cover

སྔ་འགྱུར་སྨིན་གླིང་དཔེ་ཚོགས།

པོད་དགུ་པ།

རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ།

འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པ་གྱུར་པ་མཁན་རིན་པོ་ཆེ་ཤེས་བྱ་ཀུན་ག༷ཟིགས་སོགས་ཀྱིས་བླ་ན་མེད་པའི་མཛད་རྒྱས་ལ་བརྟེན་ནས་པར་དུ་བསྐྲུན་གནང་བའི་སྔ་འགྱུར་སྨིན་གླིང་དཔེ་ཚོགས་ཞེས་པའི་དེབ་ཕྲེང་ཉི་ཤུ་རྩ་ལྔའི་གྲངས་ལྡན་མཐའ་མའི་ཞུ་དག་ཅན་འདིར་གནང་འབྱོར་བྱུང་བ་ལགས་ན། སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།

ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

ཀླད་ཀྱི་དོན།

༄༅། །ཨམྲྀཏསྱག །རྦྷནཱམཱབྷིསམཡཱལཾཀཱརསཊཱིཀསྱསམནྱཱརྠབིཛཧར། །

༄༅། །མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་སྤྱི་དོན་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་སྤྱི་དོན་སྙིང་པོར་དྲིལ་བ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བླ་མེད་མཁྱེན་གསུམ་ཆ་ཤས་ཡོངས་རྫོགས་ཤིང་། །སྦྱོར་བཞིའི་མན་ངག་རི་དྭགས་མཚན་མས་བཀྲ། །ཆོས་སྐུའི་འོད་ཀྱིས་ཕན་བདེ་པདྨོའི་ཚལ། །རྒྱས་བྱེད་རྒྱལ་ཡུམ་ཟླ་བས་ཤིས་པར་མཛོད། །སྟོབས་བཅུའི་བདག་ཉིད་སྟོན་མཆོག་ཐུབ་པའི་དབང་། །རྒྱལ་ཚབ་ཐུ་བོ་རྗེ་བཙུན་མི་ཕམ་མགོན། །ངེས་དོན་སྙིང་པོའི་འོད་ཀྱིས་མ་རིག་མུན། །མཐར་མཛད་འཕགས་པ་ཐོགས་མེད་རྒྱལ་གྱུར་ཅིག །མཁས་མང་ཟུར་ཕུད་རྒྱན་གཅིག་དབྱིག་གི་གཉེན། །ཐར་ལམ་རྡོ་རྗེའི་བྱེད་པོ་རྣམ་གྲོལ་ཏེ། །ལེགས་བཤད་བདུད་རྩིའི་མཆོག་སྦྱིན་སེང་བཟང་སོགས། །ཤེར་ཕྱིན་བརྒྱུད་པའི་བླ་མ་ཕྱག་གི་གནས། །ཁྱད་པར་འཇིག་རྟེན་མིག་གྱུར་གཡག་རོང་ཟུང་། །རབ་འབྱམས་ཤེས་བྱ་ཀུན་གཟིགས་སངས་རྒྱས་འཕེལ། །འཇམ་དབྱངས་གྲུབ་པའི་ཟློས་གར་ཕན་དང་བདེས། །ཀུན་ཏུ་དགའ་མཛད་ཆོས་ཀྱི་བཟང་པོའི་མཚན། །མི་འགྱུར་དོན་དམ་ཟུང་འཇུག་ཆོས་ཀུན་གཤིས། །སྨྲ་བསམ་བརྗོད་དུ་མེད་པའི་ཡང་དག་དོན། །རྡོ་རྗེའི་ལམ་བཟང་གསལ་མཛད་གཏེར་བདག་གླིང་། །རྣམ་ཀུན་བྱང་ཆུབ་བར་དུ་གཙུག་གིས་མཆོད། །ངག་ཚིག་ཡུལ་འདས་ཕ་རོལ་ཕྱིན་ཀུན་ལ། །དབང་འབྱོར་ཇི་སྙེད་ཤེས་བྱའི་ཆོས་ཀྱིི་དཔལ། །ཅིག་ཆར་སྨྲ་བའི་བརྟུལ་ཞུགས་མཐུ་གྲུབ་པས། །སྐལ་བཟང་རྒྱ་མཚོའི་མགོན་གྱུར་དེར་ཕྱག་འཚལ། །རྣམ་དག་ལུང་རིགས་འོ་ཆབ་དཀར་པོའི་རྫིང་། །རྨད་བྱུང་ལེགས་བཤད་རྒྱ་མཚོར་འཁྱིལ་བ་གང་། །ཐོས་བརྩོན་གསེར་གྱི་ལྕུག་མས་བསྲུབས་པའི་འབྲས། །མན་ངག་རྩི་བཅུད་བདུད་རྩིའི་ཉིང་ཁུར་གྲུབ། །

དེ་ཡང་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་སོ་སོའི་མོས་བློ་དང་རྗེས་སུ་མཚུངས་པར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་རྣམས་ཀྱི་ནང་ནས། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དུ་གྲགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྒྱས་འབྲིང་བསྡུས་གསུམ་ཆ་ལག་དང་བཅས་པ་དང་། དེའི་སྦས་དོན་མངོན་པར་རྟོགས་པའི་རིམ་པ་རྣམས་རྒྱལ་ཚབ་མ་ཕམ་མགོན་པོས་དངོས་བརྒྱད་དོན་བདུན་ཅུའི་སྒོ་ནས་གསལ་བར་མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་དང་། དེ་དག་གི་དགོངས་འགྲེལ་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་འགྲེལ་ཆུང་དོན་གསལ་དང་བཅས་པའི་སྤྱི་དོན་རྣམ་པར་བཞག་པ་ལ།

