cover

སྔ་འགྱུར་སྨིན་གླིང་དཔེ་ཚོགས།

པོད་དྲུག་པ།

ལོ་ཆེན་དྷརྨ་ཤྲཱི།

འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པ་གྱུར་པ་མཁན་རིན་པོ་ཆེ་ཤེས་བྱ་ཀུན་ག༷ཟིགས་སོགས་ཀྱིས་བླ་ན་མེད་པའི་མཛད་རྒྱས་ལ་བརྟེན་ནས་པར་དུ་བསྐྲུན་གནང་བའི་སྔ་འགྱུར་སྨིན་གླིང་དཔེ་ཚོགས་ཞེས་པའི་དེབ་ཕྲེང་ཉི་ཤུ་རྩ་ལྔའི་གྲངས་ལྡན་མཐའ་མའི་ཞུ་དག་ཅན་འདིར་གནང་འབྱོར་བྱུང་བ་ལགས་ན། སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།

ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ།

ཀླད་ཀྱི་དོན།

༄༅། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ་ཞེས་བྱ་བ། བླ་མ་དང་འཇམ་དཔལ་དབྱངས་ལ་གུས་པར་ཕྱག་འཚལ་ལོ། །དཔལ་ལྡན་འགྱུར་མེད་བདེ་ཆེན་ལྷན་ཅིག་སྐྱེས། །རྣམ་པ་ཀུན་གྱི་མཆོག་ལྡན་རྣམ་མེད་པའི། །སྟོང་ཉིད་སྣ་ཚོགས་ཡུམ་དེར་དགྱེས་རོལ་པ། །ཁྱབ་བདག་དང་པོའི་སངས་རྒྱས་རྒྱལ་གྱུར་ཅིག །མཁྱེན་པའི་ཡེ་ཤེས་ཉིན་མོར་བྱེད་པ་འབུམ་གྱིས་འགྲན་པར་མི་བཟོད་ཅིང་། །བདག་མེད་རྟོགས་པའི་རྣམ་འབྱེད་རལ་གྲི་ཨིནྡྲ་ནཱི་ལ་ལྟར་སྔོ་བས། །མི་ཤེས་རྨོངས་མུན་དྲྭ་བ་མ་ལུས་ཡོངས་སུ་གཅོད་མཛད་ལྷག་པའི་ལྷ། །འཇམ་པའི་རྡོ་རྗེར་གུས་པས་འདུད་དོ་མི་ཟད་སྤོབས་པའི་མཆོག་སྩོལ་ཅིག །ལྷ་མིན་ཕྱག་བྱས་ཉི་ཟླའི་གཟི་འཕྲོག་མི་འཇིགས་སེང་གེའི་ཁྲི་ཆེན་པོར། །རིམ་པར་ཞབས་བཀོད་གསང་ཆེན་ཆོས་ཀྱི་སྒྲ་སྐད་ཆད་པ་མེད་སྒྲོག་པའི། །རྡོ་རྗེའི་ལྗགས་ལྡན་ཁྲོ་བོའི་རྒྱལ་དང་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད། །ཆོས་རྒྱལ་རིགས་ལྡན་སུམ་ཅུ་རྩ་གཉིས་མཚན་དབྱངས་སྲིད་འདིར་འབར་གྱུར་ཅིག །ངག་ཚིག་གཟུངས་དང་སྤོབས་པར་དབང་ཕྱུག་པའི། །རྨད་བྱུང་བློ་གཏེར་མགུལ་གྱི་བུམ་བཟང་ནས། །སངས་རྒྱས་རྒྱ་མཚོའི་ཆོས་དཀར་བདུད་རྩིའི་རྒྱུན། །རྣམ་མང་འགྲོ་ལ་སྩོལ་མཁས་ཁྱོད་རྒྱལ་ལོ། །མཁྱེན་བརྩེའི་ཆུ་གཏེར་གཏིང་མཐའ་དཔག་ཡས་ཤིང་། །རྣམ་གྲོལ་ཡིད་བཞིན་རིན་ཆེན་འབྱུང་བའི་གནས། །ཕན་བདེའི་རླབས་ཕྲེང་ཕྱོགས་བཅུར་གཡོ་བའི་གཉེན། །གཏེར་ཆེན་བླ་མ་མཆོག་ཏུ་བསྟོད་པར་བགྱི། །ཕུལ་བྱུང་གཙུག་ལག་བྱེ་བའི་དངོས་པོ་ལས། །ལེགས་བྱས་རིན་ཆེན་གསེར་གྱི་གདན་ཁྲི་ཆེར། །བཞུགས་ནས་རྒྱུད་དོན་ཇི་བཞིན་འཆད་མཁས་པ། །རྒྱ་བོད་མཁས་གྲུབ་ཇི་སྙེད་ཕྱག་གི་ཡུལ། །གྲུབ་མཐའི་ལེགས་བཤད་སྲོལ་འབྱེད་རྒྱ་མཚོའི་སྡེ། །དྲི་མེད་མཁྱེན་པའི་སྤྱན་ལྡན་ནོར་བུ་བཟང་། །སྐར་ནག་རྩིས་ཚུལ་ཀུན་གཟིགས་འཕྲིན་ལས་པ། །ཕུག་ལུགས་ཤིང་རྟ་ཆེན་པོ་རྣམ་གསུམ་རྒྱལ། །བློ་གྲོས་མིག་སྟོང་ལྡན་པའི་དཀྱུས་རིང་པོས། །རྒྱ་ཆེན་ཤེས་བྱའི་དཀྱིལ་འཁོར་མ་ལུས་ཀུན། །ལེགས་གཞལ་གསང་བའི་དེ་ཉིད་མངོན་གྱུར་པ། །མདོ་སྔགས་བསྟན་འཛིན་བཟང་པོས་འགྲོ་འདི་སྐྱོངས། །ཟབ་མོའི་དོན་གཟིགས་བློ་གྲོས་རྟ་ལྗང་ཅན། །ཉེར་འཚེའི་སྒྲ་གཅན་གདོང་ལས་རྣམ་རྒྱལ་ཞིང་། །རྨད་བྱུང་ཡོན་ཏན་སྣང་བྱེད་འོད་བརྒྱ་བ། །ཐུབ་བསྟན་རྒྱ་མཚོ་སྨྲ་བའི་ཉི་མར་འདུད། །རྩིས་ཚུལ་ཕྱོགས་རེར་སྦྱངས་རློམ་གོམ་སྟབས་ཀྱིས། །གྲགས་པའི་དོ་རར་གར་བསྒྱུར་གླང་ཆེན་ཁྱུ། །མཐར་བྱེད་སྨྲ་བའི་སེང་གེ་ལྡུམ་པོ་བ། །རྗེ་རིགས་དོན་གྲུབ་དབང་རྒྱལ་ལ་བཏུད་དེ། །དཔལ་ལྡན་རྒྱུད་འགྲེལ་ཆུ་གཏེར་ལས་ཐོན་པའི། །རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་དཔྱིད། །རྣམ་འགྲེལ་གསེར་གྱི་ཤིང་རྟས་འདིར་དྲངས་ནས། །ལེགས་བཤད་སྣང་བ་ཕྱོགས་བཅུར་འགྱེད་པར་བྱ། །ཞེས་མཆོད་པར་བརྗོད་ཅིང་བརྩམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་གང་བཤད་པར་བྱ་བའི་ཆོས་ནི། དཔལ་མཆོག་གི་དང་པོའི་སངས་རྒྱས་ལས་ཕྱི་རོལ་ཤེས་པའི་ཡན་ལག་ཏུ་གསུངས་པའི་སྐར་རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ཞེས་བྱ་བའི་བསྟན་བཅོས་དེའོ། །ཇི་ལྟར་བཤད་པ་ནི། རྒྱུད་འགྲེལ་གྱི་དགོངས་པ་བཞིན་རང་ལུགས་ཀྱི་བྱེད་པ་དང་། གྲུབ་པའི་མཐའ་རྣམ་པར་དག་པ་སྟོན་པའི་ལེགས་བཤད་དཔལ་ལྡན་ཕུག་པ་བའི་བཞེད་གཞུང་ཇི་ལྟ་བ་བཞིན་དུའོ། །དུས་ནམ་གྱི་ཚེ་བཤད་པ་ནི། གྲོང་དུ་འཕྱན་པའི་བླ་མཁྱེན་དང་། རྩིས་རིག་ལ་སྦྱངས་པར་རློམ་པ་ཆེས་མང་པོ་དག་གིས་བྱེད་པ་དང་གྲུབ་པའི་མཐའ་ལས་བརྩམས་པའི་རི་མོའི་འབྱུང་ཚུལ་རྣམས་སྒྲུབ་དཀའ་བར་བཟུང་ནས། རྩིས་གཞུང་ཐོར་བུ་ཙམ་ལ་བློ་སྦྱོང་བར་བྱེད་པས། སྐར་རྩིས་ཀྱི་ལག་ལེན་ཕལ་ཆེར་ཉམས་པར་གྱུར་པ་དེང་སང་གི་དུས་སུའོ། །འདི་འཆད་པ་ལ་གསུམ་སྟེ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། མཚན་གྱི་དོན། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བའོ། །དང་པོ་ནི། རྒྱ་གར་སྐད་དུ། ག་ཎི་ཏོ་པ་དེ་ཤ་དི་བཱ་ཀ་རཱ་ལོ་ཀ་ནཱ་མ། ཞེས་པ། བོད་སྐད་དུ། རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བ། ཞེས་པ་སྟེ། རང་ཉིད་ལེགས་སྦྱར་སྐད་ལ་བག་ཆགས་འཇོག་པའི་ཕྱིར་མཚན་སྐད་གཉིས་སུ་སྦྱར་རོ། །དེ་ལ་རྩིས་ནི་རྒྱུད་འགྲེལ་ལས་གསུངས་པའི་བྱེད་པ་དང་། གྲུབ་པའི་མཐའི་རྩིས་ལ་སོགས་པ་གཞུང་འདིའི་བརྗོད་བྱ་རྣམས་སོ། །དེ་རྗོད་བྱེད་ཀྱི་ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་སྟོན་པའི་ཕྱིར་དང་། ཟབ་ཅིང་བརླིང་བའི་གནད་རྣམས་འདིས་གསལ་བར་སྟོན་པའི་ཕྱིར་མན་ངག་སྟེ། རྟགས་དང་པོས་ནི་ཉི་མའི་དཀྱིལ་འཁོར་གཅིག་གི་སྣང་བ་ཁོ་ནས་སའི་དུམ་བུ་ཆེན་པོ་འདིའི་ཁྱོན་མ་ལུས་པ་གསལ་ནུས་པ་དང་འདྲ་ལ། རྟགས་ཕྱི་མས་ནི་ཤིན་ཏུ་མུན་ནག་སྟུག་པོ་ཉིད་སྐད་ཅིག་ལ་སེལ་ནུས་པའི་སྣང་བ་མཐུ་ཆེ་བ་དེ་དང་འདྲ་བས། དོན་དང་མཐུན་པའི་མཚན་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱའོ། །གཉིས་པ་ནི། མཚན་དེ་ལྡན་གྱི་བསྟན་བཅོས་བརྩམ་པར་འདོད་ནས་རང་ཉིད་ཡ་རབས་ཀྱི་ཚུལ་དང་མཐུན་ཅིང་། བརྩམ་པ་མཐར་ཕྱིན་པར་བྱ་བའི་ཕྱིར་མཆོད་པར་བརྗོད་པ་ལ་གསུམ་སྟེ། རྩ་བའི་བླ་མ་ལ་བསྟོད་ནས་ཕྱག་བྱ་བ་དང་། དུས་ཀྱི་འཁོར་ལོ་ལ་བསྟོད་ནས་ཕྱག་བྱ་བ་དང་། ཆོས་རྒྱལ་རིགས་ལྡན་རྣམས་ལ་བསྟོད་ནས་ཕྱག་བྱ་བའོ། །དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་གཉིས་སུ་མེད་པ་ལ་གུས་པར་ཕྱག་འཚལ་ལོ། །ཞེས་མདོར་བསྟན་ནས། གཉིས་པ་ལ་བསྟོད་པ་དང་ཕྱག་འཚལ་བའོ། །དང་པོ་ནི། རང་དོན་ཐོགས་མེད་ཀྱི་མཁྱེན་པ་དང་། དམིགས་མེད་ཀྱི་ཐུགས་རྗེ་མངའ་བའི་གཏེར་ཆེན་བླ་མ་གང་གི་གཞན་དོན་གྱི་ཕྲིན་ལས་ནི། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བདག་ཉིད་ཅན་གྱི་གསུང་ཉི་མའི་དཀྱིལ་འཁོར་ལྟ་བུ་དེ་ལས། འགྲོ་བའི་ཉོན་མོངས་པ་དེ་དང་དེའི་གཉེན་པོར་གྱུར་པའི་གསུང་གི་འོད་ཟེར་ཆ་ཙམ་ཞིག་ལྷུངས་པས་ཀྱང་། དཔག་ཡས་སྙིང་གི་མུན་པ་སྟེ་མ་རིག་པའི་རྩ་བ་དེ་ཉིད་དྲུངས་ནས་འབྱིན་ནུས་པས་ན་རབ་ཏུ་བསལ་ནས་ཞེས་པའི་ཐ་སྙད་ཀྱིས་བརྗོད་པ་དང་། སྤངས་པ་དེས་རབ་ཏུ་ཕྱེ་བའི་རྟོགས་བྱ་ཡང་དག་པའི་ཡེ་ཤེས་ཀྱི་བློའི་སྣང་བ་རྒྱས་པར་མཛད་པའི་ནུས་པ་དང་ལྡན་ན། གསུང་གི་འོད་ཟེར་མཐའ་དག་ཞུགས་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །གཉིས་པ་ནི། གཏེར་སྟོན་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་ནང་ན་རི་བོང་འཛིན་པ་ལྟར་འགྲན་ཟླ་དང་བྲལ་བས་ན་ཆེན་པོ་དང་། ངག་ཚིག་བརྗོད་པ་ཀུན་ལ་དབང་འབྱོར་བས། ཤེས་བྱར་ཆོས་ཀྱི་རྒྱལ་སྲིད་མཐའ་དག་ལ་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་སྟེ། བདག་ཅག་གི་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་བ་འགྲོ་འདུལ་གཏེར་བདག་གླིང་པའི་སྐུའི་དམའ་ཤོས་ཞབས་ལ་རང་གི་ཡན་ལག་གི་མཆོག་མགོ་བོས་སོ། །ཇི་ལྟར་ཞེ་ན། ཀུན་རྫོབ་ཀྱི་ཕྱག་འཇིག་རྟེན་དུ་གྲགས་པ་ལྟར་དང་། དོན་དམ་པའི་ཕྱག་ཡུལ་དང་འཚལ་མཁན་རོ་གཅིག་པར་ཤེས་པའོ། །འདིར་ཕྱག་གི་ཚིག་མ་སྨོས་པའི་ཕྱིར་ཕྱག་ཏུ་མི་རུང་ཞེ་ན། རུང་སྟེ། ཕྱག་དང་འདུད་པ་ནི་ཚིག་གི་ཁྱད་པར་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་དུས་ཀྱི་འཁོར་ལོ་ལ་བསྟོད་པ་དང་མཆོད་པར་བརྗོད་པའོ། །དང་པོ་ནི་མཆོག་ཏུ་འགྱུར་བ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་གཞོམ་གཞིག་དང་བྲལ་བས་ན་རྡོ་རྗེའི་དུས་ཏེ། དེ་ཉིད་སྲིད་པ་དང་ཞི་བ་ཀུན་ལ་ཁྱབ་བྱེད་དུ་འགྲོ་བའི་བདག་ཉིད་ཅན་ཡིན་པས་ན་འཁོར་ལོའོ། །གཞི་ལམ་འབྲས་བུའི་རྡོ་རྗེ་འཆང་དེའི་ཆེ་བའི་ཡོན་ཏན་གྱི་ཁྱད་པར་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཐར་འདོད་ཀྱི་བསྟེན་བྱ་ཡིན་པས་ན་དཔལ་ལྡན་དུ་བརྗོད་དེ། ཧེ་བཛྲ་ལས། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཞེས་གསུངས་པས་སོ། །ཡང་ན་འཁོར་འདས་གཉིས་སུ་མེད་པས་ན་སྲིད་ཞིའི་དཔལ་དུ་གྱུར་པ་ཞེས་བྱའོ། །གཉིས་པ་ནི། ཕྱི་ནང་གཞན་དེ་ཁོ་ན་ཉིད་དོན་དམ་པའི་དུས་ཀྱི་འཁོར་ལོ་ལས། འདིར་མཆོད་བརྗོད་ཀྱི་ཡུལ་གྱི་གཙོ་བོ་ནི། དག་པ་གཉིས་ལྡན་གྱི་ཆོས་ཉིད་ཆེན་པོ་དོན་དམ་འབྲས་བུའི་དུས་ཀྱི་འཁོར་ལོའོ། །དེའི་ཞབས་ལ་རང་གི་དད་བརྒྱའི་ཀུན་སློང་དང་ལྡན་པའི་གཙུག་སྟེ་ཡན་ལག་གི་མཆོག་པདྨོའི་ངོ་བོར་བཀོད་པ་དེས་དུས་ཉི་ཚེ་བ་མ་ཡིན་གྱི་རྟག་ཏུ་མཆོད་དོ། །གསུམ་པ་ཆོས་རྒྱལ་རིགས་ལྡན་རྣམས་ལ་བསྟོད་པ་དང་ཕྱག་འཚལ་བའོ། །དང་པོ་ནི། ཤམྦྷ་ལའི་ཡུལ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པའི་རྣམ་པར་གནས་པ་ལས། འདབ་མ་རེ་རེ་ལ་གྲོང་ཁྱེར་བྱེ་བ་བྱེ་བས་བརྒྱན་པའི་ཡུལ་ཆེན་པོ་བཅུ་གཉིས་བཅུ་གཉིས། དེ་རེ་རེ་ལ་དབང་བའི་རྒྱལ་པོ་རེ་རེ་སྟེ་བསྡོམས་པས་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་དེ་ཐམས་ཅད་ཀྱི་སྤྱི་བོས་རབ་ཏུ་བསྟེན་བྱའི་རྒྱལ་པོ་ནི། པདྨའི་ལྟེ་བའི་དབུས་སུ་ལྷས་བརྩིགས་པའི་ཕོ་བྲང་ཀ་ལཱ་པར་གདོང་ལྔས་བཏེགས་པའི་ཁྲི་ལ་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོའི་སྤྲུལ་པ་ཆོས་རྒྱལ་རྒྱུན་ཆད་པ་མེད་པར་འབྱོན་པ་རྣམས་ཀྱི་ཞབས་བཀོད་ནས་སྐལ་བ་དང་ལྡན་པ་རྣམས་ལ་ཐུན་མོང་གི་ཡུལ་མ་ཡིན་པ་གསང་ཆེན་རྡོ་རྗེའི་རྣལ་འབྱོར་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་སྟོན་ཅིང་། སྡུད་པ་དང་། དགོངས་འགྲེལ་ལ་སོགས་པའི་སྒོ་ནས་གསལ་བར་མཛད་པའོ། །གཉིས་པ་ནི། ཤམྦྷ་ལར་སྤྲུལ་པའི་ཆོས་རྒྱལ་རིམ་པར་འབྱོན་པ་ལས། འདིར་བསྟོད་ཕྱག་གི་ཡུལ་དུ་གྱུར་པ་ནི། རྩ་རྒྱུད་སྡུད་ཅིང་འགྲེལ་པ་མཛད་པ་པོ་ཟླ་བཟང་། འཆད་པ་པོ་ཆོས་རྒྱལ་དྲུག །བསྡུས་རྒྱུད་སྡུད་པ་པོ་གྲགས་པ། འགྲེལ་མཛད་པད་དཀར། འཆད་པ་པོ་བཟང་པོ་ནས། ཀླ་ཀློའི་དགྲ་བོ་འཁོར་ལོ་ཅན་གྱི་བར་ཉེར་གསུམ་སྟེ། ཆོས་རྒྱལ་རིགས་ལྡན་གྱི་ཚོགས་སུམ་ཅུ་རྩ་གཉིས་ལ་གུས་པར་ཕྱག་བགྱིའོ། །གསུམ་པ་བརྩམ་པར་དམ་བཅའ་བ་ལ་གཉིས་ཏེ། དངོས་དང་། བརྩམ་རིགས་པའི་འཐད་པའོ། །དང་པོ་ནི། འགྲན་སེམས་ཀྱིས་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པར་དག་པའི་སྐར་རྩིས་ཀྱི་གྲུབ་པའི་མཐའ་སྟོན་པའི་གཞུང་སྔ་མ་རྣམས་ཀྱི་ཚིག་དོན་གྱི་གནད་བརླིང་ཞིང་རྟོགས་དཀའ་བ་རྣམས་གསལ་བར་ཕྱེ་ནས་སྐྱེ་རྒུ་ཀུན་གྱིས་བདེ་བླག་ཏུ་རྟོགས་པའི་སླད་དུ་བརྩམ་མོ། །དེ་ཡང་རང་བཟོས་མ་ཡིན་ཏེ། དང་པོའི་སངས་རྒྱས་ལས་ཕྱུངས་པ་བསྡུས་པའི་རྒྱུད་འགྲེལ་པ་དང་བཅས་པའི་ལུང་དང་། རྣམ་པར་དཔྱོད་པའི་རིགས་པ་དང་། རྒྱ་བོད་ཀྱི་མཁས་གྲུབ་བླ་མ་རྣམས་ཀྱི་མན་ངག་གི་ཡི་གེ་དང་ལག་ལེན་ལ་བརྟེན་ནས་སོ། །མི་ཤེས་པས་ཀྱང་མ་ཡིན་ཏེ། གྲུབ་མཐའི་སྐར་རྩིས་ཀྱི་ཚིག་དོན་མ་ལུས་པ་གསལ་བར་ནུས་པའི་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་ལྟ་བུ་འཆད་པའི་བློ་གྲོས་དང་ལྡན་པས་སོ། །དེ་བས་ན་རྒྱུ་དེ་དག་དང་ལྡན་པའི་ཕྱིར་སྒྱིད་ལུག་པ་སྤངས་ཏེ། ཅི་ནུས་ཀྱིས་བརྩམ་ཞེས་ཁས་བླང་ངོ་། །གཉིས་པ་ནི། བརྩམ་པར་རིགས་ཏེ། རྒྱུ་མཚན་གྲུབ་མཐའི་རྩིས་གང་འདི་ཕྱི་ནང་གི་ཉུང་ངུའི་བྱེད་པ་ལ་མངོན་པར་ཞེན་པའི་མཁས་རློམ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དང་། བརླིང་ཞིང་རྟོགས་དཀའ་གྲུབ་མཐའི་དོན་མ་ལུས་པ་བསྟན་བཅོས་འདི་ལས་གསལ་བར་སྟོན་པའི་ཕྱིར་དང་། དེ་ལྟ་བས་ན་སྐྱེ་བོ་རྣམས་གྲགས་པ་ཙམ་གྱི་རྗེས་སུ་འབྲང་བར་མི་བྱའོ་ཞེས་གོ་བར་བྱ་བའི་ཕྱིར་དང་། རང་གཞན་ལ་ཕན་པའི་ཕྱིར་གཞུང་བརྩམ་པ་ལ་སྤྲོ་བ་བསྐྱེད་ནས་བསྟན་པས་སོ། །

གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། ལུས་མདོར་བསྟན་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ནི། སྔོན་འགྲོ་བྱ་བའི་རིམ་པ་དང་། །ཐ་སྙད་རྣམ་གྲངས་བསྟན་པ་དང་། །བསྟན་པའི་རྩིས་དང་རྩིས་འཕྲོ་དང་། །བྱེད་པ་གྲུབ་པའི་ཡན་ལག་ལྔ། །ལོ་བདག་ཟླ་འཕོ་སྒྲ་གཅན་དང་། །ཉིན་ཚེས་གཟའ་ལྔ་དུ་བ་དང་། །ཉི་ཟླ་སྒྲ་གཅན་འཇུག་པའི་ཚུལ། །ས་དང་ཁྱིམ་གྱི་གོ་ལ་དང་། །དུས་བཞི་དུས་སྦྱོར་ཡུལ་དུས་སྒྲིག །ཞག་གསུམ་དཀྱིལ་འཁོར་ལོངས་སྤྱོད་དང་། །ངེས་པ་བསྡུད་དང་སྐྱེ་བའི་ཚུལ། །ཞར་བྱུང་ཡར་ལོག་ངེས་པ་དང་། །རིའུ་མིག་སྤེལ་བའི་ཁ་བྱང་དང་། །ལི་ཐུ་སྦྱོར་དགྲོལ་རྩིས་འབྲས་ཀྱི། །ཟབ་མོའི་གནད་རྣམས་ལེགས་བཀྲོལ་ནས། །དོན་གཉེར་རྣམས་ལ་བཤད་ཀྱི་ཉོན། །ཞེས་མདོར་བསྟན་པའི་སྒོ་ནས་མཉན་པར་བསྐུལ་བའི་ཚིགས་སུ་བཅད་པ་བཞི་པོ་འདི་ནི། སྔོན་འགྲོ་བྱ་བའི་རིམ་པ་ནི་ཞེས་སོགས་སྐབས་ཉི་ཤུ་རྩ་གསུམ་གྱིས་འཆད་པར་འགྱུར་བའི་ཕྱིར་འདིར་མ་བཀྲོལ་ལོ། །

སྐབས་དང་པོས་རྩིས་ལ་ཐོག་མར་འཇུག་པའི་སྦྱོར་བ་རྣམས་འཆད་པ།

གཉིས་པ་ཡན་ལག་རྒྱས་བཤད་ལ་སྐབས་ཉི་ཤུ་རྩ་གསུམ་ལས། སྐབས་དང་པོས་རྩིས་ལ་ཐོག་མར་འཇུག་པའི་སྦྱོར་བ་རྣམས་འཆད་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། སྔོན་འགྲོ་བྱ་བའི་རིམ་པ་ནི། །ཞེས་སྨོས་སོ། །གཉིས་པ་ནི། དེ་ཡང་རྩིས་ལ་སྦྱོང་བར་འདོད་པ་རྣམས་ཀྱིས་ཐོག་མ་ཁོ་ནར་མ་བྲལ་བ་རྣམ་པ་གསུམ་དང་ལྡན་པའི་སྒོ་ནས་རྟོགས་པར་བྱའོ། །ཞེས་རྩིས་པ་རྣམས་ཀྱི་ཁ་སྐད་དུ་འབྱུང་བས། དང་པོ་ལུས་ཀྱི་ལས་ལག་པ་བྲིས་དང་མ་བྲལ་བ་སྟེ། ཤེས་བྱ་མཐའ་དག་རྩི་ནའང་། །འབྲི་བྱའི་ཡི་གེ་བཅུ་རུ་ཤེས། །ཞེས་པས་གཅིག་ནས་དགུའི་བར་དང་གནས་འཛིན་ཐིག་སྟེ། ཡི་གེ་བཅུ་པོའི་གཟུགས་བརྙན་རྣམས་ལེགས་པར་བསླབས་ནས་འབྲི་བ་དང་བསྒྱུར་བ་དང་བགོད་པ་སོགས་བག་དང་ལྡན་པས་བྱའོ། །ཇི་ལྟར་བྱ་ཞེ་ན། སྤྱིར་ཨང་ཀི་འབྲི་བགྲང་སྣོན་པ་རྣམས་རང་གི་གཡས་ཕྱོགས་ནས་བརྩམས་ཏེ་བྱ་ལ། བསྒྱུར་བགོད་འབྲིད་པ་རྣམས་ནི་གཡོན་ཕྱོགས་ནས་བྱ་སྟེ། དེ་ལས་གཞན་པའི་བྱ་བས་དོན་མི་འགྲུབ་པ་དང་བྱ་དཀའ་བས་སོ། །བྱེ་བྲག་ཏུ། བཅུ་སོགས་ཀྱིས་བསྒྱུར་བའི་ཚེ་གཞིའི་ཕུང་པོ་ཉིད་བཅུ་ཆར་སྤེལ་བའི་དོན་གྱིས་སྒྱུར་བྱེད་ཀྱི་མཐའི་ཐིག་ལེ་ནི་བསྒྱུར་བྱའི་གྲལ་མཐར་བསྒྲིགས་ཏེ་བཞག་གོོ། བགོད་བྱེད་བཅུ་སོགས་ཀྱི་མཐའི་ཐིག་ལེས་བགོ་བྱའི་གནས་གཞན་གྱི་མས་མཐའ་དགག་སྟེ་དེ་ལས་གཞན་པའི་བྱ་བ་ལ་དོན་མེད་པའི་ཕྱིར་རོ། །སྒྱུར་བྱེད་སྟོངས་ན་དེའི་དོན་མེད་པ་ཡིན་པས་བསྒྱུར་བྱའི་ཚོགས་དབྱེ་བར་བྱས་ཏེ་གནས་བསྲུང་དགོས་ན་ཐིག་ལེས་བསྲུང་ངོ་། །བགོད་བྱེད་སྟོངས་ན་དེས་བགོ་བྱ་མེད་པས་ཐོབ་ནོར་གྱི་གནས་སུ་ཐིག་ལེ་བྲིའོ། །བསྒྱུར་བྱ་སྒྱུར་བྱེད་དང་བགོ་བྱ་བགོད་བྱེད་ཀྱི་བར་དང་ཐ་མར་སྟོངས་པའི་ཐིག་ལེས་ནི་སོ་སོའི་གནས་གཞན་གྱི་གོ་ས་འཛིན་པ་ཙམ་ལས་དོན་གཞན་མེད་ཅིང་གྲལ་འགོར་འབྱུང་བ་ནི་མི་སྲིད་དོ། །བསྒྱུར་བ་ལ་རྐྱང་སྦྲག་གཉིས་ལས། རྐྱང་བསྒྱུར་གནས་གཞན་གཅིག་གིས་རང་གི་བསྒྱུར་བྱའི་ཐད་དྲངས་ཏེ་བསྒྱུར་ཞིང་། སྦྲག་བསྒྱུར་ནི་བསྒྱུར་བྱའི་འོག་གི་ཐད་དྲངས་སུ་སྒྱུར་བྱེད་ཀྱི་ཐ་མ་བཞག་ནས་བསྒྱུར་གཞི་གཅིག་ཉིད་སྒྱུར་བྱེད་ཀུན་གྱིས་རིམ་བཞིན་བསྒྱུར་ཏེ་བསྒྱུར་བྱ་དེ་ཉིད་སྒྱུར་བྱེད་ཀྱི་གྲངས་སུ་སྤེལ་བའི་གནད་ཀྱིས་སོ། །བགོད་པ་ལའང་རྐྱང་སྦྲག་གཉིས་ལས། རྐྱང་བགོད་རང་གཅིག་པོས་ཇི་ཙམ་ཐོབ་པ་ཁྱེར་བས་ཆོག་ལ། སྦྲག་བགོད་གནས་གཞན་འོག་མའི་ཚོད་དང་སྦྱོར་གྱིན་ཁྱེར་དགོས་ཏེ། བགོད་བྱེད་གནས་གཞན་སྦྲག་མས་འཐོབ་བྱ་གཅིག་ཡིན་པས་སོ། །སྒྱུར་བྱེད་གཉིས་ལ་སོགས་པས་བསྒྱུར་བ་ན་མང་དུ་འགྲོ་སྟེ། སྒྱུར་བྱེད་ཀྱི་གྲངས་སུ་བསྒྱུར་བྱ་འཕེལ་བའི་ཕྱིར། བསྒྱུར་བས་ཉུང་དུ་འགྲོ་བ་ནི་ཕྱེད་ཀྱིས་བསྒྱུར་ན་སྟེ། ཕྱེད་ཆར་འགྱུར་བའི་ཕྱིར་སྒྱུར་བྱེད་བསྒྱུར་བྱར་འཕོས་པའོ། །སྐྱེ་འབྲི་མེད་པ་ནི་གཅིག་གིས་བསྒྱུར་ན་སྟེ། མང་པོར་འཕེལ་བ་དང་ཉུང་ངུར་བྲི་བ་མེད་པ་ཡིན་པས་སོ། །གཞན་ཡང་། བསྲེ་དང་སྣོན་པ་རང་རང་གི། གནས་གཞན་དེ་ཡི་ཐད་ནས་བྱ། །འོག་ཏུ་བཅུར་ལོངས་གོང་དུ་འཕོ། །ལྷག་གམ་མ་ལོངས་རང་སར་བཞག །དབྲི་དང་བགོད་ཚེ་རང་ཐད་ནས། །མ་ལྡངས་གོང་ནས་གཅིག་ཕོབ་གང་། །འོག་ཏུ་བཅུར་འགྱུར་དེ་ལ་དབྲི། །བརྒྱ་སོགས་འབེབས་པའང་རིགས་པས་དཔྱད། །ཅེས་སོ། །གཉིས་པ་ངག་དགུ་མཐའ་དང་མ་བྲལ་བ་ནི། དགུ་གཅིག་གཅིག་དགུ་དགུ་ཡིན་ཏེ། །ཞེས་པ་ནས། གཅིག་གཅིག་གཅིག་ཡིན་ཐིག་ལེ་སྟོང་། །ཞེས་པའི་བར་རྐང་པ་གཅིག་དང་བཅས་པའི་ཚིགས་སུ་བཅད་པ་བཅུ་གཅིག་གི་དོན་ནི་གོ་བར་ཟད་ལ། དེ་ཡང་ངག་གི་དགུ་མཐའ་དག་པ་ཤིན་ཏུ་གཅེས་པས་དེ་ཉིད་ལེགས་པར་བཟུང་ནས་བྱང་ཞིང་ཆུབ་པར་བྱའོ། །གསུམ་པ་ཡིད་གནས་གཞན་དང་མ་བྲལ་བ་ནི། མཛོད་རང་འགྲེལ་གྱི་ལུགས་བཞིན་སྡེབས་པ་འདི་ལྟར་རིག་པར་བྱ་སྟེ། འདི་ལ་གཉིས། རྐྱང་པ་དང་། ཁུག་པའོ། །དང་པོ་ནི། གཅིགབཅུ། བརྒྱ། སྟོང་། ཁྲི། འབུམ་དང་། ས་ཡ། བྱེ་བ། དུང་ཕྱུར་ཏེ། །དགུ་པོ་རྐྱང་པའི་གྲངས་སུ་བརྗོད། །གཉིས་པ་ཁུག་པ་ལ་གནས་གསུམ་སྟེ། ཐེར་འབུམ། ཁྲག་ཁྲིག །རབ་བཀྲམ་དང་། གཏམས། དཀྲིགས། མི་འཁྲུག །ཁྱད་འབྱིན་དང་། སྤང་རྟེན། དེད་འདྲེན་ཞེས་པ་དགུ་ལ་ཆེན་པོ་དགུ་བསྣན་པའི་བཅོ་བརྒྱད་ནི་ཁུག་པ་དང་པོའོ། །མཐའ་སྣང་དང་། རྒྱུ་རིགའོད་མཛེས། དབང་པོ་དང་། ལེགས་འབྱིན། རྟོགས་འགྲོ། འབྱིངས་རྟུལ་དང་། རྒྱ་རྟགས། སྟོབས་འཁོར་ཏེ་དགུ་སྔ་མ་ལྟར་ཆེན་པོའི་ཟླ་དང་བཅས་པའི་བཅོ་བརྒྱད་ནི་ཁུག་པ་གཉིས་པའོ། །བརྡ་ཤེས་དང་། རྣམ་བྱུང་དང་། སྟོབས་མིག་གསུམ་ལ་ཆེན་པོ་གསུམ་བསྣན་པའི་དྲུག་ནི་ཁུག་པ་གསུམ་པའོ། །གནས་གཞན་དྲུག་ཅུའི་དབང་དུ་བྱས་ན་ཟུང་བཞི་མ་ཚང་བ་ལ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ཆེན་པོའི་ཟླ་དང་བཅས་པ་སྟེ་བརྒྱད་བསྣན་པས་ཁུག་པ་གསུམ་པའི་གནས་སུ་གྲངས་བཅུ་བཞིའོ། །དེ་དག་ཀྱང་། ཐེར་འབུམ་དང་། ཐེར་འབུམ་ཆེན་པོ་ཞེས་སོགས་ཆེན་པོ་དང་བཅས་པའི་གཉིས་གཉིས་ཀྱི་བགྲང་ཚུལ་ནི་ཁུག་པ་ཀུན་ལ་འགྲེ་བ་ཡིན་ནོ། །གྲངས་མེད་པ་ནི་གྲངས་དེ་དག་ཀུན་གྱི་ཐ་མ་སྟེ། དེ་ལྟར་གནས་གཞན་དྲུག་ཅུ་པོ་ཐམས་ཅད་ཀྱང་གོང་ནས་གོང་དུ་བཅུ་འགྱུར་དུ་བསྒྲེས་པའོ། །དེ་ཡང་དབྱིག་གཉེན་ཞབས་ཀྱིས། དེ་ལྟར་ན་རྐྱང་པ་དགུ་དང་། ཁུག་པའི་གནས་གསུམ་ལ་གྲངས་བཞི་བཅུ་རྩ་གཉིས་ཏེ། བསྡུས་ན་ལྔ་བཅུ་རྩ་གཅིག་ནི་མངོན་པ་ན་སྣང་ངོ་། །ལྷག་མ་གྲངས་བརྒྱད་མ་ཚང་བ། ཁུག་པའི་གནས་སུ་བརྒྱད་བསྣན་ན་ལྔ་བཅུ་རྩ་དགུ་ནི་གྲངས་མིང་དུ་བཏགས་ལ། དྲུག་ཅུ་པ་ནི་དེ་ལྟ་བུའི་མིང་ལས་འདས་པས་གྲངས་མེད་པ་ཞེས་བྱའོ། །ཞེས་གསུངས་སོ། །འདིར་ཁ་ཤཱཀྱ་དབང་ཕྱུག་ཅིག །གྲངས་ཀྱི་གནས་གཞན་དྲུག་ཅུ་ལ། །ཞེས་བྲིས་ནས། སྟོབས་མིག་གི་མཐར་ཁྱད་བྱུང་ཞེས་པ་བསྣོན་པ་ནི་མི་ལེགས་ཏེ། དེ་ལྟར་ན་གནས་གཞན་རེ་གཅིག་འབྱུང་བའི་ཕྱིར་རོ། །གཞན་ཡང་གྲངས་ཀྱི་རྣམ་གཞག་ལ། ཕལ་ཆེན། རྒྱ་རོལ། འཇམ་དཔལ་རྩ་རྒྱུད། འཇིག་རྟེན་པའི་ལུགས་དང་བཞི་ལས། དང་པོ་ནི། བྱེ་བ་ཁོད་ཁོད་ཐད་གུ་དང་། །ཁྲིག་ཁྲིག་ཐམས་ཐམས་མྱད་མྱིད་དང་། །གང་ཡ་བན་བུན་ཕྱར་ཕྱུར་དང་། །ལྕག་ལྕིག་བྱང་བྱིང་ཆེམ་ཆེམ་དང་། །ཕྱལ་ཕྱོལ་ཁྱད་ཁྱུད་ཟར་ཟེར་དང་། །ཁྲིབ་ཁྲིབ་ཡ་གངས་ཆོ་མ་དང་། །ཁྲིམ་ཁྲིམ་ནབ་ནུབ་སང་སང་དང་། །བརྒྱུད་ཡས་བཏང་ཡས་བཀྲ་ཡར་དང་། །གསའ་ཡས་མཚུངས་མེད་ལ་ལུམ་དང་། །ཡལ་ལོལ་ཁྲལ་ཁྲུལ་ཐུད་ཐུད་དང་། །བསམ་ཕྱོད་བྲང་བྲེང་སྒྲོད་ཡས་དང་། །སྔོ་ཡས་ཟང་ཡག་འཕྲོ་བཀྱེ་དང་། །རྩེ་འཕྱོ་ཡོངས་བསྟན་བྲུག་གཡོས་དང་། །སང་ཡལ་ཐེད་ཡུག་ཡིད་འཕྱོ་དང་། །ནབ་ནེབ་ཁྲིག་ཐམ་ཡལ་ཡལ་དང་། །བགྲང་ཡས་ཐུག་ཡལ་ཤང་ཤང་དང་། །ཡག་ཡག་ཐིམ་ཐིམ་རློམ་སྙལ་དང་། །གཞལ་འཕྱོས་གཞལ་ཡས་གཞལ་ལད་དང་། །གཞལ་འཁོར་གཞལ་ཐིམ་གར་གཞལ་དང་། །གཞལ་སངས་གཞལ་ཐག་གཞལ་ཕུལ་དང་། །གཞལ་གཞི་འཕྱོང་འགྱུར་ཉ་ཉེར་དང་། །ཕྱག་ཕྱིག་ཟལ་ཟུལ་སལ་སལ་དང་། །གཡོ་ལྡེག་ཕན་ཕུན་གདང་ཡས་དང་། །རིམ་གྲོལ་རྫི་ང་རྫི་རྡུལ་དང་། །ཕུན་ཡོལ་ངད་ངད་བགྲང་རྩི་དང་། །ཟབ་བགྲང་དགའ་རྐྱང་གཞུང་འདལ་དང་། །ཁྲུག་ཕྱད་འོལ་ཕྱོད་གདབ་ཡས་དང་། །གཅའ་ཡས་བགྲང་ཡས་ཀྱི་འཕྱོ་དང་། །ཡ་མེ་སྙལ་ཡས་འདབ་འདེབ་དང་། །འབན་ཅང་ཕང་ཕུང་ཁེའུ་ཚང་། །ཞུན་བཟུང་མཆོག་ཡལ་མཐའ་བརྟུལ་དང་། །ཡུན་འགྱངས་བུན་ལོབ་ལམ་ལོམ་དང་། །བསྙད་ཡས་ལང་ལིང་ལྗབ་ལྗིབ་དང་། །མི་བཅའ་མཇམ་ཡས་ང་སྒྲང་དང་། །སྨོས་ཡལ་བཀྲ་ཚལ་ལོ་རྒྱས་དང་། །འབུམ་རྟིག་གམ་གུམ་ལ་ལོ་དང་། །བགྲང་འཕྱོས་བགྲང་འཕྱོས་ལ་བསྒྲེས་པ། །དཔག་ཡས་དེ་བསྒྲེས་ཡལ་ཕྱོང་དང་། །དེ་བསྒྲེས་མུ་ཡལ་མུ་ཡལ་བསྒྲེས། །བགྲང་ཡོལ་གཉིས་དང་མི་འཇལ་གཉིས། །བསམ་ཕྱོད་གཉིས་དང་མཐའ་འབྱམས་གཉིས། །དཔག་ཐག་གཉིས་དང་བརྗོད་མེད་གཉིས། །བརྗོད་མེད་པའི་ཡང་བརྗོད་མེད་ལ། །སྒྲེས་པ་ཤིན་ཏུ་བརྟན་པའོ། །འདི་ལ་གྲངས་གནས་བརྒྱ་དང་ཉི་ཤུ་རྩ་བརྒྱད་ཡོད་ཅིང་། བརྒྱ་སྟོང་ཕྲག་བརྒྱ་ལ་བྱེ་བ་དང་། དེ་ནས་བྱེ་བ་བྱེ་བ་ལ་ཁོད་ཁོད་སོགས་སྡེས་བསྒྱུར་བ་ཡིན་ནོ། །གཉིས་པ་རྒྱ་རོལ་ལས་གསུངས་པ་ནི། བྱེ་བ་ཐེར་འབུམ་ཁྲག་ཁྲིག་དང་། །གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། །སྤང་རྟེན་མང་འཛིན་གླང་པོའི་སྟོབས། །ངོགས་ཐོབ་རྣམ་བཞག་གདགས་རྒྱུ་རིག །ལག་སྦྱིན་རྒྱུ་དབང་རྫོགས་འཐོབ་དང་། །བགྲང་རྟོགས་གྲིབ་པ་སྟོབས་ཀུན་སྟོབས། །རྣམ་བརྡ་ཤེས་ལྡན་བརྡ་ཤེས་ཀུན། །རྣམ་འབྱུང་དེ་ཡི་མཚན་ཉིད་ཅན། །རྒྱལ་མཚན་རྩེ་མོའི་ནོར་བུ་དང་། །རྒྱལ་མཚན་རྩེ་མོ་ངེས་པར་སྒྲོགས། །དེད་འདྲེན་ཞེས་གདགས་གཏན་ལ་འབེབས། །གཅོད་རྟོགས་གཅོད་རྟོགས་ལྡན་དང་ནི། །ཐམས་ཅད་རྣམ་འབྱེད་སྙིང་པོ་མཆོག །ཕྲ་རབས་རྡུལ་གྱི་རྗེས་སུ་འཇུག །གྲངས་གནས་སུམ་ཅུ་རྩ་གཉིས་ཏེ། །གོང་ནས་གོང་དུ་བརྒྱ་འགྱུར་སྒྲེ། །ཞེས་བྱའོ། །གསུམ་པ་འཇམ་དཔལ་རྩ་རྒྱུད་ལས་གསུངས་པ་ནི། བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ། །དུང་ཕྱུར་ཐེར་འབུམ་ཐེར་འབུམ་ཆེ། །ཤུ་རྔོག་མཆོག་ཉལ་རྐྱང་ཕྱེ་དང་། །རྐྱང་ཕྱེ་ཆེ་དང་ཁྱད་འབྱིན་གཉིས། །སྒྱུ་མ་གཉིས་དང་མཚོ་ཡས་གཉིས། །དུག་ཅན་རྒྱ་མཚོ་ཆེ་དང་བཅས། །མཆོག་ཡས་བན་བུན་མ་ལུས་པ། །མ་ལུས་ཆེ་དང་གྲངས་མེད་དང་། །དཔག་མེད་གཉིས་དང་འཇིག་རྟེན་གཉིས། །མུན་པ་སྣང་བ་སྣང་བ་ཆེ། །ཕུང་པོ་གཉིས་དང་ཟབ་པ་དང་། །བརྟན་པ་རབ་བརྟན་འགྲོ་མང་ལྡན། །གནས་དང་གནས་ཆེན་དཔག་མེད་གཉིས། །དོན་ཆེན་རྒྱ་མཚོ་མཆོག་གཙོ་ཁྱིམ། །བསམ་མི་ཁྱབ་དང་མི་ཟད་གཟུགས། །རྒྱལ་ཐབས་གཏེར་དང་དགེ་བ་དང་། །སེམས་བྱུང་གཉིས་དང་བརྗོད་པ་དང་། །བརྗེད་མེད་བསྙད་ཡས་བསྙད་ཡས་ཆེ། །ཕྱར་ཕྱུར་གཉིས་དང་ཤུ་རྔོག་དང་། །ཤུ་རྔོག་ཆེ་དང་ཞི་བ་དང་། །ཆུ་འབྱུང་སེམས་འཁྲུལ་དམ་པ་ཉིད། །སངས་རྒྱས་ཡུལ་དང་འཕེལ་བྱེད་པ། །དེ་ལྟར་གྲངས་གནས་དྲུག་ཅུ་དགུ། །གོང་ནས་གོང་དུ་བཅུ་འགྱུར་ཡིན། །དེ་ཡན་སངས་རྒྱས་ཉིད་ཀྱི་ཡུལ། །དེ་ཕྱིར་འགྲོ་བས་བགྲང་མི་ནུས། །ཞེས་བྱའོ། །བཞི་པ་འཇིག་རྟེན་པའི་གྲངས་གནས་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་དང་། །ཐེར་འབུམ་ཤུ་རྔོག་མཆོག་ཉལ་དང་། །སྐྱ་འཕྱིས་བྱེ་མ་ནབ་ནུབ་དང་། །མཚོ་ཡས་ལྷབས་ཕྱོར་རྫི་ཞེས་གནས། །བཅོ་བརྒྱད་གོང་དུ་བཅུ་འགྱུར་བསྒྲེ། །གཞན་ཡང་སྡོང་པོ་བཀོད་པའི་མདོ་དང་། འདུས་བྱས་འདུས་མ་བྱས་རྣམ་པར་ངེས་པའི་བསྟན་བཅོས་ལས་གནས་གཞན་དྲུག་ཅུ་ཚང་བ་སོགས་གྲངས་ཀྱི་རྣམ་གཞག་མང་དུ་མཐོང་ཡང་བྲིར་མ་ལང་ངོ་། །དེ་ལྟར་བཤད་མ་ཐག་པ་ལྟར་མ་བྲལ་བ་གསུམ་གྱི་སྒོ་ནས་བསྒྱུར་བགོད་སོགས་བྱས་པའི་མཐར་རི་མོ་འཁྲུལ་མ་འཁྲུལ་བརྟག་པར་བྱ་བའི་ཕྱིར། རི་མོ་གང་འཐད་བློ་འདོད་བྲིས། །སྒྱུར་བྱེད་གང་ཡིན་དེ་ཡིས་བསྒྱུར། །སླར་ཡང་སྒྱུར་བྱེད་དེ་ཉིད་ཀྱིས། །བགོས་པས་སྔར་གྱི་གཞི་དེ་འཆར། །དཀའ་ཚེགས་མེད་པར་འདི་འབྱུང་ན། །རི་མོ་བྱང་བའི་ཚད་ཡིན་པས། །དེ་རྗེས་ཡན་ལག་ལྔ་ལ་སོགས། །རྩིས་ཀྱི་གཞུང་ལ་འཇུག་པར་བྱ། །ཞེས་གདམས་སོ། །

ད་ནི་འཕྲོས་དོན་ཆུ་ཚོད་ལ་སོགས་པའི་ཚུལ་ཤེས་པར་བྱ་བའི་ཕྱིར་བརྗོད་པ་ནི། སྐྱེས་བུ་ཁམས་སྙོམས་པའི་དབུགས་འབྱུང་འཇུག་གི་ཁུག་པ་གཅིག་ལ་དབུགས་གཅིག་དང་། དེ་དྲུག་ལ་སྲང་གཅིག །སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག །ཆུ་ཚོད་དྲུག་ཅུར་ཉིན་ཞག་གཅིག་རྣམས་འབྱུང་བ་ཡིན་ཏེ། བསྡུས་པའི་རྒྱུད་ལས། དབུགས་དྲུག་གིས་ནི་ཆུ་སྲང་གཅིག་ཏུ་རབ་ཏུ་འགྱུར་ཏེ་ཆུ་སྲང་དྲུག་ཅུ་ཡིས་ཀྱང་ཆུ་ཚོད་དོ། །ཆུ་ཚོད་དྲུག་ཅུས་ཉིན་ཞག་ཏུ་འགྱུར། ཞེས་གསུངས་པས་སོ། །དེ་ལྟར་ཉིན་ཞག་རེ་ལ་ཆུ་ཚོད་དྲུག་ཅུར་བྱས་པ་དེ་ནི་དུས་ཀྱི་ཆུ་ཚོད་ཡིན་ཏེ། དུས་ཡུན་རིང་ཐུང་འདི་ཙམ་ཞིག་ལ་ལོངས་སྤྱོད་པའི་ཚད་སྟོན་བྱེད་ཡིན་པས་སོ། །འོ་ན་ཆུ་ཚོད་དྲུག་ཅུ་ཉིན་ཞག་གཅིག་གི་ལོངས་སྤྱོད་ཡིན་ན། ཁྱིམ་ཚེས་ཞག་གི་བསྒྱུར་བགོད་ལའང་ཆུ་ཚོད་དྲུག་ཅུ་སོགས་ཀྱིས་བྱེད་པ་སྣང་བས་སྐྱོན་དུ་མི་འགྱུར་རམ་ཞེ་ན། སྐྱོན་མེད་དེ། བྱ་སླར་དགོངས་ནས་དེ་ཉིད་དང་རྗེས་སུ་མཐུན་པ་ཙམ་དུ་མཛད་པ་ཡིན་པའི་ཕྱིར་ཏེ། ཉིན་ཞག་དང་མ་བསྟུན་ན་ཁྱིམ་ཚེས་གཉིས་རྩི་མི་ཤེས་པའི་ཕྱིར། ཞིབ་པར་འོག་ཏུ་སོ་སོ་འཆད་པར་འགྱུར་བ་ལས་ཤེས་པ་ཡིན་པས། འདིར་མི་སྤྲོའོ། །ཡང་ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་དུ་བྱེད་པ་ལས་གཞན་ཆུ་སྲང་ང་དྲུག་རྐང་བཅས་ལའང་ཆུ་ཚོད་གཅིག་ཏུ་མཛད་པ་འདུག་པས། དེ་གཉིས་མི་འགལ་ལམ་ཞེ་ན་མི་འགལ་ཏེ། ང་དྲུག་རྐང་བཅས་ལ་ཆུ་ཚོད་དུ་བྱེད་པ་དེ་ནི་དུ་བའི་རྩིས་སོགས་གནས་སྐབས་འགར་དགོངས་ནས་གསུངས་ཀྱི་དེ་ལས་གཞན་དུ་གསུངས་པ་མིན་པའི་ཕྱིར་དང་། རྒྱུད་ལས་དང་པོ་ནི་འཕོ་བ་བཅུ་གཉིས་དང་ཕྱི་མ་ནི་འཕོ་བ་བཅུ་ཉིན་ཞག་གཅིག་གི་ཆུ་སྲང་༣༦༠༠བཞིས་བསྒྱུར་བས་༡༤༤༠༠དེ་ལ་ཆུ་སྲང་༥༦བཞིས་བསྒྱུར་བ་ལ་རྐང་པ་གཅིག་པོ་བསྲེས་པས། ༢༢༥འབྱུང་བས་ཐོབ་པ་དབྱུག་གུ་༦༤སྟེ་ལྷག་མེད་དོ། །དྲུག་སྟེ་ནང་གི་དུས་སྦྱོར་བཅུ་གཉིས་དང་འཁོར་ལོ་བཞི་སོ་སོའི་འབྱུང་བ་བཞི་སྟེ་དཀྱིལ་འཁོར་བཅུ་དྲུག་གི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །དེས་ན་ཆུ་ཚོད་གཅིག་ལ་ཆུ་སྲང་དྲུག་ཅུར་བྱས་པ་ནི་གྲགས་ཆེ་ཞིང་རྒྱུད་འདིར་དེ་ཉིད་ཤས་ཆེ་བའི་དབང་དུ་བྱས་ནས་གསུངས་པ་ཡིན་གྱི་མཐའ་གཅིག་ཏུ་མ་ངེས་སོ། །གཞན་ཡང་། སྟག་སྣའི་མདོ་ལས་ནི། བུད་མེད་རས་བལ་གྱི་ལ་བ་གཅིག་ཤིན་ཏུ་རིང་བ་དང་ཐུང་བ་མ་ཡིན་པར་འདྲེན་པའི་ཡུན་ནི་སྐད་ཅིག་ཐུང་ངུ་གཅིག །དེ་བརྒྱ་ཉི་ཤུ་ལ་སྐད་ཅིག་རིང་པོ། །དེ་དྲུག་ལ་ཐང་ཅིག །དེ་སུམ་ཅུ་ལ་ཡུད་ཙམ་གཅིག་དང་། ཡང་ན་མིག་འཛུམ་གཉིས་ལ་ཐང་ཅིག །དེ་བཞི་ལ་མཆོག་དགའ། དེ་བཅུ་དྲུག་ལ་དུས་ཚོད་གཅིགདེ་རེ་བཞི་ཡུད་ཙམ་གཅིག་དང་། ཡང་ཡུད་ཙམ་གྱི་ཕྱེད་ལ་ཆུ་ཚོད་གཅིག་ཏུ་བྱེད་པར་བཤད་ཅིང་། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་ཏུ་བྱེད་པ་མངོན་པ་དང་མཐུན་ཡང་། འདིར་བཞི་མཐོན་ཞེས་སོགས་ཡུད་ཙམ་སུམ་ཅུ་པོ་ལ་མིང་ཐ་དད་དུ་བརྗོད་པར་བྱེད་དོ། །མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །ཞེས་སོགས་ཀྱི་དོན་ནི། ཀུན་མཁྱེན་ཆོས་རྗེས་ཡིད་བཞིན་རིན་པོ་ཆེའི་མཛོད་དུ། དུས་མཐའི་སྐད་ཅིག་མ་སྟེ་སེ་གོལ་གྱི། །དྲུག་ཅུ་རྩ་བཞིའི་ཆ་གཅིག་བརྒྱ་ཉི་ཤུ། །དེ་ཡི་སྐད་ཅིག་དྲུག་ཅུ་ཐང་ཅིག་སྟེ། །སུམ་ཅུ་ཡུད་ཙམ་སུམ་ཅུ་ཉིན་ཞག་གཅིག །ཅེས་གསལ་བར་མཛད་དེ་མངོན་པའི་ལུགས་སོ། །འཆི་མེད་མཛོད་ལས། མིག་འཛུམ་བཅོ་བརྒྱད་དེ་ཡི་གནས། །དེ་ནི་སུམ་ཅུ་ཆ་ཤས་སོ། །དེ་སུམ་ཅུ་ལ་སྐད་ཅིག་གོ། དེ་ནི་བཅུ་གཉིས་ཡུད་ཙམ་ཡིན། །དེ་སུམ་ཅུ་ལ་ཉིན་ཞག་གོ། ཞེས་སོ། །འདིར་ཁ་ཅིག་དྭགས་པཎ། མིག་འཛུམ་བཅོ་བརྒྱད་ལ་མཐར་གནས། དེ་སུམ་ཅུ་ལ་སྐད་ཅིག་ཏུ་བྱེད་པ་ནི་ནོར་བ་སྟེ། དེ་གཉིས་ཀྱི་བར་ན་ཀ་ལ་ཤ་ཞེས་པ་ཆ་ཤས་ཀྱི་མིང་རྒྱ་དཔེ་ལ་ཡོད་པའི་ཕྱིར་རོ། །རྡོ་རྗེ་མཁའ་འགྲོ་ལས་ནི། མིག་འཛུམ། ཆ་ཤས་སམ་ཡུད་ཙམ། སྐད་ཅིག །ཐང་ཅིག །ཅུང་ཟད་ཅེས་པ་རྣམས་གོང་ནས་གོང་དུ་དྲུག་འགྱུར་དང་། ཅུང་ཟད་སུམ་ཅུས་ཡི་གེ་ལྕི་བའི་དུས། དེ་བཅུས་སྲོགདེ་ཉེར་དྲུག་གིས་སྲང་། དེ་དྲུག་ཅུས་ཆུ་ཚོད། དེ་བརྒྱད་ཀྱིས་ཐུན་གཅིག །དེ་བརྒྱད་ཀྱིས་ཞག་གཅིག་ཏུ་གསུངས་ཏེ། དེ་ཉིད་ལས། མིག་འཛུམ་མིག་ནི་བཙུམས་པ་སྟེ། །མིག་བཙུམས་དྲུག་ལ་ཆ་ཤས་ནི། །གཅིག་ཅེས་བྱ་བར་བརྗོད་པ་ཡིན། །ཡུད་ཙམ་དྲུག་ནི་སྐད་ཅིག་སྟེ། །སྐད་ཅིག་དྲུག་ནི་ཐང་ཅིག་ཡིན། །ཐང་ཅིག་དྲུག་ནི་ཅུང་ཟད་ཡིན། །དུས་ཀྱི་གོ་རིམ་བྱ་བ་འདིས། །སུམ་ཅུ་ཐམ་པར་བསྒྱུར་བ་ལ། །ཡི་གེ་ལྕི་བའི་དུས་ཞེས་བརྗོད། །ཡི་གེ་ལྕི་བ་བཅུ་ལ་ནི། །སྲོག་གཅིག་ཅེས་བྱའི་དུས་སུ་བཤད། །དེ་ནི་བཅུ་གསུམ་བསྒྱུར་བ་ལས། །དེ་ཡང་གཉིས་སུ་བསྒྱུར་བ་ནི། །སྲང་གཅིག་ཅེས་ནི་བརྗོད་པ་ཡིན། །སྲང་ནི་དྲུག་ཅུ་ཐམ་པ་ལ། །ཆུ་ཚོད་གཅིག་ཏུ་བཞེད་པ་ཡིན། །དེ་བརྒྱད་ཐུན་གཅིག་ཅེས་བྱའོ། །དེ་བཞི་ལ་ནི་ཉིན་གཅིག་གོ། ཉིན་མཚན་དུས་ནི་མཉམ་པ་ལ། །མཚན་མོའང་དེ་དང་མཉམ་པར་བཤད། །ཅེས་སོ། །ཀྱེ་རྡོ་རྗེར། དབྱུག་གུ་དྲུག་ཅུ་རྩ་བཞི་དང་། །ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། །ཞེས་ཞག་གཅིག་ལ་དབྱུག་གུ་རེ་བཞི་དང་ཆུ་ཚོད་སོ་གཉིས་སུ་གསུངས་པ་དང་། སྡོམ་འབྱུང་ལས། ཉིན་དང་མཚན་མོ་ཞག་ཡིན་ཏེ། །མེལ་ཚེ་ཐུན་ཞེས་བརྗོད་པ་ཡིན། །ཐུན་བཞི་ཉིན་མོར་ཤེས་པར་བྱ། །དེ་བཞིན་མཚན་མོའང་ཐུན་བཞིའོ། །ཞག་གཅིག་ལ་ནི་འཕོ་བ་ཡི། །ཡན་ལག་བཅུ་དྲུག་རྣམས་ཡིན་ཏེ། །ཞེས་དང་། ཐུན་རེ་ཡི་ནི་བཞི་ཆ་རྣམས། །ཆུ་ཚོད་དུ་ནི་བརྗོད་པས་ན། །ཉིན་ཞག་གཅིག་ལ་རྩ་རྣམས་ཀྱི། །སུམ་ཅུ་རྩ་གཉིས་ཤེས་པར་བྱ། །ཉིན་ཞག་གཅིག་ལ་དབྱུག་གུ་ནི། །དྲུག་ཅུ་རྩ་བཞིའི་ཚད་ཀྱིས་ནི། །ཞེས་ཞག་གཅིག་ལ་ཐུན་ཆེན་བརྒྱད། འཕོ་བ་བཅུ་དྲུག་ཆུ་ཚོད་སོ་གཉིས། དབྱུག་གུ་རེ་བཞིར་གསུངས་ཤིང་། ཀུན་མཁྱེན་ཆེན་པོས་ཀྱང་ཐེག་མཆོག་མཛོད་ཀྱི་རིམ་ཁང་བཅུ་གཉིས་པར་བརྟེན་པ་རླུང་གི་རབ་དབྱེ་འཆད་པའི་སྐབས་བཤད་པའང་དེ་དང་མཐུན་ཏེ། དེ་ཉིད་ལས། དེ་ཡང་ཆུ་ཚོད་དང་དབྱུག་གུའི་རྩིས་དང་སྦྱར་ན། ཞག་གཅིག་ལ་ཐུན་བརྒྱད། ཆུ་ཚོད་སུམ་ཅུ་རྩ་གཉིས། དབྱུག་གུ་དྲུག་ཅུ་རྩ་བཞི། འཕོ་བ་བཅུ་དྲུག་སྟེ། འཕོ་བ་རེ་རེ་ལ་རླུང་སྟོང་དང་སུམ་བརྒྱ་དང་ལྔ་བཅུའོ། །དབྱུག་གུ་རེ་རེ་ལ་སུམ་བརྒྱ་དང་སུམ་ཅུ་སོ་ཕྱེད་དང་བརྒྱད་བརྒྱད་རྒྱུའོ། །ཐུན་རེ་རེ་ལ་ཉིས་སྟོང་བདུན་བརྒྱ་རྒྱུའོ། །ཞེས་གསུངས་སོ། །དུས་ཀྱི་འཁོར་ལོ་འདིར་ནི་སྔར་བཤད་པ་ལྟར་འཕོ་བ་བཅུ་གཉིས་དང་བཅུ་དྲུག་པའི་ཚུལ་གཉིས་གསུངས་པ་ལས་སྲང་ནས་ཆུ་ཚོད་དུ་རྩི་ཚུལ་ལ་མི་གཅིག་ཀྱང་། གཉིས་ཀའང་དབུགས་དྲུག་ལ་སྲང་དུ་མཚུངས་ཤིང་། དབྱུག་གུ་དང་ཆུ་ཚོད་དོན་གཅིག་པར་འཆད་དོ། །ཆུ་ཚོད་ཆུ་སྲང་ལ་སོགས་པར་མིང་འདོགས་པའི་རྒྱུ་མཚན་ཡང་། འཇལ་བ་པོ་རྣལ་འབྱོར་པ་ལ་སོགས་པའི་དབང་དུ་བྱས་ནས་དབུགས་ཞེས་བཏགས་ཏེ། ནང་དབུགས་ལ་བརྟེན་ནས་གཞལ་བས་སོ། །རྒྱལ་པོ་ལ་སོགས་པའི་དབང་དུ་བྱས་ནས་དབྱུག་གུའི་ཆུ་ཚོད་དང་ཆུ་སྲང་ཞེས་བཏགས་ཏེ། ཕྱིའི་འཇལ་བྱེད་ལ་བརྟེན་ནས་གཞལ་བས་སོ། །དེ་ལ་ནང་གི་འཇལ་བྱེད་ནི། བསྡུས་རྒྱུད་ལས། ཕྲ་དབུགས་རྒྱུ་ཞེས་གསུངས་པའི་འགྲེལ་པར། མིའི་དབུགས་གཅིག་གི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཆ་གཅིག་ལ་ཕྲ་མོའི་དབུགས་གཅིག །དེ་འདྲའི་དབུགས་དྲུག་ལ་སྲིན་བུའི་རིགས་སོགས་ཀྱི་སྲང་གཅིག །དེ་འདྲ་དྲུག་ཅུ་ལ་ཆུ་ཚོད་གཅིག །དེ་འདྲ་དྲུག་ཅུ་ལ་སྲིན་བུའི་རིགས་ལ་སོགས་པའི་ཉིན་ཞག་གཅིགདེ་འདྲའི་ཉིན་ཞག་གཅིག་ལ་མིའི་དབུགས་གཅིག །དེ་འདྲའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མིའི་ཉིན་ཞག་གཅིག་གི་ཚད་དུ་བཤད་དེ། རྩ་རྒྱུད་ལས། དྲུག་བརྒྱ་རྣམས་ཀྱིས་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ། །ཞེས་དང་། བསྡུས་རྒྱུད་ལས། དབུགས་དྲུག་གིས་ནི་ཆུ་སྲང་ཞེས་སོགས་སྔར་དྲངས་པ་དང་། རྫོགས་པ་ཆེན་པོའི་རྒྱུད་ཐལ་འགྱུར་ལས་ཀྱང་། རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་བ་ཆེན་པོའི་རླུང་དུ་འདོད། །ཅེས་དང་། སྡོམ་འབྱུང་ལས་ཀྱང་། དྲུག་བརྒྱ་རྣམས་ཀྱིས་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས། །ཞེས་སོགས་རྒྱུད་དང་། མདོ་སྡེ་དག་ལས་མཐུན་པར་འབྱུང་ཞིང་། ཕྱི་རྒྱུད་དབྱངས་འཆར་ལས་ཀྱང་། ལུས་ཅན་རྣམས་ཀྱི་ཞག་གཅིག་ལ། །ཞེས་སོགས་འདི་དང་མཐུན་པར་བཤད་དོ། །དེའི་ཕྱིར་དབུགས་གྲངས་དེ་ཉིད་དྲུག་གིས་བགོས་པས་སྲང་། དེ་དྲུག་ཅུ་ལ་ཆུ་ཚོད། དེ་དྲུག་ཅུ་ལ་ཉིན་ཞག་གཅིག་ཏུ་བརྩི་བ་ནི་ནང་རླུང་སེམས་ལ་གཙོ་བོར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱི་བྱ་བའོ། །ཕྱིའི་འཇལ་བྱེད་ནི། རྡོ་རྗེ་མཁའ་འགྲོ་ལས། ཟངས་མ་སྲང་ནི་བཅུ་གཉིས་ལ། །སྣོད་ནི་དཔངས་སུ་སོར་བརྒྱད་དང་། །རྒྱར་ནི་སོར་མོ་བཅུ་གཉིས་པ། །ལེགས་པ་ཉིད་དུ་བརྡུང་བར་བྱ། །གསེར་ནི་འོ་སེ་སུམ་འོ་སེ་གཉིས་ལ་སེ་བ་གང་ཡིན་དོན་ལ་སེ་བ་བཅོ་ལྔ་ཅུ་ལས། །སོར་དྲུག་པ་ཡི་ཚད་དག་ཏུ། །ཐུར་མ་ལེགས་པར་བརྡུངས་ནས་ནི། །ཐུར་མ་དེ་ཡི་བུ་ག་ནི། །ཟངས་མའི་སྣོད་ལ་མཁས་པས་དབུག །ཆུ་ནི་རྙོག་མ་མེད་པ་ལས། །སྲང་ནི་དྲུག་ཅུའི་ཚད་དུ་བྱ། །སྲང་འདིས་ཆུ་ཚོད་ཚད་ཡིན་ཏེ། །སྐྱེ་བོ་རྣམས་ལ་ཕན་ཕྱིར་བཤད། །ཅེས་གསུངས་པ་ལྟར་རྒྱ་གར་ན་རྒྱལ་པོའི་མེལ་ཚེ་བ་རྣམས་ཀྱིས་ཆུ་ཚོད་བགྲང་བའི་ཚེ། འདི་ལྟ་བུའི་ཟངས་སྣོད་དུ་གསེར་ཐུར་བཅུག་པ་དེ་ཉིད་ཀྱི་ཕྱོགས་བཞིར་སྲད་བུ་བཏགས་ལ། སྣོད་ཆུ་གཙང་གིས་བཀང་བའི་སྟེང་དུ་ལྡིང་ཐབས་སུ་བཞག་པས་བུ་ག་ནས་གྱེན་དུ་འོངས་པའི་ཆུས་སྣོད་གང་བ་ན་ཆུའི་གཏིང་དུ་བྱིང་བར་འགྱུར་ལ། དེའི་ཚེ་རྔ་ལ་དབྱུག་གུ་གཅིག་བསྣུན། ཡང་སྲད་བུ་ནས་བཟུང་སྟེ་སྣོད་སྟོང་པ་ཤིང་གི་དྲ་བས་ཁ་བཅད་པའི་སྟེང་དུ་བཞག་ནས་ཆུ་ཟགས་སུ་བཅུག་པ་ལས་ཟད་པར་གྱུར་པ་ན་རྔ་ལ་དབྱུག་གུ་གཅིག་བསྣུན་པའི་ཚུལ་གྱིས་སྣོད་གང་སྟོངས་གཉིས་གཉིས་ལ་ཆུ་ཚོད་རེ་རེ་བྱས་ནས་རྩི་བར་གྲགས་ལ། ཆུ་སྲང་ནི་གཞོང་པའི་ནང་ལ་རི་མོ་བྱས་ཏེ་དེར་ཆུས་སླེབ་པ་ལ་ཚད་འཛིན་པར་ཁ་ཅིག་ནས་བཤད་དོ། །འདི་ལྟར་ཆུ་ཚོད་དྲུག་ཅུར་འདོད་པའི་ལུགས་ལའང་གཉིས་ཏེ། དུས་ཀྱི་ཆུ་ཚོད་དང་། ཡུལ་གྱི་ཆུ་ཚོད་དོ། །དང་པོ་ནི། བཤད་མ་ཐག་པ་ཉིད་ཡིན་ལ། གཉིས་པ་ནི། རྩ་རྒྱུད་ལས། ཉིན་གཅིག་རྒྱུ་སྐར་གྱིས་བསྒྱུར་གང་། །ཆུ་ཚོད་དྲུག་ཅུས་དེ་བཞིན་ཏེ། །ཞེས་གསུངས་པ་ལྟར། གྲོ་ཞུན་བྱི་ཞུན་གཉིས་གཅིག་ཏུ་བསྡོམས་པའི་རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི་སྐར་ཁོངས་རེ་རེའི་སའི་ཁྱོན་ལ་ཆུ་ཚོད་དྲུག་ཅུ་རེར་བྱས་ནས་བཞག་པས་ཁྱོན་བསྡོམས་ན་སྟོང་དང་དྲུག་བརྒྱ་ཉི་ཤུར་འགྱུར་བའི་ཆུ་ཚོད་དེ་ལ་ནི་ཡུལ་གྱི་ཆུ་ཚོད་ཅེས་བྱ་སྟེ། ཡུལ་ལམ་གཞི་གང་ལ་ལོངས་སྤྱོད་པར་བྱ་བའི་ཚད་སྟོན་བྱེད་ཀྱི་དབང་དུ་བྱས་ནས་བཞག་པར་བཞེད་པ་ཉིད་རྒྱུད་འགྲེལ་གྱི་དགོངས་པ་ཡིན་པའི་ཕྱིར། མདོར་ན་ཡུལ་དུས་ཀྱི་ཆུ་ཚོད་ཆུ་སྲང་དབུགས་ཆ་རྣམས་མིང་འདྲ་ཡང་དོན་གཏན་ནས་མི་འདྲ་སྟེ། རེས་ཀྱི་གཟའ་དེས་དུས་ཀྱི་ཆུ་ཚོད་དྲུག་ཅུ་རྫོགས་པར་སྤྱོད་ནུས་ཀྱང་། དེའི་བར་ལ་ཡུལ་གྱི་ཆུ་ཚོད་དྲུག་ཅུ་རྫོགས་པར་སྤྱོད་མི་ནུས་པའི་ཕྱིར་དང་། དུས་ཀྱི་ཆུ་ཚོད་ནི་སྐད་ཅིག་ལ་སོགས་པས་གཞལ་བར་བྱ་བ་ཡིན་ལ། ཡུལ་གྱི་ཆུ་ཚོད་ནི་དཔག་ཚད་ལ་སོགས་པས་གཞལ་བྱ་ཡིན་པས་སོ། །འོ་ན་ཡུལ་གྱི་ཆུ་ཚོད་དེ་དཔག་ཚད་སོགས་ཀྱིས་ཇི་ལྟར་གཞལ་ཞེ་ན། ཉི་མས་ཉིན་ཞག་གཅིག་ལ་འཁོར་བའི་གོ་ལའི་རི་མོ་ཟླུམ་པོའི་ཁྱོན་ལ་དཔག་ཚད་སུམ་འབུམ་བདུན་ཁྲི་ལྔ་སྟོང་ཡོད་ཅིང་། དེ་ལ་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུས་བགོས་པའི་ནོར་ནི་ཡུལ་གྱི་ཆུ་ཚོད་རེའི་རྒྱའི་ཚད་དུ་འགྱུར་ཏེ། དེ་ལ་དཔག་ཚད་ཉིས་བརྒྱ་དང་སོ་གཅིག །རྒྱང་གྲགས་གཅིག །གཞུ་འདོམ་སྟོང་བརྒྱད་བརྒྱ་དང་ང་གཅིག །ཁྲུ་གསུམ། སོར་དགུ། ནས་དྲུག་ལྷག་ཙམ་རེ་འོང་ཞིང་། དེ་ལྟ་བུའི་དཔག་ཚད་ལ་སོགས་པའི་གྲངས་དེ་ལ་དྲུག་ཅུས་བགོས་པས་ཡུལ་གྱི་ཆུ་སྲང་རེའི་ས་ཁྱོན་ལ་དཔག་ཚད་གསུམ། རྒྱང་གྲགས་གསུམ། གཞུ་འདོམ་བརྒྱད་བརྒྱ་རེ་བཞི། མཐོ་གང་། སོར་དྲུག །ནས་བདུན་ལྷག་ཙམ་འོང་། དེ་ལ་སྔར་བཞིན་དྲུག་གིས་བགོས་པས། ཡུལ་གྱི་དབུགས་རེའི་ས་ཁྱོན་ལ་རྒྱང་གྲགས་གཉིས། གཞུ་འདོམ་སྟོང་ཆིག་བརྒྱ་ཞེ་བཞི། སོར་གསུམ། ནས་གཅིག་ལྷག་ཙམ་འོང་། དེ་ལ་སྔར་བཞིན་བུག་མཁའ་མིག་བུག་ཡིད་ཀྱིས་བགོས་པས། ཡུལ་གྱི་བུག་སོགས་ཀྱིས་ཁྱོན་རེ་ལ། སོར་གསུམ་དང་། ནས་གཉིས་ལྷག་ཙམ་འོང་བ་ཡིན་ནོ། །དེ་དག་གི་ཕྱིར་ན་གཉིས་པོ་དེ་ལས་སྔ་མ་དུས་ཀྱི་ཆུ་ཚོད་ཆུ་སྲང་དབུགས་རྣམས་ནི་དངོས་མིང་ཡིན་ལ། ཕྱི་མ་ཡུལ་གྱི་ཆུ་ཚོད་དང་ཆུ་སྲང་དབུགས་རྣམས་ནི་ཟླའོ་དུས་ཀྱིས་བཏགས་པས་བཏགས་མིང་གི་ཆུ་ཚོད་སོགས་ཡིན་གྱི་དངོས་མ་ཡིན་ཞིང་། ཡུལ་དུས་གཉིས་ཀའི་ཆ་ཤས་ནི་དུམ་བུའམ་ཡན་ལག་སྟེ་དངོས་མིང་གིས་བཏགས་པའོ། །

གསུམ་པ་བསྡུ་བ་ནི། དེ་ལྟར་གྲངས་དང་རི་མོ་ལ་ཐོག་མར་འཇུག་པའི་ཡན་ལག་མདོ་ཙམ་ཞིག་བཤད་པ་སྟེ། ཅིའི་ཕྱིར་ཞེ་ན། བྱིས་པ་རྣམས་ཀྱི་དོན་དུའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། སྔོན་འགྲོ་བྱ་བའི་རིམ་པ་བཤད་པའི་སྐབས་ཏེ་དང་པོའི་འགྲེལ་པའོ། །ཞེས་ལེའུའི་སྐབས་བསྡུས་སོ།། །།

སྐབས་གཉིས་པས་མིང་གི་ཐ་སྙད་དང་རྣམ་གྲངས་བཤད་པ།

ད་ནི་སྐབས་གཉིས་པས་མིང་གི་ཐ་སྙད་དང་རྣམ་གྲངས་བཤད་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། ཐ་སྙད་རྣམ་གྲངས་འཆད་པ་ལ། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། རྩི་བྱེད་གྲངས་ཀྱི་མིང་དང་། བརྩི་བྱ་ལོ་ལ་སོགས་པའི་མིང་ངོ་། །དང་པོ་ནི། ཐོག་མར་རྩི་བྱེད་གྲངས་ཀྱི་བརྡ་ཆད་བཤད་ཅེས་ཁས་བླང་ངོ་། །དེ་ཡང་། རང་བཞིན་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་བདག་མེད་པར་གཅིག་པ་དང་། གཟུགས་ནི་གཟུགས་ཕུང་གཅིག་ཡིན་པ་དང་། ཟླ་བ་དང་བསེ་རུ་ནི་གོ་སླའོ། །རི་བོང་ཅན་ནི་དེའི་མཚན་མ་དང་ལྡན་པའི་ཕྱིར་ཟླ་བའི་མིང་གཞན་ཏེ་བྱང་ཆུབ་སེམས་དཔའི་རི་བོང་གི་སྐྱེས་རབས་ལས་ཤེས་སོ། །དེ་རྣམས་ནི་གཅིག་ལ་འཇུག་པའི་བརྡའོ། །ལག་པ་དང་མིག་དང་ཟུང་རྣམས་ནི་གོ་སླའོ། །བགྲོད་པ་ནི་ཉི་མའི་ལྷོ་བྱང་གི་བགྲོད་པ་གཉིས་སོ། །ཕྱོགས་ནི་ཟླ་བའི་དཀར་ནག་གི་ཕྱོགས་སོ། །འཁྲིག་པ་དང་སྦྱོར་བ་ནི་སྐྱེས་བུ་དང་ན་ཆུང་ཚོགས་པའི་རྩེ་དགའོ། །ཡ་མ་ཞེས་པ་གཤིན་རྗེ་དང་། ཟུང་དང་། མཚེ་མ་རྣམས་ལ་འཇུག་པ་ལས། གཤིན་རྗེ་ནི་དེས་སེམས་ཅན་རྣམས་སྐྱེ་བ་གཉིས་པར་འཕེན་པའི་དོན་དང་། མཚེ་མ་ནི་ལྷའི་རིགས་མཚེ་མ་བ་ལ་བུ་དང་བུ་མོ་གཉིས་མཉམ་དུ་སྐྱེ་བས་མིང་དེ་ལྟར་གྲགས་པ་བཞིན་དུ་མིའི་འཇིག་རྟེན་དུའང་གྲགས་པ་བཞིན་ནོ། །དེ་རྣམས་ནི་གཉིས་ལ་འཇུག་པའི་བརྡའོ། །འཇིག་རྟེན་ནི་ས་འོག་ས་སྟེང་ས་བླའོ། །དུས་ནི་འདས་མ་འོངས་ད་ལྟའོ། །ཡོན་ཏན་ནི་རྡུལ་མུན་སྙིང་སྟོབས་སོ། །མེ་ནི་རྟ་གདོང་གི་མེ་དང་། ཁྱིམ་གྱི་མེ་ཉི་མ་དང་། བསྲེག་བྱ་ཟ་བའི་མེ་དང་གསུམ་མོ། །རྩེ་མོ་ཅན་ནི་ཁ་ཅིག་མེའི་མིང་གཞན་དང་། ཕལ་ཆེར་ཏྲི་ཤུ་ལའོ། །ཞེས་ཟེར་ཏེ་བརྟག་གོ། དེ་རྣམས་ནི་གསུམ་ལ་འཇུག་པའི་བརྡའོ། །རྒྱ་མཚོ་ནི་ཕྱོགས་བཞིའི་དབྱེ་བས་ཤར་ཕྱོགས་ཀྱི་རྒྱ་མཚོ་སོགས་སོ། །ཆུ་གཏེར་ཡང་དེ་ཉིད་དེ། ཁ་ཅིག་གདྒཱ་སོགས་ཟེར་ཡང་དེ་དག་རྒྱ་མཚོ་མ་ཡིན་པའི་ཕྱིར་ཆུ་གཏེར་མ་ཡིན་ནོ། །དུས་ནི་རྫོགས་ལྡན་སོགས་བཞིའོ། །ཆུ་བོ་ནི་གདྒཱ་སོགས་བཞིའོ། །རིག་བྱེད་ནི་མཆོད་སྦྱིན། སྙན་ངག །སྲིད་བསྲུང་། ངེས་བརྗོད་བཞིའོ། །སྡེ་པ་ནི། ཧེ་རུ་ཀ་གལ་པོར། སྡེ་པ་བཞི་ནི་གནས་བརྟན་པ། །ཐམས་ཅད་ཡོད་པར་སྨྲ་བ་དང་། །ལེགས་དཔོན་དགེ་འདུན་ཕལ་ཆེན་ཏེ། །ཞེས་སོ། །ཟུང་ལྡན་ནི་ཟུང་གཉིས་དང་ལྡན་པའོ། །དེ་རྣམས་ནི་བཞི་ལ་འཇུག་པའི་བརྡའོ། །མདའ་ནི། འདོད་འཇོར། མྱོས་བྱེད། སྲེད་བྱེད། ཡང་དག་རྨོངས་བྱེད། སྐེམ་བྱེད། ཚིམ་བྱེད་ལྔ་ལ་བཤད་དེ། མདོར་ན་བདུད་ཀྱིས་འཕེན་པའི་མེ་ཏོག་གི་མདའ་ལྔའོ། །དབང་པོ་ནི་མིག་རྣ་བ་སྣ་ལྕེ་ལུས་དབང་ངོ་། །སྡེབ་སྦྱོར་གྱི་འགྲེལ་པར་གཟུགས་སོགས་ཡུལ་ལྔ་ཡང་བཤད་དོ། །ཕུང་པོ་ནི་གཟུགས་ཚོར་སོགས་སོ། །འབྱུང་བ་ནི་ས་ཆུ་སོགས་སོ། །དེ་རྣམས་ནི་ལྔ་ལ་འཇུག་པའི་བརྡའོ། །རོ་ནི་མངར་སྐྱུར་ཁ་སྐ་ཚ་བ་ལན་ཚྭ་བའོ། །བྲོ་བའང་རོའི་མིང་གི་ཁྱད་པར་རོ། །དུས་དང་མཚམས་ནི། དཔྱིད་སོ་དབྱར་སྟོན་དགུན་སྟོད་སྨད་དོ། །དེ་རྣམས་ནི་དྲུག་ལ་འཇུག་པའི་བརྡའོ། །གཟའ་ནི་རེས་ཀྱི་གཟའ་བདུན་ནོ། །གླིང་ནི་ཟླ་བ་འོད་དཀར་སོགས་སོ། །ཐུབ་པ་ནི་རྣམ་གཟིགས་སོགས་སངས་རྒྱས་རབས་བདུན་ནོ། །ཁ་ཅིག་དྲང་སྲོང་བདུན་ལ་འདོད་དོ། །རི་ནི་འོད་སྔོན་སོགས་སོ། །དྲང་སྲོང་ནི་སྐར་མ་རྨེ་བདུན་ལ་གནས་པའི་དྲང་སྲོང་བདུན་ཏེ། འདོད་འཇོར། འོད་ཟེར་ཅན་དང་། ཉི་མ་དང་། རྒྱུན་ཤེས་དང་། འོད་ཡངས་དང་། ལྷ་མིན་འཇོམས་དང་། མཆོད་སྦྱིན་ཅན་དང་། གནས་འཇོག་སྟེ་དྲང་སྲོང་སྣ་ཚོགས་གཙུག་ཕུད་ཅན་བདུན། ཞེས་སོ། །དེ་རྣམས་ནི་བདུན་ལ་འཇུག་པའི་བརྡའོ། །ཀླུ་ནི། གལ་པོ་ལས། མཐའ་ཡས་དང་ནི་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་བུ་དང་དུང་སྐྱོང་དང་། །པདྨ་ཆུ་ལྷ་ཀླུ་ཆེན་བརྒྱད། །ཅེས་སོ། །སྦྲུལ་ནི་ཀླུ་རྣམས་སྦྲུལ་གཟུགས་སུ་གནས་པས་སོ། །ལག་འགྲོ་དང་གདེངས་ཀ་ཅན་ནི་སྦྲུལ་གྱི་མིང་གཞན་ནོ། །ནོར་ལྷ་ནི། འདོད་འཇོ་ལས། ཆུ་དང་བརྟེན་པ་ཟླ་བ་དང་། །འཛིན་བྱེད་རླུང་དང་མེ་དང་ནི། །ནམ་ལངས་འོད་བྱེད་ཅེས་བྱ་བ། །བརྒྱད་པོ་ནོར་གྱི་ལྷ་ཞེས་བྱ། །ཞེས་སོ། །ནོར་དང་དབྱིག་ཀྱང་ནོར་ལྷའི་མིང་སྟེ་ནོར་ལྡན་ལ་ནོར་གྱི་མིང་བཏགས་པའོ། །དེ་རྣམས་ནི་བརྒྱད་ལ་འཇུག་པའི་བརྡའོ། །རྩ་ནི་རྭ་བས་སྙིང་གའི་རྩ་བརྒྱད་ལྟེ་བ་དང་དགུ་ལ་འཆད་ཀྱང་ནཱ་ཌཱི་ཞེས་པ་འཛག་པའམ་སྦུག་ཅན་ཏེ་བུག་པ་དང་དོན་གཅིག་པས་མིག་ལ་སོགས་པ་བུག་པ་དགུའི་རྩའོ། །བུག་པ་ནི་མིག་རྣ་བ་སྣ་གསུམ་ལ་གཉིས་གཉིས་ཀྱི་སྟེང་ཁ་དང་གཤང་གཅིའི་ལམ་རྣམས་སོ། །གཟའ་ནི་རེས་གཟའ་བདུན་སྒྲ་གཅན་མཇུག་རིང་དང་བཅས་པའོ། །གཏེར་ནི། འདོད་འཇོར། པདྨ་ཅན་དང་། དུང་ཅན་དང་། པདྨ་ཆེན་པོ་དང་། ཆུ་སྲིན་ཅན་དང་། རུས་སྦལ་ཅན་དང་། རྔ་ཅན་དང་། དགའ་བ་ཅན་དང་། སྔོན་པོ་དང་། འཛིན་བྱེད་ཅེས་བྱའོ། །ཞེས་སོ། །སྲིན་པོ་ཁ་ཅིག་ལངྐ་མགྲིན་བཅུ་སོགས་སྲིན་པོའི་རྒྱལ་པོ་དགུའོ། །ཞེས་འདོད། གཞན་དུ་ན་སྲིན་པོ་ནི་རྣམ་སྲས་ཀྱི་གཡོག་ཡིན་པར་བཤད་པས་གནོད་སྦྱིན་གྱི་གཏེར་པདྨ་ཅན་སོགས་དགུའི་གཉེར་པ་ཡིན་པའི་དབང་དུ་བྱས་པའང་འདྲ་སྟེ། འདོད་འཇོར། བསོད་ནམས་སྐྱེས་ནི་སྲིན་པོ་སྟེ་དེ་རྣམས་ཀྱི་དབང་ཕྱུག་གོ། ཞེས་དང་། བསྲུང་བས་ན་སྲིན་པོ་སྟེ། ཞེས་པའི་དོན་བློ་བརྟན་བཞི་པས་ཚིག་གཏེར་གྱི་འགྲེལ་པར། གཏེར་བསྲུང་བའི་དོན་ཡིན་ནོ། །ཞེས་བཤད་པས་སོ། །དེ་རྣམས་ནི་དགུ་ལ་འཇུག་པའི་བརྡའོ། །ཕྱོགས་བཅུ་ནི་གོ་སླའོ། །སྒྲ་སྒྲོག་ནི་དོན་དུ་མ་ལ་འཇུག་ཀྱང་འདིར་ཀྵོ་ཎཱི་ཞེས་པ་ས་སྟེ་རབ་དགའ་སོགས་བཅུའོ། །དེ་གཉིས་ནི་བཅུའི་མིང་ལ་འཇུག་པའི་བརྡའོ། །དྲག་པོ་ནི། འདོད་འཇོ་ལས། མ་སྐྱེས་རྐང་གཅིག་འཕེལ་དང་བསྟོད། །དྲག་པོ་དང་ནི་བརྩོན་འགྲུས་ལྡན། །འཕྲོག་བྱེད་དེ་ནས་བདེ་འབྱུང་དང་། །སྤྱན་གསུམ་གཞན་ལས་རྒྱལ་བ་དང་། །དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་ཤེས་པར་བྱ། །ཞེས་སོ། །དབང་ཕྱུག་དང་། བདེ་བྱེད་དང་། བདེ་འབྱུང་དང་། འཕྲོག་བྱེད་སོགས་ནི་ལ་ལ་མིང་གི་རྣམ་གྲངས་དང་། ཁ་ཅིག་དྲག་པོའི་ནང་ཚན་དུ་འདྲ་བས་སོ། །དེ་རྣམས་ནི་བཅུ་གཅིག་ལ་འཇུག་པའི་བརྡའོ། །ཉིན་བྱེད་དང་ཉི་མ་ནི་མིང་གི་རྣམ་གྲངས་ཏེ། འདོད་འཇོ་ལས། དེ་ལ་ཉི་མ་བཅུ་གཉིས་ནི་འདི་ལྟ་སྟེ། དབང་པོ་བྱེད་པོ་ལམ་པ་དང་། །ཆར་འབབ་བསྟོད་བྱེད་སྔོན་མིང་འཕགས་། །མིག་གཟུགས་ཁྱབ་འཇུག་འོད་ཅན་དང་། །ཆུ་བདག་བཤེས་གཉེན་ཉིད་ཀྱང་ངོ་། །ཞེས་སོ། །ཁྱིམ་ནི་ལུག་གླང་སོགས་སོ། །དེ་རྣམས་ནི་བཅུ་གཉིས་ལ་འཇུག་པའི་བརྡའོ། །ལུས་མེད་ནི་དབང་ཕྱུག་གི་མིག་གསུམ་ནས་མེ་བྱུང་ནས་བསྲེགས་པས་ལུས་མེད་ཅེས་བྱ་བ་ཁྱབ་འཇུག་གི་བུ་འདོད་པའི་མིང་སྟེ། དེ་ལ་སྦྱོར་བར་འདོད་པ་སོགས་བྱེད་ལས་བཅུ་གསུམ་དུ་བཞག་པའམ། ཡང་ན་འདོད་པའི་རྒྱུ་ལྷའི་སྨད་འཚོང་མ་བཅུ་གསུམ་སྟེ། འདོད་འཇོར། གློག་གི་འོད་ཅན་མ་དང་། པད་དཀར་མ་དང་། ལག་བཟང་མོ་དང་། དགའ་བའི་ཤིང་རྟ་མ་དང་། རབ་ཏུ་མྱོས་བྱེད་མ་དང་། མེ་ན་ཀཱ་དང་། སྐྲ་འདྲེས་མ་དང་། ལེགས་བརྒྱན་མ་དང་། མུཉྫ་སྐྱེས་མ་དང་། ཨ་ལམྦུ་ཥཱ་དང་། ཆུ་ཤིང་བརླ་ཅན་མ་དང་། སྐར་ལེགས་མ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །ཞེས་སོ། །འདོད་པ་དང་། མྱོས་བྱེད་ནི་དེའི་མིང་གཞན་ཏེ། འདོད་འཇོ་ལས། འདོད་པ་ནི་སྦྱོར་བ་ལ་སོགས་པའི་འདོད་པའོ། །ཞེས་དང་། འདོད་པས་མྱོས་པར་བྱེད་པས་མྱོས་བྱེད་དོ། །ཞེས་སོ། །སྣ་ཚོགས་ནི་ཕྱི་རོལ་པའི་རྩིས་སུ་བཅུ་གསུམ་གྱིས་བསྒྱུར་བ་ལ་སྣ་ཚོགས་ཀྱིས་བསྒྱུར་ཞེས་བྱུང་བ་དང་། འདོད་འཇོར། འདོད་པ་དང་། དུས་དང་། གང་བ་ལ་སོགས་བཅུ་གསུམ་བགྲངས་ནས། དེ་རྣམས་སྣ་ཚོགས་ཞེས་པར་གྲགས། །ཞེས་བཤད་པའི་ཕྱིར། འདི་ཉིད་འཐད་པར་མངོན་ནོ་ཞེས་སྔར་གྱི་འདོད་པའི་དོན་འདི་ཡིན་པར་ལོ་ཆེན་ནམ་བཟང་བཞེད་དོ། །དེ་རྣམས་ནི་བཅུ་གསུམ་ལ་འཇུག་པའི་བརྡའོ། །ཤེས་བུ་དང་། ཡིད་ཅེས་བསྒྱུར་བའི་མ་ནུ་དང་སྲིད་པ་ནི། ནང་ལེར་གསུངས་པའི་རྒྱུ་ཟད་པར་འབྱུང་ལྔ་ཟླ་ཉི་སྒྲ་གཅན་སྒོམ་པའི་འབྲས་བུ་འདོད་གཟུགས་མ་ཕྱེ་བའི་ལྷ་བརྒྱད། དུད་འགྲོ་ལ་སྐྱེས་གནས་ཀྱིས་དབྱེ་བས་བཞི། མི་དང་དམྱལ་བ་སྟེ་བཅུ་བཞིའོ། །ལྷ་མིན་ལྷ་དང་ཡི་དྭགས་དམྱལ་བའི་རིགས་སུ་བསྡུས་སོ། །སྲིད་པའི་གནས་ནི་དེ་དག་གི་གནས་བཅུ་བཞིའོ། །དེ་རྣམས་ནི་བཅུ་བཞིའི་མིང་ངོ་། །ཚེས་དང་ཉིན་ཞག་ནི་དཀར་ནག་གི་དབྱེ་བས་བཅོ་ལྔ་བཅོ་ལྔ་སྟེ་དེའི་བརྡ་ཡིན་ནོ། །ཆ་ཤས་ནི། འདོད་འཇོ་ལས། ཆ་བཅུ་དྲུག་གི་ཆ་ཤས་ཀྱིས་ཟླ་བ་ཉ་བར་བྱེད་པས་སོ། །ཞེས་པས་ཟླ་བའི་ཆའོ། །རྒྱལ་པོ་དང་མི་བདག་ནི། པདྨ་ཅན་ལས། རྒྱལ་པོ་ཤིང་རྟ་བཅུ་པ་ལ་སོགས་པ་བཅུ་དྲུག་གོ། ཞེས་པ་ལྟར་བོད་ཕལ་ཆེར་འདོད་ཀྱང་། རྒྱ་རོལ་ལས། འཛམ་བུའི་གླིང་གི་ཡུལ་ཆེན་བཅུ་དྲུག་པོ་ཐམས་ཅད་ན་རྒྱལ་པོའི་རིགས་མཐོན་པོ་གང་ཇི་སྙེད་ཡོད་པ། ཞེས་པ་འདི་ཡིན་གསུང་ངོ་། །མཁས་བྱམས་པ་དག །པདྨ་ཅན་དུ་བཤད་པའི་རྒྱལ་པོ་བཅུ་དྲུག་དང་འདི་དོན་མཐུན་ནམ་བརྟག་གསུང་ཡང་། པདྨ་ཅན་གྱི་ལུགས་དེར་ཟས་གཙང་བགྲངས་པས་བརྟག་མི་དགོས་ཏེ། རྒྱ་རོལ་ལས། དེ་ཐམས་ཅད་ཀྱང་ཉེས་པ་དང་བཅས་པར་མཐོང་སྟེ་ཞེས་དང་། ཟས་གཙང་ལ་ཡོན་ཏན་དྲུག་ཅུ་རྩ་བཞི་ཚང་བར་བཤད་པའི་ཕྱིར། དེ་ལ་སོགས་པ་རྣམས་ནི་བཅུ་དྲུག་གི་བརྡའོ། །ཉེས་པ་དང་སྐྱོན་ནི། བཅོ་བརྒྱད་ལ་འཇུག་པའི་བརྡ་སྟེ། མདོ་ལས། ལུས་ལ་མི་སྡུག་པའི་སྐྱོན་བཅོ་བརྒྱད་དང་ལྡན་པ། ཞེས་འབྱུང་བ་དེ་ཉིད་ཡིན་ལ། བཅོ་བརྒྱད་ནི་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་ལས། མཚན་ངན་པ་བཅོ་བརྒྱད་དང་ལྡན་པ་ཞེས་བྱ་བ་ལ། མགོ་སྐྲ་བྱི་བ་ངན་པ་དང་། དཔྲལ་བ་ཆུང་བ་དང་། མདོག་སེར་སྐྱ་དང་། མིག་སེར་བ་དང་། སྨིན་མཚམས་མ་འབྱར་བ་དང་། སྣ་ལེབ་པ་དང་། སོ་སྟོ་བ་དང་། དིག་པ་དང་། མིག་ཟླུམ་པ་དང་། མིག་ཆུང་བ་དང་། ཕྱི་ནང་དུ་རྒུར་བ་དང་། ལྟོ་ཆེ་བ་དང་། དཔུང་པ་དང་རྗེ་ངར་ཐུང་བ་དང་། སྤུ་ཅན་དང་། ལག་པ་དང་རྐང་པ་མི་མཉམ་པ་དང་། ཚིགས་སྦོམ་པ་དང་། འདིའི་ཁ་དང་ལུས་ལ་དྲི་ངན་འབྱུང་བའོ། །ཞེས་གསུངས་པ་ལྟར་ཕལ་ཆེར་བཞེད། མཁས་པ་ཁ་ཅིག་བྱམས། འཇུག་པར། ཕུང་པོ་སྡུག་བསྔལ་རང་མཚན་ཉིད། །ཁམས་ཀྱི་བདག་ཉིད་སྦྲུལ་གདུག་འདོད། །ཅེས་གསུངས་པ་དང་སྦྱར་ན་ཁམས་བཅོ་བརྒྱད་སྐབས་འདིའི་གདགས་གཞིར་འབྱུང་ཉེ་ཡི། ལུང་གི་དེས་རྒྱ་གར་བའི་བུད་མེད་གཅིག་ལ་སྐྱོན་བཅོ་བརྒྱད་ཡོད་པར་གྲུབ་ཀྱང་འདིའི་ལུང་དུ་འགྱུར་དཀའོ། །ཞེས་འཆད་དོ། །རྒྱལ་བ་ཞེས་པ་ཉེར་བཞིའི་མིང་ནི། མཁས་པའི་དབང་པོ་དག །ལང་གཤེགས་ལས། སངས་རྒྱས་ཉི་ཤུ་རྩ་བཞི་ཡིན། །ཞེས་འབྱུང་བ་ཉིད་ཡིན་པར་བཞེད། རྭ་བ་རང་བཞིན་ཉེར་བཞིར་འཆད། ཁ་ཅིག །སྟག་དོན། ལང་གཤེགས་ལྟར་ཡིན་པའི་ངེས་པ་མེད་དེ། ཕྱི་རོལ་པའི་རྩིས་སུའང་འབྱུང་བའི་ཕྱིར་བརྟག་པའི་གནས་སུ་བཞེད་དོ། །ཉེར་ལྔ་ལ་དེ་ཉིད་ཅེས་ཟེར་བ་ནི། གྲངས་ཅན་པས་འདོད་པའི་དེ་ཉིད་ཉེར་ལྔ་སྟེ། ཡིད་བཞིན་མཛོད་ཀྱི་རང་འགྲེལ་པད་དཀར་ལས། གཙོ་བོ་དང་། ཆེན་པོ་དང་། ང་རྒྱལ་དང་། དབང་པོ་བཅུ་གཅིག་དང་། ཡུལ་དེ་ཙམ་ལྔ་དང་། འབྱུང་བ་ལྔ་དང་། སྐྱེས་བུའོ། །ཞེས་སོ། །སྐར་མ་ནི་རྒྱུ་སྐར་ཉེར་བདུན་དང་། འཁོར་ལོ་ཡང་རྒྱུ་སྐར་གྱི་འཁོར་ལོའོ། །དེ་གཉིས་ནི་ཉེར་བདུན་གྱི་བརྡའོ། །སོ་ནི་སྐྱེས་བུའི་སོ་སྟེང་འོག་གི་ཐག་འགྲམ་པ་ལ་སོ་གཉིས་འབྱུང་བས་བཏགས་པ་དང་། གཉིས་སྐྱེས་ཀྱང་སྐབས་འདིར་སོའི་མིང་སྟེ་སྔ་ཕྱི་ལན་གཉིས་སུ་སྐྱེ་བས་སོ། །དེ་གཉིས་ནི་སོ་གཉིས་ལ་འཇུག་པའི་བརྡའོ། །དེ་དག་ནི་བསྡུས་རྒྱུད་ལས། ཟླ་བ་རང་བཞིན་གཅིག་སྟེ། ཞེས་སོགས་ཚིགས་བཅད་གཉིས་ཀྱིས་གསུངས་པ་ལ། དིང་སང་གྲགས་ཆེ་བའི་བརྡ་འགའ་ཞིག་ཀྱང་བསྣན་ཏེ་བཀོད་པ་ཡིན་ཅིང་། དེ་ལས་དུས་དང་ཕྱོགས་སོགས་གྲངས་དུ་མ་ལ་འཇུག་པ་རྣམས་ནི་འཁྲུལ་གཞི་མི་བསྐྱེད་པའི་ཕྱིར་གང་གྲགས་ཆེ་བ་ཉིད་དང་སྦྱར་ཏེ་གཞན་བཏང་སྙོམས་སུ་བཞག་ན་ལེགས་སོ། །དེ་རྣམས་ནི་རྩི་བྱེད་གྲངས་ཀྱི་མིང་གི་རྣམ་གྲངས་སོ། །

གཉིས་པ་བརྩི་བྱ་ལོ་ལ་སོགས་པའི་ཐ་སྙད་དང་རྣམ་གྲངས་བཤད་པ་ལ་བཅུ་སྟེ། ལོ་དང་། ཟླ་བ་དང་། ལོ་འགོ་དང་། ཚེས་དང་། གཟའ་དང་། སྐར་མ་དང་། ཁྱིམ་དང་། སྦྱོར་བ་དང་། བྱེད་པ་དང་། ཁྱིམ་བདག་རྣམས་སོ། །དང་པོ་ནི། དེ་ལྟར་གྲངས་ཀྱི་མིང་བཤད་པའི་རྗེས་དེ་ནས་ལོ་ཡི་ཐ་སྙད་བཤད་ཅེས་ཁས་བླང་ངོ་། །དེ་ཡང་། ཉི་བར་གྱི་ཁྱིམ་རེ་རྫོགས་པར་སྤྱོད་པའི་ཡུན་སུམ་ཅུ་ཆར་ཕྱེ་བའི་ཆ་གཅིག་ཁྱིམ་ཞག་ཡིན་ལ། དེ་སུམ་ཅུས་ཟླ་བར་བྱས་པའི་ཁྱིམ་ཟླ་བཅུ་གཉིས་དང་། ཟླ་བ་རེའི་དཀར་ནག་གི་དབང་དུ་བྱས་ན་ཕྱོགས་ཉི་ཤུ་རྩ་བཞི་དང་། ཉི་མའི་ལྷོ་བྱང་གི་བགྲོད་པ་གཉིས་དང་། ཉི་མའི་རང་འགྲོས་ཀྱིས་རྒྱུ་སྐར་གྱི་འཁོར་ལོ་འཁོར་བ་དང་། དབྱར་དགུན་སྟོན་དཔྱིད་དེ་དུས་བཞིའམ། དུས་དྲུག་དུས་གསུམ་ལ་སོགས་པའི་འཁོར་ལོ་རྫོགས་པ་ཞིག་ལ་ལོ་གཅིག་ཅེས་པའི་ཐ་སྙད་བཏགས་ཏེ། དཔལ་ལྡན་རྒྱུད་ལས། ཕྱོགས་དང་ཟླ་བ་མཐའ་དག་དང་ནི་དུས་དང་དུས་བཞི་དང་ནི་མེ་དུས་བགྲོད་པ་རྣམ་པ་གཉིས། །རྒྱལ་པོ་ལོ་ནི་མཐའ་དག །ཅེས་དང་། དེའི་འགྲེལ་པར། ཕྱོགས་ཉི་ཤུ་རྩ་བཞི་དང་། ཟླ་བ་མཐའ་དག་ཅེས་པས་བཅུ་གཉིས་དང་། དུས་དྲུག་དང་། དུས་བཞི་དང་། མེ་དུས་ཞེས་པ་དུས་གསུམ་དང་། བགྲོད་པ་གཉིས་ཏེ། རྒྱལ་པོ་ལོ་མཐའ་དག་ཅེས་པ་ནི་མཐའ་དག་ལོའི་དབྱེ་བར་ཤེས་པར་བྱའོ། །ཞེས་དང་། རྫོགས་པ་ཆེན་པོའི་རྒྱུད་ཐལ་འགྱུར་ལས། ཞག་ནི་བཅུ་ཕྲག་གསུམ་ལ་ཡང་། །ཟླ་བ་དག་ནི་གཅིག་ཡིན་ནོ། །དེ་ལྟར་བཅུ་གཉིས་རྫོགས་པ་ལ། །ལོ་ནི་གཅིག་ཏུ་འདོད་པའོ། །ནང་དང་དགོང་མོ་བདུན་བརྒྱ་དང་། །ཉི་ཤུ་དག་ནི་རྫོགས་པ་ལ། །ཞག་ནི་སུམ་བརྒྱ་དྲུག་ཅུར་འདོད། །དེ་རྣམས་རྫོགས་པས་ལོ་གཅིག་གོ། ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ཟླ་ཕྱེད་ཉིན་མཚན་བཅོ་ལྔ་སྟེ། །ཟླ་ཕྱེད་གཉིས་ལ་ཟླ་བར་བརྗོད། །དེས་ན་ཟླ་བ་བཅུ་གཉིས་ལ། །ལོ་གཅིག་ཏུ་ནི་རབ་ཏུ་བསྒྲགས། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཉི་མ་འགྲོ་ལྡོག་གཉིས་ལ་ནི། །ལོ་གཅིག་ཅེས་ནི་བརྗོད་པ་ཡིན། །ཞེས་གསུངས་པས་སོ། །དེས་ན་ཉི་མ་ལ་བརྟེན་ནས་ལོ་བཞག་པའི་ཕྱིར་ལོའི་དང་པོ་ཡང་ཉི་མ་ནམ་སྐྱེས་པ་ནས་བྱུང་ངོ་། །འོ་ན་ལོའི་ཐོག་མ་དེ་ཉིད་ཀྱི་མིང་ཅི་ཞེ་ན། རབ་བྱུང་ཞེས་གྲགས་ཏེ། ཚངས་པའི་སྔོན་གྱི་རིག་བྱེད་ལས་དེ་སྐད་དུ་བཏགས་པར་བཤད་པས་སོ། །ལུགས་དེ་ལས་ཇི་སྐད་འབྱུང་བ་བཞིན་དུ་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་རྩ་རྒྱུད་ཀྱི་སྟོད་འགྲེལ་ལས་ཀྱང་འདི་སྐད་གསུངས་ཏེ། རབ་བྱུང་རྣམ་བྱུང་དཀར་པོ་དང་། །ཞེས་སོགས་གསུངས་པའི་འགྲེལ་ཚིག་ཁོ་ན་འདིར་བྲིས་པའོ། །འོ་ན་འདིར་བཤད་པའི་རབ་བྱུང་གི་ལོ་དང་། རྒྱུད་འགྲེལ་ལས་འདས་ལོ་བསྲེ་བར་གསུངས་པའི་རབ་བྱུང་གཉིས་དོན་གཅིག་གམ་ཐ་དད་ཅེ་ན། གངས་ཅན་གྱི་མཁས་གྲུབ་ཆེན་པོ་དག་ཐ་དད་དུ་བཞེད་ཀྱང་། དེ་ནི་མི་རིགས་ཏེ། འགྲེལ་ཆེན་ལས། ལོ་དེ་ཉིད་ནི་བྱེད་པ་གཞན་ཐམས་ཅད་ལ་རབ་ཏུ་གྲགས་པ་ཡིན་ཏེ། གཟའ་ཉི་མ་བཞིན་ནོ། །ཞེས་བྱེད་པ་ཐུན་མོང་ལ་གྲགས་པའི་རབ་བྱུང་དང་དོན་གཅིག་པར་གཟའ་ཉི་མའི་དཔེ་དང་བཅས་ཏེ་གསུངས་པ་དང་། གཞན་ཡང་། རབ་བྱུང་ལ་སོགས་ཞེས་པའི་འགྲེལ་པར། ལོ་དྲུག་ཅུ་པོ་གང་གི་དང་པོ་རབ་བྱུང་ཡིན་པ་དེ་ནི་རབ་བྱུང་ལ་སོགས་པ་སྟེ། ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་བདག་ཉིད་ཆེན་པོ་འགའ་ཞིག་གིས་ཀྱང་། རབ་བྱུང་ལ་སོགས་དྲུག་ཅུས་རྩི་བ་ནི་དུས་འཁོར་ཁོ་ནའི་ལུགས་ཡིན་པས་གཞན་ལ་མ་གྲགས། ཞེས་གསུང་པ་ཡང་མཁས་པ་ཆེན་པོས་ཐུགས་མཉམ་པར་མ་བཞག་པའི་གསུང་སྟེ། དྲངས་མ་ཐག་པའི་འགྲེལ་ཆེན་གྱི་ལུང་དང་། དབྱངས་འཆར་ལས་ཀྱང་། རབ་བྱུང་ལ་སོགས་ལོ་རྣམས་ལ། །བཅུ་གཉིས་ལྔ་ལ་ཨ་སོགས་འཆར། །ཞེས་སོགས་ཀྱིས་གནོད་པར་འགྱུར་བ་དང་། ལོ་དྲུག་ཅུའི་མིང་ཚང་བར་སྟོན་པའི་སྟོད་འགྲེལ་ཡང་སེམས་འགྲེལ་སྐོར་གསུམ་སྤྱིར་འཆད་ཚུལ་མཐུན་པ་ཙམ་ལས་ཐ་སྙད་དུས་འཁོར་དུ་བསྡུ་མི་འོས་ཏེ། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ལོ་དྲུག་ཅུའི་མིང་དང་གོ་རིམ་འདི་དག་ཕྱི་ནང་གི་བྱེད་པ་ཐམས་ཅད་ལ་རབ་ཏུ་གྲགས་པ་སྟེ། རྩིས་ཀྱི་བསྟན་བཅོས་རཏྣ་མཱ་ལ་ཞེས་པར་ཡང་འབྱུང་ངོ་། །ཞེས་གྲགས་ཤིང་། བྷ་ར་ཎ་མིས་བྱས་པའི་དུས་བསྟན་ལས་ཀྱང་འབྱུང་བའི་ཕྱིར་དང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། མི་རྣམས་ཚེ་ནི་དེ་བཞིན་དུ། །ལོ་བརྒྱ་དག་ཏུ་བསྒྲགས་པ་ཡིན། །དེ་དག་ལོ་ཚིགས་ཕྱིན་པ་ན། །དུས་ནི་དྲུག་ཅུར་རབ་ཏུ་བརྗོད། །ཅེས་གསུངས་པའི་དྲུག་ཅུ་པོ་ཡང་ལོའི་མིང་འདི་དག་ལ་དགོངས་པར་ངེས་ཤིང་། དེ་ཉིད་ཀྱི་འཕྲོས་ལས། དང་པོ་བར་དང་ཐ་མར་ནི། །དེ་དག་གསུམ་དུ་རབ་ཏུ་བསྟན། །ཅེས་གསུངས་པའི་དོན་ཡང་། རབ་བྱུང་རྣམ་བྱུང་དཀར་པོ་ཞེས་སོགས་གསུམ་གསུམ་ལ་རབ་འབྲིང་ཐ་གསུམ་ཞེས་དགོངས་པར་ངེས་ཏེ། སྟོད་འགྲེལ་གྱི་ཚིག་འདི་དག་ནི། རྩ་རྒྱུད་ཀྱི། མཆོག་དང་འབྲིང་དང་ཐ་མ་སྟེ། །ཞེས་པའི་འགྲེལ་པ་ཡིན་པའི་ཕྱིར་རོ། །ཡང་རྒྱ་ནག་མཁས་པའི་རྩིས་གཞུང་ལས་ནི། གཙུག་ལག་རྩིས་ཀྱི་རྩ་བ་རུས་སྦལ་གན་རྐྱལ་མགོ་ལྷོར་བསྟན་གྱིས་གནས་པའི་ཕྱོགས་བཞི་ལས་ལོ་གཉིས་གཉིས་དང་། མཚམས་བཞི་ལས་ལོ་རེ་རེ་ཆད་ནས་དེ་ཉིད་དུ་གནས་པར་བཤད་དེ། ཤར་སྟོད་སྟག་ལ་ཤར་སྨད་ཡོས། །ཤར་ལྷོ་མཚམས་ན་འབྲུག་གནས་སོ། །ལྷོ་སྟོད་སྦྲུལ་ལ་ལྷོ་སྨད་རྟ། །ལྷོ་ནུབ་མཚམས་ན་ལུག་གནས་སོ། །ནུབ་སྟོད་སྤྲེའུ་ནུབ་སྨད་བྱ། །ནུབ་བྱང་མཚམས་ན་ཁྱི་གནས་སོ། །བྱང་སྟོད་ཕག་ལ་བྱང་སྨད་བྱི། །བྱང་ཤར་མཚམས་ན་གླང་གནས་སོ། །ཞེས་སོ། །དེ་ལྟར་ལོ་བཅུ་གཉིས་པོ་དེའི་ཐོག་མ་གང་ནས་གཟུང་བར་བྱ་ཞེ་ན། ནག་རྩིས་ཐོག་མར་གསུངས་པ་དེའི་ཚེ་ཐེ་སེ་རྒྱལ་པོ་བྱང་སྨད་བྱི་བའི་དུམ་བུ་ལ་གནས་པའི་ཕྱིར་བྱི་བ་ནས་འཛིན་ནོ། །དེས་ན་བྱི་བ་ལ་སོགས་པ་ལོ་བཅུ་གཉིས་པོ་དེ་དག་རེ་རེ་ལའང་དབང་ཐང་ཁམས་ལྔའི་རིམ་པ་དང་། དབང་ཐང་རེ་རེ་ལ་ཡང་ཕོ་ལོ་མོ་ལོ་གཉིས་རེར་ཕྱེ་སྟེ་སྦྱར་བས་ལོ་རྒན་དྲུག་ཅུ་འབྱུང་བར་འདོད་དེ། ཤིང་ཕོ་བྱི་བ། ཤིང་མོ་གླང་། མེ་ཕོ་སྟག །མེ་མོ་ཡོས་སོགས་བཅུ་གཉིས་ཕྲག་ལྔ་ཡོད་པའི་ཕྱིར་རོ། །འོ་ན་དབང་ཐང་ཁམས་ལྔའི་གོ་རིམ་དེ་གང་ཞེ་ན། དེ་ནི་ཤིང་བུ་མེ་ལ་ཞེས་སོགས་ཏེ་རིམ་པས་དེད་དེ་སྦྱར་རོ། །ཕོ་ལོ་མོ་ལོའི་ཁྱད་པར་དེ་གང་ཞེ་ན། དེ་ནི་བྱི་སྟག་འབྲུག་རྟ་ཞེས་སོགས་སོ། །རྒྱ་དཀར་ནག་གི་ལོ་གཉིས་གཉིས་པོ་དེ་ཤན་སྦྱོར་བའི་ཚེ་ལོ་འགོ་མི་མཐུན་ཡང་། སྟོད་འགྲེལ་བའི་ལུགས་ཀྱི་རབ་བྱུང་གི་ལོ་དང་རྒྱ་རྩིས་པའི་མེ་མོ་ཡོས་ཀྱི་ལོ་གཉིས་པོ་དེ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། ལོ་ལྷག་མ་རྣམས་དེ་བཞིན་དུ་རིམ་པར་ལྟོ་སྦྱར་ནས་དེད་པས་མཐར་ཟད་བྱེད་ཀྱི་ལོ་དང་མེ་སྟག་དོན་གཅིག་པའི་བར་ཤེས་སླ་བའི་ཕྱིར་རོ། །འདིར་སྨྱལ་པ་ལྷ་མཛེས་སོགས་ཀྱིས་རབ་བྱུང་དང་ཤིང་བྱི་གཅིག་པར་བྱས་ཏེ་རྒྱ་དཀར་ནག་ལོ་འགོ་མཐུན་པར་བྱས་པ་ནི་རྒྱ་བོད་ཀྱི་མཁས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གཏམ་བཙན་པོ་དེ་དོར་ནས་འབྲེལ་མེད་ཀྱི་གཏམ་གསར་དུ་བཀོད་པ་ཡིན་པས་དེ་ལས་མི་འཚམ་པ་ཅི་ཞིག་ཡོད། གཞན་ཡང་ཕྱིས་ཀྱི་མཁས་པ་ལ་ལས། བཅོམ་ལྡན་འདས་མེ་ཡོས་ལ་ལྷུམས་སུ་ཞུགས་པ་དང་། མཁས་དབང་ཁ་ཅིག་བློ་བརྟན་བཞི་པ་མེ་ཡོས་ལ་འཁྲུངས་དུས་རྒྱ་ནག་ཏུ་འོད་ཟེར་སེར་པོའི་ལྟས་བྱུང་བར་གྲགས་པས་ལོ་དེ་སྐར་རྩིས་པའི་རབ་བྱུང་གི་ལོ་ཡིན་པས་རྒྱ་བལ་རྣམས་ལོའི་དང་པོར་འཇོག་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །ཞེས་འཆད་པ་རྣམས་ནི་རང་དགར་སྨྲས་པ་ཙམ་དུ་ཟད་དོ། །ཁྱད་པར་ཙིའུ་དབང་གིས་རྒྱལ་པོ་བྱེད་པའི་དུས་སུ་རྒྱ་ནག་ཏུ་འོད་ཟེར་སེར་པོ་བྱུང་བས་སངས་རྒྱས་འཁྲུངས་པར་ཤེས་ནས་རྡོ་རིང་ལ་ཡི་གེ་བཀོད་པའི་ལོ་དེ་སྟག་ཡིན་པར་རྒྱའི་ཡིག་ཚང་དེ་ལས་བཤད་པས་གཏམ་དེ་ཁུངས་སུ་བྱས་ནས་འདིར་མེ་ཡོས་ཞེས་བཀོད་པས་ཀྱང་ནོངས་སོ། །བོད་ཀྱི་མཁས་པ་ལ་ལ་དག་ན་རེ། དེང་སང་བཅུ་གཉིས་སྐོར་དུ་གྲགས་པ་འདི་ནི་ནག་རྩིས་པ་ཁོ་ནའི་ལུགས་ཡིན་གྱི། རྒྱ་གར་ན་ལོ་བཅུ་གཉིས་ཀྱི་རྩི་བ་མེད་པས་སྐར་རྩིས་པ་ལ་དྲུག་ཅུ་སྐོར་ཁོ་ན་ལོ་སྐོར་ཡིན་ཞེས་འཆད་དོ། །དེ་ནི་ཕྱོགས་གཅིག་ཁོ་ན་ལ་ཞེན་པའི་ཚིག་ཏུ་མཐོང་སྟེ། བསྡུས་རྒྱུད་ལས། རབ་བྱུང་ལ་སོགས་བཅུ་གཉིས་ལོ་རྣམས་དག་གི་ལོ། །ཞེས་པའི་འགྲེལ་པར། རབ་བྱུང་ལ་སོགས་པའི་ལོ་བཅུ་གཉིས་ལ་འཆར་བ་ནི་རབ་བྱུང་ལ་སོགས་པ་རྣམས་དེ་བཞིན་དུ་ཡོངས་སུ་བསྐོར་བ་སྟེ། ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། དེ་ལྟར་ལོ་ནི་བཅུ་གཉིས་ལ། །ལོ་ཆེན་ཞེས་ནི་བརྗོད་པར་བྱ། །ཞེས་དང་། དེ་ནས་ལོ་ནི་བཅུ་གཉིས་ལས། །འདི་ནི་དགེ་དང་མི་དགེ་བྱེད། །ཅེས་གསུངས་ཤིང་། དབང་ཕྱུག་གིས་ཀྱང་། བཅུ་གཉིས་ལྔ་ལ་ཨ་སོགས་འཆར། །ཞེས་བཤད་པས་ལོ་བཅུ་གཉིས་ཀྱི་རྩི་ཚུལ་ཡོད་པར་གྲུབ་བོ། །དེ་ལྟར་མོད་ཀྱི། བྱི་བ་ལ་སོགས་པའི་ལོ་བཅུ་གཉིས་ཀྱི་མིང་གི་རྩི་བ་མེད་དོ་ཞེ་ན། དེ་ཡང་མཐའ་གཅིག་ཏུ་དཔྱད་པར་དཀའ་སྟེ། རྡོ་རྗེ་གདན་གྱི་བྱ་ལོའི་དུས་ཆེན་ཞེས་གྲགས་པ་དང་། ཁྱད་པར་ཅན་གྱི་གཟུངས་ལས་ཀྱང་། །སྦྲུལ་ལོ་དཔྱིད་ཟླ་ར་བ་ལ། །ཞེས་གསུངས་པས་སོ། །ཞར་བྱུང་ལོ་ཙམ་གྱི་མིང་གི་སྒོ་ནས་དབྱེ་ན། འཆི་མེད་མཛོད་ལས། ཡོངས་བགྲངས་བགྲང་གཞི་རང་སྐྱོབ་དང་། །འདོར་བྱེད་ཅེས་བྱ་ལོ་ཡི་མིང་། །ཞེས་མིང་གི་རྣམ་གྲངས་བཞིའོ། །གཉིས་པ་ནི། ལོའི་ཐ་སྙད་བཤད་པའི་རྗེས་དེ་ནས་ད་ནི་ཟླ་བའི་ཐ་སྙད་བཤད་པར་བྱ་སྟེ། དེ་ཡང་ཟླ་བ་ལ་བརྟེན་ནས་ཟླ་བ་བཞག་པའི་ཕྱིར། ཟླ་བའི་དཀར་ནག་གི་ཆ་བཅོ་ལྔ་བཅོ་ལྔ་འཕེལ་འགྲིབ་ལས་ཞག་སུམ་ཅུར་ལོངས་པ་ན་ཟླ་བའི་ཐ་སྙད་དུ་འཇོག་སྟེ། མཛོད་ལས། ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུ་འགྱུར། །ཞེས་དང་། འཆི་མེད་མཛོད་ལས། ཉིན་ཞག་གོ། དེ་དག་བཅོ་ལྔས་ཕྱོགས་སུ་གྲགས། །སྔ་ཕྱིའི་ཕྱོགས་ནི་དཀར་ནག་གཉིས། །དེ་གཉིས་བསྡོམས་པ་འཇལ་བྱེད་དོ། །ཞེས་ཟླ་བའམ་འཇལ་བྱེད་ཅེས་ཐ་སྙད་མཛད་པ་དང་། ཐལ་འགྱུར་ལས། ཞག་ནི་བཅུ་ཕྲག་གསུམ་ལ་ཡང་། །ཟླ་བ་དག་ནི་གཅིག་ཡིན་ནོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། ཟླ་ཕྱེད་ཉིན་མཚན་བཅོ་ལྔ་སྟེ། །ཟླ་ཕྱེད་གཉིས་ལ་ཟླ་བར་བརྗོད། །ཅེས་སོ། །དབྱེ་ན། རྒྱ་རྩིས་པའི་ཐ་སྙད། རྟེན་འབྲེལ་བའི་ཐ་སྙད། ཧོར་གྱི་ཐ་སྙད། བོད་པའི་ཐ་སྙད། འཕགས་ཡུལ་བའི་ཐ་སྙད། ཁྱིམ་ཟླའི་ངེས་པ་སྟེ་ཟླ་བ་རེ་རེ་ཞིང་དྲུག་དྲུག་གི་སྒོ་ནས་འཆད་པ་ལས། དང་པོ་ནི། རྒྱ་ནག་གི་སྐད་དུ་མཱ་ཡོལ་ཞེས་པ་བོད་སྐད་དུ་རྟའི་ཟླ་བ་སྟེ། རྒྱ་རྩིས་པའི་དབྱར་ཟླ་འབྲིང་པོ་ཡིན་ནོ། །དབྱར་འབྲིང་རྟ་ཟླ་སྟེ་ཡོངས་གྲགས་ཀྱི་ཧོར་ཟླ་གསུམ་པ་འདི་ཉིད་ཐོག་མར་སྨོས་པ་ཅི་ཞེ་ན། འདིར་དུས་འཁོར་བའི་དཔྱིད་འབྲིང་ནག་ཟླ་དབང་བཙན་པར་བྱས་ཏེ་ལུགས་གཞན་རྣམས་དེ་དང་ལྟོ་བསྒྲིགས་ནས་རྣམ་གྲངས་ཙམ་དུ་བཀོད་པ་ཡིན་ནོ། །འོ་ན་རྒྱ་རྩིས་པ་རང་གི་ཟླ་བའི་ཐོག་མ་གང་ནས་འཛིན་ཞེ་ན། གསལ་སྒྲོན་ལས། ལྔ་པ་ཟླ་བ་ལོ་གཅིག་ལ། །བཅུ་གཉིས་དག་ཏུ་གནས་པ་ཡི། །དཔྱིད་ཟླ་ར་བ་སྟག་ཡིན་ཏེ། །རིམ་པ་བཞིན་དུ་ལོ་ཟླ་སྦྱར། །ཞེས་གསུངས་པས་དཔྱིད་ར་སྟག་ནས་འཛིན་ནོ། །འདི་ལ་བོད་ན་ཧོར་ཟླ་དང་པོ་དང་། བཅུ་གཉིས་པ་དང་། བཅུ་གཅིག་པ་སྟེ་དཔྱིད་ར་སྟག་གི་ངོས་འཛིན་མི་འདྲ་བ་གསུམ་ལས། ལུགས་དང་པོ་གཉིས་མི་འཐད་དེ། རིན་ཆེན་དཔུངས་པ་དང་སྣང་གསལ་ལས། དཔྱིད་ཟླ་ར་བ་རྐང་མཐོ་བདུན། །ཞེས་དང་། སྡོང་བསྡུས་ལས། དགུན་ཉི་དཔྱིད་ར་གསུམ་གསུམ་དག་ལ་ལྡོག །ཅེས་དང་། འབྱུང་བ་ཀུན་འདུས་སུ། དགུན་གྱི་ཉི་མ་དཔྱིད་ར་སྟག་ལ་ལྡོག །ཅེས་སོགས་དཔྱིད་ཟླ་ར་བར་དགུན་ཉི་ལྡོག་པར་གསུངས་པ་དང་། སྣང་གསལ་དུ། ཐེ་སེ་རྒྱལ་པོ་རླུང་ལ་ཞོན། །ཞེས་དགུན་ཉི་ལྡོག་པ་དང་ཐེ་སེ་རྒྱལ་པོ་སྐྱལ་བར་གསུངས་པའི་ཕྱིར་ལུགས་གསུམ་པ་ཉིད་དག་པར་འབད་མེད་དུ་གྲུབ་པ་ཡིན་ནོ། །དེ་ལ་འཚོ་བྱེད་དྲང་སྲོང་ཟུར་མཁར་བ་ན་རེ། མགོ་ལ་དཔྱིད་རར་བྱེད་པ་འདི་ནི་ཁྲི་རལ་གྱི་དུས་སུ་རྒྱ་བོད་ལོ་གསར་ལ་འཁྲུག་པའི་དུས་བཏབ་པ་ལ། རྒྱལ་ཟླ་དཔྱིད་རར་བྱེད་པའི་རྩིས་གཞི་དེ་ནས་ཀྱང་ཟླ་བ་གཅིག་སྔ་བསྣུར་ཏེ་ནག་རྩིས་ཀྱི་གཞུང་རྣམས་སུ་སྔར་དྲངས་པའི་ལུང་དེ་ལ་སོགས་པ་རྣམས་བསྒྱུར་བ་ཡིན་གསུང་པ་ནི་མཁས་པ་ལ་མི་རིགས་པའི་གཏམ་སྟེ། རྒྱུ་མཚན་རང་གི་ཡི་གེ་དེ་ན། ཁྲི་སྲོང་ལྡེའུ་བཙན་ཆེན་མས་འཕྲོགས་པ་ལ་ཡིད་ཆད་ནས་རྒྱ་མོ་བཟས་ཧོར་ཟླ་དང་པོ་དཔྱིད་རར་བྱེད་པ་རྒྱལ་ཟླར་སྔ་བསྣུར་བ་ཕྱིས་ཁྲི་སྲོང་གིས་ཞང་ངོ་ཤེས་ནས་རྩིས་གཞི་བཅོས་པ་རྣམས་བསྒྱུར་བའི་ལུགས་སུ་བྱས་ཞེས་བཀོད་པས་དེའི་སྲོལ་བསྣུབས་ཟིན་ནས་ཕྱིས་རལ་པ་ཅན་གྱི་དུས་རྒྱལ་ཟླ་མགོ་ཟླར་སྔ་བསྣུར་རྒྱུ་བྱུང་བའི་གཏམ་གཉིས་ནང་འགལ་བའི་ཕྱིར་རོ། །གལ་ཏེ་འཕྲོ་ལ་ལུས་པའི་གཞུང་རྣམས་ཀྱི་རྗེས་སུ་འབྲངས་ནས་རྒྱལ་ཟླ་དཔྱིད་ཟླར་བྱེད་པ་དེ་བྱུང་བས་མི་འགལ་ལོ་ཞེ་ན། དེ་འདྲ་ཡུལ་གྲུ་ཁོལ་བུར་འགའ་རེར་བྱུང་བ་སྲིད་ཀྱི། གཞན་དུ་ན་ཁྲི་སྲོང་གི་དུས་འཁྲུལ་པར་ཤེས་ནས་སྲོལ་བསྣུབས་པ་ན་རལ་པ་ཅན་གྱི་སྐབས་ཀྱང་དེ་ཉིད་ཀྱི་རྗེས་སུ་འབྲང་གི་འཕྲོ་ལ་ལུས་པའི་འཁྲུལ་པའི་རྗེས་སུ་འབྲང་བ་མི་སྲིད་དོ་སྙམ་པ་དང་། དེར་མ་ཟད་ཁྲི་སྲོང་གི་དུས་སུ་བོད་ཀྱི་མི་བཞི་དང་ལོ་ཆེན་བཻ་རོ་སོགས་ཀྱིས་ནག་རྩིས་ཀྱི་གཞུང་མང་དུ་བསྒྱུར་སྣང་བས། དེ་དག་གིས་སྔར་གྱི་རྩིས་གཞུང་ལོག་པར་བཅོས་པ་རྣམས་འཁྲུལ་པར་ཤེས་པར་འགྱུར་ལ། ཤེས་ནས་བཏང་སྙོམས་སུ་འཇོག་པ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་། ལུང་རྣམས་བསྒྱུར་ཞེས་པའི་འཆད་ཚུལ་དེ་ལྟ་ན། སྔ་འགྱུར་ཀོང་རྩེའི་འཕྲུལ་རྩིས་སོགས་ལས་ཧོར་ཟླ་དང་པོ་དཔྱིད་རར་བྱེད་པ་དེ་ཡང་རྒྱ་བཟས་རྩིས་གཞུང་དཀྲུགས་པའི་དུས་སུ་ཕྱིར་བསྣུར་བ་ཡིན་ཞེས་ཁོ་བོས་ལྡོག་སྟེ་སྨྲས་ན་མཚུངས་པའི་ཕྱིར་དང་། དཔྱིད་ཟླ་ར་བ་མ་ནོར་ན། །མོན་དྲེ་ཟངས་ཀྱི་སྒོ་མོས་ཚེས། །རྟ་པ་གསེར་གྱི་སྒོ་མོས་ཉ། །ཞེས་པའི་ལུང་དྲངས་པ་དེའི་ཁུངས་ནག་རྩིས་གསར་མ་བཅོས་སླད་མ་སོང་བ་རྣམས་ལས་ཞེས་ལྡེམ་པོའི་ངག་གིས་དྲངས་པའི་ལུང་འཁྱར་པ་དེ་ལ་ཡིད་བརྟན་མི་རུང་བའི་ཕྱིར་དང་། སྔ་འགྱུར་གྱི་ལུང་དེ་ཡང་རྒྱ་བཟས་མ་བཅོས་པའི་ངོར་གཏན་ཚིགས་བསྒྲུབ་དགོས་པའི་ཕྱིར་རོ། །ཁོ་བོའི་ཕྱོགས་ལ་ནི། འགྱུར་ལ་ཕྱི་བ་ཁམས་པ་ཁྲ་མོའི་ཡང་འགྱུར་ཡིན་ལ། དེས་བསྒྱུར་བའི་གསལ་སྒྲོན་རྩ་བ་ལས། དཔྱིད་ཟླ་ར་བའི་ཚེས་གཅིག་ནི། །སྣྲུབས་དང་སྦྱར་ཏེ་རིམ་བཞིན་སྦྱར། །ཞེས་གསལ་བར་སྣང་བས་གསར་འགྱུར་ཁོ་ན་ལ་ཡིད་གཏོད་པ་ཁྱེད་ཅག་དེས་ཚིམ་ཞིང་དགྱེས་པར་མཛོད་ཅིག །གཞན་ཡང་ཧོར་གྱི་ལོ་གསར་ཟླ་བ་དང་པོ་ལ་བྱས་པས་རྒྱ་རྩིས་པའི་ལོ་འགོ་ཡིན་པ་ཡང་མི་འགྲུབ་སྟེ། དེང་སང་བོད་རྒྱལ་པོའི་ལོ་གསར་དང་རྩིས་པ་རྣམས་ལོ་འགོ་མི་མཐུན་པ་བཞིན་ནོ། །དེས་ན་ཧོར་ཟླ་དང་པོ་ལ་རྒྱ་རྩིས་པའི་ལོ་འགོར་བྱེད་པ་ཝན་ལི་རྒྱལ་པོའི་རྗེས་སུ་ཁྲིམས་ལྷོད་པས་ཡུལ་གྲུ་ཁོལ་བུར་བྱས་པར་གྲགས་པ་དང་། ཕུག་པ་ཀུན་དགའ་དཔལ་བ་ནི་ཧོར་ཟླ་དང་པོ་ལ་དཔྱིད་རར་བྱེད་པ་མི་ཉག་གི་དུས་དུས་འཁོར་གྱི་ཤན་ཤོར་བ་ཡིན་པར་བཞེད་དེ། དེས་བྱས་པའི་ཉི་ལྡོག་འཁོར་ལོའི་ཁ་བྱང་ལས། ཁྱད་པར་རྒྱ་ནག་མི་ཉག་རྒྱལ་རབས་དུས། །དཔལ་ལྡན་དུས་ཀྱི་འཁོར་ལོའི་ལུགས་བཟང་ལ། །མཁས་པའི་པཎྜི་ཏ་ཞིག་རྒྱ་ནག་བྱོན། །དེ་ཡི་ལེགས་བཤད་ངོ་མཚར་དཔལ་མངའ་ལ། །མི་ཉག་རྒྱལ་བློན་མངོན་པར་དད་པའི་མཐུས། །ཟླ་བའི་ར་འབྲིང་རྣམས་ཀྱང་དུས་འཁོར་ལུགས། །རྩིས་མཁན་རྣམས་ལ་བཀའ་ཡི་བསྒོ་བ་བྱས། །རྒྱལ་པོའི་ལུང་ལས་འགོངས་པར་མ་ནུས་ནས། །དཔྱིད་ར་ཡིན་ན་སྟག་ཟླ་ཡིན་པར་བསམ། །དེ་ནས་ད་ལྟའི་བར་གྱི་རྒྱ་རྩིས་པས། །མཆུ་ཡི་ཟླ་བ་དཔྱིད་ར་སྟག་ཟླར་བྱེད། །དཔྱིད་ར་ཟེར་ཡང་སྟག་ཟླར་བྱེད་པ་འཁྲུལ། །འོན་ཀྱང་ཞིབ་མོའི་བློ་ཅན་ཡོད་ངེས་པས། །ཕོ་བྲང་ནང་གི་རྩིས་ཀྱི་ཁྲིམས་ར་ན། །དགུན་ཉི་ལྡོག་པ་མགོ་ཟླའི་ཚེས་གཅིག་ལ། །རྩིས་མཁན་རྣམས་ཀྱི་ལོ་གསར་ཆུང་བ་ཟེར། །དུས་སྟོན་ཆེན་པོ་བྱེད་པ་ཁྲིམས་ཀྱི་ལུགས། །ད་ལྟ་རྒྱ་ནག་རྒྱལ་པོའི་ལུགས་བཟང་ལ། །གསེར་མཁར་ནང་ན་ཡོད་ཅེས་རླུང་ལྟར་གྲགས། །དེ་ཕྱིར་མིང་ཙམ་བསྒྱུར་བ་མ་གཏོགས་པ། །སྔོན་གྱི་ལུགས་བཟང་ཉམས་པ་མེད་པར་ངེས། །ཞེས་ཟེར་རོ། །འདིས་ཀྱང་ཧོར་ཟླ་དང་པོ་དུས་འཁོར་བའི་དཔྱིད་རར་བྱས་པ་རྒྱ་གར་གྱི་དཔེ་ལ་ར་བ་འབྲིང་ཐའི་ཐ་སྙད་མེད་པས་ཆེས་ཆེ་བའི་འགལ་བ་མ་མཐོང་ཡང་བོད་ཀྱི་ཐ་སྙད་དང་བསྟུན་ན་ཅུང་ཟད་མི་བདེ་བ་ལྟར་སྣང་བ་ཙམ་ལས་གཞན་ཁུངས་དག་པར་སྣང་ངོ་། །དེར་མ་ཟད་ཆིང་ཤྲཱི་སྐལ་བཟང་གིས་ཁྱེར་བའི་རྒྱལ་པོའི་ཁྲིམས་བཅད་ཀྱི་ཁྱི་ལོའི་ལི་ཐོ་དཔལ་མགོན་ཕྲིན་ལས་པས་གཟིགས་པ་དང་། རྗེ་རྒྱལ་བའི་དབང་པོ་འཇིག་རྟེན་དབང་ཕྱུག་ཤར་ཕྱོགས་གོང་མའི་བསོད་ནམས་ཀྱི་མགྲོན་དུ་ཞབས་བཀོད་པའི་ཚེ་ལི་ཐོ་རྣམས་ལ་ཞིབ་མོར་གཟིགས་པས་ཕུག་ལུགས་ཀྱི་བཞེད་པ་ཇི་ལྟ་བ་བཞིན་སྣང་ངོ་ཞེས་དྲིས་ལན་ཉིན་བྱེད་སྣང་བར་གསུངས་ཤིང་། དེ་དག་གི་ཕྱིར་ན་ཁྲི་རལ་གྱི་དུས་སུ་དཔྱིད་ར་སྔ་བསྣུར་བའི་གཏམ་ཞིག་ཡོད་དུ་སྲིད་ཀྱང་། ཁོ་བོས་དཔྱད་ན་དེ་ནི་རྒྱ་རྩིས་པའི་ལུགས་མ་ཡིན་གྱི་བོད་རྒྱལ་པོའི་ལུགས་ལ། བཀས་བཅད་ལས། ཕཱལྒུ་ནི་ཞེས་པ་དཔྱིད་ཟླ་ར་བར་བསྒྱུར། ཞེས་དང་། ཚིག་གཏེར་ལས་ཀྱང་། འདི་ན་དཔྱིད་ཟླ་ར་བ་སོགས། །གསུམ་ཚན་བཞི་རུ་ཕྱེ་སྟེ་སྨྲ། །ཞེས་གསུངས་པ་ལྟར་ཧོར་ཟླ་གཉིས་པ་དཔྱིད་རར་བྱེད་པ་ལས་སྔ་བསྣུར་ནས་ལྷ་སར་ཞིང་རྨོ་བ་སོགས་བྱས་པར་མངོན་ཏེ། དེ་ལྟར་མ་ཡིན་ན། ཟླ་བ་བཅུ་གཅིག་པ་ས་ཆུ་འཁྱགས་དུས་སུ་ཞིང་རྨོས་པའི་མགོ་སྐོར་དེ་འདྲ་སུ་ལ་མཐོང་། ཁྱད་པར་བོད་དུ་འགྱུར་བའི་ནག་རྩིས་ཀྱི་གཞུང་བསྒྱུར་ནས་རྒྱ་ནག་རྩིས་ཀྱི་འབྱུང་ཁུངས་ཀྱིས་མི་ལ་མགོ་སྐོར་བཏང་ཟེར་བ་དེ་ལས་མི་འཚམ་པ་ཅི་ཞིག་ཡོད། དགུན་ཉི་དཔྱིད་དང་དབྱར་ཉི་སྟོན་ལོག་པས་འཇིག་རྟེན་པའི་ཐ་སྙད་དང་འགལ་བའི་སྐྱོན་འཕངས་པའང་མ་གྲུབ་སྟེ། དེ་འདྲ་བ་གཞུང་ཁུངས་མ་གཞན་ལས་ཀྱང་འབྱུང་བའི་ཕྱིར་རོ། །གང་ལས་འབྱུང་ན། མཛོད་ལས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུར་འགྱུར་རོ་ཉིན་མོ་ལྡོག །ཅེས་གསུངས་པའི་དོན་འགྲེལ་པ་རྣམས་ལས་དཔྱིད་སྟོན་ར་བ་ལ་བགྲོད་མཐའ་གཉིས་དང་། དབྱར་དགུན་ར་བ་ལ་མཉམ་པ་གཉིས་འཕོག་པར་བཤད་པའི་ཕྱིར་རོ། །གཞན་ཡང་མདོ་དང་། སྨན་གཞུང་གི་ལུང་སོགས་མང་དུ་དྲངས་པ་དེ་རྣམས་ཀྱང་ངལ་བའི་རྒྱུ་ཁོ་ན་སྟེ། ལུགས་ཐ་དད་པ་གཅིག་གིས་གཅིག་འགོག་པ་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ལྟར་རྒྱ་རྩིས་པའི་ལོ་འགོ་ལ་དཔྱད་ནས། དངོས་དོན། མཁས་པ་ཁྱུང་ནག་གིས། དགུན་ཉི་ལྡོག་པའི་ཟླ་བ་དེ། །དཔྱིད་ཟླ་ར་བ་སྟག་ཏུ་འདོད། །མགོ་ཡིས་ཉ་ན་ཟླ་བཤོལ་མེད། །གཟའ་ནི་སྤེན་པ་དར་བས་ཚེས། །དབྱར་ཉི་ལྡོག་པའི་ཟླ་བ་དེ། །སྟོན་ཟླ་ར་བ་སྤྲེའུར་འདོད། །སྣྲོན་གྱིས་ཉ་ན་ཟླ་བཤོལ་མེད། །གཟའ་ནི་མིག་དམར་དར་བས་ཚེས། །དཔྱིད་ཟླ་ར་བ་སྟག་ཡིན་ཏེ། །འབྲིང་པོ་ཡོས་ལ་ཐ་ཆུང་འབྲུག །དབྱར་ཟླ་ར་བ་སྦྲུལ་ཡིན་ཏེ། །འབྲིང་པོ་རྟ་ལ་ཐ་ཆུང་ལུག །སྟོན་ཟླ་ར་བ་སྤྲེའུ་སྟེ། །འབྲིང་པོ་བྱ་ལ་ཐ་ཆུང་ཁྱི། །དགུན་ཟླ་ར་བ་ཕག་ཡིན་ཏེ། །འབྲིང་པོ་བྱི་བ་ཐ་ཆུང་གླང་། །ཞེས་པ་ལྟར་སྦྱར་བས་ཧོར་ཟླ་གསུམ་པ་དང་རྟ་ཟླ་ལྟོ་འབྱོར་བར་ཤེས་པར་བྱའོ། །གཉིས་པ་རྟེན་འབྲེལ་པའི་ཐ་སྙད་ནི། དཔྱིད་འབྲིང་ལ་མིང་གཟུགས་ཀྱི་ཟླ་བར་བྱེད་དེ། རྒྱུད་ལས། རྒྱལ་གྱི་ཟླ་བར་ཉི་མ་ཆུ་སྲིན་ལ་སོན་མ་རིག་པ་སྟེ་བུམ་པར་ཉི་མ་མཆུ་ལ་ཡང་། །འདུ་བྱེད་དུ་འགྱུར་མི་ཡི་བདག་པོ་ཉ་རུ་ཉི་མ་དབོ་དག་ལ་ནི་རྣམ་པར་ཤེས་པ་སྟེ། །ཞེས་སོགས་གསུངས་པ་ལྟར། དགུན་འབྲིང་ཉི་མ་ཆུ་སྲིན་གྱི་ཁྱིམ་དུ་ཞུགས་པ་ཁྱིམ་ཟླ་རྒྱལ་གྱི་ཟླ་བ་ལ་མ་རིག་པ་འཆར་ལ། དེ་བཞིན་དུ་རིམ་པར་དགུན་ཐ་བུམ་ཁྱིམ་གྱི་ཟླ་བར་འདུ་བྱེད། དཔྱིད་ར་ཉ་ཁྱིམ་ལ་རྣམ་ཤེས། དཔྱིད་འབྲིང་ལུག་ཁྱིམ་ལ་མིང་གཟུགས། དཔྱིད་ཐ་གླང་ཁྱིམ་ལ་སྐྱེ་མཆེད། དབྱར་ར་འཁྲིག་ཁྱིམ་དུ་རེག་པ། དབྱར་འབྲིང་ཀརྐ་ཊར་ཚོར་བ། དབྱར་ཐ་སེང་གེ་སྲེད་པ། སྟོན་ར་བུ་མོར་ལེན་པ། སྟོན་འབྲིང་སྲང་ལ་སྲིད་པ། སྟོན་ཐ་སྡིག་པར་སྐྱེ་བ། དགུན་ར་གཞུ་ཁྱིམ་ལ་རྒ་ཤི་རྣམས་རིམ་པར་འཆར་བ་སྟེ། རྒྱས་པར་འོག་ཏུ་རྟེན་འབྲེལ་འཆར་རྩིས་སུ་བཤད་པར་བྱའོ། །དེ་བཞིན་དུ། མཁའ་འགྲོ་རྒྱ་མཚོ་ལས། ཆུ་སྲིན་ལ་སོགས་རཱ་སི་རྣམས། །བཅུ་གཉིས་ཉིད་དུ་འདོད་པར་བྱ། །ཐོག་མར་མ་རིག་ཆུ་སྲིན་དང་། །རོ་ཧི་ཏའོ་དེ་བཞིན་གཞན། །གཉིས་པ་ལོ་ཧི་ཏ་བུམ་པ། །འདུ་བྱེད་དུ་ནི་གསལ་བར་འགྲོ། །ཞེས་སོགས་གསུངས་སོ། །འོ་ན་དགུན་འབྲིང་རྒྱལ་ཟླ་ཆུ་སྲིན་གྱི་ཁྱིམ་ལ་འདུ་བྱེད་དང་། དགུན་ཐ་ལ་རྣམ་ཤེས། དཔྱིད་ར་ལ་མིང་གཟུགས། དཔྱིད་འབྲིང་ལ་སྐྱེ་མཆེད་དྲུག་གི་ཟླ་བ་སོགས་སུ་སྦྱོར་བའི་སྔར་གྱི་ལག་ལེན་དང་འགལ་ལོ་ཞེ་ན་བདེན་ཏེ། སྔར་གྱི་ལག་ལེན་དེ་ནི་ཕུག་པ་མན་ངག་ལུགས་ཀྱི་ཕྱག་ལེན་ཡིན་པར་མ་ཟད། དེང་སང་གི་རྩིས་པ་ཕལ་ཆེར་ལུགས་འདི་འདོད་པ་མང་ནའང་། ཁ་མང་ཉུང་གི་དབང་དུ་མ་བཏང་བར་ལེགས་པར་བརྟགས་ཚེ། རགས་པ་ཟླ་བ་ལ་འཆར་བ་འདི་དང་། འོག་ཏུ་ཕྲ་བ་ཉིན་ཞག་ལ་འཆར་བའི་རྟེན་འབྲེལ་གཉིས་ཀ་རྒྱུད་འགྲེལ་གྱི་དངོས་བསྟན་འདིར་བཤད་དང་མི་མཐུན་པར་སྣང་མོད། འོན་ཀྱང་ཁོ་བོས་ནི་ལུགས་དེ་འཐད་མི་འཐད་ཀྱི་དགག་སྒྲུབ་བཏང་སྙོམས་སུ་བྱས་ནས་འདིར་རང་གི་འདོད་པ་ཙམ་བརྗོད་པར་ཟད་ཀྱི། སླད་ནས་ལུགས་དེ་རྒྱུད་འགྲེལ་གྱི་སྦས་དོན་ནམ་མདོ་རྒྱུད་གཞན་ནས་གསུངས་པའི་ལུགས་གང་ཡིན་བློ་ལྡན་རྣམས་ཀྱིས་དཔྱོད་པར་མཛོད་ཅིགགསུམ་པ་ཧོར་ཟླའི་ཐ་སྙད་ནི། དེ་ཡང་རྒྱ་ནག་གི་ཡུལ་དུ་ཙིའུ། ཚིན་ཧྲི་ཧྭང་། ཧན། ཚ་བོ་ཚ། འུམ། ཧེའུ་ཅིང་། ཆིང་སང་། སུའི་གཡང་དི་ཡི། ཐང་། ཧང་ལའོ། ལྱོང་། མི་ཉག །ཧོར། ཏ་མིང་། མན་ཇུ་སོགས་རྒྱལ་ས་འཕོ་ལེན་སྣ་ཚོགས་བྱུང་བ་ལས། རྒྱ་རྩིས་པའི་དཔྱིད་ཐ་འབྲུག་གི་ཟླ་བ་ལ་ལོ་འགོར་བྱེད་པ་འདི་ནི། མི་ཉག་གི་ལག་ནས་ཧོར་ཇིང་གིར་རྒྱལ་པོས་རྒྱལ་ས་ཐོབ་དུས་དགའ་སྟོན་བྱས་པ་ལོ་གསར་དུ་བཟུང་བས་ཇིང་གིར་གྱིས་སན་པ་བརྙེད་པའི་ཟླ་བ་ཞེས་ཟེར་ཏེ་ཧོར་རྒྱལ་པོས་རང་དགར་བཅོས་པའི་ལོ་འགོ་ཡིན་ཅིང་། བོད་དུའང་ས་སྐྱ་བས་འཇའ་ས་བསྒྲགས་པ་ནས་བཟུང་ཧོར་ཟླའི་སྲོལ་འཛིན་པ་འདི་བྱུང་བར་སྣང་ངོ་། །དེས་ན་ཧོར་ཟླ་དང་པོ་ལ་ལོ་འགོར་བྱས་ནས་དེད་པས་ཟླ་བ་འདི་ཉིད། རྒྱ་ནག་སྐད་དུ། གསན་ཡོལ་ཞེས་པ། བོད་སྐད་དུ། ཧོར་ཟླ་གསུམ་པའོ། །བཞི་པ་ནི། ཧོར་ཟླ་གསུམ་པ་ལ་དཔྱིད་ཟླ་འབྲིང་པོ། ཞེས་འབོད་པ་འདི་ནི་བོད་ཀྱི་ཐ་སྙད་དང་བསྟུན་པ་སྟེ། རྒྱ་དཔེ་ལ་ར་བ་འབྲིང་ཐའི་སྐད་དོད་མེད་པས་སོ། །དེས་ན་རྡོ་རྗེ་མཁའ་འགྲོའི་རྒྱ་དཔེ་ལའང་། པཽ་ཥྱ་ཞེས་རྒྱལ་གྱི་སྐད་དོད་ཡོད་པ་ལ། ལོ་ཙཱ་བ་ཁ་ཅིག་གིས། དཔྱིད་ཟླ་ར་བ་དང་། ཁ་ཅིག་གིས་དགུན་ར་དང་། ཁ་ཅིག་གིས་དགུན་འབྲིང་དུ་བསྒྱུར་བ་དང་། ཆོ་འཕྲུལ་གྱི་ཟླ་བ་ལའང་དགུན་ཐ་དང་དཔྱིད་ར་ཞེས་མཛངས་བླུན་དཔེ་མི་འདྲ་བ་གཉིས་སོགས་ལོ་ཙཱ་བའི་ཞེ་འདོད་ཀྱིས་སྣ་ཚོགས་བྱུང་བ་ཡང་རྒྱ་དཔེ་ལ་སྐད་དོད་མེད་པའི་སྐྱོན་ནོ། །དེས་ན་སྔོན་གྱི་བཀས་བཅད་ལས། ཕཱལྒུ་ནི་ཞེས་པ་སྦོའི་ཟླ་བའམ་དཔྱིད་ཟླ་ར་བ་ཞེས་སུ་བསྒྱུར། ཞེས་འབྱུང་བ་དང་། མཛོད་འགྲེལ་གྱི་རྒྱ་དཔེར་ཡང་། ཝཪྵཱ་ཎཱཾ་དྭི་ཏཱི་ཡེ་མཱ་ས་བྷཱ་དྲ་པ་དེ། ཞེས་པ། དཔལ་བརྩེགས་ཀྱིས། དབྱར་རྣམས་ཀྱི་ཟླ་བ་གཉིས་པ་སྟོན་ཟླ་ར་བ། ཞེས་དང་། ཕཱལྒུ་ན་མ་སྱ་དྭི་ཏཱི་ཡ་བཀྞ་ན་པ་མྱཾ། ཞེས་པ། དཔྱིད་ཟླ་ར་བ་ཡར་ངོའི་ཚེས་དགུ་ནས་སོ། །ཞེས་བསྒྱུར་ཞིང་། དེ་བཞིན་དུ་བྱེ་བྲག་རྟོགས་བྱེད་ལས་ཀྱང་ཉ་སྐར་གྱི་མིང་རྣམས་ར་བ་འབྲིང་ཐ་རྣམས་སུ་བསྒྱུར་བས་སྔོན་གྱི་ལོ་པཎ་རྒྱལ་བློན་ཐམས་ཅད་བཞེད་པ་མཐུན་པར་སྣང་ངོ་། །ལྔ་པ་ནི། ལེགས་སྦྱར་གྱི་སྐད་དུ། ཙེ་ཏྲི་ཞེས་པ། བོད་སྐད་དུ་ནག་པ་ཟླ་བའམ་ནག་པ་ཅན་ཏེ། ཤར་ཕྱོགས་ཉི་འོག་པ། ལྷོ་བཻ་དརྦྷ། ནུབ་ཀསྨི་ར། དབུས་མ་གྷ་དྷ་སྟེ་འཕགས་པའི་ཡུལ་ཀུན་དང་། ཤམྦྷ་ལ་སོགས་སུ་དེ་ལྟར་ཉ་སྐར་གྱི་མིང་གིས་བརྗོད་པར་བྱེད་པས་སོ། །དེ་ལྟ་ནའང་། པཎྜི་ཏ་བི་མ་ལ་ཤྲཱིའི་ངག་རྒྱུན་དང་། ཤོང་རྡོ་རྒྱལ་གྱི་ཡི་གེ་སོགས་ལས་ཡོངས་སུ་གྲགས་པའི་དབོའི་ཟླ་བ་ལ་ནག་ཟླར་བྱེད་པ་སོགས་ཉ་སྐར་རྣམས་འདིར་བཤད་པ་ལས་ཟླ་བ་རེས་སྔ་བར་བྱེད་པས་གནོད་དོ་ཞེ་ན། མི་གནོད་དེ། ལོ་པཎ་གྱི་གསུང་དེ་དག་ནི་ཡར་ངོ་སྔོན་འགྲོ་དང་། མར་ངོ་སྔོན་འགྲོའི་དབང་གིས་འཁྲུལ་གཞི་བྱས་སྲིད་པའམ། ཡང་ན་ཟླ་བཤོལ་གྱི་དབང་གིས་འཁྲུལ་གཞི་བྱས་པ་སྲིད་པའི་ཕྱིར་དང་། གཞན་དུ་ན་འཕགས་ཡུལ་གྱི་ཡུལ་གྲུ་ལ་ལར་ཟླ་བའི་ལྟག་འོག་མི་མཐུན་པ་ཡོད་སྲིད་པའི་ཕྱིར་རོ། །དེ་ལྟར་ན་འཁྲུལ་གཞིའི་རྩ་བ་གསུམ་པོ་དེ་ལྟ་བུས་འཁྲུལ་སྲིད་པའང་ཡིན་ཏེ། དཔེར་ན། ཧོར་ཟླ་གཉིས་པ་རིལ་པོ་ཡར་ངོ་སྔོན་འགྲོའི་ཚེ་དབོ་ཟླ་ཡིན་ཀྱང་། མར་ངོ་སྔོན་འགྲོའི་ཚེ་ཧོར་ཟླ་གཉིས་པའི་བཅུ་དྲུག་ནས་ནག་ཟླའི་འགོ་ཟུག་པས་རྒྱ་གར་བས་མར་ངོ་སྔོན་འགྲོ་དང་བོད་པས་ཡར་ངོ་སྔོན་འགྲོར་བྱས་ནས་ཧོར་ཟླ་གཉིས་པའི་མཇུག་ལྟ་བུར་བསྡུར་བ་ན་མ་མཐུན་པ་ཙམ་ལས་དཔྱད་པ་མ་བྱས་པར་བཞག་པ་བཞིན་དང་། ཡང་ཟླ་བཤོལ་སྔ་ཕྱི་མ་མཐུན་པས་གཅིག་དོན་ནས་གཅིག་མ་དོན་པའི་བར་དུ་ཟླ་བ་མི་མཐུན་པ་སྲིད་པའི་ཕྱིར་ཏེ་བྱེད་པ་དང་གྲུབ་པའི་ཟླ་བཤོལ་བཞིན་དང་། དེར་མ་ཟད་ཧོར་ཟླ་གསུམ་པ་ལ་ནག་ཟླར་བྱེད་པ་འདི་ནི་སྔོན་གྱི་ལོ་པཎ་ཇི་སྙེད་པ་དག་གིས་རྒྱ་བོད་ཀྱི་དུས་ངེས་སྦྱར་བ་མཁས་པ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་དེ་བཟུང་བ་ལས་འོངས་པའི་ཕྱིར་འཁྲུལ་པ་མི་སྲིད་ལ། དེ་ལས་གཞན་དུ། པཎྜི་ཏ་བི་མ་ལ་ཤྲཱི་སོགས་ཀྱིས་དུས་ངེས་སྦྱར་ཏེ་དེ་སྐད་དུ་སྨྲས་པ་ཞིག་ན་རྒྱ་གར་རང་དུའང་ཟླ་བའི་ལྟག་འོག་མ་མཐུན་པ་ཡོད་པར་སྣང་བས་ཕྱོགས་ཅིག་ཙམ་ལ་སྦྱར་བ་འོས་པ་མ་ཡིན་ནོ། །གཞན་ཡང་། ཉ་སྐར་རྣམས་ཟླ་བ་རེས་སྔ་བསྣུར་བ་འདི་འཕགས་ཡུལ་གྱི་ཕྱོགས་འགར་གྲགས་སྲིད་ཀྱང་། མི་འཐད་པར་རྟོགས་སླ་སྟེ། རྒྱུ་མཚན་ཉི་སྙིང་ལས། བདག་གི་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །ཞེས་སྐར་མ་སྨིན་དྲུག་གིས་ཉ་བའི་ཚེ་སྨིན་དྲུག་གི་ཟླ་བ་རྫོགས་པར་བཤད་ལ། དེའི་དབང་གིས་ཟླ་བ་སྔ་བསྣུར་བ་ལྟར་ན། ཧོར་ཟླ་དགུ་པའི་བཅོ་ལྔ་ལ་སྨིན་དྲུག་གིས་ཉ་དགོས་པར་ཐལ། ཉ་སྐར་རྣམས་ཡོངས་གྲགས་ལས་ཟླ་བ་རེས་སྔ་བ་གང་ཞིག །སྐར་མ་གང་གིས་ཉ་བ་དེའི་ཚེ་དེའི་ཟླ་བ་རྫོགས་པར་བཤད་པའི་ཕྱིར། རྟགས་སྔ་མ་ཁས། ཕྱི་མ་ཉི་སྙིང་གི་ལུང་གིས་གྲུབ། འདོད་མི་ནུས་ཏེ། ཧོར་ཟླ་དགུ་པའི་བཅོ་ལྔ་ལ་སྨིན་དྲུག་གིས་ཉ་བ་མངོན་སུམ་ཚད་མས་བཀག་གོ། ཡང་ཁོ་ན་རེ། ཉི་སྙིང་ལས། དགུན་ཟླ་ར་བའི་ཟླ་བ་འདིར། །ལྷ་ཡི་བླ་མ་ཕུར་བུ་སྟེ། །འདི་ནི་ལྷན་ཅིག་བྱེད་པར་བཟུང་། །དེ་བས་བཟའ་ཞེས་བྱ་བར་བཤད། །དེ་ཕྱིར་ཉིན་མོ་ཚེས་བཅུ་བཞིར། །ཡུད་ཙམ་མཚན་མོ་བཅུ་དྲུག་སྟེ། །སྨིན་དྲུག་གིས་ནི་མཚན་མོ་ཐོབ། །སྣྲུབས་ཀྱང་ཉི་མའི་མདུན་ན་སྟེ། །ཞེས་སོགས་དགུན་ར་མགོ་ཟླ་ལ་སྨིན་དྲུག་གི་མཚན་ཐོབ་པར་བཤད་པས་སྐྱོན་མེད་ཅེ་ན་དེ་ཡང་མི་རིགས་ཏེ་ལུང་དེའི་དོན་ནི། ཉི་མ་ནུབ་བཞིན་པའི་ཚེ་ཉི་མའི་མདུན་ན་གནས་པའི་སྐར་མ་སྣྲུབས་དང་། དེའི་ཚེ་ཤར་ནས་འཆར་བའི་སྐར་མ་སྨིན་དྲུག་ཡིན་པས། དེ་ངོས་བཟུང་ནས། འཆར་སྐར་དེས་མཚན་ཐོབ་པར་བཤད་པ་ཡིན་ལ། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཅེས་པའི་སྨིན་དྲུག་ནི་ཉི་མ་ནུབ་ཟིན་པའི་རྗེས་ཐོག་ཉའི་ཟླ་བ་དང་འགྲོགས་པའི་སྐར་མ་ཡིན་ཏེ། རྒྱུ་མཚན་སྨིན་དྲུག་ཟླ་ཉ་དང་འགྲོགས་པ་དེས་སྟོན་ཟླ་ཐ་ཆུང་རྫོགས་ནས། མར་ངོ་སྔོན་འགྲོའི་དགུན་རའི་ཚེས་གཅིག་ནས་བཟུང་སྟེ་ཚེས་སོ་སོའི་ཟླ་བ་དང་འགྲོགས་པའི་སྐར་མ་འཆད་པ་ན། དེ་ལས། སྣར་མ་གཅིག་ཏུའང་ཟླ་ངོ་དེར། །ཚེས་གཅིག་ལ་ནི་མཁའ་ལ་འགྲོ། །ཞེས་པ་ནས། ཚེས་བཅོ་ལྔ་ལ་དེ་བཞིན་སྣྲོན། །འདི་ནི་ཟླ་བ་ཕྱེད་དུ་བཤད། །ཅེས་པའི་བར་གྱི་དགུན་རའི་ཟླ་ཕྱེད་དང་། ཡང་། ཡར་གྱི་ངོ་ལ་སྣྲུབས་སྒྲུབ་སྟེ། །ཞེས་པ་ནས། ཟླ་བ་རངས་ལ་མགོ་བཤད་དོ། །ཞེས་པའི་བར་ཏེ་དགུན་ར་རྫོགས་པའི་ཉ་སྐར་ལ་མགོ་བཤད་པས་སོ། །དེས་ན་ཁ་ཅིག་དྭགས་པཎ། བཅོ་ལྔའི་ཟླ་བ་དང་གང་ཉའི་སྐར་མ་ལ་དེའི་ཟླ་བར་འཇོག་པ་གནག་རྫིའི་ལུགས་ཡིན། ཞེས་ཟེར་བ་ཡང་རང་གིས་མདོ་དེ་ཉིད་ཇི་བཞིན་པ་འཆད་མ་ཤེས་པའི་སྨྲེ་ངག་ཤོར་བ་ཡིན་ནོ། །དྲུག་པ་ནི། ཧོར་ཟླ་གསུམ་པ་འདིའི་ནང་དུ་ཉི་མ་ལུག་གི་ཁྱིམ་དུ་འཇུག་པའི་དུས་སོ། །དེ་བཞིན་དུ་རྒྱ་ནག་པའི་སྐད་དུ་ཡང་ཡོལ་ཞེས་པ་བོད་སྐད་དུ་ལུག་གི་ཟླ་བ་ཡིན་ཏེ་རྒྱ་རྩིས་པའི་དབྱར་ཟླ་ཐ་ཆུང་དང་། རྟེན་འབྲེལ་པ་སྐྱེ་མཆེད་དྲུག་གི་ཟླ་བ་དང་། རྒྱ་ནག་སྐད་དུ་གསི་ཡོལ་ཞེས་པ་བོད་སྐད་དུ་ཧོར་ཟླ་བཞི་པ་དང་། བོད་དུ་དཔྱིད་ཟླ་ཐ་ཆུང་དང་། རྒྱ་གར་སྐད་དུ་བེ་ཤཱ་ཁ་ཞེས་པར་འབོད་པ་བོད་སྐད་དུ་ས་གའི་ཟླ་བ་དང་། ཉི་མ་གླང་གི་ཁྱིམ་དུ་འཇུག་པའི་ཟླ་བའོ། །རྒྱ་ནག་པོའི་སྐད་དུ་ཧུ་ཏུ་ཡོལ་ཞེས་པ་བོད་སྐད་དུ་སྤྲེའུའི་ཟླ་བ་སྟེ་སྟོན་ཟླ་ར་བ་དང་། རྟེན་འབྲེལ་པ་རེག་པའི་ཟླ་བ་དང་། རྒྱ་ནག་པོའི་སྐད་དུ་འུ་ཡོལ་ཞེས་པ་ཧོར་ཟླ་ལྔ་པ་དང་། བོད་དུ་དབྱར་ཟླ་ར་བ་དང་། འཕགས་ཡུལ་བ་ཛྱཻཥྛ་ཞེས་པ་སྣྲོན་གྱི་ཟླ་བ་དང་། ཉི་མ་འཁྲིག་པའི་ཁྱིམ་དུ་འཇུག་པའི་ཟླ་བའོ། །རྒྱ་ནག་པོའི་སྐད་དུ་ཀྱི་ཡོལ་ཞེས་པ་བོད་སྐད་དུ་བྱའི་ཟླ་བ་ཡིན་ཏེ་སྟོན་ཟླ་འབྲིང་པོ་དང་། རྟེན་འབྲེལ་པ་ཚོར་བའི་ཟླ་བ་དང་། རྒྱ་ནག་སྐད་དུ་བླུ་ཡོལ་ཞེས་པ་ཧོར་ཟླ་དྲུག་པ་དང་། བོད་དུ་དབྱར་ཟླ་འབྲིང་པོ་དང་། འཕགས་ཡུལ་བ་ཨཱ་ཥ་དྷར་འབོད་པ་ཆུ་སྟོད་ཀྱི་ཟླ་བ་དང་། ཉི་མ་ཀརྐ་ཊའི་ཁྱིམ་དུ་འཇུག་པའི་ཟླ་བའོ། །རྒྱ་ནག་པོའི་སྐད་དུ་གའུ་ཡོལ་ཞེས་པ་ཁྱིའི་ཟླ་བ་ཡིན་ཏེ་སྟོན་ཟླ་ཐ་ཆུང་དང་། རྟེན་འབྲེལ་པ་སྲེད་པའི་ཟླ་བ་དང་། རྒྱ་ནག་སྐད་དུ་ཚི་ཡོལ་ཞེས་པ་ཧོར་ཟླ་བདུན་པ་དང་། བོད་དུ་དབྱར་ཟླ་ཐ་ཆུང་དང་། འཕགས་ཡུལ་དུ་ཤྲཱ་ཝ་ཎར་འབོད་པ་གྲོ་ཞུན་གྱི་ཟླ་བ་དང་། ཉི་མ་སེང་གེའི་ཁྱིམ་དུ་འཇུག་པའོ། །རྒྱ་ནག་པོའི་སྐད་དུ་ཇུའི་ཡོལ་ཞེས་པ་ཕག་གི་ཟླ་བ་སྟེ་དགུན་ཟླ་ར་བ་དང་། རྟེན་འབྲེལ་པ་ལེན་པའི་ཟླ་བ་དང་། རྒྱ་ནག་སྐད་དུ་བཱ་ཡོལ་ཞེས་པ་ཧོར་ཟླ་བརྒྱད་པ་དང་། བོད་དུ་སྟོན་ཟླ་ར་བ་དང་། འཕགས་ཡུལ་དུ་ལེགས་སྦྱར་གྱི་སྐད་བྷཱ་དྲ་པཱ་ད་ཞེས་པ་ཁྲུམས་ཀྱི་ཟླ་བ་དང་། ཉི་མ་བུ་མོའི་ཁྱིམ་དུ་འཇུག་པའི་ཟླ་བའོ། །རྒྱ་ནག་པོའི་སྐད་དུ་ཞུའི་ཡོལ་ཞེས་པ་བྱི་བའི་ཟླ་བ་སྟེ་དགུན་ཟླ་འབྲིང་པོ་དང་། རྟེན་འབྲེལ་པ་སྲིད་པའི་ཟླ་བ་དང་། རྒྱ་ནག་སྐད་དུ་གྱིའུ་ཡོལ་ཞེས་པ་ཧོར་ཟླ་དགུ་པ་དང་། བོད་དུ་སྟོན་ཟླ་འབྲིང་པོ་དང་། རྒྱ་གར་སྐད་དུ་ཨཱ་ཤཱི་ནར་འབོད་པ་དབྱུག་པའི་ཟླ་བ་དང་། ཉི་མ་སྲང་གི་ཁྱིམ་དུ་འཇུག་པའི་ཟླ་བའོ། །རྒྱ་ནག་པོའི་སྐད་དུ་ནེའུ་ཡོལ་ཞེས་པ་གླང་གི་ཟླ་བ་ཡིན་ཏེ་དགུན་ཟླ་ཐ་ཆུང་། རྟེན་འབྲེལ་པའི་སྐྱེ་བའི་ཟླ་བ་དང་། རྒྱ་ནག་སྐད་དུ་ཤིང་ཡོལ་ཞེས་པ་ཧོར་ཟླ་བཅུ་པ་དང་། བོད་དུ་སྟོན་ཟླ་ཐ་ཆུང་དང་། འཕགས་ཡུལ་བ་ཀཱཏྟི་ཀར་འབོད་པ་སྨིན་དྲུག་གི་ཟླ་བ་དང་། ཉི་མ་སྡིག་པའི་ཁྱིམ་དུའོ། །རྒྱ་ནག་སྐད་དུ་ལའུ་ཧུ་ཡོལ་ཞེས་པ་སྟག་གི་ཟླ་བ་ཡིན་ཏེ་དཔྱིད་ཟླ་ར་བ་དང་། རྟེན་འབྲེལ་པ་རྒ་ཤི་བའི་ཟླ་བ་དང་། རྒྱ་ནག་སྐད་དུ་དབྱི་ཡོལ་ཞེས་པ་ཧོར་ཟླ་བཅུ་གཅིག་པ་དང་། བོད་དུ་དགུན་ཟླ་ར་བ་དང་། ལེགས་སྦྱར་གྱི་སྐད་དུ་མཱརྒ་ཤིཪྵ་ཞེས་པ་མགོའི་ཟླ་བ་དང་། ཉི་མ་གཞུའི་ཁྱིམ་དུ་འཇུག་པའི་ཟླ་བའོ། །རྒྱ་ནག་སྐད་དུ་ཐུར་ཡོལ་ཞེས་པ་ཡོས་ཀྱི་ཟླ་བ་ཡིན་ཏེ་དཔྱིད་ཟླ་འབྲིང་པོ་དང་། རྟེན་འབྲེལ་པའི་མ་རིག་པའི་ཟླ་བ་དང་། རྒྱ་ནག་སྐད་དུ་ཤི་དབྲི་ཡོལ་ཞེས་པ་ཧོར་ཟླ་བཅུ་གཉིས་པ་དང་། བོད་དུ་དགུན་ཟླ་འབྲིང་པོ་དང་། རྒྱ་གར་སྐད་དུ་པོ་ཥཱ་ཞེས་པ་རྒྱལ་གྱི་ཟླ་བ་དང་། ཉི་མ་ཆུ་སྲིན་གྱི་ཁྱིམ་དུ་འཇུག་པའི་ཟླ་བའོ། །རྒྱ་ནག་སྐད་དུ་ལུང་ཡོལ་ཞེས་པ་འབྲུག་གི་ཟླ་བ་ཡིན་ཏེ་དཔྱིད་ཟླ་ཐ་ཆུང་དང་། རྟེན་འབྲེལ་པའི་འདུ་བྱེད་ཀྱི་ཟླ་བ་དང་། རྒྱ་ནག་སྐད་དུ་བྱི་ཡོལ་ཞེས་པ་ཧོར་གྱི་ཟླ་བ་དང་པོ་དང་། བོད་དུ་དགུན་ཟླ་ཐ་ཆུང་དང་། འཕགས་ཡུལ་དུ་མཱ་གྷ་ཞེས་པ་མཆུའི་ཟླ་བ་དང་། ཉི་མ་བུམ་པའི་ཁྱིམ་དུ་འཇུག་པའི་ཟླ་བའོ། །རྒྱ་ནག་སྐད་དུ་ཞེ་ཡོལ་ཞེས་པ་སྦྲུལ་གྱི་ཟླ་བ་ཡིན་ཏེ་དབྱར་ཟླ་ར་བ་དང་། རྟེན་འབྲེལ་པ་རྣམ་ཤེས་ཀྱི་ཟླ་བ་དང་། རྒྱ་ནག་སྐད་དུ་དབྲི་ཡོལ་ཞེས་པ་ཧོར་ཟླ་གཉིས་པ་དང་། བོད་དུ་དཔྱིད་ཟླ་ར་བ་དང་། རྒྱ་གར་སྐད་དུ་ཕཱལྒུ་ནཱ་ཞེས་པ་དབོའི་ཟླ་བ་དང་། ཉི་མ་ཉའི་ཁྱིམ་དུ་འཇུག་པའི་ཟླ་བ་སྟེ་ཐ་སྙད་དྲུག་ཀ་གཞི་མཐུན་པའི་ཟླ་བ་ཡིན་ནོ། །གཞན་ཡང་ཟླ་བ་དེ་དག་གི་མིང་གི་རྣམ་གྲངས་རྡོ་རྗེ་གདན་བཞི་དང་བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་གཉིས་པོ་ལས་གསུངས་པའི་ཚུལ་གང་ཞེ་ན། གདན་བཞི་ལས། ཤར་ནས་དགུན་ཟླ་འབྲིང་པོ་བཞག །ཅེས་དང་། རྡོ་རྗེ་མཁའ་འགྲོ་ལས། དགུན་ཟླ་འབྲིང་པོ་ནས་བརྩམས་ནས། །ཉི་མ་བྱང་དུ་བགྲོད་པའི་དུས། །ཟླ་བ་རྣམ་པ་བཅུ་གཉིས་ནི། །རིམ་ནི་རིམ་པ་བཞིན་དུ་བཞག །ཅེས་གསུངས་པས་རྒྱལ་གྱི་ཟླ་བ་ནས་ཐོག་མ་བཟུང་སྟེ། རྒྱ་སྐད་དུ་རོ་ཧི་ཏ་ཞེས་བྱ་བ་ལ་སོགས་གསུངས་པ་དེ་ཉིད་བོད་སྐད་དུ་བསྒྱུར་ན་རིམ་པ་བཞིན་དུ། རོ་ཧེ་ཏ་ཞེས་པ་འཕེལ་བའི་ཟླ་བ་སྟེ་ཆུ་སྲིན་གྱི་ཁྱིམ་གྱི་མིང་ཡིན་པས་དེར་ཉི་མ་འཇུག་པའི་ཟླ་བའོ། །དེ་བཞིན་དུ་མོ་ཧི་ཏ་ནི་གཏི་མུག་སྟེ་བུམ་ཁྱིམ་དང་། བྷ་དྲ་ནི་བཟང་པོ་སྟེ་ཉ་དང་། རི་ཥབྷ་ནི་ཁྱུ་མཆོག་སྟེ་ལུག་དང་། ཀུརྨ་ནི་རུས་སྦལ་ཏེ་གླང་དང་། མ་ཀ་ར་ཧ་ནི་ཆུ་སྲིན་ཏེ་འཁྲིག་པ་དང་། རཎྜ་ནི་ཡུགས་ས་མོ་སྟེ་ཀརྐ་ཊ་དང་། མི་ཀི་ར་ནི་རྨེ་བ་སྟེ་སེང་གེ་དང་། བྷི་བྲྀ་ཀ་ནི་འབུགས་པ་སྟེ་བུ་མོ་དང་། བྱཱ་ཀུ་ལི་ནི་འཕྱོ་བ་སྟེ་སྲང་དང་། སཔྣ་ནི་རྨི་ལམ་སྟེ་སྡིག་པ་དང་། ཀཱ་མ་ཎ་ནི་འདོད་པའམ་སའི་དབང་ཕྱུག་སྟེ་གཞུ་ཁྱིམ་མོ། །འདིར་ཁ་ཅིག །ལུག་དང་རོ་ཧི་ཏ་དོན་གཅིག་པར་འཆད་པ་ནི་མི་འཐད་དེ། རྡོ་རྗེ་མཁའ་འགྲོར། ལུག་དང་རོ་ཧི་ཏ་ལ་སོགས། །གང་གི་འཆི་བ་བཤད་ཀྱིས་ཉོན། །ཞེས་ཐ་དད་དུ་གསུངས་པས་སོ། །ཡང་མཁས་པ་ལ་ལ་དཔའ། རོ་ཧི་ཏ་ཉ་དང་། མོ་ཧི་ཏ་ལུག་སོགས་རིམ་པར་སྦྱོར་ཡང་མི་འཐད་དེ། མཁའ་འགྲོ་རྒྱ་མཚོ་ལས། ཐོག་མར་མ་རིག་ཆུ་སྲིན་དང་། །རོ་ཧི་ཏའོ་དེ་བཞིན་གཞན། །གཉིས་པར་མོ་ཧི་ཏ་བུམ་པ། །འདུ་བྱེད་དུ་ནི་གསལ་བར་འགྲོ། །གསུམ་པར་བཟང་པོ་དང་ནི་ཉ། །རྣམ་པར་ཤེས་པར་དེ་རིག་བྱ། །བཞི་པ་ཁྱུ་མཆོག་དང་ནི་ལུག །མིང་དང་གཟུགས་སུ་འདོད་པར་བྱ། །ལྔ་པ་རུ་ནི་རུས་སྦལ་ཏེ། །བྲི་ཥ་སྐྱེ་མཆེད་དྲུག་མཆོག་གོ། དྲུག་པར་ཆུ་སྲིན་དང་འཁྲིག་པ། །རྟག་རུ་རེག་པ་ཏུ་ནི་འགྲོ། །བདུན་པར་རཱཎྜ་ཀརྐཊ། །དེ་བཞིན་དུ་ནི་ཚོར་བ་མཆོག །བརྒྱད་པར་མི་ཀི་ར་སེང་གེ། མཆོག་ཏུ་མཐུན་པ་སྲེད་པའོ། །དགུ་པར་འབུགས་པ་དང་བུ་མོ། །ཉེ་བར་ལེན་པ་རུ་ནི་འདོད། །བཅུ་པར་སེམས་གཡེང་པ་དང་སྲང་། །སྲིད་པ་རུ་ནི་རབ་ཏུ་བརྗོད། །བཅུ་གཅིག་པ་རུ་རྨི་ལམ་དང་། །པྲྀཥྩི་ཀ་དང་སྐྱེ་དེ་བཞིན། །བཅུ་གཉིས་པ་རུ་ས་དབང་ཕྱུག །གཞུ་དང་རྒས་ཤིང་ཤི་བའོ། །ཞེས་སྦྱར་ཏེ་གསུངས་པ་དང་འགལ་ལོ། །ཡང་ཁྱིམ་ཟླ་དེ་དག་གི་མིང་གི་རྣམ་གྲངས་ཧེ་རུ་ཀ་གལ་པོ་ལས། མི་ཥ་དང་ནི་བྲེ་ཥ་དང་། །མི་ཐུ་ན་དང་ཀརྐ་ཊ། །སིདྷ་དང་ནི་ཀ་ཎུ་དང་། །ཧུ་ལ་དང་ནི་བི་ཙི་དང་། །ད་ནུ་དང་ནི་མ་ཀ་ར། །ཀུ་ཡ་བ་དང་མི་ན་དང་། །ཞེས་གསུངས་ཏེ་མི་ཥ་ལུག་གི་ཁྱིམ་ཟླ་ཡིན་པ་ནས་མི་ན་ཉ་ཡིན་པའི་བར་སྦྱར་རོ། །གསུམ་པ་ནི། དེ་ཡང་ལོ་སྐོར་གྱི་ལོ་འགོ་འཛིན་ཚུལ་ནི་སྔར་བཤད་གྲུབ་ལ། འདིར་ལོ་གཅིག་གི་ལོ་འགོ་འཛིན་ཚུལ་གྱི་དབང་དུ་བྱས་ན་གཉིས་ཏེ། རྣམ་གྲངས་བཀོད་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཉི་སྙིང་ལས། ཟླ་རངས་ཉ་ཚེས་ཐ་སྐར་ཡིན། །སྟོན་ཟླ་འབྲིང་པོའི་ངོ་ལ་ནི། །ལོ་སྐོར་བདག་གིས་བརྗོད་པར་བྱ། །ཟླ་བ་བཅུ་གཉིས་བཤད་པ་ཡིན། །ཞེས་སྟོན་འབྲིང་ཧོར་ཟླ་དགུ་པ་ཐ་སྐར་ཅན་གྱི་ཕྱེད་སྔ་མས་ལོ་སྔ་མ་རྫོགས་པས་ཕྱེད་ཕྱི་མ་སྨིན་དྲུག་ནས་ལོ་འགོ་འཛིན་པར་བཞེད་ཅིང་། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་ཉི་ལྡོག་གི་ཚིགས་དང་བསྟུན་ན་མཛོད་པའི་ལུགས་ཀྱང་འདི་དང་མཐུན་པར་བཟུང་ན་ལེགས་ཏེ་རྒྱས་པར་འོག་ཏུ་འཆད་དོ། །འདུལ་བ་པ་རྣམས་ནི། དགུན་གྱི་དུས་དུས་ཚིགས་ཀྱི་ཐོག་མར་འཇོག་པས་མར་ངོ་སྔོན་འགྲོའི་དགུན་ར་མགོའི་ཟླ་བ་ནས་འཛིན་ཞིང་། འདི་དང་མཐུན་པར་འཆི་མེད་མཛོད་ལས་ཀྱང་། རི་དྭགས་མགོ་དང་ལྷན་ཅིག་པའི། །ཟླ་བ་ལོ་ཡི་དང་པོ་ཡིན། །ཞེས་གསུངས་ལ། རྒྱ་རྩིས་པ་རྣམས་ཟླ་བ་སྒང་འཛིན་གྱི་མགོ་ཅན་དཔྱིད་རར་བྱས་ནས་འཛིན་ཏེ་སྔར་བཤད་གྲུབ་བོ། །མཁའ་འགྲོ་རྒྱ་མཚོ་ལས། །ཉི་མ་བྱང་དུ་བགྲོད་པ་ཡི། །རྒྱལ་གྱི་ཟླ་བ་ནས་བརྩམས་ཏེ། །ཟླ་བ་བཅུ་གཉིས་དེ་ལྟར་དུ། །རིམ་པ་རིམ་པས་བཞག་པར་བྱ། །ཞེས་དགུན་འབྲིང་རྒྱལ་ཟླ་ནས་འཛིན་ཞིང་། སྔར་སྨོས་པ་ལྟར་རྡོ་རྗེ་མཁའ་འགྲོ་དང་གདན་བཞི་དང་རྒྱུད་འགྲེལ་གྱི་རྟེན་འབྲེལ་འཆར་རྩིས་སོགས་སུ་ཡང་འདི་དང་མཐུན་པར་འཛིན་ནོ། །བོད་རྒྱལ་པོའི་ལུགས་ལ་དཔྱིད་ར་དབོ་ཟླའི་ཡར་ངོའི་ཚེས་གཅིག་ནས་ལོ་འགོ་འཛིན་ཏེ། འདི་ན་དཔྱིད་ཟླ་ར་བ་སོགས། །གསུམ་ཚན་བཞི་རུ་ཕྱེ་སྟེ་སྨྲ། །ཞེས་སོ། །གསེར་འོད་དམ་པ་ལས་དབྱར་ར་སྣྲོན་གྱི་ཟླ་བ་ནས་དུས་འགོ་འཛིན་ཏེ། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཡིན་གསུམ་ནི་དཔྱིད་ཡིན་ནོ། །ཞེས་གསུངས་པས་སོ། །གཉིས་པ་ནི། དུས་ཀྱི་འཁོར་ལོའི་ལུགས་འདི་ལ་ལོ་འགོ་གང་ནས་འཛིན་ཞེ་ན། ཉི་མའི་རྟག་ལོངས་ཐོག་མར་གང་ནས་སྤྱོད་པའི་ཁྱིམ་དེར་ཉི་མས་སླེབས་མ་ཐག་པ་དེ་ལོ་འགོར་བསྟན་ཅིང་། དེས་ན་ལུག་ཁྱིམ་ནས་རྟག་ལོངས་ཐོག་མར་སྤྱོད་པའི་དོན་གྱིས། དབོ་ཟླའི་ཉེར་བརྒྱད་ནས་ནག་པའི་ཉེར་བརྒྱད་ཀྱི་བར་ལ་ཉི་མ་ལུག་ཁྱིམ་དུ་འཇུག་སྲིད་ཀྱི། དེ་ལས་གཞན་དུ་མི་འཇུག་པའི་ཕྱིར་དང་། དབོ་ཟླའི་ཉེར་བརྒྱད་ཉེར་དགུ་གནམ་གང་རྣམས་ལ་འཇུག་པ་ཡང་དབོ་མཆུ་རྒྱལ་རྣམས་ལ་ཟླ་ཐེབ་བྱུང་བའི་ཚེ་ཡིན་གྱི། གཞན་དུ་ན་མི་སྲིད་པའི་ཕྱིར་རོ། །དེས་ན་འདི་ཉིད་ཀྱི་ལེའུ་བཞི་པར་ཡང་། ཉི་མའི་རྟག་ལོངས་ལུག་ཁྱིམ་ནས། །ཐོག་མར་སྤྱོད་ཕྱིར་ཡར་གྱི་ངོའི། །ནག་པ་ཟླ་བ་ལོ་འགོར་བཞག །ཅེས་སྨོས་པ་ལྟར། སྤྱིར་དཔྱིད་འབྲིང་ནག་ཟླ་ནས་ལོ་འགོ་འཛིན་པར་གསུངས་ཤིང་། བྱེ་བྲག་ཡར་ངོ་སྔོན་འགྲོའི་ཚེ་ལུག་ཁྱིམ་ནག་ཟླ་དང་སྦྱོར་བ་དང་། མར་ངོ་སྔོན་འགྲོའི་ཚེ་ལུག་ཁྱིམ་ས་ག་དང་སྦྱོར་བ་གཉིས་འབྱུང་བ་ལས། དང་པོ་ནི། རྒྱུད་འགྲེལ་ལས་དུས་བཞི་སྟོང་རྩིས་ཀྱི་རྗེས་སུ་སླར་ཡང་དུས་ཀྱི་འགོ་བརྩམས་ནས་འཆར་བའི་ཚེ། ཁྱིམ་ལུག་ཁྱིམ། ལོ་རབ་བྱུང་། དཔྱིད་འབྲིང་ནག་ཟླ། དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་སོགས་པ་ནས་བརྩམས་ཏེ་སོ་སོའི་ཐོག་མ་འཆར་བར་གསུངས་པ་དང་། གཉིས་པ་ནི། འགྲེལ་ཆེན་ལས། ལྷུན་པོའི་ལྷོ་ཡི་དུམ་བུ་འདིར་ལུག་ལ་ཉི་མ་གནས་པས་དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་བྱེད་དེ། ཞེས་ལུག་ཁྱིམ་ས་ག་དང་སྦྱར་ནས་གསུངས་སོ། །ལུགས་གཉིས་ཀ་དེང་སང་ཡོངས་གྲགས་ཀྱི་ཧོར་ཟླ་གསུམ་པ་ལས་མ་འདས་ཏེ། ཡར་ངོ་སྔོན་འགྲོའི་ཚེ་དེའི་ཚེས་གཅིག་དང་། མར་ངོ་སྔོན་འགྲོའི་ཚེ་དེའི་ཚེས་བཅུ་དྲུག་ནས་འགོ་འཛིན་གྱི་དེ་ལས་གཞན་དུ་ཧོར་ཟླ་གཉིས་པའི་ཚེས་བཅུ་དྲུག་དང་། བཞི་པའི་ཚེས་གཅིག་ལ་ཉི་མ་ལུག་ཁྱིམ་དུ་ཐོག་མར་འཇུག་པ་མི་སྲིད་པའི་ཕྱིར་རོ། །ཡང་མར་ངོ་སྔོན་འགྲོ་རྩ་རྒྱུད་དང་། ཡར་ངོ་སྔོན་འགྲོ་བསྡུས་རྒྱུད་ཀྱི་དགོངས་པར་འཆད་པ་ལའང་མི་འཚམ་པ་མེད་དེ། དང་པོ་ནི། མངོན་འདུལ་བའི་ཕྱོགས་ལའང་མར་ངོ་སྔོན་འགྲོ་སངས་རྒྱས་པའི་ལུགས་སུ་གསུངས་པ་དང་མཚུངས་ཤིང་། བསྡུས་རྒྱུད་ལས་ཡར་ངོ་སྔོན་འགྲོར་གསུང་པ་ཚངས་པའི་དྲང་སྲོང་འདུལ་བའི་ཕྱིར་དུ་མུ་སྟེགས་པ་དང་འཇིག་རྟེན་པའི་ཐ་སྙད་དང་མཐུན་པར་བྱ་བ་དང་། བྱེད་རྩིས་ལ་ཚེས་གཅིག་ལ་གཅིག་བྱིན་དོར་སོགས་ལག་ལེན་བྱ་སླ་བ་ལ་དགོངས་པ་ཡིན་པར་བཤད་ཆོག་པས་སོ། །འདི་དང་མཐུན་པའི་ལོ་འགོ་འཛིན་ཚུལ་དབྱངས་འཆར་ལས་ཀྱང་། དེ་ལ་དཔྱིད་འབྲིང་ཟླ་བར་གྲགས། །དེ་ལྟར་རིམ་བཞིན་ཤེས་པར་བྱ། །ཞེས་དང་། སྐར་མིག་དབྱུག་ཚེས་ལུག་གི་ཚད། །ཅེས་པ་ནས། འཁོར་ལོ་ཉ་རུ་ཤེས་པར་བྱ། །ཞེས་པའི་བར་གྱིས་ཉི་མ་ལུག་ཁྱིམ་དུ་ཐོག་མར་ཞུགས་པས་ལོ་འགོ་བྱེད་པར་བསྟན་ཏོ། །འདིར་གངས་ཅན་གྱི་མཁས་པ་ཁ་ཅིག །རྩ་རྒྱུད་ནག་ཉ་ལ་གསུངས་པའི་ཕྱིར་དུས་འཁོར་བ་ནག་ཟླ་ནས་ལོ་འགོ་འཛིན་ཟེར་བ་ནི་མ་བརྟགས་པ་སྟེ། དེ་ལྟར་ན་ལོ་འགོའི་རབ་བྱུང་ཡང་མེ་ཡོས་ལ་མི་བྱེད་པར་རྒྱུད་གསུངས་པའི་ལོ་དེ་ཉིད་ཡིན་དགོས་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་དང་། ཟླ་བའི་ཡང་ཉ་ནས་འཛིན་དགོས་པར་ཐལ་བ་ལྡོག་ཏུ་མེད་དོ། །ཡང་ཤིན་ཏུ་གཟུ་བོར་མི་གནས་པ་འབྲི་ཁུང་དཔལ་འཛིན་ན་རེ། ལོ་འགོའི་འཛིན་ལུགས་ནི་བོད་བློ་རྩིང་བས་ནོར་བ་དང་མ་ནོར་བ་སྣ་ཚོགས་སུ་བྱེད་དོ། །རྒྱ་གར་བ་ལ་སོགས་པ་རྣམས་ཀྱི་ལོ་གསར་གྱི་འགོ་ནི་རྒྱ་ནག་པའི་དཔྱིད་ཟླ་ཐ་ཆུང་། རྒྱ་གར་བ་ཉིད་ལ་སོགས་པའི་དཔྱིད་ཟླ་འབྲིང་པོ་ནག་པའི་ཟླ་བ་ནས་བརྩམས་ཏེ་འཛིན་ནོ། །ཞེས་ཟེར་རོ། །འོ་ན་དགུན་འབྲིང་དང་། དགུན་ར་དང་། སྟོན་ཐ་དང་། དབྱར་ར་སོགས་ནས་ལོ་འགོ་འཛིན་པའི་རྣམ་གཞག་གསུངས་པ་འདི་དག་རྒྱ་གར་བའི་བཞེད་པ་མ་ཡིན་པར་ཐལ། རྒྱ་གར་བའི་ལོ་འགོ་ཡིན་ན་དཔྱིད་འབྲིང་ནག་ཟླ་ཡིན་པ་གང་ཞིག །དེ་དག་ནག་པའི་ཟླ་བ་མ་ཡིན་པའི་ཕྱིར། རྟགས་སྔ་མ་ཁས། ཕྱི་མ་མ་གྲུབ་ན་དགུན་འབྲིང་ལ་སོགས་པ་དེ་དག་ནག་པའི་ཟླ་བར་ཐལ་བ་ལྡོག་ཏུ་མེད། འདོད་ན། དུས་འཁོར་ལས། རྒྱལ་གྱི་ཟླ་བར་ཉི་མ་ཆུ་སྲིན་ལ་སོན་ཞེས་སྐབས་ཁ་ཅིག་ཏུ་རྒྱལ་ཟླ་དགུན་འབྲིང་ནས་འགོ་བཟུང་བ་དང་། མཁའ་འགྲོ་རྒྱ་མཚོ། གདན་བཞི། རྡོ་རྗེ་མཁའ་འགྲོ་ལ་སོགས་རྒྱུད་གཞན་དང་། སེམས་འགྲེལ་སྐོར་གསུམ་སོགས་རྒྱུད་འགྲེལ་ཚད་མ་རྣམས་ནས་ཀྱང་རྒྱལ་དང་མགོ་སོགས་ནས་ལོ་འགོ་བཟུང་བ་སྣང་ཞིང་། གཞན་ཡང་ཉི་སྙིང་སོགས་ལས་སྟོན་ཐ་སྨིན་དྲུག །འདུལ་བ་ནས་དགུན་ར་མགོགསེར་འོད་ལས་དབྱར་ར་ནས་འགོ་བཟུང་བ་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ཞིག་ནས་གསུངས་པ་འདི་དག་རྒྱ་གར་བའི་བཞེད་པ་མ་ཡིན་ན་ཕྱོགས་གང་ནས་འོངས་ལོག་པར་རྟོག་པའི་བློ་ཅན་ཁྱོད་ཀྱིས་བཤད་དགོས་ན་ཇི་ལྟར་འཆད་བསྐལ་བའི་བར་དུ་བསམ་པར་གྱིས་ཤིག །གཞན་ཡང་། ནག་པའི་ཟླ་བ་དེ་རྒྱ་ནག་པའི་དཔྱིད་ཟླ་ཐ་ཆུང་མིན་ན། ཧོར་ཟླ་དང་པོ་ཡིན་དགོས་པར་ཐལ། རྒྱ་ནག་པའི་དཔྱིད་ཟླ་ར་བ་ཡིན་ན་ཧོར་ཟླ་བཅུ་གཅིག་པ་ཡིན་པའི་ཕྱིར་རོ། །དེ་ཡིན་ན་ཧོར་ཟླ་དང་པོ་ལ་ནག་པས་ཉ་བ་མངོན་སུམ་ཚད་མས་བཀག །ཡང་ཧོར་ཟླ་དང་པོ་རྒྱ་རྩིས་པའི་དཔྱིད་ར་ཡིན་ཟེར་ན། སྔར་རྒྱ་རྩིས་པའི་ལོ་འགོ་ལ་དཔྱད་པའི་སྐབས་ཀྱི་གནོད་བྱེད་རྣམས་སྟོན། དེས་ན་བོད་འདིར་སྐྱེ་བོ་ཐམས་ཅད་ལ་ཡོངས་སུ་གྲགས་པའི་ཧོར་ཟླ་དང་རྒྱ་རྩིས་པའི་ཟླ་བ་ཙམ་ཡང་རང་ཉིད་ཀྱིས་ངོས་མ་ཟིན་པར་བོད་བློ་རྩིང་བས་ནོར་བ་དང་མ་ནོར་བ་སྣ་ཚོགས་སུ་བྱེད་ཅེས་འཕྱ་བ་ཡང་རྒྱལ་པོ་ཀྲྀ་ཀྲྀའི་རྨི་ལམ་གསུམ་པ་ལྟར་བཞད་གད་ཀྱི་གནས་སོ། །བཞི་པ་ནི། ལོ་འགོ་བཤད་པའི་རྗེས་དེ་ནས་ཚེས་ཀྱི་ཐ་སྙད་བཤད་པར་བྱ་སྟེ། ཟླ་བ་རེ་རེ་ཞིང་ཚེས་གཅིག་ནས་བཟུང་གནམ་གང་གི་བར་དགའ་བ་སོགས་ཏེ་ལྔ་པོ་ལན་དྲུག་འཁོར་ནས་འཆར་བས་དེ་དག་གི་མིང་གིས་བསྙད་པ་སྟེ། རང་གི་ངོ་བོས་ནི། འགྲེལ་ཆེན་ལས། ཚེས་ནི་གཅིག་ལ་སོགས་པ་བཅོ་ལྔའོ། །ཞེས་སོ། །འོ་ན་དགའ་བ་སོགས་ལན་དྲུག་ཏུ་ཇི་ལྟར་འཁོར་ཞེ་ན། དཀར་ནག་གི་ཕྱོགས་རེ་ལ་རྡུལ་མུན་སྙིང་སྟོབས་ཀྱི་དབང་གིས་ལན་གསུམ་རེ་འཁོར་བས། དཀར་ཕྱོགས་ཀྱི་དགའ་བ་སོགས་དང་པོ་དང་གཉིས་པ་དང་གསུམ་པ་ཞེས་བརྗོད་པ་ལྟར་དམར་ཕྱོགས་ལའང་དེ་བཞིན་ནོ། །ལྔ་པ་ནི། གཟའི་ཐ་སྙད་དེ་གང་ཞེ་ན། སྤྱིར་འཇམ་དཔལ་རྩ་རྒྱུད་ལས། གང་ཡང་གཟའ་དང་གཟའ་ཆེན་པོ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་སུ་སྤྱོད་པ་བར་སྣང་ལ་སྤྱོད་པ་འདི་ལྟ་སྟེ། ཉི་མ་ནས་སྤེན་པའི་བར་དང་། སྒྲ་གཅན་དང་། ས་འགུལ་དང་། མཇུག་རིང་དང་། གནམ་ལྕགས་འབྱིན་དང་། སྐར་མ་དང་། རྒྱལ་མཚན་དང་། མི་བཟད་དང་། དུད་ལྡན་དང་། དུད་པ་དང་། རྡོ་རྗེ་དང་། འབྱོར་པ་དང་། ཆར་འབེབས་དང་། ཉེ་བའི་ཆར་འབེབས་སོགས་ནས། འཐེང་པོ་དང་གཟུགས་ཅན་གྱི་བར་ཏེ། གཟའ་ཆེན་པོ་དེ་དག་ཀྱང་། ཞེས་སོགས་མང་དུ་གསུངས་པ་དང་། རྨ་བྱ་ཆེན་མོར། གཟའ་གང་དག་རྒྱུ་སྐར་གྱི་ཁྲོད་ན་རྒྱུ་ཞིང་འཇིག་རྟེན་གྱི་བདེ་སྡུག་དང་འཕེལ་འགྲིབ་དང་ལོ་ལེགས་ཉེས་རྣམས་ཀྱང་སྟོན་པར་བྱེད་པ་འདི་ལྟ་སྟེ། ཉི་མ་དང་ཟླ་བ་དང་། མིག་དམར་དང་། ལྷག་པ་དང་། ཕུར་བུ་དང་། པ་སངས་དང་། སྤེན་པ་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། དུ་བ་མཇུག་རིང་རྣམས་སོ། །ཞེས་གཟའ་དགུར་གསུངས་པ་དང་། ཧེ་རུ་ཀ་གལ་པོར། པ་བ་སངས་དང་མིག་དམར་དང་། །ཕུར་བུ་དང་ནི་སྒྲ་གཅན་ཟིན། །ཟླ་བ་དང་ནི་ཉི་མ་དང་། །གཟའ་ལྷག་སྤེན་པ་གཟའ་ཆེན་བརྒྱད། །ཅེས་བརྒྱད་དུ་གསུངས་པ་སོགས་ཡོད་མོད་ཀྱང་། རྒྱུད་འགྲེལ་འདིར་སྙིང་གའི་རྩ་འདབ་བརྒྱད་དང་སྦྱོར་ཞིང་ཐུན་ཆེན་བརྒྱད་དུ་རྒྱུ་བས་རེས་གཟའ་བདུན་མཇུག་རིང་དང་བརྒྱད། ནང་དུ་དབུ་མའི་སྟེང་སྒྲ་གཅན་དང་། འོག་དུས་མེ་བསྣན་ཏེ་གཟའ་བཅུ་དང་སྙིང་གའི་རྩ་འདབ་བཅུ་གནད་གཅིག་པར་གསུངས་པས་དགོས་པའི་དབང་གིས་བཅུར་བསྟན་ཏེ། གང་ཞེ་ན་འདིར་ལྟ་སྟེ། ཉི་མ་ལ་སོགས་པ་བདུན་ནི་རེས་ལ་འཆར་བའི་གཟའ་བདུན་ཡིན་ལ། དེའི་སྟེང་དུ་སྒྲ་གཅན་དང་དུས་མེ་དང་མཇུག་རིང་གསུམ་བསྣན་པས་གཟའ་བཅུ་རུ་གྲགས་སོ། །གཟའ་དེ་དག་གི་མིང་གི་རྣམ་གྲངས་ནི། བསྐལ་བ་དང་པོའི་མི་རྣམས་ཀྱི་འོད་ནུབ་ནས་འཇིག་རྟེན་དུ་མུན་པ་བྱུང་བའི་ཚེ་སྤྱི་མཐུན་གྱི་བསོད་ནམས་ལས་ཉི་མ་ཤར་བ་ན་འདི་ནི་ལྷའི་འོད་ཡིན་ནོ་སྙམ་དུ་བསམ་ནས་མིང་ཉི་མ་ཞེས་འདོད་རྒྱལ་དུ་བཏགས་པར་གསུང་རབ་གཞན་ལས་འབྱུང་ཞིང་། འདོད་འཇོར། སཱུཪྱ་ནི་ཉི་མ་སྟེ་འོད་འགྱེད་པས་བདེ་བར་བྱེད་པས་སོ། །ཞེས་གསུངས། དེའི་མིང་གི་རྣམ་གྲངས་འཆི་མེད་མཛོད་དུ་སུམ་ཅུ་རྩ་བདུན་དང་། མུ་ཏིག་འཕྲེང་བར་བརྒྱ་དང་སུམ་ཅུ་བཤད་ཀྱང་འདིར་མཚོན་ཙམ་དུ། ནབས་སོ་སྐྱེས་ནི་ནབས་སོའི་བཞི་གསུམ་ཀརྐ་ཊའི་ཐོག་མར་སྐྱེས་པས་སོ། །ཚ་ཟེར་ཅན་དང་། པདྨའི་གཉེན་དང་། ཀུ་མུད་དགྲ་རྣམས་ནི་གོ་སླའོ། །རྟ་བདུན་པ་ནི། སྡེབ་སྦྱོར་གྱི་འགྲེལ་པ་ལས། རླུང་དང་ཡིད་མགྱོགས་མདོག་ལྔ་དང་། །དེ་བཞིན་ཐིག་ལེ་ཅན་དང་ནི། །ངེས་བརྗོད་ཤིན་ཏུ་རྒྱལ་མཚན་དང་། །རི་བོ་འཇོམས་རྣམས་ཉི་མའི་རྟ། །ཞེས་སོ། །རྟ་ལྗང་ཅན་ནི་འདིའི་རྟ་རྣམས་ལྗང་གུར་ཡོད་པས་སོ། །ཁ་ཅིག་དབུས་སུ་རྟ་ལྗང་དང་གཡས་གཡོན་དུ་རྟ་དམར་གསུམ་གསུམ་ཡོད་ཟེར་རོ། །མི་སྦྱིན་སྐྱེས་ནི་ཨཱ་དི་ཏྱ་ཞེས་པའི་མ་ལས་སྐྱེས་པས་སོ། །ནམ་མཁའི་ནོར་བུ་ནི་ནམ་མཁའི་རྒྱན་དུ་གྱུར་པས་སོ། །འོད་སྟོང་ལྡན་དང་། ཉིན་བྱེད་དང་། ཉིན་མོའི་དབང་ཕྱུག་དང་། འོད་ལྡན་རྣམས་ནི་གོ་སླ་སྟེ། དེ་རྣམས་ནི་ཉི་མའི་མིང་ངོ་། །ཟླ་བ་ནི། ཉི་མ་འཇིག་རྟེན་དུ་བྱུང་བའི་རྗེས་སུ་ཤར་བས་དེའི་ཟླ་བོར་འདུག་ཅེས་ཟླ་བར་བཏགས་པར་བཤད། འདིའི་མིང་གཞན། མཚན་མོའི་མགོན་དང་། བསིལ་ཟེར་ཅན་དང་། ཀུ་མུད་གཉེན་དང་། པདྨའི་དགྲ་དང་། འོད་དཀར་ཅན་རྣམས་ནི་གོ་སླ་ལ། རྒྱུ་སྐར་བདག་ནི། སྐྱེས་རབས་ལས། ཟླ་བའི་ཆུང་མ་སྐར་མ་རྣམས། །ཕྱི་ཡི་གདོང་བལྟ་མེ་ལོང་བཞིན། །ཞེས་རྒྱུ་སྐར་རྣམས་བུད་མེད་ཤས་ཆེ་བས་རྩེ་དགས་སྤྱོད་པར་གྲགས་པ་དང་། རི་བོང་འཛིན་ནི་བྱང་ཆུབ་སེམས་དཔའ་རི་བོང་དུ་གྱུར་པའི་གཟུགས་བརྒྱ་བྱིན་གྱིས་འདིའི་དཀྱིལ་འཁོར་ལ་བྲིས་པར་སྐྱེས་རབས་ལས་བཤད་དོ། །དེ་ལ་སོགས་པ་ཟླ་བའི་མིང་མང་མོད་ཀྱི་འདིར་མཚོན་པ་ཙམ་མོ། །མིག་དམར་གྱི་མིང་གི་རྣམ་གྲངས་ནི། གཟའ་འདི་གདུག་པ་ཆེ་བས་གང་དང་འཕྲད་པ་དེ་ལ་གནོད་པ་འབྱུང་བས་བཀྲ་མི་ཤིས་པ་ལ་བསྟིང་ཚིག་ཏུ་བཀྲ་ཤིས་ཞེས་བཏགས་པར་བཤད་དོ། །ས་སྐྱེས་དང་སའི་བུ་དང་ས་ལྷའི་བུ་རྣམས་ནི་ལྷ་མོ་བསྟན་མའི་བུ་ཡིན་པས་ཏེ། པཎྜི་ཏ་ཧཾ་སའི་གསུང་རྒྱུན་ཡི་གེར་བཀོད་པ་ལས་ལེགས་ལྡན་ལུས་དམར་ནི་ལྷ་ཆེན་པོའི་བུ། སའི་མངལ་ནས་ཡང་དག་པར་བྱུང་བ། ཞེས་སོ། །མཆུ་སྐྱེས་ནི་དེར་སྐྱེས་པས་སོ། །གཞོན་ནུ་ནི་བྱིས་པའི་རྣམ་པ་དང་། དམར་པོ་དང་ལུས་དམར་སོགས་ནི་ཁ་དོག་ལས་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཉི་མ་ནུབ་ཀར་ཟངས་མའི་མདོག །གཟའ་ཡི་གཙོ་བོ་གང་ཡིན་དེ། །བྱིས་པ་གཞོན་ནུའི་ཚུལ་འཛིན་ཅིང་། །ལག་ན་མདུང་ཐོགས་མ་རུངས་པ། །མིག་དམར་ཉིད་ཀྱིས་མཐོང་བ་ཡིན། །ཞེས་སོ། །དེ་རྣམས་ནི་མིག་དམར་གྱི་མིང་ངོ་། །ལྷག་པ་ལ། ཟླ་སྐྱེས་དང་། ཟླ་སྲས་དང་། ཟླ་བའི་བུ་ཞེས་པ་ནི་ཕ་ཟླ་བ་དང་མ་སྣར་མ་ཡིན་པ་ལས་ཏེ། སྣར་མ་སྐྱེས་ཀྱང་ཟེར་རོ། །ལྷ་མཚམས་སྐྱེས་ནི་དེར་སྐྱེས་པས་སོ། །སྔོ་བསང་ནི། ཧཾ་སས། འབྲས་ས་ལུ་མ་སྨིན་པ་དང་། བྱ་ཤ་རི་དང་། ནེ་ཙོ་དང་། ཨིནྡྲ་ནཱི་ལ་ལྟ་བུའོ། །ཞེས་དང་། དབྱངས་འཆར་ལས། གཟའ་ལྷག་རྔོ་དང་ལྗང་བར་སྟོན། །ཞེས་སོ། །ལྷག་པ་ནི་ལག་ཐལ་མོ་སྦྱར་བ་ལྟར་གནས་པས་བཏགས་ཟེར་ཡང་། བུདྡྷ་ཞེས་པ་རྟོགས་ལྡན་གྱི་སྐད་དོད་ལས་གཞི་མི་མཐུན་པ་མེད་པས་སྔར་གྱི་གྲགས་པ་བཙན་པར་བྱས་ནས་ལྷག་པར་བསྒྱུར་རམ་སྙམ་སྟེ། ཚིག་གཏེར་དུ། རྟོགས་ལྡན་ཞེས་མིང་གི་རྣམ་གྲངས་སུ་བྱས་སོ། །དེ་རྣམས་ནི་ལྷག་པའི་མིང་གི་རྣམ་གྲངས་ཡིན་ནོ། །ཕུར་བུ་ལ་བླ་མ་དང་། ལྷའི་བླ་མ་དང་སྒྲ་མཁན་ཞེས་ཟེར་བ་རྣམས་ནི་བརྒྱ་བྱིན་གྱིས་ལྷ་གཞོན་ནུ་རྣམས་ལ་སྒྲ་སློབ་པའི་སློབ་དཔོན་དུ་བཀོས་པས་སོ། །སྨྲ་མཁས་དང་བློ་ལྡན་ཡང་ལེགས་སྦྱར་མཁས་པ་ལས་སོ། །འཚོ་བྱེད་ནི། འདོད་འཇོར། གཡུལ་དུ་ལྷ་མིན་གྱིས་བཅོམ་པའི་ལྷ་རྣམས་ཕུར་བུས་སྔགས་དང་སྨན་གྱིས་གསོ་བར་བྱེད་ཅེས་ར་མཱ་ཡ་ཎར་བཤད་དོ། །ཞེས་སོ། །ཕུར་བུ་ནི་ཁ་ཅིག་དབྱིབས་ཕུར་བུར་གནས་པས་སོ། །ཟེར་ཡང་། བྲྀ་ཧ་སྤ་ཏི་ཞེས་ལྷའི་བདག་པོ་དང་སྐད་དོད་ག །ཅིག་པས་སྔར་གྱི་གྲགས་པ་བརྗོད་དེ་བསྒྱུར་རམ་སྙམ་མོ། །དེ་རྣམས་ནི་ཕུར་བུའི་མིང་ངོ་། །པ་སངས་ལ་སྦྱིན་བྱེད་དང་ལྷ་མིན་བླ་མ་ཟེར་བ་ནི་ལྷ་མིན་སྦྱིན་བྱེད་ཀྱི་སློབ་དཔོན་ཡིན་པ་ལས་ཏེ། འདོད་འཇོར། ལྷ་དང་ལྷ་མ་ཡིན་གྱི་སློབ་དཔོན་དུ། །སྙན་ངག་མཁན་གྱི་བུ་ནི་པ་སངས་བཟུང་། །ཞེས་སོ། །ཁུ་བ་ནི་ཤུ་ཀྲ་ཞེས་པའི་འགྱུར་ཁྱད་ཡིན་པས་དཀར་པོའི་དོན་ཏེ། འདོད་འཇོར། ཤུ་ཀྲ་ནི་དཀར་པོ་སྟེ་མྱ་ངན་མེད་ཅིང་ཐམས་ཅད་དུ་བཟང་བའི་ཕྱིར་རོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། དཀར་བ་ཟླ་བ་པ་ཝ་སངས། །ཞེས་སོ། །ནབས་སོ་སྐྱེས་ནི་དེར་སྐྱེས་པས་སོ། །སྙན་ངག་མཁན་ནི་ཕའི་མིང་གིས་བཏགས་པའོ། །པ་ཝ་སངས་ནི་འདོད་རྒྱལ་ལམ་སྙམ་སྟེ་སྐད་དོད་ལ་ཤུ་ཀྲ་ཞེས་དཀར་པོ་དང་མཐུན་ནོ། །དེ་རྣམས་ནི་པ་སངས་ཀྱི་མིང་ངོ་། །སྤེན་པ་ལ་དལ་འགྲོ་ཟེར་བ་ནི་འདིས་རྒྱུ་སྐར་གྱི་འཁོར་ལོ་ལན་གཅིག་འཁོར་བ་ལ་ལོ་སུམ་ཅུ་ཙམ་རེ་དགོས་པས་གཟའི་ནང་ནས་རྐང་པ་བུལ་བས་སོ། །ཉི་སྐྱེས་དང་ཉི་མའི་བུ་ནི་ཕ་ཉི་མ་ཡིན་པ་ལས་ཏེ། ཧཾ་སས། ལེགས་ལྡན་སྤེན་པ་ནི་ཉི་མའི་བུ་གྲིབ་མའི་མངལ་དང་ཌ་བི་ཌའི་ཡུལ་ནས་ཡང་དག་པར་འབྱུང་བ། གཤིན་རྗེའི་རིགས། །ཞེས་སོ། །ཞི་འགྲོ་དང་། གཤིན་རྗེའི་བ་དན་ཞེས་པ་མུ་ཏིག་ཕྲེང་བར་འབྱུང་སྟེ་རྒྱུ་མཚན་མ་མཐོང་ངོ་། །སྤེན་པ་ནི་འགྱུར་ཁྱད་དེ་རྒྱ་དཔེར་ཤནཻ་ཤྩ་ར་ཞེས་དལ་འགྲོ་དང་སྐད་དོད་གཅིག་གོ། དེ་རྣམས་ནི་སྤེན་པའི་མིང་གི་རྣམ་གྲངས་ཡིན་ནོ། །སྒྲ་གཅན་གྱི་མིང་ལ། སྐབས་གསུམ་འཇིགས་བྱེད་ཅེས་པ་ནི་འདི་མཐོང་བ་ན་ལྷ་རྣམས་འཇིགས་ཤིང་སྐྲག་པར་བྱེད་པས་ཏེ། ལྷ་ཆེན་གྱིས། རྒྱུ་སྐར་རྣམས་ཀྱིས་རིང་མོ་ནས། །རཱ་ཧུ་མཐོང་བས་བརྒྱལ་བར་འགྱུར། །མདུན་དུ་བསྡད་ན་ཉི་ཟླ་ཡང་། །ཐལ་བ་བཞིན་དུ་འཇོམས་པར་བྱེད། །ཅེས་སོ། །ཉི་ཟླ་ཟ་བ་ནི་འདིས་སྒྲིབ་པའི་ཕྱིར་ཏེ། མདོ་ལ་ལར་འདིས་ཟླ་བ་ཁར་མིད་པ་ན་ཚངས་པས་འཁོར་ལོ་བསྣུན་པས་མགྲིན་པ་བརྡོལ་བ་ལས་ཕྱིར་འཐོན་ཞེས་འབྱུང་ངོ་། །སྲིད་གསུམ་རྣམ་རྒྱལ་ནི་དོན་དམ་པའི་རིགས་པས་གཟའ་སོགས་ཐམས་ཅད་ཀྱི་སྟོབས་འཕྲོག་ནུས་པས་དང་། མིག་སྨན་མདོག་ཅན་ནི་གདོང་ལ་སྒྲིབ་བྱེད་ཀྱི་མུན་པ་ཡོད་པས་སོ། །རང་གི་ངོ་བོས་ནི་དྲག་པོའི་གཟུགས་ཅན་ཏེ། དེ་དག་ཀྱང་རྒྱུད་ལས། གང་གིས་ཉི་མ་ཟླ་བ་ཟ་ཞིང་སྐབས་གསུམ་པ་དག་འཇིགས་བྱེད་དྲག་པོའི་གཟུགས་ཅན་མིག་སྨན་མདོག །ཅེས་སོ། །བདུད་རྩི་ཟ་བ་ནི། ཧཾ་སས། ལེགས་ལྡན་སྒྲ་གཅན་ནི་སེང་གེ་མའི་བུ། བདུད་རྩི་ལ་དགའ་བ་ཞེས་སོ། །ནག་པ་སྐྱེས་ནི་གདོང་དེར་སྐྱེས་པས་སོ། །སྒྲ་གཅན་ནི་ས་གསུམ་ན་གྲགས་ཤིང་གདོང་གཅན་གཟན་གྱི་རྣམ་པར་ཡོད་པ་ལས་ཏེ། མདོ་ཁ་ཅིག་ཏུ་སྤྱང་ཀིར་བསྒྱུར་བ་ཡང་ཡོད་དོ། །མཇུག་མའི་མིང་ལ་མེ་དང་དུས་མེ་ཟེར་བ་ནི། གདོང་དང་ལྷན་ཅིག་ནམ་གྲུའི་སྟེང་དུ་སྐྱེས་ཏེ་མེའི་རྣམ་པར་ཡོད་པས་སོ། །མཇུག་རིང་ཞེས་བསྒྱུར་བའི་ཀེ་ཏུ་དང་། དུ་བ་དང་། མཇུག་ཕོད་དང་། ཁྲུ་དོ་པ་ཅན་རྣམས་ནི་སྐར་མའི་མཇུག་ལ་དུ་བའི་རྣམ་པ་ཁྲུ་དོ་ཙམ་དུ་སྣང་བ་ལས་ཏེ། པཎྜི་ཏ་ཧཾ་སས། དུ་བའི་ཤིང་རྟ་ལ་ཡང་དག་པར་ཞོན་པ། ཞེས་འབྱུང་ངོ་། །དེ་རྣམས་ནི་མཇུག་རིང་གི་མིང་ངོ་། །གཟའ་དེ་དག་གི་རིགས་གཟུགས་ལ་སོགས་པའི་ཁྱད་པར་ནི། རྡོ་རྗེ་མཁའ་འགྲོ་ལས། ལྷ་ཡི་བླ་མ་ཉི་མ་དང་། །མིག་དམར་སྐྱེས་པའི་གཟུགས་ཡིན་ཏེ། །པ་ཝ་སངས་དང་སྒྲ་གཅན་དང་། །ཟླ་བ་མོ་ཡི་གཟུགས་ཡིན་ནོ། །གཟའ་ལྷག་དང་ནི་སྤེན་པ་གཉིས། །མ་ནིང་ཉིད་དུ་བསྟན་པ་སྟེ། །ནམ་མཁའི་འཁོར་ལོ་གནས་པའི་གཟའ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་དང་། དེ་བཞིན་དུ་དབྱངས་འཆར་ལས་ཀྱང་། །ཉི་མ་མིག་དམར་ཕུར་བུ་རྣམས། །སྐྱེས་པའི་གཟའ་རུ་བསྟན་པ་ཡིན། །ཞེས་སོགས་དང་། ཕུར་བུ་དང་ནི་པ་ཝ་སངས། །བྲམ་ཟེའི་རིགས་སུ་བསྟན་པ་ཡིན། །ཉི་མ་དང་ནི་མིག་དམར་དག །རྒྱལ་རིགས་ཞེས་བྱར་ཡོངས་སུ་གྲགས། །ཟླ་བ་རྗེ་རིགས་ཞེས་བྱ་སྟེ། །གཟའ་ལྷག་དམངས་རིགས་དག་ཏུ་བརྗོད། །ཕ་ནི་བྲམ་ཟེ་མ་ནི་དམངས། །དེའི་བུ་སྤེན་པ་ཞེས་བྱའོ། །སྒྲ་གཅན་ཞེས་སུ་གྲགས་པ་ནི། །གདོལ་པའི་རིགས་སུ་ཤེས་པར་བྱ། །ཉི་མ་དང་ནི་ཟླ་བ་དང་། །རྒྱལ་པོའི་གཟའ་རུ་ཡོངས་སུ་གྲགས། །ཕུར་བུ་པ་སངས་བློན་པོའི་གཟའ། །མིག་དམར་དམག་དཔོན་བདག་པོ་འགྱུར། །གཟའ་ལྷག་རྒྱལ་པོའི་བུ་ཞེས་བྱ། །བྲན་གྱི་གཟའ་ནི་སྤེན་པར་གྲགས། །ཞེས་འདོན་པར་བྱེད་དོ། །དྲུག་པ་ནི། གཟའི་རྗེས་དེ་ནས་སྐར་མའི་ཐ་སྙད་འཆད་དེ། སྤྱིར་སྐར་མའི་དབྱེ་བ་ཙམ་ལ། དྲང་སྲོང་སྐར་མ་ལ་དགའ་བས། གླིང་བཞི་འདི་ཉིད་ལ་ཁྱབ་པའི་སྐར་མའི་གྲངས་དུང་གཉིས་བྱེ་བ་བརྒྱད་ས་ཡ་ལྔ་ཡོད་པར་བཤད་ལ། མིང་ཅན་གྱི་རྒྱུ་སྐར་ཡང་། འཇམ་དཔལ་རྩ་རྒྱུད་ལས། གཟའ་ཆེན་དེ་དག་ཀྱང་རྒྱུ་སྐར་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་འདི་ལྟ་སྟེ། ཐ་སྐར་ནས་ནམ་གྲུའི་བར་དང་། ལྷ་མོ་འདྲ་དང་། བྱ་བཞིན་དང་། པུརྞ་འོད་དང་། ཨདྒི་ར་དང་། རྒྱུ་སྐར་དང་། ཉེ་བའི་ཕྲེ་དང་། གྲེ་ལྡན་དང་། འཇིག་རྟེན་རབ་མཆོག་དང་། རབ་མཆོག་ལྡན་དང་། འཇིག་རྟེན་མགོན་པོ་དང་། ཆགས་ལྡན་དང་། རྒྱལ་བྱེད་དང་། ནོར་ལྡན་དང་། ལྷ་དོན་ཏེ། དེ་ལྟར་རྒྱུ་སྐར་རྒྱལ་པོ་དེ་དག་ཀྱང་རྒྱུ་སྐར་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་ཞེས་སོགས་གསུངས་ཀྱང་། རྒྱུད་འགྲེལ་འདིར། མགྲིན་པའི་རྩ་འདབ་སོ་གཉིས་ལས་སྟོང་པའི་རྩ་བཞི་ཕྲི་བའི་རྩ་འདབ་ཉེར་བརྒྱད་དང་སྦྱར་ནས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དུ་གྲངས་ངེས་པར་མཛད་དོ། །གང་ཞེ་ན། ཐ་སྐར་བྲ་ཉེ་སྨིན་དྲུག་དང་། ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་རྒྱུ་སྐར་ཉེར་བདུན་བསྟན་ལ། བྱི་ཞུན་ཞེས་པ་གྲོ་ཞུན་གྱི་མཐར་རམ། ཁ་ཅིག་ཏུ་སྔོན་དུ་འབྱུང་བ་ལྟར་སྦྱར་བས། དེ་ལྟ་ན་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་འབྱུང་ངོ་། །དེ་དག་ཀྱང་ཧེ་རུ་ཀ་གལ་པོ་ལས། སྨིན་དྲུག་དང་ནི་སྣར་མ་དང་། །མགོ་དང་ལག་དང་ནབས་སོ་དང་། །རྒྱལ་དང་སྐག་ནི་ཤར་ན་གནས། །མཆུ་དང་གྲེ་དང་དབོ་དང་ནི། །མེ་བཞི་ནག་པ་ས་རི་དང་། །ས་ག་བདུན་ནི་ལྷོ་ན་གནས། །ལྷ་མཚམས་གཟི་བརྗིད་ཆེན་པོ་དང་། །དེ་བཞིན་སྣྲོན་དང་སྣྲུབས་རྣམས་དང་། །ཆུ་སྟོད་དང་ནི་ཆུ་སྨད་དང་། །གྲོ་ཞུན་བྱི་ཞུན་ནུབ་ན་གནས། །མོན་གྲུ་དང་ནི་མོན་དྲེ་དང་། །དེ་བཞིན་ཁྲུམས་སྟོད་ཁྲུམས་སྨད་དང་། །ནམ་གྲུ་དང་ནི་ཐ་སྐར་དང་། །བྲ་ཉེ་བདུན་ནི་བྱང་ན་གནས། །ཞེས་སྨིན་དྲུག་ནས་བཟུང་སྟེ་བདུན་ཚན་བཞིས་ཕྱོགས་སྐྱོང་བར་གསུངས་པ་ལྟར། རྨ་བྱ་ཆེན་མོ་ལས་ཀྱང་དེ་བཞིན་དུ་བཤད་ཅིང་། རྒྱ་རྩིས་པའི་གཞུང་རྣམས་སུ་སྨིན་དྲུག་ནས་བརྩམས་ཏེ་དྲུག་དྲུག་ནི་ཕྱོགས་དང་རེ་རེ་མཚམས་ན་གནས་པར་བཤད་དོ། །སྐར་མ་དེ་དག་གི་རིགས་དང་སྟོབས་ནི། རྡོ་རྗེ་མཁའ་འགྲོ་ལས། དེ་ནས་སྐར་མའི་རིགས་གང་ཡིན། །མདོར་བསྡུས་ནས་ནི་བཤད་པར་བྱ། །ཐ་སྐར་དང་ནི་མགོ་དང་རྒྱལ། །དེ་བཞིན་དུ་ནི་ནབས་སོ་དང་། །མེ་བཞི་ལྷ་མཚམས་དེ་བཞིན་དུ། །ནམ་གྲུ་ས་རི་གྲོ་ཞུན་བཅས། །ལྷ་ཡི་ཚོགས་ཞེས་བརྗོད་པ་ཡིན། །སྣར་མ་གྲེ་དང་ཆུ་སྟོད་དང་། །ཁྲུམས་སྟོད་དང་ནི་བྲ་ཉེ་དང་། །ལག་དང་དབོ་དང་ཆུ་སྨད་དང་། །ཁྲུམས་སྨད་མི་ཡི་ཚོགས་ཡིན་ནོ། །སྨིན་དྲུག་དང་ནི་མཆུ་དང་ནི། །མོན་གྲུ་དང་ནི་མོན་དྲེ་དང་། །སྐག་དང་ནག་པ་སྣྲོན་དང་ནི། །ས་ག་དང་ནི་སྣྲུབས་རྣམས་ནི། །སྲིན་པོ་ཡི་ནི་རིགས་ཡིན་པར། །བཞིན་མཛེས་མ་ནི་ཁྱོད་ལ་བཤད། །སྨིན་དྲུག་རྒྱལ་ནི་ར་ཡིན་ཏེ། །མགོ་དང་སྣར་མ་ཀླུ་ཡིན་ནོ། །ལག་དང་སྣྲུབས་ནི་ཁྱི་ཡིན་ཏེ། །ལྷ་མཚམས་ནབས་སོ་ཕག་གི་རིགས། །མཆུ་དང་གྲེ་ནི་བྱི་བའོ། །སྐག་ནི་བྱི་ལར་བཤད་པ་སྟེ། །ནག་པ་ས་ག་སྟག་ཡིན་ནོ། །དབོ་དང་ཁྲུམས་སྟོད་གཉིས་པོ་ནི། །ཁྱུ་མཆོག་ཅེས་ནི་བཤད་པ་སྟེ། །སྟོབས་འདོད་པས་ནི་ཤེས་པར་བྱ། །མེ་བཞི་དང་ནི་ས་རི་གཉིས། །མ་ཧེར་ཤེས་བྱ་སྟོབས་ཀྱི་མཆོག །ཐ་སྐར་དང་ནི་ཁྲུམས་སྨད་གཉིས། །རྟ་ཡི་རིགས་ཞེས་བྱ་བར་གྲགས། །ཆུ་སྟོད་དང་ནི་གྲོ་ཞུན་གཉིས། །སྤྲེའུའི་རིགས་སུ་བརྗོད་པ་ཡིན། །བྲ་ཉེ་དང་ནི་ནམ་གྲུ་གཉིས། །གླང་པོའི་རིགས་ཀྱི་བྱིན་བརླབས་པའོ། །མོན་གྲུ་དང་ནི་མོན་དྲེ་དང་། །མི་ཡི་རིགས་སུ་ཡང་དག་གསུངས། །སྟོབས་ཆེན་ཕ་རོལ་གནོན་པ་རུ། །ལྷ་མོ་ངས་ནི་བདེན་པར་བཤད། །ཆུ་སྨད་དང་ནི་བྱི་ཞུན་དག །ནེའུ་ལེའི་རིགས་སུ་གྲགས་པ་ཡིན། །མང་པོ་ཉིད་ཀྱིས་ཅི་ཞིག་བྱ། །མདོར་བསྡུས་པ་ནི་བཤད་ཀྱིས་ཉོན། །རང་གི་སྐྱེ་བའི་སྐར་མ་ནི། །བྱ་བ་ཀུན་ལ་དཔྱད་མི་དགོས། །སྐར་མ་མི་ཡི་སྲོག་ཡིན་ཏེ། །གཞན་དུ་ངས་ནི་མ་བཤད་དོ། །ཞེས་སོ། །དེ་དག་སོ་སོའི་སྐར་གྲངས་དང་དབྱིབས་ཀྱང་སྟག་རྣའི་མདོ་ལས་གསུངས་པ་འདིའི་ལེའུ་ཉེར་གསུམ་པར་སྐར་འབྲས་ཀྱི་སྐབས་སུ་བཤད་པ་ལྟར་ཡིན་ལ། གཞན་ཡང་། གརྒའི་མདོར། སོ་སོའི་རྒྱུད། གྲངས། དབྱིབས། རྟག་ལོངས། ཁ་ཟས། རིགས་ཀྱི་ལྷ་དང་དྲུག་དྲུག་གིས་བཤད་པ་དང་། ཏོག་གཟུངས་སུ་དྲང་སྲོང་སྐར་མ་ལ་དགའ་བས་སྐར་མའི་མཚན་ཉིད་དང་བྱེད་ལས་བཤད་པ་སོགས་སྣང་སྟེ་མ་སྤྲོས་སོ། །སྐར་མ་དེ་དག་གི་མིང་གི་རྣམ་གྲངས་ཡུལ་ཕྱོགས་ལ་ལ་སྟེ་གཙང་རྩིས་པའི་ཐ་སྙད་ལ། ཐ་སྐར་ལ་ནི་དབྱུག་པ་དང་། །ཞེས་སོགས་ཏེ་གཞན་ཡང་སྣྲུབས་ལ་གྲུ་སོག་དང་། དཔུང་སོགས། ཞེས་པ་དང་། ཁ་ཅིག་ཏུ་བྱི་ཞུན་གྲོ་ཞུན་གྱི་སྔོན་དུ་ཡོད་པའི་དབང་དུ་བྱས་ཏེ། བྱི་ཞུན་ལ་བོན་པོ། བྱ་མཆུ། བྱ་ཟེ་ཞེས་དང་། མོན་དྲེ་ལ་བྱ་གཞུག་ཅེས་འབོད་པའང་སྣང་ངོ་། །འདུལ་བ་ཚིག་ལེར། སྨིན་དྲུག་ནས་ནི་ཁྲ་ཡི་བར། །སྲ་བརྐྱང་འདིང་བ་རྗེས་སུ་གནང་། །ཞེས་དབོའི་མིང་ཁྲར་བསྒྱུར་བ་ཡང་གཙང་རྩིས་པའི་བརྡའ་དང་བསྟུན་པའོ། །ཡང་སྟག་རྣའི་མདོར། སྐར་མ་སྟོད་གསུམ་དང་། སྨད་གསུམ་ཞེས་སྣང་བ་ལ། ཕྱིས་ཀྱི་མཁས་པ་དག་གིས། ཁྲུམས་སྟོད་སྨད་དང་། ཆུ་སྟོད་སྨད་ཀྱི་སྟེང་དུ་གང་སྣོན་དཔྱོད་ཅིང་། ཞེས་པ་ཙམ་ལས་སྔར་དཔྱད་པ་མ་མཐོང་ལ། ཁ་ཅིག་དེའི་སྟེང་དུ་སྒྲོག་སྟོད། སྒྲོག་སྨད་བསྣན་པ་ནི་མུན་འཕྲུལ་ཏེ། ད་དུང་རྒྱལ་སྟོད་རྒྱལ་སྨད་བསྣན་ཀྱང་མཚུངས་པའི་ཕྱིར་རོ། །དེས་ན་འདི་ནི་གྲེ་དང་། དབོ་གཉིས་ཡིན་པར་རྒྱ་དཔེ་ལ་བལྟས་ན་ཤེས་པར་འགྱུར་ཏེ། པཱུརྦ་ཕཱལྒུ་ནི་ཞེས་པ་གྲེ་དང་། ཨུཏྟ་ར་ཕཱལྒུ་ནཱི་ཞེས་པ་དབོ་དང་། པཱུརྦ་ཥཱ་དྷ་ཞེས་ཆུ་སྟོད་དང་། ཨུཏྟ་ར་ཥཱ་དྷཱ་ཆུ་སྨད་དང་། པཱུརྦ་བྷ་དྲ་པཱ་དཱ་ཁྲུམས་སྟོད་དང་། ཨུཏྟ་ར་བྷ་དྲ་པཱ་དཱ་ཁྲུམས་སྨད་ཅེས་འབྱུང་བས་སོ། །བདུན་པ་ནི། རྒྱུ་སྐར་དེ་དག་གང་ལ་གནས་པའི་ཁྱིམ་གྱི་ཐ་སྙད་དེ་གང་ཞེ་ན། ལུག་གླང་ཞེས་སོགས་རྐང་པ་གསུམ་གྱིས་བསྟན་ཏོ། །ཁྱིམ་དེ་དག་གི་མིང་དོན་ནི། མཆོག་དགར། ལུག་རྣམས་ལུ་གུ་སློབ་པ་དང་། །ཞེས་སོགས་དབང་ཕྱུག་གི་གཞུང་ལས་འབྱུང་ཞེས་གྲག་གོ་ཞེས་དྲང་བར་མཛད་མོད། དེ་ནི་ཡུལ་ཕྱོགས་རེ་བ་རྒྱུ་མཚན་དུ་བྱས་ནས་སྨྲས་པར་སྣང་བས་ཕྱི་ནང་གཉིས་ཀས་ཁས་ལེན་པའི་ཁྱིམ་གྱི་རྒྱུ་མཚན་དུ་མི་འོས་ཏེ། དེའི་ཕྱིར་མཆོག་དགའ་མཁན་པོས་ཀྱང་། གྲག་གོ་ཞེས་པ་མ་རངས་པའི་ཚིག་གོ། དེས་ན་མིང་འདི་དག་སྔོན་གྱི་གྲགས་པའམ། རླུང་གི་འཁོར་ལོ་འདྲེན་པའི་རྟའི་དབྱིབས་སམ། ལྷ་དེའི་བཞོན་པ་སོགས་ལས་བཏགས་པར་ཟད་དོ་ཞེས་ཕྱིས་ཀྱི་མཁས་པ་ཁ་ཅིག་གསུང་ངོ་། །སྤྱིར་ན་འཇམ་དཔལ་རྩ་རྒྱུད་ལས། ཁྱིམ་སུམ་ཅུ་རྩ་དྲུག་ལ་འདི་ལྟ་སྟེ། ལུག་ནས་ཉའི་བར་དང་། མིའུ་ཐུང་དང་། ཉེ་བའི་མིའུ་ཐུང་དང་། བྲིངྐ་ར་དང་། རལ་གྲི་དང་། གླང་པོ་དང་། མ་ཧེ་དང་། ལྷམ་དང་། མི་དང་། དགེ་བལྟས་དང་། དྲི་ཟ་དང་། འཇིག་རྟེན་དང་། གཡུང་དྲུང་རྒྱལ་དང་། དྲག་པོའི་གཟི་བརྗིད་དང་། ཟླ་བའི་འོད་དང་། ས་དང་། མུན་པ་དང་། ཉེ་བའི་རྡུལ་སོགས་ནས། རབ་ཏུ་གནས་དང་། མཆོག་དང་བར་དང་ཐ་མ་སྟེ། ཁྱིམ་ཆེན་པོ་དེ་དག་ཀྱང་ཁྱིམ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་ལྡན་ལ། གནས་གཙང་མའི་གཞལ་མེད་ཁང་ག་ན་བར་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་ལྷགས་ཤིང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུད་ནས་རང་རང་གི་གནས་སུ་འཁོད་པར་གྱུར་ཏོ། །ཞེས་བརྟེན་པ་ལ་རྟེན་གྱི་མིང་གིས་བཏགས་ནས་གསུང་པའི་ཁྱིམ་མང་དུ་བཤད་ཀྱང་། རྒྱུད་འགྲེལ་འདིར། ལྟེ་བའི་དུས་སྦྱོར་གྱི་འཕོ་བ་བཅུ་གཉིས་ཀྱི་གནད་ཀྱིས་ཕྱི་རོལ་དུ་ཁྱིམ་བཅུ་གཉིས་གསུངས་སོ། །འོ་ན་ཁྱིམ་རེ་ལ་སྐར་མ་ཇི་ཙམ་གནས་ཤེ་ན། འགྲེལ་ཆེན་ལས། ཐ་སྐར་དང་བྲ་ཉེ་དང་སྨིན་དྲུག་གི་རྐང་པ་གཅིག་ནི་ལུག་ལའོ། །དེ་བཞིན་དུ་རྐང་པ་དགུ་དགུ་ལ་ནི་ལུག་ལ་སོགས་པའི་ཁྱིམ་བཅུ་གཉིས་པོར་རིག་པར་བྱའོ། །ཞེས་དང་། ཉི་ཤུ་རྩ་བདུན་རྒྱུ་སྐར་དེ་ལ་ཞེས་པ་རྒྱུ་སྐར་གྱི་ཚོགས་ཉི་ཤུ་རྩ་བདུན་ཏེ། དེ་དག་ལ་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་ཀྱིས་ཉི་མའི་དུས་སྦྱོར་བཅུ་གཉིས་སོ། །ཞེས་པ་ལྟར་རྒྱུ་སྐར་རེ་རེ་ལ་ཆ་བཞི་བཞིར་ཕྱེ་བའི་ཆ་རེ་ལ་རྐང་པའི་ཐ་སྙད་དུ་བྱས་ཤིང་། རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་གཉིས་ཏེ་ཁྱོན་རྐང་པ་དགུ་དགུ་འབྱུང་བ་ལ་ཁྱིམ་མམ་དུས་སྦྱོར་གཅིག་ཅེས་གྲགས་པ་ནི་འདི་ལྟ་སྟེ། ཐ་སྐར་གྱི་རྐང་པ་བཞི་དང་། བྲ་ཉེའི་རྐང་པ་བཞི་དང་། སྨིན་དྲུག་གི་རྐང་པ་གཅིག་གི་བར་ནི་ལུག་གི་ཁྱིམ་མོ། །དེ་བཞིན་དུ། སྨིན་དྲུག་རྐང་གསུམ་སྣར་མ་དང་། །ཞེས་སོགས་གཞུང་བཀླགས་པས་གྲུབ་བོ། །དེ་ཡང་མགྲིན་པའི་རླུང་རྒྱུ་སྐར་གྱི་ཆུ་ཚོད་ལྟར་རྒྱུ་བའི་གནད་ཀྱིས་རྒྱུ་སྐར་རེ་རེ་ལ་ཡུལ་གྱི་ཆུ་ཚོད་དྲུག་ཅུ་རེ་ཡོད་པར་གསུངས་པས། དེས་ན་རྐང་པ་རེ་རེ་ལ་ཆུ་ཚོད་བཅོ་ལྔ་བཅོ་ལྔ་དང་། ཁྱིམ་རེ་ལ་སྐར་མ་སྒང་པོ་གཉིས་ཀྱི་ཆུ་ཚོད་བརྒྱ་ཉི་ཤུ་དང་རྐང་པ་གཅིག་གི་ཆུ་ཚོད་བཅོ་ལྔ་རེ་སྟེ་ཁྱོན་ཆུ་ཚོད་བརྒྱ་སོ་ལྔ་རེ་ཡོད་དོ། །འོ་ན་རྒྱུ་སྐར་ཉེར་བརྒྱད་དུ་བྱ་བའི་ཚེ་འདིར་བྱི་ཞུན་ལ་སྐར་མའི་ས་ཁྱོན་མ་བཞག་པར་སྣང་བས་ཇི་ལྟར་ཞེ་ན། མཁས་པ་ལ་ལ་དག །སྟག་ཚང་། བྱི་ཞུན་ལ། གརྒས་རྟག་ལོངས་ཡུད་ཙམ་དྲུག་ལས་མ་བཤད་པ་ལྟར་སྐར་ཁོངས་ཀྱང་གྲོ་ཞུན་དང་གང་སྔོན་ལ་ཡོད་མི་ཤེས་པ་ལྟ་བུར་མིག་སྐར་ལ་མངོན་སུམ་གྱིས་གྲུབ་པས་དོར་ཞེས་དང་། ཕལ་ཆེར་བྱི་ཞུན་ནི་ཡུལ་ཤིན་ཏུ་ཆུང་བས་གྲོ་ཞུན་དང་གཅིག་ཏུ་བསྡོམས་ཞེས་སྨྲ་སྟེ་གཉིས་ཀ་ཞེ་འདོད་གཅིག་གོ། མཆོག་དགའི་ལེའུ་བཞི་པར། གྲོ་ཞུན་གྱི་སྐར་ཁོངས་དེ་ཉིད་ཆ་བརྒྱད་དུ་ཕྱེ་བའི་ཆ་བཞི་གྲོ་ཞུན་དང་། ཆ་བཞི་བྱི་ཞུན་གྱིས་ཁྱོན་དུ་བྱས་པའི་རྐང་པ་རེ་ལ་ཆུ་ཚོད་ཕྱེད་དང་བརྒྱད་རེ་ཡོད་པར་གསུངས་ཏེ། དོན་གྱིས་ཐོབ་བོ། །དེ་ལྟར་བྱས་པའི་ཁྱིམ་བཅུ་གཉིས་པོ་སོ་སོའི་རྫོགས་ཚད་ནི། དབྱངས་འཆར་ལས། སྐར་མིག་དབྱུག་ཚེས་ལུག་གི་ཚད། །རིག་བྱེད་མཁའ་མེ་གླང་དུ་བརྗོད། །རོ་དང་ཞེ་ལྔ་འཁྲིག་པ་ཡིན། །དགུ་དང་ནམ་མཁའ་ཀརྐ་ཊ། །དྲག་པོ་བཅོ་ལྔ་སེང་གེའོ། །བཅུ་གསུམ་སུམ་ཅུ་བུ་མོར་དྲན། །བཅོ་ལྔ་ཞེ་ལྔ་སྲང་ཡིན་ཞིང་། །ནོར་ལྷ་སྟོང་པ་སྡིག་པར་གོ། ཉི་ཤུ་བཅོ་ལྔ་གཞུ་ཡི་ཚད། །ཟུང་མིག་སུམ་ཅུ་ཆུ་སྲིན་ཁྱིམ། །རྒྱལ་བ་མདའ་ཆུ་བུམ་པར་གྲགས། །འཁོར་ལོ་རྫོགས་པ་ཉ་རུ་དྲན། །ཞེས་སོ། །བརྒྱད་པ་ནི། ཁྱིམ་བཤད་པའི་རྗེས་དེ་ནས་སྦྱོར་བའི་ཐ་སྙད་བཤད་ན། རྣམ་སེལ་མཛའ་བོ་ཚེ་ལྡན་དང་། །ཞེས་བྱ་བ་ལ་སོགས་པ་ཉི་ཤུ་རྩ་བདུན་ཏེ། འགྲེལ་ཆེན་ལས། དེ་བཞིན་དུ་སྦྱོར་བ་ནི། སེལ་བ་དང་། འཛའ་བོ་དང་། ཞེས་སོགས་གསུངས་པ་ལྟར་རོ། །འདི་དག་གི་མིང་གི་རྒྱུ་མཚན་ནི། འབྲས་བཤད་ཀྱི་སྐབས་སུ། འཛའ་བོ་ཀུན་དང་འཛའ་བ་ཡིན། །ཞེས་པ་ལྟ་བུ་དགེ་མི་དགེ་སྟོན་པའི་སོ་སོའི་བྱེད་ལས་ལས་བཏགས་སམ་སྙམ་མོ། །དགུ་པ་ནི། དེ་ནས་བྱེད་པ་བཅུ་གཅིག་གི་ཐ་སྙད་དེ་གང་ཞེ་ན། འདི་ལ་གཉིས་ཏེ། འཕོ་བྱེད་བདུན་དང་། རྟག་བྱེད་བཞིའོ། །དང་པོ་ནི། རྒྱ་སྐད་དུ་བ་ཝཾ་ཞེས་པ། བོད་སྐད་དུ་གདབ་པ་དང་། དེ་བཞིན་དུ་བཱ་ལ་ཝཾ་ནི་བྱིས་པ་དང་། ཀཽ་ལ་ཝཾ་ནི་རིགས་ཅན་ནམ་ཡེ་ཤེས་ཅན་དང་། ཏཻ་ཏི་ལཾ་ནི་ཏི་ལ་བརྡུངས་དང་། གརྫྫཾ་ནི་ཁྱིམ་སྐྱེས་དང་། བ་ནི་ཛཾ་ནི་ཚོང་པ་དང་། བིཥྚི་ནི་མཇུག་ཕོད་དམ་གྱི་ཇོས་དཀྲིས་པ་ཞེས་པར་བསྒྱུར་རོ། །དེ་དག་གི་མིང་གི་རྒྱུ་མཚན་ནི་བརྟག་དགོས་ལ། འཆར་ཚུལ་ནི། འགྲེལ་ཆེན་ལས། དཀར་པོའི་ཚེས་གཅིག་གི་ཕྱེད་ཕྱི་མ་ལ་བྱེད་པ་དང་པོ་བ་བམ་མོ། །གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བལ་བཾ་དང་ཀཽ་ལ་བམ་མོ། །གསུམ་པའི་ཕྱེད་སྔ་མ་དང་ཕྱེད་ཕྱི་མ་ལ་ཏཻ་ཏི་ལཾ་དང་། གརྫྫཾ་མོ། །བཞི་པའི་ཕྱེད་སྔ་མ་དང་ཕྱེད་ཕྱི་མ་ལ་བ་ནི་ཛཾ་དང་བིཥྚིའོ། །དེ་བཞིན་དུ་ལྔ་པ་ལ་བ་ཝཾ་དང་པ་ལ་ཝཾ་མོ། །དྲུག་པ་ལ་ཀཽ་ལ་བཾ་དང་ཏཻ་ཏི་ལམ་མོ། །བདུན་པ་ལ་གརྫྫཾ་མོ། །བརྒྱད་པའི་ཕྱེད་སྔ་མ་ལ་བིཥྚིའོ། །བརྒྱད་པའི་ཕྱེད་ཕྱི་མ་ལ་བ་ཝཾ་མོ། །དགུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་པཱ་ལ་ཝཾ་དང་ཀཽ་ལ་ཝཾ་མོ། །བཅུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཏཻ་ཏི་ལཾ་དང་གརྫྫཾ་མོ། །བཅུ་གཅིག་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛཾ་དང་བིཥྚའོ། །སླར་ཡང་བཅུ་གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ཝཾ་དང་བཱ་ལ་ཝམ་མོ། །བཅུ་གསུམ་པ་ལ་ཀཽ་ལ་ཝཾ་དང་ཏཻ་ཏི་ལཾ་མོ། །བཅུ་བཞི་པ་ལ་གརྫྫཾ་དང་བ་ནི་ཛཾ་མོ། །ཟླ་བ་ཉ་བའི་ཕྱེད་སྔ་མ་ལ་བིཥྚིའོ། །ཕྱེད་ཕྱི་མ་ལ་བ་ཝམ་མོ། །ནག་པོའི་ཚེས་གཅིག་གི་ཕྱེད་སྔ་མ་དང་ཕྱི་མ་ལ་པ་ལ་ཝ་དང་ཀཽ་ལ་བཾ་མོ། །གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཏཻ་ཏི་ལཾ་དང་གརྫྫཾ་མོ། །གསུམ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ནི་ཛཾ་དང་བིཥྚིའོ། །དེ་བཞིན་དུ་བཞི་པ་ལ་བ་བཾ་དང་བཱ་ལ་ཝཾ་མོ། ལྔ་པ་ལ་ཀཽ་ལ་ཝཾ་དང་ཏཻ་ཏི་ལམ་མོ། །དྲུག་པ་ལ་གརྫྫཾ་དང་བ་ནི་ཛམ་མོ། །བདུན་པའི་ཕྱེད་སྔ་མ་ལ་བིཥྚིའོ། །ཕྱེད་ཕྱི་མ་ལ་བ་ཝཾ་མོ། །བརྒྱད་པ་ལ་བཱ་ལ་ཝཾ་དང་ཀཽ་ལ་བཾ་མོ། །དགུ་པ་ལ་ཏཻ་ཏི་ལཾ་དང་གརྫྫཾ་མོ། །བཅུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛཾ་དང་བིཥྚིའོ། །དེ་བཞིན་དུ་བཅུ་གཅིག་ལ་བཱ་བཾ་དང་བཱ་ལ་ཝཾ་མོ། །བཅུ་གཉིས་པ་ལ་ཀཽ་ལ་བཾ་དང་ཏཻ་ཏི་ལཾ་མོ། །བཅུ་གསུམ་པ་ལ་གརྫྫཾ་དང་བ་ནི་ཛཾ་མོ། །བཅུ་བཞི་པའི་ཕྱེད་སྔ་མ་ལ་བིཥྚི་སྟེ། བྱེད་པ་བདུན་པོ་ཡོངས་སུ་ལོངས་སྤྱོད་དོ། །ཞེས་སོ། །དེ་ལྟར་བྱེད་པ་བདུན་པོ་དེ་དག་ཟླ་བ་རེ་རེ་ཞིང་བསྐོར་བ་ལན་བརྒྱད་རེ་འཁོར་བའི་ཚུལ་གྱིས་ལོངས་སྤྱོད་པར་བྱེད། དེའི་ཕྱིར་འཕོ་བའི་བྱེད་པ་བདུན་ཞེས་གྲགས་སོ། །གཉིས་པ་རྟག་བྱེད་བཞི་ནི། ཉེར་དགུའི་ཕྱེད་ཕྱི་མའི་ཆ་ལ་ཤ་ཀུ་ནི་ཞེས་པ་བཀྲ་ཤིས་སམ་བྱ་དང་། གནམ་སྟོང་གི་ཕྱེད་སྔ་ཆར་རྐང་བཞི་དང་། དེའི་ཕྱེད་ཕྱི་ཆར་བྱེད་པ་ཀླུ་དང་། ཚེས་གཅིག་གི་ཕྱེད་སྔ་ཆར་ཀིཾ་སྟུ་གྷ་ན་ཞེས་མི་སྡུག་པའམ་སྡུག་པའམ་ཅི་ཞེས་པ་སྟེ། གཞན་དུ་མི་འཕོ་བས་ན་རྟག་པའི་བྱེད་པ་བཞི་ཞེས་བྱ་བ་ཡིན་ནོ། །བཅུ་པ་ནི། ཁྱིམ་བཅུ་གཉིས་ཀྱི་ཞིང་བདག་གང་ཞེ་ན། ལུག་ནས་བཟུང་སྟེ་ཉའི་བར་རིམ་བཞིན་དུ་བཀྲ་ཤིས་ཞེས་སོགས་རིམ་པ་བཞིན་དུ་སྦྱར་བ་ནི་ཁྱིམ་བདག་གི་གཟར་འགྱུར་ཏེ། འགྲེལ་ཆེན་ལས། མིག་དམར་དང་། པ་ཝ་སངས་དང་། གཟའ་ལྷག་དང་། ཟླ་བ་དང་། ཉི་མ་དང་། གཟའ་ལྷག་དང་། པ་ཝ་སངས་དང་། ས་སྐྱེས་དང་། བླ་མ་དང་། སྤེན་པ་དང་། ཉི་མའི་བུ་དང་། ལྷའི་བླ་མ་སྟེ་འདི་དག་བགྲང་བཞིན་དུ་ལུག་ལ་སོགས་པའི་ཁྱིམ་རྣམས་ལ་ཞིང་བདག་གོ། ཞེས་སོ། །

