ་འབྲུ་གནོན་པ་ཡང་འདུག །གཉིས་པ་བྱེ་བྲག་ཏུ་བསྟན་པའི་དགོས་པ་ནི་ནང་པ་སངས་རྒྱས་པའི་རིས་ནང་ཚན་མི་འདྲ་བ་ལ་ལ་ཐེག་ཆུང་གི་གང་ཟག་གིས་ཉོན་མོངས་པ་སྤང་བྱ་མུན་པ་དང་འདྲ་བ་དེ། ཐེག་ཆེན་གྱི་གང་ཟག་གིས་སྤང་བྱ་སྣང་བ་དང་འདྲ་བའི་ཕྱིར། གཏན་ཚིགས་དེ་བས་ན་ཐེག་པ་གཅིག་གིས་གདུལ་བྱའི་བློ་མཐོ་དམན་ཀུན་འདུལ་བར་འཐད་པ་མ་ཡིན་ལ། གདུལ་བྱ་ལ་ལ་སྟེ་བློ་མཐོན་དམན་རང་རང་གིས་ཆ་དང་མཐུན་པར་ཐེག་པ་ཆེ་ཆུང་ཡང་དེ་ལྟར་དུ་སྤྱོད་ཅིང་ཉམས་སུ་ལེན་བཅུག་པས་རང་སའི་འབྲས་བུ་ཟིན་པས་ན་རིགས་ཏེ་འཐད་པའོ། །གསུམ་པ་སྔོན་བྱུང་སངས་རྒྱས་ཀྱིས་ཀྱང་གདུལ་བྱའི་དོན་མཛད་པ་ཡང་རང་རང་གི་བློ་དང་འཚམས་པར་དེ་ལྟར་དུ་བསྟན་པ་ནི། དེ་ལྟར་གདུལ་བློ་བྱའི་ཆེ་ཆུང་གི་སྐབས་ཀྱི་རིམ་པ་མཐོན་དམན་དང་སྦྱར་ནས་ཐེག་པ་དགུ་ལ་སོགས་ལ་ལ་སྤྱོད་བཅུག་པ་ནི། སྔོན་བྱུང་དུ་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་དུས་སུའང་དེ་ལྟར་དུ་གསུངས་སོ། ༈ །གཞུང་ལ་གཉིས་ཡོད་པའི་ཐོག་མར་མདོར་བསྟན་ནི། གསང་སྔགས་བླ་མེད་ཀྱི་སྒོར་འཇུག་པའི་གང་ཟག་རྣམས་ཀྱིས་གཉེར་བྱའི་དམ་ཚིག་རྡོ་རྗེ་གསལ་བཀྲ་འདི་ཉིད་གཏེར་རྒྱུད་ཀྱི་ལུང་གིས་ལུས་རྣམ་པར་བཞག་ན་བཅུ་པོ་འདི་རྣམས་ཡིན་ནོ། །དམ་ཚིག་གི་ངོ་བོ་དང་། དམ་ཚིག་གི་རྣམ་གྲངས་དང་། དམ་ཚིག་གི་སྲུང་ཐབས་དང་། དམ་ཚིག་ཉམས་པའི་རྒྱུ་དང་། དམ་ཚིག་ཉམས་པའི་སྔ་རྟགས་ཚེ་འདི་ལ་འབྱུང་བ་དང་། དམ་ཚིག་ཉམས་པའི་སྐྱོན་ཚེ་ཕྱི་མ་ལ་འབྱུང་ལུགས་དང་། དམ་ཚིག་མ་ཉམས་པའི་ཡོན་ཏན་དང་གཉིས་སོ། །དམ་ཚིག་ཉམས་ན་སྐོང་བའི་ཐབས་རྣམས་དང་། ལེགས་ཉེས་ཆེ་བའི་དཔེ་མེ་ལོང་བཅུ་གཅིག་གིས་མཚོན་པ་དང་། མདོ་བཞི་བརྗོད་བྱའི་དོན་ལ་བསྡུ་བ་དང་བཅུར་བཤད་པ་ནི་འདི་ལྟ་སྟེ། དེ་ལ་ངོ་བོ་མ་བསྟན་ན་ངོས་མི་ཟིན། རྣམ་གྲངས་མ་བསྟན་ན་དབྱེ་མི་ཤེས། སྲུང་ཐབས་མ་བསྟན་ན་སྲུང་བྱ་ཉམས་སུ་མི་ལོན། ཉམས་རྒྱུ་མ་བསྟན་ན་བསྲུང་མི་ཐུབ། སྔ་རྟགས་མ་བསྟན་ན་ཡིད་མི་ཆེས། སྐྱོན་མ་བསྟན་ན་བསྲུང་བྱ་ལ་མི་འཛེམ། ཡོན་ཏན་མ་བསྟན་ན་དགེ་བ་ལ་བྲོད་པ་མི་སྐྱེ། སྐོང་ཐབས་མ་བསྟན་ན་གསང་སྔགས་ཐབས་མང་ཞེས་བྱ་བ་དང་འགལ། དཔེ་མ་བསྟན་ན་ལེགས་ཉེས་ཀྱི་དོན་མི་རིག །མདོ་བཞི་བརྗོད་བྱའི་དོན་རྣམས་གཅིག་ཏུ་བསྡུ་མི་ཤེས་ན་པྲ་ཡས་སུ་འགྲོ་བས་དེས་ན་བཅུ་བས་ཉུང་ན་མི་ཆོག །མང་ན་ལྷག་པའོ། །གཉིས་པ་གཞུང་རྒྱས་པར་བཤད་པ་ལ་བཅུ་ཡོད་པའི་ཐོག་མར་ངོ་བོ། དེ་ལ་གསུམ་ཡོད་པའི་དང་པོ་རྩ་བ་ནི། དམ་ཚིག་གི་ངོ་བོ་ངོས་བཟུང་ན་རྩ་བའི་དམ་ཚིག་ལ་བྱང་ཆུབ་སེམས་དང་། སྐུ་གསུང་ཐུགས་གསུམ་དང་བཞི་ནི་རྩ་བའོ། །གཉིས་པ་ཡན་ལག་ནི། ཐུན་མོང་མིན་པ་ལ་སྤྱོད་པ་ལྔ། མི་སྤང་བ་ལྔ། དང་དུ་བླང་ལྔ། བསྒྲུབ་བྱ་ལྔ། ཤེས་བྱ་ལྔའོ། །ཐུན་མོང་ལ་བདག་དོན་དང་དོན་གཞན་ཏེ་དེ་ལྟར་ཡན་ལག་གི་དམ་ཚིག་གཉིས་སོ། །གསུམ་པ་རྩ་བའི་རྩ་བ་ནི། རྩ་བ་བཞིའི་ནང་ནས་ཆེན་པོ་ནི་བྱང་ཆུབ་སེམས་ཀྱི་དམ་ཚིག་མདོ་བཞི་དང་འབྲེལ་བ་འདི་ཉིད་བསྲུང་ན་སུམ་བརྒྱ་དྲུག་ཅུའི་བསྲུང་བྱ་ལྷག་མ་རྣམས་མདོར་དེ་ཉིད་ལ་འདུས་ཤིང་སུམ་བརྒྱ་དྲུག་ཅུར་བྱུང་བ་ཡང་དེ་ཉིད་མི་ཉམས་པའི་ཐབས་སུ་འབྲེལ་བའོ། །གཉིས་པ་རྣམ་གྲངས་ལ་གཉིས་ཡོད་པའི་དང་པོ་མདོར་བསྟན་ནི། རྩ་བ་ཡན་ལག་གི་དམ་ཚིག་རྣམ་པའི་གྲངས་དག་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་གཉིས་ཡོད་པའི་ཐོག་མར་སྤྱིར་དམ་ཚིག་གི་རྣམ་གྲངས་ལ་མཐའ་ཡས་ལུགས་ནི། སྤྱིར་རིགས་དྲུག་གི་སེམས་ཅན་གྱི་གྲངས་ལ་མཐའ་ཡས་པ་དང་། སེམས་ཅན་རེ་རེའི་ཤེས་རྒྱུད་ཀྱི་ལོག་རྟོག་གི་རྣམས་གྲངས་ལ་མཐའ་ཡས་ཤིང་གྲངས་མེད་པར་འཕྲོ་བ་ནི། ཐམས་ཅད་མཁྱེན་པའི་སངས་རྒྱས་དེ་ཉིད་ཀྱིས་ཀྱང་གངས་ཅན་དུ་བགྲང་བར་མི་མཁྱེན་པའི་ཕྱིར་གཏན་ཚིག་དེ་བས་ན། རྣམ་རྟོག་རེ་རེ་འདུལ་བའི་གཉེན་པོ་དམ་ཚིག་གི་རྣམས་གྲངས་རེ་རེ་གསུངས་དགོས་པ་ལ། རྣམ་རྟོག་ལ་མཐའ་ཡས་ལ་དེའི་གཉེན་པོར་དམ་ཚིག་རྣམ་གྲངས་ཡང་མཐའ་ཡས་པའི་ཕྱིར་རྒྱལ་བ་སངས་རྒྱས་ཉིད་ཀྱིས་ཀྱང་བརྗོད་པ་ལས་འདས་པའོ། །གཉིས་པ་བསྡུ་ན་སུམ་བརྒྱ་དྲུག་ཅུ་ལ་འདུས་པའོ། །དེ་ལ་གཉིས་ཡོད་པའི་ཐོག་མར་གྲངས་འོང་བའི་རྒྱུ་མཚན་ནི། འོན་ཀྱང་སེམས་ཅན་བློ་རྨོངས་པ་རྣམས་ཀྱི་དོན་ལ་དགོངས་ནས་མདོར་བསྡུས་ཙམ་ཞིག་ངོས་བཟུང་ན་འདི་ལྟ་སྟེ། གཉིས་པ་རྣམ་གྲངས་དངོས་ལ་གསུམ་ཡོད་པའི་ཐོག་མར་རྩ་བའི་རྣམ་གྲངས་ནི། བྱང་ཆུབ་སེམས་ཀྱི་དམ་ཚིག་ལ་དོན་དམ་ཀུན་རྫོབ་རྣམ་པ་གཉིས་དང་། སྐུའི་དམ་ཚིག་ལ། སྤྱིའི་སློབ་དཔོན། འདྲེན་པའི་སློབ་དཔོན། དབང་བསྐུར་བའི་སློབ་དཔོན། ཆག་ཉམས་བསྐོང་བའི་སློབ་དཔོན། ཤེས་རྒྱུད་གྲོལ་བའི་སློབ་དཔོན། མན་ངག་ལུང་གི་སློབ་དཔོན་དང་དྲུག །སྤྱིའི་མཆེད། རིང་བའི་མཆེད། ཉེ་བའི་མཆེད། འདྲེས་པའི་མཆེད་དང་བཞི་སྟེ་སྡོམས་པས་བཅུའོ། །གསུང་གི་དམ་ཚིག་ལ། རྒྱུ་མ་ནོར་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བསྐུལ་པ་ལས་ཀྱི་སྔགས་ཏེ་གསུམ་དང། སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། འཕྲོ་འདུ་འཕྲིན་ལས་ཀྱི་ཕྱག་རྒྱ་སྟེ་བཞི་དང་བསྡོམས་པས་བདུན་ནོ། །ཐུགས་ཀྱི་དམ་ཚིག་ལ། སྤྱིར་གསང་བཞི། བར་གསང་བཞི། གསང་བར་འོས་པ་གཉེན་གཏད་པ་གཉིས་དང་གསང་བ་བཅུའོ། །དེ་ལྟར་ཉི་ཤུ་རྩ་དགུ་ནི་རྩ་བའི་དམ་ཚིག་རྣམ་གྲངས་ཡིན་པར་ཤེས་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཡན་ལག་གི་གྲངས་ནི། སྤྱད་པ་ལྔ་ལ་ནང་ཚན་དབྱེ་ན། སྦྱོར་བ་ལ་ཉི་ཤུ། སྒྲོལ་བ་ལ་བཅུ་བཞི། མ་བྱིན་པ་ལེན་པ་ལ་བཅུ་བདུན། རྫུན་དུ་སྨྲ་བ་ལ་བཅུ་བདུན། ངག་བརླང་པོ་ལ་བཅོ་ལྔ་དང་། སྤྱིར་བརྒྱད་ཅུ་རྩ་གསུམ་ཡོད། མི་སྤང་བ་ལྔ་ལ། ཡང་དག་པའི་དུག་ལྔ་ལ་ལྟ་སྤྱོད་གཉིས་གཉིས་སུ་ཕྱེ་བས་བཅུ། ལོག་དུས་ལྔ་དང་བཅོ་ལྔ་ཡོད། དང་དུ་བླང་བ་ལ་རྩ་བའི་བདུད་རྩི་ལྔ་དང་། མཐུས་གྲུབ་པ། བྱིན་རླབས་ཀྱིས་གྲུབ་པ། ངོ་བོས་གྲུབ་པ་རེ་རེ་ལ་ལྔ་ལྔ། རང་བཞིན་གྱིས་གྲུབ་པ་ལ་རིག་ལྔ་ཡེ་ཤེས་ལྔ་དང་སུམ་ཅུ་ཡོད། བསྒྲུབ་པར་བྱ་བ་ལའང་དེ་བཞིན་དུ་ལྔ་ལས་དབྱེ་ན་བཞི་ཅུ་ཞེ་ལྔ་ཡོད། ཤེས་པར་བྱ་བ་ལྔ་ལ་བདུན་ཅུ་སྟེ། དེ་རྣམས་ནི་ཡོ་ག་མན་ཆད་དང་ཐུན་མོང་མིན་པར་བཤད་དེ། རྣམ་གྲངས་ཀྱི་ཡན་ལག་རྒྱས་བཤད་ནི་འོག་སྲུང་ཐབས་ཀྱི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་ཐུན་མོང་ཡན་ལག་གི་རྣམས་གྲངས་ནི། ཐུན་མོང་གི་དམ་ཚིག་གི་རྣམ་གྲངས་ལ་མཐའ་ཡས་པ་ཞིག་ཡོད་ཀྱང་། མདོར་བསྡུས་ན་བདག་དོན་དང་གཞན་དོན་གཉིས་པོ་ལ་འདུས་ཏེ། དེ་ལ་བདག་དོན་ཉེར་གཅིག་གཞན་དོན་ཞེ་བཞིའི་རྣམ་གྲངས་རྒྱས་བཤད་ནི་འོག་སྲུང་ཐབས་ཀྱི་སྐབས་སུ་ཤེས་པར་བྱའོ། །གཞན་ཡང་ཉམས་རྒྱུ་ཉི་ཤུ། རང་བཞིན་གཞིའི་མདོ་མིན་པ་མདོ་གསུམ་བརྩིས་པས་སུམ་བརྒྱ་དྲུག་ཅུ་ཡོད་དོ། །གསུམ་པ་སྲུང་ཐབས་ལ་གསུམ་ཡོད་པའི་དང་པོ་མདོར་བསྟན་ནི། དམ་ཚིག་སྲུང་བའི་ཐབས་རྣམས་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། དེ་ལ་ཕ་དམ་པས། བསྲུང་ཞེས་པའི་དོན་ནི་བྲན་མོ་ཆུ་ཁུར་བ་ལྟ་བུ་ཞིག་དགོས། དེའི་གཏན་རྒྱུད་ནི་དཔེར་ན་རྒྱལ་པོ་གཏུམ་ལ་མགུ་དཀའ་བ་ཞིག་གི་འཁོར་ཤིན་ཏུ་དམན་པ་བྲན་མོ་གཅིག་གིས་འབྲི་མར་གྱི་མར་ཁུ་སྐྱོགས་གང་བཟུང་ནས་འདམ་པའི་ཁྲོད་ཅིག་ལ་འགྲོ་སྟེ། རྒྱབ་ན་རལ་གྲི་རྣོན་པོ་ཅན་ཅིག་འགྲོ་ནས། གལ་ཏེ་ཐིགས་པ་གཅིག་བོ་ན་མགོ་བྲེག་པར་བྱེད་ལ། གནས་སུ་སྐྱོལ་ནས་ནི་བྱ་དགའ་ཆེན་པོ་སྦྱིན་ཞེས་པའི་ཕྱི་རོལ་དུ་གླུ་གར་དང་རོལ་མོ་ལ་སོགས་པའི་ལྟས་མོའི་རྣམ་པ་ཅི་ཡོད་ཀྱང་། དེ་ལ་དབང་པོ་མི་ཡེང་ཁོ་རང་གིས་དེ་ལ་བསྒྲིམས་པ་ལྟར་འབང་དང་འདྲ་བའི་རྣལ་འབྱོར་པ་རྣམས་ཀྱིས། རྒྱལ་པོ་དང་འདྲ་བའི་སློབ་དཔོན་གྱིས་ཕོང་བའི་མར་ཁུ་དང་འདྲ་བའི་དམ་ཚིག་ཤིན་ཏུ་བསྲུང་དཀའ་བ་དེ། མགོ་བྲེག་པ་དང་འདྲ་བར་གལ་ཏེ་ཉམས་ན་ངན་སོང་གསུམ་དུ་སྡུག་བསྔལ་ལ། ལེགས་པར་བསྲུང་ཐུབ་ན། བྱ་དགའ་དང་འདྲ་བའི་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམས་མངོན་དུ་འབྱིན་པས། ལྟས་མོ་དང་འདྲ་བའི་འཇིག་རྟེན་རྣམ་གཡེང་གི་དབང་དུ་མི་གཏང་བར་རང་གིས་དམ་ཚིག་ལ་ནན་ཏན་དུ་བྱའོ། །གཉིས་པ་སྲུང་ཐབས་རྒྱས་བཤད་ལ་གཉིས་ཡོད་པའི་དང་པོ་རྩ་བའི་དམ་ཚིག །དེ་ལ་ལྔ་ཡོད་པའི་དང་པོ་བྱང་ཆུབ་སེམས་ཀྱི་དམ་ཚིག །དེ་ལ་བཞི་ཡོད་པའི་དང་པོ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དམ་ཚིག་ནི། རང་གི་ལུས་ཀྱི་ཕུང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡེ་གདོད་མ་ནས་རྒྱལ་བའི་དལ་བཞི་བཅུ་རྩ་གཉིས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་ནོ། །དེ་ཡང་ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། དབང་ཤེས་བཞི་ནི་ནང་གི་སེམས་དཔའ་བཞི། དེའི་ཡུལ་བཞི་ཡུམ་བཞི། དབང་པོ་བཞི་ཕྱིའི་སེམས་དཔའ་བཞིའི། དུས་བཞི་དེའི་ཡུམ་བཞི། ལུས་ཀྱི་དབང་པོ་རྣམ་ཤེས་དབང་ཡུལ་གསུམ་འདུས་ཀྱི་རེག་པ་དང་བཞི་ནི་ཁྲོ་བོ་བཞི། རྟག་ཆད་བདག་ལྟ་མཚན་མར་ལྟ་བ་བཞི་ཁྲོ་མོ་བཞི། ཉོན་མོངས་དྲུག་ཐུབ་པ་དྲུག །ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོར་བསྟན་པ་དེ་བཞིན་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱང་རྒྱལ་བའི་དཀྱིལ་འཁོར་དུ་གནས་པ་དེ་ལྟར་དུ་ཤེས་ཤིང་རྟོགས་པར་བྱའོ། །འོ་ན་དེ་ལྟར་དུ་སྣང་བ་རྣམས་གདོས་བཅས་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་ནོ། །གཉིས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི། རང་ལུས་ཀྱིས་བྱས་པ་མིག་གིས་གཟུགས་མཐོང་བ་ལྕེས་རོ་ཟོས་པ་ལ་སོགས་ཚོགས་དྲུག་གི་སྣང་བ་ཐམས་ཅད་ལ་ཤར་དུས་སེམས་རང་ཡིན་པའི་ཕྱིར་སེམས་དངོས་པོ་གང་དུ་ཡང་མ་གྲུབ་པས་ན་ལུས་ཀྱིས་བྱ་བ་བྱས་པ། མིག་གིས་གཟུགས་སྣང་བ་ལ་སོགས་ཚོགས་དྲུག་གི་སྣང་བ་རང་རྒྱུད་དུ་གྲུབ་པ་མེད་དེ་སྟོང་། སྟོང་བཞིན་དུ་ཤེས་བྱ་སྣ་ཚོགས་ལ་ཤར་བའོ། །དེ་ལྟར་བསྐྱེད་རྫོགས་ཀྱི་དོན་དེ་ཉིད་དྲན་པ་དང་ཤེས་བཞིན་གྱི་བྱ་ར་བ་སྔོན་དུ་བཏང་ལ་དུས་གསུམ་རྒྱུན་ཆད་མེད་པར་རང་གིས་རྒྱུད་ལ་འབྱོར་དགོས་པ་ལས། གསུམ་པ་དེ་དག་དང་མི་ལྡན་པའི་ཉེས་དམིགས་ནི། དེ་ལྟར་བསྐྱེད་རྫོགས་ཀྱི་དོན་དེ་ཉིད་དུས་གསུམ་རྒྱུན་དུ་མ་དྲན་ན། ཐེག་པ་མཆོག་གསང་སྔགས་པའི་རྣལ་འབྱོར་པར་ཅི་ཞིག་ཚུད་དེ་མི་ཚུད་དོ། །བཞི་པ་གང་གི་སྲུང་བའི་རྣལ་འབྱོར་པའི་མཚན་ཉིད་ནི། ལྟ་བ་བདེན་གཉིས་དབྱེར་མེད་རྟོགས། སྤྱོད་པ་དེ་དང་ཡ་མི་འབྲལ་བར་ཁྱེར། དམ་ཚིག་དེ་དང་འདའ་ཉམས་མེད་ཅིང་ཏིང་ངེ་འཛིན་འབྲེལ་བའི་རྣལ་འབྱོར་པ་ཞིག་དགོས་སོ། །གཉིས་པ་སྐུའི་དམ་ཚིག་ལ་སྲུང་བའི་ཐབས་ལ་གཉིས་ཡོད་པའི་དང་པོ་སློབ་དཔོན་གྱི་དམ་ཚིག །དེ་ལ་བཞི་ཡོད་པའི་དང་པོ་སྔོན་དུ་བསྲུང་བའི་ཡུལ་གྱི་གྲངས་ནི། ཐུན་མོང་གི་སྐྱབས་སྡོམ་ཞུས་པ་ཡན་ཆད་ནི་སྤྱིའི་སློབ་དཔོན་དང་། དབང་ཞུ་བའི་ནུབ་མོ་རྡོ་རྗེ་སློབ་དཔོན་གྱི་མདུན་ཁྲིད་མི་ནི་འདྲེན་པའི་སློབ་དཔོན་དང་། དམ་ཚིག་དབོག་ཅིང་དབང་བསྐུར་མཁན་ནི་དམ་ཚིག་དབང་གི་སློབ་དཔོན་དང་། གསང་སྔགས་ཀྱི་རྒྱུད་གཞུང་ཞུས་པ་ནི་རང་གི་ཤེས་རྒྱུད་གྲོལ་བར་བྱེད་པའི་སློབ་དཔོན་ཡིན་ལ། བསྐྱེད་རྫོགས་ཀྱི་ཁྲིད་རིམ་ཀྱི་ངོ་སྤྲོད་མཁན་ནི་མན་ངག་ལུང་གི་སློབ་དཔོན་ཡིན་པ་དེ་རྣམས་ལ། གཉིས་པ་བསྲུང་བའི་ཚུལ་མཚོན་པ་དཔེའི་གྲངས་ནི། སྤྱིའི་སློབ་དཔོན་ཡུལ་ལ་དབང་བའི་རྒྱལ་པོའི་བཀའ་འོག་ན་ཆུད་པ་རྣམས་ཀྱིས་དེ་ཉིད་ཁྲིམས་དང་མི་འགལ་བར་བྱེད་དགོས་པས་དེ་ཙམ་དུ་བསྐུར་བ་དང་། འདྲེན་པའི་སློབ་དཔོན་ནི་རྒྱལ་བུ་གདན་ས་ཕ་ཁུ་བོས་བཞག་དགོས་པས་དེ་ཙམ་དུ་བསྐུར་བ་དང་། དམ་ཚིག་དབང་གིས་སློབ་དཔོན་ནི་མས་རང་གི་ལུས་བསྐྱེད་པས་དེ་ཙམ་དུ་བསྐུར་བ་དང་། ཆག་ཉམས་སྐོང་བའི་སློབ་དཔོན་ནི་ཕས་རང་ལ་ཉེས་པ་འོང་ན་བསལ་བས་དེ་ཙམ་དུ་བསྐུར་བ་དང་། ཤེས་རྒྱུད་གྲོལ་བའི་སློབ་དཔོན་ནི་མིག་གིས་མཐོང་བར་བྱེད་པས་དེ་ཙམ་དུ་བསྐུར་བ་དང་། མན་ངག་ལུང་གི་སློབ་དཔོན་ནི་སྙིང་མེད་ན་ལུས་པོ་གཞན་ཡོད་པ་དོན་མེད་པས་དེ་ཙམ་དུ་བསྐུར་དགོས་པ་དེ་བས། སློབ་དཔོན་ནི་རྣམ་མཁྱེན་གྱི་འབྲས་བུ་བསྐྱེད་པའི་ལམ་སྟོན་མཁན་ཡིན་པས་གོང་གི་དཔེ་དེ་རྣམས་པས་ལྷག་པའི་ཚུལ་དུ་ལྟ་སྟེ་བསྐུར་བར་བྱའོ། །གསུམ་པ་སྲུང་ཐབས་ནི། རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་གསུམ་དུ་ཟོལ་ཏེ་རྫུན་དང་། རྒྱུ་ནི་ནུས་པ་ལ་མི་ནུས་པའི་ཚུལ་དུ་བྱེད་པ་དེ་རྣམས་མེད་པར་བསྲུང་བ་ནི། དཔེར་ན་ཡི་དམ་གྱི་ལྷ་རྒྱུན་དུ་བསྒོམ་པ་ལྟར་སློབ་དཔོན་ལ་དད་མོས་རྒྱུན་དུ་བསམ་ཞིང་སྤྱོད་ལམ་ཐམས་ཅད་དུ་ཅི་ལྟར་མཉེས་པ་ལྟར་བྱའོ། །བཞི་པ་ལྷག་མ་སྐུའི་དམ་ཚིག་སྤྱིར་བསྟན་པ་ལ་ཤེས་པར་བྱ་བ་ནི། སྲུང་ཐབས་ཀྱི་རིམ་པ་རྒྱས་བཤད་ནི་འོག་མཆེད་དང་ཐུན་མོང་དུ་འཆད་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་མཆེད་ཀྱི་དམ་ཚིག་ལ་གཉིས་ཡོད་པའི་དང་པོ་མཆེད་དུ་འབྲེལ་བའི་བྱེ་བྲག །དེ་དག་ལ་ལྔ་ཡོད་པའི་དང་པོ་བྱམས་པ་དང་སྙིང་རྗེའི་ཡུལ་དུ་གྱུར་པ་སྤྱིའི་མཆེད་ནི། ཐེག་པ་ཆེན་པོའི་ལུགས་ཀྱི་ཁམས་གསུམ་ཐམས་ཅད་སྤྱིའི་མཆེད་ཡིན་གསུངས་ཀྱང་། འདིར་གཞུང་རང་དང་གསང་སྔགས་ཀྱི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་བསྒྲུབ་ན་འཐད་པར་མཐོང་ངོ་། །དེ་ལ་སྤྱིར་ནམ་མཁའ་ལ་མཐའ་ཡས། དེས་ཁྱབ་པའི་འཇིག་རྟེན་གྱི་ཁམས་ལ་མཐའ་ཡས། དེ་ལ་གནས་པའི་སེམས་ཅན་མཐའ་ཡས་པ་རྣམས་ནི། རང་རིག་པའི་ཡེ་ཤེས་ཀྱི་འཆར་སྒོ་ལས་སྣང་བའི་ཕྱིར། ལམ་རྣལ་འབྱོར་པའི་དུས་སུ། སྣོད་བཅུད་གང་ལྟར་སྣང་ཡང་། བསྐྱེད་རིམ་གྱི་སྒོ་ནས་ལྷའི་སྐུ་གསུང་ཐུགས་ཡིན་པ་དང་། རྫོགས་རིམ་གྱི་སྒོ་ནས་རིག་པ་བདག་ཉིད་ཆེན་པོ། །རང་སྣང་ལས་མ་གཏོགས་པའི་ཡུལ་གཞན་རང་རྒྱུད་དུ་གྲུབ་པ་མིན་པའི་ཕྱིར་སྤུན་ཡིན་པ་དང་། གཞིའི་དུས་སུ་ཁམས་བདེར་གཤེགས་སྙིང་པོར་གཅིག་པའི་སྤུན་ཡིན་པའི་ཕྱིར་དང་། མ་འོང་པ་འབྲས་བུའི་དུས་སུ། གང་ཟག་སྒོས་བཙན་སངས་རྒྱས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་སྤུན་ཡིན་ནོ། །དེས་ན་གཏན་ཚིགས་གསུམ་གྱིས་ཁམས་གསུམ་སེམས་ཅན་ཐམས་ཅད་མཆེད་ཡིན་ནོ། །སྤྱི་ཡི་མཆོད་སེམས་ཅན་དེ་རྣམས་ལ་ཕ་ཚན་བཟང་པོ་བཞིན་དུ་བསྲུང་བར་བྱའོ། །གཉིས་པ་བསྟན་པ་ལ་ཞུགས་པ་རིང་བའི་མཆེད་ནི། ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་པ་ནི། ཉེ་བའི་མཆེད་ལྟོས་ན་རིང་བའི་མཆེད་ཡིན་པ་དང་། གསུམ་པ་སྔགས་སུ་ཞེས་པ་ཉེ་བའི་མཆེད་ནི། གསང་སྔགས་ཀྱི་སྒོར་ཞུགས་པའི་ལྟ་སྤྱོད་མཐུན་པ་ནི་ཉེ་བའི་མཆེད་ཡིན་པར་བཤད་དོ། །བཞི་པ་དལ་གཅིག་ཏུ་ཞུགས་པ་འདྲེས་པའི་མཆེད་ནི། ཕ་བླ་མ་གཅིག་ལ་དཀྱིལ་འཁོར་གཅིག་ལ་བརྟེན་ནས་དབང་ཐོབ་དམ་ཚིག་གི་ནང་འདྲེས་ན་འདྲེས་པའི་མཆེད་ཡིན་ནོ། །ལྔ་པ་དེ་དག་ལ་བསྲུང་ལུགས་མཚོན་ཚུལ་གྱི་དཔེ་བསྟན་པ་ནི། རིང་བའི་མཆེད་ལ་ཕ་སྡེ་གཅིག་གི་ནང་ཚན་བཟང་པོ་བཞིན་དུ་བསྲུང་། ཉེ་བའི་མཆེད་ལ་ཕ་སྤུན་བཟང་པོ་བཞིན་དུ་བསྲུང་། འདྲེས་པའི་མཆེད་ལ་སྤུན་བཟང་པོ་བཞིན་དུ་བསྲུང་དགོས་སོ། །མཆེད་ནི་བྱང་ཆུབ་སྒྲུབ་པའི་གྲོགས་ཡིན་པས་དེ་བས་ཀྱང་ལྷག་པར་ལྟ་སྟེ་བསྲུང་བའི་ཚུལ་ནི། གསུམ་པ་སྐུའི་དམ་ཚིག་བསྲུང་ཐབས་ཐུན་མོང་དུ་བསྟན་པ་ལ་བཞི་ཡོད་པའི་དང་པོ་ལུས་ཀྱི་སྒོ་ནས་བསྲུང་ཐབས། དེ་ལ་དྲུག་ཡོད་པའི་དང་པོ་མཆོད་སྦྱིན་གྱི་སྒོ་ནས་མཉེས་པར་བྱ་བ་ནི། ལུས་ཀྱི་སྒོ་ནས་ཟས་ནོར་ཅི་འབྱོར་པ་ཕུལ་ནས་མན་ངག་དང་གྲོགས་གོང་མ་མཉེས་པར་བྱས་པ་ལ། དཔེར་ན་སྦུར་མ་ལྟ་བུར་སེར་སྣ་ཕངས་པ་མེད་པའི་སྒོ་ནས་མཉེས་པར་བྱའོ། །གཉིས་པ་ཞབས་འབྲིང་བྱ་བའི་ཚུལ་ནི། བླ་མ་དང་གྲོགས་གོང་མ་ལ་གར་བཞུགས་པའི་སར་གདན་གཏིང་བ་དང་། བྱོན་དུས་ལ་འདམ་རྫབ་དང་ཆུ་ལ་ཁུར་བའམ། ཁུར་པོ་ཁུར་རོགས་བྱེད་པ་དང་། སོགས་ཀྱི་སྒྲས་གཟིམ་མལ་དང་། བཅིབ་ཁ་དང་། ན་བཟའ་བསྐོན་པ་ལ་སོགས་ཞབས་འབྲིང་གི་ལས་བྱ་བ་ནི། མི་མོས་མི་དད་མེད་པར་རང་གཉེར་གྱིས་བྲན་བཞིན་དུ་བླང་བར་བྱའོ། །གསུམ་པ་བླ་མའི་ཉེ་འཁོར་ལ་ཡང་གྲོགས་ལྟར་བྱ་བ་ནི། བླ་མའི་རིགས་རྒྱུད་དང་། ཉེ་འཁོར་ལ་ཡང་མཆེད་ལ་བསྲུང་བ་དེ་བཞིན་དུ་བསྲུང་དགོས་པ་ཡིན་ནོ། །བཞི་པ་གནང་བ་མེད་པའི་ནོར་རྫས་བླང་བ་སྤང་བ་ནི། བླ་མས་མ་གནང་བའི་ནོར་དང་ཟས་ལ་འདོད་ཞེན་གྱི་སྒོ་ནས་བླང་བ་ནི་རྣམ་སྨིན་ཤིན་ཏུ་ཆེ་བས་ངན་སོང་ཁ་བརྒྱུད་པའི་ཕྱིར་ན། ཐ་མ་ཏིལ་འབྲུ་ཙམ་ཡང་མི་འབག་ཅིང་བསྲུང་བར་བྱའོ། །ལྔ་པ་བླ་མའི་གདན་ལ་སོགས་པ་ལ་བག་མེད་དུ་སྤྱོད་པའི་ཉེས་པ་ནི། མལ་སྟན་དང་གོས་དང་ཆས་ཀྱི་བྱེ་བྲག་གདུགས་ལ་སོགས་པ་རྣམས་དང་། སོགས་ཀྱི་སྒྲས་ཞབས་འབྲིང་མིན་པ་སྐུའི་གྲིབ་མ་དང་། བཞོན་པ་མ་གནང་བར་ཞོན་པ་དང་། བཅིབ་སྒ་དང་། ཆགས་ལམ་པ་ཡིན་ན་བཙུན་མོ་དང་དེ་རྣམས་བགོམ་པར་མི་བྱའོ། །གལ་ཏེ་བགོམ་ན་མཆོད་རྟེན་བཤིག་པ་ནི་ཉེ་བ་ལྔའི་གཅིག་ཡིན་པ་དེ་དང་འདྲ་བར་དགོངས་འདུས་དང་གསང་བ་སྤྱི་རྒྱུད་ལས་གསུངས་སོ། །དྲུག་པ་དམན་པའི་སྤྱོད་པ་བཞི་རྩེ་མོར་ཡང་སྤང་བ་ནི། བརྡེག་པ་དང་། བསད་པ་དང་། རྐུ་བ་དང་། ཕྲོགས་པ་དེ་དག་གི་སྤྱོད་པ་རྣམས་ནི། དངོས་སུ་བྱ་བ་ལྟ་ཅི་སྨོས་ཀྱི། རྩེ་མོའི་ལས་སུ་བྱ་བའང་མིན་ཏེ་མི་བྱའོ། །གཉིས་པ་ངག་གི་སྒོ་ནས་སྲུང་ཐབས་ནི། ངག་གི་སྒོ་ནས་བླ་མ་དང་གྲོགས་ཀྱི་སྐྱོན་རྣམས་སྦ་ཞིང་ཡོན་ཏན་ཐམས་ཅད་བསྒྲག་པར་བྱའོ། །ལྐོག་ཏུ་འདྲ་ཚུལ་བརྗོད་པ་ནི་དམ་ཚིག་ཉམས་པར་འགྱུར་བས་སྤང་ལ། སྐྱོན་མེད་པ་ལ་ཡོད་ཟེར་ནས་སྒྲོ་བཏགས་པ་དང་། ཡོན་ཏན་ཡོད་པ་ལ་མེད་ཟེར་ནས་སྐུར་པ་བཏབ་པའི་རྫུན་ལ་སོགས་ཕྲ་མ། ཚིག་རྩུབ། ངག་འཁྱལ། དཔེ་ཕོག །རྟ་བགད་ངན་པའི་མཚན་ཉིད་དེ་དག །ཀུ་རེའམ་བྲེ་མོའི་དལ་གཏམ་དུ་ཡང་ཟུར་ཙམ་ཡང་བརྗོད་པར་མི་བྱའོ། །བླ་མ་དང་གྲོགས་ཀྱིས་ཟེར་ན་ཉེས་པ་མེད་དོ། །གསུམ་པ་ཡིད་ཀྱི་སྒོ་ནས་སྲུང་ཐབས་ནི། ཡིད་ཀྱི་སྒོ་ནས་བླ་མ་དང་གྲོགས་པོ་ལ་དངོས་སུ་ཉེས་པ་ཁས་མི་ལེན་པས་གཡོ་དང་། རང་ལ་ཡོན་ཏན་ཡོད་པ་ལྟར་བྱེད་པས་སྒྱུ་དང་། གཞན་ལ་ཡོན་ཏན་ཡོད་པ་ལ་མི་འདོད་པ་འཕྲག་དོག་དང་། རང་བས་དམའ་བའི་ཐབས་ཀྱིས་རྔན་བརྡུང་བའི་སེམས། བླ་མ་དང་གྲོགས་པོའི་སྤྱོད་པ་མི་ལེགས་པ་དཔྱད་པའི་སེམས་དང་། བླ་མ་དང་གྲོགས་པོ་ལ་ནོར་རྫས་སྣང་བ་ལ་བརྐམ་ཆགས་འདོད་སེམས་ཀྱིས་བརྣབ་པ་རྣམས་ནི། སེ་གོལ་གཅིག་གི་ཡུན་དུའང་བསམ་པར་མི་བྱ་སྟེ། སློབ་དཔོན་དང་གྲོགས་པོ་ལ་དང་པ་ཤིན་ཏུ་ཡིད་གདུང་ཞིང་སེམས་བརྩེ་བར་བྱའོ། །བཞི་པ་སྲུངས་བའི་ཡོན་ཏན་ནི། དེ་ལྟར་སྤྱོད་ལམ་འགྲོ་ཉལ་འདུག་སྡོད་ལ་ཅིས་ཀྱང་སློབ་དཔོན་དང་གྲོགས་པོ་མཉེས་པར་བྱེད་ཅིང་། གསུང་གི་བཀའ་ཚིག་ཟུར་ཙམ་ཡང་མི་གཅོད་པའི་རྣལ་འབྱོར་པ་དེ་ནི་འཁོར་བ་ལ་ཕྱིར་ལྡོག་པར་རྒྱལ་བ་ཀུན་བཟང་གིས་མ་གསུངས་ཏེ། དམ་ཚིག་བཀོད་པའི་རྒྱུད་ལས། དམ་ཚིག་མ་ཉམས་པར་བསྲུང་ན། །ཀུན་ཏུ་བཟང་དང་སྐལ་པ་མཉམ་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་གནང་བཀག་གི་བྱེ་བྲག་གིས་བསྲུང་བ་ཡིན་པས། བཀའ་བཅག་ཀྱང་མི་སྟོ་བ་ནི། དེ་ཉིད་ལས། བདུད་དང་བར་ཆད་སློབ་དཔོན་གྱི་ཆ་བྱད་དུ་བྱུང་བ་དང་། སློབ་དཔོན་སྨྱོས་པ་དང་། ཆང་དབང་གདོན་དབང་དུ་སོང་བ་དང་། ལེགས་པའི་ལམ་ལ་འགོག་ཅིང་། དགེ་བའི་གེགས་བྱེད་དེ། སྡིག་པའི་ལས་ལ་བསྐུལ་བ་དང་། བཀའ་བདེན་པ་མི་སྟོན་ཞིང་། མུ་སྟེགས་དང་ལོག་པའི་ཕྱོགས་སྟོན་པར་བྱེད་ན་བཀའ་བཅག་པར་མི་སྟོ་སྟེ། གནས་སྐབས་བཞིའོ། །གྲོགས་པོ་ཡང་དཀར་པོ་ལ་སྨད་ཅིང་ནག་པོ་ལ་བསྟོད་པ་དང་། དད་པ་ཅན་གྱི་ཚིག་བཅག་ཅིང་། དགེ་བ་ཅན་གྱི་ཐུགས་དཀྲུགས་པ་དང་། བཀའ་དང་དམ་ཚིག་ལས་འགལ་ཞིང་། མཆེད་ལ་བརྩེ་གདུང་མེད་ཅིང་འཁུ་བ་དང་། ཆོས་ལ་མི་དད་ཅིང་དགེ་བ་ལ་མི་གུས་ན། བཀའ་བཅག་པར་མི་སྟོའོ། །ཞེས་གསུངས་སོ། །གཉིས་པ་གསུང་གི་དམ་ཚིག་བསྲུང་བ་ལ་བཞི་ཡོད་པའི་དང་པོ་སྔགས་གསུམ་བསྟན་པ་ནི། ཞི་བ་ལྟར་ན་ཧཱུྃ་ནི་རྒྱུ་མ་ནོར་རྩ་བའི་སྔགས་དང་། བཛྲ་དྷྲྀཀ་ནི་རྡོ་རྗེ་སེམས་དཔའི་བསྐྱེད་པའི་སྐྱེན་སྔགས་ཡིན་པ་དང་། རྩ་སྔགས་དང་བསྐྱེད་སྔགས་དྲིལ་བ་ནི་བསྐུལ་པ་ལས་སྔགས་དང་གསུམ་མོ། །ཁྲོ་བོ་ལྟར་ན། ༀ་རྩ་སྔགས། བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་བསྐྱེད་སྔགས། མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པཱ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ནི་ལས་སྔགས་སོ། །གཉིས་པ་ཕྱག་རྒྱ་བཞི་བསྟན་པ་ནི། ཐུགས་དམ་ཚིག་གི་ཕྱག་རྒྱ་ལ་གུང་མོ་ལ་སོགས་པའི་རྩེ་མོ་དང་ཐུགས་ཀར་རྡོ་རྗེ་ལ་སོགས་པ་རང་རང་གི་ཕྱག་མཚན་བསམ་པ་ནི། བསམ་པ་དམ་ཚིག་ཕྱག་རྒྱའོ། །འབྲུ་བཞི་སྦས་ནས་གུང་མོ་ལ་སོགས་པ་ལྔ་རིམ་པ་ལྟར་གྱེན་དུ་བགྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅའ་བ་ནི། བཅའ་བ་དམ་ཚིག་གི་ཕྱག་རྒྱའོ། །འཕྲོ་འདུ་འཕྲིན་ལས་ཀྱི་ཕྱག་རྒྱ་ལ། ཡུམ་ལ་འཁྱུད་པར་བསམ་པ་ནི། བསམ་པ་ལས་ཀྱི་ཕྱག་རྒྱའོ། །ཡུམ་ལ་འཁྲིལ་བའི་ཚུལ་གྱི་བརླ་གཡོན་པ་ཆོས་ཀྱི་རིག་ལ་བརྟེན་པའི་ཕྱག་རྒྱ་དངོས་སུ་བཅའ་བ་ནི། བཅའ་བ་ལས་རྒྱ་ཡིན་པ་དང་། གསུང་ཆོས་ཀྱི་ཕྱག་རྒྱ་ལ། སྔགས་བརྗོད་པ་ནི་བཟླས་པ་ཆོས་ཀྱི་ཕྱག་དང་། ཕྱག་རྒྱའི་རྩེ་མོ་དང་ཐུགས་ཀར་ཡིག་འབྲུ་བསྒོམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ་ཡིན། སྐུ་ཉིད་ཕྱག་རྒྱ་ཆེན་པོ་ནི་ལྷའི་སྐུ་དབུའི་གཙུག་ཏོར་ནས་འོག་གི་གདན་ཁྲིའི་བར་གསལ་བར་བསྒོམ་པ་དང་བཞིའོ། །གསུམ་པ་ཕྱག་རྒྱ་བཞི་པོ་དེ་དག་བསྒོམ་ཞིང་སྔགས་གསུམ་བཟླས་པའི་ཡོན་ཏན་ནི། རྣལ་འབྱོར་པ་རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་གསུམ་ནི། ཡི་དམ་གྱི་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བཞི་ཡིན་པ་ལ་ལྟ་བས་རྟོགས་ཤིང་ཏིང་ངེ་འཛིན་གྱིས་རབ་ཏུ་སྦྱོར་ལ་སྒོམ་པ་དང་། སྔགས་གསུམ་དུས་རྟག་ཏུ་བཟླས་པ་བྱེད་པའི་ཡོན་ཏན་ནི། བྱང་བ་སྟོང་པ་དང་། ཆུབ་པ་སྣང་བ་དབྱེར་མེད་པའི་དོན་གྱིས་བཟུང་བས་ན་འཁོར་བ་ལ་མི་ལྡོག་ཅིང་སངས་རྒྱས་ཀྱི་ས་ལ་ཞུགས་པ་ཡིན་ནོ། །ཀུན་སློང་ཉོན་མོངས་པ་དུག་གསུམ་གྱིས་བསླང་བའི་སྒོ་ནས་བཟླས་བསྒོམ་བྱེད་ན། དེ་ལྟར་མ་ཡིན་ཏེ་ཕལ་ཆེར་ངན་སོང་དུ་གཞོལ་ཅེས་དགོངས་འདུས་ལས་གསུངས་སོ། །བཞི་པ་ཡུན་གྱི་ཚད་བསྟན་པ་ལ་གཉིས་ཡོད་པའི་དང་པོ་ཡུན་གྱི་ཚད་བསྟན་ཅིང་དེ་དག་དང་མི་ལྡན་པའི་ཉེས་དམིགས་ནི། རྣལ་འབྱོར་པ་རབ་ཀྱིས་རྒྱུན་ཆད་མེད་པ་ཆུ་བོའི་གཞུང་བཞིན་ནམ། རབ་ཀྱི་འབྲིང་གིས་ཉིན་ཐུན་གསུམ་མཚན་ཐུན་གསུམ་སྟེ་ཐུན་དྲུག་གམ། རབ་ཀྱི་ཐ་མས་ཉིན་གཅིག་ལ་ལྷ་ལན་གཅིག་ཏུ་སྒོམ་ཞིང་སེམས་ཏིང་ངེ་འཛིན་མ་ཡེངས་པ་ཙམ་གྱི་ངང་ནས་ངག་གིས་སྔགས་བཟླས། རྣལ་འབྱོར་པ་འབྲིང་གིས་རབ་ཀྱི་ཟླ་བ་གཅིག་ལ་དུས་དྲུག་ཏུ་ཕྱེས་ཏེ། ཚེས་བརྒྱད། བཅུ་བཞི། བཅོ་ལྔ། བཅོ་བརྒྱད། ཉི་ཤུ། དགུ། གནམ་སྟོང་དང་དྲུག་གོ། །འབྲིང་གི་འབྲིང་ཟླ་བ་གཅིག་ལ་དུས་བཞི་སྟེ་ཉ་སྟོང་གསུམ་ཉི་ཤུ་དགུ་དང་བཞི། འབྲིང་གི་ཐ་མའི་ཟླ་བ་གཅིག་ལ་དུས་བཟང་གསུམ་གྱི་བར་བར་དུ་ལྷ་སྒོམ་ཞིང་སྔགས་རྒྱུན་མི་བཅད་ཅིང་བཟླའོ། །ཐ་མ་བརྩོན་འགྲུས་ཞན་ཅིང་གཞན་གྱིས་དཔྱད་པའི་རྣལ་འབྱོར་པས་ཀྱང་། ཟླ་རེའི་ནང་དུ་ལྷ་ལན་རེ་སྒོམ་པའམ། ཐ་མའི་འབྲིང་གིས་ལོ་གཅིག་ལ་ར་བ་བཞིའི་དུས་དག་ཏུ་སྒོམ་བཟླས་བྱེད་དགོས་སོ། །ཐ་མའི་ཐ་མར་གྱུར་པ་དེས་ལོ་གཅིག་ལ་ཐང་གཅིག་གི་དུས་སུ་བསྒོམ་བཟླས་བྱེད་དགོས། དེ་ལྟར་སྒོམ་བཟླས་ལ་བརྩོན་པར་འབད་དེ་མི་བྱེད་པ་ན། བྱང་ཆུབ་ཐོབ་པའི་ས་བོན་བརླགས་པ་ཡིན་པས་སངས་རྒྱས་མི་ཐོབ་བོ། །གཉིས་པ་ཚོགས་གཏོར་ཡང་ཡུན་དེ་དང་འདྲ་བ་ནི། ཚོགས་དང་གཏོར་མའི་ཡུན་ཡང་གང་གི་རབ་འབྲིང་ཐ་མའི་དེ་བཞིན་དུ་བྱེད་པ་ཡིན་ལ། ཐ་མ་ཡང་ཚོགས་ལོ་མི་བཟླ། གཏོར་མ་ཟླ་མི་བཟླའོ། །དུས་འདི་རྣམས་ནི་ལས་དང་པོ་མོས་པ་ལམ་ཁྱེར་ནས་བཟུང་སྟེ་མཐར་མངོན་དུ་མ་གྱུར་པར་དུ་ཤེས་པར་བྱའོ། །འོ་ན་གསུང་གི་དམ་ཚིག་གི་སྐབས་སུ་སྒོམ་པ་ཏིང་ངེ་འཛིན་བྱུང་ཞེ་ན། སྒོམ་བཟླས་གཉིས་འབྲེལ་པའི་ཕྱིར་རོ། །གསུམ་པ་ཐུགས་ཀྱི་དམ་ཚིག་ལ་གཉིས་ཡོད་པའི་དང་པོ་གསང་བྱའི་ངོ་བོ། དེ་ལ་བཞི་ཡོད་པའི་དང་པོ་སྤྱིར་སྔགས་སུ་ཞུགས་ནས་གསང་དགོས་པ་ནི། ལྟ་བ་ཟབ་མོ་བདེན་གཉིས་དབྱེར་མེད་མི་རྟོགས། སྤྱོད་པ་སྦྱོར་སྒྲོལ་ལ་སོགས་བརླང་མོ་རང་ཁར་བྱེད་པ་དང་། ཡི་དམ་གྱི་ལྷ་མ་གསང་ན་དངོས་གྲུབ་ཡལ་བས་ལྟ་སྤྱོད་སྒོམ་གསུམ་གཅིག་ཏུ་བརྩིའོ། །དབང་གི་གསང་མཚན་གྱི་མིང་བཤད་ན་བར་དུ་གཅོད། དབང་བསྒྲུབ་དུས་ཀྱི་གཟུངས་མ་བཤད་ན་གཞན་མི་དད་པ་དང་། སྒྲུབ་པ་བྱེད་དུས་ཀྱི་གྲུབ་རྟགས་རྣམས་བཤད་ན་མི་གྲུབ་པས། སྤྱིར་དུས་ཀུན་ཏུ་གསང་བྱ་རྣམ་པ་བཞི་ཡིན་པར་སྟོན་པ་རྡོ་རྗེ་འཆང་གིས་རྒྱུད་ཐམས་ཅད་དུ་བཤད་དོ། །གཉིས་པ་ཁྱད་པར་སྒྲུབ་པའི་དུས་ཀྱི་གསང་བ་བཞི་ནི། སྒྲུབ་པ་བྱེད་པའི་གནས་འདི་འདྲ། དུས་ཚད་འདི་ལ་གྲོགས་དང་། རྫས་འདི་དགོས་ཞེས་སྒྲུབ་པ་མ་ཚར་བར་བུ་རབ་ཏུ་གསང་ལ་བསྒྲུབ་པར་བྱའོ། །གསུམ་པ་གསང་བར་འོས་པའི་རྣམ་གྲངས་མདོར་བསྡུས་པ་ནི། སྤྱིར་གསང་སྔགས་སུ་ཞུགས་ནས་གསང་བར་འོས་པ་མང་དུ་ཡོད་ཀྱང་མདོར་བསྡུས་ན་འདི་ལྟ་སྟེ། མཐོང་བྱ་གསང་བ་ནི། ནང་མཆོད་རྣམས་ལྔ་ལ་མཁོ་བའི་ཤ་ཁྲག་གི་ཕུད་དང་། དམ་རྫས་ལྔ་ལ་སོགས་པའི་གཏོར་མའི་རྒྱུ་དང་། ཚོགས་དག་གི་ཡོ་བྱད་ཤ་ཆང་རྣམས་དང་། སྨན་བསྒྲུབ་པའི་རྟེན་ཡོན་ཏན་འབྱུང་ནུས་པའི་བྷནྷ་མཚན་ལྡན་དང་། ཕུར་བུ་བསྒྲུབ་པའི་རྟེན་རབ་གནས་ཅན་གྱི་ཕུར་པ་དང་། ཡང་དག་བསྒྲུབ་པའི་རྟེན་མར་མེའི་སྣོད་ཟླ་གམ་བང་རིམ་གསུམ་དང་ལྡན་པ་དང་། དེ་ཡང་མར་མེ་དགུ་པ་ལ་དེ་འདྲ་དགུ་དང་། གཅིག་པ་ལ་དེ་འདྲ་བ་གཅིག་དང་། རྩིབ་མའི་རལ་གྲི། མཆོག་ཕུར་བཞིའི་ཕུར་བུ་དང་། ཞིང་རྒྱུས་ཀྱི་མཚོན་དྲྭ། བམ་གྱི་རྣམ་ལྔ། སྒལ་ཚིགས་གསར་རྙིང་ལ་སོགས་པའི་བསྒྲུབ་རྫས་རྣམས་དང་། གསང་སྔགས་ནང་པའི་རྡོར་དྲིལ། ཐོད་རྔ། གསང་བའི་རྔིལ་ཆུང་། རྐང་གི་དུང་དང་གླིང་བུ་ལ་སོགས་པའི་ལག་ཆ་དང་། དཀྱིལ་འཁོར་བྲི་ཞིང་རྒྱན་དགོད་པ་དེ་རྣམས་སྐྱེ་བོ་ཐ་མལ་པས་མཐོང་བར་མི་བྱའོ། །ཐོས་བྱ་གསང་བ་ནི། ནང་གི་དྲིལ་བུ་དང་གསང་བའི་རྔིལ་ཆུང་ལ་སོགས་པ་ལྷ་ཆའི་སྒྲ་རྣམས་ནི། སྐྱེ་བོ་ཐ་མལ་པས་ཐོས་པར་ཡང་མི་བརྡུང་ངོ་། །འོ་ན་དྲིལ་བུ་རྔིལ་ཆུང་གཉིས་ཐང་གཉིས་བྱུང་ཞེ་ན། མཐོང་ཐོས་ཀྱི་ཁྱད་པར་ཡིན་ནོ། །ངན་པའི་སྤྱོད་པ་རྣམས་གསང་བ་ནི་བྱང་ཆུབ་ཀྱི་རྒྱུ་ཡིན་པས་རང་གིས་གྲོགས་པོའི་སྤྱོད་པ་ངན་པ་བྱེད་པ་དང་། གཞན་ཡང་ངན་པའི་མཚང་རྣམས་དང་། སེམས་ཅན་ཀུན་གྱི་རྐུ་བ་ལ་སོགས་ངན་པའི་སྤྱོད་པ་རྣམས་དང་། སེམས་ཅན་ཀུན་ལ་གནོད་པའི་ཐབས་ལ་དུག་སྦྱོར། རྒྱ་སྙི་ལ་སོགས་པ་ངན་པའི་སྤྱོད་པ་རྣམས་རང་གི་ཤེས་པ་དེ་དག །གཞན་ལ་ཤིན་ཏུ་གསང་བ་ནི་བྱང་ཆུབ་ཐོབ་པའི་ཐབས་ཀྱི་རྒྱུ་ཡིན་ནོ། །བཞི་པ་གཉེར་གཏད་པའི་དམ་ཚིག་ནི། དེ་ལྟར་སྐྱོན་མི་ཆེ་ན་ཡང་གཞན་གྱིས་གསང་ཞེས་གཉེར་གཏད་པ་ནི་དམ་པ་ཡིན་ཏེ། གང་གིས་གཉེར་གཏད་ན་སྔར་སྐུའི་དམ་ཚིག་གི་སྐབས་སུ་བཤད་པའི་སློབ་དཔོན་དང་མཆེད་རྣམས་ཀྱིས་གསང་ཟེར་ན་གསང་དགོས་སོ། །གཉིས་པ་གསང་ཐབས་གསུམ་ཡོད་པའི་དང་པོ་གསང་བའི་དགོས་ཆེད་ནི། གསང་སྔགས་རང་ལ་སྐྱོན་ཡོད་ནས་གསང་དགོས་པ་མ་ཡིན་ཏེ། སེམས་ཅན་གཞན་གྱི་དོན་བྱ་བའི་ཕྱིར་རབ་ཏུ་གསང་དགོས་ཏེ། མ་གསང་ན་གསང་སྔགས་ཀྱི་ལྟ་བ་ཟབ་མོ་མི་རྟོགས་སྤྱོད་པ་བརླང་མོ་རང་ཁར་སྤྱོད་པའམ། གང་གི་རྫས་ཟབ་མོ་རྣམས་མཐོང་ན་མི་དད་པས་གསང་སྔགས་ལ་སྐུར་པ་བཏབ་པས་ངན་སོང་དུ་འགྲོའོ། །རང་དོན་དུ་གསང་ཐུབ་ན་བསྒྲུབ་པའི་དངོས་གྲུབ་མི་ཡལ་ན་འབྲས་བུ་ཐོབ་པས་ན་གཞན་ལ་གསང་བའི་ཕྱིར་ལུས་ཀྱི་བརྡ་དང་ངག་གི་བརྡ་མི་འདྲ་བ་སྣ་ཚོགས་ཤིག་རྔམ་གློག་ལ་སོགས་པའི་རྒྱུད་སྡེ་རྣམས་སུ་གསུངས་སོ། །བརྡ་འདིའི་དོན་ནི། རྒྱ་གར་ན་བརྡ་དང་བརྡའི་ལན་ལ་མ་མཁས་ན། གསང་སྔགས་ཀྱི་ཚོགས་འཁོར་ལ་འདུག་ར་མེད། རྒྱ་གར་ན་རྣལ་འབྱོར་པ་གཅིག་གིས་གདན་བཞིའི་བརྡ་ཤེས་གཅིག་གིས་དགྱེས་རྡོར་གྱི་བརྡ་ཤེས་པས་ཁོང་གཉིས་བརྡ་མ་མཐུན་པས་རྡོ་རྗེ་སྤུན་དུ་མ་གྱུར། རྣལ་འབྱོར་ཕོ་མོ་གཉིས་ཀྱིས་དགྱེས་རྡོར་གྱི་བརྡ་ཤེས་པ་འདྲ་འདྲ་གཉིས་འཛོམ་པས་རྡོ་རྗེ་མཆེད་དང་ལྕམ་བྲལ་དུ་འགྱུར་རོ། །ཞེས་གསུངས་སོ། །བརྡ་ལ་གཉིས། ལུས་བརྡའ་དང་། ངག་བརྡ་གཉིས། བརྡའ་བྱེད་པ་ལ་དགོས་ཆེད་ཅི་ཡོད་ཅེ་ན། བཟླས་བསྒོམ་གྱི་ཐུན་མཚམས་སུ་ནུས་པ་མི་ཡལ་བ་དང་། སོ་སོ་སྐྱེ་བོ་ཐ་མལ་པ་དང་ཐེག་པ་འོག་མ་རྣམས་ཀྱི་སྔོན་དུ་གསང་དོན་བརྗོད་དུ་མི་རུང་བའི་ཕྱིར་རོ། །གཉིས་པ་གསང་བའི་ཡུལ་ནི། གང་ལ་གསང་ན་དང་པོ་དམ་ཚིག་མནོས་ཀྱང་ཕྱོགས་རེ་ཉམས་པས་དམ་ཉམས་ཀུན་ཉམས་པས་དམ་ཚིག་ལས་ལོག་པ་དང་། དམ་ཚིག་མ་མནོས་པའི་དམ་མེད་དཀྱིལ་འཁོར་མ་མཐོང་ཞིང་དབང་མ་ཐོབ་པའི་སྐྱེ་བོ་ཐ་མལ་པ་དང་། དེ་ལྟར་རང་དང་འདྲེས་པའི་མཆེད་ཡིན་ཀྱང་ཉམས་པ་ཅན་དང་། རང་དང་མ་འདྲེས་པའི་ཉམས་པ་ཅན་ཐམས་ཅད་ལ་གསང་ངོ་། །ཡང་ན། རང་དང་འདྲེས་པའི་མཆེད་དམ་ཚིག་མ་ཉམས་པ་དང་། མ་འདྲེས་པའི་མཆེད་དམ་ཚིག་མ་ཉམས་པ་གང་ཡིན་ཀྱང་། བསྒྲུབ་རོགས་མིན་ན་སྒྲུབ་པ་མ་ཚར་བར་དུ་གསང་བར་བྱའོ། །གསུམ་པ་སྒོ་གསུམ་གྱིས་གསང་བའི་ཐབས་ནི། དེ་ལྟར་གསང་བྱའི་ཡུལ་རྣམས་ལ་གསང་དགོས་ཏེ། དེ་དག་ལ་སེམས་ཀྱིས་སྒོ་ནས་བསྟན་པར་མི་བསམ་ཞིང་། ལུས་ཀྱི་སྒོ་ནས་གསང་དགོས་ཀྱི་རྫས་རྣམས་ཐམས་ཅད་སྦས་ནས་ཀྱང་། ངག་གི་སྒོ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་དོན་སྣང་སྟོང་གཉིས་མེད་རྟོགས་ནས་སྨྲ་ནུས་པའི་ལྕེ་ཡོད་ཀྱང་གསང་དགོས་རྣམས་བརྗོད་པ་དག་ཏུ་བྱ་བ་མིན་ཏེ་མི་བརྗོད་དོ། །ལྔ་པ་ཞབས་བསྡུ་བ་ནི། དཔེར་ན་ཤིང་རྩ་བ་ཆད་ན་ཡན་ལག་དོན་མེད་པ་བཞིན་བྱང་ཆུབ་སེམས་སྐུ་གསུང་ཐུགས་ཀྱི་དམ་ཚིག་མ་བསྲུངས་ན་བསྲུང་བྱ་གཞན་རྣམས་དོན་མེད་པས་ན། དེ་དག་རྩ་བའི་དམ་ཚིག་བཞི་ཡིན་པར་ཀུན་བཟང་གིས་བཤད་དོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ་གཉིས་ཡོད་པའི་དང་པོ་ཁྱད་པར་གྱི་ཡན་ལག །དེ་ལ་གཉིས་ཡོད་པའི་དང་པོ་དམ་བཅའ་བའི་ངོས་ནས་མདོར་བསྟན་པ་ནི། ཡོ་ག་མན་ཆད་དང་ཐུན་མོང་མ་ཡིན་པའི་ཡན་ལག་བཤད་པར་བྱ་བ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་ལྔ་ཡོད་པའི་དང་པོ་སྤྱད་པར་བྱ་བའི་དམ་ཚིག །དེ་ལ་གཉིས་ཡོད་པའི་དང་པོ་མདོར་བསྟན་ནི། སྦྱོར་བ་དང་། སྒྲོལ་བ་དང་། མ་བྱིན་པ་ལེན་པ་དང་། རྫུན་དུ་སྨྲ་བ་དང་། ངག་བརླང་པོ་སྟེ་སྤྱད་པ་ལྔའོ། །གཉིས་པ་རྒྱས་བཤད་ལ་བཞི་ཡོད་པའི་དང་པོ་སྦྱོར་སྒྲོལ་ཐུན་མོང་དུ་བསྟན་པ། དེ་ལ་གཉིས་ཡོད་པའི་དང་པོ་སྦྱོར་སྒྲོལ་དབྱེ་བ་སྤྱིར་བསྟན་པ། དེ་ལ་བདུན་ཡོད་པའི་དང་པོ་རང་བཞིན་ལྟ་བའི་སྦྱོར་སྒྲོལ་ནི། དོན་དམ་པ་རང་བཞིན་མ་བཅོས་པའི་སེམས་ཀྱི་གནས་ལུགས་སྐྱེ་མེད་མངོན་སུམ་དུ་རྟོགས་པ་ནི་ལྟ་བ། དེ་ལ་བློ་སྦྱོར་བས་གཟུང་འཛིན་གྱི་དྲི་མ་དག་པས་སྒྲོལ་བ་དང་། གཉིས་པ་ཏིང་ངེ་འཛིན་གོམས་པའི་སྦྱོར་སྒྲོལ་ནི། ཏིང་ངེ་འཛིན་སྣང་སྟོང་དབྱེར་མེད་ཀྱི་དོན་ལ་བློ་སྦྱོར་བས་རྗེས་ཤེས་ཀྱི་མཚན་མ་ལས་སྒྲོལ་བ་དང་། གསུམ་པ་དབང་ཡུལ་ཐབས་ཤེས་རབ་ཀྱི་སྦྱོར་སྒྲོལ་ནི། ཀུན་རྫོབ་ཏུ་དབང་པོ་ཡུལ་དུས་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་གྱི་ངང་དུ་ཤར་བ་ལ་སྦྱོར་བས། རྟོག་ཚོགས་རང་ཁ་མར་འཛིན་པ་ལས་སྒྲོལ་བ་དང་། བཞི་པ་སྔོན་བྱུང་དུ་སྤྱོད་པ་ཐབས་ཀྱིས་སྦྱོར་སྒྲོལ་བྱེད་ལུགས་ནི། སྔོན་དཔལ་ཆེན་པོས་རུ་ཏྲ་འཁོར་བཅས་ཀྱི་ལམ་མ་བགྲོད་པ་ཐབས་ཆེན་པོའི་སྒོ་ནས། མོ་ཐམས་ཅད་སྦྱོར་བས་སྦྱོར་ལམ་ལ་བཀོད། ཕོ་ཐམས་ཅད་སྒྲོལ་ནས་མཐོང་ལམ་ལ་བཀོད་པ་དང་། ལྔ་པ་རྗེས་འཇུག་ཏུ་མངོན་ཕྱུང་འཕྲིན་ལས་ཀྱི་སྦྱོར་སྒྲོལ་ནི། དེ་དང་རྗེས་སུ་མཐུན་པའི་ད་ལྟའི་རྣལ་འབྱོར་པ་རྣམས་ཀྱི་དབང་པོའི་མངོན་སུམ་དུ་ཕྱུང་བའི། རིག་མ་མཚན་ཉིད་དང་ལྡན་པ་ལ་སྦྱོར་ཞིང་བསྒྲལ་བའི་ཞིང་བཅུ་སྒྲོལ་ལོ། །དྲུག་པ་རྒྱུད་དང་མན་ངག་གི་ལྟ་བ་གཉིས་ཤེས་བྱ་ཡིན་པའི་ཕྱིར་ཐུན་མོང་དུ་བསྟན་པ་ནི། རང་བཞིན་གྱི་སྦྱོར་སྒྲོལ་དང་དབང་པོ་ཡུལ་གྱི་སྦྱོར་སྒྲོལ་གཉིས་ནི་ཤེས་བྱ་ལྟ་བ་ཡིན་པས་བླ་མེད་ཀྱི་ལམ་ལ་འཇུག་གོ་ལྕོག་ཀུན་གྱི་ཐུན་མོང་དུ་ཉམས་སུ་ལེན་རྒྱུ་ཡིན་པར་རྒྱུད་ནས་བཤད། བདུན་པ་ནི་ཏིང་ངེ་འཛིན་གོམས་པ་བསྐྱེད་རྫོགས་ཀུན་གྱི་ཐུན་མོང་དུ་བསྟན་པ་ནི། ཏིང་ངེ་འཛིན་བསྒོམ་པར་བྱ་བའི་བསླབ་པ་ནི་བླ་མེད་ཀྱི་ལམ་པ་ཀུན་གྱི་ཐུན་མོང་ཡིན་པར་ཀུན་བཟང་གིས་གསུངས་སོ། །གཉིས་པ་མངོན་ཕྱུང་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཡོད་པའི་དང་པོ་མདོར་བསྟན་པ་ནི། ད་ལྟ་རྣལ་འབྱོར་པས་དབང་པོའི་མངོན་སུམ་དུ་ཕྱུང་བའི་སྦྱོར་སྒྲོལ་ལས་མི་འདའ་བས་དམ་ཚིག །གསང་སྔགས་བླ་མེད་ཀྱི་དྲོད་ཐོབ་པ་མིན་པ་ཐེག་པ་འོག་མའི་སྤྱོད་ཡུལ་མིན་པས་ཆེན་པོ་དེ་ལ་སྦྱོར་སྒྲོལ་བྱེད་པའི་ཐབས་ལ་གཏན་ཚིགས་ལྔར་ཤེས་པར་བྱ་སྟེ། གང་གིས་སྦྱོར་སྒྲོལ་བྱེད་པའི་རྣལ་འབྱོར་པའི་མཚན་ཉིད། གང་སྦྱོར་སྒྲོལ་བྱ་བའི་ཡུལ་གྱི་མཚན་ཉིད། སྦྱོར་སྒྲོལ་བྱེད་པའི་ཐབས། སྦྱོར་སྒྲོལ་གྱི་དགོས་ཆེད། ཐེག་འོག་གི་རྩོད་པ་སྤང་བའོ། །གཉིས་པ་རྒྱས་བཤད་ལ་གཉིས་ཡོད་པའི་དང་པོ་སྒྲོལ་བའི་དམ་ཚིག །དེ་ལ་ལྔ་ཡོད་པའི་དང་པོ་གང་གིས་སྒྲོལ་བའི་རྣལ་འབྱོར་པ་ནི། སྒྲོལ་མཁན་གྱི་རྣལ་འབྱོར་པ་རང་གིས་ལྟ་བ་བདེན་པ་དབྱེར་མེད་རྟོགས་ཤིང་སྤྱོད་པ་དེ་དང་ཡ་མི་བྲལ་བ། ཏིང་ངེ་འཛིན་དང་མགོ་འབྲེལ་ཞིང་གོམས་པས་ན། རྟོགས་པས་བདག་བསྒྲལ་ཞིང་། དེ་ནས་ཐུགས་རྗེས་གཞན་བསྒྲལ་བ་ལ། གཉིས་པ་བསྒྲལ་བའི་ཞིང་ལ་གཉིས་ཡོད་པའི་དང་པའི་རྒྱུ་ལས་བསྒྲལ་བྱ་བདུན་ནི། སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་གནོད་བྱེད་དང་གཅིག །རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ་དང་གཉིས། སློབ་མ་ལ་དམ་ཚིག་མནོས་ཀྱང་དམ་ལས་ལོག་པ་དང་གསུམ། བླ་མ་གྲོགས་པོ་ལ་ཚུར་ལ་གནོད་པ་བྱེད་པས་ན་འཁུས་ཞེས་པ་དང་བཞི། སྤྱིར་ཆོས་ཉན་བཤད་ཀྱི་སར་འདུས་པར་འོང་བ་རྣམས་ལ་གནོད་པ་བྱེད་པ་དང་། ཁྱད་པར་དུ་སྔགས་ཀྱི་དབང་དང་སྒྲུབ་པ་བྱེད་པར་འདུས་པར་འོང་བ་རྣམས་གནོད་པ་བྱེད་པ་དང་ལྔ། སྤྱིར་བདག་གཞན་སེམས་ཅན་ཡོངས་ལ་གནོད་པའི་གང་ཟག་དང་དྲུག །ཁྱད་པར་དུ་ཆོས་བྱེད་པའི་དམ་ཚིག་ཅན་ལ་དགྲ་བྱེད་པས་ངན་པའི་ངང་ཚུལ་བཟུང་བ་ཅན་དང་བདུན་ནོ། །ངང་ཚུལ་ཅན་འདི་ནི་ཞི་རྒྱས་གང་གིས་ཀྱང་མི་འདུལ་བ་སྔོན་གྱི་མཆིམས་བྱ་རོག་དང་། རྡོག་དགེ་ལ་སྟོན་པ་ལྟ་བུའོ། །གཉིས་པ་སྤྱིར་འབྲས་བུ་ལ་བསྒྲལ་བྱ་གསུམ་དང་སྤྱིར་གྲངས་དང་བཅས་པ་ནི། ཉམས་པའི་འབྲས་བུ་དམྱལ་བ་ཡི་དྭགས་བྱོལ་སོང་སྟེ་ངན་སོང་གསུམ་དུ་སྐྱེས་པ་དང་། དེ་ལྟར་བསྒྲལ་ཞིང་བཅུ་པོ་ནི། བླ་མེད་མ་ཧཱའི་ཚོགས་ལམ་ཆེན་པོ་དང་སྦྱོར་ལམ་པའི་རྣལ་འབྱོར་པ་ཀུན་གྱིས་དང་དུ་བླང་ངོ་། །སྤྱིར་བསྒྲལ་བའི་རྣམ་གྲངས་ནི། རྩ་བ་བྱེད་པའི་ཚིག་ལྔ་ལ། བསྒྲལ་ཞིང་ལ་བཅུ། སྒྲོལ་མཁན། བསྒྲལ་ཐབས། དགོས་ཆེད། ཐེག་འོག་གི་རྩོད་པ་སྤང་བ་དང་། བཞི་སྟེ་དེ་ལྟར་བཅུ་བཞིའོ། །ཡང་ན་ལྷ་རྗེ་ཡང་ཁེངས་བླ་མའི་བཞེད་ཀྱི། དཀོན་མཆོག་གསུམ་གྱི་གསུམ། སློབ་དཔོན་དང་མཆེད་ཀྱི་སྐུ་དགྲ་གཉིས་དང་ལྔ། དམ་ལས་ལོག་པ་དང་དྲུག །འཁུས་པ་དང་འདུན། འདུས་པར་འོང་པ་ལ་གནོད་པ་དང་བརྒྱད། ཡོངས་ལ་གནོད་པ་དང་དགུ། དམ་དགྲ་དང་བཅུ། ངན་པའི་ངང་ཚུལ་ཅན་དང་བཅུ་གཅིག །ངན་སོང་གསུམ་དང་བཅུ་བཞིའོ། །ཡང་ན་ཧེ་རུ་ཀ་གལྤོ་ལས་ནི། མཁའ་ལ་རླུང་ལྟར་འཕྱོ་བ་དང་། །བཅུ་དྲུག་ཚང་ལ་འཁྱིལ་བ་དང་། །ཨུ་མ་ཚང་ལ་ཉལ་བ་དང་། །རྔམ་པའི་དྲག་ཤུལ་སྤྱོད་པ་དང་། །བདག་དང་སྤུན་ཕྱིར་གནོད་པ་དང་། །སྐྱེ་བོ་ཡོངས་ལ་གནོད་པ་དང་། །སྙིང་རྗེ་ལམ་ནས་ལོག་པ་དང་། །ཐིག་ལེའི་སྤྱོད་པ་ཉམས་པ་དང་། །དམྱལ་བའི་རྡོ་རྗེ་བྱེད་པ་དང་། །གཞན་གྱི་སྲོག་གཅོད་རྔམ་པ་དང་། །འདི་བཅུ་བསྒྲལ་བའི་ཞིང་བཅུ་སྟེ། །ཞེས་གསུངས་སོ། །གསུམ་པ་བསྒྲལ་བའི་ཐབས་ལ་གཉིས་ཡོད་པའི་དང་པོ་བསྒྲལ་ཐབས་ཡོན་ཏན་དང་བཅས་པ་སྤྱིར་བསྟན་པ་ནི། ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱ་རྣམས་ལ་ཤིན་ཏུ་གོམས་པའི་རྣལ་འབྱོར་པ་དེས། བསྒྲལ་ཞིང་དེའི་སྒྲིབ་པ་སྦྱངས་དབང་བསྐུར་ཏེ། སེམས་ཟག་མེད་བྱང་ཆུབ་ཀྱི་ཞིང་དུ་དགོད་པ་བྱ་དགོས་པ་ལ། གཉིས་པ་བྱེ་བྲག་རྒྱས་བཤད་ནི། རྣལ་འབྱོར་པ་རང་གི་ཡིད་ཏིང་ངེ་འཛིན། ངག་སྔགས་ལུས་ལྷའི་ཕྱག་རྒྱ་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས། སྒྲོལ་མཁན་གི་ཊཱ་ཀི་རཱ་ཛ་བསྒོམ། ལག་པ་གཡས་པའི་སོར་མོ་ལ་དཔའ་བོ་འབྲུ་ལྔ། གྲི་འཇམ་དཔལ། བསྒྲལ་ཞིང་རུ་ཏྲར་བསམ་ལ་བྲང་དེ་ཤགས་སེ་བཀས། སྙིང་རྩེར་གྱིས་བཟུང་བས། ལག་པའི་དཔའ་བོ་འབྲུ་ལྔའི་འོད་ཟེར་གྱིས་བསྒྲལ་ཞིང་གི་སྙིང་ནང་དུ་རིགས་དྲུག་དུ་སྐྱེ་བའིི་བག་ཆགས་ཀྱི་ས་བོན་ཨ་ཪྣྲི་སུ་ཏྲི་པྲེ་དུ་ཡོད་པ་དེ་སྦྱངས་ནས། རྣམ་ཤེས་དེ་ཧཱུྃ་དུ་གྱུར་ནས་ཡུམ་གྱི་མཁའ་གསང་ཉི་ཟླའི་སྟེང་དུ་བཞག །ཧཱུྃ་འོད་དུ་ཞུ་བ་ལས་རྡོ་རྗེ་རྩེ་ལྔ་པ། དེ་ལས་ཐུགས་ཀྱི་ལྷ་རྡོ་རྗེ་སེམས་དཔར་བསྐྱེད་ལ། གཙུག་ཏུ་རྣམ་པར་རྒྱལ་བ་སྟེ་ཀུན་བཟང་བསྒོམས་ནས་དབང་བསྐུར་ལ། ཡྃ་སྥ་ར་ཎ་ཕཊ་ཀྱིས་འོག་མིན་རྣམ་སྣང་གིས་ཐུགས་ཀར་འཕང་བས། འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཀྱང་རྫོགས་པ་ནི་ཆོས་སྐུའི་རྒྱུར་འགྱུར་བ་དང་། བསྒྲལ་བའི་ཕུང་པོ་ཤ་ཁྲག་རུས་གསུམ་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་བསྔོས་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པར་གྱུར་པ་འདི་གཟུགས་སྐུ་གཉིས་ཀྱི་རྒྱུར་འགྱུར་རོ། །འབྲས་བུའི་བསྒྲལ་བྱ་ངན་སོང་གསུམ་ཚུལ་ཇི་ལྟར་དུ་བསྒྲལ་ན། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྒོ་ནས་ལས་ཀྱི་ལྟར་གསལ་བའི་ཐུགས་ཀ་ནས་རྃ་སྤྲོས་པས་ཡེ་ཤེས་ཀྱི་མེས་ངན་སོང་གསུམ་གྱི་སྡུག་བསྔལ་རྣམས་བསྲེགས། རྣམ་ཤེས་ཨར་གྱུར་ནས་འོག་མིན་དུ་འཕང་ངོ་། །བཞི་པ་དགོས་ཆེད་ནི། དེ་ལྟར་བསྒྲལ་བའི་དགོས་ཆེད་ནི། སློབ་དཔོན་མཆེད་ལ་སོགས་རང་གཞན་རྣམས་ཀྱིས་དམ་ཆོས་བྱེད་པ་ལ་བར་ཆད་བྱེད་མི་མེད་པས་བྱང་ཆུབ་བསྒྲུབ་པའི་སྤྱོད་པ་འཕེལ་ཞིང་སེམས་ཅན་ཡོངས་ལ་གནོད་པ་དང་བྲལ་བས་བདེ་བ་དང་། ཕུང་པོ་མཆོད་པར་བསྔོས་པས་ལྷ་མཉེས་པས་རྣལ་འབྱོར་པ་བདག་གི་དམ་ཚིག་ཆག་ཉམས་སྐོང་ཞིང་། རྣལ་འབྱོར་པ་རབ་ཀྱིས་ཟག་མེད་ལ་བཀོད་པར་བྱེད། འབྲིང་གིས་ལས་ངན་པའི་བར་ཆད་ཅིང་ངན་སོང་གསུམ་གྱི་སྒོ་འགག་པར་བྱེད། ཐ་མས་ངན་སོང་དུ་སོང་ཡང་སྡུག་བསྔལ་ཡུན་ཐུང་བར་བྱེད་དོ། །ཞིང་རང་གིས་དགེ་བའི་ལས་བསགས་པ་མེད་པ་ལ། དེ་ལྟ་བུ་ངན་སོང་ལས་ཐར་ཞིང་ཟག་མེད་བདེ་བའི་ལམ་ལ་བཀོད་པ་ལ་བསྒྲལ་བ་འདི་བྱེད་པ་ལས་མ་གཏོགས་པ་གཞན་ཐབས་མེད་དོ། །ལྔ་པ་ཐེག་པ་འོག་མ་དང་རྩོད་པ་སྤང་བ་ལ་གསུམ་ཡོད་པའི་དང་པོ་ཐབས་ཀྱི་སྤྱོད་པས་མི་འཆིང་བའི་གཏན་ཚིགས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མགོ་བསྒྲེ་བ་ནི། གསང་སྔགས་ཀྱི་རྣལ་འབྱོར་པས་དང་པོ་རྟོགས་པས་བདག་བསྒྲལ་ཞིང་། དེ་ནས་ཐུགས་རྗེས་གཞན་བསྒྲལ་བའི་ཐབས་ཀྱི་སྤྱོད་པས་འཆིང་བར་འགྱུར་ན། ཐུབ་པའི་དབང་པོས་འདི་ཉིད་སྔར་བྱང་ཆུབ་སེམས་དཔའི་ལམ་ལ་ཞུགས་པའི་དུས་སུ་སེམས་བསྐྱེད་སྙིང་རྗེ་བསྒོམས་ནས་གདུལ་བྱ་འདུལ་ཐབས་ཀྱི་དབང་གིས། རྔོན་པས་འདུལ་བའི་ཆེད་དུ་རྔོན་པ་བྱ་དཀར་པོ་སྣང་ནས་སེམས་ཅན་སྒྲོལ་བ་དང་། སྨད་འཚོང་མས་འདུལ་བའི་ཆེད་དུ་སྦྱོར་བས་སྟོན་པ་ཐུབ་པའི་དབང་པོའང་ངན་སོང་དུ་ལྟུང་དགོས་ཀྱང་མི་ལྷུང་ནས་སངས་རྒྱས་པའོ། །ཐེག་པ་ཆེན་པོའི་ལུགས་ལ་མི་དགེ་བ་བཅུ་འདི་ཡིད་ཀྱི་གསུམ་ནི་དུས་དང་རྣམ་པ་ཐམས་ཅད་དུ་དགག །དོན་འགྱུར་སྣང་ན་ལུས་ངག་གི་བདུན་པོ་འདི་ལྟ་བ་མ་རྟོགས་ཀྱང་སྤྱོད་པའི་སྐབས་ལ་གནང་བར་བཤད། དེ་ཡང་སྲོག་གཅོད་པ་ལ་དེད་དཔོན་སྙིང་རྗེ་ཆེར་སེམས་ལྟ་བུ་ཞིག་དགོས། མི་ཚངས་པར་སྤྱོད་པ་ལ་ཁྱེའུ་སྐར་མ་ལྟ་བུ་ཞིག་དགོས། མ་བྱིན་པ་ལེན་པ་རྒྱལ་པོ་གསེར་མདོག་ལྟ་བུ་ཞིག་དགོས། རྫུན་དུ་སྨྲ་བ་ལ་བྲམ་ཟེ་ཀུན་རྒྱལ་ལྟ་བུ་ཞིག་དགོས། གཉིས་པ་དམན་སྤྱོད་ཀྱི་དབང་དུ་མི་གཏོང་བ་ནི། འཇིག་རྟེན་གྱི་ཁེ་དང་གྲགས་པའི་སྤྱོད་པ་ཀུན་ནས་ཉོན་མོངས་པས་བསླངས་པའི་སྦྱོར་སྒྲོལ་བྱས་ན་དེ་ལྟར་ཕྱིན་ཏེ་ངན་སོང་དུ་ལྟུང་བའི་ཕྱིར་རང་ཁར་མི་སྤྱོད་དོ། །གསུམ་པ་ཐབས་མཁས་པའི་ལྟ་བས་ཟིན་པ་ནི། ཉོན་མོངས་མ་སྤངས་ཡེ་ཤེས་སུ་ཤར་བས་ཐབས་ཆེན་གསང་སྔགས་བླ་མེད་ཀྱི་ལམ་ལ་གནས་པ་ཡི། སྐྱེ་བོ་ཚོགས་སྦྱོར་བ་ཀུན་གྱིས་སྦྱོར་སྒྲོལ་བྱ་བར་བླ་མེད་ཀྱི་རྒྱུད་སྡེ་ཀུན་ནས་འབྱུང་ངོ་། །གཉིས་པ་སྦྱོར་བའི་དམ་ཚིག་ལ་གཉིས་ཡོད་པའི། དང་པོ་ཉེར་བསྟན་ནི། གྷ་ན་ནི་སྦྱོར་བ་དེའི་དོན་ལ་མི་འདའ་བ་དམ་ཚིག་ཡོ་ག་མན་ཆད་ཀྱི་ཐུན་མོང་མིན་པས་ཆེན་པོ་དེའི་དོན་རྣམས་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་བཞི། དང་པོ་གང་གིས་སྦྱོར་བའི་རྣལ་འབྱོར་པའི་མཚན་ཉིད་ནི། ལོག་པར་འདོད་སྲེད་ཀྱི་ཆགས་པའི་ཡིད་ཤིན་ཏུ་གཡོས་པའི་ཉོན་མོངས་པ་རང་ཁ་མ་དེ་སྤངས་པའི་རྣལ་འབྱོར་པ་བདེ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བའམ། འབྲས་བུ་བདག་དོན་ཆོས་སྐུ་དང་། གཞན་དོན་ལ་གཟུགས་སྐུ་གཉིས་ཚེ་གཅིག་ལུས་གཅིག་ལ་མངོན་དུ་བྱེད་འདོད་པའི་མི་དེས་སྦྱོར། གཉིས་པ་གང་ལ་སྦྱོར་བའི་གཟུངས་མའི་མཚན་ཉིད་ལ་གཉིས། དང་པོ་རིགས་བསྟན་པ་ནི། པདྨ་ཅན་ནི་དབང་གི་ཡུམ་སྟེ། བཞིན་མདོག་དམར་བ། དབྱིབས་སོགས་ཁ་མིག་དཀྱུས་རིང་སོ་ཚགས་དམ་ལ་སོ་ཞོ་ཆགས་པ། རྐེད་པ་ཕྲ་ལ་ལུས་ལ་དྲི་ཞིམ་འབྱུང་བའོ། །དེ་སྒྱུ་འཕྲུལ་ཐལ་བ་ལས། བཞིན་མདོག་དམར་པོ་སོག་ཁ་མ། །པདྨ་ཅན་གྱི་བུད་མེད་དེ། །དབང་གི་དུས་སུ་ཤེས་པར་བྱ། །ཞེས་སོ། །དུང་ཅན་མ་ནི་ཞི་བའི་ཡུམ་སྟེ། བོང་ཀེ་ཆུང་ལ་ལུས་མཛེས་པ་བཞིན་དཀར་ལ་ཟླ་བའི་མདོག་འདྲ་ཞིང་སྤུ་གཙུག་གཡས་སུ་འཁྱིལ་བ། ངོ་དང་རི་མོའི་དབྱིབས་ཟླུམ་པོ་ཡོད་པ། སྐད་གསལ་སྔགས་ཟློས་ལ་ཡིད་མི་སྐྱོ་བ་ནི་ཞི་བའི་རིགས་ཏེ། བོང་ཆུང་ལུས་མཛེས་ཟླ་བའི་མདོག །གཡས་འཁྱིལ་སྐད་སྙན་ཁྲོ་སྤང་བ། །ཞི་བའི་དུས་སུ་ཤེས་པར་བྱ། །ཞེས་སོ། །རི་མོ་ཅན་ནི་དྲག་པོའི་ཡུམ་ཏེ། བཞིན་མདོག་ནག་ལ་དབྱིབས་གྲུ་གསུམ་པ། ངོ་ལ་ཁྲོ་གཉེར་ཡོད་པ། གེལ་བག་ཆེ་བ། རྩིད་མགོ་རི་མོ་ཅན་དུ་བཤད་དོ། །བཞིན་མདོག་ནག་མ་གྲུ་གསུམ་པ། །དྲག་པོའི་དུས་སུ་ཤེས་པར་བྱ། །ཞེས་སོ། །བ་གླང་ཅན་ནི་རྒྱས་པའི་ཡུམ་སྟེ། བཞིན་མདོག་སེར་པོ་དབྱིབས་གྲུ་བཞི་པ། སྐྲ་ཁམས་པ། སྨིན་ཚོས་ཆེ་བ། མིག་འབུར་བ། འགྲམ་པ་ཡངས་པ། རྣ་བ་རིང་བ། ཤ་རྒྱས་པ། སྐྲ་མཚམས་དམའ་བ་ནི་བ་གླང་ཅན་ཡིན་པ་དང་། བ་གླང་སེར་པོ་གྲུ་བཞི་པ། རྒྱས་པའི་དུས་སུ་ཤེས་པར་བྱ། ལྕུག་ཕྲན་ཅན་ནི་ཞི་བའི་ཡུམ་སྟེ། སྤུན་ཟླ་མང་ཞིང་རིགས་རྒྱུད་འཕེལ་བའོ། །སྡོང་རྩིག་ནི་དབང་གི་ཡུམ་སྟེ་བུ་མོ་གཅིག་སྐྱེས་སོ། །མེ་ཏོག་ནི་དྲག་པོའི་ཡུམ་སྟེ། ཟླ་བྲལ་མྱ་ངན་གྱིས་གདུང་བའོ། །ཕྱལ་བ་ནི་རྒྱས་པའི་ཡུམ་སྟེ་རང་བཞིན་མི་སྡོམ་པ་སྟེ། དེ་ལྟར་རིགས་བརྟག་པ་བརྒྱད་དོ། །གཉིས་པ་མཚན་བསྟན་པ་ནི། ལུས་ཀྱི་མཚན་ཉིད་མཉེན་ཞིང་དྲང་བ་དང་གཅིག །དཔྱི་དང་རྩིབ་ཐུང་བར་སོར་བཞི་ཡོད་པས་རྐེད་པ་རིང་བ་སྟེ། གཞུའི་ཆང་ཟུར་ལྟར་དུ་སྟོད་སྨད་ཕྱེད་པ་དང་གཉིས། ཡན་ལག་འཕྲ་ལ་འཇམ་ཞིང་ཚིགས་མིག་ཟླུམ་པ་སྟེ་མི་འབུར་བ་དང་གསུམ། དཔྲལ་བའི་དབྱེས་ཆེ་བ་དང་བཞི། མིག་གི་དཀྱུས་ལྷའི་སྤྱན་ལྟར་དུ་རིང་བ་དང་ལྔ། མིག་ཐོག་གི་སྨིན་མ་དཔྲལ་བའི་དཀྱིལ་ན་འབྲེལ་ཞིང་ཁོགས་ནག་ཨུཏྤལ་མདོག་ལྟ་བུ་དང་དྲུག །ལུས་ཀྱང་ཡར་མར་གྱི་ཆུ་རིང་ཐུང་། ཕར་ཚུར་གྱི་ཞེང་སྦོམ་ཕྲ་གཉིས་ཀ་གཞན་གྱི་སྣང་ངོ་ལ་རན་ཏེ་འབྲིང་ཙམ་དུ་བཤད་པ་དང་བདུན། ལུས་ལ་དྲི་མ་མི་ཆགས་པས་ན་ཆུ་ཀློང་ལྟར་དུ་དག་ཅིང་། དབུགས་ལ་སྨན་ག་བུར་གྱི་དྲི་བྲོ་བ་དང་བརྒྱད་དོ། །གསང་བྱའི་དམ་ཚིག་རྣམས་གསང་ཐུབ་ཅིང་ཡང་དག་པའི་དོནལ་ཤེས་རབ་ཆེ་བ། གཤིས་བཟང་ལ་སྤྱོད་པ་དལ་ལ་ཡིད་དུ་འོང་བ། བླ་མ་དང་མཆེད་གྲོགས་ལ་དང་པོ་དད་པ་དང་ལྡན་ཞིང་འགྲོགས་ཤིང་མི་ཡལ་ནས་དད་པ་ཤིན་ཏུ་ཆེ་བ་དང་། དེ་ལྟར་སྤྱོད་ལམ་གྱི་མཚན་ཉིད་བཞི་དང་ཉི་ཤུའོ། །དེ་ལྟ་བུའི་རིག་མ་མཚན་ཉིད་དང་ལྡན་པ་དེ་ཉིད་གསང་བ་བླ་མེད་ཀྱི་དོན་རྣམས་ཉམས་སུ་ལེན་པ་དབང་དང་བསྒྲུབ་པའི་གནས་སུ་སྤྱད་པར་བྱའོ། །གསུམ་པ་བྱིན་གྱིས་བརླབས་པ་ནི། དེ་ཡང་དང་པོ་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་བསྐུར་ཞིང་རྩ་བ་དང་ཡན་ལག་གི་དམ་ཚིག་དབོག་ལ། དེ་ནས་ལུས་སྦྱོར་ཐབས་ངག་བརྡ་བྱེད་ཐབས། སེམས་ཏིང་ངེ་འཛིན་སྒོམ་ཐབས་ཀྱི་ཆོས་གསུམ་བཤད་དོ། །ཡང་ན་ཕྱི་འདོད་པའི་བསྟན་བཅོས། ནང་ལྷའི་ཏིང་ངེ་འཛིན། གསང་བ་བདེ་སྟོང་གི་ཡེ་ཤེས་ཀྱི་ཆོས་གསུམ་བཤད་ལ། ལུས་ཀྱི་ཡན་ལག་ལྔ་ལ་རིགས་ཀྱི་ཡུམ་ལྔའི་སྐུ་ལ་སོགས་པ་རྣམས་བསྒོམ་པ་ནི། ཕུང་པོ་ཉིད་ལྷར་སྣང་བས་རྡུལ་ཚོན་འགྱེད་པ་སྟེ། གསང་སྔགས་ཐབས་ལ་མཁས་པའི་ལྟ་བས་ཟིན་པའི་རྣལ་འབྱོར་པ་རང་དོན་དུ་བསྒྲུབ་པ་དང་། གཞན་དོན་དུ་དབང་བསྐུར་བའི་སྐབས་ཀྱི་དུས་སུ་སྦྱོར་བར་བྱའོ། །བཞི་པ་རྣམ་གྲངས་ཀྱི་ངོས་ནས་སྦྱོར་བའི་ཕན་ཡོན་བསྟན་པ་ནི། སྦྱོར་བའི་དམ་ཚིག་གི་རྣམ་གྲངས་ལ་རིགས་བརྟགས་པ་ལ་བརྒྱད། མཚན་བརྟགས་པ་ལ་བརྒྱད། སྤྱོད་ལམ་གྱི་ཆོས་བཞི་དང་བཅུ་གཉིས་ཏེ་ཉི་ཤུའི་དོན་དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་བླངས་ན། རང་དོན་དུ་མཆོག་གི་དངོས་གྲུབ་ཚེ་རྣམས་ཐོབ་པ་ལ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། གཞན་དོན་དུ་ཟབ་མོའི་དབང་དོན་གྱིས་སློབ་བུའི་རྒྱུད་སྨིན་ཅིང་ཐུན་མོང་ལས་བཞི་གང་བསྒྲུབ་པ་རྣམས་འགྲུབ་པ་དང་། ཁམས་གསུམ་འཁོར་བའི་སྐྱེ་གནས་ལས་གྲོལ་ཐར་ཞིང་། སངས་རྒྱས་པའི་རིགས་སུ་ངེས་ཏེ་རིག་འཛིན་ཐོབ་པས། དེ་བས་གསང་སྔགས་ཐབས་ཀྱི་ཐེག་པ་ཞེས་བྱ་བའི་དོན་ནི་འདིར་བཤད་པ་སྦྱོར་བས་སངས་རྒྱས་པར་བྱེད་པ་འདི་ཉིད་དོ། །གཉིས་པ་རྫུན་དུ་སྨྲ་བའི་དམ་ཚིག་ལ་བཞི། དང་པོ་ལྟ་བའི་རྫུན་གསུམ་ནི། ཡུལ་སྣང་འདི་རྣམས་རང་རྒྱུད་དུ་མ་གྲུབ་སྟེ་མཚན་ཉིད་རྒྱ་ཆད་ནས་མིང་འདོགས་སྣ་ཚོགས་འབྱུང་བ་ཡང་སེམས་ཀྱིས་ཀུན་བརྟགས་པས་མཚན་ཉིད་རྒྱ་ཆད་པ་རང་མ་གྲུབ་པ་ནི་རི་བོང་གི་རྭ་དང་འདྲ་བ་དང་། རྣམ་གྲངས་མི་འདྲ་བ་དུ་མ་སྣང་ཡང་སེམས་ཀྱིས་ཀུན་བརྟགས་པའི་བསམ་གཟུགས་ཡིན་ཏེ་ཆུ་ལ་རིགས་དྲུག་གི་མཐོང་སྣང་དྲུག་ཏུ་ཤར་བ་དང་། རིང་པོ་ལ་ལྟོས་པའི་ཐུང་ངུར་སྣང་བ་ལ་སོགས་པ་ཡང་སེམས་ཀྱིས་ཀུན་བརྟགས་པ་ཡིན་པ་དང་རྣམ་པ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པས། ཀུན་རྫོབ་དངོས་པོ་དེ་ཉིད་སྣང་བ་ལ་རང་རྒྱུད་དུ་མ་གྲུབ་པས་རྫུན་ཞེས་བྱ་སྟེ། དེ་ལ་ཤེས་བྱ་ཇི་ལྟར་སྣང་བ་ཐམས་ཅད་རང་རིག་པའི་རྩལ་ལས་གྲུབ་ནས། སྣང་བའི་ཕྱིར་རོ། །ཀུན་རྫོབ་བདེན་པ་འདི་ཉིད་ཡེ་གདོད་མ་ནས་ལྷའི་དཀྱིལ་འཁོར་དུ་ཤེས་ནས་གཞན་ཀུན་ལ་དེ་ལྟར་དུ་སྨྲ་བ་ལ་ཉེས་པ་མེད་དེ་སྐྱེས་བུ་རྟོགས་ཟིན་དེའི་སྤྱོད་ཡུལ་དུ་གྱུར་པས་ན་ལྟ་བའི་རྫུན་གསུམ་ལ་སྤྱོད་ཅེས་བྱའོ། །ཡང་ན་ལྟ་བའི་རྫུན་གསུམ་གྱི་སྐབས་འདི་ལྟར་དུ་ལ་འདོད་པ་ཡང་སྣང་། རི་བོང་གི་རྭ། མོ་གཤམ་གྱི་བུ་ནམ་མཁའི་མེ་ཏོག་ལ་སོགས་པའི་མཚན་ནི་ཚིག་ཏུ་གྲུབ་ལ་དོན་ལ་མ་གྲུབ་པས་མཚན་ཉིད་ཆད་པའི་ཀུན་བརྟགས་དང་། ཆུ་ལ་རིགས་དྲུག་གི་མཐོང་སྣང་དྲུག་ལ་སོགས་པ་རྣམ་གྲངས་ཀྱི་ཀུན་བརྟགས་དང་། ཚུར་ཀ་ལ་ལྟོས་པའི་ཕར་ཀ་ལ་སོགས་པའི་ཀུན་བརྟགས་དང་རྣམ་པ་གསུམ་གྱི་དངོས་པོ་དེ་ཉིད་ལ་བདེན་པ་མེད་ཅིང་རྫུན་པར་ཞེས་དམ་བཅའ། འོ་ན་གང་བདེན་ཞེ་ན། སྣང་སྲིད་ཐམས་ཅད་རང་རིག་པ་ཉིད་རང་སྣང་བའི་གཏན་ཚིགས་དེའི་ཕྱིར་ཐམས་ཅད་རང་རིག་པ་ཉིད་བདེན་པར་ཐག་ཆོད། དེ་གང་གི་སྤྱོད་ཡུལ་ཡིན་ན། ཐོས་པས་ཤེས་ཤིང་། བསམ་པས་གཞལ་ནས་ཚོགས་དྲུག་གི་སྣང་བ་ཀུན་སྨྲ་བསམ་གཞལ་བྱའི་ཡུལ་ལས་འདས་པར་གང་གིས་རྟོགས་པའི་སྐྱེས་བུ་དེས་དོན་ཉམས་སུ་ལེན་ཅིང་སྤྱོད་པའི་ཡུལ་ཡིན་པར་བཤད་དོ། །མ་རྟོགས་པར་སྨྲས་ན་དགོངས་འདུས་ལས། ཁམས་གསུམས་སེམས་ཅན་སྲོག་གཅོད་པས། །མ་ངེས་ཆོས་བཤད་དེ་བས་ལྕི། །ཞེས་གསུངས་སོ། །རྟོགས་ནས་སྨྲ་བ་ནི། གསང་སྙིང་ལས། རྟོགས་ནས་སྨྲ་བ་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་སོ། །གཉིས་པ་སྤྱོད་པའི་རྫུན་བཞི་ནི། སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་དང་། སློབ་དཔོན་དང་། མཆེད་གྲོགས་དང་། སེམས་ཅན་ཡོངས་ལ་གནོད་པར་བྱེད་འོང་བ་ལ། གནོད་པ་མི་འོང་བའི་ཐབས་རྫུན་དུ་སྨྲ་བའི་དོན་དེ་ལ་མི་འདའ་བས་དམ་ཚིག་བྱའོ། །གསུམ་པ་གསང་བའི་རྫུན་བཅུ་ནི། གསང་བྱའི་ཡུལ་གང་ལ་གང་གསང་བར་བྱ་བའི་དོན་རྣམས། གསང་ཚུལ་གསང་བ་བཅུ་གང་ལ་འདྲིས་པ་ལ་མི་རིག་པའི་ཐབས་ཀྱི་རྫུན་བཅུ་སྨྲ་བའོ། །བཞི་པ་རྣམ་གྲངས་ཀྱི་སྒོ་ནས་ཞབས་བསྡུ་བ་ནི། རྫུན་གྱི་དམ་ཚིག་གསུང་བ་ལྟ་བའི་རྫུན་གསུམ་སྤྱོད་པའི་རྫུན་བཞི་གསང་བའི་རྫུན་བཅུ་དང་བཅུ་བདུན་ཉམས་སུ་བླང་བར་བྱའོ། །དེ་ཡང་དམ་ཚིག་བཀོད་པ་ལས། གསང་བའི་དོན་དྲང་པོར་སྨྲ་བ་མ་ཡིན་ཅིང་། ཕན་པའི་ཆོས་སུ་འགྱུར་བས་རྫུན་སྨྲ་བ་ནི་དམ་ཚིག་གོ། །གསང་གབ་མེད་པར་རང་རྒྱལ་བྱ་བ་དང་། གཞན་ལ་གནོད་པར་སྨྲ་བ་རྣམ་པ་རྣམས་ནི་ཉམས་སོ། །ཞེས་སོ། །གསུམ་པ་མ་བྱིན་པར་ལེན་པའི་དམ་ཚིག་ལ་གསུམ། དང་པོ་ཚར་གཅོད་པའི་སྒོ་ནས་བླང་བ་ནི། བསྒྲལ་བའི་ཞིང་བཅུར་གྱུར་པའི་ནོར་བཅུ་བླང་བ་དང་། འོ་ན་ངན་སོང་གསུམ་གྱི་ནོར་ཇི་ལྟར་བླང་ན་ངན་སོང་གི་ནོར་དེ་སྡུག་བསྔལ་ཡིན་པ་དེ་ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིས་དེ་དང་བྲལ་བར་བྱེད་པའོ། །གཉིས་པ་དངོས་གྲུབ་ཀྱི་སྒོ་ནས་བླང་བ་ནི། གོང་དུ་བཤད་པའི་མཚན་ཉིད་དང་ལྡན་པའི་གཟུངས་མ་གཞན་ལ་སྣང་བ་དང་། བཀྲ་ཤིས་པའི་རྫས་སམ་སྐྱེ་བ་བདུན་པ་ལྟ་བུ་དང་། ས་ན་སྦས་པའི་ཆོས་ཟབ་མོ་དང་། སྐྱེ་བོ་ཕལ་པས་འཆང་བའི་བྱིན་རླབས་ཆེན་པོ་ཡོད་པའི་རྫས་བྷ ནྡྷ་མཚན་ཉིད་དང་ལྡན་པ། སློབ་དཔོན་པདྨའི་དུང་གྲག་ཆེན་གྲག་ཆུང་དང་། དུང་གཡས་འཁྱིལ། རྔུལ་ཆུང་རྡོར་དྲིལ་ལ་སོགས་པ་རྣམས་དང་། ལྷ་འདྲེས་བསྲུང་བ་ཡོད་པའི་གཏེར་དང་། བསྲུང་བ་མེད་པའི་གཏེར་དང་། ལོག་ལྟ་ཅན་གྱི་ཕྱུག་པོ་སེར་སྣས་བཅིངས་པའི་ནོར་རྣམས་ཆོས་ཕྱིར་གཏོང་མི་ནུས་པ་དང་། གོང་དུ་སོང་བའི་བླང་བྱའི་མིང་གི་རྣམ་གྲངས་དེ་རྣམས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བླངས་ལ་དཀོན་མཆོག་གསུམ་གྱི་ཕྱོགས་ལ་ཚོགས་སུ་འབུལ་བར་བྱའོ། །གསུམ་པ་རྣམ་གྲངས་བསྟན་པའི་སྒོ་ནས་ཞབས་བསྡུ་བ་ནི། མ་བྱིན་པ་ལེན་པ་ལ་མི་འདའ་བས་དམ་ཚིག་ལ་ཞིང་བཅུའི་ནོར་བཅུ། གཟུངས་མ། བཀྲ་ཤིས་རྫས། སྦས་ཆོས། བྱིན་ཆེན་རྫས། བསྲུང་བ་ཡོད་པ་དང་། མེད་པ་དང་། ཕྱུག་པོ་སེར་སྣས་བཅིངས་པའི་ནོར་དང་བཅུ་བདུན་ལ་སྤྱད་པར་བྱའོ། །དམ་ཚིག་བཀོད་པ་ལས། སེར་སྣས་བཅིངས་པའི་སྤྱད་པ་དང་། དངོས་གྲུབ་ཀྱི་རྫས་ཐ་མལ་པས་འཆང་བ་རྣམས་བླངས་ནས་བྱིན་རླབས་ཀྱི་རྟེན་དུ་བྱ་བ་ནི་དམ་ཚིག་གོ། །རང་རྒྱལ་དུ་གཞན་གྱི་སྤྱད་ཕྲོག་པ་རྣམས་ཉམས་པའོ། །ཞེས་སོ། །བཞི་པ་ངག་བརླང་པོའི་དམ་ཚིག་ལ་གསུམ། དང་པོ་ཞིང་བཅུ་ཚར་གཅོད་པའི་དམ་ཚིག་ནི། བསྒྲལ་བའི་ཞིང་བཅུར་གྱུར་པའི་སེམས་ཅན་རྣམས་ལ། ཁོང་ནས་སྐྲག་ཅིང་ཚར་བཅད་པའི་ངག་བརླང་པོའི་ཚིག་བཅུ་ཡིས་ཁོའི་ཞེ་གཅོད་ཅིང་སྤྱོས་པས་ཁོ་ཡིས་ལས་ངན་རང་གིས་བྱས་པ་དྲན་ནས་ལས་ལ་འགྱོད་པའི་དགོས་པ་ཡོད། གཉིས་པ་གསང་སྔགས་སྤྱོད་པའི་བརླང་ཚིག་ནི། སྔོན་དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་ཕྲིན་ལས་དྲག་པོའི་སྒོ་ནས་རུ་ཏྲ་འཁོར་བཅས་བསྒྲལ་བའི་ཤུལ་དུ་རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་པ་དེ་དང་ཚུལ་མཐུན་པར་དྲག་པོའི་ཕྱག་རྒྱ་ལ་བརྟེན་པ་ཐོབ་ཅིང་སྔགས་བརྗོད་པས་དགྲ་བགེགས་ཀྱི་གདུག་རྩུབ་དག་ཅིང་མི་གནས་པར་བྱེད་པ་དང་། ཐེག་པ་འོག་མའི་སྤང་བྱ་གཟུངས་མ་ལ་བརླང་པོར་སྦྱོར་བའི་དུས་སུ་ས་མ་ཡ་ཧོ། ས་མ་ཡ་སྟྭམ། ཞེས་རྒྱུད་ནས་གསུངས་པ་བཞིན་བརྗོད་པའི་དུས་སུ་འདོད་པའི་བསྟན་བཅོས་བཤད་པས་བདེ་བ་རྒྱས་པ་དང་། སློབ་བུ་སྣོད་བཅོས་པའི་ཕྱིར་ཞེ་གཅོད་པའི་ཚིག་སྣ་ཚོགས་བྱས་པས་ཆོས་ཀྱི་སྣོད་དུ་རུང་བ་དང་འབྱུང་པོའི་གདུག་རྩུབ་བཟློག་པའི་ཕྱིར་དུ་ཞེ་གཅོད་པའི་ཐབས་དྲག་པོའི་ཕྲིན་ལས་ཀྱི་གདངས་ཆེ་ལ་རྔམ་པའི་སྒྲ་དང་བཅས་པའི་གྱེར་མོ་བྱེད་པས་བགེགས་རྣམས་བྱེར་བ་དང་། བཅོས་མི་དགོས་པའི་སྣོད་ཀྱིས་མཚན་ཉིད་དང་ལྡན་པའི་བུ་ལ་བརླང་པོ་སྦྱོར་སྒྲོལ་ལ་སོགས་པའི་ཆོས་བཤད་པས་གསང་སྔགས་གཉིས་མེད་ཀྱི་དོན་ཁོང་དུ་ཆུད་པའོ། །གསུམ་པ་རྣམ་གྲངས་ཀྱི་སྒོ་ནས་ཞབས་བསྡུ་བ་ནི། ངག་བརླང་པོ་དག་གི་དོན་ལ་མི་འདའ་བས་དམ་ཚིག །ཞིང་བཅུ་ལ་བརླང་ཚིག་བཅུ། དྲག་ཤུལ་གྱི་སྔགས། གཟུངས་ལ་བརླང་པོར་སྦྱོར་བ་དང་། སློབ་བུའི་ཞེ་གཅོད་པ། འབྱུང་པོའི་ཞེ་གཅོད་པ། སྣོད་ལྔན་བུ་ལ་བརླང་ཆོས་བཤད་པ་སྟེ། ལྔ་དང་བཅོ་ལྔ་བསྲུང་བའོ། །གཉིས་པ་མི་སྤང་བའི་དམ་ཚིག་ལ་གསུམ། དང་པོ་མདོར་བསྟན་པ་ནི། ཐེག་འོག་གི་སྤང་བྱ་འདིར་མི་སྤང་ལམ་དུ་ཁྱེར་བར་བྱེད་པའི་དམ་ཚིག་བཤད་པར་བྱ་བ་ལ་ཡང་དག་པའི་དུག་ལྔ་དང་། ལོག་པའི་དུག་ལྔ་འདིར་མདོར་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་ལ་ལྔ་ཡོད་པའི་དང་པོ་ཐབས་ཀྱིས་ཟིན་པའི་འདོད་ཆགས་ནི། གོང་དུ་གྷ་ནའི་དམ་ཚིག་གི་སྐབས་སུ་ཞིབ་པར་བཤད་པའི་ཐབས་མཁས་པའི་སྒོ་ནས་སྦྱོར་བ་དངོས་སྤྱོད་པའི་འདོད་ཆགས་དང་། དེ་ལྟར་འདོད་ཆགས་ལ་སྤྱོད་དུས་བདེ་བ་རང་ཡེ་ཤེས་སུ་ཤར་བས་སེམས་ཉིད་ཀྱི་རྒྱན་དུ་ཤེས་ནས་རྟོགས་པ་ན། ཤིན་ཏུ་ཞེན་པའི་འདོད་ཆགས་ནི་ཡང་དག་པའི་ལམ་དུ་འགྱུར་ཞེས་ཀུན་བཟང་གིས་གསུངས་སོ། །འདོད་ཆགས་ཆོས་ཉིད་ལ་ཏིང་ངེ་འཛིན་ཆགས་པ་དམ་པའོ། །འདོད་པ་དངོས་པོ་ལ་ཆགས་པ་ཉམས་པའོ། །ཞེས་སོ། །གཉིས་པ་སྙིང་རྗེ་དང་ཤེས་རབ་ཀྱིས་ཟིན་པའི་ཞེ་སྡང་ནི། བསྒྲལ་བའི་ཞིང་བཅུ་བརླག་ནས་ཐར་པའི་ཞིང་ལ་བཀོད་པར་བྱེད་པ་ནི་ཞེ་སྡང་གི་སྤྱོད་པ་རང་ཀ་མ་ལས་དཔག་པས་ན་མཆོག་ཡིན་པ་དང་། ཞིང་བཅུ་བསྒྲལ་བ་ལ་བརྟེན་ནས་ནང་དུ་སྙིང་རྗེའི་རྩལ་རྫོགས་པས་ཕྱི་རོལ་གྱི་ཡུལ་སྣང་སེམས་ཟུང་འཇུག་ཏུ་རྟོགས་པས་འོག་མའི་ཕྱོགས་འཛིན་གྱི་ལྟ་བ་ངན་པ་འཇོམས་པ་དེ་བཞིན་དུ་ཞེ་སྡང་གི་ལྟ་བ་ཡིན་ཏེ། དེ་བས་བསྒྲལ་བ་ལ་བརྟེན་ནས་སྙིང་རྗེའི་རྩལ་རྫོགས་ནས་སྣང་སེམས་ཟུང་འཇུག་རྟོགས་པས་ན་ཐབས་མཁས་པའི་ཞེ་སྡང་གི་སྤྱོད་པ་ཡིན་ནོ། །གསུམ་པ་ཡང་དག་པའི་ལྟ་བ་ལ་བཟོད་པ་ཐོབ་པའི་ང་རྒྱལ་ནི། ཐེག་པ་འོག་མ་ལས་མངོན་པར་མཐོལ་བའི་ལྟ་བ་བདེན་གཉིས་དབྱེར་མེད་མ་འདྲེས་ཡོངས་རྫོགས་རྟོགས་པ་དང་། དེའི་དོན་སྤྱོད་པས་ཏིང་ངེ་འཛིན་ལ་གནས་པའི་ཚེ་རྣམ་རྟོག་གིས་མི་གཡོ་བས་ངེས་པར་སྲན་ཚུགས་པ་དང་། དེ་གཉིས་པོ་ནི་ཤིན་ཏུ་ང་རྒྱལ་བའི་ལྟ་སྤྱོད་ཀྱི་མཆོག་ཏུ་གྱུར་ཅེས་ཀུན་བཟང་གིས་གསུངས་སོ། །ང་རྒྱལ་བདུད་ཀྱིས་བསླུ་བས་མི་ཚུགས་ཤིང་། རྡོ་རྗེ་ཐེག་པ་ལ་སྲན་ཚུགས་པས་དམ་པའོ། །བདེན་པ་མེད་པར་ལོག་པའི་ཕྱོགས་ལ་འཆལ་ཞིང་ཆེ་བ་ཉམས་པའོ། །ཞེས་སོ། །བཞི་པ་ཕྱོགས་འཛིན་དང་བྲལ་བའི་གཏི་མུག་ནི། གསང་སྔགས་བླ་མེད་ཀྱི་ལྟ་བ་རྟོགས་པའི་ངོ་བོ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་ཆོས་ཉིད་རང་དུ་གསལ་བས་ཕྱོགས་དང་རིས་སུ་མི་ཕྱེད་པ་དང་། ལྟ་བ་དེ་ལྟར་དུ་རྟོགས་པ་ལ་སྤྱོད་པས་ན་བླང་དོར་མེད་དེ་མི་བྱེད་པ་ནི་ཐེག་པ་ཆེན་པོ་གསང་སྔགས་པའི་གཏི་མུག་གི་ལྟ་སྤྱོད་གོ། །གཏི་མུག་ཕྱོགས་རིས་མེད་ཅིང་ཅི་ཡང་མི་རྟོགས་པ་དམ་པའོ། །བསྟན་པ་ཉན་མི་ཤེས་དགེ་སྡིག་ལ་འཛེམས་བག་མེད་པ་ཉམས་པའོ། །ཞེས་སོ། །ལྔ་པ་སྣོད་དང་མི་ལྡན་པ་སྤང་བའི་ཕྲག་དོག་ནི། ཐེག་པ་འོག་མའི་ཕྱོགས་རེ་བའི་ལྟ་སྤྱོད་དམན་པ་རྣམས་ལ་ནི་འདིར་གསང་སྔགས་བླ་མེད་ཀྱི་ལྟ་བ་བདེན་པ་དབྱེར་མེད་ཀྱི་ཕྲག་ཏུ་མི་ཤོང་བས་དོག་ཅིང་དམ་ཚིག་མ་འདྲེས་པའི་ཉམས་པ་ཅན་སྤོང་བར་བྱེད་པའི་སྤྱོད་པ་ནི་ཕྲག་དོག་དེ་ལས་མི་འདའ་བས་དམ་ཚིག་བསྲུང་བ་ཡིན་ནོ། །ཕྲག་དོག་ཆོས་ཉིད་ལ་གལ་མི་འཇུག་ཅིང་། ཡང་དག་པ་ལ་འཛིན་རྟོག་མིང་ཡང་མེད་པར་གནས་པ་ནི་དམ་པའོ། །གཞན་ཉམས་པ་མེད་པར་གྲོགས་མཆེད་ལ་ཕྲག་དོག་པ་ནི་ཉམས་པའོ། །ཞེས་སོ། །གཉིས་པ་ལོག་པའི་དུས་ལྔ་མི་སྤང་བ་ལ་ལྔ། དང་པོ་ལོག་པའི་དུག་ལྔ་གང་ནས་ལྡན་པ་ངོས་བཟུང་བ་ནི། ལོག་པའི་དུག་ལྔ་ནི་ཁམས་གསུམ་གྱི་སེམས་ཅན་ཀུན་ལ་རང་ཆས་སུ་ལྡན་པ་འདི་ཉིད་ཡིན་ཏེ། གཉིས་པ་དུག་ལྔ་སེམས་ཡིན་པ་ལ་སེམས་རང་གཟུགས་འཛིན་དང་བྲལ་བས་དུག་ལྔ་སྤང་མི་དགོས་པར་ཡེ་ཤེས་ཡིན་པར་བསྟན་པ་ནི། དུག་ལྔ་དེ་ཉིད་རང་རིག་རང་སྣང་ཡིན་པའི་ཕྱིར། གཏན་ཚིག་དེ་བས་ན། དང་པོ་དྲན་པའི་ཡུལ་བཟང་ངན་བར་གསུམ་ཐམས་ཅད་ཤེས་པ་ལ། ཤེས་པའི་ཡུལ་བཟང་ངན་བར་གསུམ་ཐམས་ཅད་ལ་བཟང་པོ་ལ་འདོད་ཆགས། ངན་པ་ལ་ཞེ་སྡང་། བར་པ་ལ་གཏི་མུག །བདག་ཏུ་ང་རྒྱལ། ཞིང་གཞན་དུ་ཕྲག་དོག་པའི་རྩོལ་བ་བྱུང་བ་ནི་དུག་ལྔ་ཡིན་ཏེ། རྩོལ་བ་བྱུང་དུས་སེམས་རང་གིས་བཙལ་བའི་ཕྱིར། སེམས་ནི་དངོས་པོ་མེད་འོད་གསལ་བའི་དུག་ལྔ་སྤང་དུ་མེད་པའི་ཐབས་མཁས་པས་ཐབས་མཁས་དེ་ཉིད་རང་རིག་པའི་ཡེ་ཤེས་ཡིན་ཏེ། དུག་ལྔ་རང་རིག་རང་སྣང་འདི་ལ། ཀུན་གཞི་ནས་ཕར་ངོ་སྤྲད་ལུགས་དང་། སྒོ་ལྔ་ནས་ཚུར་ལ་ངོ་སྤྲོད་ལུགས་གཉིས། ཕྱི་མ་ལྟར་ན། དྲན་པ་སྒོ་ལྔ། ཤེས་པ་ཡིད། རྩོལ་བ་ཉོན་ཡིད། སེམས་ཀུན་གཞི། ཀུན་གཞི་རང་སྟོང་དུ་སོང་བས་རྣལ་མ་དོན་གྱི་ཀུན་གཞི། ཚོགས་དགུ་དྲི་མ་མེད་པ་ལ་ངོ་སྤྲད། དེའི་དུས་སུ་ཕྱི་ནང་གི་ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་སུ་ཤར་བས་ཐབས་མཁས་ཞེས་བྱའོ། །གསང་སྔགས་ཀྱི་ལུགས་ཀྱིས་སྤྲོ་བསྡུ་དང་དགག་བསྒྲུབ་མེད་པར་རྩོལ་བ་བྱུང་དུས་རང་རིག་པའི་ཡེ་ཤེས་སུ་ཤར་དགོས། དེའི་དོན་གྱིས་སྔ་མ་ལྟར་འཐད་པར་མངོན་ནོ། །གསུམ་པ་དེ་ཡང་གསར་དུ་མ་ཡིན་ཞིང་ཡེ་གདོད་མ་ནས་དུག་ལྔ་ཡེ་ཤེས་ཡིན་པའི་དཔེ་དང་བཅས་པ་ནི། དཔེར་ན་ཉི་མའི་དཀྱིལ་ན་མུན་པ་གཏན་ནས་མེད་པ་ལྟར་ཡེའམ་ཐོག་མེད་དུས་ནས་སེམས་ཉིད་ངོ་བོ་ལ་ཡེ་ཤེས་རང་སྣང་མ་གཏོགས་པ་རྒྱུ་ཉོན་མོངས་དུག་ལྔ་བྱུང་དུས་ངོས་བཟུང་མེད་པས་ན་འབྲས་བུ་འཁོར་བའི་སེམས་ཅན་བྱུང་དུས་རང་རྒྱུད་དུ་གྲུབ་པ་ངང་གིས་མེད་པའོ། །བཞི་པ་དེ་ལྟ་བའི་དོན་རིག་ན་ཡེ་ཤེས་ཉིད་མ་གཏོགས་པ་སྤང་བྱ་མེད་དེ་མི་སྤང་བའི་དོན་བསྟན་པ་ནི། གང་གི་དོན་དེ་རྣམས་ཤེས་ཤིང་རྟོགས་པའི་ངོ་བོ་ལ་རང་རིག་ཡེ་ཤེས་སུ་ཤར་བ་ལས་མ་གཏོགས་པ་སྤང་བར་བྱ་བའི་ཉོན་མོངས་པའང་རང་རྒྱུད་དུ་མ་གྲུབ་པས་དམིགས་མི་འགྱུར་བའི་རིན་པོ་ཆེའི་གླིང་དུ་ཕྱིན་པས་ས་རྡོ་མེད་པ་བཞིན་ནོ། །ལྔ་པ་རྣམ་གྲངས་ཀྱི་སྒོ་ནས་འབྲས་བུ་ཐོབ་ཚུལ་གྱི་ཞབས་བསྡུ་བ་ནི། དེ་ལྟར་མི་སྤང་བའི་དམ་ཚིག་ལ་ཡང་དག་པའི་དུག་ལྔ་ལ་ལྟ་སྤྱོད་གཉིས་སུ་ཕྱེ་བས་བཅུ། ལོག་དུག་ལྔ་དང་བཅོ་ལྔ་ལ་གནས་པའི་གང་ཟག་གི་སྣང་ངོའི་སྤྱོད་ཡུལ་ཐམས་ཅད་ཡེ་ཤེས་སུ་ཤར་བས་ན། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡིན་པའི་མཐར་ཐུག་གི་འབྲས་བུ་དོན་གཉིས་རྫོགས་པའོ། །འོ་ན་ལོག་པའི་དུག་ལྔ་མི་སྤང་བར་བཤད་པ་འདི་གསང་བ་ཡིན་ནམ། བསྒྲགས་པ་ཡིན། དྲང་དོན་ཡིན་ནམ། ངེས་དོན་ཡིན། མི་སྤང་བའི་རྒྱུ་མཚན་ནམ་གཏན་ཚིགས་གང་ཡིན་མི་སྤང་བ་ལ་དགོས་ཆེད་ཅི་ཡོད། ལམ་དུ་བྱེད་ན་ཚུལ་ཇི་ལྟར་བྱེད། ཅེ་ན། དྲི་བ་དང་པོའི་ལན་ནི། བློ་ཆུང་གསང་སྔགས་སྒྲ་ཅི་བཞིན་པར་སྤྱོད་པ་ལ་གསང་ཞིང་། བློ་ལྡན་ཡང་དག་པའི་ལམ་ལ་ཞུགས་པ་ལ་བསྒྲགས་པ་ཡིན་ནོ། །དྲི་བ་གཉིས་པའི་ལན་ནི། ཉོན་མོངས་པའི་ཏིང་ངེ་འཛིན་དང་ཡེ་ཤེས་གཉིས། སྤང་གཉེན་གྱི་ལྟ་བ་དྲང་དོན་ཡིན་ལ། གཉིས་མེད་ཀྱི་ལྟ་བ་ངེས་དོན་ཏེ། རྒྱས་པ་ལས། རྣམ་རྟོག་ཉིད་ན་རང་བྱུང་ཡེ་ཤེས་ཏེ། །རྣམ་རྟོག་མི་སྐྱེ་ཡེ་ཤེས་བརྗོད་དུ་མེད། །ཅེས་པ་ལ་སོགས་པ་གསུངས་པས་མངོན་ནོ། །དྲི་བ་གསུམ་པའི་ལན་ནི། ལོག་པའི་དུག་ལྔ་མི་སྤང་བའི་གཏན་ཚིགས་ལ་ལྔ་སྟེ། སྤང་བར་བྱ་བའི་གཞི་མ་གྲུབ་པ་དང་། རྣམ་པར་བྱང་བའི་ལམ་ཡིན་པ་དང་། སྐུ་གསུང་ཐུགས་ཀྱི་དཀྱིལ་གྲུབ་ཡིན་པ་དང་། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པ་དང་། རིགས་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཡིན་པས་ན་མི་སྤང་ངོ་། །དེ་ལ་དང་པོ་ནི། ལོག་པའི་དུག་ལྔ་ཆོས་ཅན། སྤང་བར་བྱ་བའི་གཞི་མ་གྲུབ་སྟེ། ཤེས་བྱའི་གཤིས་ལ་ཉོན་མོངས་པ་རང་ཁ་མ་མེད་པའི་ཕྱིར། དཔེར་ན་ཐག་ཁྲ་སྦྲུལ་དུ་སྣང་ཡང་གཤིས་ལ་སྦྲུལ་མེད་པ་བཞིན་ནོ། །དེ་ཡང་རྒྱས་པ་ལས། མ་རིག་པ་ཉིད་སྤང་དུ་མེད། །རིག་པ་ཡེ་ཤེས་བསྒྲུབ་ཏུ་མེད། །ཅེས་པས་མངོན་ནོ། །གཉིས་པ་ནི། ལོག་པའི་དུག་ལྔ་ཆོས་ཅན། ཐབས་ཀྱིས་ཟིན་ན་རྣམ་པར་བྱང་བའི་ལམ་ཡིན་ཏེ། དུག་ལྔ་སྤྱི་དང་རང་གི་མཚན་ཉིད་རྟོགས་པ་ལས་གཞན་པའི་འབྲས་བུ་བསྒྲུབ་བྱ་མེད་པའི་ཕྱིར། དཔེར་ན་དུག་གི་སྨན་མར་གྱིས་དུག་ནད་འཇོམས་ཤིང་བདུད་རྩིའི་མཆོག་ཏུ་འགྱུར་བ་བཞིན་ནོ། །དེ་ཡང་རྒྱས་པ་ལས། ཉོན་མོངས་རང་དང་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །ཞེས་པ་དང་། ཀུན་བྱེད་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཀུན་སྤྱོད་ཡོན་ཏན་ལྔ་རྣམས་ཀྱང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་བྱ། །ཞེས་གསུངས་སོ། །གསུམ་པ་ནི་ལོག་པའི་དུག་ལྔ་ཆོས་ཅན། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཏུ་འགྱུར་ཏེ། དུག་ལྔ་ཡི་གེ་ༀ་གྱིས་མཚོན་ནས་སྐུ། ཨཱཿཡིས་མཚོན་ནས་གསུང་། ཧཱུྃ་གིས་མཚོན་ནས་ཐུགས་སུ་བརྡ་སྤྲོད་པས། སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ལས་མི་འདའ་བའི་ཕྱིར་རོ། །དཔེར་ན་དུག་ལ་སྔགས་ཀྱིས་བཏབ་པ་བཞིན་ནོ། །དེ་ཡང་སྤྱི་མདོ་ལས། ཉོན་མོངས་དུག་ལྔར་སྣང་བའི་རང་བཞིན་རྣམས། །རྣམ་གྲོལ་ཡེ་ཤེས་ལྔ་ཡི་ངང་དུ་སྣང་། །ཞེས་གསུངས་སོ། །བཞི་པ་ནི། ལོག་པའི་དུག་ལྔ་ཆོས་ཅན། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ། དུག་ལྔར་སྣང་བ་ཐབས་དང་། དེ་ལས་རང་བཞིན་མེད་པ་ཤེས་རབ་ཡིན། དེ་གཉིས་ཡེ་ནས་དབྱེར་མི་ཕྱེད་པའི་ཕྱིར་རོ། །དཔེར་ན་ཚ་ནད་ཅན་དང་རླུང་ནད་ཅན་ལ་ག་བུར་སྨན་དང་དུག་ཏུ་སྣང་ཡང་། ག་བུར་སྨན་དུག་དབྱེར་མེད་པ་བཞིན་ནོ། །དེ་ཡང་རྒྱས་པ་ལས། མ་འགགས་སྣང་བ་ཐབས་ཡིན་ཏེ། །རང་བཞིན་མེད་པ་ཤེས་རབ་ཡིན། །ཞེས་གསུངས་སོ། །ལྔ་པ་ནི་ལོག་པའི་དུག་ལྔ་ཆོས་ཅན་རིགས་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཡིན་ཏེ། ཞེ་སྡང་མི་བསྐྱོད་པ་རྡོ་རྗེའི་རིགས་དང་། སྟོང་པ་ཉིད་ཀྱི་ཡེ་ཤེས། དེ་བཞིན་ཏུ་གཏི་མུག་དེ་བཞིན་གཤེགས་པའི་རིགས་དང་། མེ་ལོང་ལྟ་བུ། ང་རྒྱལ་རིན་ཆེན་རིགས་དང་། མཉམ་པ་ཉིད། འདོད་ཆགས་པདྨའི་རིགས་དང་། སོ་སོར་རྟོག །ཕྲག་དོག་ལས་ཀྱི་རིགས་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དཔེར་ན་འཁྱག་པའི་བདག་ཉིད་ཆུ་ཡིན་པ་བཞིན་ནོ། །ཀུན་བྱེད་ལས། ཞེ་སྡང་རང་བྱུང་ཡེ་ཤེས་ཆེན་པོ་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །དྲི་བ་བཞི་པའི་ལན་ནི། ལོག་པའི་དུག་ལྔ་མ་སྤངས་པའི་དགོས་ཆེད་ལ་དོན་གཉེར་དང་། གཞན་སེལ་གཉིས་ལས། དང་པོ་ལ་ལྔ་སྟེ། དང་པོ་བློ་ཞེན་པ་ལྡོག་པའི། སྤྲོས་པའི་བག་ཆགས་ཉེ་བར་ཞི་བའི། ཆོས་ཉིད་ཀྱི་དོན་ལ་བློ་མྱུར་བའི་བཀའ་ཟབ་མོ་ལ་གུས་པ་སྐྱེ་བའི། སྤྱོད་ལམ་ཚོགས་སུ་འགྱུར་བའི་དགོས་ཆེད་ཡོད་དོ། །དེ་ལ་དགོས་པ་དང་པོ་ནི། ཕ་མེས་ཐམས་ཅད་མེས་ཚིག་ནས་ཤི་བའི་མི་ཞིག་གིས་བསམ་པ་ལ། མེ་ནི་ཚ་ཞིང་སྲེག་པ་ཁོ་ནའོ་སྙམས་དུ་མངོན་པར་ཞེན་པ། དུས་ནམ་ཞིག་གི་ཚེ་འབྲོག་དགོན་པ་གཅིག་ཏུ་ཕྱིན་པས་དེ་ནས་དྲང་སྲོང་མེའི་གཙང་སྦྲ་ཅན་དང་། རི་དྭགས་མེ་བྱི་དཀར་པོ་བྱ་བ། མེ་ལ་གནས་བཅས་ནས་ཟས་སུ་མེ་ཟ་བ་སྐོམ་དུ་མེ་འཐུང་བ་ཞིག་མཐོང་ནས་འོ་ན་མེ་འདི་ཚ་ཞིང་སྲེག་པ་ཁོ་ནར་འདུག་སྙམ་པའི་མངོན་པར་ཞེན་པ་ལོག་གོ། །དཔེ་དེ་བཞིན་དུ་ཐེག་པ་འོག་མ་པས། ཉོན་མོངས་པ་འཁོར་བའི་ཆོས་ཁོ་ནར་བཟུང་སྟེ། སྤོང་འགེགས་སྦྱང་བསྒྱུར་བྱེད་པ་ལ། གསང་སྔགས་པས་ཉོན་མོངས་པ་ཉིད་རང་རིག་པ་བྱུང་ཆུབ་སེམས་ཡིན་པས། མ་སྤངས་པར་ལམ་དུ་བྱས་ན་སངས་རྒྱས་ཀྱི་འབྲས་བུ་ཚེ་གཅིག་ལུས་གཅིག་ལ་ཐོབ་བོ་ཞེས་བརྗོད་པས། ཐེག་པ་འོག་མ་པས་དུག་ལྔ་འཁོར་བའི་ཆོས་ཁོ་ན་ཡིན་སྙམ་པའི་མངོན་པར་ཞེན་པ་ལས་གྲོལ་ལོ། །གཉིས་པ་ནི། སྤང་བླང་ལ་སོགས་པ་གཉིས་བྱུང་ཕན་ཆད་སྤྲོས་པ་སྟེ། གཉིས་སུ་ཞེན་པ་ལས་ལོག་ཙ་ན། སྤྲོས་པའི་བག་ཆགས་ཞི་བའོ། །གསུམ་པ་ནི། ཉོན་མོངས་པ་ཉིད་ཆོས་ཉིད་ཡིན་པས་དེ་ལྟར་རྟོགས་ན་ལམ་དང་འབྲས་བུ་གཞན་ན་ཚོལ་མི་དགོས་པར་ཐག་ཆོད་པས། ཆོས་ཉིད་ལ་བློ་མྱུར་བའོ། །བཞི་པ་ནི། ཉོན་མོངས་པ་མ་སྤངས་བར་བྱང་ཆུབ་ཐོབ་པའི་ཐབས་ཁྱད་པར་ཅན་དང་ལྡན་པ་སྔགས་ཀྱི་བཀའ་རྒྱུད་འདི་ནི། ཐེག་པ་གཞན་ལས་ཁྱད་པར་འཕགས་པས་ཤིན་ཏུ་ཟབ་པའོ་སྙམ་པའི་གུས་པ་སྐྱེའོ། །ལྔ་པ་ནི། ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཐམས་ཅད་ལ་མ་འགགས་པར་ཤེས་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ཏེ། དེའི་གནད་ཀྱིས་ཉོན་མོངས་པ་དང་རྣམ་རྟོག་ཡེ་ཤེས་སུ་ཤར་བའོ། །གཉིས་པ་གཞན་སེལ་གྱི་དགོས་ཆེད་ནི། ཞེ་སྡང་མེད་ན། རང་བྱུང་གི་ཡེ་ཤེས་སྐྱེ་མི་ཐུབ། འདོད་ཆགས་མེད་ན་བདེ་བའི་ཡེ་ཤེས་རྒྱུད་ལ་མི་སྐྱེ་གཏི་མུག་མེད་ན་རྣམ་པར་མི་རྟོག་པའི་ངང་ལ་བློ་མི་གནས། ང་རྒྱལ་མེད་ན་ཆོས་ཉིད་དུ་ལ་མི་བཟློས། ཕྲག་དོག་མེད་ན་མཉམ་པ་ཉིད་དུ་ཁོད་མ་སྙོམས་པའོ། །དྲི་བ་ལྔ་པའི་ལན་ནི། དུག་ལྔ་ལམ་དུ་བྱེད་ཚུལ་ལ་བརྟག་པ་བཞི་སྟེ། དེའང་ཆོས་ཅན་ཞེ་སྡང་ལྟ་བུ་གཅིག་ལ་སྦྱར་ན། རྒྱུད་ལ་ཞེ་སྡང་དྲག་པོ་ཀམ་གྱིས་སྐྱེས་པའི་རང་ལྡོག་དེ་ཀ་ལམ་དུ་བྱེད་དམ། དེ་གཏན་ཚིགས་ཀྱིས་གཞིག་པས་རང་བཞིན་མ་གྲུབ་པ་དེ་ལམ་དུ་བྱེད་དམ། ཞེ་སྡང་ལ་བརྟེན་ནས་གཉེན་པོ་བྱམས་པ་བསྒོམས་པ་དེ་ལམ་དུ་བྱེད་དམ། ཞེ་སྟང་འགགས་པའི་རྗེས་ཐོབ་གྱི་ཤེས་པ་གསལ་ལ་རྟོག་མེད་ལམ་དུ་བྱེད་དམ། དང་པོ་ལྟར་ན། ཕ་བསད་ཀྱི་བུ་མཚམས་མེད་ཀྱི་ལས་ཀྱིས་མི་གོས་པར་རྣམ་གྲོལ་ཐོབ་པར་ཐལ། གཉིས་པ་ལྟར་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་ཁྱད་མེད་པར་ཐལ། གསུམ་པ་ལྟར་ན། འདོད་ཉོན་མོངས་ལམ་བྱེད་དུ་འདོད་ཀྱང་། གཉེན་པོ་ལམ་བྱེད་དུ་ཐལ། བཞི་པ་ལྟར་ན། མ་རིག་པ་ཡེ་ཤེས་ཐ་དད་དུ་ཐལ། དེ་ཐམས་ཅད་རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ་འདོད་པར་ནུས་པ་མ་ཡིན་ཏེ། ལུང་རིགས་ཀྱིས་གསལ་ལོ་ཞེ་ན། འདི་ཡིན་མིན་ནི། རྗེ་གོང་བུ་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ཀྱིས་ཞལ་ནས། སྐད་གཅིག་མ་དང་པོ་ལ་ཉོན་མོངས་པ་ཏུལ་གྱིས་སྐྱེས་པ་ལ། སྐད་ཅིག་གཉིས་པར་ཆོས་ཉིད་དུ་ཤེས་པ་ལམ་དུ་བྱེད་གསུངས་ཏེ། དེས་ཀྱང་བརྟག་པ་ཐ་མའི་སྐྱོན་མི་སྤང་དོ། །རྗེ་སྒྲོལ་ཕུག་པའི་བཞེད་ཀྱིས་ཉོན་མོངས་པ་ཀམ་གྱིས་སྐྱེ་བ་ལམ་དུ་བྱེད་དེ། དེ་ཡང་དག་པའི་ལྟ་བས་རྩིས་ཟིན་པ། རང་རྒྱུད་དུ་མ་ནོར་བ་ཉོན་མོངས་པ་རང་གི་མཐའ་ལ་མ་ཞེན་པ་དང་ཆོས་སུམ་ལྡན་གཅིག་ལ་ལམ་དུ་བྱེད་གསུང་ཡོད་ཀྱང་། དེ་ལྟར་ན། ཆོས་གསུམ་ལྡན་དང་ཀམ་གྱིས་སྐྱེས་པ་ལ་ཁྱད་ཡོད་དམ་མེད། ཡོད་ན་ལམ་དུ་བྱེད་རྒྱུ་དེ་ཉོན་མོངས་པ་ཀམ་སྐྱེས་མ་ཡིན་པར་ཐལ། ཆོས་གསུམ་ལྡན་ཡིན་པའི་ཕྱིར། ཀམ་སྐྱེས་ཡིན་ཀྱང་། ཆོས་སུམ་ལྡན་ཡིན་ན། ཐ་དད་པའི་དམ་བཅའ་བུད། འོན་ཏེ་ཁྱད་མེད་ན། བརྟག་པ་དང་པོའི་སྐྱོན་གྱིིས་གནོད། དེས་ན་ཁོ་བོས་ནི་འདི་ལྟར་བསམ་ཏེ། ཉོན་མོངས་པ་ཀམ་སྐྱེས་ལ་ལམ་དུ་བྱེད་ལ། འོ་ན་ཕ་བསད་ཀྱི་བུ་རང་གྲོལ་བར་ཐལ་ཞེ་ན། དེ་ལ་བརྟག་སྟེ། མ་ཧཱ་ཡོ་གའི་ལམ་ཚང་ལ་མ་ནོར་བ་ལམ་དུ་བྱེད་པའི་ཕ་བསད་ཀྱི་བུ་ལ་ཟེར་རམ། དེ་ལས་གཞན་པའི་ཕ་བསད་ཀྱི་བུ་ལ་ཟེར། སྔ་མ་ལྟར་ན་འདོད་ཐོག །ཕྱི་མ་ལྟར་ན་ཁྱབ་པ་མེད་དེ། ཕ་བསད་ཀྱི་བུ་དེ་ལ། ཞེ་སྡང་ཀམ་སྐྱེས་ཡོད་ཀྱང་མ་ཧཱ་ཡོ་གའི་ལམ་པ་མ་ཡིན་པའི་ཕྱིར་རོ། །འོ་ན་མ་ཧཱ་ཡོ་གའི་ལམ་ཚང་ལ་མ་ནོར་བ་གང་ཡིན་སྙམ་ན། རྒྱུ་ཤེས་པའི་མཚན་ཉིད་ལྟ་བའི་གདིང་དང་ལྡན་པས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་སྒོམ་པའི་ཐབས་ཀྱིས་ཉོན་མོངས་པ་སྤྱོད་ཀྱང་མི་འཆིང་བ། རྨ་བྱ་དུག་གིས་འཚོ་བ་ལྟ་བུའི་རྣལ་འབྱོར་པས། ཉོན་མོངས་པ་ཀམ་གྱིས་སྐྱེས་པའི་དུས་ན། སྐྱེ་བོ་ཐ་མལ་པ་ལྟར་ཉོན་མོངས་པའི་རྗེས་སུ་མི་གཏོང་། ཉན་ཐོས་ལྟར་མི་སྤོང་། རང་རྒྱལ་ལྟར་མི་འགོགས། བྱང་ཆུབ་སེམས་དཔའ་ལྟར་མི་སྦྱོང་། སྔགས་ཕྱི་རྒྱུད་ལྟར་མི་སྒྱུར་བར་དཔེར་ན་ཉ་ལམ་དུ་ཆུ་བདེ་བ་ལྟ་བུ་ནི། མ་ཧཱ་ཡོ་གའི་ལམ་པ་མཚན་ཉིད་ལྡན་པ་ཡིན་ནོ། །དེ་ལྟར་མ་ཡིན་པའི་གསང་སྔགས་པར་ཁས་འཆེས་པས། གབ་བའི་གསང་བ་ཆོས་ཉིད་ཇི་བཞིན་པའི་དོན་མ་རྟོགས་ཤིང་། སྦས་པའི་གསང་བ་ཏ་ན་དང་གྷ་ན་ལ་སོགས་པ་ལ། མངོན་པར་འཆལ་ནས། གསང་སྔགས་སྒྲ་ཇི་བཞིན་པ་ལྟར་སྤྱོད་པ་རྣམས་ནི། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བ་གསང་སྔགས་གསར་རྙིང་གི་རྒྱུད་སྡེ་དུ་མར་གསུངས་སོ། །གསུམ་པ་དང་དུ་བླང་བའི་དམ་ཚིག་ལ་གསུམ། དང་པོ་མདོར་བསྟན་ནི། གསང་སྔགས་བླ་མེད་ཀྱི་སྒོར་འཇུག་པའི་རྣལ་འབྱོར་པ་ཀུན་གྱིས་མོས་པ་དང་ནུས་པའི་སྒོ་ནས་དང་དུ་བླང་བའི་དམ་ཚིག་ལ་ལྔ་སྟེ། གཉིས་པ་རྒྱས་བཤད་ལ་གསུམ། དང་པོ་རྫས་ཀྱི་ངོ་བོ་ནི། དྲི་ཆེན་དང་། དྲི་ཆུ་དང་། མཾ་ས་སྟེ་ཤ་ཆེན་དང་། ཟིལ་པ་སྟེ་པདྨ་རཀྟ་དང་། ལྷག་པའི་བྱང་སེམས་དང་རྣམ་པ་ལྔ་ལ། གཉིས་པ་ཡོན་ཏན་འབྱུང་བས་དང་དུ་བླང་བའི་གཏན་ཚིགས་ནི། རང་བཞིན་དང་། ངོ་བོ་དང་། མཐུ་དང་། བྱིན་རླབས་ཀྱིས་གྲུབ་པ་དང་བཞི་ཡིས་བརྒྱན་པའི་ཕྱིར་དང་དུ་བླང་སྟེ། སེམས་དངོས་པོ་མེད་བཞིན་ལུས་སུ་སྣང་བ་ལ་དམ་རྫས་ལྔ་གནས་པ་ཡང་སྣང་བཞིན་ངོ་བོ་མ་གྲུབ་པ་ནི་ཆོས་ཉིད་རང་གི་རང་བཞིན་གྱིས་གྲུབ་པ། དམ་རྫས་ལྔ་ངོ་བོ་མ་གྲུབ་བདེ་བའི་ཡེ་ཤེས་བསྐྱེད་པ་ནི་ཆོས་ཅན་རང་གི་ངོ་བོས་གྲུབ་པ། དེ་ལྟ་སྒོམ་གྱིས་ཉམས་སུ་ལེན་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་བ་ནི་མཐུས་གྲུབ་པ། དམ་རྫས་དང་དུ་བླངས་པའི་རྣལ་འབྱོར་པ་ལ་སངས་རྒྱས་བྱང་སེམས་མ་དང་མཁའ་འགྲོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ནི་བྱིན་རླབས་ཀྱིས་གྲུབ་པའོ། །དེ་ཡང་ཐལ་བའི་རྒྱུད་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །རང་བཞིན་ཡེ་ཤེས་བདེ་བ་ལྔ། །བྱེད་པ་མེད་པར་སྣང་བའོ། །ཤེས་རབ་ཏིང་འཛིན་ཐབས་དག་གིས། །ནུས་མཐུ་ངེས་པར་འབྱུང་བར་འགྱུར། །འདི་ལྟའི་ལམ་ལ་གང་གནས་པ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབ། །ཅེས་སོ། །གཞན་ཡང་། ནད་ལྔ་བསལ་ཕྱིར་བླང་བ་དང་། །གཙང་སྨེ་སྡིག་སྦྱང་ཕྱིར་བླང་དང་། །ཐུན་མོང་དགོས་པ་ལྔ་ཕྱིར་དང་། །རིགས་ལྔར་གྲུབ་པའི་ཡོན་ཏན་ནོ། །སྡུག་བསྔལ་ལས་དགྲོལ་དངོས་གྲུབ་ཐོབ་པའི་ཕྱིར་དང་དུ་བླང་བའོ། །ཡང་ན་སྔར་གྱི་བཤད་སྲོལ་ལྟར་ན། དང་པོ་མཐུས་གྲུབ་པ་ནི། ནད་ལྔ་བསལ་བའི་ཕྱིར་དང་དུ་བླང་སྟེ། དྲི་ཆེན་གྱི་དུག་ནད་སེལ། དྲི་ཆུས་གྲང་ནད། ཤ་ཆེན་གྱིས་མཛེ་ནད། རཀྟས་འབྲུམ་ནད། བྱང་སེམས་ཀྱི་ཚ་ནད་སེལ་བ་དང་། བྱིན་རླབས་ཀྱིས་སྒྲུབ་པ་ནི། གཙང་བ་དང་སྨེ་བ་སྟེ་བཙོག་པ་གཉིས་འཛིན་གྱི་སྡིག་སྒྲིབ་སྦྱང་བའི་ཕྱིར་ལྔ་པོ་དང་དུ་བླང་བས་ཆོས་ཉིད་མཉམ་པ་ཉིད་དུ་རྟོགས་པ་དང་། ངོ་བོས་གྲུབ་པ་ནི། ཀུན་དང་ཐུན་མོང་གི་དགོས་པ་ལྔ་ཡོད་པའི་ཕྱིར་དང་དུ་བླང་སྟེ་དྲི་ཆེན་བསྟེན་པས་ཚེ་རིང་། དྲི་ཆུས་སྐད་སྙན། ཤ་ཆེན་གྱི་མཐུ་ཆེ། རཀྟས་བཀྲག་གསལ། བྱང་སེམས་ཀྱིས་མི་བརྗེད་པའི་གཟུངས་ཐོབ་པས་གཞན་ཟིལ་གྱིས་གནོན་པས་བརྗིད་ཆེ་བ་དང་། རང་བཞིན་གྱིས་གྲུབ་པ་ནི། རྒྱ་ཆེ་བའི་ངོས་ནས་རིགས་ལྔ་དང་། ཟབ་པའི་ངོས་ནས་ཡེ་ཤེས་ལྔར་གྲུབ་པའི་ཡོན་ཏན་ཡོད་དེ། ཕའི་བྱང་སེམས་ཀྱིས་ཞེ་སྡང་སྐྱེ་བས་དེ་ཉིད་རྡོ་རྗེ་སེམས་དཔའ། དྲི་ཆེན་གྱི་རྩ་ཁ་འགགས་པས་གཏི་མུག་བསྐྱེད་པ་དེ་ཉིད་རྣམ་སྣང་། ལུས་ཀྱིས་ཤ་ཡིས་སྟོབས་རྫོགས་པས་ང་རྒྱལ་བསྐྱེད་པས་དེ་ཉིད་རི་ཆེན་འབྱུང་ལྡན། མའི་རཀྟས་འདོད་ཆགས་བསྐྱེད་པས་དེ་ཉིད་སྣང་བ་མཐའ་ཡས། ཆུ་ཡིས་རླུང་། རླུང་གིས་འདུ་བྱེད་ཀྱི་ལས་བྱེད་པས་ཕྲག་དོག་བྱུང་བས་དེ་ཉིད་དོན་གྲུབ་གཏི་མུག་གི་རྨུག་པ་དག་ནས་མི་འབྱེད་པ་རང་ཆོས་དབྱིངས་ཡེ་ཤེས། ཞེ་སྡང་གི་རྩུབ་ཟེར་དག་ནས་གསང་བ་རང་མེ་ལོང་ཡེ་ཤེས། ང་རྒྱལ་གྱི་མི་ཉམས་པ་དག་ནས་རང་མཉམ་ཉིད་ཡེ་ཤེས། འདོད་ཆགས་ཀྱིས་ཞེན་པ་དག་ནས་སོ་སོར་འབྱེད་པ་རང་སོར་རྟོག་ཡེ་ཤེས། ཕྲག་དོག་གི་གཞན་གྱི་ཡོན་ཏན་རང་གི་ཕྲག་ལ་མི་ཤོང་བ་དག་ནས་རང་བྱ་བ་གྲུབ་པའི་ཡེ་ཤེས་ཡིན། ཡང་ན་ཁ་དོག་ལྔའི་སྒོ་ནས་རིགས་ལྔ་ངོ་སྤྲད་པ་ཡིན་ཏེ་བདུད་རྩི་བམ་བརྒྱད་ལས། བྱང་སེམས་རྡོ་རྗེ་སེམས་དཔའ་དཀར། །དྲི་ཆེན་གསེར་མདོག་རྣམ་སྣང་མཛད། །མཱཾ་ས་རིན་ཆེན་འབྱུང་ལྡན་སྔོ། །རཀྟ་སྣང་བ་མཐའ་ཡས་དམར། །དྲི་ཆུ་དོན་ཡོད་གྲུབ་པ་ལྗང་། །ཞེས་གསུངས་སོ། །དེའི་དོན་གྱིས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་གྲོལ་ནས་མཆོག་ཐུན་མོང་བསྒྲུབ་པའི་དངོས་གྲུབ་རྣམས་ཐོབ་པའོ། །གསུམ་པ་ལྟ་སྤྱོད་ཀྱི་རྩི་ཡིས་ཟིན་ནས་སྤྱད་ན་ལམ་གྱི་མཆོག་གི་ཡོན་ཏན་དཔག་མེད་ཡོད་པ་ནི་ལྟེ་བའི་རྩ་ནི་ཤ་ཆེན་གྱི་བཅུད། ལོང་རྩ་ན་རིན་ཆེན། རོ་མ་ན་དྲི་ཆུ། རྐྱང་མ་ན་རཀྟ་ཀུན་འདར་མ་ནི་བྱང་སེམས་ཀྱི་བཅུད་དང་ལྔ་པོ་བཏུང་བ་སྟེ་ཉམས་སུ་བླང་བ་ལ་དབང་ཐོབ་ན་གཉིས་འཛིན་ལས་གྲོལ་ནས་མཉམ་པ་ཉིད་ཀྱི་དོན་རྟོགས་པ་ན་ལམ་གྱི་མཆོག་ཡིན་ནོ། །འོ་ན་བདུད་རྩི་ལྔ་ལ་གང་སྤྱོད་གྲོལ་ལམ་ཞེ་ན། གསང་སྔགས་ཐབས་མཁས་པའི་ལྟ་སྤྱོད་ཀྱི་རྩི་ཡིས་ཟིན་ཅིང་ལུང་བམ་བརྒྱད་ལ་བཤད་པ་ལྟར་བསྟེན་ཤེས་ན། གོང་དུ་གྲུབ་པ་བཞིའི་སྐབས་སུ་བཤད་པ་ལ་སོགས། ཡོན་ཏན་བརྗོད་པ་ལས་འདས་པར་ཀུན་བཟང་གིས་གསུངས་སོ། །ཐབས་ཀྱིས་མ་ཟིན་ན་མི་གྲོལ་ཏེ་ཁྱི་ཕག་བཞིན་ནོ། །གསུམ་པ་རྣམ་གྲངས་ཀྱི་ངོས་ནས་ཞབས་བསྡུ་བ་ནི། གྲངས་སུ་ཕྱེ་བས་དོན་ལ། མི་འདའ་བས་དམ་ཚིག །དེ་ལ་རྩ་བའི་བདུད་རྩི་ལྔ། རང་བཞིན་གྱིས་གྲུབ་པ་ལ་རིགས་ལྔ་ཡེ་ཤེས་ལྔ་སྟེ་བཅོ་ལྔ། གྲུབ་པ་གསུམ་པོ་ལ་ལྔ་ལྔ་སྟེ་བཅོ་ལྔ་དང་སུམ་ཅུ་དེ་ཉིད། ལམ་ཟག་བཅས་ཀྱི་ཏིང་ངེ་འཛིན་མཐོན་དམན་གྱི་སྐབས་ཀྱི་ཕྱེ་བས་དང་པོ་མོས་པ་ལམ་དུ་བྱེད། དེ་ནས་ཚོགས་ལམ་ཆེན་པོ་དང་སྦྱོར་ལམ་ལ་དངོས་སུ་དང་དུ་བླང་བརཀུན་བཟང་གིས་གསུངས་སོ། །ཡང་ན་དབང་དང་སྒྲུབ་པའི་སྐབས་སུ་དང་དུ་བླང་བར་བྱ་གསུངས་ཞེས་ཟེར་རོ། །དམ་ཚིག་བཀོད་པ་ལས། དང་དུ་བླང་བ་ལ་ལྔ་སྟེ། རྣམ་རྫས་ལྔ་པོ་ཉིད། ཆོས་ཐམས་ཅད་ལ་རྟག་པ་མེད་པ་དང་། རང་བཞིན་གྲུབ་པའི་མཐུ་ཡོད་པ་དང་། ཡེ་ནས་བདུད་རྩི་ཡིན་པ་དང་། སྐྱོན་ཡོན་གྱིས་དུག་དང་བདུད་རྩི་ཡིན་པ་དང་། དེ་ཉིད་དངོས་གྲུབ་ཆེན་པོའི་རྒྱུ་དང་རྐྱེན་ཡིན་པས། གསང་སྔགས་བསྒྲུབ་པའི་ཐབས་དམ་པར་སྤྱོད་པའི་དམ་ཚིག་གོ། །རྟོགས་པ་དང་ཏིང་ངེ་འཛིན་མི་ལྡན་ཞིང་། གསང་མེད་པར་བྱོལ་སོང་བཞིན་དུ་བབ་ཅོལ་དུ་སྤྱོད་པ་ནི་ཉམས་པའོ། །ཞེས་སོ། །བཞི་པ་བསྒྲུབ་པར་བྱ་བའི་དམ་ཚིག་ལ་གསུམ། དང་པོ་མདོར་བསྟན་ནི། གསང་སྔགས་ནང་པའི་རྣལ་འབྱོར་རྣམས་ཀྱི་ལམ་གྱི་རྩོལ་བས་འབྲས་བུ་བསྒྲུབ་པར་བྱ་བ་ལ་ལྔ་ཡོད་པ་རྣམས་ལའང་། གཉིས་པ་རྒྱས་པར་དབྱེ་བ་ནི། ཐུགས་སྐྱེ་འཇིག་དང་བྲལ་བ་རྡོ་རྗེའི་རིགས། །སྐུ་དྲི་མ་དང་བྲལ་བ་དེ་པའི་རིགས། །ཡོན་ཏན་དགོས་འདོད་འབྱུང་བ་རིན་ཆེན་རིགས། །གསུང་ཉེས་སྐྱོན་གྱིས་མ་གོས་པ་པདྨའི་རིགས། ཕྲིན་ལས་ལྷུན་གྱིས་གྲུབ་པ་ལས་ཀྱི་རིགས་དང་ལྔའོ། །སྟོང་པ་ནི་ཆོས་དབྱིངས་ཡེ་ཤེས། གསལ་བ་ནི་མེ་ལོང་། གསལ་སྟོང་དབྱེར་མེད་ནི་མཉམ་ཉིད། དེ་ཉིད་ཤེས་བྱ་མ་འདྲེས་པར་སོ་སོར་གསལ་བ་ནི་སོར་རྟོག །མ་འདྲེས་པར་སྣང་དུས་རིག་པ་རང་སྣང་དུ་དོན་གཉིས་ལྷུན་གྱིས་གྲུབ་པ་ནི་བྱ་གྲུབ་ཡེ་ཤེས་དང་ལྔ། ཆོས་དབྱིངས་སྣང་སྟོང་མཐའ་གང་དུ་ཡང་མ་བསྐྱོད་པས་མི་བསྐྱོད་པ་དང་། དེ་ཉིད་རང་གསལ་བ་ལས་ཅིར་ཡང་གསལ་བས་རྣམ་པར་སྣང་མཛད། གསལ་སྟོང་དབྱེར་མེད་པ་ལས་སངས་རྒྱས་ཀྱི་ཡོན་ཏན་ཀུན་འབྱུང་བས་རིན་ཆེན་འབྱུང་ལྡན། དབྱེར་མེད་དེ་ཉིད་ཤེས་བྱ་སོ་སོར་མ་འདྲེས་པར་ཞིང་ཁམས་མཐར་ཐུག་པ་མེད་པར་གསལ་བས་ན་སྣང་བ་མཐའ་ཡས། ཆོས་ཉིད་གསལ་བ་ལས་མ་གཡོས་པ་བཞིན་དུ་འཁོར་བ་མ་སྟོངས་བར་དུ་གཞན་དོན་གྱི་ཕྲིན་ལས་རྒྱུན་མི་འཆད་ཅིང་ལམ་བར་མ་དོར་ཆུད་མི་ཟ་བར་འབྲས་བུ་ལ་སྦྱོར་བས་ན་དོན་ཡོད་གྲུབ་པ་སྟེ་སྣང་བའི་ཆ་འཛིན་པས་ཡབ་ལྔ། སྟོང་པས་རྣམ་ཤེས་བསྐྱེད་ཅིང་ཆོས་ཉིད་ཀྱི་འབྱུང་གཞིར་གྱུར་པས་ན་ནམ་མཁའ་དབྱིངས་ཕྱུག་མ། ས་ཡིས་གཟུགས་སྣང་བསྐྱོད་ཅིང་རང་ལ་བཟང་ངན་གྱི་རྟོགས་པ་དང་བྲལ་ཞིང་སྣང་དུས་སྟོང་པས་སངས་རྒྱས་སྤྱན་མ། ཆུས་ཚོར་བ་བསྐྱེད་ཅིང་ཚོར་བས་ཆོས་ཐམས་ཅད་བསྐྱེད་པས་ན་མ་མཱ་ཀཱི། མེ་གསལ་བས་འདུ་ཤེས་བསྐྱེད་ཅིང་རྟོགས་ན་གཟུང་འཛིན་གྱི་ལྷག་པ་ལས་སྐྱོབ་པ་དང་། སྲིད་པའི་ལྗེན་ལྗིན་སྐམ་པར་བྱེད་པས་ན་གོས་དཀར་མོ། རླུང་གིས་འདུ་བྱེད་ཀྱི་ལས་བསྐྱེད་ཅིང་ཕྲིན་ལས་ཀྱིས་སེམས་ཅན་སངས་རྒྱས་ཀྱི་སར་སྒྲོལ་བ་ལས་མི་འདའ་བས་དམ་ཚིག་སྒྲོལ་མ་སྟེ། སྟོང་པའི་ཆ་འཛིན་པས་ན་ཡུམ་ལྔ་དང་། དེ་ལྟར་ཡེ་ཤེས་ཡབ་ཡུམ་ལ། གཅིག་ལ་འང་ལྔ་ལྔ་ཤེས་པར་བྱའོ། །སྐུ་ལྔ་ནི་འཁོར་འདས་ཀྱི་ཆོས་ཀུན་སྣང་ལ་རང་བཞིན་མེད་པར་ཤར་བ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆོས་སྐུའོ། །ཐམས་ཅད་དུ་རིགས་པ་རང་སྣང་བ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །སྣང་སྟོང་དབྱེར་མེད་པས་འཁོར་འདས་ལ་ལོངས་སྤྱོད་པས་ལོངས་སྐུའོ། །རིག་རྩལ་འགག་མེད་དུ་ཤར་བའི་ངོ་བོ་ལ་ཐམས་ཅད་ལྷུན་གྱིས་གྲུབ་པས་དགོངས་པ་ལ་འགྲོ་འོང་མེད་ཀྱང་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་པ་ནི་སྤྲུལ་སྐུའོ། །དགོངས་པ་སྐྱེ་འཇིག་དང་བྲལ་བ་ནི་རྡོ་རྗེའི་སྐུ་དང་ལྔ་། གསུངས་ལྔ་ནི། ཆོས་སྐུ་སྐྱེ་མེད་དོནགྱི་གསུང་ནི། ཆོས་ཉིད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ལམ་པས་བརྡ་མཇལ་ནས་གྲོལ་བ་ལ་བྱའོ། །མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་ནི་ཡེ་ཤེས་ལྔ་རང་ལ་གནས་པ་དང་། རྟོགས་བྱེད་ཀྱི་བློའི་ཤེས་རབ་གཉིས་འབྲེལ་བའི་བྱིན་རླབས་ཀྱི་དཔེ་ཉི་མ་ཤར་བ་དང་ཐམས་ཅད་གསལ་བ་བཞིན་དུ། འཁོར་འདས་ཐམས་ཅད་རིག་པ་རང་གསལ་བ་ལ་ལམ་པས་བརྡ་མཇལ་བའོ། །ལོངས་སྐུ་དགོངས་པ་བརྡའི་གསུང་ནི། དཔེ་མེ་ལོང་ལ་བལྟས་ན་བྱད་ལ་དྲི་མ་གང་ཡོད་གསལ་ནས་རིག་པ་བཞིན་དུ། ལོངས་སྐུ་ལ་བལྟས་པས་ཤེས་བྱའི་དྲི་མ་རིག་ཅིང་སྣང་སྟོང་དབྱེར་མེད་ལམ་པས་བརྡའ་མཇལ་བའོ། །སྤྲུལ་སྐུ་ཚིག་གི་གསུང་ནི། ཚངས་པའི་གསུང་གཅིག་གིས་རིགས་དྲུག་སོ་སོར་གོ་བ་ལྟར། སྤྲུལ་སྐུའི་གསུང་གཅིག་ལ་ཡན་ལག་དྲུག་ཅུ་དང་ལྡན་ཞིང་། སོ་སོར་རང་རང་དང་མཐུན་པར་གོ་བའོ། །རྡོ་རྗེའི་གསུང་གྲག་སྟོང་དབྱེར་མེད་ནི། དཔེ་བྲག་ཆ་ལྟ་བུའོ། །ཐུགས་ལྔ་ནི་ཡེ་ཤེས་ལྔ་སྟེ། ཅིར་ཡང་མི་དམིགས་པ་བདེ་བ་ཆེན་པོ་ཆོས་སྐུའི་ཐུགས། ཅིར་ཡང་མ་འགགས་པ་མེ་ལོང་ལྟ་བུ་མངོན་བྱང་གི་ཐུགས། དབྱེར་མེད་མཉམ་པ་ཉིད་ལོངས་སྐུའི་ཐུགས། རིག་པ་རང་སྣང་དུ་རང་གཞན་གྱི་བྱ་བ་ལྷུན་གྱིས་གྲུབ་པས་འགྲོ་བ་སྒྲོལ་བ་སྤྲུལ་སྐུའི་ཐུགས། ཅིར་ཡང་སྣང་བ་སོ་སོར་རྟོགས་པ་རྡོ་རྗེའི་སྐུའི་ཐུགས་སོ། །ཡོན་ཏན་ལྔ་ནི། སྤྱིར་གཟུགས་ཡུལ་གནས་སུ་དག་ཅིང་། རིག་པ་རང་སྣང་བས། སངས་རྒྱས་ཀྱི་ཞིང་ཁམས་སུ་ཤར་བ་ནི། ཞིང་ཁམས་ཡོན་ཏན་དང་། སྣང་བ་གནས་སུ་དག་ནས་འབྲས་བུའི་ཆོས་ཉིད་ལྷུན་གྲུབ་ཏུ་རྫོགས་པར་རིག་པ་རང་སྣང་བ་ནི་གཞལ་ཡས་ཁང་ངོ་། །འདོད་ཡོན་ལྔ་ལ་སོགས་མ་སྤངས་པར་ལོངས་སྤྱོད་ཅིང་རང་རིག་པའི་ཡེ་ཤེས་སུ་ལྷུན་གྱིས་རྫོགས་པའི་ཕྱིར། དབུ་རྒྱན་ལ་སོགས་རྒྱན་དུ་མས་བརྒྱན་ཆ། སྙིང་རྗེས་མཐར་ཕྱིན་ནས་ཆོས་ཉིད་མ་བསྒྲིབ་པར་ཡེ་ཤེས་རང་གསལ་བའི་ཕྱིར། འོད་ཟེར་ཁ་དོག་དྲུག་ལྡན་སྣ་ཚོགས་སུ་འཕྲོ་བས་རིགས་དྲུག་གི་དོན་བྱེད་པ་ནི་འོད་ཟེར། མི་འཇིགས་སེང་གེ། སྟོབས་གླང་ཆེན། རྫུ་འཕྲུལ་རྟ། དབང་རྨ་བྱ། ཕྲིན་ལས་ཤང་ཤང་། རེ་བ་བསྐང་བ་རིན་པོ་ཆེའི་ཁྲི། མ་ཆགས་པད་མའི་གདན། ཐབས་ཤེས་ཉི་ཟླའི་གདན་ནི། གདན་ཁྲི་ཡོན་ཏན་ཅན་ནོ། །ཕྲིན་ལས་ལྔ་ནི། ནད་གདོན་སྡིག་སྒྲིབ་གཟུང་འཛིན་གྱིས་མཚན་མ་ཞི་བ། ཚེ་དང་བསོད་ནམས་སྐུ་དང་ཡེ་ཤེས་རྒྱས་པ། ལྷ་འདྲེ་མི་གསུམ་མཐའ་གཉིས་དབང་དུ་བསྡུ་བ། དགྲ་བགེགས་ཉོན་མོངས་འཇོམས་པའི་དྲག་ལས་བྱ་བ། དེ་བཞི་ལྷུན་གྱིས་གྲུབ་པ་དང་ལྔའོ། །དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཀྱང་ལྔ་ལྔར་ཕྱེ་བས་ན། གསུམ་པ་རྣམ་གྲངས་ཀྱི་ངོས་ནས་གདམས་པ་དང་བཅས་པ་ནི། དེ་ལྟར་གོང་གི་ལྔ་རྣམས་བརྩིས་པས་བཞི་བཅུ་རྩ་ལྔ་ཡི་བྱེ་བྲག་རྣམས་ཀྱི་མཚན་ཉིད་ཐོས་བསམ་གྱིས་ཤེས་ཤིང་རྟོགས་ནས་སྒོམ་པ་ཏིང་ངེ་འཛིན་གྱིས་བསྒྲུབ་ཅིང་ཉམས་སུ་བླང་བར་བྱའོ། །ལྔ་པ་ཤེས་པར་བྱ་བའི་དམ་ཚིག་ལ་གསུམ་གྱི་དང་པོ་མདོར་བསྟན། རྣམ་པར་ཤེས་པ་ལ་ཚོགས་བརྒྱད། གཟུགས་ལ་གཟུགས་ཆེན་བཅོ་ལྔ། ཚོར་བ་ལ་དྲུག་གསུམ་བཅོ་བརྒྱད། འདུ་ཤེས་ལ་ཟབ་པ་རྒྱ་ཆེ་ཆུང་གསུམ། འདུ་བྱེད་ལ་ཚོར་བ་འདུ་ཤེས་གཉིས་གོང་དུ་སོང་ནས་བཞི་བཅུ་རྩ་དགུ་སྤུང་བས་ཕུང་པོ་ལྔ་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་ཐམས་ཅད་ཀྱི་འབྱུང་གཞིར་གྱུར་པས་འབྱུང་བ་ལྔ་དང་། མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་དང་། རྣ་བའི་དབང་པོ་གྲོ་ག་བཅུས་པ་ལྟ་བུ། སྣའི་དབང་པོ་ཟངས་ཁབ་གཤིབ་པ་ལྟ་བུ། ལྕེའི་དབང་པོ་ཟླ་བ་བཀས་པ་ལྟ་བུ། ལུས་ཀྱི་དབང་པོ་བྱ་རེག་འཇམ་གྱི་པགས་པ་ལྟ་བུ་སྟེ་ཚོར་བ་བསྐྱེད་ནུས་པས་དབང་པོ་ལྔ་དང་། མིག་གི་ཡུལ་གཟུགས་ལ་ཁ་དོག་དང་དབྱིབས་གཉིས། རྣ་བའི་ཡུལ་སྒྲ་ལ་ཟིན་མ་ཟིན་གཉིས། སྣའི་ཡུལ་དྲི་ལ་བཟང་ངན་གཉིས། ལྕེའི་ཡུལ་རོ་ལ་དྲུག །ལུས་ཀྱི་ཡུལ་རེག་བྱ་ལ་འཇམ་རྩུབ་གཉིས་ཏེ་དབང་ཤེས་སྐུའི་སྐྱེ་ནུས་པའི་ཡུལ་ལྔ་དང་། རྐང་ལག་བཞི་མགོ་དང་ལྔ་ནི་ལུས་ལས་གྱེས་པའི་ཡན་ལག་ལྔ་དང་། ཡན་ལག་ལས་གྱེས་པའི་ཉིང་ལག་སོར་མོ་ལྔ་དང་། བཟང་པོ་ལ་འདོད་ཆགས། ངན་པ་ལ་ཞེ་སྡང་། བར་པ་ལ་གཏི་མུག །བདག་ཏུ་ང་རྒྱལ། གཞན་ལ་ཕྲག་དོག་སྟེ་ལུས་སེམས་སྡུག་པར་བྱེད་པའི་ཉོན་མོངས་ལྔ་དང་། དྲི་ཆེན། དྲི་ཆུ། ཤ་ཆེན། རཀྟ། བྱང་སེམས་ཏེ་དམ་རྫས་ལྔ་དང་། མི་ཞེ་སྡང་། གླང་ཆེན་གཏི་མུག །རྟ་ང་རྒྱལ། རྨ་བྱ་འདོད་ཆགས། ཁྱི་ཕྲག་དོག་སྟེ་ཤ་ལྔ་དང་མི། ཤར་ལྷོ་ནུབ་བྱང་དབུས་དང་ཕྱོགས་ལྔ་དང་། མཐིང་དཀར་སེར་དམར་ལྗང་སྟེ་ཁ་དོག་ལྔ་དང་། རིགས་དྲུག་ལ་ལྷ་མ་ཡིན་ལྷར་བརྩིས་པས་འགྲོ་བ་ལྔ་དང་། དུས་ཀྱི་སྙིགས་མ་དུས་ངན་རྩོད་པའི་དུས། ཚེའི་སྙིགས་མ་ཚེ་ལོ་བརྒྱ་པ་མན་ཆད། ལས་ཀྱི་སྙིགས་མ་མི་དགེ་བ་བཅུ་ལ་སྤྱོད་པ། སེམས་ཅན་གྱི་སྙིགས་མ་དུས་དེར་སྐྱེ་བའི་སེམས་ཅན། ཉོན་མོངས་པའི་སྙིགས་མ་སྐྱེ་སླ་ལ་འཇིག་དཀའ་བ་སྟེ་སྙིགས་མ་ལྔ་དང་། ཉོན་མོངས་པ་ཅན་གྱི་ཡིད་ལ་དྲི་མ་ཅན་གྱི་འཁོར་བཞི་སྟེ། བདག་ཏུ་རློམ་པ། བདག་ཏུ་འཛིན་པ། བདག་ཏུ་ཆགས་པ། བདག་ཏུ་ང་རྒྱལ་བ་སྟེ། དེ་ཡང་རྫས་ཅན་གསེར་ལྟ་བུ་གཅིག་ལ། དང་པོ་གསེར་ཕྱི་འཁོར་ལ་ཡོད་ན་གསེར་འདི་བྱེ་བྲག་ཏུ་ང་ཡིས་ཨི་ལོན་བསམ་པ་ནི་བདག་ཏུ་རློམ་པ། ལོན་ནས་གསེར་འདི་ངའི་གསེར་ཞེས་བདག་ཏུ་འཛིན་པ། གསེར་འདི་གཅེས་པའི་ཆ་ནས་བདག་ཏུ་ཆགས་པ། གསེར་འདི་ང་ལ་ཡོད་གཞན་ལ་མེད་བསམ་པས་བདག་ཏུ་ང་རྒྱལ་བ་དང་བཞིས་བསྐོར་བས་བག་ཆགས་ལྔ་དང་། ཡང་ན་བདག་ཏུ་འཛིན་པ། བདག་ཏུ་ཆགས་པ། བདག་ཏུ་རློམ་པ། བདག་ཏུ་ང་རྒྱལ་བ་སྟེ། དེ་ཡང་རྫས་ཅན་གསེར་ལྟ་བུ་གཅིག་ལ། དང་པོ་གསེར་དུ་འཛིན། དེ་ནས་འདོད་སེམས་ཀྱིས་ཆགས། དེ་ནས་ངས་ལོན་པར་བྱེད་བསམ་ནས་རློམ། ལོན་པ་ལ་འདི་ཡོད་བསམ་པའི་ང་རྒྱལ་དུ་འདོད་པ་ཡང་སྣང་། དེ་རྣམས་རེ་རེ་ལ་ལྔ་ལྔ་པོ་དག་ཏུ་ཕྱེས་པས། གྲངས་བདུན་ཅུ་ཡོད་པ་ལ་སོགས་འཁོར་བའི་ཆོས་ཐམས་ཅད་ནི། གཉིས་པ་འཁོར་བའི་ཆོས་ཐམས་ཅད་ཡེ་ནས་རིག་སྐུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་ཀ་ནས་དག་པ་ཡིན་པ་ནི། ཡེ་ཤེས་ལྔ། སྐུ་ལྔ། རིགས་ལྔ། ཡབ་ལྔ། ཡུམ་ལྔ། ལ་སོགས་རྟོག་ཚོགས་རྒྱལ་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་ངང་གིས་ཀ་ནས་དག་པ་ཡིན་ཏེ། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། དབང་པོ་ལྔ་རིགས་ལྔ། དེའི་ཡུལ་ལྔ་ཡུམ་ལྔ། ཡན་ལག་ལྔ་རིགས་ལྔ། གཡས་ཀྱི་སོར་མོ་ལྔ་རིགས་ལྔ། གཡོན་གྱི་སོར་མོ་ལྔ་ཡུམ་ལྔ། ཉོན་མོངས་པ་ལྔ་ཡེ་ཤེས་ལྔ། དམ་རྫས་ལྔ་རིགས་ལྔ། ཤ་ལྔ་ཡུམ་ལྔ། ཕྱོགས་ལྔ་རིགས་ལྔ། ཁ་དོག་ལྔ་ནི་ཡེ་ཤེས་ལྔའི་རང་འོད་རིག་ལྔའི་ཁ་དོག །འགྲོ་བ་རྒྱུད་ལྔའི་ལམ་ནི། དུག་ལྔ་ཡིན་པ་ནི་ཡེ་ཤེས་ལྔ། སྙིགས་མ་ལྔ་ཉིད་བདེ་བ་དང་ལྡན་པས་ན། སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད། བག་ཆགས་ལྔ་ནི་ཉོན་མོངས་པ་སྟེ་ཡེ་ཤེས་སོ། །གསུམ་པ་དེའི་དོན་རྟོགས་པ་ནི་ལྟ་བའི་གདིང་དང་ལྡན་པ་ནི། དོན་དེ་རྣམས་རང་གིས་ཐོས་ཤིང་བསམ་པས་བློ་ལ་ཉམས་སུ་བླངས་པས་དོན་རྟོགས་པའི་ངོ་བོ་ནི། བསམ་པའི་བློའི་སྤྱོད་ཡུལ་དང་བྲལ་ཞིང་ཡང་དག་པའི་སྣང་སྟོང་དབྱེར་མེད་ཀྱི་དོན་རྣལ་མ་ལ་རིག་པ་འབྱོར་བའོ། །གཉིས་ཐུན་མོང་གི་ཡན་ལག་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། ཐེག་པ་རིམ་པ་དགུའི་ཐུན་མོང་གི་བསྲུང་བྱའི་དམ་ཚིག་ལ་མཐའ་ཡས་ཀྱང་མདོར་བསྡུས་ནས། བདག་དོན་ཉི་ཤུ་རྩ་གཅིག །གཞན་དོན་དུ་བཞི་བཅུ་ཞེ་བཞིར་ཤེས་པར་བྱ། གཉིས་པ་རྒྱས་བཤད་དེ་ལ་གཉིས་ཡོད་པའི་དང་པོ། བདག་དོན་དུ་བསྲུང་བ་ལ་གཉིས་ཀྱི་ཐོག་མར། སྤང་བྱའི་སྐྱོན་རྣམས་བསྟན་པ་ནི། སྐུགས་བཙུག་ནས། ཤོ་དང་མིག་མང་ལ་སོགས་རྒྱན་འགྱེད་པར་བྱེད་པ་དང་། ཆོས་དང་མི་མཐུན་པའི་ལུས་མཛེས་པར་བྱེད་པའི་ཐབས་ཀྱི་སྒེག་ཆོས་རྣམས་དང་གཅིག །དམག་དང་སྟོན་མོ་ཚོང་དུས་ལ་སོགས་པའི་མི་མང་པོ་འདུས་པའི་སར་འགྲོ་འདོད་པ་དང་གཉིས། དགྲ་སྡང་སྡིག་འཕེལ་མི་བསྔགས་འཆི་ཉེས་ཅན། །དེ་ཕྱིར་མཁས་པས་འཁྲུགས་པའི་ལྟད་མོ་སྤང་། །ཞེས་སོ། །ཆང་དད་ཆེ་བ་དང་གསུམ། དེ་ལ་སྐྱོན་ཅི་ཡོད་ན། ཡོ་ག་རྡོ་རྗེ་རྩེ་མོ་ལས། ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །ཞེས་དང་། གདོང་དྲུག་ལས། ཉེས་པ་ཐམས་ཅད་བསྐྱེད་བྱེད་པའི། །ཆང་ནི་སྔགས་པས་སྤང་བར་བྱ། །ཞེས་དང་། དཔལ་ཡང་དག་གི་སྒྲུབ་པ་ལས། སྒྲུབ་པ་པོ་རྣམས་ཏིང་ངེ་འཛིན་གྱི་འགལ་རྐྱེན་ཆང་སྤང་བར་བྱའོ། །ཞེས་དང་། དགོངས་འདུས་ལས། ཐུག་ཐུབ་ར་ཆོད་ང་རྒྱལ་རིས། །དྲག་བྱེད་དབང་པོ་ཉམས་པའི་བཅུད། །སྙོམ་ལས་ལེ་ལོའི་གཞིར་གྱུར་པ། །དཔའ་བྱེད་རྐྱེན་ཡང་རྣམ་པར་བསྡོམ། །ཞེས་སོ། །གནང་བ་ནི། དགྱེས་རྡོར་ལས། དེར་ནི་ཆང་ནི་བཏུང་བར་བྱ། །ཞེས་པས། ཚོགས་ཀྱི་སྐབས་སུ་གནང་ལ། བྱིན་གྱིས་མ་བརླབས་པའི་ཆང་བཏུང་བར་མི་བྱ་སྟེ། བདེ་མཆོག་ལས། བྱིན་གྱིས་མ་བརླབས་ཆང་བཏུང་ན། །དམྱལ་བ་ངུ་འབོད་གནས་སུ་སྐྱེ། །ཞེས་གསུངས་སོ། །ང་རྒྱལ་གྱི་དྲེག་པས་ལུས་ཀྱི་སྒོ་ནས་མཆོང་རྒྱུག་གྱད་འདེགས་ལ་སོགས་པ་མ་ཞི་བའི་སྤྱོད་པས་གཞན་ཟིལ་གྱིས་གནོན་པར་བྱེད་པ་རྣམས་དང་། ངག་གི་སྒོ་ནས་ཚིག་རྩུབ་ཀྱིས་གཞན་གྱི་ཞེ་གཅོད་ཅིང་རང་མཐོ་བའི་ཚིག་འདོན་པ་དང་བཞི། སེམས་ཀྱི་སྒོ་ནས་ཁེང་སེམས་ཀྱིས་བླ་མ་དང་མཆེད་ལ་མི་གུས་ཤིང་སེམས་ཅན་གཞན་ལ་སྙིང་རྗེ་དང་མི་ལྡན་པ་དང་ལྔ། རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་པོར་བྱིན་གྱིས་བརླབས་ནས། རང་བས་ཡུལ་དམའ་བ་རྣམས་ལ་ཕྱག་མི་བྱེད་པ་དང་དྲུག །ཞར་ལ་སྔགས་ལ་དགོངས་པ་མཐོ་དམན། དབང་གྲངས་མང་ཉུང་། དབང་ཟབ་མི་ཟབ་ཉན་ཐོས་ལ་སྡོམ་པ་ཚང་མི་ཚང་། བྱང་ཆུབ་སེམས་དཔའ་ལ་སེམས་བསྐྱེད་ཡོད་མེད་རྣམས་ཤེས་པར་བྱའོ། །རང་དེ་ཙམ་མིན་ཡང་གོང་མ་ཆེན་པོ་རྣམས་ཀྱི་གསུངས་ཚུལ་གྱི་ངག་ལྟར་བྱེད་པ་དང་བདུན། གཞན་གྱིས་དགེ་བའི་བྱེ་བྲག་གང་བྱེད་ལ་ཁེ་བྲག་ཆེ་ལ་འཆོས་ཡིན་བྱས་པས་སྨོད་པ་དང་བརྒྱད། གཞན་གྱིས་སྡིག་ལས་བྱེད་པ་ལ་དཔའ་བོ་ཕོ་རྒོད་ཟེར་ནས་བསྟོད་པ་དང་དགུ། ཆོས་བསྒྲུབ་པ་ལ་བརྩོན་འགྲུས་མི་བྱེད་ནས་ལེ་ལོ་བྱེད་པ་དང་བཅུ། དཀོན་མཆོག་གསུམ་དང་བླ་མ་དང་གྲོགས་པོ་ཆོས་བསྒྲུབ་པའི་ཕྱོགས་སུ་ནོར་གཏོང་མི་ནུས་པའི་སེར་སྣ་ཆེ་བ་དང་བཅུ་གཅིག །དགེ་སྦྱོར་བྱེད་དུས་གཏི་མུག་དབང་དུ་བཏང་ནས་གཉིད་ལ་དགའ་བ་དང་བཅུ་གཉིས་འཇིག་རྟེན་གྱི་བྱ་བས་གཡེང་ནས་དགེ་བ་མི་བྱེད་པ་དང་བཅུ་གསུམ། སེམས་ཁྲོ་ཤིང་ལུས་ངག་གཏུམ་པའི་སྤྱོད་པས་ཞེ་སྡང་གི་སྡིག་ལས་བྱེད་པ་དང་བཅུ་བཞི། ལས་གང་བྱེད་ལ་ལེགས་ཉེས་ཡི་སྐྱོན་ཡོན་ཤེས་པའི་བསམ་པ་སྔོན་དུ་མི་གཏོང་ཞིང་གཞན་གྱིས་བཅོས་ཀྱང་མི་ཉན་པ་དང་བཅོ་ལྔ། བླ་མ་དང་གྲོགས་པོའི་བཀའ་གཅོག་པ་དང་བཅུ་དྲུག །ཆོས་དོན་དུ་མི་གཉེར་ཞིང་ཚེ་འདིར་དོན་དུ་གཉེར་བ་ལ་ཉ་པ་རྔོན་པ་ལ་སོགས་མི་དགེ་བ་སྡིག་པའི་གྲོགས་པོ་བརྟེན་པ་དང་བཅུ་བདུན། གོང་མ་རྣམས་ཀྱི་ཐུགས་དཀྲུགས། བར་མ་རྣམས་ཀྱི་ཞེ་གཅོད། དམན་པ་རྣམས་ལ་དངོས་སུ་གནོད་པའི་བག་མེད་པའི་སྤྱོད་པ་དང་བཅོ་བརྒྱད། དགེ་བ་བསྒྲུབ་པར་དམ་བཅས་པ་མི་བྱེད་ནས་དོར་བ་དང་བཅུ་དགུ། ལོངས་སྤྱོད་རང་ལ་ཕུན་སུམ་ཚོགས་ཀྱང་ཆོག་མི་ཤེས་ཏེ་སྣོན་པ་བཙལ་བའི་བསམ་པས་སྲིད་པ་ཕྱིར་ཕྱིར་ཆེ་བ་དང་ཉི་ཤུ། འཇིག་རྟེན་ཁེ་དྲག་གི་སྒོ་ནས་ཆོས་ཀྱི་དོན་དང་སྤྱོད་ལམ་གྱིས་དོན་གང་ཡང་གཞན་ལ་ངོམ་པ་ལ་དགའ་བ་དང་ཉེར་གཅིག་གོ། །གཉིས་པ་དེ་ལས་བཟློག་པའི་ཡོན་ཏན་བསྟན་པ་ནི། གོང་དུ་བསྟན་པའི་སྤང་བྱ་ཉི་ཤུ་རྩ་གཅིག་པོ་དེ་ལས་བཟློག་སྟེ་སྤངས་པ་ནི། རྣལ་འབྱོར་པ་བདག་གི་དོན་མཆོག་ཏུ་འགྱུར་བ་ཡིན་ཏེ། མཁའ་འགྲོ་ཆོས་སྐྱོང་ལ་སོགས་འཇིག་རྟེན་ལྷ་མི་ཀུན་གྱིས་བདག་ཉིད་གཙུག་ཏུ་ཁུར་ཞིང་བསྐུར་བར་འགྱུར། གཉིས་པ་གཞན་དོན་ལ་གཉིས་ཀྱི་དང་པོ་ཐུགས་རྗེས་སྤྱོད་པའི་ངོས་ནས་གཞན་དོན་ཉམས་སུ་བླང་བ་ནི། སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱི་སྤྱོད་པ་ནི། སྦྱིན་པ་གཏང་། ཚུལ་ཁྲིམས་བསྲུང་། བཟོད་པ་བསྒོམ་བཙོན་འགྲུས་བརྩམ། བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་བསྐྱེད་པ་སྟེ་དྲུག་དང་། ཡི་གེ་བྲི། དཀོན་མཆོག་མཆོད། སེམས་ཅན་ལ་སྦྱིན་པ་གཏོང་བ་དང་། ཆོས་ཉན་པ་དང་། ཀློག་པ་དང་། ཚིག་འཛིན་པ་དང་། གཞན་ལ་འཆད་པ་དང་། རང་གིས་ཁ་ཐོན་བྱེད་པ་དང་། དེའི་དོན་ལ་སེམས་ནས་བསམ་པ་དང་། བསྒོམ་པ་སྟེ་དགེ་འདུན་གྱི་ཆོས་སྤྱོད་བཅུ་ལ་སྤྱོད་པ་དང་། འོ་ན་ཕར་ཕྱིན་དྲུག་ཆོས་སྤྱོད་བཅུ་པོ་འདི་རྣམས་རང་གཞན་གཉིས་ཀའི་དོན་དུ་སྤྱད་དགོས་ཟེར་ན། སེམས་བསྐྱེད་ཀྱིས་ཟིན་ན་རང་དོན་ཡང་གཞན་དོན་ཡིན་ལ། སེམས་བསྐྱེད་ཀྱིས་མ་ཟིན་ན་གཞན་དོན་བྱེད་པ་ལྟར་དུ་སྣང་ཡང་རང་དོན་ཡིན་ནོ། །ཟང་ཟིང་སྦྱིན་པས་ཆོས་ལ་འཛུད། སྙན་པར་སྨྲ་བས་ཆོས་ལེགས་པར་སྟོན། དོན་སྤྱོད་པས་ཆོས་ཉམས་སུ་ལེན་བཅུག །དོན་དང་མཐུན་པས་རང་གཞན་གཉིས་ཀའི་ཆོས་དང་མཐུན་པར་བྱས་ཏེ། བསྡུ་བའི་དངོས་པོ་རྣམ་པ་བཞིའི་འཕྲིན་ལས་ཀྱི་སྤྱོད་པ་དང་། ཡང་ན་འཕྲིན་ལས་རྣམ་པ་བཞི་ཡང་ཟེར། གདུལ་བྱ་རང་རང་དང་དོན་མཐུན་པར་འཇུག་པའི་ཐབས་ཀྱི་སྤྱོད་པ་ནི། ཐེག་པ་དགུ་ཡིས་འདུལ་བ་ལ། དབང་པོ་རབ་འབྲིང་རང་རང་གི་བློ་དང་མཐུན་པར་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། བྱ་བ་སྤྱོད་པ་རྣལ་འབྱོར་གསུམ། བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ་དང་དགུ་སྟོན་པ་དང་། མུ་སྟེགས་འདུལ་བ་ལ་བྱེ་བྲག་པ་དང་ཐ་སྙད་པ་གཉིས་ནི་ཉན་ཐོས་ཀྱི་མུ་སྟེགས་པ་སྟེ་གཅིག །རང་སྣང་ཕྱོགས་གཅིག་པ་ནི་རང་སངས་རྒྱས་ཀྱི་མུ་སྟེགས་པ་དང་གཉིས། ཕྲ་བ་རྣམ་བདེན། ཟབ་པ་རྣམ་རྫུན། རྒྱ་ཆེར་ཡངས་པ་དབུ་མ་དང་གསུམ་བྱང་ཆུབ་སེམས་དཔའི་མུ་སྟེགས་པ་དང་གསུམ། རིག་བྱེད་པ། རིག་སྤྱོད་པ། རིག་སྦྱོར་བ་གསུམ་ནི་སྔགས་ཕྱི་རྒྱུད་གསུམ་གྱི་མུ་སྟེགས་པ་གསུམ་དང་དྲུག །བརྟུལ་ཞུགས་ཆེར་སྤྱོད་པ་དང་། རྒྱལ་ཐབས་དང་། རྒྱལ་དཔོག་པ་དང་གསུམ་སྟེ་ནང་པ་རྣམ་གསུམ་ཀྱི་མུ་སྟེགས་པ་དགུ་པོ་རང་རང་གི་ཚུལ་དང་བསྟུན་ཅིང་མཐར་ནང་པ་ལ་བཙུད་པ་དང་། འགྲོ་བ་རིགས་དྲུག་གི་དོན་བྱེད་པ་ལ་རང་རང་གི་སྤྱོད་པ་རྣམས་དང་མཐུན་པའི་སྒོ་ནས་དོན་བྱེད་དགོས་པ་ལ། སྤྱོད་པ་དེ་རྣམས་རང་རྒྱུད་དུ་འཛིན་པ་དང་དེར་ལྟུང་དགོས་ཀྱི་རྣམ་གྲངས་མེད་པར་སྤྱད་ཅིང་དོན་འགྱུར་ཅི་ལྟར་སྣང་བ་དེ་ཡང་ཉམས་སུ་བླང་སྟེ། རྔོན་པ་འདུལ་བ་ལ་རྔོན་པ། སྨད་འཚོང་མ་འདུལ་བ་ལ་སྨད་འཚོང་མ་ལ་སོགས་གང་ལ་གང་འདུལ་གྱི་དོན་བྱ་བའོ། །གཉིས་པ་རྣམ་གྲངས་ཀྱི་ངོས་ནས་གདུལ་བྱ་མི་སྤང་བར་གདམས་པ་ནི། ཕར་ཕྱིན་དྲུག་ཆོས་སྤྱོད་བཅུ་བསྡུ་དངོས་བཞི་ཐེག་པ་དགུ་མུ་སྟེགས་དགུ་འགྲོ་བ་རིགས་དྲུག་སྟེ་གཞན་དོན་བཞི་བཅུ་རྩ་བཞི་ལ་སོགས་པ་ཡི། གདུལ་བྱ་གང་ཡང་གང་ལ་གང་འདུལ་གྱི་དོན་བྱ་ཞིང་། དོར་བར་མི་བྱའོ། །གཉིས་པ་བསྲུང་བའི་མན་ངག་ཕན་ཡོན་དང་བཅས་པའི་སྒོ་ནས་ཞབས་བསྡུ་བ་ནི། གོང་གི་རྩ་བ་དང་ཡན་ལག་གི་བསྲུང་བར་བྱ་བ་དེ་དག་བསྲུང་ཚུལ་ནི། དཔེར་ན་བྱང་བའི་ལུག་རྫི་ཡིས་ལུག་སྐྱོང་བ་ལ་ཚང་བ་སྐྱོང་ཞིང་མ་ཚང་བ་རྣམས་གཞུག་པ་བཞིན་དུ། རྣམ་གྲངས་སུམ་བརྒྱ་དྲུག་ཅུ་བཏབ་ནས་ཉིན་མཚན་དུས་དྲུག་ཏུ་དྲན་པ་དང་ཤེས་བཞིན་གྱིས་བྱ་ར་བ་བཏང་ནས་ལས་དང་པོ་པས་རྡེའུ་དཀར་ནག་བགྲང་སྟེ། སུམ་བརྒྱ་དྲུག་བཅུའི་རྣམ་གྲངས་ཚང་བ་བསྲུང་། མ་ཚང་ན་བཤགས་སྡོམ་བྱས་ནས་གཞུགས་ཅིང་། དང་པོ་ཐུན་མོང་གི་ཡན་ལག་ནུས་ལྡན་དུ་བསྲུངས་ལ། ཁྱད་པར་གྱི་ཡན་ལག་མོས་བསྲུང་བྱེད་ཅིང་། མཐར་ཐུན་མོང་གི་དམ་ཚིག་གཞན་དོན་དུ་བསྲུངས་ལ། ཁྱད་པར་གྱི་དམ་ཚིག་ནུས་ལྡན་དུ་བསྲུང་བ་ལ་སྤྱོད་པའི་ཡོན་ཏན་ནི། སྣང་སྟོང་དབྱེར་མེད་ཀྱི་དོན་རྣལ་མ་ལ་རང་རིག་པའི་བློ་འབྱོར་ཞིང་སྤྱོད་ཡུལ་ཐམས་ཅད་ཡེ་ཤེས་སུ་ཤར་བའི་དབང་ཕྱུག་ཆེན་པོར་འགྱུར་ཞེས་རྒྱལ་བ་ཀུན་བཟང་གིས་གསུངས་སོ། ༈ །སྤྱི་དོན་བཞི་པ་དམ་ཚིག་ཉམས་པའི་རྒྱུ་བསྟན་པ་ལ་གསུམ་གྱི་དང་པོ་མདོར་བསྟན་ནི། གོང་དུ་སོང་བའི་དམ་ཚིག་དེ་རྣམས་ཉམས་པར་གྱུར་པའི་རྒྱུ་དག་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། གཉིས་པ་ཉམས་རྒྱུའི་རྣམ་གྲངས་རྒྱས་བཤད་ནི། ལྷ་ཆོས་དང་འདྲ་བའི་མི་ཆོས་རྒྱལ་པོའི་བློན་པོ་ལྟ་བུའི་ལས་གཞན་ཕྱོགས་ཕམ་ཞིང་རང་ཕྱོགས་རྒྱལ་བར་བྱེད་པའི་ཐབས་ལ་འབད་པ་ལ་ཡེངས་པས་ཀུན་ཉམས་ཀྱང་ཁྱད་པར་དུ་སྐུའི་དམ་ཚིག་ཉམས་པའི་རྒྱུ་དང་གཅིག །བདག་གི་སྐྱོན་རྣམས་སྦ་ཞིང་ཡོན་ཏན་གང་ཡོད་ཚིག་གིས་བརྒྱན་ནས་བསྟོད་པ་དང་གཉིས། གཞན་གྱི་ཡོན་ཏན་ཐམས་ཅད་བསྐུང་ཞིང་སྐྱོན་གང་ཡོད་ཚིག་གིས་བརྒྱན་ནས་སྨད་པ་དང་གསུམ། གཏམ་ཅི་སྨྲས་ན་ཡང་གཞན་ལ་ཕྲག་དོག་པའི་ངོས་ནས་ཟུར་ཟ་ནས་ཐབས་མཁས་པའི་སྒོ་ནས་བསྟོད་ཚུལ་གྱིས་སྨོད་པ་དང་བཞི། དེ་རྣམས་སྐུའི་དམ་ཚིག་ཉམས་པའི་རྒྱུར་འགྲོའོ། །ཟས་ནོར་གྱི་ཁེ་འདོད་པ་དང་། འཇིག་རྟེན་གྱི་གྲག་པ་ཉིད་འདོད་པའི་ཕྱིར་འཁོར་དང་ཟས་ནོར་འདུ་བའི་ཐབས་འཛིན་ཞེན་གྱིས་རྟ་རྒྱུག་ཅིང་འབུལ་འགྱེད་ལ་སོགས་པ་དུ་མ་བསྟན་པ་དང་ལྔ། དེ་ན་ཀུན་ཉམས་པའི་རྒྱུ་ཡིན་ནོ། །ནོར་རྫས་ཀྱི་དངོས་པོ་རྣམས་ལ་ཆགས་སེམས་ཆེ་བས་ངག་གིས་གཡམ་པ་ལྟར་བྱེད་ནས་སེམས་ཀྱིས་བྱི་ལའི་སྤར་མོ་ལྟར་བསྡམ་པ་དང་དྲུག །བྱ་བ་ཅི་ལ་ཡང་རང་ཕྱོགས་ཆེ་ནས་གཞན་བློས་དོར་བ་དང་བདུན། དེ་གཉིས་ནི་སྐུའི་དམ ཚིག་ཉམས་པའི་རྒྱུ་ཡིན་ལ་གཞན་རྣམས་ཆ་ཕྲ་མོ་ཙམ་ཡོད་ཆང་དད་ཆེ་བ་ནི་ཀུན་ཉམས་པའི་རྒྱུ་ཡིན་པ་དང་བརྒྱད། རང་རིགས་མཐོ་སྒོ་བཟང་། ཡོན་ཏན་ཆེ་བར་རློམས་ནས་རང་མཐོང་ཆེ་བ་ནི་སྐུའི་དམ་ཚིག་ཉམས་པའི་རྒྱུར་འགྲོ་བ་དང་དགུ། ལྟ་སྒོམ་སྤྱོད་གསུམ་སྡོམ་ལས་སུ་བཏང་ནས་ཡལ་བ་ནི་བྱང་སེམས་སྐུ་གསུང་ཐུགས་ཁྱད་པར་གྱི་ཡན་ལག་ཉམས་པའི་རྒྱུར་འགྲོ་བ་དང་བཅུ། ཆོས་ལ་ཕྱོགས་རིས་བྱེད་ནས་ཆགས་སྡང་ཆེ་བ་ནི་བྱང་ཆུབ་སེམས་ཀྱི་དམ་ཚིག་ཉམས་པའི་རྒྱུ་ཡིན་པ་དང་བཅུ་གཅིག །ཆོས་དང་འཇིག་རྟེན་གྱི་བྱ་བའི་ཡོན་ཏན་གཉིས་ཀ་གཞན་ལ་ངོམ་སྐྱེན་པ་ནི་ཐུགས་ཀྱི་དམ་ཚིག་ཉམས་པའི་རྒྱུར་འགྲོ་བ་དང་བཅུ་གཉིས། གསང་བར་གདམ་པ་ལ་སོགས་པ་སྐྱོན་ཡོན་གང་ཡང་གསང་ཆུང་བ་ནི་ཐུགས་ཀྱི་དམ་ཚིག་ཉམས་པའི་རྒྱུར་འགྲོ་བ་དང་བཅུ་གསུམ། བརྩོན་འགྲུས་ཆུང་ཞིང་ལེ་ལོ་ཆེ་བ་ནི་གསུང་སྐུ་བྱང་སེམས་ཉམས་པའི་རྒྱུར་ཉེ་བ་དང་བཅུ་བཞི། གཙང་སྨེ་ཆེ་བ་ནི་དང་བླང་ཉམས་པའི་རྒྱུར་འགྲོ་བ་དང་བཅོ་ལྔ། བླ་མ་དང་མཆེད་ལ་སོགས་པ་རྣམས་ལ་སྐྱོན་མེད་པ་ལ་སྐྱོན་ཡོད་ཟེར་ནས་སྒྲོ་བཏགས་པ་དང་། ཡོན་ཏན་ཡོད་པ་ལ་མེད་ཅེས་སྐུར་པས་བཏབ་པ་ནི། སྐུའི་དམ་ཚིག་ཉམས་ཉེ་བ་དང་བཅུ་དྲུག །ཐབས་ཀྱིས་གྲོགས་པོ་རྣམས་ཀྱི་ཁ་ཚོད་ཉུལ་ནས་ཅི་འདྲ་ཉམས་ལེན་བྱེད་ཅིང་སྐྱོན་གང་ཡོད་གཞན་ལ་སྒྲོགས་པ་ནི་སྐུ་ཉམ་པའི་རྒྱུ་ཡིན་པ་དང་བཅུ་བདུན། འཁོར་བའི་རང་གི་རིགས་རྒྱུད་བུ་དང་ཚ་བོ་ནོར་རྣམས་འཕེལ་བར་འདོད་ཅིང་དེ་ལ་བརྩོན་པ་ནི་ཀུན་ཉམས་པའི་རྒྱུར་འགྲོ་བ་དང་བཅོ་བརྒྱད། རང་གཅིག་པུར་དགོན་པར་མི་གནས་པ་ནི་ཀུན་ཉམས་པའི་རྒྱུ་ཡིན་པ་དང་བཅུ་དགུ། འདུས་ཚོགས་གར་ཆེ་ས་ལ་དགའ་བ་ནི་ཀུན་ཉམས་པའི་རྒྱུར་འགྲོ་བ་དང་ཉི་ཤུའོ། །གསུམ་པ་མ་སྤངས་ན་ཉམས་པར་འགྱུར་བ་ནི། དེ་ལྟར་གྲངས་ཉི་ཤུ་མ་སྤངས་ན་རྩ་བ་དང་ཡན་ལག་གི་དམ་ཚིག་ཀུན་ཉམས་པའི་རྒྱུར་འགྱུར་རོ། ༈ །སྤྱི་དོན་ལྔ་པ་ཉམས་པའི་སྔ་རྟགས་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། དམ་ཚིག་ཉམས་པའི་སྔ་རྟགས་ཚེ་འདིར་སྔོན་དུ་འབྱུང་བ་ནི་འདི་ལྟ་སྟེ། རྒྱས་བཤད་ལ་གསུམ་གྱི་དང་པོ་ཉམས་པའི་སྐྱོན་ཚེ་འདི་ལ་འབྱུང་བས་ཕྱི་མར་ངན་སོང་དུ་འགྲོ་བའི་སྔ་རྟགས་ནི། སྐུ་ཉམས་པའི་སྔ་རྟགས་ནི་ལུས་ལ་གཞན་ཉམས་ང་བའི་ནད་མཛེ་དང་ཕོལ་མིག་འབྲུམ་བུ་ལ་སོགས་པ་རྣམས་དང་། གསུང་ཉམས་པའི་སྔ་རྟགས་ལ་ངག་གིས་དགྲ་བགེགས་གཉིས་ལ་བདེན་པ་བདར་བས་དོན་མི་འཇུག་སྟེ་དགྲ་ལ་མཐུ་མེད། བགེགས་ལ་བྱིན་རླབས་མེད་ཅིང་འཁོར་དང་ལོངས་སྤྱོད་ཡིད་དུ་འོང་བ་རྣམས་དང་བྲལ་ཞིང་། གཞན་གྱི་ཡ་ཁས་རང་མ་ཉེས་ཀྱང་གཏམ་ངན་པའི་ཁ་གཡོགས་འབྱུང་ལ། ཐུགས་ཉམས་པའི་སྔ་རྟགས་ལ་བརྩམ་པའི་ལས་ལ་འབྲས་བུ་མེད་ཅིང་མི་གྲུབ་པའི་སྟེང་དུ་ཡིད་དུ་མི་འོང་པའི་ལས་སྣ་ཚོགས་འབྱུང་བའོ། །གཉིས་པ་ཉམས་ཀྱང་རྟགས་མེད་ན་ཕྱི་མར་ལྟུང་ཚབ་ཆེ་བས་སྡུག་བསྔལ་ཡུན་རིང་བར་བསྟན་པ་ནི། གལ་ཏེ་དམ་ཚིག་ཉམས་པ་ཅན་ལ་ཉམས་པའི་སྔ་རྟགས་རྣམས་ཚེ་འདི་ལ་མེད་པར་ལེགས་པ་ལྟར་སྣང་བ་ནི་མི་རུང་བ་ཡིན་ཏེ། སྔར་གྱི་བདེ་བའི་ལས་འབྲས་ཀྱི་རྟིང་ལ་ཚེ་འདིར་ཟད་པར་བྱས་ནས་ཕྱི་མ་ལ་གཏན་དུ་སྡུག་བསྔལ་བའི་ངན་སོང་ལས་ཐོན་དཀའོ། །གསུམ་པ་མ་ཉམས་པར་རྟགས་བྱུང་ན་ཚེ་སྔ་མའི་ལས་ངན་གྱི་རྟིང་པ་འདི་དགེ་སྦྱོར་བྱེད་པའི་སྟོབས་ཀྱིས་སློང་བས་བསྐང་གསོ་ལ་བརྩོན་ན་ཕྱི་མ་ངན་སོང་དུ་མི་མྱོང་བ་ནི། གལ་ཏེ་དམ་ཚིག་མ་ཉམས་པ་ལ་ཉམས་པའི་རྟགས་གོང་ལྟར་དུ་བྱུང་ན། ཚེ་རབས་སྔོན་གྱི་དམ་ཚིག་ཉམས་པའི་རྣམ་སྨིན་གྱི་ལས་རྟིང་ཡོད་པ་དེ་འདིར་དམ་ཚིག་ལ་ནན་ཏན་དུ་བསྲུངས་བའི་སྟོབས་ཀྱིས་ལས་ངན་ཟད་པར་འགྱུར་བའི་ལྟས་ཡིན་པས་ཉམས་པ་བསྐང་བ་དང་། དམ་ཚིག་གསོ་བའི་ལས་ལ་བརྩོན་པར་བྱས་ན། ཕྱི་མར་ངན་སོང་གསུམ་གྱིས་སྡུག་བསྔལ་རྣམས་མྱོང་བར་མི་འགྱུར་རོ། ༈ །སྤྱི་དོན་དྲུག་པ་ཉམས་པའི་སྐྱོན་བསྟན་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་པ་ནི། དམ་ཚིག་ཉམས་པར་གྱུར་པའི་སྐྱོན་རྣམས་རྒྱས་པར་བཤད་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་གཉིས་ཀྱི་དང་པོ་རྩ་བ་ཉམས་པའི་སྐྱོན་ལ་གཉིས་ཀྱི་དང་པོ་བྱེ་བྲག་ཉམས་པའི་སྐྱོན་བཞིའི། དང་པོ་བྱང་སེམས་དམ་ཚིག་ཉམས་པའི་སྐྱོན་ནི། བྱང་ཆུབ་སེམས་ཀྱི་དམ་ཚིག་བསྐྱེད་རྫོགས་ཀྱི་དོན་ཉམས་པར་འགྱུར་ན། བསྐལ་པར་འདུས་བྱས་ཀྱི་དགེ་བ་བཅུ་ཅི་བསགས་ཀྱང་ལྷ་མིའི་བདེ་འབྲས་ཐོབ་པ་མ་གཏོགས་པ། བསྐྱེད་རྫོགས་ཀྱི་དོན་ཉམས་སུ་མི་བླང་ཞིང་། སྐུར་པས་བཏབ་ན་རྣམ་མཁྱེན་སངས་རྒྱས་ཐོབ་པའི་གཞི་རྟེན་མེད་པར་འགྱུར་བ་ཡིན་པས་ན། ཕྱི་མ་ཁམས་གསུམ་འཁོར་བའི་ཁམས་སུ་ཟག་པར་འགྱུར་ཞིང་འབྲས་བུ་སངས་རྒྱས་མི་ཐོབ་བོ། །དམ་ཚིག་བཀོད་པ་ལས། གཏན་ནས་མ་ལོག་ཅིང་བཤགས་སེམས་དང་ལྡན་ན་ཉམས་ཀྱང་སླར་འཚོ་བ་ལ། གཏིང་ནས་བཤགས་སེམས་མེད་པ་ནི་བསྐང་བའི་ཚད་ལས་འདས་པའོ། །ཞེས་སོ། །གཉིས་པ་སྐུའི་དམ་ཚིག་ནི། སྐུའི་དམ་ཚིག་སློབ་དཔོན་དང་མཆེད་ལ་ཉམས་པར་གྱུར་ན། ཕྱི་མར་གཞན་ཡ་ང་བའི་ནད་མཛེ་དང་ཕོལ་མིག་འབྲུམ་བུ་ལ་སོགས་སྡུག་བསྔལ་ཆེ་ཞིང་། འཆི་བའི་དུས་མིན་པར་ཚེ་ཟད་ན་འཆི་བ་ལ་སོགས་གློ་བུར་གྱི་བར་ཆད་མང་བ་དང་། ལྟུང་ཚབ་ཆེ་ན་བསྐལ་པར་རྡོ་རྗེ་དམྱལ་བར་ལྷུང་བས་བདེ་བ་སྐད་ཅིག་ཀྱང་མི་མྱོང་བས་རབ་ཏུ་བྲལ་བར་འགྱུར་རོ། །རྡོ་རྗེ་དམྱལ་བ་ནི་མནར་མེད་དམྱལ་བ་དང་གྲོང་དང་དགོན་དུ་འདོད་དོ། །གསུམ་པ་གསུང་ནི། གསུང་གི་དམ་ཚིག་སྔགས་གསུམ་དང་ཕྱག་རྒྱ་བཞི་ཉམས་པར་གྱུར་ན། ཕྱི་མར་བགེགས་རྣམས་ཐོགས་པ་མེད་པར་འོང་བས་བར་ཆད་སྣ་ཚོགས་བྱེད་པ་དང་། གློ་བུར་དུ་དགྲ་དང་ནད་ཀྱི་རྐྱེན་མང་བ་དང་། ཡུལ་ཞུགས་བུད་དང་ཤི་ཆད་ཀྱི་ཡེ་འགྲོགས་མང་བ་དང་། གང་བསྒྲུབ་པའི་ཆོས་ལ་བྱིན་རླབས་མེད་པར་འགྱུར་ཞིང་ལྟུང་ཚབ་ཆེ་ན་བསྐལ་པ་གཉིས་སུ་རྡོ་རྗེ་དམྱལ་བར་ལྟུང་ངོ་། །འོ་ན་མཚན་ཉིད་སྡེ་གསུམ་གྱིས་སྔགས་གསུམ་དང་ཕྱག་རྒྱ་བཞི་མི་བསྒོམ་པས་ཉམས་པ་དེ་རྣམས་འབྱུང་ཞེ་ན། གསུང་གི་དམ་ཚིག་ཉམས་པའི་སྟེང་ནས་ལས་མི་དགེ་བ་སྣ་ཚོགས་བྱས་ན་ཚེ་འདི་ཕྱིའི་སྡུག་བསྔལ་མྱོང་ལ། གསུང་གི་དམ་ཚིག་ཉམས་པ་ཙམ་གྱིས་མཆོག་ཐུན་མོང་གི་སྒྲུབ་པའི་ཐབས་གང་བསྒྲུབ་པ་ལས། འབྲས་བུ་དུས་ཚོད་ལ་མི་འབྱུང་བས་འགྱང་བར་རྒྱལ་བ་ཀུན་བཟང་གིས་གསུངས་སོ། །བཞི་པ་ཐུགས་ཀྱི་དམ་ཚིག་ཉམས་པའི་སྐྱོན་ནི། ཐུགས་ཀྱི་དམ་ཚིག་གསང་བ་བཅུ་ལས་ཉམས་པར་གྱུར་ན་ཕྱི་མ་སེམས་ཀྱི་དྲན་པ་མེད་པས་སྨྱོ་བ་དང་། ངག་འདི་ཡིན་འདི་མིན་མེད་པའི་འབགས་འབོགས་གཏམ་པ་དང་། དབང་པོའི་སྒོ་ལྔ་ཉམས་པས་ཡུལ་ལ་འཇུག་མི་ནུས་པ་དང་། གཞན་ཡང་ལུས་ངག་གི་སྤྱོད་པ་འཆལ་བ་དང་། སེམས་མྱོས་ཤིང་འཐིབ་པ་དང་། ངག་སྒྲ་མི་ཤེས་ནས་ལྐུགས་པའི་གནས་སུ་སྐྱེ་བར་འགྱུར་ཞིང་། གལ་ཏེ་མིར་སྐྱེས་ནས་མཆོག་ཐུན་མོང་གི་དངོས་གྲུབ་གང་ཡིན་ཡང་གསང་བར་སྨྲ་བའི་སྐྱོན་གྱིས་བསྒྲུབ་པ་ལ་རྟགས་མེད་ཅིང་ཕྱི་མ་ལྟུང་ཚབ་ཆེ་ན་ཁྱད་པར་དུ་ལྕེ་དཔག་ཚད་ལྔ་བརྒྱ་པར་གྱུར་པ་ལ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བ་ལྔ་བརྒྱས་ཞིང་རྨོ་བ་ལ་སོགས་པའི་རྡོ་རྗེ་དམྱལ་བར་བསྐལ་པ་ཆེན་པོ་གསུམ་དུ་གནས་པར་བཤད་དོ། །གཉིས་པ་སྤྱིར་རྩ་བ་ཀུན་ཉམས་པ་ལ་རྡོ་རྗེ་དམྱལ་བར་ལྟུང་བའི་སྐྱོན་ལ་ལྔ་ཡི་དང་པོ་སྐྱོན་དངོས་ནི། སྤྱིར་རྩ་བའི་དམ་ཚིག་ཀུན་ཉམས་ཏེ་སྣ་གཅིག་ཙམ་ཡང་བསྲུང་རྒྱུ་མེད་པའི་ཕྱལ་བ་དེ་དག །ཚུར་གསོ་བའི་ཐབས་ལ་ཉེ་བར་མི་བརྩོན་ན། ཕྱི་མར་རྡོ་རྗེ་དམྱལ་བར་དམ་ཉམས་དེ་ལྟུང་ངོ་། །གསང་སྔགས་རྡོ་རྗེ་ཐེག་པ་ལས་ལོག་པ་རྣམས་དེར་སྐྱེ་བས་ན་རྡོ་རྗེ་དམྱལ་བ་ཞེས་བྱའོ། །རིན་པོ་ཆེའི་ཞལ་ནས། བླ་མ་རྡོ་རྗེ་སློབ་དཔོན། གསང་སྔགས་རྡོ་རྗེ་ཐེག་པ། དེའི་དོན་ལ་གོལ་ཞིང་ལོག་པ་ནི་རྡོ་རྗེ་དམྱལ་བ་ཞེས་གསུངས་སོ། །ཆོས་རྗེས་དམ་ཚིག་རྒྱ་མཚོ་ལས། གསུམ་ལྡན་རྩ་བའི་བླ་མ་ལ། སྦྱོར་བ་གཉིས་ལྡན་གྱི་སྒོ་ནས་དམ་ཚིག་ཉམས། རྡོ་རྗེ་དམྱལ་བར་ལྟུང་བ་ནི། དེ་ལ་བླ་མ་དང་སློབ་མའི་འབྲེལ་བ་ཐོབ་ནས་བསམ་པ་དང་སྦྱོར་བའི་དབང་གིས་ཉམས་པ་ལྕི་ཡང་དགུར་འགྱུར་ཏེ། གཅིག་གཉིས་གསུམ་དང་ལྡན་པས་ཉི་ཤུ་རྩ་བདུན་ནོ། །དེ་ཡང་རྡོ་རྗེ་ཐེག་དགུ་འབྱུང་བའི་རྒྱུད་ལས། བླ་མ་ལ་ནི་དགུར་ཤེས་བྱ། །ལྟུང་བའི་མཚན་ཉིད་ཤེས་བྱ་སྟེ། །ལུས་ཀྱིས་མ་སྤྱད་ཆུང་བ་སྟེ། །ཟིན་ཀྱང་མ་ཤེས་འབྲིང་དུ་བཤད། །ཟིན་ཀྱང་མ་བཤགས་ཆེན་པོ་ཡིན། །ངག་གིས་སྦྱོར་བའི་རྣམ་པ་ཡང་། །མ་རྟགས་འཁྲུལ་ན་ཆུང་བ་སྟེ། །བརྟགས་བྱེད་ཉེས་པ་འབྲིང་དུ་བཤད། །ཚད་འདས་ཆེན་པོའི་སྦྱོར་བའོ། །རྣལ་འབྱོར་སེམས་ཀྱི་མཚན་ཉིད་ནི། །ཤིན་ཏུ་ལྕི་བའི་རིམ་པ་ཡིན། །སེམས་ཀྱི་ལས་གསུམ་བརྟག་པར་བྱ། །ཞེས་པས་ལུས་དང་ངག་དང་ཡིད་ཀྱི་དབྱེ་བ་དང་གསུམ་པོ་ལ། སྦྱོར་བ་དངོས་གཞི་རྗེས་རྫོགས་མ་རྫོགས་ལས་དབྱེ་བ་དུ་མར་འགྱུར་རོ། །དེ་བཞིན་དུ་དབང་གིས་དབྱེ་བས་ཀྱང་ལྕི་ཡང་དུ་གསུངས་ཏེ། བུམ་པ་གསང་བ་ཤེས་རབ་དང་། །བཞི་པའི་རིམ་པ་ཤེས་པར་བྱ། །ཞེས་རྒྱུད་ལས་བྱུང་ཞིང་རྒྱུད་ཐོས་པ་དང་མན་ངག་ཀྱང་རིམ་པ་དེ་ཉིད་དུ་འགྱུར་བས་མང་དུ་འགྱུར་རོ། །དེ་ན་ལྕི་ཡང་གི་དབྱེ་བ་བརྗོད་དེ། ཕམ་ལྟུང་དང་། ལྟུང་བ་ཉིད། སྦོམ་པོ་དང་། ཉེས་བྱས་དང་ཉེས་མེད་སྣང་བ་དེ་ལྔའོ། །དང་པོ་གཉིས་ཀྱི་དབྱེ་བ་དང་བཅས་ཏེ་དེའི་མཚན་ཉིད་བརྗོད་པ་ནི། འཇམ་དཔལ་གྲོགས་པས། གསུམ་གཅིག་ལ་ལྡན་པ་སྦྱོར་བ་བདུན་དང་ལྡན་ནས་ལྟུང་བ་སྟེ། ཉོན་མོངས་པས་ཀུན་ནས་བསླངས་པའི་བསམ་པ་དང་། དེ་ལ་དེར་ཤེས་པ་དང་། ལུས་ངག་གི་སྦྱོར་བ་མ་བསྡོམས་པ་དང་། འཚོ་བ་བྲལ་བ་དང་། ཤེས་ཤིང་འགྱོད་པ་མེད་པ་དང་། དེ་ལ་ཡིད་རངས་པ་དང་། བདག་ཉིད་མ་འཁྲུལ་བའོ། །དེ་ལྟར་བདུན་པོས་དངོས་ཀྱི་འཚོ་བ་དང་བྲལ་ནས་དུས་འདས་ཤིང་མ་བཤགས་པ་ནི་ཕམ་པ་སྟེ་ཚད་ལས་འདས་པའོ། །འོག་ནས་བྱུང་བའི་བཤགས་པ་མ་བྱས་ན་ལྟུང་བའོ། །འཚོ་བ་མ་བྲལ་བའི་བསམ་སྦྱོར་དང་པོ་གསུམ་དང་ལྡན་ན་སྦོམ་པོའོ། །ཡན་ལག་གཞན་དྲུག་མེད་པའི་ལུས་སེམས་ངག་གིས་སྦྱོར་བ་བརྩམ་པ་ནི་ཉེས་བྱས་སོ། །ཞེས་གསུངས་སོ། །ཅིའི་ཕྱིར་འདིར་ཉན་ཐོས་དང་། མཐུན་པར་ཕམ་པ་བཤད་ཅེ་ན། ལོག་སྲེད་ཅན་ཚུལ་མ་ཡིན་པ་ལ་ཞུགས་ནས་མི་བཤགས་པ་དང་། ཕྱི་རོལ་ཆོས་ལ་ཞུགས་ནས་རྒྱབ་ཀྱིས་ཕྱོགས་པ་སྟེ། དེ་ནི་ངེས་པར་རྡོ་རྗེ་དམྱལ་བར་མྱོང་བ་ཡིན་ནོ། །ཞེས་སོ། །དེའི་ངེས་པ་ཡང་རྣལ་འབྱོར་གྱི་རྒྱུད་དུ་མ་ནས། སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཚུལ་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨད་པ། །དེས་ན་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་དང་། །མཁའ་འགྲོ་རྣམས་ཀྱིས་འཚེ་བ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྷུང་། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྐྱོལ་བས། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །ཞེས་པ་དང་། རྒྱུད་བླ་མའི་འགྲེལ་པར། ཆོས་ལ་སྡང་བ་ཉིད་ལོག་སྲེད་ཅན་གྱི་རྒྱུ་ཡིན་པའི་ཕྱིར། ལོག་སྲེད་ཅན་གཏན་ནས་མྱ་ངན་ལས་མི་འདའ་བའི་ལས་ཅན་ཞེས་གསུངས་པ་ཡིན་ནོ། །བླ་མའི་ཡོན་ཏན་བཟུང་བའི་རྒྱུད་ལས། བླ་མ་ལ་ཁྲོས་སྐད་ཅིག་གྲངས། །བསྐལ་པར་བསགས་པའི་དགེ་བཅོམ་ནས། །དེ་སྙེད་བསྐལ་པར་དམྱལ་སོགས་ཀྱི། །སྡུག་བསྔལ་ཚོར་བ་དྲག་པོར་བསྐྱེད། །ཅེས་འབྱུང་བས་ཕམ་པ་དང་འདྲ་བར་བཞག་པ་ཡིན་ནོ། །གཉིས་པ་རྡོ་རྗེ་དམྱལ་བའི་སྡུག་བསྔལ་གྱི་ཚད་ནི། དམྱལ་བ་ཕལ་པ་བཅོ་བརྒྱད་པོ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་གཅིག་ཏུ་བསྡོམས་པས་ནི། རྡོ་རྗེ་དམྱལ་བའི་སྡུག་བསྔལ་དེ་ཡི་འབུམ་གྱིས་ཆར་ཡང་མི་ཕོད་དེ་མི་ནུས་པ་ཡིན་ནོ། །གསུམ་པ་སྔར་སངས་རྒྱས་པའི་བསྟན་པ་ལ་ཉམས་པའི་དབང་གིས་ཐུགས་རྗེས་ཕན་པར་མི་འགྱུར་བ་ནི། དེ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་གི་འོད་ཟེར་དང་། ས་དང་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔས། ཁོའི་སྡུག་བསྔལ་བསལ་ཐབས་ཀྱི་ཕྲིན་ལས་ནི། དུས་རྒྱུན་དུ་མཛད་ཀྱང་ཁོ་ལ་ཕན་ཐོགས་པར་མི་འགྱུར་ཏེ་སྔར་སངས་རྒྱས་ཀྱི་བསྟན་པ་ལ་ལོག་པའི་ཕྱིར་དོན་ཅི་མཛད་གནོད་པ་ལྟར་དུ་སྣང་ངོ་། །བཞི་པ་རྡོ་རྗེ་དམྱལ་བར་གནས་པའི་ཡུན་ནི། བསྐལ་པ་ཐེར་འབུམ་ལ་སོགས་གྲངས་མེད་དུ་ཉམས་པ་ཅན་དེ་ཉིད་སྡུག་བསྔལ་ལས་ཐོན་ཏེ་ཐར་བར་མི་འགྱུར་རོ། །དེའང་དམྱལ་བའི་འཇིག་རྟེན་དེ་ཞིག་ནས་འཇིག་རྟེན་གཞན་གྱི་དམྱལ་བའི་ནང་དུ་འཕོ་སྟེ། འཕོ་བའི་སྐབས་འདིར་ཡང་བདེ་བ་མི་འབྱུང་སྟེ་ཡུན་སེ་གོལ་གདབ་པ་ཙམ་གཅིག་གིས་ཕྱིན་པར་འགྱུར་རོ། །ཡང་ན་རྡོ་རྗེ་དམྱལ་བའི་ཚེ་ཚད་ནི། ཆོས་རྗེའི་དམ་ཚིག་རྒྱ་མཚོ་ལས། གང་དམ་ཚིག་ཉམས་པ་ཅན་དེ་རྡོ་རྗེ་དམྱལ་བར་འགྲོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་འགྲེལ་པར་རྡོ་རྗེ་དམྱལ་བ་ནི་འོག་རླུང་གི་དཀྱིལ་འཁོར་ནམ་མཁའི་རླུང་རྡོ་རྗེའི་རང་བཞིན་གྱིས་ཆར་གནས་པར་བཤད། དེ་ལ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དབང་བསྐུར་རྫོགས་ཐོབ་སློབ་དཔོན་ལ། །རྨོངས་པར་གྱུར་པའི་སློབ་མ་ཡིས། །སྦྱོར་བ་དངོས་ཀྱི་རབ་རྫོགས་པས། །རྩ་བ་ཡན་ལག་ཉམས་གྱུར་ན། །བློ་ལྡན་སློབ་མས་བཤགས་པར་བྱ། །གལ་ཏེ་མ་བཤགས་དུས་འདུས་ན། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ཡི། །ཆུ་དེ་སྐྲ་ཡིས་གཏོར་ནུས་པ། །དེ་ཡི་ཚད་ནི་སྡུག་བསྔལ་མྱོང་། །རྡོ་རྗེ་དམྱལ་བར་གྲགས་པ་ཡིན། །ཅེས་གསུངས་སོ། །ལྔ་པ་དེ་ལྟར་ཉེན་ཆེ་བས་བསྲུང་བ་ལ་ནན་ཏན་ཁྱད་པར་དུ་གདམས་པ་ནི་དམ་ཚིག་ཉམས་ནི་ཉེས་པ་ཆེ་བས་དེ་བས་བསྲུང་བྱ་རྣམས་ལ་ཤིན་ཏུ་ནན་ཏན་གྱིས་ལ་བསྲུང་བར་བྱའོ། །གཉིས་པ་ལ་ཡན་ལག་གི་དམ་ཚིག་ཉམས་པའི་སྐྱོན་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡན་ལག་གི་དམ་ཚིག་ཉམས་པར་གྱུར་ན་སྐྱོན་ནི། གཉིས་པ་རྒྱས་བཤད་ལ་གསུམ་གྱི་དང་པོ་སྤྱོད་པ་མ་བྱས་པའི་སྐྱོན་ནི་ཐུན་མོང་གི་ཡན་ལག་ཉམས་སུ་མ་བླངས་ན་ཟས་ནོར་ལོངས་སྤྱོད་རྣམས་མང་དུ་འཕེལ་བ་མེད་དེ་ཀུན་གྱིས་མི་བཀུར་ཞིང་དབུལ་བ་དང་། ཁྱད་པར་གྱི་ཡན་ལག་གི་དམ་ཚིག་མ་བསྲུངས་པས་ཐེག་པ་ཆེན་པོ་གསང་སྔགས་ཡིན་པར་འདོད་ནས་དེ་ལ་ཀུན་གྱིས་དཔྱ་བློས་འདོགས་ཤིང་། རང་དོན་དུ་དྭང་བླང་མི་སྤང་ཤེས་བསྒྲུབ་རྣམས་ཡལ་བར་དོར་བས་ཐུན་མོང་དང་མཆོག་གི་དངོས་གྲུབ་རྣམས་ཆེད་དུ་བསྒྲུབ་ཀྱང་མྱུར་དུ་མི་འགྲུབ་སྟེ། གྲུབ་ཐག་ཤིན་ཏུ་ཡུན་རིང་བར་འགྱུར་བ་དང་། གཞན་དོན་དུ་སྤྱོད་པ་ལྔ་དོར་བས་གདུལ་བྱའི་དོན་བྱེད་ལུགས་རང་རང་གི་སྐབས་རྣམས་སུ་བཤད་པ་བཞིན་མི་འགྲུབ་པས་ཡལ་བར་གྱུར་ཅིང་། གཉིས་པ་ལྟ་སྤྱོད་མི་འཚམས་པའི་སྐྱོན་ནི། ལྟ་བ་བདེན་པ་དབྱེར་མེད་མ་རྟོགས་ཤིང་སྤྱོད་པ་སྦྱོར་སྒྲོལ་ལ་སོགས་པ་བྱས་ཀྱང་ཡ་ཆར་གྱུར་པ་དེ་ཉིད་ངན་སོང་དུ་འགྲོ་ལ། སྤྱོད་པ་ཐེག་པ་ཕྱི་པའི་སྤྱོད་པ་གནས་ནས་རྩལ་སྤུག་མ་ནུས། ལྟ་བ་ནང་པའི་ལྟ་བ་རྟོགས་ཤིང་ལྟ་སྤྱོད་མ་འདྲེས་པའི་སྐྱོན་གྱིས། གསང་སྔགས་གང་གིས་བཀའ་ཡི་བྱིན་བརླབས་ཀྱི་དངོས་གྲུབ་རྣམས་ཚེ་འདིར་འགྲུབ་པར་དཀའ་སྟེ་བསྐལ་པ་གྲངས་མེད་ཐོགས་སོ། །གསུམ་པ་སྤྱི་ཉམས་པའི་སྐྱོན་ནི། སྤྱིར་ཡན་ལག་གི་དམ་ཚིག་ཉམས་པས་སྲུང་པའི་ལྷ་ཆོས་སྐྱོང་རྣམས་གསལ་ཅིང་མི་བསྲུང་བ་དང་། ཁྱད་པར་གྱི་ཡན་ལག་ཉམས་པས་ཟབ་མོའི་ཆོས་ཉིད་མཉམ་པ་ཉིད་ལ་རིང་བར་འགྱུར་ཞིང་། སྦྱོར་སྒྲོལ་ལ་སོགས་རང་ཁར་སྤྱད་ན་བསྐལ་པར་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་ལ། ཡན་ལག་གི་དམ་ཚིག་མ་བསྲུངས་པའི་རྣལ་འབྱོར་པ་ནི་སྤྱོད་པའི་རླན་མེད་པས་དངོས་སྐམ་ཉིད་དུ་འགྱུར་ཏེ་འབྲས་བུ་མི་ཐོབ་བོ། ༈ །སྤྱི་དོན་བདུན་པ་མ་ཉམས་པའི་ཡོན་ཏན་ལ་གསུམ་གྱི་དང་པོ་མདོར་བསྟན་ནི། ཆོས་ཉིད་རང་བཞིན་མ་བཅོས་པའི་རྣལ་མ་ལ་རང་རིག་པའི་བློ་འབྱོར་པའི་སྐྱེས་བུ་འོག་མ་ལས་དཔགས་པས་ཆེན་པོ་དེ་ཡིས། གཉིས་པ་རྒྱས་བཤད་ལ་གཉིས་ཀྱི་དང་པོ་རྩ་བའི་ཡོན་ཏན། དེ་ལ་གསུམ་གྱི་དང་པོ་བྱང་ཆུབ་སེམས་དང་སྐུའི་ཡོན་ཏན་ཐུན་མོང་དུ་བསྟན་པ་ནི། བྱང་སེམས་དང་སྐུའི་དམ་ཚིག་མ་ཉམས་པར་གཞུང་ནས་བཤད་པ་བཞིན་བསྲུང་ཐུབ་ན། ལུས་ལ་ནད་ཉུང་ལ་ཀུན་གྱི་ཡིད་ལ་འོང་བའི་མཚན་ཉིད་དང་ལྡན་ཞིང་། བསྐལ་པར་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བར་མི་འགྱུར་བ་དང་། བསྐྱེད་རྫོགས་ཀྱི་དོན་ལ་བློ་གནས་ན་ཐུན་མོང་གི་བསྲུང་བའི་ཉེས་བྱས་ཐམས་ཅད་མ་བསྲུངས་ཀྱང་དག་པར་འགྱུར་བ་དང་། སྲིད་པ་ཁམས་གསུམ་དུ་དབང་བའི་འཇིག་རྟེན་པའི་གཙོ་འཁོར་ཐམས་ཅད་ཀྱིས་རང་བསྐུར་ཞིང་སངས་རྒྱས་ཀྱིས་སྲས་སུ་དགོངས། བྱང་ཆུབ་སེམས་དཔའི་སྤུན་དུ་དགོངས་ནས་བྱིན་གྱིས་བརླབས་པ་དང་། ཚེ་རབས་སྐྱེ་བ་ཐམས་ཅད་དུ་ཐེག་པ་ཆེན་པོའི་གཞུང་གི་དོན་རྣམས་ལ་དབང་ཐོབས་ཅིང་དེའི་བདག་པོར་འགྱུར་རོ། །གཉིས་པ་གསུང་གི་ཡོན་ཏན་ནི། གསུང་གི་དམ་ཚིག་མ་ཉམས་པའི་ཡོན་ཏན་ནི་ཡེ་ཤེས་ཀྱི་ལྷ་མཉེས་པས་བར་ཆད་བྲལ་བས་རང་གི་རིགས་རྒྱུད་འཕེལ་ཞིང་སྔགས་ཕྱག་རྒྱ་སྒོམ་བཟླས་བྱེད་པ་རང་ནུས་མཐུ་དང་ལྡན་པ་དེའི་བྱིན་རླབས་བསམ་གྱིས་མི་ཁྱབ་པ་བྱུང་ནས་གཞན་དོན་གྱི་འཕྲིན་ལས་རྣམ་པ་བཞི་གང་ཡང་བསྒྲུབ་པའི་དུས་སུ་ཐོགས་པ་མེད་པར་འགྲུབ་པར་འགྱུར་བ་དང་། མདོར་བསྡུ་ན་ཅི་བསམ་པ་ཐམས་ཅད་འབད་མེད་དུ་འགྲུབ་པར་འགྱུར་བའོ། །གཞན་ཡང་དམ་ཚིག་མཐར་ཕྱིན་པའི་རྒྱ་རྟགས་རྣམ་པ་བཞི་སྟེ། མང་པོས་བསྐུར་ཞིང་གྲགས་པ་ཐོབ་པ་དང་། ཡིད་འོང་འབྱུང་ཞིང་འདོད་པ་འགྲུབ་པ་དང་། དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང་། མངོན་ཤེས་འབྱུང་ཞིང་རིག་པ་འཆར་བ་རྣམས་རྫོགས་པའོ། །གསུམ་པ་ཐུགས་ཀྱི་ཡོན་ཏན་ནི། ཐུགས་ཀྱི་དམ་ཚིག་མ་ཉམས་པའི་ཡོན་ཏན་ནི་ཆོས་ཀྱི་ཕྱོགས་ལ་མི་འདོད་ནས་སྐྱོ་བ་དང་ངལ་ཞིང་དུབ་པ་མེད་པ་དང་། གསང་ཐུབ་པས་བསྐྱེད་རྫོགས་གཉིས་ཀྱི་མན་ངག་གི་སྣོད་དུ་གྱུར་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་ལ་བར་ཆད་མེད་ཅིང་མྱུར་བས་ཉེ་བ་དང་། སངས་རྒྱས་ཀྱི་དགོངས་པ་ཟབ་མོ་རྟོགས་དཀའ་བའི་དོན་མཉམ་པ་ཉིད་ལ་མཁས་པའི་གདིང་ལྡན་དུ་གྱུར་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀུན་གྱིས་དབང་བསྐུར་བར་འགྱུར་རོ། །དམ་ཚིག་བཀོད་པ་ལས། ཐུགས་དམ་བསྲུངས་པའི་ཡོན་ཏན་ནི། དོན་མཐུན་སྐྱོ་དུབ་མེད་པ་དང་། །མན་ངག་སྣོད་གྱུར་ལ་སོགས་པ། །ཀུན་བཟང་ང་དང་མཉམ་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་ནི། ཡན་ལག་གི་དམ་ཚིག་མ་ཉམས་པར་བསྲུངས་ན་ཡོན་ཏན་གོང་གི་མ་བསྲུངས་པའི་སྐྱོན་ལས་བཟློག་པ་དེ་ཉིད་ཡོན་ཏན་ཡིན་ཏེ། ལོངས་སྤྱོད་འཕེལ། ཁྱད་པར་གྱི་སྤྱོད་པ་བྱས་པས་ཐེག་པ་ཆེན་པོར་འགྱུར་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་འགྲུབ་པ་ལ་ཉེ། གདུལ་བྱའི་དོན་དུ་འགྱུར། ལྟ་སྤྱོད་འཚམས་པས་བཀའི་བྱིན་རླབས་འགྲུབ། སྲུང་བའི་ལྷ་མི་ཡལ་ཟབ་མོའི་ཆོས་ཉིད་ཉམས་སུ་ལེན། བསྐལ་པར་ངན་སོང་དུ་མི་འགྲོ། རྣལ་འབྱོར་པའི་སྤྱོད་པའི་རླན་གྱིས་ཟིན་པས་ས་ལམ་གྱི་ཡོན་ཏན་འཕེལ་ལོ། །གཞན་ཡང་སྤྱད་པ་ལྔས་མཉམ་པ་ཉིད་ཀྱི་དོན་རེ་དོགས་དང་བྲལ་བ་མངོན་དུ་བྱས་པས་ལྷའི་བུའི་བདུད། མི་སྤང་བ་ལྔས་ཉོན་མོངས་ཡེ་ཤེས་སུ་ཤར་བས་ཉོན་མོངས་པའི་བདུད། དང་བླང་ལྔས་གཙང་སྨེ་གཉིས་འཛིན་སྐྱེ་འཆི་དང་བྲལ་བའི་དོན་མངོན་དུ་བྱས་པས་འཆི་བདག་གི། ཤེས་བྱས་ལྔས་ཕུང་པོ་ཁམས་སྐྱེ་མཆེད་སྐུ་དང་ཡེ་ཤེས་སུ་ཤར་བས་ཕུང་པོའི་བདུད་དང་བཞི་འཇོམས་ཤིང་བསྒྲུབ་བྱ་ལྔ་ནི་ཤེས་བྱའི་དོན་ཉིད་བསྒོམ་པའོ། །དེ་ལྟར་ངན་སོང་གསུམ་གྱི་རྒྱུ་ཉོན་མོངས་པ་རང་ཡེ་ཤེས་སུ་ཤར་བས་སྦྱངས་ཏེ་མི་མྱོང་བ་དང་། ཐེག་ཆེན་གྱི་ལྟ་སྤྱོད་ཡ་མ་བྲལ་བའི་གཞུང་བསྲངས་ནས་ཉམས་སུ་ལོན་པའི་བྱིན་རླབས་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་བདག་ལ་འགོ་ཞིང་བསམ་པ་ཐམས་ཅད་འགྲུབ་པ་དང་། མཐར་ཐུག་བདག་གཞན་གྱི་དོན་གཉིས་ཡོངས་སུ་རྫོགས་པར་འགྱུར་རོ། །གསུམ་པ་ཐེག་གསུམ་གྱི་སྡོམ་པ་ཐམས་ཅད་འདིར་ཡར་ལྡན་གྱི་ཚུལ་དུ་རྫོགས་པ་ནི། ཐེག་ཆེན་གསང་སྔགས་བླ་མེད་ཀྱི་དམ་ཚིག་རྩ་བ་དང་་ཡན་ལག་གི་བསྲུང་བྱ་ལ་གནས་པ་ཡི་རྣལ་འབྱོར་པ་ལ། ཐེག་པ་འོག་མའི་བསྲུང་བྱ་ཉན་ཐོས་འདུལ་བའི་ཚུལ་ཁྲིམས་ཀྱིས་ཉོན་མོངས་པ་སྤང་བ་དང་། བྱང་སེམས་ཀྱི་སྡོམ་པས་སྦྱང་བ་དང་། སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་གིས་བསྒྱུར་བ་དང་གསུམ་པོ་དེ་དག་ཆེད་དུ་བསྲུང་བ་མེད་པར་བླ་མེད་ཀྱིས་ཉོན་མོངས་པ་རང་ཡེ་ཤེས་སུ་ཤར་བས་འོག་མའི་བསྲུང་བྱ་ཡར་ལྡན་གྱི་ཚུལ་དུ་བསྲུང་ཐུབ་པས་ན། དཔེར་ན་ཤིང་གི་ཕུང་པོ་ལ་ཡལ་ག་རང་ཤུགས་ཀྱིས་རྫོགས་པ་བཞིན་དུ་ཚུལ་ཁྲིམས་རྫོགས་པས་དགེ་སློང་ཡིན་པ་དང་། སེམས་བསྐྱེད་ཀྱི་སྡོམ་པ་རྫོགས་པས་བྱང་ཆུབ་སེམས་དཔའ་ཡིན་པ་དང་། སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་རྫོགས་པས་རྣལ་འབྱོར་ཡིན་པ་དང་། བླ་མེད་ཀྱི་བསྲུང་བྱ་མ་ལུས་པ་རྫོགས་པས་རྣལ་འབྱོར་ཆེན་པོ་ཡིན་ནོ། ༈ །སྤྱི་དོན་བརྒྱད་པ་ཉམས་ན་བསྐང་བའི་ཐབས་ལ་གསུམ་གྱི་དང་པོ་ཉེར་བསྟན་ནི། སྐྱེས་བུ་ཡང་རབས་པ་རྣམས་ཀྱིས་དམ་ཚིག་ཉམས་ཀྱང་དེའི་སར་མི་འཇོག་སྟེ། སྐོང་བའི་ཐབས་ཡོད་པ་ནི། དམ་ཚིག་བཀོད་པ་ལས། འདི་དག་དམ་ཚིག་ཉམས་གྱུར་ན། །སླར་གསོ་བ་ཡི་ཐབས་ཅི་མངའ། །གསོས་ནས་སྐོང་བར་མི་འགྱུར་རམ། །བདེ་བར་གཤེགས་པས་བསྟན་དུ་གསོལ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་དག་གསོ་བའི་ཐབས་ནི་མང་སྟེ། དཔེར་ན་མར་མེ་འདྲ། ཤི་ཤིང་ཉམས་ཀྱང་གསོ་བའི་ཐབས་མངའོ། །ཞེས་གསུངས་པས། གོང་གི་རྩ་བ་དང་ཡན་ལག་གི་དམ་ཚིག་དེ་རྣམས་ཉམས་ན་སླར་བསྐང་བའི་ཐབས་རྣམས་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། རྒྱས་བཤད་ལ་གཉིས་ཏེ། དང་པོ་རྩ་བ་ཉམས་པའི་བསྐང་ཐབས། དེ་ལ་བཞིའི་ཐོག་མར་བྱང་ཆུབ་སེམས་ཀྱི་བསྐང་ཐབས་ནི། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་རྫོགས་ཀྱི་དོན་ལ་མི་མོས་ཤིང་ཉམས་སུ་བླང་བས་དམ་ཉམས་པ་དང་དོན་མ་རྟོགས་ནའང་ཉམས་པས་ན། དེ་བསྐང་བའི་ཐབས་ནི་བླ་མ་རྒྱུད་གཞུང་མན་ངག་ལ་མཁས་པ་ལ། དང་པོ་ཟས་ནོར་ལོངས་སྤྱོད་ཀྱིས་མཉེས་པར་བྱས་ལ། བསྐྱེད་རྫོགས་ཀྱི་དགོངས་དོན་ངོ་སྤྲད་རྣམས་རང་གི་ཉེར་ལེན་གྱི་ཤེས་རབ་ཀྱིས་བླངས་ཏེ་རྟོགས་པ་དེ་ཉིད་ལ་བློ་གནས་པར་བྱ་བ་མ་གཏོགས་པ་ཐབས་གཞན་གྱིས་མི་སྐོང་སྟེ། དམ་ཚིག་བཀོད་པ་ལས། སེམས་དཔའ་ཆེན་པོ་ཆོས་ཉིད་དངོས་པོ་རང་བཞིན་མེད་པར་ཤེས་ན། དམ་ཚིག་མི་ཉམས་སོ། །ཅིའི་ཕྱིར་ཞེ་ན། འཛིན་པ་དང་ཆགས་པ་མེད་པའོ། །དེ་བས་ཀྱང་ཆོས་ཐམས་ཅད་གཉིས་སུ་མེད་ཅིང་མཉམ་པ་ཉིད་དུ་ཤེས་ན། དམ་ལ་ཉམས་པའི་དུས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་རྟོག་གི་ཕྱོགས་ཀྱི་མིང་ཡང་མེད་པས་ཉམ་པའི་དུས་མེད་དོ། །ཞེས་སོ། །གཉིས་པ་སྐུའི་བསྐང་ཐབས་ལ་ལྔའི་དང་པོ་བསྐང་ཐབས་དངོས་ནི། ས་མ་ཡ་བཀོད་པ་ལས། སྐུ་ལ་བསྡོས་དང་ཐུགས་ཐུབ་སྤྱད། མ་རིག་ཀ་མ་ལི་ལ་བརླབས། །ལན་དུ་བརྗོད་དང་ལོག་པར་སྨྲས། །སྐུ་ལ་སྨད་ཅིང་ཐུགས་ལ་བསྡོས། །བཀའ་རྐུ་ལུང་མེད་ཡོངས་སུ་བསླད། །ཅེས་སློབ་དཔོན་དང་གྲོགས་ལ་འཐབས་རྩོད་སྐྱེས་པ་ལ་གཅིག་ལན་གཅིག་གིས་བྱེད་པ་ནི། བེལ་སྦྲེལ་གཡང་དུ་ལྟུང་བ་བཞིན། གཉིས་ཀ་དམྱལ་བར་ལྟུང་བར་འགྱུར་རོ། །གང་གིས་བསྲིང་བ་དེ་རྒྱལ་བས། །གཉིས་ཀ་བསྲིང་ན་རྒྱལ་བར་ངེས། །རྩོད་པ་རྒྱལ་ཡང་ཕམ་པར་འགྱུར། །ཞེས་དེ་ལྟར་དུ་བྱས་ནས་སྐུ་ཡི་དམ་ཚིག་ཉམས་པར་གྱུར་ན་བསྐང་བའི་ཐབས་ནི། སློབ་དཔོན་དང་གྲོགས་པོ་གང་ལ་ཆགས་ཉམས་བྱས་པའི་དྲུང་དེར་སོང་ལ། ཟས་ནོར་རང་གིས་འབྱོར་བ་ཙམ་ཞིག་ཕུལ་བའམ། བཤགས་བྱ་ཡུལ་མཉེས་པ་ཞིག་ཕུལ་ནས། ཤིན་ཏུ་འགྱོད་པའི་སེམས་ཀྱིས་གང་ཉེས་པ་བྱས་པ་དེ་ཚིག་ཏུ་བརྗོད་ལ་བཤགས་པར་བྱས་ལ། དེ་ཕྱིན་ཆད་དམ་ལས་མི་འདའ་བས་ལེགས་པར་བཅའ་བའོ། །དེ་ཡང་དམ་ཚིག་བཀོད་པ་ལས། རྣམ་པར་དག་པའི་བསམ་པས་མཐོལ། །དོན་གྱིས་མི་གནས་ཚིག་འདིས་བཤགས། །རང་བཞིན་མེད་པས་བཟོད་པར་གསོལ། །ཅེས་གསུངས་སོ། །གཉིས་པ་ཡུལ་དེ་མེད་ན་དེའི་སློབ་དཔོན་ལ་བསྐང་བའི་ཐབས་ནི། གལ་ཏེ་བཤགས་ཡུལ་སློབ་དཔོན་དང་གྲོགས་པོ་གང་ཡིན་དེ་གྲོངས་ཏེ་འདས་སམ་ཡུལ་མི་གཅིག་པས་ས་ལམ་ལ་བར་ཆད་མང་ནས་བགྲོད་ཐབས་མེད་པར་འགྱུར་བས་ན། གང་ཉམས་པ་དེ་ཡི་སློབ་དཔོན་བཞུགས་པ་ལ་བཤགས་པ་བྱེད་པ་དེའི་ཚེ། ཚུལ་གོངས་མ་བཞིན་དུ་བཤགས་ཏེ་ཟས་ནོར་འབྱོར་པ་མཉེས་པར་ཕུལ་ནས་ཉེས་པ་གང་བྱས་ཚིག་ཏུ་བརྗོད་ནས་བཤགས། ཕྱིན་ཆད་མི་བྱེད་པ་དམ་བཅའོ། །དེ་ཡང་དམ་ཚིག་བཀོད་པ་ལས། དེ་ལྟར་བཤགས་པ་བྱེད་ན་ཡང་། །སློབ་དཔོན་ལ་སོགས་མཆེད་རྣམས་ཀྱིས། །གང་ཞིག་ནོངས་པ་དྲན་པ་དང་། །རྗེས་སུ་འགྱོད་པ་སྐྱེས་ནས་སུ། །སླན་ཆད་སྡོམ་པར་འཚལ་བ་དང་། །ཚངས་པ་ཕྲལ་དུ་སེལ་བར་བྱ། །ཞེས་སོ། །གསུམ་པ་དེ་ཡང་མེད་ན་མཉམ་པ་བརྒྱ་ལ་མཆོད་སྦྱིན་གྱི་སྒོ་ནས་བསྐང་བ་ནི། དེའི་སློབ་དཔོན་གྲོངས་འདས་སུ་གྱུར་ནས་མེད་ན་གང་ལ་ཉམས་པ་དེ་དང་དགོངས་པ་མཉམ་པ་བརྒྱ་ལ་བཤགས་པ་བྱའོ། །དེ་ཡང་དམ་ཚིག་བཀོད་པ་ལས། དེ་ཡི་སློབ་དཔོན་མི་བཞུགས་ན། །དེ་དང་མཉམ་པ་བརྒྱ་རྣམས་ལ། །དེ་ཚེ་གོང་མ་བཞིན་དུ་བཤགས། །ཞེས་གསུངས་སོ། །བཞི་པ་དེ་ཡང་མ་རྙེད་ན་མཉམ་པ་གསུམ་ལ་སྦྱིན་སྲེག་གིས་བསྐང་བ་ནི། བརྒྱ་པོ་དེ་ཡང་རྙེད་པར་མ་གྱུར་ན། གང་ལ་ཉམས་པ་དེ་དང་ལྟ་སྤྱོད་བསྒོམ་གསུམ་གྱི་དགོངས་པ་མཉམ་པ་རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས། ལས་མཁན་གསུམ་བཀུག་ལ། ཞི་བའི་སྦྱིན་སྲེག་གི་མེ་ཐབས་རབ་ཏུ་བརྩིགས་ནས། དང་པོ་རྩ་དཀྱིལ་ལ་མཆོད་བསྟོད་བསྙེན་པ་ཚོགས་མཆོད་ཡན་ཆད་ཚར་ནས། དེ་ནས་ཐབས་བསང་བ་ལ་སོགས་མཆོད་པ་བྱིན་གྱིས་བརླབས་པར་བྱས་ནས། མེ་ཐབ་ཀྱི་དབུས་སུ། སྦྱིན་ལྷ་དེའི་ལྟོ་བའི་ནང་དུ་སྲེག་ལྷ་གང་ལ་ཉམས་པ་དེ་དང་ཡིད་ཀྱིས་དཀྱིལ་འཁོར་གྱི་ལྷ་དང་དབྱེར་མེད་དུ་བསྐྱེད་ལ་ཟས་ནོར་འབྱོར་བ་ཐམས་ཅད་སྟ་གོན་དུ་རྫོགས་པར་བྱས་ལ་མཆོད་རྫས་སུ་འབུལ་ཏེ། དེ་ཡང་སྔོན་དུ་ཡེ་ཤེས་པ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ་ཞིང་། སྤྱི་མཆོད་ཚར་ནས་ཞི་བའི་མཆོད་རྫས་ཕུལ་བ་དང་། ལྷ་གང་ཡིན་པའི་སྔགས་རྟིང་དང་ཁོ་རང་གི་གསང་མཚན་ལ་སོགས་མིང་བཏགས་ལ་དེ་དང་དམ་ཚིག་ཉམས་པ་རྣམས་ཤིནྟིཾ་ཀུ་རུ་ཡཱེ་སྭཱ་ཧཱ། ཞེས་བརྗོད་ལ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་རིམ་བཞིན་བསྲེག་རྫས་ཀྱི་མཆོད་པ་འབུལ་ལ་བསྟོད་པ་ལ་སོགས་རྒྱས་པར་རྒྱུད་ནས་གསུངས་པ་བཞིན་ལག་ལེན་ལ་བདུན་ནམ་ཉེར་གཅིག །ཡང་ན་ཆགས་ཉམས་སྐོང་བའི་རྟགས་མ་བྱུང་བར་དུ་བྱའོ། །རྟགས་ཐོན་པ་དང་གོང་དུ་སྨོས་པའི་སྤྱོད་པ་རྣམས། བཤགས་པའི་དཔང་པོའི་སློབ་དཔོན་གསུམ་ལ་འབུལ་བར་བྱའོ། །དེ་ཡང་དམ་ཚིག་བཀོད་པ་ལས། དེ་ཡང་རྙེད་པར་མ་གྱུར་ན། སྦྱིན་སྲེག་མེ་ཐབ་རབ་བརྩེགས་ནས། །དེ་དང་མཉམ་པ་གསུམ་བཀུག་ལ། །མཆོད་རྫས་སྣ་ཚོགས་བཤམ་པར་བྱ། །གསུམ་པོ་དེ་ཡང་དཔང་པོ་བཞག །བླ་མ་ལ་སོགས་མཆེད་རྣམས་ཀྱིས། །གསང་མཚན་ལ་སོགས་སྤྱན་དྲངས་ཏེ། །སྦྱིན་སྲེག་མཆོད་པ་གཞུང་བཞིན་བྱ། །དཀྱིལ་འཁོར་ལྷ་ལ་ཚུལ་བཞིན་བྱ། །གཞུང་ལ་གཤེགས་པའི་ཆོ་ག་གདགས། །དེ་ཚེ་ཟིན་པ་གྱུར་པའི་ཚེ། །གོང་དུ་སྨོས་པའི་ཡོན་རྣམས་ཀྱང་། །དཔང་པོ་གསུམ་ལ་འབུལ་བར་བྱ། །དེས་ཀྱང་ཡོངས་སུ་བཤད་པ་བཏང་། །དེ་བཞིན་ལན་གྲངས་བདུན་དུ་བྱ། །དེ་ལྟར་བྱས་ན་བསྐང་བར་འགྱུར། །མཆེད་ལ་སོགས་པ་དེ་བཞིན་ནོ། །ཞེས་སོ། །ཆོས་རྗེའི་དམ་ཚིག་རྒྱ་མཚོ་ལས། ཉམས་པ་བཤགས་པའི་ཐབས་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། །རྡོ་རྗེ་འཛིན་པ་རབ་ཏུ་ཉོན། །བསྐང་བའི་ཆོ་ག་བཤད་པར་བྱ། །གཅིག་ལ་སློབ་དཔོན་གསུམ་རྫོགས་ལ། །སྦྱོར་བ་བདུན་དང་ལྡན་པ་ཡི། །རྩ་བའི་ལྟུང་བ་བྱུང་གྱུར་ན། །སྡུག་བསྔལ་བསྐྱེད་པའི་རྩ་བ་ཡིན། །རང་གི་བསམ་པ་རྫོགས་བྱས་ཀྱང་། །སློབ་དཔོན་གནང་བར་མ་གྱུར་ན། །དང་པོ་སྡུག་བསྔལ་དཀའ་སྤྱོད་དེ། །དེ་ནས་བདོག་པ་ཐམས་ཅད་ཕུལ། །རྗེས་སུ་གནང་བ་བསྒྲུབ་པར་འགྱུར། །དབང་བསྐུར་ཆོ་ག་ལན་བདུན་བྱ། །ཆོས་ཀྱི་འཁོར་ལོ་ཉི་ཤུ་གཅིག །སྦྱིན་སྲེག་གིས་ནི་འབུམ་ཕྲག་བདུན། །གསང་སྔགས་བྱེ་བ་ལྔ་ཡིས་སོ། །ལྔ་པ་ཞར་ལ་བཤགས་ཡུལ་རང་གིས་ཀྱང་བཤགས་པ་མི་བླང་ན་ལྟུང་བར་བསྟན་པ་ནི། གལ་ཏེ་བཤགས་ཡུལ་གང་ཡིན་པ་དེ་ལ། ཉམས་པ་ཅན་དེས་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་བཤགས་ཀྱང་མི་ལེན་ན་ཉེས་པ་ཤིན་ཏུ་ཆེ་སྟེ། གཉིས་ཀ་རྡོ་རྗེ་དམྱལ་བར་ལྟུང་བས་དེ་བས་བཤགས་ཡུལ་བཤགས་མཁན་གཉིས་ཀས་བསྐུལ་ཏེ་མྱུར་དུ་ཉེས་པ་དག་པས་ཚངས་པར་སེལ་བར་བྱའོ། །དེ་ཡང་དམ་ཚིག་བཀོད་པ་ལས། དེ་ལས་ཚངས་པར་མ་སེལ་ན། །གཉིས་ཀ་རྡོ་རྗེ་དམྱལ་བར་སྐྱེ། །དེ་ལ་སྡུག་བསྔལ་བཟོད་བླག་མེད། །དེ་བས་ཚངས་པར་སེལ་བར་བྱ། །ཞེས་སོ། །དེ་ལྟར་ཉེས་པ་དག་པར་གྱུར་ཀྱང་། ད་ཕྱིན་ཆད་མི་སྟོང་ཟེར་བ་ནི་མ་ཡིན་ནོ། །དེ་ལྟར་ཚང་པ་ཐོན་ནས་ཀྱང་། །བཤགས་པར་འདོད་པ་གང་ཡིན་པའི། །ཞབས་ནི་སྤྱི་བོས་བླང་བར་བྱ། །སླན་ཆད་མི་གཉིས་གཅིག་པར་བྱ། །ཞེས་གསུངས་སོ། །གསུམ་པ་གསུང་གི་བསྐང་ཐབས་ནི། གསུང་གི་དམ་ཚིག་ལ་སྔགས་གསུམ་ཕྱག་རྒྱ་བཞི་སྒོམ་བཟླས་མ་བྱས་ནས་ཉམས་པར་གྱུར་ན་བསྐང་ཐབས་ནི། རང་གི་ལུས་ངག་ཡིད་ཀྱི་སྒོ་གསུམ་ནི། ལུས་ཡི་དམ་ལྷའི་སྐུ། ངག་གསུང་། ཡིད་ཐུགས། དེ་ཉིད་དུ། ཚིག་ཙམ་མ་ཡིན་པར་ངེས་པར་ལྟ་བས་ཤེས་ཤིང་སྒོམ་པས་བློ་འབྱོར་ན། ཕྱག་རྒྱ་ཉམས་པ་དེ་དག་སྐོང་བར་འགྱུར་རོ། །དམ་ཚིག་བཀོད་པ་ལས། ལུས་ཀྱི་བསྒུལ་བསྐྱོད་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཡིན་ལ། ངག་གི་བཟླས་བརྗོད་ནི་བཟླས་པར་བྱེད་པའི་སྙིང་པོ་ཡིན་ལ། སེམས་ཀྱི་དྲན་རྟོག་ཐམས་ཅད་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ནོ། །ཞེས་གསུངས་སོ། །སྔགས་གསུམ་ཉམས་པ་བསྐང་བ་ནི། བཟླས་པ་སངས་རྒྱས་འགྲུབ་པ་ཙམ་ལ་གཉིས་བརྒྱ་བཟླས་པ་ལྟ་བུ་ལོག་པོ་གཅིག་བལྡབ་པ་ཙམ་གྱིས་ཉམས་པ་བསལ་བ་དང་། གཞན་ཡང་ཡང་ཕུར་སྨན་གསུམ་གྱི་བསྒྲུབ་པ་ཆེན་པོ་གསུམ་གྱིས་སྔགས་ཕྱག་རྒྱ་ཉམས་པ་ཐམས་ཅད་བསྐངས་སོ། །བཞི་པ་ཐུགས་ཀྱི་བསྐང་ཐབས་ནི། ཐུགས་ཀྱི་དམ་ཚིག་གསང་བ་བཅུ་ལ་ཉམས་པར་གྱུར་ན་བསྐང་ཐབས་ནི། ལྟ་བས་འགྲོ་དྲུག་གི་སེམས་ཅན་ཇི་ལྟར་སྣང་དུས་སེམས་ཉིད་རང་སྣང་དུ་གསལ་ཞིང་རྟོགས་ན། བདག་ཉིད་ཀྱི་བདག་ཉིད་ལ་གསུང་བ་མེད་ཅིང་དེ་ལྟ་བུ་སྣང་སེམས་ཐ་དད་དུ་མི་རྟོག་ཅིང་དབྱེར་མེད་དུ་རྟོགས་པའི་དོན་ལ་འདའ་ཉམས་མེད་པས་ཏིང་ངེ་འཛིན་གྱི་ཀློང་དུ་ཞུགས་ཏེ་བསྒོམས་པས་མ་ཡེངས་པར་བློ་ལ་གོམས་ཤིང་འདྲེས་པར་བྱ་བས་སྐོང་སྟེ། དམ་ཚིག་བཀོད་པ་ལས། ནམ་མཁའ་ལ་ཡངས་དོགས་མེད་པ་བཞིན། བློ་ཆོས་ཉིད་དུ་གྱུར་པ་ལ། འཇིག་རྟེན་གྱི་བག་ཆགས་སྤངས་པས་གང་ཞིག་བརྗོད་ན་ཡང་། སྣོད་དང་མི་ལྡན་པ་མེད་པར་ཤེས་པར་བྱས་ལ། བསྲུང་དུ་མེད་པའི་ངོ་བོའི་རང་བཞིན་གྱི་རྣལ་འབྱོར་པས་ཆོས་ཉིད་ཚིག་དང་ཡི་གེ་ལས་འདས་པ། ཞེས་དང་། སེམས་དཔའ་ཆེན་པོ་འདི་ལྟ་བུའི་མན་ངག་ནོས་ལ། ཁོང་དུ་ཆུད་པར་གྱིས་ཤིག །ཐུགས་ཀྱི་དམ་ཚིག་སྐོང་བའོ། །འདི་ལྟ་བུ་ལ་ཡེངས་པ་མེད་པར་གྱིས་ཤིག །ཐུགས་ཀྱི་དམ་ཚིག་མི་ཉམས་པའོ། །འདིའི་དོན་ལ་འགྱུར་བ་མེད་པར་གྱིས་ཤིག །ཐུགས་ཀྱི་དམ་ཚིག་མི་འདའོ། །ཞེས་སོ། །གཉིས་པ་ཡན་ལག་གི་བསྐང་ཐབས་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡན་ལག་གི་དམ་ཚིག་ཉམས་པར་གྱུར་ན་བསྐང་བའི་ཐབས་ནི། རྩ་བ་བསྐང་བ་ལ་ཡན་ལག་ཤུགས་ཀྱིས་ཚང་ཡང་། ཁྱད་པར་དུ་སྤྱད་པ་ལྔ་ལ་སོགས་པའི་གང་ཉམས་པ་དེ་ཡི་དོན་ཉམས་སུ་བླངས་ནས་སོར་ཆུད་ལ། ཚོགས་ཀྱི་འཁོར་ལོ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱིས་ཉམས་པ་བསྐངས་སོ། །གསུམ་པ་བསྐངས་པའི་ཡོན་ཏན་གྱི་ངོས་ནས་ཞབས་བསྡུ་བ་ནི། རྩ་བ་ཡན་ལག་གི་དམ་ཚིག་ཉམས་པའི་བསྐང་ཐབས་གོང་དུ་བཤད་པ་དེ་ལྟར་དུ་ཉམས་སུ་བླང་ན་སྐོང་བར་འགྱུར་རོ། །ཡོན་ཏན་ནི་སྔ་རྟགས་ཚེ་འདི་ལ་སྡུག་བསྔལ་རྣམས་འབྱུང་བར་མི་འགྱུར་ཞིང་། དེས་ནི་ཕྱི་མ་ལ་སྨིན་པའི་འབྲས་བུ་ངན་སོང་གཏན་ནས་མེད་དོ། ༈ །སྤྱི་དོན་དགུ་པ་མཚོན་པ་དཔེ་ལ་གཉིས་ཀྱི་དང་པོ་ཉེར་བསྟན་ནི། བླ་མེད་མ་ཧཱའི་བསྲུང་བྱ་རྣམས་ལ་མི་འདའ་བས་དམ་ཚིག་ཡོ་ག་མན་ཆད་ལ་དཔགས་པས་ཆེན་པོ་དེའི་ལེགས་ཉེས་ཆེ་བའི་དཔེ་བསྟན་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་བཅུ་གཅིག་གི་དང་པོ་ཡོན་ཏན་ཐམས་ཅད་གྱི་གཞི་དམ་ཚིག་གིས་བཟུང་བའི་དཔེ་ནི། དཔེར་ན་ས་གཞི་ལ་སྐྱེས་འགྲོ་རྩི་ཤིང་ལ་སོགས་པ་ཀུན་དེ་ལ་བརྟེན་ནས་འབྱུང་བ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས་ལམ་ལྔ་དང་། དེ་ལས་བྱུང་བའི་འབྲས་བུའི་ཆོས་རྣམས་ཀུན་གྱི་ཡོན་ཏན་ནི། དམ་ཚིག་འདི་མེད་པར་ལོག་ཤིག་ནས་མི་འགྱུར་རོ། །གཉིས་པ་བསྲུང་ཐུབ་མ་ཐུབ་ཀྱི་ལེགས་ཉེས་ཆེ་བའི་དཔེ་ནི། དཔེར་ན་དགྲ་དང་རང་གི་ས་མཚམས་ན་རྫོང་མཁར་བཙན་པོ་ཞིག་ཡོད་ན་རང་ཕྱོགས་ཀྱིས་ཐོབ་ན་ཁེ་ཆེ་ལ། དགྲ་ལ་ཤོར་ན་ཉེན་ཆེ་བས་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་ལ། དམ་ཚིག་འདི་ཉིད་བསྲུང་བ་ཐུབ་དང་མི་ཐུབ་པ་ལས་བསྲུངས་ན་ལེགས་པའི་ཡོན་ཏན་ཚེ་འདི་ཉིད་ལ་འབྲས་བུ་སངས་རྒྱས་ཐོབ་ལ། མ་བསྲུངས་ན་ཉེས་པའི་སྟོབས་ཆེན་པོ་རྡོ་རྗེ་དམྱལ་བ་ལ་འགྲོ་བར་བྱེད་པའོ། །གསུམ་པ་བསྲུངས་བའི་ཡོན་ཏན་མཆོག་ཐུན་མོང་གི་དངོས་གྲུབ་འབྱུང་བའི་དཔེ་ནི། དཔེར་ན་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་ན་དགོས་འདོད་འབྱུང་བ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས། དམ་ཚིག་ཚུལ་བཞིན་དུ་བསྲུངས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་དགོས་འདོད་ཐམས་ཅད་འབྱུང་ངོ་། །བཞི་པ་ཆོས་ཉིད་དམ་ཚིག་ཏུ་འདུས་པའི་དཔེ་ནི། དཔེར་ན་ནམ་མཁའ་རང་གི་ནང་དུ་འབྱུང་བཞི་ཀུན་ཤོང་བ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས་ཆོས་ཉིད་མཉམ་པའི་དམ་ཚིག་འདི་རང་གི་རྒྱུད་ཐོག་ལ་འདའ་ཉམས་མེད་པར་ཡོད་ན་མྱང་འདས་ཀྱི་ཆོས་ཐམས་ཅད་འདིར་འདུས་ཤིང་ཤོང་བར་འགྱུར་རོ། །ལྔ་པ་བསྲུངས་ན་འཁོར་བ་མངོན་དུ་གྱུར་པའི་སྡུག་བསྔལ་གྱི་འཆིང་བ་གཅོད་པའི་དཔེ་ནི། དཔེར་ན་རྣོ་ངལ་དབལ་དང་ལྡན་པའི་མཚོན་གྱིས་དངོས་པོ་གང་གཅོད་པས་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས། དམ་ཚིག་བསྲུང་བས་ཉོན་མོངས་འཁོར་བ་གཟུང་འཛིན་གྱིས་འབྲེལ་བའི་དྲྭ་བ་མ་ལུས་པ་གཅོད་དོ། །དྲུག་པ་དུས་གསུམ་གྱི་རྒྱལ་བ་ཡང་དམ་ཚིག་འདིས་བསྐྱེད་པའི་དཔེ་ནི། དཔེར་ན་ཕ་མས་བུ་ཚ་བསྐྱེད་པ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས། འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་མཐའ་གཉིས་དང་བདུད་བཞི་ལས་རྒྱལ་བ་མ་ལུས་པ་རྣམས་ཀྱང་དམ་ཚིག་འདིས་བསྐྱེད་ཅིང་ནར་སོན་ནོ། །བདུན་པ་བསྲུང་བའི་བྱིན་རླབས་ལ་ཡོན་ཏན་འབྱུང་བའི་དཔེ་ནི། དཔེར་ན་རྒྱ་མཚོའི་རླབས་ལས་རིན་པོ་ཆེ་སྣ་ཚོགས་འབྱུང་བ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས་དམ་ཚིག་བསྲུངས་པའི་བྱིན་རླབས་ལས་གཞན་དོན་ཆེན་པོ་འཕྲིན་ལས་རྣམ་བཞིས་གདུལ་བྱའི་དོན་བྱེད་པའི་དུས་སུ་ཐོགས་པ་མེད་པ་འབྱུང་བར་འགྱུར་རོ། །བརྒྱད་པ་ཁྱད་པར་དུ་བསད་ཅིང་བག་མེད་དུ་སྤྱོད་ན་མྱང་འདས་ཀྱི་རྒྱུ་འབྲས་འཇིག་པའི་དཔེ་ནི། དཔེར་ན་མེ་འདི་ཉིད་བཙའ་ཤེས་ན་མཐུན་པའི་གྲོགས་ཡིན། བཙའ་མ་ཤེས་ནས་བག་མེད་དུ་བྱས་ན། མེ་དཔུང་དུ་གྱུར་ནས་རང་དང་གནས་ཁང་དང་བཅས་པ་བསྲེགས་པ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས། ཁྱད་པར་དུ་ཡན་ལག་གི་དམ་ཚིག་ཉོན་མོངས་པ་འདི་ཐབས་མཁས་པའི་ལྟ་བས་ཟིན་ན། འབྲས་བུ་སངས་རྒྱས་ཐོབ་ལ། རང་ཁར་བག་མེད་དུ་སྤྱོད་པའི་ཕྱོགས་སུ་གང་མཆོངས་པ་ཐམས་ཅད་ཀྱི་རྒྱུད་ལ་མྱང་འདས་ཀྱི་རྒྱུ་འབྲས་འཇིག་པར་འགྱུར་རོ། །དགུ་པ་བག་ཡོད་དུ་སྤྱོད་ན་ཉོན་མོངས་པའི་ས་བོན་དྲུངས་འབྱིན་པའི་དཔེ་ནི། ཉོན་མོངས་པའི་དམ་ཚིག་ལ་ཐབས་མཁས་པའི་ལྟ་བའི་རྩི་ཡིས་ཟིན་པའི་སྒོ་ནས་བག་ཡོད་དུ་སྤྱོད་ན་འབྲས་བུ་སངས་རྒྱས་ཐོབ་པ་དེ་བཞིན་དུ། དཔེ་ན་གཅོང་ནད་ཅན་གྱིས་རྩི་དང་། སྨན་བྱས་པས་ནད་རོ་དྲུངས་ནས་འབྱིན་པ་ལྟ་བུའི། དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས། འཁོར་བའི་གཅོང་རོ་ཉོན་མོངས་པའི་ས་བོན་དང་བཅས་པ་མ་ལུས་པ་དྲུང་ནས་འབྱིན་ནོ། །བཅུ་པ་རང་དང་འཚམས་པར་བག་ཡོད་དུ་བསྲུངས་པར་བྱས་པས་ཐམས་ཅད་ཆུད་མི་ཟ་བའི་དཔེ་ནི། དཔེར་ན་རྒྱལ་པོ་ཁྲིམས་ཡོད་པའི་མངའ་འོག་ཏུ་ཚུད་པའི་མི་སྡེ་དེས་དང་པོ་རྒྱལ་ཁྲིམས་དང་མི་འགལ་བར་བྱེད་ཅིང་ཐབས་མཁས་ན་མཐར་བློན་པོར་གྱུར་པ་ལྟ་བུའི་དམ་ཚིག་གི་རང་བཞིན་ཀྱང་དེ་དང་འདྲ་བས། ཚོགས་ལམ་དང་པོར་ཐུན་མོང་གི་བསྲུང་བྱ་དང་རྩ་བའི་དམ་ཚིག །ཕྱོགས་འགའ་ཙམ་བསྲུང་བ་ལ་བརྟེན་པའི་རིམ་གྱིས་ཁྱད་པར་གྱི་བསྲུང་བྱ་རྣམས་ཚོགས་ལམ་ཆེན་པོ་དང་སྦྱོར་ལམ་ལ་རྫོགས་པས་མཐོང་ལམ་ཟག་མེད་ཀྱི་ཆོས་ཉིད་རྟོགས་པས་འཁོར་བར་འཆིང་བས་འཚོ་བ་འམ། ཡང་ན་སངས་རྒྱས་ཐོབ་པའི་འཚོ་ཡང་ཟེར་རོ། །བཅུ་གཅིག་པ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་མཐར་སངས་མ་རྒྱས་ཀྱི་བར་དུ་སྐད་ཅིག་ཙམ་ཡང་བྲལ་མི་རུང་བའི་དཔེ་ནི། དཔེར་ན་རྒྱ་མཚོ་ལ་ནོར་བུ་ལེན་འགྲོ་བའི་ཚོང་དཔོན་བཞིན་དུ། ཐོག་མ་ཚོགས་ལམ་ནས་བཟུང་སྟེ་ལམ་མཐར་མ་ཕྱིན་གྱི་བར་དུ་ཚོང་དཔོན་གྱིས་དང་པོ་འགྲོ་བ་ནས་བཟུང་སྟེ་མཐར་ཁྱིམ་འདིར་མ་ཕྱིན་གྱི་བར་དུ་ལེགས་ཉེས་ཀྱི་སྤང་བླང་ལ་མཁས་ཤིང་བསྲུངས་པ་ལྟར། འདི་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་བར་དུ་དམ་ཚིག་གི་བསྲུང་བྱ་འདི་རྣམས་ལ་ཤིན་ཏུ་མཁས་ཤིང་ནན་ཏན་དུ་བསྲུང་བར་བྱའོ། །དེ་ཡང་དང་པོ་ཚོགས་ལམ་ཆུང་ངུ་ལ་ཐུན་མོང་གི་དམ་ཚིག་རྣམས་ནུས་བསྲུང་བྱེད་ལ། ཁྱད་པར་མོས་བསྲུང་། ཚོགས་ལམ་ཆེན་པོ་དང་སྦྱོར་ལམ་ལ་ཐུན་མོང་གཞན་དོན་དུ་བསྲུང་ལ། ཁྱད་པར་གྱི་བསྲུང་བྱ་རྣམས་ནུས་བསྲུང་བྱེད་ལ་མཐོང་ལམ་ཕྱིན་ཆད་ལྷུན་གྲུབ་ཡིན་ནོ། །ཡང་ན་རྒྱ་མཚོ་ནོར་ལེན་འདིའི་དཔེ་དོན་ནི། རྒྱ་མཚོའི་གླིང་དུ་ནོར་བུ་རིན་པོ་ཆེ་ལེན་འགྲོ་བ་ལ་མཐའི་རྒྱ་མཚོ་ལ་བསྒྲལ་དགོས་ཏེ། དེ་ཡང་གཟིང་ལ་བརྟེན་ནས་འགྲོ་བ་ཡིན་པས་དེའི་ཐབས་ནི། མཐུན་པའི་རླུང་འོང་བའི་ཚེ། གཟིང་འགྲོ་བའི་རྐྱེན་དུ་ཟུར་བཞི་བ་དན་བཞི། མི་མཐུན་པའི་རྐྱེན་བྱུང་དུས་མལ་དུ་བསྡད་པའི་རྐྱེན་ཁྲོ་ཆུའི་ཕ་བོང་བཞི། ལྕགས་ཐག་འདོམ་པ་དགུ་པ་བཞིས་ཟུར་བཞིར་བཏགས་པ་དང་། ཆུ་སྲིན་གྱི་ཁ་ལ་གཟིངས་འགྲོ་དོགས་པས། བྲག་དང་ཆུ་སྲིན་བརྟག་པའི་ཆེད་དུ་ཕུག་རོན། དེ་ཡང་ཆུ་ཆགས་པའི་ཆེད་དུ་བདུན། ཆུ་སྲིན་ཡིན་ན་དེའི་གཉེན་པོ་དུང་། དེ་འོ་མས་འཚོ་བར་བྱེད་པ་ལ་བ། དེ་ཡང་ཤི་ཐེབ་དང་བཅས་པ་ཡར་དྲུས་གཉིས། སྐོམ་ས་ཐང་ཤིང་དང་ཉ་ནག་མདུང་གཉིས་ཤན་ཕྱེ་བ་ལ་བྱ་རོག །དེ་ཡང་ཁྱུ་ཆགས་པར་བྱ་བའི་ཕྱིར་གཉིས། དེ་རྣམས་ཀུན་ཚོགས་ཀྱང་ཚོང་དཔོན་རྒན་པོ་སྔོན་ནས་ལན་མང་དུ་འགྲོ་མྱོང་བ་ཞིག་དགོས། དེ་རྣམས་བརྟེན་ནས་ནོར་བུའི་གླིང་དུ་ཕྱིན་པར་བྱེད་ཅིང་གཟིངས་མི་བྱིང་བའི་ཚད་དང་བསྟུན་ནས་ནོར་བུ་ཁྱེར་ཏེ། སླར་རང་ཡུལ་དུ་འོང་སྟེ། མི་སྡེ་ཐམས་ཅད་ལ་ཕན་པར་བྱེད་པ་བཞིན་འདིར་ཡང་ཐར་པ་སྒྲུབ་པར་བྱེད་པ་ལ། རྒྱ་མཚོ་དང་འདྲ་བའི་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་བརྒལ་བར་བྱ་བ་ལ། གཟིང་དང་འདྲ་བའི་གསང་སྔགས་ཀྱི་ཐེག་པར་འཇུག་ཅིང་། བ་དན་དང་འདྲ་བའི་བགྲོད་པར་བྱེད་པ་རྫུ་འཕྲུལ་གྱི་རྐང་པ་བཞི། ཁྲོ་ཆུ་ཕ་བོང་དང་འདྲ་བའི་ཚད་མེད་པ་བཞིའི་སྟོབས་དང་ལྡན་དགོས། ཆུ་སྲིན་དང་འདྲ་བའི་ལམ་གྱི་བར་ཆད་ཉོན་མོངས་པའི་ཚོགས། དེ་བསལ་བའི་ཐབས་སུ་དུང་དང་འདྲ་བའི་གནས་ལུགས་ཀྱི་དོན་རྟོགས་པའི་གདིང་དང་ལྡན་པ་ཞིག་དགོས། བ་གཉིས་དང་འདྲ་བའི་ཐབས་ཤེས་ཀྱི་བདེན་པ་གཉིས་ལ་བརྟེན་དགོས། བྱ་རོག་དང་འདྲ་བའི་ལམ་མཐོན་དམན་གྱི་ཚོད་འཛིན་ཅིང་ཉམས་སུ་ལེན་དགོས། ཕུག་རོན་དང་འདྲ་བའི་བྱང་ཆུབ་ཀྱི་ཡན་ལག་བདུན་ཤུགས་ལ་ལྡན་པ་ཞིག་སླར་རང་ཡུལ་དུ་ཕེབས་ནས་རིན་པོ་ཆེས་གཞན་གྱི་དབུལ་ཕོངས་བསལ་བ་དང་འདྲ་བར། རང་དོན་ཆོས་སྐུ་ཐོབ་ཅིང་གཞན་དོན་གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱི་དོན་རྒྱུན་ཆད་མེད་པར་མཛད་པ་ཡང་། ཚོང་དཔོན་ལན་མང་དུ་སོང་བ་དང་འདྲ་བའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་། དམ་ཚིག་འདི་ལ་བརྟེན་ནས་འབྱུང་དགོས་པའོ། ༈ །སྤྱི་དོན་བཅུ་པ་མདོ་བཞི་བརྗོད་བྱའི་ཞབས་བསྡུ་བ་ལ་གཉིས་ཏེ། དང་པོ་ལ་བཞིའི། དང་པོ་རང་བཞིན་གཞིའི་མདོ་ནི། རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་ཅེས་བྱ་བ་རྣམས་ནི། གུད་དམ་ལོགས་ཤིག་ན་ཡོད་པ་མ་ཡིན་ཏེ་རྣལ་འབྱོར་པ་རང་གི་སེམས་ཉིད་འདི་དམ་ཚིག་ཡིན་ཏེ། གཏན་ཚིགས་ཅིའི་ཕྱིར་ཡིན་ཞེ་ན། ཀུན་རྫོབ་ཏུ་ཤེས་བྱ་ཇི་སྙེད་དུ་སྣང་བའི་ཆོས་རྣམས་མ་ལུས་པ་ཀུན་ཀྱང་སྣང་དུས་རང་རྒྱུད་དུ་གྲུབ་པ་མེད་པ་དེ། རང་གི་རིག་པ་འདི་ཉིད་ལས་དབྱིབས་ཁ་དོག་ལ་སོགས་ངོས་བཟུང་ཀུན་དང་བྲལ་བས་སྟོང་པ་དེ་ཉིད་ཡུལ་སྣ་ཚོགས་སུ་ཤར་ནས་སྣང་བ་སྟོང་དུས་སྣང་ལ། དངོས་པོའི་ཡུལ་དུ་ཅི་ལྟར་དུ་སྣང་བ་དང་། ཤེས་བྱ་ཅི་སྲིད་ཐམས་ཅད་རང་རིག་པ་དེ་ཉིད་ཀྱི་འཆར་སྒོ་ཡིན་པས་ན་སྣང་དུས་སྟོང་ལ། དེ་ལྟར་ཀུན་རྫོབ་དང་དོན་དམ་པ་བྱུང་ཆུབ་ཀྱི་སེམས་དབྱེར་མེད་དེ་ཁམས་གསུམ་གྱི་སེམས་ཅན་འགྲེང་བུར་འགྲོ་བ། ལ་ལ་ལྡོག་སྟེ་སྤྱི་གཙུག་གིས་འགྲོ་བ་ལ་སོགས་སྐྱེ་གནས་གར་སུ་ཡང་བྱང་ཆུབ་ཀྱི་སེམས་བདེར་གཤེགས་སྙིང་པོའི་དོན་ལ་སྐད་ཅིག་ཙམ་ཡང་འདའ་མི་སྲིད་དེ་ཆུ་དང་གཤེར་བ་བཞིན་ནོ། །དོན་དེ་ཉིད་རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསྐྱེད། བྱེད་པ་པོས་མ་བྱས་པས་རང་བཞིན་དེ་ལས་མི་འདའ་བས་དམ་ཚིག་འོག་མའི་སྤྱོད་ཡུལ་མིན་པས་ཆེན་པོའོ། །གཉིས་པ་ཤེས་བྱ་ལྟ་བའི་མདོ་ནི། དེ་ལྟར་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དམ་ཚིག་རང་ལ་གནས་པ་དེ་ལ་བརྟག་ཅིང་དཔྱད། གཞིག་ཅིང་གཞལ་པས་དོན་དེ་རིག་པའི་ཚེ་ཡུལ་ཡུལ་ཅན་གྱི་འཛིན་པ་དང་བྲལ་ཞིང་། ཡུལ་བྲལ་གཉིས་མེད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤར་ནས་སྣང་བས། མངོན་སུམ་དུ་སྣང་བའི་ཞེན་བརྟགས་འཁྲུལ་པའི་ཆོས་རང་རྒྱུད་དུ་མེད་པས་དག་ཅིང་ཤེས་བྱའི་ཆོས་མ་འདྲེས་པར་སྣང་བ་རང་གི་རིག་པ་ཉིད་ལ་ཡོངས་སུ་རྫོགས་པས་ལྟ་བ་དེ་ལས་མི་འདའ་བའི་དམ་ཚིག་འོག་མའི་སྤྱོད་ཡུལ་མིན་པས་ཆེན་པོ་ཡིན་པར་རྒྱུད་ནས་བཤད་དོ། །གསུམ་པ་གོམས་བྱེད་ཏིང་ངེ་འཛིན་གྱི་མདོ་ནི། ལྟ་བ་རྟོགས་པའི་དོན་རྣལ་འབྱོར་པ་རང་གི་བློ་ལ་འདྲིས་ཤིང་གོམས་པར་གྱིས་ལ། འགྲོ་ཉལ་འདུག་སྡོད་ཀྱི་སྤྱོད་ལམ་རྣམ་བཞི་ཀུན་ཏུ་སྐད་ཅིག་ཀྱང་མ་ཡེངས་པར་འདའ་ཉམས་མེད་པར་ཏིང་ངེ་འཛིན་རྒྱུན་གྱིས་སྒོམ་པ་ལ་མི་འདའ་བས་དམ་ཚིག་ཡིན་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་ན་མཐར་ཕྱིན་སངས་རྒྱས་དེ་ཉིད་དང་། ད་ལྟའི་རྣལ་འབྱོར་པ་གཉིས་སྤྱོད་ཡུལ་གཅིག་སྟེ། སངས་རྒྱས་ཀྱིས་ཀྱང་ཏིང་ངེ་འཛིན་འདི་ལ་འདའ་ཉམས་མེད་པ་ཡིན་ནོ། །བཞི་པ་བླང་དོར་མེད་པ་སྤྱོད་པའི་མདོ་ནི། ཏིང་ངེ་འཛིན་རྒྱུན་ཆད་མེད་པ་འདི་ལ་བློ་གནས་ན་གཞན་བསྲུང་བར་བྱ་བ་གཅིག་ཀྱང་བསྲུང་དུ་མེད་དེ། མ་བསྲུངས་པའི་ཉེས་པ་རྡུལ་ཕྲན་ཙམ་ཡང་འབྱུང་མི་སྲིད་དེ། གཏན་ཚིགས་ཅིའི་ཕྱིར་མི་འབྱུང་ན་ཚོགས་དྲུག་གི་སྣང་བ་མ་བཤགས་སྤྱོད་པ་ལ་རང་རྒྱུད་དུ་འཛིན་པའི་བློ་དང་བྲལ་ཏེ་མེད་པས་དཔེར་ནམ་མཁའ་སྟོང་པ་ལ་རྡུལ་མི་ཆགས་པ་དང་འདྲ་བས། ཐམས་ཅད་ཆོས་ཉིད་ཀྱི་རྦ་ཀློང་དུ་གྱུར་པས་ཉམས་པ་ནི་གཟུང་འཛིན་གྱི་དྲི་མ་དེ་གཏན་ནས་མེད་དོ། །གཉིས་པ་དམ་ཚིག་ཐམས་ཅད་མདོ་བཞིར་འདུས་པ་ནི། སུམ་བརྒྱ་དྲུག་ཅུའི་ནང་ནས་ལྷག་པའི་དམ་ཚིག་མདོ་རྣམ་པ་བཞིར་འདུས་པ་འདི་དང་ལྡན་ན། སུམ་བརྒྱ་དྲུག་ཅུའི་བསྲུང་བར་བྱ་བ་མ་ལུས་པ་རྣམས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་བསྐྱེད་རྫོགས་ཀྱི་དོན་ལ་མི་ཉམས་པའི་ཐབས་ཡིན་པས་དེ་བས་བསྲུང་བྱ་མ་ལུས་པ་མདོ་བཞི་འདིར་འདུས་པའི་ཕྱིར་ན། དམ་ཚིག་ཀུན་གྱི་མདོར་བསྡུས་པ་ཞེས་གསུངས་པའོ། །ཡང་ན་ལྷག་པའི་དམ་ཚིག་རྣམ་བཞིར་ལྡན་ཞེས་པ་འདི། འོག་མ་ཆེད་འཛིན་ཅན་རྣམས་ལས་ལྷག་པའི་རྫོགས་པ་ཆེན་པོའི་དམ་ཚིག་གི་མདོ་རྣམས་པ་བཞིར་འདུས་པ་ཡིན་ཏེ། ཤེས་བྱ་གཞིའི་འདུག་ཚུལ་ཐམས་ཅད་རང་བཞིན་གཞིའི་མདོར་འདུས་ལྟ་བའི་བྱེ་བྲག་ཐམས་ཅད་ཤེས་བྱ་ལྟ་བའི་མདོར་འདུས་སྒོམ་པ་ཏིང་ངེ་འཛིན་གྱི་བྱེ་བྲག་ཐམས་ཅད་གོམས་བྱེད་ཏིང་ངེ་འཛིན་གྱི་མདོར་འདུས། སྤྱོད་པའི་བྱེ་བྲག་ཐམས་ཅད་བླང་དོར་མེད་པར་སྤྱོད་པའི་མདོར་འདུས་པ་དང་རྣམ་བཞིར་ལྡན་པས། ཐེག་པ་ཐམས་ཅད་ཀྱིས་བསྲུང་བར་བྱ་བའི་དམ་ཚིག་མ་ལུས་པ་ཀུན་རྫོགས་པ་ཆེན་པོ་འདིར་འདུས་པའི་ཕྱིར་རྩ་བ་དང་ཡན་ལག་གི་དམ་ཚིག་ཀུན་གྱི་མདོ། ལྟ་བ་ཆེད་འཛིན་དང་བྲལ་བས་མེད་པ། །སྤྱོད་པ་ཆེད་བྱས་དང་བྲལ་བས་ཕྱལ་བ། །སྒོམ་པ་ཡུལ་འཛིན་དང་བྲལ་བས་གཅིག་པུ། །འབྲས་བུ་རེ་དོགས་དང་བྲལ་བས་ལྷུན་གྲུབ་དང་བཞིར་འདུས་པའོ། །ཞེས་དམ་ཚིག་བྱེ་བྲག་ཐམས་ཅད་མདོ་བཞིར་བརྗོད་བྱར་འདུས་པས། རྫོགས་པ་ཆེན་པོའི་དོན་ནོ། །དེ་རྣམས་ཀུན་གྱིས་གཞུང་གི་དོན་དེ་སོང་ནས། ༈ །གསུམ་པ་ཞབས་དགེ་བའི་རྩ་བ་བསྔོ་བ་ནི། སྒྱུ་འཕྲུལ་གསང་སྙིང་གིས་གཞུང་བསྲངས། དམ་ཚིག་རྣམ་པར་བཀོད་པའི་རྒྱས་པར་བཤད། གཏེར་རྒྱུད་ཀྱིས་ཁོག་དབུབ་པའི་དེ་ལ་སོགས་པ་གསང་སྔགས་བླ་མེད་ཀྱི་ཐེག་པ་ཟབ་ལ་རྒྱ་ཆེ་བ་རྒྱ་མཚོ་དང་འདྲ་བའི་རྒྱུད་སྡེ་ཆེན་པོ་རྣམས་ལས། ལམ་དེ་ལས་བྱུང་བ འི་འབྲས་བུ་ཐམས་ཅད་ཀྱི་སྙིང་པོ་དཔེ་མེ་ལོང་བཅུ་གཅིག་གིས་མཚོན་པ། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་གཅིག་ཐོག་ན་གཅིག་འོང་བས་འཁོར་ལོ་དང་འདྲ་བའི་གཞུང་འདི་ཉིད། དཔེར་ན་བྱ་ངང་པའི་མཆུ་ལ་སྐྱུ་རྩི་ཡོད་པ་ཡིས་རྒྱ་མཚོའི་ནང་ནས་འོ་མ་ཐིམ་གཅིག་ཡོད་ན་བླང་བའི་ཚུལ་གྱིས། སློབ་དཔོན་སྒེག་པའི་རྡོ་རྗེའི་བློ་ཡི་ཉེར་ལེན་གྱི་ཤེས་རབ་སྐྱུར་རྩི་དང་འདྲ་བས། རྒྱུད་སྡེ་རྒྱ་མཚོ་དང་འདྲ་བའི་ནང་ནས། འོ་མ་དང་འདྲ་བའི་གཞུང་འདི་བསྡུས་པས། དགེ་རྩ་དེས་ཀུན་ཀྱང་དམ་ཚིག་ལ་གནས་ནས་འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག །དེས་ཞབས་དགེ་བའི་རྩ་བ་བསྔོ་བ། དེའི་གོང་དུ་གཞུང་། དེའི་གོང་དུ་ཀླད་དོན། དེ་གསུམ་གྱི་བཤད་བྱ་གཞུང་དོན། དེའི་གོང་དུ་དོན་མ་ནོར་བའི་བཤད་ཐབས། དེའི་གོང་དུ་འཇུག་ངོ་ཤེས་པའི་ཆོས་ངོས་བཟུང་། དེ་གསུམ་གྱི་གོང་འཆད་ཉན་བྱེད་པ་དམ་ཆོས་ཀྱི་རྣམ་བཞག་དེ་སོང་ནས། གསུམ་པ་འཆད་ཉན་མཐར་ཕྱིན་པའི་རྒྱུ་མཚན་ནི། དམ་ཚིག་རྡོ་རྗེའི་གསལ་བཀྲ་ཞེས་བྱ་བ་བླ་མེད་སྤྱིའི་བསྲུང་བའི་དམ་ཚིག་རྒྱུད་ནས་འཐོར་བའི་དོན་རྣམས་མདོར་བསྡུས་པ། རྡོ་རྗེ་བཞད་པ་ནི་སྒེག་མོ་ལ་མེ་ཏོག་ཕོག་པའི་གསང་མཚན་ཡིན་པས། སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེ་གསུངས་སོ། །རྫོགས་སོ་ནི་ཚིག་དོན་ལྷག་མ་མ་ལུས་པའི་ཐ་ཚིག་གམ། གནས་སྐབས་རེ་ཞིག་རྫོགས་ནས་བཤད་དུ་མ་མཆིས་པའི་དོན་དུ་གདའོ། །ཚུལ་འདི་ནི་སྔར་འགྲེལ་པ་ཐབས་ཅད་ལ་གཞི་བླངས་ནས། གཞུང་ལུགས་མ་ནོར་བའི་དགོངས་པ་དག་ལྡན་གསལ་བའི་མེ་ལོང་ཞེས་བྱ་བ་འདི་གསང་སྔགས་རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱལ་མཚན་གྱིས་སྨྲས་སོ། ༈ །ཡེ་ནས་གནས་པའི་ཆོས་ཉིད་ལྷུན་གྲུབ་དེ། །ཤེས་རབ་སྤྱན་གྱིས་མ་ལུས་དབྱིངས་སུ་གཟིགས། །རྒྱལ་བ་ཀུན་དང་དགོངས་པ་དབྱེར་མེད་བཞུགས། །མཚན་མཆོག་དོན་ལྡན་དེ་ཡི་ཞབས་ལ་འདུད། །གསུངས་རབ་རྒྱུད་སྡེ་ཆུ་གཏེར་ཆེན་པོ་ལས། །དེད་དཔོན་ཆེན་པོ་སྒེག་པའི་རྡོ་རྗེ་ཡིས། །ཤེས་བྱ་འབྱེད་པའི་ཤེས་རབ་གྲུ་གཟིངས་ཐོག །བསྲུང་བའི་དོན་མཆོག་རིན་ཆེན་རྒྱལ་པོ་ལེན། །ལྔ་སྐྱེས་དབང་པོ་ཛྙཱ་ནའི་མཚན་ཅན་གྱིས། །ལུང་རིགས་དུ་མས་ཕྱི་དོར་བྱས་ནས་ཀྱང་། །གངས་ཆེན་ཁྲོད་འདིར་རྒྱལ་མཚན་རྩེ་ལ་ཕྱར། །དད་ལྡན་ནོར་འདོད་གསང་སྔགས་རིགས་ཅན་དེས། །ཐོས་བསམ་སྒོམ་པས་ཡེངས་མེད་གསོལ་བ་ཐོབ། །སྐུ་ལྔ་ལྷུན་གྲུབ་ནོར་གྱིས་ཕྱུག་གོ་སྙམ། །འདི་བྲིས་དྲི་མེད་གང་གཱའི་ཆུ་རྒྱུན་དེས། །འགྲོ་མང་གཟུང་འཛིན་དྲི་མ་ཀུན་བཀྲུ་བས། །ཅི་བཞིན་མ་ནོར་འདི་ཉིད་དོན་རྟོགས་ནས། །དོན་གཉིས་ལྷུན་གྲུབ་ཆུ་གཏེར་འཇུག་པར་ཤོག ༈ །བདག་ནི་ཚེ་རབས་སྐྱེ་བ་ཐམས་ཅད་དུ། །ལུང་བསྟན་ཐོབ་པ་འཕགས་པའི་ཞབས་དྲུང་དུ། །གནས་ལུགས་རྟོགས་པའི་དོན་དང་རབ་ལྡན་ནས། །བྱང་ཆུབ་མིང་ཅན་བྱང་ཆུང་ཐོབ་པར་ཤོག །བླ་མའི་ཞབས་རྡུལ་སྤྱི་བོས་ལེན་ཅིང་འབངས་ཐམས་ཅད་ཀྱི་ཐ་མར་གྱུར་པ་བྱང་ཆུབ་བཟང་གིས། བདག་དང་མཚུངས་པའི་གྲོགས་མཆེད་འགའ་འགའི་དོན་དུ་ཞུ་བ་ཡང་ཡང་ཕུལ་བས། བླ་མའི་ཐུགས་རྗེ་གདུལ་བྱ་ལ་ཉེ་བར་དགོངས་ནས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་བརྡོལ་ནས། མན་ངག་སྙིང་ཁུ་ཡང་ཞུན་གྱི་ཐིགས་པ་དག་ལྡན་གསལ་བའི་མེ་ལོང་ཞེས་བྱ་བའི་ཡི་གེའི་རིས་སུ་བྲིས་པ་འདི་རེ་ཞིག་རྫོགས་སོ།། །།བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ་བྷ་བ་ཏུ། དགེའོ། །དགེའོ། །དགེའོ།། །།