རྒྱན་གྱི་བཤད་པ་ལ་འཇུག་པའི་ཡན་ལག །

བཤད་པ་ཉེ་བར་འགོད་པ། བཤད་པ་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ། དང་པོ་ལ། ཤེས་རབ་ཕ་རོལ་ཕྱིན་པ་ལ། ཞེས་སོགས་ཤོ་ལོ་ཀ་བརྒྱད། འདི་ལ་གཞུང་གི་འབྲེལ་དང་། སོ་སོའི་དཀའ་གནས་ལ་དཔྱད་པ་གཉིས། དང་པོ་ལ། མཁས་པ་སྔ་མའི་ལུགས་བརྗོད་པ་དང་། རང་ལུགས་བཞག་པ་གཉིས། དང་པོ་ལ་གསེར་གླིང་བས་བཏང་སྙོམས་ཀྱིས་བཤད་པ། འབུམ་ཕྲག་གསུམ་པ་ལོ་ཆེན་དང་བཅས་པས་འཇམ་པོས་བཤད་པ། ཤེར་འབྱུང་བློ་གྲོས་ཀྱིས་རྩུབ་མོས་བཤད་པ་མཛད་ཚུལ་དང་གསུམ། དང་པོ་ནི། དེའི་འགྲེལ་པར། མཆོད་བརྗོད་བཤད་པའི་རྣམ་གྲངས། རང་ཉིད་ཀྱི་ཤེས་རབ་ཀྱི་ཆེ་བ། གཞན་གྱིས་ཀྱང་འགྲེལ་པ་རྩོམ་རིག་པ། ཁེངས་པ་བསྐྱུངས་ཏེ་འགྲེལ་པ་རྩོམ་པ་ལ་སྤྲོ་བ་སྐྱེ་ཚུལ་ཏེ་ལྔ་པོ་རིམ་བཞིན་ཤླཽ་ཀ་གཅིག་དང་། བཞི་དང་། རེ་རེས་བསྟན་པར་བཞེད། གཉིས་པ་ནི། རྣམ་པར་དབྱེ་ཞེས་པ་ལས་འཕྲོས་ནས། འགྲེལ་པ་འདི་ཉིད་ཇི་ལྟར་རྩོམ་ན་བླ་མ་སྔ་མའི་མན་ངག་ལ་བརྟེན་ནས་རང་བཟོས་མ་བསླད་པར་འཆད་ཅེས་སྟོན་པ་ལ། འགྲོ་ལ་ཆགས་པས་ཞེས་སོགས་བྱུང་བར་བཞེད། གསུམ་པ་ནི། རྣམ་པར་དབྱེ་ཞེས་པ་ལས་འཕྲོས་ནས། ཐོགས་མེད་ལ་སོགས་པ་བླ་མ་སྔ་མའི་འགྲེལ་པ་མཐོང་བས་རང་བཟོའི་སྐྱོན་མེད་ཅེས་འཆད་པ་ལ། འགྲོ་ལ་ཞེས་སོགས་ཤོ་ལོ་ཀ་བཞི་དང་། དེ་རྣམས་ཀྱིས་རྒྱན་གྱི་དགོངས་པ་འགྲེལ་པ་ལ་རིམ་བཞིན། མ་རྟོགས། ལོག་རྟོག །ཐེ་ཚོམ། རྨོངས་པའི་དྲི་མ་རྣམས་སེལ་མ་ནུས་ལ། དོན་གསལ་འདི་དེ་ལྟར་མ་ཡིན་པས་ཟློས་སྐྱོན་མེད་ཅིང་འགྲེལ་པ་གཞན་རྣམས་ལས་ཡ་མཚན་ཆེ་བ་ཡིན་ནོ་ཞེས་འཆད་པ་ལ། དེ་ལྟར་ཞེས་སོགས་ཤོ་ལོ་ཀ་གསུམ་བྱུང་བར་བཞེད།