གསུམ་པ་བསྡུ་བ་ནི། དེ་ལྟར་རྩིས་ཀྱི་ལག་ལེན་ལ་སོགས་ཏེ་སྔར་ལེའུ་དང་པོར་བརྗོད་པའི་བྱ་བའི་རིམ་པ་ཇི་ལྟ་བ་བཞིན་དུ་འདི་ཡང་བྱིས་པ་རྣམས་ཀྱི་དོན་དུའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཐ་སྙད་དང་རྣམ་གྲངས་བསྟན་པའི་སྐབས་ཏེ་གཉིས་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་གསུམ་པས་བསྟན་རྩིས་བཤད་པ།

ད་ནི་སྐབས་གསུམ་པས་བསྟན་རྩིས་བཤད་པ་ལ་གསུམ་སྟེ། དབྱེ་བའི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད་པ། མ་འོངས་པ་ན་བསྟན་པའི་ཚད་ཇི་ཙམ་ལུས་བདེ་བླག་ཏུ་རྩི་ཚུལ་བསྟན་པས་དོན་བསྡུ་བའོ། །དང་པོ་ནི། བསྟན་པའི་རྩིས་ཀྱི་སོགས་ཚིགས་སུ་བཅད་པ་གཅིག་གོ།

གཉིས་པ་ལ་གཉིས་ཏེ། མདོ་ལུགས་ཀྱི་བསྟན་རྩིས་དང་། རྒྱུད་ལུགས་ཀྱི་བསྟན་རྩིས་སོ། །དང་པོ་ལ་གཉིས་ཏེ། བསྟན་པའི་གནས་ཚད་དང་། དེའི་སྟེང་ནས་ཇི་ཙམ་འདས་ཚུལ་ལོ། །དང་པོ་ནི། མདོ་ལུགས་བསྟན་པའི་སོགས་ཏེ། འདི་ལ་གསུམ། དགོངས་པ་ཅན། དོན་ལ་གནས་པའི་ཕྱོགས། དོན་བསྡུ་བའོ། །དང་པོ་ལའང་ལྔ་སྟེ། ལོ་སྟོང་དང་། སྟོང་ལྔ་བརྒྱ་དང་། ཉིས་སྟོང་དང་། ཉིས་སྟོང་ལྔ་བརྒྱ་དང་། ཡར་འཕེལ་གྱི་ཚེ་ལོ་དྲུག་བརྒྱའི་བར་དུ་གནས་པར་བཤད་པའོ། །དང་པོ་ནི། བསྐལ་བཟང་ལས། དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་དམ་པའི་ཆོས་ལྟར་སྣང་ངོ་། །ཞེས་དང་། འདུལ་བ་ལུང་ཕྲན་ཚེགས་ལས། བསྟན་པ་ལོ་སྟོང་དུ་གནས་པར་ཡང་ཡང་གསུངས་པ་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་ཞེས་པའི་འགྲེལ་པར། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འབྲས་བུ་ཐོབ་པ་དང་། ཤིན་ཏུ་རྒྱས་པའི་དུས་ནི་ལོ་སྟོང་ཞིག་ཛམྦུའི་གླིང་ན་གནས་སོ། །དེ་ཡང་ཕྱེད་དུ་བགོས་ཏེ། ལྔ་བརྒྱ་སྔ་མ་ནི་འཕེལ་བའི་དུས་སུ་བཞག་ལ། ལྔ་བརྒྱ་ཕྱི་མ་ནི་བྲི་བའི་དུས་ཞེས་བྱའོ། །ཞེས་དང་། བུ་མོ་གསེར་འཕྲེང་ཅན་གྱི་རྟོགས་བརྗོད་དམ་ཀྲྀ་ཀྲྀའི་རྨི་ལམ་ལུང་བསྟན་པ་ཞེས་བྱ་བ་ལས། རྒྱལ་པོ་ཁྱོད་ཀྱི་རྨིལམ་དུ་སྐྱེ་བོ་ཕལ་མོ་ཆེ་འདུས་ནས་ཚིག་ངན་བརྗོད་དེ་ཆད་པ་དང་གནོད་པ་བྱེད་པ་མཐོང་བ་གང་ཡིན་པ་དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་དེའི་བསྟན་པ་ལོ་སྟོང་གནས་ཤིང་མཐའ་ངན་པར་སྨྲ་བ་དང་ཆད་པ་བྱེད་པས་ནུབ་པར་འགྱུར་བའི་ལྟས་སོ། །ཞེས་མཛོད་ཀྱི་མདོ་ཊིཀ་ཏུ་དྲངས་པ་དང་། མཛོད་རང་འགྲེལ་ལས་ཀྱང་། དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་བཤད་དོ། །གཞན་དག་ན་རེ། རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི་ལུང་ནི་ཡུན་རིང་དུ་གནས་སོ་ཞེས་ཟེར་རོ། །ཞེས་ཁ་ཆེ་བའི་རང་ལུགས་ལ་ལོ་སྟོང་དུ་གནས་པར་གསུངས་པ་སྟེ། དེ་ལྟར་ན་འདི་རྣམས་ལས་ཐུབ་པའི་བསྟན་པ་དངོས་དང་། གཟུགས་བརྙན་བསྟན་པར་བཏགས་པ་གཉིས་ཀ་ལོ་ལྔ་བརྒྱ་ལྔ་བརྒྱ་སྟེ་བསྡོམས་པས་ལོ་སྟོང་གི་བར་དུ་གནས་པར་གསུངས་སོ། །གཉིས་པ་ནི། སྙིང་རྗེ་པདྨ་དཀར་པོའི་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྨོན་ལམ་ལྔ་བརྒྱ་པའི་སྐབས་ལས། ང་མྱ་ངན་ལས་འདས་ནས་ཀྱང་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཅིག །ཡང་ལོ་ལྔ་བརྒྱར་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག །ཞེས་དངོས་བཏགས་སྒྲིལ་བས་ལོ་སྟོང་དང་ལྔ་བརྒྱར་གནས་པར་བཤད་དོ། །གསུམ་པ་ནི། ཟླ་བ་སྙིང་པོས་ཞུས་པའི་མདོར། ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་འགྱུར་རོ། །ཞེས་པས་ཉིས་སྟོང་དུ་གནས་པར་གསུངས་པ་དང་། བཞི་པ་ནི། ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བར་ཐ་དད་སྣང་བའི་མདོ་ལས། འཇམ་དཔལ། ང་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་དང་དགུ་བརྒྱ་དང་། སྟོང་དགུ་བརྒྱ་དང་། ཉིས་སྟོང་དང་། ཉིས་སྟོང་ལྔ་བརྒྱའི་བར་དུ་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལ་སོ་སོར་རྟོག་པའི་གང་ཟག་རིམ་པས་འབྱུང་ངོ་། །ཞེས་དང་། ཀ་མ་ལ་ཤཱི་ལའི་རྡོ་རྗེ་གཅོད་པའི་འགྲེལ་བ་ལས། ལྔ་བརྒྱ་ཐ་མ་ལ་ཞེས་བྱ་བ་ལ། བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས་དེའི་ཕྱིར་ཐ་མ་ཞེས་བྱེ་བྲག་ཏུ་མཛད་དོ། །ཞེས་པས་ཉིས་སྟོང་ལྔ་བརྒྱར་གནས་པར་གསུངས་སོ། །འདིར་ཁ་ཐང་སྟོད་བསོད་རྒྱམ། ཅིག །རྡོར་གཅོད་འགྲེལ་པར་ཉིས་སྟོང་དང་། །ལྔ་བརྒྱར་སློབ་དཔོན་པདྨས་གསུངས། །ཞེས་སློབ་དཔོན་སངས་རྒྱས་གཉིས་པའི་དགོངས་པ་ཡིན་པར་བྱས་ཏེ་བརྟག་པར་བྱའོ། །ལྔ་པ་ནི། དགྲ་བཅོམ་པ་དགའ་བའི་བཤེས་ཀྱི་རྟོགས་བརྗོད་ལས། སྐྱེས་བུའི་ཚེ་ལོ་ཡར་འཕེལ་གྱི་བརྒྱ་ཐུབ་པ་ན་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པ་ཛམྦུའི་གླིང་འདིར་བྱོན་ནས་བསྟན་པ་གསོས་ཏེ་ཚེ་ལོ་དྲུག་བརྒྱའི་བར་དུ་གནས་པར་འགྱུར་ལ། ཚེ་ལོ་བདུན་བརྒྱ་པར་གྱུར་པ་ན་གནས་བརྟན་བཅུ་དྲུག་གིས་སྟོན་པའི་ཆོས་ཀྱི་ཚོགས་ཇི་སྙེད་བཞུགས་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་བཞུགས་སུ་གསོལ་ནས་སྟོན་པའི་མཚན་བརྗོད་དེ་ཕྱག་བྱས་ཤིང་། ཀུན་ནས་བསྐོར་བས་སྐྱིལ་ཀྲུང་བཅས་ཏེ་ལྷག་མེད་དུ་མྱ་ངན་ལས་འདའ་ལ། མཆོད་རྟེན་དེ་ཡང་ནུབ་ནས་གསེར་གྱི་ས་གཞི་ལ་གནས་པར་འགྱུར་ཞིང་། སྟོན་པ་འདིའི་བསྟན་པ་དམ་པའི་ཆོས་ནུབ་པར་འགྱུར་རོ། །དེ་ཕྱིན་ཡར་འཕེལ་གྱི་བསྟན་པ་ལ་རང་རྒྱལ་བྱེ་བ་ཕྲག་བདུན་འབྱུང་ཞིང་། ཚེ་ལོ་བརྒྱད་ཁྲི་པ་ལ་བྱམས་པ་འཇིག་རྟེན་དུ་འབྱོན་ནོ་ཞེས་བཤད་དོ། །

གཉིས་པ་དོན་ལ་གནས་པའི་ཕྱོགས་ནི། དཾཥྚ་སེ་ནའི་འབུམ་ཊཱིཀ་ཏུ། དེ་ལ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་པའི་འགྲེལ་པར། བཅོམ་ལྡན་འདས་ཀྱི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལས་སྟོང་ཕྲག་རེ་རེ་ལ་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་ཕྲག་བཅུ་ལ་ལེའུ་བཅུར་འགྱུར་ཏེ། དེ་ལས་ལྔ་བརྒྱ་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་ལ་རིམ་པ་ལྟར་དགྲ་བཅོམ་པ་དང་ཕྱིར་མི་འོང་བ་དང་རྒྱུན་ཞུགས་མང་དུ་འབྱུང་བས་དགྲ་བཅོམ་པའི་ལེའུ་དང་ཕྱིར་མི་འོང་བའི་ལེའུ་དང་། རྒྱུན་ཞུགས་ཀྱི་ལེའུ་ཞེས་བྱ་སྟེ་ཁོང་དུ་ཆུད་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་པ་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་ལ་གོ་རིམ་བཞིན་དུ་ལྷག་མཐོང་དང་ཏིང་ངེ་འཛིན་དང་ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས་དེ་དག་གི་ལེའུ་ཞེས་བྱ་སྟེ་སྒྲུབ་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་པ་བདུན་པ་དང་བརྒྱད་པ་དང་དགུ་པ་ལ་རིམ་པ་ལྟར་ཆོས་མངོན་པ་དང་མདོ་སྡེ་དང་འདུལ་བ་སྟོན་པ་མང་དུ་འབྱུང་བས་དེ་དག་སོ་སོའི་ལེའུ་སྟེ་ལུང་གི་ལེའུ་གསུམ་དང་། ལྔ་བརྒྱ་ཐ་མ་ནི་རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་དང་མི་ལྡན་པས་རྟགས་ཙམ་འཛིན་པའི་ལེའུ་སྟེ་འདི་ཉིད་ལྔ་བརྒྱ་ཐ་མ་ཞེས་བྱའོ། །ཞེས་གསུངས་པ་དང་། ཁ་ཅིག་དཾཥྚ་སེ་ན་དང་། ཁ་ཅིག་ལོ་ཙཱ་བ་ཡེ་ཤེས་སྡེས་མཛད་ཀྱང་ཟེར། ཕལ་ཆེར་དབྱིག་གཉེན་ཞབས་ཀྱིས་མཛད་པར་གྲགས་པ་ཡུམ་གསུམ་གྱི་འགྲེལ་པ་གནོད་འཇོམས་ལས། དེ་བཞིན་གཤེགས་པའི་བསྟན་པ་གནས་པ་ནི་ལོ་ལྔ་སྟོང་དུ་གསུངས་ཏེ། ཞེས་དང་། སློབ་དཔོན་འཇམ་དཔལ་གྲགས་པས་ཀྱང་། མངོན་པར་རྟོགས་པའི་དུས་གསུམ་དང་། སྒྲུབ་པའི་དུས་གསུམ་དང་། ལུང་གི་དུས་གསུམ་དང་། རྟགས་ཙམ་འཛིན་པའི་དུས་སོ། །ཞེས་གསུངས་ཏེ། དེ་རྣམས་མཐུན་པར་ལོ་ལྔ་སྟོང་གི་བར་དུ་གནས་པར་བཞེད་དོ། །ཇི་ལྟར་ཞེ་ན། དེ་ཡང་ལྔ་སྟོང་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་ཕྲག་བཅུར་འགྱུར་བ་ལས། ལྔ་བརྒྱ་དང་པོར་དགྲ་བཅོམ་དང་། དེ་བཞིན་གཉིས་པར་ཕྱིར་མི་འོང་དང་། གསུམ་པར་རྒྱུན་ཞུགས་ཏེ་འབྲས་བུ་གསུམ་ལ་ལྔ་བརྒྱ་ཕྲག་གསུམ་གྱི་ཡེ་ཤེས་ཁོང་ཆུད་ཀྱི་ལེའུ་འམ་མངོན་པར་རྟོགས་པའི་དུས་གསུམ་མོ། །དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ་རིམ་པར་ཤེས་རབ་དང་། ཏིང་ངེ་འཛིན་དང་། ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་མང་དུ་འབྱུང་བས་ལྔ་བརྒྱ་ཕྲག་གསུམ་པོ་དེ་ལ་སྒྲུབ་པའི་དུས་ཀྱི་ལེའུ་ཞེས་ཟེར་རོ། །དེ་ནས་ཡང་ལྔ་བརྒྱ་ཕྲག་གསུམ་ལ་རིམ་པར་མངོན་པ་དང་། མདོ་སྡེ་དང་། འདུལ་བའི་སྡེ་སྣོད་རྣམས་སྟོན་པ་མང་དུ་འབྱུང་བས་ན་དེ་གསུམ་ལ་ལུང་གི་ལེའུ་གསུམ་དུ་གྲགས་པ་དང་། བཅུ་པ་ལྔ་བརྒྱ་ཐ་མ་ལ་རབ་ཏུ་བྱུང་བའི་རྟགས་ཙམ་མ་གཏོགས་སྒྲུབ་པ་དང་ལུང་གཉིས་གཟུགས་བརྙན་དུ་སྤྱོད་པས་ལྟ་སྤྱོད་རྣལ་མ་མེད་པའི་ཕྱིར་རྟགས་ཙམ་འཛིན་པའི་ལེའུ་ཞེས་བཞེད་དོ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དགོངས་པ་ནི། འབྲས་བུའི་དུས་ལ་ལྔ་བརྒྱ་ཕྲག་གསུམ། ལུང་གི་དུས་ལྔ་བརྒྱ་ཕྲག་གསུམ། སྒྲུབ་པའི་དུས་ལྔ་བརྒྱ་ཕྲག་གསུམ་ཞེས་སྒྲུབ་པའི་སྔོན་དུ་ལུང་གི་དུས་འབྱུང་བར་བཞེད་མོད་ཀྱི། འདིར་རེ་ཞིག་སྔར་དྲངས་པའི་ལུང་དང་བསྟུན་ནས་བོད་སྤྱིའི་བཞེད་པ་ལྟར་བཀོད་ལ། འོན་ཀྱང་། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། འདིར་ཕལ་དག་ལུང་དང་སྒྲུབ་པ་གཉིས་གོ་བརྗེ་བར་སྣང་ཡང་དག་པར་མ་མཐོང་ངོ་། །ཞེས་པའི་བཀའ་ལ་འཁྲུལ་པ་མི་མངའ་བས་རྒྱུ་མཚན་དེས་ན་སྔར་དྲངས་པའི་ལུང་དེ་དག་རང་རང་གི་ཞེ་འདོད་དང་བསྟུན་ནས་ལྟག་འོག་བསྒྱུར་མ་བསྒྱུར་ལ་དཔྱད་པ་དགོས་པར་སྣང་ངོ་། །

གསུམ་པ་ནི། དེ་ལྟར་གནས་ཚད་ལ་མི་མཐུན་པ་མང་དུ་སྣང་བ་དག་བསྡུ་ན། སྔ་མ་སྟེ་ལོ་སྟོང་ལ་སོགས་པ་རྣམས་ནི་དགོངས་པ་ཅན་དང་། ཕྱི་མ་ལྔ་སྟོང་དུ་གནས་པ་ཉིད་དོན་ལ་གནས་པའི་ཕྱོགས་སུ་མཁས་པ་ཕལ་ཆེར་ཞལ་འཆམ་པར་སྣང་བས་འདིར་ཡང་དེ་ལྟར་བཟུང་ངོ་། །དེ་ཡང་རྒྱལ་བ་གཡུང་སྟོན་ཆེན་པོས་མཛད་པའི་བསྟན་རྩིས་ལས། བསྟན་པ་ལོ་སྟོང་ལས་མི་གནས་པར་གསུངས་པ་ལ་སོགས་པ་རྣམས་ནི་གནས་སྐབས་གནས་སྐབས་ཀྱི་དགོས་ཆེད་ལ་དགོངས་ནས་གསུངས་པར་མངོན་ནོ། །ཞེས་དང་། གྲུབ་མཐའ་མཛོད་ལས། མདོ་སྡེ་བསྐལ་བ་བཟང་པོ་དང་ལུང་ཕྲན་ཚེགས་ལས་ལོ་སྟོང་དུ་གསུངས་པ་དང་། སྙིང་རྗེ་པདྨ་དཀར་པོ་དང་ཟླ་བ་སྙིང་པོས་ཞུས་པའི་མདོ་ལས། ཉིས་སྟོང་བཤད་པ་དང་། ཀ་མ་ལ་ཤཱི་ལས་རྡོ་རྗེ་གཅོད་པའི་འགྲེལ་པར་ལྔ་བརྒྱ་ཕྲག་ལྔར་བཤད་པ་དང་། འབུམ་ཊིཀ་ལས་ལོ་ལྔ་སྟོང་དུ་བཤད་པའོ། །དང་པོ་ནི་གྲོལ་བ་ཐོབ་པ་ཤས་ཆེ་བའི་དབང་དུ་མཛད་པའོ། །གཉིས་པ་ནི་འབྲས་བུ་ལ་ཞུགས་པ་དང་ལུང་ལ་སློབ་པའི་དབང་དུ་མཛད་པའོ། །གསུམ་པ་ནི་ཕལ་ཆེར་ལྟ་བ་དང་སྒྲུབ་པ་མཐུན་པའི་དབང་དུ་མཛད་པའོ། །འདིར་ཐ་མ་དང་རྗེས་སུ་མཐུན་པའི་དབང་གིས་འཆད་དེ། ལོ་ལྔ་སྟོང་གི་སྟོང་ཕྲག་ཕྱེད་ཕྱེད་དུ་བཅད་པས། ལྔ་བརྒྱ་ཕྲག་བཅུ་ལས་སྐྱེ་རྒུའི་བདག་མོ་ལ་སོགས་པའི་བུད་མེད་རབ་ཏུ་བྱུང་བས་ལྔ་བརྒྱ་ཐ་མ་རྟགས་ཙམ་འཛིན་པར་བཤད་དེ་འགྲིབ་པ་ཞེས་བྱའོ། །ཞེས་དང་། འཇམ་དབྱངས་བསྟན་འཛིན་བཟང་པོས་ཀྱང་། གཞན་རྣམས་དགོངས་པ་ཅན་ཡིན་ཞིང་། །ལྔ་སྟོང་དོན་ལ་གནས་པར་དཔྱད། །ཅེས་སོ། །

གཉིས་པ་ནི། བསྟན་པའི་གནས་ཚད་དེའི་སྟེང་ནས་ཇི་ཙམ་འདས་པའི་ཚུལ་ནི་རྒྱལ་བ་མྱ་ངན་ལས་འདས་པའི་ལོ་གང་ཡིན་པ་དེ་ནི་གནས་ཚད་གསུངས་པའི་འདས་ལོའི་ཐོག་མ་ཡིན་ལ། ལོ་དེ་ནས་ད་ལྟར་གྱི་རབ་བྱུང་བཅུ་གཅིག་པ་འདིའི་ནང་གི་ལྕགས་མོ་བྱ་ལོ་འདིའི་སྔ་ལོའི་ལྕག །ས་སྤྲེའི་མཐའ་རྫོགས་པ་ཡན་ལོ་གྲངས་ཇི་ཙམ་འདས་ཤེ་ན། བཞེད་ཚུལ་མི་འདྲ་བ་མང་དུ་སྣང་བ་འདི་ལྟར་མཐོང་སྟེ། དེ་ལ་ཐོག་མར་ར་སའི་ཇོ་བོ་འདི་སྟོན་པ་བཞུགས་དུས་བྱམས་པས་བཞེངས་ནས་མྱ་ངན་ལས་འདས་པའི་འོག་ཏུ། ལྷ། ཀླུ། ཨུ་རྒྱན། སྲིན་ཡུལ། རྡོ་རྗེ་གདན། ནཱ་ལེནྡྲ། ཨོ་ཏནྟྲ་པུ་རི། རྒྱ་ནག་སོགས་གནས་སོ་སོར་བཞུགས་པའི་ལོ་བསྡོམས་ན་སུམ་སྟོང་ལྔ་བརྒྱ་ལྷག་དང་བཅས་པ་སོང་བར་འདོད་ལ། བོད་དུ་ཕེབས་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་ཆིག་སྟོང་ལྷག་སོང་བས། སྟོན་པ་མྱ་ངན་ལས་འདས་ནས་ལྕགས་བྱ་ཡན་ལ་ལོ་སྟོང་ཕྲག་བཞི་དང་ཆིག་བརྒྱ་ལས་མི་ཉུང་བ་ཞིག་འདས་པར་འདོད་དེ་བོད་ཀྱི་རྒྱལ་པོ་སྲོང་བཙན་གྱི་བཀའ་ཆེམས་ཀྱི་ཡི་གེར་གྲགས་པ་ལས་གསུངས་པའི་ལུགས་སོ། །ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའི་ཚེ་ཙན་དན་གྱི་སྐུས་རྒྱ་ནག་ཏུ་འགྲོ་དོན་བྱེད་པར་ལུང་བསྟན་པ་ལ་བརྟེན་ནས། སེ་ཆེན་རྒྱལ་སར་ཕེབས་ནས་ལོ་ངོ་ཕྱེད་དང་གསུམ་འགྲོ་བ་ཆུ་མོ་ཕག་ལ་བརྩིས་པས་མྱ་ངན་ལས་འདས་ནས་ཆུ་ཕག་ཡར་གཏོགས་པ་ཡན་ཆོད་ལ་ལོ་ཉིས་སྟོང་དང་བཅུ་གསུམ་ལོན་ཞེས་འབྱུང་ལ། དེའི་ཕྱི་ལོ་ཤིང་བྱི་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་བཞི་བརྒྱ་དང་བཅུ་བདུན་སོང་བའི་ཕྱིར། འདིའི་ལུགས་ཀྱི་སྟོན་པ་མྱ་ངན་ལས་འདས་ནས་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་བཞི་བརྒྱ་དང་སུམ་ཅུ་ཐམ་པ་འདས་ཏེ་ཙན་དན་ཇོ་བོའི་ལོ་རྒྱུས་ཀྱི་ལུགས་སོ། །ཡང་ཐང་གི་རྒྱལ་པོ་ཀའུ་ཛུང་ཞེས་པས་ས་ཕོ་སྟག་ལ་རྒྱལ་ས་བཟུང་བ་ཡན་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཆིག་སྟོང་ལྔ་བརྒྱ་རེ་དྲུག་འདས། དེའི་ཕྱི་ལོ་ས་ཡོས་ནས་ཞལ་ལུང་བརྩམས་པའི་རབ་བྱུང་བརྒྱད་པ་ཤར་བ་ཡན་ལ་ལོ་བརྒྱད་བརྒྱ་དང་གྱ་བརྒྱད་སོང་ཞེས་འབྱུང་། དེ་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་ཉིས་བརྒྱ་སོ་བཞི་སོང་བས། འདིའི་ལུགས་ཀྱི་སྟོན་པ་མྱ་ངན་ལས་འདས་ནས་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་དང་དྲུག་བརྒྱ་བརྒྱད་ཅུ་གྱ་བརྒྱད་དམ། ཡང་ན་ཐང་གི་རྒྱལ་ས་ཐོག་མར་བརྙེས་པ་དེ་སྔ་མ་ལས་དྲུག་ཅུ་སྐོར་གཅིག་གིས་དམན་པའི་ས་སྟག་དེ་ཡིན་པར་བྱས་ན་ལོ་ཉིས་སྟོང་དང་དྲུག་བརྒྱ་ཉེར་བརྒྱད་འདས་པ་སྟེ་ཐང་གི་ཡིག་ཚང་གི་ལུགས་སོ། །ཡང་ནེལྤ་པཎ་ཆེན་གྱི་ལུགས་ལ། སྟོན་པ་ཆུ་ཕོ་བྱི་བ་ལ་བལྟམས་ནས་བརྒྱད་ཅུ་བཞེས་པའི་ཉ་དྲུག་གི་ཚེས་བརྒྱད་ཁྲུམས་སྟོད་ཡོད་པ་ལ་འདས། དེ་ནས་ཆུ་ལུག་ཡན་ལ་ལོ་སུམ་སྟོང་བཞི་བརྒྱ་བརྒྱད་ཅུ་རྩ་བརྒྱད་ཐལ་ལོ་ཞེས་འདོད་དེ། ཆུ་ལུག་དེ་ནས་དེང་སང་གི་ལྕགས་བྱ་འདི་ཤར་བ་ཡན་ལ་འདས་ལོ་སུམ་བརྒྱ་དང་སོ་བརྒྱད་སོང་བས་སྟོན་པ་འདས་ནས་ལྕགས་བྱ་འདི་ཡན་ལ་ལོ་སུམ་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་དྲུག་འདས་པར་འདོད་དོ། །ཡང་ཨ་བྷ་ཡ། ཁ་ཆེ་པཎ་ཆེན། ནམ་མཁའ་བཟང་པོ་ལ་སོགས་པས་སྟོན་པ་མྱ་ངན་ལས་འདས་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་དང་ཉིས་བརྒྱ་ཉི་ཤུ་རྩ་བཞི་ཐལ་བར་འདོད་དེ། སློབ་དཔོན་ཨ་བྷ་ཡས་ཐུབ་པ་དགོངས་རྒྱན་དུ། ད་ལྟ་ནི་ལྔ་བརྒྱ་བཞི་པ་ལ་འཇུག་པར་གསུངས་པ་དང་། པཎ་ཆེན་ཤཱཀྱ་ཤྲཱིས་མེ་ཡོས་ཐང་པོ་ཆེར་རྩིས་ཏེ་འདི་ལྟར། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དེ་རྗེས་ལོ་ནི་སྟོང་ཕྲག་གཅིག །བདུན་བརྒྱ་དང་ནི་ལྔ་བཅུ་དང་། །ཟླ་བ་གཉིས་དང་ཟླ་བ་ཕྱེད། །དེ་བཞིན་ཉི་མ་ལྔ་རབ་འདས། །ཞེས་གསུངས་ཏེ། དེ་ལྟ་བུའི་མེ་ཡོས་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་བཞི་བརྒྱ་དང་བདུན་ཅུ་དོན་བཞི་འདས་པ་དང་། ལོ་ཙཱ་བ་ནམ་མཁའ་བཟང་པོས་བལ་པོའི་གཏན་ཚིགས་སུ། རིག་བྱེད་མིག་དང་ཆུ་གཏེར་དང་། །ཟླ་བར་བལ་པོའི་ལོ་རྣམས་བསྲེ། །ཞེས་བཀོད་ཅིང་། བལ་ལོ་ནི་ད་ལྟའི་ལྕགས་བྱ་ཡན་ལ་འདས་ལོ་བརྒྱད་བརྒྱ་བསྲེ་བར་བཞེད་པའི་ཕྱིར་རོ། །ཡང་སྟོན་པ་འདས་ནས་ལོ་ཉིས་སྟོང་བརྒྱད་བརྒྱ་སོ་བརྒྱད་འདས་པ་ཆུ་སྟག་ལ་བཙན་པོ་ཁྲི་གཙུག་གིས་རྩིས། དེ་ནས་ལོ་ཆིག་བརྒྱ་དང་བཅུ་གསུམ་འདས་པའི་ཤིང་ལུག་ལ་བཙན་པོ་ཡབ་མཆེད་ཁུ་དབོན་གྱིས་རྩིས། དེ་ནས་སོ་བརྒྱད་འདས་པའི་ཆུ་བྱ་ལ་རལ་པ་ཅན་འདས་པའི་དུས་སུ་རྩིས། དེ་ནས་བརྒྱ་དང་ཉེར་བཞི་འདས་པའི་མེ་གླང་ལ་སློབ་དཔོན་རོང་གོང་རིན་པོ་ཆེས་རྩིས། དེ་ནས་བཅུ་གཉིས་འདས་པའི་ས་གླང་ལ་སྟོད་ཀྱི་བཙན་པོ་ཡབ་མཆེད་རྣམས་དང་ཞང་ཞུམ་སེང་གེ་འཛོམ་པའི་དུས་སུ་རྩིས། དེ་ནས་ཉེར་བདུན་འདས་པ་མེ་འབྲུག་ལ་ལྷ་བླ་མ་ཡབ་སྲས་གསུམ་གཏུམ་ཡུལ་དུ་འཛོམ་པའི་ཚེ་རྩིས། དེ་ནས་བཅུ་གཉིས་འདས་པ་ས་འབྲུག་ལ་སྟོད་ལུང་པ་ཇོ་བོ་ཚུལ་ཁྲིམས་འབར་གྱིས་རྩིས། དེ་ནས་ཉེར་གསུམ་འདས་པ་ལྕགས་ཡོས་ལ་ཇོ་བོ་དཱི་པཾ་ཀཱ་རས་རྩིས། དེ་ནས་ང་དགུ་འདས་པ་ལོ་ཙཱ་བ་བློ་ལྡན་ཤེས་རབ་འདས་པའི་ཕྱི་ལོ་ལྕགས་སྟག་ལ་འདུ་བ་ཆེན་པོ་བྱས་པའི་དུས་སུ་རྩིས། དེ་ནས་བདུན་འདས་པའི་མེ་བྱ་ལ་ལྷ་སར་ཞང་ཚེ་སྤོང་ཆོས་ཀྱི་བླ་མས་རྩིས། དེ་ནས་ཉེར་དྲུག་འདས་པའི་ཆུ་ཕག་ལ་ཉང་བྲན་ཆོས་ཀྱི་ཡེ་ཤེས་ཀྱིས་རྩིས། དེ་ནས་བཅུ་བདུན་འདས་པ་ལྕགས་འབྲུག་ལ་ཆ་པ་ཆོས་སེང་གིས་རྩིས། དེ་ནས་ཉེར་བཞི་འདས་པ་ཤིང་འབྲུག་ལ་ནམ་མཁའ་བློ་གྲོས་ཀྱིས་རྩིས། དེ་ནས་དོན་གསུམ་འདས་པ་མེ་སྦྲུལ་ལ་མཆིམས་ཆེན་ནམ་མཁའ་གྲགས་ཀྱིས་རྩིས། དེ་ནས་ཉེར་གསུམ་འདས་པ་ལྕགས་འབྲུག་ལ་དབུས་པ་བློ་གསལ་གྱིས་རྩིས་ཏེ། དེ་ཡན་ལ་ལོ་སུམ་སྟོང་བཞི་བརྒྱ་དང་བཅུ་དྲུག་འདས་པར་བཞེད་དེ། དེ་ནས་ད་ལྟའི་ལྕགས་བྱ་ཡན་ལ་ལོ་བཞི་བརྒྱ་དང་གཅིག་སོང་བས། འདིའི་ལུགས་ཀྱི་སྟོན་པ་འདས་ནས་ལྕགས་བྱ་ཡན་ལ་ལོ་སུམ་སྟོང་བརྒྱད་བརྒྱ་བཅུ་བདུན་འདས་པར་བཞེད་དེ་གངས་ཅན་གྱི་མཁས་པ་མང་པོའི་ལུགས་སོ། །ཡང་བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་གྱི་ལུགས་ནི། བློ་ལྡན་ཤེས་རབ་འདས་པའི་ཕྱི་ལོ་ལྕགས་སྟག་གི་ལོ་ལ་འདུ་བ་ཆེན་པོ་བྱས་པའི་དུས་སུ་རྩིས་པ་དེ་ནས་ང་བདུན་འདས་པའི་མེ་ཕག་ལ་རྗེ་བཙུན་རྩེ་མོས་ཆོས་ལ་འཇུག་པའི་སྒོ་བརྩམས་པའི་ཚེ་རྩིས་པར་འདས་ལོ་སུམ་སྟོང་སུམ་བརྒྱ་བཞག་ཅིང་། འགའ་ཞིག་འདི་ལས་ལོ་གསུམ་གྱིས་མང་བར་རྩི་བ་ནི་མ་དག་པར་ཤེས་པར་བྱའོ། །ཞེས་རྔོག་ལོ་གཤེགས་པའི་ཕྱི་ལོ་ལྕགས་སྟག་རྩིས་པའི་འདས་ལོ་དེ་སྤྱི་ལུགས་ལས་ལོ་གསུམ་གྱིས་ཉུང་བར་མཛད་དོ། །མེ་ཕག་ནས་ཞེ་དགུ་འདས་པའི་མེ་བྱི་ལ་རྗེ་བཙུན་གྲགས་རྒྱལ་གཤེགས་པའི་ཚེ་འཇམ་དབྱངས་ས་པཎ་གྱིས་རྩིས་ཏེ། མེ་ཕོ་བྱི་བའི་ལོ་འདི་ཡན་ཆད་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་སུམ་བརྒྱ་བཞི་བཅུ་རྩ་དགུ་ལོན་ནོ། །ཞེས་གསུངས་ལ། དེ་ལྟར་རྩིས་པའི་ཕྱི་ལོ་མེ་གླང་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་བཞི་བརྒྱ་དང་རེ་བཞི་འདས་པས། འདིའི་ལུགས་ཀྱིས་སྟོན་པ་འདས་ནས་ལྕགས་བྱ་འདི་ཡན་ལ་ལོ་སུམ་སྟོང་བརྒྱད་བརྒྱ་དང་བཅུ་གསུམ་འདས་པར་བཞེད་དོ། །

གཉིས་པ་རྒྱུད་ལུགས་ཀྱི་བསྟན་རྩིས་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཐུན་མོང་མདོ་ལུགས་ཀྱི་བསྟན་རྩིས་བཤད་པའི་རྗེས་དེ་ནས་རྒྱུད་ཀྱི་ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། རྒྱུད་སྤྱིའི་ལུགས་དང་། ཁྱད་པར་དུས་ཀྱི་འཁོར་ལོའི་ལུགས་སོ། །དང་པོ་ནི། སྤྱི་ནི་བྱ་སྤྱོད་རྣལ་འབྱོར་ཏེ་ཕྱི་རྒྱུད་སྡེ་གསུམ་དང་། རྣལ་འབྱོར་བླ་ན་མེད་པ་ཐབས་ཀྱི་རྒྱུད་རྣམས་ནི་ཇི་སྲིད་ཐུབ་པའི་བསྟན་པ་ཅི་གནས་པ་དེ་སྲིད་དུ་གནས་པར་གསུངས་ཏེ། ཟླ་གྲགས་ཀྱི་སྒྲོན་མ་གསལ་བར། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་། ཇི་སྲིད་འཇིག་རྟེན་དུ་དམ་པའི་ཆོས་གནས་པ་དེ་སྲིད་ཀྱི་བར་དུ་རྡོ་རྗེ་ཐེག་པ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ལུང་ལ་བརྟེན་ནས་བསྐྱེད་པའི་རིམ་གྱིས་རྫོགས་པའི་རིམ་པ་རྟོགས་པར་བྱ་བ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་བརྩམས་ཏེ་གཏེར་དང་འདྲ་བར་སློབ་དཔོན་རྣམས་བརྒྱུད་པའི་རིམ་གྱིས་བླ་མའི་ཞལ་ནས་གསང་བ་འདུས་པ་རྣམས་ཀྱི་ཚེ་འདི་ལ་སངས་རྒྱས་ཉིད་དུ་འགྱུར་བའི་རྒྱུད་ལ་འཇུག་ཅིང་འཕོའོ། །ཞེས་དང་། ཞལ་ལུང་ལས། འདི་དོན་རྣམ་པར་འཕོ་བྱེད་པ། །གང་གི་དུས་སུ་གནས་པ་དེར། །སངས་རྒྱས་བསྟན་པ་རིན་ཆེན་ཡང་། །གནས་པར་རབ་ཏུ་བཤད་པ་ཡིན། །ཞེས་དང་། འཇམ་དཔལ་རྩ་བའི་རྒྱུད་ལས། དེ་བཞིན་ཤཱཀྱའི་གསུང་རབ་ལ། །ངེས་པར་རབ་བྱུང་གནས་ནས་ནི། །འཇིག་རྟེན་མིག་གཅིག་གྱུར་པ་ཡི། །ཐུབ་པ་མཆོག་ནི་བདེ་བ་ལ། །རྟག་ཏུ་སྔགས་སྨྲ་ལ་དད་པས། །བསྟན་པའི་དོན་ནི་བྱེད་པར་འགྱུར། །ཞེས་གསུངས་ཤིང་། སྟོབས་པོ་ཆེ་ལས་ཀྱང་། མདོ་སྡེ་འདི་ཡོངས་སུ་ནུབ་པའི་ཚེ། དེ་བཞིན་གཤེགས་པའི་བསྟན་པའང་ནུབ་པར་འགྱུར་ཏེ། མཚན་ཉིད་དེས་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །ཞེས་སོ། །ཤེས་རབ་མའི་རྒྱུད་ཟབ་མོ་རྣམས་ནི་སྲེག་པའི་བསྐལ་བའི་ཚེ་འཇིག་རྟེན་གྱི་ཁམས་གཞན་དུ་སོང་ནས་གསན་པར་གསུངས་པས་ནམ་ཡང་ནུབ་པར་མི་འགྱུར་ཏེ། དེ་ཡང་ཇི་སྐད་དུ་མཁའ་འགྲོ་རྒྱ་མཚོ་ལས། ཤེས་རབ་མ་ནི་རང་བྱུང་ཉིད། །ཅེས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་གསུངས་པའི་ཕྱིར་རོ་ཞེས་ཕལ་ཆེར་བཞེད། མཁས་པའི་དབང་པོ་ལ་ལ་དག །བོ་དོང་པཎ་ཆེན། དྲང་དོན་གྱི་ཐབས་རྒྱུད་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་བཅོས་མ་རྣམས་ནི་འཆི་བའི་ཚེ་རྒྱུན་ཆད་པས་སྲེག་པའི་བསྐལ་བ་ལ་སོགས་པར་མི་གནས་ལ། ངེས་དོན་གྱི་ཤེས་རབ་རྒྱུད་ནི་རང་བྱུང་ལྷུན་གྱིས་གྲུབ་པ་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་མི་ཤིགས་པ་ཡིན་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སུ་མི་ཤིགས་པའི་གོ་འཕང་རྗེས་སུ་འགྲོ་བས་བསྐལ་པ་སྲེག་པའི་དུས་སུ་ཡང་སྐྱེ་འཆི་མེད་པར་ཁམས་གཞན་དུ་སོང་ནས་ཡང་དག་པར་གནས་ཏེ། ཞེས་ངེས་དོན་དུ་ཕ་རྒྱུད་རྣམས་ཀྱང་རྒྱུན་མི་ཆད་ལ། དྲང་དོན་དུ་མ་རྒྱུད་ཀྱང་ཆད་པར་བཞེད་དོ། །གཞན་ཡང་ཐེག་པ་ཀུན་གྱི་རྩེ་རྒྱལ་རྫོགས་པ་ཆེན་པོ་སྙིང་པོ་དོན་གྱི་བསྟན་པ་ཡང་ཞིང་ཁམས་སོ་སོར་བསྟན་པའི་བཙས་འཕར་ཏེ་དར་བ་དང་ནུབ་པའི་དུས་བདུན་བདུན་བདུན་ཕྱེད་པར་གསུངས་ཏེ། ཇི་སྐད་དུ། ཐལ་འགྱུར་རྒྱུད་ཆེན་ལས། སྙིང་པོ་ལྡན་དང་རྫོགས་ལྡན་དང་། །ཞེས་སོགས་ཀྱིས་དར་ནུབ་བྱེད་ཚུལ་གྱི་རྣམ་གཞག་རྒྱས་པར་གསུངས་པ་ལས། བྱེ་བྲག་གླིང་འདིར་ཡང་ད་རེས་དར་བའི་དུས་བདུན་གསུངས་པའི་ཐ་མ་ཚེ་ལོ་བཅུ་པ་ཡིན་པར་བཤད་དོ། །གཞན་ཡང་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས། རྩ་རྒྱུད་ཤིན་ཏུ་རྒྱས་པ་ཆོས་སྐུའི་མིང་ཅན་དང་། རྩ་རྒྱུད་རྒྱས་པ་ལོངས་སྐུའི་མིང་ཅན་གཉིས་འོག་མིན་ན་བཞུགས་པས་ནུབ་མི་སྲིད་ལ། བསྡུས་རྒྱུད་སྤྲུལ་སྐུའི་མིང་ཅན་རྣམས་ནི་སྤྲུལ་པ་ལྟར་འཆར་ནུབ་ཅན་ཡིན་པར་བཤད་དོ། །ཤིན་ཏུ་ངེས་པའི་དོན་དུ། གསེར་འོད་དམ་པ་མདོ་སྡེ་དབང་པོའི་རྒྱལ་པོ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་དང་། སྒྱུ་འཕྲུལ་རྩ་བའི་རྒྱུད་གསང་བའི་སྙིང་པོ་ལས་ཀྱང་། སངས་རྒྱས་མྱ་ངན་ཞེས་སོགས་གསུངས་པ་དང་། ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་ལས་ཀྱང་། སེམས་ཅན་ཀུན་གྱི་ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་ཚུལ་འདི་དག་ཁོང་དུ་ཆུད་པ་བློ་ལྡན་གྱི་སྐྱེས་བུ་ཞེས་བྱ་བ་ཡིན་ཏེ། ལས་བརྒྱ་ལས། རྒྱ་མཚོར་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་པས། དྲང་བའི་དོན་དུ་བསྟན་པ་ལ་དར་གུད་ལྟར་སྣང་ཡང་། ངེས་པའི་དོན་དུ་གདུལ་བྱ་སྐལ་བ་ཅན་གང་ན་ཡོད་པ་དེར་སངས་རྒྱས་ཀྱི་ཕྲིན་ལས་ཡོལ་བ་མེད་པར་སྣང་བར་འགྱུར་བའི་ཕྱིར་བསྟན་པ་ལ་དར་གུད་མི་མངའ་བ་ཡིན་ནོ། །དེ་སྐད་དུའང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གྲུབ་མཐའ་རིན་པོ་ཆེའི་མཛོད་དུ། དྭངས་པའི་ཆུ་སྔོན་མཚོར་ནི་སྣང་བ་ཡི། །གཟའ་སྐར་གཟུགས་བརྙན་གསལ་བར་ཉེར་མཛེས་པ། །སྣང་ཡང་འཆར་ནུབ་རྙོག་པ་མེད་པ་ལྟར། །དེ་བཞིན་ཁྱབ་བདག་ཟླ་བའི་དཀྱིལ་འཁོར་ནི། །རྟག་ཁྱབ་མི་གཡོ་འོག་མིན་གནས་ན་མཛེས། །འགྲོ་སེམས་གཙང་མའི་ཆུ་ནང་བརྒྱན་པ་ནི། །མོས་དགེའི་ཕུན་ཚོགས་བསོད་ནམས་གོམས་པའི་གཟུགས། །སྐྱེ་རྒུའི་དབང་གིས་རབ་ཏུ་ཕྱེ་བ་ཡིན། །རྒྱལ་ཆོས་འཕགས་པའི་དགེ་འདུན་ཚོགས་མང་པོ། །བདེ་གཤེགས་མཛད་པའི་དབང་ལས་སྐྱེ་བར་འགྱུར། །བསྟན་པ་ཡིད་བཞིན་ནམ་མཁའ་ཀུན་ཁྱབ་ཅིང་། །ཐུགས་རྗེའི་སྤྲིན་ཚོགས་དུས་རིང་རྟག་གནས་པའོ། །ཞེས་གསུངས་སོ། །

གཉིས་པ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་བསྟན་རྩིས་ལ་གསུམ་སྟེ། སྔར་ཇི་ཙམ་འདས་པ། ད་ཇི་ཙམ་ལུས་པ། གནས་ཚད་ཐུན་མོང་མ་ཡིན་པའོ། །དང་པོ་ལ་གཉིས་ཏེ། གཞན་ལུགས་དང་། རང་ལུགས་སོ། །དང་པོ་ལའང་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། ཁྱད་པར་དུས་འཁོར་སོགས་རྐང་པ་གཉིས་སོ། །གཉིས་པ་ནི། དུས་ཀྱི་འཁོར་ལོའི་བསྟན་རྩིས་ཀྱི་ཕྱོགས་འདི་ལའང་མཁས་པ་རྣམས་དགོངས་བཞེད་མི་མཐུན་པའི་བཞེད་པ་མང་དུ་སྣང་ཡང་ཐམས་ཅད་འབྲི་བར་མ་ནུས་པས། འདིར་ཞལ་ལུང་དུ་འགོད་པར་མཛད་པ་ལ་ཕྱིས་ཀྱི་བཞེད་པ་འགའ་རེ་བསྣན་ཏེ་འབྲི་བར་བྱའོ། །དེ་ལ་ཐོག་མར་མཁས་གྲུབ་ཆེན་པོ་གཡུང་སྟོན་རྡོ་རྗེ་དཔལ་བའི་བཞེད་པ་ནི། སྟོན་པ་ཆུ་ཕག་ལ་ལྷུམས་སུ་ཞུགས། ཤིང་བྱི་དབྱར་རའི་ཉ་ལ་བལྟམས། ཉེར་དགུ་པ་ཆུ་འབྲུག་ལ་རབ་ཏུ་བྱུང་། སོ་ལྔ་པ་ས་ཁྱི་ལ་སངས་རྒྱས། བརྒྱད་ཅུ་པ་ཆུ་ལུག་ལ་གདུལ་བྱ་ཐུན་མོང་པའི་ངོར་མྱ་ངན་ལས་འདའ་ཚུལ་བསྟན་ཅིང་། ཐུན་མོང་མ་ཡིན་པའི་དོན་དུ་དཔལ་ལྡན་འབྲས་སྤུངས་སུ་དུས་ཀྱི་འཁོར་ལོའི་རྒྱུད་བསྟན། དེའི་ཕྱི་ལོ་ཤིང་སྤྲེལ་ནས། ལོ་བདུན་བརྒྱ་དང་། བརྒྱད་བརྒྱ་དང་། མེ་མཁའ་རྒྱ་མཚོ་རྣམས་འདས་པའི་མཐའི་རབ་བྱུང་ནས་བཟུང་། དྲུག་ཅུ་སྐོར་ལྔ་དང་། ལོ་རྐྱང་བཅུ་དྲུག་འདས་ལོར་བྱས་པའི་ཆུ་ལུག་ཡན་ལ་ལོ་ཉིས་སྟོང་ཉིས་བརྒྱ་ཉི་ཤུ་སོང་བར་བཞེད་ལ། དེ་ནས་ལྕགས་བྱ་འདི་ཡན་ལ་ལོ་སུམ་བརྒྱ་དང་སོ་བརྒྱད་སོང་བས། འདིའི་ལུགས་ཀྱི་རྒྱལ་བ་མྱ་ངན་ལས་འདས་པ་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ཉིས་སྟོང་ལྔ་བརྒྱ་ང་བརྒྱད་འདས་པར་བཞེད་དོ། །ཡང་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་ཆུ་རྟ་ཆུ་སྲིན་གྱི་ཁྱིམ་ཟླའི་ཚེས་ལྔ་ལ་བསམ་ཡས་སུ་རྩིས་པར། སྟོན་པ་འདས་ནས་ལོ་སྟོང་དང་དགུ་བརྒྱ་སུམ་ཅུ་རྩ་གཉིས། ཟླ་བ་བརྒྱད། ཞག་ལྔ་སོང་བར་བཞེད། ཆུ་རྟ་དེ་ནས་ད་ལྟའི་ལྕགས་བྱ་ཡན་ལ་ལོ་སུམ་བརྒྱ་དང་དགུ་བཅུ་གོ་དགུ་སོང་བས་འདིའི་ལུགས་ལ་ལྕགས་བྱ་འདི་ཡན་ལ་ཉིས་སྟོང་སུམ་བརྒྱ་སུམ་ཅུ་རྩ་གཅིག་འདས་པར་བཞེད་དོ། །ཡང་དཔལ་ལྡན་བླ་མ་དམ་པ་ནི། ཐུབ་དབང་མེ་ཡོས་ལ་བལྟམས། དོན་དགུ་པ་མེ་ཁྱི་ལ་རྩ་རྒྱུད་གསུངས། མེ་ཕག་ལ་མྱ་ངན་ལས་འདས། དེ་ནས་དྲུག་བརྒྱ་ན་གྲགས་པ་བྱོན་ཏེ་ཉིས་བརྒྱ་བཞུགས། དེ་ནས་སུམ་བརྒྱ་གོ་བདུན་ན་མེ་མཁའ་རྒྱ་མཚོའི་འགོ་ཟུག །གྲགས་པ་འདས་ནས་བརྒྱད་བརྒྱ་སོང་བ་ན་འདས་པ་བསྲེ་བར་གསུངས་པའི་རབ་བྱུང་ཤར་ཏེ། སྟོན་པ་འདས་ནས་དེ་ཡན་ལ་ལོ་སྟོང་དང་དྲུག་བརྒྱ་སོང་། དེ་ནས་ལྕགས་བྱ་འདི་ཡན་ལ་དྲུག་ཅུ་སྐོར་བཅུ་དང་ལོ་རྐྱང་ང་བཞི་འདས་པས་འདིའི་ལུགས་ལ་ལོ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་བཞི་འདས་པར་འདོད་དོ། །ཡང་རོང་པ་ངག་དབང་གྲགས་པ་ནི། ཐུབ་དབང་འདས་ནས་འདས་ལོའི་ཐོག་མའི་རབ་བྱུང་ཤར་བ་ཡན་ལ་ལོ་སྟོང་ལྔ་བརྒྱ་དང་གཅིག་སོང་བར་འདོད་ལ། དེ་ནས་ད་ལྟའི་ལྕགས་བྱ་ཡན་ལ་ལོ་དྲུག་བརྒྱ་ང་བཞི་འདས་པས་འདིའི་ལུགས་ལ་ལོ་ཉིས་སྟོང་ཆིག་བརྒྱ་ང་ལྔ་འདས་པར་འདོད་དོ། །ཡང་ཐེལ་པ་ཀུན་དགའ་རྒྱལ་མཚན་པ་ནི། སངས་རྒྱས་པའི་ཕྱི་ལོ་ལྕགས་སྦྲུལ་ལ་རྩ་རྒྱུད་གསུངས། དེ་ནས་ལོ་གཉིས་འདས་པ་ཆུ་ལུག་ལ་ལྷ་དབང་གིས་ཆོས་བསྟན་ནས་ཞེ་གསུམ་འདས་པ་མེ་སྟག་ལ་སྟོན་པ་མྱ་ངན་ལས་འདས། དེ་ནས་ལྷ་དབང་གིས་ལོ་ང་བདུན། ཆོས་རྒྱལ་ལྔས་ལྔ་བརྒྱ། གྲགས་པས་བརྒྱ་དང་གཅིག །རིགས་ལྡན་བརྒྱད་ཀྱིས་བརྒྱད་བརྒྱ། དེ་ནས་བརྒྱ་གྱ་གཉིས་འདས་པའི་མེ་ཁྱི་ལ་རྒྱལ་དཀས་རྒྱུད་འགྲེལ་འཕགས་ཡུལ་དུ་སྤྱན་དྲངས། དེ་ནས་ལྕགས་བྱ་འདི་ཡན་ལ་ལོ་བརྒྱད་བརྒྱ་དོན་ལྔ་ཐལ་བར་འདོད་པས་ཁྱོན་འདིའི་ལུགས་ལ་ལོ་ཉིས་སྟོང་ལྔ་བརྒྱ་བཅོ་ལྔ་འདས་པར་འདོད་དོ། །ཡང་འཇམ་པའི་དབྱངས་མདོ་སྔགས་བསྟན་འཛིན་བཟང་པོའི་ཞབས་ཀྱི་དགོངས་བཞེད་ནི་འདི་ལྟར། སྟོན་པ་ཉིད་ཤིང་བྱི་དབོ་ཟླའི་ཚེས་བརྒྱད་ལ་བལྟམས། ཉེར་དགུ་པ་ཆུ་འབྲུག་ལ་རབ་ཏུ་བྱུང་། སོ་ལྔ་པ་ས་ཁྱི་ལ་སངས་རྒྱས། དོན་དགུ་པ་ཆུ་རྟའི་ནག་ཉ་ལ་རྒྱུད་བསྟན། བརྒྱད་ཅུ་པ་ཆུ་ལུག་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ཀྱི་ནམ་གུང་མྱ་ངན་ལས་འདས། དེའི་ཕྱི་ལོ་ཤིང་སྤྲེ་ནས་དྲུག་བརྒྱ་འདས་པའི་ཤིང་སྤྲེ་ལ་གྲགས་པ་བྱོན་ནས་ལོ་བརྒྱར་ཆོས་བསྟན། དེ་ནས་བརྒྱད་བརྒྱ་འདས་པའི་ཤིང་སྤྲེ་ལ་ཀླ་ཀློ་ཞུགས་པ་དང་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས། དེ་ནས་བརྒྱ་གྱ་གཉིས་འདས་པ་མེ་ཁྱི་ལ་རྒྱལ་དཀའ་བྱོན། དེ་ནས་ཉིས་བརྒྱ་ཉེར་གཅིག་འདས་པའི་རབ་བྱུང་ལ་དུས་འཁོར་འཕགས་ཡུལ་དུ་ཕེབས། དེ་ནས་ལོ་ལྔ་བརྒྱ་དང་གོ་གཉིས་འདས་པའི་ས་ལུག་ཡན་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་གོ་ལྔ་འདས་ཞེས་གསུངས་ལ། དེའི་ཕྱི་ལོ་ལྕགས་སྤྲེ་ནས་ད་ལྟའི་ལྕགས་བྱ་ཡན་ལ་ལོ་དྲུག་ཅུ་རེ་གཉིས་འདས་པའི་ཕྱིར་འདིའི་ལུགས་ལ་སྟོན་པ་འདས་ནས་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་རྩ་བདུན་འདས་པར་བཞེད་དོ། །ཡང་མཁྱེན་རབ་ཀྱི་དབང་ཕྱུག་བུ་སྟོན་ཁ་ཆེ་ནི། ཆུ་རྟ་ལ་རྩ་རྒྱུད་གསུངས། ཆུ་རྟ་དེ་དང་ཆུ་ལུག་གཉིས་ཟླ་བཟང་གི་ལོ། དེ་ནས་ཤིང་སྤྲེ་ནས་ལོ་དྲུག་བརྒྱ་ན་གྲགས་པ་བྱོན་པ་སོགས་དེ་མན་ཆད་སྔ་མ་ལྟར་རྩིས་པས། རྩ་རྒྱུད་གསུངས་ནས་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་དང་ལྔ་བརྒྱ་ལྔ་བཅུ་ང་དགུ་འདས་པར་བཞེད་དོ། །ཡང་ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ་ཆེན་པོ་གཞོན་ནུའི་ཞབས་ནི་འདི་ལྟར་བཞེད་དེ། སྟོན་པ་སངས་རྒྱས་པའི་ཕྱི་ལོ་ས་བྱའི་ནག་ཉར་རྩ་རྒྱུད་གསུངས། ཕྱི་ལོ་ས་གླང་ལ་ཟླ་བཟང་གིས་རྒྱུད་བསྡུ་སོགས་མཛད། དེ་རྗེས་ལྕགས་སྟག་ནས་རིམ་པར་ཆོས་རྒྱལ་དྲུག་གིས་དྲུག་བརྒྱ། གྲགས་པས་ལོ་བརྒྱ། པད་དཀར་སོགས་བརྒྱད་ཀྱིས་བརྒྱད་བརྒྱ། དེ་རྗེས་ལྕགས་སྟག་ནས་རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་བརྒྱ། དེ་ནས་རྒྱལ་དཀས་ཆོས་བསྟན་ནས་གྱ་གཉིས་འདས་པ་ཆུ་འབྲུག་ནི་བྱེད་ལོ་བསྲེ་བའི་ལོ་བརྒྱད་ཀྱི་དང་པོ་ཡན་ལ། ལོ་བརྒྱད་འདས་པའི་ལྕགས་བྱི་ནི་བྱེད་པའི་ལོའི་དང་པོའོ། །དེ་ནས་བརྩམས་པའི་ལོ་བཅུ་ནི་རྒྱལ་དཀའི་སྐུ་ཚེའི་ལྷག །དེ་འོག་ལྕགས་ཁྱི་ནས་བརྩམས་ཏེ། ཉི་མ། སྣ་ཚོགས་གཟུགས། ཟླ་འོད་རྣམས་ཀྱིས་ལོ་བརྒྱ་རེ་ཆོས་བསྟན་པའི་ཟླ་འོད་ཀྱི་བཅུ་གཉིས་པ་ལྕགས་སྦྲུལ་ནི་མེ་མཁའ་རྒྱ་མཚོའི་འདས་ལོའི་ཐོག་མ་ཡིན་ནོ། །ཟླ་འོད་ཀྱི་རྗེས་སུ་མཐའ་ཡས་སོགས་བདུན་གྱི་ལོ་བརྒྱ་རེ་དང་། མིའི་སེང་གེས་ཆོས་བསྟན་ནས་དགུ་བཅུ་རྩ་གསུམ་རྣམས་ནི་འཁྲུལ་སེལ་བརྩམས་པའི་ཆུ་ཕོ་ཁྱི་ཡན་ལ་འདས་པར་བཞེད་ལ། དེ་ནས་ད་ལྟའི་ལྕགས་བྱ་ཡན་ལ་ལོ་ཉིས་བརྒྱ་དང་སོ་བརྒྱད་སོང་བའི་ཕྱིར་འདིའི་ལུགས་ཀྱི་རྒྱུད་གསུངས་ནས་ལྕགས་བྱ་ཡན་ལ་ལོ་སུམ་སྟོང་སུམ་ཅུ་རྩ་གསུམ་འདས་པར་བཞེད་དོ། །ཡང་ས་སྤྱོད་བྱང་པ་རྣམ་རྒྱལ་གྲགས་པ་ནི། ལྕགས་སྦྲུལ་ལ་སངས་རྒྱས་པའི་ཕྱི་ལོ་ཆུ་རྟ་ལ་རྒྱུད་གསུངས། ཆུ་ལུག་ནས་ཟླ་བཟང་གི་ལོ་གཅིག །ཆོས་རྒྱལ་དྲུག་དང་གྲགས་པ་རིགས་ལྡན་བརྒྱད་རྣམས་ཀྱིས་ལོ་བརྒྱ་རེ། དེ་འོག་མེ་མཁའ་རྒྱ་མཚོ་དང་རབ་བྱུང་ཕྱིན་གྱི་དྲུག་བརྒྱ་ང་བཞི་རྣམས་བསྲེས་པས་འདིའི་ལུགས་ཀྱི་རྒྱུད་གསུངས་ནས་ལྕགས་བྱ་ཡན་ལ་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་རྩ་དགུ་འདས་པར་འདོད་དོ། །ཡང་དེ་ལས་ལོ་གཅིག་ཕྲི་བས་ཉིས་སྟོང་ལྔ་བརྒྱ་ང་བརྒྱད་འདས་པར་འདོད་པ་ནི་འཇམ་དབྱངས་ཆོས་མགོན་གྱི་ལུགས་ཏེ། ཆུ་ལུག་ལ་རྩ་རྒྱུད་གསུངས་པར་འདོད་ལ། དེ་ནས་ལོ་དྲུག་བརྒྱ་ན་གྲགས་པ་བྱོན་པར་བཞེད་པས་སོ། །དགེ་ཡེ་བ་ཚུལ་སེང་ལ་སོགས་པའང་ལུགས་འདིའི་རྗེས་སུ་འཇུག་པར་བྱེད་དོ། །ཡང་ཇོ་ནང་པ་ཕྱོགས་ལས་རྣམ་རྒྱལ་ནི། སངས་རྒྱས་པའི་ཕྱི་ལོ་ནག་ཉ་ལ་རྩ་རྒྱུད་གསུངས་ནས་ལོ་དྲུག་བརྒྱ་ན་གྲགས་པ་བྱོན། དེ་ནས་དགུ་བརྒྱ་ན་མ་ཁར་ཀླ་ཀློ་འཇུག །དེ་མན་མེ་མཁའ་རྒྱ་མཚོ་སོགས་སྤྱི་ལྟར་འདོད་པས། འདིའི་ལུགས་ཀྱི་རྩ་རྒྱུད་གསུངས་ནས་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་ལྔ་བརྒྱ་ང་བདུན་འདས་པར་འདོད་དོ། །གསུམ་པ་ནི། བསྟན་རྩིས་དེ་དག་ཀུན་ཀྱང་གཞུང་བརྩམས་པའི་ལྕགས་བྱ་དེའི་སྔ་ལོའི་ལྕགས་སྤྲེའི་མཐའ་རྫོགས་པ་ཡན་གྱི་ལོ་ཚོགས་ཡིན་ཏེ། དེ་དག་རེ་རེས་བསྟན་པའི་གནས་ཚད་ལ་ཕྲི་བའི་ལྷག་མས་ད་ནས་མ་འོངས་པ་ན་བསྟན་པ་ཇི་ཙམ་ལྷག་མར་ལུས་པའི་ཚད་སོ་སོའི་ལུགས་མང་པོ་དེ་རྣམས་དཀའ་ཚེགས་མེད་པར་བདེ་བླག་ཏུ་ཤེས་པར་འགྱུར་རོ། །དེ་ལྟར་གཞན་ལུགས་བརྗོད་པ་འདི་རྣམས་ལ་སོ་སོའི་ཐད་འཁྲུལ་སྤོང་གི་དཔྱད་པ་རེ་བཀོད་ན་དགེ་མོད་ཀྱི། དེ་ལྟ་ནའང་རང་ལུགས་བཞག་པ་ཉིད་ཀྱིས་དཔྱད་པའང་དོན་གྱིས་བྱས་པར་བསམས་ཏེ་ཡི་གེས་འཇིགས་ནས་འདིར་མ་བྲིས་ལ། སྤྲོ་ན་ཞལ་ལུང་ཉིད་དུ་བལྟ་བར་བྱའོ། །

གཉིས་པ་རང་ལུགས་ལ་གཉིས་ཏེ། རྒྱུད་འགྲེལ་གྱི་འདས་ལོ་དངོས་བཤད་པ་དང་། དེ་ལ་བརྟེན་ནས་སྔོན་གྱི་དེབ་ཐེར་རྣམས་ལས་བྱུང་བའི་འཁྲུངས་ལོ་སོགས་ཉེར་མཁོ་འགའ་ཞིག་བཀོད་པས་མི་འཆུག་པའི་གཟེར་བཤད་པའོ། །དང་པོ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། དེ་ལྟར་ཞིབ་མོའི་སོགས་ཚིགས་སུ་བཅད་པ་གཉིས་ཏེ། གཞན་ལུགས་བརྗོད་པའི་རྗེས་དེ་ནས་དེ་རྣམས་ལ་དཔྱོད་པའི་ཕྱིར་རང་ལུགས་ལུང་རིགས་བཞིན་དུ་བཤད་ཀྱིས་ཉོན་ཅེས་མདོར་བསྟན་པའི་སྒོ་ནས་མཉན་པར་བསྐུལ་བའོ། །

གཉིས་པ་ལ་གསུམ་སྟེ། སྟོན་པས་རྒྱུད་གསུངས་ཚུལ། བསྡུ་བ་པོས་བསྡུས་ཤིང་འཆད་ཉན་གྱིས་གཏན་ལ་ཕབ་ཚུལ། ཀླ་ཀློ་ཞུགས་པ་ཕྱིན་གྱི་འདས་ལོའོ། །དང་པོ་ལ་བཞི་སྟེ། ལྷུམས་སུ་ཞུགས་པ། བལྟམས་པ། སངས་རྒྱས་པ། ཆོས་གསུངས་ཤིང་མྱ་ངན་ལས་འདས་པའི་དུས་སོ། །དང་པོ་ནི་མཉམ་མེད་སྟོན་པ་བཅོམ་ལྡན་འདས་ཟས་གཙང་གི་སྲས་པོ་དེ་ཉིད། དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ་ཧོར་ཟླ་དྲུག་པ་དབྱར་འབྲིང་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཅོ་ལྔའི་མཚན་མོའི་ཐུན་དང་པོའི་མཇུག་རྒྱལ་ནུབ་པའི་དུས་སྦྱོར་ནས་བརྩམས་ཏེ་གུང་ཐུན་གྱི་ཐོག་མའི་ཆ་ལ་སྤོས་ཀྱི་གླང་པོ་ཆེའི་རྣམ་པས་ཡུམ་གསོ་སྦྱོང་ལ་གནས་པའི་གློ་གཡས་པ་ནས་ལྷུམས་སུ་ཞུགས་སོ། །ཚུལ་འདི་ནི་འདུལ་བ་ལུང་དང་། མངོན་པར་འབྱུང་བའི་མདོ་ལས། མཚན་གྱི་གུང་ཐུན་ལ་ལྷུམས་སུ་ཞུགས་པར་གསུངས་པ་དང་། རྒྱ་ཆེ་རོལ་པའི་མདོ་ལས་ཀྱང་། ཚེས་བཅོ་ལྔའི་ཟླ་བ་ཉའི་སྐར་མ་རྒྱལ་གྱི་དུས་སུ། ཞེས་གསུངས་པ་ལ་སོགས་པའི་ལུང་དོན་ཀུན་དང་ལེགས་པར་འབྱོར་བ་ཡིན་ནོ། །གཞན་ཡང་དེར་མ་ཟད། ཉི་མའི་སྙིང་པོ་ལས། ཆུ་སྟོད་དང་ནི་ལྷ་མཚམས་ལ། །ཞེས་སོགས་རྒྱལ་ལ་སྐྱེས་པ་དེ་ཆུ་སྟོད་ལ་མངལ་དུ་འཇུག་པར་གསུངས་པས་དབྱར་འབྲིང་ཆུ་སྟོད་ཟླ་བའི་ཉ་ལ་མངལ་དུ་ཞུགས་པ་འདི་འཐད་པ་ཡིན་ཏེ། ཉི་སྙིང་ལས། ཟླ་ཉའི་ཟླ་བར་ཆུ་སྟོད་ཡིན། །བདག་གིས་དབྱར་འབྲིང་རིམ་བརྗོད་བྱ། །ཞེས་དེའི་ཉ་ལ་སྐར་མ་ཆུ་སྟོད་ཡོད་པར་བཤད་པས་སོ། །འདིར་ཁ་ཅིག་ན་རེ། ལྷུམས་ཞུགས་ཀྱི་དུས་ནི་རྒྱ་རོལ་ལས་དཔྱིད་ཟླ་ས་གའི་ཉ་ཡིན་པར་གསུངས་སོ། །ཇི་ལྟར་གསུངས་ན། དགེ་སློང་དག །དེ་ལྟར་དགུན་འདས་ཏེ་དཔྱིད་ཀྱི་དུས་དཔྱིད་ཟླ་ཐ་ཆུང་གི་ཚེ། སྐར་མ་ས་ག་ལ་བབས་པའི་དུས་ཀྱི་དམ་པ་ལ་ཤིང་རྣམས་ཀྱི་ལོ་མ་རྒྱས་ཤིང་མེ་ཏོག་མཆོག་ཏུ་རྒྱས་ནས། གྲང་དྲོ་དང་། མུན་པ་དང་། རྡུལ་མེད་ཅིང་། ས་གཞི་སྔོ་གཞོན་ནུ་སྐྱེས་པས་ཁེབས་པར་གནས་པའི་ཚེ། འཇིག་རྟེན་གསུམ་གྱི་གཙོ་བོ། འཇིག་རྟེན་གསུམ་གྱིས་མཆོད་པའི་དུས་ལ་བབས་པའི་ཚོད་ལ་རྣམ་པར་གཟིགས་ནས། ཚེས་བཅོ་ལྔའི་ཟླ་བའི་ཉའི་སྐར་མ་རྒྱལ་གྱི་དུས་སུ་ཡུམ་གསོ་སྦྱོང་བླངས་པའི་རུམ་དུ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ནས་ཤི་འཕོས་ཏེ་དྲན་བཞིན་ཤེས་བཞིན་དུ་གླང་པོ་ཆེའི་ཕྲུག་གུ་ཐལ་དཀར་མཆེ་བ་དྲུག་དང་ལྡན་པ། མགོ་བོ་ཁ་དོག་སྲིན་བུ་འདམ་བུ་ཆུ་ཤེལ་གྱི་མདོག་ལྟ་བུ། མཆེ་བ་ལ་གསེར་འཚིག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། དབང་པོ་ཉམས་པ་མེད་པར་བྱས་ཏེ། མའི་གློ་གཡས་ནས་ཞུགས་སོ། །ཞེས་གསུངས་པས་སོ་ཞེས་ཟེར་བ་མི་རིགས་ཏེ། དེ་འདྲའི་འཆད་ཚུལ་མདོ་དེའི་དགོངས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡིན་ན། འདུལ་བ་ལུང་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཟླ་བ་གང་ལ་བཙས། ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དཔྱིད་ཟླ་ཐ་ཆུང་ལའོ། །ཞེས་དཔྱིད་ཐ་ལ་བཙས་པར་བཤད་པས་མངལ་དུ་ཟླ་བ་བཅུ་གཉིས་བཞུགས་པར་འདོད་དགོས་ལ། འདོད་ན། རྒྱ་རོལ་ལས། དེ་ལྟར་ཟླ་བ་བཅུ་འདས་ཏེ། བྱང་ཆུབ་སེམས་དཔའ་བཙའ་བའི་དུས་ལ་བབ། ཅེས་སོགས་མདོ་དུ་མ་ནས་མངལ་དུ་ཟླ་བ་བཅུ་བཞུགས་པར་གསུངས་པ་དང་འགལ་ལོ། །དེ་ལ་མཁས་པ་ཁ་ཅིག །འབྲུག་པད། བཅུ་གཉིས་མ་སྨོས་པ་ནི་ལུང་སྒྲ་ཉམས་པས་བཤད་པ་མང་བའི་ཕྱིར་ཟེར་རོ། །དེ་ཡང་མ་ཡིན་ཏེ། ལུང་ཁ་ཅིག་སྒྲ་ཉམས་པས་བཤད་པ་ཡོད་པ་སྲིད་ཀྱི། ཐམས་ཅད་དུ་སྒྲ་ཉམས་ཀྱིས་བཤད་པས་མ་ཁྱབ་པའི་ཕྱིར་རོ། །དེས་ན་རྒྱ་རོལ་གྱི་མདོའི་ལུང་དེའི་དགོངས་པ་འདི་ལྟར་ཡིན་པས་བཤད་ཀྱིས་ཉོན་ཅེས་བསྐུལ་ནས། ཇི་ལྟར་ཞེ་ན། ཚེས་བཅོ་ལྔའི་ཟླ་བ་ཉའི། ཞེས་སོགས་མདོ་འོག་མས་ནི་ལྷུམས་ཞུགས་ཀྱི་དུས་བསྟན་ལ། དགེ་སློང་དག་ཅེས་སོགས་མདོ་གོང་མས་ནི་སངས་རྒྱས་པའི་དུས་བསྟན་པ་ཡིན་ཏེ། དཔེར་ན། རྒྱུ་གདགས་པ་ལས། དགའ་ལྡན་གྱི་ལྷའི་རིགས་ལས་ཤི་འཕོས་ནས་ཡུམ་གྱི་ལྷུམས་སུ་མཁྱེན་བཞིན་དུ་འཇུག་སྟེ། འཇུག་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། དེ་དྲན་པ་དེ་ཀུན་ཏུ་བསྟེན་ཅིང་སྒོམ་དེ་མང་དུ་བྱེད་དོ། །ཞེས་གསུངས་པ་དང་ཚུལ་མཐུན་པར། དཔྱིད་ཟླ་ཐ་ཆུང་ས་གའི་ཉའི་དུས་ཀྱི་ཚེ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དུས་ལ་བབས་པས། དགོས་པའི་མཆོག་དེ་ཉིད་མངལ་དུ་འཇུག་པའི་སྔོན་རོལ་ནས་གཟིགས་ཏེ་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔའི་རྒྱལ་གྱི་དུས་སྦྱོར་ལ་ལྷུམས་སུ་ཞུགས་པ་ཡིན་ནོ་ཞེས་འཆད་པ་མདོ་དེའི་དགོངས་པ་ཡིན་པའི་ཕྱིར་རོ། །གཉིས་པ་བལྟམས་པའི་དུས་ནི། ལྷུམས་སུ་ཞུགས་པ་དེ་ནས་ནག་པའི་ཉས་ཟླ་བ་རིལ་པོ་དགུ་དང་། དེའི་བཅུ་དྲུག་ནས་ས་གའི་ཚེས་བདུན་གྱི་བར་ཞག་གྲངས་ཉི་ཤུ་རྩ་གསུམ་གྱི་ངོ་དང་བཅས་པ་སྟེ་ཟླ་བ་བཅུ་ཕལ་ཆེར་འདས་པ། དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུའི་ལོ་ས་ག་ཟླ་བའི་ཡར་ངོའི་ཚེས་བདུན་གྱི་མཚན་མོའི་གུང་ཐུན་གྱི་ཆ་ལ་འཁྲུངས་སོ། །འདི་ཡང་རྒྱ་ཆེ་རོལ་པ་ལས། དགེ་སློང་དག་དེ་ལྟར་ཟླ་བ་བཅུ་འདས་ཏེ། ཞེས་སོགས་སྔར་དྲངས་པ་དང་། འདུལ་བ་ལུང་རྣམ་འབྱེད་བམ་པོ་ང་བརྒྱད་པར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཟླ་བ་བཅུ་འདས་ནས་ཡུམ་གྱི་ལྷུམས་ནས་བལྟམས་པ་དེའི་ཚེ། ཞེས་དང་། འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ལས། ང་ནི་ས་ལ་མངལ་གྱི་གནས་ན་ཟླ་བ་བཅུ་གནས་པ་དེ་ན་ཡང་ནི། ཞེས་དང་། སྙིང་རྗེ་པད་དཀར་གྱི་མདོའི་བམ་པོ་དགུ་པ་ལས་ཀྱང་། ཟླ་བ་བཅུར་མའི་མངལ་ན་གནས་པར་གྱུར་ཅིང་། ཞེས་སོགས་མདོ་དུ་མ་ནས་མངལ་དུ་ཟླ་བ་བཅུ་བཞུགས་པར་གསུངས་པའི་ཕྱིར་དེ་ནི་ལུགས་འདི་ལ་སྒྲུབ་བྱེད་ཚད་མ་ཡིན་ནོ། །དེ་ལ་ཁ་ཅིག་འདི་སྐད་དུ་སྨྲ་སྟེ། ལྷུམས་སུ་ཟླ་བ་དགུ་དང་ཞག་ཉེར་གསུམ་བཞུགས་པ་ལྟར་ན། མདོ་ལས་བྱང་ཆུབ་སེམས་དཔའ་དགའ་ལྡན་ནས་ཡུམ་སྒྱུ་འཕྲུལ་མའི་ཚེ་ལ་བརྟགས་པ་ན་ཟླ་བ་བཅུ་དང་ཞག་བདུན་ལས་མེད་པར་མཁྱེན་ནས་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། བལྟམས་ནས་ཞག་གྲངས་བདུན་ལ་ཡུམ་འདས་པར་གསུངས་པ་དང་འགལ་ལོ་ཞེས་ཟེར་རོ། །དེ་ལ་དོགས་པ་དེ་སྐྱེ་བ་བདེན་མོད། འོན་ཀྱང་། དེ་ནི་འདི་ལྟར་བཤད་པས་ཆོག་པའི་ཕྱིར་མི་འགལ་ཏེ། བྱང་ཆུབ་སེམས་དཔའ་རང་ཉིད་ཡུམ་གྱི་ལྷུམས་སུ་འཇུག་པའི་ཞག་བདུན་གྱི་སྔ་རོལ་དུཡུམ་གྱི་ཚེ་ལ་བརྟགས་པ་ན། མིའི་ཟླ་བ་བཅུ་དང་ཞག་བདུན་ལས་མེད་པར་མཁྱེན་ཅིང་། དེ་ནས་མིའི་ཞག་བདུན་སོང་བ་ན་ལྷུམས་སུ་ཞུགས་པ་ནས་མངལ་དུ་ཟླ་བ་དགུ་དང་ཞག་ཉེར་གསུམ་བཞུགས་པ་དང་། བལྟམས་ནས་ཞག་བདུན་ལ་ཡུམ་འདས་པར་བཤད་ན་ཅི་ཞིག་སྐྱོན་ཏེ་མེད་དོ། །དེ་ལྟ་ན་ཡུམ་གྱི་ཚེ་ལ་བརྟག་པ་དགའ་ལྡན་ནས་གཤེགས་ཀར་མ་ཡིན་ནམ་སྙམ་དུ་རྟོག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྷུམས་སུ་འཇུག་པའི་སྔ་རོལ་གྱི་མིའི་ཞག་བདུན་པོ་དགའ་ལྡན་ནས་གཤེགས་ཀའི་ཁོངས་སུ་མི་རྫོགས་པར་མ་ངེས་ཏེ། མིའི་ཞག་བདུན་ལ་འདོད་ལྷ་ཚེ་ཐུང་བ་རྣམས་ཀྱིའང་ཆུ་ཚོད་གཅིག་དང་། ཆུ་སྲང་བཅུ་ཙམ་ལས་མེད་པར་རྒྱུད་འགྲེལ་འདིར་གསུངས་པ་དང་། ཐུན་མོང་གི་མདོ་ལས་ཀྱང་དགའ་ལྡན་གྱི་ཞག་གཅིག་ལ་མིའི་ལོ་བཞི་བརྒྱ་རེ་ཡོད་པར་གསུངས་པས་སོ། །འཁྲུངས་སྐར་ཡང་། རྒྱ་རོལ་ལས། སྐར་མ་རྒྱལ་དང་ཡང་ལྡན་པར་གྱུར་པ་དང་། ཞེས་རྒྱལ་ལ་འཁྲུངས་པར་བཤད་པ་དང་ཡང་འགྲིག་སྟེ། ཉི་སྙིང་ལས། ཚེས་བདུན་ལ་ནི་རྒྱལ་ཡིན་ནོ། །ཞེས་ས་གའི་ཚེས་བདུན་དང་རྒྱལ་སྦྱར་ནས་གསུངས་པས་སོ། །སྐབས་འདིར་གྲུབ་མཐའི་རྩིས་དང་སྦྱར་ནས་ཞིབ་མོར་རྩིས་ན་ཡང་འགྲིག་པ་ཡིན་ཏེ། དེ་ཡི་ཉིན་རྩིས་གཟའ་གནས་སུ། །ཞེས་སོགས་འཆར་བའི་ཕྱིར་ན། ཏོག་ལས་ཀྱང་། ཐུབ་པ་ཁྱོད་ནི་རྒྱལ་ལ་སྐྱེས། །ཞེས་པ་དང་། ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། སྐར་མ་རྒྱལ་ལ་ཞེས་སོགས་གསུངས་ཤིང་། དེར་མ་ཟད་ཉི་སྙིང་ལས། ས་ག་ལ་ནག་པས་མཚན་ཐོབ་པར་བཤད་པ་ལྟར་ན་འདིའི་གུང་ལ་རྒྱལ་ནུབ་པའི་དུས་སྦྱོར་འོང་བས་དེ་དང་ཡང་བསྒྲིག་པར་ནུས་སོ། །དཔྱིད་ཟླ་ཐ་ཆུང་ལ་འཁྲུངས་པ་ཡང་། སྔར་དྲངས་པ་ལྟར་འདུལ་བ་གཞུང་དམ་པའི་ལུང་དང་། རྒྱ་རོལ་ལས་ཀྱང་། སྐྱེད་མོས་ཚལ་གྱི་དོག་སར་བདག་ནི་མཆི་བའི་རིགས་སོ་ལྷ་སོ་གའི་དུས་མཆོག །ཅེས་སོགས་སོ་ཀ་འཁྲུངས་པར་བཤད་པས་འགྲིག་ཅིང་། མཚན་གྱི་གུང་ལ་བལྟམས་པ་ཡང་། རྒྱ་རོལ་ལས། དེ་ནས་ལྷ་མོ་སྒྱུ་འཕྲུལ་བྱང་ཆུབ་སེམས་དཔའ་ཉིད་ཀྱི་གཟི་བརྗིད་དང་མཐུས། བྱང་ཆུབ་སེམས་དཔའ་བཙའ་བའི་དུས་ལ་བབ་པར་ཤེས་ཏེ། ནམ་གྱི་སྲོད་ལ་རྒྱལ་པོ་ཟས་གཙང་མའི་དྲུང་དུ་འོངས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཞེས་སྐུ་བལྟམས་པར་ཉེ་བའི་སྔ་ལོགས་སུ་གསུངས་པ་དང་། ཨ་བྷ་ཡས་ཀྱང་། དེ་ནས་ཟླ་བ་བཅུ་འདས་ཏེ་ལུམྦི་ནའི་ཚལ་དུ་ནམ་ཕྱེད་ཀྱི་ཐུན་ལ་བལྟམས་པ། ཞེས་དང་། འཇམ་དཔལ་རྩ་བའི་རྒྱུད་ལས་ཀྱང་། རྒྱུ་སྐར་དེ་བཞིན་རྒྱལ་དང་ནི། །སྐག་ལ་ཡང་ནི་གང་སྐྱེས་པ། །དེ་ནི་སྦལ་པའི་ཁྱིམ་ཡིན་ཏེ། །དགེ་དང་ལྡན་ཞིང་རྫུ་འཕྲུལ་ཆེ། །མདོག་ནི་སེར་པོ་དང་ལྡན་ཞིང་། །དེ་ནི་སྐྱེ་བ་མཆོག་དང་ལྡན། །རྟག་ཏུ་དེ་ནི་མཚན་ཕྱེད་དུ། །འདི་ནི་སྐྱེ་བར་བསྟན་པ་ཡིན། །ཞེས་སོགས་ཚད་མའི་ལུང་ཀུན་དང་ལེགས་པར་འབྱོར་རོ། །དེ་དག་གི་ཕྱིར་ན། ད་ནི་དཔྱད་པའི་གནས་འདི་ཡོད་དེ། དཔྱིད་ཟླ་ཐ་ཆུང་དང་། རྒྱུ་སྐར་རྒྱལ་དང་། མཚན་མོའི་གུང་ལ་འཁྲུངས་པ་ལ་སོགས་པ་རྣམས་ནི་འདུལ་ལུང་རྒྱ་རོལ་ལ་སོགས་པའི་རྣམ་པར་དག་པའི་ལུང་དེ་དག་གིས་གྲུབ་ཟིན་པའི་ཕྱིར་དང་། ལྕགས་སྤྲེལ་ལ་བལྟམས་པ་ནི་རྒྱུད་ཀྱི་འདས་ལོའི་ངེས་པ་དང་སངས་རྒྱས་པའི་གཟའ་འཛིན་ལ་སོགས་པས་འགྲུབ་པའི་ཕྱིར་དང་། ལོ་དེའི་ས་གའི་ཚེས་གཞན་ལ་རྒྱུ་སྐར་རྒྱལ་མི་འབྱུང་བ་ཉི་སྙིང་གི་མདོ་དང་། རི་མོས་ཀྱང་གསལ་བར་སྟོན་པའི་ཕྱིར་དང་། ཚེས་བཅོ་ལྔར་འཁྲུངས་པར་འཆད་པའི་ཕྱོགས་ལ་ཤེས་བྱེད་བཤད་རྒྱུ་ཅི་ཡང་མེད་པའི་ཕྱིར་དང་། དེ་ལྟ་བས་ན། དགེ་བའི་བཤེས་གཉེན་མཚོ་སྣ་བའི་ཞལ་ནས་འདུལ་བ་མདོ་རྩ་བའི་འགྲེལ་ཆུང་ལས། ཚེས་བདུན་ལ་སངས་རྒྱས་ཡུམ་གྱི་ལྷུམས་ནས་བལྟམས། ཞེས་བཤད་པ་ལྟར། དཔྱིད་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བདུན་སྐར་མ་རྒྱལ་ལ་བབ་པའི་ཚེ་སྐུ་བལྟམས་པའི་དུས་སྟོན་བྱའོ། །ཞེས་ཚེས་བདུན་གསལ་བར་གསུངས་པའི་ཕྱོགས་འདི་ཤིན་ཏུ་ལེགས་པས་ན་སེམས་ཡོད་རྣམས་ཀྱིས་བླང་བར་རིགས་པའི་གནས་སོ། །དེ་ཡང་སྔར་གྱི་ཉིན་རྩིས་དང་སྦྱར་ན་བལྟམས་པའི་དུས་ཚེས་ཞག་བརྒྱད་པ་ལ་བབས་པས་ན། མྱང་འདས་ཆེན་པོའི་ལུང་དང་། རྒྱ་ནག་ཏུ་ཆོས་དར་བའི་གཏམ་རྒྱུད་སོགས་ལས་ཚེས་བརྒྱད་ལ་བལྟམས་པར་བཤད་པ་དང་ཡང་འབྱོར་རོ། །གསུམ་པ་སངས་རྒྱས་པའི་དུས་ནི། དེ་ལྟར་དྲག་པོའི་ལོ་ལ་འཁྲུངས་ནས་དགུང་ལོ་ཉེར་དགུ་པ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོར་ཁྱིམ་ནས་བྱུང་སྟེ་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད་ནས། དགུང་ལོ་སོ་ལྔ་པ་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་དཔྱིད་ཟླ་ཐ་ཆུང་ས་གའི་ཉའི་མཚན་གྱི་ཐུན་ཐ་མའི་ཆ་སྐྱ་རེངས་འཆར་བའི་མཚམས་རྔ་བརྡུང་བར་རྩོམ་པ་ན་བླ་ན་མེད་པའི་བྱང་ཆུབ་བརྙེས་པ་ཡིན་ཏེ། མངོན་འབྱུང་དང་ལུང་བཞིའི་བམ་པོ་གྱ་གཉིས་པར། བྱང་ཆུབ་སེམས་དཔའ་ལོ་ཉི་ཤུ་རྩ་དགུ་བཞེས་ནས་ཁབ་ནས་བྱུང་ནས་ལོ་དྲུག་ཏུ་དཀའ་བ་སྤྱོད་པར་འགྱུར་ཏེ། དེ་ནས་བདུད་རྩི་རྟོགས་པར་གྱུར་བ་མཐོང་ངོ་། །ཞེས་དང་། གཞུང་དམ་པའི་བམ་པོ་སོ་བདུན་པར། ཟླ་བ་གང་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཁོང་དུ་ཆུད། ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དཔྱིད་ཟླ་ཐ་ཆུང་ལའོ། །ཞེས་དང་། རྒྱ་རོལ་ལས། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་བའི་དུས་ཀྱི་ཚེ་རྔ་བརྡུང་བའི་ནམ་ཚོད་ཙམ་ན། ཞེས་དང་། དབང་ལེའི་མདོར་བསྡུས་དང་པོ་ལས་ཀྱང་། ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཞེས་སོགས་གསུངས་པའི་ཕྱིར་རོ། །ཉ་དེའི་ཉིན་རྩིས་བྱས་པ་ན། གཟའ་གཅིག་དང་། ཆུ་ཚོད་སོ་བརྒྱད་ལ་སོགས་པ་འབྱུང་བའི་ཕྱིར་ན། འདུལ་བ་ལུང་གཞིའི་བམ་པོ་ལྔ་པ་ལས། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་ན་གྲགས་འཛིན་མ་ལ་ཡང་ཁྱེའུ་ཞིག་བཙས་སོ། །བདུད་རྩི་ཟས་ལ་ཡང་ཁྱེའུ་ཞིག་བཙས་སོ། །ཟླ་བ་ཡང་སྒྲ་གཅན་གྱིས་ཟིན་ཏོ། །ཞེས་དང་། གྲགས་འཛིན་མའི་བུའི་མིང་འདོགས་པར་བྱེད་དོ། །བཙུན་མོའི་འཁོར་གྱི་སྐྱེ་བོས་སྨྲས་པ། འདི་བཙས་པ་ན་ཟླ་བ་སྒྲ་གཅན་གྱིས་ཟིན་པས། དེ་བས་ན་ཁྱེའུའི་མིང་སྒྲ་གཅན་ཟིན་ཞེས་གདགས་སོ། །ཞེས་དང་། མངོན་པར་འབྱུང་བའི་མདོར་ཡང་། གཞོན་ནུས་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ། །དེ་ཐོས་པ་དང་། ཉི་མ་དེ་ཉིད་ལ་གྲགས་འཛིན་མ་ལ་ཡང་ཁྱེའུ་ཞིག་བཙས་སོ། །བདུད་རྩི་ཟས་ཀྱི་ལའང་ཁྱེའུ་ཞིག་བཙས་སོ། །དེ་ཉིད་ཀྱི་ཉིན་མོ་ཟླ་བ་ཡང་སྒྲ་གཅན་གྱིས་ཟིན་ཏོ། །ཞེས་དེ་ཚེ་ཟླ་བ་སྒྲ་གཅན་གྱིས་བཟུང་བར་གསུངས་པ་ལྟར་སངས་རྒྱས་པའི་ཞག་ངོ་དེ་ལ་གཟའ་འཛིན་བྱུང་བས་ལུང་དོན་དེ་དག་དང་ཡང་ལེགས་པར་འབྱོར་བ་ཡིན་ནོ། །འོ་ན་ཉིན་རྩིས་དེ་ལྟར་ན་འཚང་རྒྱ་བཞིན་པའི་དུས་ཀྱི་སྐར་མ་ནི་ལྷ་མཚམས་དང་། ཚེས་ཀྱང་བཅུ་དྲུག་པར་སོང་བས་སྔར་དྲངས་པའི་རྒྱ་རོལ་གྱི་ལུང་དང་མི་འགལ་ལམ་ཞེ་ན། རྒྱ་རོལ་ལས་གསུངས་པ་དེ་ནི་ཟླ་བའི་ཉ་དང་སྦྱར་བའི་སྐར་མ་ཙམ་ལ་དགོངས་པ་སྟེ། ཉི་སྙིང་ལས། ཟླ་རངས་ཚེས་ནི་བཅོ་ལྔ་ལ། །ས་ག་ཡིན་ཏེ་ས་ག་ཡི། །གོ་རིམ་བརྗོད་བྱ། ཞེས་དཔྱིད་ཟླ་ཐ་ཆུང་གི་ཉིན་ཞག་བཅོ་ལྔ་པ་དང་ས་གས་སྦྱར་བའི་ཕྱིར་རོ། །བཞི་པ་ཆོས་གསུངས་ཤིང་མྱ་ངན་ལས་འདས་པའི་དུས་ནི། སངས་རྒྱས་པའི་རྗེས་དེ་ནས་ཞག་ཞེ་དགུ་འདས་པ་ཤིང་རྟ་ཆུ་སྟོད་ཀྱི་ཡར་གྱི་ངོའི་ཚེས་བཞི་ལ་ཝཱ་ར་ཎཱ་སིར་འཁོར་ལོ་དང་པོ་བསྐོར་བ་ནས་བཟུང་། ལོ་གྲངས་བཞི་བཅུ་ཞེ་དྲུག་པ་མྱོས་ལྡན་ས་ཡོས་ཀྱི་བར་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། རྫོགས་སངས་རྒྱས་ནས་བཞི་བཅུ་རྩ་བདུན་པ་དང་། འཁྲུངས་ནས་ལོ་རིལ་པོ་བརྒྱད་ཅུ་པ་དང་ལོ་ངོ་བརྒྱད་ཅུ་རྩ་གཅིག་པ་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོའི་དཔྱིད་ཟླ་འབྲིང་པོའི་ཡར་ངོའི་ཚེས་བཅོ་ལྔ། ནག་པས་ཉ་བར། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོའི་ནང་གི་འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང་། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲོས་ཏེ། བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་ཉིད་རྡོ་རྗེ་སེང་གེའི་ཁྲིར་བཞུགས་ནས། དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་དཀྱིལ་འཁོར་གྱི་བདག་པོའི་རྣམ་པས་ཞུ་བ་པོ་མངལ་སྐྱེས་ཀྱི་རྒྱལ་པོ་ཟླ་བ་བཟང་པོ་དང་། ཉན་པ་པོའི་འཁོར་བྱང་ཆུབ་སེམས་དཔའ་དང་། ཤམྦྷ་ལའི་ཡུལ་གྱི་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་དང་། ལྷ་དང་ལྷ་མིན་ལ་སོགས་ཏེ་སྐལ་བ་དང་ལྡན་པའི་ཚོགས་དཔག་ཏུ་མེད་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་ཏེ། དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་ཤིང་། དེ་ནས་ཟླ་བ་གཅིག་འདས་པ་ས་གའི་ཉའི་མཚན་མོའི་ཐུན་བར་པའི་མཇུག་ནས་བརྩམས་ཏེ་ཐུན་ཐ་མའི་འགོའི་ཆ་ལ་མྱ་ངན་ལས་འདས་སོ། །དེ་སྐད་དུ་བརྗོད་པ་ལྟར། རྩ་རྒྱུད་འདའ་ཀ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་པ་ཡང་། དབང་མདོར་བསྟན་གྱི་འགྲེལ་པར་རྩ་བའི་རྒྱུད་ཀྱི་ལུང་དྲངས་པ་ལས། བྱ་རྒོད་ཕུང་པོའི་རི་ཆེན་པོར་ཞེས་སོགས་ཚིགས་བཅད་གཉིས་འདིར་དྲངས་པ་དང་། དབང་ལེའི་འགྲེལ་ཆེན་ལས། འཕགས་པའི་ཡུལ་འདིར་དཀར་པོའི་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔའི་མཐར་ནག་པོའི་ཚེས་གཅིག་འཇུག་པ་ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། ཐེག་པ་གསུམ་བསྟན་པར་མཛད་ནས། ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷཱ་ནྱ་ཀ་ཊ་ཀར། ཞེས་ཐེག་པ་གསུམ་དང་། ཁྱད་པར་ཤེར་ཕྱིན་གྱི་ཚུལ་བསྟན་པའི་རྗེས་སུ་དུས་འཁོར་གསུངས་པར་བཤད་པ་དང་། འགྲེལ་ཆུང་པདྨ་ཅན་ལས་ཀྱང་། དཔྱིད་ཟླ་ཐ་ཆུང་གི་ཉ་ལ་བདུད་བཅོམ་པར་མཛད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་མཛད་དོ། །དེ་ནས་ཡུལ་ཝཱ་ར་ཎཱ་སིར་གཤེགས་ནས་དབང་པོ་རྟུལ་པོར་གྱུར་པ་དང་། བླ་ན་མེད་པའི་བྱང་ཆུབ་ལ་སྐལ་བ་དང་མི་ལྡན་པའི་སེམས་ཅན་རྣམས་ལ་ཐེག་པ་འོག་མ་བཀའ་སྩལ་ཏོ། །དེ་ནས་དབང་པོ་འབྲིང་པོར་གྱུར་པ་དང་བླ་ན་མེད་པའི་བྱང་ཆུབ་ལ་མྱུར་བར་སྣོད་དུ་མི་འགྱུར་བའི་སེམས་ཅན་རྣམས་ལ་རྒྱུའི་རང་བཞིན་དུ་གྱུར་པའི་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱ་རྒོད་ཕུང་པོའི་རིར་བཀའ་སྩལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་ལ་ཐུགས་དགོངས་ཇི་ལྟ་བུར་གྱུར་ཅེ་ན། ཐེག་པ་ཆེན་པོ་བཀའ་གསང་སྔགས་མ་བསྟན་གྱི་བར་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མ་ཚང་བས་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། གཞན་ཡང་དབང་པོ་རྣོན་པོར་གྱུར་པ་རྣམས་ཀྱིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་མྱུར་བར་བྱང་ཆུབ་ཐོབ་པར་འགྱུར་བ་ཐུགས་ལ་དགོངས་ནས། འཇམ་དཔལ་དང་། ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་ལ་སོགས་པ་དང་ལྷན་ཅིག་ཏུ་ལྷོ་ཕྱོགས་སུ་གཤེགས་པར་ཐུགས་དགོངས་མཛད་དོ། །ཞེས་སོགས་གསུངས་སོ། །གཞན་ཡང་རྩ་བའི་རྒྱུད་དེ་ཉིད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ། །ཞེས་སོགས་དང་། བསྡུས་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡི་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་འབྱུང་། ཞེས་པའི་འགྲེལ་པར། ལོ་འདི་ཞེས་པ་དེ་བཞིན་གཤེགས་པས་ཆོས་བསྟན་པའི་ལོ་སྟེ། ཞེས་དང་། དྲི་མེད་འོད་ཀྱི་ཡེ་ལེའི་མཆོག་མི་འགྱུར་གྱི་མདོར་བསྡུས་ལས་ཀྱང་། འཇམ་དཔལ་དབྱངས་ཀྱང་ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན་ཤམྦྷ་ལའི་ཡུལ་དུ། ཞེས་སོགས་ཐེག་གསུམ་བསྟན་ཟིན་པའི་འོག་ཏུ་དུས་འཁོར་གསུངས་པ་དང་མྱ་ངན་ལས་འདས་པའི་ལོ་གཅིག་པར་བྱས་ཏེ། དེ་ནས་དྲུག་བརྒྱ་ན་གྲགས་པ་འབྱོན་པར་གསུངས་པ་སོགས་ལུང་གོང་འོག་རྣམས་འགལ་མེད་དུ་འགྲིག་པའི་ཕྱིར་ན། སྔ་རབས་ཀྱི་མཁས་པ་ཕལ་ཆེར། མངོན་སངས་རྒྱས་པའི་ཕྱི་དེའི་ལོའི་ནག་ཉ་ལ་རྩ་རྒྱུད་གསུངས་པར་བཞེད་པ་རྣམས་ནི་རྒྱུད་འགྲེལ་ཉིད་ཀྱིས་ཤིན་ཏུ་བཀག་པས་མི་འཐད་པར་ཤེས་པས་རྒྱང་རིང་པོར་དོར་བར་བྱའོ། །དེ་ལ་མཁས་དབང་དག །སངས་རྒྱས་ཀྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་ལོ་གཅིག་ཏུ་མ་ཟད་སྐད་ཅིག་ལའང་ཐེག་གསུམ་བསྟན་ཟིན་པས་སངས་རྒྱས་ཀྱི་མཛད་པ་ལ་བརྙས་པར་མ་བྱེད་ཅིག །ཅེས་གསུང་ངོ་། །སངས་རྒྱས་ཀྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ནི་བདེན་མོད་ཀྱི། འོན་ཀྱང་སྔ་ཕྱིའི་དུས་སྒྲིག་པ་སོགས་ལ་དེ་ལྟར་མི་རུང་སྟེ། འདི་ལ་ནི་དེ་སྐབས་ཀྱི་སྤྱི་མཐུན་འགྲོ་བའི་སྣང་ངོར་སྣང་རུང་ཞིག་གི་སྟེང་ནས་འཇོག་དགོས་པར་མ་ཟད། སྟོན་པ་སངས་རྒྱས་པ་དང་སྲས་སྒྲ་གཅན་འཛིན་འཁྲུངས་པ་དུས་མཉམ་ལ། སྒྲ་གཅན་འཛིན་གྱི་བཙས་སྟོན་ལ་སྐྱེ་བོ་ཀུན་དགའ་བས་ཁྱེའུའི་མིང་ཀུན་དགའ་བོར་གདགས་པར་ལུང་ལས་གསུངས་པ་དང་། འབྲས་སྤུངས་སུ་ཆོས་གསུང་པ་ནི་བྱ་རྒོད་ཕུང་རིར་ཤེར་ཕྱིན་བསྟན་ཚར་བའི་རྗེས་སུ་གསུངས་པར་རྩ་རྒྱུད་ཀྱི་ལུང་གིས་གྲུབ་ཅིང་། ཤེར་ཕྱིན་གསུང་ཚེ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ཞབས་རིམ་པ་ཡིན་ན། དེ་དག་མི་འགལ་བའི་ཚུལ་སུས་ཀྱང་སྨྲ་བར་མི་སྤོབས་པའི་ཕྱིར་རོ། །ལ་ལ་དག །ང་མྱ་ངན་ལས་འདས་ནས། ཞེས་པ་ཤོང་གི་འགྱུར་མ་དག་པ་ཡིན་གསུང་པ་ཡང་མི་རིགས་ཏེ། རྭ་འབྲོ་རྩ་མི་གྱི་ཇོ་སོགས་འགྱུར་རྙིང་ཐམས་ཅད་ན་དེ་བཞིན་དུ་ཡོད་པས་རྣམ་གཉིས་འགྱུར་དུ་མི་འབྱུང་བ་རྒྱ་དཔེའི་ཁྱད་པར་རམ་འགྱུར་སྐྱོན་གང་རིགས་སུ་སྣང་བའི་ཕྱིར་རོ། །གཞན་ཡང་ལོ་དྲུག་བརྒྱ་ན་གྲགས་པ་འབྱུང་བར་གསུངས་པའི་དྲུག་བརྒྱའི་ཐོག་མ་ལྷ་དབང་གིས་ཆོས་བསྟན་པའི་ལོ་དེ་ཤིང་ཕོ་སྤྲེའུ་ཡིན་པར་བྱེད་དགོས་ལ། ཤིང་སྤྲེ་དེའི་ཕྱི་མ་ཤིང་བྱ་ནས་ཡར་གྱེན་དུ་བགྲངས་པའི་ས་སྟག་གི་བར་གྱི་ལོ་བརྒྱད་པོ་དེ་རྣམས་གང་རུང་ཞིག་གི་ས་གའི་ཉའི་མཚན་མོ་སངས་རྒྱས་པའི་དུས་ཀྱི་གཟའ་འཛིན་གྱི་རི་མོ་འཆར་དགོས་ན་རྩིས་པ་ཐམས་ཅད་གནས་སྐབས་སུ་དག་པར་འདོད་པའི་རྒྱུད་ཀྱི་རྩིས་འཕྲོ་ཉིད་གཞིར་བཞག་ནས་ཡར་ལོག་བྱས་པས་མི་འཆར་བ་རི་མོས་སྟོན་པའི་ཕྱིར་དང་། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་སྡུད་པ་པོས་རྒྱུད་གླེགས་བམ་དུ་བྲིས་པ་དང་། ཟླ་བཟང་གཤེགས་པའི་ལོ་གྲངས་སོགས་འོག་ཏུ་འཆད་འགྱུར་རྣམས་ཀྱིས་ཀྱང་གནོད་པར་འགྱུར་བས་སོ། །དེ་དག་གི་ཕྱིར་ན་སངས་རྒྱས་པའི་ཕྱི་ལོ་རྒྱུད་བསྟན་པར་འདོད་པའི་ལུགས་ངན་འདི་དོར་ལ་ད་ནི་གཟུ་བོའི་ལམ་དུ་འཇུག་པར་གྱིས་ཤིག །དེ་སྐད་དུ་བརྙད་པ་ན་ཡང་ཁོ་ན་རེ། འོ་ན་ཁྱོད་ཀྱི་ལུགས་ཀྱི་འདའ་ཁར་རྒྱུད་གསུངས་པའི་འདོད་པ་འདི་ལའང་གནོད་པར་བྱེད་པ་འདི་ཡོད་དེ། དྲི་མེད་འོད་ལས། ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷཱ་ནྱ་ཀ་ཊ་ཀར། ཞེས་པས་ས་ག་ལ་སངས་རྒྱས་པ་ནས་བགྲངས་པའི་བཅུ་གཉིས་པ་སངས་རྒྱས་པའི་ཕྱི་ལོའི་ནག་ཉ་དེ་དང་འགྲིག་པའི་ཕྱིར་ན། ལོ་ངོ་གཉིས་པའི་ནག་ཉར་རྩ་རྒྱུད་གསུངས་པའི་ལུང་དོན་ཚད་མ་དེ་ཉིད་ཀྱིས་གནོད་པར་འགྱུར་རོ་ཞེ་ན། མི་གནོད་དེ། སྔར་ལེའུ་གཉིས་པར་བརྗོད་པ་ལྟར་ཡར་ངོ་སྔོན་འགྲོ་དང་། མར་ངོ་སྔོན་འགྲོའི་ལོ་འགོ་འཛིན་ཚུལ་གཉིས་པོ་རྒྱུད་འགྲེལ་ལས་གསུངས་པའི་ཚུལ་ཤེས་པར་བྱས་ལ། དེ་ཤེས་པ་ན་འདིའི་དོན་ལ་དཀའ་བ་ཅུང་ཟད་ཀྱང་མེད་དེ། འདི་ནི་མར་ངོ་སྔོན་འགྲོ་ལ་དགོངས་ནས་ལུག་ཁྱིམ་ས་ག་ཟླ་བ་དང་སྦྱར་བ་ཉིད་ཟླ་བའི་དང་པོའམ་ཐོག་མར་མཛད་པ་ན། དེའི་ཚེ་ནག་པ་ཟླ་བ་ཟླ་བའི་ཐ་མའམ་བཅུ་གཉིས་པར་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་དགག་ཏུ་མེད་པ་ཡིན་པའི་ཕྱིར་རོ། །དེས་ན་བཅུ་གཉིས་པ་ནག་པའི་ཉ་ལ་ཞེས་སོགས་ནི་དབང་ལེའི། ནག་པོའི་མཐར་ནི་དཀར་པོའི་ཚེས་ལ། ཞེས་སོགས་ཀྱི་འགྲེལ་པ་ཡིན་པའི་ཕྱིར། མཐར་ཞེས་པ་དེས་ནག་ཟླའི་ཉ་དེ་ནག་པ་ཟླ་བའི་མཐར་བཤད་པ་དང་། དཀར་པོའི་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔ་པའི་མཐར་ནག་པོའི་ཚེས་གཅིག་འཇུག་པ་ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ། ཞེས་ནག་ཉའི་མཐར་མར་ངོའི་ཚེས་གཅིག་འཇུག་པས་ས་གའི་ཟླ་བ་ཐོག་མར་བཤད་པས་སོ། །དེ་ལྟར་ན་ཁོ་བོའི་ཕྱོགས་ལ་དེ་འདྲའི་འགལ་བ་མེད་པའི་སྟེང་དུ། འཇམ་དཔལ་དབྱངས་ཀྱང་ང་མྱ་ངན་ལས་འདས་ནས། ཞེས་སོགས་ལུང་དོན་རྣམས་འགལ་མེད་དུ་འགྲིག་པའི་ལེགས་བཤད་ཀྱི་སྐྱེས་ཡོད་པས་ཁྱོད་ཀྱི་ལུགས་དེ་དང་འདྲ་བ་མ་ཡིན་ནོ། །དེ་ལྟར་དགུང་ལོ་རིལ་པོ་བརྒྱད་ཅུ་པར་མྱ་ངན་ལས་འདས་པ་ཡང་། གསེར་འོད་དམ་པ་ལས། ལོ་ནི་བརྒྱད་ཅུ་ཞིག་ཐུབ་སྟེ། །ཞེས་དང་། བྱེ་བྲག་ཏུ་བཤད་པར། རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་དང་། འཕགས་པ་གནས་བརྟན་པའི་གཞུང་འདུས་བྱས་དང་འདུས་མ་བྱས་ནས་རྣམ་པར་ངེས་པའི་ལེའུ་སོ་གསུམ་པར། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི་ལོ་བརྒྱད་ཅུ་བཞུགས་པ་ལ། ཞེས་སོགས་དང་། སྙིང་རྗེ་པད་དཀར་ལས། དགུང་ལོ་བརྒྱའི་ལྔ་ཆ་བཏང་བར་བཤད་པས་ཀྱང་བརྒྱད་ཅུར་ངེས་སོ། །དེ་ལྟ་ནའང་ས་གའི་ཚེས་བདུན་ལ་བལྟམས་ནས་ས་གའི་ཉ་ལ་གཤེགས་པས་ལོ་རིལ་པོ་བརྒྱད་ཅུ་པར་གྲུབ་ཀྱང་། ལྕགས་འབྲུག་ཤར་བའི་དབང་གིས་ལོ་ངོ་བརྒྱ་ཅུ་རྩ་གཅིག་པ་ཡིན་ལ། མཆོད་རྟེན་བརྒྱད་ཀྱི་བསྟོད་པར། ཙུན་དས་གསོལ་བཏབ་ཟླ་བ་གསུམ་དུ་བཞུགས། །ཞེས་པ་ལྟར་ན། འཇིག་རྟེན་པའི་དུས་ཀྱི་དང་པོ་དཔྱིད་ཡིན་པ་བཞིན་དེ་དང་སྒོ་བསྟུན་ཏེ་དཔྱིད་ར་ནས་ལོ་འགོ་བཟུང་བའི་དབང་དུ་བྱས་སམ་སྙམ་མོ། །ས་གའི་ཉའི་མཚན་ལ་མྱ་ངན་ལས་འདས་པ་ཡང་། མྱང་འདས་ཆེན་མོ་ལས། དཔྱིད་ཟླ་ཐ་ཆུང་གི་ཉའི་མཚན་གྱི་གུང་ཐུན་ལ་མྱ་ངན་ལས་འདས་པར་གསུངས་པ་དང་། ལུང་ལས། ནམ་གྱི་གུང་ཐུན་ལ་བསམ་གཏན་བཞི་པའི་རབ་མཐའ་ལ་མཉམ་པར་བཞག་ནས་མྱ་ངན་ལས་འདས་པ་དང་། སྙིང་རྗེ་པད་དཀར་ལས། ནམ་གྱི་ཐུན་ཐ་མ་ལ་མྱ་ངན་ལས་འདས་པར་བཤད་པ་དང་། དཀོན་བརྩེགས་ལས་ཀྱང་། ཞི་བའི་བློ་གྲོས་གང་གི་མཚན་མོ་མངོན་པར་རྫོགས་པར་སངས་རྒྱས་ནས། གང་གི་མཚན་མོ་མྱ་ངན་ལས་འདས་པའི་བར་དུ། ཞེས་མཚན་ལ་འདས་པར་གསུངས་ཏེ། དེ་ལྟར་ན་ཉི་སྙིང་ལས། དཔྱིད་ཟླ་ཐ་ཆུང་ལ་ནག་པས་མཚན་ཐོབ་པར་བཤད་པས། ཞག་འདིའི་མཚན་གྱི་ཐུན་བར་པའི་མཇུག་ལ་གྲོ་ཞུན་འཆར་བའི་དུས་སྦྱོར་འོངས་བས། སྣར་མ་ནག་པ་གྲོ་ཞུན་འཆི། །ཞེས་སྔར་དྲངས་པའི་ལུང་དང་ཡང་འབྱོར་བ་ཡིན་ནོ། །

གཉིས་པ་རྒྱུད་བསྡུས་ཤིང་འཆད་ཉན་གྱིས་གཏན་ལ་ཕབ་ཚུལ་ལ་གཉིས་ཏེ། རྩ་རྒྱུད་དང་། བསྡུས་རྒྱུད་དོ། །དང་པོ་ལ་གཉིས་ཏེ། ཟླ་བཟང་གིས་བསྡུས་ཤིང་བཤད་པ་དང་། ཆོས་རྒྱལ་དྲུག་གིས་བཤད་པའི་ལོ་གྲངས་སོ། །དང་པོ་ནི། རྒྱུད་གསུངས་ཤིང་མྱ་ངན་ལས་འདས་པའི་ཕྱི་ལོ་ལྕགས་སྦྲུལ་དེ་ལ་ཕྱག་རྡོར་གྱི་སྤྲུལ་པ་ཟླ་བཟང་གིས་རྩ་རྒྱུད་བསྡུས་ཤིང་ཤམྦྷ་ལའི་ཡུལ་དུ་གླེགས་བམ་ལ་བྲིས་པས་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་བྱུང་བས་ན་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་ཞེས་གྲགས་སོ། །དེ་ཉིད་འགྲེལ་པ་སྟོང་ཕྲག་དྲུག་ཅུ་པས་བཀྲལ་བ་དང་བཅས་པར་ལྕགས་སྦྲུལ་ཆུ་རྟ་དང་བཅས་པའི་ལོ་གཉིས་དང་། དེའི་སྟེང་དུ་ཆུ་ལུག་དང་བཅས་པའི་ལོ་གསུམ་གྱི་བར་དུ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སྐལ་ལྡན་རྣམས་ལ་དབང་བསྐུར་ཏེ་རྒྱུད་ལེགས་པར་བསྟན་ནས། རྒྱས་འགྲེལ་མཛད་པའི་ཕྱི་དེའི་ལོ་ཉི་མ་ཞེས་པ་ཆུ་ལུག་དེ་ལ་མ་ལ་ཡའི་སྐྱེད་མོས་ཚལ་དུ་དཀྱིལ་འཁོར་གྱི་འཁོར་ལོ་བཞེངས་ཏེ་སྤྲུལ་པའི་སྐུ་གང་ནས་འོངས་པའི་གནས་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་དུ་གཤེགས་ཞེས་གྲགས་སོ། །དེ་ལྟར་ཡང་། ཁམས་ལེའི་མདོར་བསྡུས་གསུམ་པ་ལས། དེ་བཞིན་གཤེགས་པའི་ངེས་པ་དེའི་ཕྱིར་རྩ་བའི་རྒྱུད་ཀྱི་རྒྱལ་པོ་སྟོང་ཕྲག་བཅུ་གཉིས་པ་དང་། རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པ་ཡང་ཤམྦྷ་ལ་ལ་སོགས་པའི་ཡུལ་གྱི་སྐད་གཞན་གྱི་གླེགས་བམ་ལ་བྲིས་ནས་རྒྱལ་པོ་ཟླ་བ་བཟང་པོས་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ལ་རབ་ཏུ་བསྟན་ཏོ། །དེ་ཉིད་དེ་ལ་མོས་པ་རྣམས་ཀྱིས་ཉན་ཅིང་བཀླགས་ཏེ་རང་གི་སེམས་ལ་བཟུང་ནས་གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་བསྟན་ཏོ། །རྒྱུད་བསྟན་པའི་དུས་དེ་ནས་སེམས་ཅན་རྣམས་ལ་དངོས་གྲུབ་ཀྱི་རྒྱུའི་སླད་དུ་དཀྱིལ་འཁོར་གྱི་འཁོར་ལོ་དང་རྫུ་འཕྲུལ་བསྟན་ནས་སྤྲུལ་པའི་སྐུ་གང་ནས་བྱོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་དུ་གཤེགས་སོ། །ཞེས་དང་། བསྡུས་པའི་རྒྱུད་ཆེན་གྱི་ཁམས་ལེའི་གོ་སླ་ལས། ཤམྦྷ་ལ་ཞེས་རབ་ཏུ་གྲགས་པའི་ཀ་ལཱ་པར་ནི་དཔལ་ལྡན་རྒྱལ་པོ་ཉི་མ་འགའ་ཞིག་གིས། །ལྷ་ཡི་དབང་པོ་རབ་མཆོག་མི་ཡི་བདག་པོར་བཞག་ནས་ཁྱོད་ནི་རང་གི་གནས་སུ་འགྲོ་བར་གྱིས། །ཞེས་རྒྱུད་འགྲེལ་གྱི་སྐབས་མང་པོར་ཉི་མ་འགའ་ཞིག་གི་སྒྲ་ལོ་གསུམ་ཕྱོགས་གསུམ་ལ་བཤད་པ་དང་མཐུན་ནོ། །དེ་ལྟར་ན་ལོ་དྲུག་བརྒྱ་ན་གྲགས་པ་འབྱོན་པར་གསུངས་པ་ཡང་རགས་པ་སྟེ། རྩ་རྒྱུད་གསུངས་པའི་ལོ་དང་ཟླ་བཟང་གི་ལོ་གསུམ་པོ་དྲུག་བརྒྱའི་ཁོངས་སུ་མི་གཏོགས་པས་གཞུག་དགོས་པའི་ཕྱིར་རོ། །མི་གཏོགས་པའི་རྒྱུ་མཚན་ཡང་། ཟླ་བཟང་། ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་དུ་གཤེགས་སོ། །ཞེས་པའི་དེ་མ་ཐག །དེ་ནས་ལྷ་དབང་གི་ལོ་བརྒྱའི་བར་རྒྱུད་སྟོན་པར་མཛད་དེ། དེ་བཞིན་དུ་གཟི་བརྗིད་ཅན་དང་། ཟླ་བས་བྱིན་དང་། ལྷའི་དབང་ཕྱུག་དང་། སྣ་ཚོགས་གཟུགས་དང་། ལྷའི་དབང་ལྡན་གྱིས་ཀྱང་ངོ་། །ཞེས་རྒྱལ་པོ་དྲུག་པོ་རང་ལ་ལོ་བརྒྱ་བརྒྱ་རེ་བཤད་པས་སོ། །གཞན་ཡང་། རྩ་རྒྱུད་གླེགས་བམ་ལ་བྲིས་ནས་ཟླ་བ་བཟང་པོས་ཤམྦྷ་ལ་པ་རྣམས་ལ་བསྟན་པར་ཁམས་ལེའི་མདོར་བསྡུས་གསུམ་པའི་ལུང་དྲངས་མ་ཐག་པ་དེས་གྲུབ་ལ། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་སྡེ་སྣོད་གསུམ་གླེགས་བམ་ལ་བྲིས་པར་བཤད་པ་ལྟར་དུས་འཁོར་ཡང་མྱ་ངན་ལས་འདས་རྗེས་ཡི་གེར་བྲིས་པར་ཁས་ལེན་དགོས་པས་ན། ཁ་ཅིག །ཟླ་བཟང་གི་ལོ་སྟོན་པའི་ལོའི་ཁོངས་སུ་གཏོགས་པར་བྱས་ཏེ། སྟོན་པའི་སྔོན་དུ་འདས་པ་དང་། སྟོན་པ་དང་འདའ་མཉམ་དུ་འདོད་པ་གཉིས་ཀ་མི་ལེགས་པ་ཉིད་དོ། །མྱ་ངན་ལས་འདས་པའི་རྗེས་སུ་རྒྱུད་ཡི་གེར་བྲིས་པར་ཁས་ལེན་དགོས་པའི་རྒྱུ་མཚན་གང་ཞེ་ན། ཁམས་ལེའི་མདོར་བསྡུས་བཞི་པ་ལས། རེ་ཞིག་ཡུལ་གྱི་ཁྱད་པར་གཞན་ལྟ་ཞོག་གི། དེ་བཞིན་གཤེགས་པ་མངོན་པར་རྫོགས་པ་སངས་རྒྱས་པ་འཕགས་པའི་ཡུལ་འདིར། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན། སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། དེ་བཞིན་གཤེགས་པའི་ངེས་པས་སྡེ་སྣོད་གསུམ་མ་གྷ་དྷའི་སྐད་ཀྱིས་བྲིས་སོ། །མདོ་སྡེ་སིནྡྷུའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་ལེགས་པར་སྦྱར་བའི་སྐད་ཀྱིས་སོ། །སྔགས་ཀྱི་ཚུལ་ལ་རྒྱུད་དང་རྒྱུད་གཞན་ནི་ལེགས་པར་སྦྱར་བའི་སྐད་དང་། ཐ་མལ་པའི་སྐད་དང་། ཟུར་ཆག་གི་སྐད་དང་། ལེགས་པར་སྦྱར་བ་མ་ཡིན་པར་རི་ཁྲོད་པ་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ཏེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་སྡུད་པར་བྱེད་པ་པོ་རྣམས་ཀྱིས་བྲིས་སོ། །དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱིས་སོ། །རྒྱ་ནག་ཆེན་པོར་རྒྱ་ནག་ཆེན་པོའི་སྐད་ཀྱིས་སོ། །པཱར་སི་ཀའི་ཡུལ་དུ་པཱར་སི་ཀའི་སྐད་ཀྱིས་སོ། །ཆུ་བོ་ཤཱི་ཏའི་བྱང་དུ་ཙམ་པ་ཀའི་ཡུལ་གྱི་སྐད་དང་། སྤྲེའུའི་ཡུལ་གྱི་སྐད་དང་། གསེར་ཞེས་བྱ་བའི་ཡུལ་གྱི་སྐད་ཀྱིས་སོ། །དེ་བཞིན་དུ་ཆུ་བོ་སྔོན་མོའི་བྱང་རུག་མ་ཞེས་བྱ་བའི་ཡུལ་གྱི་སྐད་དང་། སུ་རམ་མའི་ཡུལ་གྱི་སྐད་ཀྱིས་སོ། །དེ་ལྟར་གྲོང་བྱེ་བ་བྱེ་བའི་བདག་ཉིད་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་ཡུལ་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་བྲིས་སོ། །ཞེས་གསུངས་པས་སྟོན་པ་འདས་རྗེས་སུ་སྡུད་པ་པོ་རྣམས་ཀྱིས་རྒྱུད་འདི་དང་རྒྱུད་གཞན་རྣམས་ཡི་གེར་བྲིས་པ་གསལ་པོར་བྱུང་བ་ཉིད་དང་། ཤམྦྷའི་ཡུལ་དགུ་བཅུ་རྩ་དྲུག་ཏུ་རྒྱུད་ཡི་གེར་བྲིས་པ་དེ་རྣམས་ཀྱིའང་རྗེས་སུ་གསུངས་པའི་ཕྱིར་ན་ཟླ་བཟང་ཉིད་སྟོན་པ་གཤེགས་པའི་འོག་ཏུ་བཞུགས་པ་དང་། དེ་ཡང་བཤད་མ་ཐག་པ་ལྟར་དཔལ་ལྡན་རྒྱལ་པོ་ཉི་མ་འགའ་ཞིག་ཞེས་སོགས་ཀྱི་སྒྲས་ལོ་གསུམ་དུ་བཞུགས་པ་ཉིད་རྒྱུད་འགྲེལ་གྱི་ལུང་དང་ངེས་པར་འབྱོར་བ་ཡིན་ནོ། །གཉིས་པ་ནི། ཟླ་བཟང་གཤེགས་པ་དེའི་འོག་ཏུ་ཉི་སྒྲོལ་བྱེད་ཤིང་ཕོ་སྤྲེའུའི་ལོ་ནས་བཟུང་སྟེ་རིམ་པར། ས་སྙིང་གི་སྤྲུལ་པ་ལྷ་དབང་དང་། གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་གཟི་བརྗིད་ཅན་དང་། སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བས་བྱིན་དང་། རྨུགས་བྱེད་ཀྱི་སྤྲུལ་པ་ལྷའི་དབང་ཕྱུག་དང་། རྟ་མགྲིན་གྱི་སྤྲུལ་པ་སྣ་ཚོགས་གཟུགས་དང་། ནམ་སྙིང་གི་སྤྲུལ་པ་ལྷའི་དབང་ལྡན་ཏེ་ཆོས་རྒྱལ་དྲུག་པོ་རེ་རེས་ཀྱང་དཀྱིལ་འཁོར་གྱི་ཁང་པའི་སྒོ་ཁང་དུ་ལོ་བརྒྱ་བརྒྱའི་བར་དུ་རྩ་རྒྱུད་རྒྱས་འགྲེལ་དང་བཅས་པ་བསྟན་པའི་སྒོ་ནས་འཆད་ཉན་མཛད་དོ། །གཉིས་པ་ལ་གཉིས་ཏེ། གྲགས་པས་བསྡུས་ཚུལ་དང་། རིགས་ལྡན་བརྒྱད་ཀྱིས་བཤད་པའི་ལོ་གྲངས་སོ། །དང་པོ་ནི། ཆོས་རྒྱལ་དྲུག་གིས་ལོ་བརྒྱ་རེ་ཆོས་བསྟན་པའི་ཕྱིར་ལྷ་དབང་བྱོན་ནས་ལོ་དྲུག་བརྒྱ་འདས་པའི་ཤིང་སྤྲེ་ནས་འཇམ་དཔལ་གྱི་སྤྲུལ་པ་རིགས་ལྡན་གྲགས་པས་ལོ་བརྒྱའི་བར་དུ་རྩ་བའི་རྒྱུད་ཀྱི་ཆོས་བསྟན་པ་རྫོགས་མཐའ་སྟེ་མྱ་ངན་ལས་འདའ་བ་ལ་ཕྱོགས་པ་མིག་དམར་ཤིང་བྱིའི་ལོའི་ནག་པའི་ཉར་ཉི་མའི་ཤིང་རྟ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བྱིན་ཏེ་མི་རིགས་བཞི་པོ་རྡོ་རྗེའི་རིགས་གཅིག་ཏུ་བཀས་བཅད། རྩ་རྒྱུད་ལས། དེས་ན་སྙིང་པོའི་དོན་བསྡུས་འདི། །ཐམས་ཅད་མཁྱེན་སོགས་བདག་འདོད་དོ། །འཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་པར་འགྱུར། །སྡུད་པར་བྱེད་པ་པོ་ཡང་འདི། །ཞེས་ལུང་བསྟན་པ་ལྟར། མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལས། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཡི་གེ་ཉེར་གཅིག་པ་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་བཅིངས་པའི་ཚིགས་བཅད་སྟོང་དང་སུམ་ཅུ་ལེའུ་ལྔའི་བདག་ཉིད་ཅན་དུ་བསྡུ་བར་མཛད་དེ་གཤེགས་སོ། །དེ་ཡང་ལོ་བརྒྱའི་བར་དུ་རིགས་ལྡན་མ་ཡིན་ཡང་རིགས་བཞི་རིགས་གཅིག་ཏུ་མཛད་པ་ནས་རིགས་ལྡན་དུ་གྱུར་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། པད་དཀར་གྱི་འགྲེལ་ཆེན་བརྩམས་པའི་ལོ་དང་། པད་དཀར་སོགས་བརྒྱད་ཀྱིས་བསྡུས་རྒྱུད་བསྟན་པའི་ལོ་གྲངས་སོ། །དང་པོ་ནི། གྲགས་པ་གཤེགས་པའི་མིག་དམར་ཤིང་བྱིའི་ལོ་དེ་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རིགས་ལྡན་པདྨ་དཀར་པོ་སེང་ཁྲིར་འཁོད་དེ། རྩ་རྒྱུད་ལས། འགྲེལ་བཤད་བྱེད་པོ་པད་དཀར་འཛིན། །ཞེས་ལུང་བསྟན་པ་ལྟར་འགྲེལ་ཆེན་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་འདི་བརྩམས་པར་མཛད་དོ། །གཉིས་པ་ནི། པད་དཀར་གྱི་བསྡུས་རྒྱུད་ལོ་བརྒྱར་བསྟན་པའི་རྗེས་དེ་ནས་བཟུང་སྟེ་རིམ་པར་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་བཟང་པོ་དང་། ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་དང་། རྨུགས་བྱེད་ཀྱི་སྤྲུལ་པ་བཤེས་གཉེན་བཟང་པོ་དང་། སྒྲིབ་སེལ་གྱི་སྤྲུལ་པ་རིན་ཆེན་ཕྱག་དང་། ཁེངས་བྱེད་ཀྱི་སྤྲུལ་པ་ཁྱབ་འཇུག་སྦས་པ་དང་། ནམ་སྙིང་གི་སྤྲུལ་པ་ཉི་མ་གྲགས་པ་དང་། བགེགས་དགྲའི་སྤྲུལ་པ་ཤིན་ཏུ་བཟང་སྟེ། དེ་ལྟར་པད་དཀར་སོགས་རིགས་ལྡན་བརྒྱད་པོ་དེ་རྣམས་ཀྱིས་ལོ་བརྒྱ་བརྒྱ་སྟེ་ཁྱོན་ལོ་བརྒྱད་བརྒྱའི་བར་དུ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་སྟོན་པར་མཛད་དོ། །

གསུམ་པ་ཀླ་ཀློ་ཞུགས་པ་ཕྱིན་གྱི་ལོ་ལ་གཉིས་ཏེ། འདས་ལོ་དངོས་དང་། དེ་ཀླ་ཀློའི་གནས་ཚད་དང་སྒྲིག་པའོ། །དང་པོ་ལ་བཞི་སྟེ། རྒྱ་མཚོ་རྣམ་རྒྱལ་གྱི་སྐུ་ཚེའི་ཚད། རྒྱལ་དཀའི་སྐུ་ཚེའི་ཚད། དེ་གཉིས་བསྡོམས་པས་མེ་མཁའ་རྒྱ་མཚོར་འགྱུར་ཚུལ། དེ་ལ་བསྲེ་རྒྱུའི་རབ་བྱུང་ཕྱིན་གྱི་འདས་ལོའོ། །དང་པོ་ནི། ཤིན་ཏུ་བཟང་གིས་ཆོས་བསྟན་པའི་འོག་ཏུ་ཉི་སྒྲོལ་བྱེད་ཤིང་ཕོ་སྤྲེའུའི་ལོར། ཀླ་ཀློའི་སྟོན་པ། ཨ་རྡོ་དང་། ཨ་ནོ་གྷ་དང་། ཕག་ལྡན་དང་། བྱི་བ་དང་། དབང་པོ་དང་། གོས་དཀར་ཅན་དང་། མ་དྷུ་མ་ཏི་དང་། འཇོམས་བྱེད་དེ་བརྒྱད་བཤད་པའི་ནང་ནས། བདུན་པ་མ་དྷུ་མ་ཏི་སྟེ་མངར་ལྡན་ནམ་སྦྲང་རྩིའི་བློ་གྲོས་ནི་རྒྱ་གར་ནུབ་ཕྱོགས་མ་ཁ་སྟེ་སོག་པའི་ཡུལ་ཏྲི་ཌི་ཞེས་པ་གྲོང་བྱེ་བས་བརྒྱན་པར་བཱ་ག་ད་ལ་སོགས་པའི་གྲོང་དུ་བྱུང་སྟེ། དེས་ཀླ་ཀློ་སྟག་གཟིག་རྣམས་ཀྱི་ཆོས་ལུགས་དར་བར་བྱས་སོ། །དེ་ཞུགས་པ་དང་དུས་མཉམ་པར། ཕྱག་རྡོར་གྱི་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ་ཤམྦྷ་ལའི་སེང་ཁྲིར་ཕེབས་ཏེ་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་ཀྱི་བར་དུ་ཆོས་སྟོན་པ་པོར་བཞུགས་སོ། །ཀླ་ཀློ་དེའི་ཆོས་ལ་མུ་སྟེགས་པ་རྣམས་ཀྱང་ཞུགས་པའི་དབང་གིས་དུས་དེར་ཕྲག་དོག་གི་བསམ་པས་གཞན་གྱིས་མི་ཤེས་པར་བྱ་བའི་ཕྱིར་སྐར་རྩིས་ཀྱི་གྲུབ་པའི་མཐའ་སྦས་ཏེ། ཉུང་ངུའི་བྱེད་པ་ཞེས་བྱ་བའི་རྩིས་རེ་ཞིག་གི་བར་གཟའ་སྐར་གྱི་འགྲོས་སོགས་རྟོགས་པར་སླ་ལ་ལག་ལེན་བྱེད་བདེ་ཡང་། མ་འོངས་པ་ན་གཟའ་སྐར་གྱི་འགྲོས་མི་ཤེས་པའི་རྩིས་ཀྱི་གྲུབ་པའི་མཐའ་སྦས་པ་ཞིག་བརྩམས་པས། སྐར་མཁན་མཐའ་དག་རང་གི་ལུགས་དོར་ནས་ཚམ་ཚོམ་མེད་པར་དེ་ལ་འཇུག་པས་ཆུ་བོ་ཤཱི་ཏའི་ལྷོར་མུ་སྟེགས་པའི་གྲུབ་པའི་མཐའ་བཞི་ཉམས་པར་བྱས་པ་སྟེ། རྒྱུད་ལས། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱི་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག །དེ་ཡི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་རིག་པར་བྱ། །མཐའ་དག་ས་གཞི་ལ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་དུས་ཀྱི་སྦྱོར་བ་ལ་འབྱུང་འགྱུར། །ཞེས་སོ། །གཉིས་པ་ནི། རྒྱ་མཚོ་རྣམ་རྒྱལ་གྱི་སྐུ་ཚེའི་ཚད་བརྒྱ་གྱ་གཉིས་པ་དེ་འདས་པའི་འོག་མི་ཟད་པ་མེ་ཕོ་ཁྱིའི་ལོར་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྒྱལ་དཀའ་རྒྱལ་སར་ཕེབས་མ་ཐག་པར་སྟོན་པས་མ་འོངས་ལུང་བསྟན་པ་ལྟར། དུས་དེར་ད་ལྟར་བའི་ཚུལ་གྱི་ཕྱག་ལེན་ལ་བཏབ་ནས་རང་ལུགས་ཀྱི་ཉུང་ངུའི་བྱེད་པ་འདི་སྦྱོར་བར་མཛད་པས་རྩིས་འགོ་ཐོག་མར་ཟུག །དེ་ནས་བརྩམས་ཏེ་རྒྱལ་དཀས་ཉིས་བརྒྱ་ཉེར་གཅིག་གི་བར་དུ་ཆོས་བསྟན་པ་རྫོགས་པའི་ལོ་མཐའ་ནི་ཟད་པ་མེ་སྟག་གི་ལོ་ཡིན་ནོ། །གསུམ་པ་ནི། དེས་ན་མ་ཁར་ཀླ་ཀློ་ཞུགས་པ་དང་། རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་པའི་ཤིང་སྤྲེ་དེ་ནས་རྒྱལ་དཀའ་གཤེགས་པའི་ཉིས་བརྒྱ་ཉེར་གཅིག་གི་ལོ་མཐའི་མེ་སྟག་དེ་ཡན་ལ་མེ་མཁའ་རྒྱ་མཚོའི་ལོ་ཞེས་གྲགས་པ་ཉིད་དོ། །བཞི་པ་ནི། དེ་འོག་རབ་བྱུང་མེ་ཡོས་ལ་རིགས་ལྡན་ཉི་མས་ཆོས་བསྟན་པའི་ཐོག་མའི་ལོ་འདི་ནི། རྒྱུད་ལས། མེ་མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་པ་བསྲེ་བར་གསུངས་པའི་བསྲེ་རྒྱུའི་འདས་ལོའི་ཐོག་མ་དང་། དུས་འཁོར་གྱི་རྒྱུད་ཆེན་འདི་འཕགས་ཡུལ་དུ་ཐོག་མར་ཕེབས་པའི་ལོའོ། །མེ་ཡོས་དེ་ནས་ད་ལྟའི་རབ་བྱུང་བཅུ་གཅིག་པ་འདིའི་ནང་གི་ལྕགས་སྤྲེའི་ལོ་མཐའ་རྫོགས་པ་ཡན་ལ་ལོ་གྲངས་དྲུག་བརྒྱ་ང་བཞི་འདས་པ་དེའི་ཕྱིར་ན་ས་སྙིང་གི་སྤྲུལ་པ་རིགས་ལྡན་ཉི་མ་དང་། རྨུགས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས་དང་། སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བའི་འོད་དང་། ཁེངས་བྱེད་ཀྱི་སྤྲུལ་པ་མཐའ་ཡས་དང་། ནམ་སྙིང་གི་སྤྲུལ་པ་ས་སྐྱོང་དང་། བགེགས་དགྲའི་སྤྲུལ་པ་དཔལ་སྐྱོང་སྟེ། དྲུག་པོ་དེ་རྣམས་ཀྱིས་ལོ་བརྒྱ་བརྒྱ་སྟེ་ཁྱོན་དྲུག་བརྒྱ་དང་། ཕྱག་རྡོར་གྱི་སྤྲུལ་པ་རིགས་ལྡན་སེང་གེ་ཁྲིར་ཕེབས་ནས་ལྔ་བཅུ་ང་བཞི་འདས་པའི་ང་ལྔ་པ་ནི་ལྕགས་མོ་བྱ་ལོ་འདི་ཡིན་ནོ། །

གཉིས་པ་ཀླ་ཀློའི་གནས་ཚད་དང་སྒྲིག་པ་ལ་གསུམ་སྟེ། དངོས་དང་། གནས་ཚད་ལས་ལོ་གསུམ་གྱིས་མང་བའི་སྐྱོན་སྤོང་། དེང་སང་ཤམྦྷ་ལའི་ཁྲིར་སྟོབས་ཆེན་བཞུགས་པར་འདོད་པ་དགག་པའོ། །དང་པོ་ནི། དེས་ན་རིགས་ལྡན་ཉི་མ་ནས་སེང་གེའི་བར་གྱི་རིགས་ལྡན་བདུན་གྱི་སྟེང་དུ། གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྣམ་གནོན་དང་། ས་སྙིང་གི་སྤྲུལ་པ་སྟོབས་པོ་ཆེ་དང་། རྨུགས་བྱེད་ཀྱི་སྤྲུལ་པ་མ་འགགས་པ་དང་། སྒྲིབ་སེལ་གྱི་སྤྲུལ་པ་མིའི་སེང་གེ་དང་། མཁའ་སྙིང་གི་སྤྲུལ་པ་དབང་ཕྱུག་ཆེན་པོ་དང་། ཕྱག་རྡོར་གྱི་སྤྲུལ་པ་མཐའ་ཡས་རྣམ་རྒྱལ་དང་། འཇམ་དཔལ་གྱི་སྤྲུལ་པ་དྲག་པོ་འཁོར་ལོ་ཅན་ཏེ། ཉི་མ་ནས་འདིའི་བར་གྱི་རིགས་ལྡན་བཅུ་བཞི་པོ་རྣམས་ཀྱིས་ལོ་བརྒྱ་བརྒྱ་རེར་ཆོས་བསྟན་པའི་ཕྱིར་ན་ལོ་སྟོང་བཞི་བརྒྱ་འབྱུང་ལ། དེ་ཉིད་སྔར་གྱི་ཀླ་ཀློ་ཞུགས་པ་ནས་ཀྱི་ལོ། མེ་མཁའ་རྒྱ་མཚོ་ལ་བསྣན་པས་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱར་གསུངས་པ་དང་འགྲིག་ཕྱིར་རྒྱུད་འགྲེལ་གྱི་དགོངས་པ་རྣམ་པར་དག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མདོར་བསྡུས་དགུ་པ་ལས། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱི་ཞེས་པ་གྲགས་པ་མྱ་ངན་ལས་འདས་ནས་ཀླུ་སྟེ་ལོ་བརྒྱད་བརྒྱ་ནས་ངེས་པར་ཞེས་པ་གདོན་མི་ཟ་བར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག་པར་འགྱུར་ཏེ། ཞེས་དང་། ཁམས་ལེའི་གོ་སླར། རིགས་ལྡན་རིགས་ཀྱི་ནང་ནས་ལག་པས་བསྒྱུར་བའི་དུས་ཀྱི་བུ་དང་ཚ་བོ་དག་ནི་འདས་གྱུར་པ། །དེ་ཡི་དུས་སུ་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་དག་ཏུ་འགྱུར། །ཞེས་ལག་པ་སྟེ་གཉིས་ཀྱིས་དུས་ཤེས་པ་བཞི་བསྒྱུར་བས་བརྒྱད་དེ། གྲགས་པའི་བུ་པད་དཀར་དང་། ཚ་བོ་བཟང་པོ་སོགས་བརྒྱད་འདས་པའི་མཐར་ཀླ་ཀློ་འཇུག་པར་གསུངས་པ་དང་། བདུན་པ་ཡང་དག་སྐྱེས་པ་སྟེ། །ཞེས་སོགས་ཀྱིས་འཁོར་ལོ་ཅན་གྱི་གཞོམ་བྱ་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱའི་ཐོག་མ་སྦྲང་རྩིའི་བློ་གྲོས་ཞུགས་པ་ལ་ངོས་འཛིན་པ་ཉིད་གསལ་བའི་ཕྱིར་དང་། བྱེད་པའི་ལག་ལེན་ལ་མེ་མཁའ་རྒྱ་མཚོ་གཞིར་བྱས་ནས་ཀླ་ཀློའི་ལོ་རྟོགས་བྱེད་ཀྱི་ཆོ་ག་གསུངས་པ་ལ་གཞན་དུ་ན་དོན་མེད་པའི་ཕྱིར་རོ། །དེས་ན་དེ་ཉིད་ནས་ཐོག་མ་བཟུང་སྟེ་བརྩི་བྱ་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱར་གསུངས་ཚུལ་གང་ཞེ་ན། རྒྱུད་ཕྱི་མ་ལས། དེ་ལ་བཅོ་བརྒྱད་ལོ་ཡིས་བརྒྱ་ཕྲག་བསྒྱུར་ཏེ་བརྒྱ་ཡིས་འཕགས་པའི་ཡུལ་གྱི་མ་ཁ་ལ་སོགས་པར། །ཀླ་ཀློ་རྣམས་ཀྱི་གྲགས་པ་གང་དང་གང་ཞིག་མུན་ཅན་གྱུར་པ་དེ་རྣམས་བདག་གིས་དྲུང་ཕྱུངས་ཏེ། །ཞེས་དང་། ཁམས་ལེའི་གོ་སླའི་འགྱུར་གསར་ལས། དེ་ལྟར་དུམ་བུ་ཐམས་ཅད་དུའང་དུས་བཞིའི་དུས་སུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་སྟེ། །ལོ་ནི་བརྒྱད་དང་གཅིག་གི་བརྒྱར་ནི་ངེས་པར་གནས་ཏེ་དེ་ནས་ཀླ་ཀློའི་ཆོས་ནི་ཉམས་པའོ། །ཞེས་བརྒྱད་དང་གཅིག་སྟེ་བཅོ་བརྒྱད་བརྒྱས་བསྒྱུར་བས་སྟོང་བརྒྱད་བརྒྱ་འབྱུང་བས་སོ། །དེ་ལྟར་ན། རྒྱ་མཚོ་རྣམ་རྒྱལ་མན་ཆད་ཀྱི་རིགས་ལྡན་རྣམས་ཀྱི་སྐུ་ཚེའི་ཚད་བསྡོམས་པ་དང་ཀླ་ཀློའི་གནས་ཚད་འགྲིག་དགོས་པར་གྲུབ་ལ། དེ་གྲུབ་པ་ཉིད་ཀྱིས། བརྒྱ་གྱ་གཉིས་དང་། ཉིས་བརྒྱ་ཉེར་གཅིག །ཡབ་སྲས་གཉིས་ཀྱི་དགུང་ལོར་སྦྱར་ནས་བཤད་པ་འདི་ལེགས་ཏེ། འགྲེལ་ཆེན་ལས་ལོའི་ངེས་པ་འཆད་པའི་སྐབས་སུ་རྒྱལ་བས་རྒྱུད་གསུངས་པའི་ཐོག་མའི་དུས་ལ། དེ་བཞིན་གཤེགས་པའི་དུས་ལ། ཞེས་དང་། དེ་ནས་རགས་པ་ལོ་དྲུག་བརྒྱ་ན་འཇམ་དཔལ་གྱི་དུས་དང་། དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུས་དང་། དེ་ནས་བརྒྱ་བརྒྱད་ཅུ་རྩ་གཉིས་ན་རིགས་ལྡན་རྒྱལ་དཀའི་དུས་སུ་རྒྱུན་གཅིག་པར་གསུངས་ཤིང་། དེ་ཐམས་ཅད་ཀྱང་རང་རང་གི་ཐོག་མའི་ཆོས་བསྟན་པའི་ལོ་ལ་སྦྱར་ན་འབྲེལ་བའི་ཕྱིར་རོ། །གལ་ཏེ་ཡབ་སྲས་གཉིས་པོའི་སྐུ་ཚེ་ཡང་ལོ་བརྒྱ་བར་བྱས་ན་མ་ཁར་ཀླ་ཀློ་ཞུགས་པ་དང་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་ནས་དྲག་པོ་འཁོར་ལོ་ཅན་གྱིས་དགུང་ལོ་བརྒྱ་བཞེས་པའི་བར་ལོ་སྟོང་དྲུག་བརྒྱ་ལས་མེད་པ་དང་། པད་དཀར་མན་ལ་རིགས་ལྡན་ཉེར་ལྔ་འདོད་པའི་ཕྱོགས་ལའང་ལོ་བརྒྱས་ཉུངས་སོ། །ཡང་ཀླ་ཀློ་ཐོག་མར་ཞུགས་པའི་དུས་རིགས་ལྡན་ཉི་མ་གྲགས་ཀྱི་ཐོག་མའི་ལོ་ལ་ཞུགས་སོ་ཞེ་ན། དེ་ཡང་མི་རིགས་ཏེ། རྒྱུད་ལས། དེ་ནས་ཀླུ་ཡི་ལོ་བརྒྱ་ཞེས་སོགས་རྩ་འགྲེལ་གྱིས་གྲགས་པ་འདས་ནས་ལོ་བརྒྱད་བརྒྱ་ན་མ་ཁའི་ཡུལ་དུ་ཀླ་ཀློ་འཇུག་པར་གསུངས་ལ། ཁྱོད་ལྟར་ན་ལོ་དྲུག་བརྒྱ་ན་ཀླ་ཀློ་འཇུག་པར་འདོད་པས་སོ། །འདིར་མཁས་པ་ཁ་ཅིག་ན་རེ། ཤེས་རི་ན། ཀླ་ཀློའི་གནས་ཚད་མ་ཚང་མོད་ཀྱི་རགས་རྩིས་ཀྱི་དབང་དུ་བྱའོ། །ཞེས་གསུང་ངོ་། །དེའང་མི་རིགས་ཏེ། རྒྱུད་འགྲེལ་འདིར་གསུངས་པའི་གནས་ཚད་ལ་སོགས་པ་རྣམས་རང་ཉིད་ཀྱིས་ཞིབ་རྩིས་སུ་རྣམ་པ་ཀུན་ཏུ་བཤད་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། ཁོ་ན་རེ། འོ་ན་ཁྱོད་ཀྱི་ལུགས་འདི་ལའང་ཀླ་ཀློའི་གནས་ཚད་ལས་ལོ་གསུམ་གྱིས་མང་བའི་སྐྱོན་ཡོད་དོ་ཞེ་ན། སྐྱོན་མེད་དེ། འདིའི་ལྷག་མའི་ལོ་གསུམ་པོ་ནི་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་འཇོམས་པའི་བར་གྱི་ལོར་བཟུང་བས་ཆོག་སྟེ། འོག་ཏུ་འཆད་པ་ལས་ཤེས་པར་བྱའོ། །གསུམ་པ་ནི། དེས་ན་འདི་འདྲའི་རྒྱུད་འགྲེལ་གྱི་ཟབ་མོའི་གནད་མ་རྟོགས་པས། དེང་སང་ལྗོངས་འདིར་རྒྱུ་ཞིང་འགྱིང་བའི་རྩིས་པ་གྲགས་ལྡན་ཀུན་ན་རེ། གྲགས་པ་འདས་ནས་བརྒྱད་བརྒྱ་ན་མ་ཁར་ཀླ་ཀློ་ཞུགས་པ་ཡིན་ནོ་ཞེས་འདོད་པ་དང་། ཀླ་ཀློ་དེའི་གནས་ཚད་ཀྱང་སྟོང་དང་བརྒྱད་བརྒྱ་པར་འདོད་པ་ཉིད་ལེགས་སོ་ཞེས་སྨྲ་བཞིན་དུ། ད་ལྟའི་ལྕགས་བྱ་འདི་ཡན་ལ་རིགས་ལྡན་རྣམ་གནོན་ཡན་རྫོགས་ཏེ་སྟོབས་ཆེན་ཁྲིར་ཕེབས་ནས་ལྔ་བཅུ་རྩ་བདུན་འདས་སོ་ཞེས་དེ་མ་ཐག་ཏུ་འགལ་བའི་ཚིག་མགྲིན་གཅིག་ཏུ་སྨྲ་བ་འདི་ནི་སྨྲ་བ་པོ་རང་འདྲ་བའི་དབུས་སུ་མཛེས་ནའང་། མཁས་པས་མཐོང་ན་ཁྲེལ་བའི་བཞད་གད་ཀྱི་རྒྱུ་ལས་གཞན་དུ་མ་ཡིན་ནོ། །

གསུམ་པ་འདས་ལོ་དག་པའི་དོན་བསྡུ་བ་ནི། དེ་ལྟར་སྟོན་པ་འཁྲུངས་པ་ནས། །ཞེས་སོགས་ཚིགས་སུ་བཅད་པ་ཕྱེད་དང་ལྔས་བསྟན་ཏོ། །