གསང་བ་སྔགས་ཀྱི་དམ་ཚིག་གི་རིམ་པ་མདོར་བསྡུས་པ། གཙང་སྟོན་རྡོ་རྗེ་རྒྱལ་མཚན།

གསང་བ་སྔགས་ཀྱི་དམ་ཚིག་གི་རིམ་པ་མདོར་བསྡུས་པ་ཆོས་རྗེ་གཙང་སྟོན་པས་མཛད་པ་བཞུགས་སོ། །ༀ་སྭ་སྟི། རང་བྱུང་ཡེ་ཤེས་མཐའ་བྲལ་ནམ་མཁའ་ལ། །ཡོན་ཏན་ཟད་མེད་ཡིད་བཞིན་རིན་ཆེན་བཞིན། །འཛིན་པ་བྲལ་བའི་ཐུགས་རྗེ་ཆེན་པོ་ཡིས། །འགྲོ་རྣམས་སྒྲོལ་མཛད་རྗེ་བཙུན་རྣམས་ལ་འདུད། །སྤྱིར་གསང་སྔགས་ཀྱི་དམ་ཚིག་ལ་བསམ་གྱིས་མི་ཁྱབ་ཀྱང་མདོར་བསྡུ་ན་དོན་བཅུ་སྟེ། ངོ་བོ་དང་རྣམ་གྲངས་དང་། བསྲུང་ཐབས་དང་། ཉམས་རྒྱུ་དང་། ཉམས་པའི་སྔ་རྟགས་ཚེ་འདི་ལ་འབྱུང་བ་དང་། ཉམས་པའི་སྐྱོན་དང་། མ་ཉམས་པའི་ཡོན་ཏན་དང་། ཉམས་ན་བསྐང་བའི་ཐབས་དང་། དམ་ཚིག་གི་དཔེ་དང་། མདོ་ཆོས་ཉིད་དུ་བསྡུ་བ་དང་བཅུའོ། །དེ་ལ་དང་པོ་ངོ་བོ་ནི། དམ་ཚིག་དཔག་ཏུ་མེད་ཀྱང་རྩ་བ་ཡན་ལག་གཉིས་སུ་འདུས་དེ་ལ་ཡན་ལག་གི་དམ་ཚིག་ཀྱང་རྩ་བའི་དམ་ཚིག་བཞིར་འདུས། དཔེར་ན་འབྱུང་བཞི་ནམ་མཁའི་ཁོང་དུ་འདུས་པ་དང་འདྲ་བར། རྩ་བ་བཞི་ལ་སོགས་པ་ཀུན་ཀྱང་སེམས་ཉིད་མཉམ་པ་ཉིད་ཆོས་སྐུའི་ངང་དུ་ཆུ་ནང་གི་ཟླ་བ་ལྟར་དབྱེར་མེད་པར་རྟོགས་པ་ནི་དམ་ཚིག་གི་ངོ་བོའོ། །གཉིས་པ་རྣམ་གྲངས་ནི། བསྲུང་བའི་ཐབས་སུ་བཤད་པས་འདིར་མ་བརྗོད་དོ། །གསུམ་པ་བསྲུང་བའི་ཐབས་ལ། རྩ་བ་དང་། ཡན་ལག་གི་དམ་ཚིག་གཉིས་སོ། །དེ་ཡང་རྩ་བའི་དམ་ཚིག་ལ་བཞི་སྟེ། བྱང་ཆུབ་སེམས་དང་སྐུ་གསུང་ཐུགས་སོ། །བྱང་ཆུབ་སེམས་ལ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི། ཕུང་པོ་ཁམས་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་རྟོགས་ནས། དེ་ཡང་སེམས་ཉིད་དང་དབྱེར་མེད་པ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དོན་དམ་པ་བྱང་ཆུབ་སེམས་ནི། སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུར་གྲུབ་པར་རྟོགས་པ་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་མ་རྟོགས་ཤིང་བསྐུར་རམ་མ་མོས་ན་ཉམས་པའོ། །སྐུ་ཡི་དམ་ཚིག་ལ་གཉིས་ཀྱི། དང་པོ་སློབ་དཔོན་དྲུག་ནི། སྤྱིའི་སློབ་དཔོན། སྐྱབས་འགྲོ་ཐུན་མོང་བ་ཡན་ཆད་རྒྱུ་མཚན་ཉིད་ཀྱི་ཆོས་ཞུས་པའོ། །དེ་ནི་དཔེར་ན་སྤྱིར་རྒྱལ་ཁྲིམས་ལ་གནས་པའི་རྒྱལ་པོ་ཙམ་དུ་བཀུར་རོ། །འདྲེན་པའི་སློབ་དཔོན་ནི། དཔེར་ན་རྒྱལ་བུ་རྒྱལ་སར་བཏོན་པས་དྲིན་ཆེན་གྱི་ཁུར་བ་ཙམ་དུ་བཀུར་རོ། །དམ་ཚིག་དབོག་པ་དང་དབང་བསྐུར་བའི་སློབ་དཔོན་ནི། མས་བུ་བསྐྱེད་པ་དང་འདྲ་བར་བུ་གཅིག་པའི་མ་ཙམ་དུ་བཀུར་རོ། །ཆག་ཉམས་སྐོང་བའི་སློབ་དཔོན་ནི། རྒྱལ་བུ་རྒྱལ་ཁྲིམས་ལ་ཐུགས་ནས་ཕས་བཏོན་པ་དང་འདྲ་བར་ཕ་བཟང་པོ་ཙམ་དུ་བཀུར་རོ། །ཤེས་རྒྱུད་གྲོལ་བའི་སློབ་དཔོན་ནི། ཐོས་པས་རང་རྒྱུད་བཀྲོལ་བ་ཡིན་ཏེ། མིག་གིས་ཕྱི་ནང་མཐོང་བ་དང་འདྲ་བར་མིག་ཙམ་དུ་བཀུར་རོ། །མན་ངག་གི་སློབ་དཔོན་ནི། བསྐྱེད་རྫོགས་ཀྱི་གདམས་ངག་དབོག་པ་ཡིན་ཏེ། གདམས་ངག་མེད་ན། ཆོས་ཤེས་ཀྱང་འབྲས་བུ་མི་ཐོབ་པས་སྙིང་དང་འདྲ་སྟེ་ཡན་ལག་གང་གིས་ཀྱང་འཆི་བར་མི་ནུས་པས་སྙིང་ཙམ་དུ་བཀུར་རོ། །གཉིས་པ་མཆེད་ལ་རྣམ་པ་བཞི་སྟེ། སྤྱི་ཡི་མཆེད་ནི། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུ་ཡོད་པས་སྤྱི་ཚན་བཟང་པོ་ཙམ་དུ་བཀུར་རོ། །རིང་བའི་མཆེད་ནི་ཆོས་སྒོར་ཞུགས་པ་ཐམས་ཅད་ཡིན་ཏེ་ནང་ཚན་བཟང་པོ་ཙམ་དུ་བཀུར་རོ། །ཉེ་བའི་མཆེད་ནི། གསང་སྔགས་ཀྱི་སྒོར་ཞུགས་པ་ཐམས་ཅད་ཡིན་ཏེ་ཕ་སྤུན་མཐུན་པོ་ཙམ་དུ་བཀུར་རོ། །འདྲིས་པའི་མཆེད་ནི། སློབ་དཔོན་གཅིག་ལ་དབང་དང་གདམས་ངག་ལྷན་གཅིག་ཏུ་ཞུས་པ་ཡིན་ཏེ། སྤུན་མཐུན་པོ་ཙམ་དུ་བཀུར་རོ། །སློབ་དཔོན་དང་མཆེད་ཀྱི་དཔེ་བཅུ་པོ་དེ་ཡང་འཇིག་རྟེན་གྱི་དམན་པ་དང་ཆ་ཞེན་པ་ལྟར་མ་ཡིན་པར། དེ་བས་ལྷག་པར་བཟང་བར་བལྟ་ཞིང་བཀུར་རོ། །སློབ་དཔོན་དག་མཆེད་ཀྱི་དམ་ཚིག་ཐུན་མོང་དུ་བསྲུང་བའི་ཐབས་ནི། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྲུང་སྟེ། ལུས་ཀྱི་སྒོ་ནས་ཟས་དང་ནོར་ལོངས་སྤྱོད་ཐམས་ཅད་འབུལ་བ་ཡང་། གསང་བའི་སྙིང་པོ་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །ཞེས་དང་། དགོངས་པ་འདུས་པ་ལས་ཀྱང་། དམ་པའི་རིགས་སུ་གྱུར་པ་ན། །རྗེས་ཀྱི་རིགས་དང་འཐད་པའི་ཡོན། །ནོར་གྱི་དབྱིགས་དང་ན་བཟའི་མཆོག །རྩི་མཆོག་འཚོ་བའི་ཟས་མཆོག་རྣམས། །འབུལ་ལ་གསོལ་བས་མཉེས་པར་བྱ། །དེས་ནི་ནད་དང་དབུལ་ལ་སོགས། །བཀྲེས་དང་ཚ་བའི་སྡུག་བསྔལ་གྱིས། །ནམ་ཡང་འདེབས་པར་མི་འགྱུར་རོ། །ཞེས་གསུངས་སོ། །ཟས་ནོར་ལ་སོགས་པ་ཐམས་ཅད་ཀྱང་སྦུར་མ་ལྟར་འཕང་བ་མེད་པར་འབུལ་ལོ། །ཞབས་འབྲིང་ཡང་གཤེགས་བཞུད་ལ་སོགས་པ་བླ་མ་ཅི་ལྟར་མཉེས་པར་ལྟར་བྲན་གྱི་ཐ་མལ་ལྟར་བྱའོ། །ངོ་བོའི་མ་དྲིན་ཆེ་བ་ལྟར་མི་བསམ། བླ་མའི་རིགས་དང་འཁོར་ལ་སོགས་པ་ཀུན་ཀྱང་དེ་དང་མཚུངས་ཏེ། ཟས་ནོར་ལ་སོགས་པ་མི་བླང་བ་དང་། ཤིན་ཏུ་གདུང་བར་བྱའོ། །ངག་གི་སྒོ་ནས་བླ་མ་དང་གྲོགས་པོའི་སྐྱོན་སྦ་བ་དང་། ཡོན་ཏན་བསྒྲག་པ་དང་། རྒྱུ་མཚན་འདི་འདྲ་ཞེས་ཚུལ་ཡང་བསྒྲགས་པ་མ་ཡིན་ན། སྐྱོན་དང་བསྐུར་པ་ལ་སོགས་པ་ནི་འཇིག་རྟེན་བྲེ་མོའི་གཏམ་དུ་ཡང་བརྗོད་པར་མི་བྱའོ། །ཡིད་ཀྱི་སྒོ་ནས་གཡོ་སྒྱུ་དང་ཕྲག་དོག་དང་། ངན་དང་། དཔྱ་སེམས་དང་། ནོར་ལ་བརླམ་པ་ལ་སོགས་པ་སེ་གོལ་ཙམ་གྱི་ཡུན་དུའང་བྱ་བ་མ་ཡིན་ནོ། །དེ་ཡང་ཕྲ་རྒྱས་ལས། ཆགས་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་དུག་ལྔའི་སེམས་མི་བྱ། །ངན་དུ་མི་སེམས་ཅི་བར་སེམས། །ཕ་མ་ཡི་དམ་འདྲ་བར་སེམས། །རྟག་ཏུ་གདུང་བ་རྒྱན་མི་བཅད། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །ཞེས་གསུངས་པས་མཉེས་པའི་ཐབས་སུ་ཟས་ནོར་དང་ལུས་འབུལ་བ་དང་། དད་པ་དང་ཤེས་རབ་དང་སྒྲུབ་པ་ལ་སོགས་པ་ཅི་བྱས་ཀྱང་བླ་མ་དང་གྲོགས་པོ་མཉེས་པར་བྱེད་ཅིང་། བཀའི་མཐིལ་གཅོག་པ་ལྟ་ཅི་སྲིད། ཟུར་ཡང་མི་གཅོག་པའི་རྣལ་འབྱོར་བ་ནི་སངས་རྒྱས་ཀུན་གྱི་རྒྱུན་ལ་ཞུགས་པས་འཁོར་བར་མི་ལྡོག་པར་རྒྱལ་བ་ཀུན་ཏུ་བཟང་པོས་གསུངས་སོ། །དེ་ཡང་དམ་ཚིག་བཀོད་པ་ལས། དམ་ཚིག་མ་ཉམས་པར་སྲུང་ན། །ཀུན་བཟང་ང་དང་སྐལ་པ་མཉམ། །ཞེས་གསུངས་སོ། །བཀའ་བཅག་ཀྱང་མི་སྟོ་བའི་སྐབས་ནི། གདུང་བར་ཆད་སློབ་དཔོན་གྱི་ཆ་བྱད་དུ་བྱུང་བ་དང་། སློབ་དཔོན་སྨྱོས་པ་དང་། ཆང་དང་གདོན་དབང་དུ་སོང་བ་དང་། ལོག་པའི་ལམ་ལ་འགོད་ཅིང་དགེ་བའི་གེགས་བྱེད་ནས་སྡིག་པའི་ལས་ལ་བསྐུལ་བ་དང་། བཀའ་བདེན་པ་མི་སྟོན་ཅིང་མུ་སྟེགས་དང་ལོག་པའི་ཆོས་སྟོན་པར་བྱེད་ན་བཀའ་བཅག་པ་ནི་མི་སྟོ་སྟེ་གནས་སྐབས་བཞིའོ། །གྲོགས་པོ་ཡང་དཀར་པོ་ལ་སྨོད་ཅིང་ནག་པོ་ལ་བསྟོད་པ་དང་། བཀའ་དང་དམ་ཚིག་ལ་འགལ་ཞིང་མཆེད་ལ་བརྩེ་གདུང་མེད་ཅིང་འཁུ་བ་དང་། དད་པ་ཅན་གྱི་ཚོགས་གཅོག་ཅིང་། དགེ་བ་ཅན་གྱི་ཐུགས་དཀྲུགས་པ་དང་། ཆོས་ལ་མི་དད་ཅིང་དགེ་འདུན་ལ་མི་མོས་ན་བཀའ་བཅག་ཀྱང་མི་སྟོ། དེ་བས་ཞིབ་པར་བླ་མ་ལྔ་བཅུ་ལ་སོགས་གཞུང་གཞན་དུ་རྒྱས་པར་བལྟའོ། །དེས་སྐུའི་དམ་ཚིག་བསྲུང་ཐབས་སོ། །གསུང་གི་དམ་ཚིག་ལ་སྔགས་གསུམ་མུ་དྲ་རྣམ་པ་བཞི་སྟེ། རྒྱུ་མ་ནོར་བ་རྩ་བའི་སྔགས་ཡི་དམ་ལྷའི་སྙིང་པོ་དང་། བསྐྱེད་པ་རྐྱེན་གྱི་སྔགས་ལྷའི་སྐུ་བསྐྱེད་པའི་སྔགས་དང་། བསྐུལ་བ་ལས་ཀྱི་སྔགས་ཕྲིན་ལས་ཀྱི་སྔགས་ཐམས་ཅད་དོ། །ཕྱག་རྒྱ་རྣམ་པ་བཞི་ནི། སྐུ་ཕྱག་རྒྱ་ཆེན་པོ་ཡི་དམ་གྱི་ལྷ་བསྒོམ་པ་དང་། གསུང་ཆོས་ཀྱི་ཕྱག་རྒྱ་སྔགས་དང་བཟླས་བརྗོད་ལ་སོགས་པ་ཐམས་ཅད་དང་། ཐུགས་དམ་ཚིག་གི་ཕྱག་རྒྱ་ཐུགས་ཀར་བསྒོམ་པ་དང་། འཕྲོ་འདུ་ཕྲིན་ལས་ཀྱི་ཕྱག་རྒྱ་ཏིང་ངེ་འཛིན་གྱི་འགྲོ་དོན་བྱེད་པ་ལ་སོགས་པ་ཐམས་ཅད་དོ། །རྫོགས་རིམ་ལྟར་ན། སྣང་བ་ཐམས་ཅད་སྐུ་ཕྱག་རྒྱ་ཆེན་པོ། དེ་རང་བཞིན་མེད་པ་གསུང་ཆོས་ཀྱི་ཕྱག་རྒྱ། དེ་དབྱེར་མེད་ཐུགས་དམ་ཚིག་གི་ཕྱག་རྒྱ། དེའི་ངང་ལ་བྱ་བ་བྱེད་པ་མི་འགགས་པ་ལས་ཀྱི་ཕྱག་རྒྱའོ། །དེ་ལྟར་རང་གི་ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྔགས་གསུམ་དང་། དབྱེར་མེད་པ་དུས་གསུམ་དང་སྤྱོད་ལམ་བཞིར་ཡང་དང་ཡང་དུ་ཏིང་ངེ་འཛིན་དང་སྔགས་ཀྱི་བཟླས་པ་བྱེད་པ་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་གཟུངས་ཀྱིས་ཟིན་པ་ཡིན་པས། བྱང་ཆུབ་ཀྱི་གཟུངས་ལ་ཞུགས་ཅེས་བྱའོ། །དེ་ལྟ་བུ་ལ་རབ་རྒྱུན་ཆད་མེད་པ། འབྲིང་ཉིན་དུས་དྲུག་དང་མཚན་དུས་དྲུག་དང་། ཐུན་བཞི་དང་། ཐུན་གསུམ་དང་། ཐ་མ་ཉིན་ལན་གཅིག་མཚན་ལན་གཅིག་ལ་སོགས་པར་བརྩོན་འགྲུས་བསྐྱེད་དེ་འབད་ལ་ཉམས་སུ་བླང་ངོ་། །གཞན་ཡང་དེའི་ཡན་ལག་ཏུ་ཚོགས་དང་། གཏོར་མ་ལ་སོགས་པ་ཡང་ཅི་ལྟར་འབུངས་ལ་གཞུང་བཞིན་དུ་བགྱིའོ། །དེ་ལྟར་མི་བྱེད་པར་ཡལ་བར་དོར་ནས་གཡེངས་བ་ལ་ཤོར་ན་བྱང་ཆུབ་ཀྱི་ས་བོན་བརླག་པ་ཡིན་ནོ། །དེ་ནི་གསུང་གི་དམ་ཚིག་གོ། །ཐུགས་ཀྱི་དམ་ཚིག་ནི། གསང་བའི་མན་ངག་གི་དོན་རྣམ་པ་བཅུའོ། །ལྟ་བ་ཟབ་མོ་མན་ངག་གི་དོན་གསང་བ་དེའི་རྗེས་སུ་ཞུགས་པའི་སྤྱོད་པ་ཟབ་མོ་གསང་བ་དང་། ཡི་དམ་གྱི་ལྷ་དང་། གསང་མཚན་དང་། དབང་དང་སྒྲུབ་པའི་དུས་ཀྱི་གཟུངས་མ་དང་། རྨི་ལམ་དང་། ཡོན་ཏན་དང་། གྲུབ་རྟགས་ལ་སོགས་པ་ཅི་བྱུང་བ་ཐམས་ཅད་གསང་ངོ་། །གཞན་ཡང་སྒྲུབ་པའི་གནས་དང་། ནམ་སྒྲུབ་པའི་དུས་དང་། རྫས་དང་ལག་ཆ་ཅི་དགོས་ཐམས་ཅད་ཤིན་ཏུ་གསང་ངོ་། །གཞན་ཡང་གསང་བར་འོས་པ་ནི། དཀོན་མཆོག་ལ་བསྔོས་པའི་ཕུད་དང་། ནང་བའི་གཏོར་མ་དང་། ཚོགས་མཆོད་དང་། བྷནྡྷ་མཚན་དང་། ལྷའི་རྟེན་གྱི་ཕུར་པ་དང་། ཡང་དག་གི་བསྒྲུབ་པ་ལ་དགོས་པའི་རྐོང་བུ་དང་། བམ་གྱི་དབང་པོ་ལྔ་དང་། གསང་སྔགས་ལ་དགོས་པའི་དམ་རྫས་ལ་སོགས་པ་ཀུན་གསང་ངོ་། །གསང་བར་གཉེར་གཏད་པ་ནི། གྲོགས་པོའི་སྤྱོད་པ་ངན་པ་དང་། མཚང་དང་། སེམས་ཅན་གྱིས་ངན་སྤྱོད་དང་། སེམས་ཅན་ལ་གནོད་པའི་སྤྱོད་རིགས་རྒྱ་དང་རྙིར་དང་ས་མདའ་ལ་སོགས་པ་ཐམས་ཅད་ནི་གསང་བ་བླ་ན་མེད་པ་བྱང་ཆུབ་ཀྱི་རྒྱུ་ཡིན་ནོ། །གཞན་ཡང་སློབ་དཔོན་དང་། གྲོགས་པོའི་གསུང་གསང་བ་ཐམས་ཅད་ཀྱང་གསང་ངོ་། །དེ་ལྟར་མ་གསང་ནས་བཟླས་ན་སེམས་ཅན་གསང་སྔགས་ལ་མི་མོས་ཏེ། ལོག་ལྟ་སྐྱེ་སྟེ་སྡིག་ཆེའོ། །དེ་བས་གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཉམས་པས། །གསང་ཕྱིར་མན་ངག་སྣ་ཚོགས་གསང་། །ཞེས་གསུངས་པ་དང་། གསང་ན་དངོས་གྲུབ་མི་ཉམས་པ་དང་། རང་གཞན་གྱི་དོན་ཐམས་ཅད་འགྲུབ་བོ། །གསང་བའི་ཡུལ་ཡང་། བསྒྲལ་བའི་ཞིང་བཅུ་དང་། མ་སྨིན་པ་དང་། དམ་མ་འདྲེས་པ་དང་། དམ་འདྲེས་ཀྱང་ཉམས་པ་དང་། འཚོགས་པ་ལ་གསང་ངོ་། །དེ་ཡང་ལུས་ཀྱི་སྦ་བ་དང་། ངག་གིས་རྡོ་རྗེའི་ལྕེ་ཡོད་ཀྱང་མི་བརྗོད་པ་དང་། སེམས་ཀྱིས་བསྟན་པར་མི་བསམ་པ་དང་། དེ་ལྟ་བུས་ཤིན་ཏུ་གསང་བར་གདམས་པའོ། །དེ་ཡང་ས་མ་ཡ་བཀོད་པ་ལས། །ཀུན་བཟང་བཀའ་དང་ངེས་པའི་ལུང་། །གསང་བ་བཅུ་པོ་བཅུ་པོ་དག །མན་ངག་གཞན་ལ་མི་སྤེལ་བ། །དེ་ཡང་ལུས་ངག་སེམས་རྣམས་ཏེ། །ལུས་ཀྱི་སྤྱོད་པ་བརླངས་པོ་སྤང་། །ངག་གིས་རྡོ་རྗེའི་ལྕེ་ཡོད་ཀྱང་། །བརྗོད་པ་དག་ཏུ་བྱ་བ་མིན། །ཞེས་སོ། །འོ་ན་ཡེ་མི་བཤད་དམ་ཅེ་ན། ཡང་དེ་ཉིད་ལས། དབང་བསྐུར་གནང་བ་གང་ཐོབ་པ། །སྣོད་དང་ལྡན་པའི་སྐྱེས་བུ་ལ། །ཐབས་ཀྱིས་སྨྲ་བ་གང་བྱེད་པ། །འདི་ནི་བསྲུང་བའི་རིམ་པ་སྟེ། །དངོས་གྲུབ་འབྲས་བུ་ཆུད་མི་ཟ། །ཞེས་གསུངས་སོ། །དེ་ནི་རྩ་བའི་དམ་ཚིག་གི་རྣམ་པ་བཞིའོ། །ཡན་ལག་གི་དམ་ཚིག་རྣམ་པ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་ལ་རྣམ་པ་ལྔ་སྟེ། སྤྱད་པའི་དམ་ཚིག་ལྔ་དང་། མི་སྤང་བའི་དམ་ཚིག་ལྔ་དང་། དང་དུ་བླང་བའི་དམ་ཚིག་ལྔ་དང་། ཤེས་པར་བྱ་བའི་དམ་ཚིག་ལྔ་དང་། བསྒྲུབ་པར་བྱ་བའི་དམ་ཚིག་ལྔའོ། །སྤྱད་པར་བྱ་བའི་དམ་ཚིག་ལྔ་ནི། སྒྲོལ་བ་དང་། སྦྱོར་བ་དང་། མ་བྱིན་པར་བླངས་བ་དང་། རྫུན་སྨྲ་བ་དང་། ངག་བརླངས་པའོ། །སྒྲོལ་བ་ལ་བདུན་ནི། རང་བཞིན་ལྟ་བའི་སྦྱོར་སྒྲོལ་ནི། སྣང་སྲིད་ཀྱི་ཆོས་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པ་རྟོགས་པ་ནི་སྦྱོར་བ་སྟེ། དངོས་པོ་དང་མཚན་མར་མི་གནས་པས་སྒྲོལ་བའོ། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་ནི། དེ་ལྟ་བུ་དོན་རྣམས་འབྱོར་པའི་བློ་ལ་སྦྱོར་ཙ། རྣམ་རྟོག་དང་དངོས་འཛིན་མི་གནས་པས་སྒྲོལ་བའོ། །དབང་པོ་ཡུལ་གྱི་སྦྱོར་སྒྲོལ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་རྒྱལ་བའི་དཀྱིལ་འཁོར་དུ་སྦྱོར་བས་འཇིག་རྟེན་གྱི་དངོས་འཛིན་མི་གནས་པས་ན་སྒྲོལ་བའོ། །ཐབས་ཆེན་པོའི་སྦྱོར་སྒྲོལ་ནི། སྔོན་དཔའ་ཆེན་པོའི་རུ་ཏྲ་བསྒྲལ་ནས་སེམས་ཉིད་ཟག་མེད་དུ་སྦྱོར་བའོ། །མངོན་ཕྱུང་ཕྲིན་ལས་ཀྱིས་སྒྲོལ་བ་ནི། དེང་སང་རྣལ་འབྱོར་པ་ལྟ་སྤྱོད་སྒོམ་གསུམ་ཚང་དུ་ཕྱིན་ནས་ཡུལ་བསྒྲལ་བའི་ཞིང་བཅུ་ལ་གསང་སྔགས་ཀྱི་ཕྲིན་ལས་བྱེད་ནས་ཕུང་པོ་གདོས་པོ་ཅན་དུ་བསྒྲལ་ནས་སེམས་ཟག་པ་མེད་པ་ལ་སྦྱོར་བའོ། །དེ་ཡང་ཡུལ་བསྒྲལ་བའི་ཞིང་བཅུ་ལྟ་བུ་ལ་བྱེད་པ་དང་། སེམས་ཀྱི་གཞན་ལ་སྙིང་བརྩེ་བ་དང་། བསྟན་པའི་ཆེད་དུ་བྱེད་པ་དང་། དངོས་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཚད་དུ་སྐྱོལ་བས་བྱེད་པ་དང་། དེ་ལྟར་བྱེད་ན་སྒྲོལ་བའི་དམ་ཚིག་སྟེ། དེ་བསྒྲལ་བས་ཁོའི་འབྲས་བུ་རྫོགས་པ་དང་། སེམས་བདེ་བ་དང་། བསྟན་པ་རྒྱས་པ་དང་། བྱང་ཆུབ་འཕེལ་བར་འགྱུར་རོ། །དེ་ལྟར་བསྒྲལ་བའི་དགོས་ཆེད་ཀྱང་། །ལྷ་མཉེས་བདག་གི་དམ་སྐོངས་ཤིང་། །ལས་ངན་བར་ཆད་སྡུག་ཡུན་ཐུང་། །རང་གིས་བསགས་མེད་ངན་སོང་ལ། །བདེ་ལམ་འདི་ལས་གཞན་མེད་དོ། །ཐབས་ཀྱི་སྤྱོད་པས་འཆིང་གྱུར་ན། །བྱང་ཆུབ་སེམས་དཔའ་འདུལ་དབང་གིས། །རྔོན་དང་སྨད་འཚོང་སྟོན་པའང་ལྷུང་། །ཁེ་དང་སྤྱོད་པ་དེ་མེད་ཕྱིར། །ཐབས་ཆེན་ལམ་ལ་གནས་པ་ཡི། །སྐྱེས་བུ་ཀུན་གྱིས་བྱ་བར་འབྱུང་། །ཞེས་གསུངས་པས་རེ་ཆ་དང་ཁེ་དང་ཟས་ནོར་དང་། འདོད་པའི་ཕྱིར་བྱས་ན་ཉམས་པའོ། །མུ་སྟེགས་དང་ཕྲ་མེན་གྱིས་སྦྱོར་བར་མི་ནུས་སོ། །དེ་ལྟ་བུ་ཀུན་ཀྱང་རྒྱུད་ལུང་གི་དོན་གོ་བས་ཏིང་ངེ་འཛིན་གྱིས་ཉམས་སུ་ལེན་པ་གལ་ཆེའོ། །སྦྱོར་བའི་དམ་ཚིག་ནི། དབང་དང་སྒྲུབ་པའི་དུས་ཀྱི་ཕྱག་རྒྱ་ལམ་དུ་ཁྱེར་བའོ། །དེ་ཡང་ཞེན་པ་དང་དངོས་འཛིན་གྱིས་བྱས་ན་ཉམས་པའོ། །རྫུན་དུ་སྨྲ་བའི་དམ་ཚིག་ལ་བཅུ་བདུན་ཏེ། ལྟ་བའི་རྫུན་གསུམ་ནི། ལུས་ངག་ཡིད་གསུམ་རང་བཞིན་གྱིས་མ་གྲུབ་པར་རྟོགས་ཙ། དངོས་པོ་ཐམས་ཅད་རྫུན་དུ་སོང་བའོ། །གནོད་པའི་རྫུན་བཞི་ནི། ཡུལ་དཀོན་མཆོག་གསུམ་ལ་གནོད་པ་དང་། སློབ་དཔོན་དང་གྲོགས་པོ་དང་། སེམས་ཅན་ཐམས་ཅད་གནོད་པ་སྤོང་བའི་ཐབས་སུ་རྫུན་གྱི་རྣམ་པ་ཅི་སྨྲས་ཀྱང་དམ་ཚིག་དང་ལྡན་པར་འགྱུར་རོ། །གསང་བའི་རྫུན་བཅུ་ནི། གསང་བའི་མན་ངག་རྣམ་པ་བཅུ་ལ་སོགས་པ་ཐུགས་ཀྱི་དམ་ཚིག་གི་སྐབས་སུ་བཤད་པ་ཐམས་ཅད་དང་། གསང་བའི་དོན་ཐམས་ཅད་ལ་གསང་བའི་ཕྱིར་རོ། །རྫུན་དུ་སྨྲ་བ་ནི་རྫུན་དུ་སྨྲ་བའི་དམ་ཚིག་ཅེས་བྱའོ། །དེ་ལྟར་མ་ཡིན་པར་གཞན་གནོད་པར་སྨྲ་ན་ཉམས་པའོ། །མ་བྱིན་པ་ལེན་པའི་དམ་ཚིག་ནི། བསྒྲལ་བའི་ཞིང་བཅུ་ལ་མ་བྱིན་པར་ལེན་ཐབས་ནི་ཚར་གཅོད་པའོ། །གཞན་ཡང་གཟུངས་མ་མཚན་དང་ལྡན་པ་དང་། བྷན་དྷ་མཚན་དང་ལྡན་པ་དང་། གསང་སྔགས་བྱིན་རླབས་ཅན་གྱི་རྫས་དང་། ཆོས་ཟབ་མོ་དང་། དེ་ཀུན་ཞིང་ངན་པའི་སྣོད་དུ་འདུག་ན་བླང་ངོ་། །གཞན་ཡང་ས་འོག་གི་གཏེར་དང་། ཕྱུག་པོ་སེར་སྣ་ཅན་གྱི་ནོར་ཡང་བླངས་བླ་མ་དཀོན་མཆོག་གི་ཕྱོགས་སུ་བཏང་ངོ་དེ་ཡང་དམ་ཚིག་བཀོད་པ་ལས་སེར་སྣས་བཅིངས་པའི་ཡོ་བྱད་དང་། དངོས་གྲུབ་ཀྱི་རྫས་ཐ་མལ་པས་འཆང་པ་རྣམ་པ་རྣམས་བླངས་ལ་བྱིན་རླབས་ཀྱི་རྟེན་དུ་བྱ་བ་ནི་དམ་ཚིག་གོ། །རང་རྒྱལ་དུ་གཞན་གྱི་ཡོ་བྱད་འཕྲོག་པ་ནི་ཉམས་པའོ། །ཞེས་པས། རང་འདོད་ཀྱི་ཆེད་དུ་བྱ་ན་ཉམས་པའོ། །ངག་བརླངས་པོའི་དམ་ཚིག་ནི། བསྒྲལ་བའི་ཞིང་བཅུ་ལ་ཐབ་པ་ནི་ཚར་གཅོད་པའི་དམ་ཚིག་གོ། །སློབ་བུའི་སྣོད་བཅོས་པ་དང་། གཞན་དག་ཆོས་ལ་གཟུད་པའི་སླད་དུ་གཤེ་བ་དང་། གསང་སྔགས་ཀྱི་བར་དུ་གཅོད་པའི་འབྱུང་པོ་ལ་ཕྲིན་ལས་བྱེད་པ་ནི་ངག་བརླང་པོའི་དམ་ཚིག་གོ། །དེ་ལྟ་བུའི་དམ་ཚིག་ནི་སྤྱོད་པའི་དམ་ཚིག་ལྔའོ། །མི་སྤང་བའི་དམ་ཚིག་ལ་ཡང་དག་པའི་དུག་ལྔ་དང་། ལོག་པའི་དུག་ལྔའོ། །ཡང་དག་པའི་དུག་ལྔ་ནི། གོང་གི་སྦྱོར་བའི་དམ་ཚིག་དང་། འདོད་ཡོན་རང་རིག་ཡེ་ཤེས་སུ་ཤར་བས་མི་སྤང་བ་དང་། ཞེ་སྡང་ཞིང་བཅུ་ཐུགས་རྗེས་བསྒྲལ་བས་མི་སྤང་བ་དང་། ཐེག་པ་འོག་མ་ལ་མི་འཐབ་ཅིང་ནང་དུ་ཞུགས་པའི་ཕྲག་དོག་དང་། ཡང་དག་པའི་དོན་རྟོགས་པའི་ང་རྒྱལ་དང་། ཕྱི་ནང་གི་ཆོས་ཐམས་ཅད་རིས་སུ་མི་ཕྱེད་པའི་གཏི་མུག་གོ། །ལོག་པའི་དུག་ལྔ་ནི། ཉོན་མོངས་པའི་དུག་ལྔ་སེམས་ཀྱི་ཆོས་ཉིད་རྟོགས་པའི་མི་སྤོང་བའོ། །དེ་ལྟར་མ་བྱས་ནས་རང་རྒྱལ་དུ་བྱས་ན་ཉམས་པའོ། །དང་དུ་བླང་བའི་དམ་ཚིག་ལྔ་ནི། བདུད་རྩི་རྣམ་པ་ལྔ་ཐབས་ཁྱད་པར་ཅན་གྱིས་ཉམས་སུ་ལེན་པའོ། །དེ་ལྟར་མི་བྱེད་ནས་བབ་ཅོལ་དུ་སྤྱད་ན་ཉམས་པའོ། །ཤེས་པར་བྱ་བའི་དམ་ཚིག་ལྔ་ནི། ཕུང་པོ་ལྔ་ལ་སོགས་པ་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་རྟོགས་ནས་ཉམས་སུ་ལེན་པའོ། །བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་ནི། དེ་ལྟ་བུའི་དོན་རྟོགས་ཤིང་ཉམས་སུ་བླངས་པས་སྤྱོད་ཡུལ་ཡེ་ཤེས་སུ་ཀ་ནས་དག་པའོ། །དེ་དག་ནི་ཐུན་མོང་མ་ཡིན་པའི་དམ་ཚིག་བསྲུང་བའི་ཐབས་སོ། །ཐུན་མོང་གི་དམ་ཚིག་ལ་གཉིས་ཏེ། བདག་དོན་ཉི་ཤུ་རྩ་གཅིག་སྟེ། རྒྱན་འགྱེད་པ་དང་། ལུས་མཛེས་པར་བྱེད་པ་དང་། དམག་དང་ཚོང་ལ་སོགས་པའི་འཚོགས་པར་འགྲོ་བ་དང་། ཆང་དང་། ལུས་དག་ཡིད་གསུམ་གྱི་བྱེད་སྤྱོད་སྣ་ཚོགས་ཀྱི་སེམས་ཀྱི་ཁེངས་པ་དང་། རྟོགས་པ་མཐོ་དམན་དང་། དབང་གྲངས་མང་ཉུང་དང་། བསླབ་པ་མཐོ་དམན་གྱི་ཕྱག་ལེན་པ་དང་། ཆེ་ངག་དང་། དགེ་བ་ལ་སྨོད་པ་དང་། སྡིག་པ་ལ་བསྟོད་པ་དང་། ལེ་ལོ་ཆེ་བ་དང་། སེར་སྣ་ཆེ་བ་དང་། གཉིད་ངང་གཡེངས་པ་དང་། ཁྲོ་གཏུམ་ཆེ་བ་དང་། རང་རྒྱུད་ཞེ་སྡང་ཆེ་བས་གཤིས་བསྒྱུར་དཀའ་བ་དང་། བླ་མ་དང་གྲོགས་པོའི་བཀའ་གཅོག་པ་དང་། བག་མེད་པའི་སྤྱོད་པ་དང་། དམ་བཅའ་དོར་བ་དང་། ཆོག་མི་ཤེས་པ་དང་། ཆོས་དང་འཇིག་རྟེན་གྱི་ངོ་བོ་ལ་དགའ་བའོ། །གཞན་དོན་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཕྱིའི་ཆོས་སྤྱོད་བཅུ་དང་། ཕྲིན་ལས་བཞི་དང་། བསྡུ་བའི་དངོས་པོ་བཞི་དང་། ཐེག་པ་རིམ་པ་དགུ་ལ་སོགས་པས་སེམས་ཅན་གྱི་དོན་དུ་ཇི་ལྟར་འགྲོ་བར་ཉམས་སུ་བླང་ངོ་། །དེ་ལས་གོལ་བའི་མུ་སྟེགས་དགུ་དང་། དེ་ལ་སོགས་ཏེ་སེམས་ཅན་གྱི་དོན་དུ་ཇི་ལྟར་འགྱུར་བར་ཉམས་སུ་བླང་ངོ་། །དེ་ནི་ཐེག་པ་ཕྱི་ནང་ཐུན་མོང་གི་དམ་ཚིག་གོ། །དེ་ལྟར་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་རྣལ་འབྱོར་པས་དྲན་པ་དང་། ཤེས་བཞིན་མ་ཡེངས་པར་ཉམས་སུ་བླང་བར་བྱའོ། །མཐོང་ལམ་ཕྱིན་ཆད་ནས་ངོ་བོ་ཉིད་ཀྱི་རྒྱུད་ལ་རང་ལྡན་ནོ། །རྩལ་ཆེན་རྫོགས་པའི་མཐར་ལམ་པ་ལ་མཐར་ཕྱིན་པའོ། །དེ་ནི་བསྲུངས་ཐབས་ཀྱི་རིམ་པའོ། །བཞི་པ་དེ་དག་གི་ཉམས་རྒྱུ་ནི། མི་ཆོས་བློན་པོའི་ལས་བྱེད་པ་དང་། བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པ་དང་། ཆོས་བྱེད་གཞན་ལ་ཟུར་ཟ་བ་དང་། ཁེ་དང་དྲེགས་པའི་འདུ་བ་བསྟན་པ་དང་། ཟས་ནོར་ལ་ཆགས་སེམས་ཆེ་བ་དང་། རང་གཞན་གྱི་ཕྱིར་ཕྱོགས་རིས་ཆེ་བ་དང་། ཆང་དད་ཆེ་བ་དང་། ར་མཐོང་དང་། ལྟ་སྤྱོད་སྙོམས་ལས་སུ་གཏོང་ནས་ང་རྒྱལ་བ་དང་། ཆོས་ལ་ཕྱོགས་རིས་ཆེ་བ་དང་། ངོམ་སྐྱེན་པ་དང་། གསང་མི་ཐུབ་པ་དང་། ལེ་ལོ་ཆེ་བས་བསྒྲུབས་མི་ནུས་པ་དང་། གཙང་རྨེ་ཆེ་བ་དང་། སྒྲོ་བསྐུར་ལ་དགའ་བ་དང་། གྲོང་གི་ཉམས་ལེན་ལ་དགའ་བ་དང་། འཁོར་བའི་རིགས་རྒྱུད་དང་བསོད་ནམས་འཕེལ་ན་དགའ་བ་དང་། གཅིག་པུར་གནས་མི་ཚུགས་ཤིང་མང་པོ་འཕེལ་ན་དགའ་བའོ། །དེ་དག་ནི་དམ་ཚིག་ཉམས་པའི་རྒྱུ་སྟེ་སྤང་ན་ཉམས་པ་མི་འོང་ངོ་། །ལྔ་པ་ཉམས་པའི་སྔ་རྟགས་ཚེ་འདི་ལ་འབྱུང་བ་ནི། ཡ་ངའི་འགོ་ནད་སྣ་ཚོགས་དང་། དགྲ་ལ་མཐུ་མི་འབྱུང་བ་དང་། བགེགས་ལ་བྱིན་རླབས་བྱེད་པ་དང་། འཁོར་དང་ལོངས་སྤྱོད་ཡིད་དུ་འོང་བ་དང་བྲལ་བ་དང་། རང་ལ་ཉེས་པ་མེད་པར་གཞན་གྱི་ཁས་ཕོག་པ་དང་། ཅི་བསམ་པའི་ལས་ལ་འབྲས་བུ་མེད་པ་དང་། ཡིད་དུ་མི་འོང་བ་སྣ་ཚོགས་འབྱུང་ངོ་། །སྐུའི་དམ་ཚིག་ཉམས་པའི་རྟགས་སུ། འཇིག་རྟེན་འདིར་ཡང་མཛེ་ཤུ་དང་ནད་སྣ་ཚོགས་འབྱུང་ནས་སྐྱེ་བོ་ཡོངས་དང་ཉེ་དུ་ལ་སོགས་པ་ཀུན་གྱིས་སྤང་ནས་འགྲོགས་པའི་དབང་མེད་དོ། མི་རྣམས་ཀྱི་སྤང་ནས་དུས་མ་ཡིན་པར་འཆིའོ། །གསུང་གི་དམ་ཚིག་ཉམས་པའི་སྔ་རྟགས་ཚེ་འདི་ལ་འབྱུང་བ་ནི། བགེག་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་གླག་ཚོལ་བ་དང་། ནད་བཞི་བརྒྱ་རྩ་བཞིས་སྐབས་ཚོལ་བ་དང་། ཡེ་འགྲོགས་སུམ་བརྒྱ་དྲུག་ཅུས་བར་དུ་གཅོད་པ་དང་། ལྐུགས་ཤིང་དབང་པོ་ཉམས་ནས་ནད་སྣ་ཚོགས་འབྱུང་ཞིང་གསང་བའི་བཀའ་མི་ཐུབ་པ་དང་། བར་ཆོད་ཀྱི་བགེགས་ཀྱིས་གློ་བུར་དུ་འཆིའོ། །ཐུགས་ཀྱི་དམ་ཚིག་ཉམས་པའི་སྔ་རྟགས་ནི། ཚེ་འདིར་ཡང་མཐུ་དང་རྫུ་འཕྲུལ་ཆུང་ཞིང་སྨྱོ་བ་དང་། འབོག་པ་དང་། གླལ་པ་དང་། དབང་པོའི་ཉམས་མི་གསལ་བའོ། །ཅེས་ས་མ་ཡ་བཀོད་པ་ལས་བྱུང་ངོ་། །དམ་ཚིག་ཉམས་པའི་སྔ་རྟགས་ཚེ་འདིར་མ་བྱུང་ན། གལ་ཏེ་ཉམས་པའི་རྟགས་མེད་ན། །ལེགས་པར་སྣང་བ་མི་རུང་སྟེ། །བདེ་བ་ཟད་བྱས་གཏན་དུ་སྡུག་ཅེས་སོ། །གལ་ཏེ་མ་ཉམས་པ་ལ་ཉམས་པའི་རྟག་བྱུང་ན། སྔོན་གྱི་རྣམ་སྨིན་ཟད་གྱུར་ནས། བསྐང་གསོའི་ལས་ལ་བརྩོན་པར་བྱ། །ཅེས་གསུངས་པས་རྩོན་པར་བྱ། དྲུག་ཉམས་པའི་སྐྱོན་ཚེ་ཕྱི་མ་ལ་འབྱུང་བ་ནི། བྱང་ཆུབ་སེམས་ཀྱི་དམ་ཉམས་ན། བསྐལ་པར་དགེ་བ་ཅི་བསགས་ཀྱང་། གཞི་རྟེན་མེད་ནས་འཁོར་བ་ལས་ཐོན་མེད་དོ། །སྐུའི་དམ་ཚིག་ཉམས་ན་གོང་དུ་གསུངས་པའི་སྡུག་བསྔལ་རྣམ་འབྱུང་ནས་བསྐལ་པ་ཆེན་པོ་གཅིག་ཏུ་དམྱལ་བར་སྐྱེའོ། །གསུང་གི་དམ་ཚིག་ཉམས་ན། གོང་དུ་གསུངས་པའི་སྡུག་བསྔལ་རྣམས་བྱུང་ནས་ལྷ་དང་མཁའ་འགྲོ་གཡེལ་ནས་བསྐལ་པ་ཆེན་པོ་གཉིས་སུ་དམྱལ་བར་སྐྱེའོ། །ཐུགས་ཀྱི་དམ་ཚིག་ཉམས་ན། སྨྱོ་འབོག་ལ་སོགས་པའི་སྡུག་བསྔལ་འབྱུང་ནས་ཚེ་ཐུང་བསྐལ་པ་ཆེན་པོ་གསུམ་དུ་དམྱལ་བར་སྐྱེའོ། །ཡན་ལག་གི་དམ་ཚིག་ཉམས་ན། འཁོར་དང་ལོངས་སྤྱོད་ཡིད་དུ་འོང་བ་དང་བྲལ་བ་དང་། དངོས་གྲུབ་ལ་སོགས་པ་གཏན་དུ་མི་འབྱུང་བ་དང་། ངན་སོང་རྣམ་པ་གསུམ་དུ་སྐྱེ་བར་འགྱུར་རོ། །རྩ་བ་དང་ཡན་ལག་ཀུན་ཉམས་ན། རྡོ་རྗེ་དམྱལ་བར་སྐྱེ་སྟེ་སྡུག་བསྔལ་ནི་དམྱལ་ཁམ་བཅོ་བརྒྱད་གཞན་དུས་གཅིག་ཏུ་བསྡོངས་ཀྱང་རྡོ་རྗེ་དམྱལ་བའི་ཆར་མི་ཕོད། བསྐལ་པ་ཆེན་པོ་ཐེར་འབུམ་དུ་གནས་ཏེ། དེ་ཡང་གཏོར་རྒྱུད་ལས། ལྕགས་ཀྱི་རི་རབ་ཆེན་པོ་ཚད་ལྡན་བརྒྱ་རེག་པ་བཞིན་དུ་བྱ་རེག་འཇམ་གྱི་ལྤགས་པས་དྲུད་ནས་ཟད་ན་རྡོ་རྗེ་དམྱལ་བའི་ཚེ་ཚད་དོ། །ཅེས་གསུངས་སོ། །དེ་ཡང་འཕགས་པའི་ཐུགས་རྗེ་ལས། །གོལ་བས་བསྡོང་ཟླ་མེད་པ་ནི། །སངས་རྒྱས་སྟོང་གི་འོད་ཟེར་དང་། །བྱང་ཆུབ་སངས་རྒྱས་ཕྲིན་ལས་ནི། །རྒྱུད་དུ་མཛད་ཀྱང་ཕན་མི་འགྱུར། །ཅེས་གསུངས་པས་ཐོན་ཤིན་ཏུ་དཀའོ། །བདུན་པ་མ་ཉམས་པའི་ཡོན་ཏན་ནི། སྐུའི་དམ་ཚིག་མ་ཉམས་ན། ལུས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་། ནད་མེད་པ་དང་། གཞོན་ཤིང་ལང་ཚོ་དར་ལ་བབས་པ་དང་། ཡན་ལག་ལྷག་ཆད་མེད་པ་དང་། དབང་པོ་ཉམས་པ་མེད་པ་དང་། ཚེ་རིང་བ་དང་། ལོངས་སྤྱོད་དང་འབྱོར་བ་འཕེལ་བ་དང་། འཁོར་མ་མོ་དང་མཁའ་འགྲོས་བཀའ་བཞིན་བྱེད་པ་དང་། སྲིད་པ་གསུམ་དུ་དབང་བསྒྱུར་བ་དང་། མཐུ་དང་རྫུ་འཕྲུལ་དཔག་གིས་མི་ལང་བ་དང་། མན་ངག་གི་དོན་རྟོགས་པར་འགྱུར་བ་དང་། རིག་འཛིན་རྣམ་པ་གསུམ་གྱི་དངོས་གྲུབ་ཐོབ་པ་དང་། ཀུན་ཏུ་བཟང་པོ་དང་སྐལ་པ་མཉམ་མོ་གསུངས་སོ། །ཞེས་གསུངས་གསུང་གི་དམ་ཚིག་བསྲུང་བའི་ཡོན་ཏན་ནི། ཡེ་ཤེས་ཀྱི་ལྷ་མཉེས་པ་དང་། དེས་བར་ཆད་བྲལ་ནས་རིག་རྒྱུད་འཕེལ་བ་དང་། བྱིན་རླབས་བསམ་གྱིས་མི་ཁྱབ་པས་གཞན་དོན་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་འགྲུབ་པར་འགྱུར་བ་དང་མདོར་ན་ཅི་དང་ཅི་བསམ་པའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཐུགས་ཀྱི་དམ་ཚིག་མ་ཉམས་ན། ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས་སྐྱོ་དུབ་མེད་པ་དང་། དོན་དེ་ཉིད་ཀྱིས་བསྐྱེད་རྫོགས་ཀྱི་དོན་མཐར་ཕྱིན་པ་དང་། དགོངས་པ་དེ་ཉིད་ཀྱིས་མངོན་དུ་གྱུར་ཏེ། ཡེ་ཤེས་ཀྱི་ལྷ་རྣམས་ཀྱིས་དབང་བསྐུར་བར་འགྱུར་རོ། །ཡན་ལག་གི་དམ་ཚིག་མ་ཉམས་ན། ཐེག་པའི་དོན་རྟོགས་པ་དང་། དངོས་གྲུབ་རྣམ་གཉིས་གྲུབ་པ་དང་། སེམས་ཅན་གདུལ་བྱའི་དོན་རྣམས་གྲུབ་པ་དང་། ལྟ་སྤྱོད་ཡ་ཆར་མ་གྱུར་ཏེ་གསང་སྔགས་ནང་པར་ཆུད་པ་དང་། ཐེག་པ་ཕྱི་ནང་མ་འདྲེས་པས་བཀའི་བྱིན་རླབས་དུས་སུ་འགྲུབ་པ་དང་། བསྲུང་བའི་ལྷ་རྣམས་ཀྱིས་སྐྱོབས་པ་དང་། ཟབ་མོའི་ཆོས་མྱུར་དུ་རྟོགས་ཤིང་རྣལ་འབྱོར་སྤྱོད་པ་རླན་གྱིས་ཟིན་ནས་རང་བཞིན་གྱི་དོན་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཉན་ཐོས་ཀྱི་འདུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། གསང་སྔགས་ཀྱི་དམ་ཚིག་ཀུན་ཀྱང་དེ་ལྟར་བསྲུང་ན་ཡོངས་སུ་རྫོགས་པར་འགྱུར་རོ། །བརྒྱད་པ་ཉམས་ན་བསྐང་བའི་ཐབས་ནི། བྱང་ཆུབ་སེམས་ཀྱི་དམ་ཚིག་ཉམས་ན། བླ་མ་དགོངས་ཉམས་དང་ལྡན་པ་ལས་དབང་བླངས་ལ་ཉམས་སུ་བླང་བྱའོ། །སྐུའི་དམ་ཚིག་ཉམས་ན། བླ་མ་དང་གྲོགས་པོ་གང་ལ་ཉམས་པ་དེ་ལ་ཟས་ནོར་དང་བདོག་པ་ཐམས་ཅད་འབུལ་ནས་ཞེ་ཐག་པ་ནས་བཤགས་པ་བྱའོ། །བླ་མས་ཀྱང་གནང་བར་བྱའོ། །མ་རྙེད་ན་དེ་དང་མཉམ་པ་བརྒྱ་ལ་བཤགས་པར་བྱའོ། །དེ་ཡང་མ་རྙེད་ནས་དེ་དང་མཉམ་པ་གསུམ་ལ་སྦྱིན་བསྲེགས་དང་། ཚོགས་མཆོད་དང་། བསྐང་བ་ལ་སོགས་ནུས་ཚད་དུ་བྱའོ། །ཚེ་གཅིག་ཏུ་དཀའ་བ་སྤྱོད། བདོག་པ་ཐམས་ཅད་འབུལ་ལོ། །དེ་ན་དཔང་པོས་ཀྱང་ཚངས་པ་སྦྱིན་པར་བྱའོ། །ཚིག་ཏུ་བཤགས་དོན་དུ་མི་བཤགས་ན་མི་བྱང་བར་བཤད་དོ། །གསུང་གི་དམ་ཚིག་ཉམས་ན། བཟླས་པ་བལྡབ་ཏུ་བྱ། བསྒྲུབ་པ་ཆེན་པོ་གསུམ་གྱི་བསྐང་བར་བྱའོ། །ཐུགས་ཀྱི་དམ་ཚིག་ཉམས་ན། ཐམས་ཅད་སེམས་ཉིད་ཀྱི་རང་བཞིན་དུ་རྟོགས་ན་སྐོང་བར་འགྱུར་རོ། །ཡན་ལག་གི་དམ་ཚིག་ཉམས་ན་གང་ཉམས་པ་དེ་སོར་ཆུད་པར་བྱའོ། །གལ་ཏེ་སློབ་དཔོན་དང་གྲོགས་ཀྱི་བཤགས་པ་མི་གནང་ན། གལ་ཏེ་གུས་པས་མི་ལེན་ན། །གཉིས་ཀ་རྡོ་རྗེའི་དམྱལ་བར་སྐྱེ། །ཞེས་གསུངས་སོ། །དགུ་པ་དཔེ་བསྟན་པ་ནི། དམ་ཚིག་ཐམས་ཅད་ས་གཞི་བཟང་པོ་ལྟ་བུ་དང་། བསྲུང་ཐུབ་མ་ཐུབ་པའི་དཔེ་སོ་མཚམས་ཀྱི་མཁར་བཟུང་བ་དང་། བསྲུང་བ་ལ་ཡོན་ཏན་འབྱུང་བའི་དཔེ་ཡིད་བཞིན་ནོར་བུ་ལྟ་བུ་དང་། ཆོས་ཐམས་ཅད་དམ་ཚིག་ཏུ་འདུས་པའི་དཔེ་ནམ་མཁའ་ལྟ་བུ་དང་། བསྲུང་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་གཅོད་པའི་དཔེ་མཚོན་རྣོན་པོ་ལྟ་བུ་དང་། དུས་གསུམ་རྒྱལ་བའང་དམ་ཚིག་ལ་འབྱུང་བའི་དཔེ་ཕ་མ་ལྟ་བུ་དང་། བསྲུང་ན་དངོས་གྲུབ་འབྱུང་བའི་དཔེ་རྒྱ་མཚོའི་རླབས་ལས་ནོར་བུ་འབྱུང་བ་ལྟ་བུ་དང་། ཁྱད་པར་དུ་མི་གསོད་པར་བག་དང་ལྡན་པར་བསྲུང་དགོས་པའི་དཔེ་མེ་དཔུང་ལྟ་བུ་དང་། བསྲུང་ན་འཁོར་བའི་སྡུག་བསྔལ་སེལ་བའི་དཔེ་རྩི་སྨན་ལྟ་བུ་དང་། བསྲུང་བ་ལ་ལེགས་ཉེས་ཤིན་ཏུ་ཆེ་བའི་དཔེ་རྒྱལ་པོའི་ཁྲིམས་ལྟ་བུ་དང་། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་མཐར་མ་ཕྱིན་གྱི་བར་དམ་ཚིག་མ་ཉམས་པར་བསྲུང་བའི་དཔེ་རྒྱ་མཚོ་ནོར་ལེན་ཚོང་དཔོན་ལྟ་བུའོ། །བཅུ་པ་དམ་ཚིག་གི་མདོ་ཆོས་ཉིད་དུ་བསྡུ་བ་ནི། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་དམ་ཚིག་ཡིན། །ཞེས་གསུངས་པས། དམ་ཚིག་ཐམས་ཅད་ཀྱི་དཔེ་རྒྱ་མཚོ་ནང་གི་གཟའ་སྐར་དང་འདྲ་བར་སེམས་ཉིད་དབྱེར་མེད་པར་ལྷུན་གྱིས་གྲུབ་པར་རྟོགས་ན་དམ་ཚིག་ཐམས་ཅད་དེར་འདུས་སོ། །དེ་ནི་ཆོས་ཉིད་ཀྱི་སྲོག་དམ་ཚིག །དམ་ཚིག་གི་སྲོག་ལུང་། ལུང་གི་སྲོག་མན་ངག་ཅེས་གསུངས་སོ། །མན་ངག་གི་སྲོག་ནི་བསྒོམ་པ་ཡིན་ཏེ། བསྒོམ་པའི་སྲོག་ནི་མ་ཡེངས་པ་ཡིན་པས་སྤྱོད་ལམ་དུས་རྒྱུན་ཆད་མེད་པར་བསྒོམ་ན། དགོངས་པ་ཀློང་དུ་གྱུར་ནས་མངོན་པར་སངས་རྒྱས་སོ། །དེ་ནི་མདོ་ཆོས་ཉིད་དུ་བསྡུ་བའོ། །དམ་ཚིག་དེ་རྣམས་རྒྱུད་ལ་ལྡན་ཚུལ་ནི། དང་པོ་རྣལ་འབྱོར་པ་རྣམས་ཀྱིས་གཉེན་པོའི་སྒོ་ནས་སྲུང་ཞིང་མ་ཉམས་པ་དང་བཅས་པས་ནན་ཏན་དུ་བྱའོ། །ས་ཐོབ་ནས་ཆེད་བྱས་མེད་པར་བསྲུང་བ་ལ་ངོ་བོ་ཉིད་ཀྱིས་མི་ལྟ་བ་སྟེ་ངོ་བོ་ཉིད་ཀྱིས་བསྟན་ནོ། །ཉམས་པ་དང་བྲལ་བ་ནི། རྩལ་ཆེན་རྫོགས་པའི་མཐར་ལམ་བར་དུ་ངོ་བོ་ཉིད་ཀྱིས་སྟོབས་སུ་འགྱུར་རོ། །གསང་སྔགས་དམ་ཚིག་བསྡུས་པའི་དོན། །ཅུང་ཟད་བྲིས་པའི་བསོད་ནམས་དེས། །རྣལ་འབྱོར་དམ་དང་ལྡན་གྱུར་ཏེ། །འགྲོ་རྣམས་སངས་རྒྱས་ཐོབ་པར་ཤོག ༈ །ཤཱཀྱའི་དགེ་སློང་ཆེན་པོ་ཀཿཐོག་པ་རྡོ་རྗེ་རྒྱལ་མཚན་གྱིས་ཡི་གེར་བཀོད་པ་རྫོགས་སོ།། །།དགེའོ།། །།

རྡོ་རྗེའི་དམ་ཚིག་གི་རྣམ་བཞག་གོ་བདེར་བརྗོད་པ་སྤང་ལེན་གསལ་བའི་མེ་ལོང། སྒྲོ་འདོག་ཕྲིན་ལས་བསྟན་འཛིན།

རྡོ་རྗེའི་དམ་ཚིག་གི་རྣམ་བཞག་གོ་བདེར་བརྗོད་པ་སྤང་ལེན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །གདོད་ནས་ཀུན་ཁྱབ་བདེ་ཆེན་རྡོ་རྗེའི་སྐུར། །སྣང་སྟོང་ཟུང་འཇུག་ཟག་བྲལ་ཆོས་ཉིད་ཆེ། །རྡོ་རྗེ་སློབ་དཔོན་མཆོག་གི་རྣམ་རོལ་ཅན། །ཀུན་མཁྱེན་ཚེ་དབང་ནོར་བུ་སྙིང་དབུས་མགོན། །དབང་བསྐུར་རྒྱུད་བཤད་དཔག་དཀའི་གནད་དོན་བཀྲོལ། །རིག་པའི་གནས་སྟོན་ཐེག་གསུམ་ཆོས་ལ་སྦྱོར། །མདོར་ན་ཚིགས་སུ་བཅད་པ་གཅིག་ཙམ་གྱིས། །ལམ་སྟོན་ཡོངས་འཛིན་ཀུན་ལའང་དྭངས་བས་འདུད། །གང་ཞིག་རྡོ་རྗེ་ཐེག་པའི་ཉམས་ལེན་མཐིལ། །སྨོན་གྲོལ་ལམ་ཡིན་དེ་ཡི་བསྲུང་སྡོམ་སྒོ། །འདའ་ཉམས་བཀའ་བ་རྡོ་རྗེའི་དམ་ཚིག་གིས། །རྣམ་བཞག་གོ་བདེར་བཀྲོལ་ཏེ་འདིར་བཤད་བྱ། །དེ་ལ་རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་ནི་སྨིན་གྲོལ་གྱི་ལམ་ཉིད་དང་། དེའི་རྩ་བ་ནི་རྡོ་རྗེའི་དམ་ཚིག་སྟེ། དེ་དོན་གྱི་གནད་འགག་ཙམ་བཀྲོལ་ཏེ་འཆད་ན། བསྲུང་བྱ་དམ་ཚིག་གི་ངོ་བོ། ངེས་ཚིག །དབྱེ་བ། བསྲུང་ཚུལ་མ་བསྲུང་བའི་ཉེས་དམིགས། བསྲུང་བའི་ཕན་ཡོན། ཉམས་ན་ཕྱིར་བཅོས་བྱ་ཚུལ་དང་བདུན་ལས། དང་པོ་ནི། གསང་སྙིང་གི་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོས། །རྨི་ལམ་དུའང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་བླ་མ་དང་དཀྱིལ་འཁོར་མདུན་པར་ཁས་བླངས་པའི་སྡོམ་པ་གང་ཞིག །བསྲུང་བྱའི་དོན་ཁྱད་པར་ཅན་ལས་རྨི་ལམ་ཙམ་དུའང་འདའ་རུ་མེད་པའི་སེམས་པ་ས་བོན་དང་བཅས་པ་སྟེ། ཐུགས་ཐིག་ལས། གསང་སྒོར་ཞུགས་པ་ཐམས་ཅད་ཀྱིས། །སྒོ་གསུམ་རང་གི་བསྲུང་བྱ་ལ། །རྒྱལ་པོའི་བཀའ་རྟགས་ཇི་ལྟར་བར། །མི་འབྲལ་སྡོམ་པ་དེ་ངོ་བོ། །ཞེས་སོ། །གཉིས་པ་ནི་ས་མ་ཡཱའི་སྒྲ་ལས། ཡལ་གམ་བཅས་པའི་ཐ་ཚིག་དང་། མནའ་དང་། སྡོམ་པ་ལ་འཇུག་པས། དོན་ཇི་ལྟར་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་ན་དམ་ཚིག་སྟེ། ཀུན་འདུས་ལས། འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །ཞེས་སོ། །དེ་ཡང་ཁོག་གཞུང་ལས། ངེས་ཆིག་སྐྱོན་ཡོན་སྐབས་ཀྱི་བསྒྱུར། །ཞེས་པ་བཞིན་ཏེ། རྡོ་རྗེ་ལས། དམ་པ་རྣམས་ཀྱི་དགོངས་པ་ལས། །དབང་དང་བྱིན་རླབས་ཐོབ་པ་ཡིན། །དམ་པའི་ཚུལ་བཞིན་ངེས་སྤྱད་ན། །མི་མཐུན་ཚོགས་རྣམས་ཚིག་པར་འགྱུར། །ཞེས་གསུངས་པའི་ཕན་ཡོན་གྱི་དམ་ཚིག་ཏུ་བཞག་པ་དང་། ཡང་། དེ་ལས། དམ་པ་འདི་ལས་གང་འདས་པ། །རྡོ་རྗེ་ཅན་ཡང་ཚིག་པར་འགྱུར། །ཞེས་དང་། ཧེ་རུ་ཀ་འདུས་པ་ལས། མི་འདའ་དམ་པ་མཆོག་གྱུར་པ། །འདབ་པར་གྱུར་ན་ཚིག་པར་བཤད། །ཅེས་ཉེས་དམིགས་ཀྱི་དམ་ཚིག་ཏུ་བཞག་པ་སྟེ། དེ་ཡང་ས་གཞི་དང་ལྗོན་ཤིང་བཞིན་བསྲུང་ན་དགེ་ལེགས་ཀྱི་ཡོན་ཏན་ཐ་དག་བསྐྱེད་པར་བྱེད་པའི་གཞི་དང་། མ་བསྲུང་ནས་ཐར་འབྲས་ཀྱི་བསྐྱེད་བྱ་ཐབས་བཅས་ཡལ་བའི་ཕྱིར་དང་། དམ་པའི་ཚུལ་བཞིན་སྤྱད་ན་མི་མཐུན་ཕྱོགས་ཀྱི་ཉེས་པ་ཚིག་པ་དང་། ནམ་ཡང་འདའ་རུ་མེད་པའི་དམ་ཞིང་། གལ་ཏེ་དེ་ལས་འདས་ནས་ཐར་པའི་ས་བོན་ཆ་བཅས་ཚིག་པའི་འབྲས་བུ་རྩུབ་མོས་མནར་བའམ་ཕྱིར་དེ་སྐད་ཅེས་བྱ་སྟེ། དམ་ཚིག་རྣམ་པར་བཀོད་པའི་རྒྱུད་ལས་ས་ཞེས་བྱ་བ་བསྐྱེད་པ་ལ། མ་ཞེས་བྱ་བ་མཉམས་ན། དངོས་གྲུབ་ཐམས་ཅད་སྟེར་བ་ཉིད། །ཡ་ཞེས་ཉམས་ན་ཡས་པར་འགྱུར། །དམ་ཞེས་བྱ་བ་བཅིངས་པ་ཉོས། །དེ་ཉིད་གྲོལ་ན་ཉམས་པ་ཉིད། །ཚིག་ཅེས་བྱ་བ་དེ་འདས་ན། །མི་ཡི་སྡུག་བསྔལ་མྱོང་བའོ། །ཞེས་སོ། །གསུམ་པ་ནི། རྒྱུད་སྡེའི་རྣམ་བཞག་བཞི་ལ་ལྟོས་ཏེ་སོ་སོའི་དམ་ཚིག་དང་། སྤྱིའི་རྣམ་བཞག་རྒྱས་པར་སྟོན་པ་སོགས་ཡི་གེས་འཇིགས་པར་མི་ཟད། བློ་དམན་རྣམས་ཀྱི་རྟོགས་དཀའ་ཞིང་མང་ཐོས་མཁན་དག་རྒྱུད་འགྲེལ་བཤད་དང་། སྡོམ་གསུམ་དང་རྩ་འགྲེལ་སོགས་སྔགས་སྡོམ་སྟོན་བྱེད་ཀྱི་གཞུང་ཉམས་སུ་བལྟ་བར་བྱོས་ལ། འདིར་ཉམས་སུ་བླང་བྱའི་འགག་དོན་ཆེ་ལོང་ཙམ་ཞིག་ཏུ་སྟོན་པ་ལ་དབང་བཞིའི་དམ་ཚིག་སོ་སོར་བྱ་བ་དང་། སྤྱི་སྡོམ་གྱི་ཉམས་བཞག་སྟོན་པའོ། །དང་པོ་ལའང་། ཕུང་ཁམས་ལྷ་རུ་སྨིན་པ་བུམ་དབང་གི་དམ་ཚིག་ནི། བསྐྱེད་རིམས་གསལ་སྟོང་ཆུ་ཟླའི་རང་བཞིན་ཅན་དུ་སྒོམས་པ་མཉམ་བཞག་གི་དམ་ཚིག །ཤེས་པ་ཐ་མལ་དུ་མི་འཁྲུལ་ཞིང་རྟག་ཏུ་ལྷའི་འདུ་ཤེས་དང་མ་བྲལ་བ་རྗེས་ཐོབ་ཀྱི་དམ་ཚིག །ཤ་ལྔ་བདུད་རྩི་ལྔ་ལ་གཙང་སྨེའི་བློ་གཏོངས་མི་འཇུག་པར་ལོངས་སྤྱོད་པ་བཟའ་བའི་དམ་ཚིག །རྡོ་རྗེ་དང་དྲིལ་བུ་ཚད་ལྡན་འབྲས་བུ་ཚད་ལྡན་འབྲལ་མེད་ཀྱི་རྟེན་དུ་འཆང་བ་བཅངས་པའི་དམ་ཚིག །སྣོད་གཞལ་ཡས་ཁང་དང་བཅུད་ལྷའི་དཀྱིལ་འཁོར་དུ་ཤེས་པས་འབྱུང་ལྔ་སྐྱེ་འགྲོ་ཀུན་ལ་ལོག་ལྟ་སྤང་བ་བསྲུངས་པའི་དམ་ཚིག་སྟེ་ལ་དང་། རླུང་འབྱིན་འཇུག་གནས་གསུམ་དང་བརྗོད་ཚིག་ཐ་དག་སྔགས་སུ་སྨིན་པ་གསང་དབང་གི་དམ་ཚིག་ནི། གཏུམ་མོའི་མེ་བསྒོམས་པ་མཉམས་བཞག་གི་དམ་ཚིག །ལྟེ་འོག་ཨ་ཐུང་གི་མི་མི་བརྗེད་པ་རྗེས་ཐོབ་ཀྱི་དམ་ཚིག །བཟའ་བཏུང་གི་ཚོགས་ལ་ཟས་ཀྱི་འདུ་ཤེས་རང་ཁ་མར་མི་འཇུག་པར་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་རླབས་ཏེ་རོལ་བ་གཟའ་བའི་དམ་ཚིག །ཉི་ཞགས་ཕྲུག་གཅིག་རླུང་ཁ་སྦྱོར་ཉེར་གཅིག་མི་ཆད་པར་བྱེད་པ་བཅངས་པའི་དམ་ཚིག །ཀུན་རྫོབ་རྒྱུའི་ཐིག་ལེ་མི་ཉམས་པ་བྱེད་པ་བསྲུང་བའི་དམ་ཚིག་སྟེ་ལྔ། ཁམས་ཐིག་ལེ་བདེ་བ་ཆེན་པ་དང་ཚོར་བ་ཐ་དག་ལྷན་སྐྱེས་ཀྱིས་ཡེ་ཤེས་སུ་ཤེར་དབང་གི་དམ་ཚིག་ནི། བརྟན་པ་ཐོབ་མ་ཐོབ་ཀྱི་དབྱེ་བས་དངོས་ལམ་གྱི་ཕྱག་རྒྱ་བརྟེན་པ་ཉམས་བཞག་གི་དམ་ཚིག །བདེ་སྟོང་ཡེ་ཤེས་ཆེན་པོའི་ཉམས་དང་མ་བྲལ་བ་རྗེས་ཐོབ་ཀྱི་དམ་ཚིག །ལྷན་སྐྱེས་སྙོམས་འཇུག་གི་ཚུལ་དུ་རོལ་བ་བཀའ་བའི་དམ་ཚིག །ཀུན་དང་བྱང་ཆུབ་ཀྱི་སེམས་ལ་གཅེས་སྤྲས་སུ་བྱ་བ་བཅངས་བའི་དམ་ཚིག །ཤེས་རབ་ཀྱི་རང་བཞིན་བུད་མེད་ཀྱི་རིགས་ལ་མི་སྨོད་ཅིང་ལོག་ལྟ་སྤང་བ་བསྲུང་བའི་དམ་ཚིག་སྟེ་ལྔ། སྣང་སྲིད་དག་པ་རབ་འབྱམས་ཁྱབ་གདལ་ཆེན་པོར་སྨིན་པ་ཚིག་དབང་རིན་པོའི་དམ་ཚིག་ནི། ཟུང་དག་བློ་འདས་ཆོས་ཉིད་ཆེན་པོའི་དོན་རྩེ་གཅིག་ཏུ་སྒོམ་པ་མཉམ་བཞག་གི་དམ་ཚིག །ཡེངས་འཁྲུལ་གྱི་རྟོགས་པས་མ་བསླད་པར་ཟུང་འཇུག་གི་ཉམས་དང་མ་བྲལ་བ་རྗེས་ཐོབ་ཀྱི་དམ་ཚིག །ཆོས་ཉིད་ལ་ཆོས་ཉིད་ཀྱི་རོལ་པ་བཟའ་བའི་དམ་ཚིག །ལྟ་སྒོམ་གྱི་གནད་ལ་དུས་རྟག་ཏུ་མ་གཡོས་པར་བྱ་བ་བཅངས་པའི་དམ་ཚིག་བཟང་ངན་གྱི་རྟོག་ཚོགས་གང་ལྟར་འཆར་ཡང་དགག་སྒྲུབ་ཞེན་འཛིན་གྱི་བློས་མ་བསླད་པ་བསྲུང་བའི་དམ་ཚིག་སྟེ་ལྔའོ། །གཉིས་པ་སྤྱི་སྡོམ་གྱི་རྣམ་བཞག་སྟོན་པ་ལ། རྩ་བ་དང་། ཡན་ལག་གི་དབྱེ་གཉིས་སོ། །དང་པོ་ནི། སྒྱུ་འཕྲུལ་རྩ་རྒྱུད་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་གོ། །ཞེས་པ་སྟེ། འདི་ཉིད་འབྲུ་གནོན་གྱིས་འཆད་པ་ལ་སྤྱིར་བླ་ན་མེད་ཅེས་པ་དེའི་སྟེང་ངམ་གོང་ན་གཞན་མེད་པའི་དོན་ཡིན་ཏེ། འདིར་བསྟན་གྱི་བླ་མེད་ནི་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱི་དེ་ཡང་ཕྱི་ལྟར་མཆོད་ཕུལ་གྱི་དཀོན་མཆོག་གསུམ་དང་། ནང་སེམས་ཀྱི་ཆོས་ཉིད་དོན་དམ་པའི་གནས་ལུགས་སྟོང་ཉིད་སྤྲོས་བྲལ་གྱི་ངོ་བོ་ཆོས་སྐུ། རང་བཞིན་གསལ་ལ་འགག་མེད་ལོངས་སྤྱོད་སྐུ། ཐུགས་རྗེའི་རྩལ་ཅིར་ཡང་མ་འགག་ཅིང་ཕྱོགས་ལྷུང་བྲལ་བ་སྤྲུལ་སྐུ་སྟེ། ངོ་བོ་གཅིག་ལ་ལྡོག་ཆ་ཐ་དད་པའི་རང་བཞིན། བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་ཟུང་འཇུག་དོན་དམ་པའི་ཡེ་ཤེས་ལ་མཉམས་པར་བཞག་པའི་དོན་ཏེ། དེ་ཉིད་དམ་ཚིག་ཀུན་གྱི་རྩ་བའི་གཞི་ལྟ་བུར་གྱུར་པས་དེ་དོན་རྩེ་གཅིག་ཏུ་ཉམས་སུ་ལེན་དགོས་པའི་དོན་གྱི་མི་སྤང་བའོ། །དེ་ཡང་གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔར་གསུམ་ཕྱག་རྒྱ་བཞི། །ཞེས་གསུངས་པའི་དང་པོ་དང་གནད་གཅིག་པ་སྟེ། ཡུལ་ལྷག་པ་དོན་དམ་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་གཉིས་མི་སྤངས་པར་བཤད་པའང་བདེན་གཉིས་དབྱེར་མེད་དུ་རྟོགས་པ་ལྟ་བའི་དམ་ཚིག་ཏེ། གསང་སྙིང་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་པས་དེ་མངོན་གྱུར་འབྲས་བུ་ལ་དམིགས་པ་སྨོན་པ་དང་། དེ་སྒྲུབ་པའི་ཕྱིར་རང་ལ་གནས་པའི་ཡེ་ཤེས་དང་རྗེས་མཐུན་པར་སྒོ་གསུམ་སྤྱོད་ཡུལ་དང་བཅས་པའི་སྣང་བ་ཐ་དག་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བས་ནང་བཤད་དག་པའི་སྣང་བར་ལམ་ཁྱེར་དུ་སྤྱོད་པ་འཇུག་སེམས་ལ་བསླབ་པ་སྟེ། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ། །བྱས་མཐོང་ཟོས་པ་ཐམས་ཅད་ཀྱང་། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་དང་ཤེས་བཞིན་སྔོན་བཏང་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅིའི་ཕྱིར་ཆུད། །ཅེས་སོ། །གཞན་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ཞབས་ཀྱིས། གཞི་སེམས་ཅན་ཐམས་ཅད་ཡེ་དཀོན་མཆོག་གསུམ་དུ་གནས་པས་མི་སྤང་བ་དང་། ལམ་བ སྐྱེད་རྫོགས་དང་གཉིས་སུ་མེད་པའི་རང་བཞིན་དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་མི་སྤང་བ་དང་། འབྲས་བུ་བླ་ན་མེད་པའི་སངས་རྒྱས་སྐུ་གསུམ། དེའི་གསུང་མདོ་རྒྱུད་ལུང་དང་རྟོགས་པའི་ཆོས། དེའི་དོན་ལ་སློབ་པའི་དགེ་བའི་དགེ་འདུན་དཀོན་མཆོག་གསུམ་མི་སྤང་བའོ། །ཞེས་དང་། དཀོན་མཆོག་འགྲེལ། འདི་ལྟར་སངས་རྒྱས་དང་དགེ་འདུན་ནི་ཡེ་ཤེས་ཀྱི་དབྱིངས་ཡིན་ལ། ཆོས་དེའི་ཆོས་ཉིད་ཡིན་པས། དེ་བས་ན་ཡེ་ཤེས་དང་ཆོས་ཉིད་ནི་ཀུན་རྫོབ་ཙམ་དུ་ཆོས་དང་ཆོས་ནི་བདག་ཉིད་གཅིག་པ་ཡིན་པ་དང་། དོན་དམ་པར་སྤྲོས་པ་ཞི་བའི་ཕྱིར་གཉིས་སུ་མེད་ཏེ། དེ་ལྟ་བུའི་དོན་གྱི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །དེའི་རྟགས་ཀྱི་ཕྱག་རྒྱ་ནི་ལྷའི་སྐུ་སྟེ། དེ་བས་ན་ལྷའི་སྐུ་གཅིག་པུ་བསྒོམས་པས་གཞུང་ལས། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །ལྷ་དང་བླ་མ་དེ་བཞིན་ཏེ། །ཞེས་གང་གསུངས་པའི་བླ་མ་གཏོགས་པ་གསུམ་འདུས་པར་གྱུར་པ་ཡིན་ནོ། །ཞེས་སོ། །བླ་མ་བཀུར་ཞེས་པ་ལ་གཉིས་ཏེ། བླ་མའི་དབྱེ་བ་དང་། དེ་ཇི་ལྟར་བཀུར་ཚུལ་དངོས་པོ། དང་པོ་ནི། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་པ་སྐོང་དང་ཤེས་རྒྱུད་དཀྲོལ། །མན་ངག་ལུང་གི་སློབ་དཔོན་དྲུག །ཅེས་པས་ཀུན་གྱི་དམ་པས་བཀུར་ཞིང་མཆོད་འོས་དུ་གྱུར་པ་ནི་སྤྱིའི་བླ་མ། ཐོག་མར་ཆོས་སྒོར་འདྲེན་བྱེད་རབ་བྱུང་གི་མཁན་པོ་ལྟ་བུ་ནི་འདྲེན་པའི་བླ་མ། ཐུན་མོང་གི་རིག་གནས་ཕྲ་མོ་ནས་གསུངས་རབ་ཀྱི་དགོངས་དོན་འགྲོལ་བའི་བར་གྱི་ཆོས་འཆད་པོ་ནི་ཤེས་རྒྱུད་དགྲོལ་བའི་སློབ་དཔོན། སྔར་ཉམ་ཆགས་བྱུང་བའི་བཤགས་འཚམས་སྦྱར་བ་ནས་ཉེས་ལྟུང་ཅི་རིག་པ་དག་བཤགས་ཡུལ་དུ་གྱུར་པ་ནི་ཉམས་ཆག་སྐོང་བའི་སློབ་དཔོན། དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་ཏེ་དམ་ཚིག་འབོགས་པ་པོ་ནི་དམ་ཚིག་དབང་གི་སློབ་དཔོན། རང་བྱུང་གི་གནས་ལུགས་ཟབ་མོའི་དོན་མངོན་སུམ་དུ་སྟོན་པའི་ཟབ་ཁྲིད་ཀྱི་གདམས་པ་སྟོན་པ་ནི་མན་ངག་ལུང་གི་སློབ་དཔོན་ནོ། །གཉིས་པ་ནི། སྔ་མ་ལས། ཡུལ་ལས་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་ལས་ལྷག་པའི་ཚུལ་བལྟ་སྟེ། །ཞེས་པས་སྤྱིའི་བླ་མ་ཡུལ་ལ་དབང་བའི་རྒྱལ་པོ་དང་། ཆོས་སྒོར་བཅུག་པའི་སློབ་དཔོན་ཁུ་བོ་དང་། ཉམས་ཆག་སྐོང་བའི་སློབ་དཔོན་ཕ་དང་། ཤེས་རྒྱུད་འགྲོལ་བའི་སློབ་དཔོན་མ་དང་། དམ་ཚིག་དབང་གི་སློབ་དཔོན་མིག་དང་། མན་ངག་ལུང་གི་སློབ་དཔོན་རྙིང་ལས་ལྷག་པའི་ཚུལ་དུ་བཀུར་ཞིང་། དེ་ཡང་འདུལ་བ་ལས། མཁན་པོ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །ཞེས་དང་། ཀཱ་རི་ཀ་ལས་བླ་མ་གནས་པའི་སྒོ་གླེགས་ལ། ལག་པས་དལ་གྱི་བརྡུང་བར་བྱ། །ནང་ཞུགས་གུས་པས་བླ་མ་ལ། །ཁམས་བདེ་མི་བདེ་ལ་སོགས་དྲི། །ཅེས་སོ། །གཞན་ཡང་འདུལ་བ་རང་གཞུང་ལས་ནི་རབ་བྱུང་གི་མཁན་པོ་ཕ་ལྟར་དུ་བཀུར་བར་གསུང་སྟེ་ཇི་སྐད་དུ། ཁྱོད་ཀྱི་མཁན་པོ་ལ་ཕའི་འདུ་ཤེས་བཞག་པར་བྱའོ། །མཁན་པོས་ཁྱོད་ལ་བུའི་འདུ་ཤེས་བཞག་པར་བྱའོ། །ཞེས་གསུངས་སོ། །ཤེས་རབ་རྒྱུད་ཀྱི་སློབ་དཔོན་ཡང་། མདོ་སྡེ་ཐར་པ་ཆེན་པོ་ལས། ཆོས་སྨྲ་བའི་དགེ་སློང་ལ་གུས་པར་བླ་མར་བྱ་སྟེ། ཞེས་དང་། དཀོན་བརྩེགས་ལས། ཆོས་སྨྲ་བ་ནི་བླ་མའི་མཆོག་རབ་སྟེ། རྒྱལ་བའི་མཆོད་སྡོང་ཆེན་པོ་དེ་བཀུར་རོ། །ཞེས་སོ། །གཞན་པ་སེམས་བསྐྱེད་ཀྱི་དགེ་བའི་བཤེས་ལྟ་བུའང་། སྡོང་པོ་བཀོད་པ་ལས། དེ་ནི་བདག་གིས་ཐོག་མེད་པ་ན་སེམས་བསྐྱེད་པའི་དགེ་བའི་བཤེས་ཏེ། ཞེས་དང་། ཉམས་ཆག་བཤགས་པའི་སློབ་དཔོན་ཡང་། སུ་པི་ཏི་ཀ་རིའི་རྒྱུད་ལས། བཤགས་པའི་ཡུལ་དུ་གང་གྱུར་པ། །དེ་ཡང་དེ་ཡི་བླ་མ་ཡིན། །ཞེས་པས་དེ་དང་རྗེས་མཐུན་གྱི་བཀུར་བའོ། །དེ་ལས་ཁྱད་པར་དུ་དབང་བསྐུར། བརྒྱུད་བཤད། དེ་ཉིད་སྟོན་པ་སྟེ་མན་ངག་ཤོད་པ་གསུམ་ནི་ལྷག་པར་ཡང་བཀུར་བའི་ཡུལ་ཡིན་པར། བདེ་འདུས་ཞིང་རྒྱུད་ལས། དབང་བསྐུར་རྒྱུད་གྲོལ་དེ་ཉིད་བསྟན་ནས། ཞེས་གསུངས་ཤིང་། དེ་ཡང་ཡུལ་གཅིག་ལ་གསུམ་ཀ་ནོས་ན་བཀའ་དྲིན་གསུམ་ལྡན་དང་། གཉིས་ནོས་ན་གཉིས་ལྡན། གཅིག་ནོས་ན་ཅིག་ལྡན་ནོ། །གོང་གི་གསལ་བཀྲའི་ལུང་ལས་བཀུར་ཚུལ་རིམ་ཅན་ལྟ་བུར་གསུང་ཤིང་མཁས་པ་འགའ་ཞིག་ཚུལ་དེ་ལྟར་བུ་འགྲེལ་ཀྱང་། འདིར་གོ་བརྗེས་པ་ནི་དོན་འགྲེལ་ཏེ་མཁས་གྲུབ་དུ་མའི་བཞེད་པ་ལྟར་འཐད་པ་དང་བཅས་པའོ། །དེ་ཡང་རྒྱ་མཚོ་ལས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །བླ་མ་ལ་ནི་དེ་བཞིན་གཤེགས། །ཞེས་སོ། །དེ་ལྟར་ན་གསང་ལྟར་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་མཆོག་ནི་དབང་རྒྱུད་མན་ངག་གསུམ་གྱི། དེ་སྟོན་པའི་བླ་མ་ནི་སངས་རྒྱས་ལས་མཉམ་པའམ། ལྷག་པ་དཀོན་མཆོག་བཞི་པར་བལྟ་བ་གང་རུང་གི་སྒོ་ནས་སྒོ་གསུམ་གཡོ་ཟོལ་མེད་པར་ཐུགས་ཅི་མཉེས་དང་བཀའ་ཅི་གསུང་བསྒྲུབ་པའི་སྒོ་ནས་བཀུར་བ་སྟེ། རྣམ་སྣང་རྒྱུད་དྲྭ་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་དང་། གསང་བ་འདུས་པ་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་པས། །བླ་མའི་བ་སྤུ་ཁུང་གཅིག་མཆོག །ཅེས་དང་། རྡོ་རྗེ་རྩེ་མོ་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན་ཅེས་སོ། །དེ་ཡང་མིག་ལ་རྡུལ་ཕྲ་མོ་ཚུད་ནའང་སྐད་ཅིག་ཀྱང་བཟོད་བླག་མེད་པ་དང་། སྙིང་མཚོན་ཕྲ་མོ་ཞིག་ཟུག་ན་དབང་པོ་གཞན་ཡོད་ཀྱང་འཆི་བ་ལས་མ་འདའ་བ་བཞིན་དུ་དབང་བསྐུར་བ་དང་། དེ་ཉིད་སྟོན་པ་གཉིས་ལྷག་པར་བཀུར་བས་མཚོན་ལྕི་རིམ་ཤེས་པར་བྱའོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཅེས་པའི་དོན་ནི། ཡུལ་སྔགས་གསུམ་དང་ཕྱག་རྒྱ་བཞི་སྟེ། གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་པ། སྔགས་ལ་རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་དང་། ཐབས་ཤེས་ཀྱི་བདག་ཉིད། དེའི་སྒོ་ཡིག་འབྲས་བུར་སྣང་བས་གསང་སྟེ་ངག་ཏུ་བརྗོད་པར་བྱེད་པ་དང་བཅས་ཤིང་ཤེས་སྐྱོབ་ཀྱི་ལས་ཀྱི་ལོག་རྟོག་གི་གཉེན་པོར་གྱུར་པ་ནི་གསང་སྔགས། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དངོས་དོན་རིག་པར་བྱེད་པའི་ལས་ཀྱི་མ་རྟོག་པའི་གཉེན་པོར་གྱུར་པ་ནིརིགས་སྔགས། དྲན་ཤེས་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་ལས་ཀྱི་དྲན་ཉམས་ཀྱི་གཉེན་པོར་གྱུར་པ་ནི་གཟུངས་སྔགས་སུ་བཤད་པ་དང་། ཕྱག་རྒྱ་ལ་དམ་ཚིག་གི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་དང་བཞིར་གསུངས་ཤིང་། དེ་ཉིད་ལ་བཅའ་བ་དང་། བསམ་པ་གཉིས་གཉིས་སུ་དབྱེ་བ་སོགས་དབྱེ་བསྡུའི་གྲངས་མང་ཡང་རྒྱས་པར་རྒྱུད་འགྲེལ་རྣམས་སུ་གསལ་ཞིང་། འདིར་བསྡུས་དོན་གྱི་སྙིང་པོ་ནི། དག་རྫོགས་སྨིན་གསུམ་གྱི་འཇུག་པས་ཡི་དམ་ལྷའི་བསྐྱེད་རིམ་ལ་བློ་སྦྱངས་ཤིང་། དེ་ཉིད་ཀྱི་སྐུའི་ཕྱག་རྒྱ་སྣང་ལ་རང་བཞིན་མེད་པ། གསལ་ལ་དེར་འཛིན་མེད་པ་སྟེ་དམིགས་གཏད་ཀྱི་བློ་དང་བྲལ་བར་ཆུ་ཟླའི་གཟུགས་བརྙན་བཞིན་རྣམ་པ་གསལ་བ། ང་རྒྱལ་བསྟན་པ་དག་པ་དྲན་པ་གསུམ་གྱི་སྟེང་དུ་བཅུར་ནས་གཡོ་འགུལ་མེད་པར་བསྒོམ་པས་གོམས་པ་དང་། ལམ་ཞུགས་དག་རིམ་གྱིས་བློ་སྦྱངས་པའི་མོས་པས་སྤྱོད་ངང་དུ་ཉམས་སུ་ལེན་པའོ། །དེ་ཡང་རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ཉིད་ཀྱིས་འདི་ཉིད་ཀྱི་ཁོངས་སུ་ཕྱག་རྒྱ་བཞི་པོའི་དོན་ཚངས་པ་ཉིད་ཏེ། ཐུགས་ཐིག་ལས་བཞི་རྫོགས་ཉིད་ལས་མི་འདའ་བ། གང་ལ་སྣང་བ་དེ་ངོ་བོ། ཞེས་གསུངས་པའི་ཕྱིར་རོ། །སྔགས་ཀྱང་འདིར་བཟླས་བྱའི་སྔགས་ལྷ་གང་ཡིན་པ་དེའི་ས་བོན་དང་བསྐྱེད་སྔགས་སྦྲེལ་བའི་སྙིང་པོ་བཟླ་བ་ཉིད་དོ། །རྒྱུན་མི་བཅད་པའི་ཚུལ་ནི། བརྩོན་པ་རབ་ཀྱི་ཆུ་བོའི་རྒྱུན་བཞིན་ནམ། ཉིན་ཞག་གཅིག་གི་ནང་དུ་ཐུན་བཞིའི་དྲུག་གི་རྣལ་འབྱོར་དུ་བྱ་བ་དང་། འབྲིང་གི་ཟླ་བ་རེ་ལ་དུས་ཚིག་དྲུག་གམ། དུས་བཟང་པོ་བཞིའམ། ཉ་སྟོང་གཉིས་ཙམ་དང་། ཐ་མས་ཀྱང་ཟླ་དུས་དང་ལོ་དུས་ཀྱི་མཆོད་པ་རྒྱུན་མི་བཅད་པ་འབད་པར་བྱ་བ་སྟེ། རྔམ་གློག་ལས། རང་གི་སྒོ་གསུམ་ཡིད་དམ་གྱི། །སྐུ་གསུང་ཐུགས་སུ་མངོན་སྦྱར་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །རབ་ཀྱི་ཆུ་བོའི་རྒྱུན་བཞིན་ནི། །ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་པ་ཡི་ངག་གི་བཟླ། །འབྲིང་གི་ཟླ་གཅིག་དུས་དྲུག་དང་། །དུས་བཞིའི་བར་དུ་མི་བཅད་ཅིང་། །ཐ་མར་བརྩོན་པའི་རྣལ་འབྱོར་པས། །ཟླ་རེའི་མ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་པར། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་ཏེ། །ཐ་མས་ལོ་ཟླ་མ་འདའོ། །ཞེས་སོ། །ཡང་དག་ལམས་སུ་ཞུགས་ལ་བྱམས། །ཞེས་པ་འདིས་རྡོ་རྗེ་མཆེད་ཀྱི་དམ་ཚིག་བསྟན་ཏེ། དེ་ཡང་མཆེད་ཀྱི་དབྱེ་བ་དང་། དེ་ལ་དམ་བསྲུང་བའི་ཚུལ་ལོ། །དང་པོ་ནི། འགྲོ་བ་ཐ་དག་གཞི་རྒྱུད་བདེ་གཤེགས་སྙིང་པོས་རྒྱུན་ཆགས་སུ་ཁྱབ་པའི་དོན་གྱིས་ཡེ་གཞི་གདོད་མའི་སྤུན་ཏེ་སྤྱིའི་མཆེད། བྱེ་བྲག་ཏུ་ཡང་དག་གི་ལམ་དུ་ཞུགས་པ་སྟེ་སངས་རྒྱས་ཀྱི་ཆོས་ཀྱི་བསྡུས་པ་སྟེ་བསྟན་པ་གཅིག་པའི་མཆེད་ཡིན་པས་རིང་པའི་མཆེད། ཁྱད་པར་རྡོ་རྗེ་ཐེག་པ་སྔགས་ཀྱི་ལམ་ལ་ཞུགས་པ་རྣམས་རྡོ་རྗེའི་དམ་ཚིག་གི་བསྡུས་པ་སྟེ་ལྟ་སྤྱོད་གཅིག་ཏུ་མཐུན་པས་ཉེ་བའི་མཆེད། དེ་ལས་བླ་མ་དང་དཀྱིལ་འཁོར་གཅིག་གི་བསྡུས་པ་ནི་ལྷག་པར་དམ་འདྲེས་པས་འདྲེས་པའི་མཆེད། དེ་ཡང་བླ་མ་གཅིག་གི་བསྡུས་པ་ནི་ཕ་གཅིག་པའི་སྤུན་དང་དེའི་ཤུགས་ཀྱི་དཀྱིལ་འཁོར་གཅིག་གི་བསྡུས་པ་ནི་མ་གཅ ིག་པའི་སྤུན་ཏེ། དེ་དག་སྔ་མ་ལས་ཕྱི་མ་ཉེ་ཞིང་། ཁྱད་པར་ནང་འདྲེས་ལའང་ཕ་གཅིག་པ་ལ་མ་གཅིག་པ་དང་། དེ་གཉིས་ཀ་གཅིག་པ་ལའང་དབང་ཐོབ་པའི་དུས་སྔ་ཕྱི་ཡོད་ན་སྤུན་རྒན་གཞོན་དང་། དུས་གཅིག་པ་ནི་མཚེ་མ་ལྟ་བུ་སྟེ་དེ་དག་ཀྱང་ཕྱི་རིམ་གྱི་ཉེ་ལ། དེ་ཡང་དབང་བཞི་ཀ་རྫོགས་པར་ལྷན་གཅིག་ཏུ་ཐོབ་པའི་སྤུན་རྣམས་ནི་ལྷག་པར་ཡང་ཤིན་ཏུ་ཉེ་བ་ཡིན་ནོ། །འདི་དག་ལ་ཀུན་མཁྱེན་ཆོས་རྗེས་སེམས་ཅན་ཐམས་ཅད་ཡེ་གདོད་མ་ནས་བདག་གིས་སྤུན་ཡིན་པའི་ཕྱིར་སྤྱིའི་མཆེད་དོ། །སངས་རྒྱས་ཀྱི་ཆོས་ལ་ཞུགས་སོ་ཅོག་ནི་བསྟན་པ་གཅིག་པའི་མཆེད་དོ། །ལྟ་སྤྱོད་གཅིག་པ་ནི་མཐུན་པའི་མཆེད་དོ། །བླ་མ་གཅིག་པ་ནི་མཛེས་པའི་མཆེད་དོ། །ཆོས་ལྷན་ཅིག་ཏུ་ཉན་པ་ནི་ཉེ་བའི་མཆེད་དོ། །དབང་ལྷན་ཅིག་ཏུ་ཞུགས་པ་ནི་འདྲེས་པའི་མཆེད་དེ་རྡོ་རྗེའི་སྤུན་ནོ། །ཞེས་གསུངས་པའང་དོན་མཐུན་ཅིང་། གཞན་ཡང་གསལ་བཀྲ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མེད་ཅིང་། །བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནོ། །སྤྱི་ཡི་མཆེད་དེ་ཕ་མཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱི་རིམ་པ་རྣམ་པར་བཞག་པ་ལས། བསྟན་དང་རྡོ་རྗེའི་ཐེག་པ་ལ། །ཞུགས་པ་ཐམས་ཅད་སྤུན་དུ་བརྗོད། །ཀུན་ཀྱང་ཡེ་ཤེས་ལྡན་པ་ལ། །རྡོ་རྗེ་སེམས་དཔའི་རྡོ་རྗེ་སྤུན། །དཀྱིལ་འཁོར་སློབ་དཔོན་རིག་མ་གཅིག །དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དབང་ཁྱད་པར་བྱེ་བྲག་གོ། །ཞེས་སོ། །གཉིས་པ་ནི། དེ་དག་ལ་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་ལྷག་བསམ་གྱིས་བརྩེ་བ་རྒྱུན་མི་ཆད་པས་བྱམས་པར་བྱ་བ་སྟེ། ཡེ་ཤེས་གྲུབ་པ་ལས། སེམས་ཅན་ཀུན་གྱི་ཡིད་ཁྱབ་པར། །རྡོ་རྗེ་སེམས་དཔའ་རང་ཉིད་བཞུགས། །དེ་ལྟར་བསམ་ནས་རྣལ་འབྱོར་གྱི། །དབང་པོས་གང་ལ་བརྙན་མི་བྱ། །ཞེས་དང་། དཔལ་འཕྲེང་གི་མདོ་ལས། བྱང་ཆུབ་སེམས་བརྟེན་ཐེག་ཆེན་ཞུགས་ལ་བྱམས། །ཞེས་གསུངས་པས་སྔར་བཤད་པ་ལྟར་སྤྱི་རིང་ཉེ་བ་འདྲེས་པའི་མཆེད་བཞི་དང་དེ་ལས་ཀྱང་བརྟན་ཞུགས་ཀྱི་མཆེད་ཕྱི་མ་གསུམ་དང་། དེའི་ནང་ནས་འདྲེས་པའི་མཆེད་ལྷག་པར་གཉན་པར་ཤེས་པའི་རིམ་པས་རྟག་ཏུ་མི་འབྲལ་ཞིང་། ཕན་འདོགས་ཀྱི་བརྩེ་གདུང་ལ་འབད་པས་བརྩོན་པ་སྟེ། རྔམ་གློག་ལས། རྡོ་རྗེ་སྤུན་ལ་གདུང་སེམས་ཀྱང་། །འདྲེས་དང་མ་འདྲེས་ཡོངས་ཀྱི་སྤུན། །ཡང་དག་ལམ་དུ་ཞུགས་པ་ལ། །རྔན་དང་བཅས་པའི་སེམས་ཙམ་ཡང་། །རྟག་ཏུ་སྤང་བར་བྱ་བ་ཡིན། །བརྩེ་ཞིང་གདུང་བའི་ཤུགས་ཕྱུངས་ལ། །གཅིག་ལ་གཅིག་ནི་མིག་བཞིན་བལྟས། །མདོར་ན་སྲོག་ལའང་མི་ཆགས་པར། །སྤུན་དང་མིང་སྲིང་དགོས་པ་བསྒྲུབ། །ཅིའི་ཕྱིར་རྡོ་རྗེ་སྤུན་རྣམས་ནི། །འདི་ནས་བྱང་ཆུབ་བར་དག་ཏུ། །མི་འབྲལ་འགྲོགས་པའི་གྲོགས་མཆོག་སྟེ། །མར་མེའི་འོད་དང་སྡོང་བུ་འདྲ། །ཞེས་སོ། །དེ་ཡང་མཆེད་ཀྱི་དམ་ཚིག་སྒོ་ང་ཕྱེད་གཤག་ཅེས་ཁ་གཏམ་དུ་གྲགས་པ་བཞིན་ཕན་ཚུན་གཉིས་ཀས་མཉམ་པར་བསྲུངས་དགོས་རྒྱུའི་དོན་གོང་གི་ལུང་ཚིག་གིས་ཟིན་ཞིང་། འོན་ཀྱང་གཅིག་ཤོས་ནས་ཡལ་བར་བོར་ཀྱང་རང་ཉིད་ཀྱི་ཅི་ནུས་བསྲུང་བྱར་རིག་པ་ཉིད་དོ་རྨོང་བ་ཁ་ཅིག་དམ་ཚིག་སྒོ་ང་ཕྱེད་གཤག །ཕྱེད་བླ་མས་བསྲུང་། ཕྱེད་སློབ་མས་བསྲུང་། ཞེས་བླ་མ་ལ་སྦྱར་ཏེ་སྨྲ་བ་ནི་དོན་མ་གོ་བའི་འཆལ་གཏམ་དུ་ཟད་དོ། །བླ་མས་སློབ་མ་ལ་བསྲུང་དགོས་པ་ཡང་། དམ་ཚིག་གི་རྣམ་དབྱེ་ལན་གསུམ་དུ་སྤྲོས་ཏེ་མ་བཤད་པ་དང་། འོན་ཀྱང་གཅིག་སློབ་མ་སྙིང་ནས་ཆོས་རྩེ་གཅིག་ཏུ་འདོད་ཅིང་གདམས་ངག་དོན་དུ་གཉེར་བ་ཞིག་ལ་གདམས་པ་དཔེ་འཁྱུད་ཀྱི་སྒོ་ནས་མི་སྟོན་ཅིང་དེའི་བློ་ཁ་ཆོས་ལ་འཇུག་པ་དེ་ལས་བཟློག་སྟེ་སྡིག་ལ་སྦྱར་བ། སྔོན་དམ་འགལ་བྱུང་བ་བཤགས་ཚིག་ལས་ལ་འདས་པའི་ནང་ཁོངས་སུ་གཞུང་བཞིན་སྙིང་ནས་མཐོལ་ཏེ་བཤགས་པ་མ་བླང་བ་གསུམ་ཡོད་ཅེས་བདག་གི་རྗེ་བླ་མ་ཐམས་ཅད་མཁྱེན་པས་གསུངས་པར་ཐོས། གསང་བའི་དོན་ཕྱིར་སྨྲ་མི་བྱ། ཞེས་པས་གསང་བ་མི་སྨྲ་བར་བསྟན་ཞིང་། དེ་ལ་དབྱེ་ན། ཕྲ་རྒྱས་ལས། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཏེར་གཏད་རྣམ་པ་བཅུ། །ཞེས་པ་ལྟར་བཅུ་སྟེ། དེའི་དང་པོ་སྤྱིར་གསང་བཞི་ནི། དེ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷ་མིང་གཟུངས་དང་གྲུབ་རྟགས་རྣམས། །སྤྱིར་གསང་རྣམ་པ་བཞི་ཡིན་ནོ། །ཞེས་པ་སྟེ། ལྟ་བ་ཟབ་མོ་ཆོས་ཉིད་དོན་དམ་པའི་གནས་ལུགས་དང་། སྤྱོད་པ་ནི་བརླང་སྤྱོད་ཏེ། དེ་ཡང་འཇིག་རྟེན་ན་སྤྱད་བྱར་མ་གྱུར་པ་ཞིག་ལ་སྤྱོད་པ་དེ་ལ་བརླང་པོ་ཞེས་བྱ་ཞིང་། དེ་ཇི་ལྟར་ན་ཏ་ན་ག་ན་སྟེ་སྦྱོར་དང་སྒྲོལ་བ་གཉིས་ཡིན་ལ་དེ་སྤྱད་པའི་ནུས་པ་རྙེད་ཀྱང་གསང་སྟེ་སྤྱོད་དགོས་པ་དང་། ལྷ་མིང་ནི་རང་ཉིད་ཡི་དམ་ལྷག་པའི་ལྷ་ལ་གང་བྱེད་པ་དེའི་མཚན་དང་། དེའི་གཟུངས་སྔགས་དང་། དེ་གྲུབ་པའི་རྟག་མཚན་རྣམས་སོ། །དེ་ཡང་དགོངས་དོན་ཁྱད་པར་ཅན་མཐོང་ན་མ་གཏོགས་སྤྱིར་ནམ་ཡང་གསང་དགོས་པས་ན་སྤྱིར་གསང་ཞེས་བྱའོ། །བར་གསང་བཞི་ནི་དེ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་པས། གང་དུ་བསྒྲུབ་པའི་གནས། ནམ་གྱི་ཚེ་བསྒྲུབ་པའི་དུས། བརྟེན་པར་འོས་པའི་གྲོགས། ཇི་ལྟར་མཁོ་བའི་སྒྲུབ་རྫས་རྣམས་བསྒྲུབ་པ་ནམ་གྲོལ་དང་། གསང་བའི་སྤྱོད་པ་ལ་ཞུགས་པའི་བར་དེ་སྲིད་དུ་སྐབས་དོན་དཔག་པའི་སྒོ་ནས་གསང་དགོས་པའི་དོན་གྱིས་ན་བར་གསང་ཞེས་བྱའོ། །གསང་བར་འོས་པ་ནི། ཕུད་དང་གཏོར་མ་སོགས་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པ་དམ་རྫས་ཀྱི་ཡོ་བྱད་དང་། བླ་མའི་མཛད་སྤྱོད་གདུལ་བྱ་མ་དག་པའི་བློ་མི་ཤོངས་པ་རྣམས་དང་། མཆེད་ཀྱི་ངན་སྤྱོད་སོགས་མཐོང་ཐོས་སུ་མི་རུང་བ་རྣམས་སོ། །གཉེར་གཏད་པ་ནི། བླ་མ་དང་མཆེད་ལྕམ་གྱི་འདི་ཉིད་གཞན་ལ་མ་སྟོན་ནམ་མ་སྨྲ་ཞེས་གསང་ཚིག་གི་གཉེར་གཏད་པ་རྣམས་ཏེ། སྔ་མ་ལས། གསང་བར་འོས་པའི་དམ་ཚིག་ནི། །ཕུང་དང་གཏོར་མ་ཚོགས་དག་དང་། །བྷནྡྷ་ཕུར་པ་མར་མེའི་སྣོད། །རྫས་དང་ལག་ཆ་དཀྱིལ་འཁོར་རྣམས། །སྐྱེ་བོས་མཐོང་བས་ཡོངས་མི་བྱ། །དྲིལ་བུ་རྔ་ཆུང་ལ་སོགས་སྒྲ། །སྐྱེ་བོས་ཐོས་པར་ཡོངས་མི་རུང་། །གྲོགས་ཀྱི་སྐྱོན་དང་མཚངས་རྣམས་དང་། །སེམས་ཅན་ཀུན་གྱིས་ངན་སྤྱོད་ཀྱི། །ཀུན་ལ་གནོད་པའི་སྤྱོད་པ་རྣམས། །ཤིན་ཏུ་གསང་ན་བྱང་ཆུབ་རྒྱུ། །གཉེར་གཏད་པ་ནི་གདམས་པ་སྟེ། །སྔར་བཤད་སློབ་དཔོན་མཆེད་ཀྱི་སོ། །ཞེས་དང་། ཞི་རྒྱུད་ལས། གཞན་ཡང་སློབ་དཔོན་མཆེད་ལྕམ་གྱིས། །གསང་བར་བསྒྲགས་དང་གནས་སྐབས་སུ། །དེ་ལྟར་འོས་པ་ཤིན་ཏུ་གསང་། །ཞེས་སོ། །དེ་ཉིད་གསང་བའི་ཡུལ་ནི། ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་དང་། རྔམ་གློག་ལས། སྣོད་མ་ཡིན་པའི་གང་ཟག་ལ། །དུས་དང་གནས་སྐབས་ཀུན་ཏུ་གསང་། །སྣོད་དང་ལྡན་པ་རྣམས་ལ་ཡང་། །དབང་མ་ཐོབ་པར་བཤད་པ་མིན། །ཞེས་པ་སྟེ། ལྟ་སྤྱོད་ནི་ཉན་ཐོས་སོགས་ཐེག་པ་འོག་མ་པ་རྣམས་དང་སོ་སོའི་སྐྱེ་བོ་ལོག་སྲིད་ཅན་སོགས་སྣོད་མ་སྨིན་པའི་གང་ཟག་རྣམས་ལ་སྟེ། དེ་དག་གི་བློར་མི་ཤོང་ཞིང་ལོག་རྟོག་གི་སྐྱོན་འཕེལ་བའི་ཕྱིར་རོ། །ལྷ་མིང་གཟུངས་སྔགས་གྲུབ་རྟགས་སོགས་ངོམ་ཆོས་འཕྱར་གཡེམས་ཀྱི་སྨྲ་བར་མི་བྱ་སྟེ། གསང་སྒྲོག་གི་ཉེས་པས་འདོད་འབྲས་ལས་རིང་ཞིང་ངན་སོང་གི་རྒྱུ་འགྲུབ་པའི་ཕྱིར་བླ་མ་དང་དམ་གཙང་གི་མཆེད་མ་གཏོགས་གཞན་ལ་མི་སྨྲ་བའོ། །དེ་ཡང་མ་འདྲེས་པ་ལ་བསྟན་ནས་དམ་ཚིག་ཉམས་ལ། འདྲེས་པ་ལའང་རང་གར་བསྟན་ན་དངོས་གྲུབ་ཉམས་པའི་དོན་གྱིས་ཤིན་ཏུ་གསང་དགོས་ཏེ། གསལ་བཀྲ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས། །ཞེས་སོ། །ཇི་ལྟར་གསང་ན། ཕྲ་རྒྱས་ལས། སེམས་ཀྱི་བསྟན་པར་མི་བསམ་ཞིང་། །ལུས་ཀྱི་ཐམས་ཅད་སྦས་ལ་སྤྱད། །ངག་གི་རྡོ་རྗེའི་ལྕེ་ཡོད་ཀྱང་། །བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་ཡུལ་དུས་ཀྱི་དམིག་ཕྱེད་པས་གསང་ཚུལ་ཤིིན་ཏུ་དམ་པར་བྱའོ། །འདི་ནི་རྩ་བ་ལྔ་རྣམས་ཏེ། ཞེས་པས་ལྔ་པོ་འདི་ནི་རྩ་བའི་དམ་ཚིག་ཅེས་བྱ་སྟེ། དཔེར་ན་ལྗོན་ཤིང་གི་རྩ་བ་རུལ་ན་ཡལ་ག་ལོ་མ་སོགས་ཡན་ལག་གཞན་རྣམས་ཡོད་ཀྱང་སྙིང་པོ་སྟོང་པས་ཕན་མི་ཐོག་པ་བཞིན་རྩ་བ་འདི་ལྔ་གང་རུང་དང་འགལ་ཕྱིན་ཆད་སོ་བྱང་སྔགས་ཀྱི་བསྲུང་བྱ་ཕྲ་མོ་གཞན་རྣམས་མ་ཉམས་ཀྱང་འདོད་འབྲས་འགྲུབ་པ་ལྟ་ཞོག །ངན་སོང་གི་གནས་མཐར་ཐུག་ལ་འགོད་པའི་ཕྱིར་ཏེ་དེ་སྐད་བྱ་སྟེ། ཁོ་བོའི་བླ་མ་རྡོ་རྗེ་འཆང་ཆེན་པོས་བླ་སྒྲུབ་ཏུ། རྩ་བའི་དམ་ཚིག་སྡོང་པོ་མེ་འབྲས་འདྲ། དེ་ཉམས་ཐར་པའི་ས་བོན་ངེས་པར་ཚིག །ཅེས་གསུངས་སོ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་པ་འདི་ལ་བཞེད་ཚུལ་མི་མཐུན་པ་གཉིས་ཏེ། རོང་ཟོམ་པ་ཆེན་པོ་དང་ཟུར་ལུགས་ཀྱི་བཀའ་སྲོལ་འཆད་པ་པོ་རྣམས། བླ་མེད་མི་སྤོང་བ་དང་སྔགས་རྒྱ་རྒྱུན་མི་བཅད་པ་གཉིས་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པའི་དམ་ཚིག་དང་། བླ་མ་བཀུར་ཞིང་མཆེད་ལ་བྱམས་པ་གཉིས་ཐུགས་འགལ་བསྲུང་བ་དང་། གསང་སྒྲོག་དེའི་གྲོགས་སུ་སྲུངས་བྱ་གཙོ་ཆེ་བས་བསྲུང་བའི་དམ་ཚིག་ཏུ་བཞེད། ཀུན་མཁྱེན་ཆེན་པོས་ནི། ལྷ་མི་སྤང་བ་དང་། དངོས་གྲུབ་ཀྱི་འབྱུང་གནས་བླ་མ་བཀུར་བ། སྔགས་རྒྱ་རྒྱུན་མི་བཅད་པ་ནི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་དམ་ཚིག་ཡིན་ལ། དེའི་ཡན་ལག་ཏུ་ཡང་དག་པའི་ལམ་དུ་ཞུགས་པ་དང་མཆེད་ལྕམ་ལ་བྱམས་པ་ནི་བླ་མའི་ཐུགས་འགལ་བསྲུང་ཞིང་། གསང་བ་གཞན་ལ་མི་སྨྲ་བ་ལྷ་དང་སྔགས་དང་ཕྱག་རྒྱའི་དེ་ཉིད་དང་འགལ་བ་བསྲུང་བ་སྟེ་བསྲུང་བའི་དམ་ཚིག་ཏུ་བཞེད་ཅིང་། མཉམ་སྦྱོར་ལས། སྒྲུབ་པའི་དམ་ཚིག་ཆེན་པོ་ནི། །ལྷ་དང་བླ་མ་མི་སྤང་ཞིང་། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཅེས་འདྲེན་པར་མཛོད་ཅིང་གང་ལྟར་ལྔ་པོ་དམ་ཚིག་ཀུན་གྱི་མཆོག་ཏུ་གསང་སྔགས་པའོ། །དེ་དག་སྐུ་གསུང་ཐུགས་ཀྱི་དམ་ཚིག །གསུམ་གསུམ་དུ་གྱུར་ཏེ་དཔེར་ན་བླ་མེད་མི་སྤང་བ་ལྟ་བུའི་འང་ལུས་ཀྱིས་བཀུར། ངག་གིས་བསྟོད། ཡིད་ཀྱིས་གུས་པར་བྱ་བ་དང་། ཚུལ་དེས་བླ་མ་དང་མཆེད་ལའང་སྒོ་གསུམ་གུས་པ་དང་། སྔགས་རྒྱའི་དམ་ཚིག་ཡང་སྒོ་གསུམ་ཚང་བ་དང་། གསང་བ་ཡང་སྒོ་གསུམ་གྱི་བྱ་བས་གསང་ཞིང་སྦེད་པ་སོགས་ཀུན་ལས་རིགས་འགྲེ་བའི་ཕྱིར་རོ། །དམིགས་བསལ་གྱི་ཕྱེ་ན། བླ་མ་དང་མཆེད་ལ་བསྲུང་བ་ནི་ཕན་འདོགས་ཞིང་གནོད་པ་སྤང་བའི་གཞིའི་གཙོ་བོ་ལུས་ཡིན་པས་སྐུའི་དམ་ཚིག་སྟེ། ཞི་རྒྱུད་ལས། བླ་མ་ཉིད་དང་ལྷན་གྲོགས་ལ། །ལུས་ངག་ཡིད་ཀྱི་བཀུར་བ་ནི། །རྡོ་རྗེ་སྐུ་ཡི་དམ་ཚིག་གོ། །ཞེས་སོ། །སྔགས་རྒྱ་རྒྱུན་མི་བཅད་པ་ནི་བཟླས་བརྗོད་ཀྱི་ཡན་ལག་ཏུ་གཏོགས་པས་ངག་གཙོ་བོར་ཡིན་པའི་ཕྱིར་གསུང་གི་དམ་ཚིག་སྟེ། དེ་ལས། རང་གི་ཡིད་དམ་ལྷ་མཆོག་གི། །སྔགས་དང་ཕྱག་རྒྱ་རབ་འཛིན་པས། །དུས་ཀུན་ཏུ་ནི་རྒྱུན་མི་གཅོད། །རྡོ་རྗེ་གསུང་གི་དམ་ཚིག་ཡིན། །ཞེས་སོ། །གསང་བཅུ་ནི་ཟུར་པའི་བཤད་སྲོལ་འཛིན་པ་རྣམས་མི་སྨྲ་བ་ངག་ཡིན་ཀྱང་གང་གསང་བ་ནི་ཐུགས་ལ་གནས་པས་གཙོ་བོ་སེམས་ཀྱི་ཆོས་ཉིད་ཡིན་ཞེས་ཐུགས་སུ་བསྡུ་ནའང་། སྔ་མ་ལས། གསང་བར་བྱ་བ་འདི་རྣམས་ནི། །སྐུ་གསུང་ཐུགས་ཀྱི་དམ་ཚིག་གོ། །ཞེས་གསུམ་ཀས་བསྡུས་པར་གསུངས་ཤིང་། བླ་མེད་མི་སྤང་བ་ནི་ཐུགས་ཀྱི་དམ་ཚིག་སྟེ། དེ་ལས། བྱང་ཆུབ་སེམས་གསུམ་བསྒོམ་པ་ནི། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ། །ཞེས་གསུངས་སོ། །འདི་ལ་ཀུན་མཁྱེན་ཆོས་རྗེས། ཁ་ཅིག་བླ་མ་དང་མཆེད་ལྕམ་ལ་གུས་པ་ནི་གཞི་མ་ལུས་ཀྱི་བྱ་བ་ཡིན་པས་སྐུའི་དམ་ཚིག །ལྷ་མི་སྤང་ཞིང་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་ནི་བཟླས་བརྗོད་ཀྱི་ཡན་ལག་སྟེ་གསུང་གི་དམ་ཚིག །གསང་བ་མི་སྨྲ་བ་ནི་ཡིད་ལ་གནག་པར་བྱ་བ་སྟེ་ཐུགས་ཀྱི་དམ་ཚིག་གོ་ཟེར་བ་དེ་ཡང་རིག་མ་མཐོང་སྟེ་འདོན་པ་བསྒྱུར་ན་མཚུངས་པའི་ཕྱིར་རོ། །ཞེས་གསུངས་ཤིང་། ལོ་ཆེན་དྷརྨ་ཤྲིས། འདིར་བྱང་སེམས་དང་གསང་བ་མི་སྨྲ་བ་གཉིས་ཐུགས་ཀྱི་དམ་ཚིག་ཏུ་བསྡུས་ན་བདེ་སྟེ། རྩ་བའི་དམ་ཚིག་གསུམ་དུ་བསྡུ་བའི་སྐབས་ཡིན་པའི་ཕྱིར་རོ། །ཞེས་གསུངས་ལ། འདི་དང་མཐུན་པར་དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ཀྱི་དམ་ཚིག་ཉི་ཤུ་རྩ་བརྒྱད་པའི་བཤགས་པའི་ལེའུ། གསང་བཅུ་ལ་སོགས་མན་ངག་རབ་སྟེར་དང་། ཞེས་ཐུགས་ཀྱི་དམ་ཚིག་ཏུ་བསྡུས་པར་བཤད་ཅིང་། ཁོ་བོ་ནི་གོང་དུ་གྲངས་པའི་བདེར་འདུས་ཞི་རྒྱུད་ཀྱི་ལུང་ལྟར་གསང་བཅུ་ནི་སྐུ་གསུང་ཐུགས་གསུམ་ཀས་བསྡུས་པ་ཉིད་འཐད་དམ་སྙམ། གཉིས་པ་ཡན་ལག་གི་དམ་ཚིག་བཅུ་བཤད་པ་ལ་གཉིས་ཏེ། མི་སྤང་བ་ལྔ་དང་། མི་དོར་བ་ལྔའོ། །དང་པོ་ནི། གསལ་བཀྲ་ལས། དེ་དག་དུག་ལྔ་ལོག་དུག་ལྔ། ཞེས་ཡང་ལོག་གཉིས་སུ་གསུངས་ཤིང་། དེ་ཡང་ལོག་པའི་དུག་ལྔ་ནི་དུག་ལྔ་རང་མཚན་པ་རྣམས་ཡིན་ལ། དེ་ཉིད་ཉན་ཐོས་ལུང་བཞིན་དགྲར་བལྟས་ཏེ་མི་སྤང་ཞིང་། ཅིའི་ཕྱིར་ཞེ་ན་ཆོས་ཐམས་ཅད་རང་གི་ངོ་བོ་སྟོང་པས་སྤང་བྱའི་རྫས་མ་གྲུབ་སྟེ། སྨིག་རྒྱུའི་ཆུ་ལ་རགས་མི་དགོས་པ་བཞིན་ནོ། །དེ་ཡང་ཇི་སྐད་དུ་རྡོ་རྗེ་ལས། ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང་། །རང་གི་མི་རྟག་རང་བཞིན་ཤེས་པས་གྲོལ། །ཞེས་སོ། །དེར་མ་ཟད་ཐབས་ཀྱིས་ཟིན་ན་སྤྱད་ཀྱང་མི་འཆིང་ཞིང་ལམ་གྱི་གྲོགས་སུ་འགྱུར་པས་ཡང་མི་སྤང་སྟེ། རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཆེ། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་བ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་གསུངས་ཤིང་། ཚུལ་འདི་དང་མཐུན་པར་མདོ་སྡེ་ལས་ཀྱང་གསུངས་པ་ཡོད་དེ། དཀོན་བརྩེགས་ལས། ཇི་ལྟར་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་མི་གཙང་ལུད། །དེ་ནི་རྒྱལ་བའི་ཆོས་ཀྱི་ཞིང་ལ་ཕན། །ཞེས་དང་། ཐེག་བསྡུས་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། །རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པས་ཀྱང་མ་སྤངས་ཏེ། དམ་ཚིག་ཉེར་བརྒྱད་པ་ལས། ཕྲག་དོག་ལ་སོགས་ཉོན་མོངས་རྣམས་ལྔ་ནི། །ཡེ་ནས་རིག་ལྔའི་རང་བཞིན་ཡིན་པའི་ཕྱིར། །ཞེས་དང་། ཐབས་ཞགས་ལས། གཏི་མུག་ཞེ་སྡང་ང་རྒྱལ་དང་། །འདོད་ཆགས་ཕྲག་དོག་ཆེན་པོ་ནི། །བསྲུང་བ་མེད་པའི་སྡོམ་པ་ཅན། །དེ་ནི་དམ་ཚིག་རྡོ་རྗེ་ཡིན། །ཞེས་པའི་འགྲེལ་པར་སློབ་དཔོན་ཆེན་པོ་པདྨས། གཏི་མུག་གི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སྟེ། ཅིའི་ཕྱིར་ཞེ་ན་མ་རིག་པ་ནི་སྤང་དུ་མེད། རིག་པ་ནི་སྒྲུབ་ཏུ་མེད་དེ། ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཕྱིར་རོ། །ཞེས་དང་། ཞི་རྒྱུད་ལས་ཀྱང་། རང་བཞིན་ཤེས་པས་མི་སྤང་སྟེ། །རང་རིག་ཡེ་ཤེས་ཉིད་ཡིན་ནོ། །ཞེས་སོ། །སྦས་དོན་དུ་ཡང་དག་དུག་ལྔ་ཞེས་བཤད་དེ། དེ་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྫོགས་པས་ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱི་འབྱེད་པ་མེད་པའི་གཏི་མུག །དེ་ལྟར་མ་རྟོགས་པ་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ནས་རྗེས་སུ་ཆགས་པའི་འདོད་ཆགས། རང་རིག་པའི་ཡེ་ཤེས་ཀྱི་ལོག་རྟོག་འཇོམས་པའི་ཞེ་སྡང་། ཉམས་ཉིད་རྟོགས་པའི་ལྟ་བ་ཤོངས་སུ་མི་འབེབས་པའི་ང་རྒྱལ། གཉིས་འཛིན་གྱི་ལྟ་སྤྱོད་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་རྣམས་ཏེ། དེ་ཉིད་རྟོགས་གོམས་ཐབས་ཀྱི་བྱེད་རྩོལ་གྱིས་མི་སྤང་པའོ། །གཉིས་པ་མི་འདོར་བ་ལྔ་ནི། གསང་སྙིང་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། དག་པའི་སྣོད་ཆུ་ནི་དྲི་ཆུ་སྟེ་ལྔ་པོ་ཡེ་ནས་བདུད་རྩི་ལྔའི་རང་བཞིན་་ཡིན་པས་ན་མི་དོར་ཏེ། ལེ་ལག་ལས། བདུད་རྩི་ཡེ་ནས་དག་པའི་ཆོས། །བླང་དོར་མེད་པ་ཀུན་ལས་འདས། །ཡེ་བསྲུང་ཆེན་པོའི་དམ་ཚིག་ཏུ། །མཁས་པས་དང་དུ་བླང་བར་བྱ། །ཞེས་སོ། །རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པས་ཀྱང་མི་དོར་ཏེ། དེ་ཡང་བྱང་སེམས་ནི་རྡོ་རྗེ་རིགས། མེ་ལོང་ལྟ་བུའི་ཡེ་ཤེས། དྲི་ཆེན་དེ་བཞིན་གཤེགས་པའི་རིགས་ཆོས་དབྱིངས་ཡེ་ཤེས། ཤ་ཆེན་ནི་རིན་ཆེན་རིགས། མཉམ་ཉིད་ཡེ་ཤེས། རཀྟ་ནི་པདྨའི་རིགས། སོར་རྟོགས་ཡེ་ཤེས། དྲི་ཆུ་ནི་ལས་ཀྱི་རིགས། བྱ་གྲུབ་ཡེ་ཤེས་ཏེ། ཐལ་བ་ལས། བདུད་རྩི་ལྔ་ནི་རིགས་ལྔའི་དངོས། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །ཞེས་སོ། །གཞན་ཡང་ནད་ལྔ་སེལ་ཞིང་རང་བཞིན་གྱི་མཐུ་ལྔ་ཡོད་པའི་ཕྱིར་ཡང་མི་སྤང་སྟེ། བྱང་སེམས་ཀྱི་ཚད་པའི་ནད་རྣམས་སེལ་ཞིང་མི་བརྗེད་པའི་གཟུངས་ཐོབ་པ་དང་། དེ་བཞིན་དུ་རཀྟས་གྲང་བའི་ནད་སེལ་བཀྲག་མདངས་གསལ་བ་དང་། དྲི་ཆུའི་དུག་ནད་སེལ་ཚེ་རིང་བ་དང་། །གཙང་རྨིའི་རྟོགས་པ་སྦྱངས་ཕྱིར་དང་། །ཐུན་མོང་དགོས་པ་ལྔ་ཕྱིར་དང་། །རིགས་ལྔ་འགྲུབ་པའི་ཡོན་ཏན་དང་། །སྡུག་བ སྔལ་ལས་གྲོལ་དངོས་གྲུབ་ཐོབ། །ཞེས་དང་། མཁའ་འགྲོ་མ་རྡོ་རྗེ་གུར་ལས། མི་བསྐྱོད་རྟེན་པའི་རྣལ་འབྱོར་པས། །ནད་ཀུན་རྣམས་པར་སྤང་བར་འ གྱུར། །རྟག་པ་ཡིས་ནི་མདངས་ཆེན་འགྱུར། །ཞེས་སོགས་གསུངས་སོ། །དངོས་གྲུབ་སྒྲུབ་པའི་རྫས་ཡིན་པས་ཀྱང་བླང་སྟེ། གསང་འདུས་ལས། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །གཤང་གཅིའི་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །ཞེས་སོ། །དེ་དང་མཐུན་པར་ཤ་ལྔ་པོ་ཡང་བསྟེན་ན་མཁའ་འགྲོ་འདུ་ཞིང་དངོས་གྲུབ་ཉེ་བ་སོགས་ཀྱི་ཡོན་ཏན་ཁྱད་པར་དུ་མངའ་བ་སྟེ། དེ་ལས། གླང་པོའི་ཤ་ཡི་དམ་ཚིག་གིས་མངོན་ཤེས་ལྔ་དག་ཐོབ་པར་འགྱུར། རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཁྱི་ཤ་དག་གིས་དམ་ཚིག་པ། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །བ་ལང་ཤ་ཡི་དམ་ཚིག་གི། །རྡོ་རྗེ་འགུག་པའི་མཆོག་ཏུ་འགྱུར། །ཞེས་སོ་དང་། སྤྱི་མདོ་ལས། བ་གླང་ཁྱི་དང་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་ལ་སོགས། །ཟོས་ན་ཡོན་ཏན་ཐམས་ཅད་འགྲུབ། །བདག་ཅག་རྣམས་ཀྱི་དམ་ཚིག་ལགས། །ཞེས་དང་། སྔོན་གྱི་རྒྱལ་བ་གྲངས་མེད་ཀྱང་། །བརྟུལ་ཞུགས་འདི་ལྔ་གཙོར་སྤྱད་ནས། །དམ་ཚིག་དམ་པ་བཟུང་བས་ན། །སྔོན་གྱི་དམ་ཚིག་ཡིན་པར་གྲགས་ཞེས་པས་བརྟུལ་ཞུགས་སྤྱོད་པའི་གྲོགས་སུ་གྱུར་པས་ཀྱང་དང་དུ་བླང་བར་བྱ་བ་ཡིན་ནོ། །དེ་དག་ལ་ཡན་ལག་གི་དམ་ཚིག་ཅེས་བྱ་སྟེ། རྩ་བའི་གྲོགས་སམ་ཐབས་སུ་གྱུར་བའི་ཡན་ལག་ཡིན་པའི་ཕྱིར་རོ། །སྔར་འགྱུར་བླ་མེད་ཀྱི་ཡང་རྩེ་མན་ངག་སྡེའི་དགོངས་དོན་ལྟར་ན། དམ་ཚིག་རྣམ་པར་བཀོད་པ་ལས། །འགྲོ་བའི་སྨིན་སོ་གསུམ་དག་ལས། །སྔགས་ཀྱི་དམ་ཚིག་གསུམ་དུ་བཤད། །དེ་ལ་ཁྱད་པར་ངེས་ཕྱེ་བ། །སྐུ་དང་གསུང་དང་ཐུགས་དག་ལས། །རེ་རེ་ལའང་དགུ་དགུ་སྟེ། །འཇུག་དང་ལས་ཀྱི་རྣམ་པས་ཤེས། །ཞེས་རྩ་བ་སྐུ་གསུང་ཐུགས་གསུམ་ལ་ཕྱི་ནང་གསང་གསུམ་དང་། དེ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་ཉི་ཤུ་རྩ་བདུན་དུ་གསུངས་ཏེ། དེ་ཡང་དང་པོ་ལུས་ཀྱི་བསྲུང་བར་བྱ་བ་སྐུའི་དམ་ཚིག་ལ་ཕྱི་ནང་གསང་བ་གསུམ་ལས། དང་པོ་ཕྱིའི་ཕྱི་ནང་གསང་གསུམ་ནི། རིམ་པར་མ་བྱིན་ལེན། མི་ཚངས་སྤྱོད། སྲོག་གཅོད་གསུམ་སྤང་བ་སྟེ། རྡོ་རྗེ་སྙིང་པོ་ཁོང་བུ་བརྩེགས་པའི་རྒྱུད་ལས། སྐུ་ཡི་ཕྱི་ཡི་དམ་ཚིག་ལས། །རྣམ་པ་གསུམ་དུ་རབ་ཕྱེ་སྟེ། །མ་བྱིན་བླངས་པ་ཕྱི་ཡི་ཡང་། །སྐུ་ཡི་དམ་ཚིག་ཉམས་པར་འགྱུར། །དེ་ཡི་རྟགས་སུ་ཡན་ལག་ནི། །མི་བཟད་སྣ་ཚོགས་ལུས་ལ་འབྱུང་། །མི་ཚངས་སྤྱད་པ་ནང་ཡིན་ཏེ། །རྟགས་སུ་དབང་པོའི་ནད་རྣམས་སོ། །སྲོག་བཅད་པ་ནི་གསང་བ་སྟེ། །དེ་ཡི་རྟགས་སུ་དོན་སྣོད་ན། །རྣལ་འབྱོར་པ་ཡི་མྱོང་བའོ། །ཞེས་སོ། །ནང་གི་གསུམ་ནི། ཕ་མ་རྡོ་རྗེ་སྤུན་སྲིང་དང་རང་ལུས་ལ་སྨོད་པ། ཆོས་དང་གང་ཟག་ལ་སྨོད་པ། རང་ལུས་ལ་བརྡེག་འཚོག་དང་བཀའ་ཐུབ་ཀྱི་བརྙས་ཤིང་གདུང་བ་རྣམས་སྤང་བ་སྟེ། གསེར་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། ནང་གི་ཕྱི་ནི་སྤུན་དང་ཡང་། །གང་གི་ཕ་དང་མ་ཉིད་དང་། །རང་གི་ལུས་ལ་མི་སྨད་དོ། །ནང་གི་ནང་ཉིད་སྤྱི་ན་ཡང་། །ཐེག་པ་ཆེ་ཆུང་ཆོས་རྣམས་ལ། །འཇུག་པར་འདོད་དང་ཞུགས་པ་དང་། །ཞུགས་ཏེ་གཟུགས་བརྙན་འཛིན་པའི་ལུས། །རྨད་ཅིང་མཐོ་བཙམས་རྒྱན་སྨད་ན། །སངས་རྒྱས་སྐུ་ནི་བརྒྱ་ཕྲག་བསླུས། །ནང་གི་གསང་བ་རང་གི་ལུས། །ལྷ་ཡི་དཀྱིལ་འཁོར་ཡིན་པའི་ཕྱིར། །སྨད་དང་ཟས་ལ་དུག་འདྲེས་ཟོས། །གལ་ཏེ་མཚོན་གྱིས་བཏབ་ན་ཡང་། །ཟག་པའི་ལམ་མེད་ལུས་བརྒྱ་བླངས། །དེ་འོག་ཚ་བའི་དམྱལ་བ་མྱོང་། །ཞེས་སོ། །གསང་བའི་གསུམ་ནི། རྡོ་རྗེ་སྤུན་སྲིང་གི་ལུས་ལ་བརྡེག་པར་གཟས་ཤིང་རྒྱན་ལ་སྨོད་པ། རྡོ་རྗེ་མཆེད་ལྕམ་ལ་བརྡེག་པ་དང་བླ་མའི་ཡུམ་ལ་གཅེས་པ། བླ་མའི་གྲིབ་མར་འགོངས་པ་དང་སྤྱན་སྔར་ལུས་ངག་གི་སྤྱོད་པ་བག་མེད་རྣམས་སྤང་བ་སྟེ། དཔལ་ཉི་ཟླ་བརྩེགས་པའི་རྒྱུད་ལས། རྡོ་རྗེ་སྤུན་ནམ་སྲིང་མོ་ཡི། །ལུས་ཀྱི་རྒྱན་ལ་དཔྱས་པ་དང་། །མཐོ་བཙམས་ལག་གིས་བརྡེག་པའི་ཚུལ། །གལ་ཏེ་གཞན་གྱི་བྱེད་བཅུད་ན། །འདི་ཡང་མནར་མེད་རྒྱུད་འཕེལ་འགྱུར། །ནང་གི་ཤིན་ཏུ་འདྲེས་པའི་མཆེད། །ཀུ་རེ་རྩེད་མོའི་ཚུལ་ཙམ་དུའང་། །བརྡེག་གམ་བརྡེག་པར་བཙམས་པའམ། །རྨི་ལམ་ནའང་ཡུམ་ལ་བཙེས། །དེ་མ་ཐག་ཏུ་མ་བཤགས་ན། །འདི་ཡང་སྔར་དང་སྡིག་མཉམ་མོ། །གསང་བའི་གསང་བ་བླ་མ་ཡི། །སྐུ་ཡི་གྲིབ་མར་མི་འགོང་ལ། །བླ་མའི་སྤྱན་ལམ་དག་ཏུ་ཡང་། །མཚོན་ཆ་བཟུང་བར་མི་བྱའོ། །རྐང་ལག་བརྐྱང་དང་ཉལ་མི་བྱ། །སྐྱིལ་ཀྲུང་འདུག་དང་རྒྱབ་མི་བསྟན། །ལྷམ་དང་སྟན་དང་བཞོན་པ་དང་། །གདུག་སོགས་སྒེག་པའི་རྒྱན་རྣམས་སྤང་། །བླ་མའི་གཟིམས་ཁང་དག་ལ་ཡང་། །ལག་པས་མཚོན་ནམ་རྡོ་དག་གི། །བཅོམ་པར་བྱ་བ་མ་ཡིན་ནོ། །དེ་དག་ལས་ནི་འབུམ་འགྱུར་དུ། །བླ་མའི་གནས་ཁང་བཤིག་པ་དང་། །སྐུ་ལ་བཙམས་པའི་སྡིག་བྱས་པས། །འདི་ཡི་སྡིག་པ་ཕ་མཐའ་ཡས། །གལ་ཏེ་བླ་མར་བག་མེད་པས། །མ་དཔྱད་བསྡོངས་ནའང་ཕ་མཐའ་ཡས། །མཆོག་ཏུ་སྐུ་ལ་བརྙས་བྱས་ན། །འདི་ཡི་རྣམ་སྨིན་བརྗོད་མི་ལོང་། །ཞེས་སོ། །གཉིས་པ་གསུང་གི་དམ་ཚིག་ཡང་ཕྱི་ནང་གསང་བ་གསུམ་ལས། ཕྱིའི་གསུམ་ནི། བརྫུན་ཚིག །ཕྲ་མ། གཞན་གྱི་ཞོར་འདེབས་ཀྱི་ཚིག་སྨྲ་བ་རྣམས་སྤང་བ་སྟེ། འཁོར་རྣམ་པར་བརྩེགས་པའི་རྒྱུད་ལས། སྔགས་ཀྱི་མོས་པ་སྤྱོད་པ་ཡིས། །འགྲོ་བ་ཕལ་པ་དག་ལ་ཡང་། །བརྫུན་པའི་ཚིག་ནི་རང་འདོད་ཀྱི། །སྨྲ་ལ་རྟག་ཏུ་དགའ་བ་ལ། །སྔགས་བཟླས་ནུས་པ་མི་འབྱུང་ཞིང་། །གཞན་ལ་སྨྲས་པ་བཙུན་པ་མིན། །རང་གི་ངག་ཉིད་ཉམས་པ་ཡིས། །འགྲོ་བ་གཞན་གྱི་ལྕེ་འབབ་འགྱུར། །མ་འོངས་དུས་ན་མེ་ཤའི་ལུས། །བྱང་གི་ཕྱོགས་སུ་མྱོང་བར་འགྱུར། །དེ་འོག་ངན་སོང་སྡུག་བསྔལ་ཡང་། །རྣམ་པ་སྣ་ཚོགས་མྱོང་བར་འགྱུར། །ཞེས་དང་། སྔགས་ལ་ཞུགས་པའི་གང་ཟག་གང་། །གཞན་གཉིས་དབྱེར་འཇུག་ཕྲ་མ་སྒྲ། །ཆོས་སྨྲས་འཁོར་རྣམས་མི་འདུ་དང་། །ཅི་བྱས་ལོག་པར་འགྱུར་བ་དང་། །མ་དཔྱད་པ་རྣམས་དགྲ་འགྱུར་དང་། །ལུས་ལ་མཚོན་གྱིས་འདེབས་པ་དང་། །ཤི་འཕོས་ནས་ནི་སྡེར་ཅན་ལུས། །དེ་ནས་ངན་སོང་རིམ་གྱིས་མྱོང་། །ཞེས་དང་། རྟག་ཏུ་ཞེ་གཅོད་ཚིག་སྨྲ་བ། །སྔ་མའི་ལས་དང་ཕྱི་མའི་རྟགས། །འགྲོ་བ་བྱམས་བྲལ་བཤེས་ཀྱང་ལྡང་། །ཆོས་ཀྱི་ཚིག་ཀྱང་འཆོལ་བར་འགྱུར། །ཤི་འཕོས་རབ་ཏུ་དྲེགས་པའི་ལུས། །དེ་ནས་ངན་སོང་གསུམ་དུ་འཁོར། །ཞེས་སོ། །ནང་གི་གསུམ་ནི། ཆོས་ཀྱི་ཚིག་སྨྲ་བ། དོན་ཡིད་ལ་བསམ་པ། གནས་ལུགས་སྒོམ་པར་བྱེད་པ་རྣམས་ལ་གཤེ་སྐུར་འདེབས་པ་རྣམ་སྤང་བ་སྟེ། དམ་ཚིག་རྣམ་པར་བཀོད་པའི་རྒྱུད་ལས། །སྔགས་པ་སྡོམ་ལ་གནས་པ་ཡིས། །ཆོས་སྨྲ་རྣམས་དང་ཆོས་སྒྲུབ་དང་། །ཆོས་ནི་བསྒོམ་པའི་གང་ཟག་ལ། །སྒྲོ་ཞིང་བསྐུར་པ་བཏབ་པ་དང་། །གཤེ་ཞིང་སྨོད་པའི་ཚིག་སྨྲས་ན། །གཞན་གྱི་མོས་པ་ཉམས་པ་དང་། །རང་གི་བདོག་པ་ཉམས་པ་དང་། །རང་གི་ཆོས་རྣམས་བརྗོད་ངས་ཏེ། །ཡིད་དཔྱོད་འདྲ་མིན་འཆོལ་བར་འགྱུར། །ངན་སོང་སྡུག་བསྔལ་ཚད་མེད་མྱོང་། །ཞེས་སོ། །གསང་བའི་གསུམ་ནི། རྡོ་རྗེ་སྤུན་སྲིང་གི་ཚིག །བླ་མའི་ཕྱག་རྒྱ་དང་ཉེ་འཁོར་གྱི་ཚིག །བླ་མའི་གསུང་རྣམས་ལ་བརྙས་ཤིང་གཅོག་པ་སོགས་སྤང་བ་སྟེ། ཕྱག་རྒྱ་གཉིས་སྦྱོར་གྱི་རྒྱུད་ལས། རྡོ་རྗེའི་མཆེད་དང་ལྕམ་དྲལ་ལ། །ཚིག་གིས་སྨྲས་དང་ངག་བཅག་ན། །བསྐལ་པ་བརྒྱ་ཕྲག་བྱེ་བར་ནི། །ཁྱད་པར་ངན་སོང་གསུམ་པོ་ཡི། །སྡུག་བསྔལ་མི་བཟད་དྲག་པོ་ཉིད། །གང་ཟག་དེ་ཡིས་མྱོང་བར་འགྱུར། །སྔ་མར་བྱས་དང་ད་ལྟའི་རྟགས། །རིམ་པར་མྱོང་བར་འགྱུར་བ་ནི། །སྔ་མར་བྱས་པ་ཚེ་འདི་ལ། །བར་ནས་ཐ་མར་མྱོང་བ་ལ། །ཡང་སྔ་ཚེ་སྟོད་ལ་བྱས་ཏེ། །སྐྱེས་མ་ཐག་ཏུ་མྱོང་བར་འགྱུར། །འདི་ལ་བྱས་པའི་ལས་མཐའ་ནི། །ཚེ་ཡི་ཞབས་ལ་ངག་གི་ལས། །འཁོར་དང་གཞན་གྱིས་ལྕེ་འབབ་དང་། །གློ་བུར་དག་ཏུ་སྨྲ་རྒྱུན་འགག །བླ་མའི་བུ་དང་ཆུང་མ་དང་། །གང་དག་ཉེ་གནས་དག་ཀྱང་རུང་། །བཀའ་ལས་འདས་ཤིང་ངག་བཅག་ན། །སྔ་མ་ལས་ནི་ཉིས་འགྱུར་རོ། །ཡང་ན་བླ་མའི་བྱེ་བྲག་གིས། །རྩ་བ་དང་ནི་ཡན་ལག་གི། །ངག་འདས་ངག་ཏུ་སྨྲས་པ་དང་། །སྒྲོ་སྐུར་འདོད་ཚིག་སྨྲས་བྱས་ན། །སྔ་མ་ལས་ནི་སྟོང་ཕྲག་འགྱུར། །རྣམ་པར་སྨིན་པ་མི་བཟད་པ། །རིམ་པས་བླ་མའི་ཁྱད་ཀྱིས་ཡང་། །དེ་མ་ཐག་ཏུ་མྱོང་བར་འགྱུར། །ཞེས་སོ། །གསུམ་པ་ཐུགས་ཀྱི་དམ་ཚིག་ལའང་ཕྱི་ནང་གསང་གསུམ་ལས། ཕྱིའི་གསུམ་ནི། གནོད་སེམས་བརྣབ་སེམས་ལོག་ལྟ་གསུམ་སྤང་བ་སྟེ། སྙིང་པོའི་དོན་རྣམས་པར་ལེན་པའི་རྒྱུད་ལས། གང་དག་སྔགས་པ་རྡོ་རྗེ་འཛིན། །སེམས་ཅན་གཞན་ནམ་རང་ཡང་རུང་། །གནོད་པར་བྱ་བའི་ལས་འཆད་ན། །འདི་ནི་དུ་བ་ཅན་ཀྱི་ལུས། །གྲང་བའི་རེག་པར་ལྡན་པ་ཡི། །ལུས་ནི་སྟོང་ཕྲག་ལྔ་བླང་ནས། །གྲང་བའི་དམྱལ་བར་ངེས་པར་སྐྱེ། །ཞེས་དང་། གནམ་ལྕགས་མེ་ལྟར་འབར་བའི་རྒྱུད་ལས། གལ་ཏེ་སེམས་ཅན་ཕལ་པ་ལ། །ཡུལ་དུར་གནོད་པའི་སེམས་སྐྱེད་ནས། །འགྲོ་བ་ཐུན་མོང་ལུས་ཅན་ནི། །བརྒྱ་ཕྲག་གསུམ་གྱི་སྲོག་བཅད་པ། །འདི་ཡི་སྡིག་པའི་ཆ་དང་མཉམ། །གལ་ཏེ་བརྟན་པའི་རྟགས་འཛིན་པའི། །གཟུགས་ཅན་རྣམས་ལ་ལོག་འགྱུར་རོ། །སྔགས་ལ་ཞུགས་པས་བརྒྱ་ཕྲག་འགྱུར། །རྡོ་རྗེའི་སྤུན་སྲིང་བདུན་ཕྲག་གོ། །བརྒྱུད་པའི་བླ་མ་བརྒྱ་ཕྲག་གོ། །རྩ་བའི་བླ་མ་འབུམ་ཕྲག་འགྱུར། །ཞེས་དང་། བཀོད་པ་ཆེན་པོ་ལས། རང་ངམ་གཞན་གྱི་གྲུབ་མཐའ་ཡི། །ཆོས་ལ་སྨོད་པ་ལོག་པའི་ལམ། །རྩ་བའི་དམ་ཚིག་ལས་འདས་ན། །ས་སྤྱོད་མེ་ཡི་སྡུག་བསྔལ་ལས། །ཡུན་རིང་བར་དུ་གནས་པར་འགྱུར། །རང་ནི་གྲུབ་མཐའ་ལོག་ལྟ་སྐྱེས། །དམྱལ་བ་ཉིད་ལས་ཐར་སྐབས་མེད། །ཅེས་སོ། །ནང་གི་གསུམ་ནི། སྤྱོད་པ་ལོག་པ་བག་མེད། སྒོམ་པ་ལོག་པ་བྱིང་རྒོད་དང་གོལ་སྒྲིབ། ལྟ་བ་ལོག་པ་རྟག་ཆད་མཐར་འཛིན་རྣམས་སྤང་བ་སྟེ། ཤེལ་གྱི་ཁང་བུ་བརྩིགས་པའི་རྒྱུད་ལས། ལྟ་དང་སྒོམ་དང་སྤྱོད་པ་ལོག །འདི་ནི་ལམ་ལོག་ཆེན་པོ་སྟེ། །སེམས་ཅན་ཀུན་གྱི་སྡུག་བསྔལ་གང་། །འདི་ཡི་སེམས་ལ་སྨིན་པར་ངེས། །ཞེས་སོ། །གསང་བའི་གསུམ་ནི། ཉིན་ཞག་ཐུན་རེ་རེ་བཞིན་ལྟ་སྒོམ་སྤྱོད་གསུམ་ཡིད་ལ་མ་བྱས་པ། ཡི་དམ་གྱི་ལྷ་ཡིད་ལ་མ་བྱས་པ། བླ་མའི་རྣལ་འབྱོར་དང་མཆེད་ལྕམ་ལ་བརྩེ་གདུང་ཡིད་ལ་མ་བྱས་པ་སྤང་བ་སྟེ། པདྨ་ཀློང་ཡངས་ལས། སུ་ཡི་ཡིད་ཀྱི་ལས་འཆལ་ཏེ། །ཡིད་ལ་བྱ་བའི་ཆོས་རྣམས་ལས། །ཡིད་ལ་མ་བྱས་ཉམས་པ་དང་། །འདས་དང་ཞིག་པའི་ལས་ཀྱི་མཐའ། །མནར་མེད་སྡུག་བསྔལ་མྱོང་བའོ། །ཞེས་སོ། །གཞན་ཡང་ཡན་ལག་གི་དམ་ཚིག་ལྔ་ཚན་ལྔར་དབྱེ་བ་སོགས་མཐའ་ཡས་པ་ཞིག་ཡོད་ནའང་སྔར་བཤད་པ་རྣམས་སུ་དངོས་ཤུགས་གང་བྱུང་གི་སྒོ་ནས་འདུས་ཤིང་ཡི་གེའི་ལུས་སུ་ཆེ་བར་ཞིབ་པར་གཞན་དུ་རྟོག་པར་བྱའོ། །མདོར་བསྡུ་ན། གང་སྤྱོད་ན་སྔགས་སྡོམ་གཏོང་བའི་རིགས་དང་། མི་གཏོང་ནའང་ཡན་ལག་ཉམས་པར་བྱེད་པའི་རིགས་གཉིས་སུ་འདུས་ཤིང་དེ་ཡང་རང་སེམས་ལ་སྐྱོན་མེད་པར་གཙང་མར་བྱེད་པ་ནི་དམ་ཚིག་གཙོ་བོ་ཡིན་པས་དེ་ལ་བསླབ་སྟེ། དམ་ཚིག་བཀོད་པའི་རྒྱུད་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །མདོར་ན་རང་སེམས་གཙང་མར་བསྲུང་། །འདི་ནི་དམ་ཚིག་རྨད་པོ་ཆེ། །སངས་རྒྱས་ཀུན་གྱིས་བསྟན་པར་མཛད། །ཅེས་གསུངས་ཤིང་ཚངས་པས་ཞུས་པའི་མདོ་ལས་ཀྱང་། སེམས་ཀྱི་སྐྱོན་རྣམས་རབ་ཤེས་ན། སེམས་ཡོད་སྐྱོན་རྣམས་མི་བརྟེན་ནོ། །སེམས་ལ་དྲན་པ་ལོད་གནས་ན། སྐྱོན་མེད་ཞི་བའི་གནས་ཐོབ་བོ། །ཞེས་དང་། སྤྱོད་འཇུག་ལས། སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་སྲུང་བར་ཡང་མི་ནུས། །ཞེས་དང་། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །ཞེས་གསུངས་པ་བཞིན་རང་གི་ལུས་གཉུག་མའི་རྩ་རླུང་ཐིག་ལེའི་རང་བཞིན་ཡེ་ཤེས་དང་བཅས་པ་གདོད་ནས་སྐུ་གསུང་ཐུགས་དབྱེར་མེད་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བཞུགས་པ་གང་ཞིག་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱི་སྒྲོ་འདོགས་ཆོད་ཅིང་མངོན་གྱུར་དུ་རྟོགས་པར་གྱུར་ན་དམ་ཚིག་ཐམས་ཅད་དེར་འདུ་བ་སྟེ། གནས་ལྔ་རིག་པ་པཎ་ཆེན་པདྨ་དབང་གི་རྒྱལ་པོས། མདོར་ན་རང་ལུས་རྡོ་རྗེ་གསུམ་ཤེས་ན། །སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ་འདུས། །ཞེས་གསུངས་ཤིང་། གསང་སྙིང་ལས་ཀྱང་། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་དམ་ཚིག་ཡིན། །ཞེས་དང་། ཀུན་བྱེད་ལས། ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་དམ་ཚིག་ནི། སྐྱེ་མེད་ནམ་མཁའ་ལྟ་བུར་ཕྱོགས་འདས་པས། །བསྲུང་དང་མི་བསྲུང་གཉིས་སུ་མེད་པ་སྟེ། །ཀུན་བྱེད་རྒྱལ་པོའི་དམ་ཚིག་རྟོགས་པ་ཡིན། །ཞེས་སོ། །བཞི་པ་བསྲུང་ཚུལ་ནི། སྤྱིར་མདོ་སྔགས་ཐུན་མོང་ཉེས་ལྟུང་འབྱུང་བའི་སྒོ་བཞིར་བཤད་པ་སྟེ། དེ་ཡང་འདུལ་བ་བསྡུ་བ་ལས། ལྟུང་བའི་རྒྱུ་ཡང་རྣམ་བཞི་སྟེ། མི་ཤེས་པ་དང་བག་མེད་དང་། ཉོན་མོངས་མང་དང་མ་གུས་པའོ། །ཞེས་གསུངས་པ་ལྟར། སྤང་བླང་ལ་སློབ་པར་འདོད་ཀྱང་ལྟུང་བ་སོ་སོའི་བླང་དོར་གྱི་མཚམས་མི་ཤེས་པ་དང་། ཤེས་ཀྱང་བླ་མ་དང་ངེས་འདོམས་པའི་བསླབ་བྱའི་གནས་ལ་ཡིད་མི་བསྟོན་ཞིང་མ་གུས་པས་འཕྲོག་སྟེ་དེར་འཇུག་པར་མི་བྱེད་པ་དང་། སྤྱིར་མོས་གུས་ཀྱི་བློ་ཡོད་ཀྱང་ཉེས་དམིགས་ཀྱི་གནས་མ་མཐོང་པའམ་མཐོང་ནའང་དྲན་ཤེས་ཀྱི་གཉེན་པོ་མི་བརྟེན་པ་བག་མེད་ཀྱི་དབང་དུ་ཤོར་ནས་འཛེམས་བག་ལས་གཡེལ་བ་དང་། འཛེམ་བློ་ཅུང་ཟད་སྐྱེས་ཀྱང་དུག་གསུམ་ཤས་ཆེ་བས་སེམས་ཉོན་མོངས་པའི་དབང་དུ་ཐལ་བས་ཉོན་མོངས་མང་བ་སྟེ་བཞི་དང་། དེའི་སྟེང་དུ་བསྲུང་བྱའི་དོན་ཡིད་ལ་མི་འཇོག་པའི་བརྗེད་ངས་པ་དང་། བློ་རྨོངས་པས་དྲན་དུ་མེད་པའི་དྲན་པ་མི་གསལ་བ་གཉིས་བསྣན་པས་དམ་ཚིག་ཉམས་པའི་རྒྱུ་དྲུག་ཏུ་བཞེད་ཅིང་། མཁའ་འགྲོ་སྡོམ་པའི་རྒྱུད་ལས། མི་ཤེས་པ་དང་བག་མེད་དང་། ཉོན་མོངས་མང་དང་མ་གུས་པའོ། །ཞེས་གསུངས་པ་ལྟར་སྤང་བླང་ལ་སློབ་པར་འདོད་ཀྱང་ལྟུང་བ་སོ་སོའི་བླང་དོར་གྱི་མཚམས་མི་ཤེས་པ་དང་། ཤེས་ཀྱང་བླ་མ་དང་དེས་འདོམས་པའི་བསླབ་བྱའི་གནས་ལ་ཡིད་མི་སྟོན་ཞིང་མ་གུས་པས་འཕྲོག་སྟེ་དེར་འཇུག་པར་མི་བྱེད་པ་དང་། སྤྱིར་མོས་གུས་ཀྱི་བློ་ཡོད་ཀྱང་ཉེས་དམིགས་ཀྱི་གནས་མ་མཐོང་བའམ་མཐོང་ནའང་དྲེན་ཤེས་ཀྱི་གཉེན་པོ་མི་བརྟེན་པར་བག་མེད་ཀྱི་དབང་དུ་ཤོར་ནས་འཛེམས་བག་ལས་གཡེལ་བ་དང་། འཛེམ་བློ་ཅུང་ཟད་སྐྱེས་ཀྱང་དུག་གསུམ་ཤེས་ཆེ་བས་སེམས་ཉོན་མོངས་མང་པའི་དབང་ཐལ་བས་ཉོན་མོངས་མང་བ་སྟེ་བཞི་དང་། དེའི་སྟེང་དུ་བསྲུང་བྱའི་དོན་ཡིད་ལ་མི་འཇོག་པའི་བརྗེད་ངས་པ་དང་། བློ་རྨོངས་པས་དྲན་དུ་མེད་པའི་དྲན་པ་མི་གསལ་བ་གཉིས་བསྣན་པས་དམ་ཚིག་ཉམས་པའི་རྒྱུ་དྲུག་ཏུ་བཞེད་ཅིང་མཁའ་འགྲོ་སྡོམ་པའི་རྒྱུད་ལས། མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་དང་། །བརྗེད་ངས་དྲན་པ་མི་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །ཞེས་པ་སྟེ། དེ་ལྟར་ལྟུང་བ་འབྱུང་པ་སྒོ་དེ་དང་དེ་ལ་ལྟོས་པའི་གཉེན་པོ་བརྟེན་པས་བསྲུང་བར་བྱ་དགོས་ཤིང་། དེ་ཡང་ལྟུང་བའི་འཚམས་སྤང་ལེན་མི་ཤེས་པའི་གཉེན་པོར་བསླབ་བྱ་རྣམས་ལེགས་པར་བསླབ་པས་བླང་དོར་ཤེས་པར་བྱ་བ་དང་། མ་གུས་པའི་གཉེན་པོར་བླ་མ་དང་དེས་འདོམས་ཤིང་གཞུང་ལུགས་ལས་སྟོན་པའི་བསླབ་བྱ་ཐ་དག་ལ་བློས་བརྟག་ཅིང་གཞིག་ཏེ་ཕན་ཡོན་ལ་བྲོད་པ་སོགས་ཀྱིས་གུས་པ་བསྐྱེད་པ་དང་། བག་མེད་ཀྱི་གཉེན་པོར་དགྲ་ཉེན་ཆེ་སར་ཟོན་བྱེད་པ་བཞིན་ཉེས་དམིགས་ལ་འཇིགས་པའི་སྒོ་ནས་སེམས་བསྒྲིམ་སྟེ་རྟག་ཏུ་བག་ཡོད་པར་བྱ་བ་དང་། ཉོན་མོངས་ཀྱི་གཉེན་པོར་བཟོད་པ་བསྒོམ་པ་སོགས་ཐང་སྐྱེས་དེའི་གཉེན་པོ་དེ་དག་དེ་བརྟེན་པ་སོགས་ཀྱི་སྦྱངས་ཤིང་ཀུན་ཀྱང་གཞི་མེད་རྩ་བྲལ་དུ་ལ་བཟླ་བ་དང་། བརྗེད་ངས་ཀྱི་གཉེན་པོར་དྲན་པའི་ལྕགས་ཀྱིས་བསྐུལ་ཏེ་གནང་བཀག་གི་རྣམ་དབྱེ་ཉིན་དང་མཚན་དུ་མི་བརྗེད་ཅིང་ཡིད་ལ་བྱེད་པས་འགལ་བ་རྣམས་འཕྲལ་ལར་བཤགས་སྡོམ་ལ་བརྩོན་པ་དང་། དྲན་པ་མི་གསལ་བའི་གཉེན་པོར་དྲན་ཤེས་ཀྱི་བྱ་རས་རྟོགས་ཤིང་དཔྱོད་པའི་བླང་དོར་ལ་རྒྱུན་དུ་བརྩོན་པས་དམ་ཚིག་ལས་འདས་མ་འདས་བརྟགས་པ་སོགས་ཀྱི་སྒོ་ནས་རང་རང་གི་གཉེན་པོ་ལ་བརྩོན་པས་ཞུགས་ཅིང་མདོར་ན་སྒོ་གསུམ་གྱི་སྤྱོད་པ་ཐ་དག་དམ་ཚིག་དང་འགལ་ན་སྤོང་། མི་འགལ་ན་སྒྲུབ་པའི་སྒོ་ནས་རྟག་ཏུ་བསྲུངས་སེམས་ལ་འབད་པ་ཉིད་ཁོ་ནའོ། །དེ་ཡང་དམ་ཚིག་ལས་ཉམས་ན་བདག་ངན་ནོ་སྙམ་པ་རང་ལ་བརྟེན་ནས་རྩ་བ་དང་ཡན་ལག་གི་ཉེས་ལྟུང་ཅུང་ཟད་ལའང་འཛེམ་པ་སྟེ་ངོ་ཚ་ཤེས་པ་དང་། བླ་མ་དང་ཡི་དམ་མཁའ་འགྲོ་ཟག་མེད་མཁྱེན་པའི་སྤྱན་མངའ་བ་རྣམས་ལྐོགས་གྱུར་སྒྲིབ་མེད་དུ་གཟིགས་ཏེ་ཁྲེལ་བ་དང་། སྐྱེ་བོ་རྨོངས་པ་དག་གིས་ཀྱང་སྤྱོད་ལམ་གྱི་ཚུལ་མཐོང་ཐོས་དོགས་གསུམ་ལ་བརྟེན་ཏེ་ཁྲེལ་ནས་སྨད་པའི་གནས་སུ་འགྱུར་རོ་སྙམ་པས་གཞན་ལ་བརྟེན་ནས་བསྲུངས་པ་སྟེ་ཁྲེལ་ཡོད་པས་ཉམས་པའི་ཉེས་དམིགས་ལ་འཇིགས་པ་དང་། བསྲུང་བའི་ཕན་ཡོན་ལ་བྲོད་པའི་སྒོ་ནས་སྲོག་ལ་བབ་ཀྱང་རྟག་ཏུ་དམ་ཚིག་གི་བསྲུང་བ་ལ་བརྩོན་པར་བྱ་བ་སྟེ། སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་བཏང་ཀྱང་སླ། །འཆི་བའི་དུས་ལ་བབས་ཀྱང་སླའི་རྟག་ཏུ་དམ་ཚིག་གི་བསྲུང་པར་བྱ། ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། །བདག་གིས་ནོར་ནི་བཏང་ལ་ལུས་བསྲུང་ངོ་། །ནོར་དང་ལུས་ཀྱང་བཏང་ལ་སྲོག་བསྲུང་སྟེ། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་བཏང་ལ་འདིར་ནི་ཆོས་བ སྲུང་ངོ་། །ཞེས་གསུངས་པ་ལྟར་རོ། །དེ་ཡང་སྤྱིར་སོ་ཐར་གྱི་སྡོམ་པ་ནི་ཕྲ་ཞིབ་ནས་སྲུང་དཀའ་བའི་ཁུལ་དང་། དེ་ལས་ཀྱང་བྱང་སེམས། དེ་ལས་ཀྱང་སྔགས་སྡོམ་ནི་ཤིན་ཏུ་ཟོར་ཡངས་པའི་དབང་དུ་བྱེད་པ་སྔགས་སྡོམ་སྟོན་འཁོར་གྱི་བླ་མ་ཕལ་ཆེར་ཡང་ཐུགས་ལ་བཞེད་འདྲ་ཞིང་། རྒྱུ་མཚན་གསང་སྔགས་ཀྱི་དབང་བསྐུར་ལ་ནི་ཞུ་མཁན་དང་། གནང་མཁན་གཉིས་ཀས་ཧར་འཚངས་དང་། བསྐུར་བ་གང་རྙེད་བྱེད་པ་ཞིག་འདུག་ཀྱང་འདི་དག་ནི་ཐེག་པ་གསུམ་གྱི་གནད་ཤིན་ཏུ་མགོ་བར་ཟད་དེ། པན་ཆེན་ཇོ་བོ་རྗེས། བདག་ལ་སོ་ཐར་གྱི་སྡོམ་པའི་ཉེས་ལྟུང་ནི་ཡེ་ནས་གོས་མ་མྱོང་ཞིང་། བྱང་ཆུབ་སེམས་དཔའི་སྡོམ་པའི་ཉེས་ལྟུང་ནི་རྩ་རེ་ཙམ་ཕོག །དེ་ལས་ཀྱང་རིག་འཛིན་སྔགས་ཀྱི་སྡོམ་པའི་ཉེས་ལྟུང་ནི་ཅ་རེ་ཉ་རེ་ཙམ་ཕོག །ཅེས་དང་། རྡོར་བྲག་མཆོག་སྤྲུལ་དམ་པ་རིག་འཛིན་པདྨ་འཕྲིན་ལས་ཀྱི་རྣམ་ཐར་ཞལ་གསུངས་མར་སོ་ཐར་ལ། ཕམ་ལྷག་སྤང་ལྟུང་ཉེས་བྱས་ཀྱི་རིགས་ཆེ་བས་མ་གོས་པ་རང་རྒྱུད་ལ་ལེགས་པར་རྟོགས་ཤིང་དཔྱོད་པའི་ལུགས་ཡིན་ལ། དེ་ཡང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ལྟ་བུའི་རློམ་སེམས་མེད་པ་དང་། དེ་བས་ཀྱང་ཐེག་ཆེན་བྱང་ཆུབ་སེམས་དཔའི་བསླབ་བྱ་རྣམས་དཀའ་ཚེགས་ཆེ་བས་ནམ་མཁའི་སྙིང་པོའི་མདོ་དང་སྡོམ་པ་ཉི་ཤུ་པ་སོགས་ནས་བཤད་པའི་བླང་དོར་རྣམས་ལ་འབད་རྩོལ་བྱེད་ཁུལ་དང་། གཙོ་བོར་རྡོ་རྗེ་ཐེག་པའི་ཉེས་ལྟུང་རྣམས་ཕྲ་ཞིང་ཟབ་པས་དམ་ཚིག་གི་ཉེས་བ་ཆར་ལྟར་འབབ་པ་ཞིག་འདུག་པས་འཕྲལ་མར་བཤགས་སྡོམ་འདྲ་བྱེད་ཁུལ་ཡིན་ཀྱང་། དེང་སང་བུམ་དབང་གཅིག་པོའི་མཉམ་རྗེས་བཀའ་བཅའམ་དམ་ཚིག་ཙམ་བསྲུང་སྡོམ་ཡང་མི་ནུས་ན་གཞན་རྣམས་དགོངས་པ་རྩ་ཁྲོལ་གྱི་རང་བཞིན་དུ་འདུག །འོན་ཀྱང་ལ་ལ་དག་འདུལ་བ་ཁོ་ན་དཀའ་བའི་ཁུལ་དང་། བྱང་སྡོམ་དང་གསང་སྔགས་གཉིས་ལ་མཆོང་རྒྱང་གནང་མཁན་རང་མང་བར་འདུག་པས། གུ་རུ་པདྨས། གསང་སྔགས་ཟབ་མོའི་ལས་སྐལ་རྣམས་མི་བྱེད་ཟས་སྐལ་རྣམས་ཟ་ཞེས་གསུངས་པ་རྡོ་རྗེའི་གསུང་ཁོ་ནར་ངེས་པ་རྙེད། ལས་སྐལ་ཅི་ཡིན་ན་ཐོག་མར་དབང་བཞིའི་དམ་ཚིག་ནས་བཟུང་གསར་རྙིང་རང་རང་གི་གཞུང་ལྟར་བསྲུངས་བ་ལྟ་ཅི་སྨོས། སྲུངས་སེམས་ཀྱི་རྣམ་རྟོག་ཙམ་ཡང་མི་འདུག་པས་ལས་སྐལ་རྣམས་མི་བྱེད་གསུངས་པ་དེ་ཡིན། ཟས་སྐལ་ཚོགས་འཁོར་གྱི་མཚོན་བཅས་ལྡན་དགེ་སློང་ཡང་སྔགས་མ་གུས་མི་གུས། དམ་ཚིག་གི་རྫས་ཡིན་མིན། ལོངས་མ་སྤྱད་པའི་ཉེས་དམིགས། སྤྱོད་པའི་གནང་བཀག་སོགས་ཅི་བསམ་རྒྱུ་མེད་པར་ཚོགས་འཁོར་ཡིན་ན་ཟ་དགོས་པས་ཁྱབ་པར་ལྟ་བུར་སྣང་། ཞེས་དམ་པའི་གསུངས་དེ་དག་སྙིང་ལ་འབབ་པས་ཐལ་མོ་སྙིང་གར་ལན་བརྒྱར་སྦྱོར་རིག་གོ། །དེའི་རྒྱུ་མཚན་ཡང་། གོང་དུ་བཤད་པའི་དམ་ཚིག་ཉེར་བདུན་པོའི་ནང་དུ་སོ་ཐར་གྱི་སྤོང་བདུན་དག་བཤད་ཅིང་། ལྷག་རྣམས་སྔགས་སྡོམ་གྱི་ཁྱད་ཆོས་སུ་གསུངས་པས་སྔགས་སྡོམ་བསྲུང་སླ་ཞིང་གུ་ཡངས་བར་འགྲོ་ཨེ་འདུག་རྣམས་དཔྱོད་ཀྱི་སྤྱན་རྒྱང་མཐོན་པོས་གསུང་རབ་མཐའ་དག་གི་དོན་ལ་ཐུགས་རྟོགས་ལེགས་པར་བཅུག་སྟེ་དེ་དང་རྗེས་མཐུན་གྱི་སྤང་ལེན་རང་གི་སྤྱོད་པ་དང་། གཞན་ལ་དོན་དེ་དག་ཆུ་ཤིང་གི་འབྲས་བུ་བཞིན་བསྟན་དོན་དུ་འགྱུར་པ་ཞིག་དཀའ་ནའང་། སྨྲ་མཁན་བདག་ལྟ་བུའི་རིས་ཅན་གྱི་འདི་ལྟར་དུ་སྨྲས་ཀྱང་ཆེ་ཕྲ་མང་པོའི་ཐུགས་དང་འགལ་བས་རང་ཉིད་ཀུན་གྱི་ཁྱུ་རུ་མི་ཚུད་པའི་རྒྱུར་མཐོང་སྟེ། ཀུན་མཁྱེན་དམ་པ་བུ་སྟོན་གྱིས། །མང་དུ་སྨྲས་ན་དགྲ་རུ་སྡང་། །མ་སྨྲས་ལག་ལེན་འཆོལ་པར་སྤྱོད། །ཅེས་གསུངས་པ་ཉིད་ཁོ་ན་ཐུགས་བདེན་པར་ཟད་དོ། །ལྔ་པ་མ་སྲུང་བའི་ཉེས་དམིགས་ལ་ཉེས་དམིགས་སྤྱིར་བསྟན་པ་དང་། བྱེ་དྲག་ཏུ་བསྟན་པ། ལྕི་ཡང་གི་ཚད་བསྟན་པའོ། །དང་པོ་ལ་སྤྱིར་དམ་ཚིག་ཉམས་པའི་ཉེས་པ་ནི་བརྗོད་ཀྱི་མི་ལངས་བ་སྟེ། དམ་ཚིག་བཀོད་པའི་རྒྱུད་ལས། །དམ་ཚིག་ལས་ནི་འདས་གྱུར་ན། །འདི་ཕྱིར་བདེ་ལེགས་ཉམས་པ་དང་། །ཡིད་དུ་མི་འོང་སྣ་ཚོགས་མྱོང་། །ས་སྤྱོད་མེ་ཡི་སྡུག་བསྔལ་ལ། །བསྐལ་པ་བྱེ་བ་གྲངས་མེད་གནས། །ཞེས་དང་། སྤྱི་མདོ་ལས། གལ་ཏེ་ཉམས་པར་གྱུར་པ་ན། །ཆད་པའི་སྐྱེ་གནས་བསྐལ་ཆེན་བརྒྱད། །མི་བཟད་སྡུག་བསྔལ་དྲག་པོ་ཡིས། །མཚོན་ཆའི་འཁོར་ལོ་བཞིན་དུ་འཁོར། །ཞེས་དང་། བརྟག་གཉིས་ལས། མ་གསངས་སྦྲུལ་དང་ཆོམ་རྐུན་དང་། །ས་སྤྱོད་མེ་ཡི་སྡུག་བསྔལ་བསྐྱེད། །ཅེས་དང་། གཞན་ཡང་། ཡམས་དང་འཚེ་བའི་ནད་རྣམས་དང་། །རྒྱལ་པོ་མེ་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པ་དང་། །གདོན་དང་ལོག་འདྲེན་ཉམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །ཞེས་སོ། །གཉིས་པ་ནི་སྤྱི་མདོ་ལས། ལང་ཉིད་བདག་པོ་གང་འདི་ལས། །ཉམས་པར་གྱུར་པ་གང་ཞེ་ན། །ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་པ་ལྟར་ཉམས་པ་ནི་ཡུལ་ཆེས་གཉེན་པ་ལ་ཀུན་དཀྲིས་དྲག་པོས་སྤྱད་པའི་ལན་གྲངས་དུ་མར་བྱུང་བ་དུས་འདས་རལ་ལ་སོགས་ཡིན་ལ། རྩ་ཉམས་པ་ནི་རྩ་བའི་དམ་ཚིག་ལས་ཉམས་པར་གྱུར་ན་ཚེ་འདིར་ཡང་དབང་སྡུད་བསྒྲུབ་པས་ཡུལ་ཁམས་དགྲར་སྡང་བ་བཞིན་སྒྲུབ་པ་ཐམས་ཅད་འདོད་འབྲས་ཕྱིན་ཅི་ལོག་ཏུ་འགྱུར་བ་སོགས་མི་འདོད་པ་ཐ་དག་ཆར་བཞིན་དུ་འབེབས་པ་དང་། ཕྱི་མའི་ཚེ་ཕྱི་དབུགས་དང་བྲལ་མ་ཐག་རྡོ་རྗེ་དམྱལ་བའི་སྐྱེས་གནས་སུ་ལྟུང་བར་བཤད་དེ། གསང་སྙིང་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོངས་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་དང་། གསལ་བཀྲ་ལས། རྩ་ཀུན་ཉམས་པའི་འཆལ་པ་དག །གསོལ་ཉེ་བར་མི་བརྩོན་པ་རྡོ་རྗེ་དམྱལ་བར་དེ་ལྟུང་སྟེ། དམྱལ་བ་ཕལ་པ་ཐམས་ཅད་ཀྱི། །སྡུག་བསྔལ་གཅིག་ཏུ་བསྡོམ་པ་ནི། །དེ་ཡི་འབུམ་གྱི་ཆར་མི་ཕོད། །སངས་རྒྱས་སྟོང་གི་འོད་ཟེར་དང་། །བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀུན། །རྒྱུན་དུ་འཛད་ཀྱང་ཕན་མི་འགྱུར། །བསྐལ་པ་ཐེར་འབུམ་ལ་སོགས་སུ། །དེ་ནི་འཐོན་པར་མི་འགྱུར་རོ། །འཇིག་རྟེན་འཇིག་ན་གཞན་དུ་འཕོ། །སེ་གོལ་གཅིག་གིས་ཕྱིན་པར་བྱེད། །དེ་བས་ཤིན་ཏུ་ནན་ཏན་གྱིས་ཞེས་དང་། རྩ་ལྟུང་གི་གཞུང་ལས། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་བཟུང་བར་འགྱུར། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་སོ། །དེ་ཡང་ཚིག་གི་ཟུར་དང་བརྡ་ཙམ་གྱི་ཀྱང་བརྗོད་མི་རུང་ཞིང་། རྨི་ལམ་ཙམ་དུ་ཉེས་པ་བྱུང་ཀྱང་བཤགས་དགོས་པ་ཡང་། བཀོད་པ་ཆེན་པོ་ལས། བླ་མ་དང་ནི་ཉེ་བའི་འཁོར། །རྡོ་རྗེ་སྤུན་དང་སྲིང་མོ་ལ། །ངན་སྨྲ་ཚིག་གི་ཟུར་ཙམ་ཡང་། །བརྡའི་དངོས་པོར་བརྗོད་མི་བྱ། །གལ་ཏེ་རྨི་ལམ་དག་ཏུ་ཡང་། །བྱུང་ན་ཡིད་ཀྱི་བཤགས་པར་བྱ། །དངོས་དང་ཞེ་ཡི་བྱས་པ་དང་། །གལ་ཏེ་དྲན་པས་མ་ཟིན་པར། །ཐལ་བར་གྱུར་ཀྱང་མ་བཤགས་ན། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་སོ། །ཡན་ལག་གཉིས་པ་ནི། ཡན་ལག་གི་དམ་ཚིག་ཉམས་པར་གྱུར་པས་ཀྱང་ཚེ་འདིར་དངོས་གྲུབ་མི་འགྲུབ་ཅིང་ཕྱི་མ་ངན་སོང་དུ་ལྟུང་བ་སྟེ། རྩ་རྒྱུད་གསང་སྙིང་ལས། ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་པས་གོང་གི་རྩ་བ་ཉམས་པ་དང་སྡུག་བསྔལ་ཆེ་ཆུང་དང་མནར་ཡུན་རིང་ཐུང་གི་ཁྱད་པར་ཆེ་བ་ལས་གཞན་འདྲ་བར་ཡང་། རྡོ་རྗེ་སྙིང་པོ་རྒྱན་ལས། དེ་ལས་སྔགས་པས་ཡོངས་འདས་ན། །ངེས་པར་བདུད་དང་འཕྲད་པར་འགྱུར། །ནད་དང་སྡུག་བསྔལ་འཕེལ་འགྱུར་ཏེ། །བསྲིད་མེད་སྤྱིའུ་ཚུགས་དམྱལ་བར་འགྲོ། །སྦོམ་པོ་ལྟུང་བྱེད་ཉེས་དམིགས་ཀྱང་། །དེ་དང་འདྲ་བར་ཤེས་པར་བྱ། །ཞེས་སོ། །བཟླས་ཉམས་ནི་སྙམ་པ་དང་འགྲོད་པའི་ཉེས་པ་སྟེ། གསང་སྙིང་ལས། རྩ་བ་ཉམས་པའི་འཆབ་པ་དག །གསོ་ལ་ཉེ་བར་མི་བརྩོན་དང་། །སྐད་ཅིག་ཡུད་ཙམ་སྨྲ་བ་བྱེད། །ཉེས་གྱུར་ཉེས་པ་བརྗོད་མི་ལོངས། །ཞེས་དང་། ཀུན་འདུས་ལས་ཇི་ལྟར་འོ་མ་རུལ་པ་དག །རུལ་བས་འོ་མ་ཀུན་རུལ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །ཅེས་སོ། །ཞར་ཉམས་ནི་གཞན་ཅི་ཟེར་བརྟག་པའི་གཞན་གྱི་ངོ་གར་ཐལ་བའི་ཉེས་བྱས་སོ། །གསུམ་པ་ལ། ངོ་བོ་ལ་ལྟོས་པ་དང་། དུས་ལ་ལྟོས་པའོ། །དང་པོ་ནི། སློབ་དཔོན་མཚོ་སྐྱེས་ཀྱི་རྣམ་ཐར་བསྡུས་པ་ལས། དངོས་གྲུབ་ཐམས་ཅད་གཞིར་གྱུར་པ། །རྩ་བ་དང་ནི་ཡན་ལག་གོ། །རྩ་བ་དུས་འདས་ཕམ་པ་འདྲ། །ཚད་ལྡན་ལྟུང་བར་བཤད་པ་ཡིན། །ཡན་ལག་གཙོ་བོ་དུས་འདས་པ། །ལྕི་བ་ཞེས་ནི་བཤད་པ་སྟེ། །སྦྱོར་བ་མ་རྫོགས་སྦོམ་པོའོ། །ཡན་ལག་ཕྲ་བ་ཉེས་བྱས་སོ། །ཞེས་པས། ལྟུང་བ་ཀུན་ལ་གང་ལ་བརྟེན་ནས་ལྟུང་བ་འབྱུང་བའི་གཞི་དང་། ཡུལ་དེ་ལ་དེར་ཤེས་ཤིང་ཉེས་སྤྱོད་པའི་ལས་ལམ་རྫོགས་པར་གྲུབ་པ་མཐར་ཐུག་ཏེ་ཡན་ལག་བཞི་ལྡན་ནམ། ཡང་རྩ་ལྟུང་གི་བཤགས་པའི་སྐབས། །ཉོན་མོངས་ཀུན་སློང་དེར་ཤེས་ལྡན། །ལུས་ངག་སྦྱོར་བསྟན་བར་ཆད་དང་། །མ་འཁྲུལ་འགྱོད་མེད་ཚད་ལས་འདས། །ཞེས་བདུན་ལྡན་གསུང་པས། བདུན་པོ་དེའི་ངོ་བོ་ཇི་ལྟར་ཞེ་ན། ཡུལ་རྡོ་རྗེ་སློབ་དཔོན་སོགས་གང་ཡིན་དེ་ལ་སྙིང་ནས་ཁྲོ་ཞིང་ཞེ་སྡང་དང་ཕྲག་དོག་སོགས་ཉོན་མོངས་པས་ཀུན་ནས་བསླང་བའི་བསམ་པ་མ་རུངས་པའི་ངོ་བོ་སྟེ་འདི་ལ་ཀུན་དཀྲིས་ཀྱང་ཟེར། ཡུལ་དེ་ལ་དེར་ཤེས་པས་ཡུལ་གཞན་དང་ནོར་བ་སོགས་མ་ཡིན་པ་དང་། གནོད་པའི་སྦྱོར་བ་དེ་ལུས་ངག་ཡིད་གསུམ་གང་གི་སྒོ་ནས་སྤྱོད་ཀྱང་དངོས་སུ་བཀལ་བས་གྲུབ་པ་དང་སྤྱད་པའི་བྱ་བ་དེས་ཡུལ་དེ་ལ་བར་ཆད་དུ་གྱུར་པའམ་ཉིན་མཚན་གྱི་དྲུག་ཆའི་ནང་དུ་གཉེན་པོས་མ་སླེབ་པར་ཐུན་ཚོད་ཀྱི་བར་ཆོད་པ་དང་། རང་ཉིད་གདོན་གྱིས་བརླམ་སྟེ་སྨྱོ་བ་སོགས་ཀྱི་འདུ་ཤེས་འཁྲུལ་པ་མ་ཡིན་པར་ཞེ་ཐག་པ་ནས་བསམ་བཞིན་པར་སྤྱད་པ་དང་། དེ་ལྟ་བུར་བྱས་པ་ཟིན་ནས་འགྱོད་པ་མ་སྐྱེས་པར་དེས་མགུ་སྟེ་ཡིད་ཚིམ་པ་དང་། བཤགས་ཚད་རང་རང་གི་དུས་ལས་འདས་པ་སྟེ་ཡན་ལག་བདུན་པོ་དངོས་གཞི་གཅིག་གི་སྟེང་དུ་ཚངས་ན་ཤིན་ཏུ་ལྕི་བས་སྡོམ་པའི་མཐུན་ཕྱོགས་བཅོམ་ཞིང་སྔགས་སྡོམ་གཏོང་བས་ཕམ་པ་ཞེས་བརྗོད་དོ། །ཡང་རྩ་ལྟུང་གང་རུང་གཉེན་པོ་དང་སྤེལ་ནས་སྐྱེས་པ་ལྟ་བུ་དངོས་གཞི་རྒྱུ་ཚོགས་མ་ཚང་ཞིང་མ་བཤགས་པར་ཐུན་ཚོད་འདས་ནས་ལྟུང་བ་ཞེས་བརྗོད་དེ་ཕམ་པའི་འོག་ནས་ལྕི་བའི་ལྟུང་བ་སྟེ་སོ་ཐར་གྱི་དགེ་འདུན་ལྷག་མ་བཞིན་ནོ། །བསམ་སྦྱོར་དང་པོ་གསུམ་བྱས་ཀྱང་དེ་མ་གྲུབ་པས་ཡན་ལག་མི་ཚངས་པ་ནི་སྦོམ་པོ་དང་། ཡན་ལག་གི་ལྟུང་བ་གཞན་རྣམས་ནི་སྟུང་བྱེད་དང་ཐུན་ཚོད་ལས་འདས་པར་བཤགས་ན་ལྟུང་བ་ཞེས་པའི་མིང་ཙམ་དང་། ལུས་ངག་གི་རྣམ་འགྱུར་ཙམ་རྩེད་མོའི་ཕྱིར་བྱས་པ་སོགས་ཀྱི་ཕྱོགས་མཐུན་གྱིས་ཉེས་པ་ཕྲ་མོ་ཉེས་བྱས་དང་། གལ་ཏེ་རྡོ་རྗེའི་མཆེད་ལ་ཕན་པའི་སེམས་ཀྱི་ཁྲོས་པ་ལྟ་བུ་ནི་ལྟུང་བའི་གཟུགས་བརྙན་ཏེ་དོན་ལ་ལྟུང་མེད་དེ། པཎ་ཆེན་པདྨ་དབང་རྒྱལ་གྱིས། ཀུན་ལ་ཡུལ་བསམ་སྦྱོར་བ་མཐར་ཐུག་གམ། །ཀུན་སློང་ཉོན་མོངས་གང་འགལ་དེར་ཤེས་དང་། །ལུས་ངག་སྦྱོར་བྱས་དངོས་གཞིའི་བར་ཆོད་དང་། །མ་འཁྲུལ་སྤྱད་དང་འགྱོད་མེད་བཤགས་ཚད་འདས། །ཕམ་པ་ཞེས་བརྗོད་དངོས་གཞི་མ་ཚང་ན། །ཐུན་འདས་ལྟུང་བ་ཞེས་བརྗོད་ལྷག་མ་ལྟར། །རིམ་པས་དམན་ན་སྦོམ་པོ་ལྟུང་བྱེད་དང་། །ཉེས་བྱས་ལྟུང་བའི་གཟུགས་བརྙན་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཉིན་མོ་ལ་སྔ་གྲོ། ཉིན་གུང་། ཕྱི་དྲོ་སྟེ་ཐུན་གསུམ་དང་། མཚན་མོ་ལ་སྟོད། ནམ་གུང་། ཐོ་རིང་སྟེ་ཐུན་གསུམ་གྱི་དྲུག་ཆའི་ནང་དུ་འགལ་ཉམས་བྱུང་མ་བྱུང་ལེགས་པར་བརྟགས་ཏེ་སྤང་ལེན་ལ་བློ་སྒྲིམས་ཤིང་དཔྱད་པས་ཐུན་རེ་རེ་དེ་དག་གང་རུང་གཅིག་གི་ནང་དུ་ཉེས་པ་དེ་བྱས་ནས་ཐུན་དེ་གའི་ནང་དུ་བཤགས་པ་གཡེངས་པར་གྱུར་ན་ཐུན་ཚོད་ལ་འདས་པ་ཞེས་བྱ་བ་དང་། ཉིན་ཞག་ཕྲུག་གཅིག་གི་བར་ཆོད་ན་ངམ་ལས་འགལ་བ་དང་། ཟླ་བ་གཅིག་གིས་བར་མ་ཆོད་པ་ཚུན་ཆད་ནི་ཉམས་པ་དང་། ལོ་གཅིག་ཚུན་ཆད་ནི་འདས་པ་དང་། ལོ་གཉིས་སམ་ཚུན་ཆད་ནི་རལ་བ་ཞེས་ཉེས་ཕྱིན་རིམ་བཞིན་དུ་ལྕི་བར་འགྱུར་ཞིང་དེ་དག་ལོ་གསུམ་ཚུན་དུ་སྙིང་ཐག་པའི་སྒོ་ནས་བརྩོན་པ་ཆེན་པོ་ནས་བཤགས་ན་གསོ་བར་རུང་བ་དང་། ལོ་གསུམ་འདས་ཕན་ཆོད་ནི་ནམ་ཡང་གསོར་རུང་བར་མ་གསུངས་ཏེ། དམ་ཚིག་བཀོད་པའི་རྒྱུད་ལས། སྤྱི་དང་ཁྱད་པར་དམ་ཚིག་ལས། །དུས་ལས་ཁྱད་པར་ངེས་ཕྱེ་བས། །དམ་ལས་འགལ་ཞེས་ཉེས་བྱས་གང་། །ཞག་གི་བར་མ་ཆོད་པར་ནི། །དམིགས་པའི་ཡུལ་ལ་བཤགས་བྱས་ནས། །དེས་ནི་སོར་ཡང་ཆུད་པའོ། །ཉེས་ཞེས་ཟླ་བར་ཆོད་པ་ལ། །འགྱོད་པ་དྲག་པོས་བཤགས་པས་སོ། །ངན་ལ་འདས་པ་ལོ་དག་གིས། །བར་དུ་མ་ཆོད་བཤགས་པས་སོ། །ལོ་ནི་གཉིས་དང་གསུམ་དག་ལས། །དམ་ཚིག་རལ་བ་ཞེས་བྱ་སྟེ། །མཆོག་ཏུ་རག་ན་གསོ་རུ་རུང་། །ལོ་གསུམ་དག་ལས་འདས་པ་ནི། །དེ་ནས་གསོ་རུ་མི་རུང་སྟེ། །གལ་ཏེ་བླང་ན་གཉིས་ཀ་ཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལ། །རྒྱུན་དུ་སྤྱོད་པ་ཁོ་ནའོ། །ཞེས་དང་། གཞན་ཡང་ཉེས་ལྟུང་ལན་གྲངས་བཅུ་གཉིས་པར་སྤྱད་པའི་ཉམས་པ་ཆེན་པོའི་རིགས་ནི་གསོར་མི་རུང་བར་ཡང་གསུང་སྟེ། ཇི་སྐད་དུ། རང་ལོ་འདས་ནས་བཤགས་པའི་ཡུལ། རྡོ་རྗེ་སེམས་དཔའ་མ་གནང་ངོ་། །ཞེས་གསུངས་སོ། །དེ་དག་སྤྱད་ཀྱང་ཉེས་མེད་དུ་བསྟན་པ་ཡང་། རང་ཉིད་འབྱུང་ཁམས་འཁྲུགས་པས་གདུང་སྟེ་ན་བ་དང་། རང་དབང་མ་ཐོབ་པ་སྟེ་རང་དབང་ཉམས་པ་དང་། དེ་ཉིད་སྤྱད་ན་གཞན་དོན་དུ་འགྱུར་ཆེ་བར་འབྱུང་བ་དང་། དོན་རླབས་ཆེན་པོའི་རྒྱུར་མཐོང་བ་དང་། སྐྱེ་བ་མེད་པའི་དོན་བརྟེན་པ་དང་། གཞན་དྲངས་བ་སོགས་ཀྱི་དགོས་ཁྱད་དང་ལྡན་པ་དང་། རྟོགས་གོམས་རྨད་དུ་བྱུང་བའི་ནུས་པ་ཁྱད་པར་ཅན་རྙེད་པ་དང་། ལྷག་པའི་ལྷ་ལྟ་བུ་ཡུལ་ཁྱད་པར་ཅན་གྱིས་གནང་བ་ཐོབ་པ་དང་། བླ་མ་བཀའ་བསྒོ་བས་སྤྱོད་ཅིག་པའི་ལུང་ནོད་པ་དང་། སྲོག་གི་བར་ཆད་དུ་འགྱུར་བ་སོགས་ལས་ཏེ། སྙིང་པོ་རྒྱན་ལས། ན་ད ང་དབང་ཉམས་བྱ་བ་དང་། །གཞན་གྱི་དོན་དང་དོན་ཆེན་དང་། །སྐྱོན་མེད་བརྟན་པ་དགོས་ལྡན་དང་། །ནུས་པ་ཉིད་དང་གནང་བ་དང་། །བཀའ་བསྒོ་བ་དང་བར་ཆད་ལས། །ཉེས་པ་མེད་པར་ཤེས་པར་བྱ། །ཞེས་སོ། །དྲུག་པ་བསྲུང་བའི་ཕན་ཡོན་ནི། །སྤྱི་ལོ་ཏོག་བསྐྱེེད་ཅིང་འབྲས་བུ་སྨིན་པའི་གཞི་རྟེན་ས་གཞི་ཡིན་པ་ལྟར་དམ་ཚིག་ནི་དགེ་ལེགས་ཀྱི་ཡོན་ཏན་ཐ་དག་སྐྱེ་བ་དང་གནས་པའི་གཞི་རྟེན་དུ་གྱུར་པ་སྟེ། སྤྱི་མདོ་ལས། ཇི་ལྟར་ས་གཞི་གཤིན་པོ་ལས། །བརྟེན་ནས་ས་བོན་བཏབ་པ་ལ། །འབྲས་བུ་སྨིན་པར་གྱུར་པ་ཡིས། །གང་དག་འཚོ་བའི་སྲོག་འཛིན་ལྟར། །ཆོས་རྣམས་ཀུན་གྱི་གཞིར་གྱུར་པ། །དམ་ཚིག་འདི་ལ་གནས་པ་ན། །བླ་མེད་བྱང་ཆུབ་རྣམ་སྨིན་པས། །དགེ་བའི་སྲོག་འཛིན་དམ་པའོ། །ཞེས་སོ། །ཁྱད་པར་གནས་སྐབས་སུ་ཡིད་ལ་བསམ་པའི་དོན་རྣམས་གེགས་མེད་དུ་འགྲུབ་པ་དང་། སྐྱེ་འགྲོ་ཀུན་གྱི་ཡིད་དུ་འོང་བ་དང་། འཇིག་རྟེན་གྱི་གཙོ་བོ་ལྷ་ཆེན་པོ་རྣམས་ཀྱི་བཀུར་གནས་སུ་འགྱུར་པ་དང་། རྒྱལ་བ་དེ་སྲས་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་སྲས་དང་སྤུན་དུ་དགོངས་ནས་རྒྱུད་བྱིན་གྱིས་བརླབས་པ་དང་། དེའི་མཐུས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ཞུགས་ཏེ་རིག་པ་འཛིན་པའི་ལས་སྦྱོར་བར་བྱེད་པ་སྟེ། རྩ་རྒྱུད་གསང་སྙིང་ལས། རྒྱལ་བའི་རིག་པ་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རླབས། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་དང་། དམ་ཚིག་གསུམ་བཀོད་ལས། གསང་སྔགས་རྡོ་རྗེའི་དམ་ལ་གནས། །དེ་ཡིས་སྨོན་པ་ཀུན་འགྲུབ་ཅིང་། །ལྷ་རྣམས་ཀྱིས་ཀྱང་རྟག་ཏུ་བསྲུང་། །རྒྱལ་བ་རྒྱལ་མཆོག་སྲས་བཅས་ཀྱིས། །བུ་བཞིན་དགོངས་པ་དམ་པ་མཛད། །ཏིང་འཛིན་ཡོན་ཏན་དཔག་ཡས་ཤིང་། །ཀུན་བཟང་རིགས་ཀྱི་དམ་པ་འགྲུབ། །ཅེས་སོ། །གལ་ཏེ་ཚེ་འདིར་ལམ་རིམ་པ་གཉིས་ལ་འབད་པར་མ་བྱས་ཀྱང་རྡོ་རྗེ་ཐེག་པའི་དམ་ཚིག་ལ་གནས་ན། དེ་སྐྱེ་བ་ཕྱི་མའམ། བདུན་ནམ། ཇི་ལྟར་འགོར་ཀྱང་སྐྱེ་བ་བཅུ་དྲུག་ལས་མི་འགྱངས་བར་མྱང་འདས་ཀྱི་འབྲས་བུ་ཐོབ་པ་སྟེ། རྒྱུད་གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་སྒོམས་པར་ཡང་དངོས་གྲུབ་ཐོབ། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གི་མ་འགྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་ཐོབ། །ཅེས་དང་། པདྨ་བཛྲ་གྱིས་དམ་ཚིག་ལྔ་པ་ལས། གལ་ཏེ་ལྷུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ལ་འགྲུབ། །ཅེས་དང་། སྙིང་པོ་ལས། མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་གསུངས་སོ། །བདུན་པ་ཉམས་ན་ཕྱིར་བཅོས་བྱ་ཚུལ་ལ། དབང་བཞིའི་དབྱེ་བས་གོས་ཚུལ་དང་དུས་འདས་ལ་ལྟོས་པའི་གོས་ཐབས། གསོ་ཐབས་ཀྱི་རིམ་པ་གཞན་སྟོན་པའོ། །དང་པོ་ནི། ཇི་ལྟར་བུམ་དབང་འདི་ཉིད་དུས་ཀྱི་འཁོར་ལོའི་བྱིས་འཇུག་གི་དབང་བདུན་པོའི་རྣམ་དབྱེའོ། །བདུན་ཙམ་ཐོབ་པས་ཉམས་ན་དཀྱིལ་འཁོར་གྱི་ལྷ་གྲངས་རེ་རེ་འམ་གཙོ་བོའི་བཟླས་པ་སུམ་ཁྲི་དྲུག་སྟོང་སྟེ་སྟོང་ཕྲག་སུམ་ཅུ་རྩ་དྲུག་བཟླས་པ་སྦྱངས་ཤིང་། བུམ་དབང་ཐོབ་པས་ནི་དེའི་སྟེང་དུ་སློབ་དཔོན་གྱིས་གསུངས་པའི་ཆད་ལས་ཀྱི་བརྟུལ་ཞུགས་སྤྱད་པས་སྦྱོང་། ཤེར་དབང་ཚིག་དབང་ཐོབ་པས་ནི་དབེན་པའི་གནས་སུ་མཚན་བཅས་པ་བསྐྱེད་པའི་རིམ་པ་དང་མཚན་མེད་རྫོགས་པའི་རིམ་པ་བསྒོམ་པ་འབའ་ཞིག་གིས་རང་རྒྱུད་བྱིན་གྱིས་བརླབས་པས་སྦྱང་སྟེ། དེ་ལྟར་སྦྱངས་པས་དག་པའི་མཚན་མ་མཐོང་ན་སླར་དཀྱིལ་འཁོར་དུ་ཞུགས་ཏེ་སྡོམ་པ་བཟུང་ཞིང་དབང་བླང་བར་བྱ་དགོས་པ་ཡིན་ལ། དེའི་ཚེ་སྔར་དབང་ཐོབ་པའི་བསླབ་གྲལ་དང་རྙེད་པ་ཀུན་ལེན་པ་སོགས་མི་བྱ་བར་གསུངས་སོ། །གཉིས་པ་ནི། གོང་དུ་བཤད་པའི་འགལ་ཉམས་འདས་རལ་ལ་ལྟོས་ཏེ་བཤགས་ཚུལ་ཐ་དད་པར་གསུངས་པ་སྟེ། དེ་ལྟར་ཡང་། དམ་ཚིག་རྣམ་བཀོད་ལས། འགལ་ན་ཚོགས་ཀྱི་འཁོར་ལོས་བཤགས། །ཉམས་ན་རང་གི་བདོག་པས་བསྐང་། །འདས་ན་བུ་དང་ཆུང་མ་དང་། །ཉེ་འཁོར་ལུས་དང་ངག་དག་དང་། །ཡིད་དང་བདོག་པར་བཅས་པས་བསྐང་། །རལ་ན་རང་གི་སྲོག་གིས་བསྐང་། །ཞེས་གསུངས་པའི་གཞན་གོ་སླ་ལ། རལ་པ་སྲོག་གིས་བསྐང་པ་ནི། བླ་མ་དང་སངས་རྒྱས་བསྟན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་བརྩོན་པ་དྲག་པོས་བསྐང་ཞིང་། གང་ལྟར་ཐམས་ཅད་ཀྱི་རྗེས་སུ་ཚོགས་འཁོར་དང་རྗེས་སུ་འབྲེལ་བར་སྤྱི་བླ་མའི་སྤུན་ལས་ཉམས་ན་གང་ལས་ཉམས་པ་དེའི་དྲུང་དུའམ་དེ་དག་མེད་ན་སྐུ་གཟུགས་ལ་སོགས་པའི་མདུན་དུ་གནོང་ཞིང་འགྱོད་པའི་སེམས་ཀྱི་བཤགས་ཤིང་ཕྱིས་སྡོམ་པའི་བརྟུལ་ཞུགས་ཉིད་ལ་གནས་པར་བྱ་ཞིང་། ཁྱད་པར་བླ་མ་ལ་བརྟེན་པའི་སྡིག་པ་ནི་གཞན་ལས་འབུམ་འགྱུར་གྱིས་ལྕི་བར་བཤད་པ་བཞིན། བཞུགས་ན་དེ་ཉིད་ལ་ཉིན་ཞག་གི་བར་མ་ཆོད་པར་བཤགས། མི་བཞུགས་ན་སྐུ་འབགས་ལ་སོགས་པའི་དྲུང་དུ་བཤགས་སྡོམ་བྱ་བའོ། །གཞན་ཡང་སྤྱི་མདོ་ལས། ལས་དང་རྫས་དང་འདུན་པ་དང་། །ཏིང་ངེ་འཛིན་དང་དེ་ཉིད་དོ། །ཞེས་བསྐང་ཐབས་ལྔར་བཤད་པའི་ལས་ཀྱིས་བསྐང་བ་ནི། སྦྱིན་བསྲེག་དང་བཟླས་བརྗོད་ཀྱིས་ཏེ། དེ་ཡང་ཀུན་ཏུ་ཉམས་པ་ལ་ཁྲི་ཕྲག་བཅུ་གསུམ་སྟེ་འབུམ་ཕྲག་གཅིག་དང་ཁྲི་གསུམ། རྩ་བ་ཉམས་པ་ལ་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གསུམ། ཡན་ལག་ཉམས་པ་ལ་སྟོང་ཕྲག་ལྔ་དང་བརྒྱ་ཕྲག་གསུམ། ཟླས་ཉམས་ལ་བརྒྱ་ཕྲག་ལྔ་དང་བཅུ་ཕྲག་གསུམ། ཞལ་ཉམས་ལ་ལྔ་བཅུ་རྩ་གསུམ་གྱིས་གྲངས་ཀྱིའོ། །རྫས་ཀྱིས་བསྐང་བ་ནི། རིགས་ལྔ་གང་གིས་དམ་ཚིག་གི་ཁྱད་པར་ལ་ལྟོས་ཏེ། རྙེད་ན་དམང་གདོལ་སོ་སོར་ཕྱེ་བའི་ཡུལ་མི་རིགས་ལྔའི་བླ་མ་དངོས་དང་། མ་རྙེད་ན་ཡིད་ཀྱི་མོས་པས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསམ་སྟེ་རྫས་རིན་པོ་ཆེ་ལྔ་ལས་རིགས་མཐུན་པའི་དངོས་པོས་ཕོངས་སེམས་ཆགས་འཛིན་མེད་པར་སྟོབ་པའོ། །འདུན་པས་བསྐང་བ་ནི། ཡིད་རབ་ཏུ་དྭངས་བ་དང་ཉམས་ཆག་བྱང་ཞིང་དངོས་གྲུབ་ཐོབ་འདོད་ཀྱི་དད་པས་ཉེས་བྱས་བསགས་པ་ལ་གནོང་འགྱོད་ཀྱི་བློས་གདུང་ཤུགས་དྲག་པོའི་ང་རོས་བཤགས་པར་བྱ་སྟེ། གལ་ཆེ་ལས། མི་དགེ་སྡིག་པའི་བག་ཆགས་རྣམས། །གདུང་བའི་གླུ་དང་བཅས་ཏེ་བཤགས། །ཞེས་སོ། །ཏིང་ངེ་འཛིན་གྱི་བསྐང་བ་ནི། སྟོབས་བཞི་ཚངས་པའི་སྒོ་ནས་བཤགས་པས་བཤགས་ཡུལ་གྱི་གནས་གསུམ་ལས་དཀར་དམར་མཐིང་བའི་འོད་ཟེར་རང་ཉིད་ལ་ཕོག་པས་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་དག་པར་བསམ་པའོ། །དེ་ཁོ་ན་ཉིད་ཀྱི་བསྐང་བ་ནི། ཀུན་འདུས་ལས། ཤེས་རབ་ཆེན་པོས་རྒྱུད་ཀྱི་བག་ཆགས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་དང་། ཞེས་པས་སྦྱངས་བྱ་སྡིག་པ། སྦྱང་བྱེད་གཉེན་པོ། བྱེད་པོ་རང་ཉིད་སོགས་ཐ་དག་རྨི་ལམ་སྒྱུ་མ་ལྟ་བུའི་རང་བཞིན་གྱིས་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་པ་བསྒོམ་པ་ནི་སྡིག་སྦྱངས་རྣམས་ཀྱི་ནང་ན་ཕུལ་དུ་བྱུང་བ་སྟེ། ལུང་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །རང་སོར་འདུག་ལ་ཡང་དག་ལྟོས། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་གསུངས་སོ། །ཁྱད་པར་རྩ་བ་ཡན་ལག་གི་དམ་ཚིག་སོ་སོའི་བསྐང་ཐབས་ཀྱང་བཤད་དེ། རྔམ་གློག་ལས། དམ་ཚིག་ཉམས་པར་གྱུར་པ་ན། །མགོན་བཙུན་མཉམ་པའི་དོན་རྟོགས་ན། །དེ་ཉིད་སྐང་བའི་གནས་སུ་འགྱུར། །བླ་མ་སྤུན་ལ་སྨད་གྱུར་ན། །ཚེ་འདི་ཉིད་ལ་མཉེས་བྱས་ཏེ། །མཐོལ་བཤགས་དྲག་པོས་འགྱོད་བྱས་ན། །དེ་ནི་སྐང་བའི་མཆོག་ཏུ་འགྱུར། །གལ་ཏེ་བདག་གི་བླ་མ་སྤུན། །མ་བསྐང་བར་དུ་ཚེ་འཕོས་ན། །དེ་ནི་བསྐང་བའི་ཚད་ལས་འདས། །གསུང་གི་ཐ་ཚིག་རལ་གྱུར་ན། །རྡོ་རྗེ་ཆོས་སུ་བདག་བསྒོམས་ཏེ། །ཐ་ཚིག་གང་བཀླགས་འབུམ་འབུམ་འདོན། །ཐུགས་ཀྱི་དམ་ཚིག་རལ་གྱུར་ན། །རྡོ་རྗེ་སེམས་དཔར་བདག་བསྒོམ་ན། །ལོ་གསུམ་བར་དུ་མི་སྨྲ་བར། །བསམ་གཏན་སྦྱོར་བ་རབ་ཏུ་བྱ། །ཡན་ལག་ཐ་ཚིག་རལ་གྱུར་ནས། །སོ་སོར་རང་རང་རིགས་ཀྱིས་བསྐང་། །ཞེས་རང་གི་སྒོ་གསུམ་གྱི་གཞི་ལས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བསྐང་བར་གསུངས་པའོ། །གསུམ་པ་ནི། རྟེན་གསུམ་ཁྱད་པར་ཅན་ནམ་སངས་རྒྱས་བྱང་སེམས་བླ་མ་སོགས་ཚོགས་ཞིང་ཡིད་ཀྱི་སྤྱན་དྲངས་པའི་མདུན་དུ་སྔར་གྱི་ཉམས་ཆག་བཤགས་ཤིང་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་འགལ་བའི་སྡོམ་སེམས་བྱ་བ་དང་། གཏོར་ཚོགས་སྦྱིན་སྲེག་སོགས་རྒྱུན་གྱིས་རྣལ་འབྱོར་ལ་འབད་པ་དང་། སྒོ་གསུམ་གཡོ་ཟོལ་མེད་པས་བླ་མའི་ཞབས་ཏོག་ལ་འབད་པ་དང་། ཉིན་དང་མཚན་གྱི་ཆ་དྲུག་ཏུ་བདག་འཇུག་གི་དབང་བཞི་ལེན་པ་དང་། ལུས་དང་ལོངས་སྤྱོད་དགེ་ཚོགས་ཀྱི་དངོས་པོ་ཐམས་ཅད་དངོས་ཡིད་ཀྱི་སྒོ་ནས་མཎྜལ་འབུལ་ལ་བཤགས་པ་དང་། སྲོག་བསླུ་དང་ཉེའུ་འདོན་སྦྱིན་བཏང་སོགས་ཀྱི་དགེ་རྩ་ཅི་འགྲུབ་ལ་འབད་པ་དང་། མཆོད་རྟེན་ཚད་ལྡན་དུ་བཞེངས་པའི་སཱཙྪ་གདབ་པ་དང་། དབང་བསྐུར་ཞུ་བ་དང་། མདོ་རྒྱུད་ཟབ་མོ་ལ་ཀློག་འདོན་བགྱིད་པ་དང་། བྱམས་སོགས་ཚད་མེད་བཞི་བསྒོམ་པ་དང་། ཞི་བའི་སྲེག་བླུག་རྒྱས་པའི་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་བསྲེག་ལ་བརྩོན་པའི་མེས་སྦྱངས་པ་དང་། གཞན་གྱི་ཡོན་ཏན་བརྗོད་ཅིང་། གང་ལ་ཉེས་པ་དེ་ལ་བསྔགས་པ་ཕྱོགས་བཅུར་བརྗོད་ཅིང་ཡོན་ཏན་བསམ་པ་དང་། དེ་གང་ལ་དགའ་བས་མཉེས་པར་བྱ་བ་དང་། རྟེན་གསུམ་བྱིན་ཅན་མང་པོར་ཕྱག་དང་བསྐོར་བ་ལ་བརྩོན་པ་དང་། ཡིད་དམ་ལྷག་པའི་ལྷའི་གསང་སྔགས་བཟླ་བ་དང་། འབྲུ་གསུམ་གྱི་བར་དུ་བླ་མའི་མཚན་སྔགས་བཅུག་སྟེ་ཟླ་བ་དང་། ཟབ་མོའི་བསམ་གཏན་ཞི་ལྷག་གི་ཏིང་ངེ་འཛིན་བསྒོམ་པ་དང་། ཕུང་པོ་གསུམ་པའི་མདོ་ཉིན་མཚན་དུས་དྲུག་ཏུ་གདོན་པ་དང་། སྒྲིབ་སྦྱངས་ཀྱི་གཟུངས་སྔགས་བྱིན་ཅན་མང་པོར་ཁ་ཐོན་ལ་འབད་པ་དང་། ཁྱད་པར་སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་བསྒོམ་ནས་དམིགས་པའི་སྤྲོ་བསྡུས་གསལ་བས་ཡི་གེ་བརྒྱ་པ་བརྒྱ་རྩ་བརྒྱད་རེ་མི་ཆགས་པར་བསྒྲངས་ཤིང་སྟོབས་བཞིའི་ཡན་ལག་ཚངས་བ་བཤགས་པ་དང་། ན་རག་དོང་སྤྲུག་གི་ཆོ་གའི་གཞུང་སམ། ཉམས་ཆག་བཤགས་པའི་རྒྱུད་ཀྱི་རྒྱལ་པོ་དྲི་མེད་བཤགས་པའི་རྒྱུད་ལ་རྒྱུན་དུ་ཁ་ཏོན་འབད་པ་ནི་བཤགས་པའི་ནང་ནས་མཆོག་ཏུ་བསྔགས་པ་སྟེ། བཀའ་བརྒྱད་རང་ཤར་རྩ་རྒྱུད་ལས། འདི་ཉིད་དག་པར་དུས་གཅིག་ལ། །བརྒྱ་རྩ་བརྒྱད་བརྗོད་མ་ཡེངས་ན། །དུས་གསུམ་རྒྱལ་བའི་སྲས་སུ་འགྱུར། །ཞེས་དང་། ཇི་སྐད་དུ། གང་གིས་སྒྱུ་འཁྲུལ་ཞི་ཁྲོ་ཡིས། དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་བྱང་གྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་། །ན་རག་གནས་ཀྱང་དོང་སྤྲུག་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་ཤིང་། དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་ཐོས་པ་ཀྱང་ཉམས་ཆག་དག་ཅིང་ངན་སོང་ལས་ཐར་བ་ཡང་། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣལ་འབྱོར་ཕོ་མོ་རྣམས་ཀྱི་ཐོས་པ་ཙམ་གྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་སྐོངས་ཏེ། ཞེས་གསུངས་ཤིང་། དེའི་ཕྱིར་དུ་པཎ་ཆེན་པདྨ་དབང་གི་རྒྱལ་པོས། གླང་ཆེན་རབ་འབོགས་རྒྱུད་ནས་གསུངས་པ་ཡིས། །རྣལ་འབྱོར་སྤྱི་ཁྲུས་འགྱོད་ཚངས་དོང་སྤྲུལ་གི། །བཤགས་པས་མི་འདག་མེད་ཕྱིར་ཉམས་སུ་བླངས། །ཞེས་གསུངས་སོ། །གཞན་ཡང་ཚོགས་གཉིས་རྫོགས་ཤིང་བར་ཆད་ཐམས་ཅད་ཞི་བ་དང་། དངོས་གྲུབ་བསྒྲུབ་ཅིང་ཉམས་ཆག་ཐམས་ཅད་བསྐང་བའི་ཕྱིར་ཟླ་བ་བྱུང་ངོ་ཅོག་གི་ཉ་དང་གནམ་སྟོང་དང་། ཚེས་བརྒྱད་དང་། ཉི་ཤུ་ལྔ་དང་། ཚེ་བཅུ་དང་། ཉི་ཤུ་དགུ་སྟེ། འདི་དག་ལ་ཕྱི་རུ་མཁའ་འགྲོ་རྣམས་རྒྱུ་ཞིང་། ནང་དུ་རྩ་རླུང་ཁྱད་པར་ཅན་འདུ་བས་ཉེ་བའི་འདུ་བ་དང་། ཁྱད་པར་དུ་ཡར་ངོའི་ཚེས་བཅུའི་ཉིན་མོ་དང་། མར་ངོའི་ཚེས་བཅུ་སྟེ་ཉི་ཤུ་ལྔའི་མཚན་མོ་བསྒྲུབ་པ་པོའི་གནས་སུ་མཁའ་འགྲོ་གྲུབ་པ་ཅན་འདུ་བས་ལས་གང་ཡང་འགྲུབ་པའི་ཕྱིར་བསྙེན་སྒྲུབ་རྣམ་པ་བཞི་དང་། ཕྱི་ཡོ་བྱད་ཚོགས་ཀྱི། ནང་ཕུང་པོ་རྟེན་གྱི། གསང་བ་བྱང་ཆུབ་སེམས་ཀྱི་བསྐང་བཤགས་སོགས་ཚོགས་མཆོད་དང་བསྐང་བཤགས་ལ་འབད་པར་བྱ་སྟེ། ཀུན་མཁྱེན་ཆེན་པོས། ཉ་དང་གནམ་སྟོང་ཚེས་བརྒྱད་ཉི་ཤུ་དགུ། །ཚེས་བཅུ་ཡར་ངོ་མར་ངོའི་ཉིན་དང་མཚན། །བསྙེན་བསྒྲུབ་ཚོགས་མཆོད་བསྐང་བཤགས་འབད་པར་བྱ། །ཞེས་གསུངས་ཤིང་། དེས་ཟླ་བ་དེའི་རིང་ལ་ཉམས་པ་ཐམས་ཅད་སོས་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ་པར་བཤད་དོ། །ཁྱད་པར་གོང་དུ་བཤད་པ་བཞིན་ལས་དང་པོ་པ་རྣམས་ཀྱི་བསྒྲུབ་སླ་ལ་ཕན་ཡོན་ཆེ་བ་ཡིག་བརྒྱའི་བཟླས་བསྒོམ་ཉིད་གཙོ་བོར་བསྔགས་ཏེ། དེའི་ཚུལ་ཡང་། རང་ཐ་མལ་གྱི་སྤྱི་བོས་པད་དཀར་ཟླ་བའི་གདན་ལ་ཧཱུཾ་ཡིག་དཀར་པོའི་འཕྲོ་འདུ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་སྟོན་ཟླ་ལྟར་དཀར་ཞིང་ཞབས་སེམས་དཔའི་སྐྱིལ་ཀྲུང་ཅན་ཐུགས་ཀར་ཟླ་དཀྱིལ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ས་བོན་དང་། དེའི་མཐར་ཡིག་བརྒྱ་བཀླག་ཐབས་སུ་འཁོར་བར་དམིགས་ཤིང་། སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ལ་འགྱོད་སྡོམ་དྲག་པོས་ཡིག་བརྒྱ་སྔགས་དོན་དང་མཐུན་པར་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས་སྐུའི་ཆ་དང་ཐུགས་ཀའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས། རང་གི་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་སྡིག་སྒྲིབ་རྣམས་དུད་སོལ་གྱི་ཁུ་བ་དང་། ནད་རྣམས་ཁྲག་རྣག་ཆུ་སེར། གདོན་རྣམས་ཤིག་སྲོ་སྦལ་སྦྲུལ་སོགས་སྲོག་ཆགས་ཀྱི་རྣམ་པར་ཤེལ་ཧྲོམ་ཆུའི་བརྡས་པ་བཞིན་རྩ་ལམ་ཆུ་ལམ་བ་སྤུའི་ཁུངས་བུ་སོགས་ནས་ཐོན་པར་བསམ་པ་སྡིག་སྒྲིབ་བཀྲུ་བའི་དམིགས་གནད་དང་སྦྱར་ཞིང་། སླར་རང་ལུས་ཤེལ་ལྟར་དྭངས་པའི་རང་བཞིན་དུ་གྱུར་པ་བདུད་རྩིའི་ཐེམ་གྱི་གང་བས་ཤེལ་སྣོད་འོ་མས་གང་བ་ལྟར་དམིགས་པ་སྟེ་དམིགས་པའི་རྟེན་འབྲེལ་གྱི་སྒོ་ཁོ་ནས་ཀྱང་སྡིག་སྒྲིབ་སྦྱངས་བ་ལ་མཆོག་ཏུ་བསྔགས་སོ། །མཇུག་ཏུ་མགོན་པོ་ཞེས་གདུང་ཡུས་དྲག་པོས་མཚན་ནས་བོས་ཏེ། བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོ། །གནོང་ཚིག་གིས་བཤགས་མཐར་རྡོར་སེམས་འོད་ཞུས་རང་ལ་བསྟིམ་སྟེ་འཁོར་གསུམ་མི་དམིགས་པའི་ངང་ལ་མཉམ་པར་འཇོག་གོ། །དེ་ཡང་སྡིག་སྒྲིབ་སྦྱང་བར་བྱེད་པའི་གཉེན་པོ་ནི་མཐོལ་བཤགས་ཏེ། ཉེས་པ་ལ་བསགས་པ་གསང་ཞིང་སྦས་ན། སྡིག་པའི་ས་བོན་བཏབ་པ་ལ་གཡོ་རྒྱུའུ་ཆུ་ལུད་འཛོམ་པ་སྟེ་ཇེ་འཕེལ་ཉིད་དུ་འགྲོ། སྐྱོན་དུ་མཐོང་ཞིང་མ་སྦེད་པར་བསྒྲག་ན་ཅུང་ཞིག་སྟོབས་འཕྲ་ལ་ནམ་ཡང་འཕེལ་བར་མི་འགྱུར་ཞིང་། དེའི་ཕྱིར་བཤགས་ཡུལ་གྱི་སྤྱན་སྔར་མ་གསང་བར་བརྗོད་པ་ནི་མཐོལ་བ་ཡིན་ལ། ལས་བསགས་པ་དེ་འགྱོད་སེམས་དྲག་པོས་སྐྱོན་དུ་ཁས་བླང་བ་བཤགས་པ་སྟེ། རང་ཉིད་ཉེས་སྐྱོན་དང་བཅས་པས་གནོང་ཞིང་ངོ་ཚ་བ་དོར་ནས་དྲང་པོར་སྨྲ་བའི་སྒོ་ནས་དག་ཚངས་མཛད་པར་སྙིང་ནས་གསོལ་བ་ནི་བཤགས་པའི་དོན་གྱི་སྙིང་པོའོ། །དེ་ཡང་བཤགས་པ་ཐམས་ཅད་ལ་སྟོབས་བཞི་ཚངས་དགོས་ཏེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས་དང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱིས་སྟོབས་སོ། །ཞེས་གསུངས་པའི་དོན་འདི་ཡང་ཚངས་པ་སྟེ། རྟེན་གྱི་སྟོབས་ནི་གཉིས་ལས། བཤགས་ཡུལ་གྱི་རྟེན་སངས་རྒྱས་ཀུན་འདུས་བླ་མ་རྡོ་རྗེ་སེམས་དཔའ། རང་རྒྱུད་ཀྱི་རྟེན་སྐྱབས་སེམས་དང་། རང་གཞན་གྱི་སྡིག་སྒྲིབ་དག་པར་གསོལ་བ་སྔགས་དོན་རྣམས་ལ་ཚངས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། ལྷ་བསྒོམ་ཞིང་སྔགས་བཟླ་བ་དང་སྡིག་སྒྲིབ་བཀྲུ་བའི་དམིགས་པ་རྣམས་དང་། སུན་འབྱིན་གྱི་སྟོབས་ནི། དུག་ཁོང་དུ་སོང་བ་ལྟར་ཉེས་བྱས་ལ་འགྱོད་པ་དྲག་པོའི་བློ་སྐྱེས་པ་དང་། སོར་ཆུད་པའི་སླར་ལྡོག་པའི་སྟོབས་ནི། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་པར་སྡོམ་པའི་སེམས་སོ། །དེ་ཡང་གནོང་འགྱོད་མེད་ན་བཤགས་བློ་ཡང་མི་སྐྱེ་ལ། འགྱོད་པ་ཤ་མ་ཞིག་སྐྱེས་ཕྱིན་ཆད་སྡོམ་སེམས་ཀྱང་ཤུགས་ལས་འབྱུང་བ་ཡིན་ནོ། །དེ་ལྟར་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་བར་དུ་བཤགས་པ་ལ་འབད་པར་བྱ་སྟེ། རྟགས་ནི། ནམ་མཁའ་ལ་འཕུར་བ། ཁྲུས་བྱས་པ། ཆུ་བོ་ཆེན་པོ་བརྒལ་བ། གོས་དཀར་གྱོན་པ། ལུས་ལས་རྣག་ཁྲག་ཟག་པ། འབྲུ་སྐྱུགས་བྱས་པ་སོགས་ཉམས་ལམ་དུ་ལན་ཁ་ཡར་དུ་བྱུང་བ་དང་། དངོས་སུ་རིག་པ་སྔར་ལས་དངས་ཤིང་དམིགས་པ་གསལ་བ་དང་། ལུས་སྤངས་བ། དད་དང་ངེས་འབྱུང་སྙིང་རྗེ་སོགས་རྩོལ་མེད་དུ་རྒྱུད་ལ་སྐྱེ་བ་དང་། ལེ་ལོ་གཉིད་རྨུགས་ཆགས་སྡང་སོགས་ཆུང་དུ་སོང་ན་སྡིག་སྒྲིབ་དག་པའི་རྟགས་མཆོག་གོ། །དེ་ལྟར་བཟླས་ལ་བརྩོན་པའི་ཡོན་ཏན་ཡང་བཀའ་བརྒྱད་རང་ཤར་གྱི་ལུང་གོང་དུ་དྲངས་བ་དང་། དྲི་མེད་བཤགས་རྒྱུད་ལས་ཀྱང་། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན་ཉམས་ཆག་ཐམས་ཅད་བསྐོང་སྟེ། ངན་སོང་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལའང་དེ་བཞིན་གཤེགས་པ་རྣམས་ཀྱི་སྲས་ཀྱི་དམ་པར་དགོངས་ནས་བསྲུང་ཞིང་སྐྱོབས་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་གྱུར་བར་གདོན་མི་ཟའོ། །ཞེས་དང་། ཕན་ཡོན་གཞན་ཡང་། མདོ་ལས། གང་ཞིག་སྡིག་པའི་ལས་བྱས་པ། །དགེ་བས་འགེབས་པར་བྱེད་པ་སྟེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ནས་ཀུན་ཏུ་གསལ། ། ཞེས་སོ། །དེ་ལྟ་བུའི་དམ་ཚིག་རིམ་པ་ནི་ཕྲ་ཞིང་ཟབ་ལ། གང་ཟག་རང་རྒྱུད་པ་རྣམས་གནས་སྐབས་སུ་ཡུད་ཙམ་ལའང་ཉོན་མོངས་པའི་ཀུན་རྟོག་ནི་ཕ་མཐའ་ཡས་ཤིང་། ཉེས་ལྟུང་ཡང་དེའི་རྗེས་འགྲོ་བཞིན་བསགས་པ་ཆོས་ཉིད་བཤགས་སྦྱངས་ལ་རྒྱུན་དུ་བརྩོན་དགོས་ཏེ། ཚོར་ཏེ་ཉམས་པ་དང་མ་ཚོར་ཏེ་ཉམས་པའི་སྡིག་ལྟུང་མཐའ་ཡས་པའི་ཕྱིར་རོ། །འོན་ཀྱང་ཡིག་བརྒྱ་བཤགས་རྒྱུད་སོགས་ལ་ཁ་ཏོན་དུ་བྱེད་པ་ན། མུ་ཅོར་སྨྲ་བ་དག །བཤགས་རྒྱུ་ཅི་ཐོན་ཟེར་བ་སོགས་ཀྱི་འཕྱ་ཁྲེལ་གྱི་གནས་སུ་བྱེད་པ་མཐོང་སྟེ། དེ་དག་ནི་རྡོ་རྗེ་ཐེག་པའི་ལམ་གྱི་ཆ་ཤས་རྟོགས་པ་ཅི་ལྟ། དགེ་སྡིག་གི་ཕན་ཉེས་ཅུང་ཟད་ཀྱང་མ་གོ་བའི་སྐྱོན་ཟད་དེ། མགོན་པོ་བྱམས་པས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པ་ཉིད་དོ། །ཚུལ་འདིར་ལ་ལ་དག་བློ་རྨོང་གཏི་མུག་གི་མུན་པས་སྒྲིབ་ཏེ་དམ་ཚིག་ཅེས་པ་ཅི་ཡིན་འདི་ཡིན་ཆ་མ་འཚལ་བ་དང་། ལ་ལས་དམ་ཚིག་ཅེས་པ་བསྲུང་དགོས་རྒྱུ་ཙམ་གོ་རུང་བསྲུང་ཡུལ། བསྲུང་བྱ། བསྲུང་བྱེད། བསྲུང་ཚུལ། ཁེ་ཉེན་སོགས་ཀྱི་རྣམ་བཞག་གང་ཡང་མི་ཤེས་པར་རྨུས་ལོང་ཐང་དུ་འཁྱམས་པ་ལྟ་བུ་དང་། ལ་ལ་བསྲུང་བྱའི་རྣམས་བཞག་ཆ་ཙམ་བློ་ཡུལ་དུ་ལོང་ཀྱང་སྤང་ལེན་ཇི་བཞིན་པར་ལག་ཏུ་མ་ལེན་པའི་བག་མེད་ཀྱི་གཡེང་བ་དང་ཤེས་བཞིན་ཁྱད་གསོད་ཀྱི་འདོར་བ་སྟེ་རྒྱུ་འབྲས་ལ་རྩི་བཞག་མི་བྱེད་པ་དང་། ཉམས་ཤིང་ཆགས་པ་བྱུང་བ་དག་ཀྱང་དངོས་བརྒྱུད་ཐབས་ཀྱི་བརྩོན་པས་བཤགས་བློ་ལྟ་ཅི་འགྱོད་སེམས་ཙམ་ཡང་མེད་པར་ཅི་དགར་བཏང་སྙོམས་ཀྱི་བོར་བ་དང་། འགའ་ཞིག་རང་ལ་བཀའ་དྲིན་ཆེ་ཆུང་གི་རྗེ་འགྲོ་བཞིན་དམ་བསྲུང་བ་མ་ཡིན་པར་བླ་མའི་སྟོབས་དང་མངའ་ཐང་ལ་དཔག་སྟེ་དེ་དང་བསྟུན་འཇུག་གི་སྒོ་ནས་དམ་བསྲུང་ཚུལ་སོགས་མདོར་ན་ཚུལ་མཐུན་གྱི་སྤྱོད་པ་ནི་ཉུངས་ཞིང་། གང་ལྟར་བླ་མ་དམ་ཚིག་གི་གནང་བཀག་གི་རྣམ་དབྱེ་སྟོན་མཁན་དང་། སློབ་མ་དམ་ཚིག་གི་བསྲུང་སེམས་ཙམ་ཡོད་པ་གཉིས་ཀ་ཉིན་མོའི་སྐར་མ་ལྟ་བུར་མཐོང་བས་ཡིད་སྐྱོ་བ་ལས་ཀྱང་ཆེས་སྐྱོ་བའི་གནས་ཉིད་དོ། །དེའི་རྒྱུ་མཚན་གསང་སྔགས་ཀྱི་རྩ་བ་དབང་དང་། དབང་གི་རྩ་བ་དམ་ཚིག་ཅེས་དབང་དཔེ་ལག་ཏུ་བསྣམས་ཚད་ཀྱི་ཞལ་ནས་ཆུ་རྒྱུག་པ་ལྟར་གསུངས་ཀྱང་དེའི་དོན་ཤེས་མཁན་དང་། ཉམས་སུ་བླང་མཁན་ཇི་ཙམ་དུ་མཆིས། གཟུར་གནས་མཁྱེན་ལྡན་རྣམས་དགོངས་པས་གཟིགས་ཚེ། ཁོ་བོས་ཀུན་སློང་ཕྲག་དོག་ང་རྒྱལ་རང་མཐོ་ཁྱད་གསོད་འགྲན་སེམས་ཀྱིས་ཟུར་ཟ་ཡིན་མིན་དེས་རྟོགས་ཤིང་། དེ་ཡང་ཐོག་མར་རྟོག་གཞིབ་གང་ཡང་མེད་པར་གྲགས་པ་ཁོ་ན་ཡིད་བསྐྱོད་པའམ་དབང་ལུང་དགོས་པའི་རྒྱུ་མཚན། ཐོབ་པའི་ཕན་ཡོན། མ་ཐོབ་པའི་ཉེས་དམིགས་སོགས་ཀྱི་རྣམ་དབྱེ་གང་ཡང་མི་ཤེས་པར་བུམ་པ་ཕྱག་ཏུ་བཟུང་ཚད་ཀྱི་ཕྱག་ཞབས་སུ་མགོ་རྒུ་ས་སྙེད་ན་མ་སྙེད་དང་། གླེགས་བམ་གློག་ཚད་ཀྱི་གྲལ་དུ་རྣ་བ་གཏོད་རྒྱུ་བྱུང་ན་མ་བྱུང་ན་བྱེད་པར་སྣང་ཡང་། ཕྱིན་ཆད་ཅི་མཛད་ལེགས་མཐོང་། ཅི་གསུངས་ཚད་མར་བྱེད་པས་མཉེས་པ་གསུམ་གྱིས་ཞབས་ཏོག་སྒྲུབ་པ་ལྟ་ཞོག །རྗེས་སུ་དཔྱད་པ་སྣ་ཚོགས་སུ་ཞུགས་པ་དང་། ལོག་ལྟ་བཏང་སྙོམས་སོགས་ཀྱི་དབང་དུ་ཐལ་ཏེ་དམ་ཉམས་ཀྱིས་སྟེང་གང་བའི་ཚུལ་འདི་ལྟ་བུའི་ཤན་གྱིས་ཡུལ་ཁམས་ཀུན་ཏུའང་ནད་ཡམས་འཁྲུགས་རྩོད་སད་སེར་བཙའ་ཐན་སོགས་མི་འདོད་པའི་ཉེས་ཚོགས་ཆར་བཞིན་དུ་འབབ་པ་ཚད་མས་གྲུབ་མངོན་ནོ། །ཡང་འགའ་ཞིག་བླ་མའི་མཚན་ཉིད་བརྟགས་པའང་མ་ཡིན། དམ་ཚིག་གི་ཁེ་ཉེན་ཤེས་པ་ཡང་མ་ཡིན་པར་དེ་དང་གོ་ས་མཉམ་པའོ། །འདྲ་མཉམ་དུ་ཡོད་རེ་བ་ཞིག་གིས་རང་གིས་ལྟག་ཚུགས་ཁོ་ན་གཙོ་བོར་འཛིན་པའང་། མཐོང་མེད་སྣང་ཚུལ་ལ་ཚད་བཟུང་ཅི་ཡོད་ཏེ་བཏང་སྙོམས་འགའ་ཞིག་གིས་གནས་སོ། །སྔར་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་རང་རང་གི་བླ་མ་དམ་ཚིག་བསྲུང་བའི་ཚུལ་དང་། ད་ལྟ་ཡང་ཁོ་བོའི་སྐྱབས་གཅིག་པུ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་རིག་འཛིན་རྒྱལ་བའི་དབང་པོ་ཚེ་དབང་ནོར་བུ་སོགས་སྐྱེས་ཆེན་འགའི་རང་གི་བླ་མར་བརྟེན་ཕྱིན་གོ་ས་མཐོ་དམན་ལ་མ་ལྟོས་ཕྱག་དང་ལྡང་བ་ཞེས་བཀུར་བསྟི་ཡོན་ཏན་བརྗོད་པ་སོགས་ཀྱི་རྣམ་ཐར་ནི་བློའི་ར་བས་གཞལ་བའི་ཡུལ་ལས་འདས་ཀྱང་། དབང་བསྐུར་ཆོས་འཆད་ཀྱི་ངང་ཚུལ་ཇི་སྙེད་པས་འགྲོ་བློ་བསྒྱུར་ཞིང་ཕུགས་ཡུལ་བླ་མི་རྣམ་ཐར་ལ་བློ་མི་གཏོད་ཅིང་ཡིད་མི་བསྟོན་པ་འགའ་ལ་དཔག་ན། རང་བཞིན་ཤུགས་ཀྱི་དམ་ཚིག་ལ་འགལ་ཉམས་བྱུང་ན་མ་གཏོགས་བླ་མ་དང་རྒྱུ་འབྲས་ལ་བརྩི་བཞག་དོར་བའི་བཏང་སྙོམས་མེད་ཁུལ་དང་། བླ་མའི་རྣམ་ཐར་དྲན་པས་དད་པའི་སྤུ་ལོང་གཡོ་ཞིང་གདུང་ཤུགས་ཀྱི་མཆི་མ་འ ཁྲུགས་པ་སྐབས་རེས་འགའ་མ་ཡིན་པར་འཆར་ཞིང་བློ་སྙིང་བྲང་གསུམ་གཏོད་པའི་བསམ་པ་ནི་རྒྱུན་དུ་ཡོད་པ་བཅས་དང་དམ་ཅུང་ཟད་ཡོད་གྲས་སུ་ཆུད་དམ་སྙམས་པ་ཡང་རང་བློ་ལྐོགས་སུ་མ་གྱུར་པ་རྒྱལ་བ་སྲས་བཅས་ཀྱི་མཁྱེན་པའི་ཡུལ་ཏེ་དེ་ཡང་གང་གི་ཚད་མེད་པའི་བཀའ་དྲིན་དང་རྒྱུད་བྱིན་གྱིས་རླབས་པའི་ཐུགས་རྗེ་ཁོ་ན་ལས་བྱུང་བར་སེམས་ཏེ་རང་གི་གནས་ཚུལ་ཞར་བྱུང་དུ་སྨོས་ལ་འདིར་མཐོང་ཡུལ་གྱི་ཁ་དོག་བཞིན། དྲང་པོའི་གཏམ་གྱི་བརྗོད་ཚིག་སྣ་ཚོགས་སུ་སོང་ཡང་གཅིག་ཤོས་དག་རང་སྐྱོན་ལ་བརྟགས་པའི་བློ་སེམས་ནང་དུ་ཁ་བཟློག་ལ་ཟུག་རྒྱུའི་རྐྱེན་དུ་མི་འགྱུར་པ་ཞིག་གསོལ་བ་སྙིང་ནས་འདེབས་པ་མཆོག་དམན་ཀུན་གྱིས་དགོངས་འཚལ་ལོ། །དེ་ལྟར་དམ་ཚིག་རྣམ་གྲངས་རྒྱ་མཚོའི་གཏེར། །ཇི་སྙེད་དོན་ཟབ་ཇི་བཞིན་རྟོགས་དཀའ་ཡང་། །རྒྱུད་དང་དེ་འགྲེལ་བླ་མའི་མན་ངག་གིས། །བདག་རྒྱུད་བསླན་མཐུས་ཅུང་ཟད་ཙམ་འདི་གླེང་། །འོན་ཀྱང་དེངས་སྐབས་སྙིགས་མའི་རྣལ་འབྱོར་གྱི། །བླ་མ་ཕལ་ཆེར་འདུ་འཛིའི་གཡེངས་བས་ཁྱེར། །གཞན་སྣང་བློ་འབྲིང་སྒྱུ་མའི་འཁྲུལ་འཁོར་གྱིས། །ཚེ་འདིའི་འདོད་ཞེན་ཁེ་གྲགས་དོན་དུ་གཉེར། །རྒྱུད་དང་གདམས་པའི་གནད་རྣམས་ཐོས་བསམ་གྱིས། །གཏན་ལ་མ་ཕེབས་ལག་ལེན་འཆོལ་ཉོག་སྤྱོད། །དམ་ཚིག་ལྟ་བ་སྔགས་དང་ཕྱ་རྒྱ་རྣམས། །གནད་དུ་མ་སོང་ལྷ་སྔགས་རྟག་ཆད་འཛིན། །བླ་མ་རྒྱང་བོར་རང་ཆེ་ཐབས་ཀྱིས་འདོན། །རྒྱུད་པའི་སྐང་ཚུགས་མི་ཟིན་རིས་མེད་རློམ། །ཁ་བསགས་ཚུལ་ཆོས་གཡོ་རྒྱུའི་ཡོ་ལངས་དེས། །བླུན་རྣམས་མགུ་ལ་རང་ཡང་གཟེངས་སུ་མཐོ། །སློབ་མ་ཕལ་ཆེར་ངན་རྟོག་དུག་ཆུའི་མྱོས། །མཛད་པའི་ཆ་ཤས་ཙམ་ལའང་རྟོགས་དཔྱོད་ཞུགས། །ཡོན་ཏན་མི་མཐོང་སྐྱོན་ལ་མཛུབ་རིས་བཙུག །མཉམ་འགྲོགས་སྤྱོད་པས་ཉེས་ལྟུང་ཞར་དུ་བསགས། །ཟས་ནོར་འབག་པ་ཚེ་འདིའི་སྐྱོང་བྲན་ལ། །བཀའ་དྲིན་སྙིང་པོ་ཡིན་པའི་ངེས་ཤེས་ཀྱིས། །དད་པའི་རྣམ་འགྱུར་དེ་ཡིས་རང་གཟུགས་བསྟན། །ཕྱི་མའི་དོན་ལ་བསམ་གཞིག་རྒྱང་དུ་བསྲིངས། །དཔོན་སློབ་ཕལ་ཆེར་འར་འུར་མཛེས་སྤྱོད་ཀྱི། །ཀུན་རྟོགས་ཚོན་རིས་འཇའ་ལ་ཞེན་ཅིང་འཐས། །གཅིག་ཤོས་གཉིས་དྲན་ཀུན་སྤྱོད་མང་པོ་ཡིས། །ཟ་ཟའི་གཡེངས་བས་རང་སྣང་བསླུ་ཞིང་བྲིད། །ཚུལ་དེས་གང་ནས་སེམས་ཀྱང་ཆེ་ཕྲ་ཀུན། །བཟང་པོའི་བསླབ་བྱར་ཡིད་བསྟོན་མི་འཇུག་པས། །གཡོ་འཕྲུལ་གཙོ་བོར་འདོན་པའི་ཐབས་མཁས་ན། །རྟ་མཆོག་དུལ་བ་བཞིན་དུ་གར་ཡང་བྲིན། །འཕྲལ་ཕུགས་ཆོས་ལ་དཀྲི་བའི་བསམ་སྤྱོད་གང་། །སྐྱུགས་ནད་ཅན་ལ་རོ་བརྒྱའི་ཁ་ཟས་བཞིན། །དྲི་ཙམ་བསྟན་ཀྱང་སེམས་ལ་མི་འབབས་པས། །མི་སྨྲ་བ་ཉིད་ཡང་ཟབ་གནད་དུ་གོ། །དེ་ཕྱིར་སྙིགས་དུས་མི་ལ་ཕན་སེམས་ཀྱིས། །ཉེས་ལས་ལྡོག་ཀྱང་ཡོན་ཏན་སྐྱོན་མཐོང་ཆོས། །མངའ་ཐང་ཕོངས་པ་བདག་འདྲའི་ལེགས་བཤད་རྩ། །དྲེགས་པས་བརྒྱག་པའི་ནོར་སྐྱོང་སྤྱོད་སྙམས་མེད། །འོན་ཀྱང་རང་དང་རིས་མཐུན་སྐལ་ལྡན་འགར། །ཕན་ཕྱིར་ཙམ་འདི་དྭངས་བས་ཉེས་ལོངས་ལས། །སྨིན་གྲོལ་ལམ་སྟོན་རྡོ་རྗེའི་སློབ་དཔོན་མཆོག །གཙུག་གི་ནོར་ལྟར་བརྟེན་ལ་གསོལ་བ་ཐོབ། །དེ་ཡང་རྩ་ལག་བླ་མའི་རྣམ་དབྱེ་བཞན། །བཀུར་ཚུལ་རིམ་པས་གཡོ་ཟོལ་མེད་པ་ཡིས། །སྒོ་གསུམ་དད་བརྟེན་ཁྱད་པར་སྐུ་གསུམ་སེམས། །ངོ་སྤྲོད་མཆོག་དེ་སྙིང་ལྟར་བཀུར་བར་མཛོད། །ལྷ་སྔགས་ཏིང་འཛིན་ཡེ་ཤེས་རོལ་པ་ཡིས། །སྣང་གྲགས་རྟོགས་ཚོགས་ཆོས་སྐུར་རྟོགས་དཀའ་ཡང་། །མོས་སྤྱོད་ཀྱིས་ཞུགས་ལྷ་བསྒོམ་སྔགས་བཟླ་ཞིང་། །རྗེས་དཔག་ཚད་མས་གཏན་ལ་ཕེབ་པར་མཛོད། །གསང་སྔགས་ལམ་ནི་གསང་བས་གྲུབ་པས་ན། །གསང་བ་བཅུ་པོ་ཚུལ་བཞིན་བསྟན་སྲུངས་ཏེ། །ཉམས་ལེན་རྟག་ཚད་ཁ་ཆོས་མ་ཁྱེར་བར། །མཆོག་ཐུན་དངོས་གྲུབ་རིང་མིན་བསྙེས་པས་འབད། །མཆེད་ཀྱི་དམ་ཚིག་སྤྱིར་བཏང་དམིགས་གསལ་གྱིས། །རྣམ་དབྱེ་མང་ཡང་ཁྱད་པར་ནང་འདྲེས་སྤུན། །བླ་མ་དཀྱིལ་འཁོར་གཅིག་གི་བསྡུས་གྱུར་གང་། །བརྩེ་དུངས་རྒྱུན་ཆད་མེད་པས་སྐྱོངས་པར་མཛོད། །སྤྱིར་ན་དམ་ཚིག་རྒྱ་ཆེ་གྲངས་མང་ཞིང་། །སེམས་ཀྱི་རྒྱུན་ཙམ་ལའང་རྟག་ཁྱབ་པས། །ཉེས་བྱས་ལྟུང་བ་ཞལ་དུ་འབྱུང་བའི་ཕྱིར། །བཤགས་པའི་ལས་ལ་རྟག་ཏུ་བརྩོན་པ་གནད། །གཞན་ཡང་དལ་འབྱོར་རྟེན་འདི་རྙེད་དཀའ་ཞིང་། །ལན་གཅིག་ཐོབ་པའང་སྟེས་དབང་མ་ཡིན་པས། །གསེར་གླིང་སྟོང་ལོག་གྱུར་ན་ཨ་རེ་འགྱོད། །སྒོ་གསུམ་ཆོས་ཀྱི་ཕྱོགས་སུ་འབད་འབུང་ཐོན། །དོ་ནུབ་ཙམ་ཞིག་མི་འཆིའི་གདེངས་མེད་ནས། །ཡུན་རིང་སྡོད་པའི་གྲབ་ཤོམ་མང་པོ་ཡིས། །རང་གི་རང་ཉིད་བསླུ་ན་ཕུང་ཚབས་ཆེ། །དེ་བས་བློ་སྣ་ནང་དུ་སྐྱིལ་བར་གྱིས། །དཔེར་ན་རང་ལུས་ལས་བྱུང་གྲིབ་མ་བཞིན། །དཀར་ནག་ལས་བསགས་འབྲས་བུ་རང་ཉིད་དང་། །ལྷན་ཅིག་འབྲེལ་བས་སྡིག་སྤངས་དགེ་བསྒྲུབ་ལ། །ནན་ཏན་འབད་ནས་ཐར་པའི་ལམ་སྙེགས་འཚལ། །མདོར་ན་ཆོས་ཀུན་ཉམས་ལེན་སྙིང་པོ་ནི། །སྡོམ་པ་གསུམ་གྱི་ལམ་ཡིན་དེ་ལས་ཀྱང་། །སྔགས་ཀྱི་དམ་ཚིག་ཡང་སྙིང་ཐུན་པ་སྟེ། །ལུས་སྲོག་ལྟོས་མེད་འབད་པས་བསྲུང་འཚལ་གྱི། །དེ་སྐད་སྨྲས་པ་གྲོང་ཚིག་རྙོགས་མ་ལ། །ལེགས་བཤད་ཡན་ལག་བརྒྱད་ཀྱིས་ཕོངས་ན་ཡང་། །ལྷག་བསམ་དཀར་པོས་ཆེད་དུ་སྤེལ་བ་གང་། །ཡིད་ཀྱི་ཡོལ་གོར་སྨོན་ན་དོན་ཆེན་གྲུབ། །འོན་ཀྱང་བློ་མིག་དག་པ་འཕངས་པའི་ས། །རྙེད་པ་ལྟར་ཅི་ཚོགས་སྦྱོར་ལམ་སྣེ་ཙམ། །མ་ཆུད་རྨོང་བློའི་སྐྱོན་གྱི་ཆ་ཤས་ཀུན། །བླ་མ་ལྷ་དང་མཁའ་འགྲོར་སྙིང་ནས་བཤགས། །འདིར་འབད་རབ་དཀར་ལེགས་བྱས་བསོད་ནམས་མཐུས། །མ་ནོར་དམ་ཚིག་སྤང་ལེན་རྟག་སྤྱོད་ཅིང་། །སེལ་མེད་རྒྱུད་པ་འཛིན་པའི་བུ་སློབ་ཀྱིས། །ཕྱོགས་ཀུན་ཡོངས་ཁེངས་ཆོས་དཀར་འཕྲིན་ལས་རླབས། །ཆེས་འཕྲོའི་བསྟན་འཛིན་ཚོགས་ཀུན་སྐུ་ཚེ་བརྟན། །བཞེད་པ་གཅིག་མཐུན་མདོ་རྒྱུད་མན་ངག་གིས། །དགོངས་དོན་ཟབ་མོའི་ཤིང་རྟས་རྒྱ་ཆེན་འགྲོ། །སྲིད་མཚོ་ལས་སྒྲོལ་གཏན་བདེའི་སར་སྐྱོལ་ཤོག །ཁྱད་པར་ངེས་གསང་ཆོས་ཀུན་སྙིང་པོའི་བཅུད། །རྡོ་རྗེ་སྙིང་པོའི་བསྟན་པ་ཀུན་ནས་ཀུན། །གསལ་ཞིང་གང་པས་ལོག་སྨྲ་བདུད་སྡེའི་དཔུང་། །མ་ལུས་ལམ་འདིའི་གྲོམ་ལ་རྒྱལ་ཀུན་གྱིས། །འཕྲིན་ལས་བྱེད་པོར་སྐྱེས་དང་ཚེ་རབས་ཀུན། །བདག་ཉིད་གྱུར་ཏེ་སྤངས་རྟོགས་མཐར་ཕྱིན་པའི། །མགོན་པོ་སྐུ་གསུམ་ངོ་བོ་མྱུར་འགྲུབ་ཅིང་། །སྲིད་པའི་གནས་ཀུན་གཏན་ནས་སྟོང་བྱེད་ཤོག །ཞེས་དམ་ཚིག་གི་རིམ་པ་འདི་ལྟ་བུ་ཞིག་དགོས་ཞེས་ཤར་རྒྱལ་མོ་རོང་གི་བླ་མ་བསོད་ནམས་ཡེ་ཤེས་ཀྱི་ནན་ཏན་ཆེན་པོ་གསུང་གིས་བསྐུལ་བར་མཛད་ཅིང་། དེའི་རྗེས་འཐུད་དུ་གྲོགས་དམ་པ་འགས་ཀྱང་བསྐུལ་མཛད་ནའང་། ཇི་ལྟར་དེངས་སང་དུས་དབང་གིས་གལ་ཆུང་ཆོས་ལ་བྱེད་པའི་རྣམ་ཐར་ཤ་སྟག་གིས་སྔོན་གྱིས་མཁས་གྲུབ་དུ་མའི་ལེགས་བཤད་རྣམས་ཀྱང་ཉིན་གཅིག་གི་ཁ་ཕྱེ་བའི་རྟོགས་དཔྱོད་ཙམ་ལ་བློ་འཇུག་མཁན་མེད་པར་ངེད་ཀྱི་སྐྱེ་བ་གོང་མའམ། བླ་མ་གོང་མ་ཕྱག་དཔེ་ཡིན་ཞེས་ཁྱིམ་སྦུགས་སུ་བརྩེགས་པ་ཁོ་ན་གཙོ་བོར་བཟུང་བ་ལས། རང་ཉིད་ཀྱི་ཐོས་བསམ་བྱེད་ཅིང་གཞན་དེ་ལ་སྦྱོར་བ་སོགས་མེད་པ་དང་། གལ་སྲིད་སྦྱོར་ཀྱང་བློ་ཡིད་ཆོས་ལ་འཇུག་པ་དང་བྲལ་ཚེ། ངན་པ་བདག་ལྟ་བུའི་རྩོམ་པས་གཞན་ཕན་གྱི་ནུས་པ་ཟད་ཀྱང་། རེ་ཟུང་ཙམ་གྱིས་ཉམས་སུ་ལེན་པ་སྲིད་མཐའ་མ་བཀག་ཕྱིར་དང་། བསྐུལ་བ་པོའི་གསུང་མི་གཅོག་ཆེད་དུ་གྲུབ་དབང་ནམ་མཁའི་སྙིང་པོའི་སྐྱེ་བ་གོང་འོག་གི་ཐུགས་རྗེས་རྒྱུད་བརླན་རྗེས་སུ་འཇུག་པ་སྟེ། ས་ལ་ཀྱི་ཉེར་ལེན་ལ་སྤྲུལ་སྐུའི་མིང་གི་སྒྲོ་འདོག་འཕྲིན་ལས་བསྟན་འཛིན་པས་ཀཿཐོག་རྡོ་རྗེ་གདན་གྱི་བླ་བྲང་གི་ཡང་རྩེར་གྲུབ་པར་སྦྱར་བའི་ཡི་གེ་རང་ཉིད་ཀྱི་སུག་ལས་སུ་བསྟར་བ་སྟེ་དགེ་བས་རང་གཞན་ལམ་ཞུགས་རྣམས་དམ་ཚིག་སྤང་ལེན་འདོར་མེད་དུ་བརྩོན་པའི་འབྲས་བུ་མཉམ་རྫོགས་ཆེན་པོའི་དམ་ཚིག་གི་དོན་མངོན་སུམ་དུ་རྟོགས་པའི་རྒྱུར་གྱུར་ཅིག ༈ །སརྦ་མངྒ་ལམ།། །།

དམ་ཚིག་འགྲེལ་པ། སློབ་དཔོན་འཇམ་དཔལ་གྲགས་པ།

༄༅༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་དམ་ཚིག་འགྲེལ་པ། པན་དི་ཏ་ཨུ་པ་ཤི་ལ་དང་ལོ་ཚ་བ་རྒྱ་བཙོན་སེང་གིས་བསྒྱུར་བ་འདི་ནི། མི་མཁས་པ་ཞིག་གིས་བླགས་བཤད་ཙམ་བྱས་པས་ཀྱང་། ཉན་པ་པོ་ལ་ཕན་པ་འབྱུང་ལ། མཁས་པ་ཞིག་གིས་འཆད་ན་ཡང་ག་དར་བྱ་ས་ཆེ་བ་ཡོད་གསུང་ངོ་། །ཆོས་འདི་ལ་ཁ་གཅིག་ན་རེ་བོད་ཀྱིས་བྱས་པའི་ཆོས་ཡིན་ཟེར་བ་ཡོད་དེ། དེའི་རྒྱུ་མཚན་བཤད་ན། སྤྱིར་རྒྱ་ཀར་གྱི་ཆོས་དཔེ་ཐམས་ཅད་ཀྱི་མཚན་སྨད་ནས་འབྱུང་བ་ཡིན་པ་ལ། བོད་ཀྱི་རྒྱལ་བློན་དང་ལོ་ཚ་བས་གྲོས་བྱས་ནས་མཚན་སྟོད་དུ་བསྟོན་པ་ཡིན། དེས་ན་འདིའི་རྩ་བ་མཚན་དང་མཚན་བཤད་སྟོད་ན་འདུག་པས་བོད་ཀྱིས་བྱས་པ་ཡིན་བྱ་བ་དང་། ཡང་ཆོས་འདི་གསང་སྔགས་གསར་པ་དང་། སྙིང་པ་འདྲེས་པ་ཅིག་འདུག་སྟེ། འདྲེས་ལུགས་ཀྱང་། རྩ་བའི་བཤད་པར་དམ་བཅའ་བའི་སྐབས་ན། ཡང་ན་རྩ་བ་ནི་ཡན་ལག་བརྒྱད་དང་། ཉི་ཤུ་རྩ་བརྒྱད་དང་། གསང་བ་ཆེན་པོའི་གཞུང་ལས། འབུམ་སྟེར་བཞུགས་པའི་གཞིར་གྱུར་པས་ན་རྩ་བའོ། །ཞེས་གསུངས་ཏེ། དེ་ལ་ཉི་ཤུ་རྩ་བརྒྱད་བྱ་བའི་དམ་ཚིག་ནི་གསང་སྔགས་གསར་པ་ལ་སྐད་མྱེད་ལ། སྙིང་པ་བ་ལ་དམ་ཚིག་ཉི་ཤུ་རྩ་བརྒྱད་པ་བྱ་བ་ཡོད་པས། དེས་ན་དམ་ཚིག་ཉི་ཤུ་རྩ་བརྒྱད་པ་བྱ་བའི་ཚིག་འདིར་ཞུགས་པ་དང་། ཡང་ལྟུང་བ་བཅུ་པའི་སྐབས་ན་ཆར་ལ། ཤིན་ཏུ་འཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཞེས་བདེ་མཆོག་གི་རྒྱུད་ནས་འབྱུང་བར་གསུངས་པ་ལ། འདི་བདེའ་མཆོག་གི་རྒྱུད་ག་ན་ཡང་མྱེད་དོ། །གསང་སྔགས་རྙིང་པའི་རྒྱུད་ཀི་ལ་ཡ་ནམ་མཁའ་མཛོད་ཀྱི་ཏན་ཏྲ་ན་ཡོད་དོ། །དེས་ན་ཚིག་དེ་ཆོས་འདིའི་བསེབ་ཏུ་བཞུགས་པས་ན་གསར་རྙིང་འདྲེས་པའོ། །འོ་ན་གསར་པ་དང་རྙིང་པ་འདྲེས་པ་ཅིས་ཏོ་ན། གསང་སྔགས་རྙིང་པའི་ཆོས་འདི་རྣམས་རྒྱ་གར་ན་མ་གྲགས་བོད་ན་གྲགས་པ་ཡིན། དེས་ན་བོད་ཀྱིས་སྟོབས་པར་གསལ་ཟེར་རོ། །དེ་ལ་དང་པོ་མཚན་སྟོད་དུ་བྱུང་བས་བོད་མ་ཡིན་ཟེར་བ་ལ། མ་ངེས་པའི་ལན་འདི་ལྟར་གདབ་སྟེ། འོ་ན་དགྱེས་རྡོར་རྟག་གཉིས་ཀྱི་རྒྱུད་འདི་ཡང་། སྙིང་པོ་ཀྱེའི་རྡོ་རྗེ་ཞེས་པ་ཉོན་ཅིག །ཞེས་པ་དང་། མིང་བསྡུས་པ་ནི་འདི་ལྟ་བུ། །གང་གིས་ཀྱེའི་རྡོ་རྗེ་ལགས། །ཞེས་པ་ལོ་རྒྱུད་ཀྱི་མཚན་དང་། མཚན་བཤད་དྲིས་ལན་དང་བཅས་པ་སྟོད་དུ་བྱུང་བས་བོད་དུ་བྱས་པ་ཡིན་དགོས་ཏེ། དེས་ན་དགྱེས་རྡོར་གྱི་རྒྱུད་ལ་བོད་མ་ཡིན་པའི་བརྩད་པ་མྱེད་དོ། །འདི་ཡང་དེ་དང་འདྲའོ། །ཡང་གསར་རྙིང་འདྲེས་ཟེར་བ་ལ་མ་འདྲེས་པའི་ལན་འདི་ལྟར་གདབ་སྟེ། དམ་ཚིག་ཉི་ཤུ་རྩ་བརྒྱད་ཞེས་པ་ནི་རྙིང་པ་ལ་གྲགས་པ་དེ་མིན་ཏེ། གཞུང་འདིའང་ནས་གསུངས་པའི་བཅྭ་ལྔ་པ་ཡན་ལག་དང་བཅས་པ་རྣམས་ཡིན་ནོ། །དེ་ཡང་རྩ་བ་ལ་བཅྭ་ལྔ་ཡན་ལག་ལ་བཅུ་གསུམ་སྟེ། ཉི་ཤུ་རྩ་བརྒྱད་ཡོད་པས་སོ། །ཤིན་ཏུ་འཁྲོ་ཞིང་གཏུམ་པ་ལ། ཞེས་པ་ལ་སོགས་པ་རྣམས་བདེའ་མཆོག་ནས་འབྱུང་བར་གསུངས་པ་ལ་མྱེད་པ་ནི། སྤྱིར་བདེའ་མཆོག་ལ་གཉིས་ཡོད་དེ། འཁོར་ལོ་བདེའ་མཆོག་དང་། སྒྱུ་མ་བདེ་མཆོག་གོ། །དེ་ལ་འདི་ནི་སྒྱུ་མ་བདེའ་མཆོག་ཞེས་བྱ་སྟེ། སངས་རྒྱས་མཉམ་སྦྱོར་ན་བཞུགས་པ་ཡིན་ནོ། །དེ་རྣམས་ཀྱིས་གཞན་གྱི་ངག་དགག་པའོ། །ད་ནི་རང་གི་འདོད་པ་བསྒྲུབ་པ་ལ། ཕྱིས་པན་དི་ཏ་ར་ས་བཛྲ་དང་ལོ་ཚ་བ་ཁྱུང་ཞབས་ཉི་མ་རྡོ་རྗེས་བསྒྱུར་བའི་རྒྱ་ཆེར་འགྲོལ་པ་འགྱུར་གསར་པ་སྙིང་པོ་བརྒྱན་དང་བཅས་པ་བྱུང་བས་ཀྱང་རྒྱ་གར་བ་ཡིན་པར་ཐག་ཆོད་དོ། །ཐིག་ལེ་མཉམ་གནས་ལ་སོགས་པ་བོད་དུ་མ་འགྱུར་བའི་རྒྱུད་སྡེ་བཅུ་བཞི་ནས་དྲངས་པའི་ལུང་བཞུགས་པས་ཀྱང་རྒྱ་གར་མ་ཡིན་པར་ཐག་ཆོད་དོ། །ཁྲུས་དང་གཙང་སྦྲ་འདིར་མི་དགོས། དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། ཞེས་པ་ལ་སོགས་པ་རྡོ་རྗེ་རྩེ་མོའི་རྒྱུད་ནས་དྲངས་པའི་ཁུ་ས་འདི། བོད་ཀྱི་རྡོ་རྗེ་རྩེ་མོ་ན་མི་བཞུགས་པར་རྒྱ་དཔེའ་ན་བཞུགས་པས་ཀྱང་རྒྱ་གར་མ་ཡིན་བར་ཐག་ཆོད་དོ། །ཨ་མཚན་ཉིད་དང་ལྡན་པའི་སློབ་དཔོན་ཞེས་པ་སྟེ། དེ་ཡང་སྤྱིར་སློབ་དཔོན་རྣམ་པ་བཞི་ཡོད་དེ། ཡང་རབ་དང་། རབ་དང་། འབྲིང་དང་། ཐ་མའོ། །ཡང་རབ་ནི་ཡང་དག་པའི་ཡེ་ཤེས་ལ་དམ་པའོ། །རབ་ནི་ཡེ་ཤེས་དངོས་ལ་དབང་བའོ། །འབྲིང་ནི་ཡེ་ཤེས་ཅུང་ཟད་ལ་དབང་བའོ། །ཐ་མ་ནི་ལས་དང་པོ་པ་དེ་ཉིད་བཅུ་དང་ལྡན་པའོ། །དེ་ལ་ཡང་དག་པའི་ཡེ་ཤེས་ལ་དབང་བ་ནི་རང་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་ནུས་ཤིང་། དེ་ཉིད་གཞན་ལ་ཡང་སྟོན་ནུས་པ་རྣམས་སོ། །ཡེ་ཤེས་དངོས་ལ་དབང་བ་ནི་དེ་ཙམ་མི་ནུས་ཀྱང་། རང་ཉིད་ལ་མཉམ་བཞག་དང་མཉམ་ལངས་ཀྱི་ཚེ་དཀྱིལ་འཁོར་གྱི་ལྷ་གསལ་བསྣམས་སོ། །ཡེ་ཤེས་ཅུང་ཟད་ལ་དབང་བ་ནི་མཉམ་ལངས་ལ་མི་གསལ་ཡང་། མཉམ་བཞག་ལ་དཀྱིལ་འཁོར་གྱི་ལྷ་རྣམས་གསལ་བ་རྣམས་སོ། །ལས་དང་པོ་བཞི་ལྷ་གསལ་བར་མ་གྱུར་ཀྱང་རིགས་དང་ལྡན་པ་ལ་སོགས་པ་ཆོས་བདུན་ལྡན་རྣམས་སོ།། །། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕམ་ལྟུང་ལ་སོགས་འདི་རྣམས་ལ། བཤད་པ་རྒྱ་མཚོ་ལྟར་གསུངས་ཏེ། གཞུང་འདི་ཉིད་དང་བསྟུན་གྱུར་པའི། དོན་གོ་ཐིགས་པ་ལྟ་བུ་བྲི། དབང་དང་འབྲེལ་པའི་དམ་ཚིག་ནི། སློབ་དཔོན་གྱིས་རྩ་བའི་དམ་ཚིག་ཞེས་པ་ལ་སོགས་པ་སྟེ། སྤྱིར་རྩ་ལྟུང་རྒྱ་ཆེ་འགྲེལ་འདི་ལ་འགྱུར་གསུམ་ཡོད་པ་ལས། འགྱུར་སྔ་མ་རྒྱ་བཙན་སེང་མའི་དབང་དུ་བྱས་ནས་སྟོན་པ་ལ། ཕམ་པ་ནི་གཉིས་ཏེ། ཚད་ལས་འདས་པའི་ཕམ་པ་དང་། ཕྱོགས་སུ་བསྡུ་བའི་ཕམ་པའོ། །དེ་ལ་དང་པོ་ནི་སྦྱོར་བ་བདུན་དང་ལྡན་པར་རྡོ་རྗེ་སློབ་དཔོན་འཚོ་བ་དང་ཕྲལ་ནས། མ་བཤགས་པར་ལོ་གསུམ་འདས་པ་ན་ཕམ་པར་གྱུར་པའོ། །དེ་ལྟར་ཡང་ལྟུང་བ་དང་པོ་སྟོན་པའི་གཞུང་ལས། གལ་ཏེ་སྦྱོར་བ་དེ་དག་དང་ལྡན་པས་འཚོ་བ་དང་ཕྲལ་ནས་ཚད་ལས་འདས་པ་དང་ཕམ་པའོ་ཞེས་གསུངས་སོ། །ཚད་ལས་འདས་ཞེས་པ་ཡང་ལོ་གསུམ་འདས་པ་ཡིན་པར་འོག་ན་གསལ་ལོ། །དེ་ལ་གཞན་དག་ནི་བཤགས་པ་དུས་འདས་པའི་ཕམ་པ་བྱ་བར་མི་འདོགས་ཟེར་ཏེ། དེ་ལེགས་སོ། །ཕྱོགས་སུ་བསྡུ་བའི་ཕམ་པ་ནི་གཉིས་ཏེ། ལྟུང་བ་གསུམ་པའི་དབང་དུ་བྱས་པ་དང་། ལྟུང་བ་བཞི་པའི་དབང་དུ་བྱས་པའོ། །དེ་ལ་དང་པོ་ནི་སྦྱོར་བ་བདུན་དང་ལྡན་པར་རྡོ་རྗེ་སྤུན་འཚོ་བ་དང་ཕྲལ་ནས། མ་བཤགས་པར་ལོ་གསུམ་འདས་ནས་ཕམ་པའོ། །འདིའི་ཕམ་པ་ནི་ཕྱོགས་དང་པོ་དང་མཐུན་ནོ་ཞེས་པ་དང་། རྩ་བ་དུས་འདས་ཕམ་པ་འདྲ་ཞེས་གསུངས་སོ། །ལྟུང་བ་བཞི་པའི་དབང་དུ་བྱས་ན། ཡུལ་སེམས་ཅན་གཞན་ལ་རང་གིས་སྦྱོར་བ་དང་། དངོས་གཞི་སྐྱེས་ནས། དེ་མ་བཤགས་པར་ཤི་ན་ཕམ་པ་ཞེས་བྱ་ལ། ཡང་རང་ལ་གཞན་གྱིས་བཤགས་པ་ཚུལ་བཞིན་དུ་བྱེད་པ་ལ། རང་གིས་མ་བླངས་པར་རང་ཤི་བར་གྱུར་ན་ཕམ་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཡང་ལྟུང་བ་བཞི་པའི་གཞུང་ལས། གཞན་ལ་སྦྱོར་བ་དངོས་གཞི་སྐྱེས་པ་མ་བཤགས་པར་ཞེས་པ་ལ་སོགས་པ་གསུངས་སོ། །ལྟུང་བ་གཞན་རྣམས་ལ་ནི་ཕམ་པར་འགྱུར་བ་བཤད་པ་མྱེད་དོ། །ལྟུང་བ་ནི་གསུམ་སྟེ། སྦྱོར་བ་ཡོངས་སུ་རྫོགས་པའི་ལྟུང་བ་དང་། གོང་མ་ན་སྨད་པའི་ལྟུང་བ་དང་། ཕྱོགས་སུ་བསྡུ་བའི་ལྟུང་བའོ། །དེ་ལ་དང་པོ་ནི་ལྟུང་བ་དང་པོའི་དབང་དུ་བྱས་ན། སྦྱོར་བ་བདུན་གྱི་སྒོ་ནས་རྡོ་རྗེའི་སློབ་དཔོན་འཚོ་བ་དང་ཕྲལ་ནས་ལོ་གསུམ་འདས་པའོ། །དེ་ལྟར་ཡང་། གསུམ་གཅིག་མ་ལྡན་པ་ལ་བདུན་གྱི་སྦྱོར་བ་དང་ལྡན་པས་ལྟུང་བར་འགྱུར་ཏེ། ཞེས་གསུངས་སོ། །རྩ་ལྷུང་གཉིས་པ་ལ་སོགས་པའི་སྦྱོར་བ་རྫོགས་པའི་ལྟུང་བ་ཡང་སྦྱོར་བ་བདུན་ལྡན་ཡིན་ནོ། །གོང་མ་ན་སྨད་པའི་ལྟུང་བ་ནི་ཕམ་པ་གཤགས་ཚད་ཀྱི་བཤགས་པའི་ཤུལ་ན། ལྟུང་བ་ཚད་ལྡན་དུ་གནས་པ་དེའོ། །དེ་ལྟར་ཡང་། ཕྱིས་ཚད་དུ་བཤགས་ན་ལྟུང་བར་འགྱུར་རོ་ཞེས་པ་དང་། ལྟུང་བ་ནི་འཚོ་བ་དང་ཕྲལ་ནས་བཤགས་པའི་ཚད་འོག་ནས་འབྱུང་བ་བྱས་པའོ། །ཞེས་གསུངས་སོ། །ལྟུང་བ་འདི་ནི་རྩ་ལྟུང་དང་པོ་ལ་འབྱུང་གི་གཞན་ལ་སྤྱད་པར་བྱའོ། །ཕྱོགས་སུ་བསྡུ་བ་ནི་སྦྱོར་བ་བདུན་དང་ལྡན་པས་ཐ་མལ་གྱི་མི་བསད་པ་སྟེ། དེ་ལྟར་ཡང་། མི་ནི་ལྟུང་བའི་ཕྱོགས་སུ་བསྡུའོ་ཞེས་སོ། །ལྕི་བ་ཞེས་པ་ནི་ཕལ་ཆེར་སྦོམ་པོ་མ་བཤགས་པར་ལོ་གསུམ་འདས་པ་ལ་བཤད་དོ། །སྦོམ་པོ་ཞེས་པ་ནི་བརྒྱད་དེ། སྦྱོར་བ་མ་རྫོགས་པའི་སྦོམ་པོ་དང་། ཡན་ལག་གཙོ་བོའི་སྦོམ་པོ་དང་། ཉོན་མོངས་པ་འབྲིང་གིས་བསླང་བའི་སྦོམ་པོ་དང་། ཡུལ་འབྲིང་ལ་རྟེན་ནས་སྐྱེས་པའི་སྦོམ་པོ་དང་། ཡུལ་མ་དག་པ་ལ་བསམ་པ་དག་པས་བསྐྱེད་པའི་སྦོམ་པོ་དང་། ཡན་ལག་མ་ཚང་པའི་སྦོམ་པོ་དང་། ཡན་ལག་སྦོམ་པོ་དང་། སྦོམ་པོའི་སྦོམ་པོའོ། །དེ་ལ་དང་པོ་ནི་འགའ་ཞིག་གིས་སྦྱོར་བ་བདུན་གྱི་སྒོ་ནས་རྡོ་རྗེ་སློབ་དཔོན་ནམ་རྡོ་རྗེ་ཡུན་འཚོ་བ་དང་དབྲལ་བའི་ལས་བྱས་ཀྱང་། དེ་འཚོ་བ་དང་བྲལ་བར་མ་གྱུར་ན་དོན་དེ་མ་གྲུབ་པས་སྦྱོར་བ་མ་རྫོགས་པ་བྱ་བ་ཡིན་ཏེ་སྦོམ་པོའོ། །འདི་ནི་ལྟུང་བ་དང་པོ་དང་གསུམ་པ་ལ་འབྱུང་བ་ཡིན་ནོ། །དེ་ལྟར་ཡང་ལྟུང་བ་དང་པོ་ལས། འཚོ་བ་དང་མ་བྲལ་ན་ལྟུང་བར་མི་འགྱུར་ཏེ་སྦོམ་པོའོ། །ཞེས་གསུངས་སོ། །ལྟུང་བ་གསུམ་པ་ལས། སྦྱོར་བ་མ་རྫོགས་སྦོམ་པོའོ་ཞེས་གསུངས་སོ། །ཡན་ལག་གི་གཙོ་བོའི་སྦོམ་པོ་ནི་ཉོན་མོངས་པས་ཀུན་ནས་བསླང་བའི་བསམ་པ་ཙམ་ཞིག་སྐྱེས་པ་སྟེ། འདི་ནི་ལྟུང་བ་གཉིས་པའི་ཐད་ཀར། ཡན་ལག་གི་གཙོ་བོ་ནི་སྦོམ་པོའོ། །ཞེས་བཤད་དེ། འབྱུང་ནི་བ་བཅུ་བཞི་པ་དང་བཅོ་ལྔ་པ་ཀུན་ལ་འབྱུང་གསུངས་སོ། །ཉོན་མོངས་པ་འབྲིང་གིས་བསླང་བའི་སྦོམ་པོ་ནི་མནར་སེམས་དགུ་དང་མི་ལྡན་པར། ཡུལ་སེམས་ཅན་གཞན་ལ་ཞེ་སྡང་བློ་བུར་དུ་ཏྭལ་གྱིས་སྐྱེས་པ་སྟེ། འདི་ནི་ལྟུང་པ་བཞི་པ་ལ་འབྱུང་བའོ། །དེ་ཡང་། སེམས་ཁོང་ནས་འཁྲུག་པ་ནི་སྦོམ་པོའོ། །ཞེས་གསུངས་སོ། །ཡུལ་འབྲིང་ལ་རྟེན་ནས་སྐྱེས་པའི་སྦོམ་པོ་ནི། ཐེག་པ་ཆེན་པོའི་མདོ་སྡེ་ལ་སྨད་པ་སྟེ། འདི་ནི་ལྟུང་བ་དྲུག་པ་ལ་འབྱུང་བའོ། །དེ་ལྟར་ཡང་། ཐེག་པ་ཆེན་པོའི་མདོ་སྡེ་ལ་སྦོམ་པོའོ་ཞེས་གསུངས་སོ། །ཡུལ་མ་དག་པ་ལ་བསམ་པ་དག་པས་ཀུན་ནས་བསླང་ནས་སྐྱེས་པའི་སྦོམ་པོ་ནི། མ་སྦྱིན་པའི་སེམས་ཅན་ལ་སྙིང་རྗེའི་བསམ་པས་གསང་བའི་ཆོས་བསྟན་པ་སྟེ། འདི་ནི་ལྟུང་བ་བདུན་པ་ལས་འབྱུང་བའོ། །དེ་ལྟར་ཡང་། སྙིང་རྗེས་ཁྲུགས་ན་སྦོམ་པོའོ། །ཞེས་གསུངས་སོ། །ཡན་ལག་མ་ཚང་བའི་སྦོམ་པོ་ནི་ཡན་ལག་གཞན་འཚོགས་པ་ལ། རྗེས་ཀྱི་ཡན་ལག་གང་ཡང་རུང་བ་མ་ཚང་བ་སྟེ། འདི་ནི་བཅུ་བཞི་པོ་དང་བཅྭ་ལྔ་པོ་ཀུན་ལ་འབྱུང་སྟེ། ཡན་ལག་སྦོམ་པོ་ནི་འོག་ནས་འཆད་པའི་ཡན་ལག་བརྒྱད་པ་དང་བཅུ་གསུམ་པའོ། །སྦོམ་པོའི་སྦོམ་པོ་ནི་ཡན་ལག་དེ་དག་ཀུན་ནས་སློང་བའི་བསམ་པ་སྐྱེས་པ་དེའོ། །དེ་ལྟར་ཡང་། ཡན་ལག་གི་ཉེས་པའི་སྐབས་ནས། ཡན་ལག་གི་གཙོ་བོ་ཙམ་ཡོད་པ་ནི་སྦོམ་པོའོ་ཞེས་གསུངས་སོ། །ཡན་ལག་ཞེས་པ་ནི་བརྒྱད་པོ་དང་བཅུ་གསུམ་པོའོ། །ཉེས་བྱས་ཞེས་པ་ནི་རྩ་ལྟུང་དང་པོའི་ལྟར་ན་ཉོན་མོངས་པའི་བསམ་པ་ལ་སོགས་པ་མྱེད་པར། ལོང་རྡོ་སྐྱུར་བས་བླ་མ་ལ་ཕོག་ནས་དྲོངས་པ་ལྟ་བུའོ། །དེ་ལྟར་ཡང་། ཡན་ལག་དྲུག་དང་མི་ལྡན་པར་དངོས་གཞི་རྫོགས་ན་ཉེས་བྱས་སོ། །ཞེས་གསུངས་སོ། །ལྟུང་བ་གཞན་རྣམས་ཀྱི་ཉེས་བྱས་ཀྱང་ཐད་ཀ་ཐད་ཀར་གོ་བར་བྱའོ། །འཕྲ་མོ་ཞེས་པ་ནི་རྩ་ལྟུང་དང་པོའི་དབང་དུ་བྱས་ན་འགོང་བར་བྱ་བ་མ་ཡིན་པ་ལ་འགོངས་པ་ལ་སོགས་པའོ། །ལྟུང་བ་གཞན་རྣམས་ཀྱི་ཕྲ་མོ་ནི་ཐད་ཀ་ཐད་ཀར་གོ་བར་བྱའོ། །ཉེས་པ་མྱེད་པ་ཞེས་པ་ནི་ཉེས་པ་བྱས་ཀྱང་ཉེས་པར་མི་འགྱུར་བའི་གཟུགས་བརྙན་དེ། སྐྱེ་བ་མྱེད་པར་རྟོགས་པ་ལ་སོགས་པའི་དུས་སུའོ། །ཨྀ་ཊི།། །།སྦོམ་པོ་བརྒྱད་པོ་དེ་ལས་འཕྲ་བར་བརྩིས་ན་སྦོམ་པོ་བརྒྱ་རྩ་ལྔ་ཡོད་དོ། །བརྩི་ལུགས་ནི་རྩ་ལྟུང་བཅུ་བཞི་པོ་དང་བཅྭ་ལྔ་པོ་ཕྱོགས་གཅིག་དུ་བསྒྲངས་ན་ཉི་ཤུ་རྩ་དགུ་ཡོད། ཉི་ཤུ་རྩ་དགུ་པོ་ལ་ཡན་ལག་གི་གཙོ་བོའི་སྦོམ་པོ་རེ་རེ། ཡན་ལག་མ་ཚང་བའི་སྦོམ་པོ་རེ་རེ་སྟེ། ཕྱོགས་གཅིག་དུ་བསྒྲངས་ན་སྦོམ་པོ་ལྔ་བཅུ་རྩ་བརྒྱད། དེ་ནས་ལྟུང་བ་དང་པོ་ལ་སྦྱོར་བ་མ་རྫོགས་པའི་སྦོམ་པོ་ཡོད་པ་དང་ང་དགུ། ལྟུང་བ་གསུམ་པ་ལ་ཡང་སྦྱོར་བ་མ་རྫོགས་པའི་སྦོམ་པོ་ཡོད་པ་དང་དྲུག་བཅུ། བཞི་པ་ལ་ཉོན་མོངས་པ་འབྲིང་གིས་བསླང་བའི་སྦོམ་པོ་ཡོད་པ་དང་རོ་གཅིག །དྲུག་པ་ལ་ཡུལ་འབྲིང་ལ་རྟེན་ནས་སྐྱེས་པའི་སྦོམ་པོ་ཡོད་པ་དང་རོ་གཉིས། བདུན་པ་ལ་ཡུལ་མ་དག་པ་མ་བསམ་པ་དག་པས་ཀུན་ནས་བསླང་བའི་སྦོམ་པོ་ཡོད་པ་དང་རོ་གསུམ་སྟེ། དེ་ལྟར་རྩ་ལྟུང་གི་ཕྱོགས་ནས་སྦོམ་པོ་དྲུག་བཅུ་རྩ་གསུམ་ཡོད་དོ། །ཡན་ལག་གི་ཉེས་པའི་དབང་དུ་བྱས་ན་བརྒྱད་པོ་དང་བདུན་པོ་དྲུག་པོ་རྣམས་ཕྱོགས་གཅིག་དུ་བགྲངས་ན་ཉི་ཤུ་རྩ་གཅིག་ཡོད་དོ། །ཉི་ཤུ་རྩ་གཅིག་པ་དེ་རྣམས་ནི་ཡན་ལག་གི་སྦོམ་པོ་ཞེས་བྱ་བ་སྦོམ་པོ་དངོས་ཡིན་ནོ། །དེ་རྣམས་རེ་རེ་ལ་ཡང་སྦོམ་པོའི་སྦོམ་པོ་ཞེས་བྱ་བ་རེ་རེ་ཡོད་པས་སྔ་ཕྱི་སྟོབས་ནས་བགྲངས་ན་བཞི་བཅུ་རྩ་གཉིས་ཡོད་དོ། །དེ་ལྟར་རྩ་ལྟུང་གི་ཕྱོགས་ནས་སྦོམ་པོ་དྲུག་བཅུ་རྩ་གསུམ་དང་། ཡན་ལག་གི་ཕྱོགས་ཀྱི་སྦོམ་པོ་བཞི་བཅུ་རྩ་གཉིས་རིམ་པར་བགྲངས་པས་སྦོམ་པོ་བརྒྱ་རྩ་ལྔ་ཡོད་དོ། །གོང་དུ་སྨོས་པའི་ལྕི་བ་ཞེས་པ་དེ་ལ་ཡང་ཕྲ་བར་བརྩིས་ན་བརྒྱ་རྩ་དྲུག་ཡོད་དོ། །བརྩི་ལུགས་ནི་སྦོམ་པོ་བརྒྱ་རྩ་ལྔ་པོ་དེ་གྱུར་པའི་ལྕི་བ་བརྒྱ་རྩ་ལྔ་དང་། ལྟུང་བ་བདུན་པ་ལས་འོག་མའི་ཆོ་ག་བྱས་པ་ལ་གོང་མའི་ཆོས་བསྟན་པ་ལྕི་བར་བཤད་པ་དང་བརྒྱ་རྩ་དྲུག་ཡོད་དོ། །ཨྀ་ཏི།། །།ཞིང་ལས་སྐྱེས་པའི་མཁའ་འགྲོ་མ་ནི་སྔོན་བུད་མྱེད་དག་གིས་གསང་སྔགས་ལ་ཞུགས་ནས་བསྐྱེད་རྫོགས་ལ་འབད་པ་ལས་བུང་མཐར་མཐོན་བར་ཚེའི་དུས་བྱས་པ་རྣམས། ཨུ་བརྒྱན་ལ་སོགས་པ་ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོར་སྐྱེས་ནས། གསང་སྔགས་སྤྱོད་ཅིང་བསྒྲུབ་པ་པོ་རྣམས་ལ་བྱིན་གྱིས་བརློབ་པར་མཛད་པ་འདི་རྣམས་ཡིན་ནོ། །སྔགས་ལས་སྐྱེས་པའི་མཁའ་འགྲོ་མ་ནི་བུད་མྱེད་ཀྱིས་གསང་སྔགས་ཀྱི་བསྒོམ་བཟླས་ལ་འབད་པས། སེམས་བསམ་གཏན་གྱི་ཡེ་ཤེས་ཐོབ་ལ། ལུས་བུད་མྱེད་ཀྱི་གཟུགས་སུ་གནས་པ་རྣམས་ཡིན་ནོ། །བསོགས་ཀྱིས་ནི་ལྡན་ཅིག་སྐྱེས་པའི་མཁའ་འགྲོ་མ་དང་། ཡིད་སྐྱེས་ཀྱི་མཁའ་འགྲོ་མ་བསྡུ་སྟེ། དེ་ལ་དང་པོ་ནི་སངས་རྒྱས་ཀྱི་སྤྲུལ་པ་བུད་མྱེད་ཀྱི་གཟུགས་སུ་བསྟན་པ་བཛྲ་ཨད་མ་དང་བཛྲ་བྷ་ར་ཧི་ལ་སོགས་པའོ། །གཉིས་པ་ནི་མཚན་ལྡན་གྱི་བུད་མྱེད་ཁ་ཅིག །བསྒྲུབ་པ་པོ་ཚད་ལྡན་རྣམས་ལ་དབང་དང་ལམ་གྱི་དུས་སུ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ཀྱིས་རྒྱས་འདེབས་པར་བྱེད་པ་རྣམས་སོ། །རྡོ་རྗེ་དམྱལ་བ་ཞེས་བྱ་བ་ནི་དཔལ་དུས་ཀྱི་འཁོར་ལོ་ལས། ས་འོག་གི་དམྱལ་བ་རྣམ་པ་བརྒྱད་གསུངས་པའི་ནངས་ཀྱི་འོག་མ་རྡོ་རྗེའི་ཁབ་ཞེས་གསུངས་པ་དེ་ཡིན་གསུང་ངོ་། །འོ་ན་དམྱལ་བ་བརྒྱད་པོ་དེ་ས་ཕྱོགས་ག་ན་ཡོད་ཞེ་ན། ལྷ་མ་ཡིན་གནས་པའི་ས་ལས་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའི་འོག་ན་མར་ལ་རིམ་པ་ལྟར་ཡོད་དོ། །དེ་ཡང་གསག་མའི་ཆུའི་དམྱལ་བ་ཞེས་བྱ་བ་ནི་དང་པོའོ། །དེའི་འོག་མ་བྱེ་མ་ཆུའི་དམྱལ་བ་ཞེས་བྱ་བ་ཡོད་དེ་གཉིས་པའོ། །དེའི་འོག་མ་འདམ་ཆུ་ཅན་གྱི་དམྱལ་བ་ཞེས་བྱ་བ་ཡོད་དེ་གསུམ་པའོ། །དེ་གསུམ་དྲང་བའི་དམྱལ་བ་ཡིན་ནོ། །དེའི་འོག་མ་དུ་བ་མི་བཟད་པར་འཐུལ་བ་ཞེས་བྱ་བའི་དམྱལ་བ་ཡོད་དེ་བཞི་པའོ། །དེའི་འོག་མ་མེ་རབ་ཏུ་འབར་བ་ཞེས་བྱ་བའི་དམྱལ་བ་ཡོད་དེ་ལྔ་པའོ། །དེ་གཉིས་ཚ་བའི་དམྱལ་བ་ཡིན་ནོ། །དེའི་འོག་ན་མུན་པ་ཆེན་པོའི་དམྱལ་བ་ཞེས་བྱ་བ་ཡོད་དེ་དྲུག་པ་ཡིན་ནོ། །དེའི་འོག་ན་ངུ་འབོད་སྒྲ་སྒྲོག་གི་དམྱལ་བ་ཞེས་བྱ་བ་ཡོད་དེ་བདུན་པའོ། །དེ་གཉིས་རླུང་དྲག་པོའི་དམྱལ་བ་ཡིན་ནོ། །དེའི་འོག་ན་རྡོ་རྗེའི་ཁབ་ཞེས་བྱ་བ། སའི་ཆ་རྟག་ཏུ་འབར་བ་ཡོད་དེ་བརྒྱད་པའོ། །དེ་ནི་རྡོ་རྗེའི་དམྱལ་བ་ཡིན་ནོ། །དེ་ལྟར་ཡང་འཇིག་རྟེན་གྱི་ཁམས་དགོད་པའི་ལེའུ་ལས། རིན་ཆེན་འོད་གནས་གསེག་མའི་ཆུ། དམྱལ་བར་ངེས་པ་བསྟན་པ་སྟེ། བྱེ་མའི་ཆུ་ནི་གཉིས་པའོ། །ལྷམ་འོད་མི་བཟད་དུ་བ་དང་། གཞན་ཡང་མེ་དང་མུན་པ་དང་། སྒྲ་སྒྲོགས་པ་ནི་བདུན་པ་དང་ཞེས་གསུངས་སོ། །འོ་ན་བརྒྱད་པ་མ་སྨོས་པ་ཇི་ལྟར་ཡིན་སྙམ་ན། དང་ཞེས་པས་བསྟན་པ་ཡིན་ཏེ། དེ་ལྟར་ཡང་འགྲེལ་པ་ལས། དང་གིས་ནི་བརྒྱད་པ་རྡོ་རྗེའི་ཁབ་ཀྱི་རྩེ་མོ་སའི་ཆ་རྟག་ཏུ་རབ་ཏུ་འབར་བ་སྟེ། ས་འོག་གི་དམྱལ་བ་ཆེན་པོ་བརྒྱད་དོ། །ཞེས་གསུངས་སོ། །བརྒྱད་པ་དེ་བསྒྲུབ་ཐབས་ཀྱི་ལེའུ་ལས་ཀྱང་གསུངས་ཏེ། བརྒྱད་པ་ཉིད་ཀྱི་བར་གྱི་ནི། དམྱལ་བ་རུ་ནི་འགྲོ་འགྱུར་ཏེ། གང་དུ་ཁབ་རྩེ་ལྟ་བུའི་སར། མི་དགེའ་བའི་འབྲས་དབང་གིས་དམྱལ་བ་རྣམས་ནི་རྒྱུ་བར་འགྱུར། ཞེས་སོ། །དེ་ལྟ་བུའི་རྡོ་རྗེ་ཁབ་ཞེས་བྱ་བ་དེ་ནི། གསང་སྔགས་རྡོ་རྗེ་ཐེག་པ་ལ་ཞུགས་ནས། དམ་ཚིག་ཁམ་པོ་ཆེ་ཉམས་པ་རྣམས་སྐྱེ་བའི་གནས་ཡིན་པས་ན། རྡོ་རྗེ་དམྱལ་བ་ཞེས་བྱ་ཞེས་གསུངས་སོ། །དེ་ཡང་སྔར་ཇི་ལྟར་བསྒོམ་པའི་རྡོ་རྗེའི་ར་བ་དང་མེ་རི་ལ་སོགས་པས་ནི་བསྐོར་ནས་ཕྱིར་ཐར་བར་མི་འགྱུར། དམྱལ་བསྲུངས་དག་ནི་སྔར་བསྒོམས་པའི་ཁྲོ་བོ་དང་སྒོ་བསྲུངས་ལ་སོགས་པའི་ཆ་བྱད་དུ་སྣང་ནས། ལྕགས་ཀྱུ་མེ་རབ་ཏུ་འབར་བས་ནི་འགུགས། ཞགས་པ་མེ་རབ་ཏུ་འབར་བས་ནི་འདེབས། ལྕགས་སྒྲོག་མེ་རབ་ཏུ་འབར་བ་ནི་སྡོམ། གྲི་གུག་དང་རྡོ་རྗེ་དང་ཁ་ཏྭཾ་ཁ་ལ་སོགས་པ་ཕྱག་མཚན་གྱི་མེ་རབ་ཏུ་འབར་བ་རྣམས་ཀྱིས་ནི་དམྱལ་བ་ཆེན་པོའི་ལུས་ལ་བསྣུན་པས་སྡུག་བསྔལ་ལ། ཚེ་ཚད་ནི་ཕྱིའི་རྒྱ་མཚོ་སྐྲ་ཉག་གཅིག་གིས་གཏོར་བས་ཟད་པའི་ཡུན་དུ་གནས་པ་ཡིན་གསུང་ངོ་། །འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས་ཀྱང་། ཕྱིའི་རྒྱ་མཚོ་ཆེན་པོའི། །ཆུ་དེ་སྐྲ་ཡིས་གཏོར་ནུས་པ། །དེའི་ཚད་དུ་སྡུག་བསྔལ་མྱོང་། །རྡོ་རྗེ་དམྱལ་བར་གྲགས་པ་ཡིན། །ཞེས་གསུངས་སོ། །ཡང་ཁ་གཅིག་ན་རེ་རྡོ་རྗེ་དམྱལ་བ་ཞེས་བྱ་བ་ནི་ཆོས་མངོན་པ་ནས་ཚ་བའི་དམྱལ་བ་བརྒྱད་གསུངས་པའི་ནངས་ཀྱི་འོག་མ་ནི་མནར་མྱེད་པའི་དམྱལ་བ་ཡིན་ལ། མནར་མྱེད་དམྱལ་བའི་བྱེ་བྲག་གྲང་ལོས་དགོན་པའི་ཚུལ་དུ་གནས་པ་གཅིག་ཡིན་ཟེར་རོ། །བརྒྱད་པོ་དེ་ཡང་ས་ཕྱོགས་གང་ན་ཡོད་ཞེ་ན། འཛམ་བུའི་གླིང་འདིའི་འོག་ན་ཡོད་དེ། ཇི་སྐད་དུ། ཆོས་མངོན་པ་མཛོད་ལས། འདི་འོག་སྟོང་ཕྲག་ཉི་ཤུ་ན། མནར་མྱེད་པའོ་དེ་ཙམ་མོ། །དེའི་སྟེང་ན་དམྱལ་བ་བདུན། ཞེས་གསུངས་སོ། །འོག་མནར་མྱེད་དམྱལ་བ་ལས་གྲོང་ལས་དགོན་པ་ལྟར་གནས་པའི་རྡོ་རྗེ་དམྱལ་བ་ཞེས་བྱ་བ་དེ་ལ་སྡུག་བསྔལ་གྱི་ཚད་ཇི་ཙམ་ཡོད་ཞེ་ན། མནར་མྱེད་དམྱལ་བ་བས་སྡུག་བསྔལ་བདུན་འགྱུར་གྱིས་སྡུག་བསྔལ་བ་ཡིན་ཞེས་གསུངས་སོ། །ཚེའི་ཚད་ཇི་ཙམ་ཐུབ་ཞེ་ན། ཕྱིའི་རྒྱ་མཚོ་སྐྲ་ཉག་གཅིག་གིས་གཏོར་བས་ཟད་པའི་ཡུན་དུ་གནས་པ་ཡིན་ཞེས་གསུང་ངོ་། །ཉི་ཤུ་རྩ་བརྒྱད་དང་ཞེས་པ་ནི་ལྟུང་བ་བཅྭ་ལྔ་པ་དང་ཡན་ལག་བདུན་པོ་དང་ཡང་ཡན་ལག་དྲུག་པོ་སྟེ། དེ་ལྟར་བཅྭོ་ལྔ་པ་ཡན་ལག་དང་བཅས་པ་རྣམས་ལ་ཉི་ཤུ་རྩ་བརྒྱད་ཡོད་པ་དེའོ། །གསང་བ་ཆེན་པོའི་གཞུང་ལས་འབུམ་སྟེར་བཞུགས་པ་ཞེས་པ་ནི་གསང་སྔགས་སྤྱི་གཞུང་ཐམས་ཅད་ནས་གསུངས་པའི་དམ་ཚིག་རྣམས་གྲངས་སུ་བྱས་ན་འབུམ་སྡེར་བཞུགས་པའི་དོན་ཏོ། །དེ་ཡང་ལྟ་བ་དང་འབྲེལ་བའི་དམ་ཚིག་ཁྲི་ཕྲག་གསུམ། བསྒོམ་པ་དང་འབྲེལ་པའི་དམ་ཚིག་ཁྲི་ཕྲག་གསུམ། སྤྱོད་པ་དང་འབྲེལ་པའི་དམ་ཚིག་ཁྲི་ཕྲག་གསུམ། བདུད་ཀྱི་ལས་ཡོངས་སུ་བརྟག་པ་ལ་དམ་ཚིག་ཁྲི་ཕྲག་ཅིག་གོ། ། དེ་ལྟར་ཡང་གསང་བ་མཛོད་ཀྱི་རྒྱུད་ལས། ཡང་དག་པའི་གནས་ཤེས་པ་ལ་སོགས་པ་ལྟ་བ་དང་འབྲེལ་པའི་དམ་ཚིག་ཁྲི་ཕྲག་གསུམ་དང་། གཞི་བསམ་གཏན་དང་འབྲེལ་པའི་ཁྲི་ཕྲག་གསུམ་དང་། སེམས་ཅན་ཡོངས་སུ་འཛིན་པ་ལ་སོགས་པ་སྤྱོད་པའི་ངོ་བོ་ཉིད་ཁྲི་ཕྲག་གསུམ་དང་། བདུད་ཀྱི་ལས་ཡོངས་སུ་ཤེས་པར་བྱ་བ་ལ་སོགས་པ་ཁྲི་ཕྲག་གཅིག་སྟེ། དེ་ནི་རིག་པ་རྣམས་ཀྱི་ལམ་གྱི་འཁོར་ལོའོ། །ཞེས་གསུངས་སོ། །ཨ་ཏི།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྩ་ལྟུང་བཞི་པོའི་གྲངས་ངེས་པའི་རྒྱུ་མཚན་ནི། རྒྱ་མཚོ་ཆེན་པོ་ལས་ནོར་བུ་རིན་པོ་ཆེ་ལེན་པའི་མཐུན་རྐྱེན་རྣམས་དང་འདྲ་སྟེ། དཔེར་ན་ཕྱིའི་རྒྱ་མཚོ་ཆེན་པོ་ལས་རྒལ་ཏེ་རིན་པོ་ཆེའི་གླིང་ནས་ནོར་བུ་རིན་པོ་ཆེ་ལེན་པ་ལ་མཐུན་རྐྱེན་བཅུ་བཞི་ཡོད་པ་ལས། མཐུན་རྐྱེན་ཀུན་ནམ་གང་ཡང་རུང་བ་རེ་མ་ཚང་བས་འདོད་པ་མི་འགྲུབ་ལ། ཀུན་ཚང་ན་འདོད་པ་གྲུབ་པ་ལྟར། འོ་སྐོལ་ལྟ་བུ་འཁོར་བའི་རྒྱ་མཚོ་ལས་རྒལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་མཐུན་རྐྱེན་གྱི་དམ་ཚིག་བཅུ་པ་ཡོད་པ་ལས། དེ་དག་ཀུན་ནམ་གང་ཡང་རུང་བ་རེ་རེ་མ་ཚང་བས་འདོད་པ་མི་འགྲུབ་ལ། ཀུན་ཚང་ན་འདོད་པ་ཐམས་ཅད་འགྲུབ་པས། གྲངས་ཀྱང་བཅུ་བཞིར་ངེས་ལ། གོ་རིམ་ཀྱང་འདི་ལྟར་ངེས་པའོ། །དཔེ་དོན་དེ་དག་སྦྱར་ནས་བཤད་ན། གང་དག་ནོར་བུ་རིན་པོ་ཆེ་ལེན་པ་དེ་ལ། ཐོག་མ་ཁོ་ནར་ཚོང་པ་རྣམས་ཀྱི་སྤྱི་དཔོན་དུ་རུང་བའི་གང་ཟག །དང་པོར་བརྩོམ་པའི་བྱ་བ་ལ་དཔའ་བ། ལམ་དུ་ལམ་གྱི་ལོ་རྒྱུས་ཡོད་པ། མཐར་རིན་པོ་ཆེ་རྟོག་པའི་བྱ་བ་ལ་མཁས་པའི་དེད་དཔོན་ཆེན་པོ་གཅིག་དགོས་ཏེ། དེ་མྱེད་ན་ནོར་བུ་རིན་པོ་ཆེ་མི་ལོན་ནོ། །དེ་བཞིན་དུ་གང་དག་འཁོར་བའི་རྒྱ་མཚོ་ལས་རྒལ་ནས་མྱ་ངན་ལས་འདས་པའི་གླིང་དུ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ཐོབ་པར་བྱེད་པ་ལ། ཐོག་མ་ཁོ་ནར་མཚན་ལྡན་རྟེན་འོས་ཀྱི་བླ་མ་དང་པོར་རྗེས་སུ་བཟུང་ནས་དབང་བཀུར་བ། བར་དུ་རྒྱུད་འཆད་ཅིང་མན་ངག་སྟོན་པ། མཐར་བྱིན་གྱིས་རློབ་ཅིང་ལམ་གེགས་སེལ་བའི་གང་ཕྱིར་རྡོ་རྗེ་སློབ་དཔོན་གཅིག་དགོས་སོ། །དེས་ན་དེ་མྱེད་པ འམ་དེ་ལ་བརྙས་ན་འདོད་པ་མི་འགྲུབ་པས་ལྟུང་བ་དང་པོར་བསྟན་ཏོ། །ཡང་ནོར་བུ་རིན་པོ་ཆེ་ལེན་པ་ལ་རྒྱ་མཚོ་ལ་སྫིངས་ཇི་ལྟར་བཅའ་བ་དང་། གཡོར་ཤིང་ཇི་ཙམ་ན་བླང་བ་དང་། གཏིང་བརྡོ་ཇི་ཙམ་ན་གདགས་པ་དང་། དུང་དང་བྱ་རོག་ཇི་ཙམ་ན་དབྱེ་བ་ལ་སོགས་སྔོན་གྱི་གཏམ་བརྒྱུད་རྣམས་སེམས་ལ་བཟུང་ནས། དེ་རྣམས་ཀྱི་བྱ་བ་མ་འཆུགས་པ་གཅིག་དགོས་ཏེ། དེ་མྱེད་ཅིང་འཆུགས་ན་ནོར་བུ་མི་ལོན་ནོ། །དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ། བདེ་བར་གཤེགས་པའི་བཀའ་དྲང་དོན་དང་ངེས་དོན་ལ་སོགས་པ་ཇི་ལྟར་ཡིན་པ་གཅིག་ཤོས་ཤིང་། དེ་ལས་མི་འདའ་བ་གཅིག་དགོས་སོ། །དེས་ན་དེ་ལས་འདས་ན་དོན་མི་འགྲུབ་པས་ལྟུང་བ་གཉིས་པ་བསྟན་ཏོ། །ཡང་ནོར་བུ་ལེན་པ་དེ་གྲོགས་བཟང་པོ་དང་མང་པོའི་པུང་གིས་ལེན་དགོས། དེ་དག་མྱེད་པར་རང་གཅིག་པུའི་སྟོབས་ཀྱིས་མི་ལོན་ནོ། །དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པ་དེ་ཡང་རྡོ་རྗེའི་ཡུན་གྲོགས་བཟང་པོ་རྣམས་ལ་རྟེན་དགོས་སོ། །དེས་ན་དེ་ལ་འཁྲོས་ཤིང་ཡངས་ན་དངོས་གྲུབ་མི་འགྲུབ་པས། ལྟུང་བ་གསུམ་པ་བསྟན་ཏོ། །ཡང་ནོར་བུ་ལེན་པའི་ཚེ་ཚོང་པ་དེ་དག་ཅིག་ལ་ཅིག་བརྩེ་བ་དང་ཕན་པར་འདོད་པའི་བསམ་པ་བཟང་པོ་དགོས་ཏེ། ངན་སེམས་དང་དུག་སེམས་ཡོད་ན་ལ་བ་ནག་པོ་པ་ལྟར་འདོད་པ་མི་འགྲུབ་སྟེ། དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེའ་བར་འདོད་པའི་བྱམས་པ་དང་སྙིང་རྗེའི་སེམས་དགོས་སོ། །དེས་ན་དེ་ཡངས་ན་དོན་མི་འགྲུབ་པས་ལྟུང་བ་བཞི་པ་བསྟན་ཏོ། །ཡང་ནོར་བུ་ལེན་པའི་ཚེ་རྟེན་སྫིངས་ཆེན་པོ་དངོས་སུ་བཤམས་པ་ལ་བརྟེན་པ་ཚོང་པ་རྣམས་སྡད་ནས་དེ་གཉིས་མ་བྲལ་བར་རྒྱ་མཚོ་ལ་འགྲོ་དགོས་ཏེ། བྲལ་ན་འདོད་པ་མི་འགྲུབ་བོ། །དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ། རྟེན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། རྟེན་པ་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་དང་མ་བྲལ་བར་བྱེད་དགོས་སོ། །དེས་ན་དེ་གཉིས་ཡངས་ན་དོན་མི་འགྲུབ་པས་ལྟུང་བ་ལྔ་པ་བསྟན་ཏོ། །ཡང་ནོར་བུ་ལེན་པ་དང་ལེན་པའི་ཚེ། རང་དང་གཞན་གྱི་ནོར་བུ་ལ་རིན་ངན་པ་དང་ཟད་རྐྱེན་པ་དང་ཡོན་ཏན་ཆུང་བ་ལ་སོགས་པའི་ངན་སྨྲས་མི་བྱེད་པ་གཅིག་དགོས་ཏེ། ནོར་བུ་ལ་ངན་སྨྲས་བྱས་ན་ཀུན་བརྩིས་ཅུང་ཞིང་ཉོ་བ་ཡང་མི་ཡོང་བས་ཕན་ཆུང་བར་འགྱུར་རོ། །དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པས་རང་ངམ་གཞན་གྱི་གྲུབ་མཐའ་ལ་མི་སྨོད་པ་གཅིག་དགོས་སོ། །དེས་ན་དེ་ལ་སྨད་ན་དོན་མི་འགྲུབ་པས་ལྟུང་བ་དྲུག་པ་བསྟན་ཏོ། །ཡང་ནོར་བུ་ལེན་པའི་ཚེ་ཤིན་ཏུ་གསང་དགོས་ཀྱི། མ་བསངས་ན་ཤོལ་འདེབས་དང་ཆོམ་རྐུན་ལ་སོགས་པའི་ཕྱི་རྟགས་དང་ལམ་རྒྱུགས་འབྱུང་བས་འདོད་པ་འགྲུབ་པར་དཀའོ། །དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པ་ཡང་། གསང་བའི་ཆོས་རྣམས་མ་སྨིན་པའི་སེམས་ཅན་ལ་གསང་དགོས་སོ། །དེས་ན་དེ་མ་བས་པ་ན་དོན་མི་འགྲུབ་བས་ལྟུང་བ་བདུན་པ་བསྟན་ཏོ། །ཡང་ནོར་བུ་ཆེན་བ་དེའི་ཚེ། མིན་པ་པོ་རང་ཉིད་ཀྱི་ཕུང་པོ་དེ་ལ་སྨན་དང་བཟའ་བཏུང་དང་གོས་ལ་སོགས་པས་ལེགས་པར་བསོའ་སྐྱང་བྱེད་དགོས་ཏེ། ཕུང་པོ་རྒུད་ན་ལུས་ཀྱི་སྟོབས་ཆག་ནས་དཀའ་ལས་དང་བྱ་བ་མི་ནུས་པས་འདོད་པ་མི་འགྲུབ་བོ། །དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པ་དེས་རང་གི་ཕུང་པོ་འདི་སངས་རྒྱས་སུ་བལྟས་ནས། ཁ་ཟས་ལ་སོགས་པས་མཆོད་ནི་བརྟེན་བཀུར་བྱེད་དགོས། དེ་བས་ན་དེ་ལ་བརྙས་ནས་རྒུད་ན་དོན་མི་འགྲུབ་པས་ལྟུང་བ་བརྒྱད་པ་བསྟན་ཏོ། །ཡང་ནོར་བུ་ལེན་པའི་ཚེ། ནོར་བུ་དང་ནོར་བུ་ལེན་པའི་བྱ་བ་ལ་སོམ་ཉིད་མྱེད་པ་ཅིག་དགོས་ཏེ། སོམ་ཉིད་ཟ་ཞིང་དེ་བས་གཞན་ཆེ་བར་སེམས་ན། འགྲོ་མི་འགྲོ་ལ་གྲོགས་པོ་ཤོར་ནས་ནོར་བུ་མི་ལེན་ནོ། །དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཚེ། རང་བཞིན་གྱིས་དག་པའི་ཆོས་བདག་གཉིས་དང་བྲལ་བའི་དོན་དེ་ལ་སོམ་ཉིད་མི་ཟ་བ་གཅིག་དགོས་སོ། །དེས་ན་དེ་ལ་སོམ་ཉིད་ཟོས་ན་དོན་མི་འགྲུབ་བས་ལྟུང་བ་དགུ་པ་བསྟན་ཏོ། །ཡང་ནོར་བུ་ལེན་པའི་ཚེ་ལམ་དུ་ཆུ་སྲིན་དང་སྲིན་མོ་ལ་སོགས་པ་གདུག་སེམས་ཅན་ཐམས་ཅད་ཚར་གཅད་དགོས་ཏེ། ཚར་མ་བཅད་ན་དེ་དག་གིས་གནོད་པས་ནོར་བུ་མི་ལོན་ནོ། །དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཚེ་བདུད་དང་མུ་སྟེགས་དང་ལོག་སྲེད་ཅན་ལ་སོགས་པ་གདུག་པ་ཅན་ཐམས་ཅད་ཚར་གཅད་དགོས་སོ། །དེས་ན་དེ་ཚར་མ་བཅད་བར་དགའ་བ་འམ་བྱམས་པར་བྱས་ན་དོན་མི་འགྲུབ་པས་ལྟུང་བ་བཅུ་པ་བསྟན་ཏོ། །ཡང་ནོར་བུ་ལེན་པ་དེའི་ཚེ། ནོར་བུ་མ་ཡིན་པ་དང་། ངན་པ་དང་། ཡོན་ཏན་མྱེད་པ་དག་ལ། ཡིན་པ་དང་། བཟང་བ་དང་། ཡོན་ཏན་ཅན་དུ་མ་ནོར་བ་ཅིག་དགོས་ཏེ། ནོར་ན་དཀའ་ལས་བྱས་པ་དོན་ཆུང་ངོ་། །དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཚེ། མིང་དང་ཚིག་དང་ཡི་གེ་དང་བྲལ་བ་དབུ་མ་གཉིས་མྱེད་སྤྲོས་བྲལ་གྱི་དོན་ལ། རྟག་ཆད་ཀྱི་མཐར་མ་བརྟག་པ་གཅིག་དགོས་སོ། །དེས་ན་དེ་ལ་མཐར་བརྟགས་ན་དོན་མི་འགྲུབ་ལ་ལྟུང་བ་བཅུ་གཅིག་པ་བསྟན་ཏོ། །ཡང་ནོར་བུ་ལེན་པ་དང་ལོན་པའི་ཚེ་ནོར་བུ་ཉོ་བར་འདོད་པ་དང་ནོར་བུ་ལ་མཆོག་ཏུ་འཛིན་པའི་མི་རྣམས་སུན་མ་ཕྱུང་བ་གཅིག་དགོས་ཏེ། སུན་ཕྱུང་ན་ཚོང་པ་དེས་བཙོངས་ཀྱང་ནོར་བུ་མི་ལོམ་པས། རང་གཞན་གཉིས་ཆར་ལ་ཕན་པར་མི་འགྱུར་རོ། །དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པས་སེམས་ཅན་དད་པ་དང་ལྡན་པའི་སེམས་སུན་མ་ཕྱུང་བར་བྱེད་དགོས། དེས་ན་སེམས་སུན་ཕྱུང་ན་དོན་མི་འགྲུབ་པས་ལྟུང་བ་བཅུ་གཉིས་པ་བསྟན་ཏོ། །ཡང་ནོར་བུ་ལེན་པ་དེའི་ཚེ་སྔ་ཕྱིར་བཤད་པ་དང་འཆད་པར་འགྱུར་མི་མཐུན་སྐྱོན་དང་རྟེན་འབྲེལ་འཛོམ་དགོས་ཏེ། རྟེན་འབྲེལ་མ་འཛོམ་ན་ནོར་བུ་མི་ལོན་ནོ། །དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཚེ། སྔ་ཕྱིར་བཤད་པ་དང་འཆད་པར་འགྱུར་བའི་དམ་ཚིག་ཐམས་ཅད་རྟེན་དགོས་སོ། །དེས་ན་དེ་ལ་བརྟེན་ན་དོན་མི་འགྲུབ་པས་ལྟུང་བ་བཅུ་གསུམ་པ་བསྟན་ཏོ། །ཡང་ནོར་བུ་ལེན་པའི་ཚེ། རྒྱ་མཚོའི་ལྷ་མཆོད་ཅིང་མཉེས་པར་བྱེད་དགོས་ཏེ། ལྷ་མ་དགའ་ན་འདོད་པ་མི་འགྲུབ་བོ། །དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པས། ཤེས་རབ་ཀྱི་རང་བཞིན་བུད་མྱེད་མཉེས་པར་བྱེད་དགོས་ཏེ། དེས་ན་དེ་ལ་བརྙས་ཤིང་སྨད་ན་དོན་མི་འགྲུབ་པས་ལྟུང་བ་བཅུ་བཞི་པ་བསྟན་ཏོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་གྲངས་ཀྱང་བཅུ་བཞིར་ངེས་ལ། གོ་རིམ་ཡང་དེ་ལྟར་ངེས་སོ། །ལྟུང་བར་འགྱུར་བའི་ཚུལ་ལ་གཉིས་ཏེ། ཡན་ལག་དུས་དངོས་གཞིར་འགྱུར་བ་དང་། ལྟུང་བའི་དབྱེ་བའོ། །དེ་ལ་དང་པོ་ནི་གསུམ་གཅིག་ལ་ལྡན་པ་ལ་ཞེས་པ་ལ་སོགས་པ་སྟེ། གསུམ་ནི་དབང་བཀུར་བ་ལ་སོགས་པའོ། །ལྟུང་བར་འགྱུར་ཏེ་ཞེས་པ་ནི་སྦྱོར་བ་ཡོངས་སུ་རྫོགས་པའི་ལྟུང་བར་འགྱུར་རོ། །དེ་ལ་ཕྱིར་ཡན་ལག་ལ་གཉིས་ཏེ། ཐུན་མོང་གི་ཡན་ལག་དང་། ཐུན་མོང་མ་ཡིན་པའི་ཡན་ལག་གོ། །དང་པོ་ནི་རྟེན་གྱི་ཡན་ལག་སྟེ། དབང་ཐོབ་ལ་མ་ཉམས་པ་འམ། ཉམས་ན་ཡང་ཕྱིར་གསོས་པའི་གང་ཟག་གོ། །དེ་ལྟར་ཡང་། འོག་ནས་ཉེས་པ་དེ་དག་གི་ཐུན་མོང་དུ་དབང་དང་ལྡན་པ་རྣམས་ལ་ཤེས་པར་བྱའོ། །ཞེས་གསུངས་སོ། །ཐུན་མོང་མ་ཡིན་པ་ལ་བདུན་དུ་བཤད་པ་ལ་ལྔར་འདུས་ཏེ། ཡུལ་གྱི་ཡན་ལག་དང་། བསམ་པའི་དང་། སྦྱོར་བའི་དང་། མཐར་ཐུག་གི་དང་། རྗེས་ཀྱི་ཡན་ལག་གོ། །དེ་ལ་དང་པོ་ནི་གསུམ་གཅིག་ལ་ལྡན་པ་ལ་ཞེས་པ་སྟེ། འདི་ནི་མཚོན་པ་ཡིན་ཏེ། གཉིས་ལྡན་དང་བྱེ་བྲག་པ་ཡང་ལྟུང་བའི་ཡུལ་ཡིན་ནོ། །འོན་ཀྱང་དེ་དག་ལས་ལྕི་ཡང་ཡོད་དོ་འོག་ཏུ་བཤགས་ཚད་བསྟན་པས་གསལ་ལོ། །བསམ་པའི་ཡན་ལག་མ་ཀུན་སློང་དང་འདུ་ཤེས་གཉིས་ལས། ཀུན་སློང་ནི་ཉོན་མོངས་པས་ཀུན་ནས་བསླང་བའི་བསམ་པ་དང་ཞེས་པ་སྟེ། ཞེ་སྡང་དྲག་པོ་ལ་སོགས་པས་སོ། །འདུ་ཤེས་ནི་དེ་ལ་དེར་ཤེས་པ་དང་ཞེས་པ་སྟེ་སློབ་དཔོན་ཡིན་པར་ཤེས་པའོ། །སྦྱོར་བའི་ཡན་ལག་ནི་ལུས་ངག་གི་སྦྱོར་བ་བསྟན་པ་དང་ཞེས་པ་སྟེ། ལུས་ཀྱིས་བརྡེག་པ་ལ་སོགས་པ་དང་ངག་གིས་སྤྱོ་བ་ལ་སོགས་པ་བདག་ཉིད་ཀྱིས་སམ་གཞན་བྱེད་བརྩལ་བའོ། །མཐར་ཐུག་གི་ཡན་ལག་ནི་མཚོན་ཆ་ལ་སོགས་པས་མཚོ་བ་ཕྲོགས་པ་དང་ཞེས་པ་སྟེ། དེ་ལ་འཚོ་བ་ནི་སྲོག་གི་འཚོ་བ་ཕྲོགས་པ་སྟེ་སློབ་དཔོན་གསད་པའོ་ཞེས་དགེ་བཤེས་པ་གསུང་ངོ་། །འགྲེལ་པ་མཁན་པོའི་དགོངས་པ་ནི་སྲོག་གི་འཚོ་བ་ཕྲོགས་པས་ལྟུང་བར་འགྱུར་བར་མ་ཟད་ཀྱི། ལོངས་སྤྱོད་ཀྱི་འཚོ་བ་ཕྲོགས་པའམ། བདེའ་བའི་འཚོ་བ་ཕྲོགས་པས་ཀྱང་ལྟུང་བར་འགྱུར་པ་སྲིད་དོ། །འོག་གི་རྒྱུད་ཁུངས་རྣམས་ན་ཡང་དོན་དེ་ལྟར་གསལ་ལོ། །འགྱུར་ཕྱི་མ་ལས་ཐུགས་སུན་ཕྱུང་བའི་ལྟུང་བའོ། །ཞེས་འབྱུང་བའི་དབང་དུ་བྱས་ན་གོང་མ་སྲོག་གི་འཚོ་བ་གཅིག་སུ་ཡིན་ལ། ཐུགས་སུན་ཕྱུང་བ་འཚོ་བ་གཉིས་པོ་ཕྲོགས་པ་ལ་སོགས་པ་ཡིན་པ་སྲིད་དེ་འགྱུར་གྱི་མ་ཐེ་ཙོམ་ཟའོ། །རྗེས་ཀྱི་ཡན་ལག་ནི་ཡོངས་སུ་ཤེས་ཞེས་པ་ལ་སོགས་པ་སྟེ། མ་འཁྲུལ་བ་ནི་སྨྱོ་བ་ལ་སོགས་པ་མ་ཡིན་པའོ། །ཡན་ལག་དེ་དག་གང་ཡང་རུང་བ་མ་ཚང་བ་ནི་ཉེས་པ་གཞན་དུ་འགྱུར་ཏེ། དེ་ལ་ཡན་ལག་གཞན་འཚོགས་པ་ལ་ཡུལ་དེ་སློབ་དཔོན་མ་ཡིན་པ་བླ་མའི་སྡུག་པ་འམ་སེམས་ཅན་གཞན་ཡིན་ན་ཤན་འདྲ་འམ་ལྟུང་བ་གཞན་དུ་འགྱུར་རོ། །ཡན་ལག་གཞན་འཚོགས་ཀྱང་བསམ་པའི་ཡན་ལག་གི་ཀུན་སློང་མ་ཚང་ན་ཉེས་བྱས་སུ་འགྱུར་རོ། །འདུ་ཤེས་མ་ཚང་སྟེ་དེ་ལ་གཞན་དུ་འདུ་ཤེས་ནས་སློབ་དཔོན་གསད་པ་ལ་སོགས་པ་ཉེས་བྱས་སུ་འགྱུར་རོ། །ཡན་ལག་གཞན་འཚོགས་ཀྱང་སྦྱོར་བའི་ཡན་ལག་མ་ཚང་ན་སྦོམ་པོ་ལ་སོགས་པར་འགྱུར་རོ། །ཡན་ལག་གཞན་འཚོགས་ཀྱང་མཐར་ཐུག་གི་ཡན་ལག་མ་ཚང་ན་སྦོམ་པོར་འགྱུར་རོ། །ཡན་ལག་གཞན་འཚོགས་ཀྱང་རྗེས་ཀྱི་ཡན་ལག་གང་ཡང་རུང་བ་མ་ཚང་ན་ཡན་ལག་ཚང་བའི་སྦོམ་པོར་འགྱུར་རོ། །ལྟུང་བའི་དབྱེ་བ་ལ་ལྔ་ལས་ཕམ་བ་ནི་གལ་ཏེ་ཞེས་པར་འོག་ཏུ་འབྲེལ་ཏེ། སྦྱོར་བ་དེ་དག་དང་ལྡན་པས་ཞེས་པ་ནི་ཉོན་མོངས་པས་ཀུན་ནས་བསླང་བའི་བསམ་པ་ལ་སོགས་པའོ། །འཚོ་བ་དང་ཕྲལ་ནས་ཚད་ལས་འདས་པས་ཞེས་པ་ནི་སློབ་དཔོན་སྲོག་གི་འཚོ་བ་དང་ཕྲལ་ནས་མ་བཤགས་པར་ལོ་གསུམ་འདས་པའོ་ཞེས་དགེ་བཤེས་པ་གསུམ་སྟེ། འདི་ནི་ལོངས་སྤྱོད་ཀྱི་འཚོ་བ་འམ་བདེའ་བའི་འཚོ་བ་དང་ཕྲལ་ནས་མ་བཤགས་པར་ལོ་གསུམ་འདས་པ་མ་ཡིན་པར་འདོད་པ་སྲིད་དོ། །དེ་ལྟར་ཡིན་པ་སྲིད་པའི་རྒྱུ་ཚན་ནི་གོང་གི་ལྟུང་བའི་སྐབས་སུ་བཤད་དོ། །རྒྱུ་མཚན་གཞན་ཡང་ཡོད་དེ། །དཔེར་ན་ཉན་ཐོས་སོ་སོར་ཐར་བའི་སྡོམ་པ་ལས། སྲོག་བཅད་པ་གཅིག་སུས་ཕམ་པར་འགྱུར་བར་མ་ཟད་དེ། མ་བྱིན་བར་བླངས་པ་ལ་སོགས་པས་ཀྱང་འཕམ་པར་འགྱུར་བ་བཞིན་ནོ། །གོང་མ་ན་སྨད་བའི་ལྟུང་བ་ནི། ཕྱིས་ཚད་དུ་བཤགས་ན་ལྟུང་བར་འགྱུར་རོ་ཞེས་པ་གོང་དུ་འབྲེལ་ཏེ། ཕམ་པ་དེ་བཤགས་ཚད་ཀྱིས་བཤགས་པས། ཕམ་པ་དག་ནས་སྔར་གྱི་ལྟུང་བ་ཚད་ལྡན་དུ་གྱུར་པ་སྟེ། བསྐྱེད་ཁོར་ནས་དངོས་ལུས་བ་ལྟ་བུའོ། །ཕམ་ལྟུང་གི་ཁྱད་པར་ནི་ལྟུང་བ་དང་ཞེས་པ་འོག་ཏུ་འབྲེལ་ཏེ། ལྟུང་བ་ནི་གོང་མ་ན་སྨད་པའི་ལྟུང་བ་དང་ངོ་། །ཕམ་པ་ནི་ཚད་ལས་འདས་པའི་ཕམ་པ་ལའོ། །མ་བཤགས་པའོ་ཞེས་པ་ནི་ལོ་གསུམ་འདས་འདས་སུའོ། །བཤགས་པའི་ཚད་འོག་ནས་འབྱུང་བ་བྱས་པའོ་ཞེས་པ་ནི་ལོ་གསུམ་ལས་འདས་པའི་ཕྱིས་སོ། །རྡོ་རྗེ་དམྱལ་བ་ནི་དུས་ཀྱི་འཁོར་ལོའི་འགྲེལ་པ་ནས་བཤད་དོ། །གཤགས་མ་བརྡལ་པའི་དམྱལ་བ་དང་། དུ་བ་མཐུལ་བའི་དམྱལ་བ་དང་། མེ་རབ་ཏུ་འབར་བའི་དམྱལ་བ་ལ་སོགས་པའི་འོག་ན། རྡོ་རྗེ་ཁབ་ཞེས་བྱ་བ་གསང་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས་སྐྱེ་བའི་གནས་ཡོད་པ་དེའོ། །ཡང་ན་མནར་མྱེད་པའི་དམྱལ་བ་ཉིད་དོ། །མ་ཡིན་པ་ཞེས་པ་ནི་གཤག་པ་བརྡལ་པའི་དམྱལ་བ་ལ་སོགས་པ་འམ། ཡང་ན་ཡང་སོས་ལ་སོགས་པའོ། །སྦོམ་པོ་ནི་འཚོ་བ་དང་མ་བྲལ་ན་ལྟུང་བར་མི་འགྱུར་ཏེ་སྦོམ་པོའོ། །ཞེས་པ་སྟེ། སྦྱོར་བ་བདུན་གྱི་སྒོ་ནས་རྡོ་རྗེ་སློབ་དཔོན་འཚོ་བ་དང་དབྲལ་བའི་ལས་བྱས་ཀྱང་། དེ་འཚོ་བ་དང་བྲལ་བར་མ་གྱུར་ན་དོན་དེ་མ་གྲུབ་པའི་ཕྱིར་སྦྱོར་བ་མ་རྫོགས་པའི་སྦོམ་པོ་བྱ་བ་ཡིན་ནོ། །ཉེས་བྱས་ནི་ཡན་ལག་དྲུག་དང་མི་ལྡན་པར་ཞེས་པ་ལ་སོགས་པ་སྟེ་ལོང་རྡོ་ཀྱུར་བ་སློབ་དཔོན་ལ་ཕོག་ནས་བསད་པ་ལྟ་བུ་ལ་སོགས་པའོ། །འདི་དག་ནི་འགྱུར་སྔ་མའི་རྗེས་སུ་འབྲངས་ནས་བྲིས་པ་ཡིན་གྱིས། ཕྱི་མའི་ལྟར་ནི་གཞན་ན་གསལ་ལོ། །ཨ་ཏི། ད་ནི་བསྐང་ཚད་འཆད་དོ། །དེ་ཡང་སྤྱིར་གང་ཟག་གི་རིས་ལ་མཁས་པ་དང་མི་མཁས་པ་གཉིས་ཡོད། འབྱོར་པ་ཆེ་བ་དང་ཆུང་བ་གཉིས་ཡོད་དེ། མཁས་པ་འབྱོར་པ་ཆེ་ཆུང་གཉིས་ཀ་རང་ཁོ་ནས་ལྡང་ངོ་། །མི་མཁས་པ་འབྱོར་པ་ཆེ་ཆུང་གཉིས་ཀ་གཞན་ལ་རྟེན་ནས་ལྡང་ངོ་། །དེ་གཉིས་གང་ཡིན་ཡང་ལྡང་ཐབས་སམ་བསྐང་ཚད་ནི་གཉིས་ཏེ། དངོས་དང་། ལུང་གིས་བསྒྲུབ་པའོ། །དང་པོ་ལ་ལྔ་སྟེ། ལྟུང་བའི་བསྐང་ཚད་དང་། ཕམ་པའི་བསྐང་ཚད་དང་། ལྕི་བའི་བསྐང་ཚད་དང་། སྦོམ་པོའི་བསྐང་ཚད་དང་། ཕྲ་མོའི་བསྐང་ཚད་དོ། །དང་པོ་ལ་གསུམ་ལས། ཡུལ་གསུམ་ལྡན་ལ་རྟེན་ནས་བྱུང་བའི་བསྐང་ཚད་ནི་གལ་ཏེ་བསྐོང་བའི་ཚད་ནི་ཞེས་པ་ལ་སོགས་པ་སྟེ། སྦྱིན་བསྲེག་ལ་སོགས་པ་འདི་དག་ཀྱང་འདམ་ཀ་གང་ཡང་རུང་བས་ཡིན་གྱི། ཐམས་ཅད་དུ་ཚང་བ་ལ་ལྟོས་པས་ནི་མ་ཡིན་ནོ། །རིག་པ་ནི་ཡི་གེ་བརྒྱ་པའོ། །དབང་བསྐུར་བ་ནི་ལན་བདུན་ནོ། །དཀྱིལ་འཁོར་ནི་མེ་ཏོག་གི་ཚོམ་པུ་ཡིན་ཏེ་མ་འདལ་ལོ། །ཡོངས་སུ་རྫོགས་པ་ནི་གང་ཡང་རུང་བའི་གྲངས་ཚང་བའོ། །ཡུལ་གཉིས་ལྡན་པ་རྟེན་ནས་བྱུང་བའི་བསྐང་ཚད་ནི། གཅིག་ལ་ཞེས་འོག་ཏུ་འབྲེལ་ཏེ། ཆ་གཉིས་པ་ནི་གསུམ་ལྡན་གྱི་བསྐང་ཚད་ཀྱི་སུམ་ཆ་གཉིས་ཀྱིས་བསྐང་པའི་དོན་ཏོ། །དེ་ཡང་སྦྱིན་བསྲེག་གིས་བསྐོང་བ་ལ་མོས་ན་སྦྱིན་བསྲེག་བཞི་འབུམ་དང་དྲུག་ཁྲི་དང་། དྲུག་སྟོང་དང་། དྲུག་བརྒྱ་དང་དྲུག་བཅུ་རྩ་དྲུག་ལྷག་ཙམ་ཡོད་དོ། །རིག་པའམ་དབང་བསྐུར་ལ་སོགས་ལ་མོས་ན་ཡང་སྤྱད་ལ་ཤེས་པར་བྱའོ། །ཡུལ་བྱེ་བྲག་པ་ལ་རྟེན་ནས་བྱུང་བའི་བསྐང་ཚད་ནི་བྱེ་བྲག་ཏུ་ཞེས་པ་ལ་སོགས་པ་སྟེ། ཆ་གཅིག་ལ་ཞེས་པ་ནི་གསུམ་ལྡན་གྱི་བསྐང་ཚད་ཀྱི་སུམ་ཆ་གཅིག་གིས་བསྐང་བའི་དོན་ཏོ། །དེ་ཡང་སྦྱིན་བསྲེག་གིས་བསྐོང་བ་ལ་མོས་ན་དེ་ལ་སྦྱིན་བསྲེག །ཉི་འབུམ་དང་། སུམ་ཁྲི་དང་། སུམ་སྟོང་དང་སུམ་བརྒྱ་དང་། སུམ་བཅུ་རྩ་གསུམ་ལྷག་ཙམ་ཡོད་དོ། །རིག་པ་འམ་དབང་བསྐུར་བ་ལ་སོགས་པ་ལ་མོས་ན་ཡང་སྤྱད་ལ་ཤེས་པར་བྱའོ། །ཕམ་པའི་བསྐང་ཚད་ལ་གསུམ་ལས། བྱེ་བྲག་པའི་བསྐང་ཚད་ནི་བྱེ་བྲག་ཏུ་གནས་པ་གཅིག་མ་བསྐང་པ་ཞེས་པ་ལ་སོགས་པ་སྟེ། གསུམ་ལྡན་གཅིག་གི་ཚད་ཞེས་པ་ནི་གསུམ་ལྡན་ལ་སྦྱོར་བ་རྫོགས་པའི་ལྟུང་བའི་བསྐང་ཚད་དང་མཉམ་པའི་དོན་ཏོ། །དེ་ཡང་གོང་ན་མར་ལ་སྦྱིན་བསྲེག་གིས་ནི་འབུམ་ཕྲག་བདུན་ཞེས་པ་ལ་སོགས་པ་གསུངས་པ་དེ་ཡིན་ནོ། །གཉིས་ལྡན་གྱི་བསྐང་ཚད་ནི་གཅིག་ལ་ཞེས་པའི་གསུམ་ལྡན་ལ་སྦྱོར་བ་རྫོགས་པའི་ལྟུང་བ་གསུམ་ལྡན་གྱི་བསྐང་ཚད་གཉིས་ཞེས་པ་ནི་གོ་སླ་སྟེ། དེ་ཡང་སྦྱིན་བསྲེག་ལ་མོས་ན་དེ་ལ་སྦྱིན་བསྲེག་འབུམ་ཕྲག་བཅུ་བཞི་ཡོད་དོ། །རིག་པ་འམ་དབང་བཀུར་བ་ལ་སོགས་པ་ལ་མོས་ན་ཡང་སྤྱད་ལ་ཤེས་པར་བྱའོ། །གསུམ་ལྡན་གྱི་བསྐང་ཚད་ནི་དུས་དེ་ཉིད་དེའི་ཚད་ནི་བསྐང་བའི་ཆོ་ག་གསུམ་མོ་ཞེས་པ་སྟེ ། དེ་ཉིད་ཞེས་པ་ནི་གསུམ་ལྡན་ལ་སྦྱོར་བ་རྫོགས་པའི་ལྟུང་བ་ཉིད་དོ ། །དུས་དེའི་ཚད་ན་ཞེས་པ་ནི་ལོ་གསུམ་དུ་གནས་པའོ། །བསྐང་བའི་ཆོ་ག་གསུམ་ནི་གསུམ་ལྡན་གྱི་ལྟུང་བའི་བསྐང་ཚད་དེ་གསུམ་འགྱུར་དུ་བྱ་བའི་དོན་ཏོ། །གཞུང་ཁ་གཅིག་ལས་དགུའོ་ཞེས་འབྱུང་སྟེ། ཆ་གསུམ་གསུམ་དུ་བྱས་ན་དགུ་ཡོད་པ་སྟེ་དོན་གཅིག་གོ། །དེ་ཡང་སྦྱིན་བསྲེག་གིས་བསྐོང་བ་མ་མོས་ན་དེ་ལ་སྦྱིན་བསྲེག་འབུམ་ཕྲག་ཉི་ཤུ་རྩ་གཅིག་ཡོད་དོ། རིག་པ་འམ་དབང་བཀུར་ལ་སོགས་པ་ལ་མོས་ན་ཡང་དཔྱད་ལ་ཤེས་པར་བྱའོ། །ཕམ་པ་བྱུང་བའི་གང་ཟག་དེས་ཕམ་པའི་བསྐང་ཚད་དེ་དག་བྱས་པས་ཕམ་པའི་ཉེས་པ་འདག་སྟེ། སྔར་གྱི་ལྟུང་བའི་ཉེས་པ་དེ་ཚད་ལྡན་དུ་ཤུལ་དུ་ལུས་སོ། །དེ་ཅིའི་ཕྱིར་ཞེ་ན། གོང་ན་མར་ལ། ཕྱིས་ཚད་དུ་གཤགས་ན་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །དེས་ན་ལྟུང་བ་བྱུང་ནས་ལོ་གསུམ་མ་འདས་པ་ལ་སྐོང་ན། ལྟུང་བ་གང་བྱུང་གི་བསྐང་ཚད་འདིར་གསུངས་པ་དེ་བྱས་པས་བསྐོངས་པར་འགྱུར་ལ། ལོ་གསུམ་ཕྱིན་ཆད་འདས་ན་གང་བྱུང་བ་དེའི་ལྟུང་བའི་བསྐང་ཚད་དང་འཕམ་པའི་བསྐང་ཚད་གཉིས་ཆར་བྱས་ན་ཉེས་པ་ལྷག་མ་མ་ལུས་པ་འམ་བསྐོངས་པ་ཡིན་ནོ། །ད་ནི་ལྕི་བའི་བསྐང་ཚད་དང་སྦོམ་པོའི་བསྐང་འཆད་དེ། དེ་ཡང་སྤྱིར་སྦོམ་པོ་དང་ལྕི་བ་ལ་མང་ཡང་། ཡུལ་རྡོ་རྗེ་སློབ་དཔོན་ལ་རྟེན་ནས་འབྱུང་བའི་སྦོམ་པོ་ནི་གསུམ་ཡོད་དེ། ཡན་ལག་གི་གཙོ་བོའི་སྦོམ་པོ་དང་། ཡན་ལག་མ་ཚང་བའི་སྦོམ་པོའོ། །ལྕི་བ་ཞེས་བྱ་བ་ནི་སྦོམ་པོ་མ་བཤགས་པར་ལོ་གསུམ་ཕྱིན་ཆད་འདས་པ་ལ་ཟེར་བ་ཡིན་ཏེ། འདི་ལ་སྦོམ་པོ་གསུམ་ཡོད་པས་ལྕི་བ་ཡང་གསུམ་ཡོད་དོ། །དེ་ལ་སྦོམ་པོ་གསུམ་པོ་ཡང་བསྐང་ཚད་མི་མཉམ་ལ། ལྕི་བ་གསུམ་པོ་ཡང་བསྐང་ཚད་མི་མཉམ་མོ། །དེ་ཡང་གཞུང་ཐད་ཀར་འདི་ན་ནི་ལྕི་བ་གཅིག་དང་སྦོམ་པོ་གཅིག་དང་དེ་གཉིས་ཀྱི་བསྐང་ཚད་ནི་དངོས་སུ་སྨོས་ལ། ལྕི་བ་གཅིག་དང་སྦོམ་པོ་གཅིག་དང་དེ་གཉིས་ཀྱི་བསྐང་ཚད་གི་ཟུར་གྱིས་སྨོས་ཏེ། ཡན་ལག་མ་ཚང་བའི་སྦོམ་པོ་དང་དེ་གྱུར་པའི་ལྕི་བ་དང་དེ་གཉིས་ཀྱི་བསྐང་ཚད་ནི་ཤུགས་ཀྱིས་སྨོས་སོ། །དེ་དག་ཞིབ་ན ལ་དུ་བཤད་ན། ཡན་ལག་ཉེས་པ་ལ་སོགས་པས་ལྕི་བའི་བསྐང་ཚད་སྟོན་ཏེ། འདི་ནི་ཡན་ལག་གི་གཙོ་བོའི་སྦོམ་པོ་གྱུར་པའི་བསྐང་ཚད་ཡིན་ནོ། །ཡན་ལག་གི་གཙོ་བོ་ཞེས་པ་ནི་བསམ་པའི་ཡན་ལག་ཡིན་ཏེ། ཐེག་པ་ཆེན་པོ་བ་བསམ་པ་གཙོ་ཆེ་བའི་ཕྱིར་རོ། །སྨོན་འཇམ་དཔལ་གྲགས་པ་ཉིད་ཀྱི་ཞལ་ནས་ཀྱང་། འདི་ནི་ལུས་ངག་གཙོ་ཆེ་བ་མ་ཡིན་པས། ཕལ་ཆེར་ལྟུང་བ་ནི་སེམས་ལ་གཞག་པའོ། །ཞེས་གསུངས་སོ། །བསམ་པའི་ཡན་ལག་རང་གང་ལ་ཟེར་ན་ཉོན་མོངས་པའི་བསམ་པ་སྟེ། ཞེ་སྡང་ལ་སོགས་པའི་སྒོ་ནས་སློབ་དཔོན་གསད་པ་ལ་སོགས་པར་སེམས་པ་དེའོ། །དུས་གསུམ་ལྡན་ནི་ལོ་གསུམ་མོ། །གཉིས་ལྡན་གྱི་ཆ་བཞི་པ་ཞེས་པ་ནི་གཉིས་ལྡན་གྱི་ལྟུང་བའི་བསྐང་ཚད་ཀྱི་བཞི་ཆའོ། །དེ་ཡང་སྦྱིན་བསྲེག་གིས་བསྐོང་ན་དེ་ལ་སྦྱིན་བསྲེག་འབུམ་དང་ཁྲི་དང་། དྲུག་སྟོང་དང་དྲུག་རྒྱ་དང་། དྲུག་བཅུ་རྩ་ཕྱེད་དང་བདུན་ལྷག་ཙམ་ཡོད་དོ། །རིག་པ་འམ་དབང་བསྐུར་ལ་སོགས་པས་བསྐོང་ན་ཡང་སྤྱར་ལ་ཤེས་པར་བྱའོ། །ལྕི་བ་དེས་མཚོན་ནས་དེའི་སྔོན་དུ་ཡན་ལག་གི་གཙོ་བོའི་སྦོམ་པོ་ཡོད་པར་ཤེས་པར་བྱའོ། །དེའི་བསྐང་ཚད་ཀྱང་ལྕི་བ་དེའི་བསྐང་ཚད་ཀྱིས་མཚན་པ་སྟེ། ལྕི་བའི་བསྐང་ཚད་ཀྱི་སུམ་ཆར་ཡོང་ངོ་། །དེ་ཡང་སྦྱིན་བསྲེག་གིས་བསྐོང་ན་དེ་ལ་སྦྱིན་བསྲེག་སུམ་ཁྲི་དང་། བརྒྱད་སྟོང་དང་། བརྒྱད་བརྒྱ་དང་། བརྒྱ་དགུ་བཅུ་ལྷག་ཙམ་ཡོད་དོ། །རིག་པ་དང་དབང་བསྐུར་ལ་སོགས་པས་བསྐོང་ན་ཡང་དཔྱད་ལ་ཤེས་པར་བྱའོ། །གལ་ཏེ་ཞེས་པ་ལ་སོགས་པས་སྦོམ་པོའི་བསྐང་ཐབས་སྟོན་ཏེ། འདི་ནི་སྦྱོར་བ་མ་རྫོགས་པའི་སྦོམ་པོ་ཞེས་བྱ་བ་དེ་ཡིན་ནོ། །སྦྱོར་བ་ཡོངས་སུ་མ་རྫོགས་ན་ཞེས་པ་ནི་སྦྱོར་བ་བདུན་གྱི་སྒོ་ནས་རྡོ་རྗེ་སློབ་དཔོན་འཚོ་བ་དང་ཕྲལ་བའི་ལས་བྱས་ཀྱང་། རོ་འཚོ་བ་དང་བྲལ་བར་མ་གྱུར་ན་དོན་ཏེ་མ་གྲུབ་པས་སྦྱོར་བ་མ་རྫོགས་པ་ཡིན་ནོ། །ཆོ་གའི་ཁྱད་པར་ཡང་དེ་ཉིད་ཞེས་པ་ནི་གོང་དུ་བཤད་པའི་ལྕི་བའི་བསྐང་ཚད་དེ་དང་མཉམ་པའི་དོན་ཏེ། དེ་ཡང་སྦྱིན་བསྲེག་གིས་བསྐོང་ན་འབུམ་དང་ཁྲི་ལ་སོགས་པ་གོང་ལྟར་རོ། །རིག་པ་འམ་དབང་བསྐུར་ལ་སོགས་པས་བསྐོང་ན་ཡང་དཔྱད་ལ་ཤེས་པར་བྱའོ། །ཡང་སྦོམ་པོ་དེས་མཚོན་པས་དེ་མ་བཤགས་པར་ལོ་གསུམ་འདས་ན་ལྕི་བར་འགྱུར་བ་ཡང་གོ་པར་བྱའོ། །ལྕི་བ་དེའི་བསྐང་ཚད་ཀྱང་སྦོམ་པོ་དེའི་བསྐང་ཚད་ཀྱིས་མཚོན་པ་དེ། སྦོམ་པོ་དེའི་བསྐང་ཚད་ཀྱི་སུམ་འགྱུར་དུ་ཡོད་དོ། །དེ་ཡང་སྦྱིན་བསྲེག་གིས་བསྐོང་ན་དེ་ལ་སྦྱིན་བསྲེག་སུམ་འབུམ་དང་བཞི་ཁྲི་དང་། དགུ་སྟོང་དང་དགུ་བརྒྱ་དང་། དགུ་བཅུ་ཡོད་དོ། །རིག་པ་འམ་དབང་བསྐུར་བ་ལ་སོགས་པས་བསྐོང་ན་ཡང་དཔྱད་ལ་ཤེས་པར་བྱའོ། །ཡན་ལག་མ་ཚང་བའི་སྦོམ་པོའི་བསྐང་ཚད་དང་། དེ་དུས་འདས་ནས་ལྕི་བར་འགྱུར་བའི་བསྐང་ཚད་ནི་དངོས་སུ་མ་བཤད་དེ་འོག་གི་བློས་ཞིབ་ཏུ་དབྱེ་བར་བྱའོ་ཞེས་པ་དང་སྦྱར་རོ། །དེ་ཡང་ལྕི་སྦོམ་གོང་མ་གཉིས་པོ་བས་ཡང་བས་བསྐང་ཚད་དེ་བས་ཆུང་བས་ཆོག་པ་ཡིན་ནོ། །ལྕི་བ་དང་སྦོམ་པོ་མན་ཆད་འཕྲ་བས་གསུམ་ལྡན་ལ་སོགས་པའི་ཁྱད་པར་དང་ལྕི་བ་བཤགས་ཀྱང་སྦོམ་པོའི་ཉེས་པ་གནས་པ་ལ་སོགས་པའི་བྱེ་བྲག་མ་ཕྱེ་བར་ཤེས་པར་བྱའོ། །འཕྲ་མོའི་བསྐང་ཚད་ནི་ཡན་ལག་ཞེས་པ་ལ་སོགས་པ་སྟེ། དམ་ཚིག་བཀོད་པའི་ལུང་ལ་གསུམ་སྟེ། ཉན་པར་བསྐུལ་ནས་དམ་བཅས་པར་ཏེ་གདགས་པ་དང་། དམ་ཚིག་ཉམས་པའི་ཉེས་དམྱིགས་དང་། ཉམས་པ་བསྐང་བའི་ཐབས་སོ། །དེ་ལ་དང་པོ་ནི་གཞན་ཡང་ཞེས་པ་ལ་སོགས་པ་སྟེ་རྩ་བའི་སློབ་དཔོན་ནི་གསུམ་ལྡན་ནམ་ཐོག་མར་དབང་བསྐུར་པ་དེའོ། །དམ་ཚིག་རྫོགས་པར་ཉམས་གྱུར་ན་ཞེས་པ་ནི་སྦྱོར་བ་རྫོགས་པའི་ལྟུང་བ་འབྱུང་ནས། མ་བཤགས་པར་དུས་འདས་པ་སྟེ་དོན་ལ་ཕམ་པ་བྱུང་བའོ། །འོ་ན་ལྟུང་བ་ཞེས་བྱ་བ་དེ་དམ་ཚིག་རྫོགས་པར་ཉམས་པའི་ཉེས་པ་མ་ཡིན་ནམ་ཞེ་ན། དེའི་སྦྱོར་བ་རྫོགས་ཀྱང་དུས་ཀྱིས་མ་རྫོགས་པས། ཐམས་ཅད་ཀྱིས་རྫོགས་པར་ཉམས་པའི་ཉེས་པ་མ་ཡིན་ནོ། །ཉམས་པའི་ཉེས་དམྱིགས་ལ་གཉིས་ཏེ། ཕམ་པའི་ཉེས་དམིགས་དང་། ཡན་ལག་གི་ཉེས་དམྱིགས་སོ། །དེ་ལ་དང་པོ་ནི་རྣལ་འབྱོར་ཞེས་པ་ལ་སོགས་པའོ། །ཡན་ལག་གི་ཉེས་དམིགས་འཆད་པ་ལ་ཡན་ལག་ཞེས་པ་ནི་རྩ་ལྟུང་དང་པོ་དང་པོ་ཉིད་ཀྱི་ཡན་ལག་སྟེ། ལྕི་བ་དང་སྦོམ་པོ་ལ་སོགས་པའོ། །དམྱལ་བ་ཆུང་ངུ་ཞེས་པ་ནི་དམྱལ་བ་མ་ཡིན་པའི་དམྱལ་བ་རྣམས་སོ། །འོ་ན་དམ་ཚིག་རྫོགས་པར་ཉམས་པ་ནི་ཕམ་པ་ལ་ཟེར་ལ། དེའི་ཉེས་དམྱིགས་སམ་འབྲས་བུ་རྡོ་རྗེ་དམྱལ་བར་འདུག །ཡན་ལག་ནི་སྦོམ་པོ་དང་ལྕི་བ་ལ་སོགས་པ་ལ་ཟེར་ལ། དེ་དག་དུས་འདས་པ་འམ་མ་འདས་ཀྱང་རུང་སྟེ། དེའི་ཉེས་དམྱིགས་སམ་འབྲས་བུ་དམྱལ་བ་ཆུང་ངུ་ལ་སོགས་པར་འདུག་ན། རྩ་བའི་ལྟུང་བ་རང་གི་ཉེས་དམྱིགས་སམ་འབྲས་བུ་གང་ཡིན་ཞེ་ན། འདིར་སྨོས་པའི་དམྱལ་བ་ཆུང་ངུ་ཞེས་པ་འདིན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་སློབ་དཔོན་འཇམ་དཔལ་གྲགས་པས་ཕམ་ལྟུང་གཉིས་ཉེས་དམྱིགས་ཐ་དད་དུ་གསུངས་ཏེ། ཇི་སྐད་དུ། ཕམ་པར་གྱུར་པ་ནི་ལོག་སྲེད་ཅན་མ་བཤགས་པ་སྟེ། དེའི་རྣམ་སྨིན་ནི་རྡོ་རྗེ་དམྱལ་བ་མྱོང་བ་ཡིན་ནོ། །ཞེས་པ་དང་། འོ་ན་ཅིའི་ཕྱིར་ལྟུང་བ་བྱ་ཞེ་ན། རྡོ་རྗེ་དམྱལ་བ་མ་ཡིན་པ་མྱོང་ཞེས་བྱ་བའི་དོན་ཏོ། །ཞེས་པའི་ཕྱིར་རོ། །འོ་ན་གོང་བསྡུས་དོན་གྱིས་གོང་ན་མར་ལ། རྩ་བ་ནི་བཅུ་བཞི་པོ་སྟེ། དེ་ཆར་ནས་མ་གསོས་ན་རྡོ་རྗེ་དམྱལ་བར་ལྟུང་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན་མ་འགལ་ཏེ། དེ་ནི་རྩ་ལྟུང་བཅུ་བཞི་པོ་ཐམས་ཅ ད་ལ་འཇིགས་ཤིང་འཛེམ་པར་འགྱུར་བའི་ཆེད་དུ་ཁམ་ཆེ་ཤོས་སྨོས་པ་ཡིན་གསུང་ངོ་། །འོ་ན་དམྱལ་བ་ཆུང་ངུ་ཞེས་པ་དེ་ལྟུང་བ་དང་ཡན་ལག་གཉིས་ཆར་གྱི་ཉེས་དམྱིགས་ཡིན་ན་རྩ་ལྟུང་དང་ཡན་ལག་གི་ཉེས་པ་གཉིས་དམྱིགས་ཁྱད་མྱེད་ཡིན་ནས་ཞེ་ན། དམྱལ་བ་ཆུང་ངུ་ནི་གཅིག་པོ་ཞིག་མ་ཡིན་ཏེ། མནར་མྱེད་དང་རབ་ཚ་ལ་སོགས་པ་ཚེ་རིང་ཐུང་དང་སྡུག་བསྔལ་ཆེ་ཆུང་ཁྱད་ཡོད་པས། ལྟུང་བ་སོགས་ཀྱི་ཉེས་དམྱིགས་ཁྱད་ཡོད་པར་ཤེས་པར་བྱའོ། །ཉམས་པ་བསྐང་བའི་ཐབས་ནི་དེ་དག་ཞེས་པ་ལ་སོགས་པ་སྟེ། གཏོར་མ་ཞེས་པ་ལ་སོགས་པ་འདི་དག་ཀྱང་གང་མོས་རེ་རེའི་དབང་དུ་བྱས་ནས། གྲངས་མ་ཉུང་གི་བྱེ་བྲག་གིས་ཕམ་པ་ལ་སོགས་པ་བསྐོང་བ་ཡིན་ནོ། །དེ་ཡང་གསུམ་ལྡན་གྱི་དབང་དུ་བྱས་ན་ཕམ་པ་ནི་གཏོར་མ་བྱེ་བ་ཕྲག་གསུམ་གྱིས་འདག །རྩ་ལྟུང་བྱེ་བ་ཕྲག་གཅིག་གིས་འདག །དེ་བཞིན་དུ་སྦྱར་ཏེ། འཕྲ་མོ་ཀུན་གཏོར་མ་བཅུ་བཅུས་འདག་གོ། །སྦྱིན་བསྲེག་དཀྱིལ་འཁོར་རིག་པ་གསུམ་ཡང་གོང་མས་བསྒྲོས་ལ་ཤེས་པར་བྱའོ། །འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་ལུང་ལ་བཞི་སྟེ། མ་བསྐང་བའི་ཉེས་པ་དང་། བསྐང་པའི་ཐབས་དང་། ལྟུང་བ་མི་འབྱུང་བར་བྱ་བའི་བསླབ་བྱ་དང་། ཉེས་པ་མྱེད་པ་བསྟན་པའོ། །དེ་ལ་དང་པོ་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྦྱོར་བ་དངོས་གཞི་རབ་རྫོགས་པས། རྩ་བ་ཉམས་འགྱུར་ན་ཞེས་པ་ནི་སྦྱོར་བ་ཡོངས་སུ་རྫོགས་པའི་ལྟུང་བ་བྱུང་བའོ། །ཡན་ལག་ཉམས་གྱུར་ན་ཞེས་པ་ནི་དང་པོའི་ཡན་ལག་སྟེ་སྦོམ་པོ་ལ་སོགས་བྱུང་བའོ ། །བློང་ན་སློབ་མ་ཞེས་པ་ནི་ཉམས་པ་པོ་དེའོ ། །བཤགས་པར་བྱ་ཞེས་པ་ནི་གདམས་པའོ། །གལ་ཏེ་བཤགས་དུས་འདས་ན་ཞེས་པ་ནི་གཉིས་ཏེ། ཐུན་ཚོད་ཀྱི་དུས་འདས་པ་དང་། ཚེའི་དུས་འདས་པའོ། །དེ་ལ་དང་པོ་ནི་ལོ་གསུམ་ཕྱིན་ཆད་འདས་པ་སྟེ། རྩ་ལྟུང་དུས་འདས་པ་ནི་ཕམ་པར་འགྱུར་ལ། སྦོམ་པོ་དུས་འདས་པ་ནི་ལྕི་བར་འགྱུར་རོ། །ཚེའི་དུས་འདས་པ་ནི་ཤི་འཕོས་པའོ། །ཕྱིའི་རྒྱ་མཚོ་ལ་སོགས་པས་རྡོ་རྗེ་དམྱལ་བའི་ཚེ་ཚད་དང་བཅས་པ་སྨོས་པ་ནི། འདིར་རྩ་ལྟུང་དུས་འདས་དང་། ཡན་ལག་དུས་འདས་གཉིས་བྱེ་བྲག་མ་ཕྱེ་བའི་འབྲས་བུ་འམ་རྣམ་སྨིན་དུ་བསྟན་ནས་འདུག་སྟེ། འདིའི་དགོངས་པ་ནི་ཕྲ་མོ་ཡན་ཆད་ཉེས་པ་ཐམས་ཅད་ལ་འཇིགས་ཤིང་འཛེམ་པར་བྱ་བའི་ཆེད་དུ་འཇིགས་ཤོས་སམ་ཁམ་ཆེ་ཤོས་སྨོས་པ་ཡིན་ནོ། །དོན་གྱི་ངོ་བོ་ལ་གོང་གི་དམ་ཚིག་བཀོད་པའི་ལུང་དང་། སློབ་དཔོན་འཇམ་དཔལ་གྲགས་པ་ཉིད་ཀྱིས་གོང་དང་འོག་ཏུ་གསུངས་པ་ལྟར་ཡིན་ཏེ། རྩ་ལྟུང་དུས་འདས་པ་ནི་ཕམ་པ་ཡིན་ལ། དེའི་འབྲས་བུ་འམ་རྣམ་སྨིན་རྡོ་རྗེ་དམྱལ་བ་ཡིན་ནོ། །རྩ་ལྟུང་དུས་མ་འདས་པ་དང་ཡན་ལག་གི་ཉེས་པ་ཆེ་རིམས་རྣམས་ཀྱི་འབྲས་བུ་འམ་རྣམ་སྦྱིན་དམྱལ་བ་ཆུང་ངུན་ཡིན་ནོ། །ཡན་ལག་གི་ཉེས་བྱས་ཕྲ་མོའི་འབྲས་བུ་འམ་རྣམ་སྦྱིན་ནི་གྲང་སྦྲིབས་ཀྱི་ཡི་དྭགས་དང་བྱོལ་སོང་ཡིན་ནོ། །བསྐང་བའི་ཐབས་ལ་གཉིས་ཏེ། ལྟུང་བའི་བསྐང་ཐབས་དང་། ཕྲ་མོའི་བསྐང་ཐབས་སོ། །དང་པོ་ལ་གསུམ་ལས། སློབ་དཔོན་གསུམ་ལྡན་ལ་རྟེན་ནས་ལྟུང་བ་བྱུང་བའི་བསྐང་ཐབས་ནི་རྡོ་རྗེ་འཛིན་པ་ཞེས་པ་ལ་སོགས་པ་སྟེ། དྲང་སྲོང་ནི་བྱང་ཆུབ་སེམས་དཔའ་སྟེ། སེམས་ཅན་འཁོར་བའི་ལམ་འཁྱོག་པོ་ལ་ཞུགས་པ་རྣམས། བྱང་ཆུབ་ཀྱི་ལམ་དྲང་པོ་ལ་སྲོང་བའི་ཕྱིར་རོ། །སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། གཞན་ལ་ཕན་བདེའ་འབྱུང་བའི་བྱ་བ་ཐམས་ཅད་དོ། །སློབ་དཔོན་གཉིས་ལྡན་ལ་རྟེན་ནས་ལྟུང་བ་བྱུང་བའི་བསྐང་ཐབས་ནི་དེ་བཞིན་གཉིས་ལྡན་གསུམ་སྟེ། མཁས་པས་རབ་ཏུ་བཤགས་པར་བྱ་ཞེས་པ་སྟེ། དེ་ཡང་དེ་བཞིན་ཞེས་པ་ནི་གསུམ་ལྡན་གྱི་བསྐང་ཚད་དག་དེ་བཞིན་དུ་ཡིན་ན་ཞེས་བྱ་བའོ། །གཉིས་ལྡན་ཞེས་པ་ནི་ཏག་གཉིས་ལྡན་ལ་རྟེན་ནས་ལྟུང་བ་བྱུང་ན་ཇི་ལྟར་བསྐང་ཞེས་བྱ་བར་དྲིས་པའོ། །དེའི་ལན་ནི་གསུམ་ལྡན་ལས་དྲས་ཏེ་མཁས་པས་རབ་ཏུ་བཤགས་པར་བྱ་ཞེས་བྱ་བའོ། །དྲ་ལུགས་ནི་གསུམ་ལྡན་གྱི་བསྐང་ཚད་ཀྱི་སུམ་གཉིས་ཀྱིས་བསྐང་པའོ། །བྱེ་བྲག་པའི་ལྟུང་བའི་བསྐང་ཚད་ནི་རྡོ་རྗེ་འཛིན་པ་ཞེས་པ་ལ་སོགས་པ་སྟེ། ལས་ཀྱི་ཆོ་ག་ཞེས་པ་ནི་བཤགས་ཐབས་སོ། །རབ་དཔྱད་དེ་ཞེས་པ་ནི་རྟག་དཔྱད་བྱ་བའོ། །སྤྱར་ལུགས་ནི་རྩ་བ་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་གཉིས་ལྡན་གསུམ་ལྡན་ཏེ། མཁས་པས་དབང་དུ་བཤགས་པར་བྱ་ཞེས་པ་ནི། གོང་མ་དེ་བཞིན་དུ་འདི་ཡང་གཉིས་ལྡན་དང་གསུམ་ལྡན་ལས་དྲས་ཏེ་མཁས་པས་རབ་ཏུ་བཤགས་པར་བྱ་ཞེས་བྱའོ། །དྲ་ལུགས་ནི་གཉིས་ལྡན་གྱི་བསྐང་ཚད་ཀྱི་སྤྱོད་དམ་གསུམ་ལྡན་གྱི་བསྐང་ཚད་ཀྱི་སུམ་ཆས་བསྐང་བའོ། །དེ་དག་གིས་ལྟུང་བའི་བསྐང་ཚད་བསྟན་ཏོ། །ཕ་མ་དང་། ལྟུང་བ་དང་། སྦོམ་པོ་དང་། ལྕི་བ་རྣམས་ཀྱི་བསྐང་ཚད་ཀྱང་། བློ་དང་ལྡན་པས་རབ་དཔྱད་དེ། མཁས་པས་རབ་ཏུ་བཤགས་པར་བྱ། ཞེས་པའི་ཁོག་ན་ཡོད་པ་ཡིན་ནོ། །དཔྱད་ལུགས་ནི་སློབ་དཔོན་འཇམ་དཔལ་གྲགས་པས་གོང་དུ་གསུངས་པ་ལྟར་ཡིན་ནོ། །འཕྲ་མོའི་བསྐང་ཐབས་ནི་ཁ་ན་མ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདོད་ཆགས་ཆོས་ཀྱིས་སྦས་པ་ནི་དབང་བསྐུར་གྱི་དབང་དུ་བྱས་ན་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ལ། ལམ་གྱི་དབང་དུ་བྱས་ན་ཚོགས་འཁོར་དང་རིག་པ་བཏུལ་ཞུགས་ཀྱི་སྤྱོད་པ་སྟེ། ཚོགས་ལ་མངོན་དུ་མི་འགྱུར་བའི་ཕྱིར་སྦས་པའོ། །ཀུན་རྫོབ་ཀྱི་བདེན་པས་སྦས་པ་ནི་ལམ་གྱི་དབང་དུ་བྱས་ན་སྒྱུ་ལུས་ཏེ། གཟུགས་སྐུའི་སྙིང་པོ་ཡོད་པས་སྦས་པའོ། །སེམས་གསུམ་གྱིས་སྦས་པ་ནི་ལམ་གྱི་དབང་དུ་བྱས་ན་སེམས་དབེན་གྱི་གནས་སྐབས་ཏེ། ཆོས་ཀྱི་སྐུའི་སྙིང་པོ་ཡོད་པས་སྦས་པའོ། །ཚོང་འདུས་ཀྱི་ནི་འོ་མ་བཞིན། བསླད་ནས་ཐུར་དུ་ལྟུང་བར་བྱེད། ཞེས་པ་ནི་ལད་ཅིང་ཉམས་པའི་དཔེ་དོན་ཏེ། མདོའ་སྡེ་མྱ་ངན་འདས་ཆེན་ལས། འབྲོག་འཇོངས་ཀྱི་ཕྱུག་རྫིའུ་གྱི་ཕྱུག་མ་ལ་འོ་བཞོས་ནས་རི་བྲགས་ཀྱི་གྲོང་ཁྱེར་དུ་ཀྱེལ་ལོ། །དེ་བས་འོ་མ་ཕྲི་ཆུ་བླུགས་ནས་ལུང་ཕུགས་ཀྱི་གྲོང་དུ་འཚང་ངོ་། །དེ་བས་འོ་མ་ཕྲི་ཆུ་བླུགས་ནས་ལུང་སྐེད་ཀྱི་གྲོང་དུ་འཚོང་ངོ་། །དེ་བས་འོ་མ་ཕྲི་ཆུ་བླུགས་ནས་ཚོང་འདུས་སུ་འཚོང་སྟེ། དེ་ཙམ་ན་དགོས་པའི་ཁར་བབ་ནས་ཉེས་ཀྱང་། ཁར་མཐུངས་པའི་འོ་མའི་རོ་བྲོ་བ་མྱེད་དོ། །དེ་བཞིན་དུ་ང་མྱ་ངན་ལས་འདས་ནས་དགེ་སློང་སྡིག་ཅན་གྱིས། སངས་རྒྱས་ཀྱི་དགོངས་ཏེ་གསུང་པའི་དོན་ཟབ་མོ་དེ་མྱེད་པར་བྱས་ཀྱི། འཇིག་རྟེན་གྱི་སྙན་ཚིག་བཏགས་ནས་ཆོས་ལད་པར་བྱས་པས་ངན་སོང་དུ་ལྟུང་ངོ་། །ཞེས་འབྱུང་ངོ་། །བླ་མའི་བཀའ་ལས་འདས་པ་ལྟུང་བ་གང་དུ་བཞག་པ་འཆད་པ་ནི་རྒྱུད་གཞན་ལས་ཞེས་པ་ལ་སོགས་པ་སྟེ། འོ་ན་དམ་པ་དང་པོའི་རྒྱུད་ལས་བླ་མའི་བཀའ་ལས་འདས་པ་ལྟུང་བ་གཉིས་པར་བཤད་ལ། འདི་ནས་བདེ་གཤེགས་ཀྱི་བཀའ་ལས་འདས་པ་ལྟུང་བ་གཉིས་པར་བཤད། དེ་གཉིས་མ་འགལ་ལམ་གང་བདེན་ཞེ་ན། མ་འགལ་ཏེ། དམ་པ་དང་པོར་གསུངས་པས་འདིའི་ལྟུང་བ་དང་པོའི་ཕྱོགས་སུ་འདུ་མ། འདི་ནས་གསུངས་པ་དེ་སློབ་དཔོན་དང་བདེའ་བར་གཤེགས་པ་ཐ་དད་མྱེད་པར་གཅིག་པར་སྟོན་ཏེ། དེ་བཤད་ན། རྒྱུད་གཞན་ལས་གཞེས་པ་ནི་དམ་པ་དང་པོའི་རྒྱུད་ལས་སོ། །དེའི་ཞེས་པ་ནི་སློབ་དཔོན་དེའི་སྟེ། ཚིག་དེའི་གོང་ན་བླ་མ་སྨོས་ནས་ཡོད་པའི་ཕྱིར་རོ། །བཀའ་ཞེས་པ་ནི་སློབ་དཔོན་གྱི་བཀའོ། །དེ་ཡང་སྤྱིར་བཀའ་གཉིས་ཡོད་དོ། །འཕྲལ་གྱི་བྱ་བ་བསྒོ་བའི་བཀའ་དང་། དམ་ཆོས་གདམས་པའི་བཀའོ། །དེ་ལ་དང་པོ་ནི་ཁྱོད་ཀྱིས་ད་ལྟ་ཉིད་དུ་འདི་གྱིས་ཤིག་ཅེས་བགོ་བ་དང་། མ་བྱེད་ཅེས་བགོ་བ་ལ་སོགས་པའོ། །གཉིས་པ་ནི་སློབ་དཔོན་གྱི་ཞལ་ནས་གསུངས་པའི་དྲང་དོན་དང་ངེས་དོན་ལ་སོགས་པ་ཡང་དག་པའི་གདམས་པ་རྣམས་སོ། །དེ་ལྟར་བཀའ་གཉིས་ལས་འདི་ནི་བཀའ་དང་པོ་དེའོ། །རྒྱུད་དེའི་འགྲེལ་པ་ལས་ཀྱང་དེ་བཞིན་དུ་གསལ་ལོ། །འདས་ཞེས་པ་ནི་བཀའ་དང་པོ་དེ་ལས་འདས་པ་སྟེ། བྱོས་ཤིག་པར་བགོ་བ་དེ་ནི་མ་བྱས། མ་བྱེད་པར་བགོ་བ་དེ་ནི་བྱས་པ་ལ་སོགས་པའོ། །ལྟུང་བ་མྱིག་དུ་བརྗོད་པ་ཡིན་ཞེས་པ་ནི་མྱིག་གཉིས་ཡོད་པས་རྩ་ལྟུང་གཉིས་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཞེས་བསྟན་པ་ལྟར་ན་ཡང་། སློབ་དཔོན་གྱི་བཀའ་ལས་མི་འདའ་བར་བཤད་པ་སྟེ། ཞེས་པ་ནི་ཚིག་དེ་གཉིས་ཀྱི་དོན་གོ་སྟེ། རྒྱུད་དེ་ནས་སློབ་དཔོན་གྱིས་བྱས་པ་བགོའ་བའི་བཀའ་ལས་འདས་ན་རྩ་ལྟུང་གཉིས་པར་བཤད་དེ་ཞེས་བྱ་བའོ། །ད་རྒྱུད་དེའི་ལུགས་དང་འདིར་བཤད་པའི་ལུགས་སྦྱར་ན། ལྟུང་བ་དང་པོའི་བཤད་པ་དང་ཤན་འདྲ་བས་ཞེས་པ་སྟེ། སློབ་དཔོན་གྱིས་བྱ་བ་བགོ་བའི་བཀའ་ལས་འདས་པ་དེ། ལུགས་འདིའི་དབང་དུ་བྱས་ན་རྩ་ལྟུང་དང་པོའི་ཤན་འདྲ་ཡིན་ཞེས་བྱ་བའི་དོན་ཏོ། །སྤྱིར་ཤན་འདྲ་ལ་ཡང་བཞི་ཡོད་པ་ལས། སློབ་དཔོན་པའི་ཞལ་ནས་འདི་ཡུལ་གྱི་ཤན་འདྲ་ཡིན་གསུང་སྟེ། སྙིང་པོའི་རྒྱན་ལྟར་ན་འདི་བསམ་པའི་ཤན་འདྲར་ཡོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བཀའ་ལས་འདའ་བདེའི་ཁོག་ན་སྨོན་ལ་མ་གུས་པ་འམ་བརྙས་པའི་བསམ་པ་ཡོད་པའི་ཕྱིར་རོ། །ཕྱོགས་སུ་བསྡུ་བར་བྱའོ་ཞེས་པ་ནི་དོན་དེ་འདིའི་དབང་དུ་བྱས་ན་ལྟུང་བ་དང་པོའི་ཕྱོགས་སུ་བསྡུ་བའི་དོན་ཏོ། །ད་ནི་བཀའ་ཕྱི་མ་དམ་ཆོས་ལ་སོགས་ཞེས་པ་རྩ་བའི་རླུང་ལྔ་ནི་ཀ་ཏེ་ཁྱ་ཐུར་སེལ་གྱི་རླུང་། ཀོ་ཏ་མེ་དང་མཉམ་མ། ཀ་གྱེན་རྒྱུ་ཏ། ཀ་ཏ་སྲོག་འཛིན་ཤ྄ཐ།྅྅྅ ཀུ་ཏི་ར་ཁྱབ་བྱེད་ག་ད། ཀ་ལ་ཡན་ལག་གི་རླུང་ལྔ། རྣམ་པར་རྒྱུ་བ་ཁྱ། ཀོ་ལ་ཡང་དག་པར་རྒྱུ་བ་བ། ཀོ་ལ་རབ་དུ་རྒྱུ་བ་རྒོལ། བ་ཤ྄ཐ་྅྅྅ཀ་ངོས་པར་རྒྱུ་བ་ལ། ཤིན་ཏུ་རྒྱུ་བ་སྟ་ཐ་རྣམས་སོ། ༈ །དང་པོ་ངོ་བོའི་ཚིག །གཉིས་གང་ན་བྱེད་པར་དམྱིགས་པའི་ཚིག །གསུམ་གང་གིས་བྱེད་པ་བྱེད་པའི་ཚིག །བཞི་གང་གིས་ཕྱིར་བྱེད་པ་ཆེད་དུ་བྱ་བའི་ཚིག །ལྔ་པ་གང་ལས་བྱེད་པ་འབྱུང་གནས་ཀྱི་ཚིག །དྲུག་གང་གི་བྱེད་པ་འབྲེལ་པའི་ཚིག །བདུན་པ་གང་ན་བྱེད་པ་གནས་གཞིའི་ཚིག །བརྒྱད་གང་ཞེས་བྱ་བ་བྱེད་པ་གཏགས་པའི་ཚིག །བྱེད་པའི་ཚིག་བརྒྱད་དོ། །གདམས་པའི་བཀའི་དབང་དུ་བྱས་ནས་འཆད་དེ། འདིའི་དགོངས་པ་ནི་ཞེས་པ་ནི་བདེ་གཤེགས་ཀྱི་བཀའ་ལས་འདས་པ་ལྟུང་བ་གཉིས་པར་བསྟན་པ་འདིའི་འོ། །སློབ་དཔོན་དང་རྡོ་རྗེ་འཛིན་པ་ཐ་དད་དུ་མྱེད་པས་ཞེས་པ་ནི་དེ་གཉིས་དབྱེར་མྱེད་དེ་གཅིག་པའི་དོན་ཏོ། །རྒྱུད་ལས་ཀྱང་། སློབ་དཔོན་ནི་རྡོ་རྗེ་འཛིན། ཐ་དད་པར་ནི་མི་རྟག་གོ། །ཞེས་གསུངས་སོ། །དྲུག་པའི་སྒྲས་གཞི་གཅིག་པར་བསྡུས་པ་ཡིན་ནོ་ཞེས་པ་འདིའི་ནི་དེ་གཅིག་པའི་ལུགས་སྟོན་ཏེ། དེ་ཡང་དྲུག་པའི་སྒྲ་ཞེས་པ་ནི་སྒྲའི་བསྟན་ཆོས་ལས། དྲུག་པ་འབྲེལ་པའི་ཚིག་དང་། བདུན་པ་གནས་གཞིའི་ཚིག་ལ་སོགས་པ་བྱེད་པའི་ཚིག་བརྒྱད་བྱ་བ་བཤད་ནས་ཡོད་དེ། འདི་དྲུག་པ་འབྲེལ་པའི་ཚིག་ཡིན་ཏེ། སློབ་དཔོན་དང་རྡོ་རྗེ་འཛིན་པ་འབྲེལ་པ་ཡོད་ཞེས་བྱ་བའི་དོན་ཏོ། །འབྲེལ་པ་ལ་ཡང་བདག་ཉིད་གཅིག་པའི་འབྲེལ་པ་དང་། དེ་ལས་བྱུང་བའི་འབྲེལ་པ་གཉིས་ཡོད་པ་ལས་གཞིག་པར་བསྡུ་ཞེས་གསུངས་པས་འདི་གཉིས་བདག་ཉིད་གཅིག་པའི་འབྲེལ་པ་ཡོད་པའོ། །དེས་ན་སློབ་དཔོན་དང་རྡོ་རྗེ་འཛིན་པ་གཞི་གཅིག་པར་བསྡུ་ཞེས་གསུངས་པ་འདི་གཉིས་བདག་ཉིད་གཅིག་པར་འབྲེལ་པ་ཡོད་པའོ། །དེས་ན་སློབ་དཔོན་དང་རྡོ་རྗེ་འཛིན་པ་བདག་ཉིད་གཅིག་པའོ། །ཡང་ན་དྲུག་པ་ལ་གཉིས་ཡོད་པ་ལས། འདི་གཞི་མཐུན་གྱི་དྲུག་པ་སྟེ། དཔེར་ན་ཨུད་པ་ལའི་སྔོན་པོ་ཞེས་པ་ལྟ་བུ་ཡིན་གསུང་ངོ་། །བདག་ཉིད་གཅིག་པའོ། །ཡང་ན་དྲུག་པ་ལ་གཉིས་ཡོད་པ་ལས། འདི་གཞི་མཐུན་གྱི་དྲུག་པ་སྟེ། དཔེར་ན་ཨུད་པ་ལའི་སྔོན་པོ་ཞེས་པ་ལྟ་བུ་ཡིན་གསུང་ངོ་། །དེས་ན་ཨུད་པ་ལ་དང་སྔོན་པོ་ཐ་དད་མྱེད་པས་གཞི་གཅིག་པ་ཡིན་པ་ལྟར། སློབ་དཔོན་དང་རྡོ་རྗེ་འཛིན་པ་ཡང་ཐ་དད་མྱེད་དེ་གཞི་གཅིག་པ་ཡིན་ནོ། །དེ་ལྟར་སློབ་དཔོན་དང་རྡོ་རྗེ་འཆང་གཅིག་པས་ན། སློབ་དཔོན་གྱིས་དྲང་དོན་དང་ངེས་དོན་ལ་སོགས་ཡང་དག་པའི་གདམ་ངག་གསུངས་བ་ལ། བདག་ཅག་གིས་སློབ་དཔོན་གྱི་བཀའ་ཡང་དག་པར་བོར་ནས་ལོག་པར་ཕྱད་བས་ཀྱང་། བདེ་གཤེགས་བཀའ་འདས་ཀྱི་ལྟུང་བ་སྟེ། ལྟུང་བ་གཉིས་པར་འགྱུར་བའོ། །དེས་ན་སློབ་དཔོན་གྱི་བཀའ་ལ་གཉིས་སུ་བྱས་ནས། འཕྲལ་གྱི་བྱ་བ་བགོ་བའི་བཀའ་ལས་འདས་ན་ལྟུང་བ་དང་པོའི་ཕྱོགས་སུ་བསྡུ་ལ། དམ་ཆོས་གདམས་པའི་བཀའ་ལས་འདས་ན་ལྟུང་བ་གཉིས་པ་ཡིན་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཞེས་པ་ལ་སོགས་པ་ལྟུང་བ་གཉིས་པ་འདི་ཁོ་ནའི་བཤད་པར་མ་ཟད་དེ། ལྟུང་བ་ཐམས་ཅད་ཀྱི་སྤྱི་བཤད་དུ་ཡོང་བ་ཡིན་ནོ། །གང་དང་གང་ལ་ཞེས་པ་ནི་བྱ་བ་གང་དང་གང་ལའོ། །ཁྱད་པར་དུ་དགག་པ་ཡོད་པ་ཞེས་པ་ནི་དེ་བྱས་ན་ཉེས་པར་འགྱུར་བས་ཆོས་ན་མར་ལ་ཁྱད་པར་དུ་བཀག་ནས་ཡོད་པ་དག་གོ། །བཤགས་ཚད་དང་ལྡང་ཚད་ཀྱང་ཤེས་པར་བྱའོ་ཞེས་པ་ནི་བཀག་ནས་ཡོད་པ་དེ་བྱས་ན་བཤགས་ལྡང་དགོས་པའི་དོན་ཏོ། །བཤགས་ལྡང་གང་ལས་ཤེས་པར་བྱ་ན། དེ་རྣམས་ལས་སོ། །དེ་རྣམས་བཤད་པ་ལ། ཞིང་ནི་ཡུལ་ཆེ་ཆུང་ངོ་། །བསམ་པ་ནི་ཉོན་མོངས་པ་དྲག་ཞན་ནོ། །སྦྱོར་བ་ནི་གསུམ་འཛོམ་མ་འཛོམ་མོ། །རྐྱེན་ནི་བཤགས་པའི་ཡུལ་ལ་སོགས་པ་འཛོམ་མ་འཛོམ་མོ། །དུས་ནི་ལོ་གསུམ་འདས་མ་འདས་ཀྱིས་སོ། །དེ་རྣམས་ཀྱིས་ཉེས་པ་ཆེ་ཆུང་རྟོགས་པར་བྱས་ལ། བཤགས་ལྡང་ཆེ་ཆུང་ཤེས་པར་བྱའོ། །གནང་བ་ནི་སློབ་དཔོན་ལ་སོགས་པས་གནང་བ་སྟེ། བཤགས་ལྡང་མི་དགོས་སོ། །གང་ལ་ཞེས་པ་ནི་བྱ་བ་གང་ལའོ། །ཁྱད་པར་དུ་དགག་པ་མྱེད་པ་ཞེས་པ་ནི་བྱས་ཀྱང་ཉེས་པར་མི་འགྱུར་བས་བཀག་པ་མྱེད་པ་དག་གོ། །ལྟུང་བ་འདི་ཐམས་ཅད་ཞེས་པ་ནི་བཀག་མྱེད་དེ་བྱས་པས་ལྟུང་བ་འབྱུང་བ་ལྟ་བུར་སྣང་བ་ཐམས་ཅད་དོ། །ཕྱོགས་སུ་བསྡུ་མ་ཤེས་པར་བྱའོ་ཞེས་པ་ནི་ཉེས་པ་མྱེད་པའི་ཕྱོགས་སུ་བསྡུ་བ་ཡིན་པས་བཤགས་ལྡང་མི་དགོས་པའི་དོན་ཏོ། དེའི་ནུས་པའི་ཁྱད་པར་དང་ཞེས་པ་ནི་དཔེར་ན་འོ་མ་ལ་མར་དང་པོ་ནས་ཁྱབ་ནས་ཡོད་པས་མར་འབྱུང་བའི་ནུས་པ་ཡོད་པ་བཞིན་དུ། སེམས་ཅན་མ་མི་རྡོག་པའི་ཡེ་ཤེས་དེ་དང་པོ་ནས་ཁྱབ་ནས་ཡོད་པས་སངས་རྒྱས་འབྱུང་བའི་ནུས་པ་ཡོད་པ་ཡིན་ནོ། །ཡོན་ཏན་གྱི་ཁྱད་པར་ལ་ཞེས་པ་ནི་དཔེར་ན་འོ་མ་དེ་སྐྱེས་བུའི་བརྩོལ་བས་བཀྲོགས་པའི་ཡོན་ཏན་གྱིས་མར་མངོན་པར་འགྱུར་བ་བཞིན་དུ། གང་ཟག་གིས་ལམ་ཉམས་སུ་བླངས་པའི་ཡོན་ཏན་གྱིས་ལམ་མངོན་པར་འགྱུར་བ་ཡིན་ནོ། །ཇི་ལྟ་བུར་མངོན་ན་འཆད་པ་ལ། ལྟུང་བ་ལྔ་བའི་ཡུལ་དོན་དམ་བྱང་ཆུབ་ཀྱི་སེམས་དང་། དགུའ་པའི་ཡུལ་རང་བཞིན་གྱིས་དག་པའི་ཆོས་དང་། བཅུ་གཅིག་པའི་ཡུལ་མི་བསོགས་བྲལ་བའི་ཆོས་དོན་གཅིག་སྟེ། རྩ་ལྟུང་ལྔ་པར་ནི་དོན་དེ་སྨོན་འཇུག་གཉིས་ཀྱིས་མ་བསྒོམས་ན་ལྟུང་བར་འགྱུར་བར་བཤད་པ་ཡིན་ནོ། །རྩ་ལྟུང་དགུ་པར་ནི་དོན་དེ་ལ་སོམ་ཉིད་ཟོས་པས་ལྟུང་བར་འགྱུར་བར་བཤད་པ་ཡིན་ནོ། །རྩ་ལྟུང་བཅུ་གཅིག་པར་ནི་དོན་དེ་ལ་ཕྱིན་ཅི་ལོག་ཏུ་བརྟགས་པས་ལྟུང་བར་འགྱུར་བར་བཤད་པ་ཡིན་ནོ། །དཀྱིལ་འཁོར་གྱི་གཙོ་བོ་འཕོ་བ་ཞེས་པ་ནི་དཔལ་དགྱེས་པ་རྡོ་རྗེ་ལྟ་བུ་ལ་སྦྱར་ན། དེ་ལ་ཡང་རིགས་བྱེ་བྲག་པ་དང་རིགས་བསྡུས་གཉིས་ལས། རིགས་བྱེ་བྲག་པའི་དབང་དུ་བྱས་ན། སྔར་དགྱེས་རྡོར་ཞལ་གཅིག་ཕྱག་གཉིས་བས་གཙོ་བོ་བྱས་པའི་ལྷ་དགུའི་དཀྱིལ་འཁོར་ལ་ཡི་དམ་བྱེད་པ་ཡིན་པ་ལ། ཕྱིས་གཙོ་བོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྟ་བུ་ལ་མོས་ནས་འཕོ་ནའོ། །ཚུལ་དེ་ཉིད་ཞེས་པ་ནི་ཡེ་ཤེས་སེམས་པ་འཇུག་པའི་དུས་སུ་སྔར་གྱི་ཞལ་གཅིག་ཕྱག་གཉིས་པ་ཡང་སྤྱན་དྲངས་ནས་ཕྱི་མ་ལ་འཇུག་པ་སྟེ། དེས་ཉེས་པ་མྱེད་ཅིང་ཁྱད་པར་དུ་འགྲུབ་པའི་དོན་ཏོ། །ཡང་རིགས་བསྡུས་བསྒོམ་པའི་དབང་དུ་བྱས་ན་སྔར་རྣམ་པར་སྣང་མཛད་དགྱེས་བ་རྡོ་རྗེས་གཙོ་བོ་བྱས་ནས་རིགས་བསྡུས་བསྒོམ་པ་ལ། ཕྱིས་གཙོ་བོ་མི་བསྐྱོད་དགྱེས་པ་རྡོ་རྗེ་ལ་མོས་ན ། མི་བསྐྱེད་དགྱེས་པ་རྡོ་རྗེ་དབུས་ཀྱི་ལེང་ཙེ་ལ་བསྒོམས་ནས་གཙོ་བོ་བྱས་ཏེ། རྣམ་སྣང་དགྱེས་རྡོར་ཤར་གྱི་ལེང་ཚེ་ལ་སོགས་ཀྱང་ཉེས་པ་མྱེད་པའི་དོན་ཏོ། །ཆགས་བཅས་ནོར་བུ་འདས་པ་དང་ཞེས་པ་ནི་འཁྲིག་པའི་ཆོས་སོ། །དེ་ཡང་ནོར་བུ་ནི་སྐྱེས་པའི་གསང་གནས་སོ། །འདས་པ་ནི་རྨའི་སྒོ་གསུམ་དུའོ། །ཆགས་བཅས་ནེ་དགའ་བ་ཉམས་སུ་མྱོང་བའོ། །རིན་ཐང་ཚང་བ་ཐོབ་བློ་ལྡན་ཞེས་པ་ནི་མ་བྱིན་བར་ལེན་པའོ། །དེ་ཡང་རིན་ཐང་ཚང་ཚང་བ་ནི་འགྲོན་བུ་ཀར་ཤ་པ་ནའི་བཞི་ཆ་སྟེ། དུས་ད་ལྟའི་དབང་དུ་བྱས་ན་འགྲོན་བུ་སུམ་བརྒྱ་དྲུག་བཅུ་ཡོད་དོ། །དེ་ཡང་ནོར་བདག་གཅིག་ལ། རྐུན་མ་གཅིག་གིས། སྦྱོར་བ་གཅིག་གམ། གནས་གཅིག་ཏུ་ལ་སོགས་པའོ། །ཐོབ་བློ་ནི་གོ་སླའོ། །ཤེས་བཞིན་མི་གཞན་བསད་པ་དང་ཞེས་པ་ནི་སྲོག་གཅད་པའོ། །དེ་ཡང་ཤེས་བཞིན་ཡོད་པ་ནི་བསད་སེམས་ཡོད་པའོ། །མི་ཞེས་པ་ནི་དམྱལ་བ་ལ་སོགས་པ་འགྲོ་བ་གཞན་མ་ཡིན་པའོ། གཞན་ཞེས་པ་ནི་རང་མ་ཡིན་པའོ། །མི་ཆོས་བླ་མ་ང་རྒྱལ་མྱེད་ཞེས་པ་ནི་བརྫུན་དུ་སྨྲ་བའོ། །དེ་ཡང་མི་ཆོས་བླ་མ་ནི་བསམ་གཏན་དང་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་རང་ལ་མྱེད་བཞིན་དུ་ཡོད་པ་སྐད་སྨྲས་པའོ། །ང་རྒྱལ་མྱེད་པ་ནི་དེ་དག་ཎ་ཀྱང་ཡོད་དམ་ཡང་སྙམ་པའོ་ང་རྒྱལ་མྱེད་པའོ། །ཁུ་བ་འབྱིན་ལ་སོགས་པ་རྣམས་ཞེས་པ་ནི་དགེ་འདུན་གྱི་ལྷག་མ་རྣམས་སོ། །ཆོས་འདུལ་འདི་ལ་རྩ་བ་འཆད་ཞེས་པ་ནི་འདི་དག་གིས་ཕམ་བ་འམ། ཕམ་འདྲའི་ཉེས་བྱས་ཡོང་བའི་དོན་ཏོ། །གཙང་མའི་གྲོགས་དང་འགྲོགས་དགོས་པའི་རྒྱུ་མཚན་ནི་དཔེར་ན་འཁོར་ལོ་གཅིག་པའི་ཤིང་རྟ་དེ་ལམ་ལ་འགྲོ་བར་མི་ནུས་ལྟར། བསྒྲུབ་པ་པོ་གྲོགས་དང་བྲལ་བའི་གང་ཟག་ནི་ལམ་ལ་བགྲོད་པར་མི་ནུས་པའོ། །དེ་ལྟར་ཡང་ཀྲི་ཡ་དཔུང་བཟངས་ལས། ཇི་ལྟར་འཁོར་ལོ་གཅིག་པའི་ཤིང་རྟ་ནི། རྟ་དང་ལྡན་ཡང་ལམ་དུ་འགྲོ་མི་འགྱུར། དེ་བཞིན་བསྒྲུབ་པ་པོ་ལ་གྲོགས་མྱེད་ན། ལུས་ཅན་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །ཞེས་གསུངས་སོ། །ཚད་མའི་ལྡན་པ་འགལ་བ་མི་འཁྲུལ་བའི་གཏན་ཚིགས་ནི། ཕྱི་འདི་ཆོས་ཅན། ཐམས་ཅད་ཡོད་དོ་ཞེས་བྱ་བར་དམ་བཅའ། གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་སོ། །དེ་ལ་རྟོག་མྱེད་ནི་བསྒོམ་པའོ། །ཐབས་ནི་སྤྱོད་པའོ། །ཤེས་རབ་ནི་ལྟ་བའོ། །དུས་ཤེས་པ་ནི་རྟོག་མྱེད་ཀྱི་བསྒོམ་པས་གོམས་པར་བྱེད་པ་སྟེ་དང་པོའི་ནུས་སོ། །ཐབས་ཀྱི་སྤྱོད་པས་རོ་སྙོམ་པ་སྟེ་བར་གྱི་དུས་སོ། །ཤེས་རབ་ཀྱི་ལྟ་བས་རྒྱས་འདེབས་པ་མཐར་གྱི་དུས་སོ། །དངོས་པོ་རྒྱུ་འདྲ་ནས་ཡན་ལག་གོ། །ཡན་ཆད་དམ་ཚིག་ཏེ། དངོས་པོ་ཐམས་ཅད་སྒྱུ་མ་དང་འདྲ་བར་ཤེས་པའི་དམ་ཚིག་བསྟེན་ཞེས་པའོ། །དམ་ཚིག་གཉིས་གང་ཞེ་ན། བསྡམ་བྱ་ལྟུང་བ་ལ་སོགས་པ་རྣམས་སྡོམ་བྱེད་གཉེན་པོས་བསྡམས་པ་དེའོ། །སྡོམ་བྱེད་དེ་རང་ཡང་གཉིས་ཏེ། རང་བཞིན་གནས་དང་ཞེས་པ་སྐྱོ་བ་འདིི་ལ་མ་བླངས་ཀྱང་། སྐྱེ་བ་སྔ་མའི་གོམས་པས་དམ་ཚིག་དང་སྡོམ་པ་རང་ཆས་སུ་གནས་པ་དེའོ། །གཞན་གྱི་ནུས་པས་བསྐྱེད་ཞེས་པ་ནི་ཚེ་འདི་རང་ལ་བླ་མས་བགོ་པ་དེའོ། །དེ་དག་གི་དོན་བསྡུས་འཆད་པ་ལ། ངོ་བོ་ཉིད་དང་ཞེས་པ་ནི་རང་བཞིན་གྱིས་གནས་པ་དེའོ། །བསྡམ་དང་སྡོམ་བྱེད་ཞེས་བ་ནི་གཞན་ནུས་པས་བསྐྱེད་པ་སྟེ། བསྡམ་བྱ་རྣམས་སྡོམ་བྱེད་ཀྱིས་བསྡམས་པའོ། །དེ་ཡང་བསྡམ་བྱ་འཆད་པ་ལ། རྩ་བ་ནི་ཕམ་ལྟུང་ངོ་། །ཡན་ལག་ནི་ལྕི་སྦོམ་མོ། །དེ་བཞིན་ཡན་ལག་ནི་ཉེས་འཕྲའོ། །རྡོ་རྗེ་ལ་སོགས་པས་དམ་ཚིག་བསྲུང་པར་གདམས་པ་སྟོན་ཏེ། སྦུམ་ཁུར་དང་དབྱུག་པའི་རིགས་པ་སྟོན་པའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མཆོག་གི་འབྲས་བུ་ལ་གཉིས་ཏེ། ལམ་ལ་བསྒྲོད་པའི་ཚུལ་དང་། འབྲས་བུ་དངོས་སོ། །དེ་ལ་དང་པོ་འཆད་པ་ལ། ལྡོག་པ་མྱེད་པའི་བྱང་ཆུབ་སེམས་བཟུང་ནས། །ཐབས་ཀྱིས་བསོད་ནམས་ཚོགས་ནི་ཡོངས་རྫོགས་བྱེད། །ཞེས་པ་ནི་ཆོས་སྤྱི་སྐད་དང་བསྟུན་ཚོགས་ལམ་ལ་བསྒྲོད་པའི་ཚུལ་ཡིན་ལ། ཆོས་འདི་རང་གི་སྐད་ལྟར་ན་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་བའི་རྣམ་བཞག་ཡིན་ཏེ། དེ་ཡང་ལྡོག་པ་མྱེད་པ་ནི་ཐེག་པ་དམན་པར་མི་ལྡོག་པའོ། །བྱང་ཆུབ་སེམས་བཟུང་ནས་ཞེས་པ་སྨོན་འཇུག་རྣམ་གཉིས་སྔོན་དུ་སོང་བའི་དབང་ངམ་དམ་ཚིག་དང་བཅས་པ་བསྣོམས་བའོ། །ཐབས་ཀྱིས་བསོད་ནམས་ཚོགས་ནི་རབ་རྫོགས་བྱེད་ཞེས་པ་ནི་ཕ་རོལ་དུ་ཕྱིན་པ་དྲུག་གམ་བསྐྱེད་རྫོགས་རྣམ་པ་གཉིས་ལ་སོགས་པས་ཚོགས་རྒྱས་ཤིང་འཕེལ་བར་བྱེད་པའོ། །བདེན་པས་ངག་ཅན་དེ་ནི་ལུང་བསྟན་ཏེ་ཞེས་པ་ནི་ཆོས་སྤྱི་སྐད་དང་བསྟུན་སྦྱོར་ལམ་ཞེས་བྱ་བ་དེ་ལ་བསྒྲོད་པའི་ཚུལ་ཡིན་ལ། ཆོས་འདི་རང་གི་སྐད་ལྟར་ན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་འགོན་པོའི་ཀུན་ཏུ་སྤྱོད་པ་སྤྱད་པའི་རྣམ་བཞག་ཡིན་ཏེ། དེ་ཡང་བདེན་པའི་ངག་ཅན་ཞེས་པ་ནི་སྦྱོར་མམ་ལ་གནས་པའི་ཚེ་ངག་གི་བདེན་པ་འཐོབ་པས་ན་དེ་སྐད་ཅེས་བྱ་སྟེ། ཇི་ལྟར་ཞེ་ན་གྲོང་ཁྱེར་ལ་མེ་འབར་བ་མཐོང་ན། ཞི་བར་གྱུར་ཅིག་ཞེས་བརྗོད་པ་ཙམ་གྱིས་མེ་ཞི་བར་འགྱུར་བ་དང་། ཆུ་ཀླུང་གི་གནོད་པ་ཅན་མཐོང་ན། ཆད་པར་གྱུར་ཅིག་ཞེས་བརྗོད་པ་ཙམ་གྱིས་འཆད་པར་འགྱུར་བ་དང་། སྐྱེས་བུ་ནད་ཀྱིས་གཟིར་པ་མཐོང་ན་སོས་བར་གྱུར་ཅིག་ཞེས་བརྗོད་པ་ཙམ་གྱིས་སོས་པར་འགྱུར་བ་ལ་སོགས་པ་འབྱུང་བའོ། །དེ་ལྟར་ཡང་འཕགས་པ་བསྡུད་པ་ལས། བདེན་པའི་བྱིན་གྱིས་བརླབས་ཀྱིས་མེའི་ཕུང་པོ་ཞིང་། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །མིའི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། །ཕན་དང་སྙིང་བརྩེར་ལྡན་པའི་བདེན་པའི་བྱིན་གྱིས་ཞི། །ཞེས་གསུངས་སོ། །ལུང་བསྟན་ཏེ་ཞེས་པ་ནི་སྦྱོར་ལམ་ནས་བཟུང་ནས་སངས་རྒྱས་རྣམས་ཀྱིས་ལུང་སྟོན་མཛད་པས་དེ་སྐད་ཅེས་བྱའོ། །ཆོས་གཞན་ལས་ཀྱང་སྦྱོར་ལམ་ནས་ལུང་སྟོན་འབྱུང་བར་གསུངས་ཏེ་ཇི་སྐད་དུ་ཡང་དག་པར་ཞུགས་པའི་ཏིང་འཛིན་དང་ལྡན་པའི་རྣལ་འབྱོར་པ་ལ། སངས་རྒྱས་ལུང་སྟོན་མཛད་པ་ནི་ཆོས་ཉིད་དོ་ཞེས་གསུངས་སོ། །བཏགས་པ་རྣམས་ལོག་བདེན་པའི་དོན་མཐོང་ནས་ཞེས་པ་ནི་ཆོས་སྤྱི་སྐད་དང་བསྟུན་ན་མཐོང་བའི་ལམ་ཞེས་བྱ་བ་དེ་ལ་བསྒྲོད་པའི་ཚུལ་ཡིན་ལ། ཆོས་འདི་རང་གི་སྐད་ལྟར་ན་མཉམ་བཞག་ཆེན་པོའི་སྤྱོད་པ་ལ་ཞུགས་པའི་རྣམ་བཞག་ཡིན་ཏེ། དེ་ཡང་བརྟགས་པ་རྣམས་ཞེས་པ་ནི་མཐོང་ཡང་རྣམས་སོ། །ལོག་ཞེས་པ་ནི་དེ་རྣམས་ཟད་པ་འམ་ཡལ་བའི་དོན་ཏེ། དེ་ཡང་ཅིའི་སྟོབས་ཀྱིས་ཟད་ཅིང་ཡལ་ན། བདེན་པའི་དོན་མཐོང་བས་ཞེས་པ་སྟེ། བདེན་པའི་དོན་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་དེའོ། །མཐོང་ཞེས་པ་ནི་མཐོང་བ་མྱེད་པའི་ཚུལ་དུ་མཐོང་བའོ། །དེ་ལྟར་ཡང་ཆོས་ཡང་དག་པར་བསྡུར་པའི་མདོའ་ལས། སྟོང་པ་ཉིད་མཐོང་བ་ནི་མཐོང་བ་མ་མཆིས་པའོ་ཞེས་པ་དང་། འགའ་ཡང་མཐོང་བ་མྱེད་པ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཞེས་གསུངས་སོ། །ས་ནས་སར་འཕར་མི་མཐུན་ཕྱོགས་ཡངས་ཏེ་ཞེས་པ་ནི་ཆོས་སྤྱི་སྐད་དང་བསྟུན་ན་བསྒོམ་ལམ་དང་མཐར་ཕྱིན་པའི་ལམ་ཞེས་པ་དེ་ལ་བགྲོད་པའི་ཚུལ་ཡིན་ལ། ཆོས་འདི་རང་གི་སྐད་ལྟར་ན་མཉམ་བཞག་ཆེན་པོའི་སྤྱོད་པ་ལ་གནས་པ་དང་དེ་མཐར་ཕྱིན་པའི་རྣམ་བཞག་ཡིན་ནོ། །དེ་ཡང་ས་ནས་སར་འཕར་ཞེས་པ་ནི་ས་དང་པོ་ནས་བཅུ་པའི་བར་དུ་བགྲོད་པ་སྟེ། ས་བཅུ་ནོན་པའོ། །མཚན་ཡང་དག་པར་བརྗོད་པའི་རྒྱུད་ལས་ཀྱང་། མགོན་པོ་ས་བཅུའི་དབང་ཕྱུག་ཏེ། ས་བཅུ་ལ་ནི་གནས་པ་པོ། །ཞེས་གསུངས་སོ། །དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། ས་བཅུའི་དབང་ཕྱུག་མགོན་པོ་ཉིད་ཞེས་གསུངས་སོ། །དཔལ་དམ་པ་དང་པོའི་རྒྱུད་ལས་ཀྱང་། ས་དག་ཀྱང་ནི་ཕྱོགས་ཀྱི་ཚད་ཞེས་གསུངས་སོ། །འོ་ན་ས་རྣམ་པ་བཅུ་པོ་དེ་དག་གང་གང་ཡིན་ཞེ་ན། དམ་པ་དང་པོ་གསལ་བྱེད་དྲི་མྱེད་འོད་ཅེས་བྱ་བ་ལས། དེ་བཞིན་དུ་ས་བཅུ་སྟེ། རབ་ཏུ་དགའ་བ་དང་། དྲི་མ་མྱེད་པ་དང་། འདི་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོའ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ནོ་ཞེས་གསུངས་པ་དེ་དག་ཡིན་ནོ། །ཡང་ན་ས་དང་པོ་རབ་ཏུ་དགའ་བ་ནས་རིམ་པ་ལྟར་བཅུ་གསུམ་རྡོ་རྗེ་འཛིན་པའི་སའི་བར་དུ་བགྲོད་པའོ། །ས་རྣམས་ཀྱི་མིང་ཡང་ངེས་པར་བརྗོད་པའི་རྒྱུད་བླ་མ་ལས། རབ་ཏུ་དགའ་དང་དྲི་མ་མྱེད། །འོད་དབྱེད་པ་དང་འོད་འཕྲོ་བ། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དཔེའ་མྱེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་གསུངས་སོ། །མི་མཐུན་ཕྱོགས་ཡངས་ཏེ་ཞེས་པ་ནི་ས་དེ་དག་བགྲོད་པས་བསྒོམ་ཡང་གི་ཉོན་མོངས་པ་དང་ཤེས་བྱའི་བསྒྲིབ་པ་ཡངས་པའོ། །མཆོག་གི་འབྲས་བུ་ལ་གསུམ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །དེ་ལ་དང་པོ་ནི་རྒྱུ་མ་ལྟ་བུར་རྟོག་མྱེད་མཉམ་པར་གནས་ཞེས་པ་སྟེ། དེ་འཆད་པ་ལ། སྒྱུ་མ་ལྟ་བུར་ཞེས་པ་ནི་ཕྱིའི་ཡུལ་ཐམས་ཅད་སྒྱུ་མ་ལྟར་རང་བཞིན་མྱེད་པར་རྟོགས་པའོ། །རྟོག་མྱེད་ཞེས་པ་ནི་ནང་གི་ཡུལ་ཅན་རྣམ་པར་རྟོག་པ་ཡང་མྱེད་པར་གྱུར་པའོ། །མཉམ་པར་གནས་ཞེས་པ་ནི་ཆོས་ཀྱི་དབྱིངས་སྤྲོས་པ་མྱེད་པ་དང་ཡེ་ཤེས་སྤྲོས་པ་མྱེད་པ་གཉིས་རོ་གཅིག་པའི་ངང་ལ་འདྲེས་ནས་མཉམ་ཉིད་ཆེན་པོའི་ངག་ལ་གནས་པར་གྱུར་པའོ། །དེ་ལྟ་བུ་དེ་ཆོས་ཀྱི་སྐུ་ཡིན་ནོ། །དེ་ལྟར་ཡང་། ཤེས་བྱ་སྤྲོས་བྲལ་དེ་ཉིད་དང་། །དབྱེར་མྱེད་ཡེ་ཤེས་རྣམ་འདྲེས་པ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཆོས་སྐུ་ཞེས་བྱར་བརྗོད། །ཞེས་གསུངས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཚིག་རྐང་བཞིས་སྟོན་པ་ལས། ཁ་སྦྱར་ཞེས་པ་ནི་ཡུམ་དང་འབྲེལ་པ་སྟེ་ཟུང་འཇུག་གི་བརྡའོ། །བདེ་ཆེན་ཞེས་པ་ནི་ཟག་མྱེད་ཀྱི་བདེའ་བ་ལ་ལོངས་སྤྱོད་པའོ། །མཚན་གྱིས་བརྒྱན་ཞེས་པ་ནི་ལོངས་སྐུ་དེ་ལ་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ་སྟེ། མཚན་ཡང་དག་པར་བརྗོད་པའི་རྒྱུད་ལས་ཀྱང་། སུམ་བཅུ་རྩ་གཉིས་མཚན་མཚན་འཆང་བ་ཞེས་གསུངས་སོ། །དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། སྟོན་པ་སུམ་བཅུ་རྩ་གཉིས་མཚན་ཞེས་གསུངས་སོ། །དཔལ་དེ་པ་དང་པོའི་རྒྱུད་ལས་ཀྱང་། མཚན་ནི་སུམ་བཅུ་རྩ་གཉིས་དང་ཞེས་གསུངས་སོ། །འོ་ན་མཚན་སུམ་བཅུ་རྩ་པོ་གཉིས་དེ་རང་གང་གང་ཡིན་ཞེ་ན། དམ་པ་དང་པོ་གསལ་བྱེད་དྲི་མྱེད་ལས། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ལ་འཁོར་ལོས་མཚན་པ་སྟེ་ཞེས་པ་ནས། སྐུ་སྐུ་མདོག་སྣ་ཚོགས་པ་སྟེ། སེམས་ཅན་སྣ་ཚོགས་ལ་གཟིགས་པའི་ཕྱིར་རོ། །ཞེས་པའི་བར་དུ་གསུངས་པ་དེ་དག་ཡིན་ནོ། །འཕགས་པ་མི་ཕམ་མགོན་པོའི་ཞལ་ནས་ཀྱང་། ཕྱག་ཞབས་འཁོར་ལོས་མཚན་དང་དུ་རྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་པ་དང་། །ཕྱག་ནི་ཞབས་བཅས་འཇལ་ཞིང་གཞོན་ཤ་ཆགས། །འདིའི་སྐུ་ནི་བདུན་དག་མཐོང་བ་དང་། །ཞེས་པ་ལ་སོགས་པ་གསུངས་པའོ། །དེས་མཚོན་ནས་སྐུ་དེ་ལ་དཔེའ་བྱེད་བཟང་པོ་བརྒྱད་བཅུ་ཡང་མངའ་བ་ཡིན་ནོ། །དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། གཙོ་བོ་དཔེ་བྱད་བརྒྱད་བཅུར་ལྡན། །ཞེས་གསུངས་སོ། །དམ་པ་དང་པོའི་རྒྱུད་ལས་ཀྱང་། གཞན་ཡང་དཔེ་བྱད་བརྒྱད་བཅུ་སྟེ། །ཞེས་གསུངས་སོ། །འོ་ན་དཔེ་བྱད་བརྒྱད་བཅུ་པོ་དེ་གང་གང་ཡིན་ཞེ་ན། དམ་པ་དང་པོ་གསལ་བྱེད་དྲི་མྱེད་འོད་ལས། འདིར་དཔེ་བྱད་བཟང་པོ་བརྒྱད་བཅུ་ནི་ཞེས་པ་ལ་སོགས་པ་གསུངས་སོ། །འཕགས་པ་མི་ཕམ་འགོན་གྱི་ཞལ་ནས་ཀྱང་། ཐུབ་པའི་སོན་མོ་ཟངས་མདོག་དང་། །མདོག་སྦུམ་མཐོང་དང་སོར་མོ་རྣམས། །བཟླུམ་རྒྱས་བྱིན་གྱིས་འཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མྱེད། །ཞེས་པ་ལ་སོགས་པ་གསུངས་སོ། །སྟོབས་དང་ཞེས་པ་ནི་སྟོབས་བཅུ་མངའ་བ་སྟེ། མཚན་ཡང་དག་པར་བརྗོད་པའི་རྒྱུད་ལས་ཀྱང་། ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཞེས་གསུངས་སོ། །དམ་པ་དང་པོའི་རྒྱུད་ལས་ཀྱང་། སངས་རྒྱས་རྣམས་ཀྱི་སྟོབས་ཕྱོགས་དང་། །ཞེས་གསུངས་སོ། །འོ་ན་སྟོབས་བཅུ་པོ་གང་གང་ཡིན་ཞེ་ན། དམ་པ་དང་པོ་གསལ་བྱེད་དྲི་མྱེད་འོད་ལས། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། སྡུག་བསྔལ་འགོག་པར་གྲོལ་བའི་ལམ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། འཆི་འཕེལ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། མངོན་པར་ཤེས་པ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པའི་སྟོབས་སུ་གྱུར་པའོ། །ཞེས་གསུངས་པ་དེ་རྣམས་ཡིན་ནོ། །མི་འཇིགས་ཞེས་པ་ནི་སངས་རྒྱས་དེ་འཇིགས་པ་རྣམས་དང་བྲལ་བའོ། །མཚན་ཡང་དག་པར་བརྗོད་པའི་རྒྱུད་ལས་ཀྱང་། བདེའ་བ་བརྙེད་ལས་འཇིགས་མྱེད་འཐོབ། །ཞེས་གསུངས་སོ། །མི་འཇིགས་པ་རང་དུ་མངའ་ཞེ་ན། མི་འཇིགས་པ་བཞི་མངའ་སྟེ། དམ་པ་དང་པོ་གསལ་བྱེད་དྲི་མེད་འོད་ལས། སངས་རྒྱས་མི་འཇིགས་པ་བཞི་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀུན་ནས་ཀྱེ་བ་མྱེད་པ་ལ་མི་འཇིགས་པ་དང་། ཆོས་ཐམས་ཅད་བསྟན་པ་ལ་མི་འཇིགས་པ་དང་། སྒྲིབ་པ་མྱེད་པའི་ལམ་འཇུག་པ་མ་མི་འཇིགས་པ་དང་། ཟག་པ་ཟད་པའི་ཡེ་ཤེས་འཛིན་པ་ལ་མི་འཇིགས་པའོ། །ཞེས་གསུངས་སོ། །ཕྱོགས་ཀྱི་ཆོས་རྣམས་ཞེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཏེ། དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་ཡོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་ལྟར་ཡང་དམ་པ་དང་པོའི་རྒྱུད་ལས། རྫུ་འཕྲུལ་རྐང་པ་ཟག་པ་དང་། །དེ་བཞིན་གཞན་ཡང་དྲན་པ་ནི། །ཉེ་བར་བཞག་དང་ཡང་དག་ཡོང་། །སྟོབས་ལྔ་དང་ནི་དབང་པོ་རྣམས། །བྱང་ཆུབ་ཡན་ལག་མཆོད་པ་བདུན། །འཕགས་པའི་ལམ་ནི་ཡན་ལག་བརྒྱད། །ཞེས་གསུངས་ཏེ། ཟག་པ་ཞེས་པ་དང་མཆོད་པ་ཞེས་པ་ནི་ཚིགས་བཅད་ཀྱི་ངོར་བརྗོད་ཀྱི། སྐབས་སུ་བབ་པའི་ཆོས་ནི་མ་ཡིན་ནོ། །དེ་རྣམས་ཀྱི་གསལ་བའི་དབྱེ་བ་ཡང་དམ་པ་དང་པོའི་གསལ་བྱེད་དྲི་མྱེད་འོད་ལས་གསུངས་ཏེ། ཇི་སྐད་དུ། དྲན་པ་ཉེ་བར་བཞག་པ་བཞི་ནི། ལུས་དྲན་གཉེ་བར་བཞག་པ་དང་། ཚོར་བ་དྲན་པ་ཉེ་བར་བཞག་པ་དང་། སེམས་དྲན་པ་ཉེ་བར་བཞག་པ་དང་། ཆོས་དྲན་པ་ཉེ་བར་བཞག་པའོ། །ཡང་དག་པར་ཡོང་བ་བཞི་ནི། །སྲིད་པའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་བའི་བདུན་པ་བསྐྱེད་པ་དང་། སྡིག་པའི་ཆོས་སྐྱེས་པ་རྣམས་ཀྱི་གཉེན་པོ་དགེའ་བ་བསྐྱེད་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་སངས་རྒྱས་ཉིད་དུ་བསྔོ་བ་སྟེ་བཞིའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པ་དང་། བརྩོན་འགྲུས་དང་། སེམས་དཔའ་དང་། དཔྱོད་པའོ། །དབང་པོ་ལྔ་ནི། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །སྟོབས་ལྔ་ནི། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཕགས་བའི་ལམ་ཡན་ལག་བརྒྱད་པ་ནི། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་བརྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། ཞེས་གསུངས་སོ། །ཕ་རོལ་དུ་ཕྱིན་པ་ཞེས་པ་ནི་ཕ་རོལ་དུ་ཕྱིན་པ་བཅུ་སྟེ། མཚན་ཡང་དག་པར་བརྗོད་པའི་རྒྱུད་ལས་ཀྱང་། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་གསུངས་སོ། །འོ་ན་ཕ་རོལ་དུ་ཕྱིན་པ་བཅུ་པོ་རང་གང་གང་ཡིན་ན། དམ་པ་དང་པོ་གསལ་བྱེད་དྲི་མྱེད་འོད་ལས་གསུངས་ཏེ། ཇི་སྐད་དུ། ཕ་རོལ་དུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པར་འགྱུར་ཏེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པའོ། །ཞེས་པའོ། །སྔགས་ཀྱི་དོན་ལ་རྣམ་པར་གཟིགས་པ་ལས་ཀྱང་། སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས། བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིར་བཅུར་འདོད། །ཞེས་གསུངས་སོ། །ས་དང་ཞེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ལྡོག་པའི་བྱེ་བྲག་གིས་ས་རྣམ་པ་བཅུ་གཉིས་སུ་གནས་པའོ། །དེ་ཡང་ས་རྣམས་ཀྱི་མིང་ནི་ཀུན་ཏུ་འོད་ཀྱི་ས་དང་། བདུད་རྩི་འོད་ཀྱི་ས་དང་། ནམ་མཁའ་འོད་ཀྱི་ས་དང་། རྡོ་རྗེ་འོད་ཀྱི་ས་དང་། རིན་ཆེན་འོད་ཀྱི་ས་དང་། པད་མ་འོད་ཀྱི་ས་དང་། ལས་ཀྱི་འོད་ཀྱི་ས་དང་། དཔེ་མྱེད་པའི་ས་དང་། དཔེའ་དང་ལྡན་པའི་ས་དང་། ཤེས་རབ་འོད་ཀྱི་ས་དང་། ཐམས་ཅད་མཁྱེན་པ་དང་། སོ་སོར་རང་རིག་པའི་ས་རྣམས་སོ། །དེ་ལ་དང་པོ་ཀུན་ཏུ་འོད་ཀྱི་ས་ནི་དམ་པ་དང་པོ་གསལ་བྱེད་དྲི་མྱེད་འོད་ལས། ཀུན་ཏུ་འོད་འཇམ་པ་ཉི་མའི་དཀྱིལ་འཁོར་ཆེན་པོའི་ས་དང་། ཞེས་གསུངས་ལ། རྡོ་རྗེ་སྙིང་པོ་བརྒྱན་གྱི་རྒྱུད་ལས་ཀྱང་། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ནི་ཉི་མའི་དཀྱིལ་འཁོར་འདྲ། །ཞེས་གསུངས་ཏེ། དེ་ལྟ་ན་ཉི་མའི་དཀྱིལ་འཁོར་ཤར་ཙམ་ན། ཆོས་གསུམ་ལྡན་ཡིན་ཏེ། སྒྲིབ་བྱེད་ཀྱི་མུན་པ་ཐམས་ཅད་ཡངས་པ་དང་། གཤར་གཤེར་གྱི་རླན་རྫབ་ཐམས་ཅད་སྐམས་པ་དང་། སྨན་དང་ལོ་ཐོག་ཐམས་ཅད་སྨྱིན་པ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་ས་ལ་གནས་ཙམ་ན་མ་རིག་པའི་མུན་པ་སངས་པ་དང་། རྣམ་རྟོག་གི་རླན་རྫབ་སྐམ་པ་དང་། གདུལ་བྱ་མཐའ་དག་སྨོན་མི་གྲོལ་བར་བྱེད་པ་ཡིན་ནོ། །གཉིས་པ་བདུད་རྩི་འོད་ཀྱི་ས་ནི། ཇི་སྐད་དུ། དམ་པ་དང་པོ་ལས། བདུད་རྩི་འོད་ཟླ་བ་ཆེན་པོ་བསིལ་བའི་ས་དང་ཞེས་གསུངས་ལ། རྒྱན་རྒྱུད་ལས་ཀྱང་། བདུད་རྩི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ཞེས་གསུངས་ཏེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ཤར་ཙམ་ན་ཆོས་གསུམ་ལྡན་ཡིན་ཏེ། ཚད་པའི་གདུང་བ་ཞི་བ་དང་། ཆུ་བོ་མང་པོ་འཕེལ་བ་དང་། དངོས་པོ་ཐམས་ཅད་གསལ་བ་ཡིན་ནོ། །དེ་བཞིན་དུ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་གནས་ཙམ་ན། ཉོན་མོངས་ཀྱི་ཚད་གདུང་ཞི་བ་དང་། ཡེ་ཤེས་ཀྱི་རྟོགས་པ་འཕེལ་བ་དང་། ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་གསལ་བར་འགྱུར་བ་ཡིན་ནོ། །གསུམ་པ་ནམ་མཁའ་འོད་ཀྱི་ས་ནི། དམ་པ་དང་པོ་ལས། ནམ་མཁའ་འོད་ནི་ནམ་མཁའ་བཞིན་དུ་རབ་ཏུ་གནས་པའི་ས་དང་། ཞེས་གསུངས་ལ། རྒྱན་རྒྱུད་ནས་ཀྱང་། ནམ་མཁའ་འོད་ནི་གསུམ་པ་སྟེ། ནམ་མཁའི་བཞིན་བཞིན་སོ་སོར་གནས། །ཞེས་གསུངས་ཏེ། དཔེར་ན་ནམ་མཁའ་ནི་ཆོས་གསུམ་དེ་ཡིན་ཏེ། ཐམས་ཅད་ལ་ཁྱབ་པ་དང་། རྣམ་རྟོག་མི་མངའ་བ་དང་། རྒྱུན་མི་འཆད་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་ས་མ་གནས་ཙམ་ན། ཆོས་སྐུས་ཐམས་ཅད་ལ་ཁྱབ་ཅིང་། རྣམ་རྟོག་མི་མངའ་བར། རྒྱུན་མི་འཆད་པར་གནས་པ་ཡིན་ནོ། །བཞི་པ་རྡོ་རྗེ་འོད་ཀྱི་ས་ནི་དམ་པ་དང་པོ་ལས། རྡོ་རྗེས་འོད་ཡིད་དུ་འོང་བའི་ས་དང་། ཞེས་གསུངས་ལ། རྒྱན་རྒྱུད་ལས་ཀྱང་། རྡོ་རྗེ་འོད་ནི་བཞི་པ་སྟེ། ས་དེ་ཉིད་ནི་ཡིད་དགའ་བའོ། །བསམ་པ་ནང་གི་བརྟན་སྦྱོར་བ། རྡོ་རྗེ་ཞེས་ནི་ཡོངས་སུ་བརྟགས་ཞེས་གསུངས་ཏེ། དཔེར་ན་རྡོ་རྗེ་ཕ་ལམ་ནི་དངོས་པོ་གང་གིས་བཤིག་པ་འམ་དབྱེ་བར་མི་ནུས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་ས་ལ་གནས་ཙམ་ན། དབྱིངས་དང་ཡེ་ཤེས་གཉིས་མྱེད་དུ་གྱུར་པས། བཟུང་བཞིན་གྱི་རྣམ་རྟོག་གིས་བཤིག་པ་འམ་དབྱེ་བར་མི་ནུས་པའོ། །ལྔ་པ་རིན་ཆེན་འོད་ཀྱི་ས་ནི་དམ་དང་འོད། རིན་ཆེན་འོད་དབང་རབ་ཏུ་གནས་པའི་ས་དང་། ཞེས་གསུངས་ལ། རྒྱན་རྒྱུར་ལས་ཀྱང་། ལྔ་བ་རིན་ཆེན་འོད་ཅེས་པ་དང་། དབང་བསྐུར་བ་ལ་རབ་ཏུ་གནས། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་ས་ལ་གནས་ཙམ་ན། རིན་ཆེན་གཅོད་པན་གྱིས་ཁམས་གསུམ་གྱི་རྒྱལ་པོར་དབང་བསྐུར་བ་ཐོབ་པས། གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན་མཛད་པ་ཡིན་ནོ། །དྲུག་པ་པད་མའི་འོད་ཀྱི་ས་ནི་དམ་དང་པས། པད་མ་འོད་རང་བཞིན་གྱིས་དག་པའི་ཆོས་དྲི་མ་མྱེད་པ་འཛིན་པའི་ས་དང་། ཞེས་གསུངས་ལ། རྒྱན་རྒྱུད་ལས་ཀྱང་། པད་མ་འོད་ནི་དྲུག་པ་སྟེ། བར་མ་བཞིན་དུ་ཀྱེ། རང་བཞིན་དག་པའི་ཆོས་ཉིད་ཕྱིར། །དྲི་མ་མྱེད་པ་ཡོངས་སུ་གསུངས། །ཞེས་གསུངས་ཏེ། དཔེར་ན་པད་མ་འདམ་ན་གནས་ཀྱང་འདམ་གྱི་དྲི་མས་མ་གོས་པ་བཞིན་དུ། གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་ཀྱང་། སེམས་ཅན་གྱི་ཉོན་མོངས་ཀྱིས་མི་གོས་པ་ཡིན་ནོ། །བདུན་པ་ལས་ཀྱི་འོད་ནི་དམ་དང་ལས། ལས་ཀྱི་འོད་སངས་རྒྱས་ཀྱི་ལས་བྱེད་པའི་ས་དང་། ཞེས་གསུངས་ལ། རྒྱན་རྒྱུད་ལས་ཀྱང་། བདུན་པ་ལས་ཀྱི་འོད་ཅེས་པ། སངས་རྒྱས་འཕྲིན་ལས་བྱེད་པར་འདོད་ཅེས་པ་སྟེ། སངས་རྒྱས་ཀྱི་ས་ལ་གནས་ནས་གཟུགས་སྐུས་འགྲོ་དོན་མཛད་པ་དེ་ཡང་། འཕྲིན་ལས་རྣམ་བཞིའི་སྒོ་ནས་འགྲོ་དོན་མཛད་པ་ཡིན་ནོ། །བརྒྱད་པ་དཔེ་མྱེད་པའི་ས་ནི་དམ་དང་ལས། དཔེ་མྱེད་པའི་ས་དང་ཞེས་གསུངས་ལ། རྒྱན་ལས་ཀྱང་། རྒྱད་པ་དཔེའ་མྱེད་བྱ་བ་ནི། དེ་ལ་དཔེའ་ནི་ཡོད་མ་ཡིན། །ཞེས་གསུངས་ཏེ། སངས་རྒྱས་ཞེས་བྱ་བ་དེ་དོན་དམ་པར་རམ་སྟོང་ཉིད་ཕྲོས་བྲལ་ཡིན་ལ། དེ་ལ་ཕྱོགས་ཐམས་ཅད་ནས་འདྲ་བའི་དཔེ་མྱེད་པ་ཡིན་ནོ། །དགུ་པ་དཔེ་དང་ལྡན་པ་ས་ནི་དམ་དང་ལས། དཔེ་དང་དེ་ཐམས་ཅད་ལ་སོགས་པའི་ས་དང་ཞེས་གསུངས་ལ། རྒྱན་རྒྱུད་ལས་ཀྱང་། དཔེའ་དང་ལྡན་པ་དགུ་པ་སྟེ། ཐམས་ཅད་དཔེ་ནི་སོ་སོར་འབིགས། །ཞེས་གསུངས་ཏེ། རྫོགས་པའི་སངས་རྒྱས་དེ་ཀུན་རྫོབ་ཙམ་དུ་ནམ་མཁའ་དང་ནོར་བུ་ལ་སོགས་པ་དཔེས་མཚོན་ནས་གོ་བར་ནུས་པ་ཡིན་ནོ། །བཅུ་པ་ཤེས་པ་འོད་ཀྱི་ས་ནི་དམ་དང་ལས། ཤེས་རབ་འོད་བླ་ན་མྱེད་པའི་ས་དང་ཞེས་གསུངས་ལ། རྒྱན་རྒྱུད་ལས་ཀྱང་། བཅུ་པ་ཤེས་རབ་འོད་ཅེས་པ། སངས་རྒྱས་པ་ནི་བླ་ན་མྱེད། །ཞེས་གསུངས་ཏེ། སངས་རྒྱས་ནི་ཆོས་སྐུ་ཡིན་ལ། ཆོས་སྐུ་ནི་སྟོང་ཉིད་ཡིན་པས་དེའི་གོང་ན་གཞན་བྱེད་པ་ཡིན་ནོ། །བཅུ་གཅིག་པ་ཐམས་ཅད་མཁྱེན་པའི་ས་ནི་དམ་དང་ལས། ཐམས་ཅད་མཁྱེན་པ་ཉིད་ཆེན་པོ་འདི་གསལ་བའི་ས་དང་། ཞེས་གསུངས་ལ། རྒྱན་རྒྱུད་ལས་ཀྱང་། བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །ཞེས་གསུངས་ཏེ། རྫོགས་པའི་སངས་རྒྱས་ཀྱི་ས་ལ་གནས་ཙམ་ན། ཡེ་ཤེས་ཀྱི་འོད་ཆེན་པོས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་གསལ་ཞིང་མཁྱེན་པར་འགྱུར་བ་ཡིན་ནོ། །བཅུ་གཉིས་པ་སོ་སོ་རང་རིག་པའི་ས་ནི་དམ་དང་ལས། རྣལ་འབྱོར་པས་སོ་སོར་རང་རིག་པའི་ཡེ་ཤེས་རྫོགས་པའི་སའོ་ཞེས་གསུངས་ལ། རྒྱན་རྒྱུད་ལས་ཀྱང་། བཅུ་གཉིས་སོ་སོར་རང་རིག་པའི་རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་ས་ལ་གནས་ཙམ་ན། གཉིས་སྣང་ཐམས་ཅད་དག་ནས། གཉིས་མྱེད་ཀྱི་ཡེ་ཤེས་མཐར་ཐུག་པ་འབྱུང་བ་ཡིན་ནོ། །དབང་བསྐུར་ཞེས་པ་ནི་འབྲས་བུའི་དུས་ཀྱི་དབང་བསྐུར་ཏེ། ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་མཐར་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་རྒྱལ་པོར་དབང་བཀུར་བས་འཚང་བརྒྱ་བ་ཡིན་ནོ། །དེ་ཡང་ཕ་རོལ་དུ་ཕྱིན་པའི་གཞུང་ལྟར་ན་ཡང་། རྡོ་རྗེ་རྩེ་མོ་ལ་སོགས་པ་ན་ཡར་ལ་ས་བཅུ་བགྲོད་པའི་མཐར་ཕྱོགས་བཅུའི་སངས་རྒྱས་ཀྱིས་དབང་བཀུར་བས་སངས་རྒྱ་བར་བཤད་དེ། འོ་སྐོལ་གྱི་བཅོམ་ལྡན་འདས་ཤག་ཐུབ་འདི་ཡང་ས་བཅུ་བསྒྲོད་པའི་མཐར་ཕྱོགས་བཅུའི་སངས་རྒྱས་ཀྱིས་དབང་བཀུར་བས་སངས་རྒྱས་བ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། སྔོན་རྫ་མཁན་གྱི་བུ་སྣང་བྱེད་ཞེས་བྱ་བ་དེས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས། མཐར་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་ས་བཅུའི་དབང་ཕྱུག་ཆེན་པོར་གྱུར། དེ་ནས་གནས་ཁྱད་པར་ཅན་འོག་མིན་གྱི་གནས་ཁྱད་པར་ཅན་ཐུག་པོ་བཀོད་པའི་ཞིང་ཁམས། ཕོ་བྲང་ཁྱད་ཅན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། རྒྱུ་ཁྱད་པར་ཅན་ཙན་དན་སྦྲུལ་གྱི་སྙིང་པོ་ལས་གྲུབ་པ། ཆོས་ཀྱི་མེ་ལོང་ཆེན་པོའི་མཛོད་དེར་བྱོན་ནས། སེང་གེའི་ཁྲི་པད་མའི་སྡོང་པོ་ལ་བཞུགས་ཏེ། སྔར་གྱི་གདམ་ངག་ལ་རྟེན་ནས་བསྒོམ་པ་ལ། སེམས་མ་ཆུན་ནས་སངས་རྒྱ་བར་མ་ནུས་སོ། །དེའི་ཕྱོགས་བཅུའི་སངས་རྒྱས་དེར་འདུས་ནས། ཁོང་གི་དབུ་ལ་ཅོད་པན་བཞག་སྟེ་ཆོས་ཀྱི་རྒྱལ་པོར་དབང་བཀུར་ནས་གདམ་ངག་བསྟན་ཏོ། །དེ་ལྟར་ཡང་རྡོ་རྗེ་རྩེ་མོའི་རྒྱུད་ལས། ཤེས་རབ་ཆེན་པོས་ས་མཐར་ཕྱིན། །གོས་ཀྱི་དབང་ནི་ཐོབ་གྱུར་ལ། །འོག་མིན་མཐུག་པོ་ཉམས་དགའ་བར། །བློ་གྲོས་ཆེན་པོ་བཞུགས་པར་འཚལ། །ཞེས་གསུངས་སོ། །དེའི་རྗེས་མ་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་དེས་དབང་གི་དོན་ཉམས་སུ་མྱོང་ཞིང་གདམ་ངག་གི་དོན་བསྒོམས་པས། ཆོས་ཀྱི་སྐུའི་རང་བཞིན་དུ་སངས་རྒྱས་སོ། །དེ་ནས་ཆོས་ཀྱི་སྐུ་དེའི་བྱིན་བརླབས་དང་། སྔོན་གྱི་སྨོན་ལམ་གྱི་མཐུ་ལས། དཔལ་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བ་འམ། རྡོ་རྗེ་འཆང་ཆེན་པོའི་གཟུགས་སྐུར་ཤར་ཏེ། ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལྟར་དབང་བསྐུར་རྫོགས་པས་ཆོས་སྐུར་སངས་རྒྱས་ནས། གཟུགས་སྐུ་འགྲོ་དོན་དུ་བྱོན་པ་ཡིན་ནོ། །ཡང་གཞུང་ཁ་ཅིག་ལས་དབང་ཕྱུག་ཞེས་འབྱུང་སྟེ། དེ་ལྟར་ཡང་དབང་ཕྱུག་བརྒྱད་མངའ་བའོ། །དེ་ལ་དབང་ཕྱུག་རྣམ་པ་བརྒྱད་ནི། །སྐུའི་དབང་ཕྱུག་དང་། གསུང་གི་དབང་ཕྱུག་དང་ནི། ཐུགས་ཀྱི་དབང་ཕྱུག་དང་། རྫུ་འཕྲུལ་གྱི་དབང་ཕྱུག་དང་། ཀུན་ཏུ་འགྲོ་བའི་དབང་ཕྱུག་དང་། གནས་ཀྱི་དབང་ཕྱུག་དང་། ཅི་འདོད་བསྐྱེད་པའི་དབང་ཕྱུག་དང་། ཡོན་ཏན་གྱི་དབང་ཕྱུག་གོ། །དེ་ལ་སྐུའི་དབང་ཕྱུག་ནི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་སྟེ། དབུ འི་གཙུག་གཏོར་མི་མཐོང་བ་ལ་སོགས་པའོ། །གསུང་གི་དབང་ཕྱུག་ནི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་སྟེ། གསུང་གི་མཐའ་མི་མངོན་པ་ལ་སོགས་པའོ། །ཐུགས་ཀྱི་དབང་ཕྱུག་ནི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་སྟེ། རྣམ་པར་མི་རྟོག་པའི་ངང་ལས་སེམས་ཅན་གྱི་དོན་འབྱུང་བའོ། །རྫུ་འཕྲུལ་གྱི་དབང་ཕྱུག་ནི་སྟོད་ནས་མེ་འབར་ཞིང་། དམད་ནས་ཆུ་འབྲུག་པ་ལ་སོགས་པ། སེམས་ཅན་འདུན་པར་བྱེད་པ་ལ་སོགས་པ་རྫུ་འཕྲུལ་ཡ་མ་ཟུང་སྣ་ཚོགས་སྟོན་པ་ནུས་པའོ། །ཀུན་འགྲོའི་དབང་ཕྱུག་ནི་ནམ་མཁས་གར་ཁྱབ་ཏུ་དབྱིངས་དང་ཡེ་ཤེས་ཀྱིས་ཁྱབ་ལ། དེས་གར་ཁྱབ་ཏུ་ཐུགས་རྗེས་ཁྱབ་པའོ། །གནས་ཀྱི་དབང་ཕྱུག་ནི་གདུལ་བྱ་གང་ན་བཞུགས་པའི་གནས་སུ་འདུལ་བྱེད་ཀྱི་སྐུས་ཁྱབ་པར་མཛད་ནུས་པའོ། །ཅི་འདོད་བསྐྱོད་པའི་དབང་ཕྱུག་ནི་གདུལ་བྱ་ཅི་དང་ཅི་འདོད་པའི་བསམ་པ་ཅན་ལ། དངོས་པོ་དེ་དང་དེ་བསྐྱེད་ནུས་པའོ། །ཡོན་ཏན་གྱི་དབང་ཕྱུག་ནི་མི་འཇིགས་པ་བཞི་ལ་སོགས་པའི་དབང་ཕྱུག་མངའ་བའོ། །དེ་ལྟར་ན་དབང་ཕྱུག་རྣམ་པ་བརྒྱད་དང་ལྡན་པའོ། །སྒྲོན་མ་གསལ་བ་ལས་ཀྱང་། སྐུའི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང་། ཅི་འདོད་བསྐྱེད་དང་ཡོན་ཏན་བརྒྱད་པའོ། །ཞེས་གསུངས་སོ། །རྫོགས་ཞེས་པ་ནི་དེ་དག་ལས་ཁ་ཅིག་ནི་ཉམས་སུ་བླངས་པའི་ཚུལ་གྱིས་རྫོགས་ལ། ཁ་ཅིག་ནི་མངོན་དུ་བྱ་བའི་ཚུལ་གྱིས་རྫོགས་པའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་དང་། ཕ་རོལ་དུ་ཕྱིན་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ས་རྣམས་དང་། དབང་བསྐུར་ནི་ཉམས་སུ་བླངས་པའི་ཚུལ་གྱིས་རྫོགས་པའོ། །སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ས་དང་། དབང་ཕྱུག་རྣམས་ནི་མངོན་དུ་བྱས་པའི་ཚུལ་གྱིས་རྫོགས་པའོ། །འོ་ན་ལོངས་སྐུ་དེ་གནས་གང་ན་བཞུགས་ན། དག་པའི་ཞིང་དུ་ཞེས་པ་སྟེ། སྨོན་པའི་ཞལ་ནས་བདེའ་བ་ཅན་ལ་སོགས་པ་ཡིན་ཙམ་ལས་མི་གསུང་ངོ་། །འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་ཅིག་ན་མར་ལ་ལོངས་སྐུའི་ཞིང་ཁམས་རྣམ་པ་ལྔར་གསུངས་ཏེ། དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་རིགས་རྣམ་པ་ལྔ་ལས། སངས་རྒྱས་རྣམ་པར་བཞུགས་པའི་ཞིང་ཁམས་ནི་དབུས་མཐུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་ཡིན། སངས་རྒྱས་མི་བསྐྱོད་པ་བཞུགས་པའི་ཞིང་ཁམས་ནི་ཤར་མངོན་པར་དགའ་བའི་འཇིག་རྟེན་ཞེས་བྱ་བ་ཡིན། སངས་རྒྱས་རིན་ཆེན་འབྱུང་ལྡན་བཞུགས་པའི་ཞིང་ཁམས་ནི། ལྷོ་རིན་ཆེན་ཡོད་པའི་འཇིག་རྟེན་བྱ་བ་ཡིན། སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པའི་ཞིང་ཁམས་ནི་ནུབ་བདེའ་བ་ཅན་གྱི་འཇིག་རྟེན་ཞེས་བྱ་བ་ཡིན། སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པའི་ཞིང་ཁམས་ནི་ནུབ་བདེའ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་ཡིན། །སངས་རྒྱས་དོན་ཡོད་གྲུབ་པ་བཞུགས་པའི་ཞིང་ཁམས་ནི། བྱང་འབྲུག་སྒྲོག་པའི་འཇིག་རྟེན་ཞེས་བྱ་བ་ཡིན་ཞེས་སོ། །དེ་འོ་ན་དེ་རྣམས་ལ་དག་ཞིང་ཞེས་ཇི་ལྟར་བཞག་ཞེ་ན། ཕྱི་སྣོད་དག་པ་དང་། ནང་བཅུད་དག་པའོ། །དེ་ལ་ཕྱི་སྣོད་དག་པ་ནི་འཇིག་རྟེན་གྱི་ཁམས་དེ་དག་ས་རྡོ་ལས་གྲུབ་པའམ། ངམ་འབྲོག་དང་གཡང་ས་ཅན་ལ་སོགས་པ་མ་ཡིན་ཏེ། ས་གཞི་ཐམས་ཅད་རིན་པོ་ཆེ་ལས་གྲུབ་པ། མནན་ན་ནེམས་ཀྱིས་བྱེད་པ། བཏེག་ན་པར་གྱིས་བྱེད་པ། རད་ནའི་ལྗོན་ཤིང་སྐྱེས་པ། རད་ནའི་ཆུ་རྒྱུན་འབབ་པ། རད་ནའི་འོད་ཟེར་འཕྲོ་བ་ཡོད་པ་ཡིན་ནོ། །ནང་བཅུད་དག་པ་ནི་དེ་དག་དམྱལ་བ་ལ་སོགས་པ་མི་གནས། མུ་རྟེགས་དང་ཉན་ཐོས་ལ་སོགས་པ་ཐེག་པ་དམན་པའི་རིགས་ཅན་མི་གནས་ཏེ། ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་རིགས་ཅན་མི་གནས་ཏེ། ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་རིགས་ཅན་ལྷ་མིའི་ལུས་ཕུན་སུམ་ཚོགས་པ་ཞེ་སྟག་ཡིན་ཞེས་གསུངས་པའོ། །ལོངས་སྐུ་དེ་དུས་ཅི་ཙམ་དུ་བཞུགས་ན་རྟག་པར་ཞེས་པ་སྟེ། དུས་རྒྱུན་དུའོ། །མཛད་པའི་ཁྱད་པར་ཅི་མཛད་ཞེ་ན། ཚོགས་ཆེན་བཀོར་ཞེས་པ་སྟེ། ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དེའི་འཁོར་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན་གསུང་ངོ་། །སྤྲུལ་པའི་སྐུ་ནི་ཚིག་རྐང་བརྒྱད་ཀྱིས་སྟོན་པ་ལ། འདུལ་བའི་དོན་དུ་ཞེས་པ་ནི་གདུལ་བྱ་འདུལ་བའི་དོན་དུ་སྟེ་དགོས་ཆེད་དོ། །དེ་ཡང་གདུལ་བྱ་ནི་དག་པ་དང་མ་དག་པ་གཉིས་ཆར་ཏེ། དོན་ལ་རིགས་ཅན་གསུམ་ཀའོ། །སྣང་བ་འགག་པ་མྱེད་ཞེས་པ་ནི་གདུལ་བྱ་གང་ན་ཡོད་པའི་རྒྱུད་ལ། འདུལ་བྱེད་སྤྲུལ་པའི་སྐུ་གང་དང་གང་གིས་འདུལ་བ་དེ་དང་དེའི་སྐུར་སྣང་བ་མི་འགག་པའོ། །དེ་ནི་དཔེ་དང་བའི་ཆུ་ཟླ་བཞིན་ཞེས་པར་འབྲེལ་ཏེ། ཆུ་དང་བ་གང་ན་ཡོད་པར་ཟླ་བའི་བསྒྲིབ་བྱེད་དང་བྲལ་བའི་གཟུགས་བརྙན་འཆར་བ་མི་འགག་པ་ལྟར་རོ། །ལེགས་པའི་མཚན་གྱིས་བརྒྱན་ཞེས་པ་ནི་ཇི་སྐད་དུ། ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་ལ་རྫོགས་པ་འཕགས་པ་ཡིན། །ཞེས་གསུངས་པ་ལྟར། སྤྲུལ་པའི་སྐུ་དེ་སྐུ་ལ་མཚན་བཟང་པོ་སུམ་བཅུ་རྩ་གཉིས་ཀྱིས་རང་རང་གི་ཡུལ་ཡུལ་རྣམས་སུ་གསལ་ལ་རྫོགས་ཤིང་མཛེས་པར་བརྒྱན་པའོ། །གང་ཡང་གནས་ཞེས་པ་ནི་སྤྲུལ་སྐུ་དེ་ཡང་གནས་གཅིག་དུ་ངེས་པ་མྱེད་པ་སྟེ། གདུལ་བྱ་དང་བསྡུན་ཞིང་གནས་པའི་དོན་ཏོ། །དུས་ལས་ཡོལ་མྱེད་ཞེས་པ་ནི་གདུལ་བྱ་འདུལ་བའི་དུས་མ་བབ་ན་སྤྲུལ་སྐུ་མི་ཡོལ་བ་སྟེ། ཇི་སྐད་དུ། རྒྱ་མཚོ་ཆུ་སྲིན་གནས་རྣམས་ནི། རླབས་ནི་དུས་མས་ཡོལ་བ་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མྱེད། །ཞེས་བཤད་པ་བཞིན་ནོ། །དེའི་དཔེ་ཡང་དང་བའི་ཆུ་ཟླ་བཞིན་ནོ། །འབད་བརྩོལ་མྱེད་ཞེས་པ་ནི་གདུལ་བྱ་སེམས་ཅན་ཐམས་ཅད་དངོས་སམ་རྒྱུད་པས་ཕན་པ་དང་བདེའ་བར་མཛད་པ་དེ། འབད་པ་དང་བརྩོལ་བས་མཛད་པ་ལྟ་བུ་མ་ཡིན་ཏེ། ངང་ངམ་རང་ཤུགས་ཀྱིས་ལྷུན་གྲུབ་ཏུ་འབྱུང་བའི་དོན་ཏོ། །རྟོག་མྱེད་ཞེས་པ་ནི་སེམས་ཅན་གྱི་དོན་མཛད་པ་དེ་ཡང་དོན་བྱའོ་སྙམ་པའི་རྣམ་རྟོག་མི་མངའ་བར་འབྱུང་བའི་དོན་ཏོ། །དེ་ལྟར་འབད་བརྩོལ་བྱེད་པར་སེམས་ཅན་གྱི་དོན་འབྱུང་བ་དང་། རྣམ་རྟོག་མྱེད་པར་སེམས་ཅན་གྱི་དོན་འབྱུང་བ་གཉིས་ཆར་གྱི་དཔེར་ཡིད་བཞིན་ནོར་བུ་ལྟར་ཞེས་སྨོས་སོ། །དེ་ལྟ་བུའི་འབྲས་བུ་དེ་དག་ཐམས་ཅད་ཅིའི་སྒོ་ནས་འབྱུང་བ་ཡིན་ཞེ་ན། རྒྱུ་མྱེད་ལས་འབྱུང་བ་ལྟ་བུ་མ་ཡིན་ཏེ། སྨོན་ལམ་གྲུབ་པས་ཞེས་པ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འབྱུང་བའི་དོན་ཏེ། ཐུགས་རྗེ་འགག་པ་མིན་ཞེས་པ་ནི་མི་དམྱིགས་པའི་སྙིང་རྗེ་ཆེན་པོ་རྒྱུན་མི་འཆད་པའི་དོན་ཏོ། །ལོངས་སྤྱོད་ཆེན་པོ་ཞེས་པ་ནི་ཐེག་པ་སྣ་ཚོགས་པས་ཆོས་ཀྱི་འཁོར་ལོ་བཀོར་བའོ། །མཉམ་པ་ཉིད་ལ་གནས་ཞེས་པ་ནི་ཐེག་པ་སྣ་ཚོགས་སུ་གསུངས་ཀྱང་དོན་ལ། ཐེག་པ་གཅིག་ཡིན་པའི་དོན་ཏོ། །དམ་པའི་ཆོས་པད་མ་དཀར་པོ་ལས། ཐེག་པ་ཅིག་ཅིང་ཚུལ་ཡང་ཅིག །གཙོ་བོས་བསྟན་པ་ཡང་ཅིག །གང་ཡང་ཐེག་པ་གསུམ་བསྟན་པ། ངའི་ཐབས་ལ་མཁས་པའི་དངོས། །ཞེས་གསུངས་སོ། །ལྟ་མོ་དཔལ་འཕྲེང་སེང་གེ་ང་རོའི་མདོའ་ལས་ཀྱང་། ཐེག་པ་ནི་ཅིག་ཁོ་ན་སྟེ། གཉིས་དང་གསུམ་བསོགས་མ་མཆིས་སོ། །ཞེས་གསུངས་སོ། །འདོད་པའི་ཡོན་ཏན་གྲུབ་པ་ནི་སེམས་བསྐྱེད་ཙ་ནའི་འདོད་པ་སྟེ། སེམས་ཅན་གྱི་དོན་དུ་སངས་རྒྱས་གྲུབ་པའོ། །འགག་པ་མྱེད་པ་ནི་གདུལ་བྱ་པ་རོས་འཇོག་ཏུ་སྣང་ཡང་། སྤྲུལ་སྐུའི་མཛད་པ་རྒྱུན་མི་འཆད་པ་སྟེ། ཇི་སྐད་དུ། ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར། །ལ་ལར་མེ་བཞིན་མྱ་ངན་འདས། །ལ་ལར་རྫོགས་པའི་བྱང་ཆུབ་སྟོན། །ནམ་ཡང་མྱེད་པ་མ་ཡིན་ཏེ། །ཞེས་གསུངས་པ་བཞིན་ནོ། །བཅོམ་ལྡན་འདས་རྣམས་ལ་མངོན་སུམ་གནས་ཞེས་བཤད་པ་ནི་དེ་ལྟ་བུའི་སངས་རྒྱས་དེ་ཡང་སྡོམ་པ་དང་དམ་ཚིག་བསྲུངས་པས་ཐོབ་པའི་དོན་ཏོ། །མཆོག་གི་འབྲས་བུ་ཤིན་ཏུ་རྒྱས་པར་བཤད་པ། རྫོགས་སཱོ།། ༈ །།བསྒྲུབ་ལྡན་པ་ཡོད་དོ། །པ་པོ་རྣམས་བཟའ་བཏུང་ལ་ཆགས་པར་བྱེད་པ་དང་ཞེས་པའི་ཐད་ཀར་འདི་སྐད་གསུང་སྟེ། ཤ་ལ་ཇོ་བོ་བསྒོམ་ཆེན་དགྱེས། དུད་འགྲོའི་བློ་ཕུགས་སུ་མ་གཏོད། ཇོ་བོ་དག་སེམས་ཅན་མང་པོར་བསྒོམ་ཞིང་། ཕ་མའི་ཤ་ཟ་བ་འདི་ཕོད་ལགས་སམ། འོ་ན་གཞན་ཤ་ཟ་ཆོས་སོ། །ཆང་དང་ཇོ་བོ་བསྒོམ་ཆེན་ཆེ། བཅས་པའི་བསླ བ་པ་སུ་ཡིས་བསྲུང་། ཇོ་བོ་དག་ཆང་ནི་ཉེས་པ་བསྐྱེད་པའི་གཞི་ཅན་ཡིན་པས། རྩ་མཆོག་གིས་ཀྱང་མི་བཏུང་བར་སངས་རྒྱས་ཀྱིས་བཅས་པ་ཡིན་ནོ། །སངས་རྒྱས་ཀྱི་བཀའ་གཅོག་པ་འདི་ཕོད་ལགས་སམ། འོ་ན་གཞན་ཆང་འཐུང་ཆེས། ཇ་ལ་ཇོ་བོ་བསྒོམ་ཆེན་ཡེངས། བརྩོན་འགྲུས་ལྕགས་འདི་སུ་ཡིས་བསྟོབས། ཇོ་བོ་བ་དག་ལམ་བདེ་ལྟ་བུ་དག་བརྙེད་པར་དཀའ་ཚོད་དམ། དུས་ད་ལྟ་བསྒྲུབས་ན་ཕན་ཡོན་ཆེ་ཚོད་དམ། རྩོད་དུས་ཀྱི་གང་ཟག་ཚོའི་ཐུང་ཚོད་དམ། ཆོས་ལ་བར་ཆད་མང་ཚོད་ལ། ཇའི་རོ་ལ་ཆགས་ཤིང་ཡེངས་ནས། ལེ་ལོ་བྱེད་པ་ཅང་ཁོམ་ལགས་སམ། འོ་ན་གཞན་ཇ་ལ་རྒྱག་ཆེས། ཨྀཊི།། ༈ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དབང་དང་འབྲེལ་པའི་དམ་ཚིག་ནི་སློབ་དཔོན་གྱིས་ཞེས་པ་ལ་སོགས་པ་སྟེ། འདི་དག་ལ་དགེ་བཤེས་ཞང་གི་བཞེད་པ་ལྟར་ན། ཕམ་པ་རྣམ་པ་ལྔ་སྟེ། འོག་མ་འཕེལ་བའི་འཕམ་པ་དང་། གོང་མ་ན་སྨད་པའི་འཕམ་པའོ། །དངོས་གཞི་ཡོངས་སུ་རྫོགས་པའི་འཕམ་པ་དང་། ཚད་ལས་འདས་པའི་འཕམ་པ་དང་། ཕྱོགས་སུ་བསྡུ་བའི་འཕམ་པའོ། །ལྟུང་བ་ནི་བཞི་པ་འོག་མ་འགྲེལ་བའི་ལྟུང་བ་དང་། དངོས་གཞི་ཡོངས་སུ་རྫོགས་པའི་ལྟུང་བ་དང་། གོང་མ་ན་སྨད་པའི་ལྟུང་བ་དང་། ཕྱོགས་སུ་བསྡུ་བའི་ལྟུང་བའོ། །ལྕི་བ་ནི་གཉིས་ཏེ། ལྟུང་བའི་ལྕི་བ་དང་། སྦོམ་པོའི་ལྕི་བའོ། །དང་པོ་ལ་གཉིས་ཏེ། སྦྱོར་བ་རྫོགས་པའི་ལྕི་བ་དང་། འོག་མ་འཕེལ་བའི་ལྕི་བའོ། །སྦོམ་པོའི་ལྕི་བ་ལ་གཉིས་ཏེ། འོག་མ་འཕེལ་བའི་ལྕི་བ་དང་། གོང་མ་ན་སྨད་པའི་ལྕི་བའོ། །སྦོམ་པོ་ལ་བརྒྱད་དེ། འོག་མ་འཕེལ་བའི་སྦོམ་པོ་དང་། གོང་མ་ན་སྨད་པའི་སྦོམ་པོ་དང་། ཡན་ལག་གཙོ་བོའི་སྦོམ་པོ་དང་། ཉོན་མོངས་པ་འབྲིང་གིས་བསླང་བའི་སྦོམ་པོ་དང་། ཡུལ་འབྲིང་ལ་རྟེན་ནས་ཀྱེས་པའི་སྦོམ་པོ་དང་། ཡན་ལག་མ་ཚང་བའི་སྦོམ་པོ་དང་། ཡན་ལག་གི་སྦོམ་པོ་དང་། སྦོམ་པོའི་སྦོམ་པོའོ། །དེ་དག་གི་བཤད་པ་དང་རྟག་དཔྱོད་ནི་གཞན་ནས་འབྱུང་བ་ལྟར་ཤེས་པ་བྱའོ། །སློབ་དཔོན་འཇམ་དཔལ་གྲགས་པའི་འགྱུར་སྔ་མ་གཞུང་འདི་རང་གི་དབང་དུ་བྱས་ན་ནི་གཉིས་ཏེ། ཚད་ལས་འདས་པའི་ཕམ་པ་དང་། ཕྱོགས་སུ་བསྡུ་བའི་ཕམ་བའོ། །དེ་ལ་དང་པོ་ནི་སྦྱོར་བ་བདུན་དང་ལྡན་པར་རྡོ་རྗེ་སློབ་དཔོན་འཚོ་བ་དང་ཕྲལ་ན། མ་བཤགས་པར་ལོ་གཉིས་འདས་པ་ན་ཕམ་པར་གྱུར་པའོ། །དེ་ལྟར་ཡང་ལྟུང་བ་དང་པོ་ལས། གལ་ཏེ་སྦྱོར་པ་དེ་དག་དང་ལྡན་པས་འཚོ་བ་དང་བྲལ་ནས་ཚད་ལས་འདས་པ་དང་ཕམ་པའོ། །ཞེས་གསུངས་སོ། །ཚད་ལས་འདས་ཞེས་པ་ནི་ལོ་གསུམ་འདས་པ་ཡིན་པར་འོག་ནས་གསལ་ལོ། །གཞན་དག་ནི་དེ་ལ་བཤགས་པ་དུས་ལས་འདས་པའི་ཕམ་པ་བྱ་བར་མི་འདོགས་ཟེར་ཏེ་དེ་ལེགས་སོ། །ཕྱོགས་སུ་བསྡུ་བའི་ཕམ་པ་ནི་གཉིས་ཏེ། ལྟུང་བ་གསུམ་པའི་དབང་དུ་བྱས་པ་དང་། ལྟུང་བ་བཞི་པའི་དབང་དུ་བྱས་པའོ། །དང་པོ་སྦྱོར་བ་བདུན་དང་ལྡན་པས་རྡོ་རྗེ་སློབ་དཔོན་འཚོ་བ་དང་བྲལ་ནས་མ་བཤགས་པ་དུས་འདས་ན་ཕམ་པ་སྟེ། དེ་ལྟར་ཡང་ལྟུང་བ་གསུམ་པ་ལས། འདིའི་ཕྱོགས་དང་མཐུན་པ་ནོ་ཞེས་པ་དང་། རྩ་བ་དུས་འདས་ཕམ་པ་འདྲ། ཞེས་གསུང་ངོ་། །ལྟུང་བ་བཞི་པའི་དབང་དུ་བྱས་ན། ཡུལ་སེམས་ཅན་གཞན་ལ་རང་གིས་སྦྱོར་བ་དངོས་གཞི་སྐྱེས་ནས། མ་བཤགས་པར་དུས་འདས་ཏེ་ཤི་བ་དང་ཕམ་པའོ། །ཡང་རང་ལ་གཞན་གྱིས་བཤགས་པ་ཚུལ་བཞིན་དུ་བྱེད་པ་ལ། རང་གིས་མ་བླངས་པར་རང་ཤི་བར་གྱུར་ན་ཕམ་པའོ། །དེ་ལྟར་ཡང་ལྟུང་བ་བཞི་པ་ལས། གཞན་ལ་སྦྱོར་བ་དངོས་གཞི་སྐྱེས་པ་མ་བརྟགས་པར་ཞེས་པ་ལ་སོགས་པ་གསུངས་སོ། །ལྟུང་བ་གཞན་རྣམས་ལ་དགེ་བཤེས་ཞང་གི་དངོས་གཞི་ཡོངས་སུ་རྫོགས་པའི་ཕམ་པ་དང་། ཕྱོགས་སུ་བསྡུ་བའི་ཕམ་པ་མ་རྟོགས་པ་ཕམ་པ་གཞན་གསུམ་ནི་ཡོང་བར་འདོད་དོ། །གཞུང་ལས་ཕམ་པ་ཡོང་བར་བཤད་པ་གསལ་བ་མྱེད་དོ། །ལྟུང་བ་ནི་གསུམ་སྟེ། སྦྱོར་བ་ཡོངས་སུ་རྫོགས་པའི་ལྟུང་བ་དང་། གོང་མ་ན་སྨད་པའི་ལྟུང་བ་དང་། ཕྱོགས་སུ་བསྡུ་བའི་ལྟུང་བའོ། །དེ་ལ་དང་པོ་ནི་ལྟུང་བ་དང་པོའི་དབང་དུ་བྱས་ནས་སྦྱོར་བ་བདུན་གྱི་སྒོ་ནས་འཚོ་བ་དང་ཕྲལ་བ་སྟེ། དེ་ལྟར་ཡང་གསུམ་གཅིག་ལ་ལྡན་པ་ལ་བདུན་གྱི་སྦྱོར་བ་དང་ལྡན་པས་ལྟུང་བར་འགྱུར་ཏེ། ཞེས་པ་ནས། བདག་ཉིད་མ་འཁྲུལ་བའོ། །ཞེས་གསུངས་པའི་བར་གྱིས་གསལ་ལོ། །ལྟུང་བ་གཉིས་པ་ལ་སོགས་པ་སྦྱོར་བ་རྫོགས་པའི་ལྟུང་བ་ཡང་སྦྱོར་བ་བདུན་དང་ལྡན་པའོ། །གོང་མ་ན་སྨད་པའི་ལྟུང་བ་ནི་ཕམ་པ་བཤགས་ཚད་ཀྱིས་བཤགས་པའི་ཤུལ་ནས་ལྟུང་བ་ཚད་ལྡན་དུ་གནས་པའོ། །དེ་ལྟར་ཡང་། ཕྱིས་ཚད་དུ་བཤགས་ན་ལྟུང་བར་འགྱུར་རོ་ཞེས་པ་དང་། ལྟུང་བ་ནི་འཚོ་བ་དང་བྲལ་ནས་བཤགས་པའི་ཚད་འོག་ནས་འབྱུང་བ་བྱས་པའོ། །ཞེས་གསུངས་སོ། །འདི་ནི་ལྟུང་བ་དང་པོ་ལ་འབྱུང་གི་གཞན་ལ་དཔྱད་པར་བྱའོ། །ཕྱོགས་སུ་བསྡུ་བའི་ལྟུང་བ་ནི་སྦྱོར་བ་བདུན་དང་ལྡན་པས་ཐ་མལ་པའི་མི་བསད་པ་སྟེ། དེ་ལྟར་ཡང་། མི་ནི་ལྟུང་བའི་ཕྱོགས་སུ་བསྡུ་ཞེས་གསུངས་པའོ། །ལྕི་བ་དང་ཞེས་པ་ནི་ཕལ་ཆེར་སྦོམ་པ་མ་བཤགས་པར་ལོ་གསུམ་འདས་པ་ལ་ལྕི་བ་ཞེས་གསུངས་སོ། །སྦོམ་པོ་ཞེས་པ་ནི་གོང་དུ་སྨོས་པའི་བརྒྱད་པ་དེའོ་དང་པོ་གཉིས་དར་པོའི་ཕྱི་མ་དྲུག་པོ་དང་། དེའི་སྟེང་དུ་སྦྱོར་བ་མ་རྫོགས་པའི་སྦོམ་པོ་དང་། ཡུལ་མ་དག་པ་ལ་བསམ་པ་དག་པས་བསླང་ནས་སྐྱེས་པའི་སྦོམ་པོ་དང་། ཡུལ་མ་དག་པ་ལ་བསམ་པ་དག་བས་ཀུན་ནས་བསླང་ནས་ཀྱེས་པའི་སྦོམ་པོ་ཞེས་བྱ་བ་ཡོད་པར་གསལ་ལོ། །དེ་ལ་སྦྱོར་བ་མ་རྫོགས་པའི་སྦོམ་པོ་ནི་འགའ་ཞིག་གིས་སྦྱོར་བ་བདུན་གྱི་སྒོ་ནས་རྡོ་རྗེ་སློབ་དཔོན་ནམ་རྡོ་རྗེ་ཡུན་འཚོ་བ་དབྲལ་བའི་ལས་བྱས་ཀྱང་། དེ་འཚོ་བ་དང་བྲལ་པར་མ་གྱུར་ན་དོན་དེ་མ་གྲུབ་པས་སྦྱོར་པ་མ་རྫོགས་པ་ཡིན་ཏེ། སྦོམ་པོའོ། །འདི་ནི་ལྟུང་བ་དང་པོ་དང་གསུམ་པ་ལ་འབྱུང་བ་ཡིན་ནོ། །དེ་ལྟར་ཡང་། ལྟུང་བ་དང་པོ་དང་པོ་ལས། འཚོ་བ་དང་མ་བྲལ་ན་ལྟུང་བར་མ་འགྱུར་ཏེ་སྦོམ་པོའོ་ཞེས་གསུངས་སོ། །ཡན་ལག་གི་གཙོ་བོའི་སྦོམ་པོ་ནི་ཉོན་མོངས་པས་ཀུན་ནས་བསླང་བའི་བསམ་པ་ཙམ་ཞིག་སྐྱེས་པ་སྟེ། འདི་ནི་ལྟུང་བ་གཉིས་པའི་ཐད་ཀར་ཇི་སྐད་དུ་ཡན་ལག་གི་གཙོ་བོ་ནི་སྦོམ་པོའི་ཞེས་བཤད་དེ། འབྱུང་བ་ནི་ལྟུང་བ་བཅུ་བཞི་པོ་དང་། བཅྭོ་ལྔ་པོ་ཀུན་ལ་འབྱུང་གསུང་ངོ་། །ཉོན་མོངས་པ་འབྲིང་གིས་བསླང་བའི་སྦོམ་པོ་ནི་མནར་སེམས་དགུ་དང་མི་ལྡན་པར། ཡུལ་སེམས་ཅན་ལ་ཞེ་སྡང་གློ་བུར་དུ་ཏོལ་གྱིས་ཀྱེས་པ་སྟེ། འདི་ནི་ལྟུང་བ་བཞི་པ་འང་འབྱུང་བའོ། །དེ་ལྟར་ཡང་། སེམས་ཁོང་ནས་འཁྲུག་པ་ནི་སྦོམ་པོའོ། །ཞེས་གསུངས་སོ། །ཡུལ་འབྲིང་ལ་རྟེན་ནས་སྐྱེས་པའི་སྦོམ་པོ་ནི་ཐེག་པ་ཆེན་པོའི་མདོའ་སྡེ་ལ་ཉོན་མོངས་ཀྱིས་ཀུན་ནས་བསླང་ནས་སྨད་པ་སྟེ། འདི་ནི་ལྟུང་བ་དྲུག་པ་ལས་འབྱུང་བའོ། །དེ་ལྟར་ཡང་། ཐེག་པ་ཆེན་པོའི་མདོ་སྡེ་ལ་སྦོམ་པོའོ། །ཞེས་གསུངས་སོ། །ཡུལ་མ་དག་པ་ལ་བསམ་པ་དག་པས་ཀུན་ནས་བསླང་ནས་སྐྱེས་པའི་སྦོམ་པོ་ནི། མ་སྦྱིན་པའི་སེམས་ཅན་ལ་སྙིང་རྗེའི་བསམ་པས་གསང་པའི་ཆོས་བསྟན་པ་སྟེ། འདི་ནི་ལྟུང་བ་བདུན་པ་ལས་འབྱུང་བའོ། །དེ་ལྟར་ཡང་། སྙིང་རྗེས་བཞུགས་ན་སྦོམ་པོའོ། །ཞེས་གསུངས་སོ། །ཡན་ལག་མ་ཚང་བའི་སྦོམ་པོ་ནི། ཡན་ལག་གཞན་འཚོགས་པ་ལ་རྗེས་ཀྱི་ཡན་ལག་གང་ཡང་རུང་བ་མ་ཚང་བ་སྟེ། འདི་ནི་ལྟུང་བ་བཅུ་བཞི་པོ་དང་བཅྭོ་ལྔ་པོ་ཀུན་ལ་འབྱུང་ངོ་། །ཡན་ལག་སྦོམ་པོ་ནི་འོག་གི་བརྒྱད་དང་བཅུ་གསུམ་པའོ། །སྦོམ་པོའི་སྦོམ་པོ་ནི་སྦོམ་པོ་ནི་ཡན་ལག་དག་ཀུན་ནས་སློང་བའི་བསམ་པ་དེ་སྐྱེས་པ་དེའོ། །དེ་ལྟར་ཡང་། ཡན་ལག་གི་ཉེས་པའི་སྐབས་ནས། ཡན་ལག་གི་སྦོམ་པོ་ཙམ་ཡོད་པ་ནི་སྦོམ་པོའོ་ཞེས་གསུངས་སོ། །ཡན་ལག་དང་ཞེས་པ་ནི་བརྒྱད་པོ་དང་བཅུ་གསུམ་པའོ། །ཉེས་བྱས་དང་ཞེས་པ་ནི་ལྟུང་བ་དང་པོའི་ལྟར་ན་ཉོན་མོངས་པའི་བསམ་པ་ལ་སོགས་པ་མྱེད་ན་ལོང་རྡོ་རྗེ་སྐྱུར་པས་བླ་མ་ལ་ཕོག་ནས་དྲོངས་པ་ལྟ་བུ་སྟེ། དེ་ལྟར་ཡང་། ཡན་ལག་དྲུག་དང་མི་ལྡན་པར་དངོས་གཞི་རྫོགས་ན་ཉེས་བྱས་སོ། །ཞེས་གསུངས་སོ། །ལྟུང་བ་གཞན་རྣམས་ཀྱི་ཉེས་བྱས་ནི་ཐད་ཀ་ཐད་ཀར་གོ་བར་བྱའོ། །འཕྲ་མོ་དང་ཞེས་པ་ནི་ལྟུང་བ་དང་པོའི་དབང་དུ་བྱས་ནས་འགོང་བར་བྱ་བ་མ་ཡིན་པ་ལ་སོགས་པའོ། །ལྟུང་བ་གཞན་རྣམས་ཀྱི་ཕྲ་མོ་ཐད་ཀ་ཐད་ཀར་གོ་པར་བྱའོ། །ཉེས་པ་མྱེད་པ་དང་ཞེས་པ་ནི་ཉེས་པ་བྱས་ཀྱང་ཉེས་པར་མ་གྱུར་པར་ལྟུང་བའི་གཟུགས་བརྙན་དེ། སྐྱེ་བ་མྱེད་པར་རྟོགས་པ་ལ་སོགས་པའི་དུས་སུའོ། །ཨྀཊི།། ༈ །།ཨཱོཾ་སྭ་སྟི། ལྷ་དང་དྲང་སྲོང་བདེན་པའི་ངག །གང་ལ་སྦྱར་བའི་ནུས་པ་ཡང་། །བསླུ་བར་བྱེད་པ་མ་མཐོང་ན། །ཞེས་པ་ལ། རྒྱལ་པོ་སྐྱབས་སེང་གི་ལོ་རྒྱུས་ནི། སྔོན་ཤག་ཀྱའི་ལ་རྩི་བྱི་ཞེས་པའི་སྲས་ཆེད་པོ་དམག་བརྒྱའ་པ་དང་། གཅུང་པོ་སྐྱབས་སེང་ངོ་། །དམག་བརྒྱའ་པ་ལ་བུ་དགུ་བཅུ་གོ་དགུ་ཕ་དང་བརྒྱའ་ཡོད་དེ། སྐྱབས་སེང་ལ་ཙུན་མོ་མཆོག་ལྔ་བརྒྱའ་ཁབ་ཏུ་བཞེས་པ་ལ་བུ་མྱེད་དོ། །དེ་ཅིས་ལན་ན་རྒྱལ་པོ་འདི་འཕོང་ལ་མཁས་པའི་མཐར་མཐུག་པས། ནགས་ན་གནས་པའི་དྲང་སྲོང་གིས་རི་དགས་མོ་ལ་སྙོམས་པར་ཞུགས་པས། དེའི་སྒྲ་རྒྱལ་པོས་ཐོས་པ་ཙམ་ལ་ཐུག་པའི་ཁྲོས་སྟེ་མདའ་འཕངས་པས་རི་དགས་མོ་དང་དྲང་སྲོང་གཉིས་ཀ་བསྒྱུས་སོ། །དེར་དྲང་སྲོང་གིས་སྨོད་བོར་བས་མ་ནིང་དུ་གྱུར་ཏེ་ནད་དང་བཅས་པས་བུད་མྱེད་ཆོག་ལ་བརྟེན་ཀྱང་བདེ་བ་མྱི་སྐྱེ་ཞིང་བུ་བསྐྱེད་པའི་ནུས་པ་མེད་པས་བུ་མེད་དོ། །དེར་ཕོ་བོ་དམག་བརྒྱའ་པ་དགྲར་ལངས་པས་རྒྱལ་པོ་སྐྱབས་སེང་གིས་ཡང་དྲང་སྲོང་ལ་བུ་བསླངས་པས། དྲང་སྲོང་གིས་བུ་ལྔ་བྱིན་ཏོ། །ཉི་མའི་བུ་བསེའ་ཁྲབ་ཅན་དང་། དྲག་པོའི་བུ་མཐར་བྱེད་དང་། ལྟའི་བུ་ལས་སྣ་ཚོགས་དང་། རླུང་ལྷའི་བུ་མི་འཇིགས་བསྟན་པ་དང་། ཁྱབ་འཇུག་གི་བུ་གཞན་གྱིས་མི་ཐུབ་པ་དང་། ལྔ་བྱིན་ནོ། །དེར་རྒྱལ་པོས་བུ་ལྔ་ལ་ཁྱེད་ལ་རྣམས་ནུས་པ་ཅི་ཡོད་བྱས་པས ། ཉི་མའི་བུ་ན་རེ་ས་ལ་མི་ནུབ་པ་དང་གནམ་ལ་འཕུར་བའི་ནུས་པ་ཡོད་ཟེར། དྲག་པོ་ཡི་བུ་ན་རེ། སྲིན་པོའི་ཡུལ་ན་ཕར་ལ་སྤྲུལ་ནུས་ཟེར། ལྷའི་བུ་ན་རེ་རྒྱལ་པོ་ངས་ལྷ་མ་ཡིན་འབྱིན་ནུས་ཟེར། རླུང་ལྷའི་བུ་ན་རེ་ཡོ་བྱད་ཅི་དང་ཅི་འདོད་པ་ང་ལ་མང་པོ་ལོང་ཟེར། ཁྱབ་འཇུག་གི་བུ་ན་རེ་ཕས་ཀྱི་རྒོལ་བའི་དགྲའ་ཐམས་ཅད་ཕུང་བར་ནུས་ཟེར་རོ། །དེར་བཅུང་བསྐྱབས་སེང་གིས་ཕོ་བོ་དམག་བརྒྱའ་པ་ལ་སྐྱོན་ཕབ་ནས། བུ་ཆུང་ཤོས་གཉའ་ཁྲི་བཙན་པོ་སྤྱུགས་ནས་མ་བསད་སྐད། བུ་གཞན་ཐོད་ར་ནས་བསྐུས་ཀྱིན་བསད་དོ། །དེས་ན་སྟོན་པ་འདིའི་བསྟན་པ་ཡིན་ཡང་ཟེར། ཡིད་ཀྱི་ལས་གསུམ་རྣབ་སེམས་གནོད་སེམས་ལོག་ལྟའོ། །ལྷག་པར་དུ་གྱུར་བའི་དུས་ཀྱང་ཡིན་ཟེར་རོ། །ཨྀཊི།། །།