གཉིས་པ་ནི། འདིར་ནི་རོང་སྟོན་ཤེས་བྱ་ཀུན་རིག་གི་ཊཱི་ཀ་བར་མའི་བཞེད་པས་ཤོ་ལོ་ཀ་བརྒྱད་ཀྱི་དོན་བསྡུ་ན། མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ། རྒྱན་གྱི་བཤད་པའི་རྣམ་གྲངས་བཀོད་པ། འགྲེལ་པ་ཇི་ལྟར་བརྩམས་པའི་ཚུལ་དང་གསུམ་དུ་འདུས་ཤིང་། དེ་དག་རིམ་བཞིན། ཤོ་ལོ་ཀ་གཅིག་དང་། བཞི་དང་། གསུམ་གྱིས་བསྟན་ཏོ། །གཉིས་པ་ལ། མཐའ་དཔྱད་པ་དང་། ངག་དོན་གཉིས། དང་པོ་ལ། དོན་གསལ་གྱི་དགོས་སོགས་ཆོས་བཞི་ངོས་བཟུང་། གཞུང་ལས་བསྟན་ཚུལ། འཕྲོས་དོན་གཞན་བཤད་པ་དང་གསུམ། དང་པོ་ནི། འོག་ཏུ་རྒྱན་རྩ་བའི་དགོས་འབྲེལ་འཆད་པར་འགྱུར་བ་ལས་དཔགས་ཏེ་ཤེས་སོ། །གཉིས་པ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ། ཞེས་པས་བརྗོད་བྱ་དང་། ཉིང་དགོས་བསྟན། རྣམ་པར་དབྱེ་ཞེས་པས་དགོས་པ་བསྟན། འབྲེལ་བ་ཤུགས་ལ་བསྟན་ནོ། །གསུམ་པ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ། ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ཤེར་ཕྱིན་དེ་གཞུང་གཞི་ལམ་འབྲས་བུའི་ཤེར་ཕྱིན་གསུམ་པོ་གང་ལ་བྱེད་སྙམ་ན། རང་ལུགས་ནི། མཆོད་བརྗོད་དང་རྩོམ་པར་དམ་བཅའ་གཉིས་ཀའི་སྐབས་ཀྱི་ཤེར་ཕྱིན་ལ་གསུམ་ཀ་ཡོད་པར་འདོད་དེ། འདི་བསྟན་བཅོས་ལུས་ཀྱི་བརྗོད་བྱ་དང་མཐུན་པའི་མཆོད་བརྗོད་གང་ཞིག །གསུམ་ཀ་ཡང་རྒྱན་འགྲེལ་པ་དང་བཅས་པའི་བརྗོད་བྱའི་གཙོ་བོ་ཡིན་པའི་ཕྱིར། གཉིས་པ་ནི། སློབ་དཔོན་སེང་གེ་བཟང་པོས་འགྲེལ་པ་དོན་གསལ་རྩོམ་པའི་ཐོག་མར་མཆོད་བརྗོད་དང་རྩོམ་པར་དམ་བཅའ་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། བསྟན་བཅོས་རྩོམ་པའི་བར་ཆད་ཞི་བ་དང་། རྩོམ་པ་མཐར་ཕྱིན་པའི་ཆེད་ཡོད་པའི་ཕྱིར། འགྲོ་ལ་ཆགས་པས་ཀུན་ཆགས་མཛད། ཅེས་པའི་སྐབས་སུ་གཉིས་ཀྱི་དང་པོ་ལ། བསྟན་བཅོས་སྤྱིའི་མཐའ་དཔྱད་པ་དང་། འདིར་བསྟན་གྱི་བསྟན་བཅོས་ཆེན་པོ་ངོས་བཟུང་བ་གཉིས། དང་པོ་ལ། སྤྱིར་བསྟན་བཅོས་ལ། ས་སྡེ་ལས། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་སྙིང་བྲལ་སྡུག་བསྔལ་སྤོང་། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་རྣམ་པ་དགུ་ཡིན་ནོ། །ཞེས་པ་ལྟར་ཡིན་ལ། བསྡུ་ན། ལྟར་སྣང་དང་ཡང་དག་གཉིས་སུ་འདུ་ཞིང་། མཚན་ཉིད་ནི། གཙོ་བོར་བསྟན་བཅོས་རྩོམ་པའི་བསམ་པས་ཀུན་ནས་བསླངས་ཏེ། རང་གི་ཞེ་འདོད་ཀྱི་གྲུབ་མཐའ་གཞན་ལ་བསྟན་པའི་ཕྱིར་དུ་བསྡེབས་པ་ལུང་གི་བསྟན་བཅོས་སྤྱིའི་མཚན་ཉིད། བསྟན་བཅོས་གང་ཞིག །ཁྱད་ཆོས་བཞི་པོ་གང་རུང་དང་བྲལ་བ་བསྟན་བཅོས་ལྟར་སྣང་གི་མཚན་ཉིད། དེ་གང་ཞིག །ཁྱད་ཆོས་བཞི་དང་ལྡན་པ་བསྟན་བཅོས་རྣམ་དག་གི་མཚན་ཉིད། ཁྱད་ཆོས་བཞི་ནི། རྒྱུད་བླར། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་གསུངས་པས། བསམ་པ་ཀུན་སློང་གི་ཁྱད་པར། རྗོད་བྱེད་ཚིག་གི་ཁྱད་པར། བརྗོད་བྱ་དོན་གྱི་ཁྱད་པར། དགོས་པ་བྱེད་ལས་ཀྱི་ཁྱད་པར་རོ། །གཞན་ཡང་བསྟན་བཅོས་ཀྱི་སྒྲ་དོན་དབྱེ་བ་སོགས་དུ་མ་ཡོད་ཀྱང་འདིར་དེ་ཙམ་མོ། །གཉིས་པ་ནི། ཤེར་ཕྱིན་གྱི་མདོ་དང་མངོན་རྟོགས་རྒྱན་གཉིས་ཀ་ཡང་འདིར་བསྟན་གྱི་བསྟན་བཅོས་ཆེན་པོ་ཡིན་ཏེ། ཉི་ཁྲི་དེ་ཉིད་རྣམ་ངེས་དེ་ཤེར་ཕྱིན་གྱི་མདོ་དང་མངོན་རྟོགས་རྒྱན་གཉིས་ཀའི་རྣམ་བཤད་ཡིན་པའི་ཕྱིར། ཊཱི་ཀ་ལས། གང་གི་རྣམ་བཤད་མཛད་ཅེ་ན། བསྟན་བཅོས་ཆེན་པོ་མངོན་པར་རྟོགས་པའི་རྒྱན་མདོ་དང་བཅས་པའི་འོ། །ཞེས་སོ། །དེས་ན་འདིར་བསྟན་གྱི་བསྟན་བཅོས་ཆེན་པོ་ཡིན་ན་བསྟན་བཅོས་ཡིན་པས་མ་ཁྱབ་བོ། །ངག་དོན་ནི། འཕགས་པ་ཐོགས་མེད་ཆོས་ཅན། རྒྱན་གྱི་རྣམ་བཤད་མཛད་པ་ཡིན་ཏེ། རྒྱན་གྱི་རྣམ་བཤད་ཉི་ཁྲི་དེ་ཉིད་རྣམ་ངེས་མཛད་པའི་ཕྱིར།