གཉིས་པ་ཉེར་མཁོ་འགའ་ཞིག་བཀོད་པས་མི་འཆུག་པའི་གཟེར་བཤད་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། གཞན་ཡང་ཉེར་མཁོ་འགའ་ཞིག་བཤད། །ཅེས་སོ། །གཉིས་པ་ནི། མདོ་རྒྱུད་ལ་བརྟེན་རྒྱུ་མེད་པའི་གཏམ་རྒྱུད་རྙིང་པའི་རྒྱུན་ཙམ་ལ་བརྟེན་ནས་འདས་ལོ་རྩི་བ་ནི་རགས་པའི་རྣམ་གཞག་ཡིན་པས་བོར་ལ། འདིར་དུས་འཁོར་རྒྱུད་འགྲེལ་ལས་འདི་ནས་འདིའི་བར་ལོ་འདི་ཙམ་ཞིག་སོང་ཞེས་ངེས་པ་ཅན་དུ་གསུངས་པའི་ལུང་དང་། གཟའ་འཛིན་སོགས་ས་རིས་དང་། མཐུན་པའི་མངོན་སུམ་ཚད་གྲུབ་ཀྱི་རིགས་པ་དང་མི་འགལ་བའི་བསྟན་རྩིས་འདི་ཉིད་རྣམ་པར་ངེས་པས་འདི་ལ་སྲོག་ཤིང་བྱས་ཏེ་མདོ་རྒྱུད་གཞན་ལས་ལུང་བསྟན་པའི་ལོ་གྲངས་དང་རྒྱ་བོད་ཀྱི་དེབ་ཐེར་རྣམས་ལས་བྱུང་བའི་མཁས་གྲུབ་ཀྱི་བླ་མ་རྣམས་དང་རྒྱལ་པོ་ལ་སོགས་པ་བྱོན་པའི་རབས་བསྒྲིགས་ནས་འཆད་པ་ལས། ཐོག་མ་ཁོ་ནར་སྟོན་པ་ལྕགས་འབྲུག་ས་གའི་ཉར་མྱ་ངན་ལས་འདས་པ་ནས་ཟླ་བ་གཉིས་ཐལ་བ་ཆུ་སྟོད་ཟླ་བའི་མར་ངོའི་ཚེས་བཅུ་དྲུག་ནས་རྒྱལ་བའི་བཀའ་བསྡུ་དང་པོ་བྱས་སོ། །བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་གཉིས་ལོན་པ་ན། །འཇིག་རྟེན་ཀུན་གྱི་དཔལ་ལྡན་པ། །ཨུ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །པདྨ་འབྱུང་གནས་ཞེས་བྱ་བ། །སྔགས་ཀྱི་སྟོན་པར་ལུང་དུ་བསྟན། །ཞེས་དང་། དཔེ་ཁ་ཅིག་ཏུ། ལོ་ནི་བཅུ་རུ་གཉིས་ཆད་ན། །ཞེས་དང་། ལོ་ནི་བཞི་གསུམ་ལོན་པ་ནི། །ཞེས་ཡི་གེ་པའི་སྐྱོན་གྱིས་མི་འདྲ་བ་སྣ་ཚོགས་སྣང་མོད། དང་པོ་གཉིས་ལྟར་ན། སྟོན་པའི་གཤེགས་ལོ་ལྕགས་འབྲུག་ནས་བརྩམས་ཏེ་ལོ་བརྒྱད་པ་ས་བྱི་དང་། ཕྱི་མ་ལྟར་ན། ལྕགས་ཡོས་ལ་འདོད་དགོས་ཀྱང་། རྗེ་བླ་མའི་གཏེར་བྱོན་གཤིན་རྗེ་དྲེགས་འཇོམས་ཀྱི་ལུང་བསྟན་ལས། བདག་འདྲ་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་རྩལ༔སྤྲེའུའི་ལོ་ལ་ཀོ་ཤའི་གླིང་དུ་འཁྲུངས༔ཞེས་དང་། རིག་འཛིན་འཕྲིན་ལས་ལྷུན་གྲུབ་ཀྱིས་མཛད་པའི་ཚེས་བཅུའི་ཕན་ཡོན་ལས། ཁྱད་པར་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ། །བལྟམས་དང་སྲིན་པོའི་ཁ་གནོན་བྱོན་ལ་སོགས། །ཞེས་སྤྲེའུའི་ལོ་ལ་བལྟམས་པར་བཤད་པས། དེ་ལྟར་ན་སྟོན་པ་འདས་ནས་ལོ་བཞི་འདས་པ་ལྷ་དབང་གིས་ཆོས་བསྟན་པའི་ཤིང་སྤྲེལ་དེ་དང་འགྲིག་ཤས་ཆེ་བས། ལུང་ལས་ལོ་བརྒྱད་དུ་གསུངས་པ་དེ་བགྲོད་པ་རེ་ལ་ལོ་དགོངས་པའམ། ཡང་ན། ལོ་བཞི་གསུམ་དུ་གསུངས་པ་དེ་བཞིའམ་གསུམ་གང་རིགས་ན་ཞེས་འདམ་ཁར་གསུངས་སམ་སྙམ་སྟེ་ད་དུང་བརྟག་པར་བྱའོ། །སྡོམ་འབྱུང་གི་རྒྱུད་ཕྱི་མར། ང་ནི་འདི་ནས་མི་སྣང་ན། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ཞེས་དང་། མདོ་དགོངས་འདུས་ལེའུ་གསུམ་པར། དེ་ནས་ལོ་བརྒྱད་དང་བཅུ་གཉིས་འདས་པ་ན། དམ་པའི་རིགས་ཅན་སེམས་དཔའ་ཆེན་པོ་དག །ཅེས་སོགས་གསུངས་པའི་བཅུ་གཉིས་ནི་འགྱུར་མ་བདེ་བས་མ་ཐོན་པ་སྟེ། དོན་ལ་བཅུ་ཚན་གཉིས་ཡིན་པས་ཉི་ཤུའོ། །དེ་སྐད་དུའང་། ཨ་ཏི་ཟབ་དོན་སྙིང་པོའི་ལོ་རྒྱུས་ལས། ང་ནི་འདི་ནས་མི་སྣང་ན༔ལོ་ནི་བརྒྱད་དང་ཉི་ཤུའི་ཚེ༔ལྷ་གནས་གསུམ་དུ་གྲགས་པ་ནི༔བསྟན་པའི་སྙིང་པོ་དམ་པ་ཞིག༔འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི༔མི་ལས་སྐལ་ལྡན་རིགས་ཅན་ཏེ༔རྒྱལ་པོ་ཛ་ཞེས་བྱ་བ་ལ༔སྔོན་ལྟས་བཟང་པོ་སྣང་བར་འགྱུར༔དྲག་ཤུལ་ཅན་ཞེས་བྱ་བ་ཡི༔གྲོགས་ཀྱི་སེམས་དཔའ་དམན་པའི་རིགས༔ལངྐའི་བདག་པོ་ལ་སོགས་པར༔ལག་ན་རྡོ་རྗེས་གནང་བར་འགྱུར༔ཞེས་སོགས་གསུངས་པ་ལྟར་རོ། །དེས་ན་གསང་བདག་གིས་རི་མ་ལ་ཡའི་རྩེར་རིགས་ཅན་ལྔ་ལ་ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་བྱུང་སྟེ་ཁང་སྟེང་དུ་གསང་སྔགས་རྒྱུད་སྡེའི་གླེགས་བམ་དངོས་སུ་བབས་པ་ནི་སྟོན་པ་གཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ལྷ་དབང་གིས་ཆོས་བསྟན་ནས་ཉེར་བཞི་ལོན་པའི་ས་ཕོ་སྤྲེའུ་དེ་ལ་ཡིན་ཏེ། བརྒྱད་དང་ཉི་ཤུ་ནི་གནས་གཞན་འགོད་པའི་རིམ་པས་དོན་ལ་ཉི་ཤུ་རྩ་བརྒྱད་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་སྙིང་པོའི་རྒྱས་འགྲེལ་ཉི་སེང་མ་ལས། དེ་ནས་གཞུག་ཏུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་ངའི་ཆོས་འདི་དག་ཕྱུང་ལ། ཁུངས་ནི་ལྷ་ཡུལ་ནས་བབས་པར་སྙོད་ལ། བཀའ་ཡང་དག་པའི་དོན་དང་མི་འགལ་བའི་ཕྱིར་ནི་ཕྱག་ན་རྡོ་རྗེའི་མཐུས་བསྟན་པར་སྒྲོགས་ཤིག་ཅེས་དང་། ཨ་ཏི་ཟབ་དོན་སྙིང་པོ་ལས། སྟོན་པ་གཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་བྱུང་། ཞེས་སོགས་གསུངས་པས་སོ། །ས་སྤྲེ་དེ་ནས་བདུན་ཅུ་དོན་གཉིས་འདས་པའི་ལྕགས་སྤྲེ་ལ་ཆོས་རྒྱལ་མྱ་ངན་མེད་འབྱོན་པ་དང་ཁ་བ་ཅན་དུ་མཚོ་བྲི་ནས་སཱ་ལའི་ནགས་འབྱུང་བར་ལུང་བསྟན། དེ་ནས་བཞི་འདས་པའི་ཤིང་བྱི་ལ་གཟི་བརྗིད་ཅན་ཁྲིར་ཕེབས། དེ་ནས་དྲུག་འདས་པའི་ལྕགས་རྟ་ལ་རྒྱལ་བའི་བཀའ་བསྡུ་བར་པ་བྱས། དེ་ནས་གཉིས་འདས་པའི་ཆུ་སྤྲེ་ལ་ས་ར་ཧ་འཁྲུངས་ཏེ། ལོ་ནི་བརྒྱ་དང་བཅུ་གཉིས་ན། །ཅིག་ཅར་མཆོག་གི་སྐལ་བ་ཅན། །ས་ར་ཧ་ཞེས་བྱ་བ་འབྱུང་། །ཞེས་འབྱུང་བས་སོ། །རྟོག་གེ་འབར་བ་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་འདས་པ་ན། གནས་བརྟན་གནས་མའི་བུས་བསྟན་པ་བསྡུས་སོ། །ཞེས་པ་ལྟར་ན་གསང་སྔགས་བབས་པའི་ལྕགས་འབྲུག་དེ་ནས་ལོ་བརྒྱད་ཅུ་འདས་པའི་ལྕགས་བྱི་ལ་བཀའ་བསྡུ་གསུམ་པ་བྱས། དེ་ནས་བཞི་འདས་པའི་ཤིང་འབྲུག་ལ་ཟླ་བས་བྱིན་ཁྲིར་ཕེབས། དེ་ནས་ལོ་བརྒྱ་འདས་པའི་ཤིང་སྤྲེ་ལ་ལྷའི་དབང་ཕྱུག་ཁྲིར་ཕེབས། དེ་ནས་བཞི་བཅུ་ཞེ་གཅིག་འདས་པའི་ཤིང་མོ་གླང་གི་ལོ་ལ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་འཁྲུངས། འདིར་སྙིང་ཐིག་བབས་ལུགས་ཆེན་མོར། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དྲུག་ཅུ་ན་དགའ་རབ་རྡོ་རྗེ་བྱོན་པར་གསུངས་པ་ལ། འདིར་སུམ་བརྒྱ་ཞེ་ལྔ་ན་བྱོན་པར་སོང་བས་ལོ་བཅོ་ལྔ་མ་ཚང་བའི་སྐྱོན་གནས་སོ་ཞེ་ན། བབས་ལུགས་ཆེན་མོར་གསུངས་པ་དེ་རགས་རྩིས་ཀྱི་དབང་དུ་བྱས་པ་ཡིན་པས་སྐྱོན་མེད་དོ། །གལ་ཏེ་རགས་རྩིས་མ་ཡིན་ན་འཁྲུངས་ལོ་ལྕགས་འབྲུག་ཡིན་པར་འགྱུར་བས། ཨ་ཏི་ཟབ་དོན་སྙིང་པོ་དང་བཻ་རོའི་འདྲ་འབག་རྣམས་སུ་དགུང་སྙིང་ཤིང་གླང་ཡིན་པར་བཤད་པ་དང་འགལ་བས་སོ། །ཤིང་གླང་དེ་ནས་ལྔ་བཅུ་ང་ལྔ་འདས་པའི་ལྕགས་སྤྲེ་ལ་མགོན་པོ་ཀླུ་སྒྲུབ་འཁྲུངས་ཏེ། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །ཀླུ་ཞེས་བྱ་བའི་དགེ་སློང་འབྱུང་། །ཞེས་སོ། །དེང་སང་གི་བསྟན་འཛིན་ཕལ་ཆེར་བཀའ་བསྡུ་གསུམ་པ་དུས་འདི་ཙམ་ན་བྱས་པར་བཞེད་དོ། །ལྕགས་སྤྲེ་དེ་ནས་ལོ་བཞི་འདས་པའི་ཤིང་བྱི་ལ་སྣ་ཚོགས་གཟུགས་དང་། དེ་ནས་ལོ་བརྒྱ་བརྒྱ་འདས་པའི་ཤིང་འབྲུག་དང་། ཤིང་སྤྲེ་དང་། ཤིང་བྱི་རྣམས་ལ་རིམ་པར་ལྷའི་དབང་ལྡན་དང་། འཇམ་དབྱངས་གྲགས་པ་དང་། པད་དཀར་རྣམས་བྱོན། དེ་ནས་ལྔ་བཅུ་འདས་པའི་ཤིང་སྟག་ལ་གཉའ་ཁྲི་བཙན་པོ་བོད་ཀྱི་རྗེར་བྱོན། དེ་ནས་ལྔ་བཅུ་འདས་པའི་ཤིང་འབྲུག་ལ་བཟང་པོ་ཁྲིར་ཕེབས། དེ་ནས་གོ་དྲུག་འདས་པའི་ལྕགས་འབྲུག་ལ་འཕགས་པ་ཐོགས་མེད་བྱོན་ཏེ། ལོ་ནི་དགུ་བརྒྱ་ལོན་པ་ན། །ཞེས་འབྱུང་བས་སོ། །དེ་ནས་བཞི་འདས་པའི་ཤིང་སྤྲེ་ལ་རྣམ་རྒྱལ་དང་། དེ་ནས་ལོ་བརྒྱ་བརྒྱ་རེ་འདས་པའི་ཤིང་བྱི་དང་། ཤིང་འབྲུག་དང་། ཤིང་སྤྲེ་རྣམས་ལ་རིམ་པར་བཤེས་གཉེན་བཟང་པོ་དང་། རིན་ཆེན་ཕྱག་དང་། ཁྱབ་འཇུག་སྦས་པ་རྣམས་སེང་ཁྲིར་ཕེབས། དེ་ནས་ལྔ་བཅུ་འདས་པའི་ཤིང་ཁྱི་ལ་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས། དེ་ནས་ལྔ་བཅུ་འདས་པའི་ཤིང་བྱི་ལ་ཉི་མ་གྲགས་སེང་ཁྲིར་ཕེབས། དེ་ནས་དགུ་འདས་པའི་ཆུ་བྱ་ལ། ཙིནྟ་མ་ཎིའི་སྐུ་དང་། མདོ་ཟ་མ་ཏོག་བཀོད་པ་དང་། དཔང་སྐོང་ཕྱག་བརྒྱ་པ། ཤེལ་གྱི་མཆོད་རྟེན་ཁྲུ་གང་པ་རྣམས་བབས་ཏེ་བོད་ཡུལ་དུ་དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་ལོ་དྲུག་ཅུ་འདས་པའི་ཆུ་བྱ་ལ་ལྷ་ཐོ་ཐོ་རི་གཤེགས། མཁན་ཆེན་ཞི་བ་འཚོས་ཁྲི་སྲོང་དང་གསལ་སྣང་སྒུག་གིན་བོད་ཀྱི་རྒྱལ་རབས་དགུའི་བར་དུ་བཞུགས་པར་རྦ་བཞེད་གཙང་མ་ན་ཡོད་གསུངས་པ་ལྟར་ན་མཁན་ཆེན་ཐོ་ཐོ་རིའི་དུས་ཙམ་ལ་འཁྲུངས་པ་འདྲ་ཡང་ལོ་ཚིགས་མ་མཐོང་ངོ་། །ཐོ་ཐོ་རི་གཤེགས་ནས་སུམ་ཅུ་སོ་གཅིག་འདས་པའི་ཤིང་འབྲུག་ལ་ཤིན་ཏུ་བཟང་ཁྲིར་ཕེབས། དེ་ནས་ལོ་བརྒྱད་ཅུ་འདས་པའི་ཤིང་ཕོ་བྱི་བ་ལ་གནམ་རི་སྲོང་བཙན་འཁྲུངས། བོད་ཀྱི་རྒྱལ་རབས་དེ་ཡན་ཆད་ནི། ཆོས་རྒྱལ་གྱི་བཀའ་ཚིགས་ཆེན་མོར། རྗེ་གཉའ་ཁྲི་ནས་ཐོ་ཐོ་རིའི་བར། ཉེར་བདུན་ལ་ལོ་ལྔ་བརྒྱ། ཐོ་ཐོ་རིས་ལོ་བརྒྱ་ཉི་ཤུ་ཐུབ། དེ་ནས་གནམ་རི་སྲོང་བཙན་གྱི་བར་ལ་ལོ་བརྒྱ་དང་བཅུ་གཅིག་སོང་། ཞེས་སོགས་སྔ་མ་རྣམས་ཀྱིས་བཀོད་པ་ལྟར་ཚད་མར་བྱས་ནས་བྲིས་སོ། །ད་ནི་གཞུང་ཉིད་ཀྱི་དཀྱུས་ལ་འཇུག་པར་བྱའོ། །ཤིང་སྤྲེར་ཀླ་ཀློ་ཞུགས་པ་ནས། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཏེ། དེ་ཡང་གནམ་རི་སྲོང་བཙན་འཁྲུངས་ནས་ལོ་ཉི་ཤུ་འདི་སྟེང་ནས་བཅུ་དྲུག་འདས་པའི་ལྕགས་འབྲུག་གིས་འབྲས་བུའི་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ་རྫོགས། འདས་པའི་ཤིང་སྤྲེ་ལ་ཀླ་ཀློ་ཞུགས་པ་དང་དུས་མཉམ་པར་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས། དེ་ནས་ལྔ་འདས་པའི་ས་གླང་ལ་སྲོང་བཙན་སྒམ་པོ་འཁྲུངས། དགུང་ལོ་ཉེར་གཉིས་པ་ལྕགས་ཕག་ལ་ར་ས་བཏབ། དེ་ནས་བརྒྱ་དང་སོགས་ཏེ་ར་ས་བཏབ་ནས་ང་དགུ་འདས་པའི་ལྕགས་ཁྱི་ལ་སྲོང་བཙན་གཤེགས། འཇམ་དཔལ་རྩ་རྒྱུད་ལས། ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས། །ཞེས་པ་ནི་དགུང་ལོ་གྱ་གཉིས་བཞུགས་ཤིང་བར་དུ་སྲས་གུང་སྲོང་གུང་བཙན་གྱིས་རྒྱལ་སྲིད་ཅུང་ཟད་མཛད་པ་ལ་འཆད་དོ། །ལྕགས་ཁྱི་དེ་ནས་མང་སྲོང་མང་བཙན་ལོ་བཅུ་གསུམ་པས་རྒྱལ་སྲིད་ལོ་སུམ་ཅུ་བྱས་ཏེ་ས་ཡོས་ལ་འདས། ལོ་དེ་ལ་འདུས་སྲོང་མང་པོ་རྗེ་རྒྱལ་སར་བཏོན་ནས་ཉེར་དྲུག་པ་ཤིང་འབྲུག་ལ་འདས། ལོ་དེ་ལ་ཁྲི་ལྡེ་གཙུག་བཙན་ནམ་མེས་ཨག་ཚོམ་རྒྱལ་སར་བཞུགས་ནས་སོ་བརྒྱད་འདས་པ་སྟེ། བསྡོམས་པ་ར་ས་བཏབ་པ་དེ་ནས་བརྒྱ་དང་ལྔ་བཅུ་ང་གཅིག་འདས་པའི་སོགས་ཏེ་ཆུ་རྟ་ལ་ཁྲི་སྲོང་ལྡེའུ་བཙན་འཁྲུངས། དེ་ནས་ཉི་ཤུ་འདས་པའི་སོགས་རྐང་པ་ལྔ་སྟེ། ཆུ་རྟ་དེ་ནས་བཞི་འདས་པའི་མེ་ཁྱི་ལ་རྒྱལ་དཀའ་ཁྲིར་ཕེབས། དེ་ནས་བརྒྱད་འདས་པའི་ཤིང་རྟ་ཁྲི་སྲོང་གི་དགུང་ཀེག་ལ་མེས་ཨག་ཚོམ་གཤེགས། དེའི་ཕྱི་ལོ་ཤིང་ལུག་ལ་ཁྲི་སྲོང་གིས་རྒྱལ་སྲིད་བཟུང་། བཅུ་བདུན་པ་ས་ཁྱིའི་བར་དུ་དམག་ཇག་གི་སྒོ་ནས་ཡུལ་ཁམས་མང་པོ་བསྡུས། དེ་ནས་བཞི་འདས་པ་ཁྲི་སྲོང་གི་ཉེར་གཅིག་པ་ཆུ་སྟག་ལ་ཨུ་རྒྱན་རིན་པོ་ཆེ་བོད་དུ་ཕེབས། སློབ་དཔོན་ཤིང་སྤྲེ་ལ་འཁྲུངས་པའི་དབང་དུ་བྱས་ན་འདི་ཡན་ལ་ལོ་སྟོང་དྲུག་བརྒྱ་གོ་བརྒྱད་སོང་ལ། བགྲོད་པ་རེ་ལ་ལོར་བྱས་ན་སུམ་སྟོང་སུམ་བརྒྱ་གོ་དྲུག་དང་། ཟླ་བཤོལ་རྣམས་ལོར་དྲིལ་བ་བསྡོམས་ནའང་སུམ་སྟོང་ལྔ་བརྒྱ་ལས་མ་བྱུང་བས། ལོ་ནི་སུམ་སྟོང་དྲུག་བརྒྱ་ལོན། །ལས་ཀྱིས་བོད་ཡུལ་དབུས་སུ་འོངས། །ཞེས་སོགས་གསུངས་པ་ནི་རགས་རྩིས་ཀྱི་དབང་དུ་བྱས་པའོ། །དེ་ཡང་བོད་དུ་ཕེབས་པའི་ལོ་ཚིགས་ལ་མི་མཐུན་པ་འགའ་རེ་སྣང་ཡང་། རྗེ་བླ་མའི་གཏེར་བྱོན་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ལུང་བསྟན་ལས། ཆོས་རྒྱལ་ངོ་དང་སྨོན་ལམ་ཡུལ་གཟིགས་ནས༔སྟག་གི་ལོ་ལ་གངས་ཅན་ཡུལ་འདིར་སླེབ༔ཅེས་གསུངས་པས་སྟག་ཡིན་པར་གྲུབ་ལ། དེ་བཞིན་དུ་རྣམ་ཐར་ཡིད་ཀྱི་མུན་སེལ་ལས་ཀྱང་ཁྲི་སྲོང་གི་ཉེར་གཅིག་པ་ལ་ཕེབས་པར་བྱས་ཏེ་ལེགས་སོ། །སློབ་དཔོན་བོད་དུ་ཕེབས་པའི་ལོ་དེ་ཉིད་ལ་བསམ་ཡས་ཀྱི་རྨང་གཏིང་། འདིར་བུ་སྟོན་རིན་པོ་ཆེས་ཁྲི་སྲོང་གི་འཁྲུངས་ལོ་ས་རྟ་དང་། མཚལ་པས་ལྕགས་རྟ་ལ་བྱས་ནས། གཉིས་ཀས་དགུང་ལོ་བཅུ་གསུམ་པ་ལ་རྒྱལ་སྲིད་བཟུང་བ་དང་། མེ་ཡོས་ལ་བསམ་ཡས་རྨང་གཏིང་བར་བྱས་པ་མི་ལེགས་ཏེ། དང་པོ་ལྟར་ན་རྒྱལ་སྲིད་མ་བཟུང་གོང་དུ་གདིང་དགོས་པ་དང་། ཕྱི་མ་ལྟར་ན། རང་གི་ཡི་གེ་དེར་རྒྱལ་སར་ལོ་ཞེ་གསུམ་བཞུགས་པར་བྱས་པས་ཁྲི་སྲོང་འདས་པའི་ལོ་བཞི་པ་ལ་འདིང་དགོས་པ་སོགས་ཀྱི་གནོད་པའི་ཆར་འབབ་པས་མི་རིགས་སོ། །དེ་ནས་བཞི་འདས་མེ་རྟ་ལ། །ཞེས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། རྨང་གཏིང་པ་དེ་ནས་བཞི་འདས་པའི་མེ་རྟ་ལ་བསམ་ཡས་ཀྱི་རབ་གནས་དང་། དེའི་ཕྱི་ལོ་མེ་ལུག་ལ་སད་མི་བདུན་རབ་ཏུ་བྱུང་། དེ་ཡང་རྦ་བཞེད་སོགས་ལས། སློབ་དཔོན་གྱིས་བོད་དུ་ཟླ་བ་བཅོ་བརྒྱད་བཞུགས་པར་བཤད་པའི་ལོ་རྒྱུས་དེ་ནི་བསམ་ཡས་ཀྱི་རྨང་གཏིང་བའི་དུས་དེ་ནས་མི་རིང་བར་སྡིག་བློན་རྣམས་ཀྱི་ངོར་སྤྲུལ་པ་རང་འདྲ་བ་ཞིག་འཕུར་ཏེ་བཞུད་པ་ལྟར་མཛད་ནས་ཡོན་མཆོད་ལྐོག་ཏུ་བཀའ་བགྲོས་ཏེ་སྐུ་དངོས་གཞོ་སྟོད་ཏི་གྲོ་སོགས་དབེན་པར་བཞུགས་ནས་རྗེ་འབངས་དད་པ་དང་ལྡན་པ་རྣམས་ལ་ཟབ་མོའི་གདམས་པ་བཏབ་སྟེ་སྨིན་གྲོལ་ལ་འགོད་པར་མཛད། སྐབས་དེར་སློབ་དཔོན་སྒྲུབ་གནས་རྣམས་སུ་བཞུགས་པའི་གཏམ་མང་པོས་གླེང་བ་དང་རྒྱལ་པོས་བདེན་རྫུན་བརྟག་པ་སྐད་བྱས་ཏེ་སྤྱན་དྲངས་ནས་རབ་གནས་མཛད་དོ་ཞེས་མཁས་པ་དག་གིས་བཤད་དེ་ལེགས་སོ། །རྦ་བཞེད་ན་བསམ་ཡས་བཅུ་གསུམ་ལ་འབྱོངས་ཟེར་ཡང་སད་མི་བདུན་རབ་ཏུ་བྱུང་བ་དང་སྐབས་མི་འགྲིག་པས་ཐང་ཡིག་དང་འགོས་ལོ་ཆེན་པོའི་དགོངས་པ་བཞིན་ལོ་ལྔ་ལ་འབྱོངས་པ་འདི་འཐད་དོ། །ལས་ཅན་དག་པའི་འཁོར་ལྔ་ལ་གསོལ་འདེབས་ལེའུ་བདུན་མ་གསུངས་པ་ཡང་རབ་གནས་མཛད་པའི་མེ་རྟ་འདིའི་ཟླ་བ་བཅུ་གཉིས་པ་ལ་ཡིན་ནོ། །དེ་ནས་བཅུ་བདུན་སོགས་ཏེ། སད་མི་བདུན་རབ་ཏུ་བྱུང་བ་དེ་ནས་བཅུ་བདུན་འདས་པའི་ཤིང་བྱི་ལ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་འཁྲུངས་པར། བཀའ་ཤོག་བརྒྱ་བོ་ཆེར། ལོ་ཡི་དང་པོ་ཤིང་ཕོ་བྱི་བའི་ལོ། །ཟླ་བའི་དང་པོ་དཔྱིད་ཟླ་ར་བ་ལ། །བདག་ཉིད་མ་ཡི་རུམ་ནས་བཙས་སོ་སྐད། །ཅེས་སོ། །གནུབས་ཆེན་གྱིས་མི་ཡུལ་དུ་ལོ་བརྒྱ་དང་བཅུ་གསུམ་བཞུགས་པའི་ཕྱིར་དར་མས་བསྟན་པ་བསྣུབས་པའི་རྗེས་སུའང་ལོ་ལྔ་བཅུ་ང་དྲུག་ཙམ་བཞུགས་པས་སྐུ་ཚེ་རིང་གྲགས་པའི་དབང་གིས་འཁྲུལ་ནས་ཁ་ཅིག་སངས་རྒྱས་ཡེ་ཤེས་སྔ་ཕྱི་གཉིས་བྱུང་བར་འདོད་པ་སོགས་ཞེ་འདོད་མི་མཐུན་པ་སྣ་ཚོགས་པ་བྱུང་ངོ་། །མདོ་ལས། སྟོན་པ་འདས་ནས་ལོ་ཉིས་སྟོང་ན་གནུབས་ཆེན་འབྱོན་པར་ལུང་བསྟན་ཏོ་ཞེས་སེ་སྟོན་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་ཡིག་ཚང་ལས་འབྱུང་བའང་ཉིས་སྟོང་དུ་ཉེ་བའི་རགས་རྩིས་ལ་དགོངས་སམ་སྙམ་སྟེ། ཞིབ་མོར་བརྩིས་ན། སྟོན་པ་འདས་ནས་ཆིག་སྟོང་བདུན་བརྒྱ་ཉེར་བཞི་ན་བྱོན་པ་ཡིན་ནོ། །དེ་ནས་ཉེར་གཉིས་འདས་པ་ཡི། །ཞེས་སོགས་ཏེ། གནུབས་ཆེན་འཁྲུངས་ནས་ལོ་བཅུ་དྲུག་འདས་པའི་ལྕགས་འབྲུག་ལ་ཁྲི་སྲོང་གཤེགས། ཁྲི་སྲོང་ཞལ་བཞུགས་དུས་སུ་སྲས་ཆེ་བ་མུ་ནེ་བཙན་པོ་ལ་རྒྱལ་ས་ཕོག་ཀྱང་། ལོ་གཅིག་དང་ཟླ་བ་དགུ་རྒྱལ་སར་བཞུགས་ཏེ་ཡབ་ཀྱི་སྔོན་ལ་འདས། ཡབ་གཤེགས་པའི་ལོ་དེ་ག་ལ་སྲས་གཉིས་པ་མུ་ཁྲི་བཙན་པོ་རྒྱལ་སར་བསྐོས་ནས་ལོ་དྲུག་འདས་པའི་མེ་ཁྱི་ལ་མངའ་བདག་ཁྲི་རལ་འཁྲུངས། དེ་ནས་ལོ་བཅུ་འདས་པའི་མེ་ཕོ་སྤྲེའུའི་ལོ་རྟ་ཟླའི་ཚེས་བཅུའི་ཉིན་དབུ་རྩེ་བར་ཁང་དུ་སློབ་དཔོན་ཆེན་པོས་རྗེ་འབངས་དག་པའི་འཁོར་ལྔ་ལ་ཟབ་ཆོས་རིག་འཛིན་ཐུགས་ཐིག་གསུངས་པར་ལུང་བསྟན་གབ་སྦས་ཡེ་ཤེས་སྒྲོན་མེར་གསུངས་ལ། དེ་ནས་ཟླ་བ་གཉིས་འདས་པ་སྤྲེའུའི་ཟླ་བའི་ཚེས་བཅུ་ལ་རྔ་ཡབ་སྲིན་པོ་འདུལ་དུ་གཤེགས་སོ། །དེ་ཡང་ཟབ་ཆོས་རིག་འཛིན་ཐུགས་ཐིག་གསུངས་པ་གཤེགས་ཀ་མར་ཡིན་པ་ཡང་། ལུང་བསྟན་དེ་ལས། བརྒྱ་དང་བཅུ་གཅིག་བོད་འདིར་རྫོགས་སུ་ཉེ༔ད་ནི་ཁོ་བོ་སྲིན་པོ་འདུལ་དུ་འགྲོ༔ཟབ་གནད་མན་ངག་དགོས་ན་ད་ལྟ་ཞུས༔ཐེ་ཚོམ་དྲྭ་བ་གཅོད་ན་ད་ལྟ་ཆོད༔པད་འབྱུང་དངོས་ཀྱི་གདུལ་བྱ་དེ་ཙམ་ཡིན༔ཞེས་སོ། །བརྒྱ་དང་བཅུ་གཅིག་བཞུགས་པ་ནི། དེར་མ་ཟད་ཉང་གི་གཏེར་བྱོན་བདེ་འདུས་ཀྱི་ལོ་རྒྱུས་བཻ་རོས་མཛད་པ་ལས་ཀྱང་། རྒྱལ་པོ་ཉིད་ཀྱི་ཕྱིར་ལོ་བརྒྱ་དང་བཅུ་གཅིག་བོད་ཡུལ་དུ་བཞུགས་ནས༔ཞབས་ཀྱིས་བཅགས་པའི་གཙུག་ལག་ཁང་དང༔བྲག་དང་ས་རྡོ་མཚན་མ་ཅན་རྣམས་ལ་མི་རླག་པའི་ཚས་ཀྱིས་བསྡམས༔མི་ཤིགས་པའི་རྒྱས་ཐོབ་ལ་གཏེར་དུ་སྦོས་ཤིག༔ཅེས་གསུངས་ཤིང་བྲག་དམར་མགྲིན་བཟང་ལ་སྦས་སོ༔མ་འོངས་པ་ན་དབོན་སྲས་ཀྱིས་ཆོས་བསྣུབས་པའི་ཚེ་མཁའ་འགྲོ་རྣམས་ཀྱིས་ཁྱེར་ཏེ་མཐའ་འདུལ་གྱི་རྣམ་སྣང་གི་སྐུ་ལ་གཏེར་ཏུ་སྦེད་ཅིང་རྒྱལ་པོ་ཉིད་དང་འཕྲད་པར་འགྱུར་རོ༔ཞེས་གསུངས་པ་ལྟར་གཏེར་ཆོས་ཕལ་ཆེ་བ་ལས་དེ་ལྟར་འབྱུང་ངོ་། །འོན་ཀྱང་ལོ་གྲངས་འདི་བགྲོད་པ་རེ་ལ་ལོ་རེར་བྱས་པས་ལོ་རིལ་པོ་ལྔ་བཅུ་ང་ལྔ་དང་ཟླ་བ་དྲུག་ཡིན་པར་བླ་མ་གོང་མ་རྣམས་བཞེད་པ་ལྟར་འགྲིག་པ་ཡིན་ཏེ། ཆུ་སྟག་ལ་ཕེབས་ནས་མེ་སྤྲེ་ལ་ཐས་པའི་བར་ལ་ལོ་ལྔ་བཅུ་ང་ལྔ་ཡོད་ལ། དེ་ལྟ་ནའང་། རྒྱ་རྩིས་པས་སྟག་ཟླ་ནས་ལོ་འགོ་བཟུང་བས། ལོ་ང་ལྔའི་ཁ་སློང་གི་ཟླ་བ་དྲུག་ཏུ་མ་ཟད། ད་དུང་སྤྲེལ་ཟླར་ཐས་པས་ལོ་ང་ལྔ་ཡང་མ་རྫོགས་སོ་ཞེ་ན། འདི་དག་རགས་རྩིས་ཡིན་པས་མི་འགལ་མོད། འོན་ཀྱང་ཞིབ་མོར་བསྒྲིགས་ནའང་འགྲིག་སྟེ། རགས་པ་ལོ་གསུམ་ན་ཟླ་བཤོལ་རེ་འདོན་པའི་དབང་དུ་བྱས་པས་ལོ་ང་ལྔ་ལ་ཟླ་བཤོལ་བཅོ་བརྒྱད་འབྱུང་ལ། དེ་ལྟར་ན་བསམ་ཡས་སུ་ཆུ་སྟག་ཧོར་ཟླ་དང་པོ་ཙམ་ལ་ཕེབས་པར་བྱས་ཏེ། དེ་ནས་མེ་སྤྲེ་ཧོར་ཟླ་དང་པོ་རྫོགས་པའི་བར་ལ་ལོ་རིལ་པོ་ང་བཞི། དེ་ནས་སྣྲོན་ཟླའི་བར་གྱི་ཟླ་བ་གསུམ་གྱི་སྟེང་དུ་ཟླ་ཐེབས་ཐོག་ནས་དགུ་བསྣན་པས་ལོ་ང་ལྔ་དང་། ཟླ་ཐེབས་ཀྱི་ཆའི་ལྷག་མ་ཟླ་བ་དགུ་སྟེ་ཟླ་བ་གསུམ་གྱིས་མང་བ་ཙམ་མ་གཏོགས་འགྲིག་གོ། དེ་ལྟར་ཟླ་བ་དང་པོ་ལ་ཕེབས་པའི་དབང་དུ་བྱས་ན། རྒྱ་རྩིས་པའི་ལུགས་ཀྱི་སྟག་ལོ་དང་། བོད་རྒྱལ་པོ་དཔྱིད་ར་ནས་ལོ་འགོ་འཛིན་པའི་དབང་དུ་བྱས་ན་ལྕགས་གླང་ཡིན་པས། མཁའ་འགྲོ་སྙིང་ཐིག་ཏུ་གླང་ལ་ཕེབས་པར་བཤད་པ་དང་ཡང་སྒྲིག་ནུས་སོ། །སློབ་དཔོན་གཤེགས་པའི་ལོ་དེ་ལ་མུ་ཁྲི་བཙན་པོ་འདས། སྲས་གསུམ་པ་མུ་ཏིག་བཙན་པོ་བསྐོ་བར་བྱས་ཀྱང་སྣ་ནམ་གྱིས་བུ་བསད་པའི་འཁོན་གྱི་མ་བཟོད་ནས་བཀྲོངས་པས། མེ་སྤྲེ་དེ་ལ་སྲས་བཞི་པ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་དུ་གྲགས་པ་རྒྱལ་སར་བཏོན་པ་ལོ་ངོ་བརྒྱད་བཞུགས་ཏེ་ཆུ་ཡོས་ལ་འདས། ལོ་དེ་ནས་ཁྲི་གཙུག་ལྡེ་བཙན་ནམ་རལ་པ་ཅན་གྱིས་རྒྱལ་སར་ལོ་བཅུ་བཞི་བཞུགས་ཏེ་མེ་འབྲུག་ལ་འདས། ལོ་དེ་ལ་ཁྲིའུའི་དར་མ་བཙན་ཏེ་གླང་དར་མ་རྒྱལ་སར་བསྐོས། དེ་ལྟར་ན་ཁྲི་རལ་འཁྲུངས་པའི་མེ་ཁྱི། དེ་ནས་ཉེར་དྲུག་འདས་པའི་ཆུ་བྱི་སོགས་ཏེ། ལོ་དེ་ལ་བླ་ཆེན་པོ་འཁྲུངས། དེ་ནས་དགུ་འདས་སོགས་ཏེ། གླང་དར་གྱིས་ལོ་དྲུག་རྒྱལ་པོ་བྱས་ཏེ་ལྕགས་བྱར་བསྟན་པ་བསྣུབས་པའི་དེ་མ་ཐག་ལྷ་ལུང་དཔལ་རྡོར་གྱིས་བསད་དོ། །དེ་ལྟར་སྲོང་བཙན་གཤེགས་ནས་ཁྲི་སྲོང་གིས་རྒྱལ་ས་མཛད་པའི་བར་གྱི་ལོ་རྣམས་རྒྱ་ནག་གི་མཁས་པ་བ་སུ་ཁྱིས་བྱས་པའི་ཡིག་ཚང་བླ་མ་རིན་ཆེན་གྲགས་ཀྱིས་བསྒྱུར་བ་འདིར་ངེས་པར་འདུས་པས་དེ་བཞིན་བྲིས་ལ། ཡིག་ཚང་དེར་ཁྲི་སྲོང་གི་རྒྱལ་སར་ལོ་ཉི་ཤུ་རྩ་དྲུག་ལས་མ་བཞུགས་པར་བྱས་པ་དང་། ལྷ་སྲས་མུ་ཁྲིའི་མཚན་ལ་མུ་ནེ་ཞེས་ཡི་གེ་ནོར་བ་སོགས་ཁྲི་སྲོང་མན་ཆད་ཀྱི་གཏམ་རྣམས་ལ་ལོ་རྒྱུས་ཁུངས་མ་རྣམས་དང་བསྟུན་ན་མི་འགྲིག་པ་འགའ་རེ་སྣང་བ་བཅོས། ཡིག་ཚང་ལ་ལར། ཁྲི་སྲོང་གི་སྲས་གཉིས་པ་མུ་ཁྲི་བཙན་པོ་སྐུ་གཞོན་ནུ་ལ་གཤེགས་པས་རྒྱལ་ས་མ་མཛད་ཟེར་ཡང་ལེགས་པར་མ་མཐོང་སྟེ། ཡབ་ཀྱི་རྗེས་སུ་བཞུགས་པར་སློབ་དཔོན་ཆེན་པོ་སྐྱེལ་ཐུང་ལ་བྱོན་སྐབས། ཡབ་ཅིག་རྒྱལ་པོ་དགུང་དུ་གཤེགས༔གུ་རུ་ཨོ་རྒྱན་ཡུལ་དུ་གཤེགས༔ཡབ་རྒྱལ་པོ་སྐུ་ཚེ་ཐུང་ལགས་སོ༔བོད་འབངས་སྐྱིད་པ་ཟད་ལགས་སོ༔ཡབ་དང་གུ་རུ་བཞུགས་རིང་ལ༔མུ་ཁྲི་བཙན་པོ་མི་འགུམ་པ༔ཞེས་སྨྲེ་སྔགས་བཏོན་པ་སོགས་ལས་ཤེས་སོ། །ཡང་མཁས་པ་ལ་ལ། རལ་པ་ཅན་དང་ཁྲི་ལྡེ་སྲོང་བཙན་སོ་སོར་སྨྲ་བ་མི་རིགས་ཏེ། སྒྲ་སྦྱོར་བམ་གཉིས་ལས། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་སྐྱིའི་སྨད་འོན་ཅང་དོ་ན་བཞུགས། ཞེས་གསུངས་པས་སོ་ཟེར། དེ་ཡང་མི་རིགས་ཏེ། སྒྲ་སྦྱོར་བམ་གཉིས་སུ་རལ་པ་ཅན་ལ་ཁྲི་ལྡེ་སྲོང་བཙན་ཟེར་བ་ནི་ཁྲི་གཙུག་ལྡེ་བཙན་ཞེས་པའི་ཡི་གེ་ཉམས་པ་ཡིན་ལ། གལ་ཏེ་དེ་ལྟར་མ་ཡིན་ན། སྐར་ཆུང་རྒྱལ་སྡེའི་གཙུག་ལག་ཁང་ནི་སད་ན་ལེགས་ཀྱིས་བཞེངས་པར་རླུང་ལྟར་གྲགས་ལ། དེའི་རྡོ་རིང་གི་ཡི་གེར་ཁྲི་ལྡེ་སྲོང་བཙན་གྱིས་བཞེངས་པར་བཤད་པས་སོ། །རྡོ་རིང་གི་ཡི་གེ་དེ་ཇི་ལྟར་ཞེ་ན། འདི་ཡིན་ཏེ། འཕྲུལ་གྱི་ལྷ་བཙན་པོ་མེས་ཁྲི་སྲོང་བཙན་གྱི་རིང་ལ། སངས་རྒྱས་ཀྱི་ཆོས་མཛད་དེ། ར་སའི་གཙུག་ལག་ཁང་ལས་སྩོགས་པ་བཙིགས་ཤིང་། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་། མེས་ཁྲི་འདུས་སྲོང་གི་རིང་ལ་གླིང་གི་ཁྲི་རྩེ་ལ་སྩོགས་པར་གཙུག་ལག་ཁང་བརྩིགས་ཏེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་། ཡབ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། བྲག་དམར་གྱི་བསམ་ཡས་ལས་སྩོགས་པ། དབུང་མཐར་གཙུག་ལག་ཁང་བཙིགས་ཏེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་། ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་ཡང་། སྐར་ཆུང་གཙུག་ལག་ཁང་ལས་སྩོགས་པ་བརྩིགས་ཏེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་ལས་སྩོགས་པ། གདུང་རབས་རྒྱུད་ཀྱིས། འདི་ལྟར་སངས་རྒྱས་ཀྱི་ཆོས་མཛད་པ་འདི་ནམ་དུའང་མ་ཞིག་མ་བཏང་ན། ལེགས་པ་དཔག་ཏུ་མེད་པར་འགྱུར། ཞེས་སོགས་གསུངས་པས་སོ། །ཡང་ཁ་ཅིག །སྒྲ་སྦྱོར་བམ་གཉིས་ལས། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། ཨཱ་ཙཪྱ་བོ་དྷི་ས་ཏྭ་དང་། ཞེས་སོགས་གསུངས་པས་རལ་པ་ཅན་གྱི་ཡབ་ཁྲི་སྲོང་ལྡེ་བཙན་ཡིན་ཟེར་རོ། །དེ་ཡང་མ་ཡིན་ཏེ། ཁྲི་སྲོང་དང་། སད་ན་ལེགས་གཉིས་ཡབ་སྲས་སུ་འབྲེལ་བས་དུས་མཚུངས་པའི་ཕྱིར། ཁྲི་སྲོང་གི་དུས་ཀྱི་ལོ་པཎ་རྣམས་ལ་ཡབ་སད་ན་ལེགས་ཀྱི་དུས་ཀྱི་ལོ་པཎ་ཞེས་བརྗོད་པ་མི་འགལ་བའི་ཕྱིར་རོ། །དེ་ཡང་ལྕགས་བྱར་བསྟན་པ་བསྣུབས་པ་དེ་ནས་ང་གཉིས་འདས་པའི་སོགས་ཏེ། ཆུ་གླང་དེ་བསྟན་པ་ཕྱི་དར་གྱི་ཐོག་མར་བཟུང་ངོ་། །འདིར་ལོ་རྒྱུས་འཆད་པོ་ཕལ་ཆེར། བླ་ཆེན་གྱི་འཁྲུངས་ལོ་ཆུ་གླང་འདིའི་ལོ་སྔ་མའི་ཆུ་བྱི་དེ་ཡིན་པར་འཆད་ཀྱང་། དེ་ལྟར་ན། བླ་ཆེན་དགུང་ལོ་ཉི་ཤུ་པ་ལྕགས་ལུག་ལ་བསྙེན་པར་རྫོགས་པའི་དབང་དུ་བྱས་ཏེ། བུ་སྟོན་གྱི་བཞེད་པ་ལྟར་ཆུ་བྱ་ལ་ཕྱི་དར་གྱི་ཐོག་མ་བྱས་ན། བླ་ཆེན་བསྙེན་པར་རྫོགས་པ་དང་། མི་བཅུས་བསྟན་པ་གསོས་པའི་བར་ན་ལོ་ཆུ་སྤྲེ་གཅིག་པོ་ལས་མེད་པ་དང་། འབྲོམ་གྱི་བཞེད་པ་ལྟར་ས་སྟག་ལ་བྱས་ཀྱང་ལོ་བདུན་ལས་མེད་པ་དང་། བླ་ཆེན་འཁྲུངས་ནས་ལོ་དྲུག་འདས་པའི་ས་རྟ་དེ་ལ་ལོ་ཆེན་རིན་བཟང་འཁྲུངས་པར་བྱེད་ལ། ལོ་ཆེན་གྱི་བཅུ་གསུམ་པ་ལ་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་བར་བཤད་ཅིང་། དེའི་ལོ་བླ་ཆེན་དགུང་ལོ་བཅུ་དགུ་པ་ཡིན་པས་བླ་ཆེན་བསྙེན་པར་མ་རྫོགས་གོང་དུ་མངའ་རིས་སུ་བསྟན་པ་དར་ཚར་བར་འདོད་དགོས་པ་དང་། གཞན་ཡང་ལྕགས་བྱར་གླང་དར་མས་བསྟན་པ་བསྣུབས་པའི་དུས་རྨ་གཡོ་གཙང་གསུམ་ལོ་ཉི་ཤུ་ལས་གཞོན་ཐེབས་མེད་ཅིང་། དེ་ནས་ང་གཅིག་འདས་པའི་ཆུ་བྱི་ལ་བླ་ཆེན་འཁྲུངས། ཉི་ཤུ་པ་བསྙེན་པར་རྫོགས། དེ་ནས་ལོ་ལྔ་ན་བླ་ཆེན་གྱིས་མཁན་པོ་བྱས། རྨ་གཡོ་གཙང་གསུམ་རྒྱའི་དགེ་སློང་གཉིས་དང་བཅས་པས་ལས་གྲྭ་བྱས་ནས་མི་བཅུ་ལ་སྡོམ་པ་ཕོག་པ་སོགས་སྒྲིག་ན། རྨ་གཡོ་གཙང་གསུམ་ཀས་དགུང་ལོ་གོ་བདུན་ལས་ཉུང་ཐེབས་མེད་ཅིང་། ཆུ་བོ་རིར་བཞུགས་དུས་ནས་གནས་སློབ་བསྟེན་ཏེ་འདུལ་བ་ཤེས་ཟིན་པ་ཞིག་ཏུ་ངེས་པར་ཁས་བླང་དགོས་ལ། དེ་ལྟར་ན་གསུམ་ཀས་དགུང་ལོ་བརྒྱ་ལྷག་པ་ཞིག་མ་བཞུགས་པའི་ཐེབས་མེད་པས་བཞག་དཀའོ། །དེས་ན་སྔར་བརྗོད་པ་ལྟར། རལ་པ་ཅན་གྱི་ཉེར་བདུན་པ་ཆུ་བྱི་ལ་བླ་ཆེན་འཁྲུངས། དགུང་ལོ་སོ་བདུན་པ་ས་བྱི་ལ་བསྙེན་པར་རྫོགས། ལོ་དྲུག་པ་ཆུ་སྦྲུལ་ལ་མི་བཅུའི་མཁན་པོ་མཛད། གྱ་བཞི་པ་ཤིང་ཕག་ལ་གཤེགས། བླ་ཆེན་གྱི་རེ་གཉིས་པ་ཆུ་གླང་ལ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་མཁན་བུ་དང་བཅས་པ་ངམས་ཤོད་འབྲས་ཕུར་ཕེབས་པ་འདི་ཕྱི་དར་གྱི་ཐོག་མར་ཀླུ་མེས་རྣམས་བཞེད་ཅེས་མཁས་པ་དག་གིས་བཀོད་པ་འདི་ལེགས་པར་མཐོང་ནས་རང་ལུགས་སུ་བཟུང་ངོ་། །དེ་ཡང་ཕྱི་དར་གྱི་ཐོག་མ་བསྙེན་རྫོགས་ཀྱི་ལས་བཙུགས་ཏེ་དགེ་སློང་གི་དགེ་འདུན་རིམ་པར་འཕེལ་བའི་ཐོག་མ་ལ་བྱའི། གནས་གཞི་རྩིག་པའི་ནུས་པ་ནི་དེ་ནས་ལོ་དགུ་པ་བྱ་ལོ་ལ་མོར་སྒྱེལ་ཐོག་མར་བཙུགས་པ་ནས་རིམ་པར་བྱུང་ཞེས་བ་ཤི་གནས་བརྟན་ཟེར་རོ། །དེ་ལྟ་ན་བསྟན་པའི་ལྟེམས་ལོ་ང་གཉིས་ལས་མེད་ན། བཀའ་ཆེམས་ཀྱི་ལུང་བསྟན་ལས། དེ་ནས་ལོ་སྐོར་བརྒྱད་ཀྱི་བར། །སངས་རྒྱས་བསྟན་པའི་མིང་ཡང་མེད། །ཅེས་གོ་དྲུག་ཏུ་གསུངས་པ་དང་འགལ་ཞེ་ན། དེ་ལྟར་བདེན་མོད་ཀྱང་། ལྷ་སར་རེ་ཞིག་མ་ཚུགས་པ་ལ་དགོངས་པས་སྐྱོན་མེད་ཅེས་གསུངས་སོ། །ཆུ་གླང་། དེ་ནས་ལྔ་འདས་སོགས་ཏེ། ས་རྟ་ལ་རིན་ཆེན་བཟང་པོ་འཁྲུངས། དེ་ནས་བཅོ་ལྔ་སོགས་ཆུ་བྱ་ལ་ཕྱི་དར་གྱི་ཐོག་མར་བུ་སྟོན་བཞེད་དེ། རྒན་མོ་ཞིག་གི་ངག་རྒྱུན་ཚད་མར་མཛད་པའོ། །དེ་ནས་ལྔ་འདས་སོགས་ས་སྟག་དེ་མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་དང་འབྲོམ་སྟོན་གྱི་བཞེད་ཀྱི་ཕྱི་དར་ཐོག་མ་སྟེ། ལོ་ཚོང་གི་སྡེ་བཙུགས་པའི་ཐོག་མ་དང་འཁྲུལ་ཞེས་གསུངས། དེ་ནས་བཞི་སོགས་ཏེ། ཆུ་རྟ་ལ་ཇོ་བོ་རྗེ་འཁྲུངས། ལྷ་རྗེ་ཟུར་པོ་ཆེ་འཁྲུངས་པའི་ལོ་ཚིགས་མ་མཐོང་ཡང་། དུས་འདི་ཤེད་དུ་བྱོན་པར་སྣང་། ཡིག་ཚང་ལ་ལར། ཟུར་པོ་ཆེ་བླ་ཆེན་ལས་བསྙེན་པར་རྫོགས་ཟེར་བ་འདུག་ཀྱང་དག་པར་མ་མཐོང་སྟེ། བླ་ཆེན་ཁྱུང་པོའི་འཁྲུངས་ལོ་ས་སྟག་དེ་ནས་ཡར་གསུམ་བགྲངས་པའི་ཤིང་ཕག་དེ་ལ་གཤེགས་པས་ཟུར་པོ་ཆེ་ལོ་ཆེན་རིན་བཟང་ལས་ལོ་གསུམ་གྱིས་སྒྲེས་པའི་དགུང་སྙིང་མེ་འབྲུག་ཡིན་པར་བྱས་ན་བླ་ཆེན་གཤེགས་པའི་ལོ་དེ་བསྙེན་རྫོགས་ཀྱི་ལོ་ལོན་ཀྱང་། ཟུར་མེས་དབོན་གསུམ་ཀ་དགུང་ལོ་རེ་གཅིག་བཞུགས་པར་ཡིག་ཚང་ཕལ་ཆེར་མཐུན་པས། དེ་ལྟར་ན། ཟུར་ཆུང་པ་ཤིང་སྟག་ལ་འཁྲུངས་ནས་ལོ་གཉིས་འདས་པའི་མེ་འབྲུག་ལ་གཤེགས་པར་བྱེད་དགོས་པར་སྣང་བས་ཟུར་ཆེ་ཆུང་དཔོན་སློབ་ཏུ་འབྲེལ་བའི་བརྒྱུད་ཡིག་རྣམ་ཐར་སོགས་གཏམ་ཁུངས་མ་ཐམས་ཅད་ལས་འགོངས་པས་དོར་བྱ་ཁོ་ནའོ། །ཇོ་བོ་རྗེ་བལྟམས་པ་དེ་ནས་སུམ་ཅུ་འདས་པ་ཡི། །ཞེས་སོགས་རྐང་པ་གཅིག་དང་བཅས་པའི་ཚིགས་སུ་བཅད་པ་གསུམ་མོ། །འདིར་རབ་བྱུང་དང་པོའི་ཐོག་མར་དུས་ཀྱི་འཁོར་ལོ་གྱི་ཇོས་བསྒྱུར་བ་འདི་ལ་འགྱུར་མང་དུ་གྲགས་ཏེ་འགྱུར་གྱི་ཐོག་མ་ཡིན། ཕྱིས་རྨ་དགེ་བློ། འབྲོ་ལོ། གཉན་ལོ། རྩ་མི། སྟེང་ལོ། རྭ། ཆག །ཤོང་། ཤུད་ཀྱེད། དཔང་ལོ་མ་ཏི་རྣམ་གཉིས་སོགས་ཀྱི་འགྱུར་མཐའ་ཡས་པ་བྱུང་སྣང་ངོ་། །རབ་བྱུང་དང་པོ་འདི་ལ་ཤམྦྷ་ལའི་སེང་ཁྲིར་རིགས་ལྡན་ཉི་མ་ཕེབས། རོང་ཟོམ་ཆོས་ཀྱི་བཟང་པོ་འཁྲུངས་པའི་ལོ་ཚིགས་མ་བརྙེད་ཀྱང་། ཇོ་བོ་རྗེ་དགུང་ལོ་རེ་གཅིག་པ་ཆུ་རྟ་ལ་བོད་དུ་ཕེབས་དུས་བླ་མ་རོང་པ་བྱིས་པ་ཞིག་ཡོད་པར་སྣང་སྟེ། བྱིས་པ་འདི་ལ་ཇོ་བོས་གླེང་མོ་གནང་བ་ཞུ་དང་ཞུས་པས། ཇོ་བོའི་ཞལ་ནས། ཁོ་བོས་འདི་དང་ཆོས་ཀྱི་གླེང་མོ་བྱ་བ་ག་ལ་ཐུབ། འདི་ནི་པཎྜི་ཏ་ནག་པོ་སྤྱོད་པའི་སྐྱེ་བ་ཡིན། ཞེས་གསུངས་པ་དང་། འགོས་ལྷས་བཙས། གོ་རུབ་ལོ་ཙཱ་བ། མར་པ་དོ་པ་སོགས་ཀྱིས་ཀྱང་ཞབས་ལ་བཏུགས་པའི་གཏམ་བརྒྱུད་ངེས་པ་ཅན་སྣང་བས་དུས་འདི་ཤེད་དུ་བྱོན་པར་མངོན་ནོ། །རབ་བྱུང་དང་པོའི་མེ་ཡོས་དེ་ནས་བཅུ་གསུམ་འདས་པ་ཡི། ལྕགས་འབྲུག་མི་ལ་རས་པ་འཁྲུངས། །ཞེས་པ་ནས། ལོ་གྲངས་ལྔ་བརྒྱ་ང་བཞི་འདས། །ཞེས་པའི་བར་ཚིགས་སུ་བཅད་པ་བརྒྱད་བཀླགས་པས་གྲུབ་ལ། པཎ་ཆེན་ཤཱཀྱ་ཤྲཱི་འཁྲུངས་པའི་མེ་ལུག་འདི་ལ་སྣ་ཚོགས་གཟུགས་སེང་ཁྲིར་ཕེབས། ཡང་དེ་ནས་ཉེར་གཉིས་འདས་པ་ཡི། །ཞེས་པ་ནས། བཞི་བརྒྱ་དྲུག་ཅུ་རེ་ལྔ་འདས། །ཞེས་པའི་བར་ཏེ། སྙེ་མདོ་ཐམས་ཅད་མཁྱེན་པ་འཁྲུངས་པའི་མེ་བྱི་འདི་ནས་བཅུ་གཅིག་འདས་པའི་མེ་ཕག་ལ་ཟླ་བའི་འོད་སེང་ཁྲིར་ཕེབས། དེ་ནས་ལོ་དགུ་འདས་ཤིང་སྙེ་མདོ་བ་འཁྲུངས་པའི་མེ་བྱི་དེ་ནས་ཉི་ཤུ་འདས་པའི་མེ་སྤྲེ་ལ། ཞེས་པ་ནས། སུམ་བརྒྱ་བདུན་ཅུ་དོན་གསུམ་འདས། །ཞེས་པའི་བར་ཏེ། ཀུན་མཁྱེན་ཆེན་པོའི་དགུང་ལོ་ཉི་ཤུ་པ་རབ་བྱུང་དྲུག་པའི་ཐོག་མར་མཐའ་ཡས་སེང་ཁྲིར་ཕེབས། ས་སྤྲེ་དེ་ནས་སོ་བརྒྱད་འདས་པ་ཡི། །ཞེས་སོགས་ཏེ། ཀུན་མཁྱེན་བྱམས་ཆེན་རབ་འབྱམས་པ་འཁྲུངས་ནས་ལོ་བཅོ་ལྔ་འདས་པའི་མེ་ལུག་ལ་ས་སྐྱོང་སེང་ཁྲིར་ཕེབས། དེ་ནས་ཉི་ཤུ་འདས་ཤིང་བྱམས་རམས་པ་འཁྲུངས་པའི་ཆུ་འབྲུག་ནས་སོ་ལྔ་འདས་པ་རབ་བྱུང་བརྒྱད་པའི་ཐོག་མའི་མེ་ཡོས་ལ་ལྷུན་གྲུབ་རྒྱ་མཚོས་པད་དཀར་ཞལ་ལུང་བརྩམས་ནས་ལོ་ཉིས་བརྒྱ་སུམ་ཅུ་རྩ་བཞི་འདས་སོ། །དེ་ནས་གསུམ་འདས་སོགས་ཏེ། སྣ་ཚོགས་རང་གྲོལ་འཁྲུངས་པའི་ཤིང་སྟག་ནས་སོ་གསུམ་འདས་པའི་མེ་ཕག་ལ་རིགས་ལྡན་དཔལ་སྐྱོང་སེང་ཁྲིར་ཕེབས། དེ་ནས་དགུ་སྟེ་བསྡོམས་པས་སྣ་ཚོགས་རང་གྲོལ་འཁྲུངས་པའི་ཤིང་སྟག་དེ་ནས་ཞེ་གཉིས་ཞེས་སོགས་ཏེ། མཁས་གྲུབ་མདོ་སྔགས་བསྟན་འཛིན་དགུང་ལོ་ཞེ་བཞི་པ་ས་མོ་ལུག་གི་ལོ་ལ་རྩིས་ཀྱི་བསྟན་བཅོས་ཡོངས་སྣང་སྒྲོན་མ་མཛད་དེ་ང་གསུམ་པ་ས་འབྲུག་ལ་གཤེགས། མེ་བྱི་དེ་ནས་ཉེར་གཉིས་སོགས་ཏེ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ས་ཁྱི་ལ་འཁྲུངས་ནས་རེ་བརྒྱད་པ་ཤིང་སྦྲུལ་ལ་གཤེགས། ས་ཁྱི་དེ་ནས་བཅུ་གསུམ་སོགས་ཏེ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་ས་ཕག་ལ་འཁྲུངས་ནས་ལྔ་བཅུ་ང་གཉིས་ཀྱི་བར་ཆོས་འཁོར་བསྐོར་ཏེ་ཆུ་སྟག་ལ་ཐེགས། དེ་ནས་དྲུག་འདས་ཞེས་སོགས་ཏེ། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་གོ་བདུན་འདས་པའི་མེ་སྦྲུལ་ལ་རྗེ་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་འཇིག་རྟེན་གྱི་སྒྲོན་མེར་སྐུ་འཁྲུངས་ནས་དགུང་ལོ་དྲུག་ཅུ་རྩ་ལྔའི་སྟེང་དུ་ཕེབས་ཏེ་ད་དུང་ཡང་བསྟན་འགྲོའི་བསོད་ནམས་ཀྱི་ཉེར་འཚོར་ཞབས་པད་བསྐལ་བརྒྱར་བརྟན་པར་གསོལ་བ་འདེབས་སོ། །དེ་ནས་ཉེར་དགུ་འདས་པའི་སོགས་ཏེ། མི་ཟད་པ་མེ་ཕོ་ཁྱིའི་ལོ་ལ་མཚུངས་པ་མེད་པའི་བཀའ་དྲིན་ཅན་རྗེ་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཁྲུངས། དེ་ནས་གཉིས་འདས་སོགས་ཏེ། ས་བྱི་ལ་གཅུང་རྒྱལ་སྲས་རིན་པོ་ཆེ་འཁྲུངས། དེ་ནས་བཅོ་ལྔ་འདས་པའི་སོགས་ཏེ། ཆུ་ཡོས་ལ་ཡབ་རྗེ་རིག་འཛིན་ཆེན་པོའི་སྤྲུལ་པའི་སྐུ་འཁྲུངས། དེ་ནས་བདུན་འདས་སོགས་ཏེ། རྗེ་བླ་མ་དགུང་ལོ་ཉེར་ལྔ་པའི་དགུང་ཀེག་གི་སྟེང་དུ་ཕེབས་པ་ལྕགས་ཕོ་ཁྱི་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་འདུས་པའི་སྡེ་འདི་ཉིད་གསར་དུ་བཙུགས། དེ་ནས་བཞི་འདས་སོགས་ཏེ། ཤིང་སྟག་ལ་རྒྱལ་སྲས་རིན་པོ་ཆེ་གཤེགས། དེའི་ཕྱི་ལོ་ཤིང་ཡོས་ལ་མཁས་དབང་ལྡུམ་པོ་བ་ཐེགས། དེ་ནས་གཅིག་འདས་སོགས་ཏེ། མེ་འབྲུག་དབོ་ཟླའི་ཚེས་གསུམ་གྱི་ཉིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་རྨང་གཏིང་། དེ་ནས་གསུམ་འདས་སོགས་ཏེ། ས་མོ་ལུག་གི་ལོ་ལ་རྒྱལ་དབང་འཇིག་རྟེན་དབང་ཕྱུག་གི་བཀའི་ལུང་གིས་ལྷ་སྲས་མུ་ཁྲིའི་རྣམ་རོལ་མི་དབང་སངས་རྒྱས་རྒྱ་མཚོ་བོད་ཀྱི་རྗེར་བྱོན་ཏེ། དཀོན་མཆོག་གསུམ་བླ་མར་བསྟེན་ཅིང་། རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བར་མཛད་པ་འདིའོ། །དེ་ཡི་ཕྱི་ལོ་སོགས་ཏེ། བཀའ་ཐང་ལས། ཤ་འུག་ལྟག་སྒོར་སྦས་པའི་གཏེར་ཁ་ནི༔མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔གཏེར་སྟོན་གཏེར་བདག་གླིང་པ་ཞེས་བྱ་འབྱུང༔ཞེས་ལུང་བསྟན་པ་ལྟར་རྗེ་བླ་མས་ཤ་འུག་ཟབ་གཏེར་བཞེས་པ་ཉིད་གཙོ་བོའི་དབང་དུ་བྱས་ནས་འདིར་སྨོས་ཀྱི། གཞན་དུ་ན། དགུང་ལོ་བཅོ་བརྒྱད་པ་ཆུ་ཡོས་ལ་བྲག་དམར་གཡའ་མ་ལུང་། ཉེར་གཉིས་པ་མེ་ལུག་ལ་ཡར་ཀླུངས་ཤེལ་བྲག །སོ་གཉིས་པ་མེ་སྦྲུལ་ལ་ངམས་ཤོད་ཨོ་དཀར་བྲག་སོགས་ནས་ཟབ་གཏེར་མང་དུ་བཞེས་ཤིང་། ད་དུང་ཡང་བཞེས་པར་འགྱུར་ལ། ཕལ་ཆེར་བཀའ་གཏེར་གོང་མ་རྣམས་ལ་ཐུགས་རྩིས་སུ་མཛད་པའི་གསང་སྔགས་རྙིང་མའི་བསྟན་པ་སྲོག་མཐུད་པ་ལྟ་བུར་གྱུར་ཏེ། ཞབས་ཀྱི་གཡུང་དྲུང་མི་ཤིགས་པ་རྡོ་རྗེའི་ཁྲི་ལ་བརྟན་པར་གསོལ་བ་འདེབས་སོ། །ལྕགས་སྤྲེ་དེ་ནས་གཅིག་འདས་བློ་ངན་ཞེས་པ་ལྕགས་བྱ་འདིའི་སྟེང་དུ་སླེབ་པ་སྟེ། བསྟན་བཅོས་འདི་ཉིད་བརྩམས་པའི་ལོའོ། །འདིའི་ཕྱི་ལོ་རྗེ་བླ་མ་དགུང་ལོ་སོ་བདུན་པ་དགུང་ཀེག་གི་སྟེང་དུ་ཕེབས་པ་ཆུ་ཕོ་ཁྱིའི་ལོ་དཔྱིད་ཟླ་ཐ་ཆུང་ས་གས་ཉ་བ་རྒྱལ་བའི་དུས་ཆེན་གྱི་ཐོག །འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་གྲུབ་སྟེ། སྒྲུབ་ཆེན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས་རབ་གནས་མངའ་གསོལ་ཆེན་མོ་མཛད་དེ། སྐྱེ་རྒུ་ཀུན་གྱི་ཕྱག་མཆོད་ཀྱི་རྟེན་དང་། བསྟན་པ་མ་ཚང་བ་མེད་པའི་གནས་དང་། དེ་དག་ལ་འཆད་ཉན་གྱི་ཚུལ་ཆད་པ་མེད་པ་ལ་སོགས་ཏེ། སྐྱེ་བོ་ཀུན་གྱི་འདོད་རྒུ་མ་ལུས་པ་འབྱུང་བའི་གནས་སུ་གྲུབ་སྟེ་བཀྲ་ཤིས་པར་གྱུར་པའོ། །བསྟན་པའི་གནས་ཚད་ཀྱི་སྟེང་ནས་སྔར་ཇི་ཙམ་འདས་པའི་རྣམ་གཞག་བཤད་གྲུབ་བོ། །

གཉིས་པ་ཇི་ཙམ་ལུས་པའི་རྣམ་གཞག་ལ་བསྟན་བཤད་གཉིས་ལས། དང་པོ་ནི། བསྟན་པའི་གནས་ཚད་ཀྱི་སྟེང་ནས་སྔར་ཇི་ཙམ་འདས་པ་བཤད་པའི་རྗེས་དེ་ནས་གཞན་ཇི་ཙམ་ལྷག་མར་ལུས་པའི་རྣམ་པར་གཞག་པ་ཡང་བཤད་པར་བྱ་ཞེས་ཁས་བླང་ངོ་། །གཉིས་པ་ནི། ད་ནས་མ་འོངས་པ་ན་ཇི་ཙམ་ལུས་ཤེ་ན། ད་ལྟར་གྱི་ལྕགས་མོ་བྱའི་ལོ་འདི་ནས་བཟུང་སྟེ། རིགས་ལྡན་སེང་གེ་ཁྲིར་ཕེབས་ནས་སྔར་ལོ་ང་བཞི་འདས་ཚར་བའི་ལྷག་ད་དུང་ལོ་བཞི་བཅུ་ཞེ་དྲུག་གི་བར་ཆོས་སྟོན་པར་འགྱུར་བ་དང་། དེ་ནས་རྣམ་གནོན་དང་། སྟོབས་པོ་ཆེ་དང་། མ་འགགས་པ་དང་། མིའི་སེང་གེ་དང་། དབང་ཕྱུག་དང་། མཐའ་ཡས་རྣམ་པར་རྒྱལ་བ་སྟེ་རིགས་ལྡན་དྲུག་པོ་རེ་རེས་ཀྱང་ལོ་བརྒྱ་བརྒྱར་ཆོས་སྟོན་པས་ན་ཁྱོན་ལོ་དྲུག་བརྒྱ་སྟེ། དེ་སེང་གེའི་ལོ་ཞེ་དྲུག་དང་བསྡོམས་པས་ལྕགས་བྱ་འདི་ནས་ལོ་དྲུག་བརྒྱ་ཞེ་དྲུག་འདས་པའི་འོག་ཏུ། མེ་མོ་ལུག་གི་ལོ་ལ་རིགས་ལྡན་དྲག་པོ་འཁོར་ལོ་ཅན་ཤམྦྷ་ལའི་རྒྱལ་སར་འཁོད་པར་འགྱུར་ཞིང་། དེར་ལོ་གོ་དྲུག་གི་བར་དུ་ཆོས་བསྟན་པ་རྫོགས་པ་དང་། ཤམྦྷ་ལ་ནས་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱའི་ལོ་མཐར་བབས་པ་དྲག་པོ་ཉིད་དགུང་ལོ་གོ་བདུན་པ་ཆུ་མོ་ལུག་གི་ལོར་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་འཕགས་པའི་ཡུལ་དུ་དྲག་པོ་འཁོར་ལོ་ཅན་རང་གི་དཔུང་ཡན་ལག་བཞིའི་སྟོབས་དང་ལྡན་པར་མ་ཟད་ལྷ་ཆེན་པོ་བཅུ་གཉིས་ཀྱི་དཔུང་རོགས་དང་བཅས་ཏེ་བྱོན་ནས་འཛམ་གླིང་ཆུང་ངུ་འདིར་ཀླ་ཀློའི་དཔུང་ལྷ་མ་ཡིན་གྱི་དཔུང་རོགས་དང་བཅས་པ་རྣམས་གཡུལ་དུ་བཅོམ་ནས་ཀླ་ཀློ་དང་ཀླ་ཀློའི་ཆོས་ལ་ཞུགས་པ་རྣམས་རྡོ་རྗེ་ཐེག་པའི་ཆོས་ལ་འགོད་པར་མཛད་པ་བཞིན་དུ། འཛམ་གླིང་ཆུང་ངུ་འདི་ནས་གཡས་སྐོར་དུ་གླིང་བཅུ་གཉིས་ཀྱི་དུམ་བུ་གཞན་བཅུ་གཅིག་པོར་ཡང་། དེ་བཞིན་གཤེགས་པའི་ཆོས་འཇུག་པ་དང་། དེ་ཀླ་ཀློའི་ཆོས་ཀྱིས་ཉམས་པར་བྱེད་པ་དང་། དེ་འཇོམས་ཀྱི་འཁོར་ལོ་ཅན་ཡང་རིམ་པ་བཞིན་དུ་འཇུག་པས་བསྟན་པ་གསོ་བ་སོགས་སྔ་དར་ཕྱི་དར་གྱི་ཚུལ་གྱིས་འཛམ་གླིང་ཆེན་པོའི་དུམ་བུ་བཅུ་གཉིས་ལ་འཁོར་ཚུལ་ཤེས་པར་བྱའོ། །དེ་ལྟར་ལྷ་མིན་ཀླ་ཀློའི་དགྲ་བོ་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་སྟེ་རང་གི་སྐུ་ཚེའི་ཚད་མི་ལོ་བརྒྱ་རྫོགས་པ་ན། རང་གི་སྲས་འཇམ་དཔལ་གྱི་སྤྲུལ་པ་ཚངས་པ་དང་། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལྷའི་དབང་པོ་གཉིས་རྒྱབ་མདུན་གྱི་ཆོས་སྟོན་པ་པོར་བསྐོས་ཏེ། རང་ཉིད་བདེ་བའི་གནས་སུ་གཤེགས་པར་མཛད་ཅེས་གྲགས་སོ། །སྲས་གཉིས་པོ་རྒྱབ་མདུན་གྱི་སྟོན་པ་པོར་ཇི་ལྟར་འགྱུར་ཞེ་ན། ཚངས་པ་ནི་ཆུ་བོ་ཤཱི་ཏའི་རྒྱབ་ཤམྦྷ་ལར་ཆོས་སྟོན་ལ། ལྷ་དབང་ནི་ཆུ་བོ་ཤཱི་ཏའི་མདུན་འཕགས་ཡུལ་ལ་སོགས་པར་ཆོས་སྟོན་པ་པོར་འགྱུར་རོ། །འོ་ན་འཁོར་ལོ་ཅན་གྱིས་དགུང་ལོ་གོ་བདུན་པ་ལ་ཀླ་ཀློ་བཅོམ་པ་ཡིན་ན། ཁམས་ལེའི་གོ་སླར། ཀླ་ཀློའི་ཚོགས་ནི་རབ་ཏུ་བཅད་ནས་འཁོར་དང་བཅས་པའི་སྐྱེ་བོ་མི་ཡི་ལོ་ནི་བརྒྱ་ཕྱེད་ན། །རིགས་ལྡན་འགྲུབ་པར་འགྱུར་ཏེ་ལྷ་ཡིས་བཀོད་པའི་ཕོ་བྲང་མཐོ་བ་ཀཻ་ལ་ཤའི་རྒྱབ་ཏུའོ། །ཞེས་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅད་ནས་ལོ་ལྔ་བཅུའི་དུས་སུ་ཤམྦྷལར་འབྱོན་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ལུང་དེའི་དོན་ནི་འཁོར་ལོ་ཅན་གྱིས་ཀླ་ཀློའི་ཆོས་ལ་འཇུག་པ་བཅད་ནས་སྲས་གཉིས་སྟོན་པར་བསྐོས་ཏེ། གཤེགས་པའི་རྗེས་དེ་ནས་མི་ལོ་ལྔ་བཅུའི་བར་ལ་རང་གིས་གཞོམ་བྱ་ཀླ་ཀློ་འཁོར་དང་བཅས་པས་ཀཻ་ལ་ཤའི་རྒྱབ་ཤམྦྷ་ལར་རིགས་ལྡན་གྱི་ལམ་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ནོ། །གལ་ཏེ་དྲག་པོས་དགུང་ལོ་ལྔ་བཅུ་པ་ཀླ་ཀློ་བཅོམ་པ་ཡིན་ན། ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱ་མ་ཚང་བའི་སྐྱོན་གནས་པར་མ་ཟད། སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོར་འགྱུར། །ཞེས་ཟླ་བཟང་གི་གདན་རབས་སུམ་ཅུ་གཉིས་ལས་ཐ་མ་འཁོར་ལོ་ཅན་གྱི་ཚེ་ལོ་ཡང་བརྒྱ་པར་བཤད་པ་དང་། རྫོགས་ལྡན་མཚམས་སུ་ཀླ་ཀློའི་ཆོས་རྣམས་མཐའ་དག་སྲིད་པ་གསུམ་གྱི་བླ་མ་དག་གིས་བཅད་བྱས་ཏེ། །བཅད་ནས་ལོ་ནི་བརྒྱད་བརྒྱ་རྣམས་སུ་ཚངས་པ་བཞག་པར་མཛད་ནས་བདེ་བའི་གནས་སུ་འགྲོ་བར་འགྱུར། །ཞེས་ཀླ་ཀློའི་ཆོས་རྣམས་བཅད་པའི་རྗེས་ཐོག་དེ་ཉིད་དུ་སྲས་ཚངས་པ་ཤམྦྷ་ལའི་ཁྲིར་བསྐོས་ཏེ་གཤེགས་པ་སོགས་དང་འགལ་བའི་ཕྱིར་རོ། །འདིར་ཁ་ཅིག །ཟླ་བཟང་གི་གདན་རབས་སུམ་ཅུ་རྩ་གཉིས་ཀྱི་མཐར་ཞེས་པ་ཟད་མཐའ་ལ་དགོངས་པས། ཟླ་བཟང་ནས་གྲགས་པའི་བར་བརྒྱད་དང་པད་དཀར་སོགས་ཉེར་བཞི་རྫོགས་པའི་མཐར་ཉེར་ལྔ་པ་འཁོར་ལོ་ཅན་ཞེས་པའང་མི་རིགས་ཏེ། སྔར་བརྗོད་པ་ལྟར་ཀླ་ཀློའི་གནས་ཚད་དང་མི་འགྲིག་པའི་སྐྱོན་དང་། གོ་སླ་ལས། འོད་ཟེར་བདུན་དང་རི་གཟའ་ཐུབ་རྣམས་འདིར་ནི་དེ་བཞིན་སྙིང་སྟོབས་ལྡན་པ་ལྷ་ཡི་སྐྱེ་གནས་ཏེ། །ཞེས་པའི་དོན་འོད་ཟེར་དང་བདུན་དང་རི་དང་གཟའ་དང་ཐུབ་པ་སྟེ་བདུན་ལྔ་སུམ་ཅུ་རྩ་ལྔའི་བདག་ཉིད་པད་དཀར་སོགས་ཉེར་བཞིའི་སྟེང་དུ་དུམ་བུ་གཞན་བཅུ་གཅིག་པོའི་ཆོས་རྒྱལ་བཅུ་གཅིག་བསྡོམས་པའི་སུམ་ཅུ་རྩ་ལྔར་འདོད་པ་དང་། ཡང་ཆོས་ཀྱི་འོད་ཟེར་འཕྲོ་བའི་རྒྱལ་པོ་བདུན་དང་། རི་གཟའ་ཐུབ་གསུམ་པོ་ཡང་བདུན་ཏེ་བདུན་བཞིི་ཉི་ཤུ་རྩ་བརྒྱད་ནི་གྲགས་པ་སོགས་ཉེར་ལྔའི་སྟེང་དུ་ཚངས་པ་དང་དབང་པོ་དང་འོད་སྲུང་རྣམས་ལ་འདོད་པ་སྟེ་འཆད་ཚུལ་ཆེས་མི་མཐུན་པ་གཉིས་བྱུང་བ་ལས། གང་ལྟར་བྱས་ཀྱང་པད་དཀར་ནས་དྲངས་པའི་ཉེར་ལྔ་པ་འཁོར་ལོ་ཅན་དུ་བྱས་ན་མི་འགྲིག་པའི་ཕྱིར་དང་། མཐར་ཞེས་པ་ཡང་། རྣམ་བཤད་རིག་པར། མཐའ་ནི་ཟད་དང་མཇུག་ཆ་དང་། །ཞེས་པས་ཟད་མཐའ་ཁོ་ན་ལ་སྦྱོར་མི་དགོས་ཀྱི། མཇུག་གི་ཆ་ལའང་བཤད་ཆོག་པའི་ཕྱིར་རོ། །

གསུམ་པ་ནི། ཇི་ཙམ་ལྷག་མར་ལུས་པའི་རྣམ་གཞག་བཤད་པའི་རྗེས་དེ་ནས་བསྟན་པའི་གནས་ཚད་ཐུན་མོང་མ་ཡིན་པ་བཤད་པར་བྱ་སྟེ། འདི་ལྟར་ཁམས་ལེའི་གོ་སླ་ལས། རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་ནི་ནུས་པའི་ཚད་ཀྱིས་ས་གཞི་དག་ལ་ངེས་པར་རྒྱུ། །ཞེས་པས་འཁོར་ལོ་ཅན་གྱི་བསྟན་པའི་གནས་ཡུན་དང་། འོག་མིན་པའི་ཞག་རེ་ཚད་མཉམ་པར་གསུངས་ལ། འོག་མིན་པའི་དབུགས་རེ་དང་མིའི་ལོ་རེ་མཉམ་པས་ས་དུམ་བུ་བཅུ་གཉིས་སུ་བསྟན་པ་གནས་ཡུན་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ་ལོ་གྲངས་དེ་ལ་ཉི་མ་སྟེ་བཅུ་གཉིས་ཀྱིས་ཕྱེ་བའི་ཐོབ་ནོར་ལ་སྟོང་བརྒྱད་བརྒྱ་རེ་འབྱུང་བ་དེ་ནི་དུམ་བུ་བཅུ་གཉིས་པོ་སོ་སོར་བགོས་པའི་དུམ་བུ་རེ་རེའི་གནས་ཚད་ཐུན་མོང་མ་ཡིན་པ་སྟེ། ཐུན་མོང་དུ་གླིང་གསུམ་ལ་ལྔ་སྟོང་བཞི་བརྒྱ་རེ་གནས་པ་ཡིན་ནོ། །དེས་ན་ལྷོ་གླིང་དབུས་མ་འདི་གཞིར་བྱས་ལ། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་ཉིད་ཀྱིས་རྩ་རྒྱུད་བསྟན་ནས་ཀླ་ཀློ་མ་ཞུགས་བར་ལ་ལོ་ཆིག་སྟོང་ལྔ་བརྒྱ་ཉག་བཞི་དང་། ཀླ་ཀློ་ཞུགས་ནས་ལྕགས་བྱ་འདི་ཡན་ལ་ཆིག་སྟོང་ལྔ་བཅུ་ང་བདུན་ཏེ་བསྡོམས་པས་ལོ་ཉིས་སྟོང་ལྔ་བརྒྱ་རེ་གཅིག་འདས་ལ། ལྕགས་བྱ་འདི་ནས་འཁོར་ལོ་ཅན་གྱི་དགུང་ལོ་གོ་བདུན་གྱི་བར་ལ་ལོ་བདུན་བརྒྱ་ཞེ་གསུམ་ཡོད་པ་ལྔ་མ་ལ་བསྣན་པས་ལོ་གྲངས་སུམ་སྟོང་སུམ་བརྒྱ་ཉག་བཞི་འབྱུང་བའི་རྒྱལ་བ་ཐུབ་པའི་བསྟན་པ་སྔ་དར་གྱི་གནས་ཚད་འདིའི་སྟེང་དུ། རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་གསོས་པའི་ཕྱི་དར་གྱི་གླིང་འདིའི་གནས་ཚད་སྟོང་བརྒྱད་བརྒྱ་པོ་བསྣན་པས་ལྔ་སྟོང་ཆིག་བརྒྱ་དང་ཉག་བཞི་འབྱུང་བ་དུམ་བུ་འདི་ཁོ་ནའི་དུས་འཁོར་གྱི་བསྟན་པའི་གནས་ཚད་དུ་གསུངས་པ་ཡིན་ལ། དུམ་བུ་གཞན་བཅུ་གཅིག་ཏུ་ནི་སྔ་དར་ཕྱི་དར་གཉིས་ཀའང་སྟོང་བརྒྱད་བརྒྱ་བར་མཚུངས་སོ། །དེ་ལྟར་བཤད་པའི་རྗེས་དེ་ནས་བསྟན་པའི་གནས་ཚད་དེ་དག་གི་དུས་བཞི་པོ་རེ་རེའི་ཚད་གང་ཞེ་ན། དེ་ནི་ཐུབ་པའི་བསྟན་པ་སྔ་དར་གྱི་གནས་ཚད་དང་། རིགས་ལྡན་དྲག་པོས་གསོས་པའི་ཕྱི་དར་གྱི་བསྟན་པའི་གནས་ཚད་གཉིས་པོ་སོ་སོ་ལ་ཆུ་བོ་སྟེ་བཞིས་བགོས་པའི་ཐོབ་ནོར་གང་ཡིན་པ་དེ་ནི་རང་རང་གི་དུས་བཞི་རེ་རེའི་ཚད་དེ། དེ་ཡང་གླིང་འདིའི་སྔ་དར་གྱི་དུས་བཞི་རེ་རེ་ལ་བརྒྱད་བརྒྱ་ཉེར་དྲུག་ཡོད་ཅིང་དུམ་བུ་འདིའི་ཕྱི་དར་དང་དུམ་བུ་གཞན་བཅུ་གཅིག་པོའི་སྔ་ཕྱི་གཉིས་ཀའི་དུས་བཞི་རེ་རེའི་ཚད་ལ་བཞི་བརྒྱ་ལྔ་བཅུ་རེ་ཡོད་ལ། དེ་ལྟར་ན་དུམ་བུ་བཅུ་གཉིས་སུ་བསྟན་པ་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གནས་ཤིང་། དེ་ལའང་བཞིས་བགོས་པས་དུམ་བུ་བཅུ་གཉིས་པོ་རྣམས་ཀྱི་དུས་བཞི་རེ་རེ་བསྡོམས་པའི་ཚད། རྫོགས་ལྡན་སོགས་ལྔ་སྟོང་བཞི་བརྒྱ་རེ་ཡོད་པར་གསུངས་ཏེ། རྒྱུད་ལས། དུས་རྣམས་དག་གི་ལོ་ཡི་ཚད་ནི་སྟོང་ཕྲག་ཉི་ཤུ་གཅིག་དང་དྲུག་བརྒྱ་དག་དང་བཅས་པ་སྟེ། །རེ་རེ་དག་གི་ཚད་ནི་དུས་དང་མདའ་ཡིས་བསྒྱུར་བའི་མི་རྣམས་དག་གི་ལོ་བརྒྱ་གང་ཡིན་པའོ། །ཞེས་སོ། །འདི་དག་ནི་བསྟན་པ་འཕེལ་འགྲིབ་ཀྱི་དུས་བཞི་ཆུང་ངུ་སྟེ་དུས་བཞི་ཆེན་པོའི་ཚད་ལ་སོགས་པ་ནི་འོག་ཏུ་ལེའུ་བཅོ་བརྒྱད་པར་འཆད་པ་ལས་ཤེས་པར་བྱའོ། །

གསུམ་པ་གནས་ཚད་ཇི་ཙམ་ལུས་རྩི་ཚུལ་བསྟན་པས་དོན་བསྡུ་བ་ནི། རྒྱལ་བ་ཐུབ་པ་མྱ་ངན་ལས་འདས་པ་ནས་བཟུང་སྟེ་རབ་བྱུང་བཅུ་གཅིག་པ་འདིའི་ནང་གི་ལྕགས་སྤྲེའི་མཐའ་རྫོགས་པ་ཡན་གྱི་ལོ་ཚིགས་ཉིས་སྟོང་ལྔ་བརྒྱ་རེ་གཅིག་ལ། ད་ལྟའི་ལྕགས་བྱ་ལ་སོགས་པ་ལོ་ཇི་ཙམ་ཞིག་འདས་པ་བསྲེས་པའི་ཚོགས་དེས་སྔར་བཤད་པའི་མདོ་ལུགས་ཀྱི་བསྟན་པའི་གནས་ཚད་དང་། རྡོ་རྗེ་ཐེག་པའི་བསྟན་པའི་གནས་ཚད་གང་རྩི་བར་འདོད་པ་དེ་ལ་ཕྲི་བའི་ལྷག་མར་ཇི་ཙམ་ལུས་པ་དེས་ད་ནས་མ་འོངས་པ་ན་བསྟན་པའི་གནས་ཚད་ལས་ལྷག་མ་ཇི་ཙམ་ལུས་དཀའ་བ་མེད་པར་བདེ་བླག་ཏུ་ཤེས་པར་འགྱུར་བའི་ཕྱིར་ན་བློ་ལྡན་རྣམས་ཀྱིས་ཞིབ་མོའི་བློ་ཡིས་རྩི་བར་མཛོད་ཅིག་པའོ། །དེ་ལྟར་བརྩིས་པས་ལྕགས་བྱ་འདི་ཡན་ལ་མདོ་ལུགས་ཀྱི་གནས་ཚད་ལྔ་སྟོང་གི་དབང་དུ་བྱས་ན། འབྲས་བུའི་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ་དང་། སྒྲུབ་པའི་དུས་ལས་ཤེས་རབ་དང་ཏིང་ངེ་འཛིན་གྱི་ལྔ་བརྒྱ་ཕྲག་རེ་རེ་དང་། ཚུལ་ཁྲིམས་ཀྱི་སྟེང་ནས་དྲུག་ཅུ་རེ་གཅིག་སྟེ་བསྡོམས་པས་ལོ་ཉིས་སྟོང་ལྔ་བརྒྱ་རེ་གཅིག་འདས་ལ། དེ་ནས་མ་འོངས་པ་ནི་ཚུལ་ཁྲིམས་ཀྱི་དུས་ནས་ལོ་བཞི་བརྒྱ་སོ་དགུ་དང་། ལུང་གི་དུས་ལྔ་བརྒྱ་ཕྲག་གསུམ་སྟེ་བསྟན་པ་རྣལ་མ་ལོ་སྟོང་དགུ་བརྒྱ་སོ་དགུ་དང་། རྟགས་ཙམ་འཛིན་པའི་ལྔ་བརྒྱ་ཕྲག་གཅིག་སྟེ་དངོས་བཏགས་དྲིལ་བས་ཉིས་སྟོང་བཞི་བརྒྱ་སོ་དགུ་རྣམས་ལྷག་མར་ལུས་སོ། །དུས་ཀྱི་འཁོར་ལོའི་བསྟན་པའི་དབང་དུ་བྱས་ན། སྔ་དར་གྱི་དུས་བཞིའི་སྟེང་ནས། རྫོགས་ལྡན། གསུམ་ལྡན། གཉིས་ལྡན་རྣམས་དང་། རྩོད་ལྡན་གྱི་སྟེང་ནས་བརྒྱད་ཅུ་གྱ་གསུམ་འདས་ལ། ད་ནས་མ་འོངས་པ་ན། རྩོད་ལྡན་གྱི་དུས་བདུན་བརྒྱ་ཞེ་གསུམ་དང་། འཁོར་ལོ་ཅན་གྱིས་གསོས་པའི་ཕྱི་དར་སྟོང་བརྒྱད་བརྒྱ་སྟེ་བསྡོམས་པས། ལོ་ཉིས་སྟོང་ལྔ་བརྒྱ་ཞེ་གསུམ་ལྷག་མར་ལུས་སོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བསྟན་རྩིས་བཤད་པའི་སྐབས་ཏེ་གསུམ་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་བཞི་པས་རྩིས་འཕྲོ་བཤད་པ།

ད་ནི་སྐབས་བཞི་པས་རྩིས་འཕྲོ་བཤད་པ་ལ་གཉིས་ཏེ། རྒྱུད་ནས་བཤད་པའི་རྩིས་འཕྲོ་རྣམས་ལོ་གང་གི་མཐར་གནས་པའི་ལོ་ངོས་བཟུང་བ་དང་། ལོ་མཐའ་དེར་ཤར་བའི་རྩིས་འཕྲོ་བཤད་པའོ། །དང་པོ་ནི། དཔལ་ལྡན་རྒྱུད་ལས་གསུངས་པའི་རྩིས་འཕྲོ་རྣམས་གནས་པའི་ལོ་དེ་གང་ཞེ་ན། དེ་ནི་རྒྱུད་ལས། རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས། ཞེས་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་ལ་བསྲེ་རྒྱུའི་ལོའི་ཐོག་མ་དེ་རབ་བྱུང་མེ་ཡོས་ཡིན་པར་གསུངས་པས་ཉིས་བརྒྱ་ཉེར་གཅིག་གི་ལོ་མཐའ་དེ་ཟད་པ་མེ་སྟག་ཡིན་པར་གྲུབ། དེས་ན་ཉིས་བརྒྱ་ཉེར་གཅིག་ལ་དྲུག་ཅུས་བགོས་པས་ལྷག་ཞེ་གཅིག་འབྱུང་བའི་ཕྱིར། མེ་སྟག་དེ་ནས་ཡར་གྱེན་དུ་བགྲངས་པའི་ཞེ་གཅིག་པ་དེ་མེ་ཁྱི་ཡིན་པས་ན་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་གི་ཐོག་མའི་ལོ་དེ་མི་ཟད་པ་མེ་ཁྱི་ཡིན་པར་ཡང་གྲུབ་ལ། དེ་གྲུབ་པ་ཉིད་ཀྱིས་ན་མེ་ཁྱི་དེའི་ནག་དྷྲཱུ་གང་ཡིན་པ་དེ་རྒྱུད་ཀྱི་རྩིས་འཕྲོར་ངེས་ལ། དེ་ཉིད་མེ་ཁྱི་དེའི་སྔོན་མ་ས་སྐྱོང་ཤིང་མོ་བྱའི་ལོའི་དབོ་ཟླའི་མཐའ་དེར་གནས་པའི་རྩིས་འཕྲོ་ཡིན་པའང་གྲུབ་བོ། །

གཉིས་པ་ལ་གཉིས་ཏེ། ལོ་མཐའ་དེར་ཤར་བའི་གྲུབ་མཐའི་རྩིས་འཕྲོ་བཤད་པ་དང་། དེ་ལ་བརྟེན་ནས་བཟོས་པའི་བྱེད་པའི་རྩིས་འཕྲོ་བཤད་པའོ། །དང་པོ་ལ་བཞི་སྟེ། གྲུབ་མཐའི་རྩིས་འཕྲོ་དངོས་འཚོལ་ཚུལ། བྱེད་པ་ལ་ཉེ་བའི་གྲུབ་མཐའི་རྩིས་འཕྲོ་གསུམ་འཚོལ་ཚུལ། ཉེ་བ་ལས་དངོས་ཁྱད་པར་དུ་འཕགས་པར་གདམས་པ། ད་ལྟའི་ངེས་པ་སྤོས་པ་འདིའི་རྩིས་འཕྲོ་ཇི་ལྟར་བཙལ་ཚུལ་བཤད་པའོ། །དང་པོ་ལའང་གཉིས་ཏེ། བཙལ་བྱའི་རྩིས་འཕྲོ་ངོས་བཟུང་བ་དང་། དེ་ཇི་ལྟར་འཚོལ་བའི་ཚུལ་ལོ། །དང་པོ་ནི། ཤིང་བྱ་དེ་ཡི་ལོ་མཐའ་རུ། །ཞེས་བྱ་བ་ལ་སོགས་པ་རྐང་པ་གཉིས་དང་བཅས་པའི་ཚིགས་སུ་བཅད་པ་བདུན་ཏེ་བཀླགས་པས་གྲུབ་བོ། །གཉིས་པ་ལ་གསུམ་སྟེ། ཁས་བླང་བའི་སྒོ་ནས་མདོར་བསྟན། ཇི་ལྟར་འཚོལ་ཚུལ་བསྟན་པས་རྒྱས་པར་བཤད། འདི་ལས་གཞན་པའི་ལོ་གནས་ཉེར་གཉིས་པོའི་ཤིང་བྱ་གང་ལ་ཡང་མི་འཆར་བར་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། རྩིས་འཕྲོ་དེ་རྣམས་ཇི་ལྟར་འཚོལ་བའི་ཚུལ་རྒྱས་པར་བརྗོད་པ་ནི་ཡི་གེས་འཇིགས་པའི་ཕྱིར་ཉུང་ངུའི་ངག་གིས་བཤད་པར་བྱ་ཞེས་ཁས་བླངས་པ་བཞིན་འགྲེལ་པར་ཡང་རྒྱ་མི་བསྐྱེད་དོ། །གཉིས་པ་ནི། སྟོང་འཇུག་དཀྱིལ་འཁོར་ཐོག་མ་ནས། །ཞེས་པ་སྟེ་རབ་བྱུང་གི་ཐོག་མར་རྩིས་འཕྲོ་ཐམས་ཅད་སྟོང་པར་ཞུགས་པ་གཅིག་ནས། སླར་ཡང་ཟད་པ་མེ་སྟག་གི་མཐར་རྩིས་འཕྲོ་ཐམས་ཅད་ངེས་པ་ལ་འཇུག་པའི་བར་གྱི་བསྐལ་པའི་རྩིས་ལ་བརྟེན་ནས་རྩིས་འཕྲོ་དེ་རྣམས་རྩིས་འགོའི་ཤིང་བྱ་འདིའི་མཐར་འཆར་ཚུལ་ཤེས་དགོས་པས་རྐང་པ་འདི་འོག་མའི་ལོ་གནས་ཉི་ཤུ་པ་ཅན་ལ་སྙེག་གོ། འོན་ཀྱང་རྩིས་འཕྲོས་སོ་སོར་འཆར་བའི་ལོ་གོང་མ་རྣམས་ལའང་སྦྱོར་ཏེ། རང་རང་སྟོང་པར་ཞུགས་པ་གཅིག་ནས་བརྩམས་ཏེ་རྩིས་འགོའི་ཤིང་བྱའི་བར་གྱི་ལོ་ལས་བཙལ་བའི་ཕྱིར་དང་། ཐམས་ཅད་སྟོང་པར་ཞུགས་ནས་ལོ་དེ་ཙམ་ལ་ཡང་རྩིས་འཕྲོ་དེ་ཉིད་འཆར་བ་གནད་གཅིག་པའི་ཕྱིར་རོ། །དེ་ཡང་སྟོང་འཇུག་གཅིག་བྱུང་བའི་ཐོག་མ་ནས་བུག་རི་ཡོན་ཏན་དེ་སུམ་བརྒྱ་དོན་དགུའི་ལོ་ཚོགས་ཀྱི་ཤིང་བྱ་དེའི་མཐར་བཙལ་བྱའི་ཟླ་བཤོལ་དང་ཉི་མའི་རྩིས་འཕྲོ་དེ་ཉིད་འཆར་བ་ཡིན་ནོ། །ལོ་ཚོགས་འདིའི་མཐར་བཙལ་བྱའི་རྩིས་འཕྲོ་གཞན་རྣམས་མེད་པས་བཙལ་མི་དགོས་ཤིང་། རྐང་པ་འདི་རྩིས་འཕྲོ་ལྷག་མ་རྣམས་གནས་པའི་ལོ་འོག་མ་རྣམས་ལའང་སྦྱར་ཏེ། རང་རང་གི་དམིགས་བསལ་གྱི་ལོ་རྣམས་མ་གཏོགས་དེ་ལས་གཞན་པའི་ལོ་མཐའ་གང་ལའང་བཙལ་བྱའི་རྩིས་འཕྲོ་རྣམས་མི་འཆར་བས་བཙལ་མི་དགོས་པར་གྲུབ་བོ། །འོ་ན་ཟླ་བཤོལ་དང་ཉི་མའི་རྩིས་འཕྲོ་གནས་པའི་ལོ་སུམ་བརྒྱ་དོན་དགུ་པ་འདི་ལ་ལོ་རེ་ལྔའི་མཚམས་སུ་སྟོང་པར་འཇུག་ཐེངས་ལྔ་དང་ལོ་ང་བཞི་འདས་པའི་ཕྱིར། ང་བཞི་ལས་བཙལ་བས་ཆོག་གི་སུམ་བརྒྱ་དོན་དགུའི་ལོ་ཁོ་ན་ལས་བཙལ་ཇི་ལྟར་དགོས་སྙམ་ན། ཟླ་བཤོལ་དང་ཉི་མ་གཉིས་པོའི་རྩིས་འཕྲོ་འཚོལ་བ་ལ་དེས་དོན་འགྲུབ་པ་བདེན་ཀྱང་། རྩིས་འཕྲོ་གཞན་རྣམས་འཚོལ་བའི་ལོ་ཚོགས་འོག་མ་རྣམས་དང་སྒྲིག་པ་ལ་དེས་དོན་འགྲུབ་པ་མ་ཡིན་ནོ། །དཔེར་ན་འོག་གི་ཟླ་བཤོལ་ཉི་མ་རིལ་ཆ་རྣམས་ལྷན་ཅིག་ཏུ་འཚོག་པའི་ལོ་དྲུག་སྟོང་དྲུག་བརྒྱ་བཅུ་དགུ་པོ་དེ་ལ་ཉི་མའི་འཁོར་ཆེན་བདུན་བརྒྱ་བརྒྱད་ཅུ་པ་ཕྲག་བརྒྱད་དང་། བདུན་བརྒྱ་བརྒྱད་ཅུ་པའི་ནང་ཚན་གྱི་ལོ་སུམ་བརྒྱ་དོན་དགུའི་མཐར་འཆར་བ་ཡིན་གྱི། བདུན་བརྒྱ་བརྒྱད་ཅུའི་ནང་ཚན་གྱི་ང་བཞིའི་མཐར་འཆར་བ་མི་སྲིད་པའི་ཕྱིར་ཏེ། དེའི་ཚུལ་འོག་མ་རྣམས་ལའང་ཤེས་པར་བྱའོ། །དེ་ལྟར་སུམ་བརྒྱ་དོན་དགུའི་མཐར་ཟླ་བཤོལ་དང་ཉི་མའི་རྩིས་འཕྲོ་བྱུང་ཡང་། ཆ་རིལ་གྱི་རྩིས་འཕྲོ་མ་བྱུང་བས། དེ་འཚོལ་བའི་ཆེད་དུ། མཁའ་ཀླུ་རི་བོ་གདེངས་ཀས་བསྒྱུར་ཞེས་སོགས་རྐང་པ་ལྔའོ། །ཡང་ཟླ་བཤོལ་ཉི་མ་རིལ་ཆའི་རྩིས་འཕྲོ་བྱུང་ཡང་། རེས་གཟའི་རྩིས་འཕྲོ་མ་བྱུང་བས་དེའི་ཆེད་དུ། གཟའ་ཚེས་མ་བྱུང་སོགས་ཚིགས་བཅད་གཉིས་སོ། །ཡང་ལྔ་བསྡུས་ཀྱི་རྩིས་འཕྲོ་བྱུང་ཡང་། སྒྲ་གཅན་དང་གཟའ་ལྔའི་སྤྱི་ཞག་མ་བྱུང་བས་དེའི་ཕྱིར། སྒྲ་གཅན་གཟའ་ལྔའི་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གཉིས་སོ། །ཡང་ལྔ་སྒྲ་སྤྱི་ཞག་གི་རྩིས་འཕྲོ་བྱུང་ཡང་། བཀྲ་ཤིས་ཀྱི་རྩིས་འཕྲོ་མ་བྱུང་བས་དེའི་ཆེད་དུ། མིག་དམར་སྒོས་ཀྱི་སོགས་ཚིགས་བཅད་ཕྱེད་དང་གསུམ་མོ། །ཡང་ལྔ་སྒྲ་སྤྱི་ཞག་མིག་དམར་གྱི་རྩིས་འཕྲོ་རྣམས་བྱུང་ཡང་། ཕུར་བུའི་རྩིས་འཕྲོ་མ་བྱུང་བས་དེའི་ཆེད་དུ། སྒྲ་མཁན་སྒོས་ཀྱི་ཞེས་སོགས་ཚིགས་བཅད་གསུམ་མོ། །ཡང་ལྔ་སྒྲ་སྤྱི་ཞག་དམར་ཕུར་རྣམས་ཀྱི་རྩིས་འཕྲོ་བྱུང་ཡང་། སྤེན་པའི་རྩིས་འཕྲོ་མ་བྱུང་བས་དེའི་ཆེད་དུ། དལ་འགྲོའི་སྒོས་ཀྱི་ཞེས་སོགས་ཚིགས་སུ་བཅད་པ་གསུམ་མོ། །ཡང་ལྔ་སྒྲ་སྤྱི་ཞག་དྲག་གསུམ་རྣམས་ཀྱི་རྩིས་འཕྲོ་བྱུང་ཡང་། པ་སངས་ཀྱི་རྩིས་འཕྲོ་མ་བྱུང་བས་དེའི་ཆེད་དུ། པ་སངས་བཅུ་ཆའི་སོགས་རྐང་པ་གཅིག་དང་བཅས་པའི་ཚིགས་སུ་བཅད་པ་གསུམ་མོ། །ཡང་ལྔ་སྒྲ་སྤྱི་ཞག་དྲག་གསུམ་པ་སངས་རྣམས་ཀྱི་རྩིས་འཕྲོ་བྱུང་ཡང་། ལྷག་པའི་རྩིས་འཕྲོ་མ་བྱུང་བས་དེའི་ཆེད་དུ། ལྷག་པའི་ཞག་གི་བརྒྱ་ཆ་ཡི། །ཞེས་སོགས་ཚིགས་བཅད་ཕྱེད་དང་བཞིས་ལོ་དག་པ་དང་། དེ་ལ་ཟླ་དག་བསྒྲུབས་པས། ཟླ་མེ་མིག་དབང་སོགས་ཚིགས་བཅད་གཅིག་གིས་ཟླ་དག་དང་། དེ་ལ་གཟའ་ལྔའི་སྤྱི་ཞག་བསྒྲུབས་པས་མེ་རྩེ་མཁའ་རི་ཞེས་སོགས་རྐང་པ་ལྔས་ཉིན་ཞག་སྟེ། དེ་ལྟར་ལོ་ཟླ་ཉིན་ཞག་གི་གྲངས་འདིའི་མཐའི་ས་སྐྱོང་ཤིང་བྱའི་ལོའི་མཐར་སྐབས་འདིར་བཙལ་བྱའི་ཟླ་བཤོལ་ལྔ་བསྡུས། སྒྲ་གཅན། གཟའ་ལྔའི་སྤྱི་སྒོས་ཀྱི་ཞག་དང་བཅས་པའི་རྩིས་འཕྲོའི་ཚོགས་མ་ཚང་བ་མེད་པར་ལྷན་ཅིག་ཏུ་འཆར་བ་ནི་ལོ་འདི་ཁོ་ནའོ། །གསུམ་པ་ནི། བཤད་མ་ཐག་པའི་ལོ་ཚིགས་འདི་ལས་གཞན་པའི་རྩིས་འཕྲོ་ཐམས་ཅད་མེ་སྟག་ནས་མེ་སྟག་གི་མཐར་ངེས་པ་ལ་འཇུག་པའི་བར་གྱི་སྟོང་འཇུག་གི་ལོ་གྲངས་ལོ་གནས་ཉེར་གཉིས་པའི་ནང་གི་མཐའི་ཤིང་བྱ་གང་ལ་ཡང་བཙལ་བྱའི་རྩིས་འཕྲོ་རྣམས་མི་འཆར་བས་ན་འདི་ཉིད་ཁོ་ན་བློ་ལྡན་རྣམས་ཀྱིས་གཅེས་པར་ཟུངས་ཤིག་ཅེས་གདམས་སོ། །

གཉིས་པ་བྱེད་པ་ལ་ཉེ་བའི་གྲུབ་པའི་རྩིས་འཕྲོ་གསུམ་འཚོལ་ཚུལ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། གཞན་ཡང་འདི་ལས་གཞན་པ་ཡི། །ཞེས་སོགས་རྐང་པ་གསུམ་མོ། །གཉིས་པ་ལ་གསུམ་སྟེ། ཉེ་བ་དང་པོ་དང་། གཉིས་པ་དང་། གསུམ་པའོ། །དང་པོ་ལ་གཉིས་ཏེ། བཙལ་བྱའི་རྩིས་འཕྲོ་ངོས་བཟུང་བ་དང་། དེ་འཚོལ་ཚུལ་ལོ། །དང་པོ་ནི། དང་པོ་ཟླ་བཤོལ་ཉི་མ་དང་། །ཞེས་སོགས་ཚིགས་བཅད་ཕྱེད་དང་གསུམ་མོ། །གཉིས་པ་ནི། དེ་རྣམས་བུག་གཟུགས་དབང་པོ་གཟུགས་སོགས་རྐང་པ་གསུམ་མོ། །གཉིས་པ་ལའང་གཉིས་ལས། དང་པོ་ནི། གཉིས་པ་ཟླ་བཤོལ་ཞེས་སོགས་རྐང་པ་གཅིག་གིས་དམན་པའི་ཚིགས་བཅད་གསུམ་མོ། །གཉིས་པ་ནི། དེ་རྣམས་བུག་གཟུགས་དུས་སོགས་རྐང་པ་གཉིས་སོ། །གསུམ་པ་ལའང་གཉིས་ལས། དང་པོ་ནི། གསུམ་པ་ཟླ་བཤོལ་སོགས་ཚིགས་བཅད་གཉིས་སོ། །གཉིས་པ་ནི། དེ་རྣམས་བུག་གཟུགས་མཚོ་མདའ་སོགས་རྐང་པ་དང་བཅས་པའི་ཚིགས་སུ་བཅད་པ་གཅིག་གོ། ཉེ་བའི་རྩིས་འཕྲོ་འཚོལ་ཚུལ་འདི་རྣམས་ལའང་སྔར་དངོས་འཚོལ་ཚུལ་བཞིན་དུ་རྩིས་འཕྲོ་སོ་སོ་བ་འཆར་བའི་ལོ་ཡོད་ཀྱང་། གཞུང་འདིར་རྣམ་གྲངས་ཙམ་དུ་བཀོད་པ་ལས་གཙོ་བོ་ལ་སྒྲིབ་པར་སྣང་བའི་ཕྱིར་ཤིང་བྱའི་མཐར་ལྷན་ཅིག་ཏུ་འཚོག་པའི་ལོ་ཙམ་ཞིག་བཀོད་པ་ལྟར། འགྲེལ་པ་འདིར་ཡང་། ཧ་ཅང་ཡིག་ཚོགས་ཆེ་ན་ཡི་གེ་འདི་ཉིད་འཕེལ་བའི་གེགས་སུ་འགྱུར་གྱིས་དོགས་ནས་དངོས་དང་ཉེ་བ་གཉིས་ཀ་བསྡུས་དོན་ཙམ་གྱིས་བཅིངས་ཏེ་རྒྱ་མ་བསྐྱེད་ལ། སླར་རི་མོའི་ལམ་ནས་དྲངས་པའི་ལྷན་ཐབས་ཞིབ་མོ་ཞིག་འདྲི་བར་འདོད་པས་སྤྲོ་ན་དེ་དག་ཏུ་བལྟའོ། །

གསུམ་པ་ཉེ་བ་གསུམ་ལས་དངོས་ཁྱད་པར་དུ་འཕགས་པར་གདམས་པ་ནི། དེ་ལྟར་གྲུབ་པའི་མཐའ་ལས་བརྩམས་ན་སྐབས་དེའི་རྩིས་འཕྲོར་དོགས་པའི་གནས་ནི་བཞི་པོ་དེ་ཙམ་དུ་སྣང་མོད་ཀྱི། དེ་དག་ཀྱང་ལེགས་པར་བརྟགས་ཤིང་དཔྱད་པ་ན། ཐོག་མར་བཤད་པའི་ངེས་པ་གྲུབ་མཐའི་རྩིས་འཕྲོ་དངོས་ཞེས་མཚན་དུ་གསོལ་བ་ཉིད་ཁྱད་པར་དུ་འཕགས་པར་མཁས་པ་སྔ་མས་བཤད་པ་དེ་ཁོ་ན་ལྟར་ཡིན་པས་ཤེས་ལྡན་རྣམས་ཀྱིས་བླང་བར་འོས་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལས་གཞན་པའི་ཉེ་བ་ཞེས་བཏགས་པའི་རྩིས་འཕྲོ་ཕྱི་མ་གསུམ་ལ་ཉེས་པ་ཅུང་ཟད་རེས་རེག་པའི་ཕྱིར་རོ། །འོ་ན་ཐམས་ཅད་ལ་རེག་གམ་ཞེ་ན། མ་ཡིན་ཏེ། ཉེ་བ་དང་པོ་གཉིས་ཀྱི་གཟའ་ལྔ་དང་། གསུམ་པའི་ཚེས། ཆ་རིལ། སྤྱི་ཞག །ལྷག་པ་རྣམས་ལ་དངོས་དང་མི་འགྲིག་པའི་སྐྱོན་ཅུང་ཟད་ཙམ་རེས་རེག་པའི་ཕྱིར་རོ། །འོ་ན་གྲུབ་མཐའི་རྩིས་འཕྲོ་རྣམ་དག་ཉིད་བཀོད་པས་ཆོག་གི། སྐྱོན་དང་བཅས་པའི་རྩིས་འཕྲོ་གསུམ་བཀོད་པས་ཅི་བྱ་ཞེ་ན། དེ་ནི་ས་སྤྱོད་བྱང་པ་སོགས་གྲུབ་མཐའི་རྩིས་འཕྲོ་རྣམ་དག་རྙེད་པར་རློམ་པ་རྣམས་སུན་འབྱིན་པའི་ཕྱིར་སྨོས་པ་སྟེ། གྲུབ་མཐའ་ལས་བརྩམས་ན་ཤིང་བྱ་འདིའི་མཐར་གྲུབ་མཐའི་རྩིས་འཕྲོར་དོགས་པའི་གནས་ནི་འདི་ཙམ་མོ་ཞེས་ཤེས་པའི་སླད་དུའོ། །དེའི་ཕྱིར་འདི་རྣམས་དག་མ་དག་གི་གཙོ་བོ་དུས་བཞི་སྟོང་རྩིས་ཤེས་པ་ལ་རག་ལས་པས་གྲུབ་མཐའི་རྩིས་ལ་བློ་བྱང་བ་རྣམས་ཀྱིས་རྟོགས་པར་བྱའི། དེ་ལས་གཞན་དུ་གྲུབ་མཐའ་ལ་བློ་མ་བྱང་བའི་རྩིས་ལ་མཁས་པའི་མཁས་ཁྱད་བྱེད་པ་དག་གིས་དཔྱོད་པ་ནི་དམུས་ལོང་གིས་ཁ་དོག་དཀར་དམར་བརྟག་པ་ལས་ཀྱང་མཚང་ཆེ་བ་ཡིན་ནོ། །

བཞི་པ་ད་ལྟའི་ངེས་པ་སྤོས་པ་འདིའི་རྩིས་འཕྲོ་ཇི་ལྟར་བཙལ་ཚུལ་ནི། དེས་ན་སྔར་བཤད་པའི་རྩིས་འཕྲོ་ཀུན་གནས་པའི་ས་སྐྱོང་ཤིང་བྱ་དེའི་ཕྱི་ལོ་རྩིས་འགོའི་མི་ཟད་པ་མེ་ཁྱིའི་ལོ་དེ་ནས་ད་ལྟའི་རབ་བྱུང་བཅུ་གཅིག་པ་འདིའི་ནང་གི་བློ་ངན་ལྕགས་མོ་བྱ་ལོ་འདི་ཡན་ལ་འདས་ལོའི་གྲངས་བརྒྱད་བརྒྱ་དང་བདུན་ཅུ་དོན་ལྔ་ཡོད་ཅིང་། དེའི་འདས་ལོའི་ཐ་མའི་ལོ་དེ་ནི་ལྕགས་སྤྲེ་ཡིན་ལ། དེའི་དབོ་ཟླའི་མཐར་ཤར་བའི་ལྕགས་བྱའི་ནག་དྷྲཱ་དེ་ལ་འོག་ནས་ལེའུ་དྲུག་པར་འཆད་འགྱུར་གྱི་གྲུབ་མཐའི་ལྔ་བསྡུས་ཀྱི་རྩིས་འཕྲོ་རྣམས་དང་། ལེའུ་བརྒྱད་པར་འཆད་འགྱུར་གྱི་སྒྲ་གཅན་གྱི་རྩིས་འཕྲོ། ལེའུ་དགུ་པར་འཆད་འགྱུར་གྱི་གཟའ་ལྔའི་སྤྱི་སྒོས་ཀྱི་རྩིས་འཕྲོ་རྣམས་རྣམ་པར་དག་པ་འཆར་བས་དེ་ལྟར་བཙལ་བ་ཡིན་ནོ། །དེ་བཞིན་དུ་ལོ་འོག་མ་རྣམས་ལའང་འདས་ལོ་བཏུད་དེ་རྩིས་འཕྲོ་འཚོལ་ཚུལ་ཤེས་པར་བྱའོ། །དེའི་ལག་ལེན་ནི། འབྱུང་རི་གདེངས་ཀའི་ལོ་ཚོགས་ལ། །ལྕགས་བྱ་ལ་སོགས་འདས་ལོ་བསྲེས། །རང་རང་གྲུབ་མཐའི་སྒྱུར་བྱེད་ཀྱིས། །བསྒྱུར་ལ་དངོས་ཀྱི་རྩིས་འཕྲོ་བསྲེས། །སོ་སོའི་གྲུབ་མཐའི་བགོད་བྱེད་ཀྱིས། །དོར་ལྷག་དུས་དེའི་རྩིས་འཕྲོར་ངེས། །ཞེས་བྱའོ། །གཞན་ཡང་ཉིན་ཞག་ཉི་དྷྲཱུའི་རྩིས་འཕྲོ་བཙལ་ཚུལ་ནི། མཚོ་བུག་མདའ་རྩ་རི་བོ་གཟུགས། །འབྱུང་མཚོ་བུག་པ་རོ་དང་མཚམས། །རི་ལག་མེ་ཟླ་དུས་དང་རི། །ཐུབ་ཟུང་ཀླུ་ཡི་ལོ་ཚོགས་ལ། །སྤྱི་ཞག་བསྒྲུབས་པ་དེ་ཉིད་ཀྱང་། །མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་ལ། །མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས། །དོར་ལྷག་བུག་མེ་མདའ་རི་མཁའ། །ཐུབ་པ་རོ་རྣམས་ལྕགས་བྱ་འདིའི། །ཉིན་ཞག་ཉི་དྷྲཱུའི་རྩིས་འཕྲོ་སྟེ། །དེ་རྣམས་འཁོར་ལོ་ལ་ཕྲི་བས། །དུས་མཚམས་ཀླུ་རོས་དབྲི་བྱར་འགྱུར། །བཏུད་ནས་ལྕགས་བྱ་ལ་སོགས་པའི། །འདས་ལོར་ཚེས་བྲལ་སྤྱི་ཞག་བསྒྲུབས། །དེ་ཉིད་མིག་ཀླུ་མེ་སྐྱོན་གྱིས། །བསྒྱུར་ལ་དུས་མཚམས་ཀླུ་རོས་ཕྲི། །མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས། །དོར་ལྷག་དུས་དེའི་རྩིས་འཕྲོར་འགྱུར། །ཞེས་བྱའོ། །ཡང་ལེའུ་བཅུ་པར་འཆད་འགྱུར་གྱི་གཟའ་ལྔ་ཚེས་སྤྱོད་མའི་རྩིས་འཕྲོ་རྣམས་ཀྱང་། བཤད་མ་ཐག་པའི་ལོ་གནས་ཉི་ཤུ་པ་དེ་ཉིད་ལ་ཟླ་དག་བསྒྲུབས་རྗེས། སོ་སོའི་སྒྱུར་བྱེད་ཀྱིས་བསྒྱུར་ལ་བགོད་བྱེད་ཀྱིས་བགོས་པས་འཆར་མོད་ཀྱི། འོན་ཀྱང་ལོ་ཚོགས་ཉུང་བ་ལ་མོས་ན་རྩིས་ལོའི་གནས་ཉི་ཤུ་པ་འདི་ཉིད་ལ་གཟའ་རང་རང་དྲུག་ཅུ་སྐོར་དང་མཐུན་པར་ངེས་པ་ལ་འཇུག་པའི་ལོ་ཚོགས་ཀྱིས་དོར་བའི་ལྷག་མ་ནི་སོ་སོའི་ལོ་དག་པར་འགྱུར་ཏེ། འདི་ལྟར། མ་ནུ་གཟུགས་བུག་ཀླུ་མི་བདག །རོ་ཡི་ལོ་མཐར་མིག་དམར་འཆར། །ཆུ་རི་མེ་ཐུབ་ཀླུ་མཁའ་མིག །ཀླུ་མེའི་ལོ་མཐར་ལྷག་པའོ། །མཚོ་ཐུབ་ཉི་མ་མིག་བུ་ག །རྒྱལ་བ་མིག་མཐར་ཕུར་བུ་འཆར། །ཡིད་གཟུགས་མེ་མཚོ་འབྱུང་བ་དང་། །དུས་ཀྱི་ལོ་མཐར་པ་ཝ་སངས། །མཚོ་བུག་མེ་རི་ཀླུ་ལག་དུས། །རྩེ་མོ་སྐྱོན་མཐར་སྤེན་པའོ། །ལོ་ཚོགས་དེ་རྣམས་སོ་སོ་ལ། །ལྕགས་བྱ་ལ་སོགས་འདས་ལོ་བསྲེ། །མ་འོངས་རྩིས་འཕྲོའི་ལོ་དག་གོ། ཞེས་བྱའོ། །

གཉིས་པ་བྱེད་པའི་རྩིས་འཕྲོ་བཤད་པ་ལ་གཉིས་ཏེ། ངོས་བཟུང་བ་དང་། དེ་ཉིད་ཀྱི་རྣམ་དབྱེ་བཤད་པའོ། །དང་པོ་ནི། སྔ་རབས་ཀྱི་རྩིས་པ་ཕལ་ཆེར་གནས་སྐབས་སུ་དག་པར་འདོད་པའི་བསྡུས་བརྒྱུད་དངོས་བསྟན་གྱི་རྩིས་འཕྲོ་དེ་གང་ཞེ་ན། དེ་ནི། ཟླ་བཤོལ་རྩིས་འཕྲོ་ནམ་མཁའ་དང་། །ཞེས་སོགས་རྐང་པས་དམན་པའི་ཚིགས་བཅད་གསུམ་མོ། །གཉིས་པ་ནི། ད་ལྟར་བཤད་མ་ཐག་པའི་རྒྱུད་དངོས་བསྟན་གྱི་བྱེད་པའི་རྩིས་འཕྲོ་དེ་རྣམས་ངེས་པ་གསལ་བའི་རྩིས་འཕྲོ་ཞིག་གམ་མི་གསལ་བའི་རྩིས་འཕྲོ་གང་ཡིན་ཞེ་ན། དུས་ལ་ལྟོས་ནས་མི་གསལ་བའི་ངེས་པ་ཡིན་ནོ་ཞེས་ཁས་བླང་བར་བྱ་བ་ཉིད་དོ། །འོ་ན་རང་ལུགས་ཀྱི་བྱེད་པ་མ་ཡིན་པར་འགྱུར་ཏེ། དུས་ལ་ལྟོས་ནས་ངེས་པ་མི་གསལ་བར་འགྱུར་བ་མུ་སྟེགས་པའི་བྱེད་པ་དང་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། དེའི་སྐྱོན་མེད་དེ། རེ་ཞིག་ཕྱི་ནང་གི་བྱེད་པ་གཉིས་ཀ་གྲུབ་མཐའ་དང་ཕྱོགས་མཐུན་པར་འཆར་བས་འདྲ་ཡང་། མ་འོངས་པ་ན་ཉེས་པ་སོགས་པའི་ཚེ་རང་ལུགས་ལ་འོག་ནས་འབྱུང་བ་ལྟར་འགྲེལ་པས་སྐྱོན་རྣམས་འདོར་ཚུལ་བཤད་པ་དང་། མུ་སྟེགས་པའི་བྱེད་པ་ལ་ཉེས་པ་རྒྱ་འབྱམས་སུ་གཏོང་བ་ལས་དེ་ལྟ་བུའི་གཉེན་པོ་མ་བཤད་པའི་ཕྱིར་རོ། །འོ་ན་རང་ལུགས་ལ་རྟག་ཏུ་གསལ་བའི་ངེས་པ་བཤད་པས་ཆོག་གིསྐྱོན་འདོན་ལ་ལྟོས་དགོས་པའི་ངེས་པ་རྒྱུད་དུ་ནན་གྱིས་བཞག་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། དོགས་པ་དེ་སྐྱེ་བ་བདེན་མོད་ཀྱི། འོན་ཀྱང་དེའི་དགོས་པ་ནི་འདི་ཡིན་ཏེ། སྒྲུབ་ཕྱོགས་ནས་རང་ལུགས་ཀྱི་རྒྱུད་ཀྱི་རྩིས་ལོར་བཞག་པའི་ཉིས་བརྒྱ་ཉེར་གཅིག་གི་བར་གྱི་ཉེས་པ་རྣམས་རྩིས་འཕྲོའི་སྐབས་སུ་བཏོན་ཀྱང་། ཕྲ་བ་འགའ་ཞིག་བྱེད་པ་སྒྲིག་པའི་དགོས་པ་ཁྱད་པར་ཅན་གཟིགས་པ་དང་། དགག་ཕྱོགས་ནས་ཤིང་བྱའི་ལོ་མཐའ་དེའི་རྩིས་འཕྲོ་རྣམ་དག་རྣམས་སྦས་ཏེ། དེ་ལས་གཞན་པ་ཞིག་བཀོད་པས་རྩིས་ལ་མངོན་པར་ཞེན་པའི་མུ་སྟེགས་པ་རྣམས་ཀྱི་མངོན་པའི་ང་རྒྱལ་གཞོམ་པར་བྱ་བའི་སླད་དུ་སྟེ། འགྲེལ་ཆེན་ལས། དེ་ལྟར་བརྗོད་པའི་རིམ་པས་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་ལས་གྲུབ་པའི་མཐའི་མཚན་ཉིད་གསུངས་སོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། གྲུབ་པའི་མཐའ་རྣམ་པར་ཉམས་ཞེས་པའི་ཚིག་གིས་བསྡུས་ཏེ་རྒྱུད་ལས་གསལ་པོ་མ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འདིར་མུ་སྟེགས་པ་རྣམས་ཀྱིས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་མཐོང་སྟེ། ཉི་མའི་ལོངས་སྤྱོད་རྣམ་པར་དག་པ་མཐོང་ནས་བདག་ཅག་གི་བྱེད་པ་ལ་ཡང་ཉི་མའི་ལོངས་སྤྱོད་རྣམ་པར་དག་པ་ཡོད་དོ། །ཞེས་རང་གི་བྱེད་པའི་ནང་དུ་འདྲི་བར་འགྱུར་ཏེ། རྒྱུ་དེས་ན་རྒྱས་འགྲེལ་ལ་ལྟོས་ནས་གསལ་པོ་མ་མཛད་དོ། །ཞེས་གསུངས་པས་སོ། །གལ་ཏེ་ཕྱི་རོལ་པ་རྣམས་ཀྱིས་རྒྱས་འགྲེལ་མཐོང་ནའང་འདྲི་བར་འགྱུར་ཏེ་རྒྱུ་མཚན་མཚུངས་པས་སོ་ཞེ་ན། རྒྱས་འགྲེལ་ལས་ཀྱང་སྐྱོན་འདོན་འདི་ལྟར་བྱ་ཞེས་རྩིས་འཕྲོ་སོ་སོ་ལ་སྦྱར་ནས་མ་གསུངས་པས་མན་ངག་མེད་པར་མཐོང་བ་ཙམ་གྱིས་མི་ཤེས་པའི་ཕྱིར་འདྲི་བར་མི་ནུས་ཏེ། འདིར་སྐྱོན་འདོན་གྱི་ཁུངས་སྨོས་པ་ཙམ་ཡིན་པའི་ཕྱིར་རོ། །ཁུངས་ཇི་ལྟར་སྨོས་ཤེ་ན། ངེས་པ་མི་རྟག་པས་ལོ་དྲུག་ཅུའི་མཐར་སྤོ་དགོས་པ་ཙམ་དང་། རྩིས་འཕྲོ་ཕལ་ཆེ་བར་བྱེད་པ་ལ་ལྟོས་པའི་མཚན་མ་གསུངས་པ་དང་། ལོ་འཕོའི་སྐབས་ཉིས་བརྒྱ་ཉེར་གཅིག་གི་སྐྱོན་བཏོན་པས་ཉི་མ་སོགས་ལ་མཚུངས་པར་གོ་བའི་ཆེད་དུ་རྩ་རྒྱུད་ཀྱི་གྲུབ་མཐའི་རྟགས་རྩིས་དྲངས་པ་སོགས་སྦས་པ་འབྱིན་པའི་ཁ་བྱང་བཀོད་པ་ཙམ་ཡིན་པའི་ཕྱིར་རོ། །དེར་མ་ཟད་སྔགས་རྒྱུད་རྣམས་སུ་སྒྲ་ཇི་བཞིན་པར་སྤྱད་ཀྱིས་དོགས་པའི་དགག་བྱས་སྦས་པ་མང་པོ་ཞིག་འགྲེལ་པས་བཀྲལ་བ་རྣམས་ལའང་མཚུངས་པའི་ཕྱིར་དེའི་སྐྱོན་མེད་དོ། །

འོ་ན་བསྡུས་རྒྱུད་ལས་ངེས་པ་མི་གསལ་བར་མཛད་པ་དང་། དེ་འགྲེལ་པས་ཇི་ལྟར་གསལ་བར་མཛད་ཅེ་ན། འདི་ལ་གསུམ་སྟེ། བསྡུས་རྒྱུད་ལས་སྤྱད་ཟིན་རྩིས་འཕྲོ་ལ་ངེས་པ་མི་གསལ་བར་མཛད་ཚུལ། སྤྱོད་འགྱུར་ལོངས་སྤྱོད་ཀྱི་ངེས་པ་མི་གསལ་བར་མཛད་ཚུལ། འགྲེལ་ཆེན་གྱིས་མི་གསལ་བའི་ཉེས་པ་དེ་དོར་ནས་གསལ་བར་མཛད་ཚུལ་ལོ། །དང་པོ་ནི། བསྡུས་རྒྱུད་དངོས་བསྟན་གྱི་རྩིས་འཕྲོ་འདི་དག་སྔར་བཤད་པའི་སྐྱོན་བྲལ་གྲུབ་མཐའི་ངེས་པ་རྣམ་པར་དག་པ་དེ་ལ་སྣོན་འབྲིད་ཅི་རིགས་པ་ཞིག་བྱས་པའི་ཕྱིར་ཉེས་སྐྱོན་ཅུང་ཟད་དང་བཅས་པའི་རྩིས་འཕྲོ་ཡིན་པར་ཤེས་པར་བྱའོ། །སྣོན་འབྲིད་ཇི་ལྟར་མཛད་ཅེ་ན། དེའི་ཚུལ་ཡང་། རྩིས་ལོའི་ཐོག་མའི་མེ་ཁྱི་དེ་ལ་ས་ག་བཤོལ་དུ་འོང་རྒྱུ་ལ། བཤོལ་ཟླ་བ་གཉིས་ཀྱིས་སྔ་བར་མཛད་དེ། ལོ་གོང་མའི་ཤིང་བྱའི་དབོ་ཟླ་བཤོལ་དུ་མཛད་ནས་ཟླ་བཤོལ་གྱི་རྩིས་འཕྲོ་སྟོང་པར་མཛད་དོ། །དེའི་རིགས་པས་རྩིས་འཕྲོ་གཞན་རྣམས་ལ་ཡང་། གྲུབ་མཐའི་རྩིས་འཕྲོའི་སྟེང་དུ་ཚེས་གཟའ་རེའི་ལོངས་སྤྱོད་བསྣན་པར་མཛད་པ་ནི་སྤྱིར་བཏང་ཡིན་ལ། བྱེ་བྲག་སོ་སོར་བརྗོད་ན། གྲུབ་མཐའི་གཟའི་རྩིས་འཕྲོ་ཐིག་ལྔ་བཅུ་སོགས་ལ། ཟླ་བ་གཅིག་གི་ངེས་པ་གཟའ་གཅིག་ཆུ་ཚོད་སོ་གཅིག་སོགས་བྱིན། དེའི་སྟེང་དུ་ཉིས་བརྒྱ་ཉེར་གཅིག་གི་གཟའ་ཚེས་ཀྱི་ཉུང་ཆ། ཆུ་ཚོད་ལྔ། སྲང་དགུ། དབུགས་གཅིག །རི་སོགས་ཆ་སུམ་བརྒྱ་ང་ལྔ་རྣམས་བསྣན། དེའི་སྟེང་དུ་ཡང་། བྱེད་པ་སྒྲིག་པའི་དགོས་པའི་དབང་གིས། ཆུ་ཚོད་གཉིས། སྲང་བཅུ་དྲུག །དབུགས་གཅིག །རི་སོགས་ཆ་ལྔ་བརྒྱ་ཞེ་གཅིག་རྣམས་བསྣན་ཏེ་མིག་དང་སུམ་ཅུར་མཛད་དོ། །ཡང་ཉི་མའི་གྲུབ་མཐའི་རྩིས་འཕྲོ། སྐར་མ་ཉེར་བཞི། ཆུ་ཚོད་ང་བདུན་སོགས་ཀྱི་སྟེང་དུ་ཟླ་གཅིག་གི་ངེས་པ་སྐར་མ་གཉིས་དང་། ཆུ་ཚོད་བཅུ་སོགས་བསྣན། དེའི་སྟེང་ནས་ཉིས་བརྒྱ་ཉེར་གཅིག་གི་ཉི་མའི་མང་ཆ་ཆུ་ཚོད་བཅུ་གཅིགསྲང་སུམ་ཅུ། དབུགས་གཅིག །རེ་བདུན་ཆ་ང་བདུན། འདོད་ཆ་བརྒྱད་རྣམས་འབྲིད་རྒྱུ་ཡིན་ནའང་། གནོད་པ་ཆེར་མི་བསྐྱེད་པ་དང་། བྱེད་པ་སྒྲིག་པའི་དགོས་པའི་དབང་གིས། ཆུ་ཚོད་བཅུ། སྲང་གསུམ། དབུགས་གསུམ། རེ་བདུན་ཆ་སོ་གསུམ་རྣམས་ཕྲི་སྟེ་ཉེར་དྲུག་ང་བརྒྱད་དུ་མཛད་དོ། །ཡང་ཆ་རིལ་གྱི་རྩིས་འཕྲོ་ལ། རིལ་པོ་གསུམ་དང་ཆ་ཤས་གོ་བདུན་གྱི་སྟེང་དུ། ཟླ་གཅིག་གི་ངེས་པ། རིལ་པོ་གཉིས་དང་། ཆ་ཤས་སུ་གཅིག་བསྣན། སླར་ཡང་ཉེས་པ་ཆེར་མི་བསྐྱེད་པ་དང་། དགོས་དབང་གིས་ཆ་ཤས་སུ་བཅུ་དགུ་བསྣན་ཏེ། རིལ་པོ་ལྔ་དང་ཆ་ཤས་ཉི་ཟླར་མཛད་དོ། །སྒྲ་གཅན་གྱི་རྩིས་འཕྲོ་ཟླ་བ་བརྒྱ་ཉེར་གཅིག་གི་སྟེང་དུ་ཟླ་གཅིག་གི་ངེས་པ་གཅིག་བྱིན་ནས་བརྒྱ་ཉེར་གཉིས་སུ་མཛད་དོ། །གཟའ་ལྔའི་སྤྱི་ཞག་ལ། རེ་བཞི་ཆ་དགུ་དང་། རི་མཁའ་རི་ཆ་དྲུག་བརྒྱ་ཉེར་གཅིག་གི་སྟེང་དུ་བཤོལ་དུ་བྱས་པའི་དབོ་ཟླ་རྟིང་མའི་ཞག་གི་ངེས་པ་སུམ་ཅུ་རེ་གནས་གཉིས་ཀ་ལ་བྱིན་པས་རེ་བཞི་ཆ་བཞི་བཅུར་ཉེ་བ་ཞིག་འབྱུང་བ་ལ། སྐབས་དེར་རེ་བཞིར་ལོངས་པ་ལྟར་བྱས་ནས་ཞག་མི་ཐུབ་པ་བཏོན་ཏེ་སྤྱི་ཞག་གི་རྩིས་འཕྲོ་སྟོང་པར་མཛད་དོ། །རིགས་པ་དེས། གཟའ་ལྔ་པོའི་གྲུབ་མཐའི་རྩིས་འཕྲོའི་སྟེང་དུ་བཤོལ་དུ་བྱས་པའི་ཉིན་ཞག་ཉེར་དགུ་རེ་བྱིན་པར་མཛད་པ་ནི་སྤྱིར་བཏང་ཡིན་ལ། ཁྱད་པར་དུ། མིག་དམར་གྱི་གྲུབ་མཐའི་རྩིས་འཕྲོ་བརྒྱ་སོ་བརྒྱད་ཀྱི་སྟེང་དུ་ཉིན་ཞག་ཉེར་དགུ་བསྣན་ཏེ་རི་དུས་གཅིག་ཏུ་མཛད། ལྷག་པའི་གྲུབ་མཐའི་རྩིས་འཕྲོ་ཞག་གི་བརྒྱ་ཆ་བདུན་སྟོང་ལྔ་བརྒྱ་དོན་བཞིའི་སྟེང་དུ། ཉིས་སྟོང་དགུ་བརྒྱ་བྱིན་རྒྱུ་ལ་དགོས་དབང་གིས་གསུམ་ཕྲི་སྟེ་ཉིས་སྟོང་བརྒྱད་བརྒྱ་གོ་བདུན་བསྣན་ནས་སྟོང་དྲུག་བརྒྱ་དོན་བཞིར་མཛད། ཕུར་བུའི་གྲུབ་མཐའི་རྩིས་འཕྲོ་སྟོང་བདུན་བརྒྱ་དང་གཅིག་གི་སྟེང་དུ་དགོས་དབང་གིས་ཉེར་དགུའི་ཁར་ཞག་གཉིས་བསྣན་པའི་སོ་གཅིག་བྱིན་ཏེ་སྟོང་བདུན་བརྒྱ་སོ་གཉིས་སུ་མཛད། པ་སངས་ཀྱི་གྲུབ་མཐའི་རྩིས་འཕྲོ་ཞག་གི་བཅུ་ཆ་སྟོང་བརྒྱད་བརྒྱ་དོན་གཉིས་ཀྱི་སྟེང་དུ་ཉིས་བརྒྱ་དགུ་བཅུ་སྟེར་རྒྱུ་ལ་དགོས་དབང་གིས་གཅིག་བྱིན་པའི་ཉིས་བརྒྱ་གོ་གཅིག་བསྣན་ཏེ་ཉིས་སྟོང་བརྒྱ་རེ་གསུམ་དུ་མཛད་དོ། །སྤེན་པའི་གྲུབ་མཐའི་རྩིས་འཕྲོ་ལྔ་སྟོང་དགུ་བརྒྱ་ཉེར་གསུམ་གྱི་སྟེང་དུ་དགོས་དབང་གིས་དྲུག་དམན་ཏེ། ཞག་ཉེར་གསུམ་བསྣན་ནས་ལྔ་སྟོང་དགུ་བརྒྱ་ཞེ་དྲུག་ཏུ་མཛད་དོ། །

གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། བསྡུས་པའི་རྒྱུད་ཀྱི་སོགས་རྐང་པ་གསུམ་གྱིས་མདོར་བསྟན་པའི་སྒོ་ནས་བཤད་པར་ཁས་བླང་བའོ། །གཉིས་པ་ནི། ཆ་རིལ། སྒྲ་གཅན། དྲག་གསུམ་གྱི་དལ་བ་ཞི་གཉིས་ཀྱི་རྐང་འཛིན་གྱི་ལོངས་སྤྱོད་རྣམས་ལ་བྱེད་གྲུབ་ཀྱི་དབྱེ་བ་མེད་མོད། གཟའ་ཚེས། ཉི་མ། དྲག་གསུམ་གྱི་རྐང་འཛིན། ཞི་གཟའི་དལ་བའི་ལོངས་སྤྱོད་རྣམ་ལ་ཁྱད་པར་ཤིན་ཏུ་ཆེ་བ་ཡོད་དོ། །ཇི་ལྟར་ཡོད་ཅེ་ན། རྩ་རྒྱུད་ལས། ཉི་མའི་ལོངས་སྤྱོད་མ་དག་ན། །འདི་ལ་སྦྱངས་པའི་མིག་དམར་སོགས། །རྩ་བ་ཉམས་པའི་ལྗོན་པ་བཞིན། །འདིར་ནི་གསལ་བ་ཉིད་མི་འགྱུར། །ཞེས་གསུངས་པ་ལྟར། གཟའ་ཕལ་ཆེ་བ་སྟེ། མིག་སྨན་མདོག་ཅན་མ་གཏོགས་པའི་གཟའ་རྣམས་ཀྱི་རྒྱུ་བ་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་གྲུབ་པའི་མཐའ་ལས་བརྩམས་ཏེ་ཉི་མའི་ལོངས་སྤྱོད་དག་པའི་རྗེས་སུ་འགྲོ་བ་སྟེ། དེ་ལ་ངེས་པར་ལྟོས་དགོས་པའི་ཕྱིར་རོ། །དེས་ན་འདིར་ཉི་མའི་ཚེས་རེའི་ངེས་པ་ལ་དབུགས་ཀྱི་འདོད་ཆའི་རེ་བདུན་ཆ་ཞེ་བཞིས་གྲུབ་པའི་མཐའ་ལས་བྱེད་པ་མང་བའི་ཉེས་པ་དེ་བསགས་པས་ངེས་པ་མི་གསལ་བར་གྲུབ་ཅིང་། དེ་གྲུབ་པ་ན། ཉིན་ཞག་ཉི་བར་གྱི་ལག་ལེན་རྣམ་དག་མེད་པ་རྣམས་ལ། ཉི་མར་མ་ཟད། དྲག་གཟའ་གསུམ་གྱི་རྐང་འཛིན་དང་། ཞི་གཟའི་དལ་བ་སོགས་མང་པོ་ཞིག་ཀྱང་མ་དག་པར་འགྱུར་བ་དང་། དེས་མཚོན་ནས་གཟའ་ཚེས་ལ་ནི་ཚེས་ཞག་རེ་རེ་ཞིང་དབུགས་ཀྱི་རི་མཁའ་རི་ཆ་བཅུ་དྲུག་གིས་གྲུབ་པའི་མཐའ་ལས་བྱེད་པ་ཉུང་བའི་ཕྱིར། དེ་བསགས་པས་ངེས་པ་མི་གསལ་བར་འགྱུར་བ་ཡིན་ནོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་འཇིག་རྟེན་དབང་ཕྱུག་གི་མན་ངག་འགྲེལ་ཆེན་ལ་བརྟེན་ནས་རྒྱུད་ཀྱི་དགོངས་པ་མཐར་ཐུག་པའི་ངེས་པ་གསལ་བར་བྱ་བ་ཡིན་གྱི། དངོས་བསྟན་བསྡུས་རྒྱུད་ནས་གསུངས་པའི་ལག་ལེན་འདི་ཙམ་ནི་སྤྱོད་འགྱུར་ལོངས་སྤྱོད་ཀྱི་ཉེས་པས་དུས་ལ་ལྟོས་ནས་འདོར་དགོས་པས་མི་རྟག་པའི་ཕྱིར་དང་། སྤྱད་ཟིན་སྤྱོད་འགྱུར་གཉིས་ཀ་བྱེད་པ་ལ་ལྟོས་ནས་སྦས་པའི་ཕྱིར་རྟག་དང་དག་པའི་ངེས་པར་བསམས་ནས་བླང་བར་བྱ་བ་མ་ཡིན་ཏེ། འདིར་དགོས་པའི་དབང་གིས་བྱ་དཀའ་བ་དང་ངེས་པ་མི་གསལ་བའི་སྐྱོན་གཉིས་ཀ་གནས་པར་མཛད་པའི་ཕྱིར་རོ། །མུ་སྟེགས་པའི་བྱེད་པ་ལ་ཡང་ཉེས་པའི་གཙོ་བོ་དེ་གཉིས་སུ་སྣང་སྟེ། ཉིན་ཞག་ལ་སོགས་པའི་ཕུང་པོ་ཆེན་པོ་བྱས་པས་བྱ་དཀའ་བ་དང་། གྲུབ་མཐའ་དང་མཐུན་པའི་ལོངས་སྤྱོད་མ་བཀོད་ཅིང་གཉེན་པོ་མེད་པ་ལ་བརྟེན་ནས་ངེས་པ་མི་གསལ་བར་འགྱུར་བར་གསུངས་ལ། དེ་དང་ཆ་འདྲ་བ་རང་ལུགས་དངོས་བསྟན་གྱི་བྱེད་པ་འདི་ལའང་མཛད་དེ། མེ་མཁའ་རྒྱ་མཚོ་ལ་རབ་བྱུང་སོགས་འདས་ལོ་ཇི་ཙམ་བསྲེས་ཀྱང་ལག་པ་གདེངས་ཅན་ཟླ་བ་མ་གཏོགས་སྦྱོར་བྱེད་གཞན་མ་བཤད་པས་བྱ་དཀའ་བ་དང་། ཚེས་དང་ཉི་མ་ལ་ལོངས་སྤྱོད་རྣམ་དག་མ་བཀོད་ཅིང་གཉེན་པོ་ཡང་དངོས་སུ་མ་བཀོད་པས་དུས་ཀྱི་དབང་གིས་ངེས་པ་མི་གསལ་བ་ཡང་ཆ་འདྲ་ཚང་བ་ཡིན་ནོ། །གསུམ་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། དེ་བས་ན་དེང་སང་གི་རྩིས་པ་ཀུན་ལ་རླུང་ཕྱོགས་ཙམ་དུའང་མ་གྲགས་པའི་བྱེད་པའི་ངེས་པ་གསར་དུ་སྤོ་བའི་ཚུལ་སྤྱན་རས་གཟིགས་དབང་རིགས་ལྡན་པད་དཀར་གྱིས་རྒྱུད་འགྲེལ་ལས་གསུངས་པའི་དགོངས་དོན་ཇི་བཞིན་དུ་བློ་ལྡན་རྣམས་ལ་བཤད་ཀྱི་གཟུ་བོའི་བློས་ལེགས་པར་ཉོན་ཅེས་མདོར་བསྟན་པའི་སྒོ་ནས་མཉན་པར་བསྐུལ་བའོ། །གཉིས་པ་ལ་གཉིས་ཏེ། རྩིས་འཕྲོའི་སྐྱོན་འདོན་ཚུལ་དང་། དེ་ལྟར་མ་གྲུབ་ན་དྷྲཱུ་ཝ་ལ་སྐྱོན་འདོན་གློ་བུར་དུ་བྱ་ཚུལ་ལོ། །དང་པོ་ནི། དཔལ་ལྡན་རྒྱུད་ལས་གསུངས་པའི་བྱེད་རྩིས་ཀྱི་དགོངས་པ་མཐར་ཐུག་པ་ནི་འདི་ཡིན་ཏེ། རྒྱུད་འགྲེལ་ལས། ད་ནི་རེ་ཞིག་ཉུང་ངུའི་བྱེད་པ་གསུངས་པ་མེ་མཁའ་རྒྱ་མཚོ་རྣམས་ལ། ཞེས་པའོ། །རྒྱུད་ཀྱི་རྒྱལ་པོ་འདི་ལ་ངེས་པ་ནི་མི་རྟག་སྟེ། ལོ་དྲུག་ཅུའི་མཐར་སླར་ཡང་ངེས་པ་འགོད་པའི་ཕྱིར་རོ། །ཞེས་གསུངས་པའི་དོན། རྩིས་ལོ་ཉིས་བརྒྱ་ཉེར་གཅིག་གི་བར་གྱི་ཉེས་པ་རྣམས་རྒྱུད་ཀྱི་རྩིས་འཕྲོའི་སྐབས་སུ་བཏོན་པར་སྔར་བཤད་པ་ལྟར་ཡིན་ལ། དེ་མན་ཆད་འདས་ལོའི་ཐོག་མའི་རབ་བྱུང་ནས་དྲུག་ཅུ་སྐོར་རེ་རེ་སོང་བའི་མཚམས་སུ་ལོ་དེའི་བར་དུ་སོགས་པའི་ཉེས་པ་རྣམས་བཏོན་ནས་ངེས་པ་གསར་དུ་སྤོ་བ་ཡིན་ཏེ། དེའི་རྒྱུ་མཚན་ཡང་། ལོ་གཅིག་གི་ཚེས་ཞག་གི་གྲངས། ཞག་སུམ་བརྒྱ་དོན་གཅིག །ཆུ་ཚོད་བཞི། སྲང་སོ་དྲུགདབུགས་ལྔ། འདོད་ཆ་བདུན་རྣམས་འོང་བའི་གནས་ཐམས་ཅད་དྲུག་ཅུས་བསྒྱུར་ཏེ་དྲིལ་བས། ལོ་དྲུག་ཅུའི་ཚེས་ཞག་གི་གྲངས་ལ། ཞག་ཉི་ཁྲི་ཉིས་སྟོང་ཉིས་བརྒྱ་རེ་བཞི། ཆུ་ཚོད་སོ་དྲུག །སྲང་ང་ལྔ། དབུགས་གཉིས། འདོད་ཆ་བཞི་རྣམས་ཡོད་ཀྱང་། རགས་པར་ཆུ་ཚོད་མན་ཆད་དོར་ཏེ། ཚེས་ཞག་གི་གྲངས་ཉི་ཁྲི་ཉིས་སྟོང་ཉིས་བརྒྱ་རེ་བཞི་པོ་དེ་སྔར་བཤད་པའི་བྱེད་གྲུབ་ཀྱི་ཚེས་གཟའི་ལོངས་སྤྱོད་ཀྱི་བར་ཁྱད་རི་མཁའ་རི་ཆ་བཅུ་དྲུག་གིས་བསྒྱུར་ཏེ། འོག་ནས་རི་མཁའ་རི། རོ། མཁའ་རོ་རྣམས་ཀྱིས་དྲིལ་བས་གྲུབ་མཐའ་ལས་བྱེད་པ་ཉུང་བའི་ཆ་ལ། ཆུ་ཚོད་གཅིག །ཆུ་སྲང་ཉེར་གསུམ། དབུགས་ལྔ། རི་མཁའ་རི་ཆ་དྲུག་བརྒྱ་དང་གསུམ་རྣམས་འབྱུང་བས་དེ་ཉིད་སྐབས་དེའི་གཟའ་དྷྲཱུར་བསྣན་པར་ངེས་པ་གསལ་བར་འགྱུར་ཞིང་། དེ་བཞིན་དུ་ཚེས་ཞག་གི་གྲངས་དེ་ཉི་མའི་ལོངས་སྤྱོད་ཀྱི་བར་ཁྱད་འདོད་ཆའི་རེ་བདུན་ཆ་ཞེ་བཞིས་བསྒྱུར་ཏེ། རི་རོ་འདོད་དུས་མཁའ་རོ་རྣམས་ཀྱིས་དྲིལ་བས་གྲུབ་མཐའ་ལས་བྱེད་པ་མང་བའི་ཆ། ཆུ་ཚོད་གསུམ། སྲང་བདུན། དབུགས་གཉིས། འདོད་ཆ་དགུ། རི་རོ་ཆ་དགུ་རྣམས་འབྱུང་བས་ན། ཉི་མའི་དྷྲཱུ་ཝ་ཀར་ཆུ་ཚོད་གསུམ་ལ་སོགས་པ་དེ་རྣམས་ཀྱིས་ཕྲི་བས་ངེས་པ་གསལ་བར་འགྱུར་བ་དང་། བྱེད་པ་ལོ་བདག་ལ་སྔ་མའི་ལོའི་རྩིས་འཕྲོའི་སྟེང་དུ་དྲུག་ཅུ་སྐོར་རེ་རེ་སྦྱིན་པར་བྱ་སྟེ་ལོའི་རྩིས་འཕྲོའོ། །དེ་བཞིན་དུ་སྐྱོན་འདོན་གྱི་ཁུངས་སུ་ཡང་བྱེད་ལོ་དང་གྲུབ་པའི་ཉིན་ཞག་དཀྱིལ་འཁོར་གྱི་བར་ཁྱད་ལ་ཆུ་སྲང་ཞེ་གསུམ་རེ་ཡོད་པ་དེ་ལོ་དྲུག་ཅུའི་བར་དུ་བསགས་པས་ཆུ་ཚོད་བཞི་བཅུ་རྩ་གསུམ་རེ་འོང་བ་དེ་ཉིད་བསྣན་པར་བྱས་ཏེ། དེ་ལྟར་ན་དྲུག་ཅུ་སྐོར་རེའི་མཚམས་སུ་གཟའ་ཉི་བྱེད་ལོའི་དྷྲཱུ་ཝ་ཀ་རྣམ་པར་དག་པ་རེ་བཀོད་ནས་ངེས་པ་གསར་དུ་སྤོ་བ་ཡིན་ནོ། །དེས་ན་ལོ་དྲུག་ཅུ་འདས་ཏེ་གཟའ་ཉི་བྱེད་ལོའི་མང་ཉུང་གི་ཆ་རྒྱ་འབྱམས་སུ་གཏོང་བ་རྒྱུད་འགྲེལ་གྱི་དགོངས་པ་མ་ཡིན་ཞིང་། དེང་སང་ཕུག་ལུགས་པར་གྲགས་པ་རྣམས་ཀྱིས་ཀྱང་པད་དཀར་ཞལ་ལུང་གི་དགོངས་པ་མ་ལོན་པར་སྣང་སྟེ། ཞལ་ལུང་མཁན་པོས་རབ་བྱུང་དང་པོ་ནས་བཟུང་རབ་བྱུང་བརྒྱད་པའི་བར་གྱི་ངེས་པ་རྒྱུད་ཀྱི་ཚིག་རིགས་དང་སྦྱར་ནས་སྤོ་བར་མཛད་པའི་ཕྱིར་རོ། །འོ་ན་དེ་ཕྱིན་ལག་ལེན་དེ་མི་དར་བའི་རྒྱུ་མཚན་གང་ཞེ་ན། འདི་ལྟར་ཡིན་པར་མངོན་ཏེ། དཔལ་མགོན་ཕྲིན་ལས་ཞབས་ཀྱིས་དཔེ་མཁྱུད་མཛད་དེ་རབ་བྱུང་དགུ་པའི་འགོར་ངེས་པ་གསར་དུ་མ་སྤོས་པར་བྱེད་པའི་ལག་ལེན་རྙིང་པ་དེ་རྒྱ་འབྱམས་སུ་བཅུག །རང་ཉིད་ཀྱིས་གཟའ་སྐར་སྟོན་པ་ན། གཟའི་ཆུ་ཚོད་དུ་བརྒྱད་སྟེར་བ་སོགས་ཀྱི་ལག་ལེན་གྱི་ཁུངས་བཟོས་ཤིང་། དེ་རྗེས་རབ་བྱུང་བཅུ་པའི་འགོར་ཕུག་པའི་ཞལ་སློབ་རྣམས་ཀྱིས་གཟའ་ལ་དགུ་བྱིན། ཉི་སྐར་ནས་ཉེར་བདུན་ཕྲི། ཟླ་སྐར་ནས་སོ་དྲུག་འབྲི་བ་སོགས་ཀྱིས་སྤོས། དེ་རྗེས་རབ་བྱུང་བཅུ་གཅིག་པའི་འགོར་རྗེ་ལྡུམ་པོ་བས་གཟའ་ལ་བཅུ་བྱིན། ཉི་སྐར་ནས་སུམ་ཅུ་ཕྲི། ཟླ་སྐར་ནས་བཞི་བཅུ་འབྲི་བ་སོགས་མཁས་པ་རིམ་པར་བྱོན་པ་རྣམས་ཀྱིས་ཁུངས་དེ་སྤོས་པ་ཙམ་ལས་མ་བཀྲོལ་བར་བཞག་པས། དེ་ཕྱིན་རྩིས་པ་ཐམས་ཅད་ཀྱིས་དེའི་གནད་དེ་མ་རིག་པས་མགྲིན་པ་གཟེངས་གཏོད་ནས་ཕུག་ལུགས་པར་ཁས་ལེན་བཞིན་དུ་བྱེད་པའི་ལག་ལེན་དངོས་བསྟན་ཇི་ལྟ་བ་བཞིན་དུ་བྱས་ཏེ་ཞལ་ལུང་གི་བཤད་པ་དང་ལག་ལེན་རྒྱབ་འགལ་དུ་བཏང་། གཟའི་ཆུ་ཚོད་དུ་བརྒྱད་སྟེར་བ་སོགས་ཀྱི་ལག་ལེན་ནུབ་ཀྱང་དགུ་སྟེར་བ་སོགས་ཀྱི་ལག་ལེན་དེས་གཟའ་བདུན་ཚེས་ལ་སྤྱོད་པའི་གཟའ་སྐར་དང་། བཅུ་སྟེར་བ་སོགས་ཀྱིས་གྲུབ་རྩིས་ཀྱི་གཟའ་སྐར་སྟོན་པ་ཡིན་ནོ་ཞེས་འཆལ་གཏམ་སྣ་ཚོགས་སྒྲོག་པས་དེང་སང་ས་སྟེང་ཁྱབ་པ་འདི་བྱུང་བར་སྣང་ངོ་། །ད་ཕྱིན་ཆད་རྒྱུད་འགྲེལ་གྱི་དགོངས་པ་བཞིན་རང་ལུགས་ཀྱི་བྱེད་རྩིས་རྣམ་དག་ཤེས་པར་འདོད་པ་རྣམས་ཁོ་བོའི་ཡི་གེ་འདི་ལ་བསྟེན་པ་གཅེས་སོ། །གཉིས་པ་ནི། དེ་ལྟར་རྩིས་འཕྲོའི་སྐབས་སྐྱོན་འདོན་མ་གྲུབ་པས་དུས་གང་དང་གང་གི་ཚེ་དྷྲཱུ་ཝ་ལ་སྐྱོན་འདོན་གློ་བུར་དུ་བྱ་བར་འདོད་ན་དེའི་ལག་ལེན་བཤད་པར་བྱ་སྟེ། འདི་ལྟར། ཡང་ན་བྱ་སླར་མོས་པ་རྣམས། །ལོ་རེའི་ངེས་པ་སྒྲུབ་པའི་དུས། །བྱེད་པའི་ཆོ་ག་རྒྱུད་བཞིན་བསྒྲུབས། །ཞེས་གདོན་བྱའི་གཞི་དང་། དེ་ལྟར་བསྒྲུབས་པའི་ངེས་པའི་སྟེང་། །རབ་བྱུང་ཇི་ཙམ་འདས་གྱུར་པའི། །གཟུགས་གྲངས་ཞེས་པ་སྟེ། རབ་བྱུང་བཅུ་གཅིག་པ་འདི་ལ་མཚོན་ན། ཨངྐི་བཅུ་གནས་གཉིས་སུ་བཞག་ལ་དང་པོ་ཟླ་བ་སྟེ་གཅིག་གིས་བསྒྱུར་བས་འཕེལ་འགྲིབ་མེད་པར་རང་སོར་གནས་པ་དེ་གཟའི་ལོངས་སྤྱོད་དུ་བྱིན་ཞིང་། གནས་གཉིས་པ་མེས་བསྒྱུར་བས་སུམ་ཅུར་འགྱུར་ལ། དེས་ཉི་མར་སྦྱངས་པས་སྐྱོན་བྲལ་བྱེད་པའི་དྷྲཱུ་ཝ་ཀ་རྣམ་དག་འཆར་བ་ཡིན་ནོ། །

གསུམ་པ་བསྡུ་བ་ནི། དེ་ལྟར་བྱེད་པའི་ངེས་པ་སྤོ་བའི་ཚུལ་འདི་ནི་འཇིག་རྟེན་དབང་ཕྱུག་གི་དགོངས་པ་འཁྲུལ་མེད་ཡིན་པས་བློ་ལྡན་རྣམས་ཀྱིས་དྲུག་ཅུ་སྐོར་རེའི་མཚམས་སུ་ངེས་པ་སྤོ་ཚུལ་འདི་ཁོ་ན་ལྟར་ཤེས་པར་གྱིས་ཤིག་ཅེས་གདམས་སོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བྱེད་པ་དང་གྲུབ་པའི་རྩིས་འཕྲོ་བཤད་པའི་སྐབས་ཏེ་བཞི་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་ལྔ་པས་བྱེད་པའི་ཡན་ལག་ལྔ་བཤད་པ།

ད་ནི་སྐབས་ལྔ་པས་བྱེད་པའི་ཡན་ལག་ལྔ་བཤད་པ་ལ་གཉིས་ཏེ། བསྡུས་རྒྱུད་དངོས་བསྟན་ལྟར་རགས་རྩིས་ཀྱིས་ཉུང་ངུའི་རྩིས་བཤད་པ་དང་། འགྲེལ་ཆེན་གྱི་དགོངས་པ་ཞིབ་རྩིས་ཀྱིས་ཉུང་ངུའི་རྩིས་བཤད་པའོ། །དང་པོ་ལའང་བཞི་སྟེ། ལོ་དག་པ། ཟླ་བ་དག་པ། ཟླ་བའི་ངེས་པ། ཞག་གི་ངེས་པ་བཤད་པའོ། །དང་པོ་ནི། མེ་མཁའ་རྒྱ་མཚོ་ནི་མ་ཁར་ཀླ་ཀློ་ཞུགས་ནས་རྒྱུད་འགྲེལ་འཕགས་ཡུལ་དུ་མ་ཕེབས་བར་གྱི་ལོའོ། །ལོ་བཞི་བརྒྱ་དང་གསུམ་པོ་དེ་རྣམས་ལ་བསྲེ་བྱའི་ལོ་ནི། རབ་བྱུང་སྟེ་མེ་ཡོས་ལ་དུས་འཁོར་འཕགས་ཡུལ་དུ་ཕེབས་པས་དེ་ལ་སོགས་པའི་ཁོངས་ཀྱི་རབ་བྱུང་དེ་ནས་བརྩམས་ཏེ་བརྩི་བྱའི་ལོ་ཡན་ཆོད་ལ་ལོ་དུ་ཙམ་ཞིག་འདས་པའི་གྲངས་བསྲེས་པས་ནི་ཀླ་ཀློ་བྱུང་ནས་རྩི་བཞིན་པའི་བར་གྱི་ལོ་གྲངས་སུ་འགྱུར་བ་ཡིན་ནོ། །དེའི་སྟེང་ནས་རྒྱ་མཚོ་རྣམ་རྒྱལ་གྱི་སྐུ་ཚེའི་ཚད་ལག་པ་སྐྱོན་དང་བྲལ་ཏེ་བརྒྱ་གྱ་གཉིས་ཕྲི་བའི་ལྷག་མ་ནི་རྒྱལ་དཀའ་ཁྲིར་ཕེབས་ཏེ་ཉུང་ངུའི་བྱེད་པ་སྦྱངས་ནས་ད་ལྟའི་བར་གྱི་འདས་ལོ་སྟེ་ལོ་དག་པའི་ཚོགས་སོ། །

གཉིས་པ་ནི། ལོ་དག་པའི་ཚོགས་དེ་ཉིད་ཉི་མས་བསྒྱུར་བ་ནི་ལོ་རེ་ལ་འཕོ་བའི་ཟླ་བ་བཅུ་གཉིས་རེ་ཡོད་པས་འདས་ལོ་རྣམས་ཁྱིམ་ཟླའི་ཕུང་པོར་གསིལ་བའི་དོན་ནོ། །དེ་ལ་ནག་པ་སོགས་ལོར་མ་ལོངས་པའི་འདས་ཟླ་བསྲེས་པས་ནི་རྩིས་འགོ་ཟུག་པ་ཕྱིན་གྱི་ཁྱིམ་ཟླའི་གྲངས་སོ། །དེ་གནས་གཉིས་སུ་འཇོག་པ་ནི། སྟེང་མ་ནི་ཟླ་ལྷག་སྟེར་བའི་གཞི་དང་། འོག་མ་ནི་ལྷག་པོ་འཚོལ་བའི་གཞིའོ། །དེ་ཡང་དབུགས་གཅིག་ཕྱེད་དང་བཅས་པའི་སོ་གཉིས་སུ་གསིལ་བའི་ཆ་རེ་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་བསགས་པས་དབུགས་སོ་གཉིས་ཕྱེད་བཅས་ན་ཡེ་ཤེས་ཀྱི་ཆའི་དབུགས་རེར་ལོངས། དེ་བསགས་པས་ཞག་སོ་གཉིས་ཕྱེད་བཅས་ན་ཡེ་ཤེས་ཀྱི་ཆའི་ཞག་ཤོལ་གཅིག་ཏུ་ལོངས། དེ་བསགས་པས་ཟླ་བ་སོ་གཉིས་ཕྱེད་བཅས་ན་ཟླ་བཤོལ་གཅིག་ལོངས་པའི་གནད་ཀྱིས། སྤྱིར་ཚེས་ཞག་སུམ་ཅུའི་བདག་ཉིད་ཅན་གྱི་ཟླ་བ་རེ་རྫོགས་པའི་གནམ་སྟོང་ལ་ཉི་མས་ཁྱིམ་རེ་རེ་རྫོགས་ནས་འཕོ་མི་ནུས་པས་ཟླ་བཤོལ་ངེས་པར་དགོས་ཏེ། འགྲེལ་ཆེན་ལས། འདིར་ཟླ་བ་ཕྱེད་དང་བཅས་པའི་སུམ་ཅུ་གཉིས་ན་ལྷག་པའི་ཟླ་བར་འགྱུར་ཏེ། གནམ་སྟོང་ལ་ནི་ཉི་མའི་འཕོ་བ་མེད་པའི་ཕྱིར་རོ། །དེས་ན་ལོངས་སྤྱོད་པར་མི་འགྱུར་རོ། །ཞེས་གསུངས་པས་སོ། །དེ་བས་ན་ཕྱེད་པ་དེ་སུམ་ཅུ་རྩ་གཉིས་ལ་གཞུག་པའི་ཐབས་སུ་སོ་གཉིས་ཕྱེད་པའི་ཕུང་པོར་བྱས་པ་ལ་ཕྱེད་པ་གཅིག་པོ་བཅུག་སྟེ་དཀྱིལ་འཁོར་རེ་ལྔར་བྱས་ནས་ཤེད་མཚུངས་ཀྱི་ཕྱིར་གནས་འོག་མ་གཉིས་ཀྱིས་བསྒྱུར་ནའང་ཟླ་བཤོལ་གྱི་ངོ་བོ་རྟོགས་མོད་ཀྱི། རྒྱུད་འགྲེལ་འདིར་གནས་འོག་མ་བཞིས་བསྒྱུར་བ་ལ་སོ་གཉིས་ཕྱེད་བཅས་བཞི་ཆའི་ཕུང་པོར་བྱས་པས་བརྒྱ་སུམ་ཅུ་འབྱུང་བ་བགོད་བྱེད་དུ་མཛད་དོ། །འདི་ལ་སྔ་རབས་ཀྱི་མཁས་པ་ཕལ་ཆེ་བ་དག །བཞིས་བསྒྱུར་ནས་བརྒྱ་སུམ་ཅུས་བགོད་པ་རྒྱུད་ཀྱི་སྡེབ་སྦྱོར་གྱི་དབང་གིས་ཡིན་ཟེར་བ་མི་རིགས་ཏེ། འདིར་དུས་ཀྱིས་བསྒྱུར་བའི་སྐད་དོད། ཡུ་ག་ཧ་ཏི་ཞེས་པ་ཟུང་གིས་བསྒྱུར་བའི་སྐད་དོད་དུའང་འགྱུར་ལ། བགོད་བྱེད་ཀྱི་མཁའ་མེ་ཟླ་བས་རྣམ་པར་དབྱེ་ཞེས་པའི་རྒྱ་དཔེར། ཁཱགྣི་ཙཻནྡྲ་རྦི་བྷཀྟཾ་ཞེས་འབྱུང་བ་དང་མཐུན་པར། དྲུག་ཅུ་རྩ་ལྔས་རྣམ་པར་དབྱེ། །ཞེས་པ་ལ། པཉྩ་ཥཥྚཻ་རྦི་བྷ་ག་ཏཾ། ཞེས་ལྕི་ཡང་སྤེལ་ཚུལ་ལ་ཁྱད་པར་མེད་དེ། འགྲེལ་པའི་སྐབས་མང་པོར། དྲུག་ཅུ་རྩ་ལྔའི་སྐད་དོད་ལ། པཉྩ་ཥཥྚ་ཞེས་སྣང་བའི་ཕྱིར་རོ། །འོ་ན་གང་ཞེ་ན། སྒྱུར་བྱེད་གཉིས་དང་བཞི་སྤྲོས་པ་མཉམ་ལ། བགོད་བྱེད་ཐིག་ལེས་མ་མཐའ་བཀག་པས་རེ་ལྔ་ལས་བཅུ་གསུམ་ཚེགས་ཆུང་བས་བྱ་སླར་དགོངས་པའམ། ཡང་ན་རི་མོའི་རྣམ་འགྱུར་བསྟན་པའི་ཕྱིར་འདམ་ཁའི་ཚུལ་དུ་གསུངས་སམ་སྙམ་མོ། །དེ་ལྟར་གནས་གཉིས་ཀྱི་འོག་མ་ཆུ་བོ་སྟེ་བཞིས་བསྒྱུར་བར་བྱས་པ་དེ་ལ་མཁའ་མེ་ཟླ་བས་བགོས་པས་ཐོབ་པའི་ནོར་གནས་སྟེང་མ་ལ་བསྲེས་པ་ནི་ཟླ་བ་རྣམ་པར་དག་པ་སྟེ། དེ་ཡང་འོག་མ་ལ་མཁའ་མེ་ཟླ་བས་བརྙེད་པའི་ནོར་ཇི་ཙམ་བྱུང་བ་དེ་ནི་རྩིས་གཞི་བརྩམས་ནས་དེང་སང་གི་བར་ལ་ལྷག་པའི་ཟླ་བ་དུ་སོང་གི་གྲངས་ཡིན་པས་དེ་སྟེང་མ་ལ་སྦྱིན་པ་ན་ཚེས་ཟླའི་གྲངས་སུ་འགྱུར་བའི་ཕྱིར་རོ། །བགོས་པའི་ལྷག་མ་ནི་ཟླ་བཤོལ་གྱི་མཚམས་རྟོགས་པར་བྱེད་པའི་མན་ངག་ཡིན་ཏེ། དེ་ཡང་ལྷག་མ་དེ་བཞིས་བགོས་པའི་ནོར་ནི་ཟླ་བཤོལ་ཕྱི་མ་དེ་བྱུང་ནས་ཟླ་བ་དུ་ཙམ་སོང་གི་གྲངས་དང་། མཁའ་མེ་ཟླ་བའི་ལྷག་དེས་མཁའ་མེ་ཟླ་བ་ལ་སྦྱངས་པའི་ལྷག་མར་ཙམ་བྱུང་བ་དེ་ལ་བཞིས་བགོས་པའི་ནོར་གྱིས་ད་ནས་ཟླ་བ་ཇི་ཙམ་ན་ཟླ་བཤོལ་འབྱུང་བའི་གྲངས་སྟོན་པའི་ཕྱིར་རོ། །དེ་ཡང་སྟེང་དུ་ཟླ་དག་འཕར་བའི་ཚེ་དེའི་ཟླ་བ་སྔ་མ་དེ་བཤོལ་དུ་འགྱུར་ལ། དེའི་ཚེ་ཟླ་བཤོལ་གྱི་འཕྲོར་ཐིག་བྱུང་ན་ཟླ་བཤོལ་རྫོགས་པ་དང་ཟླ་དག་འཕར་བའི་ཟླ་བ་དེ་ཤར་བ་དུས་མཉམ་པ་དང་། གཅིག་ཤར་ན་ཟླ་དག་འཕར་བའི་ཟླ་བ་དེ་ཤར་བའི་ཚེ་ཟླ་བཤོལ་དོན་ནས་ཟླ་བ་ཕྱེད་སོང་བའི་དོན་ཡིན་པར་ཤེས་པར་བྱའོ། །རྒྱུད་འགྲེལ་གྱི་རྩིས་གཞི་འདིར་དགོས་པའི་དབང་གིས་དབོ་ཟླ་ལ་བཤོལ་དོར་བས་རྩིས་འཕྲོ་བསྲེ་སྦྱང་གང་ཡང་མ་བྱུང་བ་ཡིན་ཏེ། རྒྱུ་མཚན་རྒྱས་པར་ལེའུ་བཞི་པའི་འགྲེལ་པར་བཤད་ཟིན་ཏོ། །

གསུམ་པ་ཟླ་བའི་ངེས་པ་བཤད་པ་ལ་བཞི་སྟེ། གཟའ་ཚེས་ཀྱི། ཆ་རིལ་གྱི། ཉི་སྐར་གྱི། བྱེད་པ་ལ་ལྟོས་ཏེ་དྷྲཱུ་ཝ་འཕོ་བའི་ངེས་པའོ། །དང་པོ་གཟའ་ཚེས་ཀྱི་ངེས་པ་ནི། ཟླ་བ་དག་པ་གནས་གསུམ་དུ་བཞག་པ་ནི། སྟེང་མ་གཟའ་གནས་དང་། བར་པ་ཆུ་ཚོད་དང་། འོག་མ་བྱེད་པ་ལ་ལྟོས་པའི་ཉེས་པ་རགས་པ་འདོན་པའི་དོན་དུའོ། །དབུས་མ་ལག་པ་མེ་སྟེ་སོ་གཉིས་ཀྱིས་བསྒྱུར་བ་ནི། ཚེས་རེའི་ལོངས་སྤྱོད་རྐང་བྲལ་ལ་ཆུ་ཚོད་ང་དགུ། ཆུ་སྲང་གསུམ། དབུགས་བཞི་ལྷག་ཙམ་ཡོད་ཀྱང་། དབུགས་བཞི་ཉིད་ཡིན་པའི་དབང་དུ་བྱས་ཏེ། གནས་གསུམ་ཀ་སུམ་ཅུས་བསྒྱུར་ནས་དྲིལ་བས་ཟླ་བ་གཅིག་གི་རྟག་པའི་ལོངས་སྤྱོད་ལ་གཟའ་གཅིག །ཆུ་ཚོད་སོ་གཅིག །ཆུ་སྲང་ལྔ་བཅུ་རྣམས་འོང་། དེ་ལ་ཆུ་སྲང་གི་གནས་སུ་བཅུ་ལྷག་པོར་སྦྱིན་ཏེ་ཆུ་ཚོད་སོ་གཉིས་སུ་བྱས་ནས། གཅིག་གིས་བསྒྱུར་བས་མང་ཉུང་མེད་པའི་ཕྱིར་གནས་དང་པོ་རང་སོར་བཞག་སྟེ་དབུས་མ་སོ་གཉིས་ཀྱིས་བསྒྱུར་བ་ཡིན་ནོ། །དེ་ལྟར་ན་ཟླ་བ་རེ་ལ་ཆུ་སྲང་བཅུ་བཅུ་ལྷག་པ་དེ་བསགས་པས་ཟླ་བ་དྲུག་ན་ཆུ་ཚོད་གཅིག་ཏུ་ལོངས་པར་འགྱུར་བས་དེ་བསལ་བའི་ཕྱིར་གནས་འོག་མར་རོ་སྟེ་དྲུག་གིས་ཐོབ་པའི་ནོར་གྱིས་བར་མའི་སྟེང་ནས་སྦྱངས་པས་རྒྱུན་སྡོམ་པ་ན་བྱེད་པ་ལ་ལྟོས་པའི་སྒྱུར་བྱེད་རྣམ་དག་ཏུ་འགྱུར་རོ། །གལ་ཏེ་ཆུ་སྲང་བྱ་བར་འདོད་ན་དྲུག་གིས་བགོས་པའི་ལྷག་མ་བཅུས་བསྒྱུར་ལ་སྟེང་ནས་གཅིག་ཕབ་ལ་མཁའ་རོར་བྱས་པ་ལ་སྦྱངས་པའི་ལྷག་མ་ནི་ཆུ་སྲང་ངོ་། །སྟེང་གཟའི་གནས་དང་འོག་ཆུ་ཚོད་ཀྱི་གནས་གཉིས་སུ་རིམ་པར་མིག་དང་སུམ་ཅུའི་ངེས་པ་སྦྱིན་པ་ནི་གཟའ་འཁོར་དུ་མ་ལོངས་པའི་རྩིས་འཕྲོ་སྟེ་བྱེད་པ་ལ་ལྟོས་པའི་རྒྱུ་མཚན་ནི་ལེའུ་བཞི་པར་བཤད་གྲུབ་བོ། །བར་མ་མཁའ་རོ་སྟེ་དྲུག་ཅུས་བགོད་པ་ནི། ཆུ་ཚོད་ཀྱི་འཁོར་ལོ་དྲུག་ཅུ་ཡིན་པའི་ཕྱིར། བགོས་པའི་ལྷག་མ་ནི་ཆུ་ཚོད་དང་རྙེད་ནོར་ནི་གཟར་ལོངས་པ་ཡིན་པས་སྟེང་དུ་སྦྱིན་ནོ། །དེ་ལ་ཐུབ་པས་བགོ་བ་ནི། རེས་ཀྱི་གཟའ་བདུན་ལས་མེད་པས། དེས་ཐོབ་པའི་ནོར་ནི་འཁོར་ལོ་ལོངས་པའི་གྲངས་ཡིན་པའི་ཕྱིར་དོར་ནས། དེའི་ལྷག་མ་གནས་གསུམ་ནི་ཚེས་འཕོ་དང་རེས་གཟའི་དྷྲཱུ་ཝ་ཀའོ། །གཉིས་པ་རིལ་ཆའི་ངེས་པ་བརྗོད་པར་བྱ་སྟེ། ཟླ་བ་དག་པ་གནས་གཉིས་སུ་བྱེད་པ་ནི་སྟེང་མ་ཟླ་བའི་རྐང་པ་རིལ་པོ་དང་། འོག་མ་ཆ་ཤས་ཀྱི་དོན་དུའོ། །འོག་མ་ལ་ཉི་ཟླ་བསྲེ་བ་ནི་ཆ་ཤས་ཀྱི་རྩིས་འཕྲོ་དང་། རྒྱུད་འགྲེལ་ལས་གནས་སྟེང་མ་ལའང་བསྲེ་བར་གསུངས་པ་སྡེབ་སྦྱོར་གྱི་དབང་གིས་ཡིན་ལ། དོན་ལ་བསྲེས་མ་བསྲེས་ཁྱད་མེད་དེ་རྐང་པའི་འཁོར་ལོས་དོར་བས་ལྷག་མ་མེད་པའི་ཕྱིར་རོ། །འོག་མ་ལ་དུས་ཉི་མས་བགོད་པ་ནི། ཚེས་རེ་ལ་རྐང་པ་རེ་དང་རྐང་པ་རེའི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་རེ་སྤྱོད་ལ། དེ་གཉིས་ཟླ་བ་གཅིག་གི་བར་དུ་བསགས་པས་རྐང་པ་རིལ་པོ་སུམ་ཅུ་དང་། རིལ་པོ་གཅིག་གི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་ཀྱང་སུམ་ཅུ་འབྱུང་ཞིང་། ཆ་ཤས་སུམ་སྟོང་བདུན་བརྒྱ་བརྒྱད་ཅུ་པོ་ཞག་གི་འཁོར་ལོ་ཡིན་པས། དེ་ཟླ་བར་བྱ་བའི་ཆེད་དུ་སུམ་ཅུས་བགོས་པས་དུས་ཉི་འབྱུང་བ་དེས་བགོད་པ་ཡིན་ནོ། །དེས་ཐོབ་པའི་ནོར་ནི། རྐང་པ་རིལ་པོར་ལོངས་པ་ཡིན་ལ། དེ་ལ་འབྱུང་བ་སྟེ་ལྔ་བསྣན་པ་ནི་རྩིས་འཕྲོ་བསྲེ་བའོ། །སྟེང་མ་ལག་པས་བསྒྱུར་བ་ནི་རྐང་པ་རིལ་པོ་སུམ་ཅུ་ལ་རྐང་པའི་འཁོར་ལོ་ཉེར་བརྒྱད་ཀྱིས་འཕུད་པས་ལྷག་མར་གཉིས་བྱུང་བ་དེས་བསྒྱུར་བ་ཡིན། སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་སུམ་ཅུ་ལ་དུས་ཉིའི་ཆ་ཤས་གཅིག་ཡིན་པས་འོག་མ་གཅིག་གིས་བསྒྱུར་དགོས་ནའང་ལག་ལེན་ལ་འཕེལ་འགྲིབ་མེད་པས་མ་བརྗོད་པ་ཡིན། དེ་ལྟར་སྟེང་མ་གཉིས་ཀྱིས་བསྒྱུར་བ་དེ་ལ་འོག་མའི་ནོར་ལ་འབྱུང་བ་བསྲེས་པ་དེ་སྦྱིན་པའི་ཚོགས་ལ་ཀླུ་ལག་སྟེ་ཉེར་བརྒྱད་ཀྱིས་བགོད་པ་ནི། ཟླ་རྐང་གནས་བཅུ་བཞི་ལ་ལུགས་འབྱུང་ལུགས་ལྡོག་ཏུ་སྤྱོད་པ་གཉིས་བསྡོམས་པས་ཉེར་བརྒྱད་དེ། དེས་བགོད་པ་ཡིན་ཅིང་ཐོབ་པའི་ནོར་ནི་འཁོར་ལོ་ལོངས་པས་ན་དོར་བར་བྱ་ལ། སྟེང་འོག་གི་རྩིས་འཕྲོ་བྱེད་པ་ལ་ལྟོས་ཚུལ་ནི་སྔར་བཤད་གྲུབ་བོ། །དེ་ལྟར་བརྒྱད་དང་དུས་ཉིའི་ལྷག་མ་དེ་དག་སྟེང་འོག་ཏུ་བཀོད་པ་ནི་ཚོགས་དང་དེའི་ཆ་ཤས་ཀྱི་གནས་སོ། །གསུམ་པ་ཉི་མའི་དྷྲཱུ་ཝ་ཀ་བརྗོད་པར་བྱ་སྟེ། ཟླ་བ་དག་པ་གནས་གསུམ་དུ་བཞག་པ་ནི། དང་པོ་སྐར་མ། བར་པ་ཆུ་ཚོད། འོག་མ་བྱེད་པ་ལ་ལྟོས་པའི་ཉེས་པ་རགས་པ་འདོན་པའི་ཆེད་དུའོ། །དེའི་དབུས་མ་དྲག་པོ་སྟེ་བཅུ་གཅིག་གིས་བསྒྱུར་བ་ནི། ཉི་མས་ཚེས་རེ་ལ་རྒྱུ་སྐར་གྱི་ཁྱོན་སྟེང་ནས་ཆུ་ཚོད་བཞི། ཆུ་སྲང་ཉེར་གཅིག །དབུགས་ལྔ། འདོད་ཆ་དགུ་ཅུང་མེད་ཅིག་སྤྱོད་ཀྱང་དགུར་བྱས་པའི་སྟེང་དུ་ཆ་ཤས་བཞི་ལྷག་པོར་བསྣན་ཏེ་དྲིལ་བས་ཆུ་ཚོད་བཞི་དང་། ཆུ་སྲང་ཉེར་གཉིས་འབྱུང་། དེ་གཉིས་སུམ་ཅུས་བསྒྱུར་ཏེ་དྲིལ་བས་སྐར་མ་གཉིས་དང་། ཆུ་ཚོད་བཅུ་གཅིག་འབྱུང་བས། དེའི་ཆུ་ཚོད་བཅུ་གཅིག་པོ་དེས་བསྒྱུར་བ་ཡིན། དེ་ལྟར་ཞག་རེ་ཞིང་དབུགས་ཀྱི་འདོད་ཆ་བཞི་བཞི་ལྷག་པ་དེ་བསགས་པས་ཟླ་བ་རེ་ན་ཆུ་སྲང་གཅིག །དབུགས་གསུམ། འདོད་ཆ་གསུམ་ལྷག་པར་འགྱུར་ལ། དེ་བསགས་པས་ཟླ་བ་སུམ་ཅུ་རྩ་དགུ་ན་ཆུ་ཚོད་གཅིག་ཏུ་ལོངས་པས་དེ་བསལ་བའི་ཕྱིར་གནས་འོག་མར་བུག་མེ་སྟེ། སོ་དགུས་བགོས་པའི་ནོར་གྱིས་དབུས་མ་ནས་ཕྲི་བས་རྒྱུན་སྡོམ་པ་ན་ཟླ་བའི་ངེས་པ་ལ་སྐར་མ་གཉིས། ཆུ་ཚོད་བཅུ། ཆུ་སྲང་ང་བརྒྱད། དབུགས་གཉིས། འདོད་ཆ་བཅུ་སྟེ་བྱེད་པ་ལ་ལྟོས་པའི་སྒྱུར་བྱེད་དག་པར་འགྱུར་རོ། །ཐོབ་ནོར་ལ་མིག་སྟེ་གཉིས་སྦྱིན་པ་དེ་ཡིས་དབུས་མར་སྦྱོང་བ་ནི་སྔར་སྨོས་པ་ལྟར་ཉི་མའི་རྩིས་འཕྲོར་སྐར་མ་ཉེར་དྲུག་དང་། ཆུ་ཚོད་ང་བརྒྱད་ཡོད་པ་དེ་ཉིད་བསྲེས་ཀྱང་དག་མོད་ཀྱི། བྱ་སླ་བའི་དགོངས་པས་རྩིས་འཕྲོ་དེས་རྒྱུ་སྐར་འཁོར་ལོ་ལ་སྦྱངས་པས་ཆུ་ཚོད་གཉིས་མ་ལོངས་པ་ན་ལྷག་འགྱུར་གྱི་ཚུལ་དུ་དོར་བ་ཡིན་ནོ། །དེ་ལྟར་སྦྱངས་པའི་ལྷག་མ་ལ་མཁའ་རོ་སྟེ་དྲུག་ཅུས་བགོས་པའི་ལྷག་མ་ནི་ཆུ་ཚོད་དོ། །སྟེང་མ་མིག་སྟེ་གཉིས་ཀྱིས་བསྒྱུར་བ་ནི་བཤད་མ་ཐག་པའི་ཟླ་བའི་ངེས་པའི་སྐར་གནས་སུ་གཉིས་ཡོད་པ་དེས་བསྒྱུར་བ་ཡིན། དེ་ལ་འོག་གི་དྲུག་ཅུས་བརྙེད་པའི་ནོར་སྦྱིན་པར་བྱ་སྟེ་ཆུ་ཚོད་དྲུག་ཅུ་ན་སྐར་མ་རེར་ལོངས་པའི་ཕྱིར་རོ། །སྟེང་མ་སྐར་མ་སྟེ་ཉེར་བདུན་གྱིས་བགོ་བ་ནི་རྒྱུ་སྐར་ཉེར་བདུན་ཡོད་པ་དེས་ཐོབ་པའི་ནོར་ནི་འཁོར་ལོ་ལོངས་པའི་གྲངས་ཡིན་པས་དོར་ནས་དེའི་ལྷག་མ་གནས་གསུམ་ནི་ཉི་མ་སྐར་མ་གང་ལ་གནས་པའི་དྷྲཱུ་ཝ་ཀའོ། །གལ་ཏེ་ཆུ་སྲང་ལ་སོགས་པ་བྱ་བར་སྤྲོ་ན་བུག་མེས་བགོས་པའི་ལྷག་མ་མཁའ་རོ་རོ་འདོད་སོགས་རང་རང་གི་འཁོར་ལོས་བསྒྱུར་བ་ལ་རིམ་པར་བུག་མེས་ཕྱེ་བའི་ནོར་རྣམས་ཆུ་ཚོད་ཀྱི་འོག་ཏུ་བརྩེགས་པ་ལ་ཆུ་ཚོད་ཀྱི་གནས་ནས་གཅིག་ཕབ་སྟེ་འདོད་ཆའི་བར་སྦྱངས་པའི་ལྷག་མ་ནི་ཆུ་སྲང་ལ་སོགས་པར་འགྱུར་རོ། །འདིར་ཞལ་ལུང་ལས། འདི་དང་གཟའ་ཚེས་གཉིས་ཀའི་མང་ཉུང་གི་ཉེས་པ་རྣམས་ཀྱིས་ད་ལྟའི་ལག་རྩིས་པ་ཕལ་ཆེར་ལ་གནོད་པ་ཆེན་པོར་སོང་ཡོད་པས་ཅི་ནས་ཀྱང་མ་དག་པའི་ཆ་རྣམས་གདོན་དགོས་སོ། །ཞེས་གསུངས་པ་ལྟར་འདི་དག་གི་ཉེས་པ་འདོན་ཚུལ་ཁོ་བོས་འདིའི་ལེའུ་བཞི་པར་བཤད་ཅིང་། ད་ལྟ་ཕན་གྱི་ཉེས་པ་དོར་བའི་ལག་རྩིས་རྣམ་པར་དག་པ་འོག་ཏུ་འཆད་པ་ལས་ཤེས་པར་བྱའོ། །དེ་ལྟར་ན་མཁས་པ་ཁ་ཅིག །བུག་མེས་ཐོབ་པའི་ནོར་ལ་གཉིས་བསྲེས་པ་དེས་སྦྱོང་བ་ནི་རེ་བདུན་ཆ་ཞེ་བཞི་ལྷག་པའི་ཉེས་པ་སྦྱོང་བྱེད་ཡིན་པས་ལྷག་ཆ་དེ་བུ་ལོན་ཡིན་ནོ། །ཞེས་ཟེར་བ་ནི་མི་རིགས་པ་ཉིད་དུ་སྔར་བཤད་པ་རྣམས་ཀྱིས་ཤེས་པར་འགྱུར་རོ། །བཞི་པ་བྱེད་པ་ལ་ལྟོས་ཏེ་དྷྲཱུ་ཝ་འཕོ་བའི་ངེས་པ་བརྗོད་པར་བྱ་སྟེ། ཟླ་བ་སྔ་མའི་གཟའི་དྷྲཱུ་ཝར་གཟའི་གནས་སུ་གཅིག་དང་། ཆུ་ཚོད་དུ་སོ་གཉིས་སྦྱིན་ཞིང་། རིལ་པོར་མིག་སྟེ་གཉིས་དང་། ཆ་ཤས་སུ་ཟླ་བ་སྟེ་གཅིག་སྦྱིན། ཉི་མའི་དྷྲཱུ་ཝ་ཀ་ལ་སྐར་མར་ཟུང་སྟེ་གཉིས་དང་། ཆུ་ཚོད་དུ་བསེ་རུ་ཟླ་བ་སྟེ་བཅུ་གཅིག་སྦྱིན་པར་བྱས་པས་ཟླ་བ་ཕྱི་མ་ཕྱི་མའི་དྷྲཱུ་བ་འབྱུང་བ་ནི་ཟླ་བ་རེའི་དྷྲཱུ་ཝ་ཀ་རགས་པ་ལས་ཀྱང་རགས་པར་འཕོ་བའི་ཚུལ་ཙམ་ཞིག་བྱིས་པའི་དོན་དུ་གསལ་བར་འགྱུར་གྱི། གནས་འོག་མའི་དྲུག་དང་སོ་དགུའི་སྐྱོན་འདོན་སོགས་མ་བྱས་པས་བྱེད་པའི་ངེས་པ་ལ་ལྟོས་ནས་ཀྱང་གསལ་བར་འགྱུར་ཞེས་པའི་ཐ་ཚིག་ནི་མ་ཡིན་ནོ། །དེ་སྐད་དུའང་འགྲེལ་ཆེན་ལས། མ་དག་པ་ལས་ཀྱང་མ་དག་པའི་ཟླ་བའི་ངེས་པ་བྱིས་པ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱ་བའི་དོན་དུ་བཀོད་པ། ཞེས་གསུངས་སོ། །འོན་ཀྱང་ཚུལ་འདི་ལ་བརྟེན་ནས་དག་པའི་ཟླ་བའི་ངེས་འཕོ་རྣམས་ཀྱང་ཤེས་པར་བྱ་སྟེ་འོག་ཏུ་འཆད་དོ། །

བཞི་པ་ཞག་གི་ངེས་པ་བཤད་པ་ལ་ལྔ་སྟེ། གཟའ་ཚེས་ཕྱེད་དག །གཟའ་ཉི་རྣམ་དགཟླ་སྐར། སྦྱོར་བ། བྱེད་པའོ། །དང་པོ་ནི། དྷྲཱུ་ཝའི་གཟའི་གནས་སུ་གང་རྩི་བར་བྱེད་པའི་ཚེས་གྲངས་སྦྱིན་པས་ནི་ཞག་གཅིག་གི་ཆུ་ཚོད་དྲུག་ཅུ་སྦྱིན་པར་འགྱུར་བ་ཡིན་ལ། དེ་ལྟར་ན་ཚེས་ཀྱི་རྟག་ལོངས་ལ་ཆུ་ཚོད་ང་དགུ་རྗེས་འབྲང་ལས་མེད་པས་མ་དག་གོ་སྙམ་ན་སྐྱོན་མེད་དེ། འོག་གི་ཆུ་ཚོད་ཀྱི་གནས་ནས་ཚེས་གྲངས་གང་ཡིན་པ་དེས་སྦྱངས་པས་དོན་ལ་ཆུ་ཚོད་ང་དགུ་སྦྱིན་པར་འགྱུར་བ་ཡིན་ནོ། །འོ་ན་ད་དུང་ཆུ་ཚོད་ང་དགུའི་རྗེས་འབྲང་སྲང་གསུམ་དང་དབུགས་བཞི་ཆད་དོ་སྙམ་ན། གཟའ་ལ་ཚེས་སྦྱིན་རྗེས་སྲང་ནས་དྲུག་དང་། དབུགས་ནས་གཉིས་གང་རྩིའི་ཚེས་གྲངས་ཀྱིས་བསྒྱུར་བས་ཕྲི་ན་ཆུ་ཚོད་ང་དགུ། སྲང་གསུམ། དབུགས་བཞི་རྣམས་བྱིན་པར་འགྱུར་མོད་ཀྱང་། དེ་ལྟར་མི་མཛད་པ་ནི་ཟླ་བའི་ངེས་པའི་སྐབས་སུ་ལྷག་པོ་ཅུང་ཟད་ཡོད་པས་དེའི་གཉེན་པོར་དགོངས་པའོ། །རྐང་པའི་ཆེད་དུ་སླར་ཡང་རིལ་པོའི་གནས་སུ་གང་རྩིའི་ཚེས་གྲངས་བསྲེས་པས་ནི་ཚེས་རེ་ལ་རྐང་པ་རིལ་པོ་རེ་རེ་སྤྱོད་པ་དེ་རྟོགས་པའི་དོན་ཡིན་ལ། དེ་ལ་བཅུ་བཞིས་བགོད་པ་ནི་འཁོར་ལོར་ལོངས་པ་རྣམས་འདོར་བ་སྟེ། ཟླ་རྐང་གི་རིམ་རིམ་མིན་གང་རུང་རེ་ལ་རྐང་གནས་བཅུ་བཞི་རེ་ཡོད་པས་སོ། །བཅུ་བཞིས་ཕྱེ་བའི་ཐོབ་ནོར་ནི་སྣོན་འབྲིད་ཀྱི་མཚན་མར་ཟུར་དུ་བཞག་གོ། དེ་ཡང་བརྙེད་པ་གཅིག་དང་གསུམ་ནི་མི་མཉམ་པ་སྟེ་དེའི་ཚེ་རིམ་མིན་གྱི་རྐང་པ་ལ་ཡོད་པས་འབྲིད་པར་བྱ་ཞིང་། བརྙེད་པ་གཉིས་དང་བཞི་དང་ཐིག་ལེ་རྣམས་ནི་མཉམ་པ་སྟེ་རིམ་པའི་རྐང་པ་ལ་ཡོད་པས་སྣོན་པ་ཡིན་ནོ། །བརྙེད་པ་བཞི་ལས་མང་བ་ཐོབ་པ་ནི་མི་སྲིད་དེ། རིལ་པོའི་མང་མཐའ་ཉེར་བདུན་དང་ཚེས་ཀྱི་མང་མཐའ་སུམ་ཅུ་ལས་མེད་ན། དེ་གཉིས་བསྲེས་པས་ལྔ་བཅུ་ང་བདུན་དུ་འགྱུར་བ་ལ་བཅུ་བཞིས་ཐོབ་པ་བཞི་ལས་མེད་པའི་ཕྱིར་རོ། །བཅུ་བཞིས་བགོས་པའི་ལྷག་མར་ཇི་ཙམ་བྱུང་བ་དེས་ཟླ་བའི་རྐང་པ་བཟུང་བར་བྱའོ། །གཟུང་བྱའི་རྐང་པ་ནི། མངའ་དབང་འབྱུང་བ་སྟེ་ཆུ་ཚོད་ལྔ་པ་གསུམ་དང་། མཚོ་སྟེ་བཞི་དང་། མེ་སྟེ་གསུམ་དང་། མིག་སྟེ་གཉིས་དང་། གཟུགས་ཏེ་གཅིག་རྣམས་བརྩེགས་མར་བྲིས་པ་དེ་ནི་ཟླ་བའི་སྔ་རྐང་སྟེ། ཕྱི་རྐང་ལ་ནི་དེ་ལས་གོ་རིམ་ལྡོག་པས་ན་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་ཚན་པ་གསུམ་རྣམས་བརྩེགས་མར་བྲི་ཞིང་། རྐང་སྔ་ཕྱིའི་མཚམས་སུ་ཕྲེད་ལ་རི་མོ་བྱས་པ་ནི་རིམ་པ་ལ་ནོར་དང་རིམ་མིན་ལ་བུ་ལོན་འཕེལ་འགྲིབ་ཀྱི་མཚམས་སོ། །དེ་ཡང་རྐང་གནས་གཉིས་བཅུ་བཞིར་བྱེད་པ་ནི། ལ་ལ་དག་བཅུ་བཞི་པོ་འདི་དག་ལ་ལུགས་འབྱུང་ལྡོག་ཏུ་སྤྱད་ཟིན་པ་ན་རྒྱུ་སྐར་ཉེར་བདུན་པོ་རྫོགས་པར་ཁོར་བའི་ཕྱིར་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ལ་ཞིབ་པར་ན་སྐར་མ་ཕྱེད་བཅས་བཅུ་གསུམ་ཡིན་ཀྱང་རགས་རྩིས་ཙམ་དུ་རྐང་གནས་བཅུ་བཞིར་མཛད་དོ། །དེ་ཡང་རྒྱུ་སྐར་ཉེར་བདུན་གྱི་བཞི་ཆ་ལ་རྐང་པར་བརྗོད་པས་རྐང་མཚམས་ཀྱིས་རི་མོ་ཕྲེད་ལ་བྲིས་པ་འདིའི་སྟེང་འོག་གང་རུང་རེ་ནི་རྒྱུ་སྐར་གྱི་འཁོར་ལོའི་རྐང་པ་གཅིག་ཏུ་ཤེས་པར་བྱའོ། །ཞེས་གསུངས་མོད་ཀྱང་། གཟའ་ལྔའི་མྱུར་རྐང་ལྟར་རྒྱུ་དཀར་ཉེར་བདུན་དང་རྐང་རིལ་རེ་སྦྱར་ཏེ་རྐང་པ་ཕྱེད་འཛིན་བྱེད་དགོས་པའི་ངེས་པ་མི་སྣང་བས་དཔྱད་བྱར་མཐོང་ཞིང་། འདིར་རེས་གཟའ་བདུན་གྱི་བཞི་ཆ་ལ་རྐང་པའི་འཁོར་ལོ་ཀླུ་ལག་ཡིན་ལ། དེ་རྐང་གནས་བཅུ་བཞི་པོ་ལུགས་འབྱུང་ལྡོག་ཏུ་སྤྱོད་པས་རིམ་རིམ་མིན་གྱི་ནོར་བུ་ལོན་ཁ་འགྲིག་པ་རེ་འབྱུང་བའི་ཕྱིར་ཞེས་བཤད་ན་བདེ་བ་ཡིན་ནོ། །ཟླ་རྐང་གི་རི་མོ་ལ་མདའ་དབང་འབྱུང་མཚོ་སོགས་ལུགས་འབྱུང་ལུགས་ལྡོག་ཏུ་འབྲི་བ་ནི་ཕྱི་ནང་སྦྱར་བ་ལས་ཤེས་པར་བྱ་སྟེ། ནང་དུ་རླུང་སེམས་འདུས་པའི་ཚུལ་སྣ་ཚོགས་པའི་དབང་ལས་ཕྱི་རོལ་གྱི་སྣང་བ་སྣ་ཚོགས་པ་སྣང་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་དོ། །དེའི་ཕྱིར་ཕྱི་རོལ་ཏུ་ཟླ་བ་ཡུལ་ལ་བགྲོད་པ་ན་འབྱུང་ལྔ་སོ་སོའི་ཡོན་ཏན་གྱི་གྲངས་ཀྱི་ཆུ་ཚོད་ཀྱིས་སྤྱོད་ལ། ནང་དུ་ནི། རྒྱུད་ཀྱི་ནང་ལེར། སྨིན་མའི་དབུས་སུ་ཉིན་ཞག་རྐང་པ་མ་ནུ། ཞེས་གསུངས་པ་ལྟར། སྤྱི་བོའི་རྩ་འདབ་སོ་གཉིས་ཀྱི་ཕྱི་སྐོར་གྱི་འདབ་མ་བཅུ་དྲུག་ཏུ་དམར་ཆ་གཙོ་བོར་རྒྱུ་བས་ཟླ་རྐང་དང་མི་སྦྱོར། ནང་སྐོར་གྱི་འདབ་མ་བཅུ་དྲུག་ཏུ་ཟླ་རྐང་གི་འཕེལ་འགྲིབ་དང་མཚུངས་པའི་རླུང་ཐིག་འབྱུང་ལྔའི་རང་བཞིན་ཅན་རྒྱུ་སྟེ། དཔྲལ་བའི་དབུས་དང་ལྟག་ཁུང་གི་རྩ་རེ་རེ་ནི་འབྱུང་བའི་ཡོན་ཏན་དང་མི་ལྡན་པའི་སྟོང་པའི་རྩ་སྟེ་ཟླ་རྐང་གི་རིམ་རིམ་མིན་གྱི་མཚམས་སྟོང་པས་སྟོང་པ་དག་པའི་དུས་དང་སྔ་རྐང་ཕྱི་རྐང་གི་མཚམས་ཀྱི་རེ་ཁཱ་དེའོ། །དཔྲལ་བའི་རྩ་དེ་ནས་གཡས་སྐོར་དུ་བགྲངས་པའི་རྩ་འདབ་བདུན་ལ་འབྱུང་བ་ལྔ་འཕེལ་བའི་ཚུལ་དུ་རླུང་སེམས་རྒྱུ་བས་དེས་མཚོན་པ་རིམ་པའི་སྔ་རྐང་རྣམས་དང་། ལྟག་རྩ་ནས་བགྲངས་པའི་རྩ་འདབ་བདུན་པ་ལ་འབྱུང་ལྔ་ཟད་པའི་ཚུལ་དུ་རླུང་སེམས་རྒྱུ་བས་དེས་མཚོན་པ་རིམ་པའི་ཕྱི་རྐང་གི་རི་མོ་རྣམས་སོ། །དེ་ཡང་ས་ལ་གཟུགས་སྒྲ་དྲི་རོ་རེག་བྱའི་ཡོན་ཏན་ལྔ་ལྡན་ཞིང་དེ་ཡང་རྡུལ་མུན་སྙིང་སྟོབས་གསུམ་གྱིས་ཕྱེ་བས་ཟླ་རྐང་གི་རི་མོ་ལ་ཆུ་ཚོད་ལྔ་པ་གསུམ་དང་། དེ་བཞིན་དུ་ཆུ་ལ་གཟུགས་སྒྲ་རོ་རེག་གི་ཡོན་ཏན་བཞི་དང་། མེ་ལ་གཟུགས་སྒྲ་རེག་གསུམ་དང་། རླུང་ལ་སྒྲ་རེག་གཉིས་དང་། ནམ་མཁའ་ལ་སྒྲའི་ཡོན་ཏན་གཅིག་པུ་ལས་མེད་པས་དེ་ལྟར་བྲིས་པ་ནི་སྔ་རྐང་བདུན་ནོ། །དེ་བཞིན་དུ་ཕྱི་རྐང་བདུན་ལ་ནམ་མཁའ་རླུང་མེ་ཆུ་སའི་རིམ་པའོ། །དེས་ན་སྔ་རྐང་ཕྱི་རྐང་དུ་ནོར་འཕེལ་འགྲིབ་མཚོན་བྱེད་འབྱུང་བ་འཕེལ་ཟད་ཀྱི་ངང་ཚུལ་ཅན་གྱི་རྩ་འདབ་བདུན་བདུན་ཏེ་བཅུ་བཞིའོ། །རྐང་པ་འཛིན་ཚུལ་ནི། ལྷག་མ་རྐང་འཛིན་དུ་སྟོང་པ་སྟེ་ཐིག་ལེ་ཤར་བ་ན་རྐང་པ་མ་ཟོས་པ་ཡིན་པས། རྐང་སྡོམས་ལའང་སྟོང་པ་རྣམ་པར་དག་པ་སྟེ་ཐིག་ལེ་བྲིའོ། །དེ་བཞིན་དུ་ལྷག་མར་བཅུ་གསུམ་ལུས་ན་མ་ཟོས་པ་ལྔ་དང་། ཟླ་བ་སྟེ་གཅིག་ལུས་ན་ཟོས་པའི་རྐང་པ་ལྔ་བྲིའོ། །དེ་བཞིན་དུ་མིག་དང་ཉི་མ་དག་ལ་ཕྱོགས། །ཞེས་སོགས་ལའང་རིམ་པར་འགྲེ་བས། ལྷག་མར་བདུན་ལུས་ན་ཕྱི་རྐང་རྣམས་བསྡོམས་ཏེ་ཉི་ཤུ་རྩ་ལྔ་བྲི་བའི་བར་ཤེས་པར་བྱས་ནས། འབྲི་ལུགས་ཀྱང་རྐང་འཛིན་ཕྱིས་ལ་རྐང་སྡོམས་བྲི་བར་བྱའོ། །དེ་ཡང་རྐང་མཚམས་མ་འདས་ཀྱི་བར་སྔ་རྐང་ཡིན་པས་ཟོས་ཟིན་དང་། འདས་ནས་ཕྱི་རྐང་ཡིན་པས་ཟ་རྒྱུ་བསྡོམས་ནས་བྲི་བར་བྱ་སྟེ། རྐང་སྡོམས་བྲིས་པ་དེ་ནི་རྐང་པའི་ཆུ་ཚོད་ཡིན་ནོ། །ཆོ་ག་དེས་ནི་ཞག་རེ་ལ་ཟླ་རྐང་རིལ་པོ་རེ་སྤྱོད་པ་དེ་ཤེས་པར་བྱས་ནས། དེའི་སྟེང་དུ་སུམ་སྟོང་དུ་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་རེ་རེ་ཡང་སྤྱོད་པས་དེ་ཤེས་པའི་ཕྱིར་ཆ་ཤས་རྣམས་སོ་སོར་རྩི་བ་ནི། ཞིབ་པར་ནི་དྷྲཱུ་ཝའི་ཆ་ཤས་ན་གང་འདུག་སུམ་ཅུས་བསྒྱུར་ལ་གང་རྩིའི་ཚེས་བསྲེས་ལ་རྐང་བཟུང་སྔོན་མས་བསྒྱུར། སུམ་སྟོང་བདུན་བརྒྱ་བརྒྱད་ཅུས་བགོ་བ་སོགས་བྱ་བར་རིགས་ཀྱང་། རི་མོ་ཉུང་བར་བྱ་བའི་ཕྱིར་ཆ་ཤས་དེ་བསགས་པ་ཟླ་བ་བརྒྱ་དང་ཉེར་དྲུག་ན་རིལ་པོ་གཅིག་ཏུ་ལོངས་ཏེ་ཆ་ཤས་སྟོངས་ནས་རིལ་པོའི་གནས་སུ་གཅིག་འཕར་བ་ལྟར་སྣང་བའི་ཕྱིར་རགས་རྩིས་སུ་དུས་ཉིའི་ཆོ་ག་མཛད་དོ། །དེས་ན་རྐང་པ་རིལ་པོ་བཟུང་ཚར་བའི་སྔོན་མ་སྟེ་འཛིན་རྒྱུ་གང་ཉེ་བ་དེ་ལ་ཇི་ཙམ་འདུག་པའི་གྲངས་དེས་ཆ་ཤས་ཀྱི་གནས་སུ་གང་འདུག་བསྒྱུར་བའམ། གལ་ཏེ་རྐང་པ་མ་ཟིན་ན་རྐང་པ་དང་པོས་བསྒྱུར་ནས། དུས་ཉི་མས་བརྙེད་པའི་ནོར་ནི་ཡང་དག་རྒྱུ་བའི་ཆུ་ཚོད་ཡིན་པས་སྔར་གྱི་རྐང་སྡོམས་དེའི་འོག་ཏུ་བྲི་བར་བྱ་སྟེ། རྐང་པ་དེའི་ཐོག་ནས་ཆ་ཆེ་ཆུང་ཇི་ཙམ་སྤྱད་ཤེས་པར་བྱེད་པ་ཡིན་པས་སོ། །ལྷག་མར་གང་བྱུང་དེ་མཁའ་རོས་བསྒྱུར་བ་ལ་དུས་ཉིས་ཐོབ་པའི་ནོར་ནི་རྒྱུ་བཞིན་པའི་ཆུ་སྲང་ཡིན་པས་དེ་ཡང་འོག་ཏུ་བྲིའོ། །དེའི་འོག་ཏུ་ཞིབ་པར་ན་དབུགས་དང་ཆའི་གནས་བྱ་བར་རིགས་ཀྱང་བྱེད་པ་ལ་ལྟོས་ནས་མ་མཛད་དོ། །དེ་ནས་རྐང་པའི་ཆུ་ཚོད་དང་རྒྱུ་བའི་ཆུ་ཚོད་སོགས་ཀྱི་བསྲེ་སྦྱང་ཇི་ལྟར་བྱ་བ་ནི། རྐང་པའི་མཚམས་མ་འདས་པ་ལ་ཟིན་ན་ཡང་དག་རྒྱུ་བའི་ཆུ་ཚོད་དང་རྐང་པའི་ཆུ་ཚོད་གཉིས་པོ་བསྲེ་བར་བྱ་སྟེ་སྔ་རྐང་དུ་ནོར་འཕེལ་བའི་ཕྱིར། རྐང་མཚམས་སུ་སླེབས་པ་མན་ནས་ཟིན་ན་འདས་པ་སྟེ། དེའི་ཚེ་ཕྱི་རྐང་དུ་བུ་ལོན་འཕེལ་བའི་སྐབས་ཡིན་པས་ཆུ་ཚོད་འོག་མ་ཡང་དག་རྒྱུ་བས་གོང་མ་རྐང་སྡོམས་ཀྱི་ཆུ་ཚོད་དག་ལ་སྦྱང་ཞིང་། དེ་ལས་ཀྱང་གཅིག་ཕབ་པ་དྲུག་ཅུས་བསྒྱུར་བ་ལ་ཆུ་སྲང་དག་གིས་སྦྱངས་པ་སྟེ། དེ་ལྟར་རྐང་སྔ་ཕྱིའི་ཁྱད་ཀྱིས་རྒྱུན་གྱི་སྟེང་དུ་བསྲེ་སྦྱངས་བྱས་པ་དེ་ནི་ཟླ་རྐང་གི་ལོངས་སྤྱོད་དོ། །དེའི་ལས་གང་ཞེ་ན། རྐང་པའི་ལོངས་སྤྱོད་དེ་དག་གཟའ་ཡི་ལོངས་སྤྱོད་མན་ཆད་དུ་བྱིན་དོར་བྱའོ། །ཇི་ལྟར་བྱ་ན་སྔར་བཅུ་བཞིས་ཐོབ་ནོར་ཟུར་དུ་བཞག་པ་དེ་ལ་གཉིས་བཞི་ཐིག་ལེ་སྟེ་མཉམ་པ་ཤར་ན་སྦྱིན་པར་བྱ་སྟེ། རྐང་ལོངས་ཚེས་ལོངས་ལ་ནོར་དུ་འགྱུར་བས་ཞག་དེ་ལ་རྟག་ལོངས་ལས་རྐང་ལོངས་ལྷག་པར་སྤྱོད་པའི་ཕྱིར། དཔེར་ན་རིམ་རྐང་དང་པོ་ལ་སྤྱོད་པའི་ཚེ་ཞག་ལས་རྐང་ལོངས་ཆུ་ཚོད་ལྔས་ལྷག་པར་སྤྱོད་པ་བཞིན་ནོ། །གལ་ཏེ་ཐོབ་ནོར་གཅིག་དང་གསུམ་སྟེ་མི་མཉམ་པར་ཤར་ན་དབྲི་བར་བྱ་སྟེ། རིམ་མིན་ལ་རྐང་ལོངས་ཚེས་ལོངས་ལ་བུ་ལོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ཚེས་ཀྱི་རྟག་ལོངས་དང་ཟླ་རྐང་གི་ལོངས་སྤྱོད་ཙམ་གྱིས་དག་ལ། ད་དུང་ཉི་མའི་རྐང་ལོངས་རྣམས་སྦྱིན་དོར་བྱ་དགོས་པའི་ཕྱིར་རེས་གཟའ་ཕྱེད་དག་ཅེས་སུ་གྲགས་ཤིང་གྲུབ་བོ། །གཉིས་པ་གཟའ་ཉི་རྣམ་དག་ཏུ་བསྒྲུབ་པར་བྱ་སྟེ། གཟའ་ཕྱེད་དག་བཤད་པའི་རྗེས་དེ་ནས། ད་ཉི་སྐར་གྱི་དོན་དུ་ཐོག་མར་རྟག་ལོངས་སྟེར་བ་ནི། གང་རྩིའི་ཚེས་གྲངས་གནས་གཉིས་སུ་བྱས་པའི་སྟེང་མ་ཆུ་བོ་སྟེ་བཞིས་བསྒྱུར་བ་ནི་ཚེས་ཞག་རེ་ཞིང་ཆུ་ཚོད་བཞི་རེ་སྤྱོད་པ་དེའི་ལོངས་སྤྱོད་དོ། །གནས་འོག་མར་མེ་སྟེ་གསུམ་གྱིས་བགོས་པའི་ཐོབ་ནོར་སྟེང་མ་ཆུ་ཚོད་དུ་གཞུག་པ་ནི་ཆུ་སྲང་ཉི་ཤུ་པ་ཚན་པ་གསུམ་ལ་ཆུ་ཚོད་གཅིག་ཏུ་ལོངས་པའི་ཕྱིར་རོ། །སྟེང་མ་ཆུ་ཚོད་ཀྱི་ཕུང་པོར་དྲུག་ཅུས་ཕྱེ་བས་བརྙེད་པའི་ནོར་ནི་སྐར་གནས་ཏེ། དེ་ཉི་མའི་དྷྲཱུ་ཝའི་སྐར་མའི་གནས་སུ་སྦྱིན་ཞིང་། ལྷག་མ་ཆུ་ཚོད་ཀྱི་གནས་སུ་བསྲེས་པས། རྒྱུན་བསྡོམས་པ་ན་ཞག་རེ་ཞིང་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་རེ་བྱས་པར་སོང་བས། རགས་པར་ན་ཞག་གཉིས་ལ་ཆུ་སྲང་བཞི་བཅུ་རེ་སྟེ་ཆུ་ཚོད་མི་ལོངས་པའི་ཕྱིར་ཉེས་པ་ཆེར་མི་བསྐྱེད་པས་གསུམ་གྱི་ལྷག་མེད་པར་བྱས་ནས་ཆུ་སྲང་གི་གནས་མ་བྱས་ཀྱང་རུང་མོད་ཀྱི། བྱེད་པར་འདོད་ན། མེ་ཡིས་བགོས་པའི་ལྷག་མ་གང་བྱུང་ཉི་ཤུས་བསྒྱུར་བ་དྷྲཱུ་ཝའི་ཆུ་སྲང་གི་གནས་སུ་སྦྱིན་པར་བྱའོ། །འདིར་ཚེས་རེའི་ངེས་པ་ལ། ཆུ་ཚོད་བཞི་དང་། ཆུ་སྲང་ཉི་ཤུར་མཛད་པ་དེ་ལ་ཞག་རེ་ཞིང་དབུགས་བཅུ་གཅིག་ལྷག་ཙམ་རེ་ཆད་པས་མ་དག་གོ་ཞེ་ན། བདེན་ཏེ། འདིར་ཚེས་གྲངས་གནས་གཉིས་ཀྱི་སྟེང་མ་བཞི་དང་། འོག་མ་ཉེར་གཉིས་ཀྱིས་བསྒྱུར་བ་ལས་གཅིག་ཕབ་སྟེ། དབུགས་ཀྱི་འདོད་ཆ་བཞི་ལྷག་ཙམ་ཡོད་ཀྱང་བཞི་ཉིད་ཡིན་པའི་དབང་དུ་བྱས་ཏེ་བཞི་པོ་གང་རྩིའི་ཚེས་ཀྱིས་བསྒྱུར་བ་དེས་སྦྱངས་པས། ཆུ་ཚོད་བཞི། སྲང་ཉེར་གཅིག །དབུགས་ལྔ། འདོད་ཆ་དགུ་སྟེ་ཅུང་ཟད་དག་མོད་ཀྱང་། དེ་ལྟར་མི་མཛད་པ་ནི་རགས་པ་བྱེད་པ་བརྗོད་པ་དང་། དྷྲཱུ་ཝའི་སྐབས་སུ་མང་པའི་གཉེན་པོར་འགྲོ་བ་ལ་དགོངས་སོ། །དེ་ལྟར་དྷྲཱུ་ཝ་ལ་རྟག་ལོངས་བྱིན་པ་དེས་ཉི་མ་ཕྱེད་ཙམ་ནི་དག་ལ་རྣམ་པར་དག་པ་མ་ཡིན་པས་ཉི་མ་ཕྱེད་དག་གམ་ཉི་མ་བར་པ་ཞེས་བྱ་སྟེ། རྣམ་པར་དག་པ་ལ་ད་དུང་དལ་བའི་ལས་ཀྱིས་ཉི་དག་སྒྲུབ་དགོས་པའི་ཕྱིར་རོ། །ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཉི་མ་ཕྱེད་དག་པ་དེ་ཉིད་གནས་གཉིས་སུ་འཇོག་པ་ནི། གཅིག་ནི་ལོངས་སྤྱོད་འཚོལ་བའི་གཞི་དང་། ཅིག་ཤོས་ནི་བྱིན་དོར་བྱ་བའི་གཞིའི་དོན་དུའོ། །དེ་ལྟར་བཀོད་པའི་ཕྱོགས་གཅིག་ལ་སྐར་མའི་གནས་ནས་དྲུག་དང་། ཆུ་ཚོད་ཀྱི་གནས་ནས་བཞི་བཅུ་ཞེ་ལྔ་སྦྱོང་བ་ནི་སྐྱེས་ཁྱིམ་དག་པར་བྱེད་པ་སྟེ། ལུག་གླང་འཁྲིག་གསུམ་གྱི་རྒྱུ་སྐར་ཐ་སྐར་ནས་ལག་གི་བར་དྲུག་དང་། ནབས་སོའི་བཞི་གསུམ་སྟེ་ཆུ་ཚོད་ཞེ་ལྔ་འདས་ནས། ཀརྐ་ཊའི་ཐོག་མ་ནབས་སོའི་བཞི་ཆ་དང་པོར་སྐྱེས་པ་ཡིན་ཞིང་། རྐང་པའི་ལོངས་སྤྱོད་ཀྱང་རང་ཉིད་སྐྱེས་པ་ནས་ཐོག་མ་རྩོམ་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། རང་མ་སྐྱེས་གོང་གི་ཁྱིམ་གསུམ་གྱི་རྒྱུ་སྐར་དྲུག་དང་གཅིག་གི་བཞི་གསུམ་མན་ཆད་སྦྱངས་པ་ཡིན་ནོ། །གལ་ཏེ་སྐྱེས་ཁྱིམ་སྦྱང་དུ་མ་ལྡང་ན་ནི་རྒྱུ་སྐར་གྱི་འཁོར་ལོ་བསྣན་ལ་སྦྱང་དགོས་ཏེ། འཁོར་ལོ་ནི་བགྲོད་པར་བྱ་བའི་ཡུལ་ཡིན་པས་རང་གི་དང་པོར་གང་བྱིན་པའི་སྟེང་ནས་སྦྱོང་དགོས་པའི་ཕྱིར་རོ། །སྐྱེས་ཁྱིམ་སྦྱངས་པའི་རྗེས་སུ་རྒྱུ་སྐར་གྱི་འཁོར་ལོའི་ཕྱེད་སྐར་མ་བཅུ་གསུམ་དང་། ཆུ་ཚོད་སུམ་ཅུ་ལྷག་ན་དོར་བས་ཆོག་སྟེ། དེའི་མཚམས་སུ་སྔ་རྐང་ཕྱི་རྐང་གི་ནོར་བུ་ལོན་རྣམ་པར་དག་པས་རྟག་པའི་ལོངས་སྤྱོད་ལས་བྲི་གང་མེད་པར་གནས་པས་དེ་ཡན་གྱི་རྐང་པ་རྩི་མི་དགོས་པའི་ཕྱིར་རོ། །དེ་ཡང་འཁོར་ལོ་མ་བསྣན་པར་འཁོར་ཕྱེད་དོར་ན་ཉི་མ་རིམ་མིན་གྱི་སྔ་རྐང་ཆུ་བུམ་ཉ་གསུམ་གང་རུང་ལ་གནས་ལ། བསྣན་ནས་དོར་ན་རིམ་མིན་གྱི་ཕྱི་རྐང་ལུག་གླང་འཁྲིག་གསུམ་གང་རུང་ལ་གནས། འཁོར་ཕྱེད་མ་དོར་ན་རྐང་པ་རིམ་པར་སྤྱོད་པས་ཀར་སེང་བུ་མོ་སྲང་སྡིག་གཞུ་དྲུག་པོ་གང་རུང་ལ་གནས་པ་སྟེ། དེ་ལྟར་སྐྱེད་ཁྱིམ་སྦྱངས་ཤིང་འཁོར་ཕྱེད་ལྷག་ན་དོར་བའི་ལྷག་མ་གང་ཡིན་པ་དེ་ནི་སྐབས་འདིའི་རྐང་འཛིན་དག་པ་ཡིན་ནོ། །དེ་ནས་རྐང་འཛིན་དག་པ་ལ་གང་ཤར་བའི་སྐར་གནས་ལྷག་མ་མཁའ་རོ་སྟེ་དྲུག་ཅུས་བསྒྱུར་ནས་ཆུ་ཚོད་དུ་གསིལ་བ་ལ། འོག་གི་ཆུ་ཚོད་ཀྱི་གནས་ན་གང་འདུག་པ་བསྲེས་པ་དེས་ནི་བགོ་བྱའི་ཡུལ་ཇི་སྙེད་པ་རྣམས་ཆུ་ཚོད་ཀྱི་ཕུང་པོར་བྱས་སོ། །དེ་ལ་མདའ་ཡོན་ཟླ་བ་སྟེ་བརྒྱ་སོ་ལྔས་བགོ་བ་ནི། ཁྱིམ་རེའི་ཆུ་ཚོད་ཀྱི་གྲངས་ལ་བརྒྱ་སོ་ལྔ་རེ་ཡོད་པས། རྐང་འཛིན་ཆུ་ཚོད་བརྒྱ་སོ་ལྔར་ནམ་ལོངས་པ་ན་ཉི་མས་དལ་རྐང་རེ་འཕོ་བའི་ཕྱིར་དེས་བགོད་པའོ། །དེ་ལྟར་བརྒྱ་སོ་ལྔས་བགོས་པའི་ཐོབ་ནོར་ནི་རྐང་མཚམས་ནས་བགྲངས་པའི་ཁྱིམ་ཇི་ཙམ་འདས་པའི་གྲངས་ཡིན་པས་དེས་ཉི་རྐང་བཟུང་བར་བྱའོ། །གཟུང་བྱའི་རྐང་པ་ནི། དུས་ཏེ་དྲུག་དང་། མཚོ་སྟེ་བཞི་དང་། ཟླ་བ་སྟེ་གཅིག་རྣམས་བརྩེགས་པའི་གནས་གསུམ་ནི་རིམ་པའི་སྔ་རྐང་སྟེ། རྐང་མཚམས་སུ་ཕྲེད་ལ་རེ་ཁཱ་བྲིས་པའི་འོག་ཏུ་ཕྱི་རྐང་ལ་ནི་སྔ་རྐང་དེ་ལས་གོ་རིམ་ལྡོག་སྟེ་གཅིག་བཞི་དྲུག་རྣམས་བརྩེགས་མར་བྲིའོ། །དེ་ལྟར་སྔ་རྐང་ཕྱི་རྐང་ལ་གནས་གསུམ་གསུམ་འབྱུང་བ་ནི་ཉི་མའི་རྐང་པ་ལ་རྡུལ་མུན་སྙིང་སྟོབས་གསུམ་གྱི་ཡོན་ཏན་དང་ལྡན་པའི་དབྱེ་བས་སོ། །རྐང་པའི་རི་མོ་དུས་མཚོ་སོགས་བྲིས་པའི་དོན་ནི། ཉི་མའི་དལ་རྐང་གི་ལོངས་སྤྱོད་འཕེལ་འགྲིབ་ཀྱི་ཚུལ་རྟོགས་པའི་དོན་དུ་སྟེ། རྐང་པའི་རི་མོ་དང་མཐུན་པའི་ཆུ་ཚོད་ཀྱི་གྲངས་ཀྱིས་དལ་བར་ལས་རིམ་རིམ་མིན་ལ་སྔ་རྐང་ཕྱི་རྐང་དུ་ནོར་བུ་ལོན་འཕེལ་བས་གཅིག་གུན་གཅིག་གིས་བསབས་ཏེ་སྤྱད་པས་སྔ་རྐང་ལན་གཉིས་ཕྱི་རྐང་ལན་གཉིས་ཏེ་བཞིར་སྤྱད་པས་ན་རྒྱུ་སྐར་འཁོར་བའི་ཕྱིར་རོ། །འདི་དག་གི་རྒྱུ་མཚན་རྒྱས་པར་ལེའུ་ཉི་ཤུ་རྩ་གཅིག་པར་རིའུ་མིག་སྤེལ་བའི་སྤྱི་ནུར་གྱི་ཆོ་ག་ལ་བརྟགས་པས་མཚང་ཤེས་པར་འགྱུར་རོ། །དེ་ལྟར་ནོར་གྱིས་རྐང་པ་འཛིན་ཚུལ་ནི་མ་ཐོབ་ན་རྐང་པ་འདས་པ་མེད་པའི་ཕྱིར་སྟོང་པའི་མཚན་མ་ཐིག་ལེ་ཐོབ་པ་ལ་རྐང་པའི་ནོར་བུ་ལོན་སྟོང་པ་སྟེ་རྣམ་པར་དག་པ་ཡིན་པས་རྐང་སྡོམས་སུ་ཐིག་ལེ་བྲིའོ། །དེ་བཞིན་དུ་གཟུགས་ཏེ་གཅིག་ཐོབ་ན་སྤྱད་ཟིན་པའི་རྐང་པ་དྲུག་པ་དང་། མདའ་སྟེ་ལྔ་ལ་མ་སྤྱད་པའི་དྲུག་པ་བྲི་བར་བྱ་བ་ཡིན་པ་བཞིན་དུ་གཉིས་དང་ཆུ་བོ་དག་ཐོབ་པ་ལ་སྤྱད་ཟིན་མ་ཟིན་བསྡོམས་པའི་ཕྱོགས་ཏེ་བཅུ་དང་། མེ་སྟེ་གསུམ་ཐོབ་པ་ལ་སྤྱད་མ་ཟིན་པ་རྣམས་བསྡོམས་པའི་དྲག་པོ་སྟེ་བཅུ་གཅིག་བསྡོམ་པར་བྱ་སྟེ། རྒྱུ་མཚན་སྔ་རྐང་ལ་ནི་སྤྱད་ཟིན་པ་དང་། ཕྱི་རྐང་ལ་ནི་སྤྱོད་འགྱུར་སྡོམ་དགོས་པའི་ཕྱིར་རོ། །དེའི་རྗེས་སུ་ཟ་བཞིན་པའི་རྐང་པའི་སྟེང་ནས་ཡང་དག་རྒྱུ་བའི་ཆུ་ཚོད་བརྟག་པའི་ཆེད་དུ། བརྒྱ་སོ་ལྔས་བགོས་པའི་ལྷག་མ་ཇི་སྙེད་པ་ནི། རྒྱུ་བཞིན་པའི་རྐང་པ་དེའི་སྟེང་དུ་ཉི་མ་སླེབས་ནས་གང་རྩི་བའི་ཚེས་དེ་རྫོགས་པ་ཡན་གྱི་རྐང་འཛིན་ཡིན་ནོ། །རྐང་བཟུང་སྔོན་མས་ལྷག་མ་དེའི་གནས་རྣམས་བསྒྱུར་བ་ནི་རྒྱུ་བཞིན་པའི་རྐང་པས་བསྒྱུར་བ་ཡིན་ལ། གལ་ཏེ་མ་ཟིན་ན་ནི་རྐང་པ་འདས་པ་མེད་པས་སྔ་རྐང་དང་པོ་ཉིད་སྤྱོད་པ་ཡིན་ཏེ་དེས་བསྒྱུར་བར་བྱའོ། །དེ་ནས་རང་རང་གི་འཁོར་ལོས་སྟེང་དུ་དྲིལ་ལ་ཆུ་ཚོད་མདའ་ཡོན་ཟླ་བས་བགོས་པའི་ཐོབ་ནོར་ནི་ཡང་དག་རྒྱུ་བའི་ཆུ་ཚོད་དེ་རྒྱུ་བཞིན་པའི་རྐང་པ་ལས་ཆུ་ཚོད་ཇི་ཙམ་སྤྱད་ཚར་བའི་གྲངས་ཡིན་པས་རྐང་སྡོམས་ཀྱི་འོག་ཏུ་བྲིའོ། །ལྷག་མ་མཁའ་རོས་བསྒྱུར་བ་ལ་སྲང་བཅུག་ནས་མདའ་ཡོན་ཟླས་བགོས་ཐོབ་ནི་ཆུ་སྲང་སྟེ། སྔ་རྐང་ལ་ཆུ་ཚོད་གཉིས་བསྲེ་ཞིང་། ཕྱི་རྐང་ལ་འོག་མས་སྟེང་མ་ལ་དབྲི་ལ། དེ་ལས་ཀྱང་གཅིག་འབེབས་པ་སོགས་ཟླ་རྐང་གི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་དུ་རྐང་ལོངས་དག་པར་བྱས་པ་དེ་རྣམས་ཀྱིས་གང་བྱ་ཞེ་ན། དེ་རྣམས་ནི་གཟའ་ཕྱེད་དག་དང་ཉི་མ་ཕྱེད་དག་དེའི་ལོངས་སྤྱོད་དེ་ཆུ་ཚོད་མན་ཆོད་དུ་དབྲི་བསྣན་བྱའོ། །ཇི་ལྟར་བྱ་ཞེ་ན། འཁོར་ཕྱེད་དོར་ན་རིམ་མིན་ཏེ། ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་བྱང་བགྲོད་འབྱུང་ཞིང་དེའི་ཚེ་ས་དུམ་བུ་བཅུ་གཉིས་ཀྱི་སའི་ཆ་ཐམས་ཅད་དུ་གཟའ་ཉི་ཕྱེད་དག་ལ་སྦྱིན་པར་བྱ་ཞིང་། ཡང་མ་དོར་རིམ་པ་ལ་ཚངས་ཐིག་ཏུ་ལྷོ་བགྲོད་དང་དུམ་བུ་བཅུ་གཉིས་ཀྱི་ཆ་ཐམས་ཅད་དུ་གཟའ་ཉི་ཕྱེད་དག་གི་ལོངས་སྤྱོད་དུ་དབྲི་བར་བྱ་སྟེ་ནོར་བུ་ལོན་ཡིན་པའི་ཕྱིར་རོ། །དེ་ཡང་དོར་ན་རྐང་པ་རིམ་མིན་དུ་སྤྱོད་པས་སྔ་རྐང་དུ་ནོར་འཕེལ་ཞིང་ཕྱི་རྐང་དུ་འགྲིབ་པས་དེའི་ཚེ་རྐང་ལོངས་སྟེར་བ་ནི། ནོར་འཕེལ་བའི་ཚེ་ཆུ་ཚོད་ཇེ་མང་དང་། འགྲིབ་པའི་ཚེ་ཇེ་ཉུང་དུ་བཏང་ནས་སྦྱིན་པའོ། །མ་དོར་ན་རྐང་པ་རིམ་པས་སྤྱོད་པས་སྔ་རྐང་དུ་བུ་ལོན་འཕེལ་ཞིང་ཕྱི་རྐང་དུ་འགྲིབ་པས་དེའི་ཚེ་ཆུ་ཚོད་ཉུང་དུ་བགས་ཀྱིས་བཏང་ནས་འབྲིད་པ་ཡིན་ནོ། །འདིའི་དོར་མ་དོར་གྱི་དབྲི་བསྣན་གྱི་མཚམས་དང་ཉི་མ་ལྡོག་མཚམས་གཅིག་ཏུ་མཛད་པ་ནི་ལྷོ་གླིང་དབུས་མའི་ཚངས་ཐིག་ལ་དགོངས་ཀྱི། ས་དུམ་བུ་ཐམས་ཅད་དུ་དེ་ལྟར་སྒྲིག་མི་དགོས་པའི་རྒྱུ་མཚན་ལ་སོགས་པ་ནི་ལེའུ་དྲུག་པར་འཆད་པར་འགྱུར་བ་ལས་ཤེས་པར་བྱའོ། །འོ་ན་ཉི་རྐང་གི་ལོངས་སྤྱོད་རྣམས་ཉི་བར་ལ་སྦྱིན་དོར་བྱེད་པ་བཞིན་དུ། ཟླ་བའི་དཀར་ཆ་འཕེལ་འགྲིབ་ཀྱིས་བཞག་པའི་ཚེས་ཀྱི་ལོངས་སྤྱོད་ལའང་ནོར་བུ་ལོན་དུ་ཇི་ལྟར་འགྱུར་ཞེ་ན། དེའི་ཤེས་བྱེད་ནི། རིགས་ལྡན་དགོངས་འགྲེལ་ལས། ཟླ་བ་རང་གི་ཆ་འཕེལ་འགྲིབ་གཅིག་གི་ཡུན་ལ་ཇི་ཙམ་སྤྱོད་པའི་ཡུལ་གྱི་ལོངས་སྤྱོད་དེའི་སྟེང་དུ་ཉི་རྐང་གི་ལོངས་སྤྱོད་ཉི་མ་དང་མཚུངས་པར་ནོར་བུ་ལོན་དུ་འགྱུར་བ་དེའི་དབང་གིས་ཟླ་བ་རང་གི་ཆ་འཕེལ་འགྲིབ་གཅིག་གིས་བཞག་པའི་ཡུན་ཚེས་ཀྱི་ལོངས་སྤྱོད་ཀྱི་སྟེང་དུའང་ཉི་རྐང་གི་ལོངས་སྤྱོད་རྣམས་ཉི་མ་དང་མཚུངས་པར་ནོར་བུ་ལོན་དུ་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ལྟར་ན་ཚེས་ལོངས་ནི་དུས་ཀྱི་ལོངས་སྤྱོད་ཡིན་པས་ཉི་མའི་ཡུལ་ལོངས་དང་སྟོབས་མི་མཚུངས་སོ་ཞེ་ན། དེ་ནི་ཟླ་བའི་དཀར་ཆས་བཞག་པའི་ཚེས་ཀྱི་ཆུ་ཚོད་སོགས་དང་། དུས་དེ་ལ་ཡུལ་སྟེང་ནས་སྤྱོད་པའི་ཆུ་ཚོད་སོགས་ཕལ་ཆེར་སྟོབས་མཚུངས་པས་རགས་རྩིས་དང་། ཞིབ་པར་ན་ཉི་རྐང་ལོངས་སྤྱོད་ཀྱི་དུས་ལ་ཟླ་བས་ཇི་ཙམ་སྤྱོད་པའི་དུས་དེ་སྦྱིན་དོར་བྱེད་དགོས་པ་ཡིན་གསུང་ངོ་། །ཆོ་ག་དེ་ཡིས་ནི་བྱེད་པའི་ཆོ་ག་རགས་པ་ལ་བརྟེན་ནས་གཟའ་ཉི་དག་པར་འགྱུར་ཞེས་པ་སྟེ་ཞིབ་མོའི་བྱེད་པ་ལ་ལྟོས་ནས་དག་པར་འགྱུར་ཞེས་པའི་ཐ་ཚིག་ནི་མིན་ནོ། །འདིར་རྒྱུད་ལས། ཉི་མ་ལ་ནི་དུས་རོ་སྦྲུལ་དང་བཅུ་དང་འཕྲོག་བྱེད་འཕྲོག་བྱེད་དྲག་པོ་ཕྱོགས་དང་ཀླུ་དང་དྲུག །མེ་དང་ནམ་མཁའ་དག་ཀྱང་བགྲོད་པའི་མཐར་ཏེ་བྱང་དང་ལྷོ་རུ་ནོར་དང་བུ་ལོན་དག་ཏུ་འགྱུར། །ཟླ་བ་འཕོ་བའི་དབྱེ་བ་དག་ལས་ཕྱོགས་ཀྱི་དབྱེ་བས་ཟླ་བ་དྲུག་ནི་ཉིན་མོར་བྱེད་པས་སྤྱོད། །ཅེས་བཤད་མ་ཐག་པའི་ཞིབ་རྩིས་མི་ལྕོགས་པ་ལ་བྱེད་པ་རགས་པ་ལས་ཀྱང་རགས་པར་གྱུར་པའི་ཉི་རྐང་གི་ཆོ་ག་གསུངས་ཏེ་གཞུང་འདིར་མ་བཀོད་དོ། །གསུམ་པ་ཟླ་སྐར་དག་པ་སྒྲུབ་པ་ནི། ཉི་མ་དག་པ་ལན་གཉིས་སུ་བཞག་པའི་གཅིག་གིས་ཟླ་སྐར་གྱི་གཞི་བྱེད་པ་ནི། ཉི་མས་ཡུལ་སྟེང་ནས་ཞག་གཅིག་ལ་ཇི་ཙམ་སྤྱད་པ་དེ་ཉིད་ཟླ་བས་ཀྱང་སྤྱོད་པས་དེའི་དབང་དུ་བྱས་པའོ། །དེ་ལ་སྐར་མའི་གནས་སུ་ཚེས་གྲངས་སྦྱིན་པ་ནི་ཆུ་ཚོད་དྲུག་ཅུ་སྦྱིན་པ་ཡིན་པས་ཉི་མ་ལས་ལྷག་པོར་ཟླ་བས་སྤྱོད་པའི་ཆ་ལྷག་པོ་དང་བཅས་པའོ། །སླར་ཡང་ཚེས་གྲངས་ལོགས་སུ་རོ་སྟེ་དྲུག་གིས་བསྒྱུར་བ་དེ་ལ་གཟའ་ཚེས་ཀྱི་དབྱུག་གུ་བསྲེས་པ་ལ། གལ་ཏེ་ཐོབ་ན་དྲུག་ཅུས་བགོ་བར་བྱས་པའི་བརྙེད་པས་སྐར་མའི་གནས་ནས་སྦྱང་ཞིང་། ལྷག་མས་ཆུ་ཚོད་ལ་སོགས་པའི་གནས་ནས་སྦྱངས་པའི་ལྷག་མ་ནི་ཟླ་སྐར་དག་པ་ཡིན་ནོ། །དེ་ཡང་ཚེས་གྲངས་དྲུག་གིས་བསྒྱུར་བས་འབྲིད་པ་ནི། སྐར་གནས་སུ་ཚེས་གྲངས་སྦྱིན་པས་ཚེས་རེ་ལ་ཆུ་ཚོད་དྲུག་རེ་མང་བ་དེ་ཕྲི་བས་དོན་ལ་ཚེས་རེ་ལ་ཉི་མས་གང་སྤྱད་པའི་ཆུ་ཚོད་བཞི་རྗེས་འབྲང་དང་བཅས་པའི་སྟེང་དུ་ཟླ་བས་ཆུ་ཚོད་ང་བཞི་རེ་ལྷག་པོར་སྤྱད་པ་དེ་རྟོགས་པའི་ཆེད་དུའོ། །དེ་ལ་གཟའི་ལོངས་སྤྱོད་བསྲེས་ནས་སྦྱོང་བ་ནི། ཟླ་བས་ནམ་ལངས་ཕན་ལ་ཇི་ཙམ་སྤྱད་པའི་ལོངས་སྤྱོད་ཀྱི་མཚམས་རྟོགས་པའི་ཆེད་དུའོ། །གལ་ཏེ་ཚེས་ལོངས་ཀྱིས་མ་སྦྱངས་ན་ནི་ཚེས་འཁྱུད་ཟླ་སྐར་ཞེས་བྱ་སྟེ་ཟླ་བས་ཚེས་རྫོགས་ཀྱི་བར་ལ་ཇི་ཙམ་སྤྱད་པའི་ལོངས་སྤྱོད་ཤེས་པར་འགྱུར་རོ། །འོ་ན་ཚེས་ལོངས་དང་ཟླ་ལོངས་གཉིས་ཡུལ་དུས་ཀྱི་སྟོབས་མི་མཚུངས་པ་དང་། ཚེས་ལོངས་རགས་པ་ང་དགུ་ཙམ་དང་ཟླ་ལོངས་རགས་པ་ཆུ་ཚོད་ང་བརྒྱད་ཙམ་ཡིན་པས་རྒྱུན་ལ་ལྟོས་ནས་ཀྱང་སྟོབས་མི་མཚུངས་སོ་ཞེ་ན། དེའི་ལན་ནི། ཞལ་ལུང་ལས། དུས་དང་ཡུལ་གྱི་ལོངས་སྤྱོད་ངོ་བོ་མི་མཚུངས་ཀྱང་རགས་པའི་གྲངས་སྟོབས་མཚུངས་པས་དེའི་དབང་དུ་བྱས་པའོ། །རྒྱུན་ལ་ལྟོས་ནས་སྟོབས་མི་མཚུངས་པའི་ཉེས་པ་ཆེན་པོར་ཡང་མི་འགྱུར་ཏེ། ཚེས་ཀྱི་ལོངས་སྤྱོད་ཀྱིས་མ་སྦྱངས་པའི་ཟླ་བའི་ལོངས་སྤྱོད་ནི་གང་བརྩིས་པའི་ཚེས་དེ་ཟད་ཚུལ་གྱི་ལོངས་སྤྱོད་ཡིན་ལ། དེའི་སྟེང་ནས་ཚེས་དེའི་ལོངས་སྤྱོད་ན་གང་འདུག་དེས་སྦྱངས་པས་བཤད་མ་ཐག་པ་ལྟར་ཉིན་ཞག་དེའི་ནམ་ལངས་ཕན་གྱི་ཟླ་བའི་ལོངས་སྤྱོད་རྟོགས་པ་ཡིན་ཞིང་། དེ་ལྟར་བྱས་པས་ཅིར་འགྱུར་གོ་བ་ལ་སྦྱར་ན། གང་རྩི་བའི་ཉིན་ཞག་དེའི་ནམ་ལངས་ནས་ཚེས་དེ་ཟད་ཚུལ་གྱི་དུས་ཀྱི་ཆུ་ཚོད་རེ་རེའི་ཡུན་ལ་ཟླ་བས་ཡུལ་གྱི་ཆུ་ཚོད་རེ་རེ་སྤྱོད་པར་བྱེད་དོ། །ཞེས་པ་ཞིབ་ཏུ་སོང་ཡང་དེ་ཙམ་ལ་ཉེས་པ་ཆེར་མེད་པ་དང་། ཚེས་ལོངས་ང་དགུ་སོགས་དང་ཟླ་ལོངས་ང་བརྒྱད་སོགས་གཅིག་སྟེང་དུ་གཅིག་བརྩེགས་པ་དུས་རྣམ་པ་ཐམས་ཅད་དུ་སྟོབས་མཚུངས་པར་མི་འགྲོ་ཞིང་སྟོན་པའང་མིན་པས་སྐྱོན་མེད་དོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་ཟླ་བ་ལ་དལ་རྐང་ཡོད་མེད་དང་། ལེའུ་ལྔ་པའི་འགྲེལ་ཆེན་ལས། ཟླ་བ་དང་ཉི་མའི་རྒྱུ་བ་རྣམ་པ་བཞི་སྟེ། ཞེས་སོགས་གསུངས་པས་ཉི་མའི་དལ་བ་ལའང་འགྲོས་བཞི་ཡོད་མེད་དང་། སྔར་གཟའ་ཚེས་སྐབས་སུ་གཟའ་འདས་ད་ལྟར་གྱི་ཤན་འབྱེད་དང་ཚེས་ཀྱི་ཆད་ལྷག་དང་འཕོ་མཚམས་ཀྱི་རྒྱུ་མཚན་སོགས་ད་དུང་འཆད་དགོས་ལྷག་མར་ལུས་པ་སྣང་མོད་ཀྱང་དེང་སང་ལག་རྩིས་པ་ཕལ་ཆེ་བ་དག་བཞེད་པ་ཆེས་ཆེར་མི་མཐུན་པ་མི་འདུག་པས་སྔ་མ་རྣམས་ཀྱི་བཞེད་ཚུལ་སྣ་ཚོགས་ལ་དགག་སྒྲུབ་དང་ལད་མོ་སྐྱོར་བ་སོགས་ཀྱི་སྤྲོས་པ་མ་བྱས་ལ། ཅི་རིགས་པ་ནི་འོག་ཏུའང་བཤད་དོ། །བཞི་པ་སྦྱོར་བ་ནི། ཉི་མ་དག་པ་དང་། ཟླ་བ་དག་པ་གཉིས་རྗེས་འབྲང་དང་བཅས་པ་བསྲེས་ནས་རང་རང་གི་འཁོར་ལོས་དྲིལ་ཏེ་སྟེང་མ་ཉེར་བདུན་གྱིས་དོར་བའི་ལྷག་མ་ནི་སྦྱོར་བ་དག་པའོ། །འདིར་ཁ་ཅིག་སྦྱོར་བ་ཡུལ་གྱི་ལྷར་བྱས་ནས་ཉི་ཟླ་བསྲེས་པའི་སའི་ལོངས་སྤྱོད་ཆུ་ཚོད་གཉིས་སོགས་ཡུལ་སྟེང་ནས་སྤྱོད་པར་འདོད་པ་དང་། ཁ་ཅིག་དུས་ལྷར་བྱས་ནས་ཆུ་ཚོད་དྲུག་ཅུར་སྤྱོད་པ་དང་། ཁ་ཅིག་ཉི་ཟླ་འཕྲད་པའི་རྟེན་འབྲེལ་ལས་དགེ་མི་དགེར་འདོད་པ་སོགས་ཡོད་མོད། ལུགས་གཉིས་པ་ནི། ཉི་ཟླ་བསྲེས་པའི་ལོངས་སྤྱོད་ཀྱི་གྲངས་ཙམ་ལའང་རྟོག་པ་མ་ཞུགས་པར་སྣང་ལ། ལུགས་ཐོག་མཐའ་གཉིས་ལ་ཡང་ད་དུང་དཔྱད་བྱ་འགའ་ཞིག་སྣང་སྟེ་མ་སྤྲོས་སོ། །རང་ལུགས་ནི། སྦྱོར་བ་དུས་ཀྱི་ལྷ་ཡིན་པས། །ཚེས་རེར་འཆར་བར་འཆད་པ་ཡིན། །རི་མོར་གང་ཤར་སྦྱོར་བ་ཡིས། །སྤྱོད་པའི་སྐར་མ་ཤེས་བྱེད་དེ། །ལོངས་སྤྱོད་གང་ཤར་འདས་པའོ། །ཞེས་པ་འདིའི་ལེའུ་ཉེར་གཉིས་པར་སྨོས་ཏེ་ཞལ་ལུང་མཁན་པོའི་བཞེད་པ་ཐུན་མོང་མ་ཡིན་པ་ཡིན་ནོ། །དེ་ལྟར་ནའང་ཆོས་རྗེ་ཕྲིན་ལས་པའི་ཕྱག་ལེན་གྱི་རྒྱུན་བཞིན་དེང་སང་གི་ཕུག་ལུགས་པ་རྣམས་ཀྱི་བཞེད་པ་དང་ཅུང་ཟད་མི་མཐུན་ཏེ། དེང་སང་ནི་རི་མོར་གང་ཤར་དེས་སྦྱོར་བའི་ལྷ་ཉིད་རྟོགས་པར་བཞེད་པས་སོ། །འདིར་ལོངས་སྤྱོད་འདས་པར་བྱས་པ་ནི། ཚེས་འགྲོགས་ཟླ་སྐར་དང་ཉི་དག་བསྲེས་པ་ལས་ཏེ། ཚེས་འཁྱུད་ཟླ་སྐར་དང་བསྲེས་ན་ལོངས་སྤྱོད་ད་ལྟ་བར་འཆར་རོ། །འདིར་ཞལ་ལུང་མཁན་པོས་སྦྱོར་བ་ཉེར་བདུན་ལྡོག་པས་ཕྱེ་བ་ཙམ་དུ་ཞལ་གྱིས་བཞེས་པ་དེ་ལ་འབྲས་བུ་བཟང་ངན་ཁྱད་མེད་པ་སོགས་ཀྱི་དོགས་པ་དང་། རི་མོར་གང་ཤར་སྐར་མ་ཤེས་བྱེད་ཡིན་ན་ཡན་ལག་ལྔ་མ་ཚང་སྟེ། ཡན་ལག་ལྔ་ནི། གཟའ་ཚེས་སྐར་སྦྱོར་བྱེད་པ་ལྔ་ཡིན་ལ། དེ་ལྟར་ན་སྦྱོར་བ་ཡང་སྐར་མའི་ནང་དུ་བསྡུ་དགོས་པའི་ཕྱིར་ཏེ་ཉི་སྐར་དང་ཟླ་སྐར་བཞིན་ནོ་སྙམ་པའི་དོགས་པ་ཡང་སྐྱེ་སྲིད་པར་སྣང་བས་དེའི་དགོངས་པ་འགྲེལ་ཚུལ་ལ་ད་དུང་དཔྱད་པར་བྱའོ། །ལྔ་པ་བྱེད་པ་ནི། རྟག་པའི་བྱེད་པ་བཞི་ནི་ཚེས་གཞན་གྱི་ཆ་ལ་མི་འཕོ་བས་རི་མོ་མ་མཛད་ལ། འཕོ་བའི་བྱེད་པ་བདུན་པོ་ཟླ་བ་རེ་ལ་ལན་བརྒྱད་རེ་འཁོར་ནས་འཆར་བས། དེ་རྣམས་ཀྱི་ཕྱི་ཆའི་བྱེད་པ་རྩི་བའི་རི་མོ་ནི། གང་རྩི་བའི་ཚེས་གྲངས་མིག་སྟེ་གཉིས་ཀྱིས་བསྒྱུར་བ་ནི་ཚེས་རེ་ལ་བྱེད་པ་གཉིས་གཉིས་འཆར་བས་སོ། །དེ་ལ་གཟུགས་ཏེ་གཅིག་ཕྲི་བ་ནི་ལྔ་ཆའི་བྱེད་པ་ཕྲི་བ་སྟེ། སྔ་ཆ་ཕྱི་ཆའི་ཤུགས་ལས་རྟོགས་ནུས་པས་སོ། །ཐུབ་པ་སྟེ་བདུན་གྱིས་བགོ་བ་ནི་འཕོ་བྱེད་བདུན་གྱི་འཁོར་ལོ་ལོངས་པ་དོར་བའོ། །དེའི་ལྷག་མར་གང་བྱུང་བ་ནི་ཚེས་གྲངས་དེའི་ཕྱི་ཆ་ལ་འཆར་བའི་བྱེད་པར་ངེས་པའོ། །བྱེད་པའི་རྟག་ལོངས་ནི་ཚེས་ཀྱི་རྟག་ལོངས་ང་དགུ་སོགས་ཀྱི་ཕྱེད་ཆུ་ཚོད་ཉེར་དགུ་རྗེས་འབྲང་དང་བཅས་པ་ཡིན་ལ། རྐང་པ་དང་བཅས་པའི་ལོངས་སྤྱོད་ཀྱང་བྱེད་པ་རང་ཉིད་གང་ལ་སྤྱོད་པའི་ཚེས་དེ་ལ་དུས་དེའི་ཚེ་རྐང་བཅས་ཀྱི་ལོངས་སྤྱོད་ཇི་ཙམ་ཡོད་པ་དེའི་ཕྱེད་ལ་བྱེད་པ་རེའི་ལོངས་སྤྱོད་པ་ཡིན་ཞེས་ཞལ་ལུང་ལས་གསུངས་པ་དེ་ཉིད་ལག་ལེན་དུ་འདེབས་ཚུལ་འདིའི་ལེའུ་ཉེར་གཉིས་པར་བཤད་པ་ལྟར་ཤེས་པར་བྱའོ། །དེ་ལྟར་བཤད་པ་དེ་དག་གིས་ནི། བསྡུས་པའི་རྒྱུད་ལས། མེ་མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས་ཀླ་ཀློའི་ལོ་ནི་རབ་ཏུ་གྲུབ། ཅེས་པ་ནས། བྱེད་པ་དག་ནི་ཚེས་ལ་མིག་གིས་བསྒྱུར་བ་ཟླ་བྲལ་གང་ཞིག་བདུན་གྱི་ཆ་ཡི་ལྷག་མའོ། །ཞེས་པའི་བར་གྱི་རྐང་པ་གཅིག་དང་བཅས་པའི་ཚིགས་སུ་བཅད་པ་དགུས་དངོས་སུ་བསྟན་པའི་ལྔ་བསྡུས་ཀྱི་ལག་ལེན་ཏེ། རྣམ་པར་དག་ཅེས་པ་ནི་རགས་རྩིས་ཀྱི་བྱེད་པའི་ཆོ་ག་ལ་བསམས་ནས་སྨྲས་ཀྱི་གྲུབ་མཐར་མ་ཟད་ཞིབ་རྩིས་ཀྱི་བྱེད་པ་ལ་ལྟོས་ནས་ཀྱང་སྨྲས་པ་ནི་མ་ཡིན་ནོ། །