༈ གཉིས་པ་བཤད་པ་ཉེ་བར་དགོད་པ་ལ། གུས་པས་འཇུག་པའི་ཡན་ལག་མཆོད་བརྗོད། བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ། བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པ་དང་གསུམ། དང་པོ་ལ། གཞུང་སྤྱིའི་འབྲེལ་དང་། སོ་སོའི་དཀའ་གནས་ལ་དཔྱད་པ་གཉིས། དང་པོ་ནི། མཆོད་བརྗོད་ཀྱི་ཚིགས་བཅད་འདི་མཚམས་སྦྱར་སོགས་འཆད་ཐབས་ལྔའི་སྒོ་ནས་འཆད་ཅིང་། མཚམས་སྦྱར་ལ། རྒྱུ་མཚན་གྱི། དགོས་པའི། རྩོད་པའི། དྲིས་ལན་གྱི། སྔར་འགྲེལ་གྱི་སྒོ་ནས་མཚམས་སྦྱར་བ་སོགས་དུ་མ་ཡོད་པའི་ནང་ནས་འདི་དགོས་པའི་མཚམས་སྦྱར་བ་ཡིན་ནོ། །འོ་ན་རྒྱན་རྩོམ་པའི་ཐོག་མར་སྤྱིར་མཆོད་བརྗོད། བྱེ་བྲག་མཁྱེན་གསུམ་ལ་མཆོད་པར་བརྗོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། རང་ཉིད་དམ་པའི་སྤྱོད་པ་དང་མཐུན་ཞིང་དེ་ལ་གདུལ་བྱ་གཞན་འཇུག་པའི་དགོས་པ་ཡོད་ཅེས་འཆད་པ་ལ། འཕགས་པ་བྱམས་པ་ཞེས་སོགས་བྱུང་། མཁྱེན་གསུམ་གྱིས་མཚོན་པའི་དངོས་བརྒྱད་དོན་བདུན་ཅུ་དང་བཅས་པ་རྒྱན་གྱི་བརྗོད་བྱའི་གཙོ་བོར་རྟོགས་ནས་རྒྱན་གྱི་གདུལ་བྱ་ཡུམ་མཁྱེན་གསུམ་ལ་ཐོས་བསམ་སྒོམ་གསུམ་གྱིས་ཞུགས་ཏེ། མཐར་རྣམ་མཁྱེན་ཐོབ་ཕྱིར་བྱེ་བྲག་མཁྱེན་གསུམ་ལ་མཆོད་པར་བརྗོད་ཅེས་འཆད་པ་ལ། གཞན་དག་ཅེས་སོགས་བྱུང། མཆོད་བརྗོད་ཀྱི་དོན་བསྡུ་ན། མཁྱེན་གསུམ་གྱི་སྤངས་རྟོགས་དང་། མཛད་པ་ཕྲིན་ལས་ཀྱི་ཡོན་ཏན་བརྗོད་བྱར་འདུས་ཞེས་བསྡུས་དོན་འཆད་པ་ལ། འདིས་ནི་ཞེས་སོགས་བྱུང་། མཆོད་བརྗོད་ཀྱི་ཚིགས་བཅད་འདི་ལ་བརྟེན་ནས་རྒྱན་གྱི་གདུལ་བྱ་དབང་རྟུལ་མཁྱེན་གསུམ་ལ་དད་པ་སྐྱེ་བ་དང་། དབང་རྣོན་མཁྱེན་གསུམ་གྱིས་འཕགས་བཞིའི་བཞེད་དོན་སྒྲུབ་ཚུལ་གྱི་རྒྱུ་མཚན་མཐོང་བས་ཡུམ་ལ་དད་པ་སྐྱེ་བ་དངོས་ཀྱི་དགོས་པ་ཡིན་ཞེས་འཆད་པ་ལ། རེ་ཞིག་ཅེས་སོགས་བྱུང་། དེ་ལྟར་དད་པ་ལ་བརྟེན་ནས་གུས། གུས་པ་ལ་བརྟེན་ནས་ཞུགས། ཞུགས་པ་ལ་བརྟེན་ནས་ལེགས་པའི་མཆོག་ཐོབ་པར་འགྱུར་བ་བརྒྱུད་པའམ་མཐར་ཐུག་གི་དགོས་པ་ཡིན་ཞེས་འཆད་པ་ལ། དེ་ལ་ཞེས་སོགས་བྱུང་། དེ་རྣམས་ཀྱི་དོན་བསྡུ་ནི། དེའི་ཕྱིར་སོགས་སོ། །གལ་ཏེ་མཆོད་བརྗོད་ཀྱི་སྐབས་འདིར་མངོན་པར་རྟོགས་པ་བརྒྱད་ཀ་ལ་མི་བསྟོད་པར་མཁྱེན་གསུམ་ཁོ་ན་ལ་བསྟོད་པས་བསྟོད་གྲངས་ཉུང་བའི་སྐྱོན་ཡོད་ཅེ་ན། མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་ཀ་བསྡུས་པས་དོན་གྱིས་བསྟོད་པར་འགྱུར་བའི་ཕྱིར་སྐྱོན་མེད་ཅེས་འཆད་པ་ནི། དེ་ལ་སོགས་སོ། །ཚིག་དོན་ལ། བསྟོད་པ་དང་། ཕྱག་འཚལ་བ་གཉིས། དང་པོ་ལ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་ལ་བསྟོད་པ་དང་གསུམ། དང་པོ་ལ། བཤད་བྱའི་མདོ་དྲང་བ་དང་། དགོངས་འགྲེལ་གྱི་བསྟན་བཅོས་དང་སྦྱར་བ་གཉིས། དང་པོ་ནི། མདོ་ལས། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ། ཞེས་སོགས་སོ། །གཉིས་པ་ནི། དེ་ཉིད་རྟེན་གྱི་གང་ཟག །ཐབས་གཞི་ཤེས། འབྲས་བུ་མྱང་འདས་གསུམ་གྱི་སྒོ་ནས། ཤེར་ཕྱིན་གྱི་མདོའི་དོན་རྒྱན་རྩ་འགྲེལ་གྱི་ཚིག་སོ་སོ་དང་སྦྱར་ཏེ་འཆད་དོ། །གཉིས་པ་ལ་ཡང་གཉིས་ལས། མདོ་དྲང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་ཐམས་ཅད་ཀྱང་། སོགས་སོ། །གཉིས་པ་བསྟན་བཅོས་དང་སྦྱར་བ་ནི། རྟེན་གྱི་གང་ཟག །ཐབས་ལམ་ཤེས། འབྲས་བུ་འཇིག་རྟེན་གྱི་དོན་སྒྲུབ་པའི་མཛད་པ་གསུམ་གྱི་སྒོ་ནས་སྔར་ལྟར་རོ། །གསུམ་པ་ལ་ཡང་གཉིས་ལས། མདོ་དྲང་བ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ནས་སྐུ་དྲང་པོར་བསྲང་སྟེ། ཞེས་སོགས་སོ། །གཉིས་པ་བསྟན་བཅོས་དང་སྦྱར་བ་ནི། རྟེན་གྱི་ག །ང་ཟག །ཐབས་རྣམ་མཁྱེན། འབྲས་བུ་ཆོས་འཁོར་བསྐོར་བའི་མཛད་པ་གསུམ་གྱི་སྒོ་ནས་སྔར་ལྟར་རོ། །གཉིས་པ་ཕྱག་འཚལ་བ་ནི། ཉན་ཐོས་བྱང་ཆུབ་སེམས་དཔའ་ཞེས་སོགས་རྩ་འགྲེལ་ལོ། །བརྒལ་ལན་ལ། བརྒལ་བ་དང་། ལན་གཉིས། དང་པོ་ལ། གང་ལ་རྩོད་པའི་ཡུལ། གང་གིས་རྩོད་པའི་གང་ཟག །ཇི་ལྟར་རྩོད་པའི་ཚུལ་དང་གསུམ། དང་པོ་ནི། མཆོད་བརྗོད་ཀྱི་སྐབས་སུ་དངོས་སུ་མཁྱེན་གསུམ་ལ་བསྟོད་ཕྱག་བྱས་ནས་ཤུགས་ལ་མཁྱེན་གསུམ་བརྗོད་བྱར་བྱས་པའི་བསྟན་བཅོས་རྩོམ་པར་ཁས་བླངས་པ་ལའོ། །གཉིས་པ་ནི། སྒྲ་རྟོག་ཡུལ་ལ་དངོས་དབང་གིས་འཇུག་ཅིང་། གཞི་ལམ་རྣམ་གསུམ་འགལ་བར་ཁས་ལེན་པའི་གང་ཟག་གིས་སོ། །གསུམ་པ་ནི། མངོན་པར་རྟོགས་པའི་རྒྱན་དེས་ཡུལ་གཞི་ལམ་རྣམ་གསུམ་བརྗོད་བྱར་བྱེད་པར་ཐལ། ཡུལ་ཅན་མཁྱེན་པ་གསུམ་བརྗོད་བྱར་བྱེད་པ་གང་ཞིག །ཡུལ་གཏན་ལ་མ་ཕབ་པར་ཡུལ་ཅན་གཏན་ལ་འབེབས་མི་ནུས་པའི་ཕྱིར། འདོད་ན། གཞི་ཁོ་ན་བརྗོད་བྱར་བྱེད་ན། མངོན་པའི་མདོ་དང་ཟློས་པའི་སྐྱོན་ཡོད་དེ། དེ་ལས་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་རྒྱས་པར་བསྟན་ཟིན་པའི་ཕྱིར། ལམ་ཁོ་ན་བརྗོད་བྱར་བྱེད་ན་སྤང་བྱ་ཀུན་ནས་ཉོན་མོངས་པ་བརྗོད་བྱར་མ་བསྡུས་པར་ཐལ། དེའི་ཕྱིར། འདོད་ན། རྒྱན་ལ་བརྟེན་ནས་སྤང་གཉེན་གྱི་འབྲེལ་བ་ཁོང་དུ་མི་ཆུད་པར་འགྱུར། རྣམ་པ་ཁོ་ན་བརྗོད་བྱར་བྱེད་ན། རྣམ་གྲོལ་དོན་གཉེར་གྱི་སྐྱེས་བུ་ལ་མཁོ་བའི་དོན་ཅུང་ཟད་ཀྱང་མ་བསྟན་པར་ཐལ། རྣམ་པ་གཞི་མེད་ཙམ་བརྗོད་བྱར་བསྡུས་པའི་ཕྱིར། གསུམ་ཀ་བརྗོད་བྱར་བྱེད་ན། བསྟན་བཅོས་ལུས་རྫས་ཐ་དད་པ་གསུམ་དུ་འགྱུར་བ་དང་། མདོ་དང་ཟློས་སྐྱོན་ཡོད་པར་འགྱུར་ཏེ། མདོ་ལས་གཞི་ལམ་རྣམ་གསུམ་རྒྱས་པར་བསྟན་ཟིན་པའི་ཕྱིར། ཞེས་པའི་བརྒལ་བ་འཆད་པ་ནི། དེ་ལྟར་ཞེས་སོགས་སོ། །གཉིས་པ་ལ། བསྟན་བཤད་བསྡུ་བ་གསུམ། དང་པོ་ནི། རྒྱན་ལ་གཞི་ལམ་རྣམ་གསུམ་རེ་རེ་ཁོ་ན་བརྗོད་བྱར་བསྡུས་པར་ཐལ་བའི་སྐྱོན་ཡོད་པ་མ་ཡིན་ཏེ། དེས་གཞི་ལམ་རྣམ་གསུམ། གཞི་ལམ་རྣམ་གསུམ་གྱིས་མཁྱེན་གསུམ། མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་ཀ་བསྡུས་པའི་རྒྱུ་མཚན་གྱིས་རྒྱན་འདི་མངོན་པར་རྟོགས་པ་མཐའ་དག་གི་རྒྱན་དུ་འཐད་པའི་ཕྱིར་ཞེས་འཆད་པ་ནི། དེ་ནི་སོགས་སོ། །འོན་ཀྱང་ལུས་རྫས་ཐ་དད་པ་གསུམ་དུ་འགྱུར་བའི་སྐྱོན་ཡོད་པ་མ་ཡིན་ཏེ། གཞི་ལམ་རྣམ་གསུམ་དེ་གཏན་ལ་ཕབ་པར་བྱ་བའི་ཡུལ། དེ་རྟོགས་པར་བྱེད་པའི་ལམ། ཐོབ་བྱ་འབྲས་བུ་གསུམ་གྱི་སྒོ་ནས་ལྡོག་པ་ཐ་དད་དུ་བསྟན་པ་ཡིན་གྱི། ནང་ཕན་ཚུན་འགལ་བའི་རྫས་གཞན་མ་ཡིན་པའི་ཕྱིར། ཞེས་པའི་ལན་ཤུགས་ལ་བསྟན། མདོ་དང་ཟློས་པའི་སྐྱོན་ཡོད་པ་མ་ཡིན་ཏེ། མདོ་དང་བསྟན་བཅོས་ལ་གནས་སྐབས་དང་མཐར་ཐུག་གི་དགོས་པ་མི་འདྲ་བའི་ཁྱད་པར་ཡོད་པའི་ཕྱིར། ཞེས་འཆད་པ་དགོས་འབྲེལ་ལོ། །གཉིས་པ་ལ། མདོ་དྲང་བ་དང་། དེའི་དོན་བཤད་པ་གཉིས། དང་པོ་ནི། ཡུམ་བར་མ་ལས་མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་ཚུལ་མདོར་བསྟན་པ། འདི་ལྟར་སོགས་སོ། །གཞི་ཤེས་ཀྱིས་ཐེག་དམན། ལམ་ཤེས་ཀྱིས་བྱང་འཕགས། རྣམ་མཁྱེན་གྱིས་སངས་རྒྱས་འཕགས་པའི་མངོན་རྟོགས་བསྡུས་ཚུལ་དྲི་ལན་གྱི་སྒོ་ནས་རྒྱས་པར་བཤད་པ་ལ། དྲི་བ་ནི། བཅོམ་ལྡན་འདས་སོགས་དང་། ལན་ནི། རབ་འབྱོར་སོགས་ཀྱིས་རིམ་བཞིན་འཆད། དེ་བཞིན་དུ་ཞེས་སོགས་དང་། རྒྱས་པ་ཞེས་སོགས་ཀྱིས་ཡུམ་བསྡུས་པའི་མདོ་དྲང་བ་དང་། རྒྱས་པའི་ལུང་ཁུངས་སོ་སོར་སྨོས། གཉིས་པ་ནི། མཁྱེན་གསུམ་གྱིས་མངོན་རྟོགས་གསུམ་བསྡུས་ཚུལ་གྱི་མདོའི་དོན་འཆད་པ་རིམ་བཞིན། དེ་ལ་སོགས་སོ། །གསུམ་པ་ནི། དེ་ལྟ་བས་ན་ཞེས་སོགས་སོ། །ངག་དོན་དུ་དྲིལ་ན། རྗེ་བཙུན་བྱམས་པ་མགོན་པོས་རྒྱན་རྩོམ་པའི་ཐོག་མར་ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། རང་ཉིད་སྐྱེས་བུ་དམ་པའི་སྤྱོད་པ་དང་མཐུན་པ་དང་། གདུལ་བྱ་གཞན་ཡུམ་ལ་དང་བའི་སྒོ་ནས་ཐོས་བསམ་སྒོམ་གསུམ་གྱིས་འཇུག་པའི་ཆེད་ཡོད་པའི་ཕྱིར།