གཉིས་པ་འགྲེལ་ཆེན་གྱི་དགོངས་པས་ཞིབ་རྩིས་ཀྱི་ཉུང་ངུའི་རྩིས་བཤད་པ་ལ་གཉིས་ཏེ། དགོས་པ་བསྟན་ཏེ་བཟུང་བར་གདམས་པ་དང་། ལག་ལེན་དངོས་སོ། །དང་པོ་ནི། དངོས་བསྟན་གྱི་བྱེད་པའི་ཆོ་ག་བཤད་ཚར་བའི་རྗེས་སུ་སླར་ཡང་བྱེད་པའི་ཆོ་ག་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་དེ་ངལ་བ་ཙམ་དུ་ཟད་དོ་སྙམ་ན། དེ་ལ་བརྗོད་པར་བྱ་སྟེ། སྤྱིར་བློ་གྲོས་དང་ལྡན་པ་དག་ངེས་པ་གསར་དུ་སྤོ་བའི་མན་ངག་མེད་ན་ནམ་ཞིག་གི་ཚེ་འདས་ལོའི་ཕུང་པོ་ཆེན་པོ་དང་རགས་རྩིས་ཀྱི་ཉེས་པ་རྒྱ་འབྱམས་པ་སོགས་ལས་བྱ་དཀའ་བ་དང་། ངེས་པ་མི་གསལ་བ་གཉིས་ཀ་ཚང་བའི་ཕྱིར་ཕྱི་རོལ་པའི་བྱེད་པ་དང་ཁྱད་པར་མེད་དོ་སྙམ་པའི་དོགས་པ་བསལ་བ་དང་། བྱེ་བྲག་སྲང་དབུགས་འདོད་ཆ་ལ་སོགས་པ་བྱས་ཏེ་ཞིབ་རྩིས་བྱར་འདོད་པ་དང་། མེ་མཁའ་རྒྱ་མཚོ་ལ་སོགས་པ་འདས་ལོའི་གྲངས་མང་པོ་དེ་རྣམས་དོར་ནས་ཚེགས་ཆུང་བར་བྱ་བའི་ཕྱིར་འདས་ལོ་ཉུང་ངུ་བསྡུས་པ་དང་། དྲུག་ཅུ་སྐོར་རེའི་མཚམས་སུ་བྱེད་པའི་ངེས་པ་སྔ་མའི་སྐྱོན་རྣམས་འདོར་བར་གསུངས་པ་ཉིད་ཇི་ལྟར་འདོར་བའི་ལག་ལེན་གྱི་ཁུངས་དཀའ་བ་མེད་པར་བདེ་བླག་ཏུ་ཤེས་པར་འགྱུར་བ་སྟེ། དགོས་པ་གསུམ་དང་ལྡན་པའི་ཕྱིར་འདི་ལྟར་བཀོད་པ་ལ་འགལ་བ་མེད་དོ། །དེ་བས་ན་ཞིབ་རྩིས་ཀྱི་བྱེད་པའི་ཆོ་ག་ཤེས་འདོད་པའི་དཔྱོད་ལྡན་རྣམས་ཀྱིས་ཚུལ་འདི་བཟུང་བ་གཅེས་ཞེས་གདམས་པའོ། །

གཉིས་པ་ནི། ལྔ་བསྡུས་ཀྱི་རྒྱུ་མཚན་རྒྱས་པར་བཤད་མ་ཐག་པ་རྣམས་ཀྱིས་ཁོག་ཕུབ་པའི་ཕྱིར་དང་། ཡི་གེས་འཇིགས་པའི་ཕྱིར་འདིར་བསྡུས་དོན་ཁྱད་པར་ཅན་གྱིས་བཅིངས་ཏེ་བཤད་པར་བྱའོ། །འདི་ལའང་བཞི་སྟེ། ལོ་དག །ཟླ་དག །ཟླ་བའི་ངེས་པ། ཞག་གི་ངེས་པ་བཤད་པའོ། །དང་པོ་ནི། རབ་བྱུང་དྲག་པོ་འདི་ནང་གི། ཞེས་བྱ་བ་ལ་སོགས་པ་སྟེ། དྲུག་ཅུ་སྐོར་བཅུ་གཅིག་པའི་ནང་གི་རབ་བྱུང་ནས་བརྩམས་ཏེ་ལོ་ང་བཞི་འདས་པ་ལྕགས་བྱ་ལ་བསྟན་བཅོས་འདི་བརྩམས་པ་ཡིན་པས་དེ་ནས་འགོ་བཟུང་སྟེ་འདས་ལོ་བགྲང་ངོ་། །གཉིས་པ་ནི། ཉི་མས་བསྒྱུར་བ་ཞེས་བྱ་བ་ལ་སོགས་པ་སྟེ། གནས་འོག་མ་ལ་འབྱུང་བ་སྟེ་ལྔ་བསྲེ་བ་ནི་རྩིས་འཕྲོའོ། །གསུམ་པ་ལ་ལྔ་སྟེ། གཟའ་དྷྲཱུ། ཆ་རིལ། ཉི་དྷྲཱུ། ཟླ་རེའི་དྷྲཱུ་ཝ་སྤོ་ཚུལ་དྲུག་ཅུ་སྐོར་ཕྱི་མ་རྣམས་ལ་ངེས་པ་སྤོ་བར་གདམས་པའོ། །དང་པོ་ནི། ཟླ་དག་གནས་གསུམ་སྟེང་རིམ་བཞིན། །ཞེས་བྱ་བ་ལ་སོགས་པ་སྟེ། ལྔ་དང་། ལྔ་བཅུ་རྩ་བདུན་དང་། ཉེར་ལྔ་རྣམས་གཟའ་དབྱུག་སྲང་རྣམས་སུ་རིམ་པར་སྟེར་བ་ནི་རྩིས་འཕྲོའོ། །དེ་ལྟར་ན་བྱེད་པའི་ཆོ་གས་བསྒྲུབས་པའི་ལྕགས་སྤྲེའི་ལོ་མཐར་ཤར་བའི་ངེས་པ་ལ། གཟའ་ལྔ། ཆུ་ཚོད་ཞེ་གཉིས། ཆུ་སྲང་བཅུ་རྣམས་འབྱུང་བ་སྦྱིན་རིགས་པ་ལས། འདིར་སྲང་དབྱུག་གཉིས་ཀར་བཅོ་ལྔ་རེ་ལྷག་པོར་སྟེར་བ་ཅི་ཞེ་ན། དེ་ནི་སྔར་ལེའུ་བཞི་པར་བཤད་པ་ལྟར་འདི་ཡིན་ཏེ། དྲུག་ཅུ་སྐོར་བཅུ་དང་ལོ་རྐྱང་ང་བཞི་སྟེ་ཁྱོན་ལོ་དྲུག་བརྒྱ་དང་ང་བཞིའི་བར་དུ་སོགས་པའི་ཉེས་པ་རྣམས་བཏོན་པ་ཡིན་ལ། ཇི་ལྟར་བཏོན་ན་དྲུག་ཅུ་སྐོར་རེའི་གཟའི་ཉུང་ཆ་ཆུ་ཚོད་གཅིག་ལ་སོགས་པ་སྟེ་བཅུ་འགྱུར་དུ་བྱས་པས་ཆུ་ཚོད་བཅུ་གསུམ་དང་། སྲང་ང་དགུ་ལྷག་ཙམ་རེ་འབྱུང་ལ། དེའི་སྟེང་དུ་ལོ་ང་བཞིའི་བར་དུ་སོགས་པའི་ཉུང་ཆ་ཆུ་ཚོད་གཅིག་དང་། སྲང་བཅོ་ལྔ་ལྷག་ཙམ་འབྱུང་བ་བསྣན་པས་ཆུ་ཚོད་བཅོ་ལྔ་དང་ཆུ་སྲང་བཅོ་ལྔ་ལྷག་ཙམ་རེ་འབྱུང་བ་དེ་སྔར་གྱི་གཟའ་ལྔ་ཆུ་ཚོད་ཞེ་གཉིས་སོགས་ལ་བསྣན་པས་འདིར་བཤད་པའི་རྩིས་འཕྲོ་རྣམས་འབྱུང་བའི་ཕྱིར་རོ། །གཉིས་པ་ཆ་རིལ་གྱི་དྷྲཱུ་ཝ་ནི། ཟླ་བ་དག་པ་གནས་གཉིས་ཀྱི། །ཞེས་བྱ་བ་ལ་སོགས་པ་སྟེ། གནས་སྟེང་མ་ནས་བཅོ་བརྒྱད་དང་། འོག་མ་ནས་ཉེར་བདུན་འབྲིད་པ་ནི་ལྷག་འགྱུར་དོར་བའི་རྩིས་འཕྲོ་སྟེ། སྐབས་འདིའི་རིལ་པོའི་རྩིས་འཕྲོར་དགུ་དང་། ཆ་ཤས་སུ་དགུ་བཅུ་རྩ་དགུ་ཡོད་པ་དེས་འཁོར་ལོ་ལ་སྦྱངས་པའི་ལྷག་གིས་ཕྲི་བའོ། །གསུམ་པ་ཉི་མའི་དྷྲཱུ་ཝ་ནི། ཚེས་ཟླ་དག་པ་གནས་ལྔར་བཞག །ཅེས་པ་ལ་སོགས་པ་སྟེ་ཉེར་དྲུག་དང་། ང་དགུ་དང་། ཉེར་དྲུག་དང་། ཐིག་དང་། གཉིས་རྣམས་སྟེང་ནས་རིམ་བཞིན་སྟེར་བ་ནི་རྩིས་འཕྲོའོ། །འདིར་ཡང་སྔར་ལྟར་ཐིག་དང་། སོ་གསུམ་དང་། ཉེར་དགུ་དང་། གཅིག་དང་། ལྔ་རྣམས་ནི་རྒྱུད་ཀྱི་ཆོ་གས་བསྒྲུབས་པའི་རྩིས་འཕྲོ་དང་། དེ་སྟེང་ནས་དྲུག་ཅུ་སྐོར་རེའི་ཉི་མའི་མང་ཆ་ཆུ་ཚོད་གསུམ་ལ་སོགས་པ་དེ་བཅུ་འགྱུར་དུ་བྱས་པས་ཆུ་ཚོད་སོ་གཅིག །སྲང་བཅུ་བཞི། དབུགས་གསུམ། འདོད་ཆ་ཐིག་ལེ་རྣམས་ཀྱི་སྟེང་ལོ་ང་བཞིའི་ཆུ་ཚོད་གཉིས། སྲང་ཞེ་བརྒྱད། དབུགས་བཞི། འདོད་ཆ་གསུམ་རྣམས་བསྣན་པས་ཆུ་ཚོད་སོ་བཞི། སྲང་གསུམ། དབུགས་གཅིག །འདོད་ཆ་གསུམ་རྣམས་འབྱུང་བ་དེས་སྔར་གྱི་ཐིག་སོ་གསུམ་སོགས་ལ་སྦྱངས་པས་སྐར་མ་ཉེར་དྲུག་ཆུ་ཚོད་ང་དགུ་སོགས་འདིར་བཤད་པའི་རྩིས་འཕྲོ་རྣམས་འབྱུང་བའི་ཕྱིར་རོ། །བཞི་པ་ཟླ་རེའི་དྷྲཱུ་ཝ་སྤོ་ཚུལ་ནི། སྔ་མ་སྔ་མའི་དྷྲཱུ་ཝ་ལ། །ཞེས་བྱ་བ་ལ་སོགས་པའོ། །ལྔ་པ་དྲུག་ཅུ་སྐོར་ཕྱི་མ་རྣམས་ལ་ངེས་པ་སྤོ་བར་གདམས་པ་ནི། འདིར་བཀོད་པའི་ཞིབ་རྩིས་ཀྱི་བྱེད་པ་འདི་ལའང་ངེས་པ་ནི་མི་རྟག་པ་སྟེ། དེའི་ཕྱིར་ལོ་དྲུག་ཅུའི་མཐར་མཁས་པས་དྲུག་ཅུ་སྐོར་འདས་པ་ཡང་ཕུད་ནས་ངེས་པ་གསར་དུ་སྤོ་བར་བྱའོ། །ཞེས་གདམས་སོ། །དེ་ལྟར་ན་འདིར་བཀོད་པའི་ངེས་པ་འདི་ལ་རབ་བྱུང་བཅུ་གཅིག་པའི་ནང་གི་ལྕགས་བྱ་ཡན་གྱི་ལོ་ང་བཞིའི་བར་དུ་སོགས་པའི་ཉེས་པ་རྣམས་ཀྱང་བཏོན་གྲུབ་པའི་ཕྱིར། དེ་ནས་ལོ་དྲུག་འདས་པའི་རབ་བྱུང་བཅུ་གཉིས་པའི་འགོར་ངེས་པ་སྤོ་དགོས་སམ་མི་དགོས་ཤེ་ན། ལོ་དྲུག་གི་བར་དུ་སོགས་པའི་ཉེས་པ་ནི། གཟའི་ཉུང་ཆ་ཆུ་སྲང་བརྒྱད་དང་། ཉི་མར་མང་ཆ་ཆུ་སྲང་བཅོ་བརྒྱད་ཙམ་ལས་མི་ལོངས་པའི་ཕྱིར། དེ་ཙམ་གྱིས་ཉེས་པ་ཆེར་མི་བསྐྱེད་པས་རབ་བྱུང་བཅུ་གཉིས་པ་ལ་ངེས་པ་གསར་དུ་སྤོ་དགོས་པ་མེད་དོ། །དེ་ནས་ཆུ་ཁྱི་ལ་སོགས་པའི་ལོ་དྲུག་དང་བཅས་པའི་རབ་བྱུང་བཅུ་གཉིས་པ་འདས་པ་སྟེ་ཁྱོན་འདི་ནས་ལོ་དྲུག་ཅུ་རེ་དྲུག་སོང་བ་དྲུག་ཅུ་སྐོར་བཅུ་གསུམ་པའི་ཐོག་མར་ངེས་པ་སྤོ་བའི་རྩིས་འཕྲོ་ལ། ཟླ་བཤོལ་འཕྲོ་ཉི་ཤུ་རྩ་དགུ། གཟའ་ཚེས་ལ་གཟའ་གཅིགཆུ་ཚོད་སོ་དགུ། ཆུ་སྲང་སོ་གསུམ། ཆ་རིལ་ལ་རིལ་པོ་ཉི་ཤུ་རྩ་བཞི་དང་། ཆ་ཤས་སོ་གསུམ། ཉི་མ་ལ་སྐར་མ་ཉེར་དྲུག །ཆུ་ཚོད་ཞེ་ལྔ། ཆུ་སྲང་ཉེར་དྲུག །དབུགས་གཉིས། འདོད་ཆ་ལྔ་རྣམས་ཀྱིས་བརྗེ་བར་བྱ་སྟེ། དེ་བཞིན་དུ་དྲུག་ཅུ་སྐོར་བཅུ་བཞི་པ་སོགས་ལའང་སྦྱར་ནས་སྤོ་ཚུལ་ཤེས་པར་བྱའོ། །བཞི་པ་ཞག་གི་ངེས་པ་བཤད་པ་ལའང་ལྔ་སྟེ། གཟའ་ཕྱེད་དགགཟའ་ཉི་རྣམ་དག །ཟླ་སྐར། སྦྱོར་བ། བྱེད་པའོ། །དང་པོ་ནི། གཟའ་ཡི་དྷྲཱུ་ཝ་དག་པ་ལ། །ཞེས་བྱ་བ་ལ་སོགས་པ་ནི་རྟག་ལོངས་སྦྱིན་པའི་ལས་ཏེ། དེ་ཡང་གློ་བུར་དུ་གང་རྩི་འདོད་པའི་ཚེས་ཀྱིས་བསྒྱུར་ཏེ་སྟེར་བའམ། ཡང་ན་རྟག་ལོངས་དེ་ཉིད་གཅིག་ཐོག་ཏུ་གཅིག་བརྩེགས་པ་སུམ་ཅུའི་བར་སྤེལ་བའི་རེའུ་མིག་ལས་སྦྱིན་ཡང་འདྲའོ། །དེ་ནས་རིལ་པོར་ཚེས་བསྲེ་ཞེས་བྱ་བ་ལ་སོགས་པ་ནི་རིལ་པོའི་གནས་སུ་ཚེས་སྦྱིན་ལ་བཅུ་བཞིས་བགོས་པའི་ལྷག་མས་ཟླ་བའི་རྐང་འཛིན་སྟོན་ནོ། །མདའ་དབང་འབྱུང་མཚོ་ཞེས་བྱ་བ་ལ་སོགས་པ་ནི་གཟུང་བྱའི་རྐང་པ་དངོས་སོ། །སྟོང་ལ་སྟོང་པ་རྣམ་པར་དག །ཅེས་བྱ་བ་ལ་སོགས་པ་ནི་རྐང་པའི་རིལ་པོ་རྣམས་བསྡོམས་པའི་གྲངས་སོ། །རྐང་བཟུང་སྔོན་མས་ཆ་ཤས་བསྒྱུར། །ཞེས་བྱ་བ་ལ་སོགས་པ་ནི། རྒྱུ་བཞིན་པའི་རྐང་པའི་ཆ་ཤས་རྣམས་སོ་སོར་རྩི་བའོ། །གཟའ་ཡི་ཆུ་ཚོད་སྲང་དབུགས་ཆར། །ཞེས་བྱ་བ་ནི་རྐང་པ་ལས་བྱུང་བའི་ལོངས་སྤྱོད་ཀྱི་ལས་ཏེ། ཆོ་ག་དེ་དག་གིས་ནི་རེས་གཟའ་ཕྱེད་དག་པར་འགྱུར་རོ། །གཉིས་པ་གཟའ་ཉི་རྣམ་དག་ཏུ་སྒྲུབ་པ་ནི། དེ་ནས་ཉི་མའི་དྷྲཱུ་ཝ་ལ། །ཞེས་བྱ་བ་ལ་སོགས་པ་ནི་དྷྲཱུ་ཝ་ལ་གང་རྩིའི་རྟག་ལོངས་སྦྱིན་ཏེ་ཉི་བར་སྒྲུབ་པའོ། །ཉི་བར་གནས་གཉིས་གཅིག་ལ་ནི། །ཞེས་བྱ་བ་ལ་སོགས་པ་ནི་སྐྱེས་ཁྱིམ་སྦྱོང་བའི་ཆོ་གའོ། །སྐར་གནས་ལྷག་མ་མཁའ་རོས་བསྒྱུར། །ཞེས་བྱ་བ་ལ་སོགས་པ་ནི་རྐང་འཛིན་འཚོལ་བའོ། །དུས་མཚོ་ཟླ་བ་ཞེས་སོགས་ནི་གཟུང་བྱའི་རྐང་པའོ། །སྟོང་ལ་སྟོང་པ་ཞེས་སོགས་ནི་རྐང་སྡོམས་བྲི་ཚུལ་ལོ། །རྐང་བཟུང་སྔོན་མས་ལྷག་རྣམས་བསྒྱུར། །ཞེས་བྱ་བ་ལ་སོགས་པ་ནི་རྐང་པ་ད་ལྟར་བ་ལས་བྱུང་བའི་ལོངས་སྤྱོད་བཙལ་བའོ། །གཟའ་ཉི་ཕྱེད་དག་ལོངས་སྤྱོད་དུ། །ཞེས་བྱ་ལ་སོགས་པ་ནི་ཉི་རྐང་ལས་བྱུང་པའི་ལོངས་སྤྱོད་ཀྱི་ལས་སོ། །དེ་ཡིས་ནི་བྱེད་པའི་གཟའ་ཉི་དག་པར་འགྱུར་རོ། །གསུམ་པ་ནི། ཉི་དག་གནས་གཉིས་གཅིག་གིས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ་རེས་འགྲོགས་ཟླ་སྐར་སྒྲུབ་པའི་ཆོ་གའོ། །བཞི་པ་སྦྱོར་བ་ནི། ཉི་ཟླ་གཉིས་བསྲེས་ཞེས་བྱ་བ་ལ་སོགས་པའོ། །ལྔ་པ་བྱེད་པ་ནི། བྱེད་པ་ཚེས་གྲངས་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པའོ། །བྱེད་པ་རྒྱུ་བའི་ཞེས་སོགས་ནི་འོག་ཏུ་ལེའུ་ཉེར་གཉིས་པ་འཆད་འགྱུར་ལ་ཁ་འཕངས་བའོ། །དེ་ལྟར་ན་ཉི་མ་སོགས་རེས་གཟའ་བདུན་དང་། ཕྱོགས་གཉིས་ཀྱི་ཚེས་གཅིག་ལ་སོགས་པ་བཅོ་ལྔ་དང་། སྐར་མ་ནི་ཐ་སྐར་སོགས་ཉེར་བདུན་དང་། སྦྱོར་བ་ནི་སེལ་བ་སོགས་ཉེར་བདུན་དང་། བྱེད་པ་ནི་གདབ་པ་སོགས་བཅུ་གཅིག་སྟེ་ལྔ་པོ་དེར་ཡན་ལག་ལྔ་ཞེས་གྲགས་པ་ཡིན་ནོ། །ལ་ལ་དག །གཟའ་ཉི་ཟླ་བ་སྦྱོར་བྱེད་ལྔ་ལ་འདོད་པ་ནི་འགྲེལ་ཆེན་ལས། འདིར་ཡན་ལག་ལྔ་ནི། གཟའ་དང་། ཚེས་དང་། རྒྱུ་སྐར་དང་། སྦྱོར་བ་དང་། བྱེད་པའོ། །ཞེས་གསུངས་པ་མ་མཐོང་བར་ཟད་དོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བྱེད་པའི་ཆོ་ག་རྩིང་ཞིབ་ཀྱི་སྒོ་ནས་ཡན་ལག་ལྔ་སོ་སོར་བཤད་པའི་སྐབས་ཏེ་ལྔ་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་དྲུག་པས་གྲུབ་མཐའི་ཡན་ལག་ལྔ་བཤད་པ།

ད་ནི་སྐབས་དྲུག་པས་གྲུབ་མཐའི་ཡན་ལག་ལྔ་བཤད་པ་ལ་གཉིས་ཏེ། དངོས་དང་། ཞར་བྱུང་སྐྱེས་ཁྱིམ་སྦྱོང་ཚུལ་དཔྱད་པའོ། །དང་པོ་ལའང་། བསྟན་བཤད་གཉིས་ལས། དང་པོ་ནི། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས་རྣམ་པར་དག་པ་སྐར་རྩིས་ཀྱི་གྲུབ་པའི་མཐའི་མཚན་ཉིད་གསུངས་སོ། །དེ་ལྟ་མོད་ཀྱི། དབང་མདོར་བསྟན་ལས། དེ་ལྟར་མཐའ་དྲུག་རྣམས་ཀྱིས་དག །ཅེས་གསུངས་པའི་རྩ་རྒྱུད། དཀའ་འགྲེལ། རྒྱས་འགྲེལ་དང་བཅས་པ་དང་། བསྡུས་རྒྱུད། དཀའ་འགྲེལ། རྒྱས་འགྲེལ་དང་བཅས་པ་སྟེ་མཐའ་དྲུག་པོ་དེ་རྣམས་ལས་རྩ་རྒྱུད་ཀྱི་དུམ་བུ་ཁ་ཅིག་མ་གཏོགས་རྒྱུད་འགྲེལ་ཡོངས་རྫོགས་མི་སྣང་བས། འདིར་དེའི་དགོངས་པ་ཇི་ལྟར་འཆད་ཅེ་ན། དེ་ནི་འགྲེལ་ཆེན་དྲི་མེད་འོད་ཀྱིས་རྩ་བའི་རྒྱུད་ཀྱི་དོན་གསལ་བར་འཆད་པའི་ཕྱིར། དེའི་རྗེས་སུ་འབྲངས་ཏེ་གྲུབ་པའི་མཐའ་འཆད་པ་ལས། རེ་ཞིག་ལྔ་བསྡུས་ཀྱི་ངེས་པ་བཤད་པར་བྱའོ། །དེ་ཡང་འདིར་བྱེད་པ་ལྟར་ངེས་པ་གསར་དུ་སྤོ་དགོས་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ན་འདིར་གྲུབ་མཐའི་རྩིས་སྐྱོན་ཕྲ་མོས་ཀྱང་དབེན་པར་གྱུར་པ་ཉིད་ཡིན་པས་ལོ་ཇི་ཙམ་ཞིག་བཞག་ཀྱང་ཉེས་པ་འཕེལ་རྒྱུ་མེད་པའི་ཕྱིར་དེའི་གཉེན་པོ་མི་དགོས་ཏེ་ནད་མི་ལྡན་ན་སྨན་དཔྱད་བསྟེན་མི་དགོས་པ་བཞིན་ནོ། །འོན་ཀྱང་ལོ་མང་པོ་ཞིག་ཐལ་ན་རི་མོ་ཚོགས་ཆེ་བས་ཅུང་ཟད་བྱ་དཀའ་བར་འགྱུར་བའི་ཕྱིར་ངལ་བ་དེ་ཙམ་ཞིག་རབ་ཏུ་སྤངས་ནས་རྩི་འདོད་པའི་དོན་གཉེར་རྣམས་ལ་བཤད་ཀྱིས་བཟུང་བར་གྱིས་ཤིག་པའོ། །

གཉིས་པ་ལ་བཞི་སྟེ། ལོ་དག །ཟླ་དག །ཟླ་རེའི་ངེས་པ། ཚེས་རེའི་ངེས་པ་བཤད་པའོ། །དང་པོ་ནི། དྲུག་ཅུ་སྐོར་བཅུ་གཅིག་པའི་ནང་གི་བློ་ངན་ལྕགས་མོ་བྱ་ལོ་ནི་རྩིས་འཕྲོ་བཟུང་བའི་མཚམས་ཡིན་པས་དེ་ལ་སོགས་ཏེ་བརྩི་བྱའི་ལོ་ཕན་ལ་དུ་ཙམ་འདས་པའི་ལོ་ཚོགས་ནི་ལོ་དག་པའོ། །གཉིས་པ་ནི། བརྩི་བྱའི་འདས་ལོ་གང་ཡིན་པ་དེ་ཉིད་ཉི་མས་བསྒྱུར་ལ་ནག་པ་སོགས་འདས་ཟླ་བསྲེས་ཏེ་ཁྱིམ་ཟླའི་ཚོགས་སུ་བྱས་པ་ལས། ཚེས་ཟླ་ཇི་ཙམ་མང་བའི་ཆ་བསྣན་པའི་ཆེད་དུ་གནས་གཉིས་ཀྱི་འོག་མ་མིག་གིས་བསྒྱུར་ནས་རྩིས་འཕྲོར་ཟླ་བ་སྟེ་གཅིག་བྱིན་ལ་མདའ་རོས་བགོས་པའི་བརྙེད་ནོར་གནས་སྟེང་མར་བསྲེའོ། །དེས་ནི་ཚེས་ཟླ་རྣམ་པར་དག་པར་བྱེད་པའི་ཆོ་གའོ། །འདིར་ཁྱིམ་ཟླ་ལས་ཚེས་ཟླ་སྒྲུབ་པ་དེ་ལ་དགོས་པ་ཅི་ཞེ་ན། དེ་ལྟར་སྒྲུབ་དགོས་ཏེ། ཡན་ལག་ལྔའི་ངེས་པ་གཙོ་བོར་ཚེས་ཞག་ལས་བརྩམས་ཏེ་འཆར་བའི་ཕྱིར་རོ། །གསུམ་པ་ལ་བཞིའི་དང་པོ་གཟའི་དྷྲཱུ་ཝ་ནི། ཟླ་དག་གནས་ལྔར་བྱས་ནས། ཡས་ནས་མར་རིམ་པ་བཞིན་གཟུགས་དང་། གཟུགས་མེ་དང་། མཁའ་མདའ་དང་། ཐིག་ལེ་དང་། མཁའ་ཀླུ་ཆུ་བོ་རྣམས་ཀྱིས་བསྒྱུར་དགོས་ཏེ། གྲུབ་མཐའི་ཚེས་ཞག་རེའི་ལོངས་སྤྱོད་རྐང་བྲལ་ལ་ཆུ་ཚོད་ང་དགུ། སྲང་གསུམ། དབུགས་བཞི། རི་མཁའ་རིའི་ཆ་བཅུ་དྲུག་རྣམས་ཡོད་པ་དེ་ཟླ་གཅིག་གི་བར་དུ་བསགས་པས་ཟླ་བ་རེའི་ངེས་པ་ལ་དེ་ལྟར་འབྱུང་བའི་ཕྱིར་རོ། །དེ་ལ་སྟེང་ནས་དབང་པོ་སྟེ་ལྔ་དང་། མདའ་འབྱུང་སྟེ་ང་ལྔ་དང་། བུ་ག་སྟེ་དགུ་དང་། ཐིག་ལེ་དང་། ཟུང་མིག་འབྱུང་བ་སྟེ་ལྔ་བརྒྱ་ཉེར་གཉིས་རྣམས་རིམ་པར་སྦྱིན་པ་ནི་རྩིས་འཕྲོའོ། །དེའི་འོག་ནས་རི་མཁའ་རི་དང་། རོ་དང་། མཁའ་རོ་དང་། མཁའ་རོ་དང་། རི་བོ་རྣམས་ཀྱིས་རིམ་བཞིན་གོང་ནས་གོང་དུ་དྲིལ་བའི་ལྷག་མ་ནི་གཟའི་གནས་དང་། དབྱུག་གུ་དང་། སྲང་དང་། དབུགས་དང་། རི་མཁའ་རིའི་ཆ་རུ་སྟེང་ནས་མར་རིམ་པ་བཞིན་དུ་བཞག་པ་ནི་གཟའ་དྷྲཱུའོ། །གཉིས་པ་ཆ་རིལ་གྱི་དོན་དུ། ཟླ་དག་གནས་གཉིས་ཀྱི་སྟེང་མ་མིག་དང་། འོག་མ་གཟུགས་ཀྱིས་བསྒྱུར་དགོས་ཏེ། རྒྱུ་མཚན་ལེའུ་སྔ་མར་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །དེ་ལ་སྟེང་འོག་ཏུ་རིམ་བཞིན་བུ་ག་སྟེ་དགུ་དང་། འབྱུང་ནོར་ཏེ་བརྒྱད་ཅུ་གྱ་ལྔ་བསྲེ་བ་ནི་རྩིས་འཕྲོ་ཡིན་ལ། དེ་དུས་ཉི་དང་ཀླུ་ལག་གིས་སྟེང་དུ་དྲིལ་བའི་ལྷག་མ་ནི་ཚོགས་པ་སྟེ་ཟླ་རྐང་རིལ་པོ་དང་། དེར་མ་ལོངས་པའི་ཆ་ཤས་ཀྱི་དྷྲཱུ་ཝ་ཀའོ། །གསུམ་པ་ཉི་དྷྲཱུའི་དོན་དུ། ཟླ་དག་གནས་ལྔར་བཞག་པ་དེ་ཉིད། ཡས་ནས་མར་རིམ་བཞིན་མིག་དང་། སྒྲ་སྒྲོག་དང་། ཀླུ་དབང་དང་། གཟུགས་དང་། རི་བོ་ཟླ་བ་རྣམས་ཀྱིས་བསྒྱུར་དགོས་ཏེ། རྒྱུ་མཚན་གྲུབ་མཐའི་ཉི་ཚེས་ཀྱི་ཡུལ་ལོངས་ཆུ་ཚོད་བཞི། སྲང་ཉེར་གཅིག །དབུགས་ལྔ། རི་རོ་ཆ་ཞེ་གསུམ་རྣམས་ཟླ་བ་གཅིག་ཏུ་བསགས་པས་དེ་ལྟར་འབྱུང་བའི་ཕྱིར་རོ། །དེ་ལ་སྟེང་ནས་རིམ་པ་བཞིན་དུ། དུས་མིག་སྟེ་ཉེར་དྲུག་དང་། རི་བོ་འབྱུང་བ་སྟེ་ལྔ་བཅུ་རྩ་བདུན་དང་། ལྔ་བཅུ་རྩ་དགུ་དང་། ནམ་མཁའ་སྟེ་ཐིག་དང་། འཁྲིག་པ་རིག་བྱེད་དེ་ཞེ་གཉིས་རྣམས་སྦྱིན་པ་ནི་རྩིས་འཕྲོའོ། །དེའི་འོག་ནས་རི་རོ་དང་། དུས་དང་། མཁའ་རོ་དང་། མཁའ་རོ་དང་། འཁོར་ལོ་རྣམས་ཀྱིས་རིམ་པར་གོང་དུ་དྲིལ་བའི་ལྷག་མ་ནི་སྐར་གནས་དང་། དབྱུག་གུ་དང་། སྲང་དང་། དབུགས་དང་། རི་རོའི་ཆ་རྣམས་སུ་སྟེང་ནས་མར་རིམ་བཞིན་དུ་རྣམ་པར་བཞག་པ་སྟེ་ཉི་དྷྲཱུའོ། །ཡང་མདའ་རོའི་ལྷག་མ་ལ་བརྟེན་ནས་ཉི་དྷྲཱུ་འཚོལ་ན། ཚེས་ཟླ་གཅིག་གི་ལོངས་སྤྱོད་མིག་ཕྱོགས་ཀླུ་དབང་སོགས་རེ་ལྔས་རིམ་པར་ཕྱེ་བའི་ནོར་བརྩེགས་པས་ཆུ་ཚོད་གཉིས། དབུགས་ལྔ། རེ་བདུན་ཆ་ཉེར་ལྔ་རྣམས། ཟླ་བ་སོ་སོའི་མདའ་རོའི་ལྷག་མ་གང་བྱུང་བ་དེས་བསྒྱུར་ཏེ། རང་རང་འཁོར་ལོས་དྲིལ་བའི་ལྷག་མས་རྒྱུ་སྐར་འཁོར་ལོ་དང་། སྐར་མིག་དབྱུག་ཚེས་སོགས་ལ་སྦྱངས་ན་ནག་པ་དང་། ས་ག་སོགས་ཟླ་བ་སོ་སོའི་དྷྲཱུ་ཝ་ཀ་རྣམ་པར་དག་པ་གོང་མ་དང་རི་མོ་གཅིག་ཏུ་འཆར་ཏེ། མདའ་རོའི་ལྷག་དང་ཉི་དྷྲཱུ་འཇུག་པ་གཅིག་པའི་རྒྱུ་མཚན་གྱིས་སོ། །བཞི་པ་དྷྲཱུ་ཝ་འཕོ་བའི་མགྱོགས་རྩིས་ནི། དེ་ལྟར་ནག་པའི་གཟའ་ཉི་རིལ་ཆའི་དྷྲཱུ་ཝ་ཀ་རྣམ་པར་དག་པར་བསྒྲུབས་ཟིན་པ་ན། དེ་གནས་བཅུ་གཉིས་སུ་བཞག་ལ་དྷྲཱུ་ཝའི་སྒྱུར་བྱེད་རྣམས་ཟླ་བ་སོ་སོའི་གྲངས་ཀྱིས་བསྒྱུར་ནས་སྦྱིན་པའམ། ཡང་ན་ཟླ་བ་སྔ་མ་སྔ་མའི་དྷྲཱུ་ཝར་གཟའ་ཉི་ཆ་རིལ་རྣམས་རང་རང་གི་སྒྱུར་བྱེད་སྦྱིན་ཏེ་རང་རང་གི་འཁོར་ལོས་དྲིལ་བའི་ལྷག་མར་གང་བྱུང་བ་དེས་ནི་ཟླ་བ་ཕྱི་མ་ཕྱི་མ་རེ་རེ་ཞིང་གི་ངེས་པ་རྣམ་པར་དག་པ་གསལ་བར་འབྱུང་བ་ཡིན་ནོ། །བཞི་པ་ཚེས་རེའི་ངེས་པ་བཤད་པ་ལ་ལྔའི་དང་པོ་གཟའ་ཕྱེད་དག་ནི། གཟའ་ཡི་དྷྲཱུ་ཝ་རྣམ་པར་དག་པ་ལ་ཆུ་ཚོད་དུ་ང་དགུ་དང་། མེ་སྟེ་སྲང་དུ་གསུམ་དང་། མཚོ་སྟེ་དབུགས་སུ་བཞི་དང་། མི་བདག་སྟེ་ཆ་ཤས་སུ་བཅུ་དྲུག་རྣམས་གང་རྩི་བར་བྱེད་པའི་ཚེས་དེའི་ཉིན་ཚེས་དེས་གློ་བུར་དུ་བསྒྱུར་ཏེ་སྟེར་བའམ། ཡང་ན་རྟག་ལོངས་དེ་ཉིད་གཅིག་ཐོག་ཏུ་གཅིག་བརྩེགས་པ་སུམ་ཅུའི་བར་སྤེལ་བའི་གཟའ་ཚེས་ཀྱི་རིའུ་མིག་ལས་གང་རྩིའི་ལོངས་སྤྱོད་དེ་སྦྱིན་པར་བྱས་ཀྱང་འདྲའོ། །སླར་ཡང་རྐང་པའི་ཆེད་དུ་རིལ་པོར་གང་རྩིའི་ཚེས་བསྲེས་ལ་ཆུ་ཟླ་སྟེ་བཅུ་བཞིས་བགོས་པའི་ནོར་དེ་སྣོན་འབྲིད་ཀྱི་མཚན་མར་ཟུར་དུ་བཞག་གོ། དེ་ཡང་ཐོབ་ནོར་ལ་གཅིག་གསུམ་བྱུང་ན་མི་མཉམ་ཞིང་། མིག་མཚོ་ཐིག་ལེ་བྱུང་ན་མཉམ་པ་ཡིན་ལ། རྙེད་པ་བཞི་ལས་མང་བ་ནི་ཐོབ་མི་སྲིད་དོ། །བཅུ་བཞིས་ཁྱེར་བའི་ལྷག་མར་ཇི་ཙམ་བྱུང་བ་དེས་ཟླ་བའི་རྐང་པ་བཟུང་བར་བྱ་སྟེ། རྐང་པ་གང་ཞེ་ན། མདའ་དབང་འབྱུང་མཚོ་མེ་མིག་གཟུགས་ཏེ་སྔ་རྐང་ནི་བདུན་པོ་དེ་ཡིན་ལ། ཕྱི་རྐང་དུ་ནི་དེ་ལས་གོ་རིམ་ལྡོག་སྟེ་བྲིའོ། །རྐང་པ་འཛིན་ཚུལ་ནི། དེ་ཡང་དྷྲཱུ་ཝ་སྟོང་ན་ཚེས་ཞག་སུམ་སྟོང་བདུན་བརྒྱ་བརྒྱད་ཅུ་ལ་རིལ་པོ་སུམ་སྟོང་བདུན་བརྒྱ་བརྒྱད་ཅུ་རྩ་གཅིག་རེ་སྤྱད་པས་དེ་ལྟར་ན་ཚེས་ཞག་རེ་ལ་རིལ་པོ་རེ་དང་། དེའི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་རེ་སྤྱོད་པར་འགྱུར་བ་ལས་རིལ་པོ་རྣམས་བསྡོམས་པའི་གྲངས་ནི། སྟོང་ལ་སྟོང་པ་རྣམ་པར་དག །ཅེས་སོགས་རྐང་འཛིན་ཕྱིས་ལ་རྐང་སྡོམས་བསྡོམས་གྲུབ་པའི་གྲངས་དེ་རྣམས་བྲི་ལ། དེའི་བསྡོམ་ཚུལ་ནི་སྔ་རྐང་ལ་ཟོས་ཟིན་དང་ཕྱི་རྐང་ལ་མ་ཟོས་པ་རྣམས་སྡོམ་པའོ། །དེ་ནས་དེའི་ཆ་ཤས་རྣམས་རྩི་བ་ནི། རྐང་བཟུང་མདུན་མ་དེས་ཆ་ཤས་ཀྱི་གནས་བསྒྱུར་བའམ། གལ་ཏེ་མ་ཟིན་ན་རྐང་པ་དང་པོ་ཉིད་ཀྱིས་བསྒྱུར་ནས། དུས་ཉིས་ཆ་ཤས་ཀྱི་བར་དུ་རིམ་པར་བགོས་པའི་ནོར་རྣམས་ནི་ཡང་དག་རྒྱུ་བའི་ཆུ་ཚོད་ཆུ་སྲང་ལ་སོགས་པའི་ལོངས་སྤྱོད་དོ། །དེ་རྣམས་སྔ་རྐང་ལ་ཆུ་ཚོད་གཉིས་པོ་བསྲེ་ཞིང་། ཕྱི་རྐང་ལ་འོག་མས་ཕྲི་ཞིང་དེ་ལས་ཕབ་སྟེ་རྒྱུ་བའི་ལོངས་སྤྱོད་ཀྱིས་སྦྱང་པ་སོགས་བྱས་པའི་རྐང་པའི་ལོངས་སྤྱོད་དེ་དག་གཟའི་ལོངས་སྤྱོད་དུ་ནོར་མཉམ་ན་སྦྱིན་ལ་མི་མཉམ་ན་དབྲི་བར་བྱ་སྟེ། དེ་ནི་རེས་གཟའ་ཕྱེད་དག་ཅེས་བྱ་བ་ཡིན་ནོ། །གཉིས་པ་གཟའ་ཉི་རྣམ་དག་ཏུ་སྒྲུབ་པ་ནི། ཉི་དྷྲཱུར། དབྱུག་གུར་མཚོ་སྟེ་བཞི་དང་། སྲང་དུ་གཟུགས་མིག་སྟེ་ཉེར་གཅིག་དང་། དབུགས་སུ་མདའ་སྟེ་ལྔ་དང་། མེ་མཚོ་སྟེ་ཆ་ཤས་སུ་ཞེ་གསུམ་རྣམས་ཚེས་བསྒྱུར་སྟེར་རམ། ཡང་ན་དེ་སུམ་ཅུའི་བར་དུ་སྤེལ་བའི་ཉི་ཚེས་རྟག་ལོངས་ཀྱི་རིའུ་མིག་སྦྱིན་པས་ཀྱང་འདྲ་སྟེ། དེ་ལྟར་སྦྱིན་པ་ནི་ཉི་བར་ཡིན་ནོ། །ཉི་བར་དེ་གནས་གཉིས་སུ་བྱས་པའི་གཅིག་ལ་ནི། ཐ་སྐར་ནས་ལག་གི་བར་རང་མ་སྐྱེས་གོང་གི་སྐར་མ་དྲུག་དང་། ནབས་སོའི་ཆུ་ཚོད་ཞེ་ལྔ་རྣམས་སྦྱང་ངོ་། །གལ་ཏེ་མ་ལྡངས་ན་རྒྱུ་སྐར་གྱི་འཁོར་ལོ་བསྣན་ལ་སྦྱང་ཞིང་། བསྣན་རུང་མ་བསྣན་རུང་སྦྱངས་རྗེས་སུ་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ལྷག་ན་དེ་ཉིད་དོར་རོ། །དེ་ལྟར་འཁོར་ཕྱེད་དོར་མ་དོར་གང་ཡིན་ཀྱང་སྐྱེས་ཁྱིམ་སྦྱངས་པའི་ལྷག་མ་ནི་རྐང་འཛིན་དག་པ་སྟེ། དེ་ཡི་སྐར་གནས་མཁའ་རོས་བསྒྱུར་བ་ལ་འོག་གི་ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས་བགོས་པའི་ཐོབ་ནོར་གྱིས་ཉི་མའི་རྐང་པ་བཟུང་ངོ་། །རྐང་པ་ནི་དུས་མཚོ་ཟླ་བ་གསུམ་བརྩེགས་པ་ནི་སྔ་རྐང་སྟེ། ཕྱི་རྐང་ལ་ནི་གོ་རིམ་དེ་ལས་ལྡོག་སྟེ་བྲིའོ། །འཛིན་ཚུལ་ནི། སྟོང་ལ་སྟོང་པ་རྣམ་པར་དག །ཅེས་སོགས་སྔ་རྐང་ལ་ཟོས་ཟིན་པ་དང་། ཕྱི་རྐང་ལ་མ་ཟོས་པའི་རྐང་པ་རྣམས་སྡོམ་མོ། །རྐང་བཟུང་གདོང་མར་གང་ཡོད་པ་དེས་མདའ་ཡོན་ཟླ་བས་བགོས་པའི་ལྷག་མ་ཇི་སྙེད་པའི་གནས་རྣམས་བསྒྱུར་བ་ཡིན་ལ། གལ་ཏེ་མ་ཟིན་ན་རྐང་པ་དང་པོས་བསྒྱུར་ནས་རང་འཁོར་དྲིལ་བ་ལ་མདའ་ཡོན་ཟླ་བས་ཆའི་བར་དུ་རིམ་པར་བགོས་པས་བརྙེད་པ་རྣམས་ནི་ཡང་དག་རྒྱུ་བའི་དབྱུག་སྲང་ལ་སོགས་པའི་ལོངས་སྤྱོད་དེ། རྐང་པ་མ་འདས་ན་ཆུ་ཚོད་གཉིས་པོ་བསྲེ་ཞིང་། འདས་ན་འོག་ནས་སྦྱང་བ་སོགས་སྔར་བཞིན་བྱས་པའི་རྐང་ལོངས་དག་པར་བྱས་པ་དེ་རྣམས་གཟའ་ཉི་ཕྱེད་དག་གི་ཆུ་ཚོད་མན་ཆད་དུ་འཁོར་ཕྱེད་དོར་ན་བསྣན་ཞིང་མ་དོར་ན་དབྲི་བའི་ཆོ་ག་དེ་ཡིས་གཟའ་ཉི་དག་པར་འགྱུར་རོ། །གསུམ་པ་ཟླ་སྐར་ནི། ཉི་དག་གནས་གཉིས་སུ་བྱས་པའི་གཅིག་ལ་ཆུ་ཚོད་མཚོ་དབང་སྟེ་ང་བཞི་གང་རྩིའི་ཚེས་ཀྱིས་བསྒྱུར་རམ། ཡང་ན་དེ་ཉིད་གཅིག་ཐོག་ཏུ་གཅིག་བརྩེགས་པ་སུམ་ཅུའི་བར་སྤེལ་བའི་ཟླ་ཚེས་ཀྱི་རེའུ་མིག་ལས་གང་རྩིའི་རྟག་ལོངས་སྦྱིན་ལ་འཁོར་ལོས་དྲིལ་བ་ནི་ཚེས་འཁྱུད་ཟླ་སྐར་ཞེས་བྱ་སྟེ་གཟའ་འཛིན་བརྟག་ན་དགོས་པ་ཡིན་ནོ། །རེས་གཟའི་ཆུ་ཚོད་མན་ཆད་ཀྱིས་དེའི་ལོངས་སྤྱོད་མན་ཆད་ལ་སྦྱངས་པའི་ལྷག་མ་ནི་རེས་འགྲོགས་ཟླ་སྐར་དག་པའོ། །འོ་ན་གཟའ་འཛིན་བརྟག་པ་ལ་ཚེས་འཁྱུད་ཟླ་སྐར་དགོས་པ་དང་ཚེས་བྲལ་རེས་འགྲོགས་སུ་ཅིའི་ཕྱིར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། དེ་ཡང་ཉི་འཛིན་བརྟག་པ་ལ་ཉི་དག་དགོས་པ་བཞིན་དུ་ཟླ་འཛིན་བརྟག་པ་ལ་ཟླ་བ་དག་པ་དགོས་ན། ཚེས་བྲལ་ཟླ་བ་ཟླ་བ་དག་པ་མཚན་ཉིད་པ་མ་ཡིན་པའི་ཕྱིར་ཏེ། ཟླ་བ་དག་པ་ཡིན་ན་ཚེས་བཅོ་ལྔ་ཟད་པའི་མཐར་ཉི་དག་གང་ན་གནས་པ་དེ་ནས་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་སོང་བའི་མཐར་གནས་པ་གཅིག་དགོས་ལ། དེ་ལྟ་བུ་ཚེས་འཁྱུད་ཟླ་བ་ལ་འོང་གི་ཚེས་ལོངས་ཀྱིས་སྦྱངས་པའི་ཟླ་བ་ལ་མི་འོང་བའི་ཕྱིར་རོ། །ཚེས་བྲལ་རེས་འགྲོགས་སུ་འགྱུར་བའི་རྒྱུ་མཚན་ཡང་། ཚེས་འཁྱུད་ཟླ་སྐར་ནི་དེ་ཉིན་གྱི་རེས་གཟའ་དང་འགྲོགས་པའི་ཟླ་སྐར་མ་ཡིན་ཏེ། ཚེས་ལོངས་ཀྱིས་ཕྲི་བའི་ལྷག་མ་གང་བྱུང་བ་དེ་ཉིན་ཞག་སྔ་མའི་རེས་གཟའ་དང་འགྲོགས་པ་ཡིན་པའི་ཕྱིར་ཉིན་ཞག་སྔ་ཕྱིའི་རེས་འགྲོགས་ཀྱི་ཆ་གཉིས་ཀ་ཡོད་པས་དེའི་ཉིན་གྱི་རེས་འགྲོགས་སུ་མི་འགྱུར་རོ། །བཞི་པ་སྦྱོར་བ་ནི། ཉི་ཟླ་གཉིས་བསྲེས་ལ་རང་རང་གི་འཁོར་ལོས་དྲིལ་བའི་ལྷག་མ་ནི་སྦྱོར་བ་དག་པ་འགྲུབ་བོ། །ལྔ་པ་འཕོ་བྱེད་བདུན་གྱི་རི་མོ་ནི། གང་རྩིའི་ཚེས་གྲངས་མིག་གིས་བསྒྱུར་ཞིང་། དེ་ལ་གཟུགས་ཀྱིས་དམན་ཏེ་ཐུབ་པས་བགོས་ནོར་དོར་བའི་ལྷག་མ་ནི་ཕྱི་ཆའི་བྱེད་པ་ཡིན་ལ། སྔ་ཆ་ནི་དེའི་ཤུགས་ལས་རྟོགས་ནུས་པས་རི་མོ་མ་མཛད་མོད་ཀྱི། འོན་ཀྱང་ཕྱི་ཆ་དེ་ལ་གཟུགས་ཀྱིས་ཕྲི་བས་སྔ་བྱེད་ཀྱི་རི་མོར་དོན་གྱིས་ཐོབ་བོ། །

གཉིས་པ་སྐྱེས་ཁྱིམ་སྦྱང་བའི་ཚུལ་ལ་དཔྱད་པ་ལ་གསུམ་སྟེ། དཔྱད་གཞི་འགོད་པ། དེ་ཞལ་ལུང་མཁན་པོའི་དགོངས་པ་ཡིན་པར་བསྟན་པ། དེ་ལ་ཇི་ལྟར་དཔྱད་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་འགྲུབ་པའི་ཡན་ལག་ལྔ་བཤད་པའི་རྗེས་དེ་ནས། ད་ནི་དཔྱད་པའི་གནས་འདི་ལྟ་བུ་ཞིག་ཡོད་དེ། དེ་ཡང་གྲུབ་མཐའི་ཉི་མའི་སྐྱེས་ཁྱིམ་སྦྱོང་བའི་སྐབས་སུ་སྐར་མ་ནས་མདའ་སྟེ་ལྔ་དང་། དབྱུག་གུ་ནས་རོ་སྟེ་དྲུག་སྦྱོང་བ་དང་། ཡང་གཟའ་བདུན་ཚེས་ལ་སྤྱོད་པའི་སྐབས་ཉི་མའི་སྐྱེས་ཁྱིམ་སྐར་མདའ་སྟེ་ལྔ་དང་། ཆུ་ཚོད་མེ་མེ་སྟེ་སོ་གསུམ་སྦྱོང་བར་འདོད་པ་དང་། འོག་ནས་ལེའུ་བཅུ་པར་འབྱུང་བའི་ཚེས་གཟའ་ལྔའི་སྐྱེས་ཁྱིམ་སྦྱོང་བར་ཡང་། མིག་དམར་ལ་ཀླུ་དང་དབྱུག་སྐྱོན་སྦྱོང་བ་དང་། དེ་བཞིན་དུ་སོགས་ཁོངས་ནས། ལྷག་པར་སྐར་ཚེས་དབྱུག་སྐྱོན་སྦྱངས། །ཕུར་བུར་ཕྱོགས་དང་ཀླུ་མཚོ་སྦྱངས། །པ་སངས་རིག་བྱེད་ཀླུ་མཚོ་སྦྱངས། །སྤེན་པར་མི་བདག་ཀླུ་ཆུ་སྦྱངས། །ཞེས་པ་རྣམས་སོ། །

གཉིས་པ་ནི། དེ་ལྟར་བཤད་པ་ལས་ཉི་མའི་སྐྱེས་ཁྱིམ་སྐར་མདའ་ཆུ་ཚོད་དུས་ཀྱིས་སྦྱོང་བ་ནི་དཔལ་མགོན་ཕྲིན་ལས་པ་དང་། ཆོས་རྗེ་བསོད་ནམས་ཚེ་འཛིན་སོགས་ཕུག་ལུགས་ཕྱི་མ་རྣམས་ཀྱི་བཞེད་པ་ཡིན་ལ། དེ་ལས་གཞན་རྣམས་ཞལ་ལུང་མཁན་པོའི་དགོངས་པ་ཡིན་ཏེ། ཇི་ལྟར་ན། ཞལ་ལུང་ལས། རི་མོས་ཇི་ལྟར་ཤར་བ་ལྟར་དུ་དོན་གྱི་ངོས་ནས་རང་འགྲོས་ཀྱི་བགྲོད་པ་མེད་པར་རྟོགས་ཏེ། དུམ་བུ་བཅུ་གཉིས་པོ་ཐམས་ཅད་ལ་རྐང་པའི་བྱ་བ་འཇོག་དགོས་པའི་ཕྱིར་རོ། །དེ་བས་ན་ཡི་གེ་འདིར་བཤད་པའི་རྐང་པའི་སྤྱོད་ཚུལ་ཕལ་ཆེ་བ་རྣམས་སྣང་ཚུལ་ལ་ལྟོས་པའི་བགྲོད་པར་ཤེས་པར་བྱའི་སྔ་མ་རྣམས་ཀྱི་བསམ་པ་ལྟར་མི་བྱའོ། །ཞེས་གསུངས་ཤིང་། དེའི་མཆན་བུར། འོན་ཀྱང་གནས་འདི་ཤིན་ཏུ་དཀའ་བས་ད་དུང་ལེགས་པར་དཔྱད་དེ་དཔྱད་པ་རྫོགས་པ་ན་ཡི་གེ་འདི་ལ་ལྷན་ཐབས་སུ་གླན་པར་འདོད་དོ། །ཞེས་འབྱུང་བའི་ལྷན་ཐབས་སུ་གླན་རྒྱུའི་དོན་འདི་ལྟར་ཡིན་པ་པཎ་ཆེན་གྱི་རྩིས་འཕྲོ་གསལ་སྒྲོན་ལས། ས་དུམ་བུ་བཅུ་གཉིས་པོ་རྣམས་སུ་ཉི་མའི་རྐང་པ་རྣམས་ནོར་བུ་ལོན་དུ་འགྱུར་བའི་ཚུལ་ལྷན་ཐབས་སུ་གླན་རྒྱུའི་དོན། ཞལ་ལུང་མཛད་པ་པོ་ཉིད་ཀྱིས་མཛད་པའི་ནོར་བུ་ལོན་གྱི་ཁྲ་མ་དང་། གཟའ་བདུན་ཚེས་ལ་སྤྱོད་པའི་སྐྱེས་ཁྱིམ་སྦྱོང་བའི་ཚུལ་རྣམས་ལ་བརྟགས་ན་འདི་ལྟར་ཡིན་པར་གོ་སྟེ། ས་དུམ་བུ་བཅུ་གཉིས་པོ་གང་གི་ཐད་དུ་བྱང་བགྲོད་ལ་བྱིན་ལྷོ་བགྲོད་ལ་དོར་ཞེས་པ་དང་། འཁོར་ཕྱེད་དོར་བྱིན་མ་དོར་དམན། །ཞེས་པ་རྣམ་པ་ཀུན་ཏུ་དོན་གཅིག་ཏུ་མཛད་དེ། སྐྱེས་ཁྱིམ་སྦྱོང་བའི་ཚེ། ལྷོ་གླིང་དབུས་མའི་ཚངས་ཐིག་ན་གནས་པ་རྣམས་ཀྱིས་སྐར་མ་ནས་དྲུག་དང་། ཆུ་ཚོད་ཞེ་ལྔ་སྦྱོང་བ་དང་། ལྷོ་གླིང་ནུབ་མའི་ཚངས་ཐིག་ན་གནས་པ་རྣམས་ཀྱིས་སྐར་མ་ནས་དགུ་སྦྱོང་བ་དང་། ནུབ་གླིང་ཤར་མའི་ཚངས་ཐིག་ན་གནས་པ་རྣམས་ཀྱིས། སྐར་མ་བཅུ་གཅིག་དང་ཆུ་ཚོད་བཅོ་ལྔ་སྦྱོང་བ་དང་། ནུབ་གླིང་དབུས་མའི་ཚངས་ཐིག་ན་གནས་པ་དེ་རྣམས་རིགས་པར་སྦྱར་ཏེ། ཤར་གླིང་དབུས་མའི་ཚངས་ཐིག་ན་གནས་པ་དེ་རྣམས་ཀྱིས། སྐར་མ་གཉིས་དང་ཆུ་ཚོད་བཅོ་ལྔ་སྦྱོང་བ་དང་། སླར་ཡང་རིགས་པ་སྦྱར་བས་སྐབས་གང་ཡིན་གྱི་ཉི་མ་བར་པ་རྩིས་བྱས་ནས་སྔ་རྐང་བསྣོན་ཞིང་ཕྱི་རྐང་འབྲིད་པ་དང་། ས་དུམ་བུ་བཅུ་གཉིས་པོ་རང་རང་ཚངས་ཐིག་གི་གནས་སུ་བྱང་བགྲོད་ལ་སྦྱིན་ཞིང་ལྷོ་བགྲོད་ལ་དོར་བ་དང་། ས་དུམ་བུ་བཅུ་གཉིས་ཀྱི་སའི་ཆར་རྐང་པའི་བྱ་བ་མི་འདྲ་བ་བཅུ་གཉིས་སུ་འགྱུར་བ་ཡིན་ལ། དེ་ཡང་དཔེར་མཚོན་ན་ཉི་བར་ལ་སྐར་མིག་དབྱུག་ཚེས་བྱུང་བའི་ཚེ། ས་དུམ་བུ་བཅུ་གཉིས་རྣམས་ཀྱི་རང་རང་གི་རྐང་པ་གཞིར་བཞག་ནས་རིམ་པ་བཞིན་རྐང་རྩིས་བྱས་པས། ལྷོ་གླིང་དབུས་མའི་ཚངས་ཐིག་ནས་བཟུང་སྟེ། ལྷོ་གླིང་ཤར་མའི་ཚངས་ཐིག་གི་བར་ལ་གཡས་སྐོར་གྱི་རིམ་པ་བཞིན་དུ། སྐར་མ་གཉིས་དང་། ཆུ་ཚོད་ཉེར་ལྔ་དང་། སྐར་མ་གཉིས་དང་། ཆུ་ཚོད་ཉེར་དྲུག་དང་། སྐར་མ་གཉིས་དང་། ཆུ་ཚོད་ཉེར་ལྔ་དང་། སྐར་མ་གཉིས་དང་། ཆུ་ཚོད་ཉེར་གཅིག་དང་། སྐར་མ་གཉིས་ཆུ་ཚོད་བཅོ་ལྔ། སྐར་མ་གཉིས་ཆུ་ཚོད་དགུ། སྐར་མ་གཉིས་ཆུ་ཚོད་བཅོ་ལྔ། སྐར་མ་གཉིས་ཆུ་ཚོད་ཉེར་གཅིག་རྣམས་ཉིན་ཞག་ལ་དུས་ཅིག་ཅར་དུ་འོང་བ་ལྟ་བུ་འོང་བ་ཡིན་ནོ། །དེ་ལྟར་ན་ཞལ་ལུང་མཁན་པོའི་དགོངས་པ་ཡིན་པའི་ཚུལ་ནི། གཟའ་བདུན་ཚེས་ལ་སྤྱོད་པ་ལས་ཉི་མའི་སྐྱེས་ཁྱིམ་སྦྱོང་བའི་ཚེ། སྐར་གནས་ལྔ་དང་ཆུ་ཚོད་སོ་གསུམ་སྦྱོང་བ་རང་ཅག་རྣམས་གནས་པའི་ས་འདི་ཡིན་པར་བཤད་ལ། དེ་ཡང་རང་ཅག་རྣམས་གནས་པའི་ས་འདིར། ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་ཉི་མ་ལྡོག་པ་ལས། ཚེས་ཞག་བཅུ་དྲུག་ལྷག་ཙམ་གྱི་སྔོན་ལ་ཉི་མ་ལྡོག་པར་བཞེད་པའི་རྒྱུ་མཚན་གྱི་ཡིན་ཞིང་། ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་ཉི་མ་ལྡོག་པ་ལས། རང་ཅག་རྣམས་གནས་པའི་ས་འདིར་ཉི་མ་ལྡོག་པའི་ཚེས་ཞག་བཅུ་དྲུག་ལྷག་ཙམ་གྱི་སྔ་བར་བྱས་པ་ན་རང་ཅག་རྣམས་གནས་པའི་ས་འདི། ལྷོ་གླིང་ཤར་མ། ལྷོ་གླིང་དབུས་མའི་མཚམས་ཀྱི་རེ་ཁཱའི་ཤར་འཁྲིས་ལྟ་བུ་ན་ཡོད་པར་བྱ་དགོས་པས། ས་དེར་ཉི་མའི་སྐྱེས་ཁྱིམ་སྦྱོང་བ་ན། སྐར་མ་ནས་ལྔ་དང་། ཆུ་ཚོད་ནས་སོ་གསུམ་སྦྱོང་དགོས་པར་སོང་ལ། དེའི་རིགས་པས། གཞན་རྣམས་ལ་དཔགས་ན། ལྷོ་གླིང་ཤར་མའི་ཚངས་ཐིག་ཏུ་ཉི་མའི་སྐྱེས་ཁྱིམ་སྦྱོང་བ་ན། སྐར་མ་བཞི་དང་། ཆུ་ཚོད་སུམ་ཅུ་སྦྱོང་བ་དང་། ཤར་གླིང་ནུབ་མའི་ཚངས་ཐིག་ཏུ། སྐར་མ་གཉིས་དང་ཆུ་ཚོད་བཅོ་ལྔ་སྦྱོང་བ་དང་། ཤར་གླིང་དབུས་མའི་ཚངས་ཐིག་ཏུ་ཉི་མའི་སྐྱེས་ཁྱིམ་སྦྱོང་མི་དགོས་པ་གོང་དུ་བཤད་པར་བཞེད་པར་གོ་ནུས་པ་དང་། དེ་ལྟར་བྱས་ནས་དུམ་བུ་བཅུ་གཉིས་པོའི་ས་ཆ་གང་དང་གང་དུ་བྱང་བགྲོད་ལ་བྱིན། ལྷོ་བགྲོད་ལ་དོར། འཁོར་ཕྱེད་དོར་བསྣན་མ་དོར་དམན། །ཞེས་པ་དོན་གཅིག་ཏུ་བཞེད་པར་གོ་ནུས་པའི་ཕྱིར་རོ། །ཡང་ཉི་བར་ལ་སྐར་མིག་དབྱུག་ཚེས་ལྟ་བུ་བྱུང་བའི་ཚེ། ས་དུམ་བུ་བཅུ་གཉིས་པོ་རྣམས་ཀྱི་ཚངས་ཐིག་རྣམས་སུ། ཉི་མའི་རྐང་རྩིས་བྱས་པ་ན། རྐང་པ་ནོར་བུ་ལོན་དུ་འགྲོ་ཚུལ་གོང་དུ་བཤད་པ་ལྟར། ཞལ་ལུང་མཁན་པོའི་དགོངས་པའང་ཡིན་ཏེ། ཁོང་རང་ཉིད་ཀྱིས་རྐང་པའི་ནོར་བུ་ལོན་གྱི་ཁྲ་མ་མཛད་པ་དང་། ཀརྚའི་ཁྱིམ་ན་ཉི་མ་ཡོད་པའི་ཚེ་ལྷོ་གླིང་དབུས་མའི་ཚངས་ཐིག་དང་། ལྷོ་གླིང་ནུབ་མའི་ཚངས་ཐིག་ཏུ་རྐང་པ་དྲུག་བུ་ལོན་དུ་འགྱུར་བ་དང་། ལྷོ་གླིང་ཤར་མ་དང་ནུབ་གླིང་ཤར་མར་རྐང་པ་བཞི་བུ་ལོན་དུ་གྱུར་བ་དང་། ཤར་གླིང་ནུབ་མའི་ཚངས་ཐིག་དང་། ནུབ་གླིང་དབུས་མའི་ཚངས་ཐིག་ཏུ་རྐང་པ་གཅིག་བུ་ལོན་དུ་གྱུར་བ་དང་། བྱང་གླིང་དབུས་མའི་ཚངས་ཐིག་དང་། བྱང་གླིང་ནུབ་མའི་ཚངས་ཐིག་ཏུ་རྐང་པ་དྲུག་ནོར་དུ་འགྱུར་བ་དང་། བྱང་གླིང་ཤར་མའི་ཚངས་ཐིག་དང་། ཤར་གླིང་ཤར་མའི་ཚངས་ཐིག་ཏུ་རྐང་པ་བཞི་ནོར་དུ་འགྱུར་བ་དང་། ནུབ་གླིང་ནུབ་མའི་ཚངས་ཐིག་དང་། ཤར་གླིང་དབུས་མའི་ཚངས་ཐིག་ཏུ་རྐང་པ་གཅིག་ནོར་དུ་འགྱུར་བར་བཤད་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །དེ་ལྟར་ན་ཞལ་ལུང་མཁན་པོས་བཤད་པ་དེ་བཞིན་དུ་དེང་སང་གི་དུས་འདི་ན་རྩིས་པ་ཕལ་ཆེ་བ་སྟེ་ཕུག་ལུགས་ཀྱི་སྲོལ་འཛིན་ཏོ་ཅོག་རྣམས་སྐྱེས་ཁྱིམ་སྦྱོངབའི་ཆོ་ག་ཐུན་མིན་འདི་ལ་ཕྱག་ལེན་མཛད་པར་སྣང་ངོ་། །

གསུམ་པ་ཇི་ལྟར་དཔྱད་པའི་ཚུལ་ལ་གཉིས་ཏེ། མི་རིགས་པ་དགག་པ་དང་། རིགས་པའི་ལམ་བསྟན་པའོ། །དང་པོ་ནི། ཞལ་ལུང་མཁན་པོ་རྗེས་འབྲངས་དང་བཅས་པའི་བཞེད་པ་དེ་ལྟར་ཡིན་མོད་ཀྱི། འོན་ཀྱང་སྐབས་འདིའི་ཞལ་ལུང་གི་དཔྱད་པ་ཧ་ཅང་ཐལ་ཆེས་པས་མི་འཐད་དོ། །ཞེས་མཁས་པ་སྔ་མས་བཀག་པའི་ཕྱིར་དང་། རང་གི་རྣམ་པར་དཔྱོད་པའི་རིག་པས་བརྟགས་པ་ནའང་མི་རིགས་པར་མཐོང་བའི་ཕྱིར་ཁོ་བོས་དོར་རོ། །འོ་ན་མཁས་པ་སྔ་མས་ཇི་ལྟར་བཀག་ཅེ་ན། ལུགས་འདི་ལ་ཚད་མར་གྱུར་པའི་མཁས་པ་ཆེན་པོ་ནོར་བཟང་རྒྱ་མཚོས་བཀག་སྟེ། ཇི་ལྟར་ན། རྩིས་འཕྲོ་གསལ་སྒྲོན་གྱི་གོང་གི་འཕྲོས་ལས། འོ་ན་ཞལ་ལུང་མཁན་པོའི་བཞེད་པ་ལྟར་ཁས་བླང་བར་བྱ་བ་ཡིན་ནམ་སྙམ་ན། བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་ཞལ་སྔ་ནས། འདིའི་སྐབས་ཀྱི་ཞལ་ལུང་གི་བཤད་པ་ནི་ཧ་ཅང་དཔྱད་པ་ཞིབ་དྲགས་པ་སྐྱོན་དུ་སོང་བས་མི་འཐད་པ་ཁོ་ནའོ་གསུངས་པ་ལྟར། མི་འཐད་པ་ཉིད་དུ་རྟོགས་ཏེ། དེ་ཡང་འདི་ལྟར། ཟླ་བཤོལ་མཐའ་རུ་བྱུང་བའི་ཧོར་ཟླ་བཅུ་གཅིག་པ་གཉིས་ཡོད་པ་དེའི་ཚེ། མགོ་ཟླ་ཕྱི་མའི་ཉེར་དགུའི་ཉིན་རྩིས་བྱས་པ་ན་ཉི་བར་ལ་སྐར་མ་ཉི་ཤུ། ཆུ་ཚོད་བཅུ། ཆུ་སྲང་སོ་བརྒྱད། དབུགས་སྟོང་པ། རེ་བདུན་ཆ་ཉེར་བཞི་འོང་ལ། དེ་ལ་ལྷོ་གླིང་དབུས་མའི་ཚངས་ཐིག་པས། སྐར་མའི་གནས་ནས་དྲུག །ཆུ་ཚོད་ནས་ཞེ་ལྔ་དོར་ནས་རྐང་རྩིས་བྱས་པ་ན། ཆུ་སྲང་བཅུ་གཅིག །དབུགས་གསུམ། རེ་བདུན་ཆ་བདུན་རྐང་ལོངས་ལ་འོང་ལ། དུས་དེའི་ཚེ་ཚངས་ཐིག་པའི་ལྷོ་བགྲོད་ཡིན་པས་ཉི་བར་ལ་ཕྲི་བས་སྐར་མ་ཉི་ཤུ། ཆུ་ཚོད་བཅུ། སྲང་ཉེར་དྲུག །དབུགས་གཉིས། རེ་བདུན་ཆ་སོ་བཞི་འོང་ཞིང་། རང་ཅག་རྣམས་གནས་པའི་ས་འདིར། སྐར་མའི་གནས་ནས་ལྔ་དང་། ཆུ་ཚོད་ནས་སོ་གསུམ་དོར་ནས་རྐང་རྩིས་བྱས་པས་རྐང་ལོངས་ལ་ཆུ་ཚོད་གསུམ། སྲང་སྟོང་པ། དབུགས་གཉིས། རེ་བདུན་ཆ་བཅུ་འོངས་ཏེ། དེ་དུས་དེའི་ཚེ་རང་ཅག་རྣམས་གནས་པའི་ས་འདིར་བྱང་བགྲོད་ཡིན་པས། ཉི་བར་ལ་སྦྱིན་པས་སྐར་མ་ཉི་ཤུ། ཆུ་ཚོད་བཅུ་གསུམ། སྲང་སོ་བརྒྱད། དབུགས་གཉིས། རེ་བདུན་ཆ་སོ་བཞི་འོང་བར་ཞལ་ལུང་མཛད་པ་པོས་ཁས་ལེན་དགོས་ལ། དེ་ལྟར་ན་ཚེས་ཉེར་དགུ་ཟད་མཚམས་སུ་ཚངས་ཐིག་ཏུ་ཉི་མས་སྐར་མ་ཉེར་གཅིག་པའི་སྟེང་དུ་སླེབས་ནས་ཆུ་ཚོད་བཅུ། སྲང་ཉེར་དྲུག་སོང་བར་ཁས་ལེན་པ་དང་། རང་ཅག་རྣམས་གནས་པའི་ས་འདིར་ཚེས་ཉེར་དགུ་ཟད་མཚམས་སུ་ཉི་མས་སྐར་མ་ཉེར་གཅིག་པའི་སྟེང་དུ་སླེབས་ནས་ཆུ་ཚོད་བཅུ་གསུམ་སྲང་སོ་བརྒྱད་སོང་བར་ཁས་ལེན་དགོས་པས། དེ་ལྟར་ཁས་ལེན་པ་ནི་མི་རིགས་པ་ཉིད་དོ། །གཞན་ཡང་ཚངས་ཐིག་དང་། རང་ཅག་རྣམས་གནས་པའི་ས་འདིའི་རྐང་ལོངས་གཉིས་པོ་དེ་དུས་དེའི་ཚེའི་ཚེས་ཀྱི་ལོངས་སྤྱོད་ལ་ཚངས་ཐིག་ཏུ་ཕྲི། རང་ཅག་རྣམས་གནས་པའི་ས་འདིར་བསྣན་པ་ན། རང་ཅག་རྣམས་གནས་པའི་ས་འདིར་ཚེས་ཉེར་དགུ་དེ་ཕྱི་ལ་རྫོགས་པ་དང་། ཚངས་ཐིག་ཏུ་ཚེས་ཉེར་དགུ་དེ་སྔོན་ལ་རྫོགས་པར་ཁས་ལེན་དགོས་ན་དེ་ཡང་མི་རིགས་ཏེ། རང་ཅག་རྣམས་གནས་པའི་ས་འདི་དང་། ཚངས་ཐིག་པ་རྣམས་ཀྱི་ཐད་དུ། ཚེས་ཀྱི་འགོ་རྩོམ་པ་དང་མཇུག་རྫོགས་པ་རྣམས་དུས་གཅིག་པའི་ཕྱིར་རོ། །གཞན་ཡང་གཟའ་རྣམས་སྐར་ཁྱིམ་གྱི་ཡུལ་ལ་ལོངས་སྤྱོད་པའི་ཚེ། རྐང་ལོངས་རྩོམ་པའི་ཐོག་མ་ཐ་སྐར་ནས་བྱེད་པ་དང་། དལ་རྐང་དང་བཅས་པའི་གཟའ་རྣམས་ཀྱི་དལ་རྐང་ནི། ལོངས་སྤྱོད་སྤྱོད་པའི་ཐོག་མ་གཟའ་རང་གང་སྐྱེས་པའི་སྐར་མ་ཆུ་ཚོད་སོགས་ཀྱི་མཚམས་ནས་ཐོག་མར་སྤྱོད་པས་རང་རང་གི་སྐྱེས་ཁྱིམ་སྦྱོང་བ་ན་རང་སྐྱེས་པའི་སྐར་མ་དང་། སྐར་མའི་ཆུ་ཚོད་སོགས་ཀྱི་མཚམས་ནས་ཐ་སྐར་གྱི་བར་དུ་སྦྱོང་བ་ཡིན་ལ། རྒྱུ་མཚན་དེ་ཉིད་ཀྱིས་ན་ཉི་མ་ཡང་ནབས་སོའི་བཞི་གསུམ་ཤར་མཚམས་སུ་སྐྱེས་པ་ཡིན་པས་ཉི་མའི་སྐྱེས་ཁྱིམ་སྦྱོང་བ་ན་སྐར་གནས་ནས་དྲུག་དང་། ཆུ་ཚོད་ནས་ཞེ་ལྔ་དོར་བ་འདི་ས་དུམ་བུ་བཅུ་གཉིས་ཀྱི་སའི་ཆ་ཐམས་ཅད་དུ་ཁས་བླང་བར་བྱ་བ་ཡིན་པ་ལ། ཁྱེད་ཅག་ནི་ཉི་མའི་སྐྱེས་ཁྱིམ་སྦྱོང་བ་ན། ལྷོ་གླིང་དབུས་མའི་ཚངས་ཐིག་གི་ཐད་དུ་སྐར་མ་དྲུག་དང་ཆུ་ཚོད་ཞེ་ལྔ་སྦྱོང་བ་དང་། རང་ཅག་རྣམས་གནས་པའི་ས་འདིར་སྐར་མ་ལྔ་དང་ཆུ་ཚོད་སོ་གསུམ་འདོར་བ་དང་། ལྷོ་གླིང་ཤར་མའི་ཚངས་ཐིག་ཏུ་སྐར་མ་བཞི་དང་ཆུ་ཚོད་སུམ་ཅུ་དོར་བ་སོགས་ཉི་མའི་སྐྱེས་ཁྱིམ་སྦྱོང་ཚུལ་ས་དེ་དང་དེར། ཉི་མའི་བགྲོད་པ་ཐ་དད་པའི་དབང་གིས་སྣ་ཚོགས་པར་ཁས་ལེན་པར་བྱེད་ན་དེ་ཡང་མི་རིགས་ཏེ། དེ་ལྟར་ན་ས་དུམ་བུ་བཅུ་གཉིས་ལ་རང་རང་གི་དགུན་ཉི་ལྡོག་པའི་སའི་ཆ་མི་འདྲ་བ་སུམ་བརྒྱ་རེ་ལྔ་ཡོད་པས་ཉི་མ་ལ་ཡང་སྐྱེས་སྐར་མི་གཅིག་པ་ཉེར་བདུན་ཡོད་པར་ཁས་ལེན་དགོས་པར་འགྱུར། གཞན་ཡང་ཟླ་བཤོལ་མཐའ་རུ་བྱུང་བའི་ཧོར་ཟླ་ལྔ་པ་གཉིས་ཡོད་པ་དེའི་ཚེ། ཆུ་སྟོད་ཟླ་བའི་ཚེས་གཅིག་གི་ཉིན་རྩིས་བྱས་པ་ན་ཉི་བར་ལ་སྐར་མ་དྲུག །ཆུ་ཚོད་ཞེ་དགུ། སྲང་ཉེར་གཅིག །དབུགས་ལྔ། རེ་བདུན་ཆ་གསུམ་འོང་ལ། དེ་ལ་རྐང་རྩིས་བྱས་པ་རྐང་ལོངས་སྲང་བཅུ་གཅིག །དབུགས་གསུམ། རེ་བདུན་ཆ་བདུན་འོང་ལ། དེ་ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་བུ་ལོན་དུ་སོང་བས་ཉི་བར་ལ་ཕྲི་བས་སྐར་མ་དྲུག །ཆུ་ཚོད་ཞེ་དགུ། སྲང་བཅུ། དབུགས་གཅིག །རེ་བདུན་ཆ་ང་གསུམ་འོང་ཞིང་། བྱང་གླིང་དབུས་མའི་ཚངས་ཐིག་ཏུ་ནོར་དུ་སོང་བས་སྐར་མ་དྲུགཆུ་ཚོད་ཞེ་དགུ། སྲང་སོ་གསུམ། དབུགས་གསུམ། རེ་བདུན་ཆ་སོ་གསུམ་འོང་བར་ཁས་ལེན་དགོས་ལ། དེ་ལྟར་ཁས་བླངས་པ་ན་ཆུ་སྟོད་ཟླ་བའི་ཚེས་གཅིག་ཟད་མཚམས་ཡན་ལ་ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་སྐར་མ་དྲུག །ཆུ་ཚོད་ཞེ་དགུ། སྲང་བཅུ་སོགས་ལས་སྤྱད་མ་ཚར་བ་དང་། བྱང་གླིང་དབུས་མའི་ཚངས་ཐིག་ཏུ་སྐར་མ་དྲུག་དང་ཆུ་ཚོད་ཞེ་དགུ། སྲང་སོ་གསུམ་སོགས་སྤྱད་ཚར་བར་ཁས་ལེན་དགོས་ན་དེ་ཡང་མི་འཐད་དོ། །དེས་མཚོན་ནས་བརྗོད་ཚུལ་དུ་མ་དག་ཀྱང་ཤེས་པར་བྱའོ། །གཞན་ཡང་རྐང་པ་རྣམས་ཕལ་ཆེར་གཙོ་བོ་ནི་རང་རང་གི་རླུང་འགྲོས་ལ་བརྟེན་ནས་བྱུང་བ་ཙམ་ཡིན་གྱི། དོན་ངོས་ནས་རང་འགྲོས་ཀྱི་བགྲོད་པ་མེད་པར་རྟོགས་ཏེ། ཞེས་གསུངས་པའང་མི་འཐད་དེ། དེ་ལྟར་ཡིན་ན་ཉི་མའི་རྐང་ལོངས་ཉི་བར་ལ་བྱིན་པའི་ཉི་དག་དེ་ལ་བརྟེན་ནས་ཉི་མ་སྐར་མའི་སྟེང་དུ་སླེབ་ནས་ཆུ་ཚོད་སྲང་དབུགས་སོགས་འདི་ཙམ་ཞིག་སོང་ངོ་ཞེས་མི་རྟོགས་པར་ཁས་ལེན་དགོས་ན་དེ་ནི་མི་རིགས་ཏེ། བསྡུས་རྒྱུད་ལས། ལོངས་སྤྱོད་ཀྱིས་ནི་ཆུ་ཚོད་བསྒྱུར་ནས་མདའ་དང་ཡོན་ཏན་ཟླ་བས་ཆས་ཐོབ་ལོངས་སྤྱོད་དང་བཅས་པ། །བགྲོད་པ་བགྲོད་པའི་དབང་གིས་ཉི་མ་ལའང་བྱིན་དང་དོར་ཏེ་གཞན་དུ་དག་པ་ཡོད་མ་ཡིན། །ཞེས་སོགས་ཀྱི་རྩ་འགྲེལ་རྣམས་དང་འགལ་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཁོ་བོ་ཡང་དེའི་རྗེས་སུ་འབྲངས་ཏེ་སྨྲ་བར་བྱེད་དོ། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན་བཤད་པར་བྱ་ཡི་ལེགས་པར་ཉོན་ཅིག །དེ་ཡང་ཉི་མའི་སྐྱེས་ཁྱིམ་སྐར་མ་ནས་ལྔ་དང་། ཆུ་ཚོད་ནས་དྲུག་དང་སོ་གསུམ་སྦྱོང་བ་ལ་སོགས་པའི་འདོད་པ་དེ་དག་མི་རིགས་པ་ཉིད་དེ་ལུང་རིགས་གཉིས་ཀ་དང་འགལ་བའི་ཕྱིར་རོ། །ཇི་ལྟར་འགལ་ན། རྒྱུད་ལས། དུས་ཀྱི་རྒྱུ་སྐར་རྐང་པ་གསུམ་བཅས་ཉི་མའི་ལོངས་སྤྱོད་དབུས་ནས་སྦྱང་བར་བྱ། །ཞེས་གསུངས་པ་དང་འགལ་ཞིང་། དེར་མ་ཟད་སྐྱེས་ཁྱིམ་སྦྱོང་བ་ནི། གཟའ་རྣམས་རང་རང་གང་དུ་སྐྱེས་པའི་ཁྱིམ་གྱི་སྐར་མ་དང་དབྱུག་གུ་ནས་བཟུང་སྟེ་ལུགས་ལྡོག་ཏུ་བགྲངས་པའི་ཁྱིམ་གྱི་ཐོག་མ་ལུག་དང་སྐར་མའི་ཐོག་མ་ཐ་སྐར་གྱི་བར་དུ་སྦྱོང་བའི་དོན་ཡིན་ཏེ། གཟའ་རྣམས་རང་རང་སྐར་ཁྱིམ་གྱི་ཡུལ་ལ་ལོངས་སྤྱོད་པའི་ཚེ་རྐང་ལོངས་རྩོམ་པའི་དང་པོ་ནི་ལུག་ཁྱིམ་གྱི་ཐོག་མ་ཐ་སྐར་ནས་བྱེད་དགོས་པའི་ཕྱིར་རོ། །དེ་ལྟར་ན་འདི་སྙམ་དུ། དྲུག་ཞེ་ལྔས་སྦྱོང་བར་གསུངས་པ་ནི། ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་དེ་ལ་དབྱར་ཉི་ལྡོག་པས་དེས་སྦྱངས་པ་ཡིན་ལ། རང་ཅག་རྣམས་གནས་པའི་ས་འདིར་སྐར་མ་ལག་གི་སྟེང་དུ་དབྱར་ཉི་ལྡོག་པས་དེས་སྐྱེས་ཁྱིམ་སྦྱོང་བར་རིགས་པར། བགྲོད་པ་ཉི་མ་དག་པར་བྱ། །ཞེས་གསུངས་པས་གྲུབ་བོ་ཞེ་ན། དེ་ལ་དབྱར་ཉི་ལྡོག་པ་བདེན་ཡང་། སྐྱེས་ཁྱིམ་སྦྱོང་བ་དང་ཉི་ལྡོག་གཅིག་ཏུ་འགྲིག་པ་ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་ཡིན་གྱི། རྣམ་པ་ཐམས་ཅད་དུ་དེ་ལྟར་མ་ཡིན་ཏེ། གལ་ཏེ་ཡིན་ན་དུམ་བུ་རང་རང་གི་ཉི་མ་ལྡོག་པའི་ས་ཆ་མི་འདྲ་བ་དུ་མ་ཡོད་པ་བཞིན་དུ་ཉི་མ་ལ་སྐྱེས་སྐར་མི་གཅིག་པ་དུ་མ་ཞིག་ཡོད་པར་ཁས་ལེན་དགོས་ལ། དེ་ལྟར་ན་ནི་སྐྱེས་བུ་གཅིག་ལ་སྐྱེ་ས་མི་གཅིག་པ་དུ་མ་ཡོད་པར་འདོད་པ་ལྟར་འཇིག་རྟེན་པའི་ཐ་སྙད་དང་ཡང་འགལ་ཞིང་། དུ་མ་མི་འདོད་ན་ནི་ཉི་ལྡོག་དང་བསྟུན་ནས་སྦྱོང་དགོས་པའི་རང་གི་རྩ་བའི་གྲུབ་མཐའ་དང་ཡང་འགལ་ལ། དེར་མ་ཟད་ཁྱོད་ལྟར་ན་ཉི་མའི་སྐྱེས་ཁྱིམ་ཀརྐ་ཊ་མ་ཡིན་པར་ཐལ། འཁྲིག་པ་ཡིན་པའི་ཕྱིར་ཏེ། ལག་ལས་སྐྱེས་པའི་ཕྱིར། འདོད་ན། ཁམས་ལེའི་འགྲེལ་ཆེན་ལས། ཉི་མའི་རྐང་པ་དག་པར་བྱ་བའི་ཕྱིར་ལུག་ལ་སོགས་པའི་ཁྱིམ་གསུམ་ཡོངས་སུ་སྦྱང་བར་འགྱུར་ཞིང་ཀརྐ་ཊ་སྐྱེ་བའི་ཁྱིམ་དུ་འགྱུར་རོ། །ཞེས་དང་། ཡེ་ལེའི་མདོར་བསྡུས་བཞི་པ་ལས། ད་ནི་གཟའ་རྣམས་ཀྱི་སྐྱེ་བའི་ཁྱིམ་གསུངས་པ། ལུག་ཅེས་ལ་སོགས་པ་རྣམས་ཏེ། འདིར་གྲངས་བཞིན་དུ་ལུག་དང་འཁྲིག་པ་དང་ཀརྐ་ཊར་ནི་རི་བོང་ཅན་དང་པ་སངས་དང་ཉི་མ་བྱུང་བར་གྱུར་ཏོ། །ཞེས་སོགས་གཟའ་སོ་སོའི་སྐྱེས་ཁྱིམ་གསུངས་པ་རྣམས་ཀྱང་དོན་མེད་པར་འགྱུར་རོ། །གཉིས་པ་རིགས་པའི་ལམ་བསྟན་པ་ནི། དེ་ལྟ་བས་ན་སའི་དུམ་བུ་བཅུ་གཉིས་ཀྱི་ཆ་ཀུན་ཏུ། ཉི་མའི་སྐྱེས་ཁྱིམ་སྦྱོང་བ་ན་སྐར་མ་ནས་དྲུག་དང་། ཆུ་ཚོད་ནས་ཞེ་ལྔ་སྦྱོང་བར་མཛོད་ཅིག་ཅེས་སྐར་རྩིས་ཀྱི་རིག་པའི་གནས་སྨྲ་བ་ཀུན་ལ་ཁོ་བོས་ལན་བརྒྱར་ཐལ་མོ་སྦྱར་ཏེ་ཞུའོ། །དེ་བཞིན་དུ་གཟའ་ལྔའི་སྐྱེས་ཁྱིམ་སྦྱོང་བ་ལའང་། མིག་དམར་ལ་ཕྱེད་བཅས་དགུ་སྦྱོང་བ་སོགས་རྒྱུད་འགྲེལ་ལས་གསུངས་པ་ཇི་ལྟ་བ་བཞིན་དུ་སྦྱོང་བར་རིགས་ཏེ། རྒྱུ་མཚན་ནི་གོང་བཞིན་ནོ། །དེ་ལྟར་ན་ཁྱོད་ཞལ་ལུང་མཁན་པོའི་རྗེས་འབྲང་དུ་ཁས་ལེན་བཞིན་དུ་དེའི་ཞེ་འདོད་འགོག་པ་ཅི་ཞེ་ན། ལན་ནི། སྤྱིར་ན་ཁོ་བོ་ཞལ་ལུང་གི། ཞེས་སོགས་ཏེ། སྤྱིར་དེ་ལྟར་ཡིན་ཀྱང་དོན་འདི་ལ་སྔ་རབས་ཀྱི་དུས་ཞབས་པ་ཆེན་པོ་རྣམས་དང་ཕྱིས་ཀྱི་པཎ་ཆེན་ནོར་བཟང་བ་སོགས་གང་རིགས་པའི་རྗེས་སུ་འབྲངས་ཏེ། གང་ཟག་གི་རྗེས་སུ་འབྲེང་བ་ཙམ་ནི་མཁས་པའི་ལུགས་མ་ཡིན་པའི་ཕྱིར་ཏེ། རྒྱན་སྟུག་པོ་ལས། ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པས་སོ། །གཞན་ཡང་དཔང་ལོ་ཆེན་པོས། མཁས་པ་ཉི་མའི་ཕྲིན་ལས་ལ། །སྲིན་བུ་མེ་ཁྱེར་ལྟ་བུ་ཡིས། །མཁས་འདོད་བྱ་བར་མི་རིགས་ཀྱང་། །བསམ་པ་དག་པས་སྐྱོན་མེད་སྙམ། །ཞེས་གསུངས་པ་ལྟར་དཔྱད་པ་ཅུང་ཟད་བྲིས་པ་འདི་ལ་སྡང་སེམས་དང་ཕྱོགས་ལྷུང་དུ་རྟོག་པར་མི་བྱ་སྟེ། ཅིའི་ཕྱིར་ན་མཁས་པ་ཆེན་པོ་དག་གིས་ལེགས་པར་བཤད་པ་འོ་མའི་རྒྱ་མཚོ་ཆེན་པོ་ལྟར་གཏིང་དཔག་དཀའ་བར་གྱུར་མོད་ཀྱི། དེ་ལྟར་ན་ཡང་། ཕན་ཟོལ་རིན་ཆེན་ལ་བལྟ་ཡི། །འགལ་དུམ་ལ་ནི་སུ་ཞིག་དཔྱོད། །ཅེས་པ་ལྟར་བརྟག་པར་བྱ་བའི་ཆུ་བོ་ཕྲ་མོ་འདྲེས་པར་གྱུར་པ་གང་ཇི་ལྟ་བ་བཞིན་དུ་ཁོ་བོས་འབྱེད་ནུས་པ་དཀའ་ནའང་། འདི་དག་ནི་བློ་གྲོས་གསལ་བ་རྣམས་ཀྱིས་དཔྱད་པ་འཇུག་པའི་གནས་སོ་སྙམ་དུ་བསམས་ནས་ཅུང་ཟད་དཔྱད་པ་ནི་བསམ་པ་དག་པས་སྨྲས་པའི་ཕྱིར་སྐྱོན་མེད་དོ། །ངང་པའི་རྒྱལ་པོ་འདི་ན་རིག་པའི་འདབ་གཤོག་སྐྱོང་། །ཞེས་པ་ནི་བཤད་མ་ཐག་པའི་ལེགས་བཤད་བརྟག་བྱ་དང་བཅས་པ་འོ་ཆུའི་ངོ་བོར་བཀོད་པ་བཞིན་དུ་དེ་འབྱེད་ནུས་པའི་བློ་གྲོས་ངང་པའི་གཟུགས་སུ་བཀོད་པ་སྟེ་སྙན་ངག་གི་རྒྱན་ནོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། གྲུབ་པའི་མཐའི་ཡན་ལག་ལྔ་བཤད་པའི་སྐབས་ཏེ་དྲུག་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་བདུན་པས་བྱེད་པ་ལ་ལོའི་འཕོ་བའི་ངེས་པ་བཤད་པ།

ད་ནི་སྐབས་བདུན་པས་བྱེད་པ་ལ་ལོའི་འཕོ་བའི་ངེས་པ་བཤད་པ་ལ་གཉིས་ཏེ། ལོ་འཕོ་བཤད་པ་དང་། ཟླ་འཕོ་བཤད་པའོ། །དང་པོ་ལའང་གཉིས་ཏེ། དངོས་བསྟན་ལྟར་རགས་རྩིས་ཀྱི་ལོ་འཕོ་དང་། འགྲེལ་པའི་དགོངས་པ་ཞིབ་རྩིས་ཀྱི་ལོ་འཕོ་བཤད་པའོ། །དང་པོ་ནི། མེ་མཁའ་རྒྱ་མཚོར་རབ་བྱུང་དང་པོ་ལ་སོགས་པ་སྟེ། རྩི་བཞིན་པ་ཡན་ལ་འདས་པའི་ལོ་བསྲེས་ལ་མིག་སྐྱོན་ཏེ་བརྒྱ་གྱ་གཉིས་ཀྱིས་སྦྱངས་པའི་ལྷག་མ་ནི་རྒྱལ་དཀས་ཉུང་ངུའི་བྱེད་པ་སྦྱངས་པ་ཕྱིན་གྱི་ལོ་སྟེ། དེ་ནི་དག་པའི་ལོ་ཡིན་ནོ། །དེ་ལ་ཀླུ་སྟེ་བརྒྱད་བསྲེ་བ་ནི་ལོ་འཕོ་བའི་བྱེད་པ་དང་། ལྔ་བསྡུས་ཀྱི་བྱེད་པའི་རེས་གཟའ་གཉིས་ཕན་ཚུན་བསྒྲིག་པའི་ཆེད་དུ་གློ་བུར་དུ་སྦྱིན་པ་སྟེ། བརྒྱད་པོ་ལས་ཉུང་བ་ལ་མི་འགྲིག་པའི་ཕྱིར་རོ། །དེ་ལྟར་བསྲེས་པའི་ལོའི་ཚོགས་དེ་གནས་གཉིས་སུ་བྱས་པའི་གནས་སྟེང་མ་མཁའ་མཁའ་ཆུ་སྟེ་བཞི་བརྒྱས་བསྒྱུར་བ་ནི། ལོ་འཕོའི་ལོ་རེའི་ངེས་པ་ལ་གཟའ་གཅིག །ཆུ་ཚོད་བཅོ་ལྔ། སྲང་སོ་གཅིགདབུགས་གཅིག །དཀྱིལ་འཁོར་ཆ་བརྒྱ་ཉེར་གཅིག་ཡིན་པས། ལོ་ཚོགས་གནས་ལྔར་བཞག་ལ་དེ་རྣམས་ཀྱིས་བསྒྱུར་ཏེ་རང་རང་གི་འཁོར་ལོས་སྟེང་དུ་དྲིལ་བ་ལ་གཟའ་གནས་བདུན་གྱིས་དོར་ཡང་རྟོགས་མོད་ཀྱི། བྱེད་པ་སླ་བའི་དོན་དུ་གཟའ་གཅིག །ཆུ་ཚོད་བཅོ་ལྔ་ལ་སོགས་པའི་གནས་ཐམས་ཅད་སུམ་བརྒྱ་བཅུ་བདུན་གྱིས་བསྒྱུར་ཏེ་འཁོར་ལོས་དྲིལ་བས་གཟའ་གནས་སུ་སུམ་བརྒྱ་གོ་དགུ་འོང་ལ། དེའི་ཕྱིར་ལོ་ཚོགས་སུམ་བརྒྱ་གོ་དགུས་བསྒྱུར་ལ་སུམ་བརྒྱ་བཅུ་བདུན་གྱིས་དབྱེ་བར་རིགས་མོད་ཀྱི། འོན་ཀྱང་ཐིག་ལེ་གཉིས་གྲལ་མཐར་བསྒྲིགས་པས་ལག་ལེན་ལ་བཞི་བསྒྱུར་དུ་བྱས་པས་བྱེད་ལས་ཉུང་ཞིང་བདེ་བའི་ཆེད་དུ། སུམ་བརྒྱ་གོ་དགུ་ལ་ལོ་གཅིག་བསྣན་ཏེ། སྒྱུར་བྱེད་བཞི་བརྒྱར་མཛད་དོ། །དེ་ལྟར་ན་ལྷག་པོ་གཅིག་པོ་བསལ་བའི་ཕྱིར། བཞི་བརྒྱས་བསྒྱུར་བའི་ཚོགས་ལ་གནས་འོག་མའི་ལོ་ཚོགས་ཀྱིས་ཕྲི་བས་དོན་ལ་སུམ་བརྒྱ་གོ་དགུས་བསྒྱུར་བར་འགྱུར་རོ། །དེ་ལྟར་ཕྲི་བའི་ལྷག་མ་དེ་ལ་རི་ཟླ་མེ་སྟེ་སུམ་བརྒྱ་བཅུ་བདུན་གྱིས་ཐོབ་པའི་ནོར་ནི་གཟའ་གནས་དང་། དེ་ཡང་ལྷག་མ་རྣམས་རིམ་པ་བཞིན་དུ། མཁའ་རོ་དང་། མཁའ་རོ་དང་། རོ་དང་། རི་ཟླ་མེ་རྣམས་ཀྱིས་བསྒྱུར་བ་ལ་སོ་སོར་རི་ཟླ་མེས་ཕྱེ་བའི་ཐོབ་ནོར་རྣམས་རིམ་པ་བཞིན་དུ་བཞག་པ་ནི་ལོངས་སྤྱོད་ཙམ་དུ་བསྒྲུབ་པར་བྱ་བའི་ཆོ་གའོ། །དེའི་གཟའི་གནས་སུ་མིག་སྟེ་གཉིས་དང་། ཆུ་ཚོད་དུ་ཐིག་ལེ་ཡོན་ཏན་ཏེ་སུམ་ཅུ་སྟེར་བ་ནི། ལོ་ཉིས་བརྒྱ་ཉེར་གཅིག་གི་བར་གྱི་ལོ་འཕོ་ལ་ཉུངས་པའི་ཉེས་པ་རྣམས་གདོན་པའི་ཆེད་དུ་སྟེ། ལོ་འཕོ་དང་། གྲུབ་མཐའི་ཉིན་ཞག་དཀྱིལ་འཁོར་གྱི་བར་ཁྱད་ཆུ་སྲང་ཞེ་གསུམ་ཙམ་ཡོད་པ་དེ་ཉིས་བརྒྱ་ཉེར་གཅིག་གི་བར་དུ་བསགས་པས། གཟའ་གཉིས་དང་། ཆུ་ཚོད་སོ་བརྒྱད་ཙམ་འབྱུང་བ་ལས་བྱེད་པའི་ལག་རྩིས་གུང་སྒྲིག་པའི་ཆེད་དུ་ཆུ་ཚོད་བརྒྱད་པོ་བཏང་སྙོམས་སུ་བྱས་ཏེ་འདིར་མིག་དང་སུམ་ཅུར་མཛད་དོ། །དེ་ལྟར་སྦྱིན་པར་བྱས་ལ་རང་རང་གི་འཁོར་ལོས་གོང་དུ་དྲིལ་བའི་སྟེང་མ་གཟའི་གནས་ནས་བདུན་གྱིས་བརྙེད་ནོར་དོར་བའི་ལྷག་མ་རྣམས་ཀྱིས་ནི་བྱེད་པའི་ལོའི་ངེས་པ་རྟོགས་པར་འགྱུར་རོ། །དེ་དག་ཀྱང་བསྡུས་པའི་རྒྱུད་ལས། དག་པའི་ལོ་ལ་ཀླུ་བསྲེས། ཞེས་པ་ནས། ཟླ་བ་དག་ལ་ལོའི་འཕོ་བའོ། །ཞེས་པའི་བར་རྐང་པ་གསུམ་གྱིས་དངོས་སུ་བསྟན་པའི་བྱེད་ལོའི་ཆོ་གའོ། །ད་ནི་ལོ་འཕོའི་རྒྱུ་མཚན་གྱི་མཐའ་ཅུང་ཟད་དཔྱད་པར་བྱ་སྟེ། དེ་ཡང་ལོ་བརྒྱད་སྦྱིན་ཏེ་ལྔ་བསྡུས་ཀྱི་རེས་གཟའ་དང་ཇི་ལྟར་སྒྲིག་སྙམ་ན། བཤད་པར་བྱ་སྟེ། དེ་ཡང་ནག་པ་དེའི་ཉེར་དྲུག་ལ་ཉི་མ་ལུག་ཁྱིམ་དུ་སླེབ་པས་དེའི་དུས་ཀྱི་རེས་གཟའ་དང་སྒྲིག་སྟེ། ཇི་ལྟར་ན། མེ་ཁྱིའི་མཐར་ཤར་བའི་རྩིས་འགོའི་གྲུབ་མཐའི་རྩི་འཕྲོ་རྣམ་དག་གི་གཟའ་ཉི་གཉིས་ལ་ཉི་ཤུ་དྲུག་གི་རྟག་ལོངས་བསྣན་པའི་གཟའ་རྐང་བྲལ་ལ་གཟའ་ལྔ། ཆུ་ཚོད་ཉེར་དྲུགསྲང་བཅུ་དགུ་སོགས་འབྱུང་བ་དེ་དང་། ལོ་བརྒྱད་ཀྱི་ལོ་འཕོ་བའི་ངེས་པ་ལ། གཟའ་གསུམ། ཆུ་ཚོད་བཞི། སྲང་དགུ་བྱུང་བའི་སྟེང་དུ་ཉིས་བརྒྱ་ཉེར་གཅིག་གི་ལོ་འཕོའི་ཉུང་ཆ་མིག་སུམ་ཅུ་བསྣན་པས། གཟའ་ལྔ། ཆུ་ཚོད་སོ་བཞི་སོགས་འཆར་བ་གཉིས་ཆུ་ཚོད་བརྒྱད་ཀྱིས་ལོ་འཕོ་མང་པ་མ་གཏོགས་འགྲིག་ལ། ཉི་བར་དེ་ལ་རྐང་རྩིས་བྱས་པས་སྐར་མ་སྟོང་པ། ཆུ་ཚོད་གཅིག །སྲང་སོ་གཅིག་འོང་སྟེ། དེ་བས་ན་ཉེར་དྲུག་ལ་ཉི་མ་ལུག་གི་ཁྱིམ་དུ་སླེབ་པ་ཡིན་ནོ། །ཡང་སྐབས་འདིར་ལོ་འཕོའི་དཀྱིལ་འཁོར་སུམ་བརྒྱ་བཅུ་བདུན་དུ་བྱས་ནས། ཉི་མའི་ཉིན་ཞག་དཀྱིལ་འཁོར་ལ་གཟའ་སུམ་བརྒྱ་རེ་ལྔ་དང་། ཆུ་ཚོད་བཅོ་ལྔ་སོགས་སུ་མཛད་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། འདིའི་གཙོ་བོ་ནི་གང་ལ་བརྟེན་ནས་ངེས་པ་རྣམས་རྟོགས་པར་བྱེད་པའི་རྩ་བ་བྱེད་པའི་ཉི་ཚེས་ལོངས་སྤྱོད་དང་བསྒྲིག་པར་བྱ་བ་ཡིན་ཏེ། ལོ་འཕོའི་ངེས་པ་ནི་ཟླ་བའི་ཆ་ལ་འཆར་བའི་ཉི་མའི་ཚེས་ལོངས་ལ་ལྟོས་ནས་ལོ་འཕོར་བཞག་པ་ཡིན་པའི་ཕྱིར་ཏེ། འགྲེལ་ཆེན་ལས། ཟླ་བ་དག་ལ་ལོའི་འཕོ་བར་འགྱུར་རོ། །ཞེས་པ་ནི་རིགས་པའོ། །ཞེས་གསུངས་པས་སོ། །ཇི་ལྟར་སྒྲིག་ན། བྱེད་པའི་ཉི་མའི་ཚེས་ལོངས་ལ། ཆུ་ཚོད་བཞི། སྲང་ཉེར་གཅིག །དབུགས་ལྔ། འདོད་ཆ་བཅུ་བག་མེད་གཅིག་ཡོད་ཀྱང་། བཅུ་ཡིན་པའི་དབང་དུ་བྱས་ཏེ་དེའི་གནས་རྣམས་མདའ་ནོར་དབང་པོས་བསྒྱུར་ཏེ་ཆུ་ཚོད་སར་དྲིལ་བས་ཆུ་མདའ་དབང་མིག་འོང་བ་བགོད་བྱེད་ཡིན་པས། དེས་ཤེད་མཚུངས་ཀྱི་རྒྱུ་སྐར་ཆུ་ཚོད་ལ་རིམ་པར་ཕྱེ་བས་བྱེད་པའི་ཉི་མའི་ཚེས་ཞག་དཀྱིལ་འཁོར་ལ། ཞག་སུམ་བརྒྱ་དོན་གཅིག །ཆུ་ཚོད་གསུམ། སྲང་ང་གསུམ། དབུགས་ལྔ། འདོད་ཆ་བཅུ་གཅིག །དེའི་བཅུ་ཆ་དགུ་ལྷག་ཙམ་ཡོད། དེ་ལྟ་བུའི་དཀྱིལ་འཁོར་རྗེས་འབྲང་དང་བཅས་པ་དེ་བཅུ་ཆའི་བར་གསིལ་བ་གནས་གསུམ་དུ་བཞག་ལ་རི་མཁའ་རི་དང་ཆུ་རོས་དྲིལ་བའི་ནོར་གྱིས་སྟེང་མར་ཕྲི་བའི་ཚོགས་རྣམས། བཅུ་དང་འདོད་པ་དང་རོ་ལ་སོགས་པས་སྟེང་དུ་དྲིལ་བས། བྱེད་པའི་ཉི་མའི་ཉིན་ཞག་སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅོ་ལྔ། སྲང་སོ་གཉིས། དབུགས་ཐིག །འདོད་ཆ་བཞི། དེའི་བཅུ་ཆ་ལྔར་ཉེ་བ་རྣམས་འབྱུང་ལ། དེ་དང་ལོ་འཕོའི་གཟའ་ཁ་གཙང་གི་དཀྱིལ་འཁོར་ལོ་སུམ་བརྒྱ་བཅུ་བདུན་དུ་བྱས་པའི་ཉིན་ཞག་དཀྱིལ་འཁོར། སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅོ་ལྔ། སྲང་སོ་གཅིག །དབུགས་གཅིག །དཀྱིལ་འཁོར་ཆ་བརྒྱ་ཉེར་གཅིག་རྣམས་ཀྱི་བར་ཁྱད་ལ། དབུགས་ལྔ་ཙམ་ལས་མེད་པས་དེ་ཙམ་ནི་ཕྲ་བའི་ཕྱིར་ཉེས་པ་ཆེར་མེད་དོ། །ཇི་ལྟར་ན་དབུགས་ལྔ་པོ་ལོ་དྲུག་ཅུའི་བར་དུ་བསགས་པས་ཆུ་ཚོད་དུ་ལོངས་པ་ལ་ད་དུང་ཆུ་སྲང་བཅུ་ཙམ་དགོས་ལ། དེ་ནས་ཉེས་པའི་ཆ་རྣམས་འདོར་བའི་ཕྱིར་རོ། །འདིར་ལོ་དྲུག་ཅུ་ལ་འདོར་དགོས་པའི་ཉེས་པའི་ཆ་ནི། གྲུབ་མཐའི་ཉིན་ཞག་དཀྱིལ་འཁོར་སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅུ་དྲུག །སྲང་བཅུ་བཞི། དབུགས་གཅིག་སོགས་ལ། ལོ་འཕོའི་ཉིན་ཞག་དཀྱིལ་འཁོར་སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅོ་ལྔ། སྲང་སོ་གཅིག །དབུགས་གཅིག་སོགས་ཀྱིས་སྦྱངས་པས་ལྷག་ཆུ་སྲང་ཞེ་གསུམ་འབྱུང་བ་དེ་ལོ་རེ་བཞིན་ལོ་འཕོ་ལ་ཉུངས་པའི་ཆ་ཡིན་པས། དེ་ཉིད་ཉིས་བརྒྱ་ཉེར་གཅིག་གི་བར་དུ་བསགས་པས། གཟའ་གཉིས་དང་། ཆུ་ཚོད་སོ་བརྒྱད་དུ་ལོངས་ཤིང་། བར་ཁྱད་དེ་ལོ་དྲུག་ཅུ་རེ་ལ་ཆུ་ཚོད་ཞེ་གསུམ་རེར་ལོངས་པས་དེ་དག་ངེས་པ་སྤོ་བའི་ཚེ་སྐྱོན་འདོན་གྱི་ཁུངས་སུ་བསྣན་དགོས་པ་ཡིན་ནོ། །དེའི་ཕྱིར་ན་ལོ་འཕོའི་གཟའ་ཁ་གཙང་གི་དཀྱིལ་འཁོར་སུམ་བརྒྱ་བཅུ་བདུན་དུ་བྱས་ནས་ལོ་རེའི་ལོངས་སྤྱོད་གཟའ་འཁོར་ཕུད་པ་ལ་གཟའ་གཅིག །ཆུ་ཚོད་བཅོ་ལྔ་སོགས་སུ་མཛད་དེ། དེ་ཉིད་རྒྱུན་ལ་ལྟོས་ནས་རྣམ་དག་ཏུ་མི་བཞེད་ཀྱང་སྐྱོན་འདོན་གྱི་ཁུངས་ཀྱི་སྣོན་འབྲིད་ལ་སོགས་པ་ལ་བསྟེན་ནས་ལོ་དྲུག་ཅུའི་བར་བྱེད་པའི་ཉི་མའི་ལོངས་སྤྱོད་དང་ལེགས་པར་འགྲིག་པ་ཡིན་ནོ། །

གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ལྟར་དངོས་བསྟན་གྱི་ལོ་འཕོ་བཤད་པ་དེ་ནས་ཡང་གཅིག་འགྲེལ་པའི་དགོངས་པས་བྱེད་པའི་ལོ་འཕོ་ལ་དྲུག་ཅུ་སྐོར་རེའི་བར་དུ་སོགས་པའི་ཉེས་སྐྱོན་གྱི་ཆ་རྣམས་དོར་ནས་རྣམ་པར་དག་པའི་བྱེད་ལོ་བསྒྲུབ་པར་བྱ་བའི་ཕྱིར་དང་། བྱ་སླ་བའི་ཆེད་དུ་འདས་ལོ་ཉུང་ངུར་བསྡུ་བར་བྱ་བའི་ཕྱིར་དུ་འདིར་ངེས་པ་གསར་དུ་སྤོ་བར་བྱའོ། །གཉིས་པ་ལ་གསུམ་སྟེ། ལོ་རེའི་ངེས་པ་སྒྲུབ་པ། ལོ་ཕྱི་མར་སྤོ་ཚུལ། དྲུག་ཅུ་སྐོར་ཕྱི་མ་རྣམས་ལ་ངེས་པ་སྤོ་བར་གདམས་པའོ། །དང་པོ་ནི། ལྕགས་བྱ་ལ་སོགས་པའི་འདས་ལོ་ཇི་སྙེད་པའི་ཚོགས་ནི་དག་པའི་ལོའོ། །དེ་ལ་བུག་མཚོ་མིག་སྟེ་ཉིས་བརྒྱ་ཞེ་དགུ་སྟེར་བ་ནི། ལོའི་རྩིས་འཕྲོ་སྟེ། དེ་ཡང་ལོ་ཉིས་བརྒྱ་ཉེར་གཅིག་ལ་དྲུག་ཅུ་སྐོར་བཅུ་དང་ལོ་རྐྱང་ང་བཞི་བསྲེས་པས་བརྒྱད་བརྒྱ་དོན་ལྔ་འབྱུང་ལ། དེ་སྔར་གྱི་བྱེད་པ་སྒྲིག་པའི་ལོ་བརྒྱད་ཀྱི་སྟེང་དུ་བསྣན་ནས་རི་ཟླ་མེས་དོར་བའི་ལྷག་མར་ཉིས་བརྒྱ་ཞེ་དགུ་འོང་པས་དེ་སྦྱིན་པའོ། །གནས་གཉིས་བཞག་ཅེས་སོགས་རྐང་པ་ཕྱེད་དང་དྲུག་ནི་ལོངས་སྤྱོད་ཙམ་དུ་སྒྲུབ་པར་བྱེད་པའི་ཆོ་ག་སྟེ་སྔར་བཤད་པ་ལྟར་རོ། །གཟའ་གནས་དང་དབྱུག་གུ་དང་ཆུ་སྲང་སྟེ་གནས་གསུམ་པོར། མེ་སྟེ་གསུམ་དང་། སྐྱོན་ཏེ་བཅོ་བརྒྱད་དང་། མིག་མཚོ་སྟེ་ཞེ་གཉིས་རིམ་པར་སྟེར་བ་ནི་སྐྱོན་འདོན་གྱི་ཁུངས་སུ་སྦྱིན་པ་སྟེ། ལོ་དྲུག་བརྒྱ་ང་བཞི་ཆུ་སྲང་ཞེ་གསུམ་གྱིས་བསྒྱུར་ཞིང་འཁོར་ལོས་དྲིལ་བས་གཟའ་ཐིག །ཆུ་ཚོད་ཞེ་བརྒྱད། སྲང་ཞེ་གཉིས་འབྱུང་ལ། དེ་ཉིས་བརྒྱ་ཉེར་གཅིག་གི་ཉུངས་ཆ་གཟའ་གཉིས་དང་། ཆུ་ཚོད་སུམ་ཅུའི་སྟེང་དུ་བསྣན་པས་དེ་ལྟར་འབྱུང་བའི་ཕྱིར་རོ། །དེ་ལྟར་སྐྱོན་འདོན་ཁུངས་ཀྱི་ངེས་སྟེར་བྱས་རྗེས་རང་རང་གི་འཁོར་ལོས་དྲིལ་བའི་ལྷག་མས་ནི་ལོ་དྲུག་ཅུའི་བར་དུ་རགས་པའི་སྐྱོན་དང་བྲལ་བའི་བྱེད་པའི་ལོ་འཕོ་རྣམ་པར་དག་པ་འཆར་རོ། །གཉིས་པ་ལོ་ཕྱི་མའི་ངེས་པ་སྤོ་བའི་མགྱོགས་རྩིས་ནི། གཟུགས་ཚེས་གཟུགས་མེ་ཞེས་སོགས་ཏེ་སྔ་ལོའི་ལོ་འཕོ་རྣམ་དག་ལ་སྦྱིན་པས་འགྲུབ་བོ། །གསུམ་པ་དྲུག་ཅུ་སྐོར་ཕྱི་མ་རྣམས་ལ་ངེས་པ་སྤོ་བར་གདམས་པ་ནི། ལོ་འཕོའི་བྱེད་པ་འདི་ཡང་ངེས་པ་མི་རྟག་པས་ལོ་དྲུག་ཅུའི་མཐར་མཁས་པས་དྲུག་ཅུ་སྐོར་འདས་པ་ཡང་ཕུད་ནས་ངེས་པ་གསར་དུ་སྤོ་བའི་ཚུལ་ལེགས་པར་བརྟགས་ཏེ་ལག་ཏུ་ལོངས་ཤིག་ཅེས་གདམས་སོ། །དེས་ན་འདིར་ལྕགས་བྱ་ཡན་གྱི་ཉེས་པ་དོར་གྲུབ་འདུག་པས་ཆུ་ཕོ་ཁྱི་ལོ་ནས་བཟུང་སྟེ་ལོ་དྲུག་འདས་པའི་རབ་བྱུང་བཅུ་གཉིས་པའི་འགོར་ངེས་པ་སྤོ་དགོས་སམ་མི་དགོས་སྙམ་ན། ལོ་དྲུག་གི་བར་དུ་ལོ་འཕོའི་ཉུང་ཆ་བསགས་པས་ཆུ་ཚོད་ལྔ་འོང་སྟེ། ལོ་དྲུག་པོ་ཞེ་གསུམ་གྱིས་བསྒྱུར་བ་ལ་ངེས་པ་སྔ་མའི་ཆུ་སྲང་ཞེ་གཉིས་བསྣན་ནས་མཁའ་རོས་དྲིལ་བས་ཆུ་ཚོད་ལྔ་ཐོབ་སྟེ་ལྷག་མ་མེད་པའི་ཕྱིར་རོ། །དེས་ན་ཆུ་ཚོད་ལྔ་ཙམ་གྱིས་ཉེས་པ་ཆེས་ཆེ་བ་མི་བསྐྱེད་པས་རབ་བྱུང་བཅུ་གཉིས་པའི་ཐོག་མར་ངེས་པ་གསར་དུ་མ་སྤོས་ཀྱང་ཆོག་ལ། གལ་ཏེ་སྤོ་ན། ཆུ་ཚོད་ལྔ་པོ་སྔ་མའི་ངེས་པ་ལ་བསྣན་པས། གཟའ་གསུམ་དང་། ཆུ་ཚོད་ཉེར་གསུམ་འབྱུང་བ་ནི་སྐྱོན་འདོན་གྱི་ཁུངས་དང་། ལོའི་འཕྲོ་སྔ་མའི་སྟེང་དུ་ཡང་ལོ་དྲུག་བསྣན་པས། ཉིས་བརྒྱ་ལྔ་བཅུ་ང་ལྔ་འབྱུང་སྟེ་ལོའི་འཕྲོའོ། །དེ་ནས་དྲུག་ཅུ་སྐོར་བཅུ་གསུམ་པའི་ཐོག་མར་ངེས་པ་སྤོ་བའི་ཚེ། ལོའི་འཕྲོ་ལ། སུམ་བརྒྱ་བཅོ་ལྔ། སྐྱོན་འདོན་གྱི་ཁུངས་སུ། གཟའ་བཞི་དང་། ཆུ་ཚོད་དྲུག་རྣམས་ཀྱིས་བརྗེ་བར་བྱ་སྟེ། དེ་བཞིན་དུ་དྲུག་ཅུ་སྐོར་ཕྱི་མ་རྣམས་ལའང་སྤོ་ཚུལ་ཤེས་པར་བྱའོ། །

གཉིས་པ་ཟླ་འཕོ་ལའང་བསྟན་བཤད་གཉིས་ཀྱི། དང་པོ་ནི། དེ་ནས་ཟླ་བའི་འཕོ་བ་བཤད། །ཅེས་སོ། །གཉིས་པ་ནི། བཤད་མ་ཐག་པའི་བྱེད་པ་ལོ་འཕོའི་གཟའ་གནས་དང་། དབྱུག་གུ་གཉིས་པོ་གནས་བཅུ་གཉིས་སུ་བཀོད་པ་ལ། རིམ་པ་བཞིན་དུ། གཟར་གཅིག་དང་དབྱུག་གུར་རི་འབྱུང་སྟེ་ང་བདུན་བསྣན་པ་དེ་ནི་ལུག་གི་ཁྱིམ་དུ་འཕོ་མཚམས་ཀྱི་གཟའ་འཆར་བར་བྱེད་པའི་རི་མོའོ། །དེ་བཞིན་དུ་སྦྱར་ཏེ། བཞི་དང་ང་གསུམ་གླང་ཞེས་བྱ་བ་ལ་སོགས་ཏེ་ཁྱིམ་སོ་སོའི་འཕོ་མཚམས་ཀྱི་སྦྱིན་སྟེར་རྣམས་སྦྱིན་ལ། ལོངས་ན་མཁའ་རོའི་ནོར་སྟེང་མར་བསྲེ་ཞིང་། དེ་ལ་རིས་དོར་བའི་ལྷག་མས་ནི་ཁྱིམ་རྣམས་སོ་སོར་སླེབ་མཚམས་ཀྱི་གཟའ་རྣམས་རགས་པ་རྟོགས་པའི་མན་ངག་གོ། ད་ནི་ཟླ་འཕོའི་རྒྱུ་མཚན་ཅུང་ཟད་བཤད་པར་བྱའོ། །དེ་ཡང་ལུག་ཁྱིམ་དུ་སླེབ་པའི་རེས་གཟའ་དང་སྒྲིག་པའི་ཕྱིར་ལོ་འཕོའི་སྟེང་དུ་གཅིག་དང་། ང་བདུན་སྦྱིན་པ་ཡིན་མོད་ཀྱི། དེ་ལྟ་ནའང་རེས་གཟའ་དང་སྒྲིབ་པའི་གནད་གང་ཞེ་ན། སྔར་བཤད་པ་ལྟར་རྩིས་འགོའི་གྲུབ་མཐའི་རི་མོར་ནག་པའི་ཉེར་དྲུག་ལ་ཉི་མ་ལུག་ཁྱིམ་དུ་སླེབ་པའི་རེས་གཟའ་དང་འགྲིག་པའི་ཆེད་ཡིན་ལ། དེ་ཡང་སྔར་ལེའུ་བཞི་པར་བཤད་པ་ལྟར་ཟླ་བཤོལ་སྔ་སྣུར་ཏེ་རྩིས་འཕྲོ་རྣམས་ལ་སྣོན་འབྲིད་ཅི་རིགས་པ་བགྱིས་པའི་རྒྱུད་དངོས་བསྟན་གྱི་རྩིས་འཕྲོ་དང་སྦྱར་ཏེ་བཤད་ན། དབོ་ཟླ་ཕྱི་མའི་ཉེར་བརྒྱད་ལ་ལུག་ཁྱིམ་དུ་སླེབ་པའི་རི་མོ་འཆར་ཏེ། དེ་ཡང་དངོས་བསྟན་གྱི་གཟའ་ཉིའི་རྩིས་འཕྲོའི་སྟེང་ནས་ཞག་གཉིས་ཀྱི་རྟག་ལོངས་ཕྲི་བས། གཟའ་སྟོང་པ། ཆུ་ཚོད་སོ་གཅིག །སྲང་ང་གསུམ་ཙམ་དང་། ཉི་སྐར་ལ་ཉེར་དྲུག །ཆུ་ཚོད་ཞེ་དགུ། སྲང་བཅུ་དྲུག་རྣམས་འཆར་ལ། དེ་ལ་ཉི་དག་བསྒྲུབས་པས་སྐར་དབྱུག་སྟོང་པ་དང་སྲང་བཅུ་གཅིག་ཙམ་འཆར་རོ། །དེ་ནས་ལྔ་བསྡུས་ཀྱི་བྱེད་པ་དང་ལོ་འཕོ་སྒྲིག་པའི་ཕྱིར་ལོ་བརྒྱད་ཀྱི་ངེས་པ་ལ་མིག་སུམ་ཅུ་བསྣན་པའི་ལོ་འཕོའི་ངེས་པ། གཟའ་ལྔ་དང་། ཆུ་ཚོད་སོ་བཞིའི་སྟེང་དུ་དམིགས་བསལ་ཉ་ཁྱིམ་དུ་འཇུག་པའི་ལོངས་སྤྱོད། གཅིག་དང་ང་བདུན་བསྣན་པས། གཟའ་སྟོང་པ་དང་། ཆུ་ཚོད་སོ་གཅིག་འཆར་ཏེ་དེ་དུས་ཀྱི་རེས་གཟའ་དང་འགྲིག་གོ། དེས་ན་སྔར་ལེའུ་བཞི་པར་བཤད་པ་ལྟར་གཟའ་ཉི་ལ་བྱེད་པ་སྒྲིག་པའི་ཕྱིར་ཉེས་པ་ཡོངས་རྫོགས་མི་འདོན་པའི་རྒྱུ་མཚན་ཡང་ལྔ་བསྡུས་དང་ལོ་འཕོ་སྣ་མཉམ་དུ་སྒྲིག་ཚུལ་དེའི་དབང་གིས་སོ། །དེ་ལྟར་ན་ལོ་འཕོ་དང་ལུག་ཁྱིམ་དུ་སླེབ་པའི་གཟའ་ཚེས་རགས་པ་འགྲིག་ནའང་། ཉི་མའི་ཉེས་པ་མ་བཏོན་པ་དེའི་དབང་ལས་བྱེད་པའི་རི་མོའི་ལོ་འཕོ་དང་། ལུག་ཁྱིམ་དུ་སླེབ་པའི་རེས་གཟའ་མ་འགྲིག་པ་སྒྲིག་པ་ལ་སོགས་པའི་ཆེད་དུ་ཉ་ཁྱིམ་གྱི་ཞག་གཉིས་ཀྱི་ལོངས་སྤྱོད་རགས་པ། གཟའ་གཅིག་དང་། ཆུ་ཚོད་ང་བདུན་ལོ་འཕོ་ལ་བསྣན་པས་ཉ་སྤངས་ནས་ལུག་ཁྱིམ་དུ་ཐོག་མར་སླེབས་པའི་རི་མོ་འཆར་ཏེ། ཨ་བྷ་ཡས། གཅིག་དང་ང་བདུན་སྦྱིན་པས་ཉི་མ་ཉ་སྤངས་ནས་ལུག་གི་ཁྱིམ་དུ་འགྲོ་བར་འགྱུར་རོ། །ཞེས་གསུངས་པའི་དོན་ནོ། །དེ་བཞིན་དུ་ཁྱིམ་གྱི་རྟག་ལོངས་གཟའ་སུམ་ཅུ། ཆུ་ཚོད་ཉེར་བཞི། ཆུ་སྲང་ཉི་ཤུ་རྣམས་ལ་ཁྱིམ་སྔ་མ་སྔ་མའི་རྐང་པའི་ལོངས་སྤྱོད་དབྲི་བསྣན་བྱས་པ་དེ་སྔ་མ་སྔ་མའི་སྣོན་བྱེད་ཀྱི་སྟེང་དུ་བྱིན་པས་ཕྱི་མའི་སྣོན་བྱེད་འཆར་རོ། །དཔེར་ན་ཁྱིམ་གྱི་རྟག་ལོངས་དེའི་སྟེང་དུ། རྐང་པའི་ལོངས་སྤྱོད་སོ་གཅིག་དང་སྲང་བཞི་བཅུ་བསྣན་པས་གཟའ་སུམ་ཅུ། ཆུ་ཚོད་ང་དྲུག་ལུག་ཁྱིམ་ལོངས་སྤྱོད་དུ་འགྱུར་ལ། དེ་སྔ་མའི་རྒྱུན་གཟའ་གཅིག་དང་། ཆུ་ཚོད་ང་བདུན་གྱི་སྟེང་དུ་བསྣན་པས། གཟའ་བཞི་དང་། ཆུ་ཚོད་ང་གསུམ་འོང་། དེ་ལོའི་ངེས་པ་ལ་བསྣན་པས་གླང་ཁྱིམ་དུ་སླེབ་པ་དང་། དེ་བཞིན་དུ། གཞན་རྣམས་འདྲ་བ་ལས། མི་འདྲ་བའི་ཁྱད་པར་རྐང་ལོངས་ནི། ཆུ་ཚོད་ང་དགུ། སྲང་བཞི་བཅུས་འཁྲིག་པར་སླེབ། ཆུ་ཚོད་དོན་གཅིག །སྲང་བཞི་བཅུས་ཀརྐ་ཊར། ཆུ་ཚོད་རེ་བཞི། སྲང་བཞི་བཅུས་སེང་གེར། ཆུ་ཚོད་སོ་བདུན། སྲང་བཞི་བཅུས་བུ་མོར། ཆུ་ཚོད་གཉིས། སྲང་བཞི་བཅུས་སྲང་ཁྱིམ་དུ་སླེབ་པ་དང་། རྐང་ལོངས་དེ་ཡན་ཆད་རྟག་ལོངས་ལ་བསྣན་ཏེ་སྣོན་བྱེད་སྔ་མའི་སྟེང་དུ་སྦྱིན་པས་ཕྱི་མ་འཆར་རོ། །ཡང་ཆུ་ཚོད་ཉེར་བརྒྱད་དང་། སྲང་ཉི་ཤུས་རྟག་ལོངས་ལ་ཕྲི་བས་སྡིག་པར། དེ་བཞིན་དུ། ཆུ་ཚོད་ང་ལྔ་དང་། སྲང་ཉི་ཤུས་གཞུར། ཆུ་ཚོད་རེ་གསུམ། སྲང་ཉི་ཤུས་ཆུ་སྲིན་དུ། ཆུ་ཚོད་ང་བདུན། སྲང་ཉི་ཤུས་བུམ་པར། ཆུ་ཚོད་སོ་དྲུག །སྲང་ཉི་ཤུས་ཉ་ཁྱིམ་དུ་སླེབ་པ་སྟེ། རྐང་ལོངས་དེ་རྣམས་ནི་རྟག་ལོངས་ལ་ཕྲི་སྟེ། སྣོན་བྱེད་སྔ་མའི་སྟེང་དུ་བསྣན་པས་ཕྱི་མ་འཆར་ལ། དེ་ལྟ་བུའི་སྣོན་བྱེད་རྣམས་ལོ་འཕོའི་ངེས་པ་ལ་བསྣན་པས་ཁྱིམ་སོ་སོར་སླེབ་པའི་རི་མོ་འཆར་རོ། །འོ་ན་འདིར་ཁྱིམ་རེའི་རྟག་ལོངས་ལ་གཟའ་སུམ་ཅུ། ཆུ་ཚོད་ཉེར་བཞི། ཆུ་སྲང་ཉི་ཤུ་རེ་བྱེད་པ་གང་ཞེ་ན། སྔར་བཤད་པ་ལྟར་བྱེད་པའི་ཚེས་ཞག་དཀྱིལ་འཁོར་སུམ་བརྒྱ་དོན་གཅིག །ཆུ་ཚོད་གསུམ་ཡོད་པའི་ཞག་གནས་ལོངས་སྤྱོད་རགས་པ་ང་དགུས་བསྒྱུར་ལ། ཆུ་ཚོད་བཅུག་ནས་དྲུག་ཅུས་ཕུད་པས་ལོ་གཅིག་ལ་གཟའ་སུམ་བརྒྱ་རེ་བཞི་དང་། ཆུ་ཚོད་ང་གཉིས་འོང་ཞིང་། ཁྱིམ་རེའི་རྟག་ལོངས་དེ་བཅུ་གཉིས་སུ་བསགས་ཀྱང་དེ་ལྟར་འོང་བའི་ཕྱིར་རོ། །དེ་ལྟར་ན་ལོ་འཕོའི་ཉིན་ཞག་དཀྱིལ་འཁོར་ལ་འདིའི་གཟའ་སུམ་བརྒྱ་རེ་བཞི་སོགས་ཀྱིས་སྦྱངས་པའི་ལྷག་ཆུ་ཚོད་ཕྱེད་དང་ཉེར་བཞི་ལྷག་ཙམ་ཡོད་པའི་ཕྱིར་ཁྱིམ་རེ་ལ་ཆུ་ཚོད་རེ་དང་། ཆུ་སྲང་ང་བདུན་ལྷག་ཙམ་གྱི་ཁྱད་པར་ཡོད་པས་བྱེད་པ་ལ་ལྟོས་ནས་ཀྱང་ཟླ་འཕོ་མ་དག་པ་སྟེ། དེའི་དགོས་པ་ནི་ཉི་མའི་ངེས་པ་ལ་ཅུང་ཟད་མང་བས་དེའི་གཉེན་པོར་དགོངས་སོ། །འདིར་ཉ་ཁྱིམ་ལ་ལོངས་སྤྱོད་དངོས་སུ་མ་གསུངས་ཀྱང་རྟག་ལོངས་ལས་རྐང་པའི་ཆུ་ཚོད་ཉེར་བདུན་དང་། ཆུ་སྲང་ཉི་ཤུ་ཕྲི་བ་དེ་ཉིད་ཉ་ཁྱིམ་གྱི་ལོངས་སྤྱོད་དུ་རིགས་ཞེས་གསུངས་སོ། །དེ་ལྟར་ན་ལུག་སོགས་རིམ་པ་བཞིན་དུ་ཁྱིམ་གསུམ་གསུམ་གྱི་རྐང་ལོངས་བསྡོམས་པས་སྔ་རྐང་ཕྱི་རྐང་ལ་ལྟོས་ནས་རྐང་པའི་ནོར་བུ་ལོན་མ་འགྲིག་ཀྱང་། ཁྱིམ་དྲུག་དྲུག་བསྡོམས་པས་གཟའ་བཞི་དང་། ཆུ་ཚོད་ཉེར་བརྒྱད་རེ་འབྱུང་བའི་ཕྱིར་བྱང་ཁྱིམ་དྲུག་གི་ཡུལ་ལ་བུ་ལོན་དང་། ལྷོ་ཁྱིམ་དྲུག་གི་ཡུལ་ལ་ནོར་དུ་འགྱུར་བའི་ནོར་བུ་ལོན་ཙམ་འགྲིག་པས་རྒྱུན་ལ་ལྟོས་ནས་རགས་པའི་དབང་དུ་བྱས་པའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བྱེད་པའི་ལོ་འཕོ་དང་ཟླ་འཕོ་བཤད་པའི་སྐབས་ཏེ་བདུན་པའི་འགྲེལ་པའོ།། །།

སྐབས་བརྒྱད་པས་སྒྲ་གཅན་གྱི་ངེས་པ་བཤད་པ།

ད་ནི་སྐབས་བརྒྱད་པས་སྒྲ་གཅན་གྱི་ངེས་པ་བཤད་པ་ལ་གསུམ་སྟེ། ཟླ་བ་ཕྱེད་པ་དང་། ཉིན་རེའི་དང་། ཟླ་བའི་སྒྲ་གཅན་ནོ། །དང་པོ་ནི། བྱེད་པ་དང་གྲུབ་པའི་སྒྲ་གཅན་གང་རུང་ཞིག་རྩི་འདོད་པའི་སྐྱེ་བོས། བློ་ངན་འདས་ལོར་བྱས་པའི་བྱེད་གྲུབ་གང་བྱེད་དེའི་ཟླ་བ་དག་པར་འབྱུང་འདོད་དེ་ཆིག་བརྒྱ་སོ་ལྔ་བསྲེ་བ་ནི་རྩིས་འཕྲོའོ། །དེ་ཉིད་མིག་གིས་བསྒྱུར་བ་ནི་ཟླ་བ་ཕྱེད་པའི་ཕུང་པོར་བྱས་པའོ། །ཉའི་སྒྲ་གཅན་རྩི་ན་གཟུགས་དང་སྟོང་ལ་མིག་གིས་བརྒྱན་པ་ནི་ཕྱོགས་གཉིས་བསྲེས་པའོ། །དེ་ལ་མཁའ་དུས་རྒྱ་མཚོ་སྟེ་བཞི་བརྒྱ་དྲུག་ཅུས་བགོ་བ་ནི་སྒྲ་གཅན་གྱི་ཟླ་བ་ཕྱེད་པ་དེ་ཙམ་ན་རྒྱུ་སྐར་འཁོར་བའི་ཕྱིར་རོ། །དེས་ཐོབ་པའི་ནོར་ནི་འཁོར་ལོ་འཁོར་བའི་གྲངས་ཡིན་པས་དོར་ཏེ། ལྷག་མ་སྐར་མ་སྟེ་ཉེར་བདུན་དང་། མཁའ་རོ་དང་། མཁའ་རོ་དང་། དུས་དང་། མེ་མིག་རྣམས་ཀྱིས་རིམ་པར་བསྒྱུར་བ་ལ་མཁའ་དུས་རྒྱ་མཚོས་རིམ་པར་བགོས་པའི་ཐོབ་ནོར་བརྩེགས་པ་ནི། སྒྲ་གཅན་གྱི་གདོང་མཇུག་གི་གཞིར་གྱུར་པས་རྩ་བའམ། དལ་ལོངས་ཀྱི་དོད་ཡིན་པས་བུལ་བ་ཞེས་བྱ་སྟེ། དེས་ནི་སྒྲ་གཅན་གདོང་ནམ་གྲུ་ནས་གཡས་སུ་བསྐོར་བའི་སྐར་མ་གང་གི་སྟེང་ན་ཡོད་ཤེས་པར་བྱེད་ལ། གདོང་གི་སྐར་མ་དེ་ནས་གཡས་སྐོར་དུ་རྒྱུ་སྐར་ཕྱེད་དང་བཅུ་བཞི་ཕྱིན་པ་ན་དུས་མེ་ཡོད་པའང་ཤེས་པར་འགྱུར་རོ། །བུལ་བ་དེ་ལ་ཁ་ཅིག་ལས། མུན་ཅན་འདས་པ་ཞེས་ཟེར་ཏེ། གང་རྩིའི་ཚེས་དེ་རྫོགས་པ་ཡན་ལ་སྒྲ་གཅན་གྱིས་སྤྱད་ཟིན་པའི་ལོངས་སྤྱོད་འཆར་བ་ཡིན་ནོ། །རྩ་བའི་ལོངས་སྤྱོད་ལ་གང་ཤར་བ་དེ་རྣམས་ཀྱིས་རྒྱུ་སྐར་འཁོར་ལོ་ཉི་ཤུ་རྩ་བདུན་ལ་སྦྱངས་པའི་ལྷག་མས་ནི་སྒྲ་གཅན་གདོང་ཐ་སྐར་ནས་གཡོན་སྐོར་དུ་སྐར་མ་གང་གི་སྟེང་ན་ཡོད་ཤེས་པའི་ཆེད་དེ། སྒྲ་གཅན་ནི་ཁྱིམ་གྱི་རླུང་འགྲོས་བཞིན་དུ་རི་རབ་ལ་གཡས་སྐོར་དུ་རྒྱུ་བས་སོ། །གདོང་གི་རི་མོ་དེ་ལ་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་དེ་སྐར་མ་བཅུ་གསུམ་དང་། ཆུ་ཚོད་སུམ་ཅུ་བསྲེས་པ་ནི་སྒྲ་གཅན་གྱི་མཇུག་མའི་དུས་མེ་ཐ་སྐར་ནས་གཡོན་སྐོར་གྱི་སྐར་མ་གང་གི་སྟེང་ན་ཡོད་ཤེས་པའི་ཆེད་དེ། སྒྲ་གཅན་གྱི་ལུས་ཀྱིས་རྒྱུ་སྐར་འཁོར་ལོའི་ཕྱེད་ཁྱབ་པའི་ཕྱིར་རོ། །དེ་ལྟར་གདོང་མཇུག་གི་སྐར་མ་དེའི་ལོངས་སྤྱོད་རྣམས་ནི་རྒྱུ་སྐར་དེའི་ཐོག་ནས་སྤྱོད་འགྱུར་གྱི་ལོངས་སྤྱོད་དག་པར་འགྱུར་རོ། །དེ་ནི་ཟླ་བ་ཕྱེད་པ་སྟེ་དཀར་ནག་གི་ཕྱོགས་རེའི་སྒྲ་གཅན་གྱི་རྩི་ཚུལ་ཡིན་ནོ། །

གཉིས་པ་ཉིན་རེའི་སྒྲ་གཅན་ནི། ཟླ་བ་དག་པར་འབྱུང་འདོད་བསྲེས་པའི་ཚོགས་མཁའ་མེ་སྟེ་སུམ་ཅུས་བསྒྱུར་བ་ནི་ཚེས་ཟླ་ཉིད་ཚེས་ཞག་གི་ཕུང་པོར་གསིལ་བའི་དོན་ནོ། །གང་རྩིའི་ཚེས་གྲངས་བསྲེ་བ་ནི་ཟླ་བ་དེའི་ཐོག་ནས་ཇི་ཙམ་སོང་བའི་ཞག་སྤྱོད་བཞིན་པ་དང་བཅས་པ་སྦྱིན་པའོ། །དེ་ལ་སྒྲ་གཅན་ཞག་གི་འཁོར་ལོ་མཁའ་མཁའ་བུག་རོ་སྟེ་དྲུག་སྟོང་དགུ་བརྒྱས་འཁོར་ལོ་ལོངས་པའི་གྲངས་དོར་བའི་ལྷག་མ་འཁོར་ལོ་དང་མཁའ་རོས་བསྒྱུར་བ་སོགས་རྩ་བ་དང་། དེ་ལ་གདོང་མཇུག་གི་ཆོ་ག་རྣམས་གོང་བཞིན་བྱས་པས་སྒྲ་གཅན་གདོང་མཇུག་གིས་ཚེས་ཞག་གི་གྲངས་རེ་བཞིན་དུ་ཡུལ་སྟེང་ནས་སྤྱོད་པ་ལས་གང་ལ་འཕོས་པ་རྟོགས་པར་འགྱུར་རོ། །

གསུམ་པ་ནི། ཟླ་བའི་རི་མོ་བྱ་བར་འདོད་ན། ཟླ་བ་དག་པར་འབྱུང་འདོད་བསྲེས་པའི་ཚོགས་ལ་སྒྲ་གཅན་གྱི་ཚེས་ཟླའི་འཁོར་ལོ་མཁའ་མེ་ལག་པ་སྟེ་ཉིས་བརྒྱ་སུམ་ཅུས་དོར་བའི་ལྷག་མ་སྐར་མས་བསྒྱུར་ལ་དེ་ཉིད་ཀྱིས་བགོ་བ་སོགས་སྔར་བཞིན་བྱས་པས་ཟླ་བ་རེ་བཞིན་ཡུལ་སྟེང་ནས་སྤྱོད་པ་རྟོགས་པར་འགྱུར་རོ། །དེ་ལྟར་བསྒྲུབས་པའི་སྒྲ་གཅན་གྱི་ཕྱོགས་ཞག་ཟླ་བའི་ངེས་པ་དེ་རྣམས་ཀྱི་སྟེང་དུ་དབྲི་བསྣན་གྱི་ལས་ཀྱིས་ཕྱི་མར་འཕོ་བའི་མགྱོགས་རྩིས་ནི། དབྱུག་གུར་མེ་དང་སྲང་གཟུགས་མེ། །དབུགས་སུ་བསེ་རུ་ཉེར་གསུམ་ཆར། །བུག་པ་ཟླ་བ་བུལ་བར་སྦྱིན། །གདོང་མཇུག་གཉིས་ལ་ཕྲི་བ་ཡིས། །ཟླ་བ་ཕྱེད་ཕྱེད་སྒྲ་གཅན་འཕོ། །ཆུ་སྲང་མཚོ་གཟུགས་ཉི་མའི་ཆ། །རྩ་བར་སྦྱིན་ཞིང་གདོང་མཇུག་ལ། །ཕྲི་བས་ཉིན་རེའི་སྒྲ་གཅན་འཕོ། །དབྱུག་རི་སྲང་མིག་དབུགས་ཡོན་ཏན། །ཚེས་ཀྱི་ཆ་རྣམས་བུལ་བར་བསྣན། །གདོང་མཇུག་གཉིས་ལ་སྦྱངས་པ་ཡིས། །ཟླ་རེའི་སྒྲ་གཅན་འཕོ་བར་འགྱུར། །ཞེས་སྨྲས་པ་ཡང་ཁོང་དུ་ཆུད་པར་བྱོས་ཤིག །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། སྒྲ་གཅན་གྱི་ངེས་པ་བཤད་པའི་སྐབས་ཏེ་བརྒྱད་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་དགུ་པས་ཉིན་ཞག་ལ་སྤྱོད་པའི་གྲུབ་མཐའི་གཟའ་ལྔ་བཤད་པ།

ད་ནི་སྐབས་དགུ་པས་ཉིན་ཞག་ལ་སྤྱོད་པའི་གྲུབ་མཐའི་གཟའ་ལྔ་བཤད་པ་ལ་གཉིས་ཏེ། དངོས་དང་། ཞར་བྱུང་ཉི་བར་གྱི་རི་མོའི་རྣམ་གྲངས་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྤྱི་ཞག་བཙལ་བ་དང་། སོ་སོའི་ངེས་པ་རྒྱས་པར་བཤད་པ། འགྲོས་བཞི་ངོས་བཟུང་བས་མཇུག་བསྡུ་བའོ། །དང་པོ་ནི། བློ་ངན་འདས་ལོ་ཉི་མས་བསྒྱུར་ཞེས་བྱ་བ་ལ་སོགས་པ་ནི་ཟླ་དག་སྒྲུབ་པའི་ཆོ་ག་སྟེ་སྔར་གྲུབ་མཐའི་ལྔ་བསྡུས་སུ་བཤད་པ་དེ་ཁོ་ནའོ། །དེ་ལྟར་བསྒྲུབས་པའི་ཟླ་དག་དེ་ཉིད་མཁའ་མེ་སྟེ་སུམ་ཅུས་བསྒྱུར་བ་ལ་གང་རྩིའི་ཚེས་གྲངས་བསྲེས་པས་ནི་རྩི་བཞིན་པ་ཡན་གྱི་ཚེས་ཞག་གི་ཚོགས་སུ་འགྱུར་རོ། །དེ་ལྟ་བུའི་ཚེས་ཞག་གི་ཚོགས་དེ་ལས་ཉིན་ཞག་སྒྲུབ་པའི་ཆེད་དུ་དེ་ཉིད་གནས་གསུམ་དུ་བཞགས་པའི་བར་པ་ལ་འབྱུང་བ་སྟེ་ལྔ་དང་། འོག་མར་གཟུགས་ཉི་སྟེ་བརྒྱ་ཉེར་གཅིག་གིས་བརྒྱན་པར་བྱས་པ་ནི་རྩིས་འཕྲོའོ། །གནས་འོག་མར་རི་མཁའ་རི་སྟེ་བདུན་བརྒྱ་བདུན་གྱིས་བགོས་ནོར་དབུས་ཀྱི་ཕུང་པོར་བསྲེ་བར་བྱ་ཞིང་། དེ་ལ་ཆུ་རོ་སྟེ་རེ་བཞིས་བགོས་པའི་ཐོབ་ནོར་དེས་གནས་སྟེང་མར་འབྲིད་པ་ནི། ཚེས་ཞག་གི་གྲངས་ལས་ཉིན་ཞག་གི་གྲངས་ཉུང་བའི་བར་ཁྱད་ལ་ཉིན་ཞག་གཅིག་གི་རེ་བཞི་ཆ་གཅིག་དང་། དེ་ཡང་རི་མཁའ་རིར་བསྟུབས་པའི་ཆ་གཅིག་རྣམས་ཡོད་ལ། དེའི་དབང་གིས་ཚེས་ཞག་རེ་བཞི་ན་ཉིན་ཞག་རེ་གསུམ་དུ་ཉིན་ཞག་གཅིག་གི་རི་མཁའ་རིའི་ཆ་གཅིག་གིས་ཆད་པ་ཞིག་འབྱུང་བའི་རྒྱུ་མཚན་གྱིས་སོ། །དེ་ལྟར་སྟེང་མར་ཕྲི་བའི་ལྷག་མའི་ཚོགས་དེ་ལ་ནི་སྤྱིར་བཏང་ལ་མི་གསལ་བའི་ཉིན་ཞག་གི་ཚོགས་ཞེས་བྱ་སྟེ། སྐབས་འགར་ལྔ་བསྡུས་ཀྱི་རེས་གཟའི་རི་མོ་ལ་འཆར་བ་ལྟར་ཉིན་ཞག་གི་གྲངས་ཚེས་སྔ་མའི་དེ་ཉིད་དུ་བསྡབ་པའི་འདབ་པ་སྲིད་པས་དེའི་ཚེ་མི་གསལ་བའི་ཉིན་ཞག་ཅེས་བྱ་སྟེ། ཞག་སྔ་ཕྱི་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་བུའི་མི་གསལ་བའི་ཉིན་ཞག་གི་ཚོགས་དེ་ཉིད་ལས་གསལ་ཞག་བྱ་བའི་ཕྱིར་དུ། གཟའ་ལྷག་པོ་གང་ལ་ཤར་བའི་ཉིན་ཞག་ལྷག་པའི་ཕྱི་མ་དེ་ཉིད་དམན་པ་སྟེ་བོར་ནས་དེའི་འོག་གི་ཚེས་དེ་བྱིན་པར་བྱས་ནས་བརྩིས་པས་འགྲིག་པར་འགྱུར་ཏེ། རྒྱུ་མཚན་དེའི་ཕྱིར་ཆོ་ག་དེས་ནི་གསལ་བའི་ཉིན་ཞག་གི་ཚོགས་སུ་འགྱུར་ཏེ་གཟའ་ལྔ་སྤྱིའི་ཉིན་ཞག་རྣམ་པར་དག་པ་ཡིན་ནོ། །འོ་ན་ཚེས་ཞག་རེ་བཞི་ན་ཉི་ཞག་རེ་གསུམ་བག་མེད་རེ་འབྱུང་བ་དང་། དེ་ལས་མི་གསལ་བའི་ཉིན་ཞག་འདོར་མཚམས་གང་ཞེ་ན། དེ་གནད་གཅིག་པར་རི་མོས་གཏན་ལ་དབབ་སྟེ། ངེས་པ་སྟོངས་ནས་ཟླ་བ་གཉིས་དང་། ཞག་གཉིས་འདས་པ་སྣྲོན་ཟླའི་ཚེས་གསུམ་གྱི་སྤྱི་ཞག་བཟོ་བའི་ཚེ། རྩི་བཞིན་པ་ཡན་གྱི་ཞག་དྲུག་ཅུ་རེ་གསུམ་གནས་གསུམ་དུ་བྱས་པའི་འོག་མ་གཉིས་ལ་རང་རང་གི་འཁོར་ལོས་མ་ཐོབ་པས་དེའི་ཚེ་གསལ་ཞག་ཀྱང་རེ་གསུམ་ཉིད་དོ། །དེ་ནས་ཚེས་བཞིའི་རྩིས་བྱེད་པ་ན་ཚེས་ཞག་རེ་བཞི་གནས་གསུམ་དུ་བཞག་པས་འོག་མར་རི་མཁའ་རིས་ཐོབ་ཀྱང་། བར་མར་རེ་བཞིས་བརྙེད་པའི་ནོར་གཅིག་གིས་སྟེང་ནས་དམན་པས་དེ་ཉིན་གྱི་སྤྱི་ཞག་ཀྱང་རེ་གསུམ་ཉིད་དུ་འཆར་རོ། །དེའི་ཚེ་དེ་ནི་མི་གསལ་བའི་ཉིན་ཞག་སྟེ། གོང་དུ་ཚེས་གསུམ་དང་སྦྱར་ཏེ་བརྩིས་ཟིན་པའི་ཕྱིར་རོ། །དེས་ན་གཟའ་ལྷག་པོ་གང་ལ་བྱུང་བའི་ཚེས་བཞི་དང་ཉིན་ཞག་སྦྱར་བའི་རྩི་བ་བོར་ནས་ཚེས་ལྔའི་རྩིས་བྱས་པ་ན་བར་མའི་ཐོབ་ནོར་གཅིག་གིས་སྟེང་ནས་ཕྲི་བས་གསལ་ཞག་རེ་བཞི་འཆར་ཏེ་འདབ་ཆགས་པར་འགྱུར་རོ། །དེ་ནི་རིམ་ཅན་དུ་རྩི་ན་དེ་ལྟར་ཡིན་མོད་ཀྱི། གློ་བུར་དུ་རྩི་བའི་ཚེ་ཇི་ལྟར་བྱ་ཞེ་ན། ཚེས་གང་གི་སྤྱི་ཞག་གི་རྩིས་བྱས་པ་ན་གནས་བར་པ་རེ་བཞི་ཆ་ལ་ལྷག་མ་མེད་པ་དེ་དོར་བས་ཕལ་ཆེར་དགོས་པ་འགྲུབ་ཅེས་གསུང་ངོ་། །འདི་ནི་ཞལ་ལུང་མཁན་པོའི་བཞེད་པ་སྟེ། རིགས་ལྡན་པདྨ་དཀར་པོས་འགྲེལ་ཆེན་ལས། ཁ་ཅིག་ཏུ་ཉིན་ཞག་སོ་སོའི་གཟའ་ལྷག་པས་གསལ་བའི་དོན་དུ་གཟའ་གཅིག་དམན་པར་འགྱུར་རོ། །དེའི་ཕྱིར་གསལ་བའི་ཉིན་ཞག་གི་ཚོགས་སུ་འགྱུར་རོ། །ཞེས་གསུངས་པའི་དགོངས་པ་དཔྱིས་ཕྱིན་པ་ཡིན་ནོ། །འདི་ལས་གཞན་དུ་མཁས་པ་ཕལ་ཆེར་གསལ་ཞག་རེས་གཟའ་དང་བསྟུན་ནས་མ་འགྲིག་ན་སྣོན་འབྲིད་བྱེད་པ་དང་། མཁས་པ་ལ་ལ་དག་རེ་བཞི་ཆའི་ལྷག་མར་བྱེད་པས་ལྷག་ན་སྟེང་ནས་གཅིག་ཕབ་སྟེ་བར་འོག་གི་ལྷག་གིས་སྦྱངས་པས་གསལ་ཞག་ཏུ་འགྱུར་བར་འདོད་པ་སོགས་སུ་སྨྲ་བ་དེ་དག་འཁྲུལ་པ་ཡིན་པས་དོར་བྱར་ཤེས་པར་བྱའོ། །

གཉིས་པ་སོ་སོའི་ངེས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རྟག་པའི་ལོངས་སྤྱོད་ལ་བརྟེན་ནས་ལོངས་སྤྱོད་ཙམ་དུ་སྒྲུབ་པ། དལ་རྐང་ལ་བརྟེན་ནས་དལ་དག་ཏུ་སྒྲུབ་པ། མྱུར་རྐང་ལ་བརྟེན་ནས་མྱུར་དག་ཏུ་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། སྒོས་ཞག་དང་། ལོངས་སྤྱོད་དངོས་སོ། །དང་པོ་ནི། སྤྱི་ཞག་སྒྲུབ་ཚུལ་བཤད་པའི་རྗེས་དེ་ནས་གཟའ་ལྔ་སོ་སོའི་ཉིན་ཞག་ནི། བཀྲ་ཤིས་དོན་དུ་སྤྱི་ཞག་ལ། །ལག་མིག་རྩེ་མོ་ཅན་གྱིས་བརྒྱན། །ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་རྣམ་པར་དག་པའི་སྒོ་ནས་བསྒྲུབས་པའི་སྤྱིའི་གསལ་ཞག་གི་ཚོགས་ལ་ལག་མིག་རྩེ་མོ་ཅན་སོགས་བསྲེ་བ་ནི་གཟའ་རང་རང་གི་དཀྱིལ་འཁོར་དུ་མ་ལོངས་པའི་རྩིས་འཕྲོ་ཡིན་ལ། ཁྱད་པར་ཞི་གཟའ་གཉིས་ལ་གསལ་ཞག་བརྒྱ་དང་བཅུས་བསྒྱུར་ནས་སྟེར་བ་ནི། བགོད་བྱེད་རྐང་པའི་དཀྱིལ་འཁོར་བརྒྱ་དང་བཅུའི་ཆར་གསིལ་བ་ཡིན་པས་དེ་དང་ཤེད་མཚུངས་པའི་ཆེད་དོ། །རྩིས་འཕྲོ་བསྲེས་པའི་ཚོགས་དེ་ལ་གཟའ་རང་རང་གི་དཀྱིལ་འཁོར་གྱིས་བགོ་བར་བྱའོ། །སོ་སོའི་དཀྱིལ་འཁོར་ནི། བཀྲ་ཤིས་ལ་ནི་རི་ཀླུ་རོ། །ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་ཞི་གཟའ་གཉིས་ཀྱི་དཀྱིལ་འཁོར་ནི་ཆའི་དཀྱིལ་འཁོར་ཡིན་པས་ཉིན་ཞག་རང་སྐྱ་བའི་དཀྱིལ་འཁོར་མ་ཡིན་ནོ། །དེ་ལྟར་གཟའ་རང་རང་གི་དཀྱིལ་འཁོར་གྱིས་ཐོབ་པའི་ནོར་ནི་རྩིས་འཕྲོ་བཟུང་བ་ཕྱིན་གྱི་འཁོར་ལོ་འཁོར་བའི་གྲངས་ཡིན་པས་དོར་བར་བྱ་ཞིང་། ལྷག་མ་རྣམས་ནི་གཟའ་ལྔ་པོ་རང་རང་སོ་སོའི་སྒོས་ཀྱི་ཉིན་ཞག་ཏུ་གྲུབ་པ་ཡིན་ནོ། །གཉིས་པ་ནི། གཟའ་རང་རང་གི་སྒོས་ཀྱི་ཉིན་ཞག་དེ་རྣམས་སྐར་མ་ཉེར་བདུན་གྱིས་བསྒྱུར་བ་ལ། རི་ཀླུ་རོ་ལ་སོགས་ཏེ་གཟའ་རང་རང་གི་དཀྱིལ་འཁོར་རྣམས་ཀྱིས་བགོས་པས་ཐོབ་པ་ནི་སྐར་མའི་གནས་སུ་བཞག་པར་བྱའོ། །ཡང་དེའི་ལྷག་མ་མཁའ་རོ་དང་། མཁའ་རོ་དང་། དུས་དང་། གཟའ་རང་རང་གི་ཆ་ཤས་སོ་སོས་བསྒྱུར་བར་བྱས་པ་ལ་རིམ་པ་བཞིན་དུ་རང་རང་གི་དཀྱིལ་འཁོར་གྱིས་བགོས་པའི་བསྙེད་པ་ནི། དྲག་གཟའ་གསུམ་གྱི་ཞག་དེ་དང་དེའི་རྒྱུན་བཅས་ཀྱི་དལ་བ་བར་པ་དང་། ཞི་གཟའ་གཉིས་ཀྱི་ཞག་དེ་དང་དེའི་རྒྱུན་བཅས་ཀྱི་རྐང་འཛིན་ལོངས་སྤྱོད་ཡིན་ནོ། །དེ་ལ་གཟའ་རང་རང་གི་ཆ་ཤས་གང་ཞེ་ན། དེ་ནི། མིག་དམར་བུག་མིག་ལག་པའི་ཆ། །ཞེས་བྱ་བ་ལ་སོགས་པ་སྟེ། ལྷག་པ་མ་གཏོགས་པ་གཞན་རྣམས་རིམ་པ་བཞིན་དུ་དཀྱིལ་འཁོར་གྱི་སུམ་ཆ་དང་། བཅུ་གཉིས་ཆ་དང་། སུམ་ཆ་དང་། གཉིས་ཆ་རྣམས་སུ་ཤེས་པར་བྱའོ། །འདིར་སྒོས་ཞག་སྐར་མས་བསྒྱུར་ནས་རང་རང་གི་དཀྱིལ་འཁོར་གྱིས་བགོད་པ་སོགས་ཀྱི་རྒྱུ་མཚན་ནི། སྒོས་ཞག་གི་ཚོགས་ཀྱི་ཞག་རེའི་སྟེང་ན་རང་རང་གི་ཉིན་ཞག་རེའི་ལོངས་སྤྱོད་རེ་ཡོད་པ་རྟོགས་པའི་ཆེད་དེ། འདི་ལྟར་སྒོས་ཞག་གཅིག་ཡོད་ན་བསྒྱུར་བགོད་ལ་སོགས་པའི་ཆོ་ག་དེས་གཟའ་རང་རང་གི་ཉིན་ཞག་གི་རྟག་པའི་ལོངས་སྤྱོད་འཆར་བ་བཞིན་དུ་སྒོས་ཞག་གཉིས་སོགས་ལའང་རིགས་པ་མཚུངས་པའི་ཕྱིར་རོ། །དེ་ལྟར་དྲག་གསུམ་གྱི་དལ་བར་དང་ཞི་གཉིས་ཀྱི་རྐང་འཛིན་བར་པ་བཤད་པའི་རྗེས་དེ་ནས་ཞི་གཉིས་ཀྱི་དལ་བར་དང་དྲག་གསུམ་གྱི་རྐང་པའི་ལོངས་སྤྱོད་ཀྱི་ཆེད་དུ་ཉིན་ཞག་ཉི་མ་བར་པ་སྒྲུབ་པ་ལས་ཐོག་མར་དྷྲཱུ་ཝ་ནི། རྩི་བཞིན་པའི་ཚེས་གྲངས་མ་བསྲེས་པ་མ་གཏོགས་ཆོ་ག་གཞན་སྔར་བཞིན་བགྱིས་པའི་གསལ་ཞག་གི་ཚོགས་རྣམས་ཉི་དྷྲཱུའི་དོན་དུ། མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་བ་ནི་བགོད་བྱེད་ཉིན་ཞག་གི་དཀྱིལ་འཁོར་མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་བ་དང་ཤེད་མཚུངས་པའི་ཆེད་དོ། །དེ་ལ་དུས་མཚམས་ཀླུ་དང་རོ་ཡིས་ཕྲི་བ་ནི་རྩིས་འཕྲོ་སྟེ། འདིར་བུག་མེ་འབྱུང་རི་མཁའ་ཐུབ་རོ་རྣམས་སྦྱིན་ཀྱང་དག་མོད་ཀྱི། བྱ་སླ་བའི་ཕྱིར་དེས་དཀྱིལ་འཁོར་ལ་སྦྱངས་པའི་ལྷག་ལ་འདི་ལྟར་འབྱུང་བ་ན་ལྷག་གྱུར་དོར་བའོ། །དེ་ལྟར་ཕྲི་ལྷག་ལ་མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས་བགོད་པ་ནི་ཉིན་ཞག་དཀྱིལ་འཁོར་སུམ་བརྒྱ་རེ་ལྔ་རྗེས་འབྲངས་དང་བཅས་པའི་གནས་རྣམས་མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་ལ་རང་རང་འཁོར་ལོས་ཞག་སར་དྲིལ་བས་བགོད་བྱེད་དེ་ཉིད་འོང་བའི་ཕྱིར་རོ། །དེས་བགོས་པའི་བརྙེད་ནོར་ནི་འཁོར་ལོ་ལོངས་པའི་གྲངས་ཡིན་པས་དོར་ལ། ལྷག་མའི་ཚོགས་རྣམས་རྒྱུ་སྐར་གྱི་འཁོར་ལོས་བསྒྱུར་བ་ལ་མདའ་མཁའ་སོགས་ཉིན་ཞག་གི་ཕུང་པོས་ཐོབ་ནོར་ནི་སྐར་མའོ། །དེ་བཞིན་དུ་ལྷག་མ་རྣམས་མཁའ་རོ་དང་། མཁའ་རོ་དང་། དུས་དང་། བུག་མཁའ་མིག་བུག་ཡིད་ཀྱི་ཆ་རྣམས་ཀྱིས་རིམ་པ་བཞིན་དུ་བསྒྱུར་བ་ལ། ཉིན་ཞག་གི་ཕུང་པོ་མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས་སོ་སོར་བགོས་པའི་ཐོབ་ནོར་བརྩེགས་པའི་ཚོགས་ནི་ཉིན་ཞག་ཉི་མའི་དྷྲཱུ་ཝ་ཀའོ། །དེ་ནས་ཉི་དྷྲཱུ་དེའི་དབྱུག་གུར་མཚོ་དང་། སྲང་དུ་དུས་མིག་དང་། དབུགས་སུ་ཐིག་དང་། བུག་སོགས་ཀྱི་ཆ་ཤས་ཀྱི་གནས་སུ་དུས་ཚེས་མེ་བུག་རྣམས་ཚེས་བསྒྱུར་སྟེར་རམ། ཡང་ན་དེ་སུམ་ཅུའི་བར་སྤེལ་བའི་ཉིན་ཞག་ཉི་མའི་རྟག་ལོངས་ཀྱི་རིའུ་མིག་ལས་སྦྱིན་ཀྱང་འདྲ་སྟེ། དེ་ལྟར་སྦྱིན་པ་དེ་ནི་ཉིན་ཞག་ཉི་བར་ཡིན་ནོ། །

གཉིས་པ་དལ་རྐང་ལ་བརྟེན་ནས་དལ་དག་ཏུ་སྒྲུབ་པ་ནི། དྲག་གཟའ་གསུམ་གྱི་དལ་བ་བར་པ་དང་། ཞི་གཟའ་གཉིས་ཀྱི་དལ་བར་ཉི་མ་དང་མཚུངས་པས་ཉི་མ་བར་པའོ། །དེ་དག་ལས་གང་རྩི་བར་འདོད་པ་དེ་གནས་གཉིས་སུ་བཀོད་པའི་གནས་ཕྱོགས་གཅིག་ལ་གཟའ་ལྔ་པོ་རང་རང་གི་སྐྱེས་ཁྱིམ་སྦྱོང་བར་བྱའོ། །ཇི་ལྟར་སྦྱང་ན། བཀྲ་ཤིས་ཏེ་མིག་དམར་ནི་སེང་གེའི་ཁྱིམ་གྱི་རྐང་པ་གཉིས་འདས་པ་སྐར་མ་མཆུའི་ཕྱེད་དུ་སྐྱེས་པས་ཐ་སྐར་ནས་དེའི་བར་གྱི་སྐར་མ་དགུ་དང་། མཁའ་མེ་སྟེ་མཆུའི་ཆུ་ཚོད་སུམ་ཅུ་སྦྱངས་ཏེ་རྒྱུ་མཚན་རང་སྐྱེས་པ་ནས་དལ་རྐང་གི་འགོ་རྩོམ་པས་སོ། །དེ་བཞིན་དུ། མི་བདག་སྟེ་སྐར་མ་བཅུ་དྲུག་དང་ཕྱེད་བཅས་ཏེ་ཆུ་ཚོད་སུམ་ཅུ་སྦྱོང་བ་ནི་ཟླ་བའི་བུ་ལྷག་པ་ལ་སྟེ། དེ་སྡིག་པའི་ཁྱིམ་སྐར་མ་ལྷ་མཚམས་ཀྱི་ཕྱེད་དུ་སྐྱེས་པས་སོ། །ཕུར་བུ་ནི་བུ་མོའི་ཁྱིམ་མེ་བཞིའི་ཐོག་མར་སྐྱེས་པས་སྔ་མའི་རྒྱུ་སྐར་བཅུ་གཉིས་པོ་སྦྱང་ངོ་། །པ་ཝ་སངས་ནི་འཁྲིག་པའི་ཁྱིམ་ནབས་སོའི་ཐོག་མར་སྐྱེས་པས་དེའི་གོང་གི་སྐར་མ་དྲུག་སྦྱང་ངོ་། །སྤེན་པར་སྐར་མ་བཅོ་བརྒྱད་དོར་ཏེ། དེ་གཞུའི་ཁྱིམ་སྣྲུབས་ཀྱི་ཐོག་མར་སྐྱེས་པས་སོ། །གལ་ཏེ་རང་རང་གི་སྐྱེས་ཁྱིམ་སྦྱང་དུ་མ་ལྡང་ན་རྒྱུ་སྐར་གྱི་འཁོར་ལོ་བསྣན་ཏེ། དེ་ལས་སྦྱང་ཞིང་བསྣན་ནམ་མ་བསྣན་ཡང་རུང་སྟེ། སྦྱངས་རྗེས་སུ་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ལྷག་ན་དོར་བ་སོགས་ཀྱི་རྒྱུ་མཚན་ནི་ཉི་མ་དང་འདྲའོ། །དེ་ལྟར་འཁོར་ཕྱེད་དོར་རུང་མ་དོར་རུང་སྐྱེས་ཁྱིམ་སྦྱངས་པའི་ལྷག་མ་ནི་རྐང་འཛིན་དག་པ་སྟེ། དེའི་སྐར་མའི་གནས་མཁའ་རོས་བསྒྱུར་ཏེ་འོག་གི་ཆུ་ཚོད་བཅུག་པ་ལ་མདའ་ཡོན་ཟླས་བགོས་པའི་ཐོབ་ནོར་གྱིས་རང་རང་སོ་སོའི་དལ་རྐང་བཟུང་བར་བྱའོ། །གཟུང་བྱའི་ཐ་དད་པའི་རྐང་པ་ནི། བཀྲ་ཤིས་ཏེ་མིག་དམར་གྱི་རྐང་གནས་དང་པོ་ལ་དེ་ཉིད་དེ་ཉེར་ལྔ་དང་། གཉིས་པར་ཉེས་པ་སྟེ་བཅོ་བརྒྱད་དང་། གསུམ་པར་རི་སྟེ་བདུན་ནོ། །དེ་བཞིན་དུ་ཟླ་སྐྱེས་ལ་ཕྱོགས་དང་རི་དང་རྩེ་མོ་ཅན་ནོ། །སྒྲ་མཁན་ལ་བདེ་བྱེད་དང་བུག་པ་དང་མེའོ། །དཀར་པོ་ལ་མདའ་དང་ཆུ་དང་རི་བོང་ཅན་ནོ། །དལ་འགྲོ་ལ་ལག་མིག་དང་ཚེས་དང་མཚམས་སོ། །དེ་ལྟར་རེ་རེ་ལ་རྐང་གནས་གསུམ་གསུམ་བརྩེགས་མར་བྲིས་པ་དེ་དག་ནི་རང་རང་སོ་སོའི་སྔ་རྐང་སྟེ། ཕྱི་རྐང་ལ་ནི་སྔ་རྐང་དེ་ཉིད་གོ་རིམ་ལྡོག་སྟེ་བྲིའོ། །དེ་ལྟར་ན་སོ་སོའི་རིམ་པའི་སྔ་རྐང་ལ་གནས་གསུམ་རེ་དང་། རིམ་པའི་ཕྱི་རྐང་ལའང་གསུམ་རེ་ཡོད་པས་ཁྱོན་རོ་སྟེ་གནས་དྲུག་དྲུག་བརྩེགས་ལ་བྲི་བའི་རྒྱུ་མཚན་ནི་གཟའ་རྣམས་རང་རང་གི་སྐྱེས་སྐར་ནས་བརྩམས་ཏེ་རིམ་པའི་སྔ་རྐང་གསུམ་དང་ཕྱི་རྐང་གསུམ། རིམ་མིན་གྱི་སྔ་རྐང་གསུམ་དང་ཕྱི་རྐང་གསུམ་སྟེ་རྐང་གནས་དྲུག་པོ་ལན་གཉིས་འདབས་པ་དང་ཁྱིམ་བཅུ་གཉིས་འཁོར་བ་སོགས་ནི་གཟའ་ཐམས་ཅད་ཀྱི་ངེས་པའོ། །ཁྱིམ་སོ་སོའི་ཉིན་ཞག་གི་ལོངས་སྤྱོད་མ་འདྲེས་པའི་ཚུལ་ཤེས་པར་འདོད་ན་འདི་ཉིད་ཀྱི་ལེའུ་ཉི་ཤུ་རྩ་གཅིག་པར་བཤད་པའི་རིའུ་མིག་སྤེལ་བའི་སྤྱིར་ནུར་གྱི་ཆོ་ག་ལ་བལྟས་པ་ན། དལ་རྐང་མི་འདྲ་བ་གསུམ་ཡོད་པའི་དོན་གྱིས་རྐང་ལོངས་མི་འདྲ་བ་གསུམ་དུ་འགྱུར་ལ། དེས་རང་རང་གི་དལ་བར་ལ་ནོར་བུ་ལོན་འགྱུར་ཚུལ་སོགས་ཀྱི་མཚང་ཤེས་པར་འགྱུར་ཏེ་འདིར་མ་སྤྲོས་སོ། །སོ་སོའི་རྐང་པ་འཛིན་ཚུལ་ནི། སྔ་རྐང་ལ་ཟོས་ཟིན་དང་ཕྱི་རྐང་ལ་མ་ཟོས་པའི་རྐང་པ་རྣམས་སྡོམ་མོ། །དེ་ནས་རྐང་བཟུང་སྔོན་མས་ལྷག་རྣམས་བསྒྱུར་བའམ། གལ་ཏེ་མ་ཟིན་རྐང་པ་དང་པོ་ཉིད་ཀྱིས་བསྒྱུར་ནས་མདའ་ཡོན་ཟླ་བས། དྲག་གཟའ་གསུམ་གྱི་དལ་བར་དང་། ཞི་གཟའ་གཉིས་ཀྱི་ཉི་བར་གང་ཡིན་དེའི་ཆའི་བར་དུ་རིམ་པར་བགོ་བ་སོགས་ཉི་མ་ལ་བྱ་བ་བཞིན་བྱས་པའི་བརྙེད་པ་རྣམས་ནི་རྒྱུ་བཞིན་པའི་དབྱུག་སྲང་ལ་སོགས་པ་སྟེ། རྐང་མཚམས་སུ་མ་སླེབ་ཀྱི་བར་སྔ་རྐང་སྟེ། དེའི་ཚེ་ཡང་དག་རྒྱུ་བའི་ཆུ་ཚོད་དང་རྐང་སྡོམས་བསྲེེ་ཞིང་། སླེབ་པ་མན་ནས་ཕྱི་རྐང་སྟེ། ཡང་དག་རྒྱུས་རྐང་སྡོམས་ལ་སྦྱང་ཞིང་། དེ་ལས་གཅིག་འབེབས་པ་སོགས་ཉི་མ་བཞིན་བྱས་པའི་རྐང་པའི་ལོངས་སྤྱོད་དེ་དག །གཟའ་རང་རང་གི་དལ་བར་ཅིག་ཤོས་ལ་འཁོར་ཕྱེད་དོར་ན་རིམ་མིན་ཏེ་བསྣན་པར་བྱ་ཞིང་། མ་དོར་ན་རིམ་པ་སྟེ་ཕྲི་བའི་ཆོ་ག་དེ་ཡིས། གཟའ་ལྔ་པོ་རང་རང་གི་རྒྱུན་གྱི་དལ་བ་རྣམ་པར་དག་པར་འགྱུར་རོ། །

གསུམ་པ་མྱུར་རྐང་ལ་བརྟེན་ནས་མྱུར་བ་དག་པ་བསྒྲུབ་ཚུལ་ནི། གཟའ་ལྔ་པོ་རང་རང་གི་དལ་བ་དག་པ་གནས་གཉིས་སུ་བཞག་པའི་གཅིག་ནི་རང་རང་གི་རྐང་པ་ལས་བྱུང་བའི་ལོངས་སྤྱོད་སྦྱིན་དོར་གྱི་གཞི་དང་། གཅིག་ནི་རྐང་པའི་ལོངས་སྤྱོད་ལས་བུ་ལོན་ལེན་བྱེད་ཡིན་ནོ། །དེ་ནས་སྐབས་སུ་བབས་པའི་དྲག་གཟའ་གསུམ་པོ་རང་རང་གི་དལ་བ་དག་པ་གནས་གཅིག་གིས་ནི་ཉིན་ཞག་ཉི་མ་བར་པ་ལ་སྦྱང་དགོས་ཏེ། ཉི་བར་ནི་རང་གི་དལ་བར་དང་དྲག་གཟའ་གསུམ་གྱི་རྐང་འཛིན་ལོངས་སྤྱོད་བུ་ལོན་དང་བཅས་པ་ཡིན་ལ། རང་རང་གི་དལ་བ་དག་པ་ནི་བུ་ལོན་ལེན་བྱེད་ཡིན་པའི་ཕྱིར་རོ། །ཞི་གཟའ་གཉིས་ལ་ནི་སྐབས་སུ་བབས་པའི་རང་རང་གི་དལ་དག་གིས། རང་རང་གི་རྐང་འཛིན་ལོངས་སྤྱོད་ལ་སྦྱང་དགོས་ཏེ་བུ་ལོན་དང་དེ་ལེན་བྱེད་གོང་བཞིན་ཡིན་པའི་ཕྱིར་རོ། །དེའི་རྒྱུ་མཚན་ནི། ཉི་མའི་ཉིན་ཞག་དཀྱིལ་འཁོར་དྲག་གསུམ་གྱི་རྐང་པའི་དཀྱིལ་འཁོར་དང་ཞི་གཉིས་རང་རང་གི་སྒོས་ཞག་དཀྱིལ་འཁོར་རང་རང་གི་རྐང་པའི་དཀྱིལ་འཁོར་ཡིན་པས། བུ་ལོན་མེད་ན་དཀྱིལ་འཁོར་དེའི་དུས་ལ་གཟའ་ལྔའི་འགྲོས་བཞི་རྫོགས་རྒྱུ་ཡིན་པ་ལ། དེའི་དུས་ལ་རང་རང་གི་དལ་བ་དག་པས་ཇི་ཙམ་སྤྱད་པ་དེ་ཙམ་ཞིག་རྐང་འཛིན་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་བས་དུས་དེར་འགྲོས་བཞི་མ་རྫོགས་པས་སོ། །རང་རང་གི་དལ་དག་གིས་ཇི་ཙམ་སྤྱད་པ་དེ་ཙམ་ཞིག་རྐང་འཛིན་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་བ་ཡང་ཡིན་ཏེ། རང་རང་གི་འགྲོས་བཞི་པོ་རང་རང་གི་དལ་དག་ལས་བརྩམས་ཏེ་བྱེད་དགོས་པས། རང་རང་གི་དལ་དག་དང་རྐང་འཛིན་ཐུན་མོང་དུ་སྤྱད་པའི་ལོངས་སྤྱོད་རྣམས་ཀྱིས་མྱུར་རྐང་འཛིན་པའི་བྱ་བ་སོགས་བྱེད་མི་རིགས་པའི་ཕྱིར། དཔེར་ན། ཐ་སྐར་ནས་བཟུང་སྟེ་རང་མ་སྐྱེས་གོང་གི་ཁྱིམ་རྣམས་ཀྱིས་དལ་རྐང་འཛིན་པ་སོགས་ཀྱི་བྱ་བ་མི་བྱེད་པ་བཞིན་ནོ། །དེ་ལྟར་རང་རང་གི་དལ་དག་གིས་རང་རང་གི་རྐང་འཛིན་ལོངས་སྤྱོད་ལ་སྦྱང་དུ་མ་ལྡངས་ན་ནི་རིམ་པའི་སྔ་རྐང་དང་པོ་ནས་ཀྱི་འཕྲོ་རྟོགས་པའི་ཆེད་དུ་འཁོར་ལོ་བསྣན་ལ་སྦྱང་བར་བྱའོ། །བསྣན་རུང་མ་བསྣན་རུང་སྦྱངས་པའི་ཤུལ་དུ་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ལྷག་ན་དོར་བས་ཆོག་སྟེ། རྐང་འཛིན་དག་པས་དལ་བ་ལས་ལྷག་པོར་འཁོར་ཕྱེད་སོང་བའི་མཚམས་སུ་མྱུར་བའི་རིམ་པའི་སྔ་རྐང་ཕྱི་རྐང་གི་ནོར་བུ་ལོན་རྣམ་པར་དག་ནས་དལ་དག་ཉིད་དུ་བྲི་གང་མེད་པས་འཕྲོ་རྩི་མི་དགོས་པའི་ཕྱིར་རོ། །འཁོར་ཕྱེད་དོར་ན་ནི་རིམ་མིན་དང་མ་དོར་ན་རིམ་པར་བྱེད་པ་དལ་བ་དང་འདྲ་ཞིང་། འཁོར་ཕྱེད་དོར་མ་དོར་གང་ཡིན་ཀྱང་རུང་། དལ་བས་རྐང་འཛིན་ལ་སྦྱངས་པའི་ལྷག་མའི་སྐར་མ་ལ་སོགས་པ་རྣམས་ཀྱིས་མྱུར་རྐང་བཟུང་དགོས་ཏེ། རྐང་འཛིན་དག་པས་སྤྱད་པའི་སྐར་མ་རེའི་ས་ཁྱོན་ལ་མྱུར་རྐང་རེ་གནས་པས་སོ། །དེ་ཡང་འཁོར་ཕྱེད་མ་དོར་ན་ནི་རིམ་པ་སྟེ། དེའི་ཚེ་རྐང་པ་ལུགས་འབྱུང་དུ་ཡས་ནས་མར་ཐུར་དུ་བརྩིས་ནས་འཛིན་ལ། གང་ཚེ་འཁོར་ཕྱེད་དོར་ན་ནི་རིམ་མིན་ཏེ། དེའི་ཚེ་རྐང་པ་ལུགས་ལྡོག་ཏུ་མས་ནས་ཡར་གྱེན་དུ་བརྩིས་ནས་འཛིན་ཏེ། རྐང་པ་སྒོར་མོར་སྤྱོད་པའི་གནད་གོ་དགོས་པའི་ཕྱིར་རོ། །དེས་ན་ཉི་ཟླ་དང་གཟའ་ལྔའི་དལ་རྐང་སོགས་ལ་རྐང་སྔ་ཕྱིའི་རི་མོ་གཅིག་པས་རིམ་རིམ་མིན་གྱི་གོ་བ་འཆུག་ཕྱིན་སྟེང་ནས་འོག་ཏུ་འདྲེན་ཚུལ་གཅིག་པ་ཁོ་ན་མཛད་པ་ལ་སྐྱོན་མི་འབྱུང་མོད། གཟའ་ལྔའི་མྱུར་རྐང་གི་སྐབས་སུ་རོང་པ་ཤེར་སེང་ན་རེ། གཟའ་ལྔའི་མྱུར་རྐང་རིམ་མིན་ཡང་ལུགས་འབྱུང་དུ་འཛིན་ཏེ། ཞེས་སོགས་ཟེར་བ་མཁས་པ་བུས་བཀག་པ་ཤིན་ཏུ་ལེགས་ཏེ། འདིར་ལུགས་འབྱུང་དུ་ཟིན་ན་རི་མོ་འཆུགས་ཏེ་རིམ་མིན་ཡང་རིམ་པར་བརྩིས་པའི་སྐྱོན་ཆགས་པའི་ཕྱིར་རོ། །དེ་ཡང་རིམ་པའི་རྐང་པ་བཅུ་གསུམ་པ་ཡན་ལ་རྐང་པ་རིལ་པོ་རེ་འཕོ་བས་དཀའ་བ་མེད་མོད། བཅུ་བཞི་པ་རིམ་པའི་ཕྱི་རྐང་ཐ་མ་དང་རིམ་མིན་གྱི་སྔ་རྐང་དང་པོ་འཛིན་པའི་ཚེ་རྐང་གནས་བཅུ་བཞི་པ་དེའི་འཕོ་མཚམས་འཕོག་ཀྱང་རྐང་པ་རིལ་པོ་རེ་མི་འཕོ་བས་སྐབས་འདིར་སྐར་མ་ཕྱེད་ཀྱིས་རྐང་པ་འཛིན་དགོས་སོ། །དེའི་ཕྱིར་རྒྱུན་གྱི་རྐང་པ་འཛིན་ཚུལ་ཡང་རིམ་པ་ལ་ནི་དཀའ་བ་མེད་ལ། རིམ་མིན་གྱི་ཚེ་རྐང་འཛིན་དག་པ་ལ་སྐར་མ་ཐིག་དང་ཆུ་ཚོད་སུམ་ཅུར་མ་ལོངས་ཀྱི་བར་ལ་ནི་རྐང་གནས་དང་པོ་ཉིད་རྒྱུ་ལ། སོ་གཅིག་ལྟ་བུ་བྱུང་ན། ཆུ་ཚོད་སུམ་ཅུས་དེ་ཉིན་གྱི་རྐང་པ་དང་པོ་འཛིན། དེའི་ལྷག་མའི་ཆུ་ཚོད་གཅིག་པོ་རྒྱུ་བཞིན་པས་བསྒྱུར་བ་སོགས་བྱ། དེ་བཞིན་དུ་འཁོར་ཕྱེད་དོར་ནས་རྐང་འཛིན་ལོངས་སྤྱོད་དུ་སྐར་གནས་སྟོང་པ་དང་། ཆུ་ཚོད་ལྔ་བཅུ་ང་དགུ་ལྟ་བུ་བྱུང་ན། ཆུ་ཚོད་སུམ་ཅུས་རིམ་རྐང་དང་པོ་འཛིན། དེའི་ལྷག་མ་ཉེར་དགུ་པོ་རྒྱུ་བཞིན་པས་བསྒྱུར་བ་སོགས་བྱ། དེ་གཉིས་ཀྱི་རིགས་པས་བར་རྣམས་ཀྱང་ཤེས་པར་བྱའོ། །ཡང་འཁོར་ཕྱེད་དོར་ནས་རྐང་འཛིན་ལོངས་སྤྱོད་དུ་སྐར་མ་གཅིག་ལྟ་བུ་བྱུང་ན། སྐར་མ་ཕྱེད་ཀྱིས་རིམ་མིན་སྔ་རྐང་དང་པོ་འཛིན། ཕྱེད་ཆུ་ཚོད་དུ་ཕབ་ལ་རྒྱུ་བཞིན་པས་བསྒྱུར་བ་སོགས་བྱ། དེ་བཞིན་དུ། འཁོར་ཕྱེད་དོར་ནས་རྐང་འཛིན་ལོངས་སྤྱོད་དུ་སྐར་མ་བཅུ་གསུམ་ལྟ་བུ་བྱུང་ན། སྐར་མ་ཕྱེད་དང་བཅུ་གསུམ་གྱིས་རྐང་པ་འཛིན། ཕྱེད་ཆུ་ཚོད་དུ་ཕབ་ལ་རྒྱུ་བཞིན་པས་བསྒྱུར་བ་སོགས་བྱ་སྟེ་དེ་བཞིན་དུ་བར་རྣམས་ལའང་སྦྱར་ཏེ་ཚུལ་དེ་ལ་གོ་བ་འཆུག་ཕྱིན་གནས་སྐབས་སུ་ལག་ལེན་བྱ་སླ་བའི་ཆེད་དུ། རིམ་མིན་གྱི་གནས་སྐབས་ཐམས་ཅད་དུ་རྐང་འཛིན་དག་པའི་སྐར་གནས་སྟོངས་ཤིང་ཆུ་ཚོད་སུམ་ཅུར་ནམ་ལོངས་པ་ནས་འགོ་བཟུང་སྟེ་རིམ་མིན་ཇི་སྲིད་མ་རྫོགས་པ་སྟེ་ཕྱི་རྐང་ཐ་མའི་བར་དེ་སྲིད་དུ་རྐང་འཛིན་གྱི་དབྱུག་གུར་མཁའ་མེ་སྟེ་སུམ་ཅུ་སླ་ཐབས་སུ་བསྲེ་ཞིང་སྐར་མ་རེ་རེས་རྐང་པའི་ས་རེ་རེ་བཟུང་བས་ཆོག་སྟེ་སྔ་མ་དང་རི་མོ་གནད་གཅིག་པ་ཡིན་ནོ། །དེ་ལྟར་རྐང་པ་བཟུང་ཚར་བའི་རྗེས་སུ་རྐང་འཛིན་གྱི་སྐར་མ་དབྱེ་བས་ཆོག་སྟེ། རང་གི་བྱ་བ་ཟིན་པའི་ཕྱིར་རོ། །གཟུང་བྱའི་ཐ་དད་པའི་རྐང་པ་ནི། གཟའ་ལྔ་པོ་རང་རང་ལ་རིམ་རིམ་མིན་གྱི་དབྱེ་བས་རྐང་པ་ཡང་ཕྱེད་དང་བཅུ་བཞི་རེར་འགྱུར་བ་ལས། བཀྲ་ཤིས་ཏེ་མིག་དམར་གྱི་རྐང་པ་ནི། རིམ་པའི་ཕྱེད་སྔ་མ་ལ་དང་པོར་མིག་དམར་ཉི་མ་ལས་འཆར་བར་རྩོམ་ཞིང་རྐང་འཛིན་དག་པས་དལ་བ་ལས་མགྱོགས་ཁྱད་དུ་སྐར་མ་གཅིག་སྤྱོད་པའི་ཆུ་ཚོད་རྣམས་བསྡོམས་པའི་གྲངས་རྒྱལ་བ་སྟེ་གནས་དང་པོ་ལ་ཉི་ཤུ་རྩ་བཞིའོ། །སྐར་མ་གཉིས་པ་ལ་སྤྱོད་པའི་ས་གཉིས་པ་ལ་མེ་མིག་སྟེ་ཉེར་གསུམ་དང་། གསུམ་པ་དང་བཞི་པའང་དེ་བཞིན་ཏེ་ཉེར་གསུམ་པ་ཚན་གསུམ་མོ། །ལྔ་པ་ལ་གཟུགས་མིག་དང་། དྲུག་པ་ལའང་གཟུགས་མིག་སྟེ་ཉེར་གཅིག་པ་རྣམ་པ་གཉིས་དང་། བདུན་པ་ལ་སྐྱོན། བརྒྱད་པ་ལ་ཚེས། དགུ་པ་ལ་དྲག་པོ། བཅུ་པ་ལ་མེའོ། །རྩ་བར་ཞེས་པ་ནི་རྐང་མཚམས་འདས་མ་ཐག་པའི་གནས་ཀྱི་མིང་སྟེ་སྐར་མ་བཅུ་གཅིག་པ་སྤྱོད་པ་ཕྱེད་ཕྱི་མའི་ས་དང་པོ་དེ་ལ་དབང་ཕྱུག་དང་། གཉིས་པ་ལ་སྦྲུལ་མེ། རྒྱུ་སྐར་བཅུ་གསུམ་པ་སྤྱོད་པ་ཕྱི་མའི་ས་གསུམ་པ་ལ་མཁའ་ནོར་ཏེ་དེ་རྣམས་རྐང་པ་རིལ་པོའོ། །རྒྱུ་སྐར་བཅུ་བཞི་པའི་ཕྱེད་སྤྱོད་པ་ཕྱི་མའི་ས་བཞི་པ་ལ་མེ་འབྱུང་གནས་པ་ནི་རྐང་པ་རིལ་པོའི་ཕྱེད་དེ་དེ་ཐམས་ཅད་ཆུ་ཚོད་དོ། །དེ་བཞིན་དུ་གཟའ་གཞན་རྣམས་ལའང་སྦྱར་ཚུལ་ཤེས་པར་བྱས་ཏེ། ཟླ་སྐྱེས་ཏེ་ལྷག་པར། མི་བདག་སོགས་རིམ་པའི་ཕྱེད་སྔ་མ་ལ་རྐང་གནས་བདུན་དང་། ཕྱི་མ་ལ་ལྔའོ། །སྒྲ་མཁན་ཏེ་ཕུར་བུར། ཕྱོགས་ལ་སོགས་ཏེ་རིམ་པའི་སྔ་རྐང་ལ་རྐང་གནས་བརྒྱད་དང་། ཕྱི་རྐང་ལ་དྲུག་གོ། སྦྱིན་བྱེད་བླ་མ་སྟེ་པ་སངས་ལ་དེ་ཉིད་ལ་སོགས་པ་སྟེ་རིམ་པའི་ཕྱེད་སྔ་མར་གནས་བཅུ་དང་། ཕྱི་མར་བཞིའོ། །དལ་འགྲོ་སྟེ་སྤེན་པར་དུས་ལ་སོགས་ཏེ་རིམ་པའི་ཕྱེད་སྔ་མ་ལ་གནས་བརྒྱད་དང་། ཕྱེད་ཕྱི་མ་ལ་དྲུག་གོ། གཟའ་ལྔ་པོ་རང་རང་གི་རིམ་མིན་ལ་ནི་ལུགས་ལས་ལྡོག་པ་སྟེ། དཔེར་ན་མིག་དམར་ལྟ་བུ་ལ་མཚོན་ན། རིམ་མིན་གྱི་ཕྱེད་སྔ་མར་སྐར་མ་ཕྱེད་དང་བཞིས་སྤྱོད་པའི་གནས་བཞི་ལ་ང་གསུམ་ལ་སོགས་པའི་རྐང་པ་ཕྱེད་དང་བཞི་དང་། ཕྱེད་ཕྱི་མར་སྐར་མ་བཅུ་སྤྱོད་པའི་གནས་བཅུ་ལ་གསུམ་ལ་སོགས་པའི་རྐང་གནས་བཅུ་ཡོད་པ་བཞིན་དུ་གཟའ་གཞན་བཞི་པོ་ལའང་ཤེས་པར་བྱའོ། །དེ་ལྟར་རྐང་པ་དེ་རྣམས་རྐང་འཛིན་དག་པས་འཛིན་ཚུལ་ཡང་། རིམ་རིམ་མིན་གྱི་སྔ་རྐང་ལ་ནི་ཟོས་ཟིན་དང་། ཕྱི་རྐང་ལ་མ་ཟོས་པའི་རྐང་པ་རྣམས་བསྡོམས་ཏེ་བྲིའོ། །རྐང་པ་གང་བཟུང་བ་དེའི་སྔུན་མ་རྒྱུ་བཞིན་པའི་རྐང་པ་དེས་རྐང་པ་བཟུང་བའི་ལྷག་མ་ཆུ་ཚོད་ལ་སོགས་པ་དེ་རྣམས་བསྒྱུར་བ་ནི། རྒྱུ་བཞིན་པའི་རྐང་པ་དེའི་སྟེང་ནས་ཇི་ཙམ་སྤྱད་ཤེས་པའི་ཆེད་དུའོ། །གལ་ཏེ་མ་ཟིན་ན་ནི། རྒྱུ་བཞིན་པའི་སྟེང་ནས་སྤྱད་པའི་རྐང་པ་འདས་པ་མེད་པའི་ཕྱིར། རིམ་རིམ་མིན་གང་ཡིན་དེའི་སྔ་རྐང་དང་པོ་ཉིད་ཀྱིས་བསྒྱུར་ཏེ། བསྒྱུར་བའི་ཚོགས་ལ་མཁའ་རོས་བགོད་པ་ནི། མྱུར་རྐང་རེ་ཇི་ཙམ་ན་འཕོ་བའི་ཆུ་ཚོད་ཀྱི་གྲངས་ཀྱིས་བགོད་པ་ཡིན་ཏེ། དལ་བའི་སྐབས་སུ་བརྒྱ་སོ་ལྔས་བགོད་པ་བཞིན་ནོ། །དེ་ལྟར་བགོས་པས་ཐོབ་པའི་ནོར་ནི་ཡང་དག་རྒྱུ་བའི་ཆུ་ཚོད་དེ་རྐང་སྡོམས་ཀྱི་འོག་ཏུ་བྲིའོ། །དེའི་ཡང་ལྷག་མ་མཁའ་རོས་བསྒྱུར་ཏེ། འོག་གི་ཆུ་སྲང་བཅུག་ལ་མཁའ་རོས་ཐོབ་པ་ལ་སོགས་པ་རྣམས་ནི་རྒྱུ་བཞིན་པའི་སྲང་དབུགས་དང་ཆ་ཤས་ཀྱི་བར་དུ་རིམ་པ་བཞིན་དུ་བཞག་པར་བྱའོ། །དེ་ཡང་རིམ་པའི་རྐང་པ་བཅུ་གསུམ་པ་ཡན་དང་། རིམ་མིན་གྱི་རྐང་པ་གཉིས་པ་མན་ཆད་ལ་རྒྱུ་བཞིན་པའི་རྐང་ལོངས་བརྟག་པའི་སྐབས་བགོད་བྱེད་དྲུག་ཅུས་བྱེད་པའི་རྒྱུ་མཚན་བཤད་མ་ཐག་པ་ལྟར་ཡིན་མོད་ཀྱི། རིམ་པའི་ཕྱི་རྐང་ཐ་མ་དང་། རིམ་མིན་གྱི་སྔ་རྐང་དང་པོ་ལ་རྐང་སྔུན་འཕོག་པ་དེའི་ཚེ་ནི་མཁའ་མེ་སྟེ་སུམ་ཅུས་བགོ་བགོས་ཏེ། རྐང་འཛིན་དག་པས་ཆུ་ཚོད་སུམ་ཅུར་ལོངས་པ་ན་རྐང་པ་དེ་གཉིས་འཕོ་བའི་ཕྱིར་ཏེ། རྐང་འཛིན་དག་པའི་བགྲོད་བྱའི་ཡུལ་རྒྱུ་སྐར་གྱི་འཁོར་ལོ་ལ་ཉེར་བདུན་ལས་མེད་ལ། མྱུར་རྐང་ལ་རིམ་རིམ་མིན་གྱི་དབྱེ་བས་ལན་གཉིས་བགྲངས་པས་ཉི་ཤུ་རྩ་བརྒྱད་དུ་འགྱུར་བའི་ཕྱིར་རོ། །དེ་བས་ན་སྐབས་འདིར་རྐང་པ་རིལ་པོ་དང་རྐང་གནས་འཕོ་མཚམས་མི་གཅིག་པ་སྔར་བཤད་མ་ཐག་པ་ལྟར་རོ། །གཞན་ཡང་ལྷག་པ་དང་སྤེན་པ་རྣམ་གཉིས་ལ་མི་འདྲ་བར་ཁྱད་པར་རྒྱུ་བཞིན་པའི་རྐང་བཟུང་སྔུན་མ་དེ། རིམ་པའི་སྔ་རྐང་ཐ་མ་དང་རིམ་མིན་གྱི་ཕྱི་རྐང་དང་པོ་སྟོང་པ་ལ་བབས་པའི་ཚེ་ན། སྒྱུར་བྱེད་སྟོངས་ན་བསྒྱུར་བྱ་དབྱེ་ཞེས་པས་རྐང་པ་བཟུང་བའི་ལྷག་ཆུ་ཚོད་ལ་སོགས་པའི་ཚོགས་དེ་རྣམས་ཕྱིས་ཏེ་མེད་པར་བྱས་པས། དལ་དག་ལ་སྣོན་འབྲིད་བྱེད་རྒྱུར་རྐང་སྡོམས་ཀྱི་ཆུ་ཚོད་ཙམ་ལས་ཡང་དག་རྒྱུ་བའི་རྐང་པའི་ལོངས་སྤྱོད་ནི་མེད་དེ། དུས་དེའི་ཚེ་མྱུར་རྐང་སྟོངས་པས་རྐང་པ་སྔོན་མ་རྣམས་ཀྱིས་སྤྱད་པའི་རྐང་རྒྱུན་མ་གཏོགས་རྒྱུ་བཞིན་པའི་རྐང་པ་དེའི་ངོས་ནས་དལ་བའི་སྟེང་དུ་ལོངས་སྤྱོད་སྐྱེ་འབྲི་ཅུང་ཟད་ཀྱང་མི་བྱེད་པ་ཡིན་ནོ། །དེའི་རྗེས་སུ་སྔ་རྐང་ཡིན་ན་རྐང་སྡོམ་གྱི་ཆུ་ཚོད་དང་རྒྱུ་བཞིན་པའི་ཆུ་ཚོད་གཉིས་པོ་བསྲེ་ཞིང་། ཕྱི་རྐང་ཡིན་ན་རྒྱུ་བཞིན་པའི་ཆུ་ཚོད་ཀྱིས་རྐང་སྡོམས་ནས་དམན་ལ། དེ་ལས་ཀྱང་གཅིག་ཕབ་སྟེ་རྒྱུ་བཞིན་པའི་ཆུ་སྲང་སོགས་ཀྱིས་རིམ་པར་ཕྲི་སྟེ། གལ་ཏེ་ལོངས་ན་ཆུ་ཚོད་ནས་སྐར་མར་ཕུད་པ་རྣམས་གཟའ་རང་རང་གི་དལ་དག་གནས་ཅིག་ཤོས་ལ་འཁོར་ཕྱེད་དོར་བ་རིམ་མིན་དུ་སྤྱོད་པའི་ཚེ་དམན་པ་ནི་སྔ་རྐང་དུ་བུ་ལོན་འཕེལ་བས་འབྲིད་བྱེད་ཇེ་མང་ལ་བཏང་ནས་འབྲིད་པ་ཡིན་ལ། ཕྱི་རྐང་དུ་བུ་ལོན་འགྲིབ་པས་འབྲིད་བྱེད་ཇེ་ཉུང་དུ་བཏང་ནས་འབྲིད་པ་ཡིན་ནོ། །འཁོར་ཕྱེད་མ་དོར་བ་རིམ་པར་སྤྱོད་པའི་ཚེ་སྦྱིན་པར་བྱེད་པ་ནི། སྔ་རྐང་དུ་ནོར་འཕེལ་བས་སྣོན་བྱེད་ཇེ་མང་དུ་བཏང་ནས་བསྣན་ལ། ཕྱི་རྐང་དུ་ནོར་འགྲིབ་པས་སྣོན་བྱེད་ཇེ་ཉུང་དུ་བཏང་ནས་སྣོན་པ་ཡིན་ནོ། །གལ་ཏེ་འབྲིད་པའི་སྐབས་ཁ་ཅིག་ཏུ་དབྲི་བྱ་དལ་དག་ཉིད་རྐང་ལོངས་ལས་ཉུང་ན་དལ་དག་གིས་རྐང་ལོངས་ལ་ལྡོག་སྟེ་སྦྱང་བའམ། ཡང་ན་དལ་དག་ལ་རྒྱུ་སྐར་གྱི་འཁོར་ལོ་བསྣན་ལ་སྦྱང་བར་བྱའོ། །དེ་ཡང་དལ་བས་རྐང་ལོངས་ཕྲི་ན་ནི་ནམ་གྲུ་ནས་ལུགས་ལྡོག་གི་སྐར་མ་སོགས་འཆར་ལ། འཁོར་ལོ་བསྣན་ནས་ཕྲི་ན་ནི་ཐ་སྐར་ནས་ལུགས་འབྱུང་གི་སྐར་མ་སོགས་འཆར་ཡང་དོན་འདྲའོ། །རྐང་པའི་ལོངས་སྤྱོད་ཀྱིས་དལ་བའི་ལོངས་སྤྱོད་ལ་སྦྱང་དུ་མ་ལྡངས་པའི་སྐབས་འདིར་མཁས་པའི་དབང་པོ་དག །དེའི་སྐབས་སུ་གཟའ་ཕྱིར་ལྡོག་པར་འགྱུར་རོ་གསུང་པ་ལ། རིགས་ལྡན་དགོངས་འགྲེལ་ལས། དེ་འདྲའི་སྐབས་སུ་གཟའ་ཕྱིར་ལྡོག་པ་སྲིད་པ་ཙམ་ལ་དགོངས་ན་དེ་ལྟར་ཡིན་གྱི། ཕྱིར་ལྡོག་པའི་ངེས་པ་མི་སྣང་སྟེ། མིག་དམར་ལ་མཚོན་ན་རིམ་མིན་གྱི་ཕྱི་རྐང་དུ་ཡང་དབྲི་བྱ་ལ་འཕྲི་བྱེད་ཀྱིས་དབྲི་བར་མི་ལྡང་བ་ཡོད་པའི་ཕྱིར་ཏེ་དལ་དག་ཐ་སྐར་གྱི་ཕྱེད་ན་གནས་ཤིང་། རྐང་འཛིན་བར་པ་སྣྲུབས་ཀྱི་ཕྱེད་ན་ཡོད་པ་ལྟ་བུ་ལ་བརྩིས་པས་ཤེས་སོ། །ཞེས་དཔྱད་པར་མཛད་དོ། །ད་ནི་སྐབས་འདིར་གཟའ་སོ་སོའི་མ་འདྲེས་པའི་ལོངས་སྤྱོད་བདེ་བླག་ཏུ་ཤེས་པར་བྱ་བའི་ཕྱིར་ཞག་རེའི་མྱུར་བ་དག་ཚུལ་རེ་མིག་ལ་འགོད་པའི་ཐབས་དང་ལྷན་ཅིག་པར་ཚིགས་སུ་བཅད་པའི་སྒོ་ནས་བརྗོད་པར་བྱ་སྟེ། གཟའ་ལྔ་སོ་སོའི་དལ་རྐང་ནི། །དང་པོ་གཉིས་པ་གསུམ་པ་རྣམས། །བུ་ལོན་ནོར་དུ་གྱུར་པ་ཡིས། །ཞག་རེའི་དལ་དག་དྲུག་པོ་ཡིས། །དྲག་གསུམ་ཉིན་ཞག་ཉི་ལོངས་དང་། །ཞི་གཟའ་གཉིས་པོ་རང་རང་གི། རྐང་འཛིན་བར་པའི་ལོངས་སྤྱོད་ལ། །སྦྱངས་ལྷག་གང་བྱུང་གཟའ་ལྔ་པོའི། །རང་རང་རྐང་འཛིན་དག་པ་ཡིན། །དེ་ཉིད་རང་རང་མྱུར་རྐང་གི། རྐང་གནས་སོ་སོས་བསྒྱུར་བ་ལ། །མཁའ་རོས་ཐོབ་པ་ཆུ་ཚོད་ཡིན། །ཡང་ལྷག་སྲང་དབུགས་ཆ་རྣམས་སུ། །གསིལ་ལ་རིམ་བཞིན་མཁའ་རོས་བགོ། ཐོབ་པ་སྲང་དབུགས་ཆ་ཡི་གནས། །རིམ་པའི་ཕྱི་རྐང་ཐ་མ་དང་། །རིམ་མིན་སྔ་རྐང་དང་པོ་ལ། །སྒྱུར་བྱེད་བབས་ཚེ་མཁའ་མེ་ཡིས། །བགོད་པར་བྱེད་པ་ཁྱད་པར་ཡིན། །དེ་ལྟར་བསྒྲུབས་པའི་རྐང་ལོངས་རྣམས། །རང་རང་དལ་དག་ཅིག་ཤོས་ལ། །སྔ་རྐང་བྱིན་ལ་ཕྱི་རྐང་དུ། །ཕྲི་བའི་མྱུར་བ་རྣམ་དག་རྣམས། །རིའུ་མིག་བཅུ་བཞི་ལ་བཀོད་པས། །རིམ་པའི་མྱུར་དག་རིའུ་མིག་འགྲུབ། །དེ་ཉིད་ལུགས་ལས་ལྡོག་པ་ནི། །རིམ་མིན་མྱུར་དག་རིའུ་མིག་ཡིན། །རིམ་པའི་ཕྱི་དང་རིམ་མིན་གྱི། །སྔ་རྐང་གནས་སུ་རྐང་ལོངས་ཀྱིས། །དལ་དག་སྦྱོང་བར་མ་ལྡངས་ན། །ལྡོག་སྟེ་དལ་བས་རྐང་ལོངས་སྦྱངས། །ལྷག་མས་ཉིན་རེ་ལུགས་ལྡོག་ཏུ། །སྤྱོད་པའི་ལོངས་སྤྱོད་འཆར་བར་འགྱུར། །རྐང་ལོངས་རྣམས་ཀྱིས་དལ་དག་ལ། །དབྲི་བསྣན་བྱས་པའི་མྱུར་དག་རྣམས། །ཉིན་རེ་བཞིན་དུ་ལུགས་འབྱུང་དུ། །སྤྱོད་པའི་ལོངས་སྤྱོད་འཆར་བ་ཡིན། །དེ་ལྟར་གཟའ་རྣམས་སོ་སོ་ཡི། །དལ་དག་དྲུག་དང་མྱུར་རྐང་གནས། །བཅུ་བཞི་ལ་སྦྱར་རིའུ་མིག །བརྒྱད་ཅུ་རྩ་བཞི་ལ་བཀོད་པས། །སོ་སོའི་ཞག་རེའི་མྱུར་རྐང་གི། འཕེལ་འགྲིབ་རྟོགས་པའི་རིའུ་མིག་འགྲུབ། །ཅེས་བྱ་སྟེ་འདི་དག་ལ་རི་མོའི་ལམ་ནས་དྲངས་པའི་དཔེར་བརྗོད་པ་རེ་བྲིས་ཀྱང་དགེ་མོད་ཀྱི། དེ་ལྟ་ནའང་ཚུལ་འདི་ལ་བློ་ཁ་ཕྱོགས་པ་རྣམས་ལ་ནི་བཤད་མ་ཐག་པ་ལྟར་ལག་ལེན་དུ་བཏབ་པས་ཤེས་པར་འགྱུར་ལ། བློ་ཁ་མ་ཕྱོགས་པ་རྣམས་ལ་ནི་རྒྱས་པར་བཤད་ཀྱང་མགོ་འཁྲུགས་པར་འགྱུར་བ་དང་ཡི་གེས་ཀྱང་འཇིགས་པའི་ཕྱིར་དེ་ཙམ་མོ། །

གསུམ་པ་འགྲོས་བཞི་ངོས་བཟུང་བས་མཇུག་བསྡུ་བ་ནི། གཟའ་རང་རང་གི་མྱུར་རྐང་གི་འཁོར་ཕྱེད་མ་དོར་བས་རྐང་པ་རིམ་པ་ལ་སྤྱོད་ཅིང་རྐང་མཚམས་མ་འདས་པར་སྔ་རྐང་ལ་སྤྱོད་ཚེ་མྱུར་འགྲོས་ཞེས་བྱ་སྟེ་ཁ་ཤར་དུ་ཕྱོགས་ཏེ་དལ་བ་ལས་མགྱོགས་པར་སྤྱོད་པའི་འགྲོས་ཡིན་པས་སོ། །མ་དོར་རིམ་པའི་ཕྱི་རྐང་གི་ཚེ་དལ་འགྲོས་ཞེས་བྱ་སྟེ་ཁ་ལྷོར་རིམ་གྱིས་ཕྱོགས་ནས་དལ་བ་དང་ཅུང་ཟད་བསྟུན་ཏེ་བསྒུག་པའི་འགྲོས་ཡིན་པས་སོ། །འདིའི་མཐར་དལ་བས་རྐང་པའི་རྗེས་ཟིན་ནས་རང་རང་གི་དལ་དག་གི་སྟེང་དུ་གནས། དེ་ནས་འཁོར་ཕྱེད་དོར་བ་རིམ་མིན་ལ་སྤྱོད་ཅིང་རྐང་པ་མ་འདས་པ་སྔ་རྐང་གི་ཚེ་འཁྱོགས་འགྲོས་ཞེས་བྱ་སྟེ་ཁ་ནུབ་ཏུ་རིམ་གྱིས་ཕྱོགས་ཏེ་དལ་བ་ལས་འཁྱོག་པོར་ཕྱོགས་པའི་འགྲོས་ཡིན་པས་སོ། །དོར་ཞིང་ཕྱི་རྐང་གི་ཚེ་འབྱུང་འགྲོས་ཞེས་བྱ་སྟེ་ཁ་བྱང་དུ་རིམ་གྱིས་ཕྱོགས་ཏེ་དལ་བ་དག་པའི་ངོས་སུ་སླར་འབྱུང་བའི་འགྲོས་ཡིན་པས་སོ། །འདིའི་མཐར་རྐང་པས་དལ་བའི་རྗེས་ཟིན་པས་རང་རང་གི་དལ་དག་ཉིད་ཀྱི་སྟེང་དུ་བྲི་གང་མེད་ཅིང་། དལ་བ་ཡང་ཉི་མ་ལ་ནུབ་བོ། །དེ་ལྟར་ན་གཟའ་ལྔ་པོ་ཐམས་ཅད་ལ་རང་རང་གི་འགྲོས་བཞི་བཞི་དང་ལྡན་པ་སྟེ། འགྲོས་བཞི་རེ་རྫོགས་མཚམས་གཟའ་ལྔ་པོ་མཚུངས་པར་ཉི་མ་ལ་ནུབ་པའི་རྗེས་སུ་སླར་ཡང་རང་རང་གི་དལ་བ་ལས་མྱུར་བའི་འགྲོས་བཞི་བརྩམས་པའི་མཐར་རང་རང་གི་དལ་དག་གི་སྟེང་དུ་གནས་ཏེ་ཉི་མ་ལ་ནུབ་པར་མཚུངས་ལ། ཉི་མ་ལས་འཆར་བའི་ཚེ་ན་ཡང་། དྲག་གཟའ་གསུམ་པོ་མྱུར་བའི་སྐབས་སུ་ཡང་ཉི་མ་ལས་བུལ་བས་ཉི་མའི་རྒྱབ་ཏུ་འཆར་ཞིང་། ཞི་གཟའ་གཉིས་པོ་ཉི་མ་ལས་མགྱོགས་པས་ཉི་མའི་མདུན་དུ་འཆར་རོ། །དེས་ན་ལེགས་པར་བརྟགས་ན་དྲག་གཟའ་གསུམ་པོའི་འགྲོས་བཞི་རྫོགས་པའི་བར་ལ་སྔར་བཤད་པ་ལྟར་དལ་བ་ལ་ཐིམ་པ་གཉིས་རེ་དང་། མཐར་ཉི་མའི་ཟེར་འོག་ཏུ་ནུབ་པ་རེ་རེ་འོང་ཞིང་། ཞི་གཟའ་གཉིས་ལ་ནི་ཉི་མ་ལའང་ནུབ་པ་གཉིས་རེ་འབྱུང་སྟེ། ཞི་གཟའ་གཉིས་ཀྱི་དལ་བ་ཉི་མ་ལས་མི་འཆར་བའི་རྒྱུ་མཚན་གྱིས་སོ། །དེའི་ཕྱིར་གཟའ་ལྔའི་འགྲོས་བཞི་རང་རང་གི་དལ་དག་ལས་རྩོམ་ལ། འཆར་ནུབ་ནི་ཉི་མ་ལ་བརྟེན་ནས་བྱེད་དེ། རྒྱུད་ལས། གང་དག་སུ་ཞིག་ཉི་མའི་ལོངས་སྤྱོད་ལ་ནི་རབ་ཞུགས་གཟའ་དེ་དག་ཀྱང་ངེས་པར་ནུབ་པར་འགྱུར། ཉི་མ་དོར་ནས་འཆར་བར་འགྱུར་རོ། །ཞེས་སོ། །གདོང་ཕྱོགས་ཚུལ་ལའང་། ཁ་ཅིག་ནང་གི་ལྷའི་གདོང་ཕྱོགས་པར་འདོད་པ་དང་། ཁ་ཅིག་ཟེར་གདོང་ཕྱོགས་དེར་གཏད་དེ་འགྲོ་བ་དང་། ཁ་ཅིག་གཞལ་མེད་ཁང་འདྲེན་བྱེད་ཀྱི་རྟ་དང་བཅས་པ་ཕྱོགས་པར་འདོད་པ་ལས། དང་པོ་ནི་ཤིན་ཏུ་མི་རིགས་པར་རྟོགས་སླ་ལ། གཉིས་པ་ནི། ཉི་སྙིང་ལས། བདག་གིས་དབྱར་ཐའི་རིམ་བརྗོད་བྱ། །དེ་བཞིན་བྱང་གི་ཕྱོགས་སུ་ནི། །ཉི་མ་གདོང་ཕྱེད་ལྟས་དེ་འཁོར། །ཞེས་པའི་འཁོར་ཚུལ་གྱི་རིགས་པས་སྒྲུབ་ནུས་ཤིང་། གསུམ་པ་ནི། མདོ་དྲན་ཉེར། ལྷ་རྣམས་ཀྱི་གཞལ་མེད་ཁང་ཤིང་རྟའི་རྣམ་པ་ལ་གནས་པ་རླུང་གི་རྟ་དུ་མས་འདྲེན་པར་གསུངས་པ་ལྟར་བཤད་ཆོག་གོ། དེ་ལྟ་ནའང་ལུགས་གཉིས་པ་ཉིད་གཟའ་སྐར་སྤྱིའི་གང་འགྲོ་བའི་སར་ཟེར་གདོང་གཏད་པ་ཙམ་ལ་བཤད་ན་རུང་གི། འདིར་འགྲེལ་ཆེན་ལས་ཁ་ཤར་དུ་ཕྱོགས་པར་འགྱུར་ཏེ། ཞེས་སོགས་གསུངས་པ་དང་སྒྲིག་ན་ཕྱི་མ་ལེགས་པར་སེམས་སོ། །མདོར་ན་རང་རང་གི་འགྲོས་བཞི་ཚར་གཅིག་རྫོགས་ཏེ་ཉི་མའི་འོད་ཟེར་གྱི་འོག་ཏུ་ནུབ་རྗེས་སླར་ཡང་རིམ་པ་གཞན་མེད་པས་དེའི་རྒྱུ་མཚན་གྱིས་སྔར་ཇི་ལྟ་བ་བཞིན་དུ་འགྲོས་བཞི་རྩོམ་པ་ཡིན་ནོ། །ཞེས་མཇུག་བསྡུས་སོ། །

གཉིས་པ་ཞར་བྱུང་ཉི་བར་གྱི་རི་མོའི་རྣམ་གྲངས་བསྟན་པ་ནི། ལ་ལ་དག །མྱུར་བའི་སྐབས་སུ་དྲག་གསུམ་གྱི་སྦྱང་བྱ་དང་ཞི་གཉིས་ཀྱི་སྦྱོང་བྱེད་ཉི་དག་ལ་མཛད་པ་སོགས་མཁས་པ་སྔ་མས་བཀག་པ་ལྟར་མི་རིགས་པ་ཉིད་དེ། འགྲེལ་ཆེན་ལས། ཁྱིམ་གྱི་ལས་ཀྱིས་རྣམ་པར་དག་པའི་གཟའི་ལོངས་སྤྱོད་ཀྱིས་ཉི་མའི་ལོངས་སྤྱོད་ལ་སྦྱང་བར་བྱའོ། །ཉི་མར་ས་སྐྱེས་རྣམ་པར་སྦྱང་སྟེ་ཞེས་པ་ནི་དལ་བའི་ལོངས་སྤྱོད་ཉི་རྐང་དང་བྲལ་བ་ལས་རེས་གཟའི་ལོངས་སྤྱོད་ཐ་དད་དུ་བྱས་ནས་སོ། །དེ་ནས་ཤེས་པ་སྟེ། བླ་མ་ཡང་སྦྱང་བར་བྱ་ཞིང་། ཉི་སྐྱེས་སྤེན་པ་ཡང་སྦྱང་བར་བྱ་སྟེ། ཀྱང་གི་སྒྲས་མིག་དམར་ཇི་ལྟ་བ་བཞིན་དུའོ། །གང་ལ་ཞེ་ན་མྱུར་བའི་ལས་ལའོ། །དེ་བཞིན་དུ་ཟླ་སྐྱེས་ཏེ་ཟླ་སྐྱེས་ཀྱི་ལོངས་སྤྱོད་ལས་གཟའ་ལྷག་གི་ལོངས་སྤྱོད་ཀྱི་དོན་དུ་ཉི་མས་སྦྱང་བར་བྱའོ། །དཀར་པོ་ལ་ཡང་སྟེ་དཀར་པོའི་ལོངས་སྤྱོད་ལས་ཀྱང་དཀར་པོའི་ལོངས་སྤྱོད་ཀྱི་དོན་དུ་ཉི་མས་སྦྱང་བར་བྱའོ། །ཞེས་པས་དྲག་གཟའ་གསུམ་གྱི་མྱུར་བའི་སྦྱང་བྱ་ཉི་མའི་དལ་ལོངས་རྐང་བྲལ་དུ་བསྟན་ནས། དེ་བཞིན་སོགས་ཀྱིས་ཞི་གཉིས་ཀྱི་སྦྱོང་བྱེད་ཀྱང་ཉི་མ་རྐང་བྲལ་དུ་སྦྱར་བར་འོས་པའི་ཕྱིར། དེ་བས་ན་གཟའ་ལྔའི་ཐུན་མོང་གི་ལོངས་སྤྱོད་ཉི་བར་ལ་བྱ་བར་རྒྱུད་འགྲེལ་ལས་དེ་ལྟར་དུ་གསུངས་མོད། དེ་ལྟ་ནའང་། སྟོབས་མི་མཚུངས་པའི་རིགས་པས་རྐང་པའི་ལོངས་སྤྱོད་ཉིན་ཞག་ཉི་བར་ལ་བྱ་དགོས་ཀྱང་རྒྱུད་འགྲེལ་ལས་གསལ་ཁ་མ་གསུངས་པས་སྔ་རབས་ཀྱི་མཁས་པ་རྟོག་ལྡན་རྣམས་ཀྱིས་ཚེས་ཞག་གི་ཉི་བར་ལས་ཉིན་ཞག་ཉི་བར་བཟོ་ཚུལ་ཇི་སྙེད་པ་བགྱིས་པ་དག་ཀྱང་གཉེན་པོར་ཅུང་ཟད་སོང་ཡང་ཞིབ་མོའི་རི་མོས་གཏན་ལ་མ་ཕབ་པས་ད་དུང་ཡིད་བརྟན་པར་མི་ནུས་ཤིང་། ཕལ་ཆེ་བ་ཡན་ལག་ལྔའི་སྐབས་ཀྱི་ཚེས་ཞག་ཉི་བར་ལ་ཕྱག་ལེན་མཛད་པས་ཉིན་ཚེས་སྟོབས་མ་མཚུངས་པའི་དབང་གིས་སྐབས་འགར་ཞག་ཏུ་ཉེ་བའི་སྐྱོན་བྱུང་སྣང་བས། དེ་དག་གི་གཉེན་པོར་ཞལ་ལུང་མཁན་པོ་ཉིད་ཀྱིས་ཉི་མའི་ཉིན་ཞག་གི་རྩིས་འཕྲོ་རྣམ་པར་དག་པ་སྟོང་འཇུག་གི་དཀྱིལ་འཁོར་ཐོག་མ་ནས་བཙལ་ཏེ་ཡང་དག་པའི་ཕྱག་ལེན་དུ་བཏབ་མོད་ཀྱང་། དཔལ་མགོན་འཕྲིན་ལས་པས་ཞལ་ངོ་ནང་བརྒྱུད་ལས་ཁྱབ་བརྡལ་དུ་སྤེལ་བར་མ་མཛད་པས་ལག་ལེན་གྱི་རྒྱུན་ནུབ་པར་ཉེ་བ་ན། རྗེ་བཙུན་ཐམས་ཅད་མཁྱེན་པ་རྒྱལ་དབང་འཇིག་རྟེན་དབང་ཕྱུག་གི་བཀའ་དྲིན་ལ་བརྟེན་ནས་མཁས་དབང་ལྡུམ་པོ་བས་ཕྱོགས་ཀུན་ཏུ་སྤེལ་བར་མཛད་པས་དེང་སང་ལག་ལེན་གྱི་རྒྱུན་ཤིན་ཏུ་གསལ་བར་བཞུགས་པའི་ཕྱིར་ཉིན་ཚེས་བར་ཁྱད་ཀྱི་ལག་ལེན་གཞན་ལ་ལྟོས་མི་དགོས་ཀྱང་རི་མོའི་ལམ་ལ་དོགས་པ་སྤང་བའི་ཕྱིར་བརྗོད་པར་འདོད་ནས། ད་ནི་རི་མོའི་ཞེས་སོགས་སྨྲས་སོ། །དེ་ཡང་སྔར་དཀྱུས་སུ་བཤད་པའི་ཉིན་ཞག་ཉི་བར་རྣམ་དག་མ་འགྲུབ་ན་ཉིན་ཚེས་བར་ཁྱད་ཀྱི་ལག་ལེན་རྣམ་པར་དག་པས་བསྒྲུབ་པར་བྱ་བ་ནི། ཚེས་གྲངས་མ་བསྲེས་གསལ་ཞག་གིཞེས་བྱ་བ་ལ་སོགས་པ་སྟེ། ལག་ལེན་ནི་གཞུང་ཉིད་ཀྱིས་གསལ་བས་འདིར་མ་བཀྲོལ་ལ། རི་མོ་དེ་ལྟར་འོང་བའི་རྒྱུ་མཚན་ནི། ཚེས་ཞག་གི་རྟག་ལོངས་ལ་ཆུ་ཚོད་བཞི། སྲང་ཉེར་གཅིག །དབུགས་ལྔ། རེ་བདུན་ཆ་ཞེ་གསུམ་རྣམས་ཡོད་དོ། །རེ་བདུན་ཆ་ཞེ་གསུམ་པོ་ཉིན་ཞག་དང་མཚུངས་པར་བུག་མཁའ་མིག་བུག་ཡིད་ཀྱི་ཆར་བྱས་ན། གཟུགས་རོ་རི་མདའ་བུ་ག་རྣམས་ཡིན་ནོ། །དེས་ཉིན་ཞག་གི་རྟག་ལོངས། ཆུ་ཚོད་བཞི། སྲང་ཉེར་དྲུགདབུགས་ཐིག །བུག་སོགས་ཆ་དུས་ཚེས་མེ་བུག་རྣམས་ལ་ཕྲི་བའི་ལྷག་མར། ཆུ་སྲང་བཞི། དབུགས་སྟོང་པ། བུག་སོགས་ཆ་མཚོ་མཁའ་དུས་རོ་ཡིད་རྣམས་འོང་བ་ཉིན་ཚེས་རྟག་ལོངས་ཀྱི་བར་ཁྱད་དུ་འགྱུར་ལ། དེའི་ཕྱིར་ཉི་མའི་ཉིན་ཞག་གིརྟག་ལོངས་ཀྱི་རེ་བཞི་ཆ་ཆུ་སྲང་བཞི། དབུགས་སྟོང་པ། བུག་སོགས་ཆ་བུག་མེ་འདོད་ཡིད་རྣམས་ཀྱི་སྟེང་དུ་དེའི་ཡང་རི་མཁའ་རིའི་ཆ་དབུགས་ཀྱི་བུག་སོགས་ཆ་མདའ་དུས་མིག་དབང་རྣམས་གནས་མཚུངས་སུ་བསྲེས་པས་ཉིན་ཚེས་རྟག་ལོངས་ཀྱི་བར་ཁྱད་དེ་ཉིད་འབྱུང་བའི་རྒྱུ་མཚན་གྱིས་སོ། །འདིར་རྩ་བར་གསལ་ཞག་གི་རེ་བཞི་དང་རི་མཁའ་རི་ཆ་གཉིས་པོར་ཚེས་གྲངས་བསྲེ་བ་ནི། ཚེས་ཞག་ཉི་བར་ལས་ཉིན་ཞག་ཉི་བར་བཟོ་ན་བྱའི། ཚེས་ཞག་ཉི་དྷྲཱུ་ལས་ཉིན་ཞག་ཉི་དྷྲཱུ་དང་། ཚེས་ཞག་རྟག་ལོངས་ལས་ཉིན་ཞག་རྟག་ལོངས་བཟོ་བའི་ཚེ་བསྲེ་མི་དགོས་སོ། །དེ་བས་ཅུང་ཟད་རགས་པའི་ཆོ་ག་ནི། ཡང་ནི་རགས་པ་བྱ་སླ་བར་ཞེས་བྱ་བ་ལ་སོགས་ཏེ་ལག་ལེན་དང་རྒྱུ་མཚན་གཉིས་ཀ་གོ་སླའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཉིན་ཞག་ལ་སྤྱོད་པའི་གྲུབ་མཐའི་གཟའ་ལྔ་བཤད་པའི་སྐབས་ཏེ་དགུ་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་བཅུ་པས་ཚེས་ཞག་ལ་སྤྱོད་པའི་གྲུབ་མཐའི་གཟའ་ལྔ་བཤད་པ།

ད་ནི་སྐབས་བཅུ་པས་ཚེས་ཞག་ལ་སྤྱོད་པའི་གྲུབ་མཐའི་གཟའ་ལྔ་བཤད་པར་བྱ་སྟེ། དེ་ཡང་རྟོག་པ་དང་ལྡན་པ་དག །འགྲེལ་ཆེན་ལས། ད་ནི་བཀྲ་ཤིས་ལ་སོགས་པ་རྣམས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉིན་ཞག་གི་ཚོགས་གསུངས་པ། ཞེས་པས་རྒྱུད་འགྲེལ་ལས་ཉིན་ཞག་ལ་སྤྱོད་པའི་ཆོ་ག་གསུངས་པ་བཞིན་དུ་སྔར་བཤད་མ་ཐག་པ་དེས་ཆོག་གིརྒྱུད་འགྲེལ་ལས་མ་གསུངས་པའི་ཚེས་ལ་སྤྱོད་པའི་ཆོ་ག་བྲིས་པས་ཅི་ཞིག་བྱ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཞག་པའི་ངེས་པ་ལ་གུས་པར་བྱའོ་སྙམ་ན་བརྗོད་པར་བྱ་སྟེ། དེ་ཡང་རྒྱུད་འགྲེལ་ལས་གསུངས་ཚུལ་དེ་ནི་དྲག་གསུམ་གྱི་དལ་བར་དང་། ཞི་གཉིས་ཀྱི་རྐང་འཛིན་ཉིན་ཞག་བདེ་བས་དེ་ལྟར་གསུངས་ཀྱི། དེ་ལྟར་ན་སྔར་སྨོས་པ་ལྟར་དྲག་གསུམ་རྐང་པ་དང་ཞི་བའི་དལ་བ་རྒྱུད་འགྲེལ་དུའང་ཉིན་ཞག་ཉི་བར་ལ་བྱ་བའི་རྣམ་གཞག་གསལ་བར་མ་གསུངས་པས་ཉི་ཚེས་ལོངས་སྤྱོད་ལས་བརྩམས་པས་མ་འགྲིག་པ་བྱུང་བ་ན་དེ་སྒྲིག་པའི་ཆེད་དུ་ཞལ་ལུང་མཁན་པོས་གཟའ་ལྔ་ཚེས་ལ་སྤྱོད་པའི་ངེས་པ་འདི་ཉིད་མཛད་དེ། ཞལ་ལུང་ལས། ཉི་མའི་ལོངས་སྤྱོད་ཉི་ཞག་དང་སྦྱོར་བའམ། ཡང་ན་གཟའ་ལྔ་ཚེས་ལ་སྤྱོད་པའི་ལག་རྩིས་བྱ་བར་རིགས་པ་ལས། དང་པོའི་ཚུལ་ནི་འཆད་པར་འགྱུར་ལ། གཉིས་པ་ཡང་ཁོ་བོས་བྱས་པ་ཟུར་ན་ཡོད་པས་དེར་བལྟ་བར་བྱའོ། །ཞེས་གསུངས་པས་སོ། །དེ་བས་ན་ཚེས་ལ་སྤྱོད་པའི་ངེས་པ་གསར་དུ་མཛད་པ་འདི་ལ་རྒྱུད་འགྲེལ་དང་འགལ་བའི་སྐྱོན་མེད་དེ། རྩ་བའི་རྒྱུད་ལས། ཉི་མའི་ཞག་གསུམ་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་གསུངས་པའི་རིག་པས། མིག་དམར་ལ་སོགས་དཀྱིལ་འཁོར་ནི། །རང་རང་རྒྱུ་བ་ལས་རབ་གྲུབ། །ཉིན་གཅིག་རྒྱུ་སྐར་རྣམས་ཀྱིས་བསྒྱུར། །དཀྱིལ་འཁོར་གྱིས་ནི་རྣམ་པར་དབྱེ། །ཐོབ་པ་དག་ནི་སྐར་མར་འགྱུར། །ལྷག་མ་སླར་ཡང་དྲུག་ཅུས་བསྒྱུར། །དཀྱིལ་འཁོར་ཆ་ཡི་ཆུ་ཚོད་དེ། །དེ་བཞིན་ཆུ་སྲང་དབུགས་དག་ཀྱང་། །དཀྱིལ་འཁོར་ཆས་ཐོབ་གཟའ་རྣམས་ཀྱི། །ཉིན་ཞག་སོ་སོར་མི་ཡི་བདག །ཅེས་གསུངས་པའང་གཟའ་ལྔ་པོ་སོ་སོའི་ཞག་གསུམ་ཀའི་དཀྱིལ་འཁོར་དང་ལོངས་སྤྱོད་གསུངས་པར་འཆད་དགོས་པས་སོ། །དེའི་ཕྱིར་གཟའ་ལྔ་པོ་སོ་སོའི་ཚེས་ཞག་ལ་སྤྱོད་པའི་རྟག་ལོངས་རྣམས་དང་ཁྱིམ་དང་སྐར་མའི་ལས་དག་པར་བྱེད་པའི་ཆོ་ག་རྣམས་ནི་རྒྱུད་འགྲེལ་ལས་གསུངས་པར་གྲུབ་ལ། རྩིས་འཕྲོའི་ངེས་པ་རྣམས་ནི་གྲུབ་མཐའི་རྩིས་དཔང་པོར་མཛད་དེ་སྟོང་འཇུག་གི་དཀྱིལ་འཁོར་ཐོག་མ་ནས་བཙལ་བར་མཛད་པའི་ཕྱིར་འདི་ཡང་བཅོམ་ལྡན་འདས་ཀྱི་ངེས་པ་ལས་གཞན་དུ་རྟོག་པར་མི་བྱའོ། །དེ་ལྟ་ནའང་། ཉིན་ཞག་སོ་སོར་མི་ཡི་བདག །ཅེས་པས་རྩ་རྒྱུད་ཀྱི་ལུང་འདིས་ཉིན་ཞག་གི་དཀྱིལ་འཁོར་དང་ལོངས་སྤྱོད་ཁོ་ན་སྟོན་གྱི། ཚེས་ཞག་ལ་སོགས་པ་མི་སྟོན་ནོ་སྙམ་ན། འོ་ན་རྩ་རྒྱུད་ལས། ཉི་མའི་ཚེས་ཞག་གི་དཀྱིལ་འཁོར་ཡང་མ་གསུངས་པར་ཐལ། ཉིན་ཞག་གི་དཀྱིལ་འཁོར་བཟོ་བའི་གཞིར་གྱུར་པ་དེ་ནི་ཚེས་ཞག་གི་དཀྱིལ་འཁོར་མ་ཡིན་པའི་ཕྱིར་ཏེ། ཉིན་ཞག་ཆུ་ཚོད་ཆུ་སྲང་རྣམས། །དབུགས་སུ་བྱས་ནས་རྣམ་གསུམ་སླར། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་རྒྱུད་འགྲེལ་གྱི་དགོངས་པ་བཞིན་མཁས་པས་སྲོལ་བྱེད་པར་མཛད་པ་ལ་འདུན་པར་བྱའོ། །ཁོ་བོས་ཀྱང་མཁས་པའི་ཕྱག་རྗེས་མི་ཉམས་པར་བྱ་བའི་ཕྱིར་ཉིན་ཞག་ལས་བརྩམས་ཏེ་བཤད་པའི་རྗེས་སུ་སླར་ཡང་ཚེས་ཞག་ལ་སྤྱོད་པའི་གཟའ་ལྔའི་ངེས་པ་འདི་ཉིད་བསྐྱར་ཏེ་གཞུང་འདིར་བྲིས་པ་ཡིན་ནོ། །

འདི་ལ་གསུམ་སྟེ། གཟའ་ལྔའི་ཐུན་མོང་གི་གཞི་ལོ་ཟླ་དག་པ། སོ་སོའི་ངེས་པ་བཤད་པ། འགྲོས་བཞི་ངོས་བཟུང་བའོ། །དང་པོ་ནི། བློ་ངན་འདས་ལོ་ཉི་མས་བསྒྱུར་ཞེས་བྱ་བ་ལ་སོགས་པ་ནི་ལོ་དག་ལས་ཚེས་ཟླ་སྒྲུབ་པའི་ལས་ཀྱི་བྱ་བ་སྟེ་སྔར་བཤད་གྲུབ་བོ། །

གཉིས་པ་སོ་སོའི་ངེས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རགས་པ་དལ་མྱུར་བར་པ། འབྲིང་པོ་ཁྱིམ་གྱི་རྩིས། ཞིབ་པ་སྐར་མའི་རྩིས་སོ། །དང་པོ་ལ་གཉིས་ཏེ། དྷྲཱུ་ཝ་དང་། དལ་མྱུར་བར་པ་དངོས་སོ། །དང་པོ་ལ་གསུམ་སྟེ། སོ་སོའི་དྷྲཱུ་ཝ། ཟླ་རེའི་དྷྲཱུ་ཝ་སྤོ་ཚུལ། ཆ་ཤས་བསྡུ་ཚུལ་ལོ། །དང་པོ་ནི་མིག་དམར་གྱི་དོན་དུ་ཟླ་དག་གནས་དྲུག་ཏུ་བཞག་ནས། ཡས་ནས་མར་གཟུགས་དང་། བུ་ག་དང་། གདེངས་ཀ་མེ་དང་། ཐིག་ལེ་དང་། མཚོ་ཐུབ་གཟུགས་དང་། ཀླུ་རི་རྣམས་ཀྱིས་རིམ་པ་བཞིན་དུ་བསྒྱུར་དགོས་ཏེ། མིག་དམར་གྱི་གྲུབ་མཐའི་ཚེས་ཞག་རྟག་ལོངས། ཆུ་ཚོད་གཉིས། སྲང་བཅུ་དགུ། དབུགས་གཅིག །བུག་མིག་ལག་པའི་ཆ་བརྒྱ་ཞེ་གསུམ། རི་མཁའ་རི་ཆ་བརྒྱ་ཞེ་བཞི་རྣམས་ཡོད་པ་དེ་ཟླ་བ་གཅིག་གི་བར་དུ་བསགས་པས་ཟླ་རེའི་ངེས་པ་ལ་དེ་ལྟར་འབྱུང་བའི་ཕྱིར་རོ། །དེ་ལ་སྟེང་ནས་ཉི་མ་དང་། བུག་མེ་དང་། དུས་དང་། མེ་དང་། གཟུགས་མཁའ་མིག་དང་། དུས་འབྱུང་རྒྱ་མཚོ་རྣམས་རིམ་པར་སྦྱིན་པ་ནི་རྩིས་འཕྲོའོ། །དེའི་མས་ནས་རིམ་པ་བཞིན་དུ་རི་མཁའ་རི་དང་། བུག་མིག་ལག་པ་དང་། བྲོ་བ་དང་། མཁའ་རོ་ལན་གཉིས་དང་། འཁོར་ལོ་རྣམས་ཀྱིས་གོང་ནས་གོང་དུ་དྲིལ་བའི་ལྷག་མ་ནི་བཀྲ་ཤིས་ཀྱི་དལ་བའི་དྷྲཱུ་ཝ་ཀར་ངེས་པའོ། །དེ་བཞིན་དུ་གཟའ་གཞན་རྣམས་ལའང་ཤེས་པར་བྱ་སྟེ། འདི་ལྟར། ལྷག་པའི་དྷྲཱུ་ཝའི་དོན་དུ། ཟླ་དག་གནས་དྲུག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་བུ་ག་ཡོན་ཏན་སོགས་ཀྱིས་བསྒྱུར་བ་ནི། ལྷག་པའི་ཚེས་ལོངས། ཆུ་ཚོད་བཅོ་བརྒྱད། སྲང་བདུན། དབུགས་གསུམ། རི་བུག་རི་ཀླུའི་ཆ་བདུན་སྟེང་སུམ་ཅུ་སོ་དྲུག །རི་མཁའ་རི་ཆ་དོན་གསུམ་རྣམས་ཟླ་བ་གཅིག་གི་བར་དུ་བསགས་པའི་ཚེས་ཟླའི་རྟག་ལོངས་སོ། །དེ་ལ་སྟེང་ནས་བུ་ག་དང་། མེ་མཚོ་སོགས་སྟེར་བ་ནི་རྩིས་འཕྲོའོ། །དེའི་མས་ནས་རི་མཁའ་རི་དང་། རི་བུག་རི་ཀླུ་སོགས་ཀྱིས་གོང་དུ་ཕུད་པའི་ལྷག་ནི་ཟླ་བུའི་མྱུར་དྷྲཱུའོ། །ཡང་ཟླ་དག་གནས་དྲུག་ཅེས་བྱ་བ་ལ་སོགས་པ་ནི་ཕུར་བུའི་དྷྲཱུ་ཝའི་དོན་དུ་སྟེ། དེ་ཡང་ཐིག་ལེ་དྲག་པོ་སོགས་ཀྱིས་བསྒྱུར་བ་ནི། ཕུར་བུའི་ཚེས་ལོངས། ཆུ་སྲང་ཉེར་གཉིས། དབུགས་ཐིག །གཟུགས་དུས་མེའི་ཆ་བརྒྱ་གྱ་བདུན། མ་ནུ་ཡིད་ཀྱི་ཆ་བདུན་བརྒྱ་དོན་དགུ་རྣམས་ཟླ་རེའི་བར་དུ་བསགས་པའི་ཚེས་ཟླའི་རྟག་ལོངས་སོ། །སྟེང་ནས་རིག་བྱེད་དང་གདེངས་ཀ་རྒྱ་མཚོ་སོགས་སྟེར་བ་ནི་རྩིས་འཕྲོའོ། །མས་ནས་རིམ་བཞིན་མ་ནུ་ཡིད་དང་། གཟུགས་དུས་མེ་རྣམས་ཀྱིས་དྲིལ་བའི་ལྷག་མ་ནི་ཕུར་བུའི་དལ་བའི་དྷྲཱུ་ཝ་ཀ་ཡིན་ནོ། །ཡང་ཟླ་དག་སོགས་ནི་པ་ཝ་སངས་ཀྱི་དྷྲཱུ་ཝའི་དོན་དུ་སྟེ། མེ་དང་གཉིས་སྐྱེས་སོགས་ཀྱིས་བསྒྱུར་བ་ནི། པ་སངས་ཀྱི་ཚེས་ལོངས། ཆུ་ཚོད་བདུན། སྲང་ལྔ། དབུགས་བཞི། བུག་མཚོ་ཐུབ་པའི་ཆ་དྲུག་བརྒྱ་སོ་དྲུག །རི་མཁའ་རི་ཆ་ཉེར་དྲུག་རྣམས་སུམ་ཅུས་བསྒྱུར་པའི་ཚེས་ཟླའི་རྟག་ལོངས་སོ། །སྟེང་ནས་བུ་ག་དང་། ལག་མིག་སོགས་སྟེར་བ་ནི་རྩིས་འཕྲོའོ། །མས་ནས་རི་མཁའ་རི་དང་། བུག་མཚོ་ཐུབ་པ་སོགས་ཀྱིས་རིམ་པར་དྲིལ་བའི་ལྷག་མ་ནི་དཀར་པོའི་མྱུར་དྷྲཱུའོ། །ཡང་ཟླ་དག་སོགས་ནི་སྤེན་པའི་དྷྲཱུ་ཝའི་དོན་དུ་སྟེ། མཁའ་མཚོ་སོགས་ཀྱིས་བསྒྱུར་བ་ནི། སྤེན་པའི་ཚེས་ལོངས། སྲང་བརྒྱད། དབུགས་ལྔ། མེ་ཀླུ་མེ་འབྱུང་ཆ་སྟོང་བདུན་བརྒྱ་སོ་བརྒྱད། རི་མཁའ་རི་ཆ་ཉིས་བརྒྱ་བཅུ་དྲུག་རྣམས་སུམ་ཅུས་བསྒྱུར་བའི་ཚེས་ཟླའི་རྟག་ལོངས་སོ། །སྟེང་ནས་དུས་དང་ཀླུ་ལག་སོགས་སྟེར་བ་ནི་རྩིས་འཕྲོའོ། །མས་ནས་རིམ་བཞིན་རི་མཁའ་རི་དང་། མེ་ཀླུ་མེ་འབྱུང་སོགས་ཀྱིས་ཕུད་པའི་ལྷག་མ་ནི་ཉི་སྐྱེས་ཀྱི་དལ་བའི་དྷྲཱུ་ཝ་ཀ་ཡིན་ནོ། །ཡང་ཟླ་དག་གནས་དྲུག་སོགས་ནི་དྲག་གཟའི་མྱུར་དྷྲཱུ་དང་ཞི་གཟའི་དལ་དྷྲཱུ་དོན་དུ་སྟེ། མིག་ཕྱོགས་ཀླུ་དབང་སོགས་ཀྱིས་བསྒྱུར་བ་ནི་ཉི་མའི་ཚེས་ལོངས་ཆུ་ཚོད་བཞི། སྲང་ཉེར་གཅིག །དབུགས་ལྔ། འདོད་ཆ་བརྒྱད། རི་རོ་ཆ་ཉེར་གསུམ་རྣམས་སུམ་ཅུས་བསྒྱུར་བའི་ཚེས་ཟླའི་རྟག་ལོངས་སོ། །དུས་མིག་རི་འབྱུང་སོགས་སྟེར་བ་ནི་རྩིས་འཕྲོའོ། །དེ་ལ་རི་རོ་འདོད་དུས་སོགས་ཀྱིས་དྲིལ་བའི་ལྷག་མ་དྲག་གསུམ་གྱི་མྱུར་དྷྲཱུ་དང་ཞི་གཉིས་ཀྱི་དལ་བའི་གཞིར་གྱུར་པའི་ཉི་ཚེས་ཀྱི་དྷྲཱུ་ཝ་ཀ་རྣམ་པར་དག་པའོ། །གཉིས་པ་ཟླ་རེའི་དྷྲཱུ་ཝ་སྤོ་བའི་མགྱོགས་རྩིས་ནི། སོ་སོའི་སྔ་དྷྲཱུར་རང་རང་སྒྱུར་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །གསུམ་པ་ནི། དེ་ཡང་མྱུར་དག་གི་སྐབས་སུ་དྲག་གཟའི་སྦྱང་བྱ་དང་ཞི་བའི་སྦྱོང་བྱེད་གཉིས་ཀྱི་ཆ་གོང་མ་འདོད་ཆར་བྱས་པས། དེ་དང་ཤེད་མཚུངས་པར་བྱ་བའི་ཕྱིར་དུ། དྷྲཱུ་ཝ་རྣམ་པར་དག་པ་བསྒྲུབས་ཟིན་པ་དེ་ནས་དྲག་གསུམ་གྱི་དལ་དྷྲཱུ་དང་ཞི་གཉིས་ཀྱི་མྱུར་དྷྲཱུའི་དབུགས་དང་སོ་སོའི་དཀྱིལ་འཁོར་ཆའི་བར་དུ་དབུགས་ཀྱི་འདོད་ཆ་གློ་བུར་དུ་བཟོ་བར་འདོད་ན། སོ་སོའི་ཆ་གོང་འོག་གཉིས་ཀ་འདོད་པས་བསྒྱུར་ལ་རི་མཁའ་རི་དང་བུག་མིག་ལག་པ་སོགས་གནས་དེ་རང་གི་ཆ་ཤས་ཀྱི་འཁོར་ལོ་སོ་སོས་དྲིལ་བས་དབུགས་ཀྱི་འོག་ཏུ་ཐོབ་པའི་ནོར་གང་བྱུང་བ་དེ་ཉིད་འདོད་པའི་ཆ་ཡིན་ལ། ལྷག་མ་གང་བྱུང་དཀྱིལ་འཁོར་ཆ་སོགས་སོ། །དེའི་རི་མཁའ་རི་ཆ་དང་དཀྱིལ་འཁོར་ཆ་སྟེ། འདོད་ཆའི་འོག་གི་གཟའ་ལྔ་པོའི་ཆ་གཉིས་དང་། ཉི་དྷྲཱུའི་རེ་བདུན་ཆ་ཡང་དོར་བར་བྱས་ལ། སྐར་དབྱུག་སྲང་དབུགས་འདོད་པའི་ཆ་དང་བཅས་ཏེ་གནས་ལྔར་བསྡུས་ཀྱང་ལག་རྩིས་ལ་ཉེས་པ་མི་བསྐྱེད་ཅིང་དེ་ཙམ་གྱིས་དགོས་པ་འགྲུབ་བོ། །

ད་ནི་འཕྲོས་དོན་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་གཟའ་ལྔ་ཚེས་སྤྱོད་མའི་རྟག་ལོངས་ཀྱི་ཆའི་སྐབས་འདིར་ཕལ་ཆེ་བ་ན། དབུགས་ཀྱི་འདོད་ཆ་དང་། ཚེས་ཞག་གི་དཀྱིལ་འཁོར་ཆ་སྟེ་གནས་དྲུག་མར་མཛད་པ་དང་། ཡང་འདོད་ཆའི་འོག་ཏུ་མིག་དམར་ལ་ཚེས་ཞག་དཀྱིལ་འཁོར་གྱི་ཞེ་བརྒྱད་ཆ་དང་། ལྷག་སངས་གཉིས་ལ་བཅུ་དྲུག་ཆ། ཕུར་སྤེན་གཉིས་ལ་སོ་གཉིས་ཆ་སྟེ་གནས་དྲུག་མ་བྱ་ལུགས་གཅིག་དང་། ཁ་ཅིག་ཏུ། དབུགས་ཀྱི་འདོད་ཆ་དང་། དེའི་དཀྱིལ་འཁོར་ཆ་དང་། དེའི་ཡང་རི་མཁའ་རི་ཆ་སྟེ་གནས་བདུན་དུ་བྱས་པ་དང་། རབ་བྱུང་བརྒྱད་པའི་ཐོག་མར་ཞལ་ལུང་མཁན་པོ་ཉིད་ཀྱིས་འགོད་པར་མཛད་པའི་རྩིས་འཕྲོའི་ཤོག་ཁྲར་ཆ་ཤས་འདམ་ཁ་ཅན་དུ་མཛད་དེ། འདིར་བཤད་པ་དང་མཐུན་པའི་གནས་དྲུག་མ་གཅིག་དང་། དྲག་གཟའ་གསུམ་གནས་བདུན་མ་དང་། ཞི་གཉིས་ལ་གནས་དྲུག་མར་མཛད་པ་གཅིག་སྟེ་ལུགས་གཉིས་སྣང་མོད་ཀྱི། དེ་ལྟ་ནའང་། རབ་བྱུང་དགུ་པའི་འགོར་དཔལ་མགོན་ཕྲིན་ལས་པས་སྤོས་པ་དང་། རབ་བྱུང་བཅུ་པའི་མེ་བྱ་ལ་ཆོས་རྫོང་རབ་འབྱམས་པས་སྤོས་པ་དང་། རབ་བྱུང་བཅུ་གཅིག་པའི་འགོར་མཁས་དབང་ལྡུམ་པོ་བ་དོན་གྲུབ་དབང་རྒྱལ་གྱིས་སྤོ་བར་མཛད་པའི་རྩིས་འཕྲོའི་ཁྲ་མ་རྣམས་སུ་གཟའ་ལྔ་ཀ་མཐུན་པར་གནས་དྲུག་མ་ལ་ཕྱག་ལེན་མཛད་འདུག་པས་ཡི་གེ་འདིར་ཡང་དེ་བཞིན་དུ་བཀོད་དོ། །ཞེས་པའང་ཞར་ལས་འཕྲོས་པའོ། །གཉིས་པ་དལ་མྱུར་བར་པ་དངོས་ནི། དྷྲཱུ་ཝ་བཤད་པའི་རྗེས་དེ་ནས་དལ་མྱུར་བར་པ་སྒྲུབ་པའི་ཆེད་དུ་གཟའ་ལྔ་ཉི་མ་དང་བཅས་པ་སོ་སོའི་དྷྲཱུ་ཝ་ཀ་ལ་རང་རང་གི་རྟག་པའི་ལོངས་སྤྱོད་སྟེར་བ་ནི། བཀྲ་ཤིས་དབྱུག་མིག་སྲང་བུག་གཟུགས། ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་གང་རྩིའི་ཚེས་གྲངས་ཀྱིས་བསྒྱུར་ལ་བྱིན་པར་བྱེད་དམ། ཡང་ན་སོ་སོའི་རྟག་ལོངས་ཀྱི་རིའུ་མིག་དག་པ་ལས་སྟེར་བའང་རུང་སྟེ་ཁྱད་པར་མེད་ལ། ཆོ་ག་དེས་ནི་གཟའ་ལྔའི་དལ་བ་བར་པ་དང་། མྱུར་བ་བར་པ་རྣམ་པར་དག་པ་འགྲུབ་བོ། །

གཉིས་པ་འབྲིང་པོ་ཁྱིམ་གྱི་རྩིས་ནི། དྲག་གསུམ་སོ་སོའི་དལ་བར་དང་། །ཞེས་བྱ་བ་ལ་སོགས་པ་དལ་བའི་ལས་ཀྱི་ཆོ་གས་གཟའ་ལྔ་པོ་རང་རང་གི་དལ་བ་དག་པར་བྱེད་པའོ། །འདིར་ཞལ་ལུང་མཁན་པོ་ཉིད་ཀྱིས་མཛད་པའི་རྩིས་གཞི་ལས། བཀྲ་ཤིས་ཀླུ་དང་དབྱུག་སྐྱོན་སྦྱང་། །ལྷག་པ་ཚེས་དང་དབྱུག་སྐྱོན་སྦྱང་། །ཕུར་བུ་ཕྱོགས་དང་ཀླུ་མཚོ་སྦྱང་། །པ་སངས་ཆུ་དང་ཀླུ་མཚོ་སྦྱང་། །སྤེན་པ་མི་བདག་ཀླུ་མཚོ་སྦྱང་། །ཞེས་གསུངས་མོད་ཀྱི། འདིར་བཀྲ་ཤིས་དགུ་དང་མཁའ་མེ་སྦྱང་ཟེར་བ་གང་ཞེ་ན། འདི་ལྟར་སྦྱོང་དགོས་པའི་འཐད་པ་སྔར་ལེའུ་དྲུག་པར་བཤད་པ་ལྟར་རོ། །

གསུམ་པ་ཞིབ་པ་སྐར་མའི་རྩིས་ནི། རང་རང་དལ་དག་གནས་གཉིས་བཀོད། །ཅེས་བྱ་བ་ལ་སོགས་པ་མྱུར་རྐང་གི་ལས་ཀྱིས་གཟའ་ལྔ་པོ་རང་རང་གི་མྱུར་བ་དག་པར་བྱེད་པའི་ཆོ་གའོ། །

གསུམ་པ་འགྲོས་བཞི་ངོས་བཟུང་བས་མཇུག་བསྡུ་བ་ནི། རིམ་པའི་སྔ་རྐང་མྱུར་འགྲོས་ཤར། །ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་གཟའ་ལྔ་པོའི་དལ་མྱུར་དག་པར་བྱེད་པའི་ཆོ་ག་འདི་དག་གི་རྒྱུ་མཚན་ལེའུ་སྔ་མར་བཤད་མ་ཐག་པ་ལྟར་ཡིན་པས་འདིར་བསྐྱར་ཡང་ཡི་གེ་མང་བ་ཙམ་དུ་ཟད་པའི་ཕྱིར་དེ་ཙམ་མོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཚེས་ལ་སྤྱོད་པའི་གྲུབ་མཐའི་གཟའ་ལྔ་བཤད་པའི་སྐབས་ཏེ་བཅུ་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་བཅུ་གཅིག་པས་དུ་བ་འཆར་བའི་ངེས་པ་བཤད་པ།

ད་ནི་སྐབས་བཅུ་གཅིག་པས་དུ་བ་འཆར་བའི་ངེས་པ་བཤད་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དུ་བ་མཇུག་རིང་རྒྱུ་བའི་རྟག་པའི་ལོངས་སྤྱོད་ནི་ཕལ་ཆེར་ཉི་དག་དང་ཐུན་མོང་པས་ཡུལ་སྟེང་ནས་བགྲོད་ཚུལ་ཉི་མ་དང་མཚུངས་ཀྱང་། རང་གི་ཐུན་མོང་མ་ཡིན་པའི་མྱུར་རྐང་ལ་བརྟེན་ནས་འགྲོས་བཞི་རྩོམ་པའི་རྐང་པའི་ཁྱད་པར་གྱིས་འཆར་ཏེ། རིམ་པ་ལ་ཉི་མའི་མདུན་དང་། རིམ་མིན་ལ་ཉི་མའི་རྒྱབ་ཏུ་མཐོང་བར་འགྱུར་བའི་ཕྱིར། དཔེར་ན་ཞི་གཟའ་གཉིས་བཞིན་ནོ། །

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། འགྲོས་བཞི་རྫོགས་པའི་ཚད། དལ་མྱུར་རྒྱུ་བའི་ལོངས་སྤྱོད། མཐོང་ནུབ་ཀྱི་དུས་མཚམས་ངེས་པའི་སྒོ་བསྟན་པའོ། །དང་པོ་ནི། ལོ་གསུམ་དང་ཟླ་བ་ཕྱེད་པ་སྟེ་ཕྱོགས་གསུམ་པོ་ཉིས་འགྱུར་དུ་བྱས་པ་ཟླ་བ་བདུན་ཅུ་དོན་ལྔས་ནི་མྱུར་འགྲོས་དང་དལ་བའི་འགྲོས་རྫོགས་པར་འགྱུར་ལ། དེ་བཞིན་དུ་སླར་ཡང་ཟླ་བ་བདུན་ཅུ་དོན་ལྔས་འཁྱོག་འགྲོས་དང་འབྱུང་འགྲོས་གཉིས་ཀྱི་འགྲོས་རྫོགས་པར་འགྱུར་བ་དེའི་ཕྱིར། རྒྱབ་བདུན་དུ་རྒྱུ་བའི་འགྲོ་བ་དང་འོང་བའི་འགྲོས་གཉིས་གཉིས་རྫོགས་པའི་ཟླ་གྲངས་མདའ་རི་ཉིས་འགྱུར་ཟླ་བ་བརྒྱ་དང་ལྔ་བཅུ། དེ་ལོར་དྲིལ་ན་ལོ་བཅུ་གཉིས་དང་ཟླ་བ་དྲུག་རེས་དུ་བའི་འགྲོས་བཞི་པོ་ཚར་གཅིག་རྫོགས་པ་ཡིན་ཏེ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འགྲོས་བཞི་ཚར་གཅིག་རྫོགས་མཚམས་ནས་འགོ་བརྩམས་ཏེ། ཤར་དུ་གདོང་ཕྱོགས་ནས་ལོ་གསུམ་གྱི་བར་དུ་དལ་བར་རྒྱུ་བས་ཉིན་རེ་བཞིན་ལོའི་རྐང་ལོངས་སྤྱད་པས་ཉི་མ་ལས་ཤར་དུ་ཆུ་ཚོད་ཞེ་ལྔ་ཙམ་འཕགས་ཏེ་འཆར་བའི་འགོ་རྩོམ། དེ་ནས་ཕྱོགས་གསུམ་གྱི་བར་དུ་མྱུར་བར་རྒྱུ་བས་ཉིན་རེ་བཞིན་ཕྱོགས་ཀྱི་རྐང་ལོངས་སྤྱོད་པས་དེའི་མཐར་མྱུར་འགྲོས་རྫོགས་པ་ཡིན་མོད། འོན་ཀྱང་དུ་ཕོད་དང་བཅས་ཏེ་འཆར་བ་ནི་ཕྱོགས་གསུམ་པོ་རྫོགས་པ་ན་ཉི་མའི་སྔོན་དུ་སྐར་མ་གཉིས། ཆུ་ཚོད་དགུ། སྲང་ཉེར་གཉིས་ལྷག་ཙམ་ཐལ་བར་འགྱུར་བ་ལས། ཕྱོགས་གཉིས་ཏེ་ཟླ་བ་གཅིག་སོང་བའི་མཐར་ཉི་མའི་མདུན་དུ་སྲོད་ལ་འཆར་ཞིང་། དེ་ནས་ཡང་ཕྱོགས་གསུམ་དང་ལོ་གསུམ་གྱི་རིང་རང་རང་གི་རྐང་ལོངས་སྤྱད་པས་ལྷོར་གདོང་ཕྱོགས་ནས་སླར་ལྡོག་སྟེ་འོང་བ་དལ་བའི་འགྲོས་ཀྱི་མཐར་རང་གི་ཞིང་ལ་ཐིམ་པ་སྟེ་ཉི་དུ་ལྷན་ཅིག་ཏུ་འཛོམ་མོ། །དེ་བཞིན་དུ་སླར་ཡང་ལོ་གསུམ་ཕྱོགས་གསུམ་གྱི་བར་ནུབ་ཏུ་གདོང་ཕྱོགས་ནས་ལོ་དང་ཕྱོགས་ཀྱི་རྐང་ལོངས་སྤྱད་པས་འཁྱོག་འགྲོས་ཀྱི་མཇུག་གི་ཕྱོགས་གཉིས་སོང་བའི་མཐའ་མར་ཉི་མའི་རྒྱབ་ནུབ་ཏུ་འཕགས་ཏེ་ཐོ་རེངས་འཆར་ཞིང་། དེ་རྗེས་ཕྱོགས་གསུམ་དང་ལོ་གསུམ་གྱི་བར་དུ་རང་རང་གི་རྐང་ལོངས་གདོང་བྱང་དུ་ཕྱོགས་པ་འབྱུང་འགྲོས་ཀྱིས་སྤྱད་པ་རྫོགས་མཐར་ཉི་མའི་རྗེས་ཟིན་པས་ཉི་མར་ཐིམ་མོ། །དེ་ལྟར་ན་འགྲོས་རེའི་ཚད་ཟླ་བ་ཕྱེད་བཅས་སོ་བདུན་ཉིས་འགྱུར་དུ་བྱས་པ་ཟླ་བ་དོན་ལྔས་འགྲོ་བ་མྱུར་འཁྱོག་གཉིས་ལ་འོང་བ་དལ་འབྱུང་གཉིས་དགོས་པས་འགྲོ་འོང་གི་འགྲོས་རེ་རེ་རྫོགས་པ་ཡིན་ཏེ། ཁམས་ལེའི་ཚིགས་བཅད་ཞེ་དགུ་པར། སུམ་ཅུ་རྩ་བདུན་ལག་པས་བསྒྱུར་བའི་ཟླ་བ་རྣམས་ཀྱིས་མཇུག་རིང་དག་ནི་མྱུར་དང་འཁྱོག་པོར་འགྱུར། ཞེས་སོ། །འདིར་ཁ་ཅིག །མཇུག་རིང་ལ་དལ་འབྱུང་གི་འགྲོས་གཉིས་མེད་གསུང་ནའང་། དལ་འབྱུང་གི་འགྲོས་མ་བྱས་ན་མྱུར་འཁྱོག་བྱེད་མི་ཤེས་པའི་ཕྱིར། མཁས་མཆོག་བུས། འགྲོ་བ་དང་འོང་བའི་དབྱེ་བས། ཞེས་པའི་འགྲེལ་ཆེན་གྱི་ལུང་ལ་བརྟེན་ནས་མདུན་དུ་རྒྱུ་བ་ལ་འགྲོ་འོང་གཉིས། རྒྱབ་ཏུ་རྒྱུ་བ་ལ་འགྲོ་འོང་གཉིས་ཏེ། འགྲོ་བའི་འགྲོས་གཉིས་དངོས་སུ་གསུངས་པས་འོང་བའི་འགྲོས་གཉིས་ཤུགས་ལས་རྟོགས་པ་ཡིན་པར་བཤད་པ་ལྟར་འཐད་པས་འགྲོས་བཞི་འགྲུབ་བོ། །

གཉིས་པ་ལ་བཞི་སྟེ། རང་གི་ཐུན་མོང་མ་ཡིན་པའི་རྐང་ལོངས་བཤད་པ། དེ་རྒྱུན་བཅས་ཀྱིས་རྩི་བའི་ཚུལ། འགྲོས་བཞི་ངོས་བཟུང་། འཆར་ནུབ་ཀྱི་དུས་གཟེར་བཤད་པས་དོན་བསྡུ་བའོ། །དང་པོ་ནི། བཤད་མ་ཐག་པ་དེའི་ཕྱིར་འགྲོས་བཞི་གང་ལ་སྤྱོད་པའི་དུས་ཡིན་ཀྱང་རུང་སྟེ། ལོ་གསུམ་པོའི་རིང་ལོངས་སྤྱོད་པ་ལོའི་རྐང་ལོངས་ནི། ཉིན་རེ་བཞིན་ཆུ་སྲང་གཉིས་དང་དབུགས་གསུམ་རེས་ཉི་མ་ལས་ལྷག་པོར་མདུན་དུ་འགྲོ་འོང་རིམ་པའི་རྐང་སྔ་ཕྱི་ལ་ནོར་དང་། རྒྱབ་ཏུ་འགྲོ་འོང་རིམ་མིན་གྱི་རྐང་སྔ་ཕྱི་ལ་བུ་ལོན་གྱི་ཚུལ་དུ་སྤྱོད་ཅིང་། ཡང་ཕྱོགས་གསུམ་གྱི་བར་དུ་སྤྱོད་པ་ཕྱོགས་ཀྱི་རྐང་ལོངས་ནི། ཉིན་རེ་བཞིན་ཆུ་སྲང་ང་དྲུག་བཞི་ཆ་ལ་ཆུ་ཚོད་རེར་བྱས་པའི་ཆུ་ཚོད་གཉིས་རེ་འམ། ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་གཅིག་དང་ཆུ་སྲང་ང་གཉིས་དབུགས་གསུམ་རེས་ཉི་མ་ལས་ཆེས་ཆེར་ལྷག་པས་རིམ་རིམ་མིན་ལ་ནོར་དང་བུ་ལོན་གྱི་ཚུལ་དུ་སྤྱོད་པ་ཡིན་ནོ། །གཉིས་པ་རྒྱུན་བཅས་ཀྱི་རྩི་ཚུལ་ནི། དེ་ལྟར་སྤྱོད་པའི་ཚུལ་དེ་རི་མོས་གཏན་ལ་འབེབས་ན། བློ་ངན་འདས་ལོར་བྱས་པའི་གང་རྩིའི་བྱེད་པའི་ཟླ་དག་བསྒྲུབས་པ་ལ་ཀླུ་ལག་གིས་སྦྱང་བ་ནི་དུ་བའི་རྩིས་འཕྲོ་སྟེ་ལྷག་གྱུར་དོར་བའོ། །དེ་ལ་དུ་བ་སྔར་མཐོང་ནས་ཕྱིས་མཐོང་འགྱུར་གྱི་བར་གྱི་འཁོར་ལོ་མདའ་རིས་བགོས་པས་ལྷག་མ་སྟོངས་པ་དེའི་ཚེ་དུ་བ་མཐོང་བའི་དུས་ཡིན་ལ། དེའང་རྙེད་པ་འཕར་ཏེ་མི་མཉམ་པ་ཐོབ་པའི་ཚེ་འཁྱོག་འགྲོས་ཀྱི་མཐར་ཉི་མའི་རྗེས་སུ་ལུས་པས་ཐོ་རེངས་ཤར་གྱི་ཕྱོགས་སུ་བརྟག་པར་བྱ། ཡང་རྙེད་པ་འཕར་ཏེ་མཉམ་པར་གྱུར་པའི་ཚེ་མྱུར་འགྲོས་ཀྱི་མཐར་ཉི་མའི་མདུན་དུ་ཐལ་བས་སྲོད་ལ་ནུབ་ཀྱི་ཕྱོགས་སུ་མཐོང་བས་བརྟག་ཅིང་། ཐོབ་ནོར་དེ་འོག་ཏུ་སྣོན་འབྲིད་ཀྱི་མཚན་མར་ཟུར་དུ་བཞག་གོ། འཆར་བའི་དུས་ངེས་པ་དེ་ནས་རྒྱུན་བཅས་ཀྱི་ཕྱོགས་ལོའི་ལོངས་སྤྱོད་དག་བརྟག་པའི་ཕྱིར་དུ་སྔར་མདའ་རིས་བགོས་པའི་ལྷག་མ་ཇི་ཙམ་ལུས་པའི་ཚོགས་དེ་མིག་གིས་བསྒྱུར་བ་ནི་ཟླ་ཕྱེད་ཀྱི་ཕུང་པོར་གསིལ་བ་ཡིན་ལ། ཟླ་བ་ཕྱེད་པའི་ཕུང་པོར་གང་མ་ལོངས་པའི་ཆ་དེ་འོག་ཏུ་བསྲེ་རྒྱུ་བདེ་བླག་ཏུ་རྟོགས་པའི་ཕྱིར། དུས་དེར་གང་རྩིའི་ཞག་གྲངས་ལ་ཚེས་ཏེ་བཅོ་ལྔས་བགོས་པས་ཐོབ་ནོར་དུ་གང་བྱུང་འདིར་བསྲེ་ཞིང་ལྷག་མ་ཟུར་དུ་བཞག་པར་བྱའོ། །སླར་ཡང་འགྲོས་རེའི་ལོ་ལོངས་སྤྱོད་པའི་ལོ་གསུམ་གྱི་ཟླ་གྲངས་སོ་དྲུག་ཤེད་སྙོམས་ཀྱི་ཕྱིར་ཉིས་འགྱུར་དུ་བྱས་པ་ལ་ཕྱོགས་ལོངས་སྤྱོད་པའི་ཕྱོགས་གྲངས་གསུམ་བསྣན་པས་མདའ་རི་འབྱུང་སྟེ། མདུན་རྒྱབ་གང་རུང་དུ་ཤར་ནས་དེ་ཙམ་སོང་མཚམས་ལྷོ་བྱང་གི་འགྲོས་མཐར་ནོར་བུ་ལོན་ཁ་དག་པས་འཕྲོ་རྩི་མི་དགོས་པའི་ཕྱིར་དེས་དོར་བའོ། །དེ་ཡང་སྔར་འཆར་དུས་བརྟགས་པའི་ཐོབ་ནོར་མཉམ་ལ། སྐབས་འདིར་དོར་བ་ལྡངས་ན་རིམ་མིན་གྱི་སྔ་རྐང་འཁྱོག་འགྲོས་ལ་སྤྱོད་པའི་དུས་དང་། མ་དོར་ན་རིམ་པའི་ཕྱི་རྐང་དལ་འགྲོས་ལ་སྤྱོད་པའི་དུས་ཡིན་ཞིང་། ཡང་སྔར་གྱི་ཐོབ་ནོར་མི་མཉམ་ལ། འདིར་དོར་བ་ལྡངས་ན་རིམ་པའི་སྔ་རྐང་མྱུར་འགྲོས་ལ་སྤྱོད་པའི་དུས་དང་མ་དོར་ན་རིམ་མིན་གྱི་ཕྱི་རྐང་འབྱུང་འགྲོས་ལ་སྤྱོད་པའི་དུས་ཡིན་ཏེ། རྒྱུ་མཚན་དེས་རིམ་མིན་གང་ཡིན་ནའང་། རྐང་རྒྱུན་ལ་དོར་བ་སྔ་རྐང་ལ་སྟེར་ཞིང་མ་དོར་བ་ཕྱི་རྐང་ལ་དབྲི། ཞག་ལ་མྱུར་དལ་ལ་སྟེར་ཞིང་འཁྱོག་འབྱུང་ལ་དབྲི་བ་ཡིན་ནོ། །དེ་ནས་རྐང་མཚམས་དོར་བའི་ལྷག་དེ་ཚེས་ཞེས་པ་བཅོ་ལྔས་བསྒྱུར་བ་ནི་ཟླ་བ་ཕྱེད་པའི་ཚོགས་དེ་ཞག་ཏུ་གསིལ་བའོ། །དེ་ལ་དེར་མ་ལོངས་པའི་སྔར་ཟུར་དུ་བཞག་པའི་ཚེས་ཀྱིས་ཐོབ་པའི་ལྷག་མ་གང་བྱུང་དེ་བསྲེས་ལ། གནས་བཞི་སྟེང་ནས་རིམ་བཞིན་ལོའི་རྐང་ལོངས་མཁའ་དང་མཁའ་དང་མིག་དང་མེས་བསྒྱུར་བ་འོག་ནས་རོ་དང་མཁའ་རོས་དབྱུག་སར་དྲིལ་བའི་ཚོགས་སྐབས་དེའི་ཉི་དག་ལོངས་སྤྱོད་ལ་ནོར་མཉམ་དོར་བ་འཁྱོག་འགྲོས་ཀྱི་ཚེ་སྦྱང་བར་བྱ་ཞིང་། ནོར་མི་མཉམ་ལ་དོར་བ་མྱུར་འགྲོས་ཀྱི་ཚེ་ན་སྦྱིན་པར་བྱའོ། །གལ་ཏེ་རྐང་མཚམས་དོར་བའི་ལྷག་མ་ལ་ལོ་གསུམ་གྱི་ཟླ་ཕྱེད་ཀྱི་གྲངས་ལག་ཐུབ་སྟེ་དོན་གཉིས་ལོངས་ན་ལོ་ལོངས་སྤྱོད་པའི་དུས་རྫོགས་ཟིན་པས་དོར་ལ། ལྷག་མའི་ཚོགས་དེ་ཚེས་བསྒྱུར་བ་ལ་སྔར་བཞིན་ལྷག་མ་ཟུར་དུ་བཞག་པ་དེ་བསྲེས་པ་ཕྱོགས་ལོངས་ལ་སྤྱོད་བཞིན་པའི་དུས་ཡིན་པས་གནས་བཞི་སྟེང་ནས་རིམ་བཞིན་ཕྱོགས་ལོངས་ནམ་མཁའ་དང་གཟུགས་དང་མིག་དབང་དང་མེས་བསྒྱུར་བ་འོག་ནས་རོ་དང་མཁའ་རོ་དང་མཁའ་རོས་སྐར་གནས་སུ་དྲིལ་བའི་ཚོགས་དེ་ཉིད་སྔར་གྱི་ལོའི་རྐང་ལོངས་ཀྱི་རྒྱུན་དབྱུག་གུ་ཞེ་ལྔ་ལ་བསྲེས་པ་དེ་ཉི་མ་དག་པའི་ལོངས་སྤྱོད་དུ་སྔར་བཞིན་ནོར་མཉམ་དོར་ཚེ་སྦྱང་བ་སོགས་སྦྱིན་དོར་བྱ་བ་ཡིན་ནོ། །ཡང་ཟླ་ཕྱེད་ཀྱི་འཁོར་ལོ་མདའ་རིས་རྐང་མཚམས་དོར་བ་མ་ལྡངས་པའི་ཚེ་དེ་ཉིད་ལ་ཕྱོགས་གསུམ་གྱི་གྲངས་རྩེ་མོ་ཅན་ཏེ་གསུམ་གྱིས་དབྲི་ཞིང་། གལ་ཏེ་དེས་དབྲི་བར་མ་ལྡངས་ན་ཕྱོགས་ལོངས་སྤྱོད་པའི་དུས་ཏེ་སྔར་བཞིན་ཚེས་ཀྱིས་བསྒྱུར་ལ་ལྷག་མ་ཟུར་དུ་བཞག་པ་དེ་བསྲེས་པ། གནས་བཞི་སོགས་ཏེ་ཕྱོགས་ལོངས་ཀྱིས་བསྒྱུར་ཞིང་དྲིལ་བའི་ཚོགས་དེ་ཡིས་ཕྱོགས་ལོ་དྲིལ་བའི་རྐང་རྒྱུན་སྐར་མིག་དབྱུག་བུག་སོགས་ལ་སྦྱངས་པའི་ལྷག་མ་སྐབས་དེའི་ཉི་མ་དག་པའི་ལོངས་སྤྱོད་དུ་ནོར་མཉམ་མ་དོར་དལ་འགྲོས་ལ་སྦྱིན་པར་བྱ་ཞིང་། ནོར་མི་མཉམ་ལ་མ་དོར་བ་འབྱུང་འགྲོས་ཀྱི་ཚེ་སྦྱང་བར་བྱའོ། །ཡང་རྩེ་མོས་སྦྱང་བ་ལྡངས་པའི་ཚེ་ལོ་ལོངས་ལ་སྤྱོད་པའི་དུས་ཡིན་པས་ལྷག་མ་ཚེས་བསྒྱུར་སྔར་ལྷག་ཟུར་དུ་བཞག་པ་དེ་བསྲེས་ལ་ཚོགས་དེ་གནས་བཞི་སོགས་ཏེ་ལོ་ལོངས་ཀྱིས་བསྒྱུར་ཞིང་དྲིལ་བ་དེ་ཡིས་སྔར་རྩེ་མོས་སྦྱངས་ཟིན་པའི་ཕྱིར་ཕྱོགས་ཀྱི་རྐང་རྒྱུན་དོར་ནས་འདིར་ལོ་ལོངས་ཀྱི་རྐང་རྒྱུན་དབྱུག་གུ་ཞེ་ལྔ་ལ་སྦྱངས་ལྷག་སྐབས་དེའི་ཉི་མ་དག་པའི་ལོངས་སྤྱོད་ཀྱི་སྟེང་སྔ་མ་བཞིན་དུ་ནོར་མཉམ་མ་དོར་སྦྱིན་པ་སོགས་སྦྱིན་དོར་བྱ་བ་ཡིན་ནོ། །གསུམ་པ་འགྲོས་བཞི་ངོས་བཟུང་བ་ནི། རིམ་པའི་སྔ་རྐང་མྱུར་འགྲོས་ཤར། །ཞེས་བྱ་བ་ལ་སོགས་པ་དང་། དལ་འབྱུང་འགྲོས་མཐར་སོགས་ཀྱིས་འགྲོས་བཞི་ལ་འཆར་ནུབ་བྱེད་ཚུལ་ཏེ། སྔར་བཤད་རྣམས་དང་གཞུང་བཀླགས་པས་ཀྱང་གོ་ནུས་པའི་ཕྱིར་མ་སྤྲོས་སོ། །བཞི་པ་དོན་བསྡུ་བ་ནི། མདོར་ན་ཉི་མའི་ཟེར་འོག་ནས་འཐོན་པ་ནུབ་སྟེ་ལོ་དྲུག་གི་བར་ཉི་འོད་ཀྱིས་མནན་ཏེ་མཐོང་བར་མི་འགྱུར་ཞིང་། དེ་རྗེས་ཟླ་གསུམ་གྱི་ཐོག་མཐའི་ཟླ་བ་གཉིས་ལ་སྐར་མའི་རྣམ་པ་དང་བར་མའི་ཟླ་གཅིག་གི་བར་དུ་བ་དང་བཅས་པ་སྲོད་ལ་མཐོང་། དེ་ནས་ཡང་ནུབ་སྟེ་ལོ་དྲུག་མི་མཐོང་ཞིང་། དེ་རྗེས་སླར་ཡང་ཟླ་གསུམ་ཐོག་མཐར་སྐར་མ་དང་བར་མ་ལ་དུ་བ་དང་བཅས་པ་ཐོ་རེངས་མཐོང་བ་སོགས་སྔར་བཞིན་འགྲེ་བ་ཡིན་ནོ། །

གསུམ་པ་མཐོང་ནུབ་ཀྱི་དུས་མཚམས་ངེས་པའི་སྒོ་བསྟན་པ་ནི། དེ་བས་ན་འདི་ནི་རྟག་པའི་འགྲོས་ཅན་ཡིན་པའི་ཕྱིར་དེ་ལས་འཆར་ནུབ་ཀྱི་རིམ་པ་གཞན་མེད་པས་དུ་བ་ཤར་བ་ལན་གཅིག་མཐོང་སྟེ་ནུབ་པ་གཅིག་ནས་དུས་མཚམས་བཟུང་སྟེ། དེ་ནས་ཟླ་བ་དོན་བཞི་སྟེ་ལོ་དྲུག་དང་ཟླ་བ་གཉིས་སོང་བའི་མཐར་ཟླ་བ་རེ་རེའི་བར་དུ་དུ་ཕོད་དང་བཅས་པ་ནི་ཐོ་རེངས་ཤར་དང་སྲོད་ལ་ནུབ་ཀྱི་ཕྱོགས་གཉིས་སུ་སྤེལ་མའི་ཚུལ་དུ་འཆར་བ་མཐོང་བར་བཤད་ཅིང་། དེས་ནི་འཆར་ནུབ་མཐའ་ཡས་པ་བདེ་བླག་ཏུ་ཤེས་པར་འགྱུར་རོ། །འོན་ཀྱང་མི་དགེ་བའི་ལྟས་སུ་དུས་མིན་དུ་འཆར་བའང་ངེས་པ་མེད་པར་སྣང་བའི་ཕྱིར་ན་མཐའ་གཅིག་ཏུ་འཆར་བ་དང་ནུབ་པའི་ངེས་པ་འཆའ་བའང་དཀའ་བ་ཡིན་ལ། རྒྱུ་མཚན་དེས་ན་སྒྲིམ་པོའི་བློ་ཅན་རྣམས་ཀྱིས་ལན་གཉིས་ལ་སོགས་པ་མང་པོ་ཞིག་མཐོང་ནས་བསླུ་བ་མེད་པའི་ངེས་པ་ནི་རྙེད་པ་ནས་འགོ་བརྩམས་ཏེ་ངེས་བཟུང་བྱའོ་ཞེས་གོང་མ་རྣམས་གསུང་ངོ་། །འདིར་ནི་འཆར་བའི་དུས་བརྟག་ཐབས་ཀྱི་ཁུངས་རོང་པ་རྒྭ་ལོ་དང་མཁས་མཆོག་བུ་སྟོན། ཕུག་ལུགས་ལ་ཕྲིན་ལས་པའི་རྩིས་གཞི་སོགས་དམ་པ་གོང་མ་རྣམས་ཀྱི་རྗེས་སུ་འབྲངས་ཏེ་བཀོད་པ་ཡིན་ལ། དལ་མྱུར་གྱི་རྒྱུན་བཅས་ལོངས་སྤྱོད་བརྟག་པ་སྟེ་རྩི་ཚུལ་གྱི་ཆོ་ག་འདི་ནི་སྔར་མེད་པའི་ལེགས་བཤད་རང་བློས་གསར་དུ་བསྐྲུན་པ་སྟེ། བློ་གྲོས་དང་ལྡན་པའི་སྐྱེ་བོ་རྣམས་ཐུགས་དགྱེས་པར་མཛོད་ཅིག་ཅེས་གསོལ་བའོ། །

ད་ནི་མཇུག་རིང་གི་ལོངས་སྤྱོད་སྒྲ་གཅན་གྱི་ལོངས་སྤྱོད་ལས་བཙལ་དགོས་པར་གསུངས་ཤིང་། དེ་ཡང་གཟའ་ལྔའི་དལ་རྐང་ལ་མ་སྤྱད་པའི་ཟླ་བ་གཅིག་པོ་ཡོན་ཏན་བརྒྱད་ཀྱིས་བསྒྱུར་བ་ནི་སྒྲ་གཅན་དང་མཇུག་རིང་ཐུན་མོང་གི་ལོངས་སྤྱོད་དུ་གསུངས་པ་ལས་འཕྲོས་ཏེ་སྐབས་འདིར་ཡེ་ཤེས་ཀྱི་རླུང་ལ་གཟའ་རྣམས་ཀྱི་རྐང་པ་འཆར་ཚུལ་ཅུང་ཟད་བརྗོད་པར་བྱའོ། །འདི་ལ་བཞི་སྟེ། གཟའ་ལྔའི་མྱུར་རྐང་དང་སྦྱར་བ། དལ་རྐང་དང་སྦྱར་བ། མཇུག་རིང་གི་རྐང་པ་དང་སྦྱར་བ། ཉི་ཟླའི་རྐང་པ་དང་སྦྱར་བའོ། །དང་པོ་ནི། སྐྱེས་བུ་ལོ་བརྒྱ་པའི་ཡེ་ཤེས་ཀྱི་རླུང་གི་ཆ་བསྡོམས་པས་ལོ་གསུམ་ཕྱོགས་གསུམ་འབྱུང་བ་ཞག་ཏུ་གསིལ་བས་ཞག་ཆིག་སྟོང་ཆིག་བརྒྱ་ཉི་ཤུ་རྩ་ལྔའི་སྟེང་དུ་མངལ་གྱི་ཟླ་བ་དགུའི་རིང་གི་དབུགས་བསགས་པའི་ཞག་དགུ་སྦྱིན་པས་ཞག་ཆིག་སྟོང་ཆིག་བརྒྱ་སོ་བཞི་འབྱུང་ཞིང་། གཟའ་ལྔ་པོའི་མྱུར་རྐང་གི་རྐང་གྲངས་ཇི་སྙེད་པ་བསྡོམས་པས་ཀྱང་དེ་ཙམ་འབྱུང་བའི་ཕྱིར་རོ། །གཉིས་པ་དལ་རྐང་ནི། ལོ་གསུམ་དང་ཕྱོགས་གཅིག་གི་བརྒྱད་ཆའི་གྲངས་ལས་འཆར་ཏེ། དེ་ཡང་ལོ་གསུམ་གྱི་ཟླ་བ་ཕྱེད་དང་བཅས་པའི་སུམ་ཅུ་རྩ་དྲུག་ཉི་ཟླའི་ཡོན་ཏན་བརྒྱད་ཀྱིས་བསྒྱུར་བས་ཉིས་བརྒྱ་གོ་གཉིས་འབྱུང་ལ། གཟའ་ལྔའི་དལ་རྐང་གི་རྐང་གྲངས་བསྡོམས་ནའང་དེ་ཙམ་མོ། །གསུམ་པ་མཇུག་རིང་གི་ལོངས་སྤྱོད་ནི། སྒྲ་གཅན་གྱི་ལོངས་སྤྱོད་ལས་འབྱུང་སྟེ། འདི་ལྟར། ལོ་གསུམ་དང་ཕྱོགས་གཅིག་གཟའ་ལྔའི་དལ་རྐང་དང་སྦྱར་ནས། མ་སྦྱར་བ་ཕྱོགས་གཉིས་བསྡོམས་པའི་ཟླ་བ་གཅིག་པོ་ཡོན་ཏན་བརྒྱད་ཀྱིས་བསྒྱུར་བ་དྲུག་ཅུའི་ཆར་གསིལ་བ་ལ་དྲུག་ཅུས་ཐོབ་པ་ནི་ཆུ་ཚོད་དོ། །བརྙེད་པ་བརྒྱད་པོ་དེ་ལས་ཕྱེད་དོར་བས་ཆུ་ཚོད་ཕྱེད་བཅས་བདུན་ནི་སྒྲ་གཅན་གྱི་ཁྱིམ་ཟླ་གཅིག་གི་རྟག་ལོངས་ཡིན་ཏེ། སྒྲ་གཅན་གྱིས་རྒྱུ་སྐར་འཁོར་བའི་ལོ་གྲངས་བཅོ་བརྒྱད་ཁྱིམ་ཟླར་གསིལ་བས་ཉིས་བརྒྱ་བཅུ་དྲུག་འབྱུང་ལ། དེས་རྒྱུ་སྐར་འཁོར་ལོ་ལ་ཕྱེ་བས་དེ་ལྟར་འབྱུང་བའི་ཕྱིར་རོ། །དེ་ལྟར་སྒྲ་གཅན་གྱི་ལོངས་སྤྱོད་དེ་ལས་མཇུག་རིང་གི་རྐང་པའི་ལོངས་སྤྱོད་འབྱུང་བའི་ཚུལ་ནི། སྒྲ་གཅན་གྱི་ཟླ་བའི་ལོངས་སྤྱོད་ཆུ་ཚོད་ཕྱེད་དང་བརྒྱད་པོ་གཉིས་ཀྱིས་བསྒྱུར་ནས་དྲིལ་བས་ཆུ་ཚོད་བཅོ་ལྔ་འོང་། དེ་ལས་སྒྲ་གཅན་གྱི་ཕྱོགས་ལོངས་ཆུ་ཚོད་གསུམ་དང་། སྲང་ཞེ་ལྔ་པོ་ཆུ་སྲང་དུ་གསིལ་བས་ཉིས་བརྒྱ་ཉེར་ལྔ་འོང་བ་བགོད་བྱེད་ཡིན་ལ། ཤེད་མཚུངས་ཀྱི་ཆེད་དུ་ཆུ་ཚོད་བཅོ་ལྔ་པོ་ཆུ་སྲང་གི་ཕུང་པོར་བྱས་པ་ལ་བགོས་པས་བཞི་ཐོབ་པ་ནི་ཆུ་ཚོད་ཀྱི་གནས་སུ་བཞག་གོ། སླར་ཡང་སྒྲ་གཅན་གྱི་ཟླ་བའི་ལོངས་སྤྱོད་ལས་ཆུ་སྲང་བདུན་དང་དབུགས་གསུམ་ཕྱུངས་ཏེ། གནས་གཉིས་ཀ་ཡོན་ཏན་གསུམ་གྱིས་བསྒྱུར་ཞིང་དྲིལ་བས་ཆུ་སྲང་ཉེར་གཉིས་དང་དབུགས་གསུམ་དུ་འགྱུར་ཏེ་ཆུ་ཚོད་ཀྱི་འོག་ཏུ་བཞག་གོ། དེ་ལྟ་ན། ཆུ་ཚོད་བཞི། སྲང་ཉེར་གཉིས། དབུགས་གསུམ་རྣམས་ནི་དུ་བའི་ཞག་གཅིག་གི་ལོངས་སྤྱོད་ཡིན་ནོ། །དེ་དག་ཀྱང་བྱེད་པ་ལ་ལྟོས་པ་ཡིན་གྱི་གྲུབ་པའི་མཐའ་ལ་ལྟོས་པ་ནི་མ་ཡིན་ཏེ། རྒྱུ་མཚན་ཉི་མས་གང་སྤྱོད་མཇུག་རིང་གིས་ཀྱང་སྤྱོད་པས་ཉི་མས་ཉིན་ཞག་རེ་ཞིང་ཆུ་ཚོད་བཞི་ཆུ་སྲང་ཉེར་དྲུག་སོགས་སྤྱོད་པའི་ཕྱིར་ཆུ་སྲང་ཕྱེད་དང་བཞི་ཆད་པར་གསུངས་སོ། །འོན་ཀྱང་འདིར་བྱེད་པ་ཉིད་ཀྱི་དབང་དུ་བྱས་ཏེ་ཉི་མའི་རྟག་ལོངས་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུས་དུ་བའི་རྟག་ལོངས་ཆུ་ཚོད་བཞི་སྲང་ཉེར་གཉིས་དབུགས་གསུམ་རྣམས་ལ་སྦྱངས་པས་ལྷག་མ་ཆུ་སྲང་གཉིས་དང་། དབུགས་གསུམ་འོང་བ་ནི་དུ་བའི་ལོའི་རྐང་ལོངས་སམ་དལ་བར་རྒྱུ་བའི་དུས་ཀྱི་རྐང་ལོངས་ཏེ། ལོ་གསུམ་གྱི་བར་དུ་ཉིན་རེ་ཞིང་རིམ་རིམ་མིན་ལ་ནོར་བུ་ལོན་དུ་སྤྱོད་པའི་རྐང་ལོངས་ཡིན་ནོ། །དེ་ནས་ཕྱོགས་གསུམ་གྱི་རིང་ལ་ལོའི་རྐང་ལོངས་དོར་ནས་ཞག་རེ་རེ་བཞིན་ཆུ་སྲང་ང་དྲུག་རྐང་བཅས་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་གཉིས་རེ་སྤྱོད་དེ། དེ་ཡང་ལོའི་རྐང་ལོངས་ཀྱི་གནས་གཉིས་ཀ་ཕྱོགས་གསུམ་གྱི་ཞག་གིས་བསྒྱུར་ནས་དྲིལ་བས་སྲང་བརྒྱ་དང་བཅུ་གཉིས། དབུགས་གསུམ་འོང་སྟེ་བགོད་གཞིའོ། །དེ་ལ་ཆུ་སྲང་ང་དྲུག་རྐང་བཅས་ཆུ་སྲང་གི་བཞི་ཆའི་ཕུང་པོར་བྱས་པས་ཉིས་བརྒྱ་ཉེར་ལྔ་འབྱུང་བ་བགོད་བྱེད་ཡིན་ལ། ཤེད་མཚུངས་ཆེད་དུ་བགོད་གཞིའང་བཞིས་བསྒྱུར་ཏེ་དྲིལ་བ་ལ་བགོས་པས་ཆུ་ཚོད་གཉིས་ཐོབ་པའི་ཕྱིར་ཆུ་སྲང་ང་དྲུག་བཞི་ཆ་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་གཉིས་ཡིན་གྱི། ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་དུ་བྱས་ན་ནི་སྲང་བརྒྱ་བཅུ་གཉིས་པོ་ལ་དྲུག་ཅུས་དྲིལ་བས། ཆུ་ཚོད་གཅིག །སྲང་ང་གཉིས། དབུགས་གསུམ་འབྱུང་སྟེ་ཕྱོགས་གསུམ་གྱི་བར་དུ་ཉིན་རེ་ཞིང་རིམ་རིམ་མིན་ལ་ནོར་བུ་ལོན་དུ་སྤྱོད་པའི་རྐང་ལོངས་ཡིན་ནོ། །བཞི་པ་ཉི་ཟླའི་རྐང་པ་དང་སྦྱོར་བ་ནི། དུ་བའི་རྐང་པ་དང་སྦྱར་བ་དེའི་ལྷག་མ་ལས་ཉི་ཟླའི་རྐང་པར་འགྱུར་བ་ཡིན་ལ། སྒྲ་གཅན་གྱི་ཟླ་བའི་ལོངས་སྤྱོད་ཆུ་ཚོད་ཕྱེད་བཅས་བདུན་པོ་དེ་ཉི་མའི་དལ་རྐང་དང་པོའི་ཕྱེད་ལ་གསུམ་དང་། ཟླ་རྐང་གི་དང་པོ་དང་བཅུ་གསུམ་པ་ལ་འཆར་བའི་ཆུ་ཚོད་ལྔ་སྟེ་བསྡོམས་པས་ཆུ་ཚོད་བརྒྱད་པོ་དེ་དང་སྦྱོར་བ་ཡིན་ལ། དེའི་སྟེང་ནས་ཕྱེད་ནི་མུན་པ་མེད་པའི་རང་བཞིན་ཡིན་པས་སྒྲ་གཅན་གྱིས་ལོངས་མ་སྤྱད་པས་དེ་ཉིད་ཉི་ཟླ་མྱུར་བུལ་གྱི་ཁྱད་པར་འབྱེད་པའི་རྐང་པར་འགྱུར་ཏེ། དེ་ཡང་ཕྱེད་པོ་དེ་སྒྲ་གཅན་གྱིས་མ་སྤྱད་པའི་དབང་གིས་རགས་པར་ན་ཞག་རེ་ལ་ཆུ་ཚོད་རེ་དང་། ཟླ་བ་རེ་ལ་ཞག་ཕྱེད་རེ། ཟླ་བ་གཉིས་ན་ཞག་གཅིག་རེ་ཆད་པར་འགྱུར་ལ། དེ་ཡང་ཞིབ་མོར་རྩིས་ན་ཚེས་ཞག་རེ་བཞི་ན་ཉིན་ཞག་རེ་གསུམ་དང་། ཉིན་ཞག་གཅིག་གི་བདུན་བརྒྱ་བདུན་གྱི་ཆ་རེ་ཆད་པ་དེ་ཟླ་རྐང་ལ་བུ་ལོན་དང་། ཉི་རྐང་ལ་ནོར་དུ་སོང་བས་རགས་པར་ན་ཞག་རེ་ལ་ཆུ་ཚོད་གཉིས་གཉིས་ལྷག་པས་རགས་རྩིས་ཁྱིམ་ཟླ་རེ་ལ་ཚེས་ཞག་རེ་ཙམ་ལྷག་པོར་འབྱུང་བ་དེ་ཟླ་བ་རེ་རེ་བཞིན་ཆུ་ཚོད་ཕྱེད་ཕྱེད་སྒྲ་གཅན་གྱིས་མ་སྤྱད་པའི་དོན་གྱིས་ཡིན་ལ། དེ་ཡང་ཞག་རེ་ལ་ཆུ་ཚོད་རེ་ཆད་པའི་ཆུ་ཚོད་དེ་ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་དུ་བྱས་པ་མ་ཡིན་གྱི། ཆུ་སྲང་ང་དྲུག་རྐང་བཅས་ལ་ཆུ་ཚོད་རེར་བྱས་པ་ཡིན་གསུང་ངོ་། །དེ་དག་ཀྱང་འཕོ་ཆེན་གྱི་མཚམས་སུ་ཡེ་ཤེས་ཀྱི་རླུང་ང་དྲུག་རྐང་བཅས་རྒྱུ་བའི་དབང་གིས་ཕྱི་ནང་མཐུན་པར་གྱུར་པས་ན་དབུ་མའི་ཡན་ལག་ཏུ་ཤེས་པར་བྱ་སྟེ། དེ་སྐད་དུའང་འགྲེལ་ཆེན་ལས། གང་ཞིག་མ་སྤྱད་ཕྱེད་ཀྱི་ཆུ་ཚོད་ཅེས་པ་ནི་སྒྲ་གཅན་གྱིས་མ་སྤྱད་པའོ། །ཞེས་པ་ནས། ཉིན་ཞག་གཅིག་ལྷག་པ་དེ་དབུ་མའི་ཡན་ལག་ཏུ་རིག་པར་བྱའོ། །ཞེས་པའི་བར་གསུངས་སོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། མཇུག་རིང་འཆར་བའི་ངེས་པ་བཤད་པའི་སྐབས་ཏེ་བཅུ་གཅིག་པའི་འགྲེལ་པ་འཕྲོས་དོན་དང་བཅས་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་བཅུ་གཉིས་པས་ཉི་ཟླ་ལ་སྒྲ་གཅན་འཇུག་པའི་རྣམ་གཞག

ད་ནི་སྐབས་བཅུ་གཉིས་པས་ཉི་ཟླ་ལ་སྒྲ་གཅན་འཇུག་པའི་རྣམ་གཞག་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ནས་ཉི་མ་ཟླ་བ་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། འདིར་འགྲེལ་ཆེན་ལས། དེ་ཉིད་སྒྲ་གཅན་འཁོར་བའི་དབང་གིས་ཤེས་པར་བྱ་སྟེ། བྱེད་པ་གཞན་ཐམས་ཅད་ལ་རབ་ཏུ་གྲགས་པའི་ཕྱིར། འདིར་བཅོམ་ལྡན་འདས་འཇམ་དཔལ་གྱིས་འབད་པ་མ་མཛད་དོ། །ཞེས་དང་། རྩ་བའི་རྒྱུད་དེ་གཞན་གྱི་བྱེད་པ་གཞན་ལའང་སྒྲ་གཅན་འཁོར་བ་ལ་སོགས་པ་ཤེས་པར་བྱའོ། །ཞེས་ཉི་ཟླ་ལ་སྒྲ་གཅན་འཇུག་ཚུལ་ཇི་ལྟ་བ་ཤེས་པ་སྒྲ་གཅན་འཁོར་ཚུལ་ཤེས་པ་ལ་ལྟོས་དགོས་པ་དང་། འཁོར་ཚུལ་རྩ་རྒྱུད་དང་། བྱེད་པ་གཞན་ལ་ཁ་འཕང་བར་མཛད་ནས་རྒྱུད་འགྲེལ་དུ་འཛིན་ཚུལ་དང་འཁོར་ཚུལ་རགས་པ་ཙམ་ལས་མ་གསུངས་པའི་ཕྱིར་ལུང་རིགས་ཁོ་ནས་འཆད་དཀའ་བར་སྣང་བས། མཁས་པའི་གསུང་རྒྱུན་དང་རང་གིས་ཉམས་མྱོང་ཅུང་ཟད་ཀྱིས་ཀྱང་རྣམ་པར་བརྒྱན་ཏེ་བཤད་པར་བྱ་ཞེས་ཁས་བླང་ངོ་། །

གཉིས་པ་ལ་གསུམ་སྟེ། འཛིན་པའི་དུས་ངོས་བཟུང་བ། འཛིན་ཚུལ་རྒྱས་པར་བཤད་པ། ཡུལ་དུས་གནས་སྐབས་ལ་ལྟོས་ནས་བརྟག་དགོས་པར་གདམས་པའོ། །དང་པོ་ནི། སྔར་བཟུང་བ་གཅིག་ནས་ཟླ་བ་དྲུག་དང་། དུས་ཚིགས་ལ་དྲུག་ཏུ་ཕྱེ་བའི་དུས་ཚིགས་གསུམ་འདས་པའི་ཚེས་གྲངས་དཀར་པོའི་ཚེས་བཅོ་ལྔ་དང་ནག་པོའི་ཚེས་གཅིག་གི་ཚིགས་མཚམས་དང་། ནག་པོའི་གནམ་གང་དང་དཀར་པོའི་ཚེས་གཅིག་གི་ཚིགས་མཚམས་སུ་ཉི་ཟླ་སྒྲ་གཅན་གྱིས་འཛིན་པར་བྱེད་དོ། །དེ་ཡང་སྤྱིར་སྒྲིབ་བྱེད་སྒྲ་གཅན་ལ་ལུང་རྣམས་ལས་དགོངས་པ་མི་མཐུན་པ་དུ་མ་བྱུང་སྟེ། མདོ་དྲན་པ་ཉེར་གཞག་ཏུ། ལྷ་དང་ལྷ་མིན་འཐབ་པ་དང་རང་ཉིད་ལྷའི་གྲོང་ཁྱེར་ལ་ལྟ་བ་ལ་སོགས་པའི་ཕྱིར་ལྷ་མིན་དབང་པོ་སྒྲ་གཅན་གྱི་ལག་གིས་ཉི་ཟླ་ལ་འགེབས་པར་བཤད་པ་དང་། ཟླ་བའི་མདོར། ལྷའི་བུ་ཟླ་བ་ལྷ་མིན་སྒྲ་གཅན་གྱིས་བཟུང་བར་གྱུར་པ་ན་འཇིགས་ཤིང་སྐྲག་པས་བཅོམ་ལྡན་འདས་ལ་སྐྱབས་གསོལ་བར་བཤད་པ་སོགས་ནི་དྲང་དོན་དགོངས་པ་ཅན་ཡིན་ལ། ངེས་པའི་དོན་ལ། ནང་དུ་དབུ་མ་སྟོང་པའི་རང་བཞིན་ནམ་མཁའི་ཁམས་སྒྲིབ་ཐོགས་དང་བྲལ་བ། ཡར་སྣ་ཆུའི་ཁམས་དཔྱིད་ཀྱི་གོང་བུ་དང་། མར་སྣ་མེའི་ཁམས་འབར་བའི་ཐིག་ལེ་དང་ལྡན་པའི་གནད་ཀྱིས། ཕྱི་རོལ་དུ་ཡང་སྒྲ་གཅན་གྱི་ལུས་སྟོང་པ་ནམ་མཁའི་ཁམས་ཡིན་པས་དེས་མི་སྒྲིབ་ལ། འདིར་སྒྲིབ་བྱེད་ནི་གདོང་ཆུའི་རང་བཞིན་ནག་པོ་མུན་པའི་བདག་ཉིད་དང་། མཇུག་མ་མེའི་ཁམས་དམར་པོ་འབར་བའི་རང་བཞིན་ཅན་གཉིས་སོ། །འཛིན་པའི་དུས་ལ་ཟླ་དྲུག་དུས་གསུམ་འདས་དགོས་པ་ནི། རྒྱུད་ལས། ཟླ་བ་དྲུག་དང་དུས་གསུམ་གྱིས་ནི་འཛིན་པར་འགྱུར་ཏེ། ཞེས་སོ། །འོ་ན་ཟླ་བ་དྲུག་དང་། དུས་ཚིགས་གསུམ་འདས་པ་གཉིས་ཟླ་བའི་གྲངས་མཉམ་པས་གནད་གཅིག་མོད། འདིར་སོ་སོར་གསུང་པ་གང་ཞེ་ན། དེ་ནི་ནང་དུ་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་རྫོགས་པ་ན་མུན་པ་ཆེན་པོའི་རླུང་གིས་རྐྱང་མའི་སྟོབས་འཕྲོག་པས་ཕྱིར་ཟླ་འཛིན་ལ་ཟླ་བ་དྲུག་འདས་དགོས་པ་དང་། ནང་དུ་སྙིང་སྟོབས་དང་། རྡུལ་དང་། མུན་པའི་མཐར་མུན་པ་ཆེན་པོའི་རླུང་གིས་རོ་མའི་སྟོབས་འཕྲོག་པས་ཕྱི་རོལ་ཏུ་ཉི་མ་འཛིན་པ་ལ་དུས་གསུམ་ཟད་དགོས་པར་གསུངས་ཏེ། འགྲེལ་ཆེན་ལས། འདིར་དང་པོའི་དུས་ནི་སྙིང་སྟོབས་ཀྱི་ཆོས་ཅན། གཉིས་པ་ནི་རྡུལ་གྱི་ཆོས་ཅན། གསུམ་པ་ནི་མུན་པའི་ཆོས་ཅན་ཏེ། དེས་ན་མུན་པ་འཇུག་གོ། དེ་བཞིན་དུ་ཟླ་བ་ལའང་ཁམས་དྲུག་གི་དབྱེ་བས་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པར་ཟླ་བ་དྲུག་པའོ། །ཞེས་སོ། །འོ་ན་འདིར་དུས་གསུམ་ཞེས་གསུངས་པའི་གནད་ཀྱིས་དུས་དྲུག་ཏུ་ཅིའི་ཕྱིར་འབྱེད་ཅེ་ན། དུས་རེ་ལ་ཟླ་བ་གཉིས་གཉིས་གསུངས་པས་ཏེ། འགྲེལ་ཆེན་ལས། ཕྱི་རོལ་ཏུ་ཟླ་བ་གཅིག་དང་། དབྱུག་གུ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་ཡན་ལག་གཅིག་གོ། ཟླ་བ་གཉིས་དང་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གིས་དུས་སོ། །ཡན་ལག་གཉིས་གཉིས་ཀྱིས་དུས་དྲུག་རྣམས་སོ། །ཞེས་སོ། །དཀར་ནག་གི་ཚེས་མཚམས་སུ་འཇུག་པའི་རྒྱུ་མཚན་ནི། སྒྲ་གཅན་གདོང་མཇུག་དང་ཉི་ཟླ་སྐར་མ་གཅིག་གི་སྟེང་དུ་ཚོགས་པ་ནི་མང་དུ་འབྱུང་མོད་ཀྱི། འོན་ཀྱང་ནང་དུ་ཐབས་ཤེས་ཀྱི་རྟེན་འབྲེལ་གྱི་མཐུ་ལས་ཟླ་བའི་དཀར་ནག་གི་ཆ་ཡོངས་སུ་གང་བའི་མཚམས་ལས་གཞན་དུ་མི་འཛིན་ཏེ། རྩ་རྒྱུད་ལས། ཚིགས་མཚམས་དཀར་པོ་ནག་པོ་ལ། །ཚེས་གྲངས་གཉིས་ཀའི་དབུས་སུ་ནི། །ཉི་མ་ཟླ་བ་རྣམ་འཛོམས་པ། །སྒྲ་གཅན་འཇུག་པའི་ཚེས་གྲངས་སོ། །ཞེས་དང་། བསྡུས་རྒྱུད་ལས། ཚིགས་མཚམས་དག་ལ་རི་བོང་ཅན་གྱི་དཀྱིལ་འཁོར་ལ་ནི་སྒྲ་གཅན་རབ་ཏུ་འཇུག་སྟེ། ཞེས་སོ། །ཁྱད་པར་ཉི་འཛིན་ལ་ནི། དུས་ཚིགས་གསུམ་ཟད་དགོས་པར་མ་ཟད། རྟེན་འབྲེལ་རེག་པའི་དབུས་སུ་ཉི་རྐང་ཞུགས་པ་ཡང་དགོས་ཏེ། རྒྱུད་ལས། རེག་པའི་ཡན་ལག་དབུས་དེར་སྒྲ་གཅན་རྒྱུ་བ་དེ་ཡིས་ཟླ་བ་ཉི་མ་དག་ནི་འཛིན་པར་འགྱུར། །ཞེས་སོ། །དེས་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་རིམ་པར་འཁོར་བའི་རེག་པའི་རྟེན་འབྲེལ་གནམ་སྟོང་ལ་འཆར་བ་དགོས་པ་འདི་ཁམས་ལེར་གསུངས་པའི་རྟེན་འབྲེལ་འཆར་རྩིས་ལ་མི་བཟུང་གི་ཡེ་ཤེས་ལེའུའི་འགྲེལ་ཆེན་ལས། དེ་ལྟར་ཡན་ལག་བཅུ་གཉིས་རྣམས་ལ་ཉིན་ཞག་དང་པོ་ལ་མ་རིག་པ་དང་། ཞེས་སོགས་གསུངས་པ་ལྟར། ལུག་གི་ཁྱིམ་ཟླ་ནས་བརྩམས་ཏེ་ཟླ་བ་གཉིས་གཉིས་ལ་ཡན་ལག་རེེར་བཞག་པའི། ཡན་ལག་རེ་རེའི་ཉིན་ཞག་དང་པོ་ལ་མ་རིག་པ་འཆར་བ་ནས་བརྩམས་ཏེ། གཉིས་པ་ལ་འདུ་བྱེད་སོགས་ལུགས་འབྱུང་དུ་འཁོར་བ་ལས་དེའི་གནམ་གང་ལ་རེག་པ། ཡང་ཚེས་གཅིག་ལ་ཚོར་བ་ནས་གནམ་གང་ལ་རྒ་ཤི་སྟེ། མདོར་ན་གནམ་གང་ལ་རེག་པ་དང་རྒ་ཤི་སྤེལ་མར་ཡོད་པའི་རེག་པ་འཆར་བའི་ཚེ་འཛིན་པས་དེ་བཞིན་དུ་བརྩིའོ། །དེ་ལྟར་ན་བཤད་མ་ཐག་པའི་དུས་དེ་དག་ཚོགས་པ་ལ་སྒྲ་གཅན་གྱིས་ཉི་ཟླའི་དཀྱིལ་འཁོར་འཛིན་པར་འགྱུར་ཏེ། འོན་ཀྱང་གླིང་གི་དབང་གིས་མཐོང་བ་ཐ་དད་པའོ། །

གཉིས་པ་འཛིན་ཚུལ་རྒྱས་པར་བཤད་པ་ལའང་། བསྟན་བཤད་གཉིས་ལས། དང་པོ་ནི། དེའི་ཕྱིར་ཉ་དང་གནམ་སྟོང་གི། ཞེས་སོགས་ཏེ། ཉི་ཟླའི་ལོངས་སྤྱོད་རྫོགས་པ་ནི་ཉ་སྟོང་གི་ལྔ་བསྡུས་ཆ་ཤས་ཕྲ་མོའི་བར་དུ་དག་པར་བརྩིས་པའི་ཉི་ཟླའི་སྐར་མའོ། །དེ་དག་རང་རང་གང་ཉེ་བའི་གདོང་དང་མཇུག་མ་དེ་ལ་འཇུག་སྟེ། བསྒྲིབ་བྱ་སྒྲིབ་བྱེད་གཉིས་སྐར་མ་གཅིག་གི་སྟེང་དུ་ཚོགས་དགོས་པས་སོ། །འོན་ཀྱང་སྐར་མ་གཅིག་ཁྱད་འདུག་ཀྱང་བརྟག་པར་བྱ་སྟེ། དཔེར་ན། བསྒྲིབ་བྱ་སྒྲིབ་བྱེད་ཀྱི་སྐར་མ་གང་རུང་གཅིག་གི་སྐར་གནས་ལ་བཅུ་གཅིག་དང་ཆུ་ཚོད་གསུམ་ལྟ་བུ་ཡོད་ལ། ཅིག་ཤོས་ཀྱི་སྐར་གནས་སུ་བཅུ་དང་། ཆུ་ཚོད་དུ་ལྔ་བཅུ་ལྟ་བུ་ཡོད་པ་གཅིག་ལ་བརྟགས་པས་ཤེས་སླའོ། །

གཉིས་པ་ལ་གཉིས་ཏེ། ཟླ་བ་དང་། ཉི་མ་འཛིན་ཚུལ་ལོ། །དང་པོ་ལ་དྲུག་སྟེ། འཛིན་མི་འཛིན་བརྟག་པ། ཇི་ཙམ་སྒྲིབ་པའི་ཆ། ཇི་ཙམ་སྒྲིབ་པའི་ཡུན། གང་ནས་འཛིན་པའི་ཕྱོགས། ནམ་གྱི་ཚེ་འཛིན་པའི་དུས། ཇི་ལྟར་བཟུང་བའི་ཁ་དོག་གོ། དང་པོ་ནི། ཚེས་བཅོ་ལྔའི་གྲུབ་མཐའི་ཟླ་སྐར་ཏེ། དེའང་ཚེས་འཕོ་མཚམས་དང་སྒྲ་གཅན་འཇུག་པ་དུས་མཉམ་པའི་གནད་ཀྱིས་ཚེས་འཁྱུད་ཀྱི་ཟླ་སྐར་དགོས་པར་བསྟན་ཅིང་། དེའི་དབྱུག་གུར་མིག་མེ་བསྣན་པ་ནི་སྔར་བྱེད་རྩིས་ཀྱི་ལག་ལེན་ལ་གཟེར་བཏབ་པ་དང་བསྟུན་ཏེ་ཕྱིས་སྐྱོན་གྱིས་མི་འཆུགས་པའི་སླད་དུ་གྲུབ་རྩིས་ལ་གཏན་འབེབས་བྱས་པའི་གནད་སྒྲིག་པ་སྟེ། འོག་ཏུ་ཉི་འཛིན་དུས་བཤད་པ་ལྟར་སྒྲ་གཅན་ལ་སྟེར་ཕྲི་བྱས་ཀྱང་དོན་འདྲའོ། །དེས་ན་གྲོང་རྩིས་པ་ཕལ་ཆེར། གཟའ་འཛིན་གྲུབ་རྩིས་ལས་བྱེད་རྩིས་བཙན་ཞེས་ཟེར་བའང་སྔར་བྱེད་པའི་རི་མོ་ལ་མྱོང་རྩིས་ཀྱི་གཟེར་བཅོས་པའི་གནད་མ་གོ་བའི་འཆོལ་གཏམ་མོ། །དེ་ལྟར་མིག་མེ་བསྣན་པའི་ཟླ་སྐར་དེ་དང་གདོང་མཇུག་ལོངས་སྤྱོད་དང་བཅས་པ་ཕན་ཚུན་བསྡུར་བས་གང་ཉེ་གཉིས་ཉུང་གིས་མང་བ་ལ་སྦྱངས་པའི་ལྷག་མར་སྐར་གནས་ནམ་མཁའ་སྟེ་སྟོང་པ་ལ་བསྒྲིབ་བྱ་སྒྲིབ་བྱེད་གཉིས་སྐར་ཁོངས་གཅིག་ཏུ་ཚོགས་པ་དང་། ཆུ་ཚོད་ལྔ་བཅུ་མན་ཏེ་བར་འགྱངས་དེ་ཙམ་ལ་ངེས་པར་འཛིན་ཅིང་། མྱོང་རྩིས་པ་ཁ་ཅིག །ང་ལྔ་ཚུན་ཆོད་ལ་འཛིན་པར་འདོད་ཀྱང་སྲིད་པ་ཙམ་སྟེ་མཐའ་མ་བཀག་གོ། གཉིས་པ་ཇི་ཙམ་སྒྲིབ་པའི་ཆ་ཆེ་ཆུང་ལ་བརྟག་པ་ནི། ཕན་ཚུན་སྦྱངས་ལྷག་གི་ཆུ་ཚོད་ལ་འབྱུང་བ་སྟེ་ལྔས་ཐོབ་ནོར་ལ་བརྟག་སྟེ། དེའང་ནོར་ཐིག་ལེ་ནས་བཞིའི་བར་ཐོབ་པ་སྟེ་དོན་ལ་སྦྱངས་ལྷག་ཉི་ཤུ་མན་ལ་རིལ་པོར་སྒྲིབ། དེ་ནས་ནོར་ལྔའི་བར་ཤར་བ་སྟེ་སྦྱངས་ལྷག་ཉེར་ལྔ་མན་ལ་དྲུག་ཆ་མ་གཏོགས་སྒྲིབ། ནོར་དྲུག་སྟེ་སྦྱངས་ལྷག་སུམ་ཅུ་མན་ལ་སུམ་གཉིས། རི་སྟེ་སོ་ལྔ་མན་ལ་ཕྱེད་འཛིན། ཀླུ་སྟེ་བཞི་བཅུ་མན་ལ་སུམ་ཆ་གཅིག །དགུ་སྟེ་ཞེ་ལྔ་མན་ལ་དྲུག་ཆ། ནོར་བཅུ་ཐོབ་སྟེ་སྦྱངས་ལྷག་ལྔ་བཅུ་མན་ལ་བརྒྱད་ཆ་ཙམ་ཞིག་སྒྲིབ་ཅེས་པ་སྟེ། འདིར་སྦྱངས་ལྷག་ལ་ལྔས་བགོ་བ་ནི་གོང་མ་རྣམས་ཀྱིས་མྱོང་རྩིས་སུ་མཛད་པ་སྟེ། རྒྱུད་འགྲེལ་གྱི་དགོངས་པ་ནི། རྒྱུད་ལས། རྣམ་དག་གྱུར་ན་ཐམས་ཅད་འཛིན་ཏེ། ཞེས་དང་། ཕྱེད་དག་གྱུར་ན་ཕྱེད་འཛིན། ཞེས་པས་སྦྱངས་ལྷག་སྟོངས་ན་རིལ་འཛིན་དང་སུམ་ཅུ་ལ་ཕྱེད་འཛིན་གསུངས་པའི་ལུང་དང་བསྟུན་ན་ཕན་ཚུན་སྦྱངས་ལྷག་གི་ཆུ་ཚོད་ཀྱིས་མཁའ་རོར་ཕྲི་ལྷག་ལ་བཞིས་བགོས་པའི་ནོར་བཅོ་ལྔ་ཙམ་བྱུང་ན་རིལ་འཛིན་དང་། བདུན་ཙམ་ལ་ཕྱེད་འཛིན་སོགས་འགྲོས་རྩིས་ཏེ་ཁ་དམར་བཏགས་ན་སྔར་ལས་ཞིབ་པར་འགྱུར་རོ། །གསུམ་པ་ཇི་ཙམ་སྒྲིབ་པའི་ཡུན་ལ་བརྟག་པ་ནི། རྒྱུད་ལས། ཆ་བཅུ་དྲུག་གི་བདག་ཉིད་དུ་རིག་པར་བྱའོ། །ཞེས་ཟླ་བ་བཅུ་དྲུག་ཆར་གསུངས་ཤིང་། འཛིན་ཡུན་ཡང་། འགྲེལ་ཆེན་ལས། ཆ་གཅིག་གི་བཞི་ཆའི་བར་དུ་གཟའ་དང་འགྲོགས་པར་ཤེས་པར་བྱའོ། །ཞེས་པའི་བཞི་ནི་ཆུ་ཚོད་དྲུག་ཅུར་བྱས་པའི་བཞི་ཆ་སྟེ། རྒྱུད་ལས། རི་བོང་ལྡན་པའི་དབང་གིས་དཀྱིལ་འཁོར་ཆུ་ཚོད་དྲུག་ཅུའོ། །ཞེས་པས་རིལ་འཛིན་ལ་དྲུག་ཅུའི་བཞི་ཆ་ཆུ་ཚོད་བཅོ་ལྔའི་ཡུན་དང་། ཕྱེད་འཛིན་ལ་ཆུ་ཚོད་ཕྱེད་དང་བརྒྱད་ཡིན་ནའང་། གདོང་འཛིན་དང་མཇུག་འཛིན་ལ་ཡུན་ཅུང་ཟད་རིང་ཐུང་འབྱུང་བ་མྱོང་བས་གྲུབ་པའི་ཕྱིར་འདིར་གདོང་གིས་རིལ་པོར་འཛིན་པའི་ཚེ་ཟླ་བའི་ཆ་རེ་དང་ཆུ་ཚོད་རེ་སྦྱར་ནས་ཡུན་ཆུ་ཚོད་མི་བདག་སྟེ་བཅུ་དྲུག་དང་། མཇུག་འཛིན་ལ་དེ་ལས་གཅིག་ཕྲི་ནས་ཚེས་ཏེ་ཆུ་ཚོད་བཅོ་ལྔ་དང་། དེ་བཞིན་ཕྱེད་འཛིན་གྱི་ཚེ་གདོང་ལ་བརྒྱད་དང་མཇུག་འཛིན་ལ་བདུན་བྱས་ཏེ། དེ་གཉིས་དངོས་སུ་སྨོས་པའི་སོགས་ཁོངས་ནས་དྲུག་ཆ་དང་སུམ་ཆ་སོགས་ཀྱི་ཡུན་ཡང་རིག་པས་དཔྱད་དེ་སྨྲའོ། །བཞི་པ་འཛིན་པའི་ཕྱོགས་ལ་བརྟག་པ་ནི། སྤྱིར་བཅོ་ལྔ་ལ་ཟླ་བའི་དཀར་ཆ་ཤར་དུ་རྫོགས་པས་ཟླ་བ་ཤར་ནས་འཛིན་ལ། དེ་ལྟ་ནའང་བསྒྲིབ་བྱ་སྒྲིབ་བྱེད་གཉིས་མཉམ་པ་ན་ནམ་ཕྱེད་ལ་ཤར་དྲང་པོ་དང་། སྲོད་ཀྱི་དུས་དབང་ལྡན་ལ་ཉེ་བའི་ཤར་དང་། ཐོ་རེངས་ཀྱི་དུས་ཤར་ལྷོར་ཉེ་བའི་ཤར་སྨད་ནས་འཛིན་པ་ནི་གླིང་སོ་སོའི་ཐད་ཀར་དཀྱིལ་འཁོར་གྱིས་སླེབ་པ་ན་དེ་དང་དེའི་ཐད་ཀའི་ཤར་ནས་ཟིན་པ་སྟེ་རིགས་པས་ཐོབ་ཅིང་། ཁྱད་པར་ཟླ་བས་གདོང་ལ་སྦྱངས་སམ་དུས་མེས་ཟླ་བར་སྦྱངས་ཀྱང་རུང་སྟེ་གདོང་འཛིན་ལ་སྒྲིབ་བྱེད་དང་མཇུག་འཛིན་ལ་བསྒྲིབ་བྱ་མང་བ་དེའི་ཚེ་སྒྲ་གཅན་ཟླ་བའི་གཡོན་ལམ་རི་རབ་ངོས་སུ་འགྲོ་བས་ཕྱོགས་བྱང་ལ་ཅུང་ཟད་འཆུས་ཏེ་ནམ་ཕྱེད་ལ་དབང་ལྡན་ཕྱོགས་དྲང་པོ་ནས་འཛིན་ཅིང་། ནམ་སྟོད་བྱང་ཉེའི་དབང་ལྡན་དང་ནམ་སྨད་ལ་དབང་ལྡན་ཤར་ཉེའི་ཕྱོགས་ནས་འཛིན་པ་དང་། དེ་ལས་ལྡོག་སྟེ་གདོང་གིས་ཟླ་བའམ་ཟླ་བས་མཇུག་གི་ལོངས་སྤྱོད་ལ་སྦྱངས་ཚེ་སྒྲ་གཅན་ཟླ་བའི་གཡས་ལམ་དུ་འགྲོ་བས་ལྷོར་འཆུས་ཏེ་ནམ་ཕྱེད་ལ་ཤར་ལྷོ་མེ་མཚམས་དང་། སྲོད་དུས་ཤར་ཉེའི་མེ་དང་། ཐོ་རེངས་ཀྱི་དུས་ཤར་ལྷོ་ལྷོར་ཉེའི་ཕྱོགས་ནས་འཛིན་ཏེ། འགྲེལ་ཆེན་ལས། སྒྲ་གཅན་གདོང་དང་ཟླ་བ་མཉམ་པོར་འགྲོ་སྟེ་མངོན་དུ་ཕྱོགས་པར་འཛིན་པ་ཁོ་ནར་འགྱུར་རོ། །འདིར་མངོན་དུ་ཕྱོགས་པ་ནི་ཤར་དུ་འཛིན་པའོ། །ཞེས་དང་། གཡོན་དུ་སྒྲ་གཅན་འཁོར་བ་ལ་གཡས་མིན་གཡོན་དུ་ཟླ་བ་འཛིན་པར་འགྱུར་རོ། །ཞེས་སོགས་གསུངས་པས་སོ། །དེས་ན་ཉ་ལ་ཟླ་བ་ནུབ་ཀྱི་ཕྱོགས་ནས་འཛིན་པ་མི་སྲིད་ཅིང་། གཞན་དུ་ན་ཟླ་བ་ནུབ་ནས་འཛིན་པའང་ཡོད་དེ། འགྲེལ་ཆེན་ལས། འབྱུང་བ་དག་ནི་ནུབ་ཏུ་འཁོར་བས་རྒྱབ་ནས་འཛིན་ནོ། །ཞེས་པ་ལྟར་སྟོང་ལ་དཀར་ཆའི་དང་པོ་ནུབ་ནས་འཆར་བས་ཕྱོགས་དེ་ནས་ཉི་མ་དང་ལྷན་ཅིག་འཛིན་པའི་ཕྱིར་རོ། །ལྔ་པ་འཛིན་པའི་དུས་བརྟག་པ་ནི། གླིང་འདི་ནས་མཐོང་བ་ལ་ཚེས་ལོངས་ཉིན་ཚད་ལས་མང་བ་ཞིག་དགོས་པས་གྲུབ་མཐའི་གཟའ་ཚེས་ཀྱི་ལོངས་སྤྱོད་ཀྱི་གནས་ན་གང་འདུག་པ་དེ་ལ་ཉིན་མོའི་ཚད་ཀྱིས་ཕྲི་བའི་ལྷག་མ་གང་བྱུང་གི་གྲངས་དེས་མཚན་གྱི་ཐོག་མ་ནས་བརྩམས་ཏེ་ཟད་པའི་ཚེ་ཚེས་འཕོ་བའི་མཚམས་ཡིན་པས་དཀར་ནག་གི་ཚིགས་མཚམས་དེ་ནས་བརྩམས་ཏེ་ཟླ་བ་འཛིན་ནོ། །སྤྱིར་དེ་ལྟར་ཡིན་ཀྱང་མྱོང་རྩིས་དང་བསྟུན་པའི་གནད་གཞན་ཡང་ཡོད་དེ། གདོང་འཛིན་ལས་མཇུག་མས་འཛིན་པ་ཆུ་ཚོད་གཉིས་ཙམ་གྱིས་བུལ་ཞིང་། འཛིན་ཆའང་ཅུང་ཟད་ཆུང་བར་སྣང་བ་དང་། ཟླ་བ་བྱང་བགྲོད་གྱུར་པ་ན་ཆུ་ཚོད་གཅིག་ཙམ་གྱིས་བུལ་བ་སོགས་ནི་བླ་མ་གོང་མའི་མྱོང་རྩིས་དེ་འདྲའི་མན་ངག་གིས་བརྒྱན་ཏེ་སྟེར་སྦྱིན་བྱ་བ་ཡིན་ཞེས་གསུང་མོད། རང་གི་མྱོང་བས་གཏན་ཕེབས་ཀྱི་ངེས་པའི་གནད་ནི་འདི་ཡིན་ཏེ། ཚེས་ལོངས་འཕེལ་བ་མཐར་ཐུག་པ་ཚེས་ཞག་རེ་བཞིར་སྤྱོད་དུས་ཤིན་ཏུ་འགོར་བས་ཚེས་ལོངས་ཀྱི་སྟེང་དུ་ནུར་ལྔ་སྣོན་པ་དང་། ཡང་འགྲིབ་པ་མཐར་ཐུག་པ་ཚེས་ཞག་ང་བཞིར་སྤྱོད་དུས་ཚེས་ལོངས་རྫོགས་པ་དང་འཛིན་པར་སྣང་བའི་ཕྱིར་སྟེར་འཕྲི་མེད་པར་རང་སར་བཞག་ཅིང་། བར་རྣམས་རིགས་པས་དཔྱད་དེ་ལུང་བསྟན་པར་བྱ་སྟེ། དེ་བདེ་བླག་ཏུ་རྟོགས་ཕྱིར་སྨྲས་པ། ཚེས་ལོངས་སྔ་མས་མཁའ་༦༠རོ་ལ། །ཕྲི་ལྷག་ད་ལྟའི་ཚེས་ལོངས་དང་། །བསྲེས་པའི་ལོངས་སྤྱོད་གང་ཡིན་དེར། །ཆུ་རོ་༦༤ཤར་ན་དབྱུག་གུར་དབང་༥། །མེ་༦༣རོར་ཆུ་༤དབྱུག་མཁའ་༣༠མེའི་སྲང་། །མིག་༦༢དུས་ཤར་ན་དབྱུག་གུར་མཚོ་༤། །གཟུགས་དུས་༦༡མེ་དབྱུག་༣སྲང་༣༠མཁའ་མེ། །མཁའ་༦༠རོར་ཆུ་ཚོད་རྩེ་མོ་ཅན༣། །ཀླུ་དབང་༥༨མིག་དབྱུག་༢མཁའ་མེའི་༣༠སྲང་། །རི་དབང་༥༧ལ་ནི་དབྱུག་གུར་ལག༢། དུས་༥༦འབྱུང་གཟུགས་༡དབྱུག་སྲང་མཁའ་༣༠མེ། །དབང་འབྱུང་༥༥དབྱུག་གུར་འོད་དཀར་༡ཅན། །མཚོ་༥༤དབང་ཤར་ཚེ་ནམ་མཁའ་༠རྣམས། །སྦྱིན་པ་ཟད་དུས་བསླུ་བ་མེད། །ཅེས་གདམས་སོ། །དྲུག་པ་ཁ་དོག་ལ་བརྟག་པ་ནི། སྒྲིབ་བྱེད་གདོང་ལ་མུན་པ་དང་མཇུག་ལ་མེ་ཡོད་པའི་དབང་གིས་རིལ་པོར་སྒྲིབ་པ་ན་གདོང་འཛིན་ལ་དམར་ནག་དང་། མཇུག་འཛིན་ལ་དམར་སྐྱ། བྱེ་བྲག་མ་བསྒྲིབས་པའི་འོད་ཀྱིས་བསྒྲིབས་པའི་འོད་མནན་མ་མནན་གྱི་ཁྱད་པར་གྱིས་འཛིན་ཆ་ཆུང་ན་ཁ་དོག་ནག་པོ་དང་། རིལ་འཛིན་ལ་དམར་པོར་སྣང་བས་དེའི་བར་གྱི་ཆ་རྣམས་ལའང་རིགས་པས་དཔྱད་པར་བྱའོ། །གལ་ཏེ་སྐར་མ་མགོ་ལག་གི་སྟེང་དུ་བཟུང་ན་ཁ་དོག་ནམ་མཁའི་མདོག་ཏུ་སྣང་ཞེས་གོང་མ་རྣམས་ཀྱི་མྱོང་རྩིས་སུ་གསུང་ངོ་། །

གཉིས་པ་ཉི་མ་འཛིན་ཚུལ་ལའང་སྔར་ལྟར་དྲུག་ལས། དང་པོ་འཛིན་མི་འཛིན་བརྟག་པ་ནི། ཟླ་འཛིན་བཤད་པའི་རྗེས་དེ་ནས་ཉི་འཛིན་བརྟག་པའི་ཆེད་དུ་སྒྲ་གཅན་གྱི་ཟླ་བ་ཕྱེད་དང་ལྔའི་ལོངས་སྤྱོད་སྐར་ཐིག་དབྱུག་གུར་གཟུགས་མེ་སོགས་བུལ་བར་སྦྱིན་ཞིང་གདོང་མཇུག་ལ་ཕྲི་བས་ནི་བྱེད་པའི་གཟེར་གྲུབ་པར་ཕབ་སྟེ་བསླུ་བ་མེད་པར་བརྟག་པ་ལ་མི་འགྱུར་བའི་གཟེར་དུ་བྱས་པའོ། །དེ་ནས་གྲུབ་མཐའི་གནམ་སྟོང་གི་ཉི་མ་དག་པའི་རི་རོ་ཆའི་གོང་དུ་མེ་མིག་ཆ་གློ་བུར་དུ་བཏོན་པ་གནས་གཉིས་བཀོད་པའི་ཕྱོགས་གཅིག་ལ་གོ་ལོག་འཛིན་དཀའ་བས་དེ་བརྟག་པའི་གཞིར་སྔར་ནུར་སྦྱིན་པའི་སྒྲ་གཅན་གྱི་བུལ་བ་དེ་ཉིད་བསྲེ་ཞིང་། ཉི་དག་གནས་གཅིག་དང་སྔར་གྱི་གདོང་མཇུག་བསྡུར་ལ་གང་ཉེའི་བསྒྲིབ་བྱ་སྒྲིབ་བྱེད་གཉིས་ཉུང་གིས་མང་བ་ལ་སྦྱང་བར་བྱ་ཞིང་། དེ་ལྟར་སྦྱངས་པའི་ལྷག་མར་གདོང་གིས་ཉི་མར་སྦྱངས་པའི་ཚེ་སྐར་གནས་སྟོངས་ཤིང་ཆུ་ཚོད་དུ་ཞེ་ལྔ་མན་ཆད་བྱུང་ན་ངེས་པར་འཛིན་ལ། ལྔ་བཅུ་ཙམ་ལའང་འཛིན་པ་སྲིད་དོ། །གལ་ཏེ་ཉི་མས་གདོང་སྦྱངས་ན་གོ་ལོག་སྟེ་སྐར་མ་སྟོངས་ཤིང་ཆུ་ཚོད་དུ་འབྱུང་བ་མན་ཆད་དང་། མཇུག་མས་ཉི་མ་སྦྱངས་བ་ནའང་གོ་ལོག་པས་སྐར་གནས་ཐིག་དང་ཆུ་ཚོད་དུ་བརྒྱད་མན་བྱུང་ན་འཛིན་ཅེས་གསུང་བ་ནི་སྔར་བྱེད་པའི་གཟེར་གྲུབ་པ་དང་བསྟུན་ནས་བརྟགས་པའི་མྱོང་རྩིས་ཏེ། བྱེད་རྩིས་སོར་བཞག་དང་གྲུབ་པར་ཕབ་པའི་ཆོ་ག་འདི་ལྟ་བུ་ལ་གོ་ལོག་འཛིན་པ་སྲིད་པ་ཙམ་སྟེ་བཏང་སྙོམས་སུ་བཞག་ན་ལེགས་སོ། །ཉི་མས་མཇུག་མར་སྦྱངས་པའི་ཚེ་སྐར་མ་ནམ་མཁའ་དང་ཆུ་ཚོད་དུ་བཞི་བཅུ་ཚུན་ཆད་བྱུང་ན་ངེས་པར་འཛིན་པ་ཡིན་ཏེ། མདོར་ན་གདོང་འཛིན་ལ་ཉི་མ་མང་བ་དང་མཇུག་འཛིན་ལ་མཇུག་མ་མང་བ་ན་མི་བསླུ་བར་མྱོང་བས་གྲུབ་པས་ངེས་པར་འཛིན་པ་ཡིན་ལ། རྒྱུ་མཚན་དེས་ན་གདོང་གིས་ཉི་མ་དང་ཉི་མས་མཇུག་མར་སྦྱངས་ལྷག་གང་ཡོད་དེས་སྔར་གྱི་ཉི་བུལ་བསྲེས་ནས་ཕྱོགས་གཅིག་ཏུ་བཞག་པ་དེ་ལ་གདོང་འཛིན་གྱི་ཚེ་སྦྱངས་ཤིང་མཇུག་འཛིན་གྱི་ཚེ་སྦྱིན་ལ་རང་རང་གི་གནས་ཀྱི་འཁོར་ལོར་གང་ལོངས་སྟེང་དུ་དྲིལ་ཞིང་། རྒྱུ་སྐར་གྱི་འཁོར་ཕྱེད་ལྷག་ནའང་དོར་བས་གནས་ཀུན་སྟོངས་ཏེ་ཐིག་ལེ་དྲུག་བརྩེགས་ཤར་ན་ངེས་པར་འཛིན་ལ། དེ་ལས་ལོག་སྟེ་གདོང་ལ་སྟེར་བ་དང་མཇུག་ལ་ཕྲི་བས་གནས་ཀུན་སྟོངས་ནའང་མི་འཛིན་ནོ། །མཁས་པ་ཁ་ཅིག །དོན་ལ་གཟས་འཛིན་པ་བྱས་ཀྱང་སྒྲ་གཅན་གདོང་མཇུག་གང་རུང་དང་ཉི་ཟླ་མཉམ་པོར་འགྲོ་བའོ་ཞེས་གསུངས། དེ་ལྟར་ན་ཚེས་བཅོ་ལྔ་ལའང་ཉི་མ་འཛིན་པར་ཐལ། ཉ་ལ་ཟླ་བ་བཟུང་བའི་གདོང་མཇུག་གང་རུང་དེ་ལས་ཅིག་ཤོས་ཉི་མ་འཛིན་པར་འདོད་དགོས་པའི་ཕྱིར་ཏེ། བྱང་གླིང་དབུས་མའི་ཚངས་ཐིག་ཏུ་བཅོ་ལྔའི་ཟླ་བ་སླེབ་པ་གདོང་གིས་ཟིན་པ་དེའི་ཚེ་ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་ཉི་མ་དང་དུས་མེ་མཉམ་དུ་འགྲོ་བའི་ཕྱིར་རོ། །གཉིས་པ་བསྒྲིབས་པའི་ཆ་ཆེ་ཆུང་ནི། བསྒྲིབ་བྱ་དང་སྒྲིབ་བྱེད་གཉིས་ཕན་ཚུན་སྦྱངས་ལྷག་གི་ཆུ་ཚོད་ལ་བདུན་མན་ཆད་བྱུང་ན་གདོང་འཛིན་གྱི་དུས་སུ་ཕྱོགས་དང་མཇུག་འཛིན་གྱི་དུས་སུ་ཚེས་སྦྱིན་པར་བྱ་ཞིང་། སྦྱངས་ལྷག་ཆུ་ཚོད་དེ་ལ་བདུན་ལས་མང་བར་གྱུར་ཚེ་གདོང་འཛིན་ལ་ཡོན་ཏན་དང་མཇུག་འཛིན་ལ་མིག་སྟེར་བ་ནི་རགས་པ་སྟེ། ཞིབ་པར་ན་ཕན་ཚུན་སྦྱངས་ལྷག་སྟོངས་པ་སོགས་ལ་ནུར་སྟེར་བཅུ་དང་བཅོ་ལྔས་ཀྱང་ཉུང་སྐྱོན་དང་། སྦྱངས་ལྷག་ཞེ་ལྔ་དང་བཞི་བཅུ་སོགས་ལ་དེའི་སྟེང་ནས་ད་དུང་དབྲི་དགོས་པའང་སྣང་བས་ཆ་བརྩིས་ནས་སྟེར་འབྲི་བྱ་དགོས་ཏེ། རྒྱུ་མཚན་གདོང་འཛིན་གྱི་ཚེ་སྔར་ཕན་ཚུན་སྦྱངས་ལྷག་ལ་ཆུ་ཚོད་ཉེར་གཉིས་དང་ཉེར་གསུམ་ཙམ་དང་། མཇུག་འཛིན་གྱི་ཚེ་ཆུ་ཚོད་བཅུ་དགུ་དང་ཉི་ཤུ་ཙམ་ལ་རིལ་པོར་བཟུང་བ་མྱོང་བས་གཏན་ལ་ཕེབས་ཤིང་མི་བསླུ་བའི་ཕྱིར་རོ། །དེ་ལྟར་སྐབས་སུ་བབས་པའི་ནུར་སྦྱིན་རྗེས་གདོང་མཇུག་གང་ཡིན་ཀྱང་རུང་སྟེ། སྦྱིན་པའི་ཚོགས་དེས་མཁའ་རོར་སྦྱངས་ལྷག་ཉི་མས་བསྒྱུར་བ་ལ་མཁའ་རོས་བགོས་པས་ཐོབ་ནོར་གང་བྱུང་བའི་གྲངས་དེས་ཇི་ཙམ་སྒྲིབ་པའི་ཆ་གྲངས་སྟོན་ཏེ། འགྲེལ་ཆེན་ལས། དེའང་ཐམས་ཅད་འཛིན་པའི་དབང་གིས་ཁྱིམ་བཅུ་གཉིས་ཀྱི་བདག་ཉིད་དང་། ཞེས་པས་ཉི་མ་ཆ་བཅུ་གཉིས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ནོར་ལ་དྲུག་ཐོབ་ན་ཉི་དཀྱིལ་གྱི་ཕྱེད་ཆ་དང་བཅུ་གཉིས་ཐོབ་ན་རིལ་འཛིན་ཏེ། དེས་བར་གྱི་ནོར་གང་ཐོབ་ཀྱི་ཆ་གཞན་རྣམས་ལའང་འགྲེ་ཤེས་པར་བྱའོ། །གསུམ་པ་ཡུན་ཇི་ཙམ་འཛིན་པའང་ཉི་དཀྱིལ་ཆ་བཅུ་གཉིས་སུ་བྱས་པའི་ཆ་རེ་རེས་ཆུ་ཚོད་རེའི་ཡུན་འཛིན་པ་སྟེ། དཔེར་ན་ཕྱེད་འཛིན་ཆུ་ཚོད་དྲུག་དང་། རིལ་འཛིན་ལ་ཆུ་ཚོད་བཅུ་གཉིས་ཀྱི་ཡུན་འཛིན་པ་སྟེ། བར་རྣམས་རིགས་པས་དཔྱད་དེ་ལུང་སྟོན་ནོ། །བཞི་པ་གང་ནས་འཛིན་པའི་ཕྱོགས་ནི། གདོང་དང་དུས་མེ་ཡིས་སོགས་ཏེ། སྒྲིབ་བྱེད་ཀྱིས་བསྒྲིབ་བྱ་ལ་སྦྱངས་པའི་ཚེ་ལྷོ་ནུབ་ཕྱོགས་ནས་སྔ་ཕྱི་གཡས་སྐོར་དང་། ཡང་ཉི་མས་གདོང་མཇུག་སོགས་ཏེ་བསྒྲིབ་བྱས་སྒྲིབ་བྱེད་ལ་སྦྱངས་ཚེ་ནུབ་བྱང་ནས་སྔ་ཕྱི་གཡོན་སྐོར་དུ་འཛིན་པ་དང་། མཉམ་ན་ནུབ་ཀྱི་ཕྱོགས་དྲང་པོ་ནས་འཛིན་པ་སྟེ་ཕྲིན་ལས་པ་དང་ཀོང་རམས་པའི་མྱོང་རྩིས་སོ། །ཡང་ཟླ་བའི་ཕྱོགས་ཀྱི་རིགས་པ་འདིར་ཁྱེར་ན། གདོང་གིས་ཉི་མའམ་ཉི་མས་མཇུག །སྦྱངས་ཚེ་ལྷོ་ནུབ་ཕྱོགས་ནས་འཛིན། །མཇུག་གིས་ཉི་མའམ་ཉི་མ་ཡིས། །གདོང་སྦྱངས་གོ་ལོག་སྲིད་པའི་ཚེ། །རླུང་ཕྱོགས་མཉམ་ན་ནུབ་དྲང་པོ། །ཞེས་པ་འདི་སྔར་གྱི་མྱོང་བྱང་རྣམས་དང་བསྟུན་ན་བཙན་པར་སྣང་ངོ་། །དེ་ལ་སྤྱིར་ཉི་མ་ནུབ་ནས་འཛིན་པ་ལ་གོང་མ་རྣམས། འགྲེལ་ཆེན་དུ། དེ་ལྟར་ཟླ་བ་གཟས་ཟིན་པ་རྣམ་པ་གཉིས་ཏེ། ཉ་ལ་ཆ་རྫོགས་པའི་མཐར་དང་། གནམ་སྟོང་ལ་ཆ་དང་པོ་འཆར་བའི་ཐོག་མར་སྒྲ་གཅན་གྱིས་འཛིན་ནོ། །ཞེས་པས་ཉ་ལ་ཟླ་བའི་དཀར་ཆ་ཤར་དུ་རྫོགས་པ་དང་སྟོང་ལ་དཀར་ཆ་དང་པོ་ནུབ་ནས་འཆར་བས་ཟླ་བ་དེ་དང་དེའི་ཕྱོགས་ནས་འཛིན་དགོས་པའི་ཕྱིར་དང་། དེའང་ཐོག་མར་ཟླ་བ་ལ་ཞུགས་ནས་ཉི་མ་ལ་འཇུག་དགོས་པས་ཟླ་སྟོབས་ཀྱིས་ཉི་མ་ནུབ་ནས་ཟིན་པ་ཡིན་གསུང་པའང་སྒྲིག་ཏུ་རུང་མོད། འོན་ཀྱང་ཉི་མ་ནུབ་ནས་འཛིན་པའི་རྩ་བ་ནི་འདི་ལ་ཐུག་སྟེ། ཟླ་བ་ནུབ་ནས་འཕེལ་ཏེ་ཤར་དུ་འཕེལ་བ་རྫོགས་པ་ལྟར་ཉི་མ་ཤར་ནས་འཕེལ་བ་ནུབ་ཏུ་རྫོགས་ཏེ། རྫོགས་པའི་མཐར་སྒྲ་གཅན་འཇུག་པས་ཟླ་བའི་ཤར་དང་ཉི་མའི་ནུབ་ནས་འཛིན་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་ཟླ་བ་ལ་འཕེལ་འགྲིབ་འབྱུང་བ་བདེན་མོད། ཉི་མ་ལ་འཕེལ་འགྲིབ་ཡོད་པ་ཇི་ལྟར་འཐད་ཅེ་ན། ཉི་མར་གྲིབ་མའི་ཆས་འགྲིབ་པ་ཟླ་བ་ལྟ་བུ་མེད་ནའང་དོན་ལ་ཉི་ཟླ་གཉིས་ཀ་ལ་ཚེས་པ་དང་ཉ་བའི་ཐ་སྙད་གྲུབ་སྟེ། རྩ་རྒྱུད་ལས། མདུན་གྱི་ཉ་བ་ཟླ་བ་སྟེ། །རྒྱབ་ཀྱི་ཉ་བ་ཉི་མ་ལའོ། །ཞེས་གསུངས་པའི་ཕྱིར་རོ། །ལྔ་པ་ནམ་འཛིན་པའི་དུས་ནི། གྲུབ་མཐའི་ཚེས་ལོངས་ཀྱི་སྟེང་དུ་ནུར་ཁྱད་ཆུ་ཚོད་བཞི་སྣོན་ཞེས་གོང་མའི་མྱོང་རྩིས་སུ་གསུངས་ནའང་། འདིར་རང་ལུགས་ངེས་པའི་གནད་ནི། ཚེས་ཀྱི་ལོངས་སྤྱོད་འཕེལ་འགྲིབ་ཀྱི་དབང་གིས་ནུར་མང་ཉུང་གང་རིགས་སྐབས་དང་བསྟུན་ཏེ་སྟེར་བའམ་རང་སར་འཇོག་པའི་མཚམས་སྔར་ཟླ་བར་བཤད་པ་བཞིན་འདིར་ཡང་དྲན་པར་བྱས་ཏེ་ལག་ལེན་ལ་བཏབ་ན་མི་བསླུ་བ་མྱོང་བས་གྲུབ་པ་ཡིན་ནོ། །དྲུག་པ་བཟུང་བའི་མདོག་ལ་བརྟག་པ་ནི། སྒྲིབ་བྱེད་ཀྱི་དབང་དུ་བྱས་ཏེ་མཇུག་འཛིན་དམར་སྐྱ་དང་། གདོང་འཛིན་དམར་ནག་ཏུ་སྣང་མོད། དེའང་ཆའི་དབང་གིས་ཆ་ཆུང་ངུ་འཛིན་ཚེ་སྔོ་ནག་གི་མདངས་དང་། རིལ་འཛིན་ལ་དམར་མདངས་ཤས་ཆེ་ཞིང་། ཕྱེད་འཛིན་ལ་དམར་ལ་ནག་ངམས་འབྱུང་སྟེ་ལྟོ་སྦྱར་ནས་བཤད་དོ། །མགོ་ལག་གི་སྟེང་དུ་བཟུང་ན་ཟླ་འཛིན་ལྟར་འདིར་ཡང་སྔོན་པོར་སྣང་ཞེས་གསུང་ངོ་། །མདོར་ན་ལོ་བརྒྱའི་ཡེ་རླུང་ལོ་གསུམ་ཕྱོགས་གསུམ་ལས་གཟའ་ལྔའི་དལ་རྐང་གིས་མ་སྤྱད་པའི་ཟླ་བ་གཅིག་པོ་ཉིད་ཉི་ཟླ་དང་མཇུག་རིང་གི་རྐང་པ་དང་སྦྱར་ཞིང་། མཇུག་རིང་གི་རྐང་པ་སྒྲ་གཅན་གྱི་ལོངས་སྤྱོད་ལས་འབྱུང་བས་ཉི་ཟླའི་རྐང་པ་ལས་ཕྱུངས་པའི་སྒྲ་གཅན་གྱི་ཁྱིམ་ཟླའི་རྟག་ལོངས་ཆུ་ཚོད་ཕྱེད་དང་བརྒྱད་པོ་དེ་ཉིད་ཟླ་བ་དྲུག་གམ་དུས་གསུམ་དུ་བསགས་པས་ཕྱོགས་ཞག་ཞེ་ལྔར་ལོངས་པའི་ཚེ་ཉི་ཟླ་ལ་སྒྲ་གཅན་འཇུག་པའི་སྣང་བ་འབྱུང་བར་གསུངས་པ་ཡིན་ནོ། །གསུམ་པ་ཡུལ་དུས་གནས་སྐབས་ལ་ལྟོས་ནས་བརྟག་དགོས་པར་གདམས་པ་ནི། གཞན་ཡང་། གྲུབ་མཐའི་རྩིས་བཞིན་དུ་ཚེས་ཀྱི་ཆད་ལྷག་མ་བརྩིས་པ་དང་། ཤར་ཁ་དང་ནུབ་ཁར་འཛིན་གཏོང་སོགས་ལ་རང་གང་གནས་ཀྱི་ལུང་པའི་ཤར་ནུབ་ཀྱི་རི་བོའི་དཔངས་མཐོ་དམའ་དང་། ས་ཁད་ཡངས་དོག་དང་། རང་གནས་ཉིན་མཚན་རིང་ཐུང་གི་ཚད་གང་དུ་གཏོགས་པ་དང་། ཉི་ཟླའི་བགྲོད་གཉིས་སོགས་ཡུལ་དུས་གནས་སྐབས་གཞན་དང་གཞན་དུ་མ་བརྟགས་པར་ཧམ་ཤུར་གྱིས་སྨྲས་ན་བསླུ་བར་འགྱུར་བས་བློ་ལྡན་རྣམས་ཀྱིས་ཞིབ་མོར་དཔྱོད་ཅིག་པའོ། །དེ་ལྟར་གཟའ་འཛིན་གྱི་སྐོར་འདི་ལ་མཁས་པ་གོང་མའི་མྱོང་ཡིག་དང་རང་མྱོང་བསྟུན་ཞིང་། ཁྱད་པར་རྒྱུད་འགྲེལ་དཔང་པོར་བཞག་སྟེ་བརྗོད་པར་བྱ་བ་མང་དུ་འདུག་ཀྱང་འདིར་ཡི་གེ་མང་གི་དོགས་པས་ཟུར་དུ་འདྲི་བར་སྤྲོའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཉི་མ་དང་ཟླ་བར་སྒྲ་གཅན་འཇུག་པ་བཤད་པའི་སྐབས་ཏེ་བཅུ་གཉིས་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་བཅུ་གསུམ་པས་འཇིག་རྟེན་ཁམས་ཀྱི་ཚད་དང་གོ་ལ་བཤད་པ།

ད་ནི་སྐབས་བཅུ་གསུམ་པས་འཇིག་རྟེན་ཁམས་ཀྱི་ཚད་དང་གོ་ལ་བཤད་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སྐབས་བཅུ་གཉིས་པའི་རྗེས་དེ་ནས་བགྲོད་བྱའི་ཡུལ་སྐར་ཁྱིམ་དང་། དེ་ལ་སྒྲོད་པར་བྱེད་པ་པོ་གཟའ་བཅུ་པོ་སྟེ། བགྲོད་བྱ་སྒྲོད་བྱེད་གཉིས་པོ་དེའི་ཚུལ་ཤེས་པར་བྱ་བའི་ཕྱིར་སྟེང་འོག་གི་འཁོར་ལོ་བཤད་པར་བྱ་ཞེས་ཁས་བླང་པའི་སྒོ་ནས་མདོར་བསྟན་པའོ། །

གཉིས་པ་ལ་གཉིས་ཏེ། སྣོད་བཅུད་ཀྱི་འཇིག་རྟེན་སྤྱིར་བཤད་པ་དང་། བགྲོད་བྱ་སྒྲོད་བྱེད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྣོད་ཆགས་པའི་རིམ་པ་ཚད་དང་བཅས་པ་བཤད་པ་དང་། དེར་གནས་པའི་བཅུད་ཀྱི་སེམས་ཅན་སྤྱིའི་རྣམ་གཞག་བཤད་པའོ། །དང་པོ་ནི། ཐོག་མར་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པར་གཞག་པ་ལའང་། རིག་བྱེད་པ་དགཚངས་པའི་ཡུལ་ས་གཅིག་པོ་འདི་ཉིད་དཔག་ཚད་བྱེ་བའི་ཁྱོན་དང་ལྡན་པར་འདོད་པ་སོགས་ནི་དྲང་སྲོང་འགའ་ཞིག་གིས་འདུ་ཤེས་བསྒྱུར་ཏེ་རྫུན་དུ་སྨྲས་པ་ཡིན་པས་འདོད་པ་དེའི་དོན་ནི་ཐ་སྙད་ཙམ་དུའང་མ་གྲུབ་ལ། དེ་ལས་གཞན་དུ་གསུང་རབ་རྣམས་ལས། རྣལ་མ་དང་། སྤྱིའུ་ཚུགས་དང་། སྣྲེལ་ཞིའི་འཇིག་རྟེན་ཞེས་དེ་རྣམས་གོ་ས་གཅིག་ན་ཡོད་པར་གསུངས་ཤིང་། རྣལ་མའི་འཇིག་རྟེན་གྱི་ཁམས་ལའང་སེམས་ཅན་གྱི་བསམ་པ་མཐའ་ཡས་པའི་དབང་གིས་ལས་གཟུགས་མཐའ་ཡས་པ་ལས་གྲུབ་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པའང་དེ་དང་འདྲ་བར་མཐའ་ཡས་པ་ཞིག་འབྱུང་བར་འགྱུར་བ་ལས། འཕགས་པ་ཐོགས་མེད་ཞབས་ཀྱིས་མདོ་སྡེ་སྣ་ཚོགས་སུ་གསུངས་པའི་དགོངས་དོན་བསྡུས་ཏེ་ས་སྡེར་གསུངས་པ་དང་། བདག་ཉིད་ཆེན་པོ་དབྱིག་གཉེན་གྱིས་འཇིག་རྟེན་གདགས་པ་ལ་སོགས་པའི་དོན་བསྡུས་ཏེ་ཆོས་མངོན་པ་མཛོད་དུ་འཇིག་རྟེན་གྱི་ཚད་དབྱིབས་སོགས་རྒྱ་ཆེར་གསུངས་ཤིང་། དེར་མ་ཟད་ཕལ་ཆེན་ལས། འོག་གཞིར་མེའི་དཀྱིལ་འཁོར་བཤད་པ་དང་། རྨད་དུ་བྱུང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོར། འཛམ་གླིང་གི་མཆུར་དཔག་ཚད་བདུན་སྟོང་སོགས་གླིང་བཞིའི་ཚད་གཞན་དང་མི་མཐུན་པར་གསུངས་པ་དང་། དྲན་ཉེར་ཉི་མ་ལྷུན་པོའི་རྩེ་ནས་འཆར་ནུབ་བྱེད་པ་སོགས་སྣོད་ཀྱི་འཇིག་རྟེན་གྱི་བཀོད་པ་མི་གཅིག་པ་དུ་མ་ཞིག་གསུངས་པ་རྣམས་ཀྱང་། ཕལ་པོ་ཆེའི་ལེའུ་དགུ་པ་ལས། ཇི་ལྟར་ས་བོན་ཁྱད་པར་གྱིས། །འབྲས་བུ་སྣ་ཚོགས་སྣང་བ་ལྟར། །དེ་བཞིན་ལས་ཀྱི་ཁྱད་པར་གྱིས། །སེམས་ཅན་རྣམས་དང་ཞིང་འབྱུང་ངོ་། །ཞེས་པ་ལྟར་འགྲོ་བའི་བསམ་པའི་དབང་གིས་བཞག་པའི་ཕྱིར་སོ་སོའི་སྣང་བ་ལ་ལྟོས་ནས་བདེན་པས་ཀུན་རྫོབ་ཏུ་ཚད་མས་གྲུབ་མོད་ཀྱི། དེ་ལྟ་ནའང་འདིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་སེམས་ཅན་ཕྱོགས་གཅིག་གི་མོས་པའི་དབང་གིས་འབུམ་ཕྲག་བཞི་པར་གསུངས་པ་འདི་ནི། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །ཞེས་གསུངས་པའི་དོན་ཏེ། ཕྱི་རོལ་དེ་བཞིན་དུ་ནང་ལུས་དང་། གཞན་དཀྱིལ་འཁོར་གསུམ་དག་པ་གཅིག་ཏུ་འགྲིག་པ་ནི་དུས་ཀྱི་འཁོར་ལོའི་ལུགས་འདི་ཉིད་ཡིན་ནོ། །ཇི་ལྟར་ན་ཕྱི་རོལ་དུ་ལྷུན་པོ་དཔངས་དཔག་ཚད་འབུམ་ཡིན་པ་དེ་བཞིན་དུ་ནང་དུ་བརྒལ་ཚིགས་ཀྱི་དཔངས་ཁྲུ་གང་སྟེ་དེའི་ཚད་ཀྱིས་ལུས་ཁྲུ་བཞི་དང་། ལྷུན་པོའི་ཚད་དེས་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཞིའོ། །གཞན་དཀྱིལ་འཁོར་བཞི་ཆའི་ཚད་དུ་མཉམ་ཞིང་། དེ་ཁོ་ན་ཉིད་རྡོ་རྗེ་བཞིའམ་བསྙེན་སྒྲུབ་ཡན་ལག་བཞིའི་གནད་བཅིངས་པས་སྦྱང་བྱ་གནས་སྐབས་བཞིའི་དྲི་མ་བཞི་སེལ་ལ། སྦྱངས་འབྲས་དྲི་བྲལ་གྱི་རྡོ་རྗེ་བཞི་མངོན་དུ་བྱེད་པའི་རྒྱུ་མཚན་གྱིས་སོ། །རྣམ་པ་གཞན་དུ་ནི། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས་སོགས་སུ་མི་འགྱུར་ཏེ། མི་མཉམ་པའི་ཕྱིར་རོ། །དེ་ལྟ་བས་ན། བཅོམ་ལྡན་འདས་ཀྱིས་མངོན་པར་ཞེན་པས་འཇིག་རྟེན་གྱི་ཁམས་གཟིགས་ནས་གཟུང་འཛིན་གྱི་ངོ་བོས་དངོས་པོའི་ཚད་གསུངས་པ་ནི་འགའ་ཡང་མེད་དེ། སེམས་ཅན་རྣམས་ལ་རང་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སྣང་བ་ཙམ་ཞིག་གསུངས་པ་ཡིན་ནོ། །དེ་ལ་འདི་སྙམ་དུ། ཆུ་ལ་ལྷས་བདུད་རྩི་དང་ཡི་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང་བ་ལྟར་རིགས་མི་མཐུན་པའི་འགྲོ་བ་ལ་དངོས་པོ་གཅིག་ལ་མཐོང་སྣང་ཐ་དད་པ་བདེན་ཡང་། རིགས་མཐུན་གྱི་འགྲོ་ལ་དངོས་གཅིག་ཐ་དད་དུ་སྣང་བ་མི་རིགས་སོ་སྙམ་ན། དེ་ཡང་མ་ངེས་ཏེ། མིའི་འགྲོ་བར་རིགས་གཅིག་པ་ལ། འགའ་ཞིག་ལ་དུང་སེར་པོ་དང་མཁའ་ལས་སྐྲ་ཤད་འཛག་པར་སྣང་བའི་ཕྱིར་དང་། མདོ་ལས། གྲོ་བཞིན་སྐྱེས་ཀྱི་རྣམ་ཐར་གྱི་སྐབས་སུ། ཟན་གྱི་དངོས་པོ་གཅིག་ཉིད། ཡི་དྭགས་བཞི་ལ། ཕུབ་མ་དང་། ཐོ་ལུམ་དང་། རང་གི་ཤ་དང་། རྣག་ཁྲག་ཏུ་གྱུར་པ་གསུངས་པའི་ཕྱིར་རོ། །དེས་ན་འདིར་དུས་ཀྱི་འཁོར་ལོ་ལས་གསུངས་པ་དེ་ཉིད་ལེགས་པར་བཤད་ཀྱི་ཉོན་ཅིག་པའོ། །དེ་ལ་འདིར་དབང་ཕྱུག་པ་དག །སྣོད་བཅུད་ཀྱི་འཇིག་རྟེན་འདི་དག་དབང་ཕྱུག་རྫ་མཁན་ལྟ་བུས་འདོད་པས་རྩེད་མོའི་དོན་དུ་བྱས་པར་འདོད་པ་དང་། རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་དག །འཇིག་རྟེན་ཐམས་ཅད་ཀྱི་འོག་ན་སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག་ཅེས་བྱ་བ་ཡོད་དེ། དེས་འཇིག་རྟེན་ཐམས་ཅད་བྱས་སོ་ཞེས་སྨྲ་བ་དག་ནི་སངས་རྒྱས་པ་རྣམས་ཀྱི་གཞུང་ལས་རྣམ་གྲངས་དུ་མར་བཀག་གོ། དེས་ན་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་གཞན་མེད་ཀྱི། འཇུག་པ་ལས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཤིན་ཏུ་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེ་བར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་འདིར་འཆགས་པའི་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་རང་གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་བའི་སེམས་ཅན་གང་ཡིན་པ་དེ་རྣམས་ཀྱི་སྤྱི་མཐུན་གྱི་ལས་ཀྱི་རྟེན་སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཁམས་དང་རྗེས་སུ་མཐུན་པའི་འོད་གསལ་རྒྱུ་རྒྱུད་གཞོམ་མེད་འོད་ཟེར་དྲུག་དང་ལྡན་པ་སྟེ། ཤར་དུ་ནག་པོ་འབར་བ། ལྷོར་དམར་པོ། བྱང་དུ་དཀར་པོ། ནུབ་ཏུ་སེར་པོ། སྟེང་དུ་ལྗང་གུ། འོག་ཏུ་སྔོན་པོ་འབར་བ་རྣམས་སོ། །དེ་ལྟར་ཀུན་གཞི་རྒྱུ་རྒྱུད་ཀྱི་སྟེང་གི་འོད་ལྗང་གུ་ལས་སྲོག་འཛིན་གྱི་རླུང་དང་། འོག་གི་འོད་ཟེར་སྔོན་པོ་ལས་ཐུར་སེལ་གྱི་རླུང་སྟེ་སྲོག་ཐུར་གྱི་རླུང་གཉིས་གྲུབ། དེ་བཞིན་དུ་ཤར་གྱི་འོད་ནག་པོ་ལས་མཉམ་གནས་དང་། སོགས་ཁོངས་ནས། གྱེན་རྒྱུ། ཁྱབ་བྱེད། ཀླུ། རུས་སྦལ། རྩངས་པ། ལྷ་བྱིན་ཏེ་རླུང་བདུན་སྐྱེས་ཤིང་། རྒྱུ་རྒྱུད་དང་། ལྷན་ཅིག་པའི་ནོར་ལས་རྒྱལ་བའི་རླུང་སྟེ། དེ་ལྟར་ལས་རླུང་བཅུ་པོ་ཡང་། འཛིན་སྲུབ་དབྱིབས་བྱེད་གསུམ་དུ་འདུས་ཏེ། ཁྱབ་བྱེད་དང་། ལྷས་བྱིན་ཆུའི་ཁམས་ཡིན་པས། ཁམས་ལྔའི་རྡུལ་ཕྲ་རབ་སིལ་བུར་གནས་པ་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་པས་སྟོང་རྡུལ་ཞེས་མིང་གིས་བསྙད་པ་དེ་རྣམས་གོང་བུར་སྡུད་པར་བྱེད་ཅིང་། ཀླུ་དང་ནོར་ལས་རྒྱལ་གཉིས་ས་ཁམས་ཡིན་པས་བསྡུས་པ་དེ་རྣམས་སྲ་བར་བྱེད་པས་ན། རླུང་བཞི་པོ་དེ་དག་ནི་འཛིན་བྱེད་ཀྱི་རླུང་ཡིན་ནོ། །གྱེན་རྒྱུ་དང་རྩངས་པ་ནི་མེ་ཁམས་ཡིན་པས་བཟུང་བ་དེ་དག་བསྲུབ་པའི་ཚུལ་གྱིས་སྨིན་པར་བྱེད་དོ། །མཉམ་གནས་དང་རུས་སྦལ་གྱི་རླུང་ནི་རླུང་གི་ཁམས་ཡིན་པས་བསྲུབས་ཏེ་སྨིན་པ་དེ་དག་དཀྱིལ་འཁོར་དང་རི་གླིང་ལ་སོགས་པ་དེ་དང་དེའི་གནས་སུ་བསྐྱོད་ཅིང་འཇོག་པའི་ཚུལ་གྱིས་དབྱིབས་ཀྱི་བྱ་བ་བྱེད་པས་དབྱིབས་བྱེད་ཀྱི་རླུང་ཡིན་ལ། སྲོག་དང་ཐུར་སེལ་གཉིས་ནི་དེ་ཐམས་ཅད་ཀྱི་གྲོགས་བྱས་ཏེ་གོ་སྐབས་སྦྱིན་པར་བྱེད་དོ། །དེ་ལྟར་ན་རླུང་བདུན་པོ་འདི་དག་གིས་གཙོ་བོར་ནམ་མཁའ་ལ་རླུང་གི་རྡུལ་ཕྲ་རབ་རྣམས་བསྡུས་ཏེ་འདབ་འབྱར་དུ་གྱུར་པས་ཡང་ཞིང་གཡོ་བའི་རླུང་གི་དཀྱིལ་འཁོར་དབྱིབས་ཟླུམ་པོ་ཐད་ཀར་དཔག་ཚད་འབུམ་ཕྲག་བཞི་པ་ཁོར་ཡུག་ཏུ་འབུམ་ཕྲག་བཅུ་གཉིས་དང་། འཐུག་རྔམས་སུ་དཔག་ཚད་སྟོང་ཕྲག་ལྔ་བཅུ་ཡོད་པ་ཐ་མ་གྱེན་དུ་ལངས་པ་ཞིག་གྲུབ་བོ། །དེས་སྐྱོར་བའི་ནང་དུ་ལྷོའི་འོད་ཟེར་དམར་པོ་ལས་མེའི་རྡུལ་ཕྲ་རབ་རྣམས་འབྱར་བ་ལས་རླུང་དང་ལྡན་པའི་གློག་འཁྲིགས་པ་ལྟ་བུའི་མེའི་དཀྱིལ་འཁོར་ཁོར་ཡུག་ཏུ་དཔག་ཚད་འབུམ་ཕྲག་དགུ་དང་ཐད་ཀར་གསུམ་ཡོད་པ་དེའི་མཐའི་མེ་རི་རྟའི་གདོང་པ་ལྟར་གྱེན་དུ་འབར་བས་རྟ་གདོང་གི་མེའམ་རི་བདུན་པ་རྡོ་རྗེའི་རི་ཞེས་གྲགས་པ་ཡིན་ནོ། །དེས་སྐྱོར་བའི་ནང་དུ་བྱང་གི་འོད་ཟེར་དཀར་པོ་ལས་ཆུ་རྡུལ་འབྱར་བས་རླུང་མེ་དང་ལྡན་པའི་སྤྲིན་བྱུང་བ་ལས་ཆར་བབས་པས་ཆུའི་དཀྱིལ་འཁོར་ཁོར་ཡུག་ཏུ་འབུམ་ཕྲག་དྲུག་དང་ཐད་ཀར་གཉིས་ཡོད་པ་དེའི་མཐའ་མ་གྱེན་དུ་འཕྱོ་བ་ལ་མཚོ་བདུན་པ་ལན་ཚྭའི་མཚོ་རུ་གྲགས་པ་ཡིན་ནོ། །དེས་སྐྱོར་བའི་ནང་དུ་ནུབ་ཀྱི་འོད་ཟེར་སེར་པོ་ལས་སའི་རྡུལ་འབྱར་བའི་རླུང་མེ་ཆུ་དང་ལྡན་པའི་འཇའ་ཚོན་འཁྲིགས་པ་མཐའ་ཡས་པའི་དཀྱིལ་འཁོར་ཁོར་ཡུག་ཏུ་འབུམ་ཕྲག་གསུམ་དང་ཐད་ཀར་གཅིག་དང་། འཐུག་རྔམས་སུ་ནི་མེ་ཆུ་སའི་དཀྱིལ་འཁོར་གསུམ་ཀར་སྟོང་ཕྲག་ལྔ་བཅུ་རེ་ཡོད་པས་རླུང་དཀྱིལ་དང་འདྲའོ། །དེ་ལྟར་འོག་ནས་ཡར་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་པོ་བརྩེགས་པའི་རྣམ་པ་ནི་འོག་མ་རྣམས་ཀྱི་སྟེང་དུ་སྟེང་མ་རྣམས་བྲེ་ནང་དུ་བྲེ་ཆུད་པ་ལྟར་གནས་ལ། དེ་ཡང་དཀྱིལ་འཁོར་བཞི་པོའི་སྟེང་གི་ཆ་ཁ་ད་ཆད་དུ་མཉམ་པའི་དབུས་ནས་སའི་མཐའི་བར་དུ་དཔག་ཚད་སྟོང་ཕྲག་ལྔ་བཅུ། དེ་བཞིན་དུ་དཀྱིལ་འཁོར་གཞན་གསུམ་གྱི་ཡང་རང་རང་གི་ནང་མཐའ་ནས་ཕྱི་མཐའི་བར་གྱི་ཚད་སྟོང་ཕྲག་ལྔ་བཅུ་ལྔ་བཅུ་སྟེ་རང་རང་གི་འཐུག་རྔམས་ཉིད་དོ། །དཀྱིལ་འཁོར་བཞི་ཀའང་དབྱིབས་ཟླུམ་པོའོ། །དེ་དག་ཀུན་ལའང་ནམ་མཁའི་ཁམས་ཀྱི་རྡུལ་ཕྲན་ཁྱབ་བྱེད་དུ་ལྡན་པས་གཟུགས་ཅན་གཞན་གྱི་གོ་འབྱེད་དོ། །དེ་རྗེས་འབྱུང་བཞིའི་ཚོགས་རྣམས་ད་དུང་ཆེར་བསྲུབས་པའི་སྙིང་པོ་ལྟ་བུ་ས་རྡོ་ཕྲ་སྦོམ་ལས་རི་གླིང་ལ་སོགས་པ་མུ་ཁྱུད་ཀྱི་མཐའི་བར་དུ་གྲུབ་པ་ཡིན་ཏེ། དེ་ཡང་སའི་དཀྱིལ་འཁོར་གྱི་སྟེང་དུ་འབུར་དོད་ཀྱི་ཚུལ་གྱིས་དབུས་སུ་ལྷུན་པོ་རྒྱུ་རྡོ་སྦོམ་པོ་ཞེས་པ་རིན་པོ་ཆེ་སྣ་ལྔའི་རང་བཞིན་ཅན་དཔངས་སུ་དཔག་ཚད་འབུམ་ཕྲག་གཅིག་དང་། དེ་ནས་ལྷུན་པོའི་མགྲིན་པ་དང་། གདོང་དང་། གཙུག་ཏོར་གྱི་ཐ་སྙད་ཀྱིས་ཕྱེ་བའི་བར་སྣང་སྟོང་པར་སྣང་བ་ཡིད་གཟུགས་ཀྱི་རྣམ་པའི་ཚད་ནི་རིམ་པར་སྟོང་ཕྲག་ཉེར་ལྔ་དང་། ལྔ་བཅུ་དང་ཉེར་ལྔ་སྟེ་བསྡོམས་པས་དཔག་ཚད་འབུམ་ཕྲག་གཅིག་ཡིན་ནོ། །དེ་ཡང་ལྷུན་པོ་ནི་ཕྱི་དབྱིབས་ཟླུམ་པོ་དཀར་ཡོལ་བསླང་པ་ལྟ་བུ་རྩ་བར་དབུས་ནས་ཕྱོགས་ཕྱོགས་ཀྱི་མཐའི་བར་དུ་དཔག་ཚད་སྟོང་ཕྲག་བརྒྱད་བརྒྱད་དེ་བཅུ་དྲུག་དང་། དེའི་མཐར་ཁོར་ཡུག་སྟོང་ཕྲག་གཅིག་གིས་ཟླུམ་པོར་བསྐོར་བ། སྟེང་ངོས་རིམ་གྱིས་འཕེལ་བ་རྭ་ལྔ་པའི་རྣམ་པ་ཅན་ཏེ། རྭའི་གནས་ཚུལ་ལ་འདོད་པ་མི་མཐུན་པ་མང་ཡང་རང་ལུགས་ནི། རྭ་འོག་མ་བཞི་པོ་ལྷུན་པོར་སྐེ་རགས་བཅིངས་པའི་ཚུལ་དུ་བསྐོར་བ་སྟེ། དེ་ཡང་རྭ་འོག་མ་ཐུར་ལ་འཕྱངས་ནས་འཁོར་བ་དང་རྩ་བའི་ཁོར་ཡུག་སྟོང་ཕྲག་གཅིག་པོའི་ཕྱི་མཐའ་མཉམ་ཞིང་། རྭ་འོག་མ་དེའི་མཚམས་ནས་རི་རབ་ཀྱི་རྩེའི་བར་ལ་ཆ་མཉམ་བཞིར་བྱས་པའི་འོག་མ་གསུམ་གྱི་ཆ་རེ་རེའི་མཚམས་ནས་རྭ་རེ་རེ་འཕྱང་བ། རྭ་ལྔ་པ་སྟེང་མ་ནི་རི་རབ་ཀྱི་རྩེ་དང་ཁད་མཉམ་པ་ཕྱོགས་ཀུན་ཏུ་ཕྱིར་སོན་པ་བསིལ་རིའི་ཐོད་པར་གྱེས་པ། དེ་ལྟར་རྭ་ལྔ་པོ་རག་སྡེར་ཁ་འཕྱང་ཆུང་ངུའི་སྟེང་དུ་ཆེན་པོ་བརྩིགས་པའི་དབྱིབས་ཇི་ལྟ་བ་བཞིན་དུ་ཐུར་དུ་འཕྱང་བ་འོག་མ་ལས་སྟེང་མ་རྒྱ་ཇེ་ཆེར་རྒྱས་པའི་རི་རབ་ཀྱི་རྩེ་མོའི་མཐའ་གཅིག་ནས་ཅིག་ཤོས་ཀྱི་བར་ཐད་ཀར་དཔག་ཚད་སྟོང་ཕྲག་ལྔ་བཅུ་དང་། ཁོར་ཡུག་ཏུ་ཁྲི་ཕྲག་བཅོ་ལྔ་ཡོད་དེ། འགྲེལ་ཆེན་ལས། ལྷུན་པོ་ཡི་ནི་སྟེང་གི་རྒྱ་ཤར་དང་ནུབ་དང་བྱང་ལྷོའི་ཆའི་བར་དུ་སྟོང་ཕྲག་ལྔ་བཅུའོ། །ཞེས་དང་། སྟེང་གི་རྩེ་མོ་ལྔ་པོ་རྣམས་ནི་ས་གཞིའི་གནས་རྣམས་ལ་ཕྱིར་སོན་པ་སྟེ་ཕྱོགས་ཀུན་ཏུ་ནི་ཁོར་ཡུག་ཀྱང་ངོ་། །དེའི་ཕྱི་རོལ་གླིང་དང་རི་བོ་དག་དང་ཞེས་པ་ནི་ཁོར་ཡུག་དེའི་ཕྱི་རོལ་རྩེ་མོ་བཞིའི་ཁོངས་སྐྱིབས་ཀྱི་གནས་སུ་གླིང་བཞི་དང་། ཞེས་སོགས་གསུངས་པ་ལྟར། རྭ་ལྔའི་སྟེང་མ་བསིལ་རིའི་སྟེང་གི་བར་དུ་ཁྱབ་པ་བྱ་སྐྱིབས་ལྟ་བུར་གནས་པའི་ཁོངས་ཀྱི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་ཡོད་པ་དུམ་བུ་བཅོ་བརྒྱད་དུ་མཉམ་པར་བགོས་པའི་ཆ་རེ་ལ་གླིང་མཚོ་རི་གསུམ་དྲུག་དྲུག་ནང་ནས་རིམ་པར་སྤེལ་ཏེ་ལྷུན་པོའི་རྭ་བར་མ་གསུམ་གྱི་འོག་གི་ས་གཞི་ལ་གནས་སོ། །དེ་ལ་གླིང་དྲུག་ནི་ནང་ནས་རིམ་པར་ཟླ་བ་འོད་དཀར། ཞེས་སོགས་སོ། །གླིང་རེ་རེའི་ཕྱི་ནས་མཚོ་དྲུག་གིས་བསྐོར་བ་ནི། སྦྲང་རྩི་ཞེས་སོགས་སོ། །མཚོ་རེ་རེའི་མཐར་རི་རེ་རེས་བསྐོར་བ་ནི། རིམ་པར་འོད་སྔོན་སོགས་སོ། །དེ་ལྟར་ན་རི་མཐའ་མ་བསིལ་རིའི་རྩེ་མོ་དང་། ལྷུན་པོའི་རྭ་ལྔ་པ་ཐུར་དུ་འཕྱང་བའི་རྩེ་མོ་གཉིས་འཕྲད་ནས་བསྲུབས་མེད་པས། ནང་གི་རི་མཚོ་གླིང་གསུམ་ལ་ཕྱིའི་ཉི་ཟླའི་འོད་ཟེར་འཕོག་མི་སྲིད་ཀྱང་། ནང་གི་མི་རྣམས་རང་ལུས་ཀྱི་འོད་ཀྱིས་འཚོ་བ་སོགས་ལྷ་དང་ལོངས་སྤྱོད་མཉམ་པའི་ཕྱིར། ནང་གི་གླིང་དྲུག་པོ་ལ་ལོངས་སྤྱོད་ཀྱི་ས་ཞེས་གྲགས་ཤིང་། རི་གླིང་མཚོ་གསུམ་རེ་རེའི་ཁ་ཞེང་ནི། དཔག་ཚད་སྟོང་ཕྲག་བཅུ་དྲུག་ལ་བཅོ་བརྒྱད་ཀྱིས་བགོས་པས། དཔག་ཚད་བརྒྱད་བརྒྱ་དང་། བརྒྱད་ཅུ་རྩ་བརྒྱད། དགུར་ཉེ་བ་ཞེས་པ་ནི། རྒྱང་གྲགས་གསུམ་དང་། གཞུ་འདོམ་སྟོང་དང་བརྒྱད་ཅུ་རྩ་གཅིག་སོར་བཅུ་ལྷག་ཙམ་རེ་ཐོབ་སྟེ་རེ་རེའི་ཞེང་ཚད་དོ། །དེ་ནས་ཁ་བའི་རིའི་ཕྱི་རོལ་ནས་ཆུའི་དཀྱིལ་འཁོར་གྱི་ནང་མཐའི་བར་དུ་གླིང་བདུན་པ་འཛམ་གླིང་ཆེན་པོ་ལས་ཀྱི་ས་ཞེས་པ་ཁ་ཞེང་སྟོང་ཕྲག་ཉེར་ལྔ་ཡོད་པ། དེ་ཉིད་ལྷུན་པོའི་ཕྱོགས་བཞི་པོར་ཆ་མཉམ་པའི་དུམ་བུ་གསུམ་གསུམ་སྟེ་ཁྱོན་བཅུ་གཉིས་བཅད་པ་ནི་དུམ་བུ་བཅུ་གཉིས་སམ་གླིང་བཅུ་གཉིས་ཏེ། ཤར་གྱི་ཐོག་མ་ནས་གཡས་སྐོར་དུ་རིམ་པར་ཤར་གླིང་ཤར་མ་དང་། ཤར་གླིང་དབུས་མ་དང་། ཤར་གླིང་ནུབ་མ་ཞེས་སོགས་ཀུན་ལ་འགྲེ་ཞིང་། གླིང་རེ་རེ་ཡང་ཕྱི་མཐའི་སྲིད་དུ་སྟོང་ཕྲག་ཉེར་ལྔ་དང་། ནང་མཐའ་ལ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ཁོ་ནའོ། །གླིང་བཅུ་གཉིས་ཀྱི་དབུས་མ་བཞིའི་དཀྱིལ་ན་ཤར་ནས་རིམ་པ་བཞིན་དུ་དཔག་ཚད་སྟོང་ཕྲག་བདུན་དང་། བརྒྱད་དང་། དགུ་དང་། བཅུའི་ཚད་ཅན་གྱི་ཤར་དུ་རླུང་ཟླུམ་པོ། ལྷོར་མེ་གྲུ་གསུམ། ནུབ་ཏུ་ས་གྲུ་བཞི། བྱང་དུ་ཆུ་ཟླ་གམ་རྣམས་ཀྱི་རྣམ་པའི་མཚན་མ་རིམ་བཞིན་དུ་ལྡན་ནོ། །འདི་ནི་རྒྱུད་ལས། ཤར་དུ་རླུང་ནི་ཤིན་ཏུ་ཟླུམ་པོར་འགྱུར་ཏེ་མི་ཡི་བདག་པོ་ལྷོ་རུ་མེ་ནི་གྲུ་གསུམ་མོ། །ཞེས་གསུངས་པའི་རྩ་འགྲེལ་ལྟར་བཀོད་པ་དེ་ལྟ་ནའང་། སྐབས་འདིའི་རྒྱ་དཔེར། པཱུརྦབཱཡཱརྡཏབྲྀཏྟཾབྷབཏི། ཞེས་པའི་ཨརྡྷ་ཕྱེད་ལ་འཇུག་པ་དང་། འོག་ཏུ་འགྲེལ་བས་ཀྱང་ཤར་ཟླུམ་པོ་ཕྱེད་པ་སོགས་སུ་གསུངས་པ་ལྟར་འཐད་ཅེས་མཁས་པ་དག་གསུང་ངོ་། །དེ་ལས་འཛམ་གླིང་ཆུང་ངུ་ལྷོ་གླིང་དབུས་མ་འདིའི་ཡུལ་དབུས་ནས་བསིལ་རིའི་བར་གྱི་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་པོ་དུམ་བུ་དྲུག་ཏུ་བྱས་པ་རྣམས་ནི་བྱང་ནས་རིམ་པ་བཞིན་དུ་ཀཻ་ལ་ཤ་དང་། ཤམྦྷ་ལ་དང་། རྒྱ་ནག་དང་། ལི་དང་། བོད་དང་། འཕགས་པའི་ཡུལ་ཏེ་ཡུལ་དྲུག་ཡིན་ལ། དེ་རྣམས་དང་ཁྱོན་མཚུངས་ཀྱི་སའི་ཆ་དུམ་བུ་བཅུ་གཅིག་པོ་རྣམས་ཀྱི་ཕྱེད་བྱང་མ་རྣམས་ལའང་ཤེས་པར་བྱའོ། །དེ་ལྟར་ལས་ས་དཔག་ཚད་ཉེར་ལྔ་པའི་ཕྱི་རོལ་ན། ལན་ཚྭའི་མཚོ་དང་། དེ་བྲེས་ལས་མི་འདའ་བར་སྐེམས་པར་བྱེད་པའི་རྟ་གདོང་གི་མེ་དང་། རླུང་གི་དཀྱིལ་འཁོར་དང་བཅས་པ་སྟེ་རེ་རེའང་འབུམ་ཕྲག་ཕྱེད་ཕྱེད་དེ་སྟོང་ཕྲག་ལྔ་བཅུ་ལྔ་བཅུའི་ཚད་ཅན་ཡིན་ལ། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་ཀྱི་སྟེང་འོག་དང་ཤར་ནུབ་ལྷོ་བྱང་སོགས་ཕྱོགས་ཀུན་ནས་དཔག་ཚད་འབུམ་ཕྲག་བཞི་པར་མཉམ་པ་སྟེ། རླུང་དཀྱིལ་གྱི་མཐའ་གཅིག་ནས་མཐའ་ཅིག་ཤོས་ཀྱི་བར་ཐད་ཀའི་རྒྱར་དཔག་ཚད་འབུམ་ཕྲག་བཞི་ཡོད་པ་བཞིན་དུ། རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་པོ་རེ་རེའི་དཔངས་སུ་སྟོང་ཕྲག་ལྔ་བཅུ་རེ་སྟེ་ཁྱོན་འབུམ་ཕྲག་གཉིས་དང་། དེའི་སྟེང་དུ་ལྷུན་པོ་ལ་དཔངས་སུ་འབུམ་ཕྲག་གཅིག་དང་། ལྷུན་པོའི་མགྲིན་གདོང་གཙུག་ཏོར་གྱི་ཐ་སྙད་ཀྱིས་ཕྱེ་བའི་ཡིད་གཟུགས་འབུམ་ཕྲག་གཅིག་སྟེ་བསྡོམས་པས་འབུམ་ཕྲག་བཞིའོ། །

གཉིས་པ་བརྟེན་པ་བཅུད་ཀྱི་སེམས་ཅན་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སྣོད་ཀྱི་འཇིག་རྟེན་དེར་གནས་པའི་བཅུད་ཀྱི་སེམས་ཅན་ནི། གཟུགས་མེད་ན་བཞི་དང་། གཟུགས་ན་བཅུ་དྲུག་དང་། འདོད་པ་ན་བཅུ་གཅིག་སྟེ། སྲིད་པ་སུམ་ཅུ་རྩ་གཅིག་གོ། གཉིས་པ་ནི། རེ་རེ་ལའང་རྒྱུ་ཚོགས་དང་གནས་དང་ཚེ་ཚད་དེ་གསུམ་གསུམ་གྱིས་འཆད་དེ། ཆོས་བཟང་བསྐལ་བ་ཞེས་པའི་མིང་ཅན་གཟུགས་མེད་བཞི་ནི་རྒྱུ་ཚོགས། ཟད་པར་ནམ་མཁའ་སོགས་དང་། གནས་ནི་གཙུག་ཏོར་ཆ་བཞིར་སོགས་དང་། ཚེ་ཚད་ནི། ཚེ་ཚད་བསྐལ་བ་སོགས་སོ། །འདིར་མཛོད་ལས། གཟུགས་མེད་གང་དུ་ཤི་སའོ། །ཞེས་གསུངས་པས་རྟེན་གཞི་ནམ་མཁའི་དབྱེ་བ་མི་འཐད་དོ་ཞེ་ན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཡིད་བཞིན་རིན་པོ་ཆེའི་མཛོད་དུ། ནམ་མཁའི་གོ་རིམ་བསྟན་པས་དེར་འགྱུར་ན། །གང་དུ་ཤི་སའང་དེ་དང་ཅིས་མི་མཚུངས། །ཞེས་གསུངས་པས་མགོ་སྙོམས་པར་འགྱུར་རོ། །གཟུགས་ཀྱི་གནས་ལ་བཞི་ཚན་བཞི་ལས། ཡ་མཐའ་ནས་མར་བགྲངས་པའི་ཚན་པ་གསུམ་གྱི་གནས་བགོ་བ་ནི། གདོང་ལ་དཔྲལ་བ་སྣ་དང་ནི། །ཞེས་སོགས་སོ། །དེ་ལྟར་བགོས་པའི་བཞི་ཚན་དང་པོའི་གནས་ནི། དཔྲལ་བའི་སོགས་སོ། །རྒྱུ་ཚོགས་ནི་ཟད་པར་རླུང་བཞི་སོགས་སོ། །དེར་གནས་ལ་དབྱེ་ན་བཞི་སྟེ་ཚངས་པའི་བསྐལ་བའི་སོགས་སོ། །ཚེ་ཚད་ནི། ཚེ་ཚད་མཆོག་གི་སོགས་སོ། །བཞི་ཚན་གཉིས་པའི་གནས་ནི། དེ་འོག་སྣ་ཡི་སོགས་སོ། །རྒྱུ་ཚོགས་ནི། ཟད་པར་མེ་སོགས་སོ། །དབྱེ་ན་བཞི་སྟེ། ཚངས་འདས་ཞེས་སོགས་སོ། །བཞི་ཚན་གསུམ་པའི་གནས་ནི། དེ་འོག་ཀོས་ཀོ་སོགས་སོ། །རྒྱུ་ཚོགས་ནི། ཟད་པར་ཆུ་ཏིང་སོགས་སོ། །དབྱེ་ན་ཚད་མེད་དགེ་སོགས་བཞིའོ། །བཞི་ཚན་བཞི་པའི་གནས་ནི། མགྲིན་པའི་སུམ་ཆ་སོགས་སོ། །རྒྱུ་ཚོགས་ནི། ཟད་པར་ས་བཞི་སོགས་སོ། །དབྱེ་ན་དཀར་པོའི་བསྐལ་བའི་སོགས་བཞིའོ། །འབྲས་བུ་ཆེ་བ་ནས་བཟུང་སྟེ་ཚངས་རིས་ཀྱི་བར་གྱི་གཟུགས་ཁམས་འོག་མ་བཅུ་གཉིས་ཀྱི་ཚེའི་ཚད་ནི། བར་བསྐལ་བཅུ་གཉིས་སོགས་སོ། །འོ་ན་ཁམས་གོང་མ་རྣམས་སུ་སྐྱེ་བའི་རྒྱུ་ཟད་པར་འདི་རྣམས་གང་ཞེ་ན། འདི་དག་ནི་ཟིལ་གནོན་ལ་སོགས་པ་དང་འབྲེལ་བའི་ཟད་པར་མ་ཡིན་ཏེ། ཨ་ཡིག་ལ་སོགས་པའི་ཡི་གེ་སྟོབས་སུ་གྱུར་པས་འདོད་པའི་གནས་ཟད་པར་བྱེད་པའི་ཏིང་ངེ་འཛིན་ཟད་པར་ཞེས་བྱ་བ་ཡིན་གསུང་ངོ་། །འདོད་པའི་ཁམས་ལ་འགྲོ་བ་རིགས་ལྔའམ་དྲུག་ཏུ་གསུངས་པ་ལས། ནམ་མཁའ་ལ་བརྟེན་པའི་འདོད་ལྷའི་གནས་ནི། མགྲིན་པའི་སུམ་ཆ་མན་ཆད་ལ། ཞེས་བྱ་བ་ལ་སོགས་པའོ། །ལྷུན་པོ་ལ་གནས་པའི་འདོད་ལྷའི་གནས་ནི། རི་རབ་རྩེ་ན་སོགས་ཀྱིས་སུམ་ཅུ་རྩ་གསུམ་གྱི་གནས་བཀོད་པ་དང་བཅས་པ་དང་། དེ་འོག་རི་རབ་ཀྱི་དཔུང་པ་མན་ནས་ས་མཚམས་ཀྱི་བར་དུ་རྒྱལ་ཆེན་རིགས་བཞིའི་གནས་སུ་བསྟན་ནོ། །འདོད་ལྷ་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་ཚོགས་ནི། འཕེན་བྱེད་དགེ་བའི་ལས་དང་རྫོགས་བྱེད་སྦྱིན་པ་དང་སྔགས་བཟླས་པའི་སྟོབས་ཀྱིས་སོ། །གཞན་འཕྲུལ་དབང་བྱེད་ནས་རྒྱལ་ཆེན་བཞིའི་བར་གྱི་ཚེའི་ཚད་ནི། ཚེ་ཚད་བསྐལ་ཆུང་ཞེས་སོགས་སོ། །མིའི་གནས་ནི། ལོངས་སྤྱོད་ཀྱི་ས་ནང་གི་གླིང་དྲུག་དང་། ཕྱིའི་གླིང་བདུན་པ་ལས་ས་རྣམས་སུའོ། །རྒྱུད་འགྲེལ་ལས་དུད་འགྲོ་དང་ཡི་དྭགས་ལ་གནས་ཟུར་པ་མ་གསུངས་ཀྱང་། དྲི་མེད་འོད་རྒྱན་ལས། ལས་ཀྱི་ས་དུམ་བུ་བཅུ་གཉིས་ནི་མི་དང་དུད་འགྲོ་དང་ཡི་དྭགས་རྣམས་ཅི་རིགས་པའི་གནས་སུ་གསུངས་པ་ལྟར། འདིར་ཡང་། མི་དང་དེ་བཞིན་དུད་འགྲོ་དང་། །འབྱུང་པོ་ཡི་དྭགས་ཅི་རིགས་གནས། །ཞེས་སྨྲས་སོ། །འོན་ཀྱང་། དྲན་ཉེར། ལྷ་མིན་དུད་འགྲོ་ཀླུ་དུད་འགྲོ། །ཞེས་གསུངས་པ་ལྟར་དུད་འགྲོའི་གནས་ས་དཀྱིལ་གྱི་ཕྱེད་གོང་ལྷ་མིན་དང་ཀླུའི་གནས་ཀྱི་ཁོངས་སུ་བསྡུས་ཀྱང་མི་འགལ་ཞིང་། ཕྱིས་ཀྱི་མཁས་པ་དག །འབྲུག་པད། གསེག་མའི་དམྱལ་བ་ཡི་དྭགས་ཀྱང་། །ཞེས་ཡི་དྭགས་ཀྱི་གནས་གསེག་མའི་དམྱལ་བའི་ལྷོ་ཕྱོགས་གཤིན་རྗེའི་རྒྱལ་པོ་གནས་ས་དེར་འདོད་པ་ལའང་མི་འཐད་རྒྱུ་མེད་དམ་སྙམ་སྟེ་དཔྱད་པར་བྱའོ། །མི་དང་ལྷ་མིན་དུད་འགྲོ་ཡི་དྭགས་རྣམས་ཀྱི་ཚེའི་ཚད་ནི། ཚེ་ཚད་མི་ཡི་དབུགས་གཅིག་ནི། །ཞེས་སོགས་ཏེ། འདི་དག་རྒྱུད་འགྲེལ་ལས་ལྷ་སོགས་ཀྱི་ཚེ་ཚད་འཆད་པའི་སྐབས་འདིར་མ་གསུངས་ཀྱང་། ཕྲ་དབུགས་རྒྱུ། ཞེས་པའི་སྐབས་ཀྱི་འགྲེལ་ཆེན་ལས་བསྟན་ཏེ། དེའི་དོན་སྔར་ལེའུ་དང་པོར་ནང་གི་འཇལ་བྱེད་འཆད་པའི་སྐབས་སུ་བཤད་གྲུབ་བོ། །ས་དཀྱིལ་ཕྱེད་དུ་བཅད་པའི་གོང་མ་ཆ་གཉིས་སུ་བྱས་པའི་སྟེང་མར་ལྷ་མིན་དང་འོག་མར་ཀླུ་གནས་སོ། །ཆུ་མེ་རླུང་གི་དཀྱིལ་འཁོར་གསུམ་པོ་རེ་རེ་ཡང་ཕྱེད་ཕྱེད་དུ་བྱས་པ་ས་དཀྱིལ་གྱི་ཕྱེད་འོག་མ་དང་བཅས་པའི་ཆ་བདུན་ནི་དམྱལ་བ་བརྒྱད་ཀྱི་གནས་ཏེ། ཕྱེད་འོག་གསེག་མའི་ཆུའི་དམྱལ་བ། །ཞེས་བྱ་བ་སོགས་སོ། །ཆ་བདུན་ལ་དམྱལ་བ་བརྒྱད་དུ་ཇི་ལྟར་འགྱུར་ཞེ་ན། བརྒྱད་པ་རྡོ་རྗེ་མི་ལྕེ་དང་བཅས་པའི་དམྱལ་བ་ནི། རྒྱུད་ལས། ངུ་འབོད་བདུན་པ་དང་། ཞེས་པའི་དང་ཡིག་གིས་གནས་བདུན་པ་ངུ་འབོད་ཀྱི་གནས་ཉིད་ན་ཡོད་ཀྱི། གནས་གཞན་ལོགས་ཤིག་ན་མེད་པར་འགྲེལ་པས་གསུངས་སོ། །དམྱལ་བའི་ཚེ་ཚད་ནི། ཚེ་ཚད་ས་ཆུ་མེ་རྣམས་ནི། །ཞེས་བྱ་བ་ལ་སོགས། ལྷ་མ་གཏོགས་པའི་འདོད་ཁམས་གཞན་རྣམས་སུ་སྐྱེ་བའི་རྒྱུ་ཚོགས་ནི། རྒྱུ་ནི་འཕེན་བྱེད་དགེ་བ་དང་། །ཞེས་བྱ་བ་ལ་སོགས་པའོ། །འོ་ན་སྲིད་པ་གསུམ་པོ་དེ་དག་སྔ་ཕྱིར་འཆགས་པའི་རིམ་པ་གང་ཞེ་ན། འགྲེལ་པ་ལས་དངོས་སུ་གསུངས་པ་མ་མཐོང་ཡང་། ཐུགས་གསུང་སྐུ་རྣམས་སྐྱེ་བའི་རིམ་པ་ཡིན་པས། དང་པོར་གཟུགས་མེད། དེ་ནས་གཟུགས། དེ་ནས་འདོད་པའི་ཁམས་རྣམས་འཆགས་ལ། འདོད་པའི་ཁམས་ཉིད་ནི། ས་འོག་དང་། ས་སྟེང་དང་། ས་བླ་རྣམས་རིམ་གྱིས་འཆགས་སོ། །དེ་ལྟར་བཅུད་ཀྱི་རྣམ་གཞག་འདི་དག་ཀྱང་རྒྱས་པར་བཀྲལ་ན་རྟོགས་པ་པོ་རྣམས་ལ་ཉེ་བར་མཁོ་མོད་ཀྱི། དེ་ལྟ་ནའང་སྐབས་འདིར་གཟའ་རྣམས་ཀྱི་བགྲོད་པ་ཤེས་པའི་སླད་དུ་སྐར་ཁྱིམ་གྱི་བཀོད་པ་ལ་ཉེ་བར་མཁོ་བ་སྣོད་ཀྱི་འཇིག་རྟེན་ལས་འཕྲོས་ཏེ་བཤད་པ་ཙམ་ཡིན་པའི་ཕྱིར་དང་། ཡི་གེས་ཀྱང་འཇིགས་པའི་ཕྱིར་བསྡུས་ཏེ་བཀྲལ་ལོ། །ད་ནི་འདི་དག་གི་སྐབས་སུ་མཁོ་བ་འཇལ་བྱེད་ཀྱི་ངེས་པ་བཤད་པ་ལས། སྣོད་ཀྱི་ཚད་དེ་དག་གི་འཇལ་བྱེད་ནི། རྡུལ་ནི་ཕྲ་རབ་ཅེས་སོགས་ཏེ། འདིར་རྡུལ་ཕྲ་རབ་ཀྱི་རྒྱ་སྐད་དུ། པ་ར་མ་ཨ་ཎུ་ཞེས་ཡོད་པས་ཕྲ་བའི་མཆོག་གམ་མཐར་ཐུག་པའི་དོན་དང་། སྐེ་ཚེ་ཞེས་པའི་རྒྱ་སྐད། རཱ་ཛཱི་ཞེས་པ། རྭས་ཉི་རྡུལ་དུ་བསྒྱུར་རོ། །འོ་ན་སེམས་ཅན་གྱི་ཚེའི་ཚད་དེ་དག་གི་འཇལ་བྱེད་ཇི་ལྟ་བུ་སྙམ་ན། མི་ལོས་གཞལ་དགོས་པ་རྣམས་ནི་སྔར་བཤད་གྲུབ་ལ། འདིར་ཁམས་གསུམ་གྱི་ལྷ་དམྱལ་བ་རྣམས་ཀྱི་ཚེ་ཚད་ནི་བསྐལ་བས་གཞལ་དགོས་པས་དེ་ལ་བཞི་སྟེ། བསྐལ་བ་ཆུང་ངུ་དང་། བར་མ་དང་། མཆོག་དང་། ཆེན་པོའོ། །དང་པོ་ནི། གྲུ་བཞི་ཀུན་ནས་དཔག་ཚད་རེ་ཞེས་བྱ་བ་ལ་སོགས་པའོ། །ཕྱི་མ་གསུམ་པོ་ནི། དེ་རྣམས་རིམ་བཞིན་རང་གིས་རང་། །ཞེས་བྱ་བ་ལ་སོགས་པ་སྟེ། འདིར་རང་གིས་རང་བསྒྱུར་བ་ནི། འགྲེལ་ཆེན་ལས། དེ་བཞིན་དུ་དེའི་སྡེ་ནི་བསྐལ་པ་བར་མ་དང་། བསྐལ་པ་བར་མའི་སྡེས་མཆོག་གི་བསྐལ་པའོ། །ཞེས་པའི་སྡེའི་དོན། ཡེ་ལེར། གཅིག་གི་སྡེ་ནི་གཅིག་དང་། གཉིས་ཀྱི་སྡེ་ནི་བཞི་དང་ཞེས་པ་ནས། དགུའི་སྡེ་ནི་བརྒྱད་ཅུ་རྩ་གཅིག་དང་། བཅུའི་སྡེ་ནི་བརྒྱ་སྟེ། ཞེས་གསུངས་པ་ལྟར་རོ། །

གཉིས་པ་བགྲོད་བྱ་སྒྲོད་བྱེད་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། སྤྱིར་བཤད་པ། བྱེ་བྲག་ཏུ་ཉི་མའི་གོ་ལ་འཁོར་ཚུལ་བཤད་པ། དེ་ལ་བརྟེན་ནས་ས་ལ་དུས་རྣམས་འཁོར་ཚུལ་བཤད་པའོ། །དང་པོ་ལ་གཉིས་ཏེ། བགྲོད་བྱ་སྐར་ཁྱིམ་བཤད་པ་དང་། སྒྲོད་བྱེད་གཟའ་བཤད་པའོ། །དང་པོ་ལའང་གསུམ་སྟེ། ངོ་བོ། སྒྲ་དོན། གནས་ལུགས་སོ། །དང་པོ་ནི། དཀྱིལ་འཁོར་རི་གླིང་ལ་སོགས་པ་ཆགས་པའི་རྗེས་དེ་ནས། ཤར་གྱི་འོད་ཟེར་ནག་པོ་ལས་གཟའ་སྐར་སོགས་ལྷའི་གཞལ་མེད་ཁང་རྟེན་པར་བྱེད་པའི་བརྟན་གཡོའི་རླུང་ཇི་སྙེད་པ་སྐྱེས་ཏེ། ཁྱིམ་གྱི་རྒྱ་སྐད་རྭ་ཤི་ཞེས་པ་ཚོགས་པའམ་ཕུང་པོའི་དོན་ཡིན་པས་སོ། །དེ་ལྟ་ནའང་དེ་རྣམས་ཀྱི་གཙོ་བོ་འཇིག་རྟེན་དུ་ཕན་གནོད་སྟོན་པའི་ཁྱིམ་བཅུ་གཉིས་ཀྱི་བདག་ཉིད་ཅན་འབྱུང་བའི་དབང་གིས་ཁ་དོག་ཐ་དད་པའི་རླུང་གི་འཁོར་ལོ་རྩིབས་བཅུ་གཉིས་པའི་དབྱིབས་ཅན་དབུས་མཐོ་བ་རི་རབ་ལ་ཉེ་ཞིང་། མཐའ་བགས་ཀྱིས་གཞོལ་བ་མེར་ཉེ་བའི་ཕྱོགས་དམའ་བ་སྟེ། རི་རབ་ཀྱི་སྟེང་ངོས་ལ་གདུགས་ཕུབ་པ་བཞིན་དུ་སྒང་གཤོངས་སམ་མཐོ་དམན་ཉིད་ཀྱི་རྣམ་པར་སོ་སོའི་རྒྱུ་ལམ་གཅིག་ལས་མི་འདའ་བར་གཡས་སྐོར་དུ་རྒྱུ་སྟེ། དཔལ་ལྡན་རྒྱུད་ལས། དབུས་ན་ལྷུན་པོ་གང་གི་སྟེང་དུ་ཁྱིམ་གྱི་འཁོར་ལོ་སྐར་བཅས་ཉིན་དང་མཚན་དུ་འཁོར་བ་སྟེ། །ཞེས་སོ། །གཉིས་པ་ནི། གོ་ལ་ཞེས་པའི་སྒྲ་དོན་ཡང་། །ཞེས་སོགས་ཏེ། གུ་རུ་ལྕི་བ་དང་། ལ་གྷུ་ཡངས་པའི་སྐད་དོད་ཀྱི་ཐོག་མ་བསྡུས་ནས་ལྕི་ཡང་ངམ་སྒང་གཤོངས་ཞེས་བསྒྱུར་ཏེ། རྡོ་རྗེ་མཁའ་འགྲོར། སྒང་གཤོངས་འཁོར་ལོ་ཁྱོད་ཀྱིས་གསུང་། །ཞེས་སོ། །དེ་བཞིན་དུ་སྦུབས་དང་ཁོངས་སོགས་སུ་བསྒྱུར་བ་ཡང་དོན་དང་འབྲེལ་མོད། འོན་ཀྱང་། གོ་སྒྲ་ངག་ཕྱོགས་འོད་ཟེར་དང་། །མིག་དང་ཕྱུགས་དང་བརྒྱ་བྱིན་དང་། །མཐོ་རིས་ས་དེ་དོན་དགུར་འཇུག །ཅེས་པ་ལས། འདིར་གནམ་གྱི་གོ་ལའི་སྐབས་སུ། གོ་མཐོ་རིས་དང་ལ་འཛིན་པར་བསྒྱུར་ན་ལེགས་ཏེ་རྒྱུ་མཚན་ཅི་སྟེ་སོགས་སོ། །དེ་བཞིན་དུ་སྐབས་ཐོབ་སོ་སོར་སྦྱར་དགོས་པས། སའི་གོ་ལའི་སྐབས་སུ་གོ་ཕྱོགས་སམ་ས་དང་ལ་འཁོར་བ་ཞེས་བསྒྱུར་བར་བྱའོ། །གསུམ་པ་སྐར་ཁྱིམ་གྱི་གནས་ལུགས་ནི། དེ་ལྟར་འཁོར་གཞི་རླུང་གི་འཁོར་ལོ་གྲུབ་པའི་རྗེས་སུ་དེའི་སྟེང་། ནུབ་ཀྱི་འོད་ཟེར་སེར་པོ་ལ་སོགས་ཏེ། རྒྱུ་སྐར་ཉེར་བདུན་དུས་མཉམ་དུ་སྐྱེ་ལ། དེ་མ་ཐག་ནས་གཡས་སུ་འཁོར་བ་དེའི་ཚེ་འཛམ་གླིང་ཆུང་ངུ་འདིར་ཐོག་མར་ཐ་སྐར་ནས་འགོ་དྲངས་ཏེ་ཤར་བས་དེ་ཉིན་རྒྱུ་སྐར་གྱི་དང་པོར་བཞག་གོ། གཞན་ཕལ་ཆེ་བ་ནས་སྨིན་དྲུག་དང་པོར་བཤད་པའང་སྣང་སྟེ། ཉི་སྙིང་ལས། རེ་ཞིག་དང་པོར་སྨིན་དྲུག་ཅེས། །རྒྱུ་སྐར་དཀྱིལ་འཁོར་ཐམས་ཅད་ལ། །ནངས་ཀྱི་དང་པོར་བཞག་པར་བྱ། །ཞེས་པས་མཐའ་གཅིག་ཏུ་མ་ངེས་སོ། །དེ་ཡང་ཁྱིམ་རེའི་ཁྱོན་ལ་སྐར་མ་ཇི་ཙམ་རེ་གནས་ཤེ་ན། ཐ་སྐར་བྲ་ཉེ་སྨིན་དྲུག་གི། ཞེས་བྱ་བ་ལ་སོགས་པ་སྟེ། འགྲེལ་ཆེན་ལས། ཐ་སྐར་དང་བྲ་ཉེ་དང་སྨིན་དྲུག་གི་རྐང་པ་གཅིག་ནི་ལུག་ལའོ། །ཞེས་སོགས་གསུངས་པ་ལྟར་སྐར་མ་སྒང་པོ་གཉིས་གཉིས་དང་བཞི་ཆ་རེ་ལ་ཁྱིམ་རེར་བྱ་སྟེ། སྔར་ལེའུ་གཉིས་པར་བཤད་གྲུབ་པས་འདིར་རྒྱ་མི་བསྐྱེད་དོ། །ཁྱིམ་འདི་དག་གི་མིང་དང་མཚན་གཞི་ནི། ལྷུན་པོའི་ཕྱོགས་ཀྱི་དབྱེ་བས་གླིང་བཞི་སྟེ་དུམ་བུ་བཅུ་གཉིས་པོ་ཀུན་ན་འགྱུར་བ་མེད་པ་ཉིད་དོ། །

གཉིས་པ་སྒྲོད་བྱེད་གཟའ་བཅུ་བཤད་པ་ལ་གསུམ་སྟེ། སོ་སོའི་སྐྱེས་ཁྱིམ་བཤད་པ། ཕན་ཚུན་འཐབ་ཚུལ། ཁྱིམ་བཅུ་གཉིས་ལ་ལོངས་སྤྱོད་ཅིང་འཁོར་ཚུལ་ལོ། །དང་པོ་ནི། ཕྱོགས་གཞན་ལས་བསྐལ་པ་དང་པོའི་མི་རྣམས་ཀྱི་འོད་ནུབ་པའི་རྗེས་སུ་ཉི་ཟླ་རྣམས་རིམ་པར་བྱུང་བར་གསུངས་ཏེ། གདགས་པ་ལས། ཆོས་ཉིད་ཀྱིས་ནི་འཇིག་རྟེན་དུ་མུན་པ་འབྱུང་བ་ན། ཉི་མ་དང་ཟླ་བ་འདི་གཉིས་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། རང་ཉིད་འོད་ལྡན་སེམས་ཅན་ནི། །དེ་ཡི་དུས་སུ་རྫོགས་ལྡན་ཡིན། །ཐམས་ཅད་ནམ་མཁའ་ལ་འགྲོ་ཞིང་། །རྒ་དང་འཆི་བ་རྣམ་པར་སྤངས། །དེ་ཡི་དུས་སུ་སྐར་མ་མེད། །ལྷ་དང་ལྷ་མིན་འཇིག་རྟེན་མེད། །དང་པོའི་དུས་ནི་དུས་མཆོག་ཡིན། །མིང་མེད་རིགས་ཀྱང་ཡོད་མ་ཡིན། །ཚེས་དང་སྐྱེ་བའི་སྐར་མ་མེད། །བསྙུང་བ་མེད་ཅིང་སྔགས་ཀྱང་མེད། །དགེ་དང་མི་དགེའི་ལས་ཀྱང་མེད། །འདི་དག་རང་གར་སྤྱོད་པ་སྟེ། །བཟའ་དང་བཟའ་བར་བྱ་བའང་མེད། །འདི་དག་ནད་མེད་དག་པ་སྟེ། །རྟག་ཏུ་སེམས་ཅན་རྣམ་མང་པོ། །དེ་ནས་དུས་ནི་བྲི་བ་ན། །འཇིག་རྟེན་མ་ཡིན་རབ་ཏུ་འཇུག །སྔོན་གྱི་ལས་ཀྱིས་དྲངས་ནས་ནི། །དེ་ནས་ས་ཡི་སྟེང་དུ་འགྲོ། །ས་སྟེང་ལྷ་གནས་གཞལ་ཡས་ཁང་། །ལྷ་དང་ལྷ་མིན་གང་དག་བྱུང་། །བར་མའི་དུས་སུ་ཕྱིན་གྱུར་ནས། །མི་ཡི་ལུས་ལ་ཡང་དག་བསྟེན། །བཟའ་དང་བཏུང་བར་སྐམ་ཆགས་པས། །འོད་དེ་དག་ནི་རབ་ཏུ་ཉམས། །ལུས་ནི་སྲ་བ་ཉིད་གྱུར་ཅིང་། །དགེ་དང་མི་དགེ་རྣམ་པར་སྤྱོད། །དེ་ནས་ཉིན་ཞག་ཟླ་བ་དང་། །གཟའ་ཡི་འོད་ནི་བྱུང་བར་གྱུར། །ཅེས་སོ། །དེ་ལྟ་ནའང་རྒྱུད་འགྲེལ་ལས། སྐྱེས་སྐར་གསུངས་པ་ཙམ་ལས་དུས་འདི་དང་འདིའི་ཚེ་སྐྱེས་ཞེས་མ་གསུངས་སོ། །འོན་ཀྱང་བགྲོད་བྱ་སྐར་ཁྱིམ་འཁོར་དང་བཅས་པ་ཆགས་པའི་རྗེས་སུ་སྒྲོད་བྱེད་གཟའ་རྣམས་སྐྱེས་པར་རང་རང་གི་སྐྱེས་སྐར་གསུངས་པས་ཀྱང་བསྒྲུབ་ནུས་ལ། དེར་མ་ཟད་ནང་དུ་ལྟེ་བའི་རྩ་གྲུབ་ནས། དེ་ལས་སྙིང་གའི་རྩ་བརྒྱད་གྲུབ་པའི་རིམ་པས་ཀྱང་སྔ་ཕྱིའི་རིམ་པ་འདི་ལྟར་འཐད་དོ། །དེ་ཡང་ཀརྐ་ཊའི་ཁྱིམ་གྱི་ཐོག་མར་ལྷོའི་འོད་དམར་ལས་ཉི་མ་སྐྱེས་ཏེ། ལོ་དངོས་གཞིའི་ཐོག་མ་ཡིན་ལ། དེ་ནས་ཉི་མས་ཉིན་ཞག་རྣམས་ལ་ལོངས་སྤྱོད་དོ། །དེ་ནས་རིམ་བཞིན་ཉི་མ་རྒྱུ་སྐར་ལ་གཡོན་སྐོར་དུ་སྤྱོད་པ་ལས་གཟའ་སོ་སོའི་སྐྱེས་སྐར་གྱི་སྟེང་དུ་ཉི་མས་སླེབ་སྟེ་ཉི་མ་སྐྱེས་སྐར་དང་བཅས་པ་ཤར་གླིང་དབུས་མའི་ཚངས་ཐིག་ཏུ་སླེབ་པ་དང་ལྷན་ཅིག་ཏུ་གཟའ་རྣམས་གཡས་གཡོན་གྱི་འོད་ཟེར་དཀར་དམར་ལས་རང་རང་གི་སྐྱེས་སྐར་གྱི་སྟེང་དུ་སྐྱེས་པ་ཡིན་ནོ། །དེ་ཡང་གཡས་ལྷོའི་འོད་ཟེར་དམར་པོ་ལས་ནི་ཉི་མ་མིག་དམར་ཕུར་སྤེན་དུས་མེ་སྟེ་དྲག་གཟའ་ལྔ་སྐྱེས་ལ། བྱང་གི་འོད་དཀར་ལས་ནི་ཟླ་བ་ལྷག་སངས་སྒྲ་གཅན་མཇུག་རིང་སྟེ་ཞི་གཟའ་ལྔ་སྐྱེས་སོ། །རང་རང་གི་སྐྱེས་སྐར་ནི་ཟླ་བ་ཐ་སྐར་སོགས་ཏེ། ཡེ་ལེའི་འགྲེལ་ཆེན་ལས། ད་ནི་གཟའ་རྣམས་ཀྱི་སྐྱེ་བའི་ཁྱིམ་གསུངས་པ། ལུག་ཅེས་པ་ལ་སོགས་པ་རྣམས་ཏེ། འདིར་གྲངས་བཞིན་དུ་ལུག་དང་འཁྲིག་པ་དང་། ཀརྐ་ཊར་ནི་རི་བོང་ཅན་དང་པ་སངས་དང་ནི་ཉི་མ་བྱུང་བར་གྱུར་ཏོ། །སེང་གེར་ས་སྐྱེས་དང་། བུ་མོར་ཕུར་བུ་དང་། སྲང་དུ་སྒྲ་གཅན་དང་། སྡིག་པར་གཟའ་ལྷག་དང་། གཞུའི་ཐོག་མར་སྤེན་པ་དང་། དེའི་མཐའ་མར་མཇུག་རིང་ངོ་། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཟླ་བ་སྐྱེས་པ་ནས། དཀར་ཆ་དང་པོར་སྐྱེ་བ་དང་། ཚེས་ཞག་དང་བྱེད་པའི་ལོ་རྣམས་ཀྱི་ཐོག་མའི་འགོ་རྩོམ་པ་དུས་མཚུངས་ཤིང་། དེས་ན་ཁྱིམ་གྱི་ཐོག་མ་ལུག་དང་། ཕྱོགས་ཀྱི་དང་པོ་ཡར་ངོ་དང་། ཟླ་བ་དེའི་ཚེས་བཅོ་ལྔ་ལ་ནག་པས་ཉ་བས་ནག་ཟླ་ཟླ་བའི་ཐོག་མར་བཞག་གོ། ཉི་མ་སོགས་བདུན་པོ་རང་རང་སྐྱེས་པའི་ཉིན་ཞག་དེ་ལ་དབང་བྱས་པས་ན་རེས་གཟའ་ཞེས་གྲགས་ཏེ། རྒྱུ་མཚན་གཟའ་རྣམས་སྐྱེས་སྐར་མི་གཅིག་པས་དུས་མཉམ་དུ་སྐྱེས་པ་མ་ཡིན་ལ། དུས་རིམ་ཅན་དུ་སྐྱེས་པས་ཕྱི་མ་ཕྱི་མ་མ་སྐྱེས་བར་དུ་སྔ་མ་སྔ་མ་རྣམས་ཀྱིས་ཉིས་རེས་སུམ་རེས་སོགས་བྱས་ལ་སྤེན་པ་སྐྱེས་ནས་བདུན་རེས་བྱས་སོ། །སྐྱེ་བའི་ས་ཁྱོན་ཡང་ཁ་ཅིག་ཉི་མ་ལྷོ་གླིང་དབུས་མ་དང་ཟླ་བ་བྱང་གླིང་དབུས་མའི་ཚངས་ཐིག་ཏུ་སྐྱེས་ཟེར་བ་མི་རིགས་ཏེ། དེ་ལྟར་ན་གླིང་འདིའི་ཉིན་ཞག་གི་འཕོ་མཚམས་ལྷོ་གླིང་དབུས་མའི་དབུས་དྲང་པོའི་ཉིན་གུང་ནས་འཛིན་དགོས་པ་སོགས་བ་གླང་རྫིས་ཀྱང་མཚང་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །དེས་ན་འདིར་བཤད་པ་འདི་ནི་གླིང་འདིའི་རེས་གཟའ་འཕོ་མཚམས་ནམ་ལངས་ཀྱི་དུས་ཡིན་པ་དེའི་རྒྱུ་མཚན་གྱིས་སོ། །གཉིས་པ་ནི། གཟའ་དེ་རྣམས་ཀྱང་ཕན་ཚུན་གཉིས་གཉིས་དགྲ་ཟླར་གྱུར་པ་ཡིན་ཏེ། མིག་དམར་དང་ལྷག་པ། ཕུར་བུ་དང་པ་སངས། སྤེན་པ་དང་མཇུག་རིང་ངོ་། །དེ་དག་རང་རང་གིས་དབང་བྱེད་པའི་ཞིང་། མིག་དམར་གྱི་ལུག་དང་སྡིག་པ། ལྷག་པའི་འཁྲིག་པ་དང་བུ་མོ། ཕུར་བུའི་གཞུ་དང་ཉ། པ་སངས་ཀྱི་གླང་དང་སྲང་། སྤེན་པའི་ཆུ་བུམ། ཟླ་བའི་ཀརྐ་ཊ་སྟེ་སོ་སོའི་ཞིང་དང་། རང་རང་གི་སྐྱེས་སྐར་ལ་གང་དགྲ་ཟུན་དུ་གྱུར་པའི་གཟའ་དེ་ཞུགས་ན་འཐབ་ཅིང་རྩོད་པར་བྱེད་དོ། །ཁྱད་པར་ཟླ་བའི་ཞིང་ལ་སྤེན་པ་ཞུགས་ན་མཇུག་རིང་ཟླ་བའི་རིགས་ཅན་ཡིན་པས་དེས་རྩོད་རོགས་བྱེད་ལ། མཁས་པའི་དབང་པོ་ལ་ལ་དག །ཉི་མའི་ཞིང་ལ་མཇུག་རིང་ཞུགས་ན་སྤེན་པས་རྩོད་གསུང་ཡང་རྒྱུད་འགྲེལ་ལས་དངོས་སུ་མ་གསུངས་སོ། །དེ་ལས་གཞན་དུ་མི་རྩོད་དོ། །གསུམ་པ་ནི། སྐར་ཁྱིམ་གོ་ལ་སོགས་ཏེ། དེ་འཁོར་བའི་དབང་གིས་གཟའ་སྐར་རྣམས་ཀྱང་རི་རབ་ལ་ཞག་རེ་བཞིན་རླུང་འགྲོས་ནི་གཡས་སུ་འཁོར་ལ། སྒྲ་གཅན་གྱི་གདོང་དང་དུས་མེ་མ་གཏོགས་པའི་གཟའ་གཞན་རྣམས་རང་རང་འགྲོས་ནི་གཡོན་སྐོར་དུ་སྤྱོད་དོ། །དེ་ཡང་ཇི་ཙམ་རེ་སྤྱོད་ཅེ་ན། གཟའ་ལྔ་ཉི་མ་དང་བཅས་པའི་དལ་རྐང་རྣམས་རང་རང་གི་སྐྱེས་སྐར་དང་། གཟའ་ལྔ་པོའི་མྱུར་རྐང་རང་རང་གི་དལ་བ་ལས་བརྩམས་ཏེ། དལ་བ་ལ་རིམ་པའི་སྔ་རྐང་དང་། རིམ་མིན་གྱི་ཕྱི་རྐང་དུ་རྐང་པ་རྣམས་བུ་ལོན་དང་། དེ་དང་དེའི་ཕྱི་རྐང་དང་སྔ་རྐང་དུ་ནོར་དུ་སྤྱོད་ལ། མྱུར་རྐང་གི་ཚེ་རིམ་པའི་སྔ་རྐང་དང་རིམ་མིན་གྱི་ཕྱི་རྐང་དུ་ནོར་དང་རིམ་མིན་གྱི་སྔ་རྐང་དང་རིམ་པའི་ཕྱི་རྐང་དུ་རྐང་པ་རྣམས་བུ་ལོན་གྱིས་སྤྱད་ནས་སླར་ཡང་རང་རང་གི་སྐྱེས་སྐར་གྱི་སྟེང་དུ་སླེབ་པ་ན་དལ་རྐང་གི་ནོར་བུ་ལོན་ཁ་དག་ཅིང་། འབྱུང་འགྲོས་ཀྱི་མཐར་ཉི་མ་ལ་ནུབ་པ་ན་མྱུར་རྐང་གི་ནོར་བུ་ལོན་ཁ་དག་པར་འགྱུར་ལ། གལ་ཏེ་གཟའ་ལྔ་རང་རང་གི་སྐྱེས་སྐར་དང་ཉི་མའི་སྟེང་དུ་ལྷན་ཅིག་ཏུ་འཛོམ་པའི་ཚེ་དལ་རྐང་དང་མྱུར་རྐང་གཉིས་ཀའི་ནོར་བུ་ལོན་ཁ་དག་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ཞི་བའི་གཟའ་ལྷག་སངས་གཉིས་དང་ཀེ་ཏུ་ཡང་ལུས་ཞི་བ་ཡིན་པས་དེ་རྣམས་ནི་ཉི་མའི་གཡོན་ཕྱོགས་ནས་འཆར་ནུབ་བྱེད་ཅིང་། དྲག་གཟའ་དམར་སྤེན་གཉིས་དང་ཕུར་བུ་ཡང་ལུས་དྲག་པོ་ཡིན་པས་དེ་རྣམས་ཉི་མའི་གཡས་ཕྱོགས་ནས་འཆར་ནུབ་བྱེད་པར་བཤད་པ་ཡིན་ནོ། །དེ་བཞིན་དུ་ཞི་གཟའ་དང་དྲག་གཟའ་ཕྲད་པའི་ཚེ་ཡང་ཞི་བ་གཡོན་དང་དྲག་པོ་གཡས་ནས་འགྲོ་ཚུལ་དེ་ལྟར་རོ། །སྒྲ་གཅན་ནི་གདོང་ནས་དུས་མེའི་བར་སྐར་མ་ཕྱེད་དང་བཅུ་གསུམ་རེ་ཡོད་པས་སྐར་ཁྱིམ་གྱི་འཁོར་ལོའི་ཕྱེད་ལུས་ཀྱིས་ཁྱབ་པར་གནས་ཏེ་རླུང་འགྲོས་བཞིན་དུ་རང་འགྲོས་ཀྱང་གཡས་སྐོར་དུ་རྒྱུའོ། །འདིར་ཤོང་སྟོན་ཆེན་པོས་གཟའ་གསལ་སྒྲོན་དུ། དཔལ་ལྡན་སྒྲ་གཅན་འགྲོས་ལ་ནི། །རྐང་པ་མེད་ཕྱིར་མགྱོགས་བུལ་སྤངས། །རྟག་ཏུ་ལོངས་སྤྱོད་མཚུངས་འགྱུར་ཞེས། །མཁས་པ་ལེགས་པར་བཤད་ལས་རྙེད། །ཅེས་གསུངས་པའི་རྗེས་སུ་འབྲངས་ཏེ། མཁས་པ་ཕལ་ཆེ་བ་སྒྲ་གཅན་ལ་རྐང་པ་མེད་པས་ལྷོ་བྱང་གི་བགྲོད་པ་མེད་པར་རྟག་ཏུ་ཉིན་མཚན་མཉམ་པའི་ལམ་དུ་རྒྱུ་ཞེས་ཟེར་ཡང་ཉི་ཟླར་འཇུག་ཚུལ་མངོན་སུམ་པ་འདི་ལ་བརྟགས་ན་རྟག་ཏུ་ཉིན་མཚན་མཉམ་པའི་ལམ་དུ་འགྲོ་བར་འདོད་པའི་དམ་བཅའ་འདི་འཇིག་པར་འགྱུར་རོ། །ཇི་ལྟར་ན། ཉི་ཟླ་ལྷོ་བྱང་གི་བགྲོད་པ་མཐར་ཐུག་པའི་ཚེ་གུང་གཉིས་ཀྱི་དུས་སུ་གཟའ་འཛིན་འབྱུང་བ་མི་སྲིད་པར་ཐལ་ཏེ། སྒྲ་གཅན་མཉམ་པའི་ལམ་གྱི་ཕྱི་ནང་དུ་མི་འགྲོ་བ་གང་ཞིག །བགྲོད་པ་མཐར་ཐུག་པའི་ཉིན་གུང་དང་ནམ་གུང་གི་ཚེ་ནི་ཉི་ཟླ་མཉམ་པའི་ལམ་དུ་འགྲོ་བ་མི་སྲིད་པའི་ཕྱིར་རོ། །དེར་མ་ཟད་འགྲེལ་ཆེན་ལས། འདིར་ཁྱིམ་གྱི་འཁོར་ལོ་ལ་གཟའ་ཐམས་ཅད་བྱང་དུ་འགྲོ་བ་དང་། ལྷོར་འགྲོ་བ་ཡོད་དེ། དཔེར་ན། ཉི་མ་རྒྱུ་སྐར་ལ་ལོངས་སྤྱོད་པའི་དབང་དང་། ཁྱིམ་དྲུག་ལོངས་སྤྱོད་པའི་དབང་གིས་བཞིན་ནོ། །ཞེས་གཟའ་ཐམས་ཅད་ལ་བགྲོད་པ་གཉིས་ཡོད་པར་གསུངས་པས་སྒྲ་གཅན་ལའང་ཡོད་དགོས་པར་གོའོ། །དེས་ན་སྔར་བཤད་པ་ལྟར་རྩ་བའི་རྒྱུད་དང་མུ་སྟེགས་པའི་བྱེད་རྩིས་ལ་ཁ་འཕང་བར་མཛད་ནས། རྒྱུད་འགྲེལ་པ་དང་བཅས་པ་འདིར་སྒྲ་གཅན་རང་འགྲོས་ཀྱི་སྐར་ཁྱིམ་ལ་གཡས་སྐོར་དུ་སྤྱོད་པ་ཙམ་ཞིག་ལས་བགྲོད་ཚུལ་མ་གསུངས་སོ། །

གཉིས་པ་བྱེ་བྲག་ཏུ་ཉི་མའི་གོ་ལ་འཁོར་ཚུལ་ལ་གཉིས་ཏེ། རྣམ་གྲངས་སྤྱིར་བཤད་པ་དང་། གྲུ་ཆགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། འཁོར་ཚུལ་ཁྱིམ་དང་ཁྱིམ་ཅན་གཉིས། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གོ། གཉིས་པ་ལ་གཉིས་ཀྱི་དང་པོ་ཁྱིམ་དང་ཁྱིམ་ཅན་གཉིས་ཀ་འཆུགས་མེད་དུ་འདོད་པ་རྨོག་རྩེགས་པའི་ལུགས་ཏེ། དེ་ཡང་མུ་སྟེགས་པ་ཁ་ཅིག་ན་རེ། ཁྱིམ་སྐར་རྣམས་ལྷོ་བགྲོད་དང་བྱང་བགྲོད་གཉིས་ཀ་མི་བྱེད་པ་མངོན་སུམ་གྱིས་གྲུབ་པ་ལྟར་དུ་ཉི་ཟླ་གཟའ་ལྔ་སྒྲ་གཅན་སོགས་ཁྱིམ་ཅན་རྣམས་ཀྱང་ལྷོ་བགྲོད་དང་བྱང་བགྲོད་གཉིས་ཀ་མི་བྱེད་པར། འབྲས་སོ་བ་ཆགས་པ་ལ་བ་ལང་ཀ་བ་ལ་བསྐོར་བའི་དཔེས་གཟའ་བརྒྱད་པོ་འགྲོས་དལ་རིམ་གྱིས་རི་རབ་ལ་ཉེ་བར་འཁོར་བས་འཕོ་འཆུག་མི་བྱེད་པར་སྟེང་ནས་སྟེང་དུ་བརྩེགས་མར་གནས་པར་འདོད་དོ། །དེ་ནི་མི་རིགས་ཏེ་གཟའ་འཕྲད་པ་མི་སྲིད་པར་ཐལ་བས་གཟའ་རྩོད་པར་འགྱུར་བ་དང་འགལ་བའི་ཕྱིར་དང་། གཟའ་རྣམས་ལ་ལྷོ་བྱང་གི་བགྲོད་པ་ཡོད་ཅིང་ཉི་མ་ལས་འཆར་ནུབ་བྱེད་དགོས་པའི་ཕྱིར་དང་། ཞི་གཟའ་གཉིས་སྐབས་འགར་ཉི་མའི་མདུན་རྒྱབ་གང་རུང་ནས་འཆར་བ་ཡང་མཐོང་བའི་ཕྱིར་མངོན་སུམ་དང་འགལ་ལོ། །གཉིས་པ་ལའང་བསྟན་བཤད་གཉིས་ལས། དང་པོ་ནི། འཆུགས་པར་འདོད་པའི་སོགས་སོ། །རྒྱས་པར་བཤད་པ་ལ་བཞིའི་དང་པོ་ཕྱིར་བསྐྱེད་མ་དང་། གཉིས་པ་སྟེང་བསྐྱེད་མ་གཉིས་པོ་ནི་གླིང་བཞི་ཀུན་ཏུ་དབྱར་དགུན་གྱི་བགྲོད་པ་གཉིས་དང་། སྟོན་དཔྱིད་ཀྱི་མཉམ་པ་གཉིས་ཏེ་དུས་བཞི་པོ་མཉམ་པོར་འཁོར་བར་འདོད་པ་གཅིག་ཀྱང་། འཁོར་ཚུལ་མི་གཅིག་སྟེ། འདི་ལྟར་འདུལ་འཛིན་ཆེན་པོ་དམར་སོགས་ཕྱིར་བསྐྱེད་པ་རྣམས་ན་རེ། གླིང་བཞི་ཀའི་བྱང་བགྲོད་མཐར་ཐུག་དུས་མཉམ་དུ་བྱུང་བའི་ཕྱིས་ཉིན་ནས་ཐ་དད་པར་རྒྱ་ཇེ་ཆེ་ཇེ་ཆེར་སོང་བས་དཀྱིལ་དུ་སླེབ་པ་ན་གླིང་བཞི་ཀའི་སྟོན་མཉམ། དེ་ནས་ཀྱང་ཕྱིིར་ལ་ཇེ་ཆེར་སོང་བས་ཕྱི་མཐར་སླེབ་པ་ན་བཞི་ཀའི་ལྷོ་བགྲོད་མཐར་ཐུག་སྟེ་དགུན་ཉི་ལྡོག །ཡང་ཕྱིས་ཉིན་ནས་རྒྱ་ཇེ་ཆུང་ཇེ་ཆུང་དུ་བཏང་བའི་དཀྱིལ་ཐད་དུ་སླེབ་པ་ན་དཔྱིད་མཉམ་ཞིང་ད་དུང་རྒྱ་ཇེ་ཆུང་དུ་སོང་བའི་ནང་མཐར་བྱང་བགྲོད་མཐར་ཐུག་སྟེ་དབྱར་ཉི་ལྡོག་ཟེར་རོ། །སྟེང་བསྐྱེད་པ་རྣམས་ན་རེ། གླིང་འདིའི་ལྷོ་བགྲོད་མཐར་ཐུག་གི་ཚེ་གླིང་ཐམས་ཅད་ཀྱི་ལྷོ་བགྲོད་མཐར་ཐུག་ཡིན་པ་བདེན་ཡང་། ཕྱིས་ཉིན་ནས་རྒྱ་ཇེ་ཆེར་མི་འགྲོ་བའི་ཇེ་མཐོ་ཇེ་མཐོར་སོང་ནས་དཀྱིལ་མཚམས་སུ་ཀུན་གྱི་དཔྱིད་མཉམ། མཐོ་ཚད་ལ་ཀུན་གྱི་བྱང་བགྲོད་མཐར་ཐུག་ཀྱང་ཇེ་དམའ་རུ་བཏང་ནས་དཀྱིལ་དུ་སྟོན་མཉམ་སོགས་འོང་ཞེས་ཟེར་རོ། །གསུམ་པ་སྣར་ཐང་པ་སོགས་ལྕགས་སྒྲོག་མའི་ལུགས་འཛིན་པ་རྣམས་ན་རེ། རྨ་བྱ་ཆེན་མོ་ལས། མཚོན་ཆའི་འཁོར་ལོ་བཞིན་དུ་རྒྱུ། །ཞེས་པའི་ལུང་གིས་གླིང་གཉིས་ན་དབྱར་ཡོད་པའི་དུས་ལ་གླིང་གཞན་གཉིས་ན་དགུན་དང་། མཉམ་གཉིས་ཀྱང་དེ་བཞིན་དུ་ཡོད་དེ། དཔེར་ན། ལྷོ་གླིང་འདིའི་བྱང་བགྲོད་མཐར་ཐུག་གི་མཚན་མོ་བྱང་གི་ཡང་བྱང་བགྲོད་མཐར་ཐུག་ཏུ་བྱས་ཏེ་འགྲོ་ས་ཤིན་ཏུ་རིང་བས་ལྷུན་པོ་བར་དུ་ཚུད་ཙམ་གྱི་ཤར་ནུབ་ཏུ་ཤིན་ཏུ་རིང་བ་རྩེ་སྦྲེལ་ལྟ་བུར་གནས་པས་ཤར་ནུབ་གཉིས་ཀའི་ལྷོ་བགྲོད་མཐར་ཐུག་ཡོང་བས། ལྷོ་བྱང་གི་དབྱར་ཉི་དང་ཤར་ནུབ་ཀྱི་དགུན་ཉི་ལྡོག་པ་ཉིན་གཅིག་ཏུ་འདོད། དེའི་ཕྱི་ཉིན་བྱང་བགྲོད་གཉིས་ཀ་ཇེ་འགྱེད་ལ་བཏང་བས་ཟླུམ་པོ་ཉིད་དུ་སོང་བའི་ཉིན་གཅིག་པོ་དེ་ཉིད་ཀྱི་ཞག་གཅིག་ལ་གླིང་གཉིས་ཀྱི་སྟོན་མཉམ་དང་གཉིས་ཀྱི་དཔྱིད་མཉམ་ཡོང་། དེ་ནས་ཇེ་འགྱེད་ལ་བཏང་ནས་ལྷོ་བྱང་ཤིན་ཏུ་རིང་ཞིང་ཤར་ནུབ་ཐུང་བའི་ཚེ་ཤར་ནུབ་གཉིས་དང་ལྷོ་བྱང་དུ་ལྡོག་ཅེས་ཟེར་རོ། །འདོད་པ་དེ་གསུམ་ཀ་མི་རིགས་ཏེ། ལུང་རིགས་གཉིས་ཀ་དང་འགལ་བས་སོ། །ལུང་དང་འགལ་ཏེ། འགྲེལ་ཆེན་ལས། ད་ནི་ཉི་མའི་ཁྱིམ་འཁོར་བའི་དབང་གིས་དུམ་བུ་བཅུ་གཉིས་སུ་བྱང་དུ་བགྲོད་པ་བཅུ་གཉིས་དང་། ལྷོར་བགྲོད་པ་བཅུ་གཉིས་གསུངས་པ་འདིར་ནི་གཡོན་བགྲོད་དུ་འགྱུར་ཞེས་པ་སྟེ། ཞེས་སོགས་གསུངས་པས་སོ། །རིགས་པ་དང་ཡང་འགལ་ཏེ། དབྱར་ཉི་ལྡོག་པའི་ཉིན་ཞག་ཕྲུགས་གཅིག་ལ་ཆུ་ཚོད་དོན་གཉིས་དང་། དགུན་ཉི་ལྡོག་པའི་ཉིན་ཞག་ཕྲུགས་གཅིག་ལ་ཞེ་བརྒྱད་ལས་མེད་པར་ཐལ་བའི་ཕྱིར་རོ། །འོ་ན་རྨ་བྱ་ཆེན་མོའི་ལུང་དེའི་དོན་གང་ཡིན་ཞེ་ན། ཁ་ཅིག་ན་རེ། དེ་ནི་མཚོན་ཆའི་འཁོར་ལོ་འཕངས་པ་བཞིན་ནམ་མཁའ་ལ་འཁོར་ཞིང་འགྲོ་བའི་དཔེ་ཡིན་གྱི། ལྕགས་སྒྲོག་མའི་ལུང་དུ་མི་འགྲོ་ཟེར་རོ། །ཁ་ཅིག་ན་རེ། འདི་ནི་ཛོ་གིས་ཁྱེར་བའི་ཙ་ཀ་ར་ཟེར་བ་དེ་ཡིན་པས་མཁའ་ལ་འཕངས་པའམ་མཛུབ་མོ་ལ་བསྐོར་བ་ན་སྒང་གཤོངས་སུ་འཁོར་བས་སོ་ཟེར། ཁ་ཅིག །གཟའ་སྐར་འདི་དག་ཚུལ་བཞིན་དང་ཚུལ་བཞིན་མ་ཡིན་པར་རྒྱུ་བ་ལས་འཇིག་རྟེན་དུ་ཕན་གནོད་འབྱུང་བའི་ལྟས་སུ་འཁོར་ཚུལ་གསུངས་པ་ཡིན་ཟེར་རོ། །ཁོ་བོ་ནི་ལུགས་གསུམ་ག་ལུང་དང་མི་འགལ་བར་འཆད་ཐུབ་མོད་ཀྱི། འོན་ཀྱང་ཕྱི་མ་ལྟར་བཤད་ན་ཅུང་ཟད་བདེའམ་སྙམ་སྟེ། ལུང་དེ་ལས། སུམ་ཅུ་རྩ་བདུན་ཚངས་པ་ཡང་། །འཆར་བ་དང་ནི་ནུབ་པ་དག །མཚོན་ཆ་འཁོར་ལོ་བཞིན་དུ་རྒྱུ། །འཇིག་རྟེན་དུ་ནི་འཕེལ་ཟད་བྱེད། །ཅེས་གསུངས་པས་སོ། །

བཞི་པ་གྲུ་ཆགས་མའི་ལུགས་ནི། གླིང་བཞི་ཀུན་ཏུ་དུས་བཞི་འཁོར་བར་འདོད་དོ། །དུས་བཞི་འཁོར་བར་འདོད་པའི་ལུགས་འདི་ལའང་དབྱེ་ན་འདོད་ལུགས་གསུམ་ཡོད་དེ། ཁ་ཅིག །མཁའ་ལ་སྐར་ཁྱིམ་གྱི་གོ་ལ་དང་སའི་གོ་ལ་དུས་བཞི་གཉིས་ཀ་གཡོན་སྐོར་ཁོ་ནར་འདོད་པ་དང་། ཁ་ཅིག །དུས་བཞི་གཡོན་སྐོར་དང་ཁྱིམ་ནི་གཡས་སུ་འཁོར་བར་འདོད་པ་དང་། མཁས་པ་ཕལ་མོ་ཆེ་གནམ་སའི་གོ་ལ་གཉིས་ཀ་གཡས་སྐོར་དུ་འདོད་པ་དང་གསུམ་མོ། །དེ་ལྟར་འདོད་པ་གསུམ་པོ་དེ་ལས། དང་པོ་གནམ་ས་གཉིས་ཀ་གཡོན་འཁོར་དང་། གཉིས་པ་ས་གཡོན་འཁོར་དུ་འདོད་པའི་ཞེ་འདོད་གཉིས་པོ་དེ་ནི། མཛོད་ལས། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པ་འདི་དུས་རྟག་ཏུ་འབྱུང་བར་ཞེན་པས། ཞིབ་མོར་དཔྱད་པ་ན་སྔ་དྲོ་ཕྱི་དྲོའི་ཆུ་ཚོད་མ་འགྲིགས་པ་མཐོང་ནས་དུས་བཞི་གཡོན་འཁོར་གྱི་འདོད་ལུགས་གཉིས་པོ་དེ་བྱས་པ་ཡིན་མོད་ཀྱི། འོན་ཀྱང་ཤིན་ཏུ་མི་རིགས་པ་ཉིད་དེ་གུང་གཉིས་དང་འཆར་ནུབ་དུས་གཅིག་པ་ཚངས་ཐིག་གི་སྟེང་ལྟ་བུ་མཚམས་གཅིག་ཁོ་ནར་རྟག་ཏུ་འགྱུར་བར་སྟོན་པ་མ་ཡིན་གྱི། ཞག་རེ་ལ་དེ་འདྲའི་དུས་རེ་འབྱུང་བར་ངེས་སོ་ཞེས་རགས་རྩིས་ཀྱིས་གསུངས་པའི་ཕྱིར་དང་། ཛི་ན་མི་ཏྲའི་སའི་འགྲེལ་པར་ཡང་རྟག་ཏུ་དེ་ལྟར་མ་ངེས་པར་གསུངས་པའི་ཕྱིར་དང་། ཁྱད་པར་རྒྱུད་འགྲེལ་འབྲོ་འགྱུར་ལས། འདིར་ཉི་མ་ལུག་ལ་གནས་པས་ལྷུན་པོའི་ལྷོའི་དུམ་བུར་དཔྱིད་ཀྱི་དུས་དཔྱིད་ཟླ་ཐ་ཆུང་དུ་བྱེད་དོ། །མེའི་ཟུར་ཕྱེད་དུམ་བུ་གཉིས་པར་ནི་དབྱར་ཟླ་ར་བ་བྱེད་དོ། །དེ་བཞིན་དུ་མེའི་མཚམས་ཀྱི་གཞན་ཕྱེད་ཀྱི་དུམ་བུ་གསུམ་པར་དབྱར་ཟླ་འབྲིང་པོ་བྱེད་དོ། །ཞེས་དང་། རྭ་འགྱུར་ལས་ཀྱང་། འདིར་ལྷུན་པོ་ནས་ལྷོ་ཕྱོགས་ཀྱི་སའི་དུམ་བུར་ཉི་མ་ལུག་ལ་སོགས་ལ་གནས་པ་དཔྱིད་ཀྱི་མཚམས་དཔྱིད་ཟླ་ཐ་ཆུང་གི་ཟླ་བར་བྱེད་དོ། །མེའི་མཚམས་ཀྱི་ཕྱེད་དུམ་བུ་གཉིས་པར་དབྱར་ཟླ་ར་བར་བྱེད་དོ། །ཞེས་སོགས་གསུངས་པའི་ལུང་དང་འགལ་བའི་ཕྱིར་རོ། །དེས་ན་བུ་སྟོན་རིན་པོ་ཆེས་ཀྱང་ཞ་ལུ་བླ་བྲང་གི་ལྡེབས་རིས་ལ་དུས་བཞི་གཡོན་སྐོར་དུ་འབྲི་བར་མཛད་པ་ན། གཡུང་སྟོན་ཆེན་པོ་རྡོ་རྗེ་དཔལ་བཟང་པོས་དེ་མི་འཐད་པར་དགོངས་ཏེ་རྩོད་ཡིག་གི་བཀའ་ཤོག་བསྲིངས་པས་དེ་ཕྱིན་ཆད་བུ་སྟོན་རིན་པོ་ཆེ་ཡང་རང་གི་བཞེད་པ་དོར་ཏེ་རྒྱུད་འགྲེལ་གྱི་དགོངས་པ་རྣམ་པར་དག་པ་དུས་བཞི་གཡས་སྐོར་གྱི་ཚུལ་འདི་ཐུགས་སུ་ཆུད་ཅིང་ལོགས་བྲིས་ཀྱང་བསྒྱུར་བར་གྲགས་སོ། །དེ་ཡང་གཡུང་སྟོན་ཆེན་པོས་བསྲིངས་པའི་བཀའ་ཤོག་ནི་འདི་ཡིན་ཏེ། །ༀ་ཨཱཿཧཱུྃ་ཧོ༔ཧྃ་དུས་ཀྱི་འཁོར་ལོ་ངའི་གཏམ། ཞྭ་ལུ་རི་ཕུག་གི་བླ་བྲང་ལྷོ་ལོགས་གོ་ལའི་རི་མོ་ལ་བཟློ་བ། ཁྱོད་ངའི་དགོངས་པ་མིན་བཞིན་དུ་ང་ལ་མཁས་པར་གྲགས་ཤིང་མཁས་པར་རློམ་པ་རྣམས་ཀྱི་ནང་མཚང་སྟོན་ཅིང་རྟག་ཏུ་དེར་འདུག་པའི་ལུགས་གར་ཡོད། གལ་ཏེ་ཁྱོད་ལ་བདེན་ཡུས་ཡོད་ན། དཔྱིད་འབྲིང་ནམ་ཉི་མ་མཉམ་དུས་ཀྱི་ཉི་མ་ཤར་ལྷོ་ནས་ཤར་ནས་ནུབ་བྱང་དུ་རྒས་འགྲོ་ཞིང་། སྟོན་འབྲིང་ནམ་ཉི་མ་མཉམ་དུས་ཀྱི་ཉི་མ་བྱང་ཤར་ནས་ལྷོ་ནུབ་ཏུ་རྒས་འགྲོ་བར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་སྟོན་འབྲིང་དང་། དཔྱིད་འབྲིང་ཉིན་མཚན་མཉམ་པའི་དུས་ཉི་མ་ཤར་ས་དང་ནུབ་ས་གཅིག་ཏུ་འདུག་པ་དབང་ཤེས་མ་འཁྲུལ་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པས་བསལ། ཡང་དབྱར་ཉི་ལྡོག་དུས་དང་། དགུན་ཉི་ལྡོག་དུས་ཤར་ས་དང་ནུབ་ས་གཅིག་ཏུ་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་དགུན་ཉི་ལྡོག་དུས་ཤར་ལྷོ་ནས་ཤར་ནས་ལྷོ་ནུབ་ཏུ་རྒས་འགྲོ་ཞིང་། དབྱར་ཉི་ལྡོག་དུས་བྱང་ཤར་ནས་ཤར་ནས་ནུབ་བྱང་དུ་རྒས་འགྲོ་བ་དབང་ཤེས་མ་འཁྲུལ་བ་ཀུན་གྱི་མཐུན་སྣང་དུ་གྲུབ་པས་བསལ། གཞན་ཡང་ངའི་གྲུབ་མཐའི་དུ་མ་དང་འགལ་བཞིན་དུ་དེར་ཤེ་མོང་གིས་འདུག་པ་ཡིན་ན། ངའི་རྒྱུད་འགྲེལ་པ་དང་བཅས་པའི་ལུང་དང་། ས་རིས་ཀྱི་ལམ་ནས་སྟོན་པའི་རྒྱུ་མཚན་རྩིས་དང་། དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་དང་། མིག་ཤེས་མ་འཁྲུལ་པའི་མངོན་སུམ་རྣམས་འཛོམ་པའི་ཁྲིམས་ར་བཅས་ནས་རྩ་ར་བྱས་དུས་མི་སྐྲག་པ་ཨེ་ཡིན། ཐོག་མཐའ་མེད་པའི་ལོ། མཉམ་པ་ཉིད་ཀྱི་ཟླ་བ། དུས་གསུམ་དུས་མེད་དུ་རྟོགས་པའི་ཚེས་གཅིག་ལ་མཐའ་དབུས་མེད་པའི་ཁྲིམས་ར་ཆེན་པོ་ནས་སརྦ་མཾ་ག་ལཾ། །ཞེས་གསུངས་སོ། །དེ་ལྟར་གསུངས་པ་བཞིན་དུ་ལུང་དང་རིགས་པ་དང་ས་རིས་ཀྱི་རྒྱུ་མཚན་རྩིས་དང་མིག་ཤེས་མ་འཁྲུལ་བ་ཀུན་གྱི་མངོན་སུམ་དུ་དབང་པོས་མཐོང་བ་ལ་སོགས་རྣམ་གྲངས་དུ་མས་གནོད་ཅིང་། ཁྱད་པར་ལུགས་སྔ་མ་ཁྱིམ་ཡང་གཡོན་འཁོར་འདོད་པའི་ཕྱོགས་ནི་གཟའ་སྐར་གྱི་འཆར་ཞུད་ཙམ་ཡང་མིག་གིས་མ་མཐོང་བའི་སྨྱོན་གཏམ་སྟེ་མཁས་པས་དགག་པའི་ཡུལ་མ་ཡིན་ནོ། །དེ་ལྟར་དུས་གཡོན་སྐོར་དུ་མ་བྱས་ན་དུས་སྦྱོར་ཉིན་དྲུག་མཚན་དྲུག་འཆར་བ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དུས་སྦྱོར་ཉིན་དྲུག་མཚན་དྲུག་འཆར་བ་དུས་བཞི་གཡས་སྐོར་ལའང་འགྲིག་པ་ཡིན་ཏེ། སྔ་དྲོ་ཕྱེད་གསུམ་ཙམ་དང་། ཕྱི་དྲོ་ཕྱེད་བཞི་ཙམ་རེ་འཆར་བ་སོགས་སྨྲས་པ་ལ་སྐྱོན་ཅི་ཡང་མེད་པའི་ཕྱིར་རོ། །གལ་ཏེ་སྔ་གསུམ་ཕྱི་གསུམ་ཁོ་ནར་ངེས་ན། གཡོན་སྐོར་ལའང་བགྲོད་མཐའ་གཉིས་དང་མཉམ་པ་གཉིས་ལ་འགྲིག་ཀྱང་གཞན་མི་འགྲིག་པ་མངོན་སུམ་གྱིས་སྟོན་པས་སོ། །དེ་ཕྱིར་བློ་ཁ་ཕྱོགས་ན་གཡོན་སྐོར་བའི་ཞེ་འདོད་འདི་ལ་གནོད་བྱེད་རྟོགས་སླའོ། །

དེས་ན་ལུགས་ཐ་མ་དུས་ཁྱིམ་གཉིས་ཀ་གཡས་སྐོར་དུ་འདོད་པ་རྒྱུད་འགྲེལ་གྱི་དགོངས་པ་སྟེ། དེའི་ཕྱིར་མཁས་པ་རྣམས་ཀྱིས་བླང་བྱའི་གནས་ཡིན་ནོ། །འདི་ལ་བཞི། ངོ་བོ། ཚད། ལྡོག་རྐྱེན། རགས་པའི་འཆར་ནུབ་བཤད་པའོ། །དང་པོ་ལ་གསུམ་སྟེ། ས་དུམ་བུ་བཅུ་གཉིས་པོ་སྤྱིའི་སྟེང་གི་གོ་ལ་འཁོར་ཚུལ་བཤད་པ། དེ་རྟོགས་པའི་ཐབས་དུམ་བུ་བཅུ་གཉིས་པོ་སོ་སོའི་སྟེང་དུ་འཁོར་ཚུལ་བཤད་པ། སྟེང་འོག་གི་འཁོར་ལོ་སྤྱིའི་ཁ་དོག་བཤད་པའོ། །དང་པོ་ནི། དེས་ན་ཚུལ་དེ་འདིར་གསལ་བྱ། །ཇི་ལྟར་རིགས་པའི་གཞི་ངོས་ལ། །ཞེས་པ་ནས། ཐིག་སྐུད་སྔར་འདྲ་བཟུང་ནས་བསྐོར། །ཞེས་པའི་བར་གོ་ལའི་ཤོག་ཁྲ་རི་མོ་འགོད་པའི་ལས་ཏེ་གོ་སླའོ། །འདིར་ཐིག་སྦྱོང་བའི་གཞི་ཤོག་བུ་ལ་སོགས་པའམ། ཕྱིས་རྒྱུན་བརྟན་པར་འདོད་ན་རྩིག་པའི་ངོས་ལ་ཚོན་རྩིས་སོ་སོར་ཕྱེ་ནས་བྲིས་ན་བློ་དམན་པ་དག་གིས་ཀྱང་རྣམ་པ་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །དེ་ཡང་གནས་ཚོད་དུ་ཉི་མའི་རྒྱུ་ལམ་གྱི་ཟླུམ་སྐོར་འདི་ལྟར་གནས་པའི་བཤད་ཁུངས་གསལ་བར་མེད་ཀྱང་། གོ་སླའི་ཕྱིར་མཁས་པ་རྣམས་ཀྱིས་འདི་ལྟར་དུམ་བུ་རང་རང་གི་བསིལ་རིའི་དབུས་ནས་མཚན་མ་བཟུང་སྟེ་དུམ་བུ་བདུན་པའི་ཕྱེད་མཚམས་སུ་བསྐོར་བའི་ཟླུམ་སྐོར་གྱིས་དུམ་བུ་དེའི་ལྷོ་བགྲོད་དང་བདུན་པའི་བྱང་བགྲོད། གཞན་གྱི་སྟོན་དཔྱིད་ཀྱི་ཉི་མའི་རྒྱུ་ལམ་འཆར་ལ་དེ་བཞིན་དུ་བསྣོལ་ཏེ་བཏབ་པས་ཁྱིམ་ཟླ་བཅུ་གཉིས་ཀྱི་རྒྱུ་ལམ་ཟླུམ་སྐོར་བཅུ་གཉིས་འབྱུང་ལ། ཞིབ་པར་ན་དུམ་བུ་རེ་ལ་དུམ་བུ་ཆུང་ངུ་སུམ་ཅུ་རེ་རེར་ཕྱེ་སྟེ་དུམ་ཕྲན་སོ་སོའི་དབུས་ནས་སྔར་བཞིན་བཏབ་པས། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་སོ་སོའི་རྒྱུ་ལམ་གསལ་བར་བྱེད་དོ། །དེ་ལྟར་གོ་ལའི་ཟླུམ་སྐོར་གྱི་སྐབས་འདིར་རྒྱུད་འགྲེལ་ལས་རགས་ཞིབ་ཀྱི་དབང་གིས་ཚུལ་གཉིས་གསུངས་ཏེ། དེ་ཡང་ཁམས་ལེའི་འགྲེལ་ཆེན་ལས། འདིར་ལྷོ་མེའི་དཀྱིལ་འཁོར་ནས་བྱང་ཁ་བ་ཅན་ཆེན་པོའི་མཚམས་སུ་གོ་ལའི་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔའོ། །དེ་བཞིན་དུ་ཤར་དང་ནུབ་འཁོར་བ་ནས་ཏེ། ཞེས་དང་། ལཉྩའི་རྒྱ་མཚོ་འགོངས་ནས་ཉིན་མོར་བྱེད་པ་དག་ནི་ལྷོ་རུ་མེའི་བར་དུ་འགྲོ་བར་བྱེད། །ཅེས་སོགས་རྩ་འགྲེལ་གྱིས་ཉི་མའི་དཀྱིལ་འཁོར་བྱང་ལྷུན་པོའི་རྭ་ནས་ལྷོ་རྟ་གདོང་ལ་རེག་པའི་བར་དུ་འགྲོ་བར་གསུངས་པ་བཞིན་དུ་ཇོ་ནང་པ་ཆེན་པོ་བཞེད་དོ། །དེ་ལྟ་ནའང་། བྱང་བགྲོད་ཀྱི་ཚེ་ཐུར་ཤིང་གི་གྲིབ་མ་བྱང་དུ་ཅུང་ཟད་ལུས་ཤིང་། ལྷོ་བགྲོད་མཐར་ཐུག་གི་ཚེ་ནའང་ཉི་མའི་དཀྱིལ་འཁོར་གྱི་འགྲོ་ལམ་གྱི་ཕྱི་རོལ་དུ་སྐར་མ་མང་པོ་མཐོང་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཤོང་། བུ། འགོས་ལོ་ཆེན་པོ། ཞལ་ལུང་མཁན་པོ་སོགས་མཁས་པ་ཕལ་ཆེར་འདིར་བཤད་པ་ལྟར་ཉི་མའི་འགྲོ་ལམ་དངོས་གཞི་སའི་དཀྱིལ་འཁོར་གྱི་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ཕན་ཆད་དང་། ཆུའི་དཀྱིལ་འཁོར་གྱི་བཞི་གསུམ་ཚུན་ཆད་ཀྱི་དཔག་ཚད་སྟོང་ཕྲག་ལྔ་བཅུ་ཡོད་པར་བཞེད་པ་འདི་ལེགས་པ་ཡིན་ཏེ། རིགས་པ་དེར་མ་ཟད་ལུང་སྔ་ཕྱིའི་བཞུགས་ཚུལ་ལའང་ཕྱི་མ་འབྱོར་བའི་ཕྱིར་རོ། །ཇི་ལྟར་ན་ཁམས་ལེའི། འདིར་ལྷོ་མེའི་དཀྱིལ་འཁོར་ནས་ཞེས་སོགས་དྲངས་མ་ཐག་པ་དེའི་ལུང་གི་འཕྲོས་ལས། གསལ་བར་ལེའུ་ལྔ་པ་ལས་བརྗོད་པར་བྱའོ། །ཞེས་གསུངས་པས་ཁམས་ལེར་བཤད་པ་འདི་སྤྱིར་བཏང་རགས་པའི་དབང་དུ་མཛད་ནས། དམིགས་བསལ་གྱི་འགྲོ་ལམ་ཇི་ལྟ་བ་ནི་ལེའུ་ལྔ་པར་གསལ་བར་བཤད་པ་ལས་ཤེས་དགོས་སོ་ཞེས་ཡེ་ལེར་ཁ་འཕང་བར་མཛད་ལ། ཡེ་ལེར་དེ་ལྟར་འཆད་པའི་རྒྱུད་ཚིག་ཤོང་དཔང་རྣམ་གཉིས་འགྱུར་སོགས་སུ་མི་འབྱུང་ཡང་། འགྱུར་རྙིང་། གྱི་ཇོ་དང་རྨ་འགྱུར་ལས། ཚིགས་བཅད་བརྒྱ་གྱ་དགུའི་རྗེས་སུ། ཉིན་མོར་བྱེད་པའི་བགྲོད་པ་ལྷོ་དང་བྱང་གི་མཐར་ནི་རྐང་པ་གསུམ་བཅས་བ་ཚྭའི་ཆུ་གཏེར་དང་། །ཀཻ་ལ་ཤ་ཡི་ཇི་སྙེད་ཉིད་དུ་འགྲོ་སྟེ་ཕྱོགས་ཀྱི་བགྲོད་པ་དག་ལ་དཔག་ཚད་སྟོང་ཕྲག་ནི། །ལྔ་བཅུའོ་གང་དུ་གོ་ལ་ཕྱེད་ཀྱི་རེ་ཁར་ཉིན་མོ་དང་ནི་མཚན་མོ་ཆུ་ཚོད་མཁའ་མེ་སྤྱོད། །གང་ཞིག་ཁྲི་ཕྲག་ལྔ་ལ་མིག་དང་ཀླུ་དང་ཟླ་བའི་ཆ་ཡིས་ཐོབ་པ་ཉིན་དང་ཉིན་ལ་བགྲོད། །ཅེས་པའི་ཚིགས་བཅད་འདི་ཡོད་པའི་དོན་ནོ། །དེས་ན་སྔ་མ་རི་རབ་དང་རྟ་གདོང་ལ་དཀྱིལ་འཁོར་ཐུག་པར་བཤད་པ་འདི་ནི་སྤྱིར་བཏང་རགས་པ་ཡིན་ཏེ་སྐར་ཁྱིམ་འཁོར་དང་བཅས་པའི་དབང་དུ་བྱས་ནས་གསུངས་པས་སོ། །ལུགས་ཕྱི་མ་ཉི་མའི་གདུང་བྱེད་ཅེས་པ་འོད་ཟེར་ཤིན་ཏུ་ཚ་བ་ཞིག་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ཡོད་པས་དེ་རེག་པ་ཡིན་གྱི་དཀྱིལ་འཁོར་མི་རེག་པར་བཤད་པ་འདི་ནི་དམིགས་བསལ་ཞིབ་མོ་ཡིན་ཏེ། ལུང་སྔ་ཕྱིའི་འཆད་ཚུལ་དང་རིགས་པ་དེ་དག་གི་ཕྱིར་རོ། །ཐིག་གི་སྐབས་འདིར་མཁས་མཆོག་ལ་ལ་དག །བྱམས། ལྟེ་བ་རྣམས་ནས་སེར་ཚོས་ཀྱིས། །སྐོར་བ་བཅུ་གཉིས་ཁྱིམ་ཡིན་ནོ། །ལྷུན་པོའི་དབུས་ནས་ཚེས་ཀྱིས་བསྐོར། །ཉིན་མཚན་མཉམ་པའི་རི་མོར་འགྱུར། །ཞེས་རི་རབ་ཀྱི་རྭ་ནས་བ་ཚྭའི་ཕྱི་མཐའ་ཚུན་ཆད་ཀྱི་ཁྱོན་ཕྱེད་དུ་བཅད་པའི་ཟླུམ་སྐོར་དེ་ཉིད་མཚན་མཉམ་པའི་རི་མོར་འདོད་པ་ནི་མི་རིགས་ཏེ། ཉི་མ་འདིའི་སྟེང་དུ་འགྲོ་བ་ཕྱིར་བསྐྱེད་སོགས་ལ་རུང་གིགྲུ་ཆགས་མ་འདི་ལ་འབྱུང་མི་སྲིད་པའི་ཕྱིར་རོ། །ཡང་ཇོ་ནང་པའི་བཞེད་པ་ལྟར། ཉི་མའི་དཀྱིལ་འཁོར་ཉིད་མེ་དང་རྭ་ལ་རེག་པའི་འགྲོ་ལམ་གྱི་ཟླུམ་འཁོར་བསྐོར་ན། གླིང་རྣམས་ཀུན་གྱི་དབུས་དྲང་ནས། །གོ་ལ་བསྐོར་བའི་བྱ་རྗེས་བྱ། །དེ་སྟེང་ཐིག་སྐུད་བཟུང་བྱས་ནས། །དུམ་བུ་བདུན་པའི་ནང་མཐའ་དང་། །རྒྱ་མཚོའི་ཕྱི་མཐའི་བར་བསྐོར་བས། །རང་གི་ལྷོ་བགྲོད་གཞན་ཕྱོགས་བྱང་། །ཕན་ཚུན་གཉིས་ཀྱི་མཉམ་གཉིས་སྟོན། །ཞེས་བསྒྱུར་ཆོག་གོ། ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ལས་དུས་སྦྱོར་བཅུ་གཉིས་པོ་ཞེས་སོགས་ཏེ་སྐར་ཁྱིམ་འཁོར་དང་བཅས་པ་རྟག་ཏུ་གཡས་སུ་འཁོར་བ་ལ་མགྱོགས་བུལ་མེད་ཅིང་རྒྱུ་ལམ་ཡང་གཅིག་ཁོ་ན་ལ་འགྲོ་བས་ཁྱིམ་བཅུ་གཉིས་འཁོར་ཚུལ་ལ་མཐོ་དམའ་མེད་པར་འདོད་དོ། །དེ་ལྟར་ནའང་ལུག་ཁྱིམ་ཤར་དུ་ཞེས་སོགས་ཀྱིས་ཁྱིམ་ན་གནས་པའི་རྒྱུ་སྐར་རྣམས་ལ་མཐོ་དམའ་ཡོད་པར་སྟོན་པ་སྟེ། ལུག་ཁྱིམ་ན་གནས་པའི་རྒྱུ་སྐར་རྣམས་ཤར་གླིང་དབུས་མའི་ཚངས་ཐིག་གི་ཐད་དུ་བསིལ་རི་ལ་ཉེ་བར་འཁོར་བས་མཐོ་བ་དང་། ནུབ་གླིང་དབུས་མའི་ཚངས་ཐིག་གི་ཐད་དུ་མེར་ཉེ་བར་འཁོར་བས་དམའ་བ་ཉིད་དུ་གནས་ལ་ལྷོ་བྱང་གི་དབུས་སུ་ནི་མཉམ་པར་རྒྱུ་བ་སོགས་ཐམས་ཅད་ལ་སྦྱར་རོ། །

གཉིས་པ་ལ་གཉིས་ཏེ། འཛམ་གླིང་ཆུང་ངུ་འདིའི་སྟེང་གི་ཁྱིམ་བཅུ་གཉིས་པོའི་འགྲོ་ལམ་རྟོགས་པའི་ཐབས་ཀྱི་གོ་ལ་བཤད་པ་དང་། དེ་ལ་བརྟེན་ནས་དུམ་བུ་ལྷག་མ་བཅུ་གཅིག་པོའི་སྟེང་ཐད་ཀྱི་ཁྱིམ་བཅུ་གཉིས་པོ་ཚང་བའི་གོ་ལའི་འཁོར་ཚུལ་གོ་ནུས་པར་བསྟན་པའོ། །དང་པོ་ནི། སྤྱིར་བཤད་པ་དེ་ལས་ད་ནི་ཁྱད་པར་དུ། རྒྱུད་ལས། ཐ་སྐར་ལ་སོགས་ནག་པའི་ཕྱེད་དུ་ཉིན་དང་མཚན་མོ་མཉམ་པའི་དབུས་སུ་གོ་ལའི་རི་མོའོ། །རྒྱུ་སྐར་གཡས་དང་གཡས་མིན་དག་ལ་ངེས་པར་སྲིད་པའི་གནས་སུ་ཁྱིམ་གྱི་དབྱེ་བས་ཡང་དག་གནས། །གཞུ་ཡི་རྣམ་པའི་དུས་ཁྱིམ་དག་ལ་གོ་ལའི་དབུས་ནས་ལྷོར་ནི་མེ་ཡི་དཀྱིལ་འཁོར་ལ་གནས་ཤིང་། །བྱང་དུ་དེ་ནི་བསིལ་བའི་རི་སྟེ་པད་འདབ་བཟང་པོ་བཞིན་དུ་ཤར་དུ་ལུག་དང་སྲང་ལ་སོགས། །ཞེས་པ་རྩ་འགྲེལ་གྱི་དོན་ཤོག་ཁྲའི་རི་མོ་རྣམས་ལ་བརྟེན་ནས་ལྷོ་གླིང་འདིའི་སྟེང་ཐད་ཀྱི་ཁྱིམ་བཅུ་གཉིས་ཀྱི་འགྲོ་ལམ་རྣམས་བདེ་བླག་ཏུ་རྟོགས་པར་བྱེད་པའི་མན་ངག་གི་གོ་ལ་འབྲི་ཚུལ་ནི། ཚངས་ཐིག་སོགས་ཚིགས་བཅད་གཅིག་གིས་ཟླུམ་པོར་བསྐོར་ལ། དེ་ཡི་ཤར་ནུབ་སོགས་ཀྱིས་མཉམ་ལམ་གྱི་རེ་ཁས་བཅད། ཟླུམ་པོ་དེ་ཡི་ཞེས་སོགས་ཀྱིས་རྒྱུ་སྐར་འགོད་པ་སྟེ། འགྲེལ་ཆེན་ལས། འདིར་ཤར་གྱི་ཕྱེད་དུ་ལུག་གོ། དབང་ལྡན་དུ་གླང་ངོ་། །བྱང་གི་ཕྱེད་དུ་འཁྲིག་པའོ། །སླར་ཡང་བྱང་གི་ཕྱེད་དུ་ཀརྐ་ཊའོ། །རླུང་དུ་སེང་གེའོ། །ནུབ་ཀྱི་ཕྱེད་དུ་བུ་མོའོ། །སླར་ཡང་ནུབ་ཀྱི་ཕྱེད་དུ་སྲང་ངོ་། །བདེན་བྲལ་དུ་སྡིག་པའོ། །ལྷོའི་ཕྱེད་དུ་གཞུའོ། །སླར་ཡང་ལྷོའི་ཕྱེད་དུ་ཆུ་སྲིན་ནོ། །མེ་རུ་བུམ་པའོ། །ཤར་གྱི་ཕྱེད་ཉའོ། །ཞེས་པ་ནི་གོ་ལ་ལ་ཁྱིམ་དགོད་པའོ། །ཞེས་གསུངས་པའི་དོན་ནོ། །དེ་ལྟ་བས་ན་ཉི་མ་ཁྱིམ་གང་དང་གང་དུ་སླེབ་མ་ཐག་པའི་ཉིན་མོ་དེའི་ཚེ། ལྷོ་གླིང་དབུས་མ་འདིའི་ཚངས་པའི་ཐིག་ཐད་ཀྱི་ཉི་མའི་དཀྱིལ་འཁོར་གྱི་འགྲོ་ལམ་ཡང་ཁྱིམ་དེ་དང་དེའི་ཐོག་མའི་སྐར་མའི་འགྲོ་ལམ་ཉིད་ཡིན་ཏེ། དཔེར་ན་ལུག་ཁྱིམ་དུ་ཉེ་བར་སླེབ་མ་ཐག་པའི་ཉིན་ལྷོ་གླིང་འདིའི་ཚངས་ཐིག་གི་སྟེང་ཐད་དུ་ཉི་མ་ལུག་ཁྱིམ་དང་བཅས་པ་ཉིན་མཚན་མཉམ་པའི་ལམ་དུ་འགྲོ་བ་བཞིན་ནོ། །དེ་ལྟར་ངེས་པར་བྱས་ནས་ལྷོ་བྱང་གི་ཁྱིམ་དྲུག་དྲུག་གི་མཚམས་སུ་མཉམ་ལམ་གྱི་རེ་ཁས་བཅད་པའི་ལྷོའི་ཁྱིམ་དྲུག་པོ་འོད་མའི་གཞུའི་དབྱིབས་ཅན་རྟ་གདོང་གི་མེ་རིའི་ཕྱོགས་སུ་གནས་པ་དང་། དེ་བཞིན་དུ་བྱང་གི་ཁྱིམ་དྲུག་པོ་པདྨའི་འདབ་མ་ཕྱེད་པའི་དབྱིབས་ཅན་བྱང་བསིལ་རིའི་ཕྱོགས་སུ་གནས་པ་སྟེ། འདི་ལས་གཞན་དུ་མཁས་པ་ཕལ་ཆེར་གོ་ལའི་ཉིན་མཚན་མཉམ་པའི་རི་མོའི་དབུས་ནས་ཞེས་སོགས་ཤར་ནུབ་ཀྱི་གླིང་གི་བར་གྱི་ལྷུན་པོའི་སྟེང་གི་ནམ་མཁའ་ལ་ཡིད་ཀྱིས་བྲིས་པའི་རི་མོའི་བྱང་ཕྱོགས་ཀྱི་ཁྱིམ་དྲུག་ལྷུན་པོའི་བྱང་དང་། ལྷོ་ཕྱོགས་ཀྱི་ཁྱིམ་དྲུག་ལྷུན་པོའི་ལྷོར་ཡོད་པར་འདོད་པ་ནི་བྱང་དུ་དེ་ནི་བསིལ་བའི་རི་སྟེ་ཞེས་པ་དང་འགལ་ཏེ། ཁྱོད་ཀྱི་ལུགས་ལ་བྱང་དུའང་མེའི་ཕྱོགས་སུ་གནས་པའི་ཕྱིར། ཡང་ཁ་ཅིག་གཞུའི་རྣམ་པ་ཤར་ནུབ་དང་། པད་འདབ་བཟང་པོ་ལྷོ་བྱང་དུ་འདོད་པ་ཡང་མི་རིགས་ཏེ། གཞུ་ཡི་རྣམ་པའི་སོགས་དང་འགལ་ལོ། །ཡང་ལ་ལ་དག་སྔ་དྲོ་བྱང་དུ་པད་འདབ་དང་། ཕྱི་དྲོ་ལྷོར་གཞུ་དབྱིབས་སུ་འདོད་པ་ཡང་མི་འཐད་དེ། རྒྱུད་འགྲེལ་གྱི་ལུང་དེ་ཐོག་མཐའ་ལ་དགོངས་པར་རང་གི་འདོད་པས་སྦྱར་བ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟར་སྨྲ་བའི་འདོད་པ་དེ་ཐམས་ཅད་ལ་ཐུན་མོང་དུ་གནོད་བྱེད་ནི། ཉིན་མཚན་མཉམ་པའི་རི་མོའི་དབུས་ནས་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ཀྱིས་རྒྱུ་སྐར་གྱི་འཁོར་ལོ་ལྷོར་གནས་སོ་ཞེས་པའི་འཁོར་ཕྱེད་ཀྱི་རི་མོ་དེ་ལྷུན་པོའི་སྟེང་གི་ནམ་མཁའ་ལ་ཡིད་ཀྱིས་བྲིས་ན་ཉིན་མཚན་མཉམ་པའི་རི་མོ་དང་ནམ་དུའང་སྒྲིག་ཏུ་མེད་པས་སོ། །དེའི་ཕྱིར་བཞེད་པ་དེ་དག་འཁྲུལ་པ་ཡིན་པས་རྒྱང་རིང་པོར་དོར་བར་བྱའོ། །འོ་ན་ལྷོ་བྱང་གི་ཁྱིམ་དྲུག་དྲུག་དབྱིབས་ཟླུམ་པོ་ཕྱེད་པའི་རྣམ་པར་འདྲ་བ་ལ་བྱང་ཕྱེད་ལ་པད་འདབ་དང་ལྷོ་ཕྱེད་ལ་གཞུའི་དབྱིབས་སུ་གསུངས་པ་གང་ཞེ་ན། དེ་ནི་རྒྱུད་ཀྱི་སྡེབ་སྦྱོར་གྱི་དབང་གིས་ཡིན་ཞེས་སྔ་མ་རྣམས་གསུངས་སོ། །གཉིས་པ་ནི། འཛམ་གླིང་ཆུང་ངུ་འདི་ལས་དུམ་བུ་ལྷག་མ་གཞན་བཅུ་གཅིག་པོའི་རང་རང་གི་སྟེང་ཐད་ཀྱི་ཁྱིིམ་བཅུ་གཉིས་ཀྱི་འགྲོ་ལམ་རྟོགས་པའི་ཐབས་ཀྱི་གོ་ལ་དེ་ཇི་ལྟར་ཞེ་ན། དེ་ནི་ལྷོ་གླིང་དབུས་མའི་གོ་ལ་བཤད་པ་འདི་ལ་བརྟེན་ནས་གོ་ནུས་པས་བློ་ལྡན་རྣམས་ཀྱིས་ཞིབ་མོར་དཔྱོད་ཅིག་ཅེས་གདམས་སོ། །དེ་ཡང་དུམ་བུ་བཅུ་གཅིག་པོ་སོ་སོའི་སྟེང་གི་ཟླུམ་སྐོར་ལ་ལྷོ་བྱང་གི་ཁྱིམ་བཅུ་གཉིས་ཚང་བར་བཀོད་ཚུལ་ལྷོ་གླིང་དབུས་མ་ལྟར་སྦྱར་ནས་བཤད་ན་དགེ་མོད་ཀྱི། དེ་ལྟ་ནའང་ཡི་གེ་མང་བར་འགྱུར་གྱི་དོགས་ནས་འདིར་མ་བྲིས་ལ། སླར་ཞིག་ལྷན་ཐབས་ཀྱི་ཤོག་ཁྲའི་རི་མོ་ཟུར་དུ་འབྲི་བར་འདོད་པས་སྤྲོ་ན་དེར་བལྟ་བར་བྱའོ། །

གསུམ་པ་སྟེང་འོག་གི་འཁོར་ལོ་སྤྱིའི་ཁ་དོག་བཤད་པ་ནི། ཁ་དོག་རི་རབ་ཀྱི་དབུས་མརྒད་ལྗང་གུ། ཤར་ཨིནྡྲ་ནཱི་ལ་སྔོ་ནག །ལྷོ་པདྨ་རཱ་ག་དམར་པོ། བྱང་ཟླ་བ་ཆུ་ཤེལ་དཀར་པོ། ནུབ་ཀརྐེཏ་སེར་པོ་སྟེ། ཡེ་ཤེས་ལེའུ་ལས། མཐའ་དག་རི་ཡི་བདག་པོའི་ཤར་ནི་དག་པའི་ཨིནྡྲ་ནཱི་ལ་ལྷོ་ནི་པདྨ་རཱ་ག་སྟེ། །ནུབ་ནི་ཀརྐེ་ཏ་ནི་སེར་པོ་བྱང་ནི་རི་བོང་འཛིན་པ་ལྟར་དཀར་ཟླ་བ་ཆུ་ཤེལ་ལོ། །དབུས་ནི་ལྗང་གུ་ཞེས་གསུངས་པས་སོ། །ནང་གླིང་དྲུག་ལ་སོགས་པ་གཞིའི་བཀོད་པ་གཞན་རྣམས་ནི་ཇི་ལྟར་འོས་པ་དང་ལྡན་པའི་ཚོན་རྩིས་མཛེས་པར་བྱའོ། །ཁྱིམ་དྲུག་ཚན་གཉིས་ནི་ལུག་དང་བུ་མོ་དཀར་ཞེས་སོགས་སོ། །ས་ཆུ་མེ་རླུང་ནམ་མཁའ་ནི་རིམ་བཞིན་སེར་དཀར་དམར་ནག་ལྗང་གུའོ། །

གཉིས་པ་ཚད་ལ་གསུམ་སྟེ། རྒྱའི་ཚད། དཔངས་ཀྱི་ཚད། མགྱོགས་བུལ་གྱི་ཚད་དོ། །དང་པོ་ནི། གོ་ལའི་ལྷོ་བྱང་གི་རྒྱ་ལ་ཇི་ཙམ་ཡོད་སྙམ་ན། འདི་ལྟར་ལྷོ་རྟ་གདོང་གི་མེ་ནས་བྱང་བསིལ་བའི་རིའི་བར་གྱི་འགྱངས་ཚད་ལ་དཔག་ཚད་བདུན་ཁྲི་ལྔ་སྟོང་ཡོད་དེ། རྒྱུད་ལས། མེ་ནས་བསིལ་བའི་རི་བོའི་མཚམས་སུ་དཔག་ཚད་སྟོང་ཕྲག་མཁའ་དང་ནམ་མཁའ་མཁའ་དང་མདའ་རིའོ། །ཞེས་གསུངས་པས་སོ། །བདུན་ཁྲི་ལྔ་སྟོང་གི་ཚད་དེ་ལས་ལྷོ་མེའི་ཕྱོགས་དང་བྱང་བསིལ་རིའི་ཕྱོགས་གཉིས་ཀ་ནས་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་རེ་གདུང་བྱེད་ཀྱི་ས་ཡིན་པས་དོར་བའི་དབུས་སུ་དཔག་ཚད་ལྔ་ཁྲི་ནི་ཉི་མའི་དཀྱིལ་འཁོར་འགྲོ་བའི་ལམ་མོ། །ཟླུམ་པོའི་མཐའ་ནི་སུམ་འགྱུར་ཡིན་པས་ཉི་མའི་རྒྱུ་ལམ་ཟླུམ་སྐོར་གྱི་ཚད་ལ་དྲང་ཐད་དུ་དཔག་ཚད་ཆིག་འབུམ་ཉི་ཁྲི་ལྔ་སྟོང་ཡོད་པ་དེ་སུམ་འགྱུར་དུ་བྱས་པས་མཐའ་སྐོར་ལ་སུམ་འབུམ་བདུན་ཁྲི་ལྔ་སྟོང་ཡོད་དོ། །གཉིས་པ་དཔངས་ཚད་ནི། མཐོ་ཚད་རང་གླིང་གི་ཉི་མ་ཕྱེད་ཀྱི་བྱང་བགྲོད་མཐར་ཐུག་པའི་ནམ་མཁའ་ལ་འགྲོ་བའི་ཚེ་ལས་སའི་དཀྱིལ་འཁོར་ནས་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་འཕགས་པ་ན་འཁོར་ཏེ། ལྷུན་པོའི་རྭ་རྩེ་ལ་རེག་པའོ། །དེ་ནས་དཔག་ཚད་སྟོང་ཕྲག་བཅུ་གཅིག་གིས་དམའ་བའི་ཚད་ལྷོ་བགྲོད་མཐར་ཐུག་གི་ནམ་མཁའ་ལ་སའི་དཀྱིལ་འཁོར་ལས་དཔག་ཚད་བདུན་ཁྲི་ལྔ་སྟོང་འཕགས་པའི་ཐད་དུ་འཁོར་བ་ཡིན་ཏེ་རྟ་གདོང་གི་མེ་ལ་རེག་གོ། ལྷོ་བྱང་གི་བགྲོད་མཐའ་གཉིས་པོ་དེ་ལས་དཔག་ཚད་ལྔ་སྟོང་ལྔ་བརྒྱ་སྟེང་འོག་ཏུ་གཞལ་བའི་དབུས་ཉིན་མཚན་མཉམ་པའི་དུས་ཀྱི་རི་མོའི་ལམ་དུ་འགྲོ་བའི་ཚེ་སའི་དཀྱིལ་འཁོར་ལས་དཔག་ཚད་བརྒྱད་ཁྲི་ལྔ་བརྒྱ་འཕགས་པའི་ནམ་མཁའ་ལ་འཁོར་བའོ། །འདིར་རྒྱུད་ལས། སྟེང་དུ་དྲུག་དང་ཀླུ་ཡི་གྲངས་ནི་ཉི་མའི་གདུང་ཕྱེད་དག་ཀྱང་ཞེས་པས་ཉི་མའི་གདུང་བྱེད་སྟེང་འོག་ཏུ་འགྲོ་བའི་ཚད་གསུངས་པ་ཡིན་གྱི། དཀྱིལ་འཁོར་དངོས་ནི་མ་ཡིན་ནོ། །འོ་ན་དབྱར་དགུན་གྱི་ཉི་མ་ལ་མཐོ་དམན་ཁྱད་དེ་ཙམ་ཡོད་ན། དབྱར་བསིལ་བ་དང་དགུན་དྲོ་དགོས་པ་ལས་དེ་ལྟར་མི་འབྱུང་བའི་ཕྱིར་མངོན་སུམ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དབྱར་མཐོ་ཡང་གླིང་ཕྱེད་ཕྱི་མ་ཚུན་ཉི་མའི་དཀྱིལ་འཁོར་འོང་བས་གཡས་གཡོན་གྱི་གདུང་བྱེད་སྟོང་ཕྲག་ཉེར་ལྔས་གླིང་སྟོང་ཕྲག་ཉེར་ལྔའི་སྟེང་ནས་ཁེབས་པས་དྲོ་བ་ཡིན་ལ། དགུན་ཇི་ཙམ་དམའ་བར་གྱུར་ཀྱང་གདུང་བྱེད་རྒྱ་མཚོའི་ཕྱི་མཐའི་བར་འགྲོ་བས་ལྷོ་བགྲོད་མཐར་ཐུག་གི་ཚེ་གདུང་བྱེད་ཀྱི་ནང་མཐའ་དང་གླིང་གི་ཕྱི་མཐའི་བར་དུ་དཔག་ཚད་སུམ་ཁྲི་བདུན་སྟོང་ལྔ་བརྒྱ་ཙམ་གྱི་འགྱངས་ཞུགས་པའི་ཕྱིར་གྲང་བ་ཡིན་ནོ། །ཉིན་ཞག་རེ་རེ་བཞིན་སྟེང་འོག་དང་ལྷོ་བྱང་དུ་ཇི་ཙམ་འགྲོ་ཞེ་ན། ཕྱེད་བཅས་བརྒྱ་གྱ་གཉིས་ནི་ལྷོ་བྱང་གི་བགྲོད་པ་རེ་རེའི་ཞག་ཡིན་པས། ཞག་དེ་རེ་རེ་བཞིན་ལ་སའི་དཀྱིལ་འཁོར་ལས་འཕགས་པའི་སྟེང་འོག་དང་གླིང་ཕྱེད་ཕྱི་མ་ནས་རྒྱ་མཚོའི་བཞི་གསུམ་ཚུན་ཆད་ལྷོ་བྱང་དུ་འགྲོ་བ་ཡིན་ནོ། །དེ་ལྟར་ན་ཕྱེད་པོ་གཞུག་པའི་ཕྱིར་བརྒྱ་གྱ་གཉིས་ཕྱེད་པའི་ཕུང་པོར་བྱས་པས་སུམ་བརྒྱ་རེ་ལྔ་འབྱུང་བ་བགོད་བྱེད་དོ། །དེས་སྟོབས་མཚུངས་ཀྱི་རིགས་པས་མཐོ་དམན་སྟོང་ཕྲག་བཅུ་གཅིག་པོ་གཉིས་ཀྱིས་བསྒྱུར་བས་ཉི་ཁྲི་ཉིས་སྟོང་འབྱུང་བ་ལ་བགོས་པས་ཐོབ་པའི་ནོར་དཔག་ཚད་དྲུག་ཅུ་རྒྱང་གྲགས་གཅིག །གཞུ་འདོམ་བརྒྱ་གོ་གཅིག །ཁྲུ་གསུམ། སོར་གཉིས་ལྷག་ཙམ་འབྱུང་བ་ནི་ཉིན་ཞག་གཅིག་ལ་ཉི་མ་གདུང་བྱེད་དང་བཅས་པ་སྟེང་འོག་ཏུ་འགྲོ་བའི་ཚད་དོ། །ཡང་ཞག་དེས་ཉི་མའི་དཀྱིལ་འཁོར་ལྷོ་བྱང་དུ་འགྲོ་བའི་བར་འགྱངས་ལྔ་ཁྲི་ཤེད་མཚུངས་ཀྱི་ཆེད་དུ་གཉིས་ཀྱིས་བསྒྱུར་བས་འབུམ་ཕྲག་གཅིག་འོང་བ་ལ་བགོས་པས་ཐོབ་པའི་ནོར་དཔག་ཚད་ཉིས་བརྒྱ་དོན་གསུམ། རྒྱང་གྲགས་གསུམ། འདོམ་སྟོང་བདུན་བརྒྱ་བརྒྱད་ཅུ། ཁྲུ་གསུམ། སོར་དྲུག་ལྷག་ཙམ་འབྱུང་བ་ནི་ཉིན་ཞག་གཅིག་ལ་ཉི་མའི་དཀྱིལ་འཁོར་ལྷོ་བྱང་དུ་བགྲོད་པའི་ཚད་དེ། གལ་ཏེ་ཉི་མའི་གདུང་བྱེད་ལྷོ་བྱང་དུ་འགྲོ་བའི་ཚད་ལ་བརྟག་ན་བགོད་གཞི་བདུན་ཁྲི་ལྔ་སྟོང་གཉིས་ཀྱིས་བསྒྱུར་བ་ལ་བགོད་བྱེད་ཀྱིས་བགོ་བར་བྱའོ། །གསུམ་པ་ནི། ཉི་མའི་རླུང་འགྲོས་ཀྱི་མགྱོགས་ཁྱད་ནི་ཉི་མ་བརྟེན་པའི་གཞི་སྐར་ཁྱིམ་རྣམས་ཞག་རེ་བཞིན་གཡས་སྐོར་དུ་བགྲོད་པའི་ཡུན་ཁྱིམ་རེ་རེར་ཆུ་ཚོད་ལྔ་ལྔ་སྟེ་ཁྱོན་ཆུ་ཚོད་དྲུག་ཅུ་ཡིན་ལ། དེ་འདྲའི་ཆུ་ཚོད་རེའི་ཡུན་ལ་དཔག་ཚད་དྲུག་སྟོང་ཉིས་བརྒྱ་ལྔ་བཅུ་རེ་ཡོད་དེ། རྒྱུ་མཚན་དེ་ཉིད་ཞག་གི་ཆུ་ཚོད་དྲུག་ཅུས་བསྒྱུར་བས་ཉི་མའི་རྒྱུ་ལམ་ཟླུམ་པོའི་ཚད་དཔག་ཚད་སུམ་འབུམ་བདུན་ཁྲི་ལྔ་སྟོང་འབྱུང་བའི་ཕྱིར་རོ། །དེ་བས་ན་ཉི་མས་ཆུ་ཚོད་རེའི་ཡུན་ལ་རླུང་འགྲོས་ཀྱི་གཡས་སྐོར་དུ་དཔག་ཚད་དྲུག་སྟོང་ཉིས་བརྒྱ་ལྔ་བཅུ་རེ་བགྲོད་ནུས་པས་ན་ཤིན་ཏུ་མགྱོགས་པ་སྟེ། མདོ་མྱང་འདས་ལས། སྐྱེས་བུ་བཞིས་དུས་གཅིག་ཏུ་ཕྱོགས་བཞིར་མདའ་འཕངས་པ་དེ་བཞི་ཀ་ས་ལ་མི་ལྷུང་བར་འཛིན་ནུས་ན་ཤིན་ཏུ་མགྱོགས་མོད་ཀྱི། དེ་ལས་ས་ལ་རྒྱུ་བའི་ཡི་དྭགས་དང་། དེ་ལས་མཁའ་ལ་འགྲོ་བའི་ཡི་དྭགས་དང་། དེ་ལས་རྒྱལ་ཆེན་བཞི་དང་། དེ་ལས་ཉི་ཟླ་མགྱོགས་པར་གསུངས་པ་བཞིན་ནོ། །

གསུམ་པ་ལྡོག་རྐྱེན་ནི། རྒྱུ་ལམ་ལྷོ་བྱང་ཞེས་སོགས་ནི་ཉི་མའི་གདུང་བྱེད་ཀྱི་ཚད་དེ་སྔར་བཤད་ཟིན་ལ། དེ་ལྟར་ན་བགྲོད་པ་གཉིས་ཀྱི་མཐར་གདུང་བྱེད་བྱང་གི་ལྷུན་པོའི་རྭ་ལ་ཐུག་པའི་རྐྱེན་གྱིས་དབྱར་ཉི་ལྡོག་ལ། ས་དུམ་བུ་དེ་ནས་བགྲངས་པའི་དུམ་བུ་བདུན་པའི་ཡང་དེའི་ཐད་ཀའི་ས་ཁྱོན་དུ་ལྷོའི་རྟ་གདོང་གི་མེ་ལ་གདུང་བྱེད་དེ་ཉིད་རེག་པའི་རྐྱེན་གྱིས་ཚུར་བཅུར་བ་ལས་དགུན་ཉི་ལྡོག་པར་གསུངས་ཏེ། འགྲེལ་ཆེན་ལས། འདིར་ལྷུན་པོའི་ཕྱོགས་ཀྱི་ཆ་ཐམས་ཅད་དུ་ཁྱིམ་གྱི་འཁོར་ལོ་འཁོོར་བའི་དབང་གིས་མེ་ལ་རེག་པ་གང་ཡིན་པ་དེ་ནི་བདུན་པའི་ཕྱོགས་ཐོབ་པ་ན་ལྷུན་པོའི་རྭ་ལ་རེག་ཅིང་། གངས་ཀྱི་རིའི་སྟེང་དུ་འགྲོའོ། །ཞེས་པའི་རིགས་པས་ཉི་མ་ཁྱིམ་སོ་སོར་གནས་པའི་དུས་ཀྱི་ཚོགས་ལ་སོགས་པ་མཐའ་དག་སྟེ་ཐམས་ཅད་རིག་པར་བྱའོ། །ཞེས་གསུངས་པས་སོ། །

བཞི་པ་ལ་གཉིས་ཏེ། ཕྱོགས་ངོས་བཟུང་བ་དང་། འཆར་ནུབ་བཤད་པ་དངོས་སོ། །དང་པོ་ནི། རང་གླིང་ལྷོ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུད་ལས། རི་ཡི་རྒྱལ་པོ་དག་ནི་སྐྱེ་བོ་ཐམས་ཅད་ཀྱི་ཡང་བྱང་ན་གནས་པར་འགྱུར་རོ་མི་ཡི་བདག །ཉི་མ་ཤར་བ་ཤར་དུ་འགྱུར་ཏེ་རི་དང་མཉམ་པ་བགྲོད་པ་དག་དང་དེ་ནི་ནུབ་པ་ནུབ། །ཅེས་སོ། །གཉིས་པ་ནི། གླིང་འདིར་སོགས་ཏེ། མཛོད་ལས། ནམ་ཕྱེད་ཉི་མ་སོགས་དང་བསྟུན་ཏེ་རགས་པའི་རྣམ་གཞག་ཡིན་ཚུལ་སྔར་བཤད་གྲུབ་བོ། །དེ་ལ་འདིར་ཉིན་མཚན་གཉིས་འབྱུང་བའི་རྒྱུ་ལ་ཁ་ཅིག་ན་རེ། རི་རབ་ཀྱིས་སྒྲིབ་པ་དང་མ་བསྒྲིབས་པའི་ཁྱད་པར་ཡིན་ཞེས་ཟེར་རོ། །དེ་ལྟར་ན་གླིང་འདིའི་བྱང་བགྲོད་མཐར་ཐུག་པའི་ནམ་ཕྱེད་ཀྱི་ཚེ་ལྷོ་གླིང་གསུམ་ཙམ་མ་གཏོགས་གླིང་ལྷག་མ་དགུ་པོར་ཉི་མས་ཁྱབ་པར་ཐལ། རི་རབ་ཀྱི་སྒྲིབ་པ་ལས་མཚན་མོ་འབྱུང་བ་གང་ཞིགདེའི་ཚེ་གླིང་དགུ་པོ་དེ་དག་ལྷུན་པོས་སྒྲིབ་མི་ནུས་པའི་ཕྱིར་ཏེ། དེའི་ཚེ་ཉི་མ་སྒྲ་མི་སྙན་གྱི་ཐད་ཀའི་མེ་རི་ལ་ཤིན་ཏུ་ཉེ་བས་རི་རབ་ཀྱི་གྲིབ་མ་རྒྱ་ཆུང་དགོས་པའི་ཕྱིར་རོ། །རྩ་བར་འདོད་མི་ནུས་ཏེ། ལམ་ཕྱེད་འབུམ་ཕྲག་གསུམ་པ་དག་དང་འགལ་བའི་ཕྱིར་རོ། །ཡང་ཁ་ཅིག །དཀྱིལ་འཁོར་ཐག་རིང་པོར་སོང་བས་མ་མངོན་པ་ན་ནུབ་ལ་འཆར་བ་ན་ཉེ་བར་འགྱུར་ཟེར་རོ། །དེ་ལྟ་ན་ནུབ་པའི་ཚེ་དཀྱིལ་འཁོར་ཇེ་ཆུང་ཇེ་ཆུང་དུ་སོང་བ་སོགས་དགོས་ན་དེ་ལྟར་མ་མཐོང་བའི་ཕྱིར་མི་རིགས་སོ། །དེས་ན་སྔར་ཐིག་གི་སྐབས་སུ་བཤད་པའི་མཐོང་གང་གི་ནམ་མཁའ་ཟླུམ་པོར་སྣང་བ་འདིའི་ནང་དུ་ནམ་ཚུད་པའི་ཚེ་རང་རང་གི་ཡུལ་དུ་འཆར་ཞིང་། འཐོན་པའི་ཚེ་ནུབ་པར་འགྱུར་རོ། །འོན་ཀྱང་དབང་ལེར། ཐོ་རེངས་ནས་ནི་གྲིབ་མའི་མཐའ། །ཞེས་གསུངས་པས་ནམ་ལངས་ནས་ཉི་མ་ཤར་གྱི་བར་དང་། ཉི་མ་ནུབ་ནས་ས་སྲོས་ཀྱི་བར་ནི་མཐོང་གང་ནམ་མཁའི་ཁོངས་སུ་བསྡུ་སྟེ། ཉི་མའི་བྱེད་ལས་སྣང་བའི་ཕྱོགས་ཤས་ཆེ་བའི་ཕྱིར་རོ། །དེས་ན་རྒྱུད་འགྲེལ་ལས་ཉིན་མཚན་གྱིས་ཁྱབ་པའི་ཁྱོན་ལ་ལམ་ཕྱེད་འབུམ་ཕྲག་གསུམ་གསུངས་པའང་མཚན་མོས་མུན་པ་དང་ཉིན་མོས་སྣང་བར་བྱེད་པའི་དོན་དུ་བཟུང་གིའབུམ་ཕྲག་གསུམ་པོའི་ཁྱོན་མ་ལུས་པ་ཉི་མའི་འོད་ཀྱིས་ཁྱབ་པའི་དོན་དུ་མི་བཟུང་ངོ་། །

གསུམ་པ་ས་ལ་དུས་བཞི་འཁོར་ཚུལ་བཤད་པ་ལ་གཉིས་ཏེ། དངོས་དང་། རྒྱུ་མཚན་བཤད་པའོ། །དང་པོ་ནི། ཉི་མ་ལུག་ཁྱིམ་དུ་ཞུགས་པའི་ཁྱིམ་ཟླ་གཅིག་པོ་དེ་ཉིད་ལ་དུས་བཞིའི་དབང་དུ་བྱས་ན། ལྷོ་གླིང་དབུས་མ་འདིར་དཔྱིད་ཟླ་འབྲིང་པོ། བྱང་གླིང་དབུས་མར་སྟོན་ཟླ་འབྲིང་པོ་དང་། ཤར་གླིང་དབུས་མར་དབྱར་ཟླ་འབྲིང་པོ་དང་། ནུབ་གླིང་དབུས་མར་དགུན་ཟླ་འབྲིང་པོ་དང་། དེ་བཞིན་དུ་ལྷོ་གླིང་ནུབ་མར་དཔྱིད་ར་དང་། ཤར་མར་དཔྱིད་ཟླ་ཐ་ཆུང་། སོགས་ཁོངས་ནས་ཤར་གླིང་ནུབ་མར་དབྱར་ར་དང་། ཤར་མར་དབྱར་ཐ། བྱང་གླིང་ནུབ་མར་སྟོན་ར་དང་། ཤར་མར་སྟོན་ཐ། ནུབ་གླིང་ནུབ་མར་དགུན་ར་དང་། ཤར་མར་དགུན་ཐ་རྣམས་འཁོར་ལ། དེ་བཞིན་དུ་ཉི་མ་གླང་ཁྱིམ་དུ་གནས་པའི་ཚེ་ནུབ་གླིང་ཤར་མ་དང་། ལྷོ་གླིང་ནུབ་མ་དང་། ལྷོ་གླིང་དབུས་མ་གསུམ་ན་དཔྱིད་ཟླ་ར་འབྲིང་ཐ་གསུམ། དེ་ནས་གཡོན་སྐོར་གྱིས་རིམ་བཞིན་གླིང་གསུམ་ཚན་གསུམ་ན། དབྱར་དང་། སྟོན་དང་། དགུན་རྣམས་ཡོད་དེ། འགྲེལ་ཆེན་ལས། ལྷོའི་དུམ་བུ་འདིར་ཁྱིམ་བཅུ་གཉིས་ཀྱི་དབང་གིས་འཕོ་བ་ལ་ཟླ་བ་གང་ཞིག་གྱུར་པ་དེ་ནི་འཕོ་བ་གཞན་ལ་གཡས་སྐོར་གྱིས་བདེན་བྲལ་གྱི་ཟུར་དུ་འགྲོའོ། །ཞེས་སོགས་གསུངས་པ་ལྟར་ཁྱིམ་གཞན་རྣམས་ལའང་སྦྱར་ཏེ་འཕོ་ཚུལ་ཤེས་པར་བྱའོ། །དེ་བཞིན་དུ་དུས་དྲུག་ཏུ་འགྱུར་ཚུལ་ནི། ཉི་མ་ལུག་ཁྱིམ་ན་གནས་པའི་ཚེ། ལྷོ་གླིང་ཤར་མ་དང་དབུས་མར་དཔྱིད་མཉམ། དེ་ནས་གཡོན་བསྐོར་གྱིས་ཤར་གླིང་ནུབ་མ་དང་དབུས་མར་སོས་ཀ་དང་། དེ་ནས་རིམ་བཞིན་གླིང་གཉིས་ན་དབྱར་དང་། གཉིས་ན་སྟོན་དང་། གཉིས་ན་དགུན་སྟོད་དང་། གཉིས་ན་དགུན་སྨད་དེ་ཁྱིམ་གཞན་ལའང་སྦྱར་རོ། །ཡང་ཉ་སྐར་དང་བསྟུན་ཏེ་ར་འབྲིང་སོགས་ཟླ་བ་རྣམས་དང་ཁྱིམ་གང་ན་ཡོད་པ་རྣམས་སྦྱོར་བ་ནི། སྔར་ལེའུ་གཉིས་པར་ལོ་འགོའི་སྐབས་བཤད་པ་ལྟར་ལུག་ཁྱིམ་ནག་པ་དང་ས་ག་གཉིས་པོ་དང་སྦྱར་ཚུལ་གཉིས་ཤེས་པར་བྱས་ནས། ལུག་ཁྱིམ་དང་སྦྱར་བའི་ཟླ་བ་དེ་ས་དུམ་བུ་ཐམས་ཅད་དུ་ཡར་ངོའི་ཚེ་ནག་ཟླ་དང་། མར་ངོའི་ཚེ་ས་གའི་ཟླ་བར་བྱེད་ལ། དེས་ན་ཡར་ངོ་སྔོན་འགྲོའི་ཚེ་ལྷོ་གླིང་དབུས་མ་འདིར་དཔྱིད་འབྲིང་ནག་ཟླ་དང་། གཡོན་སྐོར་གྱི་ལྷོ་གླིང་ཤར་མར་དཔྱིད་ཐ་ནག་ཟླ་སོགས་སྦྱར་རོ། །ཡང་མར་ངོ་སྔོན་འགྲོའི་ཚེ་ལྷོ་གླིང་དབུས་མ་འདིར་དཔྱིད་ཐ་ས་ག་ཟླ་བ་དང་། དེ་བཞིན་དུ་གཡོན་སྐོར་གྱི་ལྷོ་གླིང་ཤར་མར་དབྱར་ར་ས་ག་ཟླ་བ་སོགས་བྱ་སྟེ་ཐམས་ཅད་ལ་སྦྱོར།

གཉིས་པ་དུས་བཞི་རིམ་པར་འཁོར་བའི་རྒྱུ་མཚན་བཤད་པ་ནི། ས་དུམ་བུ་བཅུ་གཉིས་ལ་དུས་བཞི་གཡས་སྐོར་དུ་རྒྱུ་བའི་རྒྱུ་མཚན་ནི། ནམ་མཁའ་ལ་ཉི་མས་ཁྱིམ་བཅུ་གཉིས་པོ་རྣམས་འཁོར་བ་ལས་དེའི་དབང་གིས་ཏེ། འགྲེལ་ཆེན་ལས། ལུག་ལ་སོགས་པའི་ཁྱིམ་གང་ཡང་རུང་བ་གཅིག་ལ་ཉི་མ་གནས་པས་དུམ་བུ་བཅུ་གཉིས་སུ་དུས་དྲུག་དང་། ཟླ་བ་བཅུ་གཉིས་དང་། ཕྱོགས་ཉི་ཤུ་རྩ་བཞིར་བྱེད་དེ། ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་སོ། །ཞེས་སོ། །དེ་ལྟར་ན་དུམ་བུ་བཅུ་གཉིས་ལ་དུས་བཞི་འཁོར་ཚུལ་བཤད་པ་འདི་ཡང་རགས་པར་བརྗོད་པ་ཙམ་སྟེ། ཞིབ་མོར་འདོད་ན་གླིང་བཅུ་གཉིས་པོ་རེ་རེ་ཡང་དུམ་བུ་སུམ་ཅུ་ལྷག་ཙམ་རེ་སྟེ་ཁྱོན་སུམ་བརྒྱ་རེ་ལྔར་ཕྱེ་བས་ཉིན་མཚན་མཉམ་པའི་ཞག་ཀྱང་རིམ་བཞིན་སུམ་ཅུ་སུམ་ཅུ་སྟེ་སུམ་བརྒྱ་རེ་ལྔར་གྲུབ་ལ། དེའི་ཕྱིར་ན་ཉི་བར་ལུག་ཁྱིམ་ནས་ལུག་ཁྱིམ་དུ་འཁོར་བ་ལྟ་བུའི་ལོ་གཅིག་ལ་ཉི་མས་ལྷུན་པོར་གཡས་བསྐོར་གྱིས་འཁོར་གྲངས་སུམ་བརྒྱ་རེ་ལྔ་བྱེད་པས། ས་དུམ་བུ་བཅུ་གཉིས་ལ་ས་ཁྱོན་ཐ་དད་པ་སུམ་བརྒྱ་རེ་ལྔར་ཕྱེ་བའི་ས་ཁྱོན་རེ་རེར་བྱང་བགྲོད་མཐར་ཐུག་སྟེ་དབྱར་ཉི་ལྡོག་པ་རེ་རེ་དང་། དེ་བཞིན་དུ་ལྷོ་བགྲོད་མཐར་ཐུག་སྟེ་དགུན་ཉི་ལྡོག་པ་རེ་རེ་དང་། སྟོན་དཔྱིད་ཉིན་མཚན་མཉམ་པ་གཉིས་ཀྱང་རེ་རེ་སྟེ། དེ་ལྟར་ན་དུས་བཞི་ཞག་རེ་བཞིན་འཁོར་བས་དུས་བཞི་རེ་རེ་ཡང་སུམ་བརྒྱ་རེ་ལྔ་རེ་ལྔ་རེ་གྲུབ་སྟེ། འགྲེལ་ཆེན་ལས། འདིར་ལྷུན་པོའི་ཕྱོགས་ཀྱི་ཆ་ཐམས་ཅད་དུ་ཞེས་སོགས་སྔར་དྲངས་མ་ཐག་པ་དེས་བསྟན་ཏོ། །

ད་ནི་འཕྲོས་དོན་ལྷོ་བྱང་དུ་བགྲོད་པ་ལ་ཉི་མ་རིང་ཐུང་འོང་བའི་རྒྱུ་མཚན་ཅུང་ཟད་བཤད་པར་བྱ་སྟེ། ཁ་ཅིག་ན་རེ། ཉི་མའི་ལམ་ཟླུམ་པོ་མཐོ་དམན་ཅན་དུ་འཁོར་ཞིང་དེ་ཡང་ཕྱོགས་དང་ཕྱོགས་སུ་འཕོ་བ་ལས་གྱེན་དུ་འཛེག་པའི་ཚེ་བུལ་བས་རིང་བ་དང་། ཐུར་དུ་འབབ་པའི་ཚེ་མྱུར་བས་ཐུང་ཟེར་རོ། །དེ་ལྟར་ན་དུས་རྟག་ཏུ་ཉིན་མཚན་མཉམ་པ་འབའ་ཞིག་འབྱུང་བར་ཐལ། སྔ་དྲོ་ལྟ་བུ་གྱེན་དུ་འཛེགས་པས་བུལ་བའི་ཚེ་ཕྱི་དྲོ་ལྟ་བུ་ཐུར་དུ་འབབ་པ་གོ་ལའི་ཟླུམ་བསྐོར་གྱི་གནས་ལུགས་ཡིན་པས་གུན་བསབས་འགྲོ་བའི་ཕྱིར་དང་། རླུང་སྟོབས་ཀྱིས་བགྲོད་པ་ལ་གྱེན་ཐུར་ལ་མྱུར་བུལ་གྱི་ཁྱད་པར་ཡང་མི་རིགས་པའི་ཕྱིར་རོ། །འོ་ན་གང་ཞེ་ན། སྤྱིར་ཕྱོགས་གང་ནས་གཞལ་ཀྱང་རུང་ཁྱིམ་གྱི་འཁོར་ལོའི་རླུང་རྣམས་ལྷུན་པོ་ལ་ཇེ་ཉེར་འཁོར་བ་རྣམས་དལ་ལ། རྟ་གདོང་གི་མེ་ལ་ཇེ་ཉེར་འཁོར་བ་རྣམས་མྱུར་ཞིང་། མཉམ་ལམ་གྱི་ཚེ་དལ་མྱུར་བར་མར་འགྱུར་ཏེ། དཔེར་ན། གདུགས་བསྐོར་བ་ན་ཕྱི་མཐའ་རྒྱ་ཆེ་བ་རྣམས་མྱུར་དུ་འཁོར་ཞིང་། དེ་ལས་ནང་དུ་སོང་བ་རྣམས་རིམ་གྱིས་དལ་བར་འཁོར་ལ། ཕྱི་ནང་ཐམས་ཅད་ཀྱང་རྫོགས་པར་འཁོར་བའི་དུས་དང་གྲངས་མཉམ་པ་བཞིན་ནོ། །དེར་མ་ཟད་ལྟ་བ་པོ་རང་ཉིད་གང་ན་གནས་པ་དེ་དབུས་སུ་བྱས་པའི་མཐོང་གང་ནམ་མཁའ་ཟླུམ་པོར་སྣང་བ་དེའི་ཁྱོན་ཆེ་བ་དང་ཆུང་བའི་ཡུལ་ལ་སྤྱོད་པའི་དབང་གིས་ཉི་མ་རིང་ཐུང་དུ་འགྱུར་བའང་ཡིན་ཏེ་སྔར་མཐོང་གང་ཟླུམ་པོའི་རི་མོའི་གནད་ཀྱིས་སོ། །གཞན་ཡང་འདི་དག་ལས་འཕྲོས་པའི་བརྗོད་པ་མང་དུ་འདུག་སྟེ་རེ་ཞིག་དེ་ཙམ་མོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། འཇིག་རྟེན་ཁམས་ཀྱི་ཚད་དང་གོ་ལ་བཤད་པའི་སྐབས་ཏེ་བཅུ་གསུམ་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་བཅུ་བཞི་པས་དུས་བཞིའི་ངོས་འཛིན་བཤད་པ།

ད་ནི་སྐབས་བཅུ་བཞི་པས་དུས་བཞིའི་ངོས་འཛིན་བཤད་པ་ལ་གཉིས་ཏེ། ས་དུམ་བུ་བཅུ་གཉིས་པོའི་ས་ཁྱོན་ཐ་དད་པར་དུས་བཞི་འཁོར་ཚུལ། དེ་ལས་རང་ཅག་རྣམས་གནས་པའི་ས་འདིར་འོས་པའི་ངོས་འཛིན་བཤད་པའོ། །དང་པོ་ནི། དེ་ལྟར་འཁོར་བའི་ཁྱིམ་སྐར་ལ། །ཞེས་བྱ་བ་ལ་སོགས་པ་སྟེ་རགས་ཙམ་ཞིག་ལེའུ་སྔ་མར་བཤད་གྲུབ་ལ། རྒྱས་པར་གཞན་དུ་འཆད་པ་ལས་ཤེས་པར་བྱའོ། །

གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། རང་ཅག་རྣམས་གནས་པའི་ས་འདིར་འོས་པའི་དུས་བཞི་ངོས་འཛིན་ཅུང་ཟད་ཅིག་བཤད་པར་བྱ་སྟེ། དེ་ཡང་སའི་ཁྱོན་འདི་ནི་འཁྲིག་པ་ལ་བྱང་བགྲོད་དང་། གཞུ་ལ་ལྷོ་བགྲོད་མཐར་ཐུག །ཉ་ལ་དཔྱིད་དང་། བུ་མོར་སྟོན་མཉམ་འཕོག་པའི་ཁོངས་ན་ཡོད་དེ། ལྷོ་གླིང་དབུས་མའི་ཚངས་ཐིག་ནས་ཤར་ཕྱོགས་སུ་དུམ་ཕྲན་ཉི་ཤུ་རྩ་གྲངས་ཙམ་བགྲངས་པ་ལྷོ་གླིང་ཤར་མའི་ནང་ན་ཡོད་པར་གོང་མ་རྣམས་ཀྱིས་གྲིབ་མའི་ངེས་པ་ལ་བརྟགས་ཏེ་གསུངས་པའི་ཕྱིར་རོ། །

གཉིས་པ་ལ་གསུམ་སྟེ། ལོ་འགོ་ངོས་བཟུང་བ། ཉི་མའི་ཁྱིམ་ཞག་གི་རྟག་ལོངས་སྒྲུབ་པ། དེ་ལས་དུས་ངོས་བཟུང་བའོ། །དང་པོ་ནི། ཉི་མའི་རྟག་ལོངས་སོགས་ཏེ། འབྱམས་ཀླས་པའི་སྒོ་ནས་ལེའུ་གཉིས་པར་བཤད་གྲུབ་བོ། །

གསུམ་པ་ལ་གསུམ་སྟེ། སྒང་དབུགས་ཁྱིམ་སླེབ་ཀྱི་དུས་ངོས་བཟུང་བ་དང་། སྒང་དང་དུས་ཀྱི་གཟེར་བཞི་བྲང་སྤྲད་དེ་ངོས་བཟུང་བ། ལག་ལེན་གྱི་ཆོ་ག་བྱ་ཚུལ་འཆད་འགྱུར་ལ་ཁ་འཕང་བའོ། །དང་པོ་ནི། ཁྱིམ་ཟླ་བཅུ་གཉིས་པོ་རེ་རེ་ལའང་ཁྱིམ་ཞག་སུམ་ཅུ་སུམ་ཅུ་རེ་ཡོད་པ་ཡིན་ལ། དེ་ལྟར་ཁྱིམ་ཟླ་རེའི་ནང་གི་ཞག་སུམ་ཅུ་ལས་ཁྱིམ་ཞག་བརྒྱད་པ་གང་ཡིན་པ་དེ་ནི་ཟླ་བ་རང་རང་སོ་སོའི་སྒང་དུ་འགྱུར་ཞིང་། སྒང་དེ་ནང་ནས་ཡར་ཁྱིམ་ཞག་དགུ་བགྲངས་པའི་རིའུ་མིག་སུམ་ཅུ་པ་ནི་གོང་མའི་ཁྱིམ་དེ་རྫོགས་ཚད་ཡིན་ལ། དེ་ནས་ཀྱང་ཡར་ལ་ཁྱིམ་ཞག་བརྒྱད་བགྲངས་པའི་རིའུ་མིག་ཉེར་གསུམ་པ་དེ་ནི་ཟླ་བ་དེའི་དབུགས་ཐོབ་ཀྱི་ཚད་ཡིན་ནོ། །མདོར་ན་ཁྱིམ་ཞག་བརྒྱད་པ་ལ་སྒང་། ཉེར་གསུམ་པ་ལ་ཟླ་བ་ཕྱི་མའི་དབུགས་ཐོབ། སུམ་ཅུ་པ་ལ་ཁྱིམ་ཟླའི་རྫོགས་ཚད་སོགས་འཆར་ཏེ། དེ་བཞིན་དུ་ཟླ་བ་ཐམས་ཅད་ལ་སྦྱར་བས་རྒྱུད་ལས་བཤད་པའི་དུས་བཞིའི་གཟེར་གྱི་ངེས་པ་རྣམས་བདེ་བླག་ཉིད་དུ་རྟོགས་པར་འགྱུར་ཞིང་། གཞན་ཡང་འཇིག་རྟེན་རྒན་རྩིས་ལས་གྲགས་པའི་འབྲུག་དང་བྱས་སླེབ་པ། ངང་པ་འདམ་ནས་འདོན་པ་ལ་སོགས་པའི་དུས་གཟེར་ཕྲན་ཚེགས་རྣམས་ཀྱང་སྟོན་པ་ཡིན་ནོ། །

གཉིས་པ་ལ་གཉིས་ཏེ། ས་འདིའི་དུས་ཀྱི་གཟེར་བཞི་བཤད་པ། རྒྱུད་ལས་གསུངས་པའི་དུས་བཞིའི་ས་ཚིགས་ངོས་བཟུང་བའོ། །དང་པོ་ནི། བདེ་བླག་ཏུ་རྟོགས་ཚུལ་དེ་ཡང་བཤད་ཀྱི་ལེགས་པར་ཉོན་ཅིག་ཅེས་བསྐུལ་ལོ། །གང་ཞེ་ན། འཁྲིག་པའི་ཁྱིམ་གྱི་ཞག་བརྒྱད་པ་དེར་སྐར་མར་མདའ་སྟེ་ལྔ་དང་། ཆུ་ཚོད་དྲུག་ཤར་བས་ལག་གི་རྐང་པ་དང་པོའི་སྟེང་ནས་ཡུལ་གྱི་ཆུ་ཚོད་དྲུག་འདས་ཤིང་། དེ་ཉིན་གྱི་ཁྱིམ་ཞག་དུས་ཀྱི་ལོངས་སྤྱོད་རྫོགས་མཚམས་ཀྱི་སྒང་དེར་དབྱར་གྱི་ཉི་མ་ལྡོག་པ་ཡིན་ལ། དེ་ནས་ཁྱིམ་ཟླ་གསུམ་འདས་པ་སོགས་ཏེ་བུ་མོའི་ཁྱིམ་ཞག་བརྒྱད་པ་དེར་སྟོན་མཉམ། དེ་བཞིན་དུ་ཁྱིམ་ཟླ་གསུམ་ཕྱིན་པའི་གཞུ་ཁྱིམ་གྱི་ཞག་བརྒྱད་པར་དགུན་ཉི་ལྡོག །ཡང་ཁྱིམ་ཟླ་གསུམ་ཕྱིན་པ་ཉ་ཁྱིམ་གྱི་ཞག་བརྒྱད་པར་དཔྱིད་ཉིན་མཚན་མཉམ་པ་ཡིན་ནོ། །དེ་དག་གི་རྒྱུ་མཚན་གང་ཞེ་ན། འདི་ལྟར་སྒང་ཞེས་བསྙད་པའི་ཁྱིམ་ཞག་བརྒྱད་པ་ལ་དབྱར་དགུན་གྱི་ཉི་ལྡོག་དང་སྟོན་དཔྱིད་མཉམ་པའི་གཟེར་དུ་བྱེད་པའི་ལག་ལེན་འདིའི་རྒྱུ་མཚན་ནི་ཁྱིམ་ཞག་བདུན་འདས་ནས་བརྒྱད་པ་དེའི་ཉིན་ཐུར་ཤིང་གི་གྲིབ་གཟུགས་འགྱུར་བ་མཐོང་བའི་ཕྱིར་ཏེ། འོག་ཏུ་དུས་སྦྱོར་གྱི་དུས་སུ་འཆད་འགྱུར་གྱི་འདས་ཞག་སྟེང་ནས་བདུན་སྦྱོང་བར་གསུངས་པའི་ལག་ལེན་གྱི་གནད་ཀྱང་འདི་ཡིན་ནོ། །ཡང་མཁས་པའི་དབང་པོ་ལ་ལ་དག །ཐུར་ཤིང་གི་གྲིབ་མ་གང་གི་ཚེ་ལོག་པའི་ཁྱིམ་ཞག་སྔ་མ་དེར་ཉི་མ་ལྡོག་པར་བཞེད་པ་ཡིན་ཏེ། ཉི་ལྡོག་གསལ་སྒྲོན་ལས། ཨ་བྷ་ཡས་དུས་འཁོར་ལ་འཇུག་པ་ལས། དེ་བས་ན་གྲུབ་མཐའི་ལམ་བརྗོད་པར་བྱ་སྟེ། དེའི་རིམ་པ་འདི་དག་གོ། ས་གཞི་མཉམ་པོ་ལ་ཁྲུ་གང་གི་ཚོད་ཀྱི་མཎྜལ་གྱི་དབུས་སུ་བཙུགས་པའི་མཐོ་གང་གི་ཚོད་ཀྱི་ཤིང་གི་གྲིབ་མ། ཞེས་སོགས་གསུངས་པ་ལྟར་གྲིབ་གཟུགས་བརྟགས་པས་ཧོར་ཟླ་བཅུ་གཉིས་པའི་ཚེས་ལྔ་ལ་གྲིབ་གཟུགས་འགྱུར་བ་མངོན་སུམ་གྱིས་མཐོང་བས། ངེད་རང་རྣམས་གནས་པའི་ས་འདིར་མེ་ཁྱི་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཞི་ལ་དགུན་ཉི་ལྡོག་པར་གྱུར། ཅེས་གསུངས་པས་སོ། །དེ་ལྟར་ན་གང་གི་ཚེ་གྲིབ་གཟུགས་འགྱུར་བའི་ཁྱིམ་ཞག་བརྒྱད་པ་དེའི་ཞག་སྔ་མ་ཁྱིམ་ཞག་བདུན་པ་དེ་ལ་ལྡོག་པས། དེས་ན་འཁྲིག་ཁྱིམ་སོགས་ཏེ་སྐར་མདའ་ཆུ་ཚོད་ཕྱེད་བཅས་གཟུགས་ལ་དབྱར་ཉི་ལྡོག །དེ་བཞིན་གཞུ་ཁྱིམ་སོགས་ཏེ་སྐར་སྐྱོན་ཆུ་ཚོད་ཕྱེད་བཅས་སོ་གཅིག་ལ་དགུན་ཉི་ལྡོག །དེ་ཡིས་མཉམ་གཉིས་སོགས་ཏེ། སྐར་དྲག་ཆུ་ཚོད་ཕྱེད་བཅས་ཞེ་དྲུག་ཤར་བ་བུ་མོའི་ཁྱིམ་དུ་སྟོན་མཉམ། སྐར་མ་ཉེར་ལྔ། ཆུ་ཚོད་ཕྱེད་བཅས་ཉེར་གཅིག་ཤར་བ་ཉ་ཁྱིམ་དུ་དཔྱིད་མཉམ་འོང་ངོ་། །

གཉིས་པ་རྒྱུད་ལས་གསུངས་པའི་དུས་བཞིའི་ས་ཚིགས་ངོས་བཟུང་བ་ནི། ས་འདིར་ཉི་མ་ལྡོག་པ་ནས་གསལ་སྒྲོན་མཁན་པོ་ལྟར་ན་ཁྱིམ་ཞག་ཉེར་གསུམ་འདས་པ་དང་། དཔལ་མགོན་འཕྲིན་ལས་པ་ལྟར་ན་ཁྱིམ་ཞག་ཉེར་གཉིས་འདས་པའི་ས་ཁྱོན་འདི་ནས་གཡས་སྐོར་དུ་བགྲངས་པའི་སའི་ཆ་ཉེར་གསུམ་པ་ལྷོ་གླིང་དབུས་མའི་དབུས་དྲང་པོར་གཞུ་དང་ཆུ་སྲིན་གྱི་མཚམས་སུ་དགུན་ཉི་ལྡོག་པའི་ཚད་སྐར་མིག་དབྱུག་ཚེས་དང་། འཁྲིག་སྐར་གྱི་མཚམས་སུ་དབྱར་ཉི་ལྡོག་པའི་ཚད་སྐར་དྲུག་ཆུ་ཚོད་ཞེ་ལྔ་རྣམས་འཆར་བ་ཡིན་ནོ། །དེ་ལྟར་ན་ས་འདིར་འོས་པའི་དུས་བཞིའི་གཟེར་ཁྱིམ་ཞག་བདུན་པ་དང་བརྒྱད་པ་ལ་བྱེད་པའི་ལུགས་གཉིས་པོ་དེ་གང་དང་གང་གི་བཞེད་པ་ཡིན་སྙམ་ན། བཤད་པར་བྱ་སྟེ། ལུགས་སྔ་མ་ཁྱིམ་ཞག་བརྒྱད་པ་ལ་ཉི་ལྡོག་གི་གཟེར་དུ་བྱེད་པ་འདི་ནི་དཔལ་མགོན་འཕྲིན་ལས་པའི་བཞེད་པ་ཡིན་ཏེ། ཁོང་རང་གིས་མཛད་པའི་དུས་སྦྱོར་གྱི་འགྲེལ་པར། ཉི་བར་གྱི་དོན་གྱི་གཞུ་ཁྱིམ་དུ་སླེབ་པའི་ཞག་བརྒྱད་པ་ལ་རང་ཉིད་གནས་པའི་བོད་འདིར་དགུན་ཉི་ལྡོག་པ་གྲིབ་གཟུགས་འགྱུར་བ་ལ་བརྟེན་ནས་མངོན་སུམ་དུ་མཐོང་བས། ཞེས་གསུངས་པས་སོ། །ལུགས་ཕྱི་མ་ཁྱིམ་ཞག་བདུན་པ་ལ་བྱེད་པ་ནི་པཎ་ཆེན་ནོར་བཟང་རྒྱ་མཚོའི་བཞེད་པ་ཡིན་པར་སྔར་སྐབས་དེ་ཉིད་དུ་དྲངས་པའི་གསལ་སྒྲོན་གྱི་ལུང་གིས་གྲུབ་བོ། །འོ་ན་ཞལ་ལུང་མཁན་པོའི་བཞེད་པ་ལུགས་དེ་གཉིས་གང་དང་མཐུན་ཞེ་ན། དེང་སང་ཕལ་ཆེར་ལུགས་སྔ་མ་འདི་དང་མཐུན་ཟེར་ཡང་མི་མཐུན་ཏེ། ཁོང་རང་གི་བཞེད་པས་དབྱར་ཉི་ལྡོག་པའི་སྐར་མ་དེས་ཉི་མའི་སྐྱེས་ཁྱིམ་སྦྱོང་བར་བཞེད་པ་བཞིན་ས་འདིར་འོས་པའི་གྲུབ་མཐའི་རྐང་རྩིས་མཛད་པ་ན་སྐར་མ་ལྔ་དང་། ཆུ་ཚོད་སོ་གསུམ་སྦྱོང་བར་མཛད་པ་དང་། དབྱངས་འཆར་གྱི་འགྲེལ་པ་མཆོག་དགའ་ལས་ཀྱང་། ད་ལྟ་དགུན་གྱི་གྲིབ་གཟུགས་འགྱུར་བའི་ཞག་དེའི་ཉི་བར་རགས་པ་ཁྱིམ་ཞག་དང་བསྟུན་ན་སྐར་མ་བཅུ་དགུ་དང་། ཆུ་ཚོད་གསུམ་ཙམ་གྲུབ་མཐའི་རི་མོ་ལ་འཆར་ཏེ། དེ་ལྟར་ན་ས་འདི་ཕྱོགས་གཉིས་མའི་ལྷོ་ཤར་མ་ལ་དུམ་བུ་སུམ་ཅུར་བྱས་པའི་བཅུ་བཞི་པ་ཙམ་ན་ཡོད་པ་དང་། ཁྱིམ་ཞག་བཅུ་དྲུག་ཙམ་གྱི་ས་འདིའི་ཉི་ལྡོག་སྔ་ལ། དུས་འཁོར་ནས་བཤད་པའི་ཉི་ལྡོག་ཕྱི་བར་གྲུབ་པ་ཡིན་ནོ། །ཞེས་གསུངས་པས་འཁྲིག་ཁྱིམ་གྱི་ཞག་བཅུ་བཞི་པར་སྐར་མ་ལྔ་དང་ཆུ་ཚོད་སོ་གསུམ་ཡོད་པ་ལ་དབྱར་ཉི་དང་། གཞུ་ཁྱིམ་གྱི་ཞག་བཅུ་བཞི་པར་སྐར་མ་བཅུ་དགུ་དང་ཆུ་ཚོད་གསུམ་ཡོད་པར་དགུན་ཉི་ལྡོག་པར་བཞེད་དོ། །དེས་ན་དེང་སང་གི་རྩིས་པ་ཕལ་ཆེར་མཆོག་དགར་ས་འདིར་མཁོ་བའི་དུས་སྦྱོར་ཚིགས་བཅད་དུ་གསུངས་པར། འདས་ཞག་སྟེང་ནས་མ་ནུས་སྦྱངས། །ཞེས་དང་། དེའི་དོན་འཆད་པའི་སྐབས་སུ་འདས་ཞག་གི་སྟེང་ནས་བཅུ་བཞིས་འབྲིད་པ་ནི། སྔར་བཤད་པ་ལྟར་ཉི་བར་གྱིས་གཞུ་ཁྱིམ་དུ་སླེབ་ནས་ཞག་བཅུ་བཞི་ཙམ་སོང་བ་ན། ས་འདིར་དགུན་མཐར་ཐུག་འཕོག་པ་སོགས་ཀྱི་ཚུལ་དུ་བཀོད་པ་ཡིན། ཞེས་གསུངས་པ་འདི་བྱེད་པའི་ལག་ལེན་ལ་དགོངས་ཀྱི་གྲུབ་མཐའ་ལ་བརྒྱད་སྦྱངས་དགོས་ཟེར་ཞིང་མཆོག་དགའི་མཆན་དུ་བཏབ་ལ་དཔེ་ཁ་ཅིག་ཏུ་དཀྱུས་སུའང་བཅུག་མོད། དེ་དག་ནི་རང་གི་རང་བཞིན་གསལ་བར་སྒྲོག་པའི་སྨྲེ་སྔགས་སོ། །འོ་ན་ལུགས་དེ་རྣམས་ལས་འདོར་ལེན་ཇི་ལྟར་བྱ་སྙམ་ན། ཞལ་ལུང་མཁན་པོའི་བཞེད་པས་ཁྱིམ་ཞག་བཅུ་བཞི་པ་ལ་ལྡོག་གཉིས་ཀྱི་དུས་ཚིགས་མཛད་པ་དེ་ནི་ད་ལྟར་གྱི་གྲིབ་མའི་ངེས་པ་ལ་བརྟགས་པ་ན་ནམ་དུའང་སྒྲིག་ཏུ་མེད་པས་གཞུང་འདིར་ཡང་མ་བཀོད་ལ། དེ་ལས་གཞན་པའི་ལུགས་གཉིས་པོ་དེ་ནི་དོན་ལ་དགོངས་པ་གཅིག་ཏུ་འབབ་སྟེ། དེ་གཉིས་ཀས་ཁྱིམ་ཞག་བརྒྱད་པ་ལ་གྲིབ་གཟུགས་འགྱུར་བ་མཐོང་བ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འོ་ན་ཁྱད་འབྱེད་གང་ཞེ་ན། དེ་ནི་གྲིབ་གཟུགས་མཐོང་བ་ལ་ཁྱད་པར་མེད་ཀྱང་ཁ་དམར་གདགས་ཚུལ་ལ་ཁྱད་པར་བྱུང་བ་སྟེ། ཇི་ལྟར་ན་པཎ་ཆེན་གྱིས་ཁྱིམ་ཞག་བརྒྱད་པ་ལ་གྲིབ་གཟུགས་འགྱུར་བ་གཟིགས་པ་ན། དེའི་ཞག་སྔ་མ་དེ་ལ་ཉི་མ་ལྡོག་པར་བཞེད་པ་སྔར་དྲངས་པའི་ཉི་ལྡོག་གསལ་སྒྲོན་གྱི་ལུང་དང་། ལོག་རྟོག་གསལ་སྒྲོན། དྲི་མེད་འོད་རྒྱན། ཉི་ཤུ་བཅོ་ལྔ་འཆར་བའི་ས་ཆ་གང་ཡིན་ལ་དཔྱད་པ་སོགས་ཁོང་རང་གི་གསུང་རབ་རྣམས་ན་གསལ་ལ། དཔལ་མགོན་འཕྲིན་ལས་པའི་བཞེད་ཀྱི་གྲིབ་གཟུགས་འགྱུར་བའི་ཞག་དེ་རང་ལ་ཉི་མ་ལྡོག་པར་ཁ་དམར་འདོགས་པར་མཛད་དོ། །དེ་ལྟར་གྲིབ་གཟུགས་འགྱུར་བའི་ཉིན་དེ་རང་ལ་ཉི་མ་ལྡོག་པར་བཞེད་པ་འདི་ཞལ་ལུང་དང་ཡང་བཞེད་པ་མཐུན་ཏེ། དགེ་ཡེ་བས་ཧོར་ཟླ་དང་པོའི་ཚེས་བརྒྱད་ལ་དགུན་ཉི་ལྡོག་པར་བཤད་པ་དེ་ཞལ་ལུང་དུ་འགོག་པ་ན། སའི་ཆ་འདི་ཉིད་དུ་ཧོར་ཟླ་དང་པོའི་ཚེས་བརྒྱད་ལ་དགུན་གྱི་གྲིབ་གཟུགས་དང་པོར་འགྱུར་བ་མི་སྲིད་དོ། །ཞེས་དང་། སྔར་དྲངས་པའི་མཆོག་དགའི་ལུང་དེར། ད་ལྟར་དགུན་གྱི་གྲིབ་གཟུགས་འགྱུར་བའི་ཞག་དེའི་ཉི་བར་རགས་པ་ཁྱིམ་ཞག་དང་བསྟུན་ན། ཞེས་སོགས་གསུངས་པས་སོ། །འདིར་ཕུག་པ་བསོད་ནམས་ཚེ་འཛིན་ན་རེ། ཁྱིམ་ཞག་བརྒྱད་པ་དེ་ནི་ཁྱིམ་ཟླ་དེ་དང་དེའི་སྒང་ཡིན་པས་དེ་ལ་གྲིབ་གཟུགས་ཐོག་མ་འགྱུར། ཁྱིམ་ཞག་དགུ་པ་ལ་ཟུག་ནས་རིང་ཐུང་དུ་འགྱུར་བ་ཡིན་ཏེ། ཞེས་པ་སྔར་དང་བཞེད་པ་མཐུན་ཅིང་ལེགས་མོད། འོན་ཀྱང་དེ་ཉིད་མཛོད་ཀྱི། ཐ་མའི་ཚེས་དགུ་ནས་མཚན་རིང་། །ཞེས་སོགས་རྩ་འགྲེལ་དང་དགོངས་པ་མཐུན་ནོ་ཟེར་བ་ནི་ཤིན་ཏུ་མི་རིགས་ཏེ། མཛོད་ཀྱི་ལུགས་དེ་ནི་རྒྱུད་ཀྱི་ཉི་ལྡོག་གི་ས་ཚིགས་ལས་ཀྱང་ནུབ་ཏུ་ཕྱིན་པ་ལ་དགོངས་པར་འོག་ཏུ་འཆད་ལ། གལ་ཏེ་ལྷོ་གླིང་གི་ཁྱོན་གྱི་ས་ཚིགས་ཐ་དད་པར་ཉི་ལྡོག་ཐ་དད་པ་འབྱུང་བར་མི་འདོད་ན་ནི་ཁྱིམ་ཞག་བརྒྱད་པའི་ཚིགས་སོགས་བོར་ནས་བོད་འདིར་ཡང་རྒྱུད་གྲེལ་ལས་གསུངས་པ་ཁོ་ན་བྱ་བར་རིགས་སོ། །དེ་ལྟར་ན་ནི་རང་གི་ཡི་གེ་དེར། དགུན་ཉི་ཉི་ཤུ་བཅོ་ལྔ་ཤར་བ་གཞུ་ཆུ་སྲིན་གྱི་མཚམས་སུ་ལོག་པ་སོགས་བྱས་པས་ཁྱིམ་ཞག་ཉི་ཤུ་རྩ་གཉིས་ཙམ་རེའི་ཁྱད་ཞུགས་པ་འདི་འགྲེལ་ཆེན་ལས་གསུངས་པའི་བྱེད་པའི་སྐྱོན་སྤོང་མ་ངེས་པ་སོགས་ཀྱི་རྣམ་པར་མ་དག་པར་ཤེས་པར་བྱ་ཞིང་། ཁོ་བོ་ཅག་ནི་རྗེ་བཙུན་སྤྱན་རས་གཟིགས་ཀྱི་དྲིན་ལས་རྣམ་པར་དག་པའི་ངེས་པ་རྣམས་རྩ་བའི་རྒྱུད་ཀྱི་དགོངས་པ་ཇི་བཞིན་དུ་རྙེད་པ་ཡིན་གྱི། ཞེས་སོགས་མགྲིན་པ་གཟེངས་བསྟོད་དེ་ཇི་སྙེད་ཅིག་སྨྲས་པ་དེ་རྣམས་རང་གི་ལག་གིས་དབྱེ་བར་རིགས་སོ་ཞེས་སྨྲས་པ་ནི་ཞར་ལས་འཕྲོས་པའོ། །དེ་ལྟར་ཁ་དམར་གདགས་ཚུལ་གཉིས་པོ་དེ་ལས་འདིར་གང་བཞག་སྙམ་ན། རྒྱུད་ལས། འདིར་ཆད་པ་དང་ལྷག་པ་ཇི་ལྟར་ཤེས་ན། བྱང་དུ་བགྲོད་པའི་ཟླ་བ་དང་པོ་ལ་ཉི་མ་བཅུའི་བར་དུ་ཐུར་མའི་གྲིབ་མས་ཡོངས་སུ་བརྟག་པར་བྱ་སྟེ། ཉིན་ཞག་གང་ནས་བརྩམས་ཏེ་ཐུར་མའི་གྲིབ་མ་བྱང་ནས་ལོག་པར་གྱུར་པ་དེ་ནི་གཟའ་དེ་དང་། ཚེས་དེ་དང་། སྦྱོར་བ་དེ་དང་། བྱེད་པ་དེས་ཉི་མ་འཕོ་བའི་ཉིན་ཞག་གོ། ཉིན་ཞག་དེ་ལ་ཉི་མའི་ལོངས་སྤྱོད་སྐར་མའི་གནས་སུ་ཉི་ཤུ་དང་ཆུ་ཚོད་ཀྱི་གནས་སུ་བཅོ་ལྔ་ཞེས་པ་རྩ་བའི་ངེས་པའོ། །ཞེས་དང་། ཨ་བྷ་ཡས། ཉིན་མོ་གང་ལ་གྲིབ་མ་འཇུག་པ་དེ་ཉིད་ཉི་མ་བྱང་དུ་བགྲོད་པའི་འཕོ་བའི་ཉིན་མོའོ། །ཞེས་གསུངས་པའི་ལུང་གི་དགོངས་པ་ལ། གྲིབ་གཟུགས་འགྱུར་བའི་ཉིན་དེ་རང་ལྡོག་པར་བཞེད་པ་ཉིད་འབྱོར་རམ་སྙམ་ཞིང་། མཁས་དབང་ལྡུམ་པོ་བའི་ཕྱག་ལེན་ཡང་འདི་ལ་མཛད་པས་གཞུང་འདིར་ཡང་དེ་བཞིན་དུ་བཀོད་དོ། །

གསུམ་པ་ལག་ལེན་གྱི་ཆོ་ག་བྱ་ཚུལ་འཆད་འགྱུར་ལ་ཁ་འཕང་བ་ནི། དེ་ལྟའི་དོན་རྣམས་ངེས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་སྟེ་ལེའུ་ཉེར་གཉིས་པར་ཁ་འཕང་བའོ། །ད་ནི་འདི་ལྷག་མར་ལུས་པས་བཤད་པར་བྱའོ། །དེ་ཡང་པཎ་ཆེན་གྱིས་ཉི་ཤུ་བཅོ་ལྔ་འཆར་བའི་ས་ཆ་ལ་དཔྱད་པ་ལས། ས་དུམ་བུ་བཅུ་གཉིས་པོ་རང་རང་གི་དབུས་སམ་ཚངས་ཐིག་ཏུ་དབྱར་དགུན་གྱི་ཉི་མ་ལྡོག་མཚམས་ཁྱིམ་ཟླ་རྣམས་རྫོགས་མཚམས་སུ་བཤད་པ་བཞིན་དུ། ཞག་གིའང་ཞག་རེ་ལ་ཉི་ལྡོག་རེ་རེ་འོང་བ་ཁྱིམ་ཞག་རེའི་མཚམས་སུ་བྱེད་དགོས་སོ། །ཞེས་གསུངས་པ་ལྟར་གཞུང་འདིར་ཡང་། ཁྱིམ་ཞག་ལོངས་སྤྱོད་རྫོགས་མཚམས་ཀྱི། །སྒང་དེར་དབྱར་ཉི་ལྡོག་པ་ཡིན། །ཞེས་སྨྲས་སོ། །དེ་ལ་མཁས་པའི་དབང་པོ་ལ་ལ་དག་ན་རེ། སྟག་ཚང་བ་སོགས། ཉི་མ་ལྡོག་པའི་དུས་ནི། ལྷུན་པོའི་རྭ་དང་མེ་ལ་གདུང་བྱེད་འཕོག་པའི་དུས་དེ་ཡིན་དགོས་ལ། དེ་ལྟར་ན་གླིང་གང་དང་གང་གི་ཉི་ཕྱེད་ཁོ་ན་ལས་གཞན་དུ་རེག་མི་སྲིད་པའི་ཕྱིར་དང་། ཁྱིམ་ཞག་རྫོགས་མཚམས་ནི་མཚན་མོ་ཡང་རྫོགས་སྲིད་པས་ཉིན་གུང་ཁོ་ནར་མ་ངེས་པའི་ཕྱིར་དང་། མཚན་ལ་རྫོགས་ན་གླིང་འདིའི་ཉི་མ་གླིང་གཞན་དུ་ལོག་པར་འདོད་དགོས་པའི་ཕྱིར་མི་འཐད་དོ་ཞེས་ཟེར་རོ། །དེ་ལ་སྤྱིར་དོགས་པ་དེ་ལྟ་བུ་སྐྱེ་བ་བདེན་མོད་ཀྱི། འོན་ཀྱང་རྒོལ་བ་པོ་ཁྱེད་རང་ལ་ཕར་འདི་འདྲི་སྟེ། ཉི་མ་ཆུ་སྲིན་གྱི་ཁྱིམ་དུ་སླེབ་མ་ཐག་ཏུ་བྱང་བགྲོད་རྩོམ་པས། གཞུའི་ཁྱིམ་ཞག་སུམ་ཅུ་པ་རྫོགས་མཚམས་སུ་རྒྱུད་ཀྱི་དགུན་ཉི་ལྡོག་པ་དང་། ཀརྐ་ཊའི་ཁྱིམ་དུ་སླེབ་མ་ཐག་ལྷོ་བགྲོད་ཀྱི་འགོ་རྩོམ་པས་འཁྲིག་པའི་ཁྱིམ་ཞག་སུམ་ཅུ་པ་རྫོགས་མཚམས་དབྱར་ཉི་ལྡོག་པར་ཁས་ལེན་ནམ་མི་ལེན། མི་ལེན་ན། རྒྱུད་ལས། བགྲོད་པ་འགྲོ་བའི་དབང་གིས་ཆུ་སྲིན་ལ་སོགས་པ་ནོར་དང་ཀརྐ་ཊ་ལ་སོགས་པ་ལ་བུ་ལོན་དུ་འགྱུར་རོ། །ཞེས་པ་འདི་ཇི་ལྟར་འཆད། ཁས་ལེན་ན་ཁྱིམ་ཞག་སུམ་ཅུ་པ་དེ་དང་དེའི་རྫོགས་མཚམས་ཉིན་གུང་ཁོ་ནར་ངེས་སམ་མ་ངེས། ངེས་ན་ཁོ་བོས་ཀྱང་ཁྱིམ་ཞག་ཐམས་ཅད་ཀྱི་རྫོགས་མཚམས་ཉིན་གུང་ཁོ་ན་ཡིན་ནོ་ཞེས་སྨྲས་ན་ཅིས་མི་མཚུངས། མ་ངེས་ན་ཉི་ལྡོག་གི་དུས་ཉིན་གུང་ཁོ་ན་ཡིན་པར་སྨྲས་པ་དང་འགལ། ཡང་འཁྲིག་གཞུ་གཉིས་རྫོགས་ཀྱང་དེ་དང་དེའི་ཁྱིམ་ཞག་སུམ་ཅུ་མ་རྫོགས་སོ་ཟེར་ན། འོ་ན་ཁྱིམ་ཟླ་རེ་ལ་ཁྱིམ་ཞག་སུམ་ཅུ་རེ་མེད་པ་ཡིན་པར་ཐལ། འདོད་ན། ཁྱིམ་ཟླ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་ཁྱིམ་ལོ་རེ་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཡང་མེད་པར་ཐལ། འདོད་མི་ནུས་ཏེ། རྩ་རྒྱུད་ལས། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཁྱིམ་ཞག་ལོངས་སྤྱོད་རྫོགས་མཚམས་སུ་ལྡོག་པར་བཞེད་པ་འདི་རྒྱུད་འགྲེལ་གྱི་དགོངས་པ་ཡིན་པས་རིག་པ་གཟེ་གཟེ་མོས་དེ་དག་འགོག་པ་ནི་མགོ་བོའི་འཛེར་པ་འདོན་པ་ལ་མགོ་བོ་གཅོད་པའི་སྨན་དཔྱད་བཞིན་ནོ། །འོ་ན་འགྲེལ་ཆེན་ལས། འདིར་ལྷུན་པོའི་ཕྱོགས་ཀྱི་ཆ་ཐམས་ཅད་དུ་ཞེས་སོགས་གདུང་བྱེད་རེག་པ་ལྡོག་རྐྱེན་དུ་གསུངས་པ་དང་འགལ་ཞེ་ན། སྤྱིར་དེ་ལྟར་ཡིན་ཡང་དམིགས་བསལ་འདི་ལྟར་ཤེས་དགོས་ཏེ་ལྡོག་མཉམ་གྱི་དུས་བཞི་ལ་ཡུལ་སོ་སོ་དང་སྦྱར་བའི་ཞག་རེའི་ལམ་གྱི་ཟླུམ་སྐོར་རེ་ཡོད་དགོས་ལ། དེར་ཁྱིམ་ཞག་རྫོགས་པ་ན་ཉི་མ་འཇུག་ཅིང་། ཉིན་ཞག་དེའི་སྔ་ཕྱི་གང་རིགས་ལ་ས་འདི་དང་འདིའི་ཐད་ཀའི་ལྷོ་བྱང་ལ་གདུང་བྱེད་རེག་པ་གོ་ནུས་ཤིང་། དེས་ན་འགྲེལ་ཆེན་ལས། ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་མེ་ལ་རེག་པ། ཞེས་སོགས་གསུངས་པས། དེའི་ཚེ་རེག་པ་ནས་ཕར་མི་འགྲོ་བ་ལ་བརྟེན་ནས་ལྡོག་རྐྱེན་ཞེས་གསུངས་ཀྱི། ལྡོག་རྐྱེན་ལ་གདུང་བྱེད་མེད་མི་རུང་གི་ཡན་ལག་མ་ཡིན་ཏེ། གལ་ཏེ་ཡིན་ན་ཟླ་བ་སོགས་ལའང་གདུང་བྱེད་དགོས་པ་ཧ་ཅང་ཐལ་ལོ། །ཡང་ཉི་ལྡོག་གི་གྲིབ་མ་ལ་བརྟགས་པས་རང་རེ་རྣམས་གནས་པའི་ས་འདི་ལྷོ་གླིང་ཤར་མ་ན་ཡོད་པར་བཞེད་པ་འདི་ལ། མཁས་པ་ཆེན་པོ་དག །ཆག་རིན། དེ་ལྟར་ན་འདས་ཟླ་བསྲེ་བའི་ནག་ཟླ་དེ་དཔྱིད་ཟླ་ཐ་ཆུང་དུ་ཁས་ལེན་དགོས་པའི་སྐྱོན། གཞུ་ཁྱིམ་དུ་ཉི་མ་ལྡོག་ན། དེར་གནས་པའི་ཚེ་སྔ་རྐང་དང་པོ་འཛིན་དགོས་པ་དང་། དེ་ནས་རྐང་ལོངས་སྦྱིན་དོར་གྱི་མཚམས་འཛིན་དགོས་པའི་སྐྱོན། རེས་གཟའ་འཕོ་མཚམས་འཕགས་ཡུལ་དང་མི་གཅིག་པར་འགྱུར་བའི་སྐྱོན། ས་འདི་ཡུལ་དྲུག་གི་ནང་ཚན་བོད་ཡུལ་དུ་མི་འགྱུར་བའི་སྐྱོན་ཏེ་བཞི་འཕང་བར་མཛད་དོ། །དེ་ལ་གནོད་བྱེད་དང་པོའི་ལན་ནི། འདས་ཟླ་བསྲེ་རྒྱུ་དེ་ར་འབྲིང་ཐ་གསུམ་གང་ཡིན་ཀྱང་སླའི། དོན་ལ་ས་དུམ་བུ་བཅུ་གཉིས་པོ་ཐམས་ཅད་དུ་ཉི་མའི་རྟག་ལོངས་ཐོག་མར་སྤྱོད་པའི་ཁྱིམ་ཟླ་དེ་ནས་འགོ་བཟུང་ནས་འདས་ཟླ་བསྲེ་བས་ཟླ་བའི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་མིང་ལ་རྩོད་པ་ཙམ་དུ་ཟད་དོ། །ཁྱད་པར་རྒྱུད་ལས། དཔྱིད་འབྲིང་དུ་གསུངས་པ་དང་འགལ་ཞེས་པའི་ཚིག་འདི་ཁྱེད་ལྟ་བུའི་མཁས་པ་ལ་མི་འོས་པའི་རྣམ་པར་རྟོག་པ་ཆེན་པོ་སྟེ། དོན་ལ་རབ་འབྲིང་ཐའི་སྐད་དོད་རྒྱ་དཔེ་ལ་མེད་པས་དཔྱིད་ཟླ་འབྲིང་པོ་ཞེས་པའང་བོད་ཀྱི་ཐ་སྙད་ཙམ་ཡིན་པའི་ཕྱིར། ར་འབྲིང་གི་སྐད་དོད་མེད་པ་བདེན་ཡང་ནག་པ་ལ་སོགས་པའི་སྐད་དོད་ཡོད་དོ་ཞེ་ན། གླིང་བཅུ་གཉིས་པོ་གང་དུ་རྩིས་བྱེད་ཀྱང་འདས་ཟླ་བསྲེ་རྒྱུ་དེ་ནག་པའི་ཟླ་བ་ཡིན་པར་ཁས་བླངས་པ་ལ་འགལ་བ་ཅི་ཡང་མེད་དེ། དེའི་ཚེ་ནག་པས་ཉ་བ་གླིང་ཐམས་ཅད་དུ་གཅིག་པའི་ཕྱིར་རོ། །འོ་ན་རྒྱུད་འགྲེལ་ལས། དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་བྱེད་དོ། །ཞེས་སོགས་དུམ་བུ་རེ་རེར་ཉ་སྐར་ཐ་དད་དུ་གསུངས་པ་དང་འགལ་ཞེ་ན། དེ་ནི་ལྷོ་གླིང་དབུས་མར་དཔྱིད་ཟླ་ཐ་ཆུང་ལ་ས་གའི་ཟླ་བ་ཞེས་ཐ་སྙད་བྱེད་པ་དང་བསྟུན་གྱི། དེ་ལས་གཞན་དུ་དེའི་ཚེ་གླིང་གཞན་དུ་སྣྲོན་གྱི་ཉ་བ་ལ་སོགས་པ་མ་ཡིན་པའི་ཕྱིར་ཏེ། གལ་ཏེ་ཡིན་ན་ཟླ་བའི་རང་འགྲོས་ཀྱིས་ཉིན་ཞག་གཅིག་ལ་རྒྱུ་སྐར་གྱི་འཁོར་ལོ་འཁོར་དགོས་པར་ཐལ་བ་བཟློག་ཏུ་མེད་དོ། །གནོད་བྱེད་གཉིས་པ་དང་གསུམ་པའི་ལན་ནི་ལེའུ་དྲུག་པའི་དཀྱུས་ཀྱི་བཤད་པ་དང་སྐྱེས་ཁྱིམ་སྦྱོང་ཚུལ་ལ་དཔྱད་པ་སོགས་ཀྱིས་གོ་ནུས་པས་འདིར་རྒྱ་མི་བསྐྱེད་དོ། །གནོད་བྱེད་བཞི་པའི་ལན་ནི། རང་ཅག་རྣམས་གནས་པའི་བོད་འདི་ལྷོ་གླིང་དབུས་མ་ཡིན་པ་གཏན་ཚིགས་སུ་མི་རུང་སྟེ། དེ་བསྒྲུབ་བྱ་ཡིན་གྱི་སྒྲུབ་བྱེད་མ་ཡིན་པའི་ཕྱིར་དང་། ལྷོ་གླིང་དབུས་མའི་ཕྱེད་བྱང་མ་ལ་ཡུལ་དྲུག་གསུངས་པ་བཞིན་དུ་དེ་དང་ས་ཁྱོན་མཉམ་པའི་དུམ་བུ་བཅུ་གཉིས་པོ་ཐམས་ཅད་ལའང་སྦྱར་རུང་བའི་ཕྱིར་དང་། ཆུ་ཀར་ལ་བགྲོད་མཐའ་དང་། ལུག་སྲང་ལ་མཉམ་པར་བཤད་པ་དང་འགལ་ཟེར་བ་ཡང་ཁོ་བོ་ཅག་གི་ལུགས་ལ་ས་འདི་དེ་ལྟར་མི་འདོད་པས་མི་འགལ་བའི་ཕྱིར་ཏེ། དེ་བས་ན་མཁས་པ་ཁྱེད་ལྟ་བུ་ཡང་དོན་འདི་ལ་རྡུགས་ན། འདི་དག་ནི་བླུན་པོས་ཀྱང་རིག་པའི་མཚང་ཡིན་ནོ་ཞེས་གསུང་པ་ཡང་གསུང་པ་ཙམ་དུ་ཟད་དོ། །གཞན་ཡང་གྲུབ་མཐའི་རྩིས་དཔང་པོར་བྱས་ཏེ་གྲིབ་མའི་ངེས་པས་བཞག་པའི་མངོན་སུམ་དུ་གྱུར་པའི་གྲུབ་མཐའ་འདིར་མཁས་པ་དག་གིས་རྒོལ་བ་ལ་ལན་ཅུང་ཟད་སྨྲས་ལ། གཞན་མཁས་པར་རློམ་པ་མང་དག་གིས་རང་གི་དམ་བཅའ་རྟགས་སུ་བཀོད་ནས་རྒོལ་བའི་གཏམ་འགའ་ཞིག་སྣང་ཡང་། ཁོ་བོ་ཅག་ད་དུ་རས་མྱོས་པའི་སྐྱེ་བོ་དང་ལྷན་ཅིག་ཏུ་བགྲོ་བ་མི་བྱའོ། །ད་ནི་འཕྲོས་དོན་གསུང་རབ་གཞན་ལས་གསུངས་པའི་དུས་བཞིའི་ངེས་པ་ལ་ཅུང་ཟད་དཔྱད་པར་བྱ་སྟེ། ཕྱིས་ཀྱི་མཛོད་འཆད་པ་པོ་རྣམས་མགྲིན་གཅིག་ཏུ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ་ཉིན་མོ་ལྡོག །ཅེས་པ་འདིས་སྟོན་དཔྱིད་ཉིན་མཚན་ཆ་མཉམ་པ་དངོས་སུ་བསྟན་ནས་དབྱར་དགུན་གྱི་ཉི་ལྡོག་ཤུགས་ལ་བསྟན་པ་ཡིན་ཏེ། ཚིག་རྐང་དང་པོ་གཉིས་ཀྱིས་སྟོན་མཉམ་ལས་ཐུང་དུ་འགྱུར་བ་དང་། རྐང་པ་ཕྱི་མ་གཉིས་ཀྱིས་དཔྱིད་མཉམ་ལས་རིང་དུ་འགྱུར་བའི་མཚམས་སྟོན་བྱེད་ཀྱི་གཞུང་ཡིན་གྱི་བགྲོད་མཐའ་ལས་རིང་ཐུང་དུ་འགྱུར་བའི་ཚིགས་སྟོན་བྱེད་མ་ཡིན་ཏེ། ཇི་ལྟར་ན་མར་ངོ་སྔོན་འགྲོའི་འགོ་ཅན་ནས་ལོ་འགོ་བཟུང་ནས་དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དབྱར་ཟླ་གཉིས་པ་སྟོན་ར་ཧོར་ཟླ་བརྒྱད་པ་ལ་སྟོན་མཉམ་དང་། དགུན་ཟླ་བཞི་པ་དཔྱིད་ར་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ལ་དཔྱིད་ཉིན་མཚན་མཉམ་པ་ཡིན་ཟེར་རོ། །དེ་མི་འཐད་དེ། གདགས་པ་དང་གཞག་པ་ལས། དཔྱིད་ཟླ་ར་བའི་ཡར་གྱི་ངོའི་ཚེས་བརྒྱད་ལ་མཚན་མོ་ནི་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ། །ཚེས་དགུ་ཕན་ཆད་ནི་མཚན་མོ་ནི་འབྲིད། ཉིན་མོ་ནི་སྐྱེ་སྟེ། ཞེས་དང་། དེར་མ་ཟད་རྒྱལ་སྲས་མ་ལས་ཀྱང་། སྟོན་ར་ཡར་ངོའི་ཚེས་བརྒྱད་ཀྱི་ཉིན་ཡུད་ཙམ་བཅོ་བརྒྱད། མཚན་བཅུ་གཉིས་ཡོད་པར་བཤད་གསུངས། དེ་ལྟར་ན་དེ་དག་དང་རགས་པ་ཙམ་ཡང་མ་འགྲིག་སྟེ་བགྲོད་མཐའ་གཉིས་དང་མཉམ་པ་གཉིས་གོ་ལོག་པའི་ཕྱིར་རོ། །འོ་ན་འཐད་ཕྱོགས་གང་ཞེ་ན། དུས་ཚིགས་ལ་གསུམ་དུ་བྱས་པའི་དབྱར་ཟླ་བཞིའི་ནང་ནས་དབྱར་ཟླ་གཉིས་པའི་ཐ་མ་ལ་དབྱར་ཉི་དང་། དགུན་ཟླ་བཞིའི་ནང་ནས་ཟླ་བ་བཞི་པའི་ཐ་མ་ལ་དགུན་ཉི་ལྡོག་པ་དང་། ཐ་མའི་དོན་ཡང་འགྲེལ་བཤད་རྣམས་ཀྱི་མར་ངོ་སྔོན་འགྲོའི་དབང་དུ་བྱས་ཏེ་ཟླ་བ་དེའི་ཕྱོགས་ཐ་མ་ཡར་ངོ་ལ་མཛད་པ་ལྟར་ཤེས་པར་བྱས་ནས། ཟླ་བ་སོ་སོ་དང་སྦྱོར་བའི་ཚེ་དེང་སང་བ་རྣམས་དང་བསྟུན་ན་སྨིན་དྲུག་མའི་ཕྱེད་ཕྱི་མ་མགོ་ཟླ་ནས་ལོ་འགོ་བཟུང་ནས་དཔྱིད་ར་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ལ་དགུན་ཉི་དང་། སྟོན་ར་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ལ་དབྱར་ཉི་ལྡོག་པར་བཞེད་པ་ཡིན་ཏེ། རྒྱལ་པོའི་སྲས་ཀྱིས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །ཞེས་བྱ་བ་ལ་དབྱར་གྱི་ཟླ་བ་ནི། དབྱར་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ཐ་ཆུང་ཉའི་བར་བཞི་ཡིན་ལ་ཟླ་བ་ཐམས་ཅད་ནི་མར་གྱི་ངོ་སྔ་སྟེ། དེ་ལ་སྟོན་ཟླ་ར་བ་ཡར་གྱི་ཚེས་དགུ་ནས་མཚན་མོ་རིང་བར་འགྱུར་རོ། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུར་འགྱུར་རོ། །ཞེས་བྱ་བ་ལ་དགུན་གྱི་ཟླ་བ་ནི་སྟོན་ཟླ་ཐ་ཆུང་གི་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་བཞི་ཡིན་ཏེ། དེ་ལ་དཔྱིད་ཟླ་ར་བ་ཡར་གྱི་ཚེས་དགུ་ནས་མཚན་མོ་ཐུང་ངུར་འགྱུར་རོ། །ཞེས་དང་། རང་འགྲེལ་དཔལ་བརྩེགས་འགྱུར་ལས། ཉི་མའི་འགྲོས་ཀྱི་བྱེ་བྲག་ལས་འདི་ན་ཉིན་མོ་དང་མཚན་མོ་རྣམས་རིང་ཐུང་དུ་འགྱུར་ཏེ། དེ་ལ་དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དབྱར་རྣམས་ཀྱི་ཟླ་བ་གཉིས་པ་སྟོན་ཟླ་ར་བ་ཡར་གྱི་ཚེས་དགུ་ནས་མཚན་མོ་རིང་ངོ་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ། །དེ་བཞིན་དུ་དགུན་རྣམས་ཀྱི་ཟླ་བ་བཞི་པའི་ཐ་མའི་ཚེས་དགུ་ནས་ཐུང་ངུར་འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། དཔྱིད་ཟླ་ར་བ་ཡར་ངོའི་ཚེས་དགུ་ནས་སོ། །ཞེས་སོགས་གསུངས་པས་སོ། །འདིར་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་དག་གི་གསུང་ལས། གཞོན། འདི་དཔལ་བརྩེགས་ཀྱི་འགྱུར་ནོར་བ་ཡིན་ཏེ། དྭི་ཏཱི་ཡ་ཞེས་པ་ལན་གཉིས་འབྱུང་བ་ལ་ཕྱི་མ་མ་བསྒྱུར་བར་ལུས་པས་སོ་ཞེས་གསུངས་ཀྱང་། ཞ་ལུ་ལོ་ཆེན་གྱི་ཞལ་ནས། དཔལ་བརྩེགས་ཀྱི་འགྱུར་ནོར་བ་མ་ཡིན་ཏེ། དྭི་ཏཱི་ཡ་སྱ་པཀྵ་སྱ། ཞེས་པ་གཉིས་པའི་ཕྱོགས་ཀྱི་ཞེས་པར་དངོས་བསྟན་དུ་འགྱུར་བ་ལས། འདིར་མར་ངོ་སྔོན་འགྲོའི་དབང་གི་ཕྱོགས་གཉིས་པ་ཡོངས་གྲགས་ཀྱི་ཡར་ངོ་ཡིན་པས་དེའི་དོན་འགྱུར་མཛད་ནས། ཡར་ངོའི་ཚེས་དགུ་ནས་ཞེས་བསྒྱུར་བར་སྣང་ལ། དེ་ལྟར་མིན་ན་པཀྵ་སྱ་ཞེས་པ་ཡང་མ་འགྱུར་བས་སོ་གསུང་། དེ་ལྟར་ན་གདགས་པའི་ལུགས་འདི་ལ་དཔེ་ཁ་ཅིག་ཏུ། དཔྱིད་ཟླ་ར་བ་ཡར་ངོའི་ཞེས་པ་ལ་དགུན་ཟླ་ཐ་ཆུང་ཞེས་དང་། ཕྱོགས་གླང་དང་། འདུས་བཟང་དང་། རྒྱལ་སྲས་མ་སོགས་ལས་ཀྱང་དཔྱིད་ར་ལ་དགུན་ཐ་དང་། སྟོན་ར་ལ་དབྱར་ཐ་ཞེས་མི་གཅིག་པ་འགའ་རེ་སྣང་ཡང་། རང་འགྲེལ་རྒྱ་དཔེར། དཔྱིད་ཟླ་ར་བའི་སྐད་དོད་དུ་ཕཱལྒུ་ན་ཞེས་པ་དབོའི་སྐད་དོད་དང་། སྟོན་ཟླ་ར་བ་ཞེས་པ་ལ། བྷཱ་དྲ་པ་ད་ཞེས་པ་ཁྲུམས་ཀྱི་སྐད་དོད་ཡོད་པས་དགུན་ཐ་དང་དབྱར་ཐ་ཞེས་པ་རྣམས་སོ་སོའི་ཞེ་འདོད་ལས་སྔོན་གྱི་བཀས་བཅད་ཆེན་པོ་རྣམས་ལ་མ་བརྩིས་པར་བསྒྱུར་བའོ། །ཡང་མཁས་པ་དག །རྒྱ་དཔེར། ཨ་ཧ་ཏི་བ་པར་ཡཱ་ཏ་ཞེས་པའི་ཨ་ཧ་ཉིན་མོའི་དུས་ཀྱི་སྐད་དོད་ཡིན་གྱི། ཉི་མའི་སྐད་དོད་མ་ཡིན་པས་ཉི་མ་ལྡོག་པའི་གཞུང་དུ་འཆད་པ་ནོར་གསུང་ཡང་སྐྱོན་མེད་དེ། དབྱར་ཉི་ལོག་ནས་མཚན་རིང་དུ་འགྱུར་བ་བཞིན་དུ་དགུན་ཉི་ལོག་ནས་མཚན་མོ་ཐུང་ངུར་འགྱུར་ཞིང་། ཉིན་མོ་ནི་དེ་ལས་གོ་ལྡོག་སྟེ་རིང་ངུ་འགྱུར་རོ། །ཞེས་པའི་དོན་ནོ། །དེ་ལྟར་དཔྱིད་སྟོན་ར་བ་ལ་ལྡོག་གཉིས་ཀྱི་ཚིགས་བྱེད་པ་དེ་ནི། ད་ལྟའི་མཁས་པ་ཕལ་ཆེ་བའི་ལོ་འགོ་འཛིན་ཚུལ་དང་བསྟུན་ཏེ་ལུང་དེ་རྣམས་དང་སྦྱར་ནས་བཤད་པ་ཡིན་མོད། འོན་ཀྱང་ཚངས་ཐིག་གི་ཉི་ལྡོག་ལས་ཀྱང་ནུབ་ཏུ་ཆེས་རིང་བས་དོན་ལ་ཅུང་ཟད་མི་འཚམས་པར་སྣང་མོད་ཀྱི། དེས་ན་ཞལ་ལུང་མཁན་པོས་བཤད་པ་ལྟར། ར་བ་འབྲིང་ཐ་རྣམས་རེ་རེ་སྔ་བསྣུར་ཏེ་ཧོར་ཟླ་དགུ་པ་ཐ་སྐར་ཅན་སྟོན་ཟླ་ཐ་ཆུང་དུ་བྱས་ནས་དེའི་ཕྱེད་ཕྱི་མ་ནས་དགུན་རར་བྱས་ཏེ་ལོ་འགོ་བཟུང་ན། ཧོར་ཟླ་དང་པོའི་ཚེས་བརྒྱད་ལ་དགུན་ཉི་དང་། ཧོར་ཟླ་བདུན་པའི་ཚེས་བརྒྱད་ལ་དབྱར་ཉི་ལྡོག་པར་འགྱུར་བས། ཉི་སྙིང་ལས། ཟླ་རངས་ཉ་ཚེས་ཐ་སྐར་ཡིན། །སྟོན་ཟླ་འབྲིང་པོའི་ངོ་ལ་ནི། །ལོ་སྐོར་བདག་གིས་བརྗོད་པར་བྱ། །ཟླ་བ་བཅུ་གཉིས་བཤད་པ་ཡིན། །ཞེས་དང་། མདོ་དེ་ལས། མཆུ་ནི་ཟླ་བ་རབ་རྫོགས་བྱེད། །དགུན་ཟླ་ཐ་ཆུང་རང་བཞིན་ཡང་། །མཐར་གྱིས་ཀྱང་ནི་བརྗོད་པར་བྱ། །ལྷོ་ཡི་ཕྱོགས་སུ་ཕྱིན་ནས་ཀྱང་། །ཉི་མ་ཡོངས་སུ་འཁོར་བར་བྱེད། །མཚན་མོ་བཅོ་བརྒྱད་ཤེས་པར་གྱིས། །ཉིན་བར་ཡང་ནི་བཅུ་གཉིས་ཡིན། །ཞེས་ལུགས་སྔ་ཕྱིས་ལོ་འགོ་འཛིན་ཚུལ་དང་ཉི་ལྡོག་གི་ཚིགས་རྣམས་ཟླ་བའི་ར་འབྲིང་གི་ཐ་སྙད་མ་མཐུན་ཡང་ཟླ་བའི་ངོ་བོ་ལ་འཁྲུལ་པ་མེད་པས་འགྲིག་ལ། དེ་ལྟར་ན་འགྲེལ་པར་དགུན་ཐ་དང་དབྱར་ཐར་བསྒྱུར་བ་རྣམས་སྒྲ་འགྱུར་གྱི་ངོས་ནས་སྔར་བཤད་པ་ལྟར་བཀས་བཅད་རྣམས་དང་མ་མཐུན་པས་མི་ལེགས་ཀྱང་། དོན་འགྱུར་ལ་འཚམས་པར་སྣང་ངོ་། །ཡང་། ཉ་ཚེས་དབྱུག་པ་གང་ཡིན་པ། །དེ་ནི་སྟོན་ཟླ་ཐ་ཆུང་ཡིན། །ཞེས་པའི་ལུང་འདི་ཁ་ཅིག་ཁུངས་མ་མ་ཡིན་པར་འདོད། བོད་སྔ་མ་མང་དག །རྒྱ་གར་གྱི་གསུང་རབ་ལ་དེ་ལྟ་བུའི་རྣམ་གཞག་བྱས་པ་ཡོད་ཅེས་ཟེར་ཏེ། དེ་ལྟར་བདེན་ན་འདིའི་ལུང་རྒྱབ་ཏུ་འགྲོ་མོད། འོན་ཀྱང་འདི་དག་རྒྱ་དཔེ་རྙེད་ན་ཤེས་ཀྱི། ལོ་ཙཱ་བའི་ཞེ་འདོད་ཀྱི་ཕྱོགས་བཟུང་སྟེ་བསྒྱུར་བ་ལ་མ་ངེས་སོ། །ཉི་སྙིང་གི་ལུང་དོན་འཆད་པ་ན་བར་སྐབས་ཀྱི་མཁས་པ་དག་ན་རེ། སྐྱིད་འཇམ། འདི་དག་སྔོན་ཚེ་ལོ་དཔག་མེད་ཀྱི་དུས་ཉི་ཟླ་གཟའ་སྐར་གསུམ་གྱི་འགྲོས་རྩོམ་མ་ཐག་བཤོལ་གཏན་ནས་མ་ཞུགས་པའི་དབང་དུ་བྱས་ནས་གསུངས་པ་ཡིན་གྱི། ད་ལྟར་གྱི་གནས་སྐབས་སུ་སྒྲ་ཇི་བཞིན་པར་ཁས་བླང་དུ་མི་རུང་སྟེ། དགུན་ཟླ་ཐ་ཆུང་མཆུའི་ཟླ་བ་ལ་དགུན་ཉི་ལྡོག་པ་དང་། དབྱར་ཟླ་ཐ་ཆུང་གྲོ་བཞིན་གྱི་ཟླ་བ་ལ་དབྱར་ཉི་ལྡོག་པ་མི་སྲིད་པའི་ཕྱིར་རོ། །ཞེས་ཟེར་བ་ནི་རང་གིས་ཇི་བཞིན་པ་འཆད་མ་ནུས་པའི་འཁྱོག་བཤད་དེ། སྐབས་དེར་བཤོལ་མ་ཞུགས་སུ་ཆུག་ཀྱང་ཕྱིས་ནས་བཤོལ་འབྱུང་བ་དྲང་སྲོང་རྔ་བོང་གིས་མི་ཤེས་མི་སྲིད་པས་དེའི་ངེས་པ་བཞག་རིགས་པའི་ཕྱིར་དང་། གཞན་ཡང་ཟླ་བཤོལ་ལོངས་པའི་མཚམས་དེར་དོར་བར་བྱ་ཡི། དེའི་ཉེས་པ་རྒྱ་འབྱམས་ནས་ནམ་ཞིག་གི་ཚེ་དུས་རྟག་ཏུ་ཟླ་བའི་ཁྱད་ཞུགས་པ་སྲིད་སྙམ་པའི་དོགས་པ་འདི་ཞག་གསུམ་གྱི་བར་ཁྱད་རགས་པ་ཙམ་ཡང་ངེས་པའི་གཏམ་ཡིན་ལ། གལ་ཏེ་དེ་ལྟ་བུའི་ཉེས་པ་གསོག་པ་བདེན་ན་བུ་སྟོན་རིན་པོ་ཆེས་ཉི་ལྡོག་སྔ་རུ་སོང་གསུང་བ་ཡང་ཅིས་དགག་སྟེ་ཐུགས་ཁག་མེད་དོ། །དེས་ན་འདི་དག་གི་འཁྲུལ་གཞིའི་རྩ་བ་ནི་མཛོད་དང་ཉི་སྙིང་སོགས་ཀྱི་ཉི་ལྡོག་དང་། ས་འདིའི་ཉི་ལྡོག་གི་དུས་ཚིགས་གཅིག་ཏུ་བཟུང་བས་ནོངས་སོ། །ཡང་རང་ཅག་རྣམས་འདུལ་བའི་ལོ་འགོ་མར་ངོ་སྔོན་འགྲོའི་འགོ་ཅན་ནས་འཛིན་པའི་ལུགས་འདི་ལ། པཎ་ཆེན་ཤཱཀ་མཆོག་པས་ལས་བརྒྱའི་འགྲེལ་པར། བར་གྱི་འདུལ་འཛིན་མང་པོ་དག་ཞལ་འཆམ་པར་འདུལ་བའི་ལུགས་ཀྱི་སྨིན་དྲུག་ཟླ་བའི་ཡར་ངོ་སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔས་ལོ་སྔ་མ་རྫོགས་པ་ཡིན་པས་དེའི་ཚེས་བཅུ་དྲུག་ནས་ལོ་གསར་པས་ལོ་འགོ་དེ་ནས་འཛིན་པ་ཡིན་ཏེ། མདོ་སྡེ་ཉི་མའི་སྙིང་པོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཅེས་གསུངས་པའི་ཕྱིར། ཞེས་གསུངས་སོ། །དེ་ནི་མི་རིགས་ཏེ། བསྒྲུབ་བྱ་དེ་དོན་ལ་གནས་སུ་ཆུག་ཀྱང་དེའི་ཤེས་བྱེད་དུ་འདུལ་བའི་བཀའ་བསྟན་བཅོས་གང་ནས་ཀྱང་ཁྱོད་ཀྱིས་ལུང་མ་འདྲོངས་པའི་ཕྱིར་དང་། མདོ་སྡེའི་ལུང་དེའི་དོན་སྨིན་དྲུག་གི་ཉ་བའི་ཕྱི་ཉིན་ནས་ལོ་འགོ་འཛིན་པ་མིན་པར་མདོ་དེ་ཉིད་ནས་གསལ་བར་ཡོད་པ་ལ་ཁྱེད་ཅག་གིས་ནི་གཞན་གྱི་ཚིག་ཕྱིར་འབྲངས་པ་ཙམ་དུ་སྣང་གིམདོ་དེ་ཉིད་ཇི་བཞིན་མ་གཟིགས་པར་སྣང་བའི་ཕྱིར་དང་། མདོ་དེའི་དོན་ཁྱེད་ཀྱིས་བཤད་པ་ལྟར་ཡིན་དུ་ཆུག་ཀྱང་འདུལ་བའི་ལུགས་ཀྱི་དེའམ་དེའི་ཤེས་བྱེད་དུ་འགྲེལ་པ་གང་ཡང་མེད་པའི་ཕྱིར། ཞེས་དོ་གལ་གྱི་སྒོ་ནས་དགག་པར་བྱེད་དོ། །དེ་ལ་ཐོག་མར་ཁྱེད་ཀྱིས་ཉི་སྙིང་གི་ལུང་དེ་དྲངས་པ་མཐོང་བ་ན་སྨིན་དྲུག་ཅན་གྱི་ཕྱེད་ཕྱི་མ་ནས་ལོ་འགོ་འཛིན་པ་འདི་ཉི་མའི་སྙིང་པོའི་རྗེས་སུ་འབྲངས་ནས་སྨྲས་སོ་སྙམ་དུ་འཁྲུལ་པ་ལས་ཕྱོགས་སྔ་མའི་དཔེ་ཚར་གཅིག་ཀྱང་མ་བཀླགས་པར་ཧམ་ཤུལ་གྱིས་དགག་པ་མཛད་པར་མངོན་ཏེ། ཁོ་བོ་ཅག་སྨིན་དྲུག་གི་ཕྱེད་ཕྱི་མ་ནས་ལོ་འགོ་འཛིན་པའི་ཕྱོགས་དེ་ནི་ཉི་སྙིང་གི་ལུགས་སུ་མི་འདོད་པའི་ཕྱིར་རོ། །འོ་ན་གང་གི་ལུགས་ཡིན་ཞེ་ན། མདོ་རྩར། དེ་དག་ནི་ལྔའོ། །དགུན་གྱི་དུས་དང་། ཞེས་སོགས་དང་། ཚིག་ལེར། དགུན་དུས་དང་ནི་དཔྱིད་ཀ་ཉིད། །ཅེས་གསུངས་པས་འདུལ་བ་པ་རྣམས་དགུན་ནས་འཛིན་ལ། དེའང་ར་བ་ནས་འཛིན་དགོས་ཏེ། དགེ་སློང་གི་ལོ་དྲིར། དུས་དུ་ཡོད་ཅེ་ན། ལྔའོ། །ལྔ་པོ་གང་ཞེ་ན། དགུན་དང་། སོ་ག་དང་། དབྱར་དང་། དབྱར་ཐུང་ངུ་དང་། དབྱར་རིང་པོ་ཞེས་བྱའོ། །དེ་ལ་དགུན་གྱི་དུས་ཅི་ཙམ་ཞེ་ན། ཟླ་བ་བཞིའོ། །བཞི་གང་ཞེ་ན། དགུན་ཟླ་ར་བ་དང་། དགུན་ཟླ་འབྲིང་པོ་དང་། ཞེས་སོགས་གསུངས་པ་དང་། རྒྱ་ཆེར་འགྲེལ་ལས། སྟོན་ཟླ་ཐ་ཆུང་གི་ཉ་ནས་དགུན་ཟླ་འབྲིང་པོའི་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་གྱི་དུས་སོ། །དགུན་ཟླ་འབྲིང་པོའི་ཉ་ནས་དཔྱིད་ཟླ་ར་བའི་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་སྨད་ཀྱི་དུས་ཚིགས་སོ། །ཞེས་གསུངས་པས་སོ། །དེ་ལྟར་ལོ་འགོ་སྟོན་ཟླ་ཐ་ཆུང་གི་ཕྱེད་ཕྱི་མའི་དགུན་ར་ནས་འཛིན་པ་གཞིར་བཞག་ནས་སྟོན་ཟླ་ཐ་ཆུང་དེ་གང་ལ་ངོས་འཛིན་ཞེ་ན། དེ་འཆད་པ་ལ་ཉི་སྙིང་གིབདག་གི་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདིར་ནི་རབ་ཏུ་བརྗོད་པ་ཡིན། །ཞེས་པའི་ལུང་འདི་དྲངས་པ་ཡིན་གྱི། ལུང་དེ་ཉིད་ཉི་སྙིང་རང་གི་ལོ་འགོ་དང་འདུལ་བའི་ལོ་འགོ་སྟོན་པའི་ཁུངས་སུ་དྲངས་པ་མ་ཡིན་པས་ལེགས་པར་བརྟག་ནས་གསུང་བར་མཛོད་ཅིག་གུ། ཡང་རྒྱ་རྩིས་པ་རྣམས། དཔྱིད་ཟླ་ར་བ་ལ་དགུན་ཉི་ལྡོག་པར་འདོད་ཀྱང་། ཟླ་བའི་ངོས་འཛིན་གསུང་རབ་སྤྱི་དང་མི་མཐུན་པས་ཧོར་ཟླ་བཅུ་གཅིག་པ་ལ་དཔྱིད་རར་བྱེད་ལ། ཚེས་གྲངས་ནི། འབྱུང་བ་ཐེམ་ཡིག་ལས། ཚེས་བརྒྱད་དང་། དེ་ལ་མ་ལྡོག་ན་བཅོ་བརྒྱད་ལ་ལྡོག་པ་སོགས་རྒྱ་རྩིས་ཀྱི་གཞུང་རྣམས་སུ་མི་མཐུན་པ་དུ་མ་སྣང་ཡང་། ཆོས་རྗེ་བསོད་ནམས་ཚེ་འཛིན་ན་རེ། དཔྱིད་ཟླ་ར་བའི་བཅུ་གསུམ་ལ། །ཉི་མའི་རླུང་ལ་ཞོན་ནས་ནི། །གཟའ་ནི་ཕུར་བུས་སྣ་དྲངས་ཏེ། །ཞེས་གསུངས་པས་སྔར་གྱི་སྒང་ཚད་རྣམས་ལ་ཆུ་ཚོད་བཅོ་བརྒྱད་རེ་བསྣན་པ་ཁྱིམ་ཞག་བཅུ་གཉིས་པ་ལ་ཉི་མ་ལྡོག །བཅུ་གསུམ་ནས་ས་བདག་རྣམས་གཞུང་ནས་བཤད་པ་བཞིན་བསྐྱས་འགོ་ཟུག་པ་ཡིན་ཏེ། རྒྱ་ནག་ཁྲིམས་རྩིས་ཀྱི་ལི་ཐུ་པར་མ་ལས་དེ་ལྟར་འབྱུང་ཟེར་རོ། །ཕུག་པ་ཀུན་དགའ་དཔལ་བ་ན་རེ། དབྱར་དགུན་ཉི་ལྡོག་དུས་ཚིགས་ངེས་པ་རྣམས། །མདོ་སྡེ་འདུལ་མཛོད་རྒྱ་ནག་རྩིས་གཞུང་དང་། །དཔལ་ལྡན་དུས་ཀྱི་འཁོར་ལོའི་གྲུབ་རྩིས་རྣམས། །ཐམས་ཅད་ཐུན་མོང་ལུང་དོན་མངོན་སུམ་ཡིན། །ཞེས་ཟེར་མོད་ཀྱི། འདུལ་མཛོད་སོགས་དང་ལུགས་གཅིག་ཏུ་འདོད་པ་སྔར་བཀག་ཟིན་ལ། འོན་ཀྱང་ས་འདིའི་ལྡོག་ཚིགས་ཁྱིམ་ཞག་བརྒྱད་པ་དང་། རྒྱ་རྩིས་པའི་ལུགས་མཐུན་པར་བྱས་པ་ཆོས་རྗེ་ཕྲིན་ལས་པའི་བཞེད་པའང་ཡིན་ཏེ། ད་ལྟའི་བར་དུ་ལག་ལེན་གསལ་བར་བཞུགས་སོ། །དེ་ལྟ་ནའང་རྒྱ་ནག་དང་བོད་གཉིས་ཀའི་སྡོད་སྟབས་ཀྱིས་བོད་ཀྱི་ལྡོག་ཚིགས་ལས། རྒྱ་རྩིས་པ་སྔ་བ་འོང་ཐང་པས་བཞེད་པ་འདི་དག་ད་དུང་དཔྱད་པར་བྱ་ཞིང་། འོན་ཀྱང་ད་ལྟའི་ལག་ལེན་གྱི་རྒྱུན་འདི་ལ་ནི་འགལ་བ་མེད་དེ། བོད་ཀྱི་ཉི་ལྡོག་དང་བསྟུན་ནས་མཛད་པར་མངོན་པའི་ཕྱིར་རོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། དུས་བཞིའི་ངོས་འཛིན་བཤད་པའི་སྐབས་ཏེ་བཅུ་བཞི་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་བཅོ་ལྔ་པས་དུས་སྦྱོར་བཤད་པ།

ད་ནི་སྐབས་བཅོ་ལྔ་པས་དུས་སྦྱོར་བཤད་པ་ལ་གཉིས་ཏེ། ཁྱིམ་སོ་སོ་དང་སྦྱར་ཏེ་དུས་སྦྱོར་གྱི་ཆོ་ག་བསྟན་པ་དང་། དུམ་བུ་དྲུག་གི་དུས་སྦྱོར་བསྟན་པའོ། །དང་པོ་ལའང་གཉིས་ཏེ། རགས་པའི་དུས་སྦྱོར་གྱི་རྩིས་དང་། ཕྲ་བའི་དུས་སྦྱོར་གྱི་རྩིས་སོ། །དང་པོ་ལ་གཉིས་ཏེ། ཁྱིམ་སོ་སོའི་ཉིན་མཚན་གྱི་ཚད་བསྟན་པ། འདས་ཁྱིམ་འདས་ཞག་འཕེལ་འགྲིབ་དང་བཅས་བརྟག་པའོ། །དང་པོ་ལའང་བསྟན་བཤད་གཉིས་ལས་དང་པོ་ནི། ལོ་རེ་ལ་ཉི་མ་ལྷོར་བགྲོད་པ་དང་། བྱང་དུ་བགྲོད་པ་གཉིས་དང་ལྡན་པས། ཞག་རེ་བཞིན་ལྷོ་བགྲོད་ལ་མཚན་མོ་འཕེལ་ཞིང་ཉིན་མོ་འགྲིབ་པ་དང་། བྱང་བགྲོད་ལ་མཚན་མོ་འགྲིབ་ཅིང་ཉིན་མོ་འཕེལ་བར་འགྱུར་བའི་ཕྱིར་ཐོག་མར་ཉིན་མཚན་གྱི་འཕེལ་འགྲིབ་བཤད་པར་བྱ་ཞེས་ཁས་བླངས་པའི་སྒོ་ནས་མདོར་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། ཡུལ་དྲུག་གི་འཕེལ་འགྲིབ་སྤྱིར་བཤད་པ། ས་འདིའི་འཕེལ་འགྲིབ་བྱེ་བྲག་ཏུ་བཤད་པ། དེ་ལ་བརྟེན་ནས་ས་འདིར་འོས་པའི་ཉིན་མཚན་གྱི་ཚད་བཤད་པའོ། །དང་པོ་ནི། སྔར་བཤད་པ་ལྟར་ལྷོ་གླིང་དབུས་མའི་ཕྱེད་བྱང་མ་ལ་ཆ་མཉམ་པའི་ཡུལ་དྲུག་ཏུ་ཕྱེ་བ་བཞིན། དུམ་བུ་ལྷག་མ་བཅུ་གཅིག་པོ་རྣམས་ལ་ཡང་དེ་དང་ཁྱོན་མཚུངས་པའི་ཡུལ་དྲུག་གི་རྣམ་གཞག་བྱས་ཏེ། ལྷོ་གླིང་དབུས་མའི་དབུས་དྲང་པོར་ཉི་མའི་བགྲོད་པའི་དབང་གིས་ཉིན་མཚན་རིང་ཐུང་མི་འདྲ་བར་འགྱུར་བ་ལྟར་དུམ་བུ་གཞན་རྣམས་ཀྱིའང་དེ་དག་དང་ཁྱོན་མཚུངས་པའི་ས་རྣམས་སུ་ཡང་ཉིན་མཚན་རིང་ཐུང་ཤེས་པར་བྱའོ། །དེ་ཡང་འགྲེལ་ཆེན་ལས། ཀཻ་ལ་ཤའི་བྱང་གི་ཆ་ཁ་བ་ཅན་གྱི་བར་དུ་སྟེ། ཉིན་ཞག་སོ་སོ་ལ་དབུགས་བཞི་དང་། ཆུ་སྲང་གསུམ་བགྲོད་པའི་ཡན་ལག་གིས་འཕེལ་ཞིང་འགྲིབ་བོ། །ཞེས་དང་། ཉིན་ཞག་སོ་སོ་ལ་ཉིན་མོ་དང་མཚན་མོ་འཕེལ་བའམ་འགྲིབ་པ་ནི་དབུགས་གཉིས་དང་ཆུ་སྲང་གསུམ་མོ། །ཚད་འདི་ནི་ཀཻ་ལ་ཤའི་དུམ་བུ་ལ་ཡིན་གྱི། འཕགས་པའི་ཡུལ་ལ་སོགས་པར་མ་ཡིན་ནོ། །འཕགས་པའི་ཡུལ་དུའང་ཉིན་མཚན་སོ་སོ་ལ་ཆུ་སྲང་གཉིས་འཕེལ་བའམ་འགྲིབ་པར་རིག་པར་བྱ་སྟེ། ཞེས་ཀཻ་ལ་ཤའི་ལྷོ་བྱང་དང་འཕགས་ཡུལ་གྱི་འཕེལ་འགྲིབ་དངོས་སུ་གསུངས་པས་གཞན་རྣམས་ཤུགས་ལ་ཤེས་པར་འགྱུར་བ། འདི་ལྟར་ཆུ་སྲང་གསུམ་དང་དབུགས་རྒྱ་མཚོ་སྟེ་བཞི་ནི་གངས་ལྡན་ཡུལ་གྱི་འཕེལ་འགྲིབ་ཀྱི་ཚད་ཡིན་ལ། དེ་ལས་རིམ་བཞིན་དབུགས་གཉིས་གཉིས་དམན་པས་སོ་སོའི་འཕེལ་འགྲིབ་ཀྱི་ཚད་དུ་འགྱུར་ཏེ། ཡུལ་སོ་སོའི་འཕེལ་འགྲིབ་ཀྱི་ཚད་ལ་དབུགས་གཉིས་གཉིས་སུ་ངེས་པའི་ཕྱིར་རོ། །དེ་ལྟར་ན་གངས་ལྡན་གྱི་ཚད་དེ་ལས་དབུགས་གཉིས་ཕྲི་བས། ཆུ་སྲང་གསུམ་དང་། དབུགས་གཉིས་ཀྱིས་ཤམྦྷ་ལར་འཕེལ་འགྲིབ་བྱེད་དོ། །དེ་བཞིན་དུ་དབུགས་གཉིས་རེ་ཕྲི་བས། རྒྱ་ནག་ཏུ་ཆུ་སྲང་གསུམ་དང་། ལི་ཡུལ་དུ་ཆུ་སྲང་གཉིས་དང་དབུགས་བཞི། བོད་དུ་ཆུ་སྲང་གཉིས་དང་དབུགས་གཉིས། འཕགས་ཡུལ་དུ་ཆུ་སྲང་གཉིས་རྣམས་ཀྱིས་ཉིན་མོའམ་མཚན་མོ་འཕེལ་བའམ་འགྲིབ་པའི་རྣམ་གཞག་མ་འདྲེས་པ་ལེགས་པར་རྟོགས་པར་འགྱུར་རོ། །གཉིས་པ་ནི། དེས་ན་བོད་འདིར་སོགས་དང་ཚད་དེའི་གནས་གཉིས་ཀ་སུམ་ཅུས་བསྒྱུར་ནས་དྲིལ་བས། ཟླ་བ་རེའི་འཕེལ་འགྲིབ་ཀྱི་ཆ་གཟུགས་དབྱུག་སྟེ་ཆུ་ཚོད་གཅིག་དང་། ཆུ་སྲང་ཕྱོགས་ཏེ་བཅུའོ། །གསུམ་པ་ནི། འཕེལ་འགྲིབ་བྱེད་པ་ཞེས་སོགས་ཏེ། ཉི་བར་ཉ་དང་བུ་མོའི་ཁྱིམ་ན་གནས་པའི་ཚེ་ཉིན་མཚན་ཆུ་ཚོད་སུམ་ཅུར་མཉམ་ལ། དེ་ནས་ཟླ་བ་རེའི་འཕེལ་འགྲིབ་ཀྱི་ཚད་ཆུ་ཚོད་གཅིག་དང་སྲང་བཅུ་པོ་དེས་ཉའི་ཚད་སུམ་ཅུ་ལ་ཕྲི་༼བསྣན་༽བས་ཆུ་ཚོད་གཟུགས་མེ་སོགས་ལུག་སེང་གི་ཚད་འཆར། དེ་བཞིན་སྔ་མ་སྔ་མ་ལ་བསྣན་པས་ཆུ་ཚོད་སོ་གཉིས་སོགས་གླང་དང་ཀརྐ་ཊ་དང་འཁྲིག་པའི་ཉིན་ཚད་ཀྱི་བར་དུ་འཆར་བ་ཡིན་ནོ། །ཡང་བུ་མོའི་ཚད་སུམ་ཅུ་ལ་ཟླ་རེའི་འཕེལ་འགྲིབ་ཀྱི་ཚད་ཀྱིས་ཕྲི་བས། ཆུ་ཚོད་ཀླུ་ལག་སོགས་བུམ་སྲང་གི་ཉིན་ཚད་དང་། དེ་བཞིན་དུ་རིམ་པར་ཕྲི་བས་ཆུ་ཚོད་འཁོར་ལོ་སོགས་ཆུ་སྡིག་གཞུ་རྣམས་ཀྱི་ཉིན་ཚད་འཆར་ལ། ཉིན་ཚད་དེ་རྣམས་ཀྱི་ཞག་གི་ཚད་ཆུ་ཚོད་མཁའ་རོར་ཕྲི་བའི་ལྷག་མ་ནི་སོ་སོའི་ཚད་དུ་འགྱུར་ཏེ། ཉིན་ཞག་ཕྲུགས་གཅིག་ལ་ཆུ་ཚོད་དྲུག་ཅུ་རེར་ངེས་པའི་ཕྱིར་རོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ནས་འདས་པའི་སོགས་སོ། །གཉིས་པ་ལ་བཞི་སྟེ། ཁྱིམ་ཟླ་ཇི་ཙམ་འདས་བརྟག་པ། ཁྱིམ་ད་ལྟར་བའི་སྟེང་ནས་ཞག་ཇི་ཙམ་འདས་བརྟག་པ། བགྲོད་པའི་འཕེལ་འགྲིབ་ཀྱི་མཚམས་བཟུང་བ། རྩི་བཞིན་པའི་ཞག་དེའི་ཉིན་མཚན་གྱི་ཚད་བཤད་པའོ། །དང་པོ་ནི། གྲུབ་མཐའི་ཆོ་གས་དག་པར་བསྒྲུབས་པའི་ཉི་མའི་དལ་བ་བར་པའི་སྐར་གནས་མཁའ་རོས་བསྒྱུར་བ་ལ་འོག་གི་ཆུ་ཚོད་ཀྱི་གནས་ལ་དུ་ཡོད་སྟེང་དུ་གཞུག་སྟེ་ཆུ་ཚོད་ཀྱི་ཕུང་པོར་བྱས་པ་ལ་ཁྱིམ་རེའི་ཡུལ་གྱི་ཆུ་ཚོད་མདའ་ཡོན་ཟླ་བས་བགོས་པས་ཐོབ་པ་དུ་བྱུང་བ་ནི་ལུག་གི་ཁྱིམ་ནས་འགོ་བཟུང་སྟེ་གང་རྩིའི་ཟླ་བ་དེ་ཡན་ལ་འདས་པའི་ཁྱིམ་ཟླའི་གྲངས་ཡིན་ནོ། །གཉིས་པ་ནི། ཉི་བར་གྱི་ཆུ་སྲང་གི་གནས་ན་གང་འདུག་མཁའ་མེས་བསྒྱུར་བར་བྱས་ལ་མཁའ་རོས་བགོས་པས་ཐོབ་པའི་ནོར་གང་ཡིན་པ། དེ་ཉིད་སྟེང་མ་མདའ་ཡོན་ཟླ་བའི་ལྷག་མ་དེ་མཁའ་མེས་བསྒྱུར་བ་ལ་སྦྱིན་པ་ནི་བགོད་བྱེད་བརྒྱ་སོ་ལྔ་ཉི་མའི་ཁྱིམ་ཞག་རྟག་ལོངས་སུམ་ཅུའི་བར་བརྩེགས་པའི་གྲངས་ཡིན་པས་དེ་དང་ཤེད་མཚུངས་པར་བྱ་བའི་ཕྱིར་ཆུ་ཚོད་ཀྱི་ཚོགས་རྣམས་སུམ་ཅུ་ཆར་གསིལ་བའོ། །ཡང་ན་ལྷག་མ་ཆུ་ཚོད་ཀྱི་གནས་ན་གང་འདུག་སུམ་ཅུས་བསྒྱུར་བ་ལ་ཆུ་སྲང་ལ་གཉིས་ཀྱིས་བགོས་པའི་ཐོབ་ནོར་བསྲེས་ཀྱང་དོན་འདྲའོ། །ཆུ་ཚོད་སུམ་ཅུ་ཆའི་ཕུང་པོར་བྱས་པ་དེ་ལ་མདའ་ཡོན་ཟླ་བས་ཐོབ་པའི་ནོར་ཇི་ཙམ་བྱུང་བ་དེ་ནི་རྩི་བཞིན་པའི་ངོ་ཐོག་གི་ཞག་འདི་ཐེ་བ་དང་བཅས་པའི་ད་ལྟའི་ཁྱིམ་གང་ན་གནས་པའི་ཁྱིམ་ཟླ་དེ་ཉིད་ཀྱི་སྟེང་ནས་འདས་པའི་ཁྱིམ་ཞག་གི་གྲངས་ཡིན་ཏེ་ཡུལ་ཁྱོན་གྱི་སྟེང་ནས་དུས་ཀྱི་ཆ་རྣམས་བཙལ་བའོ། །དེ་ལྟར་བསྒྲུབས་པ་དེ་ནི། ཁྱིམ་བཅུ་གཉིས་པོ་ངེས་པ་ཅན་འཕོ་བའི་རི་མོ་སྟེ། དེའི་ཕྱིར་དོན་གྱི་ཁྱིམ་འཕོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་རྩིས་ཀྱི་སྐབས་འདིར་ཉི་བར་ལ་བརྟེན་པ་དང་ཉི་དག་ལ་བརྟེན་པའི་ཕྱོགས་གཉིས་ལས། འདིར་ཉི་བར་ལ་བརྟེན་པའི་རྒྱུ་མཚན་ནི། ཞལ་ལུང་ལས། ཉི་མ་ཁྱིམ་གང་ན་ཡོད་བརྟག་པའི་ཚེ་ནི་ཉི་དག་ལ་བརྟེན་པ་དང་། དཔྱིད་མཉམ་སོགས་བརྟག་པའི་ཚེ་ཉི་བར་ལ་བརྟེན་པ་ཉིད་ཀྱི་རྩིས་ཚུལ་སྟོན་པར་བྱེད་པའི་གཞུང་ཚད་ལྡན་རྣམས་ཀྱི་དོན་དུ་མཐོང་བས་ན་ཡི་གེ་འདི་དང་གཞན་དུའང་དེ་ལྟར་བཀོད་ཀྱི། ཞེས་གསུངས་པའི་དགོངས་པ་སྟེ། གལ་ཏེ་སྐབས་འདིར་ཉི་དག་ལ་བྱས་ན། རྒྱུད་ལས་འཁྲིག་གཞུ་གཉིས་རྫོགས་མཚམས་བགྲོད་པ་མཐར་ཐུག་དང་། ཉ་དང་བུ་མོའི་ཁྱིམ་རྫོགས་མཚམས་མཉམ་གཉིས་འབྱུང་བར་གསུངས་པའི་རི་མོའི་ངེས་པ་རྣམས་འཆར་བ་མི་སྲིད་པའི་ཕྱིར་རོ། །གསུམ་པ་ནི། དེ་ཡང་ས་འདིར་གཞུའི་ཁྱིམ་གྱི་ཁྱིམ་ཞག་བརྒྱད་པ་ལ་དགུན་ཉི་ལོག་པས་དེའི་ཕྱི་ཉིན་ཁྱིམ་ཞག་དགུ་པ་ནས་གཞུ་སོགས་བྱང་བགྲོད་ལ་ཉིན་མོ་རིང་བའི་འགོ་རྩོམ་པའི་གནད་ཀྱིས་བགྲོད་པ་གཉིས་ལ་ལྟོས་ནས་ཁྱིམ་ཟླ་བཅུ་གཉིས་པོའི་ཉིན་མཚན་རིང་ཐུང་དུ་འགྱུར་བའི་འཕེལ་འགྲིབ་ཀྱི་མཚམས་རྣམས་ཁྱིམ་ཟླ་རང་རང་གི་ཁྱིམ་ཞག་བརྒྱད་པ་ནས་འཛིན་དགོས་ལ། དེའི་མཚམས་བདེ་བླག་ཏུ་ཤེས་པར་བྱ་བའི་ཕྱིར་དུ་འདས་ཞག་སྟེང་ནས་རི་སྟེ་བདུན་སྦྱང་ཞིང་གལ་ཏེ་སྦྱང་དུ་མ་ལྡང་ན་འདས་ཁྱིམ་གྱི་གནས་ནས་གཅིག་ཕབ་སྟེ་ཞག་སར་སུམ་ཅུར་བྱས་ལ་བདུན་པོ་དེས་སྦྱང་ཞིང་། དེ་ལྟར་སྦྱངས་པའི་ལྷག་མ་ནི་འདས་པའི་ཁྱིམ་ཟླའི་གྲངས་དང་། ཁྱིམ་ད་ལྟ་བའི་སྟེང་ནས་འདས་པའི་ཞག་ཆད་པ་དང་བཅས་པའི་གྲངས་ཡིན་ནོ། །ཇི་ལྟར་ཆད་ན། འདས་ཞག་གི་སྟེང་ནས་བདུན་སྦྱང་དུ་ལྡངས་ན་ཁྱིམ་ད་ལྟ་བའི་སྟེང་ནས་བདུན་ཆད་ལ། མ་ལྡངས་པ་ན་ཁྱིམ་འདས་པའི་སྟེང་ནས་ཀྱང་གང་མ་ལྡངས་པའི་ཆ་ཙམ་ཞིག་ཆད་པ་ཡིན་ཏེ། དཔེར་ན། ཁྱིམ་གྱི་གནས་སུ་གཅིག་དང་། འདས་ཞག་ཏུ་ལྔ་ཙམ་ཡོད་ན་ལུག་ཁྱིམ་རྫོགས་ཏེ། གླང་ཁྱིམ་དུ་སླེབ་ནས་ཞག་ལྔ་དོན་ལ་སོང་མོད། འོན་ཀྱང་ཁྱིམ་གཅིག་པོ་ཕབ་སྟེ་སྦྱངས་པས་ལུག་ཁྱིམ་རྫོགས་པ་ལ་ད་དུང་ཞག་གསུམ་ཙམ་དགོས་པའི་རི་མོ་ཤར་བས། དེ་ལྟར་ཤར་བའི་ངོ་ཐོག་གི་ཁྱིམ་དེ་རེ་ཞིག་རང་གི་ཁྱིམ་ད་ལྟ་བར་བཏགས་ནས་འཛིན་པ་དེ་ནི་ས་འདིར་འོས་པའི་ཉིན་མཚན་གྱི་འཕེལ་འགྲིབ་སོགས་དུས་ཀྱི་གཟེར་རྣམས་ཀྱི་བརྟག་པ་འཆུག་མེད་དུ་བྱེད་པ་སླ་བའི་ཕྱིར་ཡིན་གྱི། དོན་གྱི་འཕོ་བར་མི་བཟུང་ངོ་། །བཞི་པ་ནི། རི་ཡིས་སྦྱངས་པའི་ཞག་ལྷག་དེ་ཉིད་གནས་གཉིས་སུ་བཞག་པའི་སྟེང་འོག་གཉིས་ཀ་མིག་གིས་བསྒྱུར་བ་ནི་གོང་དུ་བཤད་པ་ལྟར་བོད་དུ་ཉིན་རེ་བཞིན་ཆུ་སྲང་གཉིས་དང་། དབུགས་གཉིས་ཀྱི་འཕེལ་འགྲིབ་བྱེད་པས་སོ། །འོག་མར་རོས་ཐོབ་ནོར་གནས་སྟེང་མ་ལ་སྦྱིན། དེ་ལ་མཁའ་རོས་ཐོབ་པའི་ནོར་ཆུ་ཚོད་ཀྱི་གནས་སུ་བཞག་པ་རྣམས་བྱེད་པ་སླ་བའི་ཁྱིམ་དེ་འཁྲིག་པ་དང་ཀརྐ་ཊ་དང་སེང་གེ་དང་བུ་མོ་དང་སྲང་དང་སྡིག་པ་སྟེ་ལྷོ་བགྲོད་ཀྱི་ཁྱིམ་དྲུག་པོ་གང་ཡིན་ཀྱང་། སྐབས་སུ་བབས་པའི་ཁྱིམ་རང་རང་གི་ཉིན་ཚད་ཀྱི་ཆུ་ཚོད་དང་ཆུ་སྲང་གི་སྟེང་ནས་གནས་མཚུངས་ཀྱིས་སྦྱང་བར་བྱ་ཞིང་། གལ་ཏེ་གཞུ་དང་ཆུ་སྲིན་དང་བུམ་པ་དང་ཉ་དང་ལུག་དང་གླང་སྟེ་བྱང་བགྲོད་ཀྱི་ཁྱིམ་དྲུག་ལ་བབས་ན་རང་རང་གི་ཉིན་ཚད་ཀྱི་དབྱུག་སྲང་ལ་གནས་མཚུངས་སུ་སྦྱིན་པར་བྱས་པ་དེ་དག་ནི་གང་རྩི་བཞིན་པའི་ཞག་དེའི་ཉིན་ཚད་ཡིན་ལ། དེ་རྣམས་ཀྱིས་མཁའ་རོར་སྦྱངས་པའི་ལྷག་མས་ནི་ཁྱིམ་སོ་སོའི་གང་རྩིའི་ཞག་དེའི་མཚན་མོའི་ཚད་དུ་འགྱུར་རོ། །

གཉིས་པ་ཕྲ་བའི་དུས་སྦྱོར་གྱི་རྩིས་ལ་གཉིས་ཏེ། ཐུར་མ་ལ་བརྟེན་ནས་སྔ་ཕྱིའི་དུས་བརྟག་པ་དང་། མི་མཉམ་པའི་དུས་སྦྱོར་སོ་སོའི་སྲང་ཚད་བཤད་པའོ། །དང་པོ་ནི། དེ་ནས་ཐུར་མ་སོགས་ཏེ། ཆ་བདུན་ཐུར་མའི་བགོད་གཞི་ལ་ཕྲ་རགས་གཉིས་ལས། དང་པོ་ནི། ཉི་བར་བྱེད་སླ་བའི་ཁྱིམ་གང་དུ་གནས་པའི་ཁྱིམ་ཟླ་དེའི་ནང་གི་གང་རྩི་བཞིན་པའི་ཞག་གི་ཉིན་ཚད་གོང་དུ་བཤད་པ་དེ་ཕྱེད་མར་བཅད་པ་ནི་སྔ་ཕྱིའི་ཚད་དེའི་བསྒྱུར་གཞི་ཡིན་ལ། དེ་ཉིད་རང་རང་རྩི་བཞིན་པའི་ཞག་དེའི་ཉི་ཕྱེད་ཀྱི་དུས་ཀྱི་ཐུར་ཤིང་གྲིབ་མར་བཅས་པས་བསྒྱུར་བ་དེ་ནི་ཁྱིམ་སོ་སོའི་ཞིབ་མོའི་བགོད་གཞི་ཡིན་ནོ། །གཉིས་པ་ནི། ཞིབ་མོའི་ཆོ་ག་དེ་ལྟ་བུ་མ་འགྲུབ་ན་དེ་ནས་རགས་པའི་ཞེས་སོགས་ཏེ། རང་ཅག་རྣམས་གནས་པའི་ས་འདིར་བྱང་བགྲོད་མཐར་ཐུག་པའི་ཉི་ཕྱེད་ཀྱི་དུས་སུ་ཐུར་ཤིང་བཙུགས་པས། རྩ་བར་གྲིབ་མ་ཅུང་ཟད་ཙམ་ལུས་ཀྱང་དེ་ཙམ་གྱིས་ཉེས་པ་ཆེ་བ་མི་བསྐྱེད་ཅིང་ཆུ་སྲང་སོགས་སུ་གསིལ་ན་འཇུག་པ་མི་བདེ་བས་བྱ་སླ་བའི་ཕྱིར་གྲིབ་མ་མེད་པའི་དབང་དུ་བྱས་ལ། དེ་ནས་བྱེད་པ་སླ་བའི་ཁྱིམ་ལྷོ་བགྲོད་དྲུག་པོར་གྲིབ་མ་རེ་རེ་འཕེལ་ཏེ། ཇི་ལྟར་ན། འཁྲིག་མཐའ་ཞེས་སོགས་ཚིགས་བཅད་ཕྱེད་དང་གཉིས་སོ། །དེ་ནས་བྱང་བགྲོད་རྣམས་ལ་གྲིབ་མ་རེ་རེ་འགྲིབ་སྟེ། ཇི་ལྟར་ན། གཞུ་མཐའ་ནས་བཟུང་ཞེས་སོགས་ཚིགས་བཅད་གཅིག་གོ། གྲིབ་མ་དེ་རྣམས་དང་རགས་པ་ཁྱིམ་ཟླའི་ཉིན་ཚད་ལ་བརྟེན་ནས་བློ་དམན་རྣམས་ཀྱི་དོན་དུ་དབྲི་བསྣན་དང་བཅས་པའི་ལས་ཕྲན་ཚེགས་ཀྱི་རྟག་ཏུ་བགོད་གཞི་འོང་བ་རགས་པའི་ཆོ་ག་ནི། ཆུ་སྲང་མཁའ་མཁའ་མཁའ་བུག་ལ་ཞེས་པ་དབྲི་བསྣན་བྱ་བའི་གཞི་དང་། དབྲི་བསྣན་བྱེད་པ་པོ་ནི་ལུག་སེང་མདའ་ཀླུ་སོགས་རྐང་པ་བདུན་ཏེ་དེ་ལྟར་དབྲི་བསྣན་བྱས་པ་དེ་ནི་སོ་སོའི་བགོད་གཞི་རགས་པ་ཡིན་ནོ། །འོ་ན་བགོད་གཞི་རགས་པ་དེ་ལྟར་འོང་བའི་རྒྱུ་མཚན་གང་ཞེ་ན། ས་འདིར་ལུག་དང་སེང་གེའི་ཉིན་ཚད་ལ་ཆུ་ཚོད་སོ་གཅིག་དང་ཆུ་སྲང་བཅུ་ཡོད་ལ་ཕྱེད་མར་བཅད་པ་ལ་དབྱུག་གུར་ཚེས་དང་སྲང་དུ་སོ་ལྔ་ཡོད་པ་ཆུ་སྲང་དུ་གསིལ་བས་འབྱུང་མེ་བུག་ཡོང་། དེ་ཉིད་ཁྱིམ་དེ་གཉིས་ཀྱི་ཉི་ཕྱེད་ཀྱི་གྲིབ་མ་གཉིས་དང་ཐུར་མའི་བདུན་སྡོམ་པའི་གྲིབ་མ་དགུས་བསྒྱུར་བས་ཚེས་ཆུ་གདེངས་ཀ་འབྱུང་ལ། ཆུ་སྲང་མཁའ་མཁའ་སོགས་མདའ་ཀླུ་དབང་པོས་ཕྲི་བས་ཀྱང་རི་མོ་དེ་དང་གཅིག་ཏུ་འཆར་བའི་ཕྱིར་རོ། །དེ་བཞིན་ཁྱིམ་གཞན་རྣམས་ལའང་བློས་དཔགས་ཏེ་རང་རང་གི་ཉིན་ཚད་ཀྱི་ཕྱེད་དེ་ཉིད་ཁྱིམ་དེ་དང་དེའི་ཉི་ཕྱེད་ཀྱི་ཐུར་ཤིང་གྲིབ་བཅས་ཀྱིས་བསྒྱུར་བ་དང་། ཆུ་སྲང་མཁའ་མཁའ་མཁའ་བུག་ལ་གླང་ཀར་མཁའ་མཚོ་སོགས་ཁྱིམ་རང་རང་གི་མི་འདྲ་བའི་དབྲི་བསྣན་གྱི་ཆོ་ག་བྱས་པ་གཉིས་རི་མོ་གཅིག་ཏུ་འཆར་ཏེ་ལག་ཏུ་བླངས་པས་ཤེས་སོ། །ཐུར་མ་ལ་ཆ་བདུན་དུ་བྱེད་པའི་རྒྱུ་མཚན་ཡང་། ཁྱིམ་སོ་སོའི་ཉི་ཕྱེད་ཀྱི་གྲིབ་མ་འཕེལ་བ་དྲུག་དང་འགྲིབ་པ་དྲུག་དེ་གཉིས་ཀ་རྩ་བའི་གྲིབ་མ་དང་བཅས་པས་བདུན་བདུན་ཡོད་པའི་གནད་ཀྱིས་སོ། །དེ་ལྟར་ན་སོ་སོའི་བགོད་གཞི་ཕྲ་བའམ་མ་གྲུབ་ན་རགས་པ་ལེགས་པར་བཟོས་པ་དེ་ལ་རྩི་བཞིན་པའི་ཉིན་མོའི་སྐབས་ཇི་ལྟར་རུང་བར་ཆ་བདུན་དང་ལྡན་པའི་ཐུར་མའི་ཤིང་བུ་བཙུགས་པ་ན། ཐུར་མ་རང་གི་ཆ་བདུན་དང་། ཤིང་བུའི་གྲིབ་མ་ལ་ཇི་ཙམ་བྱུང་བ་དང་བཅས་པ་གཅིག་ཏུ་བསྡོམས་པའི་གྲངས་ཀྱིས་བགོས་པས་ཐོབ་པ་ཆུ་སྲང་དང་། ལྷག་མ་རོས་བསྒྱུར་ལ་ཐུར་ཤིང་གྲིབ་བཅས་ཀྱིས་ཐོབ་པ་དབུགས་ཀྱི་གནས་སུ་འགྱུར་ཞིང་། ཆུ་སྲང་གི་གནས་དེ་ལ་མཁའ་རོས་བགོས་པས་ཐོབ་པའི་ནོར་ཆུ་ཚོད་ཀྱི་གནས་སུ་བཞག་པ་དེ་རྣམས་སྔ་དྲོ་ཡིན་ན་གང་རྩི་བཞིན་པའི་དུས་དེ་ཡན་ཆད་ལ་འདས་པའི་ཆུ་ཚོད་དང་། སོགས་ཁོངས་ནས་སྲང་དབུགས་རྣམས་འཆར་ལ། གལ་ཏེ་ཕྱི་དྲོའི་དུས་ཡིན་ན་མ་འོངས་པའི་ཆུ་ཚོད་སོགས་འཆར་ཞིང་། སྔ་ཕྱིའི་ཆུ་ཚོད་སོགས་གང་ཤར་བ་དེ་ཡིས་ཞག་དེའི་ཉིན་མོའི་ཚད་ལ་ཕྲི་བའི་ལྷག་མ་དེས་སྔ་དྲོ་ཡིན་ན་མ་འོངས་པ་དང་ཕྱི་དྲོ་ཡིན་ན་འདས་པའི་ཆུ་ཚོད་ལ་སོགས་པ་འཆར་རོ། །

གཉིས་པ་མི་མཉམ་པའི་དུས་སྦྱོར་སོ་སོའི་སྲང་ཚད་ནི། མི་མཉམ་དུས་སྦྱོར་ལ་སོགས་པས་མདོར་བསྟན་ནས། འབྱུང་མཁའ་མེ་ནི་ཉ་བུམ་ཚད། །ཅེས་བྱ་བ་ལ་སོགས་པ་རྐང་པ་དྲུག་གོ། དེ་ལྟར་སྲང་ཚད་རེ་ལ་ཁྱིམ་གཉིས་གཉིས་ཡོད་པའི་ཉ་ལ་སོགས་པས་ལུག་གླང་འཁྲིག་པ་ཀར་སེང་དྲུག་ནི་ལུགས་འབྱུང་ཡིན་ལ། བུ་མོ་ལ་སོགས་པས་སྲང་སྡིག་གཞུ་ཆུ་བུམ་རྣམས་ནི་ལུགས་ལས་ལྡོག་པ་ཡིན་ནོ། །འདིར་ཉ་ཁྱིམ་ཐོག་མར་བྱེད་པའི་རྒྱུ་མཚན་ནི་ས་དུམ་བུ་གང་དང་གང་ཡིན་ཀྱང་རང་རང་གི་དཔྱིད་མཉམ་འཕོག་པའི་ཁྱིམ་དེ་ཐོག་མར་བྱེད་དགོས་པས་སོ། །དེ་ཡང་ཆུ་སྲང་འདི་དག་ནི་ས་འདིའི་དུས་སྦྱོར་རང་རང་གི་འཆར་ཡུན་གྱི་ཚད་དེ། འགྲེལ་ཆེན་ལས། འདིར་ལུག་གི་དུས་སྦྱོར་ལ་དང་པོ་ཤར་བ་ནས་དུས་སྦྱོར་ཕྱི་མ་འཆར་བའི་བར་གྱི་དུས་ལ་ཆུ་སྲང་གི་ཚོགས་མཁའ་བུག་ལག་སྟེ་ཞེས་པ་དགུ་བཅུ་ལྷག་པའི་ཉིས་བརྒྱར་འགྱུར་རོ། །ཞེས་ལུག་ལ་ཉིས་བརྒྱ་དང་དགུ་བཅུ། གླང་ལ་ཉིས་བརྒྱ་དང་དྲུག་ཅུ་སོགས་གསུངས་པའི་མཐར། ཞེས་པ་ནི་ཀཻ་ལ་ཤའི་ཡུལ་དུ་ངེས་པའོ། །ཞེས་ཀཻ་ལ་ཤའི་དུམ་བུ་ལ་སྦྱར་བས་དུམ་བུ་གཞན་ལྔ་ལ་ཡང་སོ་སོའི་འཆར་ཚད་སྦྱར་དགོས་པར་མཚོན་ནུས་པའི་ཕྱིར་རོ། །དེ་ལྟར་ན་ཆུ་སྲང་མང་ཉུང་སྣ་ཚོགས་པར་གྱུར་ཀྱང་ཁྱིམ་དྲུག་གི་ཚད་ཉིན་མོ་འཆར་བ་དང་། དྲུག་གི་ཚད་མཚན་མོ་འཆར་བའི་ཚུལ་གྱིས་ཉིན་མཚན་རིང་ཐུང་གང་ཡིན་ཀྱང་རྣམ་པ་ཀུན་ཏུ་འགྲིག་པ་ཡིན་ཏེ། དེའི་རྒྱུ་མཚན་ནི། ཁྱིམ་རྣམས་རང་རང་གིས་ཐོག་མ་བྱས་ཏེ་ཁྱིམ་དྲུག་གི་ཆུ་སྲང་གི་གྲངས་བསྡོམས་པས་རང་རང་སོ་སོའི་ཉིན་མོའི་ཚད་འབྱུང་བ་དང་། དེ་ལྟར་བགྲངས་པའི་ལྷག་གི་ཁྱིམ་དྲུག་པོ་བསྡོམས་པས་རང་རང་སོ་སོའི་མཚན་མོའི་ཚད་དུ་འགྱུར་ཏེ། དཔེར་ན། ཉ་ནས་སེང་གེའི་བར་བསྡོམས་པས་ཉའི་ཉིན་ཚད་ཆུ་ཚོད་སུམ་ཅུ་དང་། དེ་ལྷག་བུ་མོ་ནས་བུམ་པའི་བར་དྲུག་བསྡོམས་པས་ཉའི་མཚན་ཚད་ཆུ་ཚོད་སུམ་ཅུ། དེ་བཞིན་དུ་ལུག་ནས་བཟུང་བའི་དྲུག་བསྡོམས་པའི་ལུག་གི་ཉིན་ཚད། སྲང་ནས་ཉའི་བར་བསྡོམས་པས་ལུག་གི་མཚན་ཚད་འཆར་བ་སོགས་ཐམས་ཅད་ལ་འགྲེའོ། །གཞན་ཡང་བོད་དུ་ཁྱིམ་ཟླ་རེའི་འཕེལ་འགྲིབ་ཀྱི་ཆ་ལ་ཆུ་སྲང་བདུན་ཅུ་སྟེ་ཆུ་ཚོད་དུ་དྲིལ་ན་ཆུ་ཚོད་གཅིག་དང་སྲང་བཅུ་ཡོད་པ་དེས་བགྲོད་པ་གཉིས་ཀྱི་མཚམས་ནས་བཟུང་སྟེ་ཁྱིམ་ཟླ་རེ་ལ་འཕེལ་འགྲིབ་བྱེད་པ་ཡིན་ཏེ། རྒྱུ་མཚན། འཁྲིག་པ་ལ་སོགས་པ་ལྷོ་བགྲོད་ཀྱི་ཁྱིམ་དྲུག་ལ་གནས་པའི་ཚེ། སྔ་མ་སྟེ་འཁྲིག་པ་ནས་བགྲངས་པའི་དྲུག་གི་ཆུ་སྲང་བསྡོམས་པ་ལ། ཕྱི་མ་སྟེ་ཀརྐ་ཊ་ནས་བགྲངས་པའི་དྲུག་གི་ཆུ་སྲང་བསྡོམས་པ་དེས་ཕྲི་བས་ལྷག་མར་ཆུ་སྲང་བདུན་ཅུ་འབྱུང་ཞིང་། དེ་བཞིན་དུ་ཀརྐ་ཊ་ནས་བགྲངས་པའི་དྲུག་ལ་སེང་གེ་ནས་བགྲངས་པའི་དྲུག་གིས་ཕྲི་བ་སོགས་ལྷོ་བགྲོད་ཀྱི་ཁྱིམ་དྲུག་ཀ་ལ་སྦྱར་བས་ཚད་དེ་འབྱུང་ལ། ཡང་གཞུ་སོགས་བྱང་བགྲོད་ཀྱི་ཁྱིམ་དྲུག་པོ་ལ་གནས་པའི་ཚེ། སྔ་མའི་ཁྱིམ་གཞུ་ལྟ་བུ་ནས་བགྲངས་པའི་ཁྱིམ་དྲུག་གི་ཆུ་སྲང་དྲུག་བསྡོམས་པར། ཕྱི་མའི་ཁྱིམ་ཆུ་སྲིན་ནས་བགྲངས་པའི་ཁྱིམ་དྲུག་གི་ཆུ་སྲང་བསྡོམས་པ་སྦྱིན་པས་ཀྱང་ཆུ་སྲང་བདུན་ཅུ་འབྱུང་བའི་ཕྱིར་ཏེ། ཆུ་སྲང་འདི་རྣམས་ནི་བོད་དང་བསྟུན་པའི་ཆུ་སྲང་ངོ་། །དེ་བཞིན་དུ་ས་དུམ་བུ་གཞན་རྣམས་ལའང་མི་འདྲ་བའི་ཚུལ་ཤེས་པར་བྱའོ། །དེ་ལྟར་ན་ས་དུམ་བུ་བཅུ་གཉིས་དང་ཡུལ་དྲུག་སོ་སོའི་དུས་སྦྱོར་རྣམས་ཀྱི་འཆར་ས་ཡང་སྣ་ཚོགས་པ་ཞིག་འབྱུང་ལ། དེའི་དབང་གིས་འཆར་ཡུན་མི་འདྲ་བ་དང་། དེ་ལས་ཉིན་མཚན་རིང་ཐུང་སྣ་ཚོགས་པ་དང་། ཁྱིམ་སྐར་དེའི་སྟེང་ན་གནས་པའི་ཉི་མ་ཡང་ཁྱིམ་དེའི་འཆར་ས་ནས་འཆར་དགོས་པས་ཡུན་དང་འཆར་ནུབ་ཀྱི་ས་སྣ་ཚོགས་པ་ཞིག་འབྱུང་སྟེ། འགྲེལ་ཆེན་ལས། དུས་སྦྱོར་འཆར་བའི་དུས་ཀྱི་དབང་གིས་ཉིན་མོ་དང་མཚན་མོ་དམན་པ་དང་ལྷག་པར་འགྱུར་ཏེ། ཉི་མ་ཡང་དག་པར་རྒྱུ་བའི་དབང་གིས་སོ། །ཞེས་གསུངས་སོ། །གཉིས་པ་དུམ་བུ་དྲུག་གི་དུས་སྦྱོར་ལ་གཉིས་ཏེ། མི་མཉམ་པ་དང་། མཉམ་པའོ། །དང་པོ་ལ་གསུམ་སྟེ། རྩ་བ་རང་གི་ཆུ་སྲང་གི་འདས་མ་འོངས་བརྟག་པ། རྩིས་གཞི་ཏཏྐཱལ་ལ་ངོས་བཟུང་སྟེ་གནས་ལྔར་བཤད་པ། དུམ་བུ་དྲུག་ཕྱེ་སྟེ་བཤད་པའོ། །དང་པོ་ནི། རྩ་བ་རང་གི་ཞེས་སོགས་ཏེ། རི་ཡིས་ཕྲི་བའི་ལྷག་མའི་འདས་ཞག་རྣམས། བྱེད་པ་སླ་བའི་ཁྱིམ་རང་རང་གི་ཆུ་སྲང་གི་ཚད་ཀྱིས་བསྒྱུར་བ་ལ་ཉི་བར་ཁྱིམ་རེར་སྡོད་པའི་ཞག་གྲངས་མཁའ་མེས་བགོས་པས་ཐོབ་པའི་ནོར་གང་བྱུང་བ་ནི། རང་གི་ཁྱིམ་གང་ཡིན་པ་དེའི་གོང་མའི་ཞག་ལ་འདས་པའི་ཆུ་སྲང་གི་གྲངས་ཡིན་ཞིང་། འདས་སྲང་དེ་ཡི་ཁྱིམ་རང་རང་གི་ཆུ་སྲང་ལ་ཕྲི་བའི་ལྷག་མ་རང་ཉིད་གང་རྩི་བའི་ཐོག་མ་ནས་འཆར་རྒྱུའི་མ་འོངས་པའི་ཆུ་སྲང་ཤེས་སོ། །གཉིས་པ་ནི། དེ་ནས་རྩིས་གཞི་སོགས་ཏེ། རྩི་བཞིན་པའི་སྐབས་དེའི་ཐུར་མ་གྲིབ་བཅས་ཀྱིས་བཙལ་བའི་ཆུ་ཚོད་ཀྱི་ཚོགས་རྣམས་སྔ་དྲོ་དང་ཕྱི་དྲོའི་ཁྱད་པར་གྱིས་འདས་མ་འོངས་གང་ཡིན་བརྟག་པར་བྱས་ལ། འདས་པའི་ཆུ་ཚོད་ཀྱི་གནས་མཁའ་རོས་སྒྱུར་ཏེ་ཆུ་སྲང་དུ་གསིལ་བ་ལ་འོག་གི་ཆུ་སྲང་ཡོད་ན་བཅུག་པའི་ཚོགས་དེ་ལ་ཁྱིམ་རང་རང་གི་ཆུ་སྲང་མ་འོངས་པས་ཐོག་མ་བྱས་ནས་རིམ་པ་བཞིན་དུ་ཉ་སོགས་ཏེ་ལུག་གླང་འཁྲིག་ཀར་སེང་གེ་དྲུག་ལ་ལུགས་འབྱུང་གི་ཚུལ་གྱིས་དབྲི་ལ། བུ་མོ་ལ་སོགས་ཏེ་སྲང་སྡིག་ཆུ་གཞུ་བུམ་དྲུག་ལ་ལུགས་ལས་ལྡོག་སྟེ་ཕྲི་བས། གང་གི་ཚེ་དབྲི་བར་མ་ལྡངས་པ་དེའི་ཚེ་ཁྱིམ་དེའི་དུས་སྦྱོར་གྱི་དུས་ཡིན་པས། ཏཏྐཱལ་ཞེས་པའང་བོད་སྐད་དུ་དེའི་དུས་ཞེས་པའོ། །དེ་ལྟར་ཕྲི་བའི་ལྷག་མ་ཏཏྐཱལ་དེ་ཉིད་གནས་གཉིས་སུ་བྱས་པའི་གཅིག་མཁའ་མེས་བསྒྱུར་ནས་སུམ་ཅུ་ཆར་བཏང་བ་དེ་ལ། ཏཏྐཱལ་གང་ལ་བབས་པའི་ཆུ་སྲང་གིས་བགོས་པས་རྙེད་པ་ནི། ཏཏྐཱལ་དེའི་སུམ་ཅུའི་ཆ་ཤས་ཡིན་པས་ཏཏྐཱལ་གནས་ཅིག་ཤོས་དེའི་འོག་ཏུ་བཞག་གོ། ལྷག་རྣམས་མཁའ་རོ་སོགས་ཀྱིས་རིམ་པར་བསྒྱུར་བ་ལ་ཏཏྐཱལ་ཆུ་སྲང་གིས་རིམ་བཞིན་བགོས་པས་ཐོབ་པའི་རྙེད་པ་རྣམས་ཆ་ཤས་དེའི་ཡང་འོག་ཏུ་བརྩེགས་ཏེ་བཞག་པར་བྱས་ལ། དེ་ལྟར་ན་ཏཏྐཱལ་དང་དེའི་སུམ་ཅུའི་ཆ་ཤས་དང་། དེའི་དྲུག་ཅུ་ཆ་ལ་སོགས་པའི་དབྱུག་གུ་དང་། སྲང་དང་། དབུགས་རྣམས་ལ་དུས་སྦྱོར་གྱི་ནི་གནས་ལྔར་ལྷ་ཆེན་པོ་དག་བཞེད་ཅེས་གྲག་གོ། གསུམ་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། མི་མཉམ་པ་དང་ཞེས་སོགས་རྐང་པ་ཕྱེད་དང་ལྔའོ། །གཉིས་པ་ལ་དྲུག་སྟེ། དུས་སྦྱོར་གཅིག་པ་དང་། ཕྱེད་པ་དང་། སུམ་ཆ་དང་། དགུ་ཆ་དང་། བཅུ་གཉིས་ཆ་དང་། སུམ་ཅུ་ཆའོ། །དང་པོ་ནི། མི་མཉམ་པའི་གཅིག་པའི་དུས་སྦྱོར་བརྟག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི། དུས་སྦྱོར་ཕྱེད་པ་བལྟ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གསུམ་པ་ནི་སུམ་ཆ་བརྟག་ཕྱིར་ཞེས་སོགས་ཀྱི་རི་མོའི་བྱ་བ་དང་། གཅིག་ནི་ཏཏྐཱལ་ཞེས་སོགས་རྩི་ཚུལ་ཏེ། ཏཏྐཱལ་ལུག་ཡིན་པའི་ཚེ་གཅིག་བྱུང་ན་ལུག་གི་ཞིང་བདག་མིག་དམར་དང་། གཉིས་བྱུང་ན་ཏཏྐཱལ་ནས་བགྲངས་པའི་ལྔ་པ་སེང་གེའི་ཞིང་བདག་ཉི་མ་དང་། གསུམ་བྱུང་ན་ཏཏྐཱལ་ནས་དགུ་པ་གཞུའི་ཞིང་བདག་ཕུར་བུའི་འབྲས་བུ་འབྱུང་བ་བཞིན་ནོ། །བཞི་པ་ནི། དགུ་ཆའི་ཆེད་དུ་ཞེས་སོགས་ཀྱིས་རི་མོའི་བྱ་བ། ཏཏྐཱལ་གང་ཡིན་ཞེས་སོགས་ཀྱི་རྩི་ཚུལ་དང་། ཏཏྐཱལ་གང་ལ་བབས་པ་དེའི་ཚེ་གང་ནས་འགོ་བཟུང་སྟེ་རྩི་ཚུལ་ནི། ལུག་སེང་ཞེས་སོགས་ཏེ། དཔེར་ན། ལུག་སེང་གཞུ་གསུམ་ལ་ཏཏྐཱལ་བབས་ཤིང་། དགུ་ཆའི་ཐོབ་ནོར་ལ་དྲུག་ལྟ་བུ་བྱུང་ན་ལུག་ནས་བགྲངས་པའི་དྲུག་པ་བུ་མོའི་ཞིང་བདག་ལྷག་པའི་འབྲས་བུ་འབྱུང་བ་བཞིན་ནོ། །ལྔ་པ་ནི། བཅུ་གཉིས་ཆ་ལ་སོགས་ཀྱིས་རི་མོའི་བྱ་བ། ཏཏྐཱལ་ནས་སོགས་ཀྱིས་རྩི་ཚུལ་ཏེ། དཔེར་ན། ཏཏྐཱལ་ལུག་ལ་ཡོད་ཅིང་ཐོབ་ནོར་བཅུ་བྱུང་ན་ལུག་ནས་བགྲངས་པའི་བཅུ་པ་ཆུ་སྲིན་གྱི་ཞིང་བདག་སྤེན་པའི་འབྲས་བུ་འབྱུང་བ་བཞིན་ནོ། །དྲུག་པ་ནི། སུམ་ཅུ་ཆ་ལ་སོགས་ཀྱིས་རི་མོའི་བྱ་བ། དམར་སྤེན་སོགས་ཀྱིས་རིའུ་མིག་བཀོད་ཚུལ། ལུག་སོགས་མི་མཉམ་སོགས་ཀྱིས་རིམ་རིམ་མིན་གྱི་རྩི་ཚུལ་ཏེ། དཔེར་ན། ཏཏྐཱལ་ལུག་ལ་ཡོད་ཅིང་ཐོབ་ནོར་དུ་ཉེར་བདུན་ལྟ་བུ་བྱུང་ན་དབུས་ཀྱི་བདག་པོ་པ་སངས་ཀྱི་འབྲས་བུ་འབྱུང་སྟེ། དེ་ཡང་ཉེར་བདུན་གྱི་ཐོག་མའི་ལྔ་ལ་མིག་དམར་དེ་ནས་རིམ་པར་ལྔ་ལ་སྤེན་པ། བརྒྱད་ལ་ཕུར་བུ། བདུན་ལ་ལྷག་པ། དེ་ནས་པ་སངས་ཀྱི་སྟེང་ནས་ཆ་ཤས་གཉིས་འདས་གསུམ་ལུས་པ་ལྟ་བུའོ། །ཡང་ཏཏྐཱལ་གླང་ལྟ་བུ་མི་མཉམ་པ་ལ་ཡོད་ཅིང་ཐོབ་ནོར་བཅོ་བརྒྱད་ལྟ་བུ་བྱུང་ན་ལུགས་ལྡོག་གིས་ལྔ་དང་བདུན་དང་། བརྒྱད་ཀྱི་སྟེང་ནས་དྲུག་རྣམས་བགྲངས་པས་ཕུར་བུའི་འབྲས་བུ་འབྱུང་བ་ལྟ་བུའོ། །དེ་དག་ནི། མི་མཉམ་པའི་དུམ་བུ་དྲུག་གི་དུས་སྦྱོར་ཏེ། ལེགས་པར་བརྩིས་ནས་ཐོག་མར་ཏཏྐཱལ་དུས་སྦྱོར་གཅིག་པའི་གཟའ་བཞག །དེའི་འོག་ཏུ་རིམ་པར་ཕྱེད་པ་དང་། སུམ་ཆ་དང་། དགུ་ཆ་དང་། བཅུ་གཉིས་ཆ་དང་། སུམ་ཅུ་ཆ་རྣམས་བཞག་ལ་དགེ་མི་དགེའི་ལུང་བསྟན་པར་བྱ་སྟེ། དབྱངས་འཆར་བའི་རྒྱུད་ལས། དུམ་དྲུག་བདག་པོའི་གཟའ་རྣམས་ནི། །རིམ་པ་བཞིན་དུ་བཞག་པ་ལ། །དགེ་དང་མི་དགེའི་མཚན་མ་བརྟག །ཅེས་སོ། །གཉིས་པ་མཉམ་པའི་དུམ་བུ་དྲུག་ནི། མཉམ་པ་ཉིན་ཞག་ཕྲུགས་གཅིག་ལ་དུས་སྦྱོར་ཉིན་དྲུག་དང་མཚན་དྲུག་སྟེ་བཅུ་གཉིས་འཆར་ཞིང་། དེའི་ནང་ནས་དུས་སྦྱོར་གཅིག་འཆར་བའི་ཚད་དང་། དེ་བཞིན་དུ་གཅིག་གི་ཕྱེད་ཆ་དང་། སུམ་ཆ་སོགས་དུམ་བུ་དྲུག་པོ་སོ་སོའི་ཚད་ཀྱི་ཆུ་ཚོད་ལ་སོགས་པའི་ལོངས་སྤྱོད་ཀྱི་གྲངས་རྣམས་བཤད་ཅེས་མདོར་བསྟན་ནས། དེ་ཡང་ཉིན་ཞག་གཅིག་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། ཞག་གཅིག་ལ་འཆར་བའི་དུས་སྦྱོར་གཅིག་པའི་གྲངས་ཉི་མ་སྟེ་བཅུ་གཉིས་ཀྱིས་བགོས་པའི་ནོར་ལ་དབུགས་སྟོང་བརྒྱད་བརྒྱ་འབྱུང་བ་ནི་དུས་སྦྱོར་གཅིག་གི་ཚད་དང་། ཚད་དེ་ལ་མིག་དང་མེ་སོགས་ཀྱིས་བགོས་པས། ཐོབ་ནོར་ལ་རིམ་བཞིན་ཕྱེད་པ་ལ་དགུ་བརྒྱ། སུམ་ཆ་ལ་དྲུག་བརྒྱ། དགུ་ཆ་ལ་ཉིས་བརྒྱ། བཅུ་གཉིས་ཆ་ལ་བརྒྱ་ལྔ་བཅུ། སུམ་ཅུ་ཆའི་ལོངས་སྤྱོད་ལ་དབུགས་དྲུག་ཅུ་སྟེ། དེ་དག་རོ་དང་མཁའ་རོ་སོགས་རང་རང་གི་འཁོར་ལོས་སྟེང་དུ་ཕུད་པས་དུམ་བུ་གཅིག་པ་ལ་ཆུ་ཚོད་ལྔ་འབྱུང་བ་སོགས་རང་རང་གི་ཆུ་ཚོད་ལ་སོགས་པའི་གནས་སུ་འགྱུར་ཏེ། དེ་ནི་མཉམ་པའི་དུམ་བུ་དྲུག་གོ། དེ་ལྟར་སྟོང་བརྒྱད་བརྒྱ་ལ་སོགས་པའི་དབུགས་ཀྱི་ཚད་འདི་ནི་གོང་གི་དུམ་བུ་སོ་སོའི་བགོད་བྱེད་དང་མིང་གྲངས་མཐུན་ཡང་དོན་མི་འདྲ་བས་སྔར་གྱི་བགོད་བྱེད་རྣམས་ཀྱི་རྒྱུ་མཚན་འདི་ལྟར་གོ་དགོས་ཏེ་དུམ་བུ་དྲུག་པོ་ཐམས་ཅད་ཀྱི་རྩ་བ་གནས་ལྔ་རྩི་བའི་ཚེ་ཆ་ཤས་ཀྱི་འཁོར་ལོ་སུམ་ཅུ་དང་། ཆ་ཤས་ཀྱི་དྲུག་ཅུ་ཆའི་ཆུ་ཚོད་ཀྱི་འཁོར་ལོ་སྟོང་བརྒྱད་བརྒྱར་བྱས་པ་ལས། སྐབས་འདིར་བགོད་གཞི་ཆུ་ཚོད་དུ་གསིལ་བས་ཤེད་མཚུངས་ཀྱི་ཕྱིར་བགོད་བྱེད་ཀྱང་ཆུ་ཚོད་ཀྱི་འཁོར་ལོ་སྟོང་བརྒྱད་བརྒྱས་བྱས་ཤིང་། དེ་ཉིད་རང་གི་མིང་གྲངས་ཀྱིས་ཕྱེ་བས་ཕྱེད་པ་ལ་སོགས་པའི་དུམ་བུ་གཞན་རྣམས་ཀྱི་བགོད་བྱེད་འཆར་བ་ཡིན་ནོ། །དེ་ལྟར་དུམ་བུ་དྲུག་གི་དུས་སྦྱོར་འདི་རྣམས་རྒྱས་པར་བཤད་ན་ལག་རྩིས་པ་རྣམས་ལ་ཉེ་བར་མཁོ་མོད་ཀྱི། འོན་ཀྱང་གཙོ་བོའི་དོན་འཆད་པ་ལ་གེགས་སུ་འགྱུར་བར་སྣང་བས་མ་སྤྲོས་སོ། །རྒྱས་པར་ཕྱི་རྒྱུད་ཀྱི་ཡི་གེ་རྣམས་སུ་བལྟ་བར་བྱའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། དུས་སྦྱོར་མ་ལུས་པར་བཤད་པའི་སྐབས་ཏེ་བཅོ་ལྔ་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་བཅུ་དྲུག་པས་གཟའ་རྣམས་ཀྱི་ཡུལ་དུས་ལོངས་སྤྱོད་སྒྲིག་ཚུལ་བཤད་པ།

ད་ནི་སྐབས་བཅུ་དྲུག་པས་གཟའ་རྣམས་ཀྱི་ཡུལ་དུས་ལོངས་སྤྱོད་སྒྲིག་ཚུལ་བཤད་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ནས་ཉི་མ་ཞེས་སོགས་ཀྱིས་རྩོམ་པར་ཁས་བླང་བའི་སྒོ་ནས་མདོར་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། རགས་པ་ཡུལ་ལོངས་དལ་བར་ལ་བརྟེན་ནས་དུས་བརྟག་པ་དང་། ཞིབ་པ་དལ་མྱུར་དག་པ་ལ་བརྟེན་ནས་རྩི་བཞིན་པའི་དུས་སྟེང་ནས་ཡུལ་བརྟག་པའོ། །དང་པོ་ནི། གཟའ་གང་ཡིན་ཀྱང་རུང་སྟེ་སོ་སོ་རང་རང་གི་ཉིན་ཞག་དཀྱིལ་འཁོར་གྱི་ཞག་གནས་མཁའ་རོས་བསྒྱུར་ཏེ་ཆུ་ཚོད་ཀྱི་གནས་ཡོད་ན་བཅུག་པ་ལ། རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུའི་ཚོགས་ཀྱིས་བགོས་པས་ཐོབ་པ་ནི་དབྱུག་གུའི་གནས་དང་། དེ་ལྷག་རྣམས་རིམ་བཞིན་མཁའ་རོས་བསྒྱུར་ལ་སྲང་ཡོད་ན་བཅུག་སྟེ་རྒྱུ་སྐར་ཆུ་ཚོད་ཀྱིས་ཐོབ་པ་སྲང་དང་། དེ་ལྷག་དུས་ཀྱིས་བསྒྱུར་བ་ལ་དབུགས་ཡོད་ན་བཅུག་སྟེ་རྒྱུ་སྐར་ཆུ་ཚོད་ཀྱིས་ཐོབ་པ་དབུགས་དང་། དེ་ལྷག་གཟའ་རང་རང་གི་ཆས་བསྒྱུར་བ་ལ་ཆ་ཤས་ཀྱི་གནས་ཡོད་ན་བཅུག་སྟེ་རྒྱུ་སྐར་ཆུ་ཚོད་ཀྱིས་ཐོབ་པ་རྣམས་ནི་གཟའ་སོ་སོའི་ཡུལ་གྱི་ཆུ་ཚོད་རེ་སྤྱོད་པའི་བར་ལ་དུས་ཀྱི་ཆུ་ཚོད་ཇི་ཙམ་ཡོད་པའི་གྲངས་ཡིན་ཞིང་། ཡང་ན་ཞག་གསུམ་གྱི་དུས་ཀྱི་རྟག་ལོངས་གང་ཡིན་ལ་གཟའ་སོ་སོའི་ཞག་དེ་དང་དེའི་ཡུལ་གྱི་རྟག་ལོངས་ཀྱིས་ཕྱེ་ནའང་གནད་གཅིག་གོ། དེ་གནས་གཉིས་བཀོད་པའི་ཕྱོགས་གཅིག་ལ་མཁའ་རོས་རིམ་པར་ཕྱེ་བས་ཐོབ་པའི་ནོར་རྣམས་ནི་ཡུལ་སྲང་རེ་སྤྱོད་པའི་བར་གྱི་དུས་ཀྱི་སྲང་གྲངས་དང་། དེ་གནས་གཉིས་ཕྱོགས་གཅིག་ལ་དུས་ཀྱིས་རིམ་པར་ཐོབ་པ་ཡུལ་དབུགས་རེ་སྤྱོད་པའི་བར་གྱི་དུས་ཀྱི་དབུགས་གྲངས་དང་། དུས་ཀྱི་ནོར་དེ་ཕྱོགས་གཅིག་གཟའ་རང་རང་གི་ཆ་གང་ཡིན་དེ་ཡིས་ཐོབ་པ་ནི་ཡུལ་གྱི་ཆ་ཤས་རེའི་བར་ལ་དུས་ཀྱི་ཆ་ཤས་ཇི་ཙམ་རེ་སྤྱོད་པའི་གྲངས་ཡིན་ཅིང་། དེ་རྣམས་རང་རང་གི་ཞག་གསུམ་གྱི་ཡུལ་ལོངས་གང་ཡིན་དེའི་གྲངས་སུ་ཟློས་པས་ཞག་དེ་དང་དེའི་དུས་ཀྱི་ལོངས་སྤྱོད་འཆར་དགོས་པའི་གནད་ཀྱིས་རི་མོའི་གྲུབ་འབྲས་དེ་རྣམས་ལ་ཆུ་ཚོད་དང་སྲང་དང་དབུགས་དང་ཆའི་བསྒྱུར་གཞི་ཞེས་བཏགས་ཏེ། ཇི་ལྟར་ཞེ་ན། བསྒྱུར་གཞི་བསྒྲུབས་པའི་རྗེས་དེ་ནས་སྒྱུར་བྱེད་རྒྱུན་བཅས་སམ་ཞག་གཅིག་གི་རྟག་ལོངས་ལྟ་བུ་སྐབས་སུ་གང་བབས་ཀྱི་གཟའ་སོ་སོའི་དལ་བ་བར་པའི་ཆུ་ཚོད་ཀྱི་གནས་ན་གང་འདུག་དེས་ཆུ་ཚོད་ཀྱི་བསྒྱུར་གཞིའི་གནས་ཐམས་ཅད་བསྒྱུར་བ་དང་། དེས་མཚོན་ཏེ། དལ་བར་གྱི་སྲང་གིས་སྲང་དང་། དབུགས་ཀྱིས་དབུགས་དང་། ཆ་ཡིས་ཆའི་བསྒྱུར་གཞི་རྣམས་ཀྱི་སོ་སོའི་གནས་རྣམས་ཆ་ཤས་ཀྱི་བར་དུ་བསྒྱུར་ནས་དེ་རྣམས་གནས་མཚུངས་སུ་བསྲེས་ལ་རང་སའི་འཁོར་ལོས་རིམ་གྱིས་དྲིལ་བས་ཞག་གང་ཡིན་དེ་དང་དེའི་དུས་ཀྱི་ལོངས་སྤྱོད་རྣམས་འཆར་བ་སྟེ། དཔེར་ན་ཉི་མའི་ཉིན་ཞག་དཀྱིལ་འཁོར་ལ་རྒྱུ་སྐར་ཆུ་ཚོད་ཀྱིས་ཤེད་མཚུངས་སུ་ཕྱེ་བའམ། ཞག་གསུམ་གང་རིགས་ཀྱི་དུས་ལོངས་ལ་ཞག་དེ་དང་དེའི་ཉི་མའི་ཡུལ་ལོངས་ཀྱིས་ཕྱེ་བས་ཆུ་ཚོད་ཀྱི་བསྒྱུར་གཞི། ཆུ་ཚོད་བཅུ་གསུམ། སྲང་སོ་གཅིག །དབུགས་བཞི། འདོད་ཆ་གསུམ། རི་མཁའ་རི་ཆ་བཞི་བརྒྱ་དང་དགུ། དེ་ལ་མཁའ་རོས་ཕྱེ་བས་སྲང་གི་བསྒྱུར་གཞི། ཆུ་སྲང་བཅུ་གསུམ། དབུགས་གསུམ། འདོད་ཆ་གཉིས། རི་མཁའ་རི་ཆ་ཆིག་བརྒྱ་དྲུག་ཅུ། དེ་ལ་དུས་ཀྱི་ཕྱེ་བས་དབུགས་ཀྱི་བསྒྱུར་གཞི་སྲང་གཉིས། དབུགས་གཅིག །འདོད་ཆ་དྲུག །རི་མཁའ་རི་ཆ་དྲུག་བརྒྱ་བཅོ་ལྔ། དེའི་རོ་ཆ་ལྔ། དེ་ལ་རི་བདུན་གྱི་ཕྱེ་བས་ཚེས་ཞག་གི་ཆའི་བསྒྱུར་གཞི། འདོད་ཆ་གཉིས། རི་མཁའི་རི་ཆ་བཞི་བརྒྱ་ཞེ་གཅིག །རོའི་ཆ་ལྔ་རྣམས་འབྱུང་བ་ལས། ཆུ་ཚོད་ཀྱི་བསྒྱུར་གཞིའི་གནས་ཐམས་ཅད་ཚེས་ཞག་ཡུལ་ལོངས་ཀྱི་ཆུ་ཚོད་བཞི་དང་། སྲང་གི་བསྒྱུར་གཞི་རྣམས་ཉེར་གཅིག་དང་། དབུགས་ཀྱི་བསྒྱུར་གཞི་རྣམས་ལྔ་དང་། ཆའི་བསྒྱུར་གཞི་རྣམས་མེ་མཚོས་བསྒྱུར་ཏེ། དེ་རྣམས་གནས་མཚུངས་སུ་བསྲེས་ལ་རོ་དང་། རི་མཁའ་རི་དང་། འདོད་པ་དང་། དུས་དང་། མཁའ་རོ་རྣམས་ཀྱིས་དྲིལ་བས་ཚེས་ཞག་གི་དུས་ལོངས། ཆུ་ཚོད་ང་དགུ། སྲང་གསུམ། དབུགས་བཞི། འདོད་ཆ་ཐིག །རི་མཁའ་རི་ཆ་ཉིས་བརྒྱ་དང་བརྒྱད་རྣམས་གཙང་མར་འཆར་བ་བཞིན་དང་། ཡང་སྔར་གྱི་ཆུ་ཚོད་སྲང་དབུགས་ཀྱི་བསྒྱུར་གཞི་དང་། དབུགས་ཀྱི་བསྒྱུར་གཞི་སྲང་གཉིས་ལ་སོགས་པ་དེ་བུག་མཁའ་མིག་བུག་ཡིད་ཀྱིས་ཕྱེ་བས་ཉིན་ཞག་གི་ཆའི་བསྒྱུར་གཞི་འདོད་པའི་རི་མཁའ་རི་ཆ་ལྔ་འབྱུང་བ་རྣམས་ཉི་མའི་ཉིན་ཞག་གི་ཡུལ་ལོངས་ཆུ་ཚོད་བཞི། སྲང་ཉེར་དྲུག །དབུགས་ཐིག །བུག་སོགས་ཆ་དུས་ཚེས་མེ་བུག་རྣམས་ཀྱིས་སོ་སོའི་གནས་ཐམས་ཅད་བསྒྱུར་ཏེ་བསྲེས་ལ་རོ་དང་རི་མཁའ་རི་དང་འདོད་པ་སོགས་ཀྱིས་དྲིལ་བས་ཉིན་ཞག་གི་དུས་ལོངས་ཆུ་ཚོད་དྲུག་ཅུ་འཆར་བ་བཞིན་དང་། ཡང་སྔར་གྱི་ཆུ་ཚོད་དང་སྲང་གི་བསྒྱུར་གཞི་གཉིས་པོ་དེ་ཉི་མའི་ཁྱིམ་ཞག་གི་རྟག་ལོངས་ཆུ་ཚོད་བཞི་དང་། སྲང་སུམ་ཅུས་སོ་སོའི་གནས་ཐམས་ཅད་བསྒྱུར་ཏེ་གནས་མཚུངས་སུ་བསྲེས་ལ་རི་མཁའ་རི་དང་། འདོད་པ་སོགས་ཀྱིས་དྲིལ་བས་ཁྱིམ་ཞག་དུས་ཀྱི་རྟག་ལོངས་ཆུ་ཚོད་དྲུག་ཅུ། སྲང་ང་གཉིས། དབུགས་བཞི། འདོད་ཆ་གསུམ། རི་མཁའ་རི་ཆ་དོན་གསུམ་རྣམས་འཆར་བ་བཞིན་ཏེ། དེས་མཚོན་ནས་ཟླ་བ། སྒྲ་གཅན། གཟའ་ལྔའི་དལ་མྱུར་བར་པ་རྣམས་ལའང་འགྲེ་ཤེས་པར་བྱའོ། །

གཉིས་པ་ནི། ཉི་མ་དག་པ་དང་། ཟླ་བ་དག་པ་སྟེ་ཚེས་འཁྱུད་ཟླ་སྐར་དང་། སྒྲ་གཅན་གདོང་མཇུག་གི་ལོངས་སྤྱོད་དང་། གཟའ་ལྔའི་དལ་དག་དང་མྱུར་བ་དག་པ་རྣམས་བྱ་སླ་བའི་ཆེད་དུ་ཟླ་བ་དང་སྒྲ་གཅན་མ་གཏོགས་པ་སྟེ་ཚེས་ཞག་དང་། གཞན་ཐམས་ཅད་ཉིན་ཞག་ལ་བརྩིས་པའི་ཞག་རེའི་ལོངས་སྤྱོད་གང་ཡིན་པ་དེའི་གནས་རྣམས་རིམ་བཞིན་མཁའ་རོས་ཕྱེ་བ་ཆུ་ཚོད་ཀྱི་བསྒྱུར་གཞི་དང་། དེ་ནོར་སྔ་མ་སྔ་མ་སྟེ་ཆུ་ཚོད་ཀྱིས་བསྒྱུར་གཞི་དེ་ལ་སླར་ཡང་མཁའ་རོས་ཕྱེ་བའི་ནོར་རྣམས་སྲང་གི་བསྒྱུར་གཞི་དང་། དེ་ལ་དུས་ཀྱི་ཕྱེ་བ་དབུགས་ཀྱི་བསྒྱུར་གཞི་དང་། རང་ཆས་ཕྱེ་བའི་ནོར་ཐོབ་པ་རྣམས་ནི་ཆའི་བསྒྱུར་གཞི་སྟེ། དེ་རྣམས་སྒྱུར་བྱེད་ནི་ཉིན་ཞག་གི་ཐོག་མ་ནས་བརྩམས་ཏེ་ཉིན་ཚད་མཚན་ཚད་ཀྱི་སྟེང་ནས་གང་རྩི་བཞིན་པའི་དུས་དེའི་ཚེ་འདས་ཟིན་གྱི་དབྱུག་གུ་དང་། སྲང་དང་། དབུགས་དང་། ཆ་ཤས་རྣམས་ཀྱིས་རིམ་བཞིན་རང་རང་གི་བསྒྱུར་གཞི་སོ་སོའི་གནས་རྣམས་ཐམས་ཅད་བསྒྱུར་ཏེ། གནས་མཚུངས་སུ་བསྲེས་ལ་རང་འཁོར་དྲིལ་བའི་ཚོགས་དེ་ཡིས་ཞག་སྔ་མའི་གཟའ་སོ་སོའི་རྒྱུན་བཅས་ཀྱི་དལ་དག་མྱུར་དག་གི་སྟེང་དུ་བསྣན་པའམ། ཞག་དེ་ཉིན་གྱི་རྒྱུན་བཅས་ལོངས་སྤྱོད་སྟེང་ནས་ཕྲི་བས་རྩི་བཞིན་པ་དེའི་དུས་ཀྱི་ལོངས་སྤྱོད་རྣམ་དག་ཏུ་འགྱུར་བ་ཡིན་ཏེ། སྣོན་འབྲིད་བྱེད་པ་པོ་དུས་དེའི་ཚེ་ན་ཡུལ་སྟེང་ནས་རང་རང་གི་ལོངས་སྤྱོད་གང་ལས་ཇི་ཙམ་ཞིག་སྤྱད་བདེ་བླག་ཏུ་རྟོགས་པར་འགྱུར་བའི་གནད་ཀྱིས་སོ། །དཔེར་ན། ཉི་མའི་ཉིན་ཞག་རྟག་ལོངས་ཆུ་ཚོད་བཞི། སྲང་ཉེར་དྲུག་སོགས་ལ་དུས་འབྲས་ནོར་དུ་བྱས་པའི་ཉི་དག་ཆུ་ཚོད་བཞི། ཆུ་སྲང་སོ་བདུན། དབུགས་ལྔ། བུག་སོགས་ཆ་བུག་མཚོ་མེ་རི་ཀླུ་རྣམས་ལ་མཁའ་རོས་རིམ་གྱིས་ཕྱེ་བས་ཆུ་ཚོད་ཀྱི་བསྒྱུར་གཞི་སྲང་བཞི། དབུགས་གསུམ། བུག་སོགས་ཆ་དུས་མེ་མེ་སྐྱོན་གཟུགས། མཁའ་རོ་ཆ་བཅུ་གཉིས། དེ་ལ་མཁའ་རོས་ཕྱེ་བས་སྲང་གི་བསྒྱུར་གཞི། བུག་སོགས་ཆ་དུས་གཟུགས་བསེ་རུ་བུག་རོ། །མཁའ་རོ་ཆ་བཅུ་དགུ། དེའི་ཡང་མཁའ་རོ་ཆ་བཅུ་གཉིས། དེ་ལ་དུས་ཀྱིས་ཕྱེ་བས་དབུགས་ཀྱི་བསྒྱུར་གཞི་བུག་སོགས་ཆ་བུག་གཟུགས་ཚེས་གཟུགས། མཁའ་རོ་ཆ་ཉེར་གསུམ་དང་། བཅུ་གཉིས། དེ་རི་མཁའ་རིས་ཕྱེ་ནོར་ཆ་ཤས་ཀྱི་བསྒྱུར་གཞི་བུག་སོགས་ཆ་བཅུ་དྲུག །མཁའ་རོ་ཆ་བཅུ་བདུན་དང་། སོ་དྲུག །དེ་ལ་འདོད་པས་ཕྱེ་བས་བུག་སོགས་ཀྱི་བཅུ་གསུམ་ཆའི་བསྒྱུར་གཞི་བུག་སོགས་ཆ་གཅིག །མཁའ་རོ་ཆ་བཅོ་ལྔ་དང་། བཅུ་གཉིས་ཏེ། དེ་རྣམས་གང་རྩིའི་དུས་ཡན་ལ་འདས་པའི་ཆུ་ཚོད་སྲང་དབུགས་སོགས་ཀྱིས་རང་རང་གི་བསྒྱུར་གཞི་སོ་སོ་བསྒྱུར་ལ་གནས་མཚུངས་སུ་བསྲེས་པས་འདས་ད་ལྟར་གྱི་དལ་དག་གང་རུང་ལ་སྣོན་ཕྲིའི་ཆོ་གས་རྩི་བཞིན་པའི་དུས་ཀྱི་ཡུལ་གྱི་ལོངས་སྤྱོད་རྣམ་དག་ཏུ་འགྱུར་བ་ཡིན་ཏེ། དེས་མཚོན་ཚེས་འཁྱུད་ཟླ་སྐར་དང་། སྒྲ་གཅན་གདོང་མཇུག །གཟའ་ལྔའི་དལ་དག་རྣམས་ལའང་འགྲེ་ཤེས་པར་བྱ་ཞིང་། གཞན་དུ་ཆུ་ཚོད་ཆུ་སྲང་ལ་སོགས་པའི་བསྒྱུར་གཞི་དེ་རྣམས་ཞག་གསུམ་གང་བྱེད་དེའི་དུས་ལོངས་ཀྱིས་སོ་སོར་བསྒྱུར་ནས་བསྲེས་ཞག་དེ་དང་དེའི་ཡུལ་ལོངས་དང་། ཡང་བསྒྱུར་གཞི་རྣམས་ཞག་གསུམ་གང་ཡིན་གྱི་ཡུལ་ལོངས་ཀྱིས་བསྒྱུར་ནས་བསྲེས་པས་ཞག་དེ་དང་དེའི་དུས་ལོངས་འཆར་བའི་གནད་ཀྱང་ཤེས་པར་བྱའོ། །ཡང་སྒྲ་གཅན་ལ་བྱ་སླ་བའི་ཆེད་དུ་ཟླ་བ་དག་པར་རྩིས་འཕྲོ་བསྲེས་ནས་མཁའ་མེ་ལག་པས་དོར་ལྷག་ནམ་མཁའ་རྩེ་མོ་ཅན་གྱིས་བསྒྱུར། གང་རྩིའི་ཚེས་གྲངས་བསྲེས། དེ་ལ་སྒྲ་གཅན་གྱིས་ཁྱིམ་རེར་ཞག་ཇི་ཙམ་སྡོད་པའི་ཚད་འབྱུང་རི་དབང་པོས་བགོས་པའི་ནོར་ནི་ཉ་ཁྱིམ་ནས་ལུགས་ལྡོག་ཏུ་བགྲངས་པའི་འདས་ཁྱིམ་དང་། ལྷག་མ་འདས་ཞག་སྟེ་བུལ་བའི་ཆོ་གའོ། །གདོང་ལ་བྱེད་ན་གང་རྩིའི་ཚེས་གྲངས་བསྲེས་པ་དེས་མཁའ་མཁའ་བུག་རོ་ལ་སྦྱངས་ལྷག་མདའ་རི་དབང་པོས་བགོས་པའི་ནོར་གྱིས་ལུག་ཁྱིམ་ནས་ལུགས་འབྱུང་དུ་བགྲངས་པའི་འདས་ཁྱིམ་དང་། ལྷག་ཁྱིམ་དེར་སྤྱོད་འགྱུར་མ་འོངས་པའི་ཞག་སྟེ། དེས་མདའ་རི་འབྱུང་བ་ལ་སྦྱངས་པས་འདས་ཞག་ཏུ་འགྱུར་རོ། །ཡང་གཟའ་ལྔའི་མྱུར་དག་གི་ཆོ་ག་མིག་དམར་ལ་མཚོན་ན། དེ་ཉིད་ཀྱི་ནོར་ལ་སྤྱོད་པའི་དུས་ཀྱི་དལ་དག །ཆུ་ཚོད་གཉིས། སྲང་ཞེ་བདུན། དབུགས་བཞི། བུག་མིག་ལག་ཆ་ཉེར་དྲུག །དེ་ལ་མྱུར་རྐང་རྒྱལ་བའི་རྐང་འབྲས་ནོར་དུ་བྱས་པའི་མྱུར་དག །ཆུ་ཚོད་གསུམ། སྲང་ཉེར་བདུན། དབུགས་ཐིག །བུག་མིག་ལག་ཆ་དོན་གཉིས། བུག་མཁའ་མིག་བུག་ཡིད་ཀྱི་ཆ་མིག་མཁའ་ཐུབ་རི་དྲག་པོ་རྣམས་ལ། མཁའ་རོས་ཕྱེ་བས་ཆུ་ཚོད་ཀྱི་བསྒྱུར་གཞི། སྲང་གསུམ། དབུགས་གཉིས། བུག་མིག་ལག་ཆ་བརྒྱ་རེ་གཅིག །བུག་མཁའ་མིག་བུག་ཡིད་ཀྱི་ཆ་དུས་དུས་འབྱུང་རོ་རི་བོ། མཁའ་རོ་ཆ་བཅུ་གཉིས། དེ་ལ་མཁའ་རོས་ཕྱེ་བས་སྲང་གི་བསྒྱུར་གཞི། བུག་མིག་ལག་ཆ་དོན་དགུ། བུག་མཁའ་མིག་བུག་སོགས་ཀྱི་ཆ་མིག་རོ་རི་མེ། མཁའ་རོ་ཆ་སྟེང་འོག་ལ་ང་ལྔ་དང་། བཅུ་གཉིས། དེ་ལ་དུས་ཀྱིས་ཕྱེ་བས་དབུགས་ཀྱི་བསྒྱུར་གཞི། བུག་མིག་ལག་ཆ་བཅུ་གསུམ། བུག་སོགས་ཆ་འབྱུང་བུག་ཆུ་དབང་ལག་པ། མཁའ་རོ་ཆ་བཅུ་དགུ་དང་བཅུ་གཉིས། དེ་ལ་རི་མཁའ་རིས་ཕྱེ་བས་ཆ་ཤས་གོང་མའི་བསྒྱུར་གཞི་བུག་སོགས་ཆ་བུག་རི་ཐུག་ལག །མཁའ་རོ་ཆ་སོ་བརྒྱད་དང་ང་བརྒྱད། རི་མཁའ་རི་ཆ་དུས་ཀླུ་དབང་པོ། དེ་ལ་འདོད་པས་ཕྱེ་བས་རི་མཁའ་རིའི་བཅུ་གསུམ་ཆའི་བསྒྱུར་གཞི་བུག་སོགས་ཆ་འདོད་མིག །མཁའ་རོ་ཆ་ཞེ་དགུ་དང་དགུ། རི་མཁའ་རི་ཆ་གོ་དགུ། འདོད་ཆ་དྲུག་སྟེ། དེ་རྣམས་གང་རྩིའི་འདས་དབྱུག་འདས་སྲང་སོགས་ཀྱིས་སོ་སོའི་གནས་ཐམས་ཅད་བསྒྱུར་ལ་གནས་མཚུངས་སུ་བསྲེས་པ་དེས་རྒྱུན་བཅས་ཀྱི་ཞག་སྔ་མའི་མྱུར་དག་སྟེང་བསྣན་པའམ། དེ་ཉིན་གྱི་མྱུར་དག་སྟེང་ནས་ཕྲི་བས་རྩི་བཞིན་པའི་དུས་དེའི་མྱུར་དག་ཏུ་འགྱུར་བ་བཞིན་དང་། ཡང་མིག་དམར་གྱི་མྱུར་རྐང་མེ་འབྱུང་གི་རྐང་འབྲས་བུ་ལོན་དུ་སྤྱོད་པ་ལ་སྔར་བཤད་མ་ཐག་པའི་དལ་དག་གིས་ལྡོག་སྟེ་སྦྱངས་པའི་མྱུར་དག་ཆུ་སྲང་དྲུག །དབུགས་གཅིག །བུག་མིག་ལག་ཆ་ཉེར་བདུན། བུག་སོགས་ཆ་ཀླུ་ལག་རོ་ཡིད་རྣམས་ལ་མཁའ་རོས་ཕྱེ་བས་བུག་མིག་ལག་ཆ་གཟུགས་ཡིད། བུག་སོགས་ཆ་བུག་གཟུག་བུག་གཟུགས་ཕྱོགས། མཁའ་རོ་ཆ་ཞེ་བརྒྱད། དེ་ལ་མཁའ་རོས་ཕྱེ་བས་བུག་མིག་ལག་ཆ་གཉིས། བུག་སོགས་ཆ་གཟུགས་བུག་མིག་དབང་། མཁའ་རོ་ཆ་སྟེང་འོག་གཉིས་ལ་ཞེ་བརྒྱད་རེ། དེ་དུས་ཀྱིས་ཕྱེ་བས་བུག་སོགས་ཆ་མེ་ལག་རི་ཀླུ་དབང་པོ་མཁའ་རོ་ཆ་ལ་བཅོ་བརྒྱད་དང་བརྒྱད། དེ་ལ་རི་མཁའ་རིས་ཕྱེ་བས་བུག་སོགས་ཆ་གྱ་གསུམ། མཁའ་རོ་ཆ་ལ་གསུམ་དང་། སོ་ལྔ། རི་མཁའ་རི་ཆ་མེ་ཀླུ་མིག །དེ་ལ་འདོད་པས་ཕྱེ་བས་བུག་སོགས་ཆ་དྲུག །མཁའ་རོ་ཆ་ཉེར་གསུམ་དང་། ཉེར་གཅིག །རི་མཁའ་རི་ཆ་བཅུ་གསུམ། འདོད་ཆ་བདུན་ཏེ་དེ་རྣམས་གང་རྩིའི་འདས་དབྱུག་སྲང་དབུགས་སོགས་ཀྱིས་སོ་སོར་བསྒྱུར་ནས་བསྲེས་པས། འདས་ད་ལྟར་གྱི་དལ་དག་ལ་སྣོན་ཕྲིའི་ཆོ་གས་སྐབས་དེའི་མྱུར་བ་རྣམ་དག་ཏུ་འགྱུར་བ་བཞིན་ཏེ། དེས་གཟའ་གཞན་བཞི་ལའང་འགྲེ་ཤེས་པར་བྱའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། གཟའ་རྣམས་ཀྱི་ཡུལ་དུས་སྒྲིག་པའི་གནད་རགས་ཞིབ་བཤད་པའི་སྐབས་ཏེ་བཅུ་དྲུག་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་བཅུ་བདུན་པས་ཞག་གསུམ་གྱི་དཀྱིལ་འཁོར་དང་རྟག་པའི་ལོངས་སྤྱོད་བཤད་པ།

ད་ནི་སྐབས་བཅུ་བདུན་པས་ཞག་གསུམ་གྱི་དཀྱིལ་འཁོར་དང་རྟག་པའི་ལོངས་སྤྱོད་བཤད་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ། །ཞེས་པ་ནས། འདི་ལས་མ་དག་རྣམ་པར་སྤངས། །ཞེས་པའི་བར་ཚིགས་སུ་བཅད་པ་ཉི་ཤུའི་སྒོ་ནས་གསུངས་པའི་གྲུབ་མཐའི་རྟག་རྩིས་འཆད་པར་འདོད་ནས་གཟའ་རྣམས་ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །གཉིས་པ་ལ། གཟའ་ཐམས་ཅད་ཀྱི་ཐུན་མོང་གི་གཞི་ཉི་མའི་དཀྱིལ་འཁོར་དང་ལོངས་སྤྱོད་བཤད་པ། དེ་ལས་གཞན་པའི་གཟའ་གཞན་རྣམས་ཀྱི་དཀྱིལ་འཁོར་དང་ལོངས་སྤྱོད་བཤད་པའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་དང་། ལོངས་སྤྱོད་དོ། །དང་པོ་ལའང་ལུགས་འབྱུང་ལུགས་ལྡོག་གི་ཚུལ་གཉིས་ལས། དང་པོ་ལ་གསུམ་སྟེ། ཁྱིམ་ཞག །ཚེས་ཞགཉིན་ཞག་གི་དཀྱིལ་འཁོར་རོ། །དང་པོ་རྩ་བའི་རྒྱུད་ལས་དཀྱིལ་འཁོར་གསུམ་གསུངས་པའི་རིམ་པ་དང་བསྟུན་ཏེ་ལུགས་འབྱུང་དུ་བཤད་པ་ནི། ཉི་མའི་རང་འགྲོས་ཀྱིས་ཐ་སྐར་ནས་བརྩམས་ཏེ་སླར་ཡང་ཐ་སྐར་གྱི་སྟེང་དུ་སླེབ་པའི་བར་གྱི་དུས་ནི་ལོ་གཅིག་ཅེས་བྱ་ལ། དེ་ཉིད་མཁའ་དུས་མེ་སྟེ་སུམ་བརྒྱ་དྲུག་ཅུས་བསྒྱུར་བས་ཞག་སུམ་བརྒྱ་དྲུག་ཅུ་འབྱུང་བ་ནི་ཉི་མའི་ཁྱིམ་ཞག་གི་དཀྱིལ་འཁོར་ཆད་ལྷག་དང་བྲལ་བ་ཡིན་ནོ། །གཉིས་པ་ནི། ཁྱིམ་ཞག་དཀྱིལ་འཁོར་སུམ་བརྒྱ་དྲུག་ཅུ་པོ་དེ་གནས་གཉིས་སུ་བཀོད་ལ་འོག་མ་མིག་སྟེ་གཉིས་ཀྱིས་བསྒྱུར་བ་ལ། འབྱུང་བ་རོ་སྟེ་རེ་ལྔས་བགོས་པས་ཐོབ་པ་བཅུ་གཅིག་བྱུང་བ་སྟེང་གི་ཕུང་པོར་ནོར་དུ་སྦྱིན་ནོ། །ལྷག་མ་ལྔ་ལུས་པ་ཆུ་ཚོད་ཀྱི་དོན་དུ་དྲུག་ཅུས་བསྒྱུར་བ་ལ་མདའ་རོས་ཐོབ་ནོར་ཆུ་ཚོད་ཡིན་ཞིང་། དེ་བཞིན་དུ་ལྷག་མ་རྣམས་མཁའ་རོ་ནས་འདོད་པའི་བར་རིམ་པར་གསིལ་བ་ལ་རེ་ལྔས་བགོས་པས་ཐོབ་པའི་ནོར་རྣམས་བརྩེགས་པས་གཟུགས་རི་རྩེ་མོའི་ཞག་ཅེས་སོགས་ཏེ། ཉི་མའི་ཚེས་ཞག་གི་དཀྱིལ་འཁོར་རྣམ་པར་དག་པ་ཡིན་ཏེ། དེ་ལྟ་ན་ཁྱིམ་ཚེས་ཀྱི་བར་ཁྱད་ཞག་བཅུ་གཅིག་ལ་སོགས་པ་དེ་ནི་ལོ་གཅིག་གི་ཁྱིམ་ཞག་ལས་ཚེས་ཞག་གྲངས་མང་བའི་ཆ་ཡིན་ཞིང་། དེ་བསགས་པ་ལས་ཟླ་བ་ཕྱེད་བཅས་སོ་གཉིས་ན་ཟླ་ཐེབས་རེ་འབྱུང་བས་དེའི་རྒྱུ་ཡང་ཡིན་ནོ། །ཡང་གནས་ཉུང་བ་ལ་མོས་ན་ཞག་བཅུ་གཅིག་པོ་ཐོབ་པའི་ལྷག་མ་འདོད་པས་བསྒྱུར་ལ། མདའ་རོས་བགོས་པའི་རྙེད་ནོར་གཅིག་འོང་བ་ཞག་གི་བཅུ་གསུམ་ཆ་གཅིག་ཡིན་ཏེ། དེ་ལྟར་ན་སོགས་ཏེ་འདི་ཙམ་གྱིས་ཀྱང་ཚེས་ཞག་དཀྱིལ་འཁོར་གྱི་སྐབས་དོན་འགྲུབ་བོ། །གསུམ་པ་ནི། ཚེས་དཀྱིལ་སྔ་མ་གནས་དྲུག་མ་དེའི་ཞག་གི་གནས་མཁའ་རོས་བསྒྱུར་ལ་ཆུ་ཚོད་བཅུག་ཅིང་། སླར་ཡང་མཁའ་རོས་བསྒྱུར་ལ་སོགས་འདོད་ཆའི་བར་གསིལ་བའི་ཚོགས་དེ་གནས་གསུམ་གྱི་འོག་མ་གཉིས་ལྷག་མེད་དུ་བྱེད་པའི་རིགས་པས་སླར་ཡང་རི་མཁའ་རིས་བསྒྱུར་ལ་གནས་གསུམ་དུ་བཞག་པའི་འོག་མ་རི་མཁའ་རིས་བགོས་ཐོབ་ལྷག་མེད་དེ་དབུས་ཀྱི་ཕུང་པོར་ནོར་དུ་སྦྱིན་ཞིང་། དེ་ལ་ཆུ་རོས་བགོས་པས་ཀྱང་ལྷག་མ་མེད་ལ་ཐོབ་ནོར་དེས་གནས་སྟེང་མ་ནས་སྦྱང་བར་བྱའོ། །དེ་ལྟར་སྦྱངས་པའི་ལྷག་རྣམས་རི་མཁའ་རི་དང་འདོད་པ་སོགས་ཀྱིས་ཞག་སར་དྲིལ་བ་རྣམས་བརྩེགས་པས་འབྱུང་འདོད་མེ་ཡི་ཞག་སོགས་ཏེ། ཉི་མའི་ཉིན་ཞག་གི་དཀྱིལ་འཁོར་རྣམ་པར་དག་པ་ཡིན་ནོ། །ཉིན་ཞག་དཀྱིལ་འཁོར་དེ་ཡིས་ཚེས་ཞག་དཀྱིལ་འཁོར་ལ་ཕྲི་བའི་ལྷག་མ་ཞག་ལྔ་ལ་སོགས་པ་ནི་ལོ་གཅིག་གི་ཉིན་ཞག་ལས་ཚེས་ཞག་གྲངས་མང་བའི་བར་ཁྱད་ཀྱི་ཆ་ཡིན་ཞིང་། ལོ་རེའི་ཞག་མི་ཐུབ་ཀྱི་ཆ་ཡང་ཡིན་ནོ། །ཡང་ཉིན་ཞག་དཀྱིལ་འཁོར་གནས་ཉུང་བ་ལ་མོས་ན། སྔར་གྱི་ཚེས་ཞག་དཀྱིལ་འཁོར་ཕྱི་མ་གནས་གཉིས་མ་དེ་འདོད་ཆར་གསིལ་བས་ཞག་སར་ཆུ་མིག་ཀླུ་མཚོ་འོང་བ་གནས་གསུམ་དུ་བཞག་པའི་འོག་མར་དུས་ལག་པ་སྟེ་ཉེར་དྲུག་གིས་བསྒྱུར་ལ་མིག་ཀླུ་མེ་སྐྱོན་གྱིས་བགོས་པའི་ཐོབ་ནོར་བར་མར་སྦྱིན། དེ་ལ་ཆུ་རོས་བགོས་ནོར་གྱིས་སྟེང་མར་སྦྱང་ཞིང་། དེ་ལས་གཅིག་ཕབ་ལ་གནས་འོག་མ་གཉིས་ཀྱི་རང་རང་གི་ཆས་རིམ་པར་སྦྱང་ཞིང་། གནས་སྟེང་མ་འདོད་པས་ཕུད་པ་རྣམས་བརྩེགས་པས་མདའ་དུས་རྩེ་མོའི་ཞག་སོགས་ཏེ། དེ་ཡང་ཉིན་ཞག་དཀྱིལ་འཁོར་རྣམ་དག་ཡིན་ཏེ། དེ་ནི་ལུགས་འབྱུང་གི་རིམ་པའོ། །གཉིས་པ་ལོངས་སྤྱོད་ཀྱི་སྐབས་སུ་ཐོག་མར་ཉིན་ཞག་ལས་བརྩམས་ཏེ་བསྒྲུབས་པའི་རིམ་པ་བཞིན་དུ་སྔ་མ་དེ་ལས་ལུགས་ལྡོག་སྟེ་འཆད་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ནས་ལུགས་ལྡོག་ཅེས་སོགས་སོ། །གཉིས་པ་ལའང་ཉིན་ཞག །ཚེས་ཞག །ཁྱིམ་ཞག་གོ། དང་པོ་ནི། ཉིན་ཞག་དཀྱིལ་འཁོར་ཞེས་བྱ་བ་སྟེ་བཤད་མ་ཐག་པ་དེའོ། །གཉིས་པ་ནི། དེའི་ཞག་གི་གནས་མཁའ་རོས་བསྒྱུར་ལ་ཆུ་ཚོད་བཅུག་ཅེས་སོགས་ཏེ་སྲང་དབུགས་འདོད་ཆ་རི་མཁའ་རིའི་བར་དུ་གསིལ་བའི་ཉིན་ཞག་གི་ཚོགས་དེ་ཉིད་གནས་བཞིར་བཞག་པའི་འོག་མ་ལ་འབྱུང་འདོད་དྲག་པོས་བགོས་པས། ཐོབ་པའི་རྙེད་ནོར་སྟེང་མ་ལ་བསྲེས་པའི་ཚོགས་དེ་ལའང་རོ་བུག་རོས་བགོས་པའི་ཐོབ་ནོར་གནས་སྟེང་མར་བསྲེས་པ་དེ་ལ་མེ་རོས་ཐོབ་པའི་ནོར་གནས་སྟེང་མར་བསྲེས་པའི་ཚོགས་དེ་ཉིད་རི་མཁའ་རི་དང་འདོད་དུས་སོགས་ཀྱིས་སྟེང་དུ་དྲིལ་བས། ཟླ་རི་མེའི་ཞག་སོགས་ཏེ་ཉི་མའི་ཚེས་ཞག་དཀྱིལ་འཁོར་རྣམ་དག་ཡིན་ནོ། །གསུམ་པ་ནི། ཚེས་དཀྱིལ་སོགས་ཏེ། དེ་ཉིད་འདོད་ཆའི་བར་དུ་གསིལ་བ་གནས་གཉིས་སུ་བྱས་པའི་འོག་མ་མིག་གིས་བསྒྱུར་ཏེ་རི་རོས་ཐོབ་པའི་གནས་སྟེང་མ་ལ་སྦྱང་ཞིང་། སྦྱངས་པའི་ལྷག་མ་འདོད་པ་སོགས་ཀྱིས་སྟེང་དུ་དྲིལ་བས་ཞག་སར་སུམ་བརྒྱ་དྲུག་ཅུ་དང་། ལྷག་མ་མེད་པ་གནས་སྲུང་གི་ཐིག་ལེ་རིམ་བརྩེགས་རྣམས་ནི་ཉི་མའི་འཕོ་ཞག་ཁྱིམ་དཀྱིལ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། དུས་ཀྱི་རྟག་ལོངས་དང་། ཡུལ་གྱི་རྟག་ལོངས་སོ། །དང་པོ་ལའང་གཉིས་ཏེ། ལུགས་འབྱུང་དང་། ལུགས་ལྡོག །དང་པོ་ནི། དཀྱིལ་འཁོར་བཤད་པའི་རྗེས་དེ་ནས་སོགས་ཏེ། འདི་ལ་གསུམ། ཉིན་ཞག །ཚེས་ཞག །ཁྱིམ་ཞག་གོ། དང་པོ་ནི། ཉིན་གཅིག་སོགས་ཏེ། ཉིན་ཞག་ཕྲུགས་རེ་ལ་མིའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་ལ། དེ་དྲིལ་བས་ཆུ་ཚོད་དྲུག་ཅུ་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། ཉིན་ཞག་གི་ཚད་དེ་ཉིད་མཁའ་རོས་བསྒྱུར་བ་ནི་ཞེས་སོགས་སྲང་དབུགས་རི་མཁའ་རིའི་ཆའི་བར་དུ་གསིལ་བ་གནས་གསུམ་དུ་བཞག་པ་འོག་ནས་རི་མཁའ་རི་དང་ཆུ་རོས་དྲིལ་བའི་ནོར་གྱིས་སྟེང་མར་ཕྲི་བའི་ལྷག་མ་རི་མཁའ་རི་དང་རོ་སོགས་ཀྱིས་དྲིལ་བས་བུག་མདའི་དབྱུག་སོགས་ཏེ། ཚེས་ཞག་དུས་ཀྱི་རྟག་ལོངས་རྣམ་དག་ཡིན་ནོ། །གསུམ་པ་ནི། ཚེས་ལོངས་དེ་ཉིད་སོགས་ཏེ། ཆའི་བར་དུ་གསིལ་བའི་ཚོགས་དེ་གནས་གཉིས་འོག་མ་མིག་གིས་བསྒྱུར་ལ་མདའ་རོས་ཐོབ་ནོར་གནས་སྟེང་མ་ལ་བསྲེས་ཏེ་དེ་ཉིད་རི་མཁའ་རི་སོགས་རང་རང་འཁོར་ལོས་དྲིལ་བས། ལྷག་རྣམས་བརྩེགས་པས་སོགས་ཏེ་ཁྱིམ་ཞག་དུས་ཀྱི་རྟག་ལོངས་ཡིན་ནོ། །གཉིས་པ་ལུགས་ལྡོག་ནི། སླར་ཡང་རྩ་རྒྱུད་སོགས་ཏེ། འདི་ལ་གསུམ། ཁྱིམ། ཚེས། ཉིན་ཞག་དུས་ལོངས་སོ། །དང་པོ་ནི། ཁྱིམ་དཀྱིལ་ཞེས་སོགས་ཏེ། ཉིན་དཀྱིལ་ལ་ཁྱིམ་དཀྱིལ་གྱིས་བགོས་པའི་ཐོབ་ནོར་བརྩེགས་པས་མཁའ་རོའི་དབྱུག་སོགས་འོང་སྟེ་ཁྱིམ་ཞག་དུས་ལོངས་ཡིན་ནོ། །ཡང་ཁྱིམ་ལོངས་སྔ་མ་ཡི་སོགས་ཏེ། ལུགས་འབྱུང་གི་ཆོ་གར་བཤད་པའི་ཁྱིམ་ལོངས་ཀྱི་རི་མཁའ་རི་ཆ་དང་མདའ་རོའི་ཆ་གཉིས་གློ་བུར་དུ་འདོད་ཆ་དང་རི་མཁའ་རི་ཆར་བྱེད་པའི་ཆོ་གའོ། །གཉིས་པ་ནི། ཁྱིམ་ལོངས་དེ་ཉིད་སོགས་རང་རང་གི་ཆར་གསིལ་ལ་གནས་གཉིས་ཀྱི་འོག་མ་མིག་གིས་བསྒྱུར་ནས་རི་རོས་ཐོབ་པའི་ནོར་གྱིས་སྟེང་མར་སྦྱང་ཞིང་། ལྷག་མ་རི་མཁའ་རི་སོགས་རང་རང་གི་འཁོར་ལོས་དྲིལ་བའི་ཚོགས་བརྩེགས་པས་ང་དགུའི་དབྱུག་སོགས་ཚེས་ཞག་དུས་ཀྱི་རྟག་ལོངས་འཆར་བ་ཡིན་ནོ། །གསུམ་པ་ནི། ཚེས་ལོངས་དེ་ཉིད་སོགས་ཏེ་རང་ཆར་གསིལ་བ་གནས་བཞིར་བཀོད་པའི་འོག་ནས་ཡར། འབྱུང་འདོད་དྲག་པོ་དང་། རོ་བུག་རོ་དང་། མེ་རོ་རྣམས་ཀྱིས་སྟེང་དུ་དྲིལ་བའི་ཚོགས་དེ་ཉིད་རི་མཁའ་རི་དང་འདོད་དུས་སོགས་རང་རང་འཁོར་ལོས་ཆུ་ཚོད་སར་དྲིལ་བས་དྲུག་ཅུ་འབྱུང་སྟེ། ཉིན་ཞག་དུས་ཀྱི་རྟག་ལོངས་ཡིན་ནོ། །ད་ནི་རི་མོ་དེ་རྣམས་ཀྱི་རྒྱུ་མཚན་ཅུང་ཟད་ཅིག་སྐབས་འདིར་བརྗོད་པར་བྱ་སྟེ། དེ་ཡང་ཞག་གང་དང་གང་གི་གྲངས་ལས་ཞག་དེ་དང་དེའི་གྲངས་འཚོལ་བའི་ཚེ། ཞག་གཉིས་པོའི་བར་ཁྱད་བསགས་པ་ལས་བཙལ་བྱར་གྱུར་པའི་ཞག་དེ་ཇི་ཙམ་ན་ལོངས་པའི་གྲངས་དེས་བགོད་པ་ཡིན་ཞིང་། ཡང་ཞག་གང་དང་གང་གི་ལོངས་སྤྱོད་ལས་ཞག་དེ་དང་དེའི་ལོངས་སྤྱོད་འཚོལ་བའི་ཚེ། ཞག་གཉིས་པོའི་བར་ཁྱད་དེ་འཚོལ་གཞིར་གྱུར་པའི་ཞག་དེའི་ལོངས་སྤྱོད་ཀྱི་གྲངས་ཇི་ཙམ་ཞིག་ཡིན་པའི་གྲངས་དེས་བགོད་པ་ནི་རྩ་བའི་ངེས་པ་ཡིན་ནོ། །དེས་ན་འདི་ལྟར་སྦྱར་ཏེ། ཁྱིམ་ཞག་གི་གྲངས་ལས་ཚེས་ཞག་གི་གྲངས་འཚོལ་བའི་ཚེ་རེ་ལྔས་བགོད་དགོས་ཏེ། ཞག་གཉིས་པོའི་བར་ཁྱད་ཆུ་ཚོད་གཅིག །ཆུ་སྲང་ཞེ་དགུ། དབུགས་སྟོང་པ། རི་མཁའ་རི་ཆ་བརྒྱ་ང་གཉིས། རེ་ལྔ་ཆ་བཅུ་པོ་དེ་ཕྱེད་བཅས་སོ་གཉིས་སུ་བསགས་པ་ལས་ཚེས་ཞག་ཏུ་ལོངས་པའི་ཕྱིར་རོ། །ཡང་ཚེས་ཞག་གི་གྲངས་ལས་ཉིན་ཞག་གི་གྲངས་འཚོལ་བའི་ཚེ། རི་མཁའ་རི་དང་རེ་བཞིས་བགོད་དགོས་ཏེ། ཞག་གཉིས་པོའི་བར་ཁྱད་ཆུ་སྲང་ང་དྲུག །དབུགས་གཅིག །རི་མཁའ་རི་ཆ་དྲུག་བརྒྱ་གོ་གཅིག་རྣམས་བསགས་པ་ལས་ཞག་རེ་བཞིན་ཉིན་ཞག་གཅིག་དང་། ཉིན་ཞག་གཅིག་གི་རི་མཁའ་རིའི་གཅིག་ཏུ་ལོངས་པའི་ཕྱིར་རོ། །ཡང་ཉིན་ཞག་གི་གྲངས་ལས་ཚེས་ཞག་གི་གྲངས་འཚོལ་བའི་ཚེ། འབྱུང་འདོད་དྲག་པོ་དང་། རོ་བུག་རོ་དང་། རེ་གསུམ་རྣམས་ཀྱིས་བགོ་དགོས་ཏེ། ཞག་གཉིས་པོའི་བར་ཁྱད་ཆུ་སྲང་ང་དྲུག་ལ་སོགས་པ་དེ་བསགས་པ་ལས་ཞག་རེ་གསུམ་ན་ཚེས་ཞག་གཅིག་དང་། ཚེས་ཞག་གཅིག་གི་རོ་བུག་རོའི་ཆ་གཅིག་དང་རོ་བུག་རོ་ཆའི་འབྱུང་འདོད་དྲག་པོའི་ཆ་གཅིག་རྣམས་སུ་ལོངས་པའི་ཕྱིར། ཡང་ཚེས་ཞག་གི་གྲངས་ལས་ཁྱིམ་ཞག་གི་གྲངས་འཚོལ་བའི་ཚེ་རི་རོས་བགོད་དགོས་ཏེ། ཞག་གཉིས་པོའི་བར་ཁྱད་ཆུ་ཚོད་གཅིག །ཆུ་སྲང་ཞེ་དགུ་ལ་སོགས་པ་དེ་བསགས་པ་ལས་ཞག་ཕྱེད་བཅས་སོ་གསུམ་ན་ཁྱིམ་ཞག་ཏུ་ལོངས་པའི་ཕྱིར་རོ། །ཡང་ལོངས་སྤྱོད་ལས་ལོངས་སྤྱོད་འཚོལ་བའི་ཚེ་འདི་ལྟར་ཤེས་པར་བྱ་སྟེ། ཉིན་ཞག་གི་ལོངས་སྤྱོད་ལས་ཚེས་ཞག་གི་ལོངས་སྤྱོད་འཚོལ་བའི་ཚེ་རི་མཁའ་རི་དང་རེ་བཞིས་བགོད་དགོས་ཏེ། དེ་གཉིས་ཀྱི་བར་ཁྱད་ཆུ་སྲང་ང་དྲུག་ལ་སོགས་པ་དེ། ཉིན་ཞག་ལོངས་སྤྱོད་ཀྱི་རེ་བཞི་ཆ་གཅིག་དང་། རེ་བཞི་ཆ་གཅིག་ཀྱང་རི་མཁའ་རི་ཆ་གཏུབས་པའི་ཆ་གཅིག་ཡིན་པའི་ཕྱིར་རོ། །ཡང་ཚེས་ཞག་གི་ལོངས་སྤྱོད་ལས་ཁྱིམ་ཞག་གི་ལོངས་སྤྱོད་འཚོལ་བའི་ཚེ་རེ་ལྔས་བགོད་དགོས་ཏེ། དེ་གཉིས་པོའི་བར་ཁྱད་ཆུ་ཚོད་གཅིག །ཆུ་སྲང་ཞེ་དགུ་ལ་སོགས་པ་དེ་ཚེས་ཞག་ལོངས་སྤྱོད་ཀྱི་ཕྱེད་བཅས་སོ་གཉིས་ཀྱི་ཆ་གཅིག་ཡིན་པའི་ཕྱིར་རོ། །ཡང་ཁྱིམ་ཞག་གི་ལོངས་སྤྱོད་ལས་ཚེས་ཞག་ལོངས་སྤྱོད་འཚོལ་བའི་ཚེ་རེ་བདུན་གྱིས་བགོད་དགོས་ཏེ། དེ་གཉིས་པོའི་བར་ཁྱད་ཆུ་ཚོད་གཅིགཆུ་སྲང་ཞེ་དགུ་ལ་སོགས་པ་དེ་ཁྱིམ་ཞག་གཅིག་གི་ལོངས་སྤྱོད་ཀྱི་ཕྱེད་བཅས་སོ་གསུམ་གྱི་ཆ་གཅིག་ཡིན་པའི་ཕྱིར་རོ། །ཡང་ཚེས་ཞག་ལོངས་སྤྱོད་ལས་ཉིན་ཞག་ལོངས་སྤྱོད་འཚོལ་བའི་ཚེ། འབྱུང་འདོད་དྲག་པོ་དང་། རོ་བུག་རོ་དང་། རེ་གསུམ་རྣམས་ཀྱིས་བགོད་དགོས་ཏེ། དེ་གཉིས་ཀྱི་བར་ཁྱད་སྲང་ང་དྲུག །དབུགས་གཅིག་ལ་སོགས་པ་དེ་ཚེས་ཞག་གཅིག་གི་ལོངས་སྤྱོད་ཀྱི་རེ་གསུམ་ཆ་གཅིག་དང་། རེ་གསུམ་ཆའི་རོ་བུག་རོ་ཆ་གཅིག་དང་། རོ་བུག་རོ་ཆའི་འབྱུང་འདོད་དྲག་པོར་གཏུབས་པའི་ཆ་གཅིག་རྣམས་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཞག་གསུམ་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་ལ་ནོར་བུ་ལོན་དུ་འགྱུར་ཚུལ་ཡང་ཤེས་པར་བྱ་སྟེ། ཞག་གང་དང་གང་གི་ལོངས་སྤྱོད་ལ་ནོར་དུ་གྱུར་ན་དཀྱིལ་འཁོར་ལ་བུ་ལོན་དུ་འགྱུར། དཀྱིལ་འཁོར་ལ་ནོར་དུ་གྱུར་ན་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་ཏེ། དཔེར་ན། ཁྱིམ་ཚེས་གཉིས་ལོངས་སྤྱོད་ཁྱིམ་ཞག་ཆེ་བའི་རྒྱུ་མཚན་གྱིས་དཀྱིལ་འཁོར་ཁྱིམ་ཞག་གྲངས་ཉུང་ལ། ལོངས་སྤྱོད་ཚེས་ཞག་ཆུང་བས་དཀྱིལ་འཁོར་ཚེས་ཞག་གྲངས་མང་བ་དང་། དེ་བཞིན་དུ་ཉིན་ཚེས་གཉིས་ཀྱང་དེ་དང་འདྲའོ། །དེ་ལྟར་རིགས་པའང་ཡིན་ཏེ། ལོ་གཅིག་གི་ཕུང་པོ་གཅིག་ལ་འཇལ་བྱེད་ཆེ་བའི་ཚེ་གྲངས་ཉུང་བ་དང་། འཇལ་བྱེད་ཆུང་བའི་ཚེ་གྲངས་མང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ད་ནི་ཞག་སོ་སོའི་བར་ཁྱད་རྣམས་བདེ་བླག་ཏུ་རྟོགས་པའི་ཕྱིར་ཆའི་ཚད་རྣམས་བརྗོད་པར་བྱ་སྟེ། འདི་ལ་གཉིས། ཁྱིམ་ཚེས་ཀྱི་བར་ཁྱད་དུ་གྱུར་པའི་ཆ་དང་། ཉིན་ཚེས་གཉིས་ཀྱི་བར་ཁྱད་དུ་གྱུར་པའི་ཆའོ། །དང་པོ་ནི། ཆུ་ཚོད་གཅིག །སྲང་བུག་མཚོ། དབུགས་ཐིགརི་སོགས་ཆ་མིག་འབྱུང་ཟླ་བ། རེ་ལྔ་ཆ་མཁའ་མདའ་སྟེ་ཁྱིམ་ཚེས་ཀྱི་བར་ཁྱད་འདི་ནི། ཁྱིམ་ཞག་གི་ཕྱེད་བཅས་མེ་མེ་ཆའམ། རི་རོ་ཆ་ཉིས་འགྱུར་རམ། ཚེས་ཞག་ཕྱེད་བཅས་སོ་གཉིས་ཆའམ། མདའ་རོ་ཆ་ཉིས་འགྱུར་རམ། ཁྱིམ་ཞག་གི་སོ་བཞི་ཆ་དང་། དེའི་རི་རོ་ཆ་བསྡོམས་པའམ། ཚེས་ཞག་གི་མེ་མེ་ཆ་དང་། དེའི་མདའ་རོ་ཆ་བསྡོམས་པ་སྡེ་དྲུག་ཀའི་གཞི་མཐུན་གྱི་ཚད་དོ། །ཡང་ཆུ་སྲང་ང་བཞི་དབུགས་གསུམ། རི་སོགས་ཆ་རོ་ཐུབ། མདའ་རོ་ཆ་ཉེར་ལྔ་རྣམས་ནི་ཁྱིམ་ཞག་གི་ཕྱེད་བཅས་མེ་མེ་ཆའི་ཕྱེད་དམ་རི་རོ་ཆའམ། ཚེས་ཞག་གི་ཕྱེད་བཅས་སོ་གཉིས་ཆའི་ཕྱེད་དམ། མདའ་རོ་ཆ་སྟེ་བཞི་ཀའི་ཚད་དོ། །ཡང་ཆུ་ཚོད་གཅིག །སྲང་ཐུབ་ཆུ། དབུགས་གཉིས། རི་སོགས་ཆ་མཁའ་ཉི། མདའ་རོ་ཆ་ང་ལྔ་རྣམས་ནི་ཁྱིམ་ཞག་གི་སོ་བཞི་ཆའོ། །ཡང་སྲང་གཅིག །དབུགས་གསུམ། རི་སོགས་ཆ་ཀླུ་མེ་རྒྱ་མཚོ། མདའ་རོ་ཆ་དྲུག་ཅུ་རྣམས་ནི་ཁྱིམ་ཞག་གི་སོ་བཞི་ཆའི་རི་རོ་ཆའོ། །ཡང་ཆུ་ཚོད་གཅིག །སྲང་ཐུབ་ཆུ། དབུགས་མིག །རི་སོགས་ཆ་ཡིད་མིག །མདའ་རོ་ཆ་ཐུབ་ཆུ། མེ་མེ་ཆ་དགུ་རྣམས་ནི། ཚེས་ཞག་གི་མེ་མེ་ཆའོ། །ཡང་སྲང་གཅིག །དབུགས་གསུམ། རི་སོགས་ཆ་དབང་པོ་ཡིད། མདའ་རོ་ཆ་གཉིས། སོ་གསུམ་ཆ་རྒྱལ་བ་རྣམས་ནི་ཚེས་ཞག་གི་མེ་མེ་ཆའི་མདའ་རོ་ཆའོ། །གཉིས་པ་ཉིན་ཚེས་བར་ཁྱད་དུ་གྱུར་པའི་ཆ་ནི། ཆུ་སྲང་ང་དྲུག །དབུགས་གཅིག །རི་སོགས་ཆ་གཟུགས་བུག་རོ་སྟེ། ཉིན་ཚེས་ཀྱི་བར་ཁྱད་འདི་ནི་ཉིན་ཞག་གི་ཐུབ་རི་ཟླ་བའི་ཆ་བརྒྱ་རེ་གཅིག་དང་བཅས་པའི་མེ་རོ་ཆའམ། ཉིན་ཞག་གི་ཉི་མ་འདོད་ཟླའི་ཆ་ཐུབ་རི་ཟླ་བའམ། ཚེས་ཞག་གི་ཐུབ་རི་ཟླ་བའི་ཆ་བརྒྱ་རེ་གཅིག་དང་བཅས་པའི་མིག་དུས་ཆའམ། ཚེས་ཞག་གི་འབྱུང་འདོད་དྲག་པོའི་ཆ་ཐུབ་རི་ཟླ་བའམ། ཉིན་ཞག་གི་རེ་བཞི་ཆ་དང་། དེའི་རི་མཁའ་རི་ཆ་བསྡོམས་པའམ། ཚེས་ཞག་གི་མེ་རོ་ཆ་དང་། དེའི་རོ་བུག་རོ་ཆ་དང་། དེའི་ཡང་འབྱུང་འདོད་དྲག་ཆ་རྣམས་བསྡོམས་པ་སྟེ་དྲུག་ཀའི་གཞི་མཐུན་གྱི་ཚད་དོ། །ཡང་ཆུ་སྲང་ང་དྲུགདབུགས་གཅིག །རི་སོགས་ཆ་མེ་འབྱུང་རྩེ་མོ། ཆུ་རོ་ཆ་སོ་གཉིས་རྣམས་ནི་ཉིན་ཞག་གི་ཆུ་རོ་ཆའོ། །ཡང་དབུགས་གཅིག །རི་སོགས་ཆ་རི་མེ་ཡོན་ཏན། ཆུ་རོ་ཆ་སོ་གཉིས་རྣམས་ནི་ཉིན་ཞག་གི་ཆུ་རོ་ཆའི་རི་མཁའ་རི་ཆའམ། རི་མཁའ་རི་ཆའི་ཆུ་རོ་ཆའམ། ཚེས་ཞག་གི་རོ་བུག་རོ་ཆ་དང་། དེའི་འབྱུང་འདོད་དྲག་ཆ་བསྡོམས་པའི་ཆུ་རོ་ཆ་སྟེ། གསུམ་ཀའི་གཞི་མཐུན་གྱི་ཚད་དོ། །ཡང་སྲང་ལྔ། དབུགས་ཐིག །རི་སོགས་ཆ་མཁའ་བུག་ཡོན་ཏན་རྣམས་ནི་ཉིན་ཞག་གི་རི་མཁའ་རི་ཆའམ། ཚེས་ཞག་གི་རོ་བུག་རོ་ཆ་དང་། དེའི་འབྱུང་འདོད་དྲག་ཆ་བསྡོམས་པའམ། ཉིན་ཞག་གི་ཉི་མ་འདོད་ཟླའི་ཆ་བཅུ་དྲུག་གམ། ཚེས་ཞག་གི་འབྱུང་འདོད་དྲག་ཆ་བཅུ་དྲུག་སྟེ་བཞི་ཀའི་གཞི་མཐུན་གྱི་ཚད་དོ། །ཡང་སྲང་ཉི་ཤུ། དབུགས་གཉིས། རི་སོགས་ཆ་མེ་མེ་མིག །དེའི་ཐུབ་རི་ཟླ་བའི་ཆ་གཟུགས་རི་ཟླ་བ་རྣམས་ནི། ཉིན་ཞག་གི་ཐུབ་རི་ཟླ་བའི་ཆའོ། །ཡང་དབུགས་གཅིག །རི་སོགས་ཆ་མེ་མཚོ་རོ་རྣམས་ནི་ཉིན་ཞག་གི་ཉི་མ་འདོད་ཟླའི་ཆའམ། ཚེས་ཞག་གི་འབྱུང་འདོད་དྲག་པོའི་ཆ་སྟེ་གཉིས་ཀའི་གཞི་མཐུན་གྱི་ཚད་དོ། །ཡང་སྲང་ང་དྲུག །དབུགས་གཅིག །རི་སོགས་ཆ་ཀླུ་མཚོ་མེ། བདུན་ཆ་གཅིག་རྣམས་ནི་ཚེས་ཞག་གི་མེ་རོ་ཆའོ། །ཡང་དབུགས་ཀྱི་རི་སོགས་ཆ་མིག་མཚོ་ཡོན་ཏན། བདུན་ཆ་ལྔ། དེའི་དུས་དྲག་ཆ་གཟུགས་བུག་རྣམས་ནི། ཚེས་ཞག་གི་མེ་རོ་ཆའི་རོ་བུག་རོ་ཆའོ། །ཡང་དབུགས་ཀྱི་རི་སོགས་ཆ་བདུན་ཆའི་དུས་དྲག་ཆ་མདའ་མིག་ནི། ཚེས་ཞག་གི་མེ་རོ་ཆའི་རོ་བུག་ཆའི་འབྱུང་འདོད་དྲག་ཆའོ། །ཡང་སྲང་ལྔ། དབུགས་ཐིག །རི་སོགས་ཆ་ཀླུ་སྦྲུལ་ཡོན་ཏན། བདུན་ཆ་ཐིག །དུས་དྲག་ཆ་བུག་མཚོ་རྣམས་ནི་ཚེས་ཞག་གི་རོ་བུག་རོ་ཆའོ། །ཡང་དབུགས་ཀྱི་རི་སོགས་ཆ་གཅིག །བདུན་ཆ་དྲུག །དུས་དྲག་ཆ་རི་རོ་རྣམས་ནི་ཚེས་ཞག་གི་རོ་བུག་རོ་ཆའི་འབྱུང་འདོད་དྲག་ཆའོ། །ཡང་སྲང་མཁའ་མིག །དབུགས་ཐིག །རི་སོགས་ཆ་ཐུབ་པ་གདེངས་ཀདེའི་ཐུབ་རི་ཟླ་བའི་ཆ་གཟུགས་རི་ཟླ་བ་ནི་ཚེས་ཞག་གི་ཐུབ་རི་ཟླ་བའི་ཆའོ། །དེ་དག་ནི་ཞལ་ལུང་དུ་གསུངས་པའི་ཆའི་ཚད་ཙམ་ཞིག་བཏུས་ནས་ཚོམས་སུ་བརྗོད་པ་སྟེ། ཇི་ལྟར་རིགས་པ་གོང་འོག་ཀུན་ཏུ་ཁྱེར་ཤེས་པར་བྱའོ། །དེ་ལྟར་ན་ཞལ་ལུང་ལས། ཞག་གསུམ་གྱི་རྣམ་པར་དབྱེ་བ་འདི་ནི། སྤྱིར་རྩིས་ཀྱི་ཚུལ་ལུགས་རྣམས་ཕྱིན་ཅི་མ་ལོག་པར་རྟོགས་པའི་སྒོ་དང་། ཁྱད་པར་དུ་གྲུབ་པའི་མཐའི་རྩིས་གང་ལས་བྱུང་བའི་འབྱུང་ཁུངས་ལྟ་བུ་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་ཞིབ་ཏུ་གཏན་ལ་ཕབ་སྟེ་གཟའ་སོ་སོའི་ཡུལ་གྱི་ལོངས་སྤྱོད་དང་དཀྱིལ་འཁོར་ལའང་ཇི་ལྟར་རིགས་པ་སྦྱར་བར་བྱའོ། །ཞེས་གསུངས་པ་ལྟར་ཕྱོགས་འདི་ལ་མངོན་པར་དགའ་བ་རྣམས་ཀྱིས་ཞིབ་ཏུ་བརྩིས་ནས་སྦྱར་བར་བྱ་ཡི། འདིར་ནི་ཡི་གེས་འཇིགས་ནས་སྤྲོས་པ་མ་བྱས་ལ། འོན་ཀྱང་བསྒྱུར་བྱ་སྒྱུར་བྱེད་ཀྱི་རི་མོའི་བྱེད་ཚུལ་གྱི་ལྷན་ཐབས་ཞིབ་མོ་ཞིག་སླར་བྱེད་པར་འདོད་དོ། །གཉིས་པ་ཡུལ་གྱི་རྟག་ལོངས་ནི། རྒྱུ་སྐར་ཉེར་བདུན་མཁའ་རོས་བསྒྱུར་བས་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་འབྱུང་སྟེ། དེ་ནི་གཟའ་རྣམས་ཀྱི་བགྲོད་པར་བྱ་བའི་ཡུལ་རྒྱུ་སྐར་འཁོར་ལོའི་ཆུ་ཚོད་ཀྱི་གྲངས་ཡིན་ནོ། །དེ་ལ་གཟའ་སོ་སོའི་ཞག་གསུམ་གྱི་དཀྱིལ་འཁོར་གྱིས་བགོས་པས་གཟའ་རང་རང་གི་ཞག་གསུམ་གྱི་ཡུལ་གྱི་རྟག་པའི་ལོངས་སྤྱོད་དུ་འགྱུར་བ་དེས་ན་དེའི་ཆ་དབྱེ་བ་བཤད་ཀྱིས་ཉོན་ཅིག་པའོ། །བགོད་གཞི་དེ་ལས་ཉི་མའི་ཡུལ་ལོངས་འཚོལ་བ་ལ་གསུམ་སྟེ། ཁྱིམ། ཚེས། ཉིན་ཞག་གི་ཡུལ་ལོངས་སོ། །དང་པོ་ནི། རྒྱུ་སྐར་ཆུ་ཚོད་སྟོང་དང་དྲུག་བརྒྱ་ཉི་ཤུ་ལ་ཉི་མའི་ཁྱིམ་ཞག་དཀྱིལ་འཁོར་མཁའ་དུས་མེས་བགོས་པས། ཐོབ་པའི་རྙེད་པ་ནི་ཆུ་ཚོད་ཡིན་ལ། ལྷག་མ་མཁའ་རོས་བསྒྱུར་བ་ལ་དཀྱིལ་འཁོར་གྱིས་བགོས་པས་ཐོབ་པ་ཆུ་སྲང་སྟེ་ལྷག་མེད་དོ། །དེ་ལྟར་ན་ཆུ་ཚོད་རྒྱ་མཚོ་སོགས་ཏེ་ཁྱིམ་ཞག་ཡུལ་ལོངས་སོ། །གཉིས་པ་ནི། རྒྱུ་སྐར་ཆུ་ཚོད་ལ་ཚེས་དཀྱིལ་གྱིས་བགོད་མི་བདེ་བས་ཚེས་ཞག་དཀྱིལ་འཁོར་གནས་མང་པོའི་གནས་རྣམས་འདོད་པ་སོགས་ཀྱིས་ཞག་སར་དྲིལ་བས། ཆུ་མིག་ཀླུ་མཚོ་འོང་སྟེ་བགོད་བྱེད་དོ། །དེ་ཡིས་རྒྱུ་སྐར་ཆུ་ཚོད་ཀྱང་ཤེད་མཚུངས་ཀྱི་རིགས་པས་འདོད་པས་བསྒྱུར་ཏེ། དེ་ལ་བགོས་པས་ཐོབ་པ་ཆུ་ཚོད་དང་། ལྷག་མ་རྣམས་མཁའ་རོ་སོགས་ཏེ་རང་རང་གི་ཆས་བསྒྱུར་ལ་ཐོབ་པ་སོ་སོའི་ཆ་དང་། དེ་ལྟར་ན་བརྩེགས་པས་སོགས་ཏེ་ཉི་མའི་ཚེས་ཞག་ཡུལ་ལོངས་ཡིན་ནོ། །གསུམ་པ་ནི། བགོད་གཞི་ལ་ཉིན་ཞག་གི་དཀྱིལ་འཁོར་གནས་མང་པོས་བགོད་མི་བདེ་བས། དཀྱིལ་འཁོར་གྱི་གནས་རྣམས་མིག་ཀླུ་སོགས་ཀྱིས་ཞག་སར་དྲིལ་བས་མདའ་མཁའ་མཚོ་ཡིད་རི་མཚམས་འོང་སྟེ་བགོད་བྱེད་དོ། །དེ་ཡིས་སོགས་ཀྱི་རྒྱུ་སྐར་ཆུ་ཚོད་ཀྱང་ཤེད་མཚུངས་སུ་བྱས་པ་ལ་བགོས་པས་ཐོབ་པ་ཆུ་ཚོད། ལྷག་རྣམས་རང་ཆར་གསིལ་ཏེ་བགོས་པས་ཐོབ་པ་སོ་སོའི་ཆ་སྟེ། དེ་ལྟར་ན་བརྩེགས་པས་མཚོ་དབྱུག་སོགས་ཏེ་ཉིན་ཞག་ཡུལ་གྱི་རྟག་ལོངས་ཡིན་ནོ། །གཉིས་པ་གཟའ་གཞན་རྣམས་ཀྱི་དཀྱིལ་འཁོར་དང་། ལོངས་སྤྱོད་བཤད་པ་ལ་གསུམ་སྟེ། ཟླ་བའི་དཀྱིལ་འཁོར་དང་ལོངས་སྤྱོད་བཤད་པ། སྒྲ་གཅན་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་བཤད་པ། གཟའ་ལྔའི་དཀྱིལ་འཁོར་དང་ལོངས་སྤྱོད་བཤད་པའོ། །དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ནས་ཟླ་བའི་དཀྱིལ་འཁོར་དང་། །ཞེས་སོགས་ཏེ། རྩ་རྒྱུད་ལས། ཟླ་བའི་དཀྱིལ་འཁོར་བཤད་བྱ་ལ། །འཁོར་ལོའི་ཆུ་ཚོད་ཉི་ཆུ་ཚོད། །ཟླ་བའི་ལོངས་སྤྱོད་བསྲེས་པ་དག །སུམ་ཅུའི་ཆས་ཐོབ་ཟླ་ལོངས་སྤྱོད། །ཉིན་ཞག་སོ་སོའི་ཆུ་ཚོད་འགྱུར། །ཟླ་བས་ཉིན་ཞག་ཆུ་ཚོད་དང་། །ཆུ་སྲང་དབུགས་ནི་གང་དག་གིས། །འཁོར་ལོའི་ཆུ་ཚོད་མཐར་སྤྱོད་པ། །དེ་ནི་དེ་ཡི་དཀྱིལ་འཁོར་འགྱུར། །ཞེས་གསུངས་པའི་རིམ་པ་ལྟར་བཤད་པར་བྱ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། ཐོག་མར་ཟླ་བའི་ཚེས་ལོངས་སླ་ཐབས་ཀྱིས་འཚོལ་བ། དེའི་སྒོ་ནས་དཀྱིལ་འཁོར་གསུམ་བཤད་པ། ཞག་གཞན་གཉིས་ཀྱི་ཡུལ་ལོངས་བཤད་པའོ། །དང་པོ་ནི། ཉི་མའི་ཚེས་ལོངས་སོགས་ཀྱིས། དེ་ཟླ་བ་གཅིག་ཏུ་བསགས་པས་དབྱུག་གུར་མཁའ་མེ་གཟུགས་སོགས་འོང་། དེའི་དབྱུག་གུར་རྒྱུ་སྐར་གྱི་ཆུ་ཚོད་བསྣན་པ་ནི་བགོད་གཞིའོ། །དེ་ལ་བགོད་བྱེད་མཁའ་མེས་བགོས་པས་ཐོབ་ནོར་དབྱུག་གུ་དང་། ལྷག་མ་མཁའ་རོ་སོགས་རང་ཆར་གསིལ་བ་ལ་རིམ་པར་བགོས་པས་ཐོབ་པ་ནི་སོ་སོའི་ཆའོ། །དེ་ལྟ་ཆུ་ཚོད་ང་བརྒྱད་སོགས་ཏེ་ཟླ་བའི་ཚེས་ཞག་རྟག་ལོངས་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། ཚེས། ཁྱིམ། ཉིན་ཞག་དཀྱིལ་འཁོར་བཤད་པའོ། །དང་པོ་ནི། ཅི་སྟེ་ཟླ་བའི་ཚེས་ལོངས་ཀྱི་བགོད་བྱེད་སུམ་ཅུས་བྱེད་ན་དེ་ཉིད་ཟླ་བའི་དཀྱིལ་འཁོར་དུ་འགྱུར་བས་དཀྱིལ་འཁོར་ཟུར་པ་འཚོལ་མི་དགོས་སམ་སྙམ་ན། དེ་ཉིད་ཟླ་བའི་དཀྱིལ་འཁོར་མ་ཡིན་ཏེ། གལ་ཏེ་ཡིན་ན་རྩ་རྒྱུད་ལས། ཟླ་བས་ཉིན་ཞག་ཆུ་ཚོད་དང་། །ཞེས་སོགས་གསུངས་པས་ཟླ་བས་རྒྱུ་སྐར་འཁོར་བའི་ཞག་ཁ་གཙང་དཀྱིལ་འཁོར་དུ་འགྱུར་བ་ལས། ཞག་སུམ་ཅུ་ལ་ནི་འཁོར་ལྷག་དང་བཅས་པའི་ཕྱིར་རོ། །དེས་ན་ཚེས་ལོངས་དེ་རྣམས་ཀྱིས་རྒྱུ་སྐར་ཆུ་ཚོད་ལ་བགོས་པས་དཀྱིལ་འཁོར་འཆར་བ་ཡིན་ཏེ། ལོངས་སྤྱོད་དེའི་གནས་རྣམས་ཀུན་ཆུ་འདོད་ཀྱིས་བསྒྱུར་ལ་རི་རོ་སོགས་ཀྱིས་དྲིལ་བས་གཟུགས་མིག་ཀླུ་རི་འོངས་བ་བགོད་བྱེད་ཡིན་ནོ། །དེ་ཡིས་རྒྱུ་སྐར་སོགས་ཏེ། འཁོར་ལོའི་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པས་ཐོབ་པ་ནི་ཞག་གོ། ལྷག་མ་མཁའ་རོ་སོགས་ཀྱིས་རང་ཆར་གསིལ་བ་ལ་རིམ་པར་བགོས་པས་ཐོབ་པ་ནི་སོ་སོའི་ཆའོ། །དེ་ལྟར་ན་ཉེར་བདུན་ཞག་ལ་ཞེས་སོགས་ཏེ་ཟླ་བའི་ཚེས་ཞག་དཀྱིལ་འཁོར་ཡིན་ནོ། །ཡང་གནས་ཉུང་བ་ལ་མོས་ན། ཚེས་དཀྱིལ་འདི་ཉིད་སོགས་ཏེ། ཞག་ཐོབ་པའི་ལྷག་མ་དེ་བུག་རོ་ཀླུ་ཆར་བྱས་པའོ། །དེ་ལྟར་ན་ལོངས་སྤྱོད་འཚོལ་བའི་ཚེ་རྒྱུ་སྐར་ཆུ་ཚོད་དང་ཉི་མའི་ཚེས་ཟླ་གཅིག་གི་ལོངས་སྤྱོད་བསྲེས་པ་ལ་སུམ་ཅུས་བགོད་པའི་རྒྱུ་མཚན་ནི། ཟླ་བས་ཚེས་ཞག་གཉིས་དང་། ཚེས་ཞག་གི་བུག་རོ་ཀླུ་ཆ་ཉིས་བརྒྱ་བཅུ་གཉིས་ལ་སྤྱོད་པའི་ཁྱོན་དང་། ཉི་མས་ཚེས་ཟླ་གཅིག་ལ་སྤྱོད་པའི་ཁྱོན་མཚུངས་པའི་ཕྱིར་བགོ་བྱ་དང་ཤེད་མཚུངས་ཀྱི་རིགས་པས་བགོད་བྱེད་ཚེས་ཞག་དཀྱིལ་འཁོར་གྱི་སྟེང་དུ་ཞག་གཉིས་དང་། ཞག་གི་བུག་རོ་ཀླུ་ཆ་ཉིས་བརྒྱ་དང་བཅུ་གཉིས་མཁའ་རོས་བསྒྱུར་ཏེ་བུག་རོ་ཀླུས་བགོ་བ་སོགས་བྱས་པས། ཆུ་ཚོད་བཅུ་བཞི། སྲང་སོ་བརྒྱད། དབུགས་གཅིག །བུག་རོ་ཀླུ་ཆ་བཞི་བརྒྱ་སོ་དགུ་རྣམས་འོང་བ་བསྣན་ཏེ་དྲིལ་བས་ཞག་སུམ་ཅུ་འབྱུང་བ་བགོད་བྱེད་དུ་བྱས་པ་ཡིན་ཏེ། ཚེས་དཀྱིལ་གནས་མང་བ་བུག་རོ་ཀླུ་ཆར་དྲིལ་བས་རྒྱུ་སྐར་འཁོར་ལོ་ཤེད་མཚུངས་སུ་བྱས་པ་ལ་བགོས་པས་སྔར་བཞིན་ཚེས་ལོངས་རྣམ་དག་འཆར་བའི་ཕྱིར་རོ། །གཉིས་པ་ནི། དེ་ཡིས་ཞག་གནས་སོགས་ཏེ། ཚེས་དཀྱིལ་གནས་ཉུང་བ་བུག་རོ་ཀླུ་ཆར་གསིལ་བ་གནས་གཉིས་སུ་བཞག་པའི་འོག་མ་མིག་བསྒྱུར་རི་རོས་བགོས་ནོར་གྱིས་སྟེང་མར་སྦྱངས་ལྷག་བུག་རོ་ཀླུས་བགོས་པས་ཐོབ་པ་ཉེར་དྲུག་སོགས་ཏེ་ཟླ་བའི་ཁྱིམ་དཀྱིལ་ལོ། །གསུམ་པ་ནི། ཟླ་བའི་ཚེས་དཀྱིལ་སོགས་ཏེ། ཚེས་དཀྱིལ་གནས་མང་བ་བུག་རོ་ཀླུ་ཆར་དྲིལ་བའི་ཚོགས་གནས་གསུམ་བཞག་པའི་སོགས་ཏེ་གནས་གསུམ་འོག་མ་མིག་གིས་བསྒྱུར། འོག་ནས་མ་ནུ་མ་ནུ་དང་རེ་བཞིས་དྲིལ་བའི་ནོར་གྱིས་སྟེང་མར་སྦྱངས་པ་ལས་ཀྱང་གཅིག་ཕབ་སྟེ་བར་འོག་གི་ཆས་རིམ་པར་སྦྱངས་མཐར་སྟེང་མ་བུག་རོ་ཀླུས་ཕུད་པས་ཉེར་བདུན་ཞག་ལ་སོགས་པ་སྟེ་ཟླ་བའི་ཉིན་ཞག་དཀྱིལ་འཁོར་རོ། །ཡང་དཀྱིལ་འཁོར་འདིའི་གནས་ཀྱང་བསྡུ་འདོད་ན་སོགས་ཏེ། གནས་འོག་མ་གསུམ་པོ་དུས་དུས་རི་ཀླུ་མིག་ཉིའི་ཆར་དྲིལ་བས་ཉེར་བདུན་ཞག་ལ་དུས་སོགས་ཆ་ཞེས་སོགས་སོ། །གསུམ་པ་ལ་གཉིས་ཏེ། ཁྱིམ་ལོངས་དང་། ཉིན་ལོངས་སོ། །དང་པོ་ནི། དཀྱིལ་འཁོར་བཤད་པའི་རྗེས་དེ་ནས་རྟག་པའི་ལོངས་སྤྱོད་བཤད་ཅེས་ཁས་བླངས་ནས་ཁྱིིམ་དཀྱིལ་བུག་རོ་ཀླུ་ཆར་སོགས་ཏེ། ཁྱིམ་དཀྱིལ་བུག་རོ་ཀླུ་ཆར་གསིལ་བས་རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པའི་ཐོབ་ནོར་བརྩེགས་པས་མཁའ་རོའི་སོགས་ཏེ་ཟླ་བའི་ཁྱིམ་ཞག་རྟག་ལོངས་སོ། །གཉིས་པ་ནི། ཉིན་ཞག་དཀྱིལ་འཁོར་གནས་རྣམས་སོགས་ཏེ། ཉིན་དཀྱིལ་དུས་དུས་རི་ཀླུ་མིག་ཉིའི་ཆར་གསིལ་བས་ཤེད་མཚུངས་ཀྱི་རྒྱུ་སྐར་ཆུ་ཚོད་ལ་བགོས་པའི་ཐོབ་ནོར་བརྩེགས་པས་ང་དགུའི་སོགས་ཏེ་ཟླ་བའི་ཉིན་ཞག་རྟག་ལོངས་སོ། །འོ་ན་ཟླ་བའི་ཚེས་ཞག་གི་རྟག་ལོངས་ཐོག་མར་བཙལ་ནས་ད་བཟོད་དཀྱིལ་འཁོར་བཟོ་བའི་དགོས་པ་གང་ཞེ་ན། དེ་ནི་བྱ་སླ་བའི་ཆེད་དེ། ཞལ་ལུང་ལས། གཟའ་རྣམས་ཀྱི་དཀྱིལ་འཁོར་དང་ལོངས་སྤྱོད་དག་ལས་ཐོག་མར་གང་གོ་སླ་བ་དག་བསྟན་ནས་རྗེས་སུ་གཞན་དག་ལ་འཇུག་པར་བཞེད་པ་ཡིན་ཏེ། ཉི་མའི་ཁྱིམ་ཞག་དཀྱིལ་འཁོར་དང་། ཟླ་བའི་ཚེས་ཞག་ལོངས་སྤྱོད་དང་། སྒྲ་གཅན་གྱི་ཚེས་ཞག་དཀྱིལ་འཁོར་དང་། དྲག་གཟའ་གསུམ་གྱི་དལ་བའི་ཉིན་ཞག་དཀྱིལ་འཁོར་དང་། ཞི་གཟའ་གཉིས་ཀྱི་མྱུར་བའི་ཉིན་ཞག་དཀྱིལ་འཁོར་བསྟན་པ་རྣམས་ཀྱིས་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྒྲ་གཅན་གྱི་རྟག་རྩིས་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ནས་སྒྲ་གཅན་སོགས་སོ། །གཉིས་པ་ལ་གཉིས་ཏེ། དཀྱིལ་འཁོར་དང་། རྟག་ལོངས་སོ། །དང་པོ་ལ་གསུམ་སྟེ། ཚེས་ཞག །ཁྱིམ་ཞག །ཉིན་ཞག་དཀྱིལ་འཁོར་རོ། །དང་པོ་ལའང་གསུམ་སྟེ། ཚེས་ཞག །ཚེས་ཟླ་རིལ་པོ། ཚེས་ཟླ་ཕྱེད་པའི་དཀྱིལ་འཁོར་རོ། །དང་པོ་ནི། དྲུག་སྟོང་དགུ་བརྒྱ་སོགས་སོ། །གཉིས་པ་ནི། དེ་ལ་སུམ་ཅུས་སོགས་སོ། །གསུམ་པ་ནི། ཚེས་དཀྱིལ་བཅོ་ལྔས་སོགས་སོ། །གཉིས་པ་ཁྱིམ་ཞག་དཀྱིལ་འཁོར་ནི། ཚེས་ཞག་དཀྱིལ་འཁོར་གནས་གཉིས་སུ་བཀོད་པའི་འོག་མ་ཆུས་བསྒྱུར་བ་ལ་རི་རོ་ཉིས་འགྱུར་ཆུ་འདོད་ཀྱིས་ཐོབ་པའི་ནོར་གྱིས་སྟེང་མར་སྦྱང་ཞིང་། དེ་ལས་གཅིག་ཕབ་སྟེ་འོག་མའི་ལྷག་གིས་སྦྱངས་ལྷག་མཁའ་རོ་སོགས་རང་རང་གི་ཆར་བྱས་པ་ལ་རིམ་བཞིན་ཆུ་འདོད་ཀྱིས་བགོས་ནོར་བརྩེགས་པས་ཆུ་བུག་དུས་དུས་སོགས་ཏེ་སྒྲ་གཅན་གྱི་ཁྱིམ་དཀྱིལ་ལོ། །གསུམ་པ་ནི། ཚེས་ཞག་དཀྱིལ་འཁོར་གནས་གཉིས་བཀོད་པའི་འོག་མ་ཐུབ་རི་ཟླ་བས་བསྒྱུར་ལ་ཉི་མ་འདོད་ཟླས་བགོས་པའི་ནོར་གྱིས་གནས་སྟེང་མ་ནས་ཕྲི་ལ། དེ་ལས་གཅིག་ཕབ་སྟེ་སྦྱང་བ་སོགས་བྱ་ཞིང་། སླར་ཡང་སོགས་ཀྱིས་གནས་འོག་མ་དེ་ཀླུ་ལག་ཀླུ་ལག་གིས་བསྒྱུར་ཏེ་ཉི་མ་འདོད་ཟླས་བགོས་ནོར་མཁའ་རོ་སོགས་སོ་སོའི་ཆར་བྱས་པ་ལ་ཀླུ་ལག་ཀླུ་ལག་གིས་རིམ་པར་བགོས་པའི་ཐོབ་ནོར་རྣམས་བརྩེགས་པས་མིག་བུག་རི་རོའི་ཞག་སོགས་ཏེ་སྒྲ་གཅན་གྱི་ཉིན་དཀྱིལ་ལོ། །གཉིས་པ་ལ་གསུམ་སྟེ། ཚེས། ཁྱིམ། ཉིན་ལོངས་སོ། །དང་པོ་ལའང་ཞག །ཟླ་བ། ཟླ་ཕྱེད་གསུམ་ལས། དང་པོ་ནི། སྒྲ་གཅན་ཚེས་ཞག་སོགས་ཏེ། ཚེས་དཀྱིལ་གྱིས་རྒྱུ་སྐར་ཆུ་ཚོད་ལ་བགོས་པས་མ་ཐོབ། ལྷག་རྣམས་མཁའ་རོ་ལ་སོགས་པས་བསྒྱུར་ལ་བགོས་པས་བགོས་ཐོབ་མ་ནུའི་སོགས་ཏེ་སྒྲ་གཅན་ཚེས་ཞག་རྟག་ལོངས་སོ། །གཉིས་པ་ནི། སྒྲ་གཅན་ཚེས་ཟླའི་སོགས་ཏེ། ཟླ་དཀྱིལ་གྱིས་རྒྱུ་སྐར་ཆུ་ཚོད་ལ་བགོས་པས་རི་དབྱུག་སོགས་ཏེ་ཚེས་ཟླའི་ལོངས་སྤྱོད་དོ། །གསུམ་པ་ནི། སྒྲ་གཅན་ཟླ་ཕྱེད་སོགས་ཏེ། དེས་རྒྱུ་སྐར་ཆུ་ཚོད་ལ་བགོས་ནོར་རྩེ་མོའི་ཆུ་ཚོད་སོགས་ཏེ་ཚེས་ཟླ་ཕྱེད་པའི་རྟག་ལོངས་སོ། །གཉིས་པ་ཁྱིམ་ལོངས་ནི། ཁྱིམ་ཞག་སོགས་ཏེ། ཁྱིམ་དཀྱིལ་རི་རོ་ཆར་དྲིལ་བའི་ཚོགས་ཀྱིས་རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་ནོར་བརྩེགས་པས་ཆུ་སྲང་བཅུ་བཞི་སོགས་ཏེ་ཁྱིམ་ཞག་རྟག་ལོངས་སོ། །གསུམ་པ་ཉིན་ལོངས་ནི། ཉིན་ཞག་སོགས་ཏེ། ཉིན་དཀྱིལ་ཀླུ་ལག་ཀླུ་ལག་གི་ཆར་དྲིལ་བའི་ཚོགས་ཀྱིས་རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་ནོར་བརྩེགས་པས་མ་ནུའི་ཆུ་སྲང་སོགས་ཏེ་ཉིན་ཞག་རྟག་ལོངས་སོ། །གསུམ་པ་གཟའ་ལྔའི་དཀྱིལ་འཁོར་དང་ལོངས་སྤྱོད་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སྒྲ་གཅན་བཤད་པའི་རྗེས་དེ་ནས་གཟའ་ལྔའི་ཞག་གསུམ་གྱི་རྟག་རྩིས་འཆད་དེ། དེ་ཡང་སྤྱིར་གཟའ་ལྔ་པོ་རེ་རེ་ལའང་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་དང་། མྱུར་རྐང་རྫོགས་པའི་དཀྱིལ་འཁོར་གཉིས་གཉིས་སུ་ངེས་པ་ལ། དྲག་གསུམ་གྱི་རྐང་དཀྱིལ་དང་ཞི་གཟའ་གཉིས་ཀྱི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་གཉིས་དང་། དེ་གཉིས་ཀྱི་རྒྱུ་སྐར་ཆུ་ཚོད་ལ་བགོས་པའི་དྲག་གསུམ་གྱི་རྐང་འཛིན་ལོངས་སྤྱོད་དང་། ཞི་གཉིས་ཀྱི་དལ་བའི་ལོངས་སྤྱོད་དེ། དཀྱིལ་འཁོར་དང་རྟག་ལོངས་དེ་དག་ནི་སྔར་བཤད་པ་ལྟར་ཉི་མ་དང་ཐུན་མོང་པ་ཡིན་པའི་ཕྱིར་འདིར་བཏགས་ཟིན་ལ་འཐག་པའི་བྱ་བ་མི་རྩོམ་མོ། །དེ་ལས་གཞན་དྲག་གསུམ་གྱི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་དང་ཞི་གཉིས་ཀྱི་རྐང་འཛིན་གྱི་དཀྱིལ་འཁོར་སོ་སོའི་རྟག་པའི་ལོངས་སྤྱོད་དང་བཅས་པ་རྣམས་འདིར་བཤད་པར་བྱ་ཞེས་མདོར་བསྟན་པའི་སྒོ་ནས་ཁས་བླང་བའོ། །གཉིས་པ་ལ་ལྔ་སྟེ། མིག་དམར་གྱིས་དལ་བའི་རྟག་རྩིས། ལྷག་པའི་མྱུར་བའི་རྟག་རྩིས། ཕུར་བུའི་དལ་བའི་རྟག་རྩིས། པ་སངས་ཀྱི་མྱུར་བའི་རྟག་རྩིས། སྤེན་པའི་དལ་བའི་རྟག་རྩིས་སོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་དང་ལོངས་སྤྱོད་དོ། །དང་པོ་ལའང་གསུམ་སྟེ། ཉིན་ཞག །ཁྱིམ་ཞག །ཚེས་ཞག་དཀྱིལ་འཁོར་རོ། །དང་པོ་ནི། རི་ཀླུ་རོ་ནི་མིག་དམར་གྱི་སོགས་ཏེ། ཞག་དྲུག་བརྒྱ་དང་གྱ་བདུན་ནི་མིག་དམར་གྱི་ཉིན་དཀྱིལ་ལོ། །གཉིས་པ་ལ། ཉིན་ཞག་དཀྱིལ་འཁོར་དེ་གནས་གཉིས་སུ་བཞག་པའི་འོག་མ་མེ་ཚེས་ལག་པས་བསྒྱུར་བ་ལ། བུག་མཁའ་མིག་བུག་ཡིད་ཀྱིས་བགོས་པའི་ཐོབ་ནོར་གྱིས་སྟེང་མར་སྦྱང་ཞིང་། དེ་ལས་སོགས་ཀྱིས་ཕབ་ནས་ལྷག་མས་ཀྱང་སྦྱངས་པས། ཞག་སར་ཐུབ་རི་དུས་སོགས་ཏེ་མིག་དམར་གྱི་ཁྱིམ་དཀྱིལ་ལོ། །གསུམ་པ་ནི། ཉིན་ཞག་དཀྱིལ་འཁོར་གནས་གཉིས་སུ་བཞག་པའི་འོག་མ་དེ་ཐུབ་རི་ཟླ་བས་བསྒྱུར་ལ་འབྱུང་འདོད་དྲག་པོས་བགོས་པས་ཐོབ་པའི་ནོར་སྟེང་མར་བྱིན་པས། རི་བུག་རོ་ཡི་སོགས་ཏེ་མིག་དམར་གྱི་ཚེས་དཀྱིལ་ལོ། །གཉིས་པ་ལ་གསུམ་སྟེ། ཉིན་ཞག །ཁྱིམ་ཞག །ཚེས་ཞག་རྟག་ལོངས་སོ། །དང་པོ་ནི། ཉིན་ཞག་དཀྱིལ་འཁོར་སོགས་ཏེ། རི་ཀླུ་རོས་རྒྱུ་སྐར་ཆུ་ཚོད་ལ་རིམ་པར་བགོས་པས། ཆུ་ཚོད་བགྲོད་པ་སོགས་ཏེ་མིག་དམར་གྱི་ཉིན་ལོངས་སོ། །གཉིས་པ་ནི། ཁྱིམ་དཀྱིལ་བུག་སོགས་ཆར་གསིལ་སོགས་ཏེ། དེས་རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པས། ལག་པའི་ཆུ་ཚོད་སོགས་ཏེ་མིག་དམར་ཁྱིམ་ལོངས་སོ། །གསུམ་པ་ནི། ཚེས་དཀྱིལ་འབྱུང་འདོད་དྲག་ཆར་གསིལ་སོགས་ཏེ། དེས་ཤེད་མཚུངས་ཀྱི་རྒྱུ་སྐར་ཆུ་ཚོད་ལ་རིམ་པར་ཕྱེ་བའི་ནོར་བརྩེགས་པས་ཆུ་ཚོད་ཟུང་སོགས་ཏེ་མིག་དམར་གྱི་ཚེས་ལོངས་སོ། །འདིར་གཟའ་ལྔའི་ཚེས་ལོངས་ཀྱི་ཆ་རྣམས་འདོད་ཆ་དང་བགོད་བྱེད་ཆར་གོང་མ་རྣམས་ཀྱིས་མཛད་པ་ལྟར་བྱས་ཀྱི། ཞིབ་མོར་འདོད་ན་འདོད་ཆའི་འོག་ཏུ་བུག་མིག་ལག་པ་སོགས་རང་རང་གི་ཆ་དང་། དེའི་ཡང་འོག་ཏུ། དམར། ལྷག །སངས། སྤེན་བཞི་ལ་རི་མཁའ་རི་དང་། ཕུར་བུ་ལ་དེ་ཉིད་ཉིས་འགྱུར་མ་ནུ་མ་ནུར་བྱས་ཏེ་གནས་བདུན་མའམ། ཡང་ན་བར་ནས་འདོད་ཆ་བོར་ཏེ་གནས་དྲུག་མ་བྱས་ཀྱང་རྣམ་པར་དག་སྟེ། ལག་ཏུ་བླངས་པས་ཤེས་སོ། །གཉིས་པ་ལྷག་པའི་མྱུར་བའི་རྟག་རྩིས་ལ་གཉིས་ཏེ། དཀྱིལ་འཁོར་དང་། ལོངས་སྤྱོད་དོ། །དང་པོ་ལའང་གསུམ་སྟེ། ཉིན་ཞག །ཁྱིམ་ཞག །ཚེས་ཞག་དཀྱིལ་འཁོར་རོ། །དང་པོ་ནི། རི་བོ་གདེངས་ཀའི་སོགས་ཏེ། ཞག་གྱ་བདུན། ཞག་གི་བརྒྱ་ཆ་གོ་བདུན་ནི་ལྷག་པའི་རྐང་དཀྱིལ་ཡིན་ལ། དེ་གནས་གཅིག་ཏུ་བྱ་བའི་དོན་དུ་ཞག་ས་བརྒྱས་བསྒྱུར་ལ་རང་ཆ་བཅུག་པས་རི་བུག་རི་ཀླུ་ལྷག་པའི་བརྒྱ་ཆའི་ཉིན་དཀྱིལ་ལོ། །ཡང་ན་ཞག་གྱ་བདུན། ཆུ་ཚོད་ང་བརྒྱད། ཆུ་སྲང་བཅུ་གཉིས་རྣམས་རྐང་དཀྱིལ་དུ་བྱས་ལ་གནས་གསུམ་ཀ་བརྒྱས་བསྒྱུར་ཏེ་དྲིལ་ནའང་དོན་འདྲའོ། །གཉིས་པ་ནི། རི་བུག་རི་ཀླུ་གནས་གཉིས་སུ་བཞག་པའི་འོག་མ་མེ་ཚེས་ལག་པས་བསྒྱུར་བ་སོགས་མིག་དམར་བཞིན་བྱས་པའི་མཐར་གནས་སྟེང་མ་བརྒྱས་ཕུད་པས། དུས་ཀླུའི་ཞག་སོགས་ཏེ་ལྷག་པའི་ཁྱིམ་དཀྱིལ་ལོ། །གསུམ་པ་ནི། རི་བུག་རི་ཀླུ་གནས་གཉིས་སུ་བཞག་པའི་འོག་མ་ཐུབ་རི་ཟླ་བས་བསྒྱུར་བ་སོགས་མིག་དམར་བཞིན་བྱས་པའི་མཐར་སྟེང་མ་བརྒྱས་ཕུད་པས། ཚེས་ཞག་བུ་ག་གདེངས་ཀ་སོགས་ཏེ་ལྷག་པའི་ཚེས་དཀྱིལ་ལོ། །གཉིས་པ་ལའང་གསུམ་སྟེ། ཉིན། ཁྱིམ། ཚེས་ལོངས་སོ། །དང་པོ་ནི། རྒྱུ་སྐར་ཆུ་ཚོད་སོགས་ཏེ་བརྒྱ་ཆའི་དཀྱིལ་འཁོར་རི་བུག་ཀླུས་རྒྱུ་སྐར་ཆུ་ཚོད་བརྒྱས་བསྒྱུར་བ་ལ་རིམ་པར་ཕྱེ་བས། ཆུ་ཚོད་བཅོ་བརྒྱད་སོགས་ཏེ་ལྷག་པའི་ཉིན་ལོངས་སོ། །གཉིས་པ་ནི། ཁྱིམ་ཞག་སོགས་ཏེ། ཁྱིམ་དཀྱིལ་རང་ཆར་གསིལ་བས་ཤེད་མཚུངས་ཀྱི་འཁོར་ལོའི་ཆུ་ཚོད་ལ་བགོས་ནོར་བརྩེགས་པས་དབྱུག་སྐྱོན་སོགས་ཏེ་ལྷག་པའི་ཁྱིམ་ལོངས་སོ། །གསུམ་པ་ནི། ཚེས་ཞག་སོགས་ཏེ་ཚེས་དཀྱིལ་གྱི་གནས་རྣམས་མཁའ་མཁའ་འབྱུང་འདོད་དྲག་པོས་བསྒྱུར་ཏེ་དྲིལ་བས། རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པས་ཆུ་ཚོད་ཉེས་པ་སོགས་ཏེ་ལྷག་པའི་ཚེས་ལོངས་སོ། །གསུམ་པ་ཕུར་བུའི་དལ་བའི་རྟག་རྩིས་ལའང་དཀྱིལ་འཁོར་དང་། ལོངས་སྤྱོད་གཉིས་ལས། དང་པོ་ལའང་། ཉིན། ཁྱིམ། ཚེས་དཀྱིལ་གསུམ་མོ། །དང་པོ་ནི། བཞི་སྟོང་སུམ་བརྒྱ་སོ་གཉིས་སོགས་སོ། །གཉིས་པ་ནི། ཉིན་དཀྱིལ་དེ་ཉིད་གནས་གཉིས་བཞག་སོགས་མིག་དམར་བཞིན་བྱས་པས། བུག་རོ་ལག་པ་རྒྱ་མཚོའི་ཞག་སོགས་ཏེ་ཕུར་བུའི་ཁྱིམ་དཀྱིལ་ལོ། །གསུམ་པ་ནི། ཉིན་དཀྱིལ་གནས་གཉིས་སོགས་མིག་དམར་བཞིན་བྱས་པས་མཁའ་མཁའ་རྒྱ་མཚོ་སོགས་ཏེ་ཕུར་བུའི་ཚེས་དཀྱིལ་ལོ། །གཉིས་པ་ལའང་གསུམ་སྟེ། ཉིན། ཁྱིམ་ཚེས་ལོངས་སོ། །དང་པོ་ནི། ཉིན་ཞག་སོགས་ཏེ། ཉིན་དཀྱིལ་གྱིས་རྒྱུ་སྐར་ཆུ་ཚོད་ལ་བགོས་ནོར་བརྩེགས་པས་དབྱུག་མཁའ་སོགས་ཏེ་ཕུར་བུའི་ཉིན་ལོངས་སོ། །གཉིས་པ་ནི། ཁྱིམ་དཀྱིལ་སོགས་ཏེ། ཁྱིམ་དཀྱིལ་རང་ཆར་གསིལ་བས་འཁོར་ལོའི་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་ནོར་བརྩེགས་པས་དབྱུག་མཁའ་སོགས་ཏེ་ཕུར་བུའི་ཁྱིམ་ལོངས་སོ། །གསུམ་པ་ནི། ཚེས་དཀྱིལ་སོགས་ཏེ། ཚེས་དཀྱིལ་རང་ཆར་གསིལ་བས་འཁོར་ལོའི་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པས་ཐིག་དབྱུག་སོགས་ཏེ་ཕུར་བུའི་ཚེས་ལོངས་སོ། །བཞི་པ་པ་སངས་ཀྱི་མྱུར་བའི་རྟག་རྩིས་ལའང་དཀྱིལ་འཁོར་དང་། ལོངས་སྤྱོད་གཉིས། དང་པོ་ལའང་། ཉིན། ཁྱིམ། ཚེས་དཀྱིལ་གསུམ་ལས། དང་པོ་ནི། ཉིས་བརྒྱ་ཉེར་བཞི་སོགས་ཏེ། ཞག་ཉིས་བརྒྱ་ཉེར་བཞི་དང་། ཞག་གི་བཅུ་ཆ་བདུན་ནམ། ཡང་ན་ཞག་ཉིས་བརྒྱ་ཉེར་བཞི་དང་། ཆུ་ཚོད་ཞེ་གཉིས་སུ་བྱས་ཀྱང་དོན་འདྲའོ། །རྐང་དཀྱིལ་དེ་གནས་གཅིག་ཏུ་བསྡུ་བའི་དོན་དུ་སྔ་མ་བཅུ་ཆར་གསིལ་བའམ། ཕྱི་མའི་གནས་གཉིས་ཀ་བཅུས་བསྒྱུར་ཏེ་དྲིལ་བས་རི་རྒྱལ་མིག་འོང་སྟེ་པ་སངས་ཀྱི་ཉིན་དཀྱིལ་ལོ། །གཉིས་པ་ནི། རི་རྒྱལ་མིག་གནས་གཉིས་བཞག་པ་སོགས་མིག་དམར་བཞིན་བྱས་མཐར་སྟེང་མ་བཅུས་ཕུད་པས་གཟུགས་མིག་ལག་པའི་སོགས་ཏེ་པ་སངས་ཀྱི་ཁྱིམ་དཀྱིལ་ལོ། །གསུམ་པ་ནི། རི་རྒྱལ་མིག་ཀྱང་གནས་གཉིས་སོགས་མིག་དམར་བཞིན་བྱས་མཐར་སྟེང་མ་བཅུས་བགོས་པས། གདེངས་ཀ་སོགས་ཏེ་པ་སངས་ཀྱི་ཚེས་དཀྱིལ་ལོ། །གཉིས་པ་ལའང་གསུམ་སྟེ། ཉིན། ཁྱིམ། ཚེས་ལོངས་སོ། །དང་པོ་ནི། རྒྱུ་སྐར་ཆུ་ཚོད་སོགས་ཏེ་བཅུ་ཆའི་དཀྱིལ་འཁོར་རི་རྒྱལ་མིག་གིས་ཤེད་མཚུངས་ཀྱི་འཁོར་ལོའི་ཆུ་ཚོད་བཅུས་བསྒྱུར་བ་ལ་རིམ་པར་བགོས་པས་དབྱུག་རི་སོགས་ཏེ་པ་སངས་ཀྱི་ཉིན་ལོངས་སོ། །གཉིས་པ་ནི། ཁྱིམ་དཀྱིལ་ཞག་གནས་སོགས་ཏེ། ཁྱིམ་དཀྱིལ་རང་ཆར་གསིལ་བའི་ཚོགས་ཀྱིས་འཁོར་ལོའི་ཆུ་ཚོད་ཤེད་མཚུངས་སུ་བྱས་པ་ལ་བགོས་པས། རི་དབྱུག་སོགས་ཏེ་པ་སངས་ཀྱི་ཁྱིམ་ལོངས་སོ། །གསུམ་པ་ནི། ཚེས་ཞག་སོགས་ཏེ། ཚེས་དཀྱིལ་རང་ཆར་གསིལ་བས་རྒྱུ་སྐར་གྱི་ཆུ་ཚོད་ཤེད་མཚུངས་སུ་བྱས་པ་ལ་རིམ་པར་བགོས་ནོར་ཐུབ་པའི་དབྱུག་སོགས་ཏེ་པ་སངས་ཀྱི་ཚེས་ལོངས་སོ། །ལྔ་པ་སྤེན་པའི་དལ་བའི་རྟག་རྩིས་ལའང་། དཀྱིལ་འཁོར་དང་། ལོངས་སྤྱོད་གཉིས། དང་པོ་ལའང་། ཉིན། ཁྱིམ། ཚེས་དཀྱིལ་གསུམ་ལས་དང་པོ་ནི། དུས་མཚམས་རི་ཕྱོགས་སོགས་སོ། །གཉིས་པ་ནི། ཉིན་ཞག་དཀྱིལ་འཁོར་གནས་གཉིས་བཞག་སོགས་མིག་དམར་བཞིན་བྱས་པས་མཁའ་ཀླུ་དུས་ཕྱོགས་སོགས་ཏེ་སྤེན་པའི་ཁྱིམ་དཀྱིལ་ལོ། །གསུམ་པ་ནི། དུས་མཚམས་རི་ཕྱོགས་གནས་གཉིས་སོགས་མིག་དམར་བཞིན་བྱས་པས། རི་མེ་བུག་ཕྱོགས་སོགས་ཏེ་སྤེན་པའི་ཚེས་དཀྱིལ་ལོ། །གཉིས་པ་ལའང་གསུམ་སྟེ། ཉིན། ཁྱིམ། ཚེས་ལོངས་སོ། །དང་པོ་ནི། ཉིན་དཀྱིལ་དུས་མཚམས་སོགས་ཏེ། ཉིན་དཀྱིལ་གྱིས་རྒྱུ་སྐར་ཆུ་ཚོད་ལ་རིམ་པར་ཕྱེ་བས་ཆུ་སྲང་བུ་ག་སོགས་ཏེ་སྤེན་པའི་ཉིན་ལོངས་སོ། །གཉིས་པ་ནི། ཁྱིམ་དཀྱིལ་སོགས་ཏེ། ཁྱིམ་དཀྱིལ་རང་ཆར་གསིལ་བས་འཁོར་ལོའི་ཆུ་ཚོད་ཤེད་མཚུངས་སུ་བྱས་པ་ལ་བགོས་པས། བུག་སྲང་སོགས་ཏེ་སྤེན་པའི་ཁྱིམ་ལོངས་སོ། །གསུམ་པ་ནི། ཚེས་དཀྱིལ་སོགས་ཏེ། ཚེས་དཀྱིལ་རང་ཆར་གསིལ་བའི་ཚོགས་ཀྱིས་རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་སུ་བྱས་པ་ལ་བགོས་ཐོབ་བརྩེགས་པས་ཆུ་སྲང་ཀླུ་སོགས་ཏེ་སྤེན་པའི་ཚེས་ཞག་རྟག་ལོངས་སོ། །གསུམ་པ་བསྡུ་བ་ལ་གཉིས་ཏེ། ཞག་གསུམ་སོ་སོའི་ཐ་སྙད་དང་། ཕྱི་ནང་གི་གྲུབ་པ་དང་བྱེད་པ་ལ་སྤང་བླང་བྱ་བར་གདམས་པའོ། །དང་པོ་ནི། ཞག་གསུམ་སོ་སོའི་སོགས་ཏེ། ཁྱིམ་ཞག་ཅེས་པ་ནི་ཉི་མ་བར་པས་ཁྱིམ་རེ་རྫོགས་པར་སྤྱོད་པའི་ཡུན་ལ་ཁྱིམ་ཟླ་རེར་བྱས་ནས། དེ་ཉིད་སུམ་ཅུ་ཆར་ཕྱེ་བའི་ཆ་གཅིག་ལ་ཁྱིམ་ཞག་ཏུ་བཞག་པ་ཡིན་ཏེ། འདི་ལ་ཆུ་ཚོད་དྲུག་ཅུ། སྲང་ང་གཉིས། དབུགས་བཞི། རི་མཁའ་རི་ཆ་བརྒྱ་རེ་བརྒྱད། རེ་ལྔ་ཆ་ལྔ་བཅུ་རྣམས་ཡོད་དོ། །ཉིན་ཞག་ནི་ད་ལྟ་འཇིག་རྟེན་ན་ཡོངས་སུ་གྲགས་པ་བཞིན་ནམ་ལངས་ནས་ནམ་ལངས་ཀྱི་བར་ཉིན་ཞག་ཕྲུགས་གཅིག་དག་ལ་བརྗོད་དེ། འདི་ལ་རྒྱུད་འགྲེལ་དུ་མིའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་ཡོད་པར་གསུངས་ཤིང་། དེ་སྲང་དུ་དྲིལ་བས་སུམ་སྟོང་དྲུག་བརྒྱ། དེ་ཆུ་ཚོད་དུ་དྲིལ་བས་ཆུ་ཚོད་དྲུག་ཅུ་ཡོད་དོ། །འདིར་ཕྱིས་ཀྱི་མཁས་པའི་དབང་པོ་དག །དེ་ལ་ཁྱིམ་ཞག་ནི་ཆུ་ཚོད་དྲུག་ཅུ་ལྷག་ཆད་མེད་པར་ངེས་ལ། ཉིན་ཞག་ནི། སྐྱ་རེངས་དང་པོ་ནས་སྐྱ་རེངས་དང་པོའི་བར་ལྟ་བུ་ལ་ཆུ་ཚོད་དྲུག་ཅུ་ཡོད་པར་བཤད་མོད་ཀྱང་། ཞིབ་མོར་ན་ཅུང་མ་ལོངས་པར་མངོན་ཏེ། གཞན་དུ་ཁྱིམ་ཞག་དང་ཉིན་ཞག་ཡུན་མཉམ་པས་དཀྱིལ་འཁོར་མཚུངས་པར་ཐལ་བའི་ཕྱིར་རོ། །ཞེས་གསུངས་པ་ནི་ཁྱིམ་ཞག་ཆུ་ཚོད་དྲུག་ཅུ་ཁོ་ནར་བཞེད་པའི་དམ་བཅའ་དེས་ཞག་གཉིས་པོའི་དབྱེ་བ་མ་ཕྱེད་པའི་འཁྱོག་བཤད་བཟང་མོའོ། །ཚེས་ཞག་ནི། ཟླ་བའི་དཀར་ཆ་དང་ནག་ཆ་འཕེལ་འགྲིབ་ཀྱི་དབང་གིས་བཞག་པ་སྟེ། ཡར་ངོར་དཀར་ཆ་འཕེལ་ཞིང་ནག་ཆ་འགྲིབ་པའི་ཆ་དང་། མར་ངོར་དཀར་ཆ་འགྲིབ་ཅིང་ནག་ཆ་འཕེལ་བའི་ཆ་བཅོ་ལྔ་བཅོ་ལྔ་རེ་ཡོད་པ་དེའི་ཆ་རེའི་འཕེལ་འགྲིབ་ཀྱི་ཡུན་ཚད་དེ་ལ་ཚེས་ཞག་ཅེས་བཏགས་པར་ཟད་དེ། འདི་ལ་ཆུ་ཚོད་ང་དགུ། སྲང་གསུམ། དབུགས་བཞི། རི་མཁའ་རིའི་ཆ་བཅུ་དྲུག་ཡོད་དོ། །དེ་ལྟར་ན་ཁྱིམ་ཞག་ནི་ཁྱིམ་ཟླ་བཅུ་གཉིས་ཀྱི་དབང་གིས་བཞག་པའི་ཉི་མའི་འཕོ་ཞག་དང་། ཉིན་ཞག་ནི་རེས་གཟའ་འཕོ་མཚམས་ཀྱི་དབང་གིས་བཞག་པ་དང་། ཚེས་ཞག་ནི་ཟླ་བ་འཕེལ་འགྲིབ་ཀྱི་དབང་གིས་བཞག་པ་ལ་དེ་ལྟར་ཐ་སྙད་བྱས་སོ། །ཞག་དེ་གསུམ་པོའི་དུས་ཀྱི་ཡུན་ཉི་མས་རྒྱུ་སྐར་འཁོར་བའི་གྲངས་ལ་ཁྱིམ་ལོ་དང་། ཉིན་ལོ་དང་། ཚེས་ལོ་ཞེས་ཐ་སྙད་འཇོག་ལ། ལོ་དེ་གསུམ་པོ་དོན་ལ་རིང་ཐུང་མེད་དེ། ཉི་མས་རྒྱུ་སྐར་འཁོར་ལོ་འཁོར་བའི་ཡུན་ཚད་གཅིག་ལ་གསུམ་དུ་ཕྱེ་བའི་ཕྱིར། འོན་ཀྱང་ལོ་གསུམ་པོའི་གྲངས་མི་མཉམ་སྟེ། ཞག་གསུམ་པོའི་རྟག་ལོངས་ལ། ཁྱིམ་ཞག་ཡུན་རིང་། ཉིན་ཞག་འབྲིང་། ཚེས་ཞག་ཐུང་བས་ལོར་ལོངས་པའི་ཚེ་ཁྱིམ་ཞག་གྲངས་ཉུང་། དེ་ལས་ཉིན་ཞག་མང་། དེ་ལས་ཚེས་ཞག་མང་བའི་ཕྱིར། དཔེར་ན་ནས་ཀྱི་ཕུང་པོ་གཅིག་ཉིད་ལ་བྲེ་ཆེ་འབྲིང་ཆུང་གསུམ་གྱིས་གཞལ་བ་ན་ཆུང་རིམ་ནས་གྲངས་མང་བ་བཞིན་ནོ། །ཡོངས་གྲགས་དང་བསྟུན་ན་ཞག་གསུམ་པོ་དེ་གང་ཤུགས་ཆེ་ཞེ་ན་ཟླ་བར་མ་ལོངས་ཀྱི་བར་དུ་ཉིན་ཞག་ཤུགས་ཆེ་སྟེ། འཇིག་རྟེན་དུ་ནམ་ལངས་ནས་ནམ་ལངས་ཀྱི་བར་གྱི་ཞག་དུ་ཙམ་སོང་རྩི་བའི་ཕྱིར་རོ། །ཟླ་བར་ལོངས་ནས་ཚེས་ཞག་ཤུགས་ཆེ་སྟེ། ཟླ་བའི་ཉ་ནས་ཉའི་བར་ཚེས་ཞག་སུམ་ཅུར་བྱས་པས་ཉིན་ཞག་སུམ་ཅུར་མ་ལོངས་ཀྱང་ཟླ་བ་རྫོགས་པར་འདོད་དེ། ཟླ་བ་གཉིས་གཉིས་ལ་ཞག་རེ་འདོར་དགོས་པས་ལོ་གཅིག་ལ་ཞག་མི་ཐུབ་དྲུག་རེ་འདོན་པའི་ཕྱིར་རོ། །དེ་ཡང་མཛོད་ལས། ཟླ་བ་ཕྱེད་དང་གཉིས་འདས་ཤིང་། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་སོ། །འོན་ཀྱང་འདི་ནི་རགས་པ་སྟེ་ཞིབ་པར་ན་ལོ་རེ་ལ་ཞག་མི་ཐུབ་ཀྱི་ཆ། ཞག་ལྔ། ཆུ་ཚོད་ཞེ་བརྒྱད། ཆུ་སྲང་ཉེར་གཉིས་སོགས་ཡོད་པས་ཟླ་བ་གཉིས་ན་ཞག་རེ་བག་མེད་རེ་འདོར་བའི་ཕྱིར་རོ། །ལོར་ལོངས་ནས་། ཁྱིམ་ཞག་ཤུགས་ཆེ་སྟེ། ཁྱིམ་ཟླ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་ཞག་སུམ་བརྒྱ་དྲུག་ཅུ་ཉིད་ལོ་མཚན་ཉིད་པ་ཡིན་པས་ཉིན་ཚེས་ཀྱི་ལོ་གཉིས་དེ་དང་བསྟུན་དགོས་པའི་ཕྱིར་ཏེ། ཉིན་ཚེས་ཀྱི་ཞག་སུམ་ཅུའི་བདག་ཉིད་ཅན་གྱི་ཟླ་བ་བཅུ་གཉིས་རེ་རྫོགས་པ་ན་ལོ་མི་རྫོགས་པའི་ཕྱིར་རོ། །དེ་ནས་འཇིག་རྟེན་དང་བསྟན་བཅོས་ཕལ་ཆེ་བར་ལོ་རེ་ལ་ཞག་སུམ་བརྒྱ་དྲུག་ཅུ་ཡོད་པར་གྲགས་པ་ཡང་འདིའི་གནད་ཀྱིས་སོ། །གཉིས་པ་ནི། དེ་ལྟར་རྩ་རྒྱུད་ལས་གསུངས་པ་བཞིན་དུ་གྲུབ་པའི་མཐའི་རྣམ་པར་གཞག་པའི་ཚུལ་འདི་ལེགས་པར་ཤེས་པར་བྱས་ནས། འདི་ལས་རྣམ་པ་གཞན་དུ་ཕྱི་རོལ་པའི་གྲུབ་པའི་མཐའི་རྩིས་སུ་རློམ་པ་རྣམས་དང་། ཉུང་ངུའི་བྱེད་པའི་རྩིས་ཀྱི་ལོངས་སྤྱོད་ལ་སོགས་པས་གཟའ་རྣམས་ཀྱི་རྒྱུ་བ་ཕྱིན་ཅི་མ་ལོག་པར་མི་རྟོགས་པས། དེ་རྣམས་ཀྱི་སྐྱོན་རྣམ་པར་སྤངས་ཏེ་འདིར་བཤད་པ་རྒྱུད་འགྲེལ་གྱི་ལུགས་གང་ཡིན་པ་འདི་ཉིད་འབད་པས་གཟུང་བར་བྱས་ཏེ་ངལ་བ་དོན་ཡོད་པར་བྱ་བ་ཉིད་གཅེས་སོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། གྲུབ་པའི་མཐའི་ཞག་གསུམ་གྱི་དཀྱིལ་འཁོར་ལོངས་སྤྱོད་རྣམ་པར་དབྱེ་བ་བཤད་པའི་སྐབས་ཏེ་བཅུ་བདུན་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

བས་བཅོ་བརྒྱད་པས་དུས་བཞིའི་མཐར་ངེས་པ་བསྡུད་པའི་ཚུལ་བཤད་པ།

ད་ནི་སྐབས་བཅོ་བརྒྱད་པས་དུས་བཞིའི་མཐར་ངེས་པ་བསྡུད་པའི་ཚུལ་བཤད་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དུས་བཞི་མཐའ་རུ་སོགས་སོ། །གཉིས་པ་ལ། བྱེད་པའི་སྟོང་རྩིས་དང་། གྲུབ་པའི་མཐའི་སྟོང་རྩིས་སོ། །དང་པོ་ནི། གཟའ་རྣམས་ཀྱི་རང་རང་གི་དཀྱིལ་འཁོར་ལན་གཅིག་འཁོར་བའི་གྲངས་ནི་གཟའ་རང་རང་གི་ཞག་གཅིག་ཏུ་འགྱུར་ཏེ། སྤེན་པའི་དཀྱིལ་འཁོར་ལོ་སུམ་ཅུ། སྒྲ་གཅན་གྱི་ལོ་བཅོ་བརྒྱད། ཕུར་བུའི་ལོ་བཅུ་གཉིས། མིག་དམར་གྱི་ཟླ་བ་བཅོ་བརྒྱད། ཉི་ལྷག་སངས་གསུམ་གྱི་ཞག་སུམ་བརྒྱ་དྲུག་ཅུ། ཟླ་བའི་ཞག་སུམ་ཅུའོ། །དེ་དག་ཀྱང་རགས་རྩིས་ཏེ། རྒྱུ་མཚན་ཟླ་བ་ལ་ཞག་གསུམ་ཙམ་གྱིས་མང་བ་དང་། མིག་དམར་ལ་ཟླ་བ་བཞི་དང་ཞག་ཉེར་བདུན་ཆད་པ་སོགས་སྔར་བཤད་པའི་གཟའ་རང་རང་གི་དཀྱིལ་འཁོར་གྱི་ཞག་གྲངས་རྣམས་ཟླ་བ་དང་ལོར་དྲིལ་བས་ཤེས་སོ། །དཀྱིལ་འཁོར་རགས་པ་དེའི་ཕྱེད་ནི་གཟའ་ཞག་ཕྱེད་ཡིན་པས། སྤེན་པའི་ལོ་བཅོ་ལྔ། སྒྲ་གཅན་གྱི་ལོ་དགུ། ཕུར་བུའི་ལོ་དྲུག །མིག་དམར་གྱི་ཟླ་བ་དགུ། ཉི་ལྷག་སངས་གསུམ་གྱི་ཟླ་བ་དྲུག་རེ། ཟླ་བའི་ཞག་བཅོ་ལྔའོ། །དེ་དག་བསྡོམས་པས་མི་ལོ་སུམ་ཅུ་རྩ་གཉིས་དང་ཟླ་བ་ཕྱེད་བཅས་གསུམ་ནི་གཟའ་རྣམས་ཀྱི་ཞག་ཕྱེད་ཡིན་ནོ། །དེ་ཡོན་ཏན་གསུམ་གྱིས་བསྒྱུར་བས་ལོ་གོ་དྲུག་དང་ཟླ་བ་ཕྱེད་བཅས་བཅུའོ། །དེ་ལ་ལོ་གྲངས་དེ་ཉིད་ཀྱི་ཡེ་ཤེས་ཀྱི་རླུང་སོ་གཉིས་ཆ་བུ་ལོན་དུ་བླངས་པའི་ལོ་གསུམ་དང་ཕྱོགས་གསུམ་བསྣན་པས་ལོ་བརྒྱ་སྟེ། གཟའ་ཞག་ཕྱེད་དང་གཉིས་སོ། །དེ་གཉིས་ཀྱིས་བསྒྱུར་བས་གཟའི་ཞག་གསུམ། དེ་བཅུས་བསྒྱུར་བས་ཟླ་བ་གཅིག །དེ་བཅུ་གཉིས་ཀྱིས་བསྒྱུར་བས་ལོ་གཅིག །དེ་བརྒྱས་བསྒྱུར་བས་གཟའ་རྣམས་ཀྱི་བུ་ལོན་དང་བཅས་པའི་ལོ་བརྒྱའོ། །དེ་གནས་གཉིས་འོག་མར་བཅུས་ཕྱེ་བའི་ནོར་གྱིས་སྟེང་མར་ཕྲི་བ་ནི་བུ་ལོན་མེད་པའི་གཟའི་ལོ་བརྒྱ་སྟེ། མི་ལོ་ས་ཡ་གཉིས་ཆིག་འབུམ་དྲུག་ཁྲི་ཡོད་དོ། །དེ་ནི་དུས་བཞི་ཆེན་པོའི་ཕྱེད་ཡིན་ཞིང་གཙོ་བོའི་རྩ་གཡོན་པའི་དཀྱིལ་འཁོར་ལྔ་རྒྱུ་བའི་ཡུན་ཚད་དོ། །འདིར་གཙོ་བོ་ཞེས་པ་ནི། ཁམས་ལེར་སྲིད་རྩེའི་ལྷ་ལ་གཙོ་བོ་ཞེས་བཤད་པ་དང་མི་གཅིག་སྟེ། དེའི་དབུགས་རེ་ལ་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་ཡོད་ལ། འདིའི་དབུགས་རེ་ལ་ལོ་སྟོང་ཉིས་བརྒྱ་ལས་མེད་པའི་ཕྱིར་ཏེ། འཕོ་ཆུང་གཅིག་གི་ཚད་བཞི་འབུམ་སུམ་ཁྲི་ཉིས་སྟོང་ལ་སུམ་བརྒྱ་དྲུག་ཅུས་བགོས་པས་དེ་ཉིད་འབྱུང་བའི་ཕྱིར་རོ། །དེས་ན་འདི་ནི་འཕོ་ཆེན་གཉིས་ལ་དུས་བཞི་རྫོགས་པར་བསྟན་པའི་ཆེད་དུ་ཕྱི་རོལ་དུ་དུས་བཞི་པོ་ལན་དྲུག་ལ་ཉིན་ཞག་ཏུ་བྱེད་པའི་གཙོ་བོ་ཡོད་དེ་ཞེས་དགོངས་ཏེ་བསྟན་པ་ཡིན་གསུངས་སོ། །དེ་ལྟར་ངེས་པར་བྱས་ནས་དུས་བཞིའི་ཚད་ནི། དུས་བཞི་ཆེན་པོའི་ཕྱེད་ལོ་མཁའ་མཁའ་ཐིག་སྟོང་རོ་གཟུགས་ལག་པ་ལ་ལྔས་བགོས་པས་གཙོ་བོའི་དཀྱིལ་འཁོར་གཅིག་གི་གྲངས་དང་རྩོད་ལྡན་གྱི་ཚད་དོ། །དེ་གནས་བཞིར་བཞག་པའི་འོག་མ་རང་སོར་བཞག །དེ་སྟེང་མ་གཉིས་ཀྱིས་བསྒྱུར། དེའི་སྟེང་མ་གསུམ་གྱིས་བསྒྱུར། དེའི་སྟེང་མ་བཞིས་བསྒྱུར་བས་སྟེང་ནས་མར་རིམ་པ་བཞིན་དུ་ས་ཡ་བདུན་འབུམ་སོགས་རྫོགས་ལྡན་དང་། ས་ཡ་གཅིག་སོགས་སུམ་ལྡན་དང་། འབུམ་ཚོ་བརྒྱད་དང་སོགས་ཀྱིས་གཉིས་ལྡན་དང་། བཞི་འབུམ་སུམ་ཁྲི་སོགས་ཀྱིས་རྩོད་ལྡན་གྱི་ཚད་དེ། དུས་བཞི་པོ་བསྡོམས་པས་ས་ཡ་ཕྲག་བཞི་དང་། སུམ་འབུམ་དང་། ཁྲི་ཕྲག་གཉིས་འོངས་ལ། དུས་དེའི་མཐར་ཉ་དང་བུ་མོ་མ་གཏོགས་པའི་ཁྱིམ་བཅུ་ན་གཟའ་དགུ་པོ་གང་ཡང་མེད་པས་ཁྱིམ་དེ་རྣམས་སྟོང་པར་སོང་ཞིང་། གཟའ་རྣམས་ཀྱིས་རྒྱུ་བའི་ལོངས་སྤྱོད་ཀྱང་སྟོང་པར་ཞུགས་ཏེ་གཟའ་ཐམས་ཅད་ནམ་གྲུའི་སྟེང་དུ་ཚོགས་པར་གསུངས་པ་ནི་མ་དག་པ་བྱེད་པ་བརྗོད་པའི་ཕྱིར་དགོས་པའི་དབང་གིས་གསུངས་པར་ཟད་དེ། བགོ་བྱའི་གཞི་དང་བགོད་བྱེད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇིག་རྟེན་གྱི་གྲགས་ཚོད་ཇི་ལྟ་བ་བཞིན་དུ་མཛད་པའི་ཕྱིར་རོ། །ཇི་ལྟར་ན། འདིར་ནི་དུས་བཞི་ཆེན་པོའི་ཚད་ཀྱི་ལོ་ཚོགས་ཇི་སྙེད་པ་སུམ་བརྒྱ་དྲུག་ཅུས་བསྒྱུར་བས། མཁའ་ཐིག་མཁའ་སྟོང་ནམ་མཁའ་མིག་དབང་འབྱུང་མདའ་གཟུགས་རྣམས་འོང་བ་ནི་བགོ་བྱའི་ལོ་ཚོགས་ཞག་གི་ཕུང་པོར་བྱས་པ་ཡིན་ནོ། །དེ་ལ་གཟའ་སོ་སོའི་དཀྱིལ་འཁོར་སུམ་བརྒྱ་དྲུག་ཅུས་བསྒྱུར་ནས་ཞག་གི་ཕུང་པོར་བྱས་ལ་བགོས་པས་ན་ལྷག་མེད་དུ་གྱུར་པ་ཙམ་ལ་སྟོང་འཇུག་ཏུ་གསུངས་པས་སོ། །གཉིས་པ་གྲུབ་པའི་མཐའི་སྟོང་རྩིས་བཤད་པ་ལ་བཞི་སྟེ། མཁས་པ་གཞན་གྱིས་འབད་པས་བཙལ་ཀྱང་མ་བརྙེད་པའི་ཚུལ། ཞལ་ལུང་མཁན་པོ་ཉིད་ཀྱིས་ཇི་ལྟར་བརྙེད་པའི་ཚུལ། རྙེད་ཚུལ་རྣམས་རི་མོའི་ལམ་ནས་དྲངས་ཏེ་བཤད་ན་མཁོ་མོད་ཀྱང་། ཡི་གེས་འཇིགས་ཏེ་རྒྱས་པར་མ་བརྗོད་པའི་ཚུལ། སྟོང་འཇུག་གནས་པའི་ལོ་ཚོགས་ཙམ་ཞིག་འདིར་བཤད་པའོ། །དང་པོ་ནི། རྣམ་དག་གྲུབ་མཐར་བསྟེན་པ་ཡི་སོགས་སོ། །གཉིས་པ་ནི་གྲུབ་མཐའི་སྐར་རྩིས་སོགས་སོ། །གསུམ་པ་ནི། ཨེ་མ་ངོ་མཚར་སོགས་སོ། །བཞི་པ་ལ་བཞི་སྟེ། དགོས་པ་བརྗོད་པས་མདོར་བསྟན་ཞིང་ཁས་བླང་བ། ལོ་ཚོགས་དངོས། ད་ལྟའི་ལོས་དུས་མཚམས་བཟུང་བ། མ་བརྗོད་པ་གཞན་དུ་ཁ་འཕང་བའོ། །དང་པོ་ནི། དེ་ལྟ་ནའང་བྱེད་པ་ཡི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་མཁས་པ་མང་པོས་སྟོང་འཇུག་རྩི་ཚུལ་མ་རྟོགས་པ་དང་འགའ་ཞིག་གིས་ལོག་པར་རྟོག་པས་ཇི་སྙེད་ཅིག་སྨྲས་ཚུལ་བསྟན་ནས། དེས་ན་རིགས་པ་དང་བྲལ་བའི་འཁྱོག་བཤད་སྣ་ཚོགས་སྨྲས་པ་དེ་དག་རྒྱང་རིང་པོར་འདོར་བ་དང་། མཁས་པའི་དབང་པོ་རྒྱ་མཚོའི་མཚན་ཅན་གྱིས་སྲོལ་གཏོད་པའི་རིགས་པའི་ལམ་བཟང་པོ་ལ་ངེས་པ་བརྙེད་པར་བྱ་བའི་ཕྱིར་གྲུབ་མཐའི་སྟོང་རྩིས་གནས་པའི་ལོ་ཚོགས་ཙམ་ཞིག་འདིར་བརྗོད་པར་བྱ་ཞེས་ཁས་བླང་ངོ་། །གཉིས་པ་ལ་དགུ་སྟེ། ཉི་མ་དང་། ཆ་རིལ་དང་། གཟའ་ཚེས་དང་། སྒྲ་གཅན་དང་། མིག་དམར་དང་། ཕུར་བུ་དང་། སྤེན་པ་དང་། པ་སངས་དང་། ལྷག་པ་དག་པའི་ལོ་ཚོགས་སོ། །དང་པོ་ནི། བྱེད་པའི་ལོ་དང་བསྟུན་པ་ཡི་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི། རིལ་པོ་ཆ་ཤས་ངེས་པ་ནི་ཞེས་བྱ་བ་ལ་སོགས་པའོ། །གསུམ་པ་ནི། མཁའ་རི་མེ་མེ་ཞེས་བྱ་བ་ལ་སོགས་པའོ། །བཞི་པ་ནི། འབྱུང་རི་མཚོ་ཐུབ་ཅེས་བྱ་བ་ལ་སོགས་པའོ། །ལྔ་པ་ནི། མཁའ་བུག་ཡོན་ཏན་ཞེས་སོགས་སོ། །དྲུག་པ་ནི། ནམ་མཁའ་རྒྱ་མཚོ་ཞེས་སོགས་སོ། །བདུན་པ་ནི། ནམ་མཁའ་དུས་ཐིག་ཅེས་སོགས་སོ། །བརྒྱད་པ་ནི། ཐིག་ལེ་བུ་ག་ཞེས་སོགས་སོ། །དགུ་པ་ནི། ནམ་མཁའ་སྐར་མ་ཞེས་བྱ་བ་ལ་སོགས་པའོ། །འདིར་དེ་ཐམས་ཅད་ལ་རང་རང་གི་ལོ་མཚམས་སུ་དག་པ་དང་། དེ་དྲུག་ཅུ་སྐོར་གྱི་མཚམས་དང་སྒྲིག་པ་དང་། དེ་ཡང་སྔ་མ་སྔ་མ་རྣམས་དང་ཕྱོགས་གཅིག་ཏུ་སྒྲིག་པའི་ལོ་ཚོགས་ཙམ་ཞིག་བཀོད་པ་ནི་གཞུང་ཉིད་ཀྱིས་ཆེས་གསལ་བས་འདིར་རྒྱས་པར་མ་བཀྲལ་ལོ། །དེ་ལྟར་ན་སྟོང་རྩིས་གནས་པའི་ལོ་ཚོགས་འདི་ལས་འཁོར་ཚུལ་མི་འདྲ་བའི་རིམ་པ་གཞན་ཅུང་ཟད་ཀྱང་མེད་པས་ལོ་འདི་དག་གི་མཐར་སྟོང་པར་ཞུགས་པ་ནས་སླར་ཡང་སྔ་མ་བཞིན་དུ་འཁོར་བ་ཡིན་ནོ། །གསུམ་པ་དུས་མཚམས་བཟུང་བ་ནི། སྟོང་འཇུག་དཀྱིལ་འཁོར་ཐོག་མ་ནས། །ཞེས་སོགས་ཀྱིས་སྔར་ངེས་པ་ཐམས་ཅད་སྟོང་པར་ཞུགས་པ་གཅིག་ནས་ད་ལྟའི་ལྕགས་བྱ་ཡན་ལ་ལོ་ཇི་ཙམ་སོང་བའི་གྲངས་དང་། དེ་ཡིས་སྟོང་འཇུག་སོགས་ཀྱིས་ད་ནས་དུས་ཇི་ཙམ་ན་སྟོང་པར་འཇུག་བརྟག་པའི་དུས་མཚམས་ངེས་པ་བཟུང་བའོ། །བཞི་པ་མ་བརྗོད་པ་གཞན་དུ་ཁ་འཕང་བ་ནི། གཞུང་འདིར་ནི་ལོ་མཚམས་སུ་དག་ཚུལ་ཙམ་ཞིག་བཤད་ཀྱི། དེ་ལས་གཞན་ཡང་ཞག་མཚམས་སུ་དག་ཚུལ། ཟླ་མཚམས་སུ་དག་ཚུལ། སྟོང་འཇུག་གི་རྩིས་རྣམས་ཀྱི་འབྱུང་ཁུངས་ཞག་གསུམ་གྱི་སྣ་མཉམ་པར་བྱེད་པའི་མན་ངག་སོགས་ཞིབ་པ་འདིར་མ་བརྗོད་པ་ནི། ཧ་ཅང་ཡང་ཡི་གེ་མང་གི་དོགས་པ་དང་། ཡི་གེ་ཉུང་ངུ་ཙམ་ཞིག་གིས་ནི་གང་དུའང་མི་ཕྱིན་པས་གཞུང་དུ་བསྡུས་ཏེ་བཤད་པ་བཞིན་འགྲེལ་པས་ཀྱང་རྒྱ་ཆེར་འགྲེལ་བའི་འབད་པ་མ་བྱས་ལ། གལ་ཏེ་ཤེས་པར་འདོད་ན་པད་དཀར་ཞལ་ལུང་དང་། དེའི་འཆད་ཐབས་གསལ་སྒྲོན་ལ་སོགས་པར་བལྟ་ཞིང་། རི་མོའི་ལམ་ནས་དྲངས་པའི་ལྷན་ཐབས་ཀྱི་ཡི་གེ་ཞིབ་མོ་ཞིག་སླར་ཟུར་དུ་འཆད་ལ་སྤྲོ་བའང་ཡིན་ནོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། དུས་བཞིའི་མཐར་ངེས་པ་སྡུད་པའི་ཚུལ་བཤད་པའི་སྐབས་ཏེ་བཅོ་བརྒྱད་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་བཅུ་དགུ་པས་སླར་ཡང་ངེས་པ་སྐྱེ་བའི་ཚུལ་བཤད་པ།

ད་ནི་སྐབས་བཅུ་དགུ་པས་སླར་ཡང་ངེས་པ་སྐྱེ་བའི་ཚུལ་བཤད་པ་ལ་གཉིས་ཏེ། ངེས་པ་སྐྱེ་ཚུལ་དང་། དེ་རྒྱུད་འགྲེལ་དང་སྒྲིག་པའོ། །དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ལྟར་ན་གཟའ་རྣམས་ཀྱི་ངེས་པ་དུས་བཞིའི་མཐར་ཟད་བྱེད་ཀྱི་ལོ་དཔྱིད་ཟླ་ར་བའི་གནམ་སྟོང་ལ་ནམ་གྲུའི་སྟེང་དུ་བསྡུས་ཏེ་རྣམ་པར་དག་པའི་རྗེས་སུ། སླར་ཡང་རབ་བྱུང་གི་ལོའི་ནག་པའི་ཚེས་གཅིག་ནས་སྐྱེ་བའི་རིམ་པ་ཅུང་ཟད་ཅིག་བཤད་པར་བྱ་ཞེས་ཁས་བླང་ངོ་། །གཉིས་པ་ནི། རབ་བྱུང་གི་ལོའི་ནག་པ་ཟླའི་ཞེས་སོགས་ཏེ། རང་རང་གི་དྷྲཱུ་བ་སྟོང་པའི་གནས་རྣམས་སུ་རང་རང་གི་རྟག་ལོངས་བསྣན་ཏེ་རྐང་བྲལ་ལོངས་སྤྱོད་སྒྲུབ་པའོ། །ནག་པའི་ཟླ་བ་རྫོགས་ནས་ནི་ཟླ་བའི་ངེས་པ་སྐྱེ་བས་རྟོགས་པར་སླ་བར་ཟད་དོ། །དེ་ནས་ནག་པའི་ཚེས་གཅིག་གིས་སོགས་ཏེ། རྐང་རྩིས་ཇི་ལྟར་བཤད་པ་བཞིན་བྱས་པས། ནག་ཟླའི་ཚེས་གཅིག་གི་ལི་ཐུ་ལ། གཟའ་གནས་སུ་གཟའ་གཅིག །ཆུ་ཚོད་བཅོ་ལྔ་ལ་སོགས་པ་དང་། ཉི་དག་ལ་སྐར་མ་ཐིག་ལེ། ཆུ་ཚོད་བཅོ་ལྔ་ལ་སོགས་པ་དང་། ཉི་དག་དབྱུག་གུར་སོགས་ཀྱིས་བསྒྲུབས་པའི་ཟླ་སྐར་གྱི་སྐར་གནས་སུ་ཐིག་ལེ། ཆུ་ཚོད་ང་བཞི་འཆར་བ་དང་། ཉི་ཟླའི་ལོངས་སྤྱོད་བསྲེས་པ་ལས་སྦྱོར་བའི་སྐར་གནས་སུ་གཟུགས་དང་། དབྱུག་གུར་བུག་པ་སོགས་དང་། ཚེས་གྲངས་སོགས་ཀྱི་བྱེད་པ་གཟུགས་འཆར་ཏེ་ལག་ཏུ་བླངས་པས་ཤེས་སོ། །གཉིས་པ་ནི། དེ་ལྟ་བས་ན་རྒྱུད་འགྲེལ་ལས། ལོའི་དང་པོ་རབ་བྱུང་། ཟླ་བའི་དང་པོ་ནག་པའི་ཟླ་བ། རེས་གཟའི་དང་པོ་ཉི་མ། སྦྱོར་བའི་དང་པོ་སེལ་བ། ཚེས་ཀྱི་དང་པོ་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་དང་། འཕོ་བྱེད་བདུན་གྱི་དང་པོ་བ་ཝཾ་རྣམས་འཆར་བར་གསུངས་པ་ཇི་བཞིན་དུ་འགྲིག་པ་ཡིན་ནོ། །འོ་ན་འདིར་ནག་པའི་ཚེས་གཅིག་གི་དང་པོར་ཉིན་ཚེས་གཉིས་འགོ་མཉམ་པར་བྱས་པ་དེའི་འགོ་བརྩམས་པ་དང་གཟའ་རྣམས་ཀྱིས་ཐ་སྐར་གྱི་ཐོག་མ་ནས་སྤྱོད་པ་གཉིས་དུས་མཉམ་པ་རྒྱུད་འགྲེལ་གྱི་དགོངས་པ་མ་ཡིན་ནམ། རི་མོར་ཤར་བ་འདིའི་དབང་དུ་བྱས་ན། ཆུ་ཚོད་བཅོ་ལྔ་ཟད་པ་དང་ཚེས་གཅིག་རྫོགས་པ་དང་། ཟླ་བས་ཐ་སྐར་གྱི་སྟེང་དུ་སླེབས་ནས་ཞག་གཅིག་བག་མེད་ཙམ་སོང་བ་དང་། ཉི་མས་ཐ་སྐར་གྱི་སྟེང་དུ་སླེབས་ནས་ཞག་གསུམ་ལྷག་ཙམ་སོང་བ་སོགས་བྱུང་བས་རྒྱུད་འགྲེལ་དང་ཇི་ལྟར་འགྲིག་སྙམ་ན། མཁས་པའི་དབང་པོ་དག །བུ། ངེས་པ་སྟོང་རྗེས་ཟླ་རེ་ཙམ་དུ་རྐང་བྲལ་ལོངས་སྤྱོད་ཁོ་ནས་ལི་ཐུ་བྱེད་པ་དང་། རྐང་བཅས་བྱེད་ནའང་འཕྲོ་བསྡོམས་ནས་མི་རྩི་བ་སོགས་འཕེལ་ཁ་རིས་ཀྱིས་བཤད་པ་ཇི་སྙེད་མཛད་པ་རྣམས་ནི་ཞལ་ལུང་མཁན་པོས་ཡང་དག་པའི་རིགས་ལམ་ནས་དྲངས་ཏེ་བཀག་ཟིན་པ་ལྟར་ཡིན་པས་འདིར་རྗེས་ཟློས་མི་བྱའོ། །དེ་བས་ན་འདི་ལྟར་ཤེས་པར་བྱ་སྟེ། མི་འགྲིག་པར་སྣང་བ་དེ་དག་ཞལ་ལུང་ལས། དེ་དག་ཀྱང་རྟག་པའི་ལོངས་སྤྱོད་ཀྱི་དབང་དུ་བྱས་ན་བདེན་མོད་ཀྱི། འདིར་ནི་རྐང་པ་དང་བཅས་པའི་དབང་དུ་བྱས་པ་ཡིན་པས་འགལ་བ་མེད་དོ། །དེ་ལྟ་མ་ཡིན་ན་གང་དུའང་སྒྲིག་པར་མི་ནུས་ཏེ་འཆད་པ་རྣམས་ཀྱིས་ཤེས་སོ། །ཞེས་གསུངས་པས་རྐང་པའི་རྒྱུན་ལ་ལྟོས་པའི་འཕེལ་འགྲིབ་ཀྱི་ཆ་ཤས་མི་སྟོང་བར་དགོངས་པའོ། །དེ་ལྟར་ན་ཐ་སྐར་གྱི་ཐོག་མ་ནས་སྤྱོད་པར་གསུངས་པ་ཡང་འཇིག་རྟེན་གྱི་གྲགས་པ་བཞིན་མ་དཔྱད་པའི་ངོར་གསུངས་པར་སྣང་སྟེ། མདོ་ལས། དེད་དཔོན་ས་སྐྱོང་གིས་ལི་ཙཱ་ཝི་ལྔ་བརྒྱ་ཅིག་ཅར་མདས་བསྣུན། ཞེས་པ་ལྟར། དེའི་ཚེས་གཅིག་གི་ལི་ཐུ་ལ་གཟའ་སྐར་སོགས་དང་པོ་ཁོ་ན་རི་མོར་ཤར་བ་ལ་དགོངས་ནས་བྱེད་པ་བརྗོད་པའི་ཕྱིར་གསུངས་པར་གོར་མ་ཆག་གོ། རྩིས་ཀྱི་མན་ངག་ཉིན་བྱེད་སྣང་ལས། སླར་ཡང་ངེས་པ་སྐྱེ་བའི་ཚུལ་བཤད་པའི་སྐབས་ཏེ་བཅུ་དགུ་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་ཉི་ཤུ་པས་དྷྲཱུ་ཝ་ཡར་ལོག་བཞེད་པ།

ད་ནི་སྐབས་ཉི་ཤུ་པས་དྷྲཱུ་ཝ་ཡར་ལོག་བཞེད་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། འདས་ལོའི་ཐོག་མའི་སོགས་སོ། །གཉིས་པ་ལ་གཉིས་ཏེ། ཡར་ལོག་སྒྲུབ་པའི་ཆོ་ག །དེ་ལ་བརྟེན་ནས་བསྟན་རྩིས་ཀྱི་སྐབས་སུ་བཤད་པའི་གཟའ་འཛིན་སོགས་འཆར་བར་བཤད་པའོ། །དང་པོ་ལ་གསུམ་སྟེ། ལྔ་བསྡུས། སྒྲ་གཅན། གཟའ་ལྔའི་ཡར་ལོག་གོ། དང་པོ་ནི། ད་ལྟའི་ལོ་ནས་སོགས་ཀྱིས་ཟླ་དག་བསྒྲུབ་པ་དང་། ཟླ་དག་གནས་ལྔ་སོགས་ཀྱིས་གཟའ་ཚེས། ཡང་ཟླ་དག་གནས་གཉིས་སོགས་ཀྱིས་ཚོགས་ཆ། ཡང་གཅིག་ཟླ་དག་སོགས་ཀྱིས་ཉི་མ་སྟེ། དེ་རྣམས་ནི་རྣམ་དག་རྩིས་འཕྲོ་བྲལ་བའོ། །དེ་ནས། དེ་ཡིས་ད་ལྟའི་ནག་པ་ཟླའི་སོགས་ཏེ། དེ་ལྟར་བསྒྲུབས་པའི་ངེས་བྲལ་གྱི་དྷཱུ་ཝ་ཀ་དེ་རྣམས་ཀྱིས་ད་ལྟའི་ནག་དྷྲཱུ་ལ་སྦྱངས་ལྷག་གིས་འདས་ལོའི་ཐོག་མ་དེའི་དྷྲཱུ་ཝ་ཀ་འཆར་རོ། །གཉིས་པ་ནི། ཟླ་དག་མཁའ་མེ་ལག་པས་ཕུད་པའི་ལྷག་ངེས་བྲལ་དེས་ད་ལྟའི་རྩིས་འཕྲོར་སྦྱངས་པ་སོགས་ཀྱིས་འཆར་རོ། །གསུམ་པ་ནི། གཟའ་ལྔའི་དོན་དུ་སོགས་ཀྱིས་ངེས་བྲལ་གྱི་སྤྱི་ཞག་འཕྲོ་དང་། བར་འོག་ལྷག་གིས་སོགས་ཏེ། དེས་ད་ལྟའི་རྩིས་འཕྲོ་ལ་སྦྱངས་ལྷག་འདས་ལོའི་ཐོག་མའི་གསལ་ཞག་གི་རྩིས་འཕྲོའོ། །གསལ་ཞག་དེ་ཉིད་ཚར་ལྔ་བཞག་ཅེས་སོགས་ཀྱིས་གཟའ་ལྔ་པོ་སོ་སོའི་ངེས་བྲལ་གྱི་དྷྲཱུ་ཝ་དང་། བགོས་པའི་ལྷག་མས་ད་ལྟ་ཡི་སོགས་ཀྱིས་གཟའ་ལྔ་སོ་སོའི་འདས་ལོའི་ཐོག་མའི་རྩིས་འཕྲོའོ། །ཡང་གསལ་ཞག་མེ་ཀླུ་སོགས་ཀྱིས་ངེས་བྲལ་གྱི་ཉིན་ཞག་ཉི་དྷྲཱུ་དང་། ལྷག་མས་ད་ལྟའི་སོགས་ཀྱིས་འདས་ལོའི་ཐོག་མའི་ཉིན་ཞག་ཉི་དྷྲཱུའི་རྩིས་འཕྲོ་སྟོན་ནོ། །གཉིས་པ་ནི། ཆོ་ག་འདི་ཉིད་ལ་བརྟེན་ནས་སོགས་ཏེ། འདི་ལ་བརྟེན་ནས་སྔར་ལེའུ་གསུམ་པར་བཤད་པའི་སྟོན་པ་སངས་རྒྱས་པའི་དུས་ཀྱི་གཟའ་འཛིན་དང་། འཁྲུངས་སྐར་རྒྱལ་དང་སྒྲིག་པའི་ཚུལ་རྣམས་རྣམ་པར་དག་པ་འཆར་བར་འགྱུར་ཏེ་རི་མོའི་བྱ་བ་ལག་ཏུ་བླངས་པས་ཤེས་སླ་བའི་ཕྱིར་འདིར་བསྒྲུབས་འབྲས་སོགས་འབྲི་བའི་སྤྲོས་པ་མ་བགྱིས་སོ། །གསུམ་པ་བསྡུ་བ་ནི། གཞན་ཡང་རང་རང་གང་འདོད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། དྷྲཱུ་ཝ་ཡར་ལོག་བཤད་པའི་སྐབས་ཏེ་ཉི་ཤུ་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་ཉེར་གཅིག་པས་རེའུ་མིག་སྤེལ་བའི་ཁ་བྱང་བཤད་པ།

ད་ནི་སྐབས་ཉེར་གཅིག་པས་རེའུ་མིག་སྤེལ་བའི་ཁ་བྱང་བཤད་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། ཡར་ལོག་བཤད་པའི་རྗེས་དེ་ནས་ལྔ་སྒྲ་གཟའ་ལྔ་ཡི་སོགས་སོ། །གཉིས་པ་ལ་བཞི་སྟེ། ལྔ་བསྡུས་ཀྱི་རེའུ་མིག་སྤེལ་ཚུལ། སྒྲ་གཅན་གྱི་རེའུ་མིག་སྤེལ་ཚུལ། གཟའ་ལྔའི་རེའུ་མིག་སྤེལ་ཚུལ། ཞག་གསུམ་གྱི་བར་ཁྱད་ཀྱི་རེའུ་མིག་སྤེལ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བྱེད་གྲུབ་ཀྱི་བསྐལ་ལི་སྤེལ་ཚུལ་དང་། ཆ་ཤས་རེའུ་མིག་སྤེལ་ཚུལ་ལོ། །དང་པོ་ལའང་གཉིས་ཏེ། སྤྱི་ནུར་སྒྲུབ་པ་དང་། སྤེལ་ཚུལ་དངོས་སོ། །དང་པོ་ནི། ཐོག་མར་བྱེད་གྲུབ་གང་བྱེད་ཀྱི་ཞེས་སོགས་ཀྱི་ཉི་མའི་རྐང་འབྲས་སྒྲུབ་པའི་ཆོ་ག་དང་། དེ་ནས་བྱེད་གྲུབ་སོགས་ཀྱིས་སྤྱི་ནུར་བསྡུས་དོན་དྲུག་པའི་ཆོ་གའོ། །གཉིས་པ་ནི། བསྐལ་ལིའི་རེའུ་མིག་སྤེལ་ཚུལ་ནི། ཞེས་སོགས་སོ། །གཉིས་པ་ཆ་ཤས་རེའུ་མིག་ལ་གཉིས་ཏེ། བརྐྱང་པ་དང་། ཁུག་པའོ། །དང་པོ་ནི། དེ་ནས་ཆ་ཤས་རིའུ་མིག་སོགས་སོ། །གཉིས་པ་ནི། དམར་ནག་འཁོར་མ་བྱ་འདོད་ན་ཞེས་སོགས་སོ། །གཉིས་པ་ནི། སྒྲ་གཅན་རེའུ་མིག་སྤེལ་ཚུལ་ནི་ཞེས་སོགས་སོ། །གསུམ་པ་ནི། སྒྲ་གཅན་བཤད་པའི་རྗེས་དེ་ནས་གཟའ་ལྔ་ཉིན་ཞག་མའི་རེའུ་མིག་རྒྱ་མཚོ་སྤེལ་ཚུལ་རྗེ་ལྡུམ་པོ་བས་མཛད་པའི་སྦས་དོན་གསལ་བའི་དགོངས་བཞེད་བཞིན་བཤད་ཅེས་ཁས་བླང་ངོ་། །འདི་ལ་གཉིས་ཏེ། དལ་བ་མྱུར་བར་དང་བཅས་པའི་རེའུ་མིག་དང་། མྱུར་དག་གི་རེའུ་མིག་གོ། དང་པོ་ལ་གསུམ་སྟེ། གཟའ་ལྔ་ཐུན་མོང་གི་རེའུ་མིག །དྲག་གསུམ་དལ་དག་གི་རེའུ་མིག །ཞི་གཉིས་རྐང་འཛིན་གྱི་རེའུ་མིག་གོ། དང་པོ་ནི། དང་པོར་གྲངས་འཛིན་སོགས་ཀྱིས་རེའུ་མིག་གི་བྱ་ར་བཀོད་ལ། དེའི་འོག་ཏུ་རེའུ་མིག་སྟེང་འོག་གསུམ་ཡོད་པའི་གནས་དང་པོར། དེ་འོག་ཉིན་ཞག་རྟག་ལོངས་དེ་སོགས་ཀྱིས་དྲག་གཟའི་རྐང་འཛིན་སྤེལ་ལོ། །བར་འོག་གི་རེའུ་མིག་གཉིས་ལ་ལྷག་སངས་ཀྱི་དལ་དག་འགོད་པས། དེ་བསྒྲུབ་པ་ནི། དེ་ནས་ཞི་གཟའི་དལ་དག་ནི་སོགས་ཀྱིས་ཞི་གཉིས་ཀྱི་རྐང་འབྲས་ཀྱི་ཆོ་ག་དང་། དེ་ནས་ཉིན་ཞག་རྟག་ལོངས་ཞེས་སོགས་ཀྱིས་ཞི་གཉིས་ཀྱི་སྤྱི་ནུར་སྒྲུབ་པ་སྟེ། འདི་ལྟར་ཚན་པ་དང་པོའི་སོགས་ཀྱིས་ལྷག་པའི་སྤྱི་ནུར་དང་། ཚན་པ་གཉིས་པའི་སོགས་ཀྱིས་པ་སངས་ཀྱི་སྤྱི་ནུར་སྒྲུབ་པའོ། །དེ་ནས་ལྷག་པའི་དོན་དུ་སོགས་དང་། དེ་ནས་པ་སངས་ཀྱི་དོན་དུ་སོགས་ཀྱིས་ཞི་གཉིས་ཀྱི་དལ་དག་རེའུ་མིག་སྒྲུབ་པའི་ཆོ་གའོ། །དེ་ལྟར་ན་ཐུན་མོང་གི་རེའུ་མིག་དེ་ལ་གནས་གསུམ་ཡོད་པའི་གནས་དང་པོ། དྲག་གསུམ་གྱི་རྐང་འཛིན་རེའུ་མིག །གནས་བར་པ་ལྷག་པ་དང་འོག་མ་པ་སངས་ཀྱི་དལ་དག་རེའུ་མིག་སྟེ། དེའི་ཕྱིར་དེ་ནི་གཟའ་ལྔ་སྤྱིའི་བསྐལ་ལི་ཡིན་ནོ། །གཉིས་པ་ནི། དྲག་གཟའ་གསུམ་གྱི་སོགས་ཏེ། འདི་ལ་གསུམ། དམར། ཕུར། སྤེན་པའི་དལ་དག་རེའུ་མིག་གོ། དང་པོ་ནི། མིག་དམར་ཉིན་ལོངས་སོགས་ཀྱིས་རྐང་འབྲས་དང་། མིག་དམར་རྟག་ལོངས་གནས་དྲུག་སོགས་ཀྱིས་སྤྱི་ནུར། དེ་ནས་བཀྲ་ཤིས་སོགས་ཀྱིས་དལ་དག་གི་རེའུ་མིག་སྒྲུབ་པའོ། །གཉིས་པ་ཕུར་བུའི་རེའུ་མིག་ནི། ཕུར་བུའི་ཉིན་ལོངས་ཀྱི་རྐང་འབྲས། ཕུར་བུའི་རྟག་ལོངས་སོགས་ཀྱིས་སྤྱི་ནུར། དེ་ནས་གྲངས་འཛིན་སོགས་ཀྱིས་དལ་དག་སྤེལ་ཚུལ་ལོ། །གསུམ་པ་སྤེན་པའི་རེའུ་མིག་ནི། སྤེན་པའི་ཉིན་ལོངས་སོགས་ཀྱིས་རྐང་འབྲས། སྤེན་པའི་རྟག་ལོངས་སོགས་ཀྱིས་སྤྱི་ནུར། དེ་ནས་གྲངས་འཛིན་སོགས་ཀྱིས་དལ་དག་གི་རེའུ་མིག་སྤེལ་ཚུལ་ལོ། །གསུམ་པ་ཞི་གཉིས་ཀྱི་རྐང་འཛིན་རེའུ་མིག་ནི། དེ་ནས་ཞི་གཉིས་རྐང་འཛིན་གྱི་ཞེས་སོགས་སོ། །ཡང་ཞི་གཉིས་ཀྱི་རྐང་འཛིན་རེའུ་མིག་བསྡུས་པ་ལ་དགའ་ན། རེའུ་མིག་བསྡུས་པ་སྤེལ་འདོད་ན་ཞེས་སོགས་སོ། །སྐབས་འདིར་དྲག་གསུམ་གྱི་དལ་དག་ཆ་ཤས་དང་ཞི་གཟའ་གཉིས་ཀྱི་རྐང་འཛིན་ཆ་ཤས་ནི། མིག་དམར་བུག་མིག་ལག་པའི་ཆ་ཞེས་སོགས་སོ། །གཉིས་པ་མྱུར་རྐང་གི་རེའུ་མིག་ནི། དལ་དག་དང་རྐང་འཛིན་གྱི་རེའུ་མིག་བཤད་པའི་རྗེས་དེ་ནས་མྱུར་རྐང་གི་རེའུ་མིག་བཤད་ཅེས་ཁས་བླང་ངོ་། །དང་པོར་རིམ་པའི་སོགས་ཀྱིས་བྱ་ར་ལུགས་འབྱུང་དུ་བཀོད་ལ། དེའི་འོག་ཏུ་གྲངས་འཛིན་ཐིག་འོག་སོགས་ཏེ་རིམ་པའི་རེའུ་མིག་བརྒྱད་བརྒྱ་བཅུ་ཉིད་སྤེལ་ཚུལ་ལོ། །འོག་ཏུ་རིམ་མིན་སོགས་ནི། རེའུ་མིག་དེ་རྣམས་ཀྱི་འོག་ཏུ་གྲངས་འཛིན་ནག་པོ་ལུགས་ལྡོག་ཏུ་བྲིས་པས་རིམ་མིན་གྱི་རེའུ་མིག་འགྲུབ་བོ། །བཞི་པ་ཞག་གསུམ་གྱི་བར་ཁྱད་ཀྱི་རེའུ་མིག་ལ་གཉིས་ཏེ། ཉིན་ཚེས་བར་ཁྱད་ཀྱི་རེའུ་མིག་དང་། ཁྱིམ་ཚེས་བར་ཁྱད་ཀྱི་རེའུ་མིག་གོ། དང་པོ་ནི། གཟའ་ལྔ་བཤད་པའི་རྗེས་དེ་ནས་ཉིན་ཚེས་བར་ཁྱད་སོགས་ཏེ། ཐོག་མར་གྲངས་འཛིན་སོགས་ཀྱིས་ཉིན་ཞག་གི་རེ་བཞི་ཆའི་རེའུ་མིག་དང་། ཡང་ནི་གྲངས་འཛིན་སོགས་ཀྱིས་རེ་བཞི་ཆའི་རི་མཁའ་རི་ཆའི་རེའུ་མིག་དང་། ཡང་ཅིག་གཅིག་ནས་སོགས་ཀྱིས་བུག་སོགས་ཀྱི་རེ་བདུན་ཆ་སྤེལ་ཚུལ་ལོ། །གཉིས་པ་ཁྱིམ་ཚེས་བར་ཁྱད་ཀྱི་རེའུ་མིག་སྤེལ་ཚུལ་ནི། ཉིན་ཚེས་བར་ཁྱད་ཀྱི་རེའུ་མིག་བཤད་པའི་རྗེས་དེ་ནས་བཅུ་གསུམ་ཆའི་སོགས་ཀྱིས་བཅུ་གསུམ་ཆའི་རེའུ་མིག་དང་། དེ་ཡི་ལྔ་ཆ་སོགས་ཀྱིས་བཅུ་གསུམ་ཆའི་ལྔ་ཆ་སྤེལ་ཚུལ་ལོ། །དེ་ལྟར་རེའུ་མིག་སྤེལ་ཚུལ་འདི་རྣམས་གཞུང་བཀླགས་པ་ཙམ་གྱིས་གོ་བའི་ཕྱིར་རྒྱས་པར་མ་བཀྲལ་ལོ། །གསུམ་པ་བསྡུ་བ་ལ་གཉིས་ཏེ། དངོས་དང་འབད་པས་སྦྱང་རིགས་པར་གདམས་པའོ། །དང་པོ་ནི། དེ་ལྟར་ལྔ་སྒྲ་སོགས་སོ། །གཉིས་པ་ནི། རེའུ་མིག་སྤེལ་བའི་ཚུལ་འདི་ལེགས་པར་ཤེས་པར་གྱུར་པ་དེའི་ཚེ་ན་གཟའ་རྣམས་ཀྱི་ཁྱིམ་སོ་སོའི་མ་འདྲེས་པའི་ལོངས་སྤྱོད་ཀྱི་རྣམ་པར་གཞག་པ་རྣམས་དཀའ་བ་མེད་པར་བདེ་བླག་ཏུ་རྟོགས་པར་འགྱུར་བ་དེའི་ཕྱིར་འབད་པས་སྦྱོང་བར་རིགས་ཞེས་གདམས་སོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། རེའུ་མིག་སྤེལ་བའི་ཁ་བྱང་བཤད་པའི་སྐབས་ཏེ་ཉེར་གཅིག་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་ཉེར་གཉིས་པས་མགྱོགས་རྩིས་ལ་བརྟེན་ནས་ལི་ཐུ་སྦྱོར་དགྲོལ་བཤད་པ།

ད་ནི་སྐབས་ཉེར་གཉིས་པས་མགྱོགས་རྩིས་ལ་བརྟེན་ནས་ལི་ཐུ་སྦྱོར་དགྲོལ་བཤད་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། ད་ནི་བསྐལ་ལིའི་རེའུ་མིག་ལ་ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། ལི་ཐུ་སྦྱོར་བ་དང་། འགྲོལ་བའོ། །དང་པོ་ལ་ལྔ་སྟེ། ལྔ་བསྡུས། སྒྲ་གཅན། དུས་གཟེར། གཟའ་ལྔ། རྩིས་ཕྲན་བཤད་པའོ། །དང་པོ་ལ་གཉིས་ཏེ། སྦྱོར་བ་སྤྱི་ནུར་བཤད་པ་དང་། དངོས་གཞི་རེའུ་མིག་ཟིན་ཏེ་སྒྲུབ་པའོ། །དང་པོ་ནི། ཐོག་མར་ཞེས་སོགས་ཏེ། འདི་ལ་རགས་ཞིབ་གཉིས་ལས། དང་པོ་ནི། ལོ་གང་ནག་པའི་ཞེས་སོགས་སོ། །འདི་ལ་ལག་རྩིས་པ་ཁ་ཅིག་ན་རེ། སྐར་གནས་སྟོངས་ཤིང་ཆུ་ཚོད་དུ། །གསུམ་ལས་མང་བ་མེད་གྱུར་ན། །ཉི་མའི་རགས་པ་འཁྲུལ་མེད་ཡིན། །ཞེས་ཟེར་ཡང་། རྟག་ཏུ་དེ་ལྟར་མ་ངེས་ཏེ། ཉི་རགས་སྟོངས་པའི་ཕྱི་ལོའི་དུས་ཀྱི་རགས་པ་དེ་ལ་ཆུ་ཚོད་བཞི་དང་། སྲང་གཅིག །དབུགས་བཞི། རེ་བདུན་ཆ་ལྔ་བཅུ་རྣམས་འོངས་ཏེ། རྒྱུ་མཚན་ཚེས་ཞག་སུམ་བརྒྱ་དོན་གཉིས་གནས་ལྔར་བཞག་པ་ཉི་མའི་རྟག་ལོངས་ཀྱིས་བསྒྱུར་ཏེ་དྲིལ་བས་དེ་ལྟར་འབྱུང་བས་ན་ཆུ་ཚོད་བཞི་ཤར་ཡང་ཆུ་སྲང་ལ་སོགས་པ་རྗེས་འབྲང་རྣམས་མ་ལོངས་པས་ཀྱང་འགྲུབ་པའི་ཕྱིར་རོ། །གཟའ་རགས་ནི། གཟའ་དྷྲཱུར་ཉི་རགས་ཟིན་པ་དང་སོགས་སོ། །གཟའ་ཉིའི་སྤྱི་ནུར་རགས་པ་གཉིས་པོ་དེ་ཇི་ཙམ་ན་ཟིན་པའི་ཚོད་འཛིན་པ་ནི། དེ་ཡང་སྔ་ལོ་ཟིན་པ་ནས་ཞེས་སོགས་སོ། །འདིར་སྔ་ལོའི་རགས་པ་རྣམ་དག་ལ་དབྲི་བསྣན་གྱི་ལས་ཀྱིས་ཕྱི་ལོའི་རགས་པ་འཆར་བའི་མགྱོགས་རྩིས་ནི། སྔ་ལོའི་སྤྱི་ནུར་རགས་པ་ལ་ཞེས་སོགས་སོ། །གཉིས་པ་ཞིབ་མོའི་སྤྱི་ནུར་ཆོ་ག་ནི། བྱེད་གྲུབ་གང་བྱེད་ཉི་རགས་དེ་ཞེས་སོགས་ཀྱིས་ཉི་མའི་རྐང་འབྲས་གསུམ་དང་། དེ་ནས་བྱེད་གྲུབ་གང་བྱེད་ཀྱི་ཞེས་བྱ་བ་ལ་སོགས་པས་སྤྱི་ནུར་ཁྱིམ་དྲུག་མ་སྒྲུབ་པའོ། །གཉིས་པ་དངོས་གཞི་ལ་བཞི་སྟེ། གཟའ་ཉི་དག་པ། རེས་འགྲོགས་ཟླ་སྐར། སྦྱོར་བ། བྱེད་པའོ། །དང་པོ་ལ་གཉིས་ཏེ། གཟའ་ཕྱེད་ཉི་མ་རྣམ་དག་ཏུ་སྒྲུབ་པ་དང་། རེས་གཟའ་རྣམ་དག་ཏུ་སྒྲུབ་པའོ། །དང་པོ་ནི། དངོས་གཞི་རེའུ་མིག་སོགས་ཏེ། གང་རྩི་སོགས་ཀྱིས་རེའུ་མིག་འཛིན་པ་དང་། དེ་ལྟར་ཟིན་པའི་སོགས་ཀྱིས་སྤྱི་ནུར་ཁྱིམ་དྲུག་མ་སྦྱིན་པའི་ལས་ཀྱིས་ཉི་མ་རྣམ་དག་དང་གཟའ་ཕྱེད་དག་ཏུ་སྒྲུབ་པའོ། །གལ་ཏེ་བྱེད་པའི་རེའུ་མིག་འཛིན་པའི་ཚེ་ཉ་ཁྱིམ་དུ་སྔ་ལོའི་རེའུ་མིག་ལྷག་ལུས་ན་སོགས་ཏེ་གོང་མའི་མྱོང་རྩིས་སོ། །གཉིས་པ་ནི། ཆ་ཤས་དྷྲཱུ་ཝ་དང་མཐུན་པའི་སོགས་ཀྱིས་ཟླ་རྐང་གི་ལོངས་སྤྱོད་བྱིན་དོར་གྱིས་རེས་གཟའ་རྣམ་དག་ཏུ་སྒྲུབ་པའོ། །གཉིས་པ་རེས་འགྲོགས་ཟླ་སྐར་ནི། ཉི་དག་གནས་གཉིས་སོགས་སོ། །གསུམ་པ་སྦྱོར་བ་ནི། ཉི་ཟླ་སོགས་སོ། །བཞི་པ་བྱེད་པ་ནི། བྱེད་པ་ཚེས་གྲངས་སོགས་སོ། །གཉིས་པ་སྒྲ་གཅན་གྱི་རེའུ་མིག་འཛིན་པ་ནི། སྒྲ་གཅན་བློ་ངན་སོགས་སོ། །གསུམ་པ་དུས་ཀྱི་གཟེར་སྒང་དབུགས་ཁྱིམ་སླེབ་གསུམ་འཚོལ་བའི་ལག་ལེན་ལ་གསུམ་སྟེ། འཚོལ་བའི་ལག་ལེན། བཙལ་བྱའི་ཚད། བགྲོད་འཕོའི་དུས་སོ། །དང་པོ་ནི། སྒྲ་གཅན་གྱི་རེའུ་མིག་འཛིན་ཚུལ་བཤད་པའི་རྗེས། དེ་ནས་དབུགས་ཐོབ་སྒང་ཚད་དང་ཞེས་སོགས་རྐང་པ་དགུས་བསྟན་ཏེ། སྒང་དབུགས་ནི་ན་ནིང་དབོ་ཟླའི་ཚེས་གང་ལ་ཟིན་བལྟས་ལ། ཚེས་གྲངས་དེ་ལས་རིམ་པར་རེ་རེ་ཕྱིར་ནུར་བའི་གྲུབ་རྩིས་ཀྱི་ཉི་བར་ལ་བཅུ་གསུམ་ཆ་དང་ལྔ་ཆ་གང་འགབ་བལྟས་ཏེ་སྦྱིན་པས་འཆར་རོ། །དེ་ཡང་བཅུ་གསུམ་ཆ་ནི་ཐོག་མར་གང་འགབ་བལྟ་དགོས་དེ་ནས་ལུགས་ལྡོག་ཏུ་བགྲང་། ལྔ་ཆ་ནི་གཅིག་པའི་ལོངས་སྤྱོད་ཁོ་ན་སྦྱིན་པས་འོང་བ་མྱོང་རྩིས་སོ། །ཁྱིམ་སླེབ་ནི། གོང་མའི་མན་ངག་རྩ་ཐོར། སྐྱེས་ཁྱིམ་མདའ་དུས་སྦྱངས་པ་ཡིས། །ཉི་དག་སྐར་དབྱུག་ཁྱིམ་འཕོ་ལྟོས། །ཞེས་འབྱུང་བའི་སྐྱེས་ཁྱིམ་སྦྱོང་ལུགས་དེ་ནི་སྔར་བཀག་ཟིན་མོད། དེ་ལྟ་ནའང་ཉི་མའི་སྐྱེས་སྐར་ལག་མ་ཡིན་པའི་ཕྱིར་སྐྱེས་ཁྱིམ་སྦྱོང་བ་དངོས་བསྟན་མ་ཡིན་ཡང་ཉི་ལྡོག་ལ་མན་ངག་ཟུར་པ་མི་དགོས་པ་སོགས་ཀྱི་དགོས་པ་ཕྲ་མོ་འགའ་ཞིག་ནི་ཡོད་དོ། །འདིར་ཁྱིམ་སླེབ་བརྟག་པ་ལ་ནི་ལི་ཐུའི་གྲུབ་རྩིས་ཀྱི་ཉི་དག་ཁོ་ན་ལ་བལྟས་པས་ཤེས་པར་འགྱུར་ལ། གལ་ཏེ་མི་ཤེས་ན་གྲུབ་རྩིས་ཀྱི་རི་མོ་དེས་ཉི་མ་སྐར་མ་སོ་སོའི་སྟེང་དུ་སླེབས་པ་ཙམ་ཡང་མི་ཤེས་པར་འདོད་དགོས་ཏེ། བཞི་ཆ་གཅིག་དང་བཅས་པའི་སྐར་མ་གཉིས་རེ་ལ་ཁྱིམ་རེར་བཞག་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བཙལ་བྱའི་སོ་སོའི་ཚད་ནི་འདི་ཞེས་སོགས་རྐང་པ་གསུམ་དང་བཅས་པའི་ཚིགས་སུ་བཅད་པ་བཅུ་བཞིས་བསྟན་ཏེ། ཚད་འདི་ལྟར་རིགས་པའི་རྒྱུ་མཚན་ལེའུ་བཅུ་བཞི་པར་བཤད་ཟིན་ཏོ། །གསུམ་པ་ནི། སྒང་དབུགས་ཁྱིམ་སླེབ་གསུམ་ཚད་ཇི་ལྟ་བ་བཞིན་དུ་ཤར་བའི་ཚེ། རང་དང་ཤེད་མཉམ་པའི་ཚེས་གཟའི་ལོངས་སྤྱོད་རྫོགས་མཚམས་སུ་ལྷོ་བྱང་གི་བགྲོད་པ་མཐར་ཐུག་སྟེ་ཉི་མ་ལྡོག་པ་དང་ཉི་མས་ཁྱིམ་འཕོ་བ་སོགས་ཀྱི་དུས་མཚམས་གཟུང་བར་བྱའོ། །འོ་ན་རང་དང་ཤེད་མཉམ་པའི་ཚེས་གང་ཞེ་ན། སྒང་དབུགས་གཉིས་ཀྱི་གཟའ་ནི་གང་རྩིའི་གཟའ་དྷྲཱུ་ལ། ཉི་མ་གང་ལ་ཟིན་པའི་ཚེས་དེའི་རྟག་ལོངས་དང་བཅུ་གསུམ་ཆ་དང་ལྔ་ཆ་ཡང་ཉི་མ་གང་ཟིན་གྱི་གྲངས་དང་མཉམ་པ་དེ་ཉིད་བསྣན་པས་འཆར་ལ། ཁྱིམ་སླེབ་ཀྱི་ཚེས་གཟའ་ནི་དེ་ཉིན་གྱི་ལི་ཐུའི་གྲུབ་རྩིས་ཀྱི་རེས་གཟའ་དེ་ཀའོ། །འོན་ཀྱང་ཁྱིམ་སླེབ་ཚད་བཞིན་མ་ཤར་བར་ཞེས་སོགས་ཏེ། དེ་ཡང་ཁྱིམ་གྱི་རྫོགས་ཚད་དེ་རྣམས་ཁྱིམ་ཞག་སུམ་ཅུ་པའི་ཉི་བར་དེ་ཉིད་ཡིན་ལ། འདིར་ཁྱིམ་འཕོ་བརྟག་པའི་ཚེ་ཉི་དག་ལ་བྱས་པའི་དབང་གིས་ཚད་ཇི་ལྟ་བ་བཞིན་མ་ཤར་བ་མང་ལ། དེའི་ཚེ་གང་མང་ཡིད་ཀྱིས་བསྒྱུར་བ་སོགས་ཀྱིས་ལག་ལེན་བྱས་ཏེ་ཞག་སྔ་མ་ལ་སླེབ་ཚད་རྒྱག་པ་ནི་ཉི་མའི་ལོངས་སྤྱོད་ཀྱི་ཡུལ་དུས་སྒྲིག་པའི་ཆོ་གས་འགྲིག་མཚམས་ཀྱི་འཕོ་དུས་ངོས་བཟུང་ནས་ཁ་དམར་འདོགས་པ་སྟེ། རྒྱུ་མཚན་ཉི་མའི་ཡུལ་ལོངས་ཆུ་ཚོད་བཞི། ཆུ་སྲང་ཉེར་གཅིག་གི་ཆུ་ཚོད་ཀྱི་གནས་ཡིད་ཀྱིས་བསྒྱུར་བ་ལ་ཆུ་སྲང་རོས་ཐོབ་པ་བསྲེས་པས་ཉི་མའི་དུས་ཀྱི་རྟག་ལོངས་ཆུ་ཚོད་ང་དགུ་དང་ཆུ་སྲང་གསུམ་འཆར་བའི་ཕྱིར། ཡུལ་ལོངས་འདས་པའི་ཆ་དེས་དུས་ལོངས་ཀྱི་སྟེང་ནས་ལྷག་པའི་ཆ་ཕྲི་བས་གསལ་བར་སྟོན་པའི་གནད་ཀྱིས་སོ། །བཞི་པ་ནི། ད་ནི་གཟའ་ལྔའི་སོགས་ཏེ། འདི་ལ་གསུམ། སྦྱོར་བ་སྤྱི་སྒོས་ཀྱི་ཞག་སོགས་སྒྲུབ་པ། དངོས་གཞི་རེའུ་མིག་ལ་བརྟེན་ནས་དལ་མྱུར་གྱི་ལས་དག་པར་བྱེད་པ། རྗེས་འགྲོས་བཞི་ངོས་བཟུང་བའོ། །དང་པོ་ལ་ལྔ་སྟེ། སྤྱི་ཞག །སྒོས་ཞག །ཉིན་ཞག་ཉི་དྷྲཱུ། ཉི་རགས། ཞི་གཉིས་ཀྱི་སྤྱི་ནུར་རོ། །དང་པོ་ནི། དང་པོ་སྤྱི་ཡི་གསལ་ཞག་དེ་ཞེས་སོགས་སོ། །གཉིས་པ་ནི། ནག་ཟླའི་བཅོ་ལྔའི་སྤྱི་ཞག་ལ་ཞེས་སོགས་སོ། །གསུམ་པ་ནི། ཉིན་ཞག་ཉི་མའི་སོགས་ཀྱིས་གསལ་ཞག་དང་། ནག་ཟླའི་གསལ་ཞག་སོགས་ཀྱིས་དེ་ལས་ཉི་དྷྲཱུ་སྒྲུབ་པའོ། །བཞི་པ་ནི། དེ་ནས་ཉིན་ཞག་སྤྱི་ནུར་སོགས་སོ། །ལྔ་པ་ནི། དེ་ནས་ལྷག་པ་པ་སངས་དོན་ཞེས་སོགས་སོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། གཟའ་ལྔ་སོ་སོའི་དལ་དག་མྱུར་བར་དང་བཅས་པ་སྒྲུབ་ཚུལ་དང་། མྱུར་དག་སྒྲུབ་ཚུལ་ལོ། །དང་པོ་ནི། དེ་ནས་རེའུ་མིག་གཟུང་བྱ་སྟེ། །ཞེས་སོགས་ཀྱིས་ཐུན་མོང་གི་རེའུ་མིག་ཟིན་ལ། དེ་ལྟར་ཟིན་པའི་སོགས་ཀྱིས་ཞི་གཉིས་ཀྱི་དལ་དག་སྒྲུབ་པ་དང་། གང་ཟིན་རེའུ་མིག་སོགས་ཀྱིས་དྲག་གསུམ་གྱི་རྐང་འཛིན་སྒྲུབ་པའོ། །དེ་ནས་དྲག་གསུམ་དལ་དག་སོགས་ཀྱིས་དྲག་གཟའི་དལ་དག་དང་། ཞི་གཉིས་མྱུར་བར་སོགས་ཀྱིས་ཞི་གཉིས་ཀྱི་རྐང་འཛིན་གྱི་རེའུ་མིག་རྒྱས་བསྡུས་གང་རུང་འཛིན་ཚུལ་ལོ། །ལོངས་ན་སྟེང་དུ་དྲིལ་བྱེད་ཀྱི་སོ་སོའི་འཁོར་ལོ་ནི། དེ་ལྟར་ཞི་གཉིས་སོགས་སོ། །གཉིས་པ་ནི། མྱུར་རྐང་རེའུ་མིག་ཅེས་སོགས་སོ། །རྗེས་འགྲོས་བཞི་ངོས་བཟུང་བ་ནི། རིམ་པའི་སྔ་རྐང་མྱུར་འགྲོས་ཤར་ཞེས་བྱ་བ་ལ་སོགས་པའོ། །ཡང་གཟའ་ལྔའི་རེའུ་མིག་བསྡུས་པ་འཛིན་ཚུལ་ནི། ཡང་གཅིག་དྲག་གསུམ་ཞེས་སོགས་སོ། །ལྔ་པ་ནི། དེ་ནས་རྩིས་ཕྲན་ཞེས་སོགས་ཏེ། འདི་ལ་གཉིས། རྒྱལ་བློན་གྱི་རྩིས་དང་། ཆར་སོགས་ཀྱི་བརྟག་པའོ། །དང་པོ་ནི། ལྕགས་བྱ་ལ་སོགས་འདས་པ་ཡི་ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། ཆར་སོགས་ཀྱི་བརྟག་པ་དང་། ཆར་ཁོ་ནའི་བརྟག་པའོ། །དང་པོ་ནི། མེ་མཁའ་དུས་གཟུགས་སོགས་སོ། །གཉིས་པ་ནི། ཤཱ་ཀ་དྲག་སྦྱངས་སོགས་སོ། །གཞན་ཡང་ཕྱི་རྒྱུད་དབྱངས་འཆར་གྱི་ཡིག་ཕྲན་རྣམས་སུ་ཆར་སོགས་བརྟག་པའི་རྩིས་མང་དུ་མཐོང་མོད་ཀྱི། ངེས་པ་མེད་པའི་ཕྱིར་འབྲི་བའི་སྤྲོས་པ་མ་བྱས་ལ། འོན་ཀྱང་འདིར་བཀོད་པ་འདི་ཙམ་ཞིག་དེང་སང་ལག་རྩིས་པ་ཕལ་ཆེ་བའི་ལག་ལེན་དུ་འདེབས་ཀྱིན་གདའ་བས་མཁོ་བར་བསམས་ནས་བྲིས་སོ། །གཉིས་པ་ལི་ཐུ་དགྲོལ་བ་ནི། དེ་ལྟར་རི་མོའི་བྱ་བ་རྣམས་ཞེས་སོགས་ཏེ། འདི་ལ་གསུམ། ལོ་བཤད། ཟླ་བཤད། ཕྱེད་དགྲོལ་དངོས་སོ། །དང་པོ་ལ་སྦྱོར་དངོས་གཉིས་ལས། སྦྱོར་བ་ལ་གཉིས་ཏེ། མཆོད་བརྗོད་དང་། དམ་བཅའ་བའོ། །དང་པོ་ནི། རྣམ་དཀར་ཞེས་སོགས་སོ། །གཉིས་པ་ནི། བརྩོན་པའི་ཞེས་སོགས་སོ། །གཉིས་པ་དངོས་གཞི་ལ་བཞི་སྟེ། འདས་ལོ་བརྟག་ཐབས་བསྟན་རྩིས། ད་ལྟའི་ལོ་རྩིས། དེའི་འབྲས་བཤད། ཟླ་བཤོལ་བཤད་པའོ། །དང་པོ་ནི། འདས་ལོའི་གནས་རྣམས་སོགས་སོ། །གཉིས་པ་ལ་གཉིས་ཏེ། ནག་རྩིས་པའི་ལུགས་དང་། སྐར་རྩིས་པའི་ལུགས་སོ། །དང་པོ་ནི། ལོ་རྒན་དྲུག་ཅུའི་ཞེས་སོགས་རྐང་པ་གཅིག་དང་བཅས་པའི་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏེ་ཤོག་ཁྲའི་རིའུ་མིག་བལྟས་པས་ཤེས་པའི་ཕྱིར་མ་བཀྲོལ་ལོ། །གཉིས་པ་ལ་གསུམ་སྟེ། ལོ་གཟའ་དང་། ལོ་སྐར་དང་། བྱེད་ལོ་རྒྱལ་བློན་དང་བཅས་པའོ། །དང་པོ་ནི། ཉི་མ་ཉ་རྫོགས་ཞེས་སོགས་ཏེ། དུས་བསྟན་མེ་ལོང་ལས། དེ་ལ་དཔྱིད་འབྲིང་ངམ་ར་བ་ལ་ཁྱིམ་ཉ་ནས་ལུག་ཏུ་འབྱུང་བའི་ཚེ། རེས་གཟའ་གང་གིས་སྤྱོད་པ་དེའམ། ཐུབ་པའི་རྒྱུད་ལ་ངོས་བཟུང་བས་ལོའི་བདག་པོར་གྱུར་པའི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་ཏེ། ཞེས་པའི་དོན་ནོ། །གཉིས་པ་ནི། ལུག་ཏུ་སླེབས་པའི་ཞེས་སོགས་ཏེ། དུས་བསྟན་ལས། དྲང་སྲོང་ཕུར་བུ་ཉ་སྤངས་ཏེ་འཆར་བ་དེའི་ཚེའམ། དཔྱིད་འབྲིང་གི་ཚེས་གཅིག་ལ་ཕུར་བུས་བལྟས་ཏེ། གང་ལ་ལོངས་སྤྱོད་པའི་རྒྱུ་སྐར་དེ་ནི་ལོ་ཟླའི་བདག་པོའི་སྐར་མར་འགྱུར་རོ། །ཞེས་པའི་དོན་ནོ། །གསུམ་པ་ནི། བྱེད་པའི་ཞེས་སོགས་སོ། །གསུམ་པ་ནི། བཀོད་ལ་དེ་རྣམས་འབྲས་བུ་ནི་ཞེས་སོགས་ཏེ། འདི་དག་འོག་ཏུ་འབྲས་རྩིས་སྣ་ཚོགས་པའི་རབ་བྱེད་དུ་འཆད་དོ། །དེར་མ་ཟད་གཞན་ཡང་ཞེས་སོགས་ཏེ། ཇོ་བོ་ཆོས་སྐྱོང་དང་ནམ་བཟང་སོགས་ཀྱིས་བསྒྱུར་བའི་ཀ་ར་མྱང་རྩིས་དང་། ཤཱ་ཀ་དྲག་སྦྱངས་སོགས་ཀྱང་འབྲི་བ་ཕྱག་ལེན་དུ་སྣང་ཞིང་། གོང་མའི་ཕྱག་ཐོ་ལ་ལར། གཟའ་ལྔའི་ཕྱིར་ལྡོག་འབྲས་བུ་སོགས་ཀྱང་འགོད་པར་མཛད་དེ། སྤྲོ་ན་འོག་ཏུ་འབྲས་རྩིས་ཀྱི་རབ་བྱེད་བཅུ་གཉིས་པར་བཤད་ཡོད་པས་དེར་བལྟའོ། །བཞི་པ་ཟླ་བཤོལ་ནི། ལོ་དེར་སོགས་ཏེ། ལོ་བཤད་གྲུབ་རྗེས་ཟླ་བ་འདི་བཤོལ་ཞེས་འདྲིའོ། །འོ་ན་ཟླ་བཤོལ་འདོན་ཚུལ་ཇི་ལྟར་ཞེ་ན། སྤྱིར་ཟླ་བཤོལ་འདོན་ཚུལ་ལ་བཞེད་ལུགས་མང་སྟེ་འདུལ་བ་ལུང་ལས། བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ལ་ལོ་ལྔ་ལྔ་ན་བཤོལ་དོར་ཅིག །ཅེས་བཀའ་སྩལ་པ་ལྟར་ལོ་ལྔ་ལྔ་ན་བཤོལ་དོར་བ་ན། རྒྱལ་པོ་རྣམས་ལོ་གསུམ་གསུམ་བཞིན་བཤོལ་འདོན་པ་མ་མཐུན་ནས་བློན་པོ་རྣམས་འཕྱ་བ་ན། བཅོམ་ལྡན་འདས་ལ་གསོལ་པས། བློན་པོ་རྣམས་འཕྱ་བ་ནི་ཡུས་ཏེ། དེ་ལྟ་བས་ན་རྒྱལ་པོའི་གཞུང་བཞིན་དུའང་གྱིས་ཤིག །ཅེས་རྒྱལ་པོ་དང་མཐུན་པར་ལོ་གསུམ་གསུམ་ན་བཤོལ་འདོར་བར་གནང་ངོ་། །དེ་ལྟ་མོད་ཀྱི། བོད་ཁ་ཅིག་ཀྱང་། ལོ་རེའི་ཞག་མི་ཐུབ་དྲུག་པོ་བསགས་ཏེ་ལོ་ལྔ་ན་བཤོལ་དོར་ཟེར་རོ། །དེ་ནི་དུས་འཁོར་དུ་མ་ཟད། མཛོད་དང་ཡང་མི་མཐུན་ཏེ། ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུ་འགྱུར། །ཞེས་ཟླ་བ་རེ་ལ་ཉིན་ཞག་སུམ་ཅུ་རེ་ཡོད་པར་གསུངས་ཤིང་། ལོ་རེ་ལ་ཉིན་ཞག་སུམ་ཅུ་རེ་ལ་ཟླ་བར་བྱས་པའི་ཟླ་བ་བཅུ་གཉིས་པོའི་སྟེང་དུ་ཞག་མི་ཐུབ་དྲུག་བསྣན་ཏེ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྩ་ལྔ་རེ་དགོས་པར་བཞེད་པས་སོ། །དེ་སྐད་དུའང་། ཞག་མི་ཐུབ་དང་བཅས་པ་ཡིན། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་སོ། །ཡང་བོད་སྔ་མ་ཁ་ཅིག །རྟ་བྱ་བྱི་བ་ཡོས་ལ་བཤོལ། །སྟོན་དགུན་དཔྱིད་དབྱར་འབྲིང་པོ་གཉིས། །ཞེས་འདོད་པ་དང་། རྒྱ་རྩིས་པ་ཁ་ཅིག །ཀོང་ཙེའི་ཞུ་ལན་དུ། གདུག་པ་ཅན་གྱི་ལོ་དག་ལ། །གདུག་པ་ཅན་གྱི་ཟླ་བ་བཤོལ། །ཞེས་གསུངས་པས་སྟག་སྦྲུལ་སྤྲེའུ་ཕག་བཞི་ལ་རང་རང་གི་ཟླ་བ་བཤོལ་ཟེར་རོ། །ལུགས་དེ་གཉིས་ཀ་ཟླ་བ་སོ་དགུ་རེ་ན་ཟླ་བཤོལ་འདོན་པར་བཞེད་པས་ལོ་བཅུ་གཉིས་ལ་ཟླ་བཤོལ་བཞི་དང་དྲུག་ཅུ་སྐོར་རེ་ལ་ཟླ་བཤོལ་ཉི་ཤུ་རེ་འོང་སྟེ་རགས་རྩིས་ལའང་མི་འགྲིག་པས་མི་ལེགས་སོ། །ཡང་སྨན་པ་ཁ་ཅིག་ན་རེ། ཟུར་བློ། རྒྱུད་ཆུང་ལས། ལོ་གསུམ་དག་ན་ཟླ་བཤོལ་རེ། །གདུག་པ་བཞི་ལ་རང་ལོ་བོར། །ཞེས་གཤེད་བཞིའི་ལོ་ལ་རང་ཟླ་བཤོལ་བ་རགས་རྩིས་དང་། སོ་མ་རཱ་ཛ་ལས། མོ་དྲུག་ཉི་ཤུ་རྩ་དགུ་ལ། །ཕོ་དྲུག་སུམ་ཅུ་དག་ཏུའོ། །དེ་ལྟར་བརྩིས་པའི་ལོ་གཅིག་ལ། །ཞག་ནི་ལྔ་ལྔ་བཅུ་ཡིན་ཏེ། །ལོ་ནི་གསུམ་གསུམ་དག་ལའང་། །ཟླ་བ་ལྷག་པ་དག་ཡིན་ནོ། །ཞེས་པ་སྔ་མ་ལས་ཅུང་ཟད་ཞིབ་པའི་དབང་དུ་བྱས་པར་འདོད་དོ། །དེ་ནི་མི་རིགས་ཏེ། སོ་མ་རཱ་ཛའི་ལུང་འདིའི་ཟླ་བཤོལ་རྩོམ་བྱེད་མོ་ཟླ་དྲུག་ལ་དོར་བའི་ཞག་མི་ཐུབ་དྲུག་གིས་བྱས་པར་སོང་ལ། དེ་ལྟ་ན། ལོ་ལྔ་ལ་ཐོན་གྱི། གསུམ་ལ་མི་འཐོན་པའི་ཕྱིར་དང་། ལུང་དེའི་རྐང་པ་བཞི་པ་དང་ལྔ་པ་གཉིས་ཁོ་ནར་བལྟས་ནས་ཁྱོད་ཀྱིས་བཤད་པ་བྱས་མོད་ཀྱི། རྐང་པ་གཉིས་པོ་དེ་ནི་ཡི་གེ་མ་དག་པར་གསལ་བའི་ཕྱིར་དང་། གལ་ཏེ་ཡི་གེ་མ་དག་པ་མ་ཡིན་ན་རྐང་པ་དང་པོ་གསུམ་དགོས་མེད་དུ་སོང་སྟེ། དེ་ལྟ་བརྩིས་པའི་ལོ་གཅིག་ལ་ཞག་ལྔ་ལྔ་སྟེ་བཅུ་མི་འོང་བའི་ཕྱིར་ཏེ། མོ་ཟླ་དྲུག་གི་མི་ཐུབ་ཆ་བསགས་པས་ཞག་དྲུག་ལས་མེད་པའི་ཕྱིར་རོ། །གལ་ཏེ་ཕོ་ཟླ་དྲུག་གི་སྟེང་ནས་ཟླ་བ་བཞི་རྩ་དགུ་ཟླ་བར་བྱེད་དོ་ཞེ་ན། ཕོ་དྲུག་སུམ་ཅུ་དག་ཏུ་ཡོད་པ་དང་འགལ་ལོ། །དེས་ན་ལུང་འདིའི་ཡི་གེའི་བཞུགས་ཚུལ་ལ་བལྟས་ན་ལོ་ལྔ་རེ་ལ་བཤོལ་འདོན་པའི་ལུགས་སུ་འདུག་པས་རྒྱུད་ཆུང་གི་ལུགས་དེ་ལས་རྩིང་བ་ཡིན་པས་རགས་ཞིབ་གང་ལ་ཟེར་གྱི་འཇིག་རྟེན་པའི་ཐ་སྙད་ཙམ་ཞིག་ལ་ཐོག་མར་བློ་སྦྱོང་བ་གཅེས་སོ། །དེ་ལྟ་ནའང་། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་ལུགས་འདི་ལ་ཟླ་བ་ཕྱེད་དང་བཅས་པའི་སུམ་ཅུ་སོ་གཉིས་ན་ལྷག་པའི་ཟླ་བར་འགྱུར་ཞེས་གསུངས་ཏེ། ཇི་ལྟ་ན། ལོ་རེ་ལ་ཁྱིམ་ཚེས་ཀྱི་བར་ཁྱད་ཞག་བཅུ་གཅིག །ཆུ་ཚོད་བཞི། སྲང་སོ་དྲུག །དབུགས་ལྔ། འདོད་ཆ་བདུན་རྣམས་ཡོད་པ་དེ་རིམ་པར་བཅུ་གཉིས་ཀྱིས་ཕྱེ་བས་ཁྱིམ་ཟླ་རེ་དང་། ཚེས་ཟླ་རེའི་བར་ཁྱད་ལ་དུས་ཀྱི་ཆུ་ཚོད་ལྔ་བཅུ་ང་ལྔ། ཆུ་སྲང་ཉེར་གསུམ། དབུགས་ཐིག །འདོད་ཆ་དྲུག་རྣམས་འོང་ལ། དེའི་གནས་ཐམས་ཅད་རེ་ལྔས་བསྒྱུར་ཏེ་རིམ་པར་གཉིས་ཀྱིས་ཕྱེ་བའི་ནོར་རྣམས་ཞག་སར་དྲིལ་བར་ཞག་སུམ་ཅུ་འབྱུང་སྟེ་ཟླ་བར་ལོངས་པའི་ཕྱིར་རོ། །དེ་ལྟར་ཟླ་བ་ཕྱེད་བཅས་སོ་གཉིས་ཏེ་ལོ་གཉིས་དང་ཟླ་བ་ཕྱེད་དང་དགུ་ན་བཤོལ་འོང་ལ། འདོན་ཚུལ་ལ་ཟླ་དག་འཕར་བ་ལས་འདོན་པ་དང་། ཟླ་བའི་སྒང་ཚད་ལས་འདོན་པའི་ལུགས་གཉིས་ལས། དང་པོ་ནི། དེས་ན་ལོ་ནི་རེ་ལྔ་ལ་ཟླ་བཤོལ་ཉི་ཤུ་རྩ་བཞི་འཁོར་བས་ཚུལ་འདི་ཉིད་དཀའ་བ་མེད་པར་བདེ་བླག་ཏུ་རྩི་བར་འདོད་ན་འདི་ལྟར་ཤེས་པར་བྱ་སྟེ། ལོ་གང་དང་གང་གི་གྲུབ་མཐའི་ནག་པའི་ཟླ་བཤོལ་གྱི་རྩིས་འཕྲོར་ཞེ་བརྒྱད་ང་ལྔ་སོགས་བྱུང་ན། རིམ་བཞིན་དུ་མགོ་དང་གྲོ་ཞུན་སོགས་བཤོལ་ཏེ། དེ་ཡང་ནག་ཟླའི་མདའ་རོ་ལྷག་ལ་ཞེ་བརྒྱད་འབྱུང་བ་དེའི་ཚེ་ཧོར་ཟླ་བཅུ་གཉིས་པ་རྒྱལ་ཟླའི་ཟླ་དག་འཕར་ཞིང་མདའ་རོའི་ལྷག་ཏུ་གཅིག་འབྱུང་བས་དེའི་ཟླ་བ་སྔ་མ་ཧོར་ཟླ་བཅུ་གཅིག་པ་མགོའི་ཟླ་བ་ལྷག་ཅིང་། ལྷག་མར་གཅིག་ལུས་ནས་ཟླ་དག་འཕར་བའི་ཚེ་ཟླ་བཤོལ་དོན་ནས་ཟླ་བ་ཕྱེད་སོང་བ་ཡིན་པས་དབུས་ནས་འདོན་པ་ཞེས་ཐ་སྙད་མཛད་ལ། དེ་བཞིན་དུ་ནག་ཟླའི་མདའ་རོ་ལྷག་ང་ལྔ་ཡོད་པའི་ཚེ་ཧོར་ཟླ་བརྒྱད་པ་ལ་ཟླ་དག་འཕར་ཞིང་མདའ་རོ་ལྷག་སྟོངས་པས་དེའི་ཚེ་ཧོར་ཟླ་བདུན་པ་གྲོ་ཞུན་གྱི་ཟླ་བ་ལྷག་ཅིང་། མདའ་རོ་ལྷག་སྟོངས་པས་ཟླ་དག་འཕར་ཚེ་ཟླ་བཤོལ་རྫོགས་གྲུབ་པ་ཡིན་པས་ཐ་ནས་བཤོལ་བ་ཞེས་ཐ་སྙད་མཛད་དོ། །དེ་བཞིན་དུ་ནག་ཟླའི་མདའ་རོ་ལྷག་རེ་གཉིས་ལ་ས་ག་ཟླ་བ་དབུས་ནས་བཤོལ་བ་སོགས་ཟླ་བཤོལ་དབུས་ཐ་རེ་མོས་ཀྱིས་འདོན་པ་ཟླ་ལྷག་ཉེར་བཞི་པོ་ཐམས་ཅད་ལ་འདྲ་ཞིང་། དེ་ལྟར་ན་ལོ་རེ་ལྔའི་མཐར་ལོ་མཚམས་སུ་འཁོར་ཞིང་དེ་ཉིད་ལན་བཅུ་གཉིས་སུ་བཟློས་པ་བདུན་བརྒྱ་བརྒྱད་ཅུའི་མཐར་དྲུག་ཅུ་སྐོར་རེའི་མཚམས་སུ་འཁོར་བ་སོགས་བསྐལ་པའི་བར་དུ་ཡང་དེ་ཁོ་ན་ལྟར་འཁོར་ཞིང་འཁོར་བ་མ་གཏོགས་པ་རྣམ་པ་གཞན་དུ་འགྱུར་བ་མི་སྲིད་པ་ཉིད་དོ། །བྱེད་རྩིས་ཀྱི་ཟླ་ལྷག་ནི་སྔར་བཤད་པ་ལྟར་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་གི་ཐོག་མའི་མེ་ཁྱི་དེ་ལ་ས་ག་བཤོལ་དུ་འོང་རྒྱུར་ཟླ་བ་གཉིས་ཀྱིས་སྔ་ནུར་ཏེ་ཤིང་བྱའི་མཐའི་དབོ་ཟླ་བཤོལ་དུ་མཛད་པའི་དབང་གིས་གྲུབ་མཐའི་ཟླ་བཤོལ་ལས་བྱེད་པའི་བཤོལ་ཟླ་བ་གཉིས་རེས་སྔ་བ་རྣམ་པ་ཀུན་ཏུའོ། །གཉིས་པ་ནི། ཁྱད་པར་གནད་ཀྱི་སོགས་ཏེ། འདིར་སྔར་བཤད་པའི་སྒང་ཚད་ཀྱི་ཁྱིམ་ཞག་གི་རི་མོ་དེ་ཉིད་ཚེས་ཟླས་ཁྱིམ་ཟླའི་དོད་མ་ཐུབ་པའི་དབང་གིས་ཕྱི་འགྲོས་སུ་ནུར་བས་ཟླ་བ་སྔ་མའི་སྒང་ཚད་གནམ་སྟོང་དང་། ཕྱི་མའི་སྒང་ཚད་ཚེས་གཅིག་ལ་བྱུང་བའི་ཚེ་དེ་གཉིས་ཀྱི་བར་དུ་ཟླ་བ་གཅིག་འཐེབ་ལ་འདོན་དགོས་ཏེ། ཟླ་བ་སྔ་མའི་ཁྱིམ་ཞག་བརྒྱད་པ་ནས་ཕྱི་མའི་ཁྱིམ་ཞག་བརྒྱད་པའི་བར་ཁྱིམ་ཞག་སུམ་ཅུ་འོང་བ་གྲུབ་པའི་མཐའ་ལ་རྒོལ་དུ་མེད་པའི་ཕྱིར་རོ། །དེ་ལྟ་བུའི་ཁྱིམ་ཞག་བརྒྱད་པའི་ལག་ལེན་དང་བསྟུན་པའི་ཟླ་བཤོལ་དེ་བྱེད་རྩིས་པའི་ཟླ་དག་འཕར་བའི་བདུན་ཟུར་དང་འགྲིག་ལ། དེ་ལས་ཀྱང་ཟླ་བ་གཉིས་ཀྱིས་འཕྱི་བ་ན་གྲུབ་རྩིས་པའི་ཟླ་དག་འཕར་བའི་ཟླ་བཤོལ་འོང་བ་ཡིན་ནོ། །དེ་ལ་འདི་སྙམ་དུ། གྲུབ་རྩིས་ཀྱི་ཟླ་དག་འཕར་བའི་ཟླ་བཤོལ་དང་། ཁྱིམ་ཞག་བརྒྱད་པའི་རི་མོས་བཏོན་པའི་ཟླ་བཤོལ་གཉིས་རགས་ཞིབ་གང་དང་གང་། དང་པོ་ཞིབ་མོའི་ཆོ་ག་ཡིན་ན་ནི་བྱ་སླ་ལ་ཞིབ་པའི་ཆོ་ག་དེ་དོར་ནས་ཁྱིམ་ཞག་བརྒྱད་པའི་རི་མོ་སོགས་ཟླ་བཤོལ་གྱི་མན་ངག་ཟུར་པ་བྱས་པ་ལ་དགོས་པ་ཅི། ཕྱི་མ་ཞིབ་མོའི་ཆོ་ག་ཡིན་ན་ནི་རང་ལུགས་ཀྱི་གྲུབ་མཐའི་རྩིས་འདི་སྐྱོན་ཅུང་ཟད་ཀྱང་མེད་པར་འདོད་པའི་གཏམ་གོང་འོག་ཀུན་ཏུ་བཟླས་པ་དང་འགལ་ལོ་ཞེ་ན། དོགས་པ་དེ་སྐྱེ་བ་བདེན་མོད་ཀྱི། དེ་ལྟ་ནའང་རྟོག་པ་དང་དཔྱོད་པའི་རྟ་མཆོག་གི་ཁ་ལོའི་ཆེད་དུ་རིགས་པའི་སྲབ་སྐྱོགས་འདི་ལྟ་བུ་ཞིག་འཇུག་སྟེ། འདི་ལྟར་བྱེད་པ་དང་གྲུབ་པའི་ཟླ་བཤོལ་འདོན་ཚུལ་གསུམ་པོ་དེ་གང་ཡིན་ཡང་རང་རང་གི་ཟླ་བཤོལ་གཅིག་ནས་བཟུང་སྟེ་ཕྱེད་བཅས་སོ་གཉིས་ཀྱི་མཚམས་སུ་ཐོན་པ་ལ་འདྲ་བས་རྒྱུད་འགྲེལ་གྱི་བཤད་པ་དང་སྒྲིག་པར་ནུས་མོད། འོན་ཀྱང་བྱེད་པའི་ཟླ་བཤོལ་ནི་ཟླ་བ་གཉིས་ཀྱིས་སྔ་ནུར་པར་རྩིས་འགོའི་ངེས་པས་བསྟན་པའི་ཕྱིར་ན་མ་དག་པས་དོར་ལ། འདིར་གྲུབ་རྩིས་ཀྱི་ཟླ་དག་འཕར་བ་ལས་བཏོན་པ་ནི་ཞིབ་རྩིས་ཀྱི་ཟླ་བཤོལ་ཡིན་ལ། ཁྱིམ་ཚེས་ཀྱི་བར་ཁྱད་འདོན་པའི་ཆོ་ག་རྣམ་དག་གིས་བཏོན་པའི་ཕྱིར་དང་། གྲུབ་མཐའི་ཟླ་བཤོལ་གྱི་རྩིས་འཕྲོ་དག་པའི་སྟོང་རྩིས་ཀྱི་འཁོར་ལོ་དྲུག་ཅུ་རྩ་ལྔའི་རེའུ་མིག་ལ་བལྟས་པས་གྲུབ་པའི་ཕྱིར་རོ། །འོ་ན་དེང་སང་སྒང་ཚད་ལས་འདོན་པ་ཉིད་ཕྱག་ལེན་དུ་མཛད་པ་གང་ཞེ་ན། འདི་ནི་སྐར་རྩིས་དང་ནག་རྩིས་ཟུང་འབྲེལ་གྱི་ལི་ཐུ་འཛིན་པའི་དབང་གིས་རྒྱ་རྩིས་པ་དང་བསྟུན་པ་ཡིན་ལ། དེ་ལྟ་ནའང་གྲུབ་མཐའ་དང་མི་འགལ་ཏེ། སྔར་བཤད་པ་ལྟར་གྲུབ་མཐའི་ཁྱིམ་ཞག་རྟག་ལོངས་ཀྱི་རེའུ་མིག་བལྟས་པས་གྲུབ་པའི་ཕྱིར་རོ། །འོན་ཀྱང་སྔ་མ་ལས་འདི་ཉིད་ཅུང་ཟད་རྩིང་སྟེ་ཁྱིམ་ཟླ་ཕྱེད་བཅས་སོ་གཉིས་ན་ཚེས་ཟླ་ཕྱེད་བཅས་སོ་གསུམ་འོང་བའི་གནད་ཀྱིས་ཁྱིམ་ཞག་བཅོ་ལྔ་པ་རྫོགས་མཚམས་སུ་འདོན་རིགས་པ་ལས་ཞག་བདུན་སྔ་བསྣུར་ནས་བཏོན་པས་སོ། །འོ་ན་རྒྱ་རྩིས་པ་དང་བསྟུན་པར་གང་གིས་ཤེས། བསྟུན་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། དང་པོའི་ལན་ནི། དཔལ་མགོན་འཕྲིན་ལས་པའི་དགོངས་པ་ལྟར་ཆོས་རྫོང་རབ་འབྱམས་པས་བྲིས་པའི་མན་ངག་རྩ་ཐོར། ད་ལྟ་རྒྱ་ནག་ཆེན་པོའི་ཡུལ། །རྒྱལ་པོའིབཀའ་ཡིས་བཅད་པའི་ཁྲིམས། །འདི་ནི་རྒྱ་ནག་རྩིས་པའི་ལུགས། །ཕོ་བྲང་ནང་གི་ཁྲིམས་རྩིས་ཀྱི། །ལི་ཐུར་བརྗོད་པ་མངོན་སུམ་མཐོང་། །སྔོན་མེད་གསར་པ་ངོ་མཚར་རྨད། །ཅེས་དང་། ཕུག་པ་ཀུན་དགའ་དཔལ་བས་ཀྱང་། ནམ་ཞིག་ཚེས་ཟླས་ཁྱིམ་ཟླ་མ་ཐུབ་པས། །ཟླ་འཐེབ་ཅེས་བྱ་ཚེས་ཟླ་ལན་གཉིས་འཆར། །ཟླ་འཐེབ་གསལ་བྱེད་དུས་འཁོར་གྲུབ་པའི་ལམ། །སྐར་ནག་དགོངས་པ་གཅིག་ཏུ་འཆད་ཤེས་པ། །ད་ལྟའི་རྒྱ་ནག་ལག་ལེན་དང་མཐུན་པའི། །ཡ་མཚན་ཞིབ་མོ་ཁོ་བོས་གཞན་དུ་བཤད། །ཅེས་པའི་ལག་ལེན་གཞན་དུ་བཤད་པ་ལ་ཁ་འཕང་བའང་འདི་ཉིད་ཡིན་པར་གདོན་མི་ཟ་ཞིང་། སྤྱན་རས་གཟིགས་དབང་རྗེ་རྒྱལ་བའི་དབང་པོའི་གསུང་ལས་ཀྱང་། ཁོ་བོས་ཀྱང་ཤར་ཕྱོགས་འཇམ་དབྱངས་གོང་མའི་རྒྱལ་ཁབ་ཏུ་བགྲོད་ཚེ་ལི་ཐུ་ཚར་གཉིས་ཙམ་མཐོང་བར་ཚེས་ཀྱི་ཆད་ལྷག །བཤོལ་སོགས་ཐམས་ཅད་གྲྭ་ཕུག་ལུགས་ཀྱི་ཕྱག་ལེན་དང་ཞུ་དག་ཕེར་བར་སྣང་ངོ་། །ཞེས་གསུངས་པས་སོ། །གཉིས་པའི་ལན་ནི། སྐར་རྩིས་པའི་ཟླ་བཤོལ་ལ་སྔ་ཕྱི་ཅུང་ཟད་ནུར་ཡང་སྐྱོན་མེད་དེ། གཟའ་སྐར་གྱི་ལི་ཐུ་ཆུ་བབས་སུ་འབབ་པས་ཟླ་བའི་མིང་གི་ཐ་སྙད་ཙམ་ལས་ཁྱད་པར་མེད་པའི་ཕྱིར་རོ། །ནག་རྩིས་པའི་ཟླ་བཤོལ་ལ་སྔ་བསྣུར་ཕྱི་ནུར་བྱུང་ན་ལག་ལེན་ཕྱིན་ཅི་ལོག་ཏུ་འགྱུར་བ་ཡིན་ཏེ། ཟླ་བ་གང་བརྩེགས་དེའི་ཕྱི་མ་ལ་ཉི་མ་སོགས་སྔ་མ་དེ་ག་བལྡབས་ཏེ་ལུང་སྟོན་དགོས་པའི་ཕྱིར་རོ། །དེས་ན་དགོས་པ་དེ་ཉིད་གཟིགས་ནས་གོང་མ་རྣམས་ཀྱིས་རྒྱ་རྩིས་པ་དང་བསྟུན་པའི་བཤོལ་འདོན་པར་མཛད་པ་ཡིན་ལ། དེར་མ་ཟད་ལག་ལེན་འདི་ལ་དགུན་ཉི་མགོ་ཟླ་དང་དབྱར་ཉི་སྣྲོན་ཟླ་ལས་མི་འདའ་བ་སོགས་དུས་ཀྱི་གཟེར་རྣམས་མི་འཕྱུགས་པའི་དགོས་པའང་ཡོད་དེ། ཀུན་དགའ་དཔལ་བའི་དུས་གསལ་བྱེད་ལས། འབྱུང་རྩིས་པ་རྣམས་དཔྱིད་ར་སྟག་ཟླ་བ། །སྐར་མ་མགོ་ཡིས་ཉ་བའི་ཟླ་བ་ཡིན། །དེ་ཡི་བརྒྱད་ལ་དགུན་ཉི་ལྡོག་པས་ཁྱབ། །དེ་ཡང་གོང་དུ་ཞིབ་པར་བཤད་པ་བཞིན། །ཁྱིམ་ཟླ་འདི་ལ་ཟླ་བའི་ངེས་པ་དང་། །སྐར་རྩིས་གྲུབ་མཐའ་ཀུན་གྱི་རྩ་བ་ཡིན། །ནམ་ཟླ་གྲང་དྲོ་དུས་ཀྱིས་འཆར་བ་རྣམས། །འདི་ཉིད་ཁོ་ན་གཅེས་པར་འཛིན་པ་ཡིན། །ཞེས་སྒྲོག་པ་བཞིན་ནོ། །གཉིས་པ་ཟླ་བཤད་ནི། ལོ་བཤད་རྫོགས་པའི་རྗེས་དེ་ནས་ཟླ་བཤད་སོགས་ཏེ། འདི་ལ་བརྒྱད་དེ། ཟླ་བ་སོ་སོའི་དབང་ཐང་དང་ཆེ་ཆུང་། དུས་གཟེར། དུས་ཆེན། ནག་རྩིས་པའི་རྩིས་ཕྲན་འགའ། ཚེས་ཀྱི་ཆད་ལྷག །གཟའི་དར་གུད། དབང་ཕྱུག་མཇལ་འཕྲད། གཟའ་ལྔ་ལ་སོགས་པའི་རི་མོའོ། །དང་པོ་ནི། གསུམ་པ་ལ་སོགས་བརྗོད་པའི་མཐར་ཞེས་སོགས་སོ། །གཉིས་པ་ནི། དེ་རྗེས་ཟླ་བ་སོ་སོའི་སྒང་དབུགས་ཁྱིམ་སླེབ་གསུམ་གང་སྔ་བ་དེ་ནས་རིམ་པར་བྲི་བར་བྱའོ། །དེ་ལྟར་བྲིས་ནས་རྒྱ་རྩིས་པ་དང་རྒན་རྩིས་པ་རྣམས་ལ་གྲགས་པའི་སྒང་དབུགས་གཉིས་སོ་སོའི་དུས་གཟེར་གྱི་རྩིས་ཕྲན་རྣམས་དང་། ཁྱིམ་སླེབ་ཀྱི་འབྲས་བུ་སོགས་རང་རང་གི་རྗེས་དེ་གར་འབྲི་སྟེ། འདི་ལྟར། གསུམ་པའི་དབུགས་ཐོབ་ནམ་མཁའ་ཡི། །ཞེས་སོགས་ཀྱིས་ཟླ་བའི་དབུགས་ཐོབ་ཀྱི་གཟེར་རྣམས་དང་། གསུམ་པའི་སྒང་ལ་འབྲུ་ཡི་ཆར། །ཞེས་སོགས་ཀྱིས་སྒང་གི་གཟེར་རྣམས་འབྲིའོ། །གཞན་ཡང་སྒང་གི་དུས་འདི་ལ་ནག་པ་སོགས་གང་ཉའི་སྐར་མ་དང་། སྔར་ལེའུ་གཉིས་པར་བཤད་པའི་རགས་པ་ཟླ་བ་ལ་འཆར་བའི་རྟེན་འབྲེལ་རྣམས་བྲི་བར་བྱ་ཞིང་། ཁྱིམ་སླེབ་ལས་བཞི་སོགས་ཀྱིས་ཁྱིམ་བཅུ་གཉིས་སོ་སོའི་ལས་བཞིའི་འབྲས་བུ་དང་། དབྱངས་འཆར་བ་ལ་གྲགས་པའི་དྲག་མོ་སོགས་ཁྱིམ་དག་གི་ལྷ་དང་། ཉི་མ་ཁྱིམ་གང་དུ་ཡོད་བརྩིས་པའི་བུམ་སྟོང་རྣམས་ཀྱང་འབྲིའོ། །ཞར་བྱུང་བདུན་པ་སོགས་ཀྱིས་རྐྱང་ལྷག་སོགས་དུས་གཟེར་ཕྲན་ཕྲན་རྣམས་ཀྱང་སྤྲོས་པ་ལ་དགའ་བས་འབྲི་འདོད་ནའང་སྐབས་དེ་དང་དེར་བཀོད་པས་ཆོག་སྟེ་བཀག་པ་མེད་དོ། །གསུམ་པ་ནི། དེ་རྗེས་བསོད་ནམས་ཚོགས་རྟེན་གྱི། །རྒྱལ་བའི་དུས་ཆེན་རྣམ་བཞི་འབྲི། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་ཁ་ཆེ་པཎ་ཆེན་གྱིས་མཛད་པའི་དུས་ཆེན་ངོས་འཛིན་ལ་བརྟེན་ནས་གནམ་རྟགས་ཉ་སྐར་དང་ཉི་ཁྱིམ། བར་རྟགས་སེམས་ཅན་བཞིའི་སྒྲ་སྐད་འབྱིན་པ། ས་རྟགས་མེ་ཏོག་བཞི་ཁ་འབུས་པ། དུས་མཆོད་གང་དུ་དར་བའི་ཡུལ། ཁུངས་ཀྱི་མདོ་དང་བཅས་པ་ལ་དུས་ཆེན་གྱི་ཚེས་གྲངས་སོགས་འགའ་ཞིག་རང་གི་འཐད་ཕྱོགས་བཟུང་ནས་བཞག་པ་དང་། ཞར་བྱུང་དགེ་བའི་འགྱུར་ཁྱད་སོགས་ཀྱིས་ཀྱང་བརྒྱན་དེ་བཤད་དོ། །འདིར་མཁས་པ་དག་ཨུ་དུམྦཱ་ར་གནས་སྐབས་གཞན་དུ་མི་འབྱུང་ཞིང་སིང་མ་སོགས་ངེས་པའི་རྟགས་སུ་མི་སྣང་ཡང་། རེ་ཞིག་དད་པའི་ཡུལ་དུ་བྱས་ནས་བཤད་ཅེས་གསུངས་ཏེ་ཐུག་པ་མེད་དོ། །བཞི་པ་ནི། དེ་ནས་ཉི་ནག་གི་འབྲས་བུ་ཧོར་ཟླ་གསུམ་པ་ལ། བཅུ་དྲུག་ལ་བྱང་དུ་རྟ་མི་རྒྱུག །ཅེས་སོགས་དང་། དེ་རྗེས་སོགས་ཀྱིས་གཞན་ཡང་ཟླ་ནག་དང་། སྐྱོར་ཁ་དང་། ཐེབས་བཟློག་དང་། ཀླུ་བཟློག་དང་། ལྷ་ལྔ། ལྷ་དགུ་རྣམས་རིམ་པར་འབྲི་སྟེ། ཟླ་བཤད་ཀྱི་ལག་ལེན་འདི་རྣམས་ཕལ་ཆེར་ཤོག་ཁྲ་ལས་བཤུས་པ་རང་གིས་ཆོག་པ་ཡོད་པས་རྒྱ་མ་བསྐྱེད་དོ། །ལྔ་པ་ནི། དེ་དག་གི་རྗེས་སུ་ཚེས་འདི་ཆད། འདི་ལྷག་ཅེས་འབྲི་སྟེ། འདི་ལ་བཞི་སྟེ། ཆད་ལྷག་འདོན་ཚུལ། ཆད་ལྷག་གི་རྒྱུ་མཚན། ཆད་ལྷག་གི་རྒྱུ། ལྷག་པ་སྔ་མའི་ལི་ཐུ་སྒྲུབ་པའོ། །དང་པོ་ནི། རེས་གཟའ་ལན་གཉིས་སོགས་སོ། །གཉིས་པ་ནི། དོན་དུ་ཚེས་ལ་ཞེས་སོགས་ཏེ། དཔེར་ན་ཆད་པའི་ཚེ་ཚེས་གཅིག་ལ་གཟའ་གནས་སུ་ཐིག །ཆུ་ཚོད་དུ་གཅིག །ཚེས་གཉིས་ལའང་གཟའ་གནས་སུ་ཐིག །ཆུ་ཚོད་དུ་ང་ལྔ་ལྟ་བུ་བྱུང་བའི་ཚེ། ཚེས་གཅིག་གི་མིང་ཅན་གྱི་ཉིན་ཞག་སྤེན་པས་བདག་བྱས་པ་དེའི་སྟེང་ནས་ཆུ་ཚོད་གཅིག་པོ་རྫོགས་པ་དང་། ཚེས་ཞག་གཉིས་པའི་ཆུ་ཚོད་ང་བཞི་སྟེ། ཚེས་གཉིས་ཀྱི་མིང་ཅན་གྱི་ཉིན་ཞག་དེ་ལའང་སྤེན་པ་བྱུང་བས་དེའི་སྟེང་ནས་ཆུ་ཚོད་ང་ལྔ་པོ་རྫོགས་སོ། །ཚེས་གསུམ་གྱི་སྟེང་ནས་ཀྱང་ཁ་ལོངས་ཆུ་ཚོད་ལྔ་བླངས་པས། མདོར་ན་སྤེན་པས་བདག་བྱས་པའི་ཉིན་ཞག་གཅིག་པོ་དེས་ཚེས་ཞག་གསུམ་གྱི་ངོ་མཐོང་བར་སོང་ཞིང་། དེའི་ཚེ་ཚེས་གཉིས་ཆད་དུ་བཅུག་སྟེ། ཉིན་ཚེས་གཉིས་ཁ་མ་བྲལ་བར་བྱས་པའོ། །ཡང་ལྷག་པའི་ཚེ་ཚེས་བཅུ་གཉིས་ལྟ་བུར་གཟའ་བཞི། ཆུ་ཚོད་ང་དྲུག །སྲང་བཅུ་གསུམ། ཚེས་བཅུ་གསུམ་ལ་གཟའ་དྲུག །ཆུ་ཚོད་ཐིག །སྲང་གཉིས་ལྟ་བུ་བྱུང་བའི་ཚེ། ཚེས་བཅུ་གཉིས་ཀྱི་མིང་ཅན་གྱི་ལྷག་པས་བདག་བྱས་པའི་ཉིན་ཞག་དེའི་སྟེང་ནས་ཆུ་ཚོད་ང་དྲུག་སོགས་རྫོགས་པ་དང་། ཚེས་ཞག་བཅུ་གསུམ་པའི་སྟེང་ནས་ཆུ་ཚོད་བཞི་བག་མེད་ཅིག་བླངས། ཚེས་བཅུ་གཉིས་ཀྱི་མིང་ཅན་དེ་ལ་གཟའ་པ་སངས་བྱུང་སྟེ་མཆོངས་པས། དེ་གཉིས་ཀྱི་བར་ན་གཟའ་ཕུར་བུས་བདག་བྱས་པའི་ཉིན་ཞག་རིལ་པོ་གཅིག་དང་འགྲོགས་པའི་ཚེས་ཞག་ཆུ་ཚོད་དྲུག་ཅུ་པ་གཅིག་འབྱུང་ཞིང་། པ་སངས་ཀྱིས་བདག་བྱས་པ་དེ་ལ་ཚེས་བཅུ་བཞི་པའི་སྟེང་ནས་ཆུ་སྲང་གཉིས་བླངས་པས་དོན་ལ་སྐབས་འདིའི་ཚེས་ཞག་གི་ཚད། ཆུ་ཚོད་དྲུག་ཅུ་རེ་བཞི་ལ་སྲང་བརྒྱད་ཆད་པ་གཅིག་བྱུང་བར་སོང་ཞིང་། ཚེས་ཞག་དེའི་ཡུན་ལ་ཉིན་ཞག་རིལ་པོ་གཅིག་དང་ངོ་གཉིས་སྣང་བར་མཐོང་བས། དེའི་ཚེ་ཚེས་བཅུ་གསུམ་པ་དེ་ལྷག་ཏུ་བཅུག་ནས་ཉིན་ཚེས་ཁ་མ་བྲལ་བར་བྱས་པ་སྟེ། དོན་ལ་ཆད་ལྷག་མ་བཏོན་ན་མཚམས་དེ་དང་དེར་ཉིན་ཚེས་ཁ་བྲལ་བར་འགྱུར་ལ། དེ་ལྟར་གྱུར་ན་ཚེས་ཞག་གི་གྲངས་འཛིན་བྱེད་ཉིན་ཞག་མེད་པས་རྩིར་མེད་པའི་ཕྱིར་རོ། །གསུམ་པ་ནི། དེས་ན་ཆད་པ་མང་བ་དང་། །ཞེས་སོགས་སོ། །བཞི་པ་ནི། ལྷག་པ་སྔ་མའི་ཞེས་སོགས་ཏེ། ཆད་ལྷག་གི་སྐོར་འདི་རྣམས་ཀྱང་གཞུང་བཀླགས་པ་ཉིད་ཀྱིས་གོ་བའི་ཕྱིར་དཔེར་བརྗོད་བཞག་པ་ཙམ་ལས་གཞན་མ་བཀྲོལ་ལོ། །དྲུག་པ་ནི། དེ་ལྟར་ཟླ་བཤད་རྫོགས་པའི་རྗེས། །གཟའ་ཡི་སོགས་ཏེ། གཟའི་དར། གུད། གྱོད། ཞུད་རྣམས་འགོད། བདུན་པ་ནི། ཟླ་འཕོའི་རི་མོ་དང་བསྟུན་ནས། །ཞེས་སོགས་ཀྱིས་དབྱངས་འཆར་བ་ལ་གྲགས་པའི་དབང་ཕྱུག་མཇལ་འཕྲད་ཀྱང་འབྲི་བར་མཛད་དོ། །སྐབས་འདིར་མཆོག་དགའ་ལས། འདི་ལ་དེང་སང་གི་ལག་ལེན་པ་ཕལ་ཆེ་བ་གཟའི་གྲངས་མང་བ་དང་། ཉུང་བ་དང་། མཉམ་པ་ཁོ་ན་ལ་རྩི་བར་སྣང་མོད་ཀྱང་། ལོངས་སྤྱོད་ཅེས་པ་ལ་བརྟགས་ན་ཆུ་ཚོད་ལ་སོགས་པ་ལའང་རྩི་དགོས་པར་མངོན་ཏེ། བློ་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །བརྒྱད་པ་ནི། དེ་དག་གི་རྗེས་སུ་ཉ་སྟོང་གི་གཟའ་ལྔའི་མྱུར་དག་དང་། བྱེད་གྲུབ་ཀྱི་དྷྲཱུ་ཝ། ཉ་སྟོང་གི་སྒྲ་གཅན་རྣམས་ས་རིས་བཞིན་དུ་བཤུ་བའང་མཁས་དབང་ལྡུམ་པོ་པའི་ཕྱག་ལེན་དུ་སྣང་ཞིང་། དེའི་ཞལ་སློབ་རྒྱ་སྟོན་ནུབ་རི་བ་ནི་མཇུག་རིང་གི་ལོངས་སྤྱོད་དལ་མྱུར་གྱི་རྒྱུ་བ་གང་ཡིན་དེའི་རི་མོའང་འགོད་པར་མཛད་དོ། །གསུམ་པ་ཕྱེད་བཀྲོལ་དངོས་ནི། ད་ནི་ཕྱེད་བཀྲོལ་ཞེས་སོགས་ཏེ། འདི་ལ་གཉིས། འཆར་གཞིའི་ཚེས་བཤད་པ་དང་། དེ་ལ་འཆར་བའི་དབྱངས་དང་གཟའ་སྐར་ལ་སོགས་པ་བཤད་པའོ། །དང་པོ་ནི། ཟླ་བ་རེ་རེ་ལ་རེའུ་མིག་སུམ་ཅུ་པ་རེ་བྱས་ལ། དང་པོ་རེའུ་མིག་རེ་ལ་གཅིག་ནས་གནམ་གང་གི་བར་གྱི་ཚེས་ཀྱི་ཨང་ཀི་རེ་རེ་བཀོད་དོ། །གཉིས་པ་ལ་གཉིས་ཏེ། དབྱངས་འཆར་ཚུལ་དང་། གཟའ་སྐར་ལ་སོགས་པ་འཆར་ཚུལ་ལོ། །དང་པོ་ནི། དེ་ནས་དབྱངས་ཡིག་སོགས་ཀྱིས་གོང་མའི་ཕྱག་ལེན་ལྟར། འདིར་ལྷ་ཆེན་གྱི་བཞེད་པའི་དབྱངས་འཆར་ཚུལ་བཀོད་པ་ཡིན་ལ། རྒྱུད་འགྲེལ་ལས་གསུངས་པའི་དབྱངས་འཆར་ཚུལ་ནི། འོག་ཏུ་འབྲས་བུའི་སྐབས་སུ་འཆད་དོ། །འོ་ན་འདིར་དཀར་ཕྱོགས་ལ་དབྱངས་ཐུང་ངུ་ལྔ་དང་། ནག་ཕྱོགས་ལ་དབྱངས་རིང་པོ་ལྔ་བཀོད་པ་འདི་ཉིད། དབྱངས་འཆར་རྒྱུད་ལས། རིང་པོ་ལྔ་རྣམས་དཀར་ཕྱོགས་ལ། །ལན་གསུམ་དུ་ཡང་འགྱུར་བ་ཡིན། །ཞེས་དང་། དབྱངས་ཡིག་ཐུང་ངུ་ལྔ་པོ་རྣམས། །ནག་པོའི་ཕྱོགས་ལ་འཆར་བ་ཡིན། །ཞེས་སོགས་ཀྱི་རྣམ་གཞག་དང་འགལ་ལོ་སྙམ་ན། སྐྱོན་མེད་དེ། དཀར་ཕྱོགས་ནག་ཕྱོགས་ཀྱི་ཐ་སྙད་གོ་ལྡོག་པ་རྒྱུད་འདི་པའི་ལུགས་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། དཔྱིད་ཟླ་འབྲིང་སོགས་ཟླ་བ་ཡི། །བཅུ་དྲུག་ནས་བཟུང་སྟོང་གི་བར། །དཀར་ཕྱོགས་ཞེས་བྱ་རི་སྲས་མ། །དེ་ཡི་ཚེས་གཅིག་ནས་བརྩམས་ཏེ། །ཉ་ཡི་བར་ནི་ནག་ཕྱོགས་འདོད། །ཅེས་འབྱུང་བས་སོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ནས་རི་མོ་དང་བསྟུན་ཏེ། །ཞེས་སོགས་སོ། །གཉིས་པ་ནི། དེ་ཡང་ཅུང་ཟད་བཤད་པར་བྱ། །ཞེས་ཁས་བླངས་ཏེ། འདི་ལ་གཉིས། སྐར་རྩིས་པའི་ལུགས་དང་། ནག་རྩིས་པའི་ལུགས་སོ། །དང་པོ་ལ་བརྒྱད་དེ། རེས་གཟའ། ཟླ་སྐར། འཕྲོད། སྒྲ་གཅན། སྦྱོར་བ། བྱེད་པ། སྲེག་ཚེས། རྟེན་འབྲེལ་ལོ། །དང་པོ་ནི། རི་མོར་གང་ཤར་སོགས་ཀྱིས་གཟའ་ད་ལྟར་བས་ཉིན་ཞག་རེ་ལ་སྤྱོད་པ་བསྟན། དེ་ཡི་ལོངས་སྤྱོད་སོགས་ཚེས་ཀྱི་འཕོ་མཚམས་བསྟན། དཔེར་ན་ཚེས་གཅིག་སོགས་ཀྱིས་ཚེས་འཕོ་མཚམས་ཀྱི་དཔེར་བརྗོད་བཤད་པའོ། །གཉིས་པ་ནི། ཟླ་སྐར་གྱི་ནི་སོགས་ཀྱིས་སྐར་མ་ད་ལྟར་བ་དེས་སྤྱད་ཟིན་པའི་ལོངས་སྤྱོད་དང་། དེ་ཡིས་མཁའ་རོར་སོགས་ཀྱིས་ཟ་རྒྱུའི་ལོངས་སྤྱོད་བསྟན། དེ་ནས་ཕྱི་མའི་སོགས་ཀྱིས་ལོངས་སྤྱོད་ཟ་རྒྱུ་དེ་རྫོགས་པ་ན་ཕྱིི་མའི་ཟླ་སྐར་ཚང་བས། དེའི་ཕྱིར་སླེབ་མཚམས་སོགས་ཀྱིས་ལི་ཐུར་འགོད་ཚུལ་དང་བཅས་བསྟན་ཏོ། །གསུམ་པ་ནི། རེས་གཟའ་ཉི་མ་དབྱུག་པ་དང་། །ཞེས་སོགས་ཀྱིས་གཟའ་སྐར་གྱི་འཕྲོད་རྣམས་འདྲི། བྱེ་བྲག་སྐར་མ་ཉིས་སྤྱོད་འདུག་ན་གཟའ་གཅིག་པོ་དེ་དང་སྐར་མ་གཉིས་འཛོམ་པའི་འཕྲོད་གཉིས་འདྲིའོ། །བཞི་པ་ནི། སྒྲ་གཅན་སོགས་སོ། །ལྔ་པ་ནི། དེ་རྗེས་སྦྱོར་བ་སོགས་ཀྱིས་ལི་ཐུར་འགོད་ཚུལ་སྦྱོར་བ་དུས་ཀྱི་སོགས་ཀྱི་ཞལ་ལུང་མཁན་པོའི་བཞེད་པ་ཡིན་ལ། དེང་སང་གི་རྩིས་པ་རྣམས་ནི་རི་མོར་གང་ཤར་སྦྱོར་བའི་ལྷ་རྟོགས་བྱེད་དུ་བཞེད་དེ། ལེའུ་ལྔ་པར་སྨོས་པ་ལྟར་རྟོག་དཔྱོད་འཕྲོ་ཅན་ནོ། །དྲུག་པ་ནི། དེས་ན་བྱེད་པ་ངན་པ་ཡི། །ཞེས་སོགས་ཀྱིས་བིཥྚི་འཆར་ཚེས་ལོངས་སྤྱོད་ལི་ཐུར་འགོད་ཚུལ་དག་མ་དག་གི་ལག་ལེན་ལ་དགག་བཞག་འདིས་བྱེད་པ་གཞན་རྣམས་ཀྱི་འཆར་ཚད་ལ་འགྲེ་བར་གདམས་པ་དང་བཅས་པའོ། །གོང་མའི་ཕྱག་ཐོར་བྱེད་པ་གཞན་རྣམས་འགོད་པར་མ་མཛད་པ་ནི་འབྲས་བུ་ངན་པ་མེད་པའི་དབང་དང་། རི་མོའི་བྱ་བ་རྟོགས་སླ་བས་ཕྲལ་སྒྲུབ་བྱེད་པའི་དབང་དུ་མཛད་པ་སྟེ། གཞན་དུ་ན་ཡན་ལག་ལྔ་པོ་ཚང་བར་འགྱུར་བ་དང་། སྒེར་འབྲས་སོ་སོར་སྟོན་དུ་ཡོད་པའི་ཕྱིར་བཀོད་ན་ལེགས་པ་ཡིན་ནོ། །བདུན་པ་ནི། ཉི་མ་བཅུ་གཉིས་སོགས་ཀྱིས་སྲེག་ཚེས་འགོད་ཚུལ་ལོ། །དེ་ལྟར་ན་གོང་གི་འགྲུབ་སྦྱོར་འཆི་སྦྱོར་གཉིས་དང་བཅས་པ་གསུམ་པོ་འདི་ནི་རྒྱུད་འགྲེལ་ལས་གསུངས་པའི་འཕྲོད་ཡིན་མོད་ཀྱི། འདི་ལྟར་གོང་མའི་ཕྱག་ཐོ་རྣམས་སུ་སྲེག་ཚེས་ཟུར་དུ་མཛད་པ་ནི་གཞན་རྣམས་གཟའ་སྐར་འཕྲད་པའི་འཕྲོད་སྦྱོར་ལ་དགོངས་ནས་སྡེ་ཚན་སྒྲིག་པའོ། །བརྒྱད་པ་རྟེན་འབྲེལ་ནི། དེ་ནས་རྟེན་འབྲེལ་འཆར་ཚུལ་ནི། །ཞེས་སྨོས་ཏེ། དེའང་མགོ་ཟླར་མ་རིག་པ་སོགས་ཟླ་བར་འཆར་བ་རྣམས་འདིར་བཤད་པ་ལས་རེ་རེས་སྔ་ནུར་ཞིང་། དེ་ཉིད་སྒང་ལ་བཀོད་པ་ནས་བརྩམས་ཏེ་ཞག་གི་རྟེན་འབྲེལ་འདོད་པ་སོགས་སྔར་གྱི་ལག་ལེན་འདི་ནི་དཔལ་མགོན་འཕྲིན་ལས་པའི་ཕྱག་ལེན་ཐུན་མོང་མ་ཡིན་པ་ཡིན་མོད་ཀྱི་འོན་ཀྱང་ལེའུ་གཉིས་པའི་འགྲེལ་པར་བཤད་པ་ལྟར། ལུགས་འདི་མདོ་རྒྱུད་བསྟན་བཅོས་གང་དང་གང་གི་དགོངས་པ་ཡིན་དཔྱད་མཐའ་མ་རྙེད་པས་དཔྱོད་ལྡན་རྣམས་ཀྱིས་ཆོས་ལ་བརྟེན་པའི་སྒོ་ནས་དཔྱོད་ཅིག་གུ། འདིར་རང་གི་གོ་ཚོད་དང་སྦྱར་ནས་རྒྱུད་འགྲེལ་ལས་གསུངས་པའི་རྟེན་འབྲེལ་འཆར་རྩིས་ཅུང་ཟད་ཅིག་བཤད་པ་སྟེ། དེ་ལ་གསུམ། ཐོག་མར་རགས་པ་ཟླ་བ་ལ་རྟེན་འབྲེལ་རེ་རེ་འཆར་བ་དང་། འབྲིང་པོ་ཕྱོགས་རེ་ལ་རེ་རེ་འཆར་བ་གཉིས་འཕྲོས་དོན་དུ་བཤད་རྗེས། ཕྲ་བ་ཞག་རེ་ལ་རེ་རེ་འཆར་བའི་དོན་འགྲོལ་བའོ། །དང་པོ་ནི། རྒྱལ་ཟླ་ཆུ་སྲིན་གྱི་ཁྱིམ་ལ་མ་རིག་པའི་ཟླ་བ་སོགས་ལེའུ་གཉིས་པར་བཤད་པ་ལྟར་ཡིན་མོད་ཀྱི། འོན་ཀྱང་ཆུ་སྲིན་གྱི་ཁྱིམ་ཟླ་དེ་གང་ཞེ་ན། རགས་པ་ལུག་ཁྱིམ་ནག་ཟླ་དང་འབྱོར་བ་བཞིན་དུ་ཆུ་སྲིན་རྒྱལ་ཟླ་དང་འབྱོར་ཡང་། རྒྱལ་གྱི་ཟླ་བར་ཉི་མ་ཆུ་སྲིན་ལ་སོན་ཞེས་སོགས་ཀྱི་འགྲེལ་ཆེན་ལས། རྒྱལ་འདས་ཤིང་མཆུ་འཇུག་པའི་ཉིན་ཞག་ལ་མ་རིག་པའོ། །ཞེས་པ་ལྟར་ན། མར་ངོ་སྔོན་འགྲོར་བྱས་ཏེ་ཧོར་ཟླ་བཅུ་གཉིས་པའི་བཅོ་ལྔས་རྒྱལ་རྫོགས་ནས་བཅུ་དྲུག་པ་ནས་མཆུ་འཇུག་པས། དོན་ལ་མཆུ་ཟླ་དང་ཆུ་སྲིན་གྱི་ཁྱིམ་སྦྱར་བར་སོང་ལ། དེ་ལྟར་ན་འོག་ཏུ་ཞག་ལ་འཆར་བའི་སྐབས་སུ་ཡང་རྒྱལ་དང་མཆུ་ཡི་མཚམས་སུ་ཆུ་སྲིན་དག་ལ་ཉི་མ་གནས་པའི་གཟའ་དེ་ལ་ནི་མ་རིག་པའོ། །ཞེས་སོགས་ཀྱིས་ཟླ་བ་རྣམས་ཀྱི་ནག་པོའི་ཕྱོགས་ལ་འཆར་བའི་རྟེན་འབྲེལ་རྣམས་བསྟན་ལ། ཡང་ངོའི་རྟེན་འབྲེལ་རྣམས་ནི་འོག་ཏུ་རྒྱལ་གྱི་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་མ་རིག་པའོ། །ཞེས་སོགས་ཀྱིས་བསྟན་པས། དེ་ལྟར་ན་རྒྱལ་ཟླའི་ཕྱོགས་གཉིས་ཀ་ལ་མ་རིག་པ་དང་། མཆུ་ཟླའི་ཕྱོགས་གཉིས་ཀ་ལ་འདུ་བྱེད་ཀྱི་འགོ་འཛུགས་པ་སོགས་ཀུན་ལ་འགྲེ་བས་ཡར་ངོ་སྔོན་འགྲོའི་རྒྱལ་ཟླ་རིལ་པོ་ལ་མ་རིག་པ་དང་། མཆུ་ཟླ་རིལ་པོ་ལ་འདུ་བྱེད་སོགས་སུ་བརྗོད་པ་ཡིན་ནོ། །གཉིས་པ་ནི། རྒྱལ་ཟླའི་མར་ངོ་མ་རིག་པ་དང་། མཆུ་ཟླའི་ཡར་ངོ་འདུ་བྱེད་དང་། མཆུ་ཟླའི་མར་ངོའི་རྣམ་ཤེས་སོགས་སྦྱར་ཏེ་ལོ་གཅིག་ལ་རྟེན་འབྲེལ་བཅུ་གཉིས་ཚར་གཉིས་རྫོགས་པའོ། །གསུམ་པ་ལ། གང་ལ་འཆར་བའི་གཞི་ངོས་བཟུང་བ། དེ་ལ་ཇི་ལྟར་འཆར་ཚུལ། ཟླ་ལྷག་གི་རྟེན་འབྲེལ་བཤད་པའོ། །དང་པོ་ནི། འཆར་གཞི་ཟླ་བ་ཞེས་སོགས་ཏེ། རྒྱུད་འགྲེལ་དུ་ངོ་གཉིས་ལ་བསྐྱེད་བསྡུད་ཀྱི་འཆར་ཚུལ་གསུངས་པས་འཁྲུལ་ནས། ཁ་ཅིག་རྟེན་འབྲེལ་ཚེས་ཞག་ལ་འགོད་པ་དང་། ཁྱིམ་དང་སྦྱར་ཏེ་གསུངས་པས་འཁྲུལ་ནས་ཁ་ཅིག་རྟེན་འབྲེལ་ཁྱིམ་ཞག་ལ་འགོད་པ་སོགས་ནི་རྒྱུད་འགྲེལ་ཉིད་ལས་ཉིན་ཞག་བཅུ་དྲུག་པའི་རྟེན་འབྲེལ་གསུངས་པ་ལ་སོགས་པས་བཀག་པའི་ཕྱིར་དོར་བར་བྱ་ཞིང་། འདིར་རང་ལུགས་ནི། ཁྱིམ་དང་སྦྱོར་བ་ཟླ་ཤོལ་གྱི་རྟེན་འབྲེལ་གཞན་དུ་མི་འཆུག་པ་དང་། ངོ་དང་སྦྱར་བས་དེ་ཁྱིམ་སླེབ་ནས་འགོད་དགོས་སམ་སྙམ་པའི་དོགས་པ་བཅད་པའི་ཆེད་ཡིན་པས་ན་གང་ལ་འཆར་བའི་གཞི་རང་ནི་གཟའ་དང་སྦྱར་ཞིང་ཉིན་ཞག་བཅུ་དྲུག་པའི་རྟེན་འབྲེལ་གསུངས་པའི་གནད་ཀྱིས་ཉིན་ཞག་ལ་འཆར་བ་རྒྱུད་ཀྱི་དགོངས་པར་གྲུབ་བོ། །དེའང་ཟླ་བ་བཅུ་གཉིས་ལ་ཉིན་ཞག་སུམ་ཅུའམ། ཞག་མི་ཐུབ་པའི་ཆ་དོར་དུས་ཉེར་དགུ་སྟེ། དེའི་ངོ་རེ་རེར་ཡང་ཞག་བཅོ་ལྔའམ། ཞག་མི་ཐུབ་པའི་དབང་གིས་བཅུ་བཞི་འབྱུང་བ་དང་། གཞན་དུ་རེས་འགའ་ཆད་ལྷག་མ་འགྲིག་པའི་མཚམས་འགའ་ཞིག་ཏུ་ཉིན་ཞག་བཅུ་དྲུག་པའང་སྲིད་པ་ཡིན་ནོ། །གཉིས་པ་ནི། རྒྱལ་ཟླ་ཧོར་ཟླ་བཅུ་གཉིས་པའི། །ཞེས་སོགས་ཏེ། རྒྱལ་ཟླ་སོགས་མཉམ་ཁྱིམ་དང་འབྱོར་བའི་ཟླ་བ་དྲུག་ལ་ཡར་ངོ་ལུགས་འབྱུང་དང་མར་ངོ་ལུགས་ལྡོག །མཆུ་ཟླ་སོགས་མི་མཉམ་པ་དྲུག་ལ་ཡར་ངོ་ལུགས་ལྡོག་དང་མར་ངོ་ལུགས་འབྱུང་གིས་སོ་སོའི་ཞག་བཅུ་གཉིས་པར་སྦྱར་ནས། བཅུ་གསུམ་སོགས་གསུམ་ལ་རང་གི་གསུམ་བཞི་ལྔ་པ་དང་། རེས་བཅུ་དྲུག་པར་ཉིན་ཞག་དྲུག་པའི་རྟེན་འབྲེལ་སྦྱོར་བ་དང་། སྐབས་འགར་བཅོ་ལྔ་པ་འདོར་བའི་ཚུལ་རྣམས་ངེས་པར་བྱས་ཏེ། རྒྱུད་འགྲེལ་དུ་ཐོག་མར་མར་ངོའི་རྟེན་འབྲེལ་རྣམས་གསུངས་ནས། དེ་ནས་ཡར་ངོའི་རྟེན་འབྲེལ་རྣམས་སྡེབས་སུ་གསུངས་ནའང་། འདིར་གོ་སླ་བའི་ཕྱིར་ཡར་ངོ་སྔོན་འགྲོའི་ཧོར་ཟླ་དང་སྦྱར་ཏེ་ཐོག་མར་རྒྱལ་ཟླ་དང་མཆུ་ཟླ་གཉིས་ཀྱི་ཞག་སོ་སོར་རྟེན་འབྲེལ་བཀོད་རྗེས། རྒྱལ་ཟླས་མཚོན་ཏེ་དབོ་ཟླ་སོགས་མཉམ་པ་རྣམས་དང་། མཆུ་ཟླས་མཚོན་ཏེ་ནག་ཟླ་སོགས་མི་མཉམ་པའི་ཟླ་བ་རྣམས་ལ་སྦྱོར་ཚུལ་རིགས་འགྲེ་བར་བྱས་པའོ། །གསུམ་པ་ནི། ཟླ་ལྷག་ཡོད་ཚེ་ཞེས་སོགས་ཀྱིས་བསྟན་ཏེ་གོ་སླའོ། །རྟེན་འབྲེལ་འདི་དག་འདིར་དགུན་འབྲིང་ནས་འགོ་བརྩམས་ཤིང་མཁའ་འགྲོ་རྒྱ་མཚོ་དང་། རྡོ་རྗེ་མཁའ་འགྲོའི་དཔེ་ཕལ་ཆེ་བར་དཔྱིད་ར་དང་དཔྱིད་འབྲིང་ལ་མ་རིག་པ་འཆར་བ་ནས་བརྩམས་པ་ནི་དོན་ལ་མི་འགལ་ཏེ། དཔྱིད་ར་དང་དཔྱིད་འབྲིང་སོགས་ལོ་ཙཱ་བའི་ཞེ་འདོད་ཀྱིས་སོ་སོར་བསྒྱུར་གྱི་རྒྱ་དཔེ་ལ་པོ་ཥྱ་ཞེས་ཡོད་པར་གསུངས་པས་རྒྱལ་ཟླ་ལས་མ་འདས་པའི་ཕྱིར་དང་། མཁའ་འགྲོ་རྒྱ་མཚོར། ཐོག་མར་མ་རིག་ཆུ་སྲིན་དང་། །རོ་ཧི་ཏའོ་དེ་བཞིན་གཞན། །ཞེས་སོགས་གསུངས་པས་ཀྱང་གྲུབ་པའི་ཕྱིར་རོ། །དེས་ན་འདིར་འགྲེལ་ཆེན་ལས། རྟེན་འབྲེལ་འཆར་ཚུལ་རྟོགས་སླ་བའི་ཕྱིར་ཁྱིམ་ཟླ་བཅུ་གཉིས་ཀྱི་འཁོར་ལོ་བྱ་བར་གསུངས་པ་ལྟར་བྱ་ཞིང་། དེས་མཚོན་ནས་ཞག་ལ་འཆར་ཚུལ་ལའང་འཁོར་ལོའི་རེའུ་མིག་བཀོད་ན་བྱིས་པ་དག་ལ་མཁོ་བར་འགྱུར་རོ། །གཉིས་པ་རྒྱ་རྩིས་པའི་ལུགས་ལ་གཉིས་ཏེ། ཟླ་བ་སོ་སོའི་བརྟན་ལི་དང་། ཟླ་ལྷག་གི་ལི་ཐུའོ། །དང་པོ་ནི། དེ་རྗེས་ཉི་མ་བཅུ་གཉིས་དང་ཞེས་སོགས་ཏེ་ཤོག་ཁྲ་ལས་བཤུས་པ་རང་གིས་ཆོག་གོ། གཉིས་པ་ནི། ཟླ་ལྷག་ཡོད་ཚེ་ཞེས་སོགས་ཏེ་ཟླ་བ་དང་ཚེས་ཀྱི་བརྟན་ལི་རྣམས་གང་ལྷག་པའི་སྔ་མ་དེ་ཀ་ལ་བལྡབས་ཏེ་བྲིའོ། །གསུམ་པ་བསྡུ་བ་ནི། དེ་ལྟར་སྐར་ནག་ཟུང་སྦྱོར་གྱི་ཞེས་སོགས་ཏེ་གཞུང་འདིར་བརྐྱང་མོ་རིག་འཛིན་པའི་ཞུ་ལན་དང་། མཁས་དབང་ལྡུམ་པོའི་ཕྱག་ལེན་བསྟུན་པའི་སྟེང་རང་བློས་ཀྱང་ཅུང་ཟད་དཔྱད་ནས་བློ་དམན་རྣམས་ལ་ཕན་པའི་ཕྱིར་བཀོད་པའོ། །དེ་ལས་གཞན་དུ་སྐར་ནག་སོགས་ཏེ་འདིར་སྐར་རྩིས་ཀྱི་བསྟན་བཅོས་སུ་ནག་རྩིས་སོགས་བསྲེས་ཏེ་རྣམ་གྲངས་བསགས་པ་འདི་འདྲ་མི་ལེགས་མོད་ཀྱི། འོན་ཀྱང་གཞུང་ཆེན་རྣམས་བལྟ་བར་མི་ནུས་པའི་བྱིས་པ་རྣམས་ལ་ཕན་པར་འགྱུར་བའི་ཕྱིར་སྐྱོན་མེད་དོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། མགྱོགས་རྩིས་ལ་བརྟེན་ནས་ལི་ཐུ་སྦྱོར་དགྲོལ་བཤད་པའི་སྐབས་ཏེ་ཉེར་གཉིས་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

སྐབས་ཉི་ཤུ་རྩ་གསུམ་པས་རྩིས་འབྲས་ངོ་ལོན་དང་བཅས་པ་བཤད་པ།

ད་ནི་སྐབས་ཉི་ཤུ་རྩ་གསུམ་པས་རྩིས་འབྲས་ངོ་ལོན་དང་བཅས་པ་བཤད་པ་ལ་སྦྱོར་དངོས་གཉིས་ལས། དང་པོ་ལའང་གཉིས་ཏེ། མཆོད་བརྗོད་དང་། དམ་བཅའོ། །དང་པོ་ནི། ཤེས་བྱ་ཇི་ལྟ་བ་གཤིས་ཀྱི་གནས་ལུགས་སྟོང་པ་ཉིད་དང་། ཇི་སྙེད་པ་སྣང་བ་སྣ་ཚོགས་པའི་ངོ་བོ་རྒྱུ་དང་འབྲས་བུའི་ཆོས་ཀུན་མ་འདྲེས་པར་སོ་སོར་མཁྱེན་པའི་ཡེ་ཤེས་མངའ་བས། ཕྱི་ནང་གི་སྣང་བ་བདེ་སྡུག་ལ་སོགས་པའི་འབྲས་བུ་འབྱིན་ནུས་ཀྱི་རྒྱུ་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བའི་བླང་དོར་མ་ལུས་པ་ཀུན་སྟོན་པར་མཛད་པ་པོ་རྗེ་བཙུན་བླ་མའི་ཞབས་ལ་མགོ་བོས་འདུད་དོ། །གཉིས་པ་ནི། བཏུད་ནས་ཅི་བྱ་ཞེ་ན། ད་ནི་རྩིས་ཀྱི་འབྲས་བུ་བསྟན་ཞེས་ཁས་བླང་ངོ་། །གཉིས་པ་ལའང་བསྟན་བཤད་གཉིས་ལས། དང་པོ་ནི། ཚེས་དབྱངས་གཟའ་དང་སྐར་མ་དང་། །ཞེས་སོགས་ཚིགས་སུ་བཅད་པ་གསུམ་གྱིས་མདོར་བསྟན་པའི་སྒོ་ནས་མཉན་པར་བསྐུལ་བའོ། །གཉིས་པ་ལ་རབ་བྱེད་བཅུ་དགུ་ལས། དང་པོ་ཚེས་ཀྱི་བླང་དོར་སྟོན་པའི་རབ་བྱེད་ནི། ཐོག་མར་ཚེས་ཀྱི་སོགས་ཏེ། འདི་ལ་གསུམ། སྤྱིར་བསྟན་པ། སོ་སོར་བཤད་པ། ཚེས་འབྲས་ཐོར་བུ་བཤད་པའོ། །དང་པོ་ནི། འཇམ་དཔལ་རྩ་བའི་ཞེས་སོགས་སོ། །དེར་མ་ཟད་གཞན་ཡང་མདོ་རྒྱུད་རྣམས་སུ། ཡར་ངོ་དང་མར་ངོའི་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་དང་ཚེས་བཅུ་ལ་སོགས་པ་དུས་བཟང་པོ་རྣམས་ལ་དགེ་བའི་བྱ་བ་རྣམས་བཟང་བར་གསུངས་པ་དང་། ཁྱད་པར་རྒྱུད་འདིར་དགའ་བཟང་རྒྱལ་སྟོང་རྫོགས་པ་རྣམས་མཁའ་རླུང་མེ་ཆུ་སའི་ཁམས་ཡིན་པས་ཁམས་སོ་སོ་དང་མཐུན་པའི་ལས་བཞི་སོགས་བྱ་ཞིང་། ཟླ་བའི་ཕྱོགས་གཉིས་བསྐྱེད་སྡུད་ཀྱི་རིམ་པས་ཡར་ངོ་ལ་སྐྱེ་ཞིང་འཕེལ་བའི་ལས་དང་། མར་ངོ་ལ་འགོག་ཅིང་འགྲིབ་པའི་ལས་རྣམས་བྱ་བ་བཟང་བའང་དོན་ལ་ཐོབ་གསུང་ངོ་། །གཉིས་པ་ནི། ཚེས་གཅིག་དོན་གཉེར་ས་ཁ་དབྱེ། །ཞེས་པ་ནས། མི་རྟའི་ལུས་ཀུན་ཁྱབ་པར་གནས། །ཞེས་པའི་བར་གྱིས་ཚེས་སོ་སོའི་བཟང་ངན་གྱི་བླང་དོར་མི་རྟའི་བླ་གནས་དང་བཅས་པ་བཏུས་པའོ། །དེ་ལྟར་རྩ་བ་འདིར་བཀོད་པའི་བླ་གནས་རྩི་ལུགས་འདི་ནི་རིན་ཆེན་ཕྲེང་བའི་ལུགས་ཡིན་གྱི། ཁུངས་གང་ལ་བརྟེན་མ་ཤེས་སོ། །དེ་ལྟ་མོད་ཀྱི། རྒྱུད་འགྲེལ་ལས་གསུངས་པ་ནི་འདི་ཡིན་ཏེ། རྒྱུད་ལས། མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་འགྲོ་སྟེ་ཚེས་ཀྱི་དབང་གིས་ཉ་ཡི་མཐར་ཡང་རང་གི་སེམས། །སླར་ཡང་གཙུག་ཏོར་ནས་ནི་ནག་པོའི་ཕྱོགས་སུ་འདི་ནི་རྐང་པའི་སོར་མོ་རྣམས་སུ་འགྲོ་བར་འགྱུར། །ཞེས་གསུངས་པས་སོར་ཚིགས་སོགས་གནས་སུམ་ཅུ་རྩ་གཉིས་པོ་རྣམས་སུ་ཁམས་རྣམས་ཡི་གེའི་རྣམ་པར་གནས་པ་ལ་ཚེས་ཀྱི་དབང་གིས་ནུས་པ་འཕོ་ལ། དེ་ཡང་ཡར་ངོ་སྔོན་འགྲོའི་དབང་དུ་བྱས་ན་རོ་རྐྱང་གི་རྩའི་གནས་ཚུལ་གྱི་དབང་ལས་སྐྱེས་པའི་གཡོན་དང་བུད་མེད་ཀྱི་གཡས་ཕྱོགས་ནས་འགོ་བརྩམས་ཏེ། ཚེས་གཅིག་རྐང་པའི་སོར་ཚིགས་དང་པོ་ལ་ཡི་གེ་ཨཿགཉིས་པར་ཨི། གསུམ་པར་རྀ། བཞི་པར་ལོང་བུར་ཨུ། ལྔ་པར་པུས་མོར་ལྀ། དྲུག་པར་དཔྱི་མཚམས་ཨ། བདུན་པར་ལག་སོར་དང་པོར་ཨེ། བརྒྱད་པར་གཉིས་པར་ཨར། དགུ་ལ་གསུམ་པར་ཨོ། བཅུ་པར་མཁྲིག་མའི་མཚམས་སུ་ཨ་ལཱ། བཅུ་གཅིག་པ་ལ་གྲུ་མོར་ཧ། བཅུ་གཉིས་དཔུང་འགོར་ཡ། བཅུ་གསུམ་མགྲིན་པར་ར། བཅུ་བཞི་མཚོག་མར་ཝ། བཅོ་ལྔ་པར་དཔྲལ་བར་ལ། བཅོ་ལྔ་དང་བཅུ་དྲུག་གི་མཚམས་སུ་སྤྱི་བོར་ཨཾ། སླར་ཡང་བཅུ་དྲུག་ལྟག་པར་ལཱ། བཅུ་བདུན་པ་གཉའ་བར་ཝཱ། བཅོ་བརྒྱད་སྙིང་གར་རཱ། བཅུ་དགུ་དཔུང་ཚིགས་སུ་ཡཱ། ཉི་ཤུ་གྲུ་མོར་ཧཱ། ཉེར་གཅིག་མཁྲིགས་མར་ཨཱལ། ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ། ཉེར་གསུམ་གཉིས་པར་ཨཱར། ཉེར་བཞི་དང་པོར་ཨཻ། ཉེར་ལྔ་དཔྱི་རུས་མཚམས་སུ་ཨཱ། ཉེར་དྲུག་ལ་པུས་མོར་ལཱྀ། ཉེར་བདུན་ལོང་བུར་ཨཱུ། ཉེར་བརྒྱད་སོར་ཚིགས་གསུམ་པར་རཱྀ། ཉེར་དགུ་གཉིས་པར་ཨཱྀ། གནམ་གང་དང་པོར་ཨཱ། གནམ་སྟོང་དང་ཚེས་གཅིག་གི་མཚམས་སུ་རྐང་མཐིལ་དུ་ཨཱཿའི་གཟུགས་ཅན་ཏེ། འདི་དང་གོང་གི་སྤྱི་བོར་ཨཾ་གྱི་ཚེ་ལུས་ཀུན་ཁྱབ་པས་ཤིན་ཏུ་གཉན་གསུང་ངོ་། །གཞན་ཡང་ཧེ་རུ་ཀ་གལ་པོའི་བརྟག་པ་བཞི་པར། ཡང་ནི་ཁུ་བ་གཡོན་སྐོར་དང་། །གཡས་སྐོར་གྱི་ནི་བྱེ་བྲག་གིས། །གནས་ནི་བཅུ་དྲུག་ལེགས་པ་ཡི། །རིམ་པས་སམ་ནི་ཀྲནྟི་བཤད། །མཐེ་བོང་ཉི་མ་དང་པོ་ལ། །མི་ཕྱེད་མ་ནི་ཡི་གེ་ཨ། །བྱིན་པ་ལ་ནི་གཉིས་པ་སྟེ། །ཕྲ་མོའི་ཚུལ་ནི་ཨཱ་རིང་པོ། །བརླ་ནི་གསུམ་པ་ཙེས་མ་ཨི། །གསང་བར་བཞི་པ་གཡོན་མར་ཨཱི། །ལྟེ་བ་ལྔ་པ་ཐུང་མ་ཨུ། །སྙིང་གར་དྲུག་པ་རུས་སྦལ་ཨཱུ། །ནུ་མར་བདུན་པ་སྒོམ་པ་རྀ། །མགྲིན་པར་བརྒྱད་པ་དབང་མ་རཱྀ། །ལག་མཐིལ་དགུ་པ་ཉེས་མ་ལྀ། །ཁུར་ཚོས་བཅུ་པ་མཇུག་མ་ལཱྀ། །མིག་ན་བཅུ་གཅིག་མོ་མ་ཨེ། །སྣ་རྩར་བཅུ་གཉིས་མཚན་མོ་ཨཻ། །དཔྲལ་བར་བཅུ་གསུམ་བསིལ་མ་ཨོ། །སྤྱི་བོར་བཅུ་བཞི་གཟི་བརྗིད་ཨཽ། །གཡས་དང་གཡོན་གྱི་དབུས་ན་ནི། །ཡོངས་སུ་གང་བའི་ཨཾ་དང་ཨཿདགའ་བྱེད་མ་དང་ཀུན་སྤངས་ཡིན། །གཡས་སུ་ཨཿདང་ཨཾ་གཉིས་ལ། །རོ་བཅུད་མ་དང་ཚང་མ་དང་། །ཚེས་གྲངས་བཅུ་དྲུག་དག་ལའོ། །བཅུ་བདུན་མགོ་གཡས་མདོག་སྔོན་ཨཽ། །བཅོ་བརྒྱད་སྣ་གཡས་སྤྱི་མ་ཨོ། །བཅུ་དགུ་མིག་གཡས་སྒྱུར་སྦྱིན་ཨཻ། །ཉི་ཤུ་འགྲམ་གཡས་སྦྱོར་བྲལ་ཨེ། །ཉེར་གཅིག་གཡས་མཆུ་ལྕེ་མ་ལཱྀ། །ཉེར་གཉིས་ཀེ་ལ་གྲུབ་མ་ལྀ། །ཉེར་གསུམ་ལག་གཡས་འཚེད་མ་རཱྀ། །ཉེར་བཞི་ནུ་གཡས་ཡིད་གཟུགས་རྀ། །ཉེར་ལྔ་སྙིང་གཡས་སུམ་བསྐོར་ཨཱུ། །ཉེར་དྲུག་ལྟེ་གཡས་འདོད་མ་ཨུ། །ཉེར་བདུན་བརླ་གཡས་གཏུམ་བདག་ཨཱི། །ཉེར་བརྒྱད་ཆོས་འབྱུང་ཁ་མ་ཨི། །ཉེར་དགུ་བྱིན་པར་འཇིགས་མ་ཨཱ། །སུམ་ཅུ་རྐང་གཡས་བདུད་འཇོམས་ཨ། །ཟླ་གཅིག་གཡོན་དང་གཡས་སུ་འགྲིམ། །ཞེས་གསུངས་སོ། །དེ་བཞིན་དུ་སྡོམ་འབྱུང་དང་མཁའ་འགྲོ་རྒྱ་མཚོ་ལས་ཀྱང་དབྱངས་བཅུ་དྲུག་དང་སྦྱར་ཏེ་གསུངས་པ་དང་། སྲིད་པའི་གཏེར་ཁྱིམ་ལས་དུས་ཚོད་དང་སྦྱར་ཏེ་གསུངས་པ་སོགས་མང་སྟེ་འདིར་མ་སྤྲོས་སོ། །གསུམ་པ་ལ་གཉིས་ཏེ། སྐྲ་ཚེས་དང་། ལམ་རྩིས་སོ། །དང་པོ་ནི། བྱང་སེམས་སྐྲ་འཁྲུའི་སོགས་སོ། །གཉིས་པ་ནི། ཇོ་བོས་མཛད་པར་སོགས་སོ། །དེ་ལྟར་ན་ཚེས་ཀྱི་འབྲས་བུ་སོགས་ཏེ་རབ་བྱེད་དང་པོའི་འགྲེལ་པའོ། །གཉིས་པ་དབྱངས་འཆར་ལ་བརྟེན་ནས་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་དབྱངས་འཆར་སོགས་ཏེ། འདི་ལ་གཉིས། རྒྱུད་འགྲེལ་ལས་གསུངས་པའི་དང་། ཞར་བྱུང་ལྷ་ཆེན་གྱི་བཞེད་པ་བཀོད་པའོ། །དང་པོ་ལ་ལྔ་སྟེ། ཚེས་ལ་དབྱངས་འཆར་ཚུལ། དེ་ན་ཚོད་ལྔ་དང་སྦྱར་བ། དགའ་བ་སོགས་ལྔ་དང་སྦྱར་བ། དབྱངས་ཚེས་གཟའ་སྐར་རྣམས་ཕྲད་པའི་བླང་དོར། མ་བརྗོད་པ་གཞན་དུ་ཁ་འཕང་བའོ། །དང་པོ་ནི། ཟླ་བ་སོ་སོའི་དཀར་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་རིམ་པ་བཞིན་དུ། ཨ་ཨི་སོགས་རང་བྱུང་གི་ཡི་གེ་ལྔ། ཨ་ཨེ་སོགས་ཡོན་ཏན་གྱི་ཡི་གེ་ལྔ། ཧ་སོགས་ཡ་ནའི་ཡི་གེ་ལྔ་སྟེ་ཐུང་ངུ་བཅོ་ལྔ་པོ་འཆར་རོ། །ཡང་ཚེས་བཅུ་དྲུག་ནས་བཟུང་སྟེ་གནམ་སྟོང་གི་བར་ནག་ཕྱོགས་ལ་རིམ་བཞིན་དབྱངས་རིང་པོ་བཅུ་དྲུག་པོ་གོ་རིམ། ལཱ་ཝཱ་རཱ་སོགས་ལྡོག་པའི་ཚུལ་གྱིས་འཆར་རོ། །གཉིས་པ་ནི། འཆར་བའི་དབྱངས་ནས་སོགས་ཏེ། དཔེར་ན་དཀར་པོའི་ཚེས་གཅིག་ལ་ལྟོས་ཏེ་དབྱངས་ཨ་ཡིག་བྱིས་པ་དང་། ཨི་གཞོན་ནུ། རྀ་ལང་ཚོ། ཨུ་རྒན་པོ། ལྀ་ནུབ་པའོ། །དེ་བཞིན་དུ་ཚེས་གཉིས་ལ་ཨི་བྱིས་པ་ཡིན་པ་སོགས་འགྲེའོ། །གསུམ་པ་ནི། དེ་བསྟུན་དགའ་བཟང་སོགས་ཏེ། དབྱངས་ཐུང་རིང་ལུགས་འབྱུང་ལྡོག་གི་འཆར་བའི་ཚེས་རེ་ལ་དགའ་སོགས་ལྔ་ཡོན་ཏན་གསུམ་གྱི་དབྱེ་བས་ཕྱོགས་གཉིས་ལ་ལན་གསུམ་རེ་འཁོར་ཏེ་འཆར་རོ། །བཞི་པ་ལ་གཉིས་ཏེ། ཚེས་སྐར་གཟའ་གསུམ་འཛོམ་པས་དབྱངས་དེ་དང་དེའི་མིང་ཡིག་ཐོག་མ་ཅན་ལ་ངན་པ་དང་། གང་ངན་པའི་འབྲས་བུའོ། །དང་པོ་ནི། དེ་ལྟར་སོགས་ཏེ། དགའ་བ་མིག་དམར་སྨིན་དྲུག་གསུམ། །ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི། ཐོག་མའི་མིང་ཡིག་སོགས་སོ། །ལྔ་པ་ནི། གཞན་ཡང་རགས་པའི་སོགས་ཏེ། ཕྲ་བ་ཚེས་ལ་འཆར་ཚུལ་བཤད་པ་དེ་ལས་གཞན་རགས་པ་ནི། རྒྱུད་ལས། ཕྱོགས་དང་ཟླ་བ་བགྲོད་པ་དག་དང་ལོ་དང་དྲུག་ཅུའི་ལོ་རྣམས་ལའང་འདིར་ནི་འཆར་བར་འགྱུར། །ཞེས་གསུངས་པ་ལྟར་ཕྱོགས་ལ་འཆར་བ་ནི། ནག་པ་ནས་བརྩམས་ཏེ་ཟླ་བ་གཉིས་གཉིས་ལ་ཉིན་ཞག་དྲུག་ཅུ་རེ་སྟེ། དེ་དག་ལ་ཉིན་ཞག་བཅུ་གཉིས་རེ་ལ་ཨ་སོགས་དབྱངས་ལྔ་པོ་རྣམས་ལས་རེ་རེ་འཆར་བས་ལོ་རེ་ལ་དུས་དྲུག་ཏུ་བྱས་པའི་དུས་རེ་ལ་དབྱངས་ལྔ་རྫོགས་པར་འགྱུར་རོ། །ཟླ་བ་ལ་འཆར་བ་ནི། ཞག་བདུན་ཅུ་རྩ་གཉིས་རེ་ལ་ཟླ་བར་བྱས་པའི་ཟླ་རེ་ལ་དབྱངས་རེ་རེ་འཆར་བས་ལོ་གཅིག་ལ་དབྱངས་ལྔ་ཚར་གཅིག་འཆར་རོ། །བགྲོད་པ་ལ་འཆར་བ་ནི། ཟླ་བ་དྲུག་དྲུག་ལ་དབྱངས་རེ་འཆར་བས་ལོ་ཕྱེད་དང་། གསུམ་ལ་དབྱངས་ལྔ་ཚར་རེ་རྫོགས་པས་ལོ་དྲུག་ཅུ་ལ་དབྱངས་ཚར་ཉི་ཤུ་རྩ་བཞི་འཁོར་རོ། །ལོ་ལ་འཆར་བ་ནི། ལོ་རེ་ལ་དབྱངས་རེ་འཆར་བས་ལོ་ལྔ་ལ་དབྱངས་ལྔ་ཚར་རེ་དང་། ལོ་བཅུ་གཉིས་ཀྱི་དྲུག་ཅུ་སྐོར་ལ་རྫོགས་སོ། །ལོ་དྲུག་ཅུ་ལ་འཆར་བ་ནི། ལོ་བཅུ་གཉིས་རེ་ལ་དབྱངས་རེ་རེ་ཤར་ཏེ་ལོ་དྲུག་ཅུ་ལ་དབྱངས་ལྔ་ཚར་གཅིག་རྫོགས་པར་འགྱུར་རོ། །དེ་ལྟར་ན་དེ་དག་གི་དབྱངས་དང་པོ་འཆར་བ་ལ་དགའ་བ་སོགས་དང་བྱིས་པ་སོགས་སྔར་ཚེས་ལ་འཆར་བའི་སྐབས་སུ་བཤད་པ་ལྟར་སྦྱར་རོ། །དེ་ལྟར་དབྱངས་འཆར་བ་དང་མཐུན་པར་གསལ་བྱེད་འཆར་ཚུལ་ཡང་ཤེས་པར་བྱ་སྟེ། ཀར་སེང་བུ་མོ་སྲང་སྡིག་གཞུ་སྟེ་ལྷོ་བགྲོད་ཀྱི་ཁྱིམ་ཟླ་དྲུག་ལ། ཀཙ། ཊ། པ། ཏ། ས་པ་ྉྤ་ཥ་ཤ་ྈྐ་་རྣམས་ཀྱི་སྡེ་པ་དྲུག་པོ་རེ་རེ་ལའང་ལྔ་ལྔ་ཡོད་ལ། སྡེ་པ་རེ་རེ་ཞིང་ལྔ་པ་ནས་བགྲངས་པའི་ཡི་གེ་རེ་རེ་ལ་དབྱངས། ཨ་ཨི་རྀ་ཨུ་ལྀ་ཨཾ་སྟེ་དྲུག་དྲུག་སྦྱར་བས་སུམ་ཅུ་རེར་འབྱུང་བས་ཟླ་རེ་སྤྱོད་ལ། དེ་བཞིན་དུ་ཆུ་བུམ་ཉ་ལུག་གླང་འཁྲིག་སྟེ་བྱང་བགྲོད་དྲུག་ལ། སྶ། ཏྟ། པྤ། ཊྚ། ཙྩ། ཀྐ་སྟེ་སྡེ་པ་གོ་ལྡོག་ཉིས་བརྩེགས་དྲུག་པོ་རེ་རེ་ལའང་ཡི་གེ་ལྔ་ལྔ་ཡོད་པ་རེ་རེ་ཞིང་དང་པོ་ནས་བགྲངས་པའི་ཡི་གེ་རེ་རེ་ལ་དབྱངས། ཨཱཿལཱྀ་ཨཱུ་རཱྀ་ཨཱི་ཨཱ་རྣམས་སྦྱར་བའི་སུམ་ཅུ་པ་དྲུག་གིས་ཟླ་བ་རེ་རེ་སྤྱོད་པ་ཡིན་ཏེ། འདིར་ལྷོ་བགྲོད་ལ་དབྱངས་གསལ་ཐམས་ཅད་སྤྲོ་རིམ་དང་། བྱང་བགྲོད་ལ་སྡུད་རིམ་དུ་སྦྱར་བའོ། །གཞན་ཡང་ཞག་རེ་ལ་ཡུད་ཙམ་སུམ་ཅུར་བྱས་ཤིང་། ཡུད་ཙམ་རེ་ལ་དབྱངས་གསལ་དེ་དག་འཆར་བ་སོགས་ཀྱང་གསུངས་ཏེ་མ་སྤྲོས་སོ། །གཉིས་པ་ལྷ་ཆེན་གྱི་བཞེད་པ་ལ་གཉིས་ཏེ། དབྱངས་གསལ་ཚེས་ལ་འཆར་ཚུལ་དང་། ཕྱོགས་ལ་འཆར་ཚུལ་འབྲས་བུ་དང་བཅས་པའོ། །དང་པོ་ལ་གསུམ་སྟེ། དབྱངས་འཆར་ཚུལ་གོང་དུ་བསྟན་པ་ལ་ཁ་འཕངས་ནས་བླང་དོར་བཤད་པ། གསལ་བྱེད་འཆར་ཚུལ། གནས་སྐབས་ལྔ་སོགས་དང་སྦྱར་བའོ། །དང་པོ་ནི། དེང་སང་མཁས་པའི་ཞེས་སོགས་སོ། །གཉིས་པ་ནི། གསལ་བྱེད་ང་ཉ་སོགས་སོ། །གསུམ་པ་ནི། བྱིས་པ་སོགས་ཀྱི་གནས་སྐབས་ལྔ་དང་། འབྱུང་ལྔ་དང་། དེའི་ཡོན་ཏན་ལྔ་རྣམས་ཀྱང་ཕྱོགས་གཉིས་ལ་ལན་གསུམ་སྐོར་དུ་འཆར་ཞིང་། རང་ས་ནས་སོགས་བདུན་པར་ནུབ་པ་ཡང་སྔར་དང་འདྲའོ། །སྦས་པ་གསལ་བྱེད་ལས། ལྔ་ཚན་དང་པོ་ཛནྨ་སྟེ། །གཉིས་པ་ཧ་ནི་ཞེས་བྱའོ། །ལྔ་ཚན་གསུམ་པ་ཨནྟ་ཀ། རིམ་པ་བཞིན་དུ་བཤད་པ་ཡིན། །དེ་ཡི་འབྲས་བུ་མིང་གིས་གསལ། །ཞེས་པའང་སྦྱར་ཞིང་འབྲས་བུ་ནི། ཛནྨ་སྐྱེ་བ། ཧ་ནི་གནས་པ། ཨནྟ་ཀ་འཇིག་པའམ་མཐར་བྱེད་ཅེས་པའི་མིང་གིས་ཤེས་སོ། །གཉིས་པ་ཕྱོགས་ལ་འཆར་ཚུལ་གྱི་བླང་དོར་ནི། ཨ་ཨི་ཨུ་ཨེ་ཨོ་ཡིག་རྣམས། །ཞེས་སོགས་སོ། །དེ་ལྟར་ན་ཚེས་ལ་དབྱངས་འཆར་སོགས་ཏེ་རབ་བྱེད་གཉིས་པའི་འགྲེལ་པའོ། །གསུམ་པ་རེས་གཟའ་ལ་བརྟེན་པའི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་རེས་གཟའ་སོགས་ཏེ། འདི་ལ་གསུམ། སྤྱིར་བསྟན་པ། སོ་སོར་བཤད་པ། གཟའ་འབྲས་ཐོར་བུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། འཇམ་དཔལ་རྩ་རྒྱུད་ལས་གསུངས་པ། རྒྱུད་འགྲེལ་ལས་གསུངས་པ། ཁམས་ཀྱི་དབྱེ་བས་ལས་གང་འགྲུབ་པའོ། །དང་པོ་ནི། འཇམ་དཔལ་རྩ་བའི་སོགས་ཏེ། དེ་ལས། འགྲོ་དང་སྦྱིན་སྲེག་གྲུབ་པ་ལ། །ཚེས་གྲངས་གཟའ་ནི་དམ་པར་ལྡན། །ཕུར་བུ་པ་སངས་ཟླ་བ་དང་། །གཟའ་ལྷག་མཆོག་ནི་ལས་ཀུན་ལ། །གཟའ་མཆོག་འདི་དག་རྟག་ཏུ་ནི། །བཞི་པོ་ཚེས་དང་ལྡན་པ་ནི། །ས་སྟེང་འཇིག་རྟེན་ཀུན་ཏུ་ནི། །འགྲོ་བའི་ལས་ནི་འགྲུབ་པར་བྱེད། །ཅེས་དང་། རབ་གནས་རྒྱུད་ལས་ཀྱང་། ཕུར་བུ་ལྷག་པ་པ་སངས་དང་། །ཟླ་བའི་གཟའ་སོགས་ཤེས་བྱ་སྟེ། །འདི་རྣམས་གཟའ་ལྡན་ལས་བྱས་ན། །རབ་ཏུ་གནས་པ་མཆོག་ཏུ་དགེ། ཞེས་ཀྱང་གསུངས་སོ། །གཉིས་པ་ནི། དུས་ཀྱི་འཁོར་ལོ་སོགས་ཏེ། དེ་ལས། དྲག་པོ་རྣམས་ཀྱིས་ཞི་བ་མིན་པ་བྱེད་ཅིང་མཆོག་ཏུ་བདེ་བྱེད་ཞི་བའི་རང་བཞིན་གཟའ་གང་དག །ཅེས་གསུངས་པས་སོ། །གསུམ་པ་ནི། གཞན་ཡང་གཡས་ནས་རྒྱུ་བའི་རླུང་ཞེས་སོགས་སོ། །གཉིས་པ་ནི། དེ་ནས་སོ་སོའི་འབྲས་བུ་བཤད། །ཅེས་པ་ནས། ལྟད་མོ་ཚོང་བྱ་ནོར་སྒྲུབ་སྤང་། །ཞེས་པའི་བར་གྱིས་གཟའ་སོ་སོའི་རིགས་གཟུགས་བླ་གཟའ་ཁམས་ཁ་དོག་བླང་དོར་གྱི་འབྲས་བུ། ཕྱོགས་དང་ཉིན་མཚན་དང་། ཁྱིམ་ལ་སོགས་པའི་སྟོབས་ཏེ། ཕྱི་ནང་གི་རྒྱུད་དང་ནག་རྩིས་གོང་མའི་འབྲས་བཤད་རྣམས་ལས་བཏུས་ཏེ་བཀོད་དོ། །གསུམ་པ་འབྲས་བཤད་ཐོར་བུ་ལ་གསུམ་སྟེ། དངོས་དང་། དབྱངས་འཆར་ལས་བཤད་པའི་ལམ་གྱི་འཁོར་ལོ། ནག་རྩིས་པའི་དར་གུད་སོགས་ཀྱི་འབྲས་བུའོ། །དང་པོ་ནི། ཉི་མ་མིག་དམར་ཞེས་སོགས་སོ། །གཉིས་པ་ནི། གཞན་ཡང་ཤར་ནས་སོགས་སོ། །གསུམ་པ་ནི། གཟའ་རྣམས་སོ་སོའི་ཚེས་ལུགས་སོགས་སོ། །འདི་ལ་མཁས་པ་དག །སྟག །གཟའ་རྣམས་འགྲོས་བཞི་གང་ལ་སྟོབས་ཆེ་བར་གསུངས་པ་དེ་དར་བ་དང་། དེའི་རིམ་པས་འགྲོས་ལྷག་མ་གསུམ་ལ་ཞུད་གུད་གྱོད་པ་སྦྱར་བར་བཞེད་དོ། །གང་ལྟར་ནའང་། ཞི་དྲག་གང་ལའང་དར་བ་བཟང་བ་ནི། དཔེར་ན་དྲག་ལས་ལ། རྗེ་བླ་མའི་གཏེར་བྱོན་འཇོམས་བྱེད་ལས། མིག་དམར་ལ་སོགས་དྲག་པོའི་གཟའ༔དར་ཚེ་ལས་སྦྱོར་བསྒྲུབ་པར་བྱ༔ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ཁྲོམ་རྩིས་ཀྱི་ལེའུ་བཅུ་དྲུག་པར་གཟའ་ཉི་མ་དང་མིག་དམར་དང་སྤེན་པ་དར་བ་ལ་དམག་ལས་བྱའོ། །ཟླ་བ་དང་པ་སངས་དར་བ་ལ་བག་མ་བླང་ངོ་། །ཕུར་བུ་དང་ལྷག་པ་དར་བ་ལ་ལྟད་མོ་དང་སྟོན་མོ་བྱའོ། །ཞེས་སོ། །དར་བ་ལའང་བྱར་མི་བཏུབ་པའི་སྤང་བྱ་དམིགས་བསལ་ནི། ཉི་མ་གནམ་སྒོ་དར་ཡང་ཤིད་མི་བྱ། །ཟླ་བ་ཀླུ་སྒོ་དར་ཡང་ཧོམ་མི་སྤར། །དམག་དཔོན་གྲི་གཟའ་དར་ཡང་གྲི་མི་འདུལ། །ལྷག་པ་རབ་ཆད་དར་ཡང་དུར་མི་གདབ། །ཕུར་བུ་ཤིང་གཟའ་དར་ཡང་ཟོར་མི་འཕེན། །པ་སངས་ལྕགས་གཟའ་དར་ཡང་ཕྱུགས་མི་སྐྱེལ། །སྤེན་པ་ས་གཟའ་དར་ཡང་ནོར་མི་གཏོང་། །ཞེས་ནག་རྩིས་ཀྱི་གཞུང་ཁ་ཅིག་ལས་བཤད་དོ། །དེ་ལྟར་ན་རེས་གཟའི་འབྲས་བུ་སོགས་ཏེ་རབ་བྱེད་གསུམ་པའི་འགྲེལ་པའོ། །བཞི་པ་སྐར་མའི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་རྒྱུ་སྐར་ཞེས་སོགས་ཏེ། འདི་ལ་གསུམ་སྟེ། སྤྱིར་བསྟན་པ། སོ་སོར་བཤད་པ། གཟའ་སྐར་གྱི་དོན་བསྡུའོ། །དང་པོ་ལ་བཞི་སྟེ། འཇམ་དཔལ་རྩ་རྒྱུད་ལས་གསུངས་པ། མདོ་སྟག་སྣ་ལས་གསུངས་པ། ལས་མཐུན་ཕྱོགས་སྡེབས་ཀྱི་འབྲས་བུ། ལམ་གྱི་ཕྱོགས་སོ། །དང་པོ་ནི། འཇམ་དཔལ་རྩ་བའི་སོགས་ཏེ། རྒྱུད་དེ་ལས། ཐ་སྐར་སྣར་མ་ཉིད་དང་ནི། །རྒྱལ་དང་ཁྲུམས་ནི་སྟོད་སྨད་གཉིས། །ནམ་གྲུ་དང་ནི་ལྷ་མཚམས་དག །བཟླས་པའི་དུས་སུ་རབ་ཏུ་བསྔགས། །འདི་དག་ལ་ནི་སྔགས་རྣམས་འགྲུབ། །གྲུབ་པའི་དོན་ཡང་སྟེར་བར་བྱེད། །སྐར་མ་དག་ནི་འདི་དག་ལ། །དཀྱིལ་འཁོར་ཉིད་ཀྱང་འབྲི་བར་བྱ། །ཞེས་གསུངས་པས་སོ། །གཉིས་པ་ནི། སྟག་སྣའི་རྟོགས་བརྗོད་ཅེས་བྱ་བ་ལ་སོགས་པ་སྟེ། མདོ་དེ་ལས། གཞན་ཡང་རྒྱུ་སྐར་རྣམས་ཀྱི་མིང་གི་ལེའུ་བཤད་པར་བྱ་སྟེ། ཀྱཻ། པདྨའི་སྙིང་པོ་འདི་ལྟ་སྟེ། རྒྱུ་སྐར་བཞི་པོ་འདི་དག་ནི་བདེ་བར་བྱེད་པ་སྟེ། སྨད་གསུམ་དང་སྣར་མའོ། །ཞེས་སོགས་གསུངས་པས་སོ། །གསུམ་པ་ལས་མཐུན་ཕྱོགས་སྡེབས་ཀྱི་འབྲས་བུ་ལ་གཉིས་ཏེ། མི་བརྟན་འགྱུར་བ་སོགས་ཀྱི་འབྲས་བུ་དང་། ཁྲོམ་རྩིས་ལས་གསུངས་པའི་འབྲས་བུའོ། །དང་པོ་ནི། ད་ནི་ལས་མཐུན་ཕྱོགས་སྡེབས་ཀྱི། །ཞེས་སོགས་འདི་ནི་མན་ངག་སྣང་བ་ལས་གསུངས་པ་བཞིན་རིན་ཆེན་ཕྲེང་བར་ཡང་འགོད་པར་མཛད་ལ། འོན་ཀྱང་དེ་གཉིས་ལ་ཚིག་རེ་གཉིས་ཀྱི་ཁྱད་པར་སྣང་བས་གང་དག་དཔྱད་པར་བྱའོ། །གཉིས་པ་ནི། ཁྲོམ་རྩིས་ལེའུ་བརྒྱད་ཅུ་པར་ཞེས་སོགས་ཏེ། འདི་ཡང་རིན་ཆེན་ཕྲེང་བ་ལྟར་བྲིས་ལ། འོན་ཀྱང་ཁོ་བོས་མཐོང་བའི་ཁྲོམ་རྩིས་ལེའུ་བརྒྱད་ཅུ་པ་དུས་ཕྱིས་ཁྱུང་པོས་འགྱུར་བཅོས་བྱས་པ་དེའི་ལེའུ་བཅུ་བདུན་པར། ཆུ་སྟོད་ཁྲུམས་སྨད་ལག་མེ་བཞི། །ཞེས་དང་། མེ་བཞི་ནམ་གྲུ་ཆུ་སྨད་མགོ། ཞེས་པའི་རྐང་པ་གཉིས་པོ་འདི་དང་འདིའི་དོད་ཐུབ་ཀྱང་མེད་ཅིང་། བུ་སྐྱེས་ཞེས་པ་ལ་ཤིད་བྱས་ལོ་ནི་མི་འགོར་འཆི་ཞེས་དང་། ནབས་སོ་དབྱུག་གུ་ས་རི་ཞེས་པའི་ས་རིའི་ཚབ་ཏུ་ལྷ་མཚམས་ཞེས་པ་འབྱུང་སྟེ་དཔེ་ཁུངས་མ་བརྙེད་ན་དཔྱད་དོ། །བཞི་པ་ལམ་ཞུགས་ཕྱོགས་གང་དུ་སྤང་བྱ་ནི། གཞན་ཡང་ལམ་ཞུགས་སོགས་སོ། །གཉིས་པ་སོ་སོར་བཤད་པ་ནི། དེ་ནས་སོ་སོའི་འབྲས་བུ་བཤད། །ཅེས་པ་ནས། བསླུས་བྱེད་གཙང་རྨེ་ཆུང་བར་འགྱུར། །ཞེས་པའི་བར་རོ། །སྐར་འབྲས་འདི་དག་ནི་མདོ་སྟག་སྣ་ལས། རྒྱུ་སྐར་སོ་སོའི་སྐར་མའི་གྲངས་དང་། དབྱིབས་དང་། ཡུད་ཙམ་གྱི་ཚད་དང་། ཁ་ཟས་དང་། ལྷ་དང་། རུས་དང་། ལས་བྱ་བའི་བླང་དོར་དང་། འཆར་བའི་འབྲས་བུ་དང་། ཁྱེའུ་སྐྱེས་པའི་འབྲས་བུ་རྣམས་བཏུས་པའི་སྟེང་དུ་རིན་ཆེན་ཕྲེང་བ་སོགས་འབྲས་རྩིས་ཁུངས་མ་གཞན་ནས་ཁ་བསྐངས་ཏེ་བྲིས་ལ། དེར་མ་ཟད་ཉི་སྙིང་སོགས་མདོ་རྒྱུད་དང་རྒྱ་དཀར་ནག་གི་འབྲས་རྩིས་ཀྱི་གཞུང་ཁུངས་མ་མང་དུ་མཐོང་ཡང་ཐམས་ཅད་བསྡུ་བར་མ་ནུས་སོ། །གཞན་ཡང་རྒྱུ་སྐར་ཉེར་བརྒྱད་ཀྱི་ཞེས་སོགས་ནི་འབྱུང་རྩིས་པ་ལ་གྲགས་པའི་འབྲས་བཤད་དོ། །གསུམ་པ་གཟའ་སྐར་གྱི་འབྲས་བུའི་དོན་བསྡུ་བ་ནི། མདོར་ན་གཟའ་དང་སྐར་མ་གཉིས། །ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་སྐར་མའི་འབྲས་བུ་སོགས་ཏེ་རབ་བྱེད་བཞི་པའི་འགྲེལ་པའོ། །ལྔ་པ་འཕྲོད་ལ་བརྟེན་པའི་བླང་དོར་གྱི་རབ་བྱེད་ནི། གཟའ་སྐར་འཕྲད་པའི་ཞེས་སོགས་ཏེ། འདི་ལ་གཉིས་ཏེ། སྐར་རྩིས་པར་གྲགས་པའི་འཕྲོད་དང་། ནག་རྩིས་པ་ལ་གྲགས་པའི་འཕྲོད་དོ། །དང་པོ་ལ་གཉིས། ཐུན་མོང་པ་དྲང་སྲོང་གི་ལུགས་དང་། ཐུན་མོང་མ་ཡིན་པ་རྒྱུད་འགྲེལ་གྱི་ལུགས་སོ། །དང་པོ་ལ་གཉིས་ཏེ། གཟའ་སྐར་གྱི་འབྱུང་བ་རྩིས་པའི་འཕྲོད་དང་། ཀུན་དགའ་དུས་དབྱིག་སོགས་ཀྱི་འཕྲོད་དོ། །དང་པོ་ནི། ས་གཉིས་འཕྲད་པ་དངོས་གྲུབ་སྦྱོར། །ཞེས་བྱ་བ་ལ་སོགས་པའོ། །འདིར་མཁས་པ་དག །ཤེས། དྲང་སྲོང་གི་ལུགས་ཀྱི་གཟའ་སྐར་འབྱུང་བ་རྩིས་པའི་འཕྲོད་སྦྱོར་འདི་ལ་ཡིད་བརྟན་མི་སྣང་སྟེ། འདིར་བཤད་པའི་གཟའ་སྐར་གྱི་ཁམས་དང་མཐུན་པ་རེ་རེ་ཙམ་ལས་མི་སྣང་བའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ཀུན་དགའ་དུས་དབྱིག་ཏུ་གྲགས་པའི་འཕྲོད་སྦྱོར་གྱི་འབྲས་བུ་ནི། དེ་ནས་ཀུན་དགའ་ལ་སོགས་པ་ཞེས་སོགས་ཏེ། འཕྲོད་སྦྱོར་འདི་དག་ནི་དྲང་སྲོང་བདུན་གྱིས་བྱས་པས་ཕྱི་རོལ་པའི་རྩིས་ཡིན་ལ། ཁ་ཅིག །འཕྲོད་འདི་རྣམ་དག་མ་ཡིན་ཏེ། རྒྱུད་འགྲེལ་ལས་གསུངས་པ་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ན། རྒྱུད་འགྲེལ་ལས་གསུངས་པའི་རྒྱལ་ཕུར་འགྲུབ་སྦྱོར་ལ། འདིར་མདུང་ལ་ནད་ཀྱི་འཇིགས་པ་འབྱུང་། ཞེས་དང་། ཟླ་བ་གྲོ་ཞུན་གྱི་འགྲུབ་སྦྱོར་ལ། མདའ་ལ་སྣ་དང་ཡན་ལག་ཉམས། །ཞེས་དང་། པ་སངས་སྣར་མའི་འཆི་སྦྱོར་ལ། གྲོགས་ཀྱིས་གྲོགས་དང་འཕྲད་པར་བྱེད། །ཅེས་འབྱུང་བས་སོ་ཟེར་རོ། །དེའི་ལན་ལ་ཁ་ཅིག་ན་རེ། དེ་ལྟར་ན་རབ་གནས་ཀྱི་རྒྱུད་ལས་གསུངས་པའི་གཟའ་ཚེས་ཀྱི་འཕྲོད་སྦྱོར་འདི་རྣམས་ཀྱང་རྣམ་དག་མ་ཡིན་ཏེ། རྒྱུད་དེ་ལས། བཅུ་དང་བཅུ་གཅིག་ལ་ཟླ་བ། །ཞེས་བཟང་བར་བཤད་ལ། དུས་འཁོར་དུ་ཚེས་བཅུ་གཅིག་ལ་ཟླ་བ་བྱུང་ན་སྲེག་ཚེས་སུ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །གཉིས་པ་ཐུན་མོང་མ་ཡིན་པ་རྒྱུད་འགྲེལ་ལས་གསུངས་པའི་འཕྲོད་སྦྱོར་གསུམ་ནི། ཐུན་མོང་མ་ཡིན་སོགས་ཏེ། འདི་ལ་གསུམ། གཟའ་སྐར་འཕྲད་པའི་འཕྲོད་འགྲུབ་སྦྱོར་དང་། འཆི་སྦྱོར། གཟའ་ཚེས་འཕྲད་པའི་འཕྲོད་སྲེག་ཚེས་སོ། །དང་པོ་ནི། འགྲུབ་སྦྱོར་བདུན་པོ་ཤར་བ་ན། །ཞེས་སོགས་སོ། །གཉིས་པ་ནི། འཆི་སྦྱོར་བདུན་པོ་གང་འཛོམ་དང་། །ཞེས་སོགས་སོ། །གསུམ་པ་ནི། སྲེག་ཚེས་བཅུ་བཞི་གང་ཤར་ཡང་། །ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ནག་རྩིས་པ་ལ་གྲགས་པའི་འཕྲོད་སྦྱོར་ནི། གཞན་ཡང་སྲེག་སྦྱོར་ཞེས་པ་ནས། ཉི་མར་ཤིས་དང་བག་མ་འཛེམ། །ཞེས་པའི་བར་རོ། །འདིར་མཁས་དབང་ལྡུམ་པོ་པའི་གསུང་ལས། བདུད་ཉི། བདུད་རྒྱལ། འཇིག་ཉི། མི་འཕྲོད་པའི་ཉི་མ། མི་མཐུན་པའི་ཉི་མ་རྣམས་ནི་ནག་རྩིས་ལས་བཤད་ལ། སྲེག་སྦྱོར་བཤད་པ་མ་མཐོང་གསུང་ངོ་། །དེ་ལྟར་ན་འཕྲོད་ཀྱི་འབྲས་བུ་སོགས་ཏེ་རབ་བྱེད་ལྔ་པའི་འགྲེལ་པའོ། །དྲུག་པ་སྦྱོར་བའི་བླང་དོར་གྱི་རབ་བྱེད་ནི། དེ་ནས་སྦྱོར་བ་སོགས་ཏེ། འདི་ལ་གསུམ། སོ་སོར་བྲང་སྤྲད་དེ་བཤད་པ། བཟང་ངན་ཕྱོགས་བསྡེབས་ནས་ངོས་བཟུང་བ། ངན་པ་སྤང་བའི་ཆུ་ཚོད་ཀྱི་གྲངས་སོ། །དང་པོ་ནི། རྣམ་སེལ་ལམ་སེལ་མ་གཏོགས་ངན། །ཞེས་སོགས་སོ། །གཉིས་པ་ནི། སྤྱིར་ན་སྦྱོར་བ་ཉེར་བདུན་ལ། །ཞེས་སོགས་སོ། །གསུམ་པ་ནི། ཐོག་མའི་ཆུ་ཚོད་སྤང་བྱ་ལ། །ཞེས་སོགས་ཏེ། འགྲེལ་ཆེན་ལས། འདིར་ཤིན་ཏུ་ལྟུང་བ་དང་། ཡོངས་འཇོམས་དང་། ཁོན་འཛིན་སྤངས་པའི་སྦྱོར་བ་ཐམས་ཅད་ནི་དགེ་བའི་བྱ་བ་ལ་ཤིས་པ་སྟེ། དེ་བཞིན་དུ་སེལ་བ་ལ་ཆུ་ཚོད་གསུམ་སྤང་བར་བྱའོ། །ཟུག་རྔུ་ལའང་ལྔ་སྤང་བར་བྱའོ། །སྐྲངས་པ་དང་ཤིན་ཏུ་སྐྲངས་པ་ལ་དྲུག་གོ། ཀུན་འཇོམས་དང་རྡོ་རྗེ་ལ་དགུའོ་ཞེས་པ་ནི་སྦྱོར་བ་མ་དག་པ་སྤོང་བའི་ངེས་པའོ། །ཞེས་གསུངས་པས་སོ། །དེ་ལྟར་ན་སྦྱོར་བ་ཉི་ཤུ་རྩ་བདུན་སོགས་ཏེ་རབ་བྱེད་དྲུག་པའི་འགྲེལ་པའོ། །བདུན་པ་བྱེད་པའི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་སོགས་ཏེ། འདི་ལ་འཕོ་བྱེད་བདུན་གྱི་འབྲས་བུ་དང་། རྟག་བྱེད་བཞིའི་འབྲས་བུ་གཉིས་ལས། དང་པོ་ནི། གདབ་པར་སྨན་སྦྱོར་རྒྱས་པའི་ལས། །ཞེས་སོགས་རྐང་པས་དམན་པའི་ཚིགས་སུ་བཅད་པ་བདུན་ནོ། །གཉིས་པ་ནི། རྟག་བྱེད་བཞི་ཡི་འབྲས་བུ་ནི། །ཞེས་སོགས་རྐང་པ་གཉིས་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་སོ། །དེ་ལྟར་ན། དེ་ཡི་བྱེད་པ་སོགས་ཏེ་རབ་བྱེད་བདུན་པའི་འགྲེལ་པའོ། །བརྒྱད་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་བླང་དོར་སྟོན་པའི་རབ་བྱེད་ནི། རྟེན་འབྲེལ་སོགས་ཏེ། འདི་ལ་རྒྱུད་འགྲེལ་ལས་གསུངས་པའི་འབྲས་བུ་དང་། རྒྱུད་གཞན་ལས་གསུངས་པའི་འབྲས་བུའོ། །དང་པོ་ནི། མ་རིག་རྣམ་ཤེས་སྐྱེ་མཆེད་དང་། །ཞེས་སོགས་ཏེ། རྒྱུད་ལས། དེ་ལ་མ་རིག་པ་ལ་སོགས་པ་མི་མཉམ་པ་ཡང་བྱ་བ་ཀུན་ལ་དགེ་བར་འགྱུར་བ་སྟེ། །གང་ཞིག་འདུ་བྱེད་ལ་སོགས་མཉམ་པ་རྟག་ཏུ་དབང་དང་བགྲོད་པ་བག་མ་རྣམས་ལ་དགེ་བ་མིན། །ཞེས་དང་། འགྲེལ་ཆེན་ལས། གང་ཞིག་འདུ་བྱེད་ལ་སོགས་པ་མཉམ་པ་ནི་ཞི་བའི་བྱ་བ་ལ་མི་དགེ་བ་སྟེ། ཞེས་དང་། མཉམ་པ་ནི་དྲག་པོའི་ལས་ལ་ཤིས་པར་འགྱུར་རོ། །ཞེས་སོ། །གཉིས་པ་ནི། དེ་ནས་སོ་སོའི་འབྲས་བུ་བཤད། །ཅེས་པ་ནས། ཤར་དང་ནུབ་ཏུ་དོན་གཉེར་སྤང་། །ཞེས་པའི་བར་ཏེ། མཁའ་འགྲོ་རྒྱ་མཚོ་ལ་སོགས་པར། རྟེན་འབྲེལ་འཆར་ཚུལ་དང་། དེ་ལ་བརྟེན་ནས་སྐྱེ་བ་དང་། ལས་དང་། ཕྱོགས་དང་། རྐུན་པོ་དང་། ནད་པ་རྣམས་བརྟག་པ་དང་། གཞན་ཡང་མིག་འགུལ། རྣ་བ་ངུ་བ། མགྲིན་པ་དང་། རྐན་སྤྱི་རྐང་ལག་སོགས་ལུས་ཀྱི་ཆ་ཤས་འགུལ་བ་དང་། འཕྲིག་པ་དང་། སྐྱི་གཡའ་བ་ལ་སོགས་པའི་ལྟས་ལ་བརྟེན་པའི་རྟེན་འབྲེལ་གྱི་མཚན་ལྟས་མང་དུ་བཤད་པ་རྣམས་ལས། གཞུང་འདིར་ནི་ལས་དང་ཕྱོགས་ཀྱི་བླང་དོར་ཙམ་ཞིག་བཀོད་དོ། །དེ་ལྟ་ན་རྟེན་འབྲེལ་ཡན་ལག་སོགས་ཏེ་རབ་བྱེད་བརྒྱད་པའི་འགྲེལ་པའོ། །དགུ་པ་ཉི་མ་བཅུ་གཉིས་ཀྱི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་ཉི་མ་སོགས་ཏེ། འདི་ལ་གཉིས། སོ་སོའི་འབྲས་བཤད་དང་། བདུན་ཟུར་ཕྱོགས་སྡེབས་ཀྱི་འབྲས་བུའོ། །དང་པོ་ནི། སྟག་ལ་གཡང་བློན་རབ་གནས་མཁར། །ཞེས་པ་ནས། བག་མ་ནད་བོང་ཁ་འབྱེད་ངན། །ཞེས་པའི་བར་རོ། །ཁྲོམ་རྩིས་ཀྱི་འཕྲོད་བྱེད་ཉི་མའི་ལེའུ་ལས། སྟག་གི་ཉི་མ་ལ་རབ་གནས་བྱ། ཡོས་ཉི་ལ་གླང་ལུག་གི་ལས། འབྲུག་ལ་ལྟད་མོ་དང་། སྦྲུལ་ལ་དམགརྟ་ལ་རྒྱལ་སར་འདོན་པ། ལུག་ལ་སྟོན་མོ། སྤྲེའུ་ལ་དར་འཕྱར་བ། བྱ་ཉི་ལ་ཇག །ཁྱི་ཉི་ལ་ཧོམ་སྤོར་བ། ཕག་ཉི་ལ་ཁྱེའུ་དགའ་སྟོན་རྣམས་ཀྱང་བཟང་བར་བཤད་དོ། །གཉིས་པ་ནི། སྟག་སྤྲེ་གཉིས་ལ་སོགས་ཏེ་འདི་ཡང་ཁྲོམ་རྩིས་ལས་འབྱུང་ངོ་། །དེ་ལྟར་ན་ཉི་མ་བཅུ་གཉིས་སོགས་ཏེ་རབ་བྱེད་དགུ་པའི་འགྲེལ་པའོ། །བཅུ་པ་ས་བདག་ལ་སོགས་པའི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་སོགས་ཏེ། འདི་ལ་གཉིས། ས་བདག་ཐེབས་བཟློག་གི་འབྲས་བུ་དང་། གནམ་སྒོའི་འབྲས་བུའོ། །དང་པོ་ལ། སོ་སོར་བཤད་པ་དང་། དོན་བསྡུ་བ་གཉིས་ལས། དང་པོ་ནི། ངམས་ཤིང་དགེ་བཤེས་ཆེ་འདོན་གྱི། །ཞེས་པ་ནས། ཀླུ་བཟློག་དུས་སུ་དེ་རྣམས་འཛེམས། །ཞེས་པའི་བར་ཏེ། རྒྱ་ནག་གི་གཞུང་ཁུངས་མ་རྣམས་དང་རིན་ཆེན་ཕྲེང་བ་སོགས་ལས་བཏུས་སོ། །གཉིས་པ་ནི། སྤྱིར་ན་ཉིན་ཚེས་ཞེས་སོགས་སོ། །གཉིས་པ་ནི། དེ་ནས་གནམ་སྒོའི་འབྲས་བུ་ནི་ཞེས་སོགས་ཏེ། འདི་ནི་ཁྲོམ་རྩིས་ཀྱི་ཚེས་གྲངས་ངན་རླུང་གི་ལེའུ་ལས་འབྱུང་ངོ་། །དེ་ལྟར་ན་ས་བདག་ཐེབས་བཟློག་སོགས་ཏེ་རབ་བྱེད་བཅུ་པའི་འགྲེལ་པའོ། །བཅུ་གཅིག་པ་འབྲས་རྩིས་སྣ་ཚོགས་སྟོན་པའི་རབ་བྱེད་ནི། དེ་ནས་ཉེ་བར་སོགས་ཏེ། འདི་ལ་གསུམ། ལོ་བཤད་ལ་དགོས་པའི་འབྲས་རྩིས། ཟླ་བཤད་ལ་དགོས་པའི་འབྲས་རྩིས། ཐོར་བུ་འགའ་ཞིག་བཤད་པའོ། །དང་པོ་ལ་དྲུག་སྟེ། གནམ་ལོའི། ལོ་བདག་གིལོ་སྐར་གྱི། བྱེད་ལོའི། རྒྱལ་བློན་གྱི། སྨེ་བ་དབུས་ཞུགས་ཀྱི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། དུས་བསྟན་ལས་བཤད་པའི་ལོ་དྲུག་ཅུའི་འབྲས་བུ་དང་། ལོ་འབྲས་གཞན་མ་བརྗོད་པར་བསྟན་པའོ། །དང་པོ་ནི། བྷ་ར་ཧ་མིས་བྱས་པ་ཡི། །ཞེས་པ་ནས། ཕྱུགས་ཉེས་སྤྱི་ལ་ངན་པར་བཤད། །ཅེས་པའི་བར་རོ། །གཉིས་པ་ནི། གཞན་ཡང་དྲང་སྲོང་ཕུར་བུས་བྱས་པའི་ལོ་དྲུག་ཅུའི་འབྲས་རྩིས་གུར་སྟོན་དཔལ་མཛེས་ཀྱིས་བསྒྱུར་བ་དང་། རྒྱ་ནག་གི་སྟག་སྣ་ཆེ་བ་མདོ་སྡེ་གསང་བར་གྲགས་པ་དང་། རྒྱ་ནག་སྟག་ཆུང་སོགས་ལོ་འབྲས་མང་དུ་མཐོང་མོད་ཀྱི། ཡི་གེ་མངས་ཀྱི་དོགས་ནས་ཐམས་ཅད་གཞུང་འདིར་མ་བརྗོད་ཅིང་འགྲེལ་པས་ཀྱང་འགྲོལ་བའི་འབད་པ་མ་བྱས་ལ། སྤྲོ་ན་དེ་དག་ཏུ་བལྟ་བར་བྱའོ། །གཉིས་པ་ལོ་བདག་གི་འབྲས་བུ་ནི། གྲུབ་མཐའི་ལོ་བདག་གཟའ་འབྲས་ནི། །ཞེས་སོགས་ཏེ་དུས་བསྟན་ལས་བཏུས་པའོ། །གསུམ་པ་ནི། དེ་ནས་ལོ་སྐར་འབྲས་བུ་ནི། །ཞེས་སོགས་ཏེ། འདི་ཡང་དུས་བསྟན་ལས་སོ། །བཞི་པ་ནི། དེ་ནས་བྱེད་པ་ལོ་བདག་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་སྔོན་གྱི་དུས་འཁོར་བ་ཆེན་པོ་དག་གི་གཞུང་ལས་འབྱུང་ངོ་། །ལྔ་པ་ནི། དེ་ནས་རྒྱལ་བློན་འབྲས་བུ་ནི། །ཞེས་སོགས་སོ། །དྲུག་པ་ནི། སྨེ་བ་དབུས་ཞུགས་འབྲས་བུ་ནི། །ཞེས་སོགས་སོ། །གཉིས་པ་ཟླ་བཤད་ལ་དགོས་པའི་འབྲས་རྩིས་ལ་བཞི་སྟེ། ཁྱིམ་སླེབ་ཀྱི་གཟའ་འབྲས། བུམ་སྟོང་གི་འབྲས་བུ། རྀ་ཥིའི་འབྲས་བུ། དེ་ཝ་ཨུ་མའི་བཞེངས་བཞུགས་ཀྱི་འབྲས་བུའོ། །དང་པོ་ནི། གཞན་ཡང་ཁྱིམ་སླེབ་གཟའ་འབྲས་ནི། །ཞེས་སོགས་སོ། །གཉིས་པ་ནི། དེ་ནས་གཞན་ཡང་བརྗོད་པར་བྱ། །ཞེས་སོགས་ཏེ། དེ་གཉིས་ཀ་གཡུལ་རྒྱལ་བ་ལ་གྲགས་སོ། །གསུམ་པ་ནི། རྀ་ཥི་འཆར་བའི་ཞེས་སོགས་ཏེ་མདོ་ཙམ་མོ། །བཞི་པ་ནི། དེ་ནས་དབང་ཕྱུག་མཇལ་འཕྲད་ཀྱི་ཞེས་སོགས་ཏེ། དེ་ཡང་དབྱངས་འཆར་གྱི་མན་ངག་གོ། གསུམ་པ་ཐོར་བུའི་འབྲས་རྩིས་ནི། ད་ནི་ཐོར་བུ་སོགས་ཏེ། འདི་ལ་གསུམ། རབ་གནས་བྱ་བའི་རྩིས། སྒྲུབ་མཆོད་བྱ་བའི་རྩིས། ལས་བཞི་བྱ་བའི་འབྲས་རྩིས་སོ། །དང་པོ་ནི། རབ་གནས་ཞེས་སོགས་ཏེ་རིག་པ་མཆོག་གི་རྒྱུད་ཀྱི་ཚིག་སྣ་ཅུང་ཟད་བསྡུས་ཏེ་བཀོད་པའོ། །གཉིས་པ་ནི། དཀྱིལ་འཁོར་སྒྲུབ་མཆོད་བྱ་བའི་དུས་ཞེས་སོགས་སོ། །ཁྱད་པར་སྒྱུ་འཕྲུལ་རྒྱས་པ་ལས་ཞེས་སོགས་ཀྱིས་ཚེས་བརྒྱད་དང་སྐར་མ་རྒྱལ་ལ་མཆོག་ཏུ་གསུངས་ཤིང་། ཧེ་རུ་ཀ་གལ་པོའི་རབ་གནས་ཀྱི་བརྟག་པར་ཡང་། དང་པོར་སྐར་མ་རྒྱལ་ཞུགས་ལ། །ཞེས་དང་། གཞན་ཡང་རྗེ་བླ་མའི་གཏེར་བྱོན་འཇོམས་བྱེད་ལས། ཚེས་གཅིག་བརྒྱད་དང་བཅོ་ལྔ་སོགས༔ཟླ་བ་སྐྱེ་དུས་གཟའ་ཕུར་བུ༔དར་ཚེ་སྒྲུབ་པ་མཆོག་ཏུ་ཤིས༔ཞེས་ཡར་ངོའི་ཚེས་གཅིག་སོགས་དང་གཟའ་ཕུར་བུ་དར་བ་ལ་བཟང་བར་གསུངས་སོ། །གསུམ་པ་ནི། གཞན་ཡང་ལས་བཞིའི་འབྲས་བུ་ཞེས་སོགས་སོ། །དེ་ལྟར་ན་ལོ་ཟླ་ཞག་སོགས་མ་ཕྱེ་བའི་སོགས་ཏེ་རབ་བྱེད་བཅུ་གཅིག་པའི་འགྲེལ་པའོ། །བཅུ་གཉིས་པ་གཟའ་ལྔ་གཙོ་བོར་གྱུར་པའི་གཟའ་རྣམས་ཀྱི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་གཟའ་ལྔའི་སོགས་ཏེ། འདི་ལ་བརྒྱད་དེ། ནུབ་པའི་དུས་སྦྱོར་ལ་གཟའ་ཤར་བའི་འཕྲོད། སྐྱེས་སྐར་དང་གཟའ་འཕྲད་པའི་འཕྲོད། གདེངས་ཅན་གྱི་འཁོར་ལོ། གཟའ་འཕྲད་པ་དང་ཕྱིར་བཟློག་ལ་སོགས་པའི་འབྲས་བུ། སྐྱེས་ཁྱིམ་ཞིང་བདག་གི་འབྲས་བུ། ཕན་ཚུན་རྩོད་པའི་ཚུལ། སྟོབས་ཀྱི་ཁྱད་པར། སྟོབས་བཞིའི་འཁོར་ལོ་བཤད་པའོ། །དང་པོ་ནི། ཏཏྐཱ་ལ་ཡི་དུས་སྦྱོར་རམ། །དེ་ལས་གཡས་སྐོར་ཞེས་སོགས་ཏེ། འགྲེལ་ཆེན་ལས། འཆར་བའི་དུས་སྦྱོར་དང་། འཆར་བ་ལས་བདུན་པའི་དུས་སྦྱོར་ལ་གལ་ཏེ་དུས་མེ་ཡོད་ན་ཞེས་སོགས་གསུངས་པའི་དོན་ནོ། །གཉིས་པ་ནི། བརྩི་བྱའི་སྐྱེས་བུ་དེ་གཉིས་ཀྱི་ཞེས་སོགས་ཏེ། འདིར་མཁས་མཆོག་ཁ་ཅིག །སྟག་ཚང་། ཊཱི་ཀ་བྱེད་པ་དག་གིས་འཕྲོད་ཀྱི་དགུ་ཚན་གཅིག་ཉིད་ལ་སྦྱར་མོད་ཀྱི། དེ་ལྟ་ན་དགུ་ཚན་འོག་མ་གཉིས་བཀོད་པ་དོན་མེད་དུ་འགྱུར་བས་དགུ་ཚན་གཉིས་ཀའི་གཉིས་པ་གསུམ་པ་སོགས་ལ་བརྩི་བར་བྱའོ། །ཞེས་གསུངས་སོ། །གསུམ་པ་གདེངས་ཀའི་འཁོར་ལོ་ལ་གསུམ་ལས། འཁྱོག་པོ་བཞི་པའི་སྦྲུལ་ནི། རྩ་གསུམ་ལྡན་པའི་གདེངས་ཅན་ནི། །འཁྱོག་པོ་བཞི་པ་བཀོད་བྱས་ལ། །ཞེས་སོགས་ཏེ། འདིར་རྒྱུད་འགྲེལ་ལས། ནད་པ་དང་རྩོད་པའི་བརྟག་པ་ལས་མ་གསུངས་ཀྱང་། ཁྱོ་ཤུག་དཔོན་གཡོག་འདུ་བ་སོགས་ནི་དབྱངས་འཆར་དང་བསྟུན་པའོ། །འཁྱོག་གསུམ་པ་ནི། རྩ་གསུམ་ལྡན་པ་འཁྱོག་གསུམ་པའི། །ཞེས་སོགས་དང་། འཁྱོག་གཉིས་པ་ནི། ཡང་ན་འཁྱོག་གཉིས་རྩ་གསུམ་པའི། །ཞེས་སོགས་ཏེ། འགྲེལ་ཆེན་ལས། ཟླ་བ་གནས་ན་གང་ཐོག་མར་གཡུལ་གྱི་སར་ཞུགས་པ་དེ་རྣམ་པར་རྒྱལ་བར་འགྱུར་རོ། །རྩའི་ཕྱི་རོལ་གྱི་རྒྱུ་སྐར་གསུམ་པོ་རྣམས་ལ་ཟླ་བ་གནས་ན་གང་ཕྱི་ནས་ཞུགས་པ་དེ་རྣམ་པར་རྒྱལ་བར་འགྱུར་རོ། །ཞེས་སོ། །འདི་གཉིས་ཟླ་བ་སོགས་ཏེ། འཁྱོག་པོ་གསུམ་པ་དང་གཉིས་པའི་གདེངས་ཅན་འཁོར་ལོ་གཉིས་པོ་འདི་གཟའ་ལྔའི་འབྲས་བུ་མིན་ཀྱང་རྒྱུད་ལས་འཁྱོག་བཞི་པ་དང་མཉམ་པོར་གསུངས་པ་བཞིན་འདིར་ཡང་མཉམ་དུ་བྲིས་ཤིང་། གདེངས་ཀའི་འཁོར་ལོ་གསུམ་པོ་དེ་ལ་རྒྱུ་སྐར་བཀོད་ཚུལ་ནི་གཞུང་བཀླགས་པས་འགྲུབ་ཅིང་དཔེའུ་རིས་ཀྱང་བཀོད་ཡོད་པས་རྟོགས་སླ་བའི་ཕྱིར་མ་སྤྲོས་སོ། །བཞི་པ་གཟའ་འཕྲད་པ་ལ་སོགས་པའི་འབྲས་བུ་བརྗོད་པར་བྱ་བ་ལས། སངས་ཕུར་གཉིས་ཉི་མ་ལ་ནུབ་པའི་འབྲས་བུ་ནི། པ་སངས་དང་ནི་ཞེས་སོགས་ཏེ། དེར་མ་ཟད་མཆོག་དགར། པ་སངས་དང་ཕུར་བུ་ཉི་མ་ལ་ནུབ་ན་རྒྱུ་འགྲུལ་དང་ལྟད་མོ་ལ་སོགས་གང་ཡང་མི་བྱའོ་ཞེས་གསུངས་སོ། །ཡང་མདོ་སྡེ་མིག་བཅུ་གཉིས་པར་གསུངས་པའི་གཟའ་འཕྲད་པ་ལ་སོགས་པའི་འབྲས་བུ་བཏུས་པ་ནི། ཟླ་བའི་ཟུར་དང་ཕུར་བུ་འཕྲད། །ཅེས་བྱ་བ་ལ་སོགས་པའོ། །དེ་ལས་གཞན་ཡང་ཕྱིར་ལྡོག་ཅེས་སོགས་ཏེ། ཁྱིམ་གཅིག་ཏུ་བསྡད་པ་དང་། ཕྱིར་ལྡོག་པའི་འབྲས་བུ་ནི། མིག་དམར་ཁྱིམ་གཅིག་བསྡད་པ་ནི། །ཞེས་སོགས་སོ། །ཡང་གཟའ་ཚོགས་པའི་འབྲས་བུ་ནི། པ་སངས་ཕུར་བུ་ཁྱིམ་གཅིག་ཏུ། །ཚོགས་ན་ཞེས་བྱ་བ་ལ་སོགས་པའོ། །ལྔ་པ་སྐྱེས་ཁྱིམ་ཞིང་ལས་ཀྱི་འབྲས་བུ་ནི། གཞན་ཡང་མིག་དམར་སེང་གེའི་ཁྱིམ། །ཞེས་སོགས་བཀླགས་པས་གྲུབ་ལ། འདིར་མཇུག་རིང་གི་ཞིང་ཀརྐ་ཊར་བྱས་པ་ནི་ཁོ་ཟླ་བའི་རིགས་ཅན་ཡིན་པས་ཟླ་བའི་ཞིང་ལ་སྤེན་པ་ཞུགས་ན་རྩོད་པ་རྟོགས་པའི་ཆེད་དེ་མཇུག་རིང་གི་སྒོས་ཀྱི་ཞིང་ཡིན་པའི་གསལ་ཁ་མ་གསུངས་སོ། །དྲུག་པ་རྩོད་ཚུལ་ནི། མིག་དམར་དང་ནི་གཟའ་ལྷག་གཉིས། །ཞེས་སོགས་སོ། །བདུན་པ་སྟོབས་ཀྱི་ཁྱད་པར་ལས། བགྲོད་པ་གང་ལ་སྟོབས་ཆེ་བ་ནི། བྱང་བགྲོད་ཉི་མ་ཞེས་སོགས་སོ། །འགྲོས་བཞི་གང་ལ་སྟོབས་ཆེ་བ་ནི། ལྷག་པ་ཕུར་བུ་མྱུར་འགྲོས་ལ་ཞེས་སོགས་སོ། །ཉིན་མཚན་གང་ལ་སྟོབས་ཆེ་བ་ནི། ཉི་ཕུར་སངས་གསུམ་ཞེས་སོགས་སོ། །ཕྱོགས་གང་ལ་སྟོབས་ཆེ་བ་ནི། ཕུར་སངས་དཀར་པོའི་ཕྱོགས་ལ་ཞེས་སོགས་སོ། །ཁྱིམ་གང་ལ་སྟོབས་ཆེ་བ་ནི། ཟླ་སངས་གླང་སོགས་ཞེས་སོགས་སོ། །དེ་ལྟར་སོགས་ཏེ་འདི་དག་གི་འབྲས་བུ་གཞན་ཡང་མཐོང་མོད་ཀྱི་ཡི་གེས་འཇིགས་སོ། །བརྒྱད་པ་སྟོབས་བཞིའི་འཁོར་ལོ་ནི། གཞན་ཡང་སྟོབས་བཞིའི་སོགས་ཀྱི་འཁོར་ལོ་འགོད་པ། གཟའ་རྣམས་གང་དུ་ཞེས་སོགས་ཀྱིས་འབྲས་བུ་བསྟན་པ་སྟེ། དབང་ཕྱུག་གི་གཞུང་ལས། སྐར་མ་དགེ་དང་མི་དགེ་བ། །མ་ལུས་པ་ནི་རྟོགས་པར་བྱེད། །ཐུར་མ་བདུན་པའི་འཁོར་ལོ་སྟེ། །ངེས་པའི་འབྲས་བུ་སྟོན་པ་ཡིན། །ཤར་ནས་ནུབ་ཏུ་རི་མོ་བདུན། །ལྷོ་ནས་བྱང་དུའང་དེ་བཞིན་ཏེ། །ཐད་ཀར་གདོང་ཚུགས་འབྱུང་བས་ན། །ཤ་ལ་ཀ་ཞེས་གྲགས་པ་ཡིན། །སུམ་ཅུ་དྲུག་གི་རི་མིག་ཅན། །སྨིན་དྲུག་ནས་ནི་བྲ་ཉེའི་བར། །ཤར་ནས་བརྩམས་པའི་སྦྱོར་བ་ཡི། །ཉི་ཤུ་རྩ་བརྒྱད་རིམ་བཞིན་བྲི། །ཆེ་ཞེས་དེ་ལ་སྡིག་པའི་གཟའ། །ལྷན་ཅིག་གནས་ཏེ་འཁྱུད་པ་ནི། །དེ་ཡི་ཐད་ཀའི་སྐར་མ་ལས། །མ་རུངས་གདོང་ནི་ཟུག་པར་ངེས། །འཁྱུད་པའི་མདུན་མ་སོལ་བ་སྟེ། །རྒྱབ་ཏུ་དུ་བ་བཙུན་མོ་ཀྱེ། །དེ་ཡི་ནུས་པ་དེ་ཙམ་སྟེ། །སྔོན་དུ་ཤེས་བྱ་ལྷ་སྲས་མོ། །སོལ་བ་འཁྱུད་པ་དུ་བ་གདོང་། །སྟོབས་བཞིའི་འཁོར་ལོ་ཞེས་བྱའོ། །ཞེས་འབྱུང་ངོ་། །དེ་ལྟར་ན་གཟའ་ལྔའི་སོགས་ཏེ་རབ་བྱེད་བཅུ་གཉིས་པའི་འགྲེལ་པའོ། །བཅུ་གསུམ་པ་དུས་སྦྱོར་གྱི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་དུས་སྦྱོར་སོགས་ཏེ། འདི་ལ་གཉིས། འཆར་བའི་དུས་སྦྱོར་གྱི་འབྲས་བུ་དང་། དྲིས་དབྱངས་ཀྱི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། རྒྱུད་ལས་གསུངས་པ་དང་། དབྱངས་འཆར་བ་ལ་གྲགས་པའི་འབྲས་བུའོ། །དང་པོ་ལ། བརྟན་གཡོའི་དུས་སྦྱོར་བརྟག་པ་དང་། དྲི་ཚིག་ལ་བརྟག་པའོ། །དང་པོ་ནི། ལུག་དང་ཀརྐ་སོགས་ཀྱིས་བརྟན་གཡོ་བར་མ་གསུམ་ངོས་བཟུང་བ་སྟེ། རྡོ་རྗེ་མཁའ་འགྲོའི་ཉེར་བདུན་པ་ལས་ཀྱང་། ལུག་དང་སྲང་དང་ཀརྐ་ཊ། །ཆུ་སྲིན་དག་ནི་གཡོ་བར་བརྗོད། །སྡིག་པ་བུམ་པ་སེང་གེ་དང་། ཁྱུ་མཆོག་དག་ནི་བརྟན་པ་སྟེ། །ཉ་དང་གཉིས་སྦྱོར་གཞུ་དང་ནི། །བུ་མོ་རྣམས་ནི་འདྲེས་མའོ། །ཞེས་གསུངས་པ་ལྟར་རོ། །བརྟན་པ་བཞི་ལ་སོགས་ཀྱིས་དེ་དག་གི་འབྲས་བུ་བསྟན་ཏེ། འགྲེལ་ཆེན་ལས། འདིར་འདྲི་བའི་དུས་སུ་གཡོ་བ་རྣམས་ཀྱིས་བྱ་བ་མྱུར་དུ་འགྲུབ་བོ། །བརྟན་པ་རྣམས་ཀྱིས་བརྟན་པའོ། །གཉིས་ཀྱི་རང་བཞིན་རྣམས་ཀྱིས་བྱ་བ་འབྲིང་པོའོ། །ཞེས་གསུངས་པས་སོ། །གཉིས་པ་ནི། ལུག་སོགས་དུས་སྦྱོར་བཅུ་གཉིས་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་འདིར་དུས་སྦྱོར་མཁན་པོ་ལ་ཕོ་ཉས་འདྲི་བའམ་ལས་གང་གི་འགོ་རྩོམ་པ་དེའི་ཚེ། འཆར་བའི་དུས་སྦྱོར་རེ་རེ་ལའང་ཆུ་ཚོད་ལྔར་བྱས་པའི་རེ་རེ་བཞིན་འབྱུང་བ་ལྔ་དང་དེ་ལ་ཤར་བའི་བདག་པོའི་གཟའ་ལྔ་སྦྱར་ཏེ་གཞུང་བཞིན་ལུང་སྟོན་ནོ། །འདི་ནི་འགྲེལ་ཆེན་ལས། སྣ་བུག་གཡས་གཡོན་གྱི་རླུང་རྒྱུ་བ་ལ་བརྟག་པར་གསུངས་ཀྱང་། རླུང་སྦྱོར་མི་ཤེས་པ་རྣམས་ལ་མི་མཁོ་བར་བསམས་ནས་འདིར་ཁྱིམ་དང་སྦྱར་ལ། གལ་ཏེ་སྣའི་རླུང་ལ་བརྟག་པར་འདོད་ན་འདྲི་དུས་སྣའི་ཞེས་སོགས་ཏེ། ལུག་སོགས་དྲུག་ལ་སྣ་བུག་གཡོན་དང་། གླང་སོགས་དྲུག་ལ་གཡས་ནས་རྒྱུ་བ་ཡིན་ཏེ། འགྲེལ་ཆེན་ལས། དེ་བཞིན་དུ་ཟླ་བ་དྲུག་ལ་ཟླ་བ་དབང་ལྡན་དུ་འགྱུར་ཏེ་བྱང་དུ་ལུག་དང་འཁྲིག་པ་དང་སེང་གེ་དང་སྲང་དང་གཞུ་དང་བུམ་པའི་ཁྱིམ་ལ་གཡོན་གྱི་རྩའི་ཟླ་བ་ཁུ་བའི་ཁམས་བདག་པོའོ། །ལྷོ་རུ་གླང་དང་ཀརྐ་ཊ་དང་བུ་མོ་དང་སྡིག་པ་དང་ཆུ་སྲིན་དང་ཉའི་ཁྱིམ་དུ་ཉི་མ་རྡུལ་གྱི་ཁམས་བདག་པོར་འགྱུར་རོ། །ཞེས་གསུངས་པས་སོ། །གཞན་ཡང་གདན་བཞི་དང་རྡོ་རྗེ་མཁའ་འགྲོ་སོགས་སུ་དུས་སྦྱོར་གྱི་འབྲས་བུ་མང་དུ་གསུངས་ཀྱང་ཡི་གེས་འཇིགས་ཏེ་མ་སྤྲོས་སོ། །གཉིས་པ་དབྱངས་འཆར་བ་ལ་གྲགས་པ་ནི། གཞན་ཡང་སོགས་ཏེ། རྐྱང་འབྲས་དང་དུམ་དྲུག་གི་བྱེད་ལས་སོ། །དང་པོ་ནི། ལུག་གི་དུས་སྦྱོར་ཤར་མ་ཐག །ཅེས་སོགས་ཆག་འགྱུར་ཚིགས་བཅད་དུ་བསྡེབས་པའོ། །གཉིས་པ་ནི། དུམ་དྲུག་དུས་སྦྱོར་བྱེད་ལས་བཤད་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་སོགས་པའི་སྤྲོས་པ་ཞེས་སོགས་ཏེ། དབང་ཕྱུག་གིས་རྒྱས་པར་བཤད་མོད་ཀྱང་འདིར་མ་སྤྲོས་སོ། །གཉིས་པ་ནི། གཞན་ཡང་དྲིས་པའི་དབྱངས་གྲངས་ལས་ཞེས་སོགས་ཏེ། འདྲི་བྱེད་ཕོ་ཉས་བརྗོད་པའི་དབྱངས་ཏེ་སྤྱིར་བཏང་ལ་ཚེག་བར་བགྲང་ཞིང་། དམིགས་བསལ་དུ་ངའི་མགོ་ཞེས་པ་ལྟ་བུའི་དྲུག་སྒྲ་རྣམས་ཀྱི་གྱི་གི་ལྟ་བུ་དྲུག་སྒྲ་གཞན་དང་དོན་སོ་སོར་སྟོན་པ་ལ་ཁྱད་མེད་པས་ཐ་དད་དུ་བགྲངས་ལ་གཡས་གཡོན་གྱི་དཀྱིལ་འཁོར་བཅུས་བསྒྱུར། དུས་སྦྱོར་བཅུ་གཉིས་བསྲེ། དུས་སྦྱོར་འཆར་བའི་ཆུ་ཚོད་ལྔས་བསྒྱུར། མཚན་མ་མཁན་པོ་མ་གཏོགས་པའི་དྲུང་གི་སྐྱེ་བོའི་གྲངས་བསྣན་གཟའ་བདུན་གྱིས་དོར་ལྷག་ལ་འབྲས་བུ་བརྟག་པའོ། །དེ་ལྟར་དུས་སྦྱོར་འབྲས་བུ་སོགས་ཏེ་རབ་བྱེད་བཅུ་གསུམ་པའི་འགྲེལ་པའོ། །བཅུ་བཞི་པ་དུས་ལྷ་འཆར་བའི་རབ་བྱེད་ནི། དེ་ནས་དུས་ལྷ་སོགས་ཏེ། འདི་ལ་བཞི་སྟེ། རྣལ་འབྱོར་མ་བརྒྱད་འཆར་བའི་རྩིས། བིཥྚི་འཆར་བའི་རྩིས། དྲག་པོ་འཆར་བའི་རྩིས། ཐུན་ཕྱེད་སྒྲ་གཅན་འཆར་བའི་རྩིས་སོ། །དང་པོ་ལ་གཉིས་ཏེ། རྒྱུད་འགྲེལ་ལས་གསུངས་པའི་དང་། དབང་ཕྱུག་གི་བཞེད་པ་བཀོད་པའོ། །དང་པོ་ནི། རྣལ་འབྱོར་མ་བརྒྱད་འཆར་ཚུལ་ནི། །ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འདི་ནི་རྒྱུད་ལས། ཚངས་མ་དྲག་མོ་གཞོན་ནུ་མ་དང་ལག་འགྲོའི་བདག་མོ་ཞེས་སོགས་གསུངས་པའི་དོན་ནོ། །གཉིས་པ་ནི། དབང་ཕྱུག་གིས་ནི་ཤར་ནས་བཟུང་། །ཞེས་སོགས་ཏེ་བཀླགས་པས་གྲུབ་བོ། །འདིར་བརྩི་བྱའི་མིང་ཡིག་ཤར་ན་ཡོད་ཚེ་ཕྱོགས་གཉིས་ཀྱི་ཚེས་གཅིག་ལ་རང་ཕྱོགས་ནས་ནུབ་ཏུ་འགྲོ་བ་དགེ་བ་སོགས་ཀྱང་སྦྱར་དགོས་ཏེ། གཞུང་དེ་ལས། མིང་གི་ཡི་གེ་དབྱངས་ལ་སོགས། །གཅིག་དང་དགུ་ལ་རང་ཕྱོགས་དགེ། ཞེས་སོགས་འབྱུང་བས་སོ། །གཉིས་པ་ལའང་གཉིས་ཏེ། རྒྱུད་འགྲེལ་གྱི་དགོངས་པ་དང་། དབྱངས་འཆར་བའི་འདོད་པའོ། །དང་པོ་ནི། དེ་ནས་བིཥྚི་འཆར་ཚུལ་བཤད་ཅེས་སོགས་ཏེ། རྒྱུད་ལས། བིཥྚི་རྣམས་ནི་དཀར་པོའི་ཕྱོགས་ལ་ཞེས་སོགས་ཀྱི་དོན་ནོ། །མཁས་པ་ཁ་ཅིག །བིཥྚི་ཚེས་ལ་རྒྱུ་བའི་སྒྲ་གཅན་ཡིན་ལ་ནག་རྩིས་པའི་གཞུང་དུ་ས་བདག་ཟིན་ཕུང་ནག་པོ་རྒྱུ་བ་ཞེས་པ་ཡིན་ཟེར་བ་ནི་བྱུང་རྒྱལ་དུ་སྨྲས་པར་ཟད་ཀྱིས། ངེས་པའི་བློ་རྩེ་གཏད་སོ་ཡོད་པ་མ་མཐོང་ངོ་། །གཉིས་པ་ནི། གཞན་ཡང་གཡུལ་ལས་རྣམ་རྒྱལ་ལས་ཞེས་སོགས་ཀྱིས་ཚེས་གང་ལ་ཕྱོགས་སོ་སོ་ནས་མིང་ཐ་དད་པས་འཆར་ཚུལ་ལོངས་སྤྱོད་དང་བཅས་པ་བཤད་དོ། །གསུམ་པ་ནི། དྲག་པོ་འཆར་བའི་ངེས་པ་ནི་ཞེས་བྱ་བ་ལ་སོགས་པས་ཕྱོགས་བརྒྱད་ནས་ཁྱིམ་ཕྱེད་དང་གཉིས་གཉིས་ཀྱི་བར་ལ་འཆར་ཏེ། རྒྱུད་ལས། དྲག་པོ་ཤར་ནས་གཞན་ཕྱེད་དུ་འགྲོ་ཞེས་སོགས་ཀྱི་དོན་ནོ། །ཐང་སྟོན་གྱིས། འདི་ལ་རྒྱུད་གཞན་དུ་ས་བདག་ལྟོ་འཕྱེ་ཞེས་ཀྱང་ཟེར་ཞེས་སྨྲ་བ་མི་འཐད་པར་མཁས་པ་སྔ་མ་རྣམས་ཀྱིས་བཀག་ཟིན་པས་དེ་དག་ལ་ཡིད་འདུན་པར་བྱའོ། །བོད་སྔ་མ་དག་དྲག་པོ་སྒྲ་གཅན་ལ་འདོད་པའང་གྱི་ན་སྟེ། དེ་ལྟར་ན་སྒྲ་གཅན་གྱིས་ལོ་གཅིག་ལ་སྐར་ཁྱིམ་འཁོར་བ་དང་། གཡོན་སྐོར་གྱི་ཁྱིམ་ལ་སྤྱོད་དགོས་པ་སོགས་གནོད་བྱེད་ཆར་ལྟར་འབབ་པར་འགྱུར་རོ། །གཞན་ཡང་དྲག་པོ་འཆར་བའི་སོགས་ཏེ། འགྲེལ་ཆེན་ལས། ཟླ་བའི་དྲག་པོ་དང་། ཕྱོགས་ཀྱི་དྲག་པོ་དང་། ཉིན་ཞག་གི་དྲག་པོ་དང་། དུས་ཀྱི་དྲག་པོ་དང་རྣམ་པ་དྲུག་ནི་དོན་མེད་པ་སྟེ། དེས་ན་མ་གསུངས་སོ། །ཞེས་གསུངས་པས་གཡུལ་རྒྱལ་དུ་དྲག་པོ་འཆར་ཚུལ་གྱི་རྩིས་མང་དུ་བཤད་ཀྱང་འདིར་མ་བརྗོད་དོ། །བཞི་པ་ལའང་གཉིས་ཏེ། རྒྱུད་འགྲེལ་གྱི་དགོངས་པ་དང་། དབྱངས་འཆར་བའི་འདོད་པའོ། །དང་པོ་ནི། དེ་ནས་ཐུན་ཕྱེད་སྒྲ་གཅན་ནི། །ཞེས་སོགས་ཏེ། ཉིན་མོ་ཐུན་ཕྱེད་པ་བརྒྱད་དང་མཚན་མོ་བརྒྱད་དུ་བྱས་ནས་ཐུན་རེ་ལ་རྒྱུ་བའི་ཕྱོགས་ནི། ཐུན་དང་པོ་ལ་ཐོག་མའི་འགོ་རེས་གཟའ་གང་སྤྱོད་པའི་ཕྱོགས་ནས་གཡོན་འཁོར་དུ་བསྐོར་བ་རྣམ་པ་ཐམས་ཅད་པའོ། །འོན་ཀྱང་སྤེན་པའི་རེས་ལ་མཚན་མོ་མཇུག་རིང་གི་ཐོབ་སྐལ་རྩི་བ་ནི། ནང་ལེའི་འགྲེལ་ཆེན་ལས། འདིར་ཕྱི་རོལ་དུ་རེས་གཟའ་བདུན་དང་བརྒྱད་པ་ནི་རིགས་ལྡན་གྱི་ལོངས་སྤྱོད་དོ། །བརྒྱད་པོ་དེ་དག་ནི་ལུས་ཀྱི་སྙིང་གའི་པདྨའི་འདབ་མ་བརྒྱད་པོ་རྣམས་ལ་འགྱུར་ཏེ། ཤར་གྱི་འདབ་མ་ལ་ཉི་མའོ། །མེར་ཟླ་བའོ། །ལྷོར་བཀྲ་ཤིས་སོ། །བདེན་བྲལ་དུ་གཟའ་ལྷག་གོ། ཆུར་ཕུར་བུའོ། །རླུང་དུ་པ་སངས་སོ། །ལུས་ངན་དུ་སྤེན་པའོ། །དབང་ལྡན་དུ་རིགས་ལྡན་གྱི་ལོངས་སྤྱོད་ལ་མཇུག་རིང་སྟེ། ལོངས་སྤྱོད་ཕྱེད་གཞན་ནི་སྒྲ་གཅན་ནོ། །ཞེས་གསུངས་པའི་ཤུགས་ཀྱིས་བསྟན་པར་གོང་མ་དག་བཞེད་དོ། །འདི་དང་སྟོབས་མཚུངས་ཞེས་སོགས་ནི་དུས་ལྷ་གཞན་ལས་འདི་ཉིད་སྟོབས་ཆེ་བར་བསྟན་པ་སྟེ། རྒྱུད་ལས། དཔལ་ལྡན་རྩ་བའི་སྒྲ་གཅན་དོར་ནས་རླུང་དག་ལས་ཀྱང་འདིར་ནི་རྣམ་པར་རྒྱལ་བར་འགྱུར། །ཞེས་རྩ་བའི་སྒྲ་གཅན་གྱི་ནུས་པ་ལ་མ་བརྟགས་པར་འདི་ཁོ་ན་དང་བསྟུན་པས་ཀྱང་རྒྱལ་བར་གསུངས་པས་སོ། །གཉིས་པ་ནི། གཞན་ཡང་དབང་ཕྱུག་འདི་སྐད་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཟླ་སྟོད་ཉིན་གཡས་སྐོར་དང་མཚན་མོ་གཡོན་སྐོར། ཟླ་སྨད་དེ་ལས་ལྡོག་པ་སོགས་གཞུང་ཉིད་ཀྱིས་ཆེས་གསལ་ལོ། །དེ་ལྟར་ན་རང་རང་དུས་རྒྱུ་བའི་ཞེས་སོགས་ཏེ་རབ་བྱེད་བཅུ་བཞི་པའི་འགྲེལ་པའོ། །བཅོ་ལྔ་པ་འཐབ་མོའི་སྟོབས་ཀྱི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་གཡུལ་རྒྱལ་ཞེས་སོགས་ཏེ། དམག་དཔོན་གྱི་མིང་ལ་བརྟག་པ། སའི་སྟོབས་ལ་བརྟག་པ། རྫོང་གི་འཁོར་ལོའོ། །དང་པོ་ལ་གསུམ་སྟེ། མིང་དབྱངས་ཀྱི་གྲངས་ལ་བརྟག་པ། རིང་ཐུང་ལ་བརྟག་པ། དབུགས་འབྱིན་འཇུག་ལ་བརྟག་པ། སྔ་ཕྱིའི་བརྗོད་པ་ལ་བརྟག་པའོ། །དང་པོ་ནི། ཐོག་མར་མིང་ལ་སོགས་སོ། །གཉིས་པ་ནི། གལ་ཏེ་གྲངས་ཙམ་ཞེས་སོགས་སོ། །གསུམ་པ་ནི། དབུགས་ནི་ནང་དུ་ཞེས་སོ། །བཞི་པ་ནི། ཕོ་ཉས་བརྗོད་པའི་ཞེས་སོགས་སོ། །དེ་དག་ཀྱང་འགྲེལ་ཆེན་ལས། དབྱངས་དམན་འཐབ་མོ་པ་ནི་མཉམ་པའི་གཡུལ་མཚན་མའི་ཞེས་སོགས་གསུངས་པའི་དོན་ནོ། །གཡུལ་རྒྱལ་ལས་ཀྱང་། རྒྱན་གྱི་འཁོར་ལོ་དང་། གཟའི་རིགས་དང་། ཁ་དོག་དང་། དབྱངས་ལ་བརྟག་པ་སོགས་མང་དུ་འབྱུང་ཡང་རྒྱུད་འགྲེལ་ལས་བཀག་པའི་ཕྱིར་གཞུང་འདིར་མ་བཀོད་དོ། །གཉིས་པ་སའི་སྟོབས་བརྟག་པ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ས་སྟོབས་བརྟག་པ་ནི་ཞེས་སོགས་སོ། །གཉིས་པ་ལ་བཞི་སྟེ། གཟའ་དང་དུས་ལྷ་ལ་བརྟེན་པ། སྐྱེས་སྐར་ལ་བརྟེན་པ། དབྱངས་གསལ་ལ་བརྟེན་པ། རྩ་བའི་སྒྲ་གཅན་གྱི་དུས་བསྟན་པའོ། །དང་པོ་ནི། ཉི་དམར་མཇུག་རིང་སྤེན་པ་སྟེ་ཞེས་སོགས་ཏེ། རྒྱུད་ལས། ཉི་མ་མིག་དམར་མཇུག་རིང་སྤེན་པ་གཡས་སམ་རྒྱབ་ཏུ་ཞེས་སོགས་གསུངས་པའི་དོན་ནོ། །གཉིས་པ་ནི། གཞན་ཡང་རང་གི་ཞེས་སོགས་སོ། །གསུམ་པ་ནི། མིང་ཡིག་འཆར་ཞིང་ཞེས་སོགས་སོ། །བཞི་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། ཁྱད་པར་རྩ་བའི་སོགས་སོ། །གཉིས་པ་ནི། རྒྱུ་སྐར་ཉི་ཤུ་རྩ་བདུན་ལ། །ཞེས་སོགས་ཏེ། ལེགས་པར་བརྟགས་ཏེ། རང་ཉིད་ལྟོ་བ་ལ་གནས་ནས་བལྟ་བ་ལ་གདོང་ཕྱོགས་ཏེ་ཟོར་གཏོར་འཕེན་པ་དང་གཡུལ་སྤྲོད་པ་སོགས་བྱས་ན་དུས་མེ་གཡས་དང་གདོང་གཡོན་དུ་སོང་བས་རང་ཉིད་རྣམ་པར་རྒྱལ་བར་འགྱུར་ཏེ། རྒྱུད་ལས། དུས་ནི་འཐབ་མོའི་ས་ལ་མི་བདག་རྣམས་ཀྱི་གཡས་དང་གལ་ཏེ་གཡོན་མིན་དག་ལ་མུན་ཅན་གྱུར། །གཡུལ་དུ་ལྷ་ཡི་མགོན་པོ་དག་ནི་འཕྲོག་བྱེད་དྲག་པོ་དང་བཅས་མི་རྣམས་ཀྱིས་ཀྱང་འཇོམས་པར་འགྱུར། །ཞེས་གསུངས་པས་སོ། །དེ་ཡང་མཚན་མོ་ནི་གདོང་མཇུག་བརྩིས་པའི་མིག་སྐར་དང་ཉིན་མོ་ནི་ཉི་དག་གི་སྐར་མ་ངེས་པར་བྱས་ནས་སྐར་ཁོངས་བཙལ་བས་ཤེས་ལ། དེང་སང་བྱ་སླ་བའི་ཆེད་དུ་རྩ་བར་བཀོད་པའི་འཁོར་ལོ་ལ་བརྟག་པར་མཛད་པས། དེའི་ཁ་བྱང་ནི། དུས་ཚོད་སྟེང་དུ་ཉི་སྐར་བཞག །གདོང་མཇུག་བརྩིས་པའི་སྐར་མ་ཡང་། །གང་ཡོད་སྟེང་དུ་བཞག་བྱས་པས། །མདེའུའི་རྩེ་ཐད་ཐེབས་ཕྱོགས་ཡིན། །ཞེས་བྱའོ། །སའི་སྡོད་སྟོབས་ཀྱིས་དེ་ལྟར་མ་བདེ་བའི་ཚེ་དེང་སང་གི་རྩིས་པ་ཁ་ཅིག་ཐེབས་ལོག་སོགས་ཏེ། བལྟ་བ་ལ་རྒྱབ་བསྟན་ཏེ་ལྟོ་བ་ལ་ཕྱོགས་པས་མདའི་སྟོང་ལ་ཁ་བསྟན་ནས་ལས་བརྩམས་ཀྱང་སྐྱོན་མེད་ཟེར་བ་ནི་མི་རིགས་ཏེ། རྒྱུད་ལས་བལྟ་བའི་སོགས་ཏེ། དྲངས་མ་ཐག་པའི་དུས་ནི་འཐབ་མོའི་སོགས་ཀྱི་ལུང་དེ་དང་འགལ་བའི་ཕྱིར་རོ། །གལ་ཏེ་གདོང་མཇུག་གང་རིགས་ལ་ཁ་བལྟས་སོགས་ཏེ་གཉིས་ཀ་ལ་མི་དགེའོ། །དེ་ལྟར་བརྟགས་ནས་སོགས་ནི་བརྩིས་པའི་ཕན་ཡོན་ནོ། །གསུམ་པ་ནི། བིཥྚི་དྲག་པོ་སོགས་ཏེ། རྒྱུད་ལས། རྣལ་འབྱོར་མ་དང་བིཥྚི་དྲག་པོ་གཟའ་ཚོགས་དང་བཅས་དབྱངས་ནི་འཆར་བ་དག་དང་བཅས་གྱུར་པ། །དེ་རྣམས་ཐམས་ཅད་སྤངས་ནས་རྒྱལ་རིགས་རྣམས་ཀྱིས་སྲིད་གསུམ་རྣམ་རྒྱལ་གཅིག་པུ་གཟུང་བར་བྱ་བ་སྟེ། །གང་གི་ཉི་མ་ཟླ་བ་ཟ་ཞིང་སྐབས་གསུམ་པ་དག་འཇིགས་བྱེད་དྲག་པོའི་གཟུགས་ཅན་མིག་སྨན་མདོག །ཅེས་གསུངས་པས་སོ། །གསུམ་པ་རྫོང་གི་འཁོར་ལོ་ལ་གཉིས་ཏེ། བྱིས་པ་སྐྱོང་གི་རྫོང་གི་འཁོར་ལོ་དང་། སྦྲང་རྩི་སྐྱོང་གི་རྫོང་གི་འཁོར་ལོའོ། །དང་པོ་ནི། གཞན་ཡང་རྫོང་གི་འཁོར་ལོ་ནི་གྲུ་བཞི་ར་བ་སོགས་ཀྱིས་ཙཀྲ་འགོད་ཚུལ། དམག་དཔོན་སྐྱེས་མིང་སོགས་ཀྱིས་རྩི་ཚུལ་དང་འབྲས་བུ་བསྟན་པའོ། །གཉིས་པ་ནི། གཞན་ཡང་རིམ་པ་གསུམ་ལྡན་གྱིས་ཞེས་སོགས་ཀྱིས་ཙཀྲ་འགོད་ཚུལ། རཱ་ཧུ་གང་དུ་གནས་པ་བརྟག་ཅེས་སོགས་ཀྱིས་རྩི་ཚུལ་དང་འབྲས་བུ་བསྟན་ནོ། །དེ་སོགས་སྤྲོས་པ་སོགས་ཏེ། ས་སྟོབས་དང་རྫོང་ལ་མཁོ་བའི་བུམ་པའི་འཁོར་ལོ་སོགས་དབྱངས་འཆར་ལས་འབྱུང་མོད་ཀྱི་འདིར་ནི་མདོ་ཙམ་མོ། །དེ་ལྟར་ན་གཡུལ་རྩིས་སྟོབས་ཀྱིས་སོགས་ཏེ་རབ་བྱེད་བཅོ་ལྔ་པའི་འགྲེལ་པའོ། །བཅུ་དྲུག་པ་ཉི་ཟླ་གཟའ་འཛིན་གྱི་འབྲས་བུ་སྟོན་པའི་རབ་བྱེད་ནི། དེ་ནས་ཉི་ཟླ་སོགས་ཏེ། འདི་ལ་ལྔ། འཇམ་དཔལ་རྩ་རྒྱུད་ཀྱི་ལུགས། མདོ་སྟག་སྣའི་ལུགས། མིག་བཅུ་གཉིས་པའི་ལུགས། རྒན་རྩིས་པའི་ལུགས་ལ་དཔྱད་པ། མ་བརྗོད་པ་ཁ་འཕངས་པའོ། །དང་པོ་ནི། འཇམ་དཔལ་རྩ་བའི་རྒྱུད་ལས་ནི། །ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི། སྟག་སྣའི་རྟོགས་བརྗོད་མདོ་དེ་ལས་ཞེས་བྱ་བ་ལ་སོགས་པའོ། །གསུམ་པ་ནི། མདོ་སྡེ་མིག་ནི་བཅུ་གཉིས་པར། །ཞེས་བྱ་བ་ལ་སོགས་པའོ། །བཞི་པ་ནི། སྔ་རབས་རྒན་པོའི་བཞེད་པ་ལ། །ཞེས་སོགས་ཏེ། དང་པོའི་ཞག་ལ་ཆར་བབས་ན། །ཞེས་སོགས་ཀྱི་བརྟག་པ་དེ་དྲང་སྲོང་གི་ལུགས་ཡིན་པས་འཇམ་དཔལ་རྩ་རྒྱུད་ཀྱི་ལུགས་སུ་འདོད་པ་དགག་པའོ། །ལྔ་པ་ནི། གཞན་ཡང་དུས་བསྟན་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་གཟའ་འཛིན་སོགས་ཏེ་རབ་བྱེད་བཅུ་དྲུག་པའི་འགྲེལ་པའོ། །བཅུ་བདུན་པ་ལྟས་སྣ་ཚོགས་པའི་འབྲས་བུ་སྟོན་པའི་རབ་བྱེད་ལ་གཉིས་ཏེ། ས་གཡོ་བའི་ལྟས་དང་། གློ་བུར་གྱི་ལྟས་སོ། །དང་པོ་ལའང་གསུམ་སྟེ། འཇམ་དཔལ་རྩ་རྒྱུད། མདོ་སྟག་སྣ། མིག་བཅུ་གཉིས་པའི་ལུགས་སོ། །དང་པོ་ནི། དེ་ནས་ས་གཡོས་འབྲས་བུ་བཤད། །ཅེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི། སྟག་སྣའི་མདོ་ལས་བཤད་ཚུལ་ནི། །ཞེས་བྱ་བ་ལ་སོགས་པའོ། །གསུམ་པ་ནི། མིག་བཅུ་གཉིས་པའི་མདོ་སྡེ་ལས་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་དུས་བསྟན་དང་། རྒྱ་ནག་སྟག་སྣ་གཉིས་ཀྱི་ལེའུ་བཅུ་དྲུག་པ་སོགས་ས་གཡོས་ཀྱི་འབྲས་བུ་སྟོན་པའི་གཞུང་མང་དུ་མཐོང་སྟེ་འབྲི་བར་མ་ནུས་སོ། །གཉིས་པ་གློ་བུར་གྱི་ལྟས་ནི། གཞན་ཡང་གློ་བུར་ལྟས་བཤད་བྱ། །ཞེས་བྱ་བ་ལ་སོགས་པ་སྟེ། འདིར་རྡོ་རྗེ་དང་། འཆི་ལྟས་དང་། དུད་པ་དང་། གནམ་ལྕགས་སོགས་མཐོང་བ་ངན་པར་གསུངས་པ་དེ་ནི་རྒྱུད་ཉིད་ཀྱི་གླེང་གཞིར་གཟའི་བྱེ་བྲག་ཏུ་གསུངས་པས་མི་དགེ་བའི་རྟགས་སུ་སྐར་ཡན་གྱི་རྣམ་པར་འཆར་བ་ཡིན་ཞེས་གསུང་ཞིང་། ལྷ་དང་ལྷ་མིན་འཐབ་པ་འཇིག་རྟེན་ནས་མཐོང་བར་གསུངས་པ་ཡང་། མཁས་པའི་དབང་པོ་དག །དྲུག་ཅུ་སྐོར་དགུ་པའི་ཆུ་སྦྲུལ་ཟླ་བ་དགུ་པའི་ཚེས་བརྒྱད་ཀྱི་མཚན་མོ་གཟའ་སྐར་ཐམས་ཅད་སྐར་མདའི་ཚུལ་དུ་ནམ་མཁའ་ལ་འཁྲུག་པ་བྱུང་སྟེ། ལྷ་དང་ལྷ་མིན་འཐབ་པ་ན་ལྷ་འཕམ་དུ་ཉེ་སྟེ་རྒྱལ་ཆེན་རིགས་བཞི་པ་ཐམས་ཅད་གཡུལ་དུ་འཇུག་པ་ཡིན་པ་འདྲ་ཞེས་གསུངས་ལ། རྒྱ་ནག་གི་གཞུང་ཐེམས་ཡིག་བརྒྱད་ཅུ་པར་ནི། སྐར་མདའ་མང་པོ་འཁྲུག་ན་བོད་ལ་ཐན་པ་ཆེན་པོ་འོང་། ཞེས་གསུངས་སོ། །གཞན་རྣམས་ནི་གོ་སླའོ། །རྒྱས་པར་འཇམ་དཔལ་རྩ་རྒྱུད་དང་། །ཞེས་སོགས་ཏེ། འཇམ་དཔལ་རྩ་རྒྱུད་དང་མིག་བཅུ་གཉིས་པའི་མདོ་སྡེ་སོགས་མདོ་རྒྱུད་ཚད་ལྡན་རྣམས་དང་། མདོ་སྡེ་གསང་བ་དང་ཐེམས་ཡིག་སོགས་རྒྱ་རྩིས་པའི་གཞུང་ལྷད་མེད་རྣམས་ནས་ཀྱང་ལྟས་ཀྱི་བྱེ་བྲག་མང་དུ་གསུངས་ཀྱང་ཡི་གེ་མང་གི་དོགས་ནས་འདིར་མ་བྲིས་ཤིང་། གཞན་ཡང་གརྒའི་ལྟས་དང་དུས་བསྟན་སོགས་ཕྱི་རོལ་པའི་ལྟས་ཀྱི་གཙུག་ལག་ཀྱང་མང་དུ་མཐོང་སྟེ། འགྲེལ་ཆེན་གྱི་འཐབ་མོ་པའི་སྟོབས་གསུངས་པའི་སྐབས་ལས། གཟའ་སྐར་ལ་སོགས་པའི་འབྲས་བུའི་ཟོལ་གྱིས་དྲང་སྲོང་རྣམས་ཀྱིས་རྫུན་གྱི་བཀོད་པ་བྱས་པའོ། །ཞེས་སོགས་ཕྱི་རོལ་པའི་དྲང་སྲོང་རྣམས་ཀྱིས་བྱས་པའི་རྩིས་རྣམས་ལ་ངེས་པ་མེད་པར་ཡང་ཡང་གསུངས་པའི་ཕྱིར་འདིར་མ་བཀོད་དོ། །དེ་ལྟར་ན་ས་གཡོས་དང་གློ་བུར་ལྟས་སོགས་ཏེ་རབ་བྱེད་བཅུ་བདུན་པའི་འགྲེལ་པའོ། །བཅོ་བརྒྱད་པ་བྱིས་པ་འཇུག་པའི་རྩིས་ཕྲན་སྟོན་པའི་རབ་བྱེད་ནི། དེ་ནས་བྱིས་པ་ཞེས་སོགས་ཏེ། འདི་ལ་དྲུག །ཟོང་དཀོན་མོད་བརྟག་པ། རྐུན་མ་ངོས་འཛིན་པ། དོན་འགྲུབ་མི་འགྲུབ་བརྟག་པ། སེ་བ་ཙཀྲ། མིག་སྔོན་ལ་གང་འགྲིབ་བརྟག་པ། ཁྱོ་ཤུག་སྔོན་ལ་གང་འཆི་བརྟག་པའོ། །དང་པོ། ཁྱིམ་འཕོའི་དུས་ཀྱི་སོགས་ཀྱིས་རི་མོའི་བསྒྱུར་བགོད་དང་། ལྷག་མས་སོགས་ཀྱིས་འབྲས་བུ་སྟོན་ནོ། །འདིའི་དཔེར་བརྗོད་ནི། མཆོག་དགའ་ལས། ཉི་མ་ཚེས་གཅིག་ལ་ལུག་གི་ཁྱིམ་དུ་འཕོ་བའི་ཚེ་སྐར་མ་ཐ་སྐར་དང་། རེས་གཟའ་ཟླ་བ་ཡོད་པ་ལྟ་བུ་ལ་གསེར་དཀོན་མོད་འབྲི་ན། རྒྱུ་སྐར་དབྱུག་གུ་དང་པོ་ཡིན་པས་གཅིག་དང་། ཚེས་གཅིག་བསྲེས་པས་གཉིས་འོང་། གཟའ་ཟླ་བ་གཉིས་པ་ཡིན་པས་དེ་གཉིས་ཀྱིས་བསྒྱུར་བས་བཞིར་འགྱུར། དེ་ལ་གསེར་གྱི་མིང་ཡིག་དང་པོའི་གསལ་བྱེད་ལ་ག་ཡོད་པས། དེ་ཡན་ལ་གསལ་བྱེད་གསུམ་ཡོད་པ་དེ་བསྲེས་པས་བདུན་དུ་འགྱུར། དེ་ལ་གསུམ་གྱིས་བགོ་བ་ལྟ་བུ་ཡིན་པར་ཤེས་པར་བྱ། ཞེས་གསུངས་པས་སོ། །གཉིས་པ་ནི། གཞན་ཡང་རྐུན་མ་ངོས་འཛིན་ནི། །སོགས་ཀྱིས་རི་མོའི་བསྒྱུར་བགོད་དང་། གཅིག་སོགས་རྒན་ནས་སོགས་ཀྱིས་འབྲས་བུའོ། །དེ་ཡང་བོད་སྐད་ལ་དབྱངས་ལ་སྤྱིར་ཚེག་བར་འདྲེན་མོད་ཀྱི། འོན་ཀྱང་ལག་པའི་པདྨའི་ཟེའུ་འབྲུ་ཞེས་པ་ལྟ་བུའི་ཚེག་བར་གཅིག་ལའང་འདོན་ཐེངས་གཉིས་བྱེད་དགོས་པ་རྣམས་དབྱངས་གཉིས་སུ་བགྲང་ཞིང་། གསལ་བྱེད་ལ་ནི་སྔོན་འཇུག་མིང་གཞི་རྗེས་འཇུག་ཡ་བཏགས་སོགས་འདོགས་དང་བཅས་པ་སོ་སོར་བགྲང་དགོས་པ་ཡིན་ཏེ། དཔེར་ན། དོན་གྲུབ་དང་། བཀྲ་ཤིས་དར་ཟེར་བ་གཉིས་ཀྱི་མིང་ཡོད་ཅིང་། རྒན་གཞོན་ཡང་རིམ་པ་ལྟར་ཡིན་པའི་མི་གཉིས་པོ་གང་རུང་ཞིག་གིས་བརྐུས་ནས་སུ་ཡིན་མ་ཤེས་ན། དོན་གྲུབ་ལ་དབྱངས་ཨོ་དང་ཨུ། གསལ་བྱེད་ད་ན་ག་ར་བ་སྟེ་ལྔ་ཡོད་ལ། བཀྲ་ཤིས་དར་ལ་དབྱངས་ཨ་དང་ཨི་དང་ཨ། གསལ་བྱེད་བ་ཀ་ར་ཤ་ས་ད་ར་ཏེ་བདུན་ཡོད་པས་དེ་གཉིས་ཀྱི་དབྱངས་བསྡོམས་པས་ལྔ་དང་། གསལ་བྱེད་བསྡོམས་པས་བཅུ་གཉིས་འོང་ལ། བཅུ་གཉིས་པོ་གཉིས་ཀྱིས་བསྒྱུར་ལ་དབྱངས་ལྔས་ཕྲི། སྐྱེས་བུའི་གྲངས་གཉིས་གཉིས་ཀྱིས་བགོས་པས་ལྷག་མར་གཅིག་འོང་བས་དེ་ལ་བརྟགས་པ་ན་གྲངས་ཀྱི་རིམ་པས་རྒན་པ་དོན་གྲུབ་དང་འགྲིག་པས་དེས་བརྐུས་པར་ལུང་སྟོན་པ་བཞིན་ནོ། །ཡང་དེ་བས་ཀྱང་ཆེས་ངེས་པའི་བརྟག་པ་ནི། དེས་ཀྱང་གཅེར་འཕོག་མ་ཤེས་ན། །ཞེས་སོགས་ཏེ། མིང་དུ་ཡོད་པའི་དབྱངས་ཨ་ལ་གཅིག །ཨི་ལ་གཉིས། ཨུ་ལ་གསུམ། ཨེ་ལ་བཞི། ཨོ་ལ་ལྔ་བགྲང་ཞིང་། གསལ་བྱེད་ཀ་ལ་གཅིག །ཁ་ལ་གཉིས་སོགས་རིམ་པས་བགྲང་ཞིང་རེ་རེ་བྲིས་ལ་ཆོ་ག་སྔར་ལྟར་བྱས་པས་རྐུན་པོ་གང་ཡིན་ཐེ་ཚོམ་མེད་པར་ཤེས་ལ། དེ་ཡང་བརྟག་བྱའི་མིང་དུ་ཡོད། དེའི་ནང་དུ་རྐུ་མཁན་དེ་ཉིད་ཡོད་པ་ནི་ངེས་པར་དགོས་སོ། །གསུམ་པ་ནི། དེ་ནས་དོན་ཆ་བརྟག་པ་ནི། །ཞེས་སོགས་ཀྱིས་རི་མོའི་བསྒྱུར་བགོད་དང་། ལྷག་མ་ལ་སོགས་ཀྱིས་འབྲས་བུའོ། །འདིར་གསལ་བྱེད་བགྲང་ཚུལ་བཤད་མ་ཐག་པ་བཞིན་ཏེ། དཔེར་ན་གཙང་དུ་འགྲོ། དོན་འགྲུབ་བམ་ཞེས་པ་ལྟ་བུ་ལ། ག་ཡན་ལ་གསུམ། ཙ་ཡན་ལ་བཅུ་བདུན། ང་ཡན་ལ་བཞི། ད་ཡན་ལ་བཅུ་གཅིག་སྟེ་དེ་རྣམས་བསྲེས་པས་སོ་ལྔ་འོང་། དེ་ལ་གསུམ་གྱིས་བགོས་པས་ལྷག་གཉིས་ལུས་པས་དོན་ཆ་འབྲིང་པོར་ལུང་སྟོན་དགོས་པ་བཞིན་ནོ། །བཞི་པ་ནི། གཞན་ཡང་སེ་བ་ཙཀྲ་བཤད། །ཅེས་སོགས་ཀྱིས་གཟུགས་བྲི་ཞིང་སྐྱེས་མིང་གི་སྐར་མ་འགོད་ཚུལ་དང་། བརྩི་ཡུལ་སྐྱེས་མིང་སོགས་ཀྱིས་བླང་དོར་གྱི་འབྲས་བུ་སྟོན་ནོ། །ལྔ་པ་ནི། དེ་ནས་གཞན་ཡང་སྐྱེས་བུ་ཡིས། །ཞེས་སོགས་ཏེ། གསལ་བྱེད་ཀྱི་སྡེ་པ་རེའི་ཡི་གེ་དང་པོ་དང་གསུམ་པ་མི་མཉམ་པ་དང་། གཉིས་པ་དང་བཞི་པ་མཉམ་པར་བརྩི་སྟེ་གོ་སླའོ། །དྲུག་པ་ནི། དེ་ལས་གཞན་ཡང་སྐྱེས་བུ་ཡི། །ཞེས་སོགས་ཀྱིས་རི་མོའི་ལས་དང་། གཅིག་དང་ཐིག་ལེ་སོགས་ཀྱིས་འབྲས་བུ་སྟོན་ནོ། །འདིར་གསལ་བྱེད་བགྲང་བའི་ཚེ་བརྩེགས་མ་གཞན་རྣམས་བགྲང་ལ་ཡ་བཏགས་དང་ར་བཏགས་རྣམས་མ་བགྲངས་ན་བདེན་པར་སྣང་སྟེ། དོན་གྱིས་མི་ཐོབ་ཀྱང་མྱོང་རྩིས་སོ། །ཡང་དེའི་བརྟག་ཚུལ་ལུགས་གཅིག་ལ། གཞན་ཡང་དེ་ཡི་ཆོ་ག་བཤད་ཅེས་སོགས་ཀྱིས་རེའུ་མིག་འགོད་ཚུལ། དེ་རྗེས་ཁྱོ་ཤུག་མིང་ཡིག་རྣམས། །ཞེས་སོགས་ཀྱིས་རི་མོའི་བསྒྱུར་བགོད་བྱ་ཚུལ་སྟེ། དེ་ཡང་ཁྱོ་ཤུག་གི་མིང་གི་དབྱངས་གསལ་གྱི་གྲངས་རྣམས་བརྒྱད་ཀྱིས་བསྒྱུར་བ་དང་ཀ་སྡེ་རྣམས་ལྔས་བསྒྱུར་བ་སོགས་སྟེང་མའི་སྡེ་ཚན་གར་གཏོགས་ཀྱི་འོག་གི་གྲངས་སོ་སོར་བསྒྱུར་དགོས་ཤིང་། བོད་ཡིག་ལ་ཅ་ཆ་ཇ་ཞ་ཟ་འ་རྣམས་གསལ་བྱེད་ཀྱི་སྡེ་ཚན་གང་དུ་གཏོགས་ཤེ་ན། དང་པོ་གསུམ་ནི་ཙ་ཚ་ཛ་གསུམ་དང་སྦྱར་ཞིང་། ཕྱི་མ་གསུམ་ནི་རིམ་པར་ཤ་ས་ཡ་གསུམ་དང་སྦྱོར་རོ། །ལྷག་མར་མཁའ་གཟུགས་སོགས་ཀྱིས་འབྲས་བུ་སྟོན་ནོ། །ཕྱོགས་གང་ལ་འཆི་ཞེ་ན། གཞན་ཡང་མིང་ཡིག་དང་པོ་ལ་ཞེས་སོགས་ཏེ་བཀླགས་པས་གྲུབ་བོ། །དེ་ཡང་གོང་དུ་མིང་ཡིག་བགྲང་ཚུལ་གྱི་དཔེར་བརྗོད་རྣམས་བོད་དང་བསྟུན་པ་སྟེ། ཡུལ་གཞན་དང་གཞན་དུ་དེ་དང་དེའི་སྐད་ཀྱི་དབྱངས་གསལ་དང་བསྟུན་དགོས་སོ། །དེ་ལྟར་ན་འདི་དག་ལྷ་ཆེན་སོགས་ཏེ་རབ་བྱེད་བཅོ་བརྒྱད་པའི་འགྲེལ་པའོ། །བཅུ་དགུ་པ་ངོ་ལོན་གྱི་ཆོ་ག་བཤད་པའི་རབ་བྱེད་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། འབྲས་བུ་རྣམས་བཤད་པའི་རྗེས་དེ་ནས་ངོ་ལོན་ཆོ་ག་བཤད་ཅེས་ཁས་བླང་ངོ་། །གཉིས་པ་ལ་གསུམ་སྟེ། སྤྱིའི་ངོ་ལོན་གྱི་ཆོ་ག །བྱེ་བྲག་སོ་སོའི་ངོ་ལོན་གྱི་ཆོ་ག །ནད་པའི་མཁྱུད་སྤྱད་དོ། །དང་པོ་ནི། འཁོར་ལོ་མུ་ཁྱུད་བཅུ་གཅིག་བསྐོར། །ཞེས་སོགས་ཚིགས་སུ་བཅད་པ་གསུམ་གྱིས་འཁོར་ལོ་བྲི་ཚུལ། རྡོ་རྗེ་ཤུགས་ཀྱི་སོགས་རྐང་པ་ལྔས་རབ་གནས་བྱས་ཏེ་གདགས་ཚུལ། གཟའ་སྐར་དུས་སྦྱོར་སོགས་ཀྱིས་འཁོར་ལོའི་ཕན་ཡོན་ནོ། །འཁོར་ལོའི་བྱ་བ་དེ་ཙམ་མི་ནུས་ན། བསྡུ་ན་རྣམ་བཅུ་དབང་ལྡན་གྱི་ཞེས་སོགས་ཏེ་དེ་ཙམ་གྱིས་སྐབས་དོན་འགྲུབ་བོ། །གཉིས་པ་བྱེ་བྲག་སོ་སོའི་ངོ་ལོན་གྱི་ཆོ་ག་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་ཆོ་ག་དང་། ཐུན་མོང་པ་གཞུང་གཞན་གྱི་ལུགས་སོ། །དང་པོ་ནི། གཞན་ཡང་གཟའ་ཡུམ་ལ་སོགས་པ། །ཞེས་པ་ནས། གཏོར་མ་སྦྱིན་པས་དགེ་བར་འགྱུར། །ཞེས་པའི་བར་གཞུང་བཀླགས་པས་གྲུབ་བོ། །དེ་ལྟ་ནའང་གཟུངས་སྔགས་རྣམས་དང་སོ་སོའི་གཏོར་མ་སྦྱིན་པའི་ཆོ་ག་སོགས་སྐབས་འདི་ཉིད་དུ་བྲིས་ན་མཁོ་མོད་ཀྱི། འོན་ཀྱང་ཡི་གེ་ཉུང་ངུ་ཞིག་གིས་ནི་སྐབས་དོན་མི་འགྲུབ་ལ། ཅུང་ཟད་ཕྱེ་སྟེ་བཤད་ན་ནི་ཧ་ཅང་ཡང་མང་བར་འགྱུར་གྱིས་དོགས་ནས་སྤྲོས་པ་བསྐྱུངས་སོ། །འདི་ཡན་ཆད་ཀྱི་ངོ་ལོན་གྱི་ཆོ་ག་འདི་ཕུག་ལུགས་པ་སྤྱི་ལ་མ་གྲགས་ཀྱང་། མཁས་དབང་ལྡུམ་པོ་བའི་ཞལ་ནས་འདི་ནི་ཁོ་བོ་ལ་གྲུབ་ཆེན་ཀུན་དགའ་རྣམ་རྒྱལ་པས་སྩལ་བའི་གདམས་པའོ་ཞེས་གཅེས་པར་མཛད་ལ། བདག་གིས་མན་ངག་སྣང་བའི་ལུགས་རྒྱ་སྟོན་ནུབ་རི་བ་ལ་ཡང་ཐོས་སོ། །གཉིས་པ་ནི། ཞར་བྱུང་གཞུང་གཞན་ལས་བྱུང་བའི། །ཞེས་པ་ནས། གཟའ་ཡུམ་ཚེ་གཟུངས་གདོན་པར་བྱ། །ཞེས་པའི་བར་ཆོས་རྗེ་བསོད་ནམས་ཚེ་འཛིན་གྱི་ཕྱག་དཔེ་ངོ་མ་ལས་བྱུང་བ་ལྟར་གཞུང་འདིར་བཀོད་པའོ། །དེ་ཡང་གཟའ་སྐར་ས་བདག་གི་བཅོས་ཐབས་འདི་དག་གི་ཁུངས་ནི་ཐེམས་ཡིག་བརྒྱད་ཅུ་པ་སོགས་རྒྱ་ནག་གི་གཞུང་ཁུངས་མ་རྣམས་ལས་བཏུས་ལ། དབྱངས་འཆར་བའི་ལུགས་ཀྱང་འགའ་རེ་སྣང་ངོ་། །ཁྱད་པར་དྲག་གཟའི་གནོད་པ་བཞི་བཅོས་ཐབས་འདི་ཉིད་སེང་གེ་གོ་ཆས་མཛད་པའི་མན་ངག་ཐར་ལོའི་འགྱུར་ལས་ཕྱུང་བ་སྟེ་རྒྱས་པར་གཞུང་དེ་ཉིད་དུ་བལྟའོ། །གཞན་ཡང་དྲང་སྲོང་གརྒའི་ལྟས་ཀྱི་གཙུག་ལག་གི་ལེའུ་བཅོ་ལྔ་པར་ལྟས་ལས་གནོད་པར་གྱུར་པའི་ངོ་ལོན་གྱི་ཆོ་ག་དང་། ལྷ་ཆེན་གྱི་གཞུང་ཡིག་ཕྲན་དང་བཅས་པ་ལས་ཀྱང་མང་དུ་འབྱུང་སྟེ་ཡི་གེས་འཇིགས་པས་འདིར་མ་བྲིས་སོ། །གསུམ་པ་ནད་པའི་མཁྱུད་སྤྱད་ནི། དེ་ནས་མདོ་སྡེ་སྟག་སྣ་ལས། །ཞེས་པ་ནས། ཚུལ་ཁྲིམས་སྦྱར་བས་མཐོ་རིས་འགྲོ། །ཞེས་པའི་བར་མདོ་སྡེ་སྟག་སྣར་གསུངས་པ་ཉིད་ཚིགས་བཅད་དུ་སྡེབས་པའོ། །གཞན་ཡང་རྒྱ་ནག་རྩིས་གཞུང་སོགས་ཏེ། ནད་པ་རྣམས་ཀྱི་དོན་དུ་རྒྱ་རྩིས་པའི་ལུགས་ཀྱི་གཟའ་སྐར་ཚེས་གྲངས་སོགས་ཀྱི་མཁྱུད་སྤྱད་དང་། དྲང་སྲོང་གིས་བྱས་པའི་སྐར་མའི་མཁྱུད་སྤྱད་སོགས་ཅི་རིགས་པའང་བྱའོ། །གསུམ་པ་བསྡུ་བ་ནི། མདོར་ན་མང་དུ་སྨོས་པས་ཅི་ཞིག་བྱ་སྟེ། འདི་ལྟར་དགེ་བའི་རྩ་བ་ཅི་བགྱིས་ཀྱང་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་གྱ་ནོམ་པ་ཡང་སྨིན་པར་འགྱུར་ན། གནས་སྐབས་ཀྱི་བདེ་འབྲས་རྣམས་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས། ཁྱད་པར་དུ་དེའི་ཡང་ཡན་ལག་ཏུ་གྱུར་པ་འགལ་རྐྱེན་ཕྲ་མོ་ཙམ་སེལ་བར་མི་ནུས་པ་ཅི་ཞིག་ཡོད་དེ་ཅི་ཡང་མེད་དོ། །འོན་ཀྱང་སྔར་སྨོས་པ་ལྟར་གང་ལ་གང་བསྔགས་པའི་གཉེན་པོའི་ཆོ་ག་མཆོད་སྦྱིན་ལ་སོགས་པ་དེ་དག་གཙོ་བོར་བྱ་བ་ཉིད་གཅེས་ཏེ། རྟེན་འབྲེལ་གྱི་ནུས་པ་ཐ་དད་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །གཞན་ཡང་རྒྱལ་བའི་གསུང་རབ་སོགས་ཏེ། ཧེ་རུ་ཀ་གལ་པོའི་བརྟག་པ་དྲུག་པར་སྒྲུབ་པའི་སྔོན་དུ་བྱ་བའི་འཕྲིན་ལས་གསུངས་པའི་སྐབས་སུ། འབྱུང་པོ་རྣམས་ལ་གཏོར་མ་གཏང་། །གསང་བའི་དོན་གྱི་ལས་རྣམས་བྱ། །ཐུབ་པའི་བཀའ་རྣམས་བསྒྲག་པ་དང་། །བདེ་གཤེགས་སྐུ་གདུང་གདབ་པ་དང་། །སྲོག་ཆགས་ཚེ་ཡང་བསྐྱབ་བར་བྱ། །ལམ་འཕྲང་དག་ཀྱང་ལེགས་པར་འཆོས། །སངས་རྒྱས་སྐུ་གསུང་རྣམ་པར་དག །དོན་དམ་སྒྲུབ་དང་བསྟན་པའི་ཆོས། །ཉན་རང་བྱང་ཆུབ་སེམས་དཔའ་རྣམས། །མཆོད་པས་མཉེས་པར་བྱ་བ་དང་། །ཞེས་སོགས་གསུངས་པ་ལྟར་རིམ་གྲོའི་དགེ་བ་ལ་འབད་པར་བྱས་ན། སྔོན་གྱི་ལས་སྟུག་པོ་སྨིན་པའི་རྒྱུ་ཚོགས་གྲངས་ཚང་བ་ནི་རྐྱེན་གྱིས་སེལ་མི་ནུས་པའི་ཕྱིར་མ་གཏོགས་ལ། དེ་ལས་གཞན་དུ་གཟའ་དང་སྐར་མ་སྦྱོར་བྱེད་དང་དུས་ལྷ་འབྱུང་པོའི་གནོད་གདུག་རྣམས་མ་ལུས་པ་ཞི་ཞིང་བཟློག་པར་འགྱུར་བ་ཉིད་དེ། འགྲེལ་ཆེན་ལས། གཟའ་ཚེས་རྒྱུ་སྐར་སྦྱོར་བ་དང་། །བྱེད་པ་ཉིད་དང་དུས་སྦྱོར་དང་། །གདུག་པའི་གཟའ་སྐར་འདི་དག་ནི། །བསོད་ནམས་བྱེད་པ་རྣམས་ལ་དགེ། ཞེས་སོ། །དེ་ལྟར་ངེས་པར་ཡང་། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ལ། །ཞེས་གསུངས་པ་ལྟར་ཆོས་ཀུན་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཅན་དུ་གྲུབ་པའི་ཕྱིར་དང་། རྟེན་འབྲེལ་དེ་ཡང་རང་སེམས་ཀྱི་རྣམ་པར་རྟོག་པས་བཏགས་པ་ཙམ་ལས་གཞན་གང་ནའང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ལང་གཤེགས་ལས། རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་རྟེན་གཞི་མེད། །འདི་དག་རོ་བཞིན་བྱིས་པ་ནི། །ལོག་པའི་ཤེས་པ་ཅན་གྱིས་བཏགས། །ཇི་ལྟར་ལོག་པས་སྐྲ་ཤད་འཛིངས། །སྐྱེ་བོ་རབ་རིབ་ཅན་གྱིས་མཐོང་། །དེ་བཞིན་དངོས་པོར་རྣམ་རྟོག་འདི། །ལོག་པར་བྱིས་པ་རྣམས་བཏགས་པ། །སྲིད་པ་གསུམ་ནི་བཏགས་པ་ཙམ། །ཞེས་གསུངས་པས་སོ། །དེ་ལྟ་བས་ན་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་རྫོགས་པའི་སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱིས་འགྲོ་བ་སོ་སོའི་རྣམ་པར་རྟོག་པ་དེ་སྦྱོང་བའི་གཉེན་པོར་དྲང་ངེས་ལས་བརྩམས་པའི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་ཕན་གདགས་པར་མཛད་དོ། །དེ་ཡང་དབུ་མ་རིན་ཆེན་སྒྲོན་མ་ལས། རྒྱུ་འབྲས་བསླུ་བ་མེད་པ་ཡི། །ལས་རྣམས་རྨི་ལམ་ལྟ་བུ་ཞེས། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་པ་ལྟར་རྒྱལ་བ་སྲས་དང་བཅས་པའི་བཀའ་ལས་ཇི་སྐད་གསུངས་པ་བཞིན་དུ་དོན་དམ་པ་གཤིས་ཀྱི་གནས་ལུགས་ལ་རྒྱུ་འབྲས་ཀྱི་བླང་དོར་ལ་སོགས་པའི་སྤྲོས་པས་མ་གོས་ཀྱང་། ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་ཙམ་དུ་རྒྱུ་དང་འབྲས་བུའི་ཆོས་རྣམས་བསླུ་བ་མེད་པར་ངེས་པས། དེ་དག་གི་བླང་དོར་བྱིས་པ་རྣམས་ཀྱིས་རྟོགས་པའི་ཕྱིར་ན་བཀོད་པ་སྟེ་རབ་བྱེད་བཅུ་དགུ་པའི་འགྲེལ་པའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། རྩིས་འབྲས་ངོ་ལོན་དང་བཅས་པ་ནང་ཚེགས་རབ་བྱེད་བཅུ་དགུར་ཕྱེ་ནས་བཤད་པའི་སྐབས་ཏེ་ཉེར་གསུམ་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

མཇུག་གི་དོན།

གསུམ་པ་མཇུག་གི་དོན་ལ་བཞི་སྟེ། བཟོད་པར་གསོལ་བ། བླང་བར་གདམས་པ། དགེ་བ་བསྔོ་བ། ཇི་ལྟར་བརྩམས་པའི་ཚུལ་ལོ། །དང་པོ་ནི། སྐར་རྩིས་ཀྱི་གྲུབ་པའི་མཐའ་ལས་བརྩམས་ཏེ་ཀུན་མཁྱེན་གྱི་གནས་སུ་བདེ་བླག་ཏུ་བགྲོད་པའི་ལམ་གསར་དུ་གཏོད་པར་བྱས་པ་འདི་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དབང་ལས་ནོངས་པར་གྱུར་པ་གང་མཆིས་པ་རྣམས་ནི། བྱིས་པ་མདོ་མེད་ཅི་གར་སྨྲ་བ་ལ་མས་མི་ཁྲོ་བར་བཟོད་པ་ཇི་བཞིན་དུ་མཁས་པ་རྣམས་ཀྱིས་ཐུགས་བརྩེ་བའི་སྒོ་ནས་བཟོད་པར་མཛད་རིགས་པ་ཉིད་དོ། །གལ་པོ་ལས། ཇི་ལྟར་གདུང་སེམས་ལྡན་པའི་མས། །བུ་ཉིད་མི་སླུའི་ཚིག་སྨྲ་ལྟར། །རྒྱལ་བས་འགྲོ་བ་མི་བསླུའི་ཕྱིར། །བློ་དམན་རྣམས་ལ་མན་ངག་བཤད། །ཅེས་པ་ལྟར་བརྩེ་བས་འགྲོ་བ་ཡལ་བར་མི་འདོར་བར་དམ་བཅས་པའི་ཕྱིར་རོ། །གཉིས་པ་ནི། ཆོས་རྣམས་ཀུན་གྱི་ཆོས་ཉིད་དོན་དམ་པ་གཤིས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ནི་བློའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རྩིས་དང་འབྲས་བུ་ལ་སོགས་པའི་སྤྲོས་པ་ཀུན་དང་བྲལ་བ་སྟེ། གལ་པོའི་བརྟག་པ་གསུམ་པ་ལས། ཀུན་རྫོབ་བློ་ཡི་སྤྱོད་ཡུལ་ཏེ། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་པས་སོ། །འོན་ཀྱང་། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ནི། །འབྲས་བུ་དེ་འདྲ་ཉིད་དུ་སྨིན། །ཞེས་གསུངས་པ་ལྟར་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་ངོར་དགེ་སྡིག་གི་ལས་ཀྱིས་བདེ་བ་དང་སྡུག་བསྔལ་གྱི་འབྲས་བུ་མི་སླུ་བར་འབྱིན་ནུས་པར་མ་ཟད། གནས་སྐབས་ཀྱི་རྟེན་འབྲེལ་ཕྲ་མོ་དག་གིས་ཀྱང་ཕན་གནོད་འབྱུང་བ་ཉིད་དེ། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། །ཞེས་གསུངས་པའི་ཕྱིར་བདག་ལེགས་པར་འདོད་པ་རྣམས་ཀྱིས་ཐ་སྙད་ལ་བསྐུར་པ་འདེབས་པའི་ཆད་མཐའ་སྤངས་ཏེ་བླང་བར་འོས་པ་ཉིད་དོ། །འོན་ཀྱང་བདེ་སྡུག་གི་གཙོ་བོའི་བྱེད་པ་པོ་གཟའ་སྐར་ལ་སོགས་པ་ཡིན་ནམ་སྙམ་དུ་མི་རྟོག་སྟེ། འགྲེལ་ཆེན་གྱི་ལུང་གོང་མའི་འཕྲོས་ལས། སྐད་ཅིག་གཅིག་ལ་སྐྱེས་རྣམས་ཀྱི། །སྐྱེས་རབས་ཐ་དད་ཐ་དད་འབྲས། །རང་རང་འབྲས་ལ་ཉེར་སྤྱོད་པས། །དེ་རྣམས་འབྲས་བུ་གཅིག་པ་མིན། །གཡུལ་དང་ནགས་བསྲེག་པ་དང་ནི། །ཉ་པས་རྒྱ་ནི་བཅིངས་པ་ལ། །གང་གི་ལུས་ཅན་མང་པོ་རྣམས། །ཅིག་ཅར་དུ་ནི་འཆི་བར་འགྱུར། །ལུས་ཅན་རྣམས་ཀྱི་བསོད་ནམས་ཀྱིས། །ཚེ་སྟོབས་བརྩོན་འགྲུས་རྫུ་འཕྲུལ་དང་། །སྐལ་བཟང་གཟུགས་ཉིད་སྡིག་པས་ནི། །ཚེ་དང་བརྩོན་འགྲུས་རྫུ་འཕྲུལ་ཉམས། །ཞེས་དང་། ཏོག་གཟུངས་ལས་ཀྱང་། དྲང་སྲོང་སྐར་མ་ལ་དགའ་བས། །ཇི་ལྟར་ཁྱོད་ནི་རྒྱལ་ལ་སྐྱེས། །མཚན་མཆོག་དག་ནི་རབ་ཏུ་གདའ། །ཞེས་སོགས་གསོལ་བའི་ལན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་རྟོག་པའི་སྤྱོད་ཡུལ་ཅན། །བྱིས་པ་གང་ལ་ཆགས་འདུག་པ། །དེ་ནི་བྱིས་པ་རྨོངས་པ་སྟེ། །སེམས་ལ་གནས་ཤིང་རིམས་ནད་བཅས། །ཁྱི་དང་སྦྲུལ་དང་རུས་སྦལ་དང་། །སྲོག་ཆགས་གཞན་ཡང་རྣམ་མང་པོ། །སྐར་མ་རྒྱལ་ལ་གང་སྐྱེས་པ། །དེ་དག་བདེ་བ་བརྟེན་མ་ཡིན། །ཞེས་སོགས་གསུངས་པས་སོ། །དེའི་ཕྱིར་ན་གནས་འདི་དག་ལ་ཧ་ཅང་མངོན་རྟགས་སུ་འཛིན་པའི་རྟག་མཐའ་ཡང་སྤང་བར་བྱའོ་ཞེས་གདམས་སོ། །གསུམ་པ་ནི། དེ་ལྟར་བསྟན་བཅོས་བརྩམས་པ་ལ་འབད་པའི་བསོད་ནམས་ཀྱི་ཆུ་གཏེར་ཆེན་པོ་བསྲུབས་པ་ལས་སྐྱེས་པའི་ལེགས་བཤད་ཉིན་མོར་བྱེད་པ་ལྟ་བུའི་བསྟན་བཅོས་འདི་ཉིད་འགྲོ་བ་མ་ལུས་པའི་དཔལ་དུ་ཤར་བ་ཙམ་གྱིས་ནི་མ་རིག་མུན་པའི་དཔུང་རྣམས་སྐད་ཅིག་གཅིག་གིས་མིང་མཐར་བྱེད་ཅིང་ཡེ་ཤེས་ཀྱི་སྣང་བ་བླ་ན་མེད་པ་དག་ཀུན་ནས་རྒྱས་པར་གྱུར་ཅིག་ཅེས་བསྔོས་པ་སྟེ། རྗོད་བྱེད་རིག་བྱེད་ཀྱི་གཏམ་དང་སྦྱར་བའི་གཟུགས་ཅན་གྱི་རྒྱན་དུ་བྱས་པའོ། །བཞི་པ་ནི། རྩིས་ཀྱི་མན་ངག་སོགས་ཏེ། དེ་ལྟར་བརྩམས་པའི་བསྟན་བཅོས་འདི་ཉིད་གང་གི་དྲིན་ལས་གང་ཟག་གང་གིས་དུས་གང་གི་ཚེ་གནས་གང་དུ་སྦྱར་བའི་ཚུལ་རྫོགས་ཚིག་དང་བཅས་པ་བསྟན་པའི་རྣམ་བཤད་བརྗོད་ཟིན་ནས། ད་ནི་འགྲེལ་པ་ཉིད་ཀྱི་དོན་བསྡུ་བ་བརྗོད་པར་བྱ་སྟེ། དེ་ཡང་གཞུང་ཡིག་ཚོགས་ཆེས་པའི་དབང་གིས་ཐར་ཆགས་སུ་འབྲུ་གནོན་གྱི་བཤད་པ་ཞིབ་མོ་བགྱིས་ན་ཧ་ཅང་ཡང་ཡི་གེ་མང་པས་རྣམ་བཤད་འདི་ཉིད་བརྒྱུད་མར་འཕེལ་བའི་གེགས་སུ་འགྱུར་དུ་དོགས་ནས། དཀའ་བའི་གནས་རྣམས་ཅུང་ཟད་འབྱམས་ཀླས་པར་བཀྲལ། གོ་སླ་བ་རྣམས་བསྡུས་དོན་གྱིས་བཅིངས་ཏེ། དམར་ནག་སྤེལ་བ་ཁོ་ན་གཙོ་བོར་མ་བཏོན་པའི་ཚིག་ཉུང་དོན་རྒྱས་ཀྱི་རྣམ་བཤད་འདི་ཉིད་དགེ་བར་མཐར་ཕྱིན་ཏོ། །འདིར་སྨྲས་པ། རྒྱུད་འགྲེལ་གྲུབ་མཐའི་དགོངས་དོན་གསལ་བྱེད་པ། །སྐར་རྩིས་ཉིན་མོར་བྱེད་པའི་སྣང་བ་ཅན། །རྣམ་དཔྱོད་བརྩོན་པའི་གསེར་གྱི་ཤིང་རྟ་ཡིས། །གངས་ཅན་གོ་ལའི་མཁའ་ལ་དེང་འདིར་དྲངས་། །གང་གི་ཚིག་དོན་འོད་སྣང་བྱེ་བའི་ཟེར། །ལྷུངས་པས་ལེགས་བཤད་པདྨོ་གཡུར་ཟ་ལྡེམ། །དེ་ཡིས་སྐལ་བཟང་བུང་བའི་ཚོགས་སྐྱོང་ཞིང་། །ལྷན་ཅིག་ལོག་རྩིས་མུན་པ་ཅི་ཡང་བསལ། །གཞན་ལ་འགྲན་དང་གཞན་གཞུང་འཇིག་པ་དང་། །རང་གི་རྙེད་གྲགས་སྒྲུབ་ཕྱིར་འདི་མ་བརྩམས། །གསར་ངས་ཀྱིས་འཚེ་དེང་དུས་སྐྱེ་བོ་རྣམས། །རིག་པ་མཆོག་ལ་འཇུག་ཕྱིར་ངས་འདི་སྨྲས། །ཤེས་རློམ་གྲགས་འབར་ཤེས་རབ་རྩལ་མེད་ཀྱིས། །ཀུན་ཏུ་བསླད་པས་ཀུན་ཀྱང་གྲགས་ཕྱིར་འབྲེང་། །ལེགས་བཤད་ཉེས་བཤད་རིན་ཐང་མཉམ་པའི་དུས། །འདི་ན་ཚུལ་འདིར་འབད་པའི་ངལ་བས་ཅི། །འོན་ཀྱང་དམ་པའི་གསུང་གིས་བསྐུལ་བ་དང་། །ཁྱད་པར་མཚུངས་མེད་རྗེ་བཙུན་བླ་མའི་བཀའ། །རི་གཟར་རྦབ་བཞིན་གྱེན་དུ་མ་ལྡོག་པས། །གཉོས་ཀྱི་བན་ཆུང་དྷརྨ་ཤྲཱིས་སྦྱར། །སྦྱང་སྟོབས་བློ་གྲོས་ལམ་ལ་མ་འདྲིས་ཤིང་། །རང་བཞིན་གྱིས་གྲུབ་སྤོབས་པའི་ས་མཁན་བྲལ། །དད་བརྩོན་གོམ་སྟབས་འཁྱོར་བས་ཉེས་བཤད་ཀྱི། །ལམ་དུ་འཕྱན་རྣམས་མཁས་པས་བཟོད་པར་བཞེས། །འདིས་ཐོབ་རྣམ་དཀར་དགེ་བའི་ཕུང་པོ་དྲི་མེད་ཟླ་བ་གསར་པའི་གདོང་། །ཉེས་བརྒྱའི་མུན་པ་ཀུན་ནས་བཅིལ་ལ་མི་ལྡོག་འོད་དཀར་བྱེ་བ་ཅན། །ཅི་ཡང་སྤྲོ་བའི་ངོ་མཚར་སྣང་བས་ཐུབ་བསྟན་ཀུན་དཱ་བཞད་པ་དང་། །འགྲོ་འདིའི་བློ་ངན་མཚན་མོའི་མུན་སྟུག་སེལ་བའི་གཉེན་དུ་མཛེས་གྱུར་ཅིག །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་པར་འགྲེལ་པ་གསེར་གྱི་ཤིང་རྟ་ཞེས་བྱ་བ་འདི་ནི། ཕུལ་དུ་བྱུང་བའི་ཡོན་ཏན་དཔག་ཏུ་མེད་པས་སྤྲས་པའི་མི་དབང་ཆོས་རྒྱལ་ཆེན་པོ་ཧྱེ་ནུ་ཤྲཱི་ཀུན་དགའ་བསོད་ནམས་ལྷུན་གྲུབ་པའི་བཀའ་ལུང་རིམ་པར་སྩལ་བ་དང་། བོད་ཀྱི་ལྷ་བཙན་པོའི་གདུང་བརྒྱུད་དུ་འཁྲུངས་ཤིང་སྐར་ནག་གི་རྩིས་ཚུལ་རྒྱ་མཚོའི་དབུས་ན་བཞུགས་པ་ཞང་པོ་དྲུང་པ་ཡབ་སྲས་བསོད་ནམས་རབ་བརྟན། ཚེ་དབང་མི་འགྱུར་རབ་བརྟན། ཀྱིས་ཀྱང་ཕུག་ལུགས་ཀྱི་ཡི་གེ་འཐོར་བ་རྣམས་བསྡུས་པའི་གཞུང་ཆེ་བ་ཞིག་བརྩམ་ཅི་ཐུབ་གྱིས་ཞེས་རིང་མོ་ནས་བསྐུལ་བར་མཛད་པ་དང་། དེ་དག་གི་སྐུལ་མར་རང་གི་གཅུང་བློ་གྲོས་ཀྱི་ཁང་བཟང་ཡོན་ཏན་གྱི་ནོར་བུས་གང་བ་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོ་དང་། གསོ་རིག་རྒྱ་མཚོའི་མཐར་སོན་ཞིང་སྐར་ནག་གི་རྩིས་ཚུལ་ལའང་མ་རྨོངས་པ་རྒྱ་བཙུན་ངག་དབང་དཔལ་བཟང་གཉིས་ཀྱིས་ཀྱང་ནན་ཏན་ཆེན་པོས་བསྐུལ་ཞིང་། ཁྱད་པར་དུའང་མཁྱེན་རབ་དང་ཐུགས་རྗེ་ཚད་མེད་པའི་བདག་ཉིད་མཚན་བརྗོད་པར་དཀའ་བ་རྗེ་བཙུན་ཐམས་ཅད་མཁྱེན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའི་གསང་བས་འདི་ལྟར་མྱུར་དུ་འགྲུབ་པར་གྱིས་ཞེས་རྗེས་སུ་གནང་བ་དད་བརྒྱའི་གཙུག་གིས་གུས་པར་མཆོད་དེ། རྗེ་བཙུན་དམ་པ་དེ་ཉིད་རིགས་ཀྱི་ཅོད་པན་དུ་ཐོབ་ཅིང་། པཎ་ཆེན་རྒྱལ་བའི་སྲས་པོ་བསྟན་པའི་ཉི་མ་དང་། མཁས་དབང་ལྡུམ་པོ་བ་ཆེན་པོ་དོན་གྲུབ་དབང་རྒྱལ། རྒྱ་སྟོན་ནུབ་རི་བ་སོགས་དམ་པ་དུ་མའི་དྲིན་ལས་རྩིས་ལ་བློ་བྱང་བའི་གཉོས་བཙུན་དྷརྨ་ཤྲཱིས་གཞུང་བརྩམས་པའི་ཕྱི་ལོ་ལེའུ་བཞི་པ་ཡན་ཆད་གྲུབ་པར་བྱས་ཤིང་། དེ་མན་ཆད་རང་ལོ་སོ་གསུམ་པ་ཉེས་ཚོགས་ཟད་བྱེད་ཀྱི་ལོ་མཆུ་ཟླ་བའི་ཚེས་བཅོ་བརྒྱད་ལ་དབུ་གཙུགས་ཏེ་ནག་པས་ཉ་བའི་དུས་ཆེན་གྱི་ཉིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭའི་གཙུག་ལག་ཁང་ཆེན་པོར་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་གསུང་རབ་ཀྱི་བརྡ་དག་རྣམས་ལ་སྒྲིན་ཞིང་རིགས་པར་སྤྱོད་པའི་བློའི་ནོར་ཅན་དགེ་སློང་དགེ་བའི་བཤེས་གཉེན་ཨོ་རྒྱན་དཔལ་འབྱོར་གྱིས་མཛད་པའོ། །ཕྱིས་མྱོས་ལྡན་ས་ཡོས་ཀྱི་ལོ་གཞུང་དང་མཉམ་དུ་རྩོམ་པ་པོ་རང་ཉིད་ཀྱིས་ཞུ་དག་ཅུང་ཟད་བགྱིས་སོ།། །།

ༀ་སྭ་སྟི། དཔལ་ལྡན་རྒྱུད་རྒྱལ་རོལ་མཚོ་ལས་དྲངས་པའི། །སྐར་རྩིས་གྲུབ་མཐའ་རིན་ཆེན་མཐོང་མཐིང་ཀ། ནོར་བུའི་དོ་ཤལ་འཕྱངས་པའི་མིག་འཕྲུལ་ཅན། །དབྱངས་ཅན་གཉིས་པ་ངག་ལ་དབང་བའི་ལྷ། །༡ཆོས་དཔལ་རྒྱ་མཚོའི་མཁྱེན་རབ་ལས་འཁྲུངས་པའི། །ལེགས་བཤད་རྨད་བྱུང་ཉིན་བྱེད་སྣང་བའི་དཔྱིད། །གསེར་གྱི་ཤིང་རྟས་ཤར་རི་ནས་དྲངས་པའི། །སྔོན་མེད་ངོ་མཚར་སྒྲོན་མེ་འདི་ན་འཆར། །༢ཕྱི་ཚུལ་རྟེན་འབྱུང་རི་གླིང་བཀོད་པ་དང་། །ཉི་ཟླ་གཟའ་སྐར་རྟེན་གཡོའི་ཆོས་སོ་ཅོག །ཕུང་ཁམས་རྩ་རླུང་འབྱུང་བའི་སྐྱེ་སྡུད་ཀྱི། །སྣང་བ་ལས་གཞན་ཕྱི་རོལ་བྱེད་པོས་སྟོང་། །༣དེས་ན་སྐར་རྩིས་ཟབ་གནད་ཕྲ་ཞིབ་གཟུགས། །ལེགས་པར་མཐོང་བའི་བློ་གྲོས་མིག་ལྡན་ན། །ཇི་སྙེད་ཤེས་བྱ་གཟིགས་པའི་རྣམ་མཁྱེན་ཐུགས། །བདེ་བླག་རྙེད་པའི་གོ་སྐབས་སུ་ཡིས་ཁེགས། །༤ཕྱི་ནང་གཞན་གསུམ་མཚུངས་པའི་བདེན་འབྲས་ཀྱིས། །ལྐོག་གྱུར་ལེགས་ཉེས་གསལ་བའི་ངེས་པ་འདིས། །ཕུང་ཁམས་གདོད་ནས་དག་པ་ཕྱག་རྒྱའི་ལྷར། །ཡོངས་སུ་ཤེས་པའི་རྒྱུད་དོན་ངང་གིས་རྟོགས། །༥སྒྲིབ་གཉིས་ཆུ་འཛིན་གཡོ་བའི་འདུ་བྱེད་ཅན། །ཚོགས་གཉིས་རླུང་གིས་གཏོར་བའི་ལག་རྗེས་སུ། །མཁྱེན་གཉིས་མཁའ་ཉི་དྭངས་གསལ་མཉམ་བཞག་ངོར། །རྣམ་གཉིས་ཕན་གནོད་སྤྲོས་པ་མ་དམིགས་ཀྱང་། །༦རྟེན་འབྱུང་ཡན་ལག་ཕུང་པོ་མ་ཉམས་པ། །ཕུང་ལྔའི་ཤིང་རྟ་སྲིད་ལམ་བསྐྱོད་དེ་སྲིད། །ལེགས་ཉེས་དཔྱད་རིག་ཤེས་རབ་མིག་བྲལ་ན། །ལོག་ལམ་བས་མཐའི་གཡང་སར་ལྷུང་དུ་དོགས། །༧དེང་དུས་ཐ་སྙད་ལུང་སྟོན་བླ་མཁྱེན་པར། །མངོན་པའི་རློམ་འཆང་སྤར་སྨེའི་སྐོར་རྩིས་ཙམ། །ལེགས་པར་མ་ཕྱིན་བྱིས་པ་འབྲིད་མཐོང་ནས། །སྐྱོ་བའི་ཡིད་འདི་མྱ་ངན་ཁང་བུར་ཞུགས། །༨དེ་ཕྱིར་རྒྱུད་དོན་རབ་གསལ་གཞུང་འདི་དག །དབུལ་པོའི་ཁྱིམ་གྱི་གཏེར་བཞིན་ལྐོག་གྱུར་ཏུ། །ཡིབ་པར་འཕོངས་ནས་བསྟན་རྒྱུན་ལ་ཕན་ཕྱིར། །ལྷག་བསམ་འབད་རྩོལ་གྱིས་བརྐོས་པར་འདི་བསྐྲུན། །༩འདིས་མཚོན་དུས་གསུམ་བསགས་པའི་རྣམ་དཀར་ལས། །ཟད་མེད་ནམ་མཁའི་མཛོད་ལ་དབང་བསྒྱུར་བའི། །སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་བསྔོ་སྨོན་གྱི། །མཐུན་འགྱུར་སྲས་བཅས་རྒྱལ་བས་གྲོགས་མཛོད་ཀྱེ། །༡༠བདག་དང་འབྲེལ་ཐོགས་མ་གྱུར་སེམས་ཅན་ཀུན། །འགྱུར་མེད་བདེ་ཆེན་ལྷན་སྐྱེས་གཉུག་མའི་ཁམས། །གཞི་རྒྱུད་ཡེ་ཤེས་འབྲས་བུའི་སྐུར་སྨིན་པ། །དུས་ཀྱི་འཁོར་ལོའི་གོ་འཕང་མྱུར་ཐོབ་ཤོག །༡༡རྣམ་དཀར་བྱེད་པོས་སོ།། །།