གཞུང་སོ་སོའི་དགའ་གནས་ལ་དཔྱད་པ།

གཉིས་པ་གཞུང་སོ་སོའི་དཀའ་གནས་ལ་དཔྱད་པ་ནི། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད། ཅེས་པའི་སྐབས་སུ་གཉིས་ཀྱི་དང་པོ་མཆོད་ཡུམ་ལ། མཚན་གཞི། མཚན་ཉིད། དབྱེ་བ། གྲངས་ངེས་པ། གོ་རིམ་ངེས་པ། ཡུམ་སྲས་ཀྱི་དོན་ལ་དཔྱད་པ་དང་དྲུག །དང་པོ། ཐེག་ཆེན་གྱི་ལམ་ལྔ་དང་། ཐེག་དམན་འཕགས་པའི་མཁྱེན་པ་རྣམས་མཆོད་ཡུམ་ཡིན་ཏེ། རྗེ་བཙུན་གྱི་བསྟོད་ཕྱག་གི་ཡུལ་དུ་གྱུར་པའི་དངོས་བརྒྱད་གང་རུང་དུ་གྱུར་པའི་མཁྱེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། མཆོད་བརྗོད་ཀྱི་སྐབས་སུ་ཡུམ་དུ་བཤད་པ་དེ་ཉིད་ལུས་རྣམ་གཞག་གི་སྐབས་སུ་ཤེར་ཕྱིན་གྱི་སྒྲས་སྨོས་ནས་དངོས་པོ་བརྒྱད་ཀྱི་སྒོ་ནས་བཤད་པའི་ཕྱིར། གཉིས་པ་ལ། དངོས་དང་། ཀླན་ཀ་སྤང་བའོ། །དང་པོ་ནི། རྗེ་བཙུན་བྱམས་མགོན་གྱི་བསྟོད་ཕྱག་གི་ཡུལ་དུ་གྱུར་པའི་དངོས་བརྒྱད་ཀྱི་ནང་ཚན་ཡང་ཡིན། རང་སྲས་འཕགས་པའི་ཟག་མེད་ཀྱི་ཕུང་པོ་ཕྱི་མ་སྐྱེད་བྱེད་དང་། བཞེད་དོན་སྒྲུབ་བྱེད་གང་རུང་དུ་གྱུར་པའི་མཁྱེན་པ། གཉིས་པ་ནི། ཉན་ཐོས་མཐོང་ལམ་པ་ཆོས་ཅན། སྲས་འཕགས་པ་མ་ཡིན་པར་ཐལ། རང་རྒྱུ་མཆོད་ཡུམ་ལས་མ་བྱུང་བའི་ཕྱིར། རྟགས་ཁས་ཟེར་ན། ཐེག་ཆེན་སེམས་བསྐྱེད་ཐོབ་མ་ཐག་པའི་བྱང་སེམས་ཆོས་ཅན། རྒྱལ་བའི་སྲས་མ་ཡིན་པར་ཐལ། རང་རྒྱུ་རྒྱལ་བའི་ཡུམ་ལས་མ་བྱུང་བའི་ཕྱིར། གཞན་ཡང་རྣམ་མཁྱེན་སྐད་ཅིག་དང་པོ་ཆོས་ཅན། མཐར་ཐུག་གི་མཁྱེན་པ་མ་ཡིན་པར་ཐལ། ངོ་བོ་ཉིད་སྐུ་མངོན་སུམ་དུ་རྟོགས་ཟིན་སྒོམ་པའི་ལམ་སྔོན་སོང་མ་ཡིན་པའི་ཕྱིར། ཁྱབ་པ་རིམ་བཞིན་ཁས། མ་གྲུབ་ན། སློབ་ལམ་ན་ངོ་བོ་ཉིད་སྐུ་མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་ལམ་ཡོད་པར་འགྱུར་རོ། །གསུམ་པ་ལ། མཚན་གཞིའི། རྟེན་གྱི་གང་ཟག་གི །བྱེད་ལས་ཀྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ། མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་གཞི་ཤེས། ལམ་ཤེས། རྣམ་མཁྱེན་དང་གསུམ། མཚན་ཉིད་རིམ་བཞིན། གཞི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་འཕགས་པའི་བཞེད་དོན་གཙོ་བོར་སྒྲུབ་པའི་མཁྱེན་པ། ལམ་གསུམ་བདེན་པའི་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་ཐེག་ཆེན་སྐྱེས་བུའི་བཞེད་དོན་གཙོ་བོར་སྒྲུབ་པའི་མཁྱེན་པ། རྣམ་པ་བདེན་པའི་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་སྒོ་ནས་རང་རྒྱུད་ལྡན་གྱི་སངས་རྒྱས་འཕགས་པས་ཆོས་འཁོར་བསྐོར་བའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པ། གཉིས་པ་ལ། ཉན་ཐོས་འཕགས་པའི། རང་རྒྱལ་འཕགས་པའི། བྱང་སེམས་འཕགས་པའི། སངས་རྒྱས་འཕགས་པའི་མཆོད་ཡུམ་དང་བཞི། མཚན་ཉིད་རིམ་བཞིན། མཆོད་ཡུམ་གང་ཞིག །རང་རྒྱུད་ལ་ལྡན་པའི་ཉན་ཐོས། རང་རྒྱལ། བྱང་སེམས། སངས་རྒྱས་འཕགས་པའི་བཞེད་དོན་གཙོ་བོར་སྒྲུབ་པའི་རིགས་སུ་གནས་པའི་མཁྱེན་པ། མཚན་ཉིད་ཕྱི་མ་ལ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེའི་སྐྱེད་བྱེད་ཀྱི་ཡུམ་ཡིན་པའི་ཕྱིར་ཞེ་ན། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། བྱང་སེམས་ཀྱི་ཡིན་པར་ཐལ། དེའི་མོས་སྤྱོད་ཀྱི་ཡིན་པའི་ཕྱིར། ཁྱབ་པ་ཁས། དེས་ན་རྣམ་མཁྱེན་སྐད་ཅིག་དང་པོའི་སྐྱེད་བྱེད་ཀྱི་ཡུམ་ཡིན་ན་སངས་རྒྱས་འཕགས་པའི་མཆོད་ཡུམ་མ་ཡིན་པས་ཁྱབ་བོ། །གསུམ་པ་ལ། དབྱེ་བ་སོ་སོའི་རང་བཞིན་དང་ནང་ཕན་ཚུན་འགལ་མི་འགལ་ལ་དཔྱད་པ་གཉིས། དང་པོ་ལ། སྐྱེད་བྱེད་ཀྱི་ཡུམ་དང་། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས། མཚན་ཉིད་རིམ་བཞིན་མཆོད་ཡུམ་གང་ཞིག །རང་སྲས་འཕགས་པ་ཕྱི་མའི་ཟག་མེད་ཀྱི་ཕུང་པོ་གཙོ་བོར་སྐྱེད་པར་བྱེད་པའི་རིགས་སུ་གནས་པ། རང་དང་ལྷན་ཅིག་པའི་འཕགས་པའི་བཞེད་དོན་གཙོ་བོར་སྒྲུབ་པའི་རིགས་སུ་གནས་པའི་མཁྱེན་པ། གཉིས་པ་ནི། སྤྱིར་དེ་གཉིས་མི་འགལ་ཏེ། བྱང་སེམས་ཀྱི་མཐོང་ལམ་དེ་གཉིས་ཀའི་གཞི་མཐུན་ཡིན་པ་བཞིན་ནོ། །རྟེན་གྱི་གང་ཟག་གཅིག་ལ་ལྟོས་ན་འགལ་ཏེ། བྱང་སེམས་མཐོང་ལམ་པ་ལྟ་བུའི་སྐྱེད་བྱེད་ཀྱི་ཡུམ་ཡིན་ན་དེའི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་མ་ཡིན་པ་བཞིན་ནོ། །བཞི་པ་ལ། སྤྱིར་བསྟན་པ་དང་བསྡུས་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། མཆོད་བརྗོད་ཀྱི་སྐབས་འདིར་མཁྱེན་གསུམ་ལ་དངོས་སུ་བསྟོད་པའི་རྒྱུ་མཚན་ཡོད་དེ། དེ་ལ་བསྟོད་པས་མངོན་པར་རྟོགས་པ་བརྒྱད་ཀ་ལ་བསྟོད་པར་འགྱུར་བའི་ཕྱིར་ཏེ། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ། ཞེས་སོགས་སོ། །གཉིས་པ་ནི། སྡུད་བྱེད་མཁྱེན་པ་གསུམ་གྱིས། བསྡུ་བྱ་དངོས་པོ་བརྒྱད་བསྡུས་པའི་ཚུལ་ལ། གཞི་ཤེས་ཀྱིས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་རྣམས་དང་། ལམ་ཤེས་ཀྱིས་ལམ་གསུམ་བདེན་པའི་སྐྱེ་མེད་དུ་རྟོགས་པའི་མཁྱེན་པ་རྣམས་དང་། རྣམ་མཁྱེན་གྱིས་རྣམ་པ་བདེན་པའི་སྐྱེ་མེད་དུ་རྟོགས་པ་མཐར་ཐུག་པའི་མཁྱེན་པ་རྣམས་རང་གི་མཚན་ཉིད་ཚང་བའི་ཚུལ་གྱིས་བསྡུས། དེ་དག་ཀྱང་བྱང་འཕགས་ཀྱི་སྦྱོར་བ་རང་གི་ངོ་བོ་དང་། བྱང་སེམས་སོ་སྐྱེའི་སྦྱོར་བ་རང་གི་རྒྱུ་ཡིན་པའི་ཚུལ་གྱིས་བསྡུས། རྟོགས་པ་ཡེ་ཤེས་ཆོས་སྐུ་རང་གི་ངོ་བོ་དང་། གཟུགས་སྐུ་གཉིས་རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་དང་། ངོ་བོ་ཉིད་སྐུ་ཡོན་ཏན་ཡིན་པའི་ཚུལ་གྱིས་བསྡུས་པ་ཡིན་ནོ། །ལྔ་པ་ནི། གལ་ཏེ་མཆོད་བརྗོད་ཀྱི་སྐབས་སུ། གཞི་ལམ་རྣམ་གསུམ་གོ་རིམ་འདི་ལྟར་འཆད་པ་མི་འཐད་དེ། བསྟན་བཅོས་ལུས་ཀྱི་གོ་རིམ་དང་མི་མཐུན་པའི་ཕྱིར་སྙམ་ན། སྐྱོན་མེད་དེ། མཆོད་བརྗོད་ནི་ཡུམ་གྱི་གླེང་གཞིའི་འགྲེལ་པ་ཡིན་ཞིང་། གླེང་གཞིའི་གོ་རིམ་དང་མཐུན་པར་གསུངས་པའི་ཕྱིར། དེ་ལྟར་ཡང་ཇོ་བོ་རྗེས། གླེང་གཞི་རྒྱས་པར་བཀའ་བསྩལ་དོན་མཆོག་རྣམས། །ལེགས་པར་སྦྱར་བ་ཕྱག་འཚལ་ཚིགས་བཅད་ཡིན། །ཞེས་སོ། །དྲུག་པ་ལ། སྐྱེད་བྱེད་ཀྱི་ཡུམ་སྲས་སུ་འགྱུར་ཚུལ་དང་། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་སྲས་སུ་འགྱུར་ཚུལ་གཉིས། དང་པོ་ལ། སྤྱིར་བསྟན་པ་དང་། བྱང་སེམས་ཀྱི་སྐྱེད་བྱེད་ཀྱི་ཡུམ་སྲས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། མཆོད་ཡུམ་གྱིས་རང་གིས་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་རང་སྲས་འཕགས་པའི་ཟག་མེད་ཀྱི་ཕུང་པོ་སྐྱེད་པར་བྱེད་པའི་ཆ་ནས་ཡུམ་སྲས་སུ་འཇོག་པ་ཡིན་ཏེ། དཔེར་ན། ཉན་ཐོས་ཀྱི་མཐོང་ལམ་ཉན་ཐོས་སྒོམ་ལམ་པའི། བྱང་སེམས་ཀྱི་སྦྱོར་ལམ་བྱང་སེམས་མཐོང་ལམ་པའི། རྒྱུན་མཐའི་ཡེ་ཤེས་སངས་རྒྱས་འཕགས་པའི་སྐྱེད་བྱེད་ཀྱི་ཡུམ་ཡིན་པ་བཞིན་ནོ། །གཉིས་པ་ནི། སངས་རྒྱས་ཀྱི་གདུང་གསོབ་པར་ནུས་པའི་སྲས་བྱང་སེམས་འཕགས་པ་བསྐྱེད་པ་ལ་ཁྱད་ཆོས་བཞི་ལྡན་གྱི་ཡུམ་སྔོན་དུ་འགྲོ་དགོས་ཏེ། ས་བོན་དང་མཚུངས་པའི་ཐེག་ཆེན་གྱི་ཆོས་ལ་མོས་པའི་སེམས་བསྐྱེད། མ་དང་མཚུངས་པའི་དེ་ཉིད་ཀྱི་རྟེན་བྱེད་པའི་སྟོང་ཉིད་རྟོགས་པའི་ཤེས་རབ། མངལ་དང་མཚུངས་པའི་དེ་ཉིད་མི་ཉམས་ཤིང་འཕེལ་བར་བྱེད་པའི་བསམ་གཏན་གྱི་བདེ་བ། མ་མ་དང་མཚུངས་པའི་རྒྱུ་དེ་ལས་བྱུང་བའི་བྱང་སེམས་ཀྱི་སྤངས་རྟོགས་གོང་ནས་གོང་དུ་འཕེལ་བར་བྱེད་པའི་སྙིང་རྗེ་ཁྱད་པར་ཅན་དང་བཞི་ཚང་དགོས་པའི་ཕྱིར། རྒྱུད་བླ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་དང་། མདོ་སྡེ་རྒྱན་ལས། ཆོས་ལ་མོས་པ་ས་བོན་དང་། །ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །བསམ་གཏན་ལས་བྱུང་བདེ་བའི་མངལ། །སྙིང་རྗེ་བསྐྱེད་པའི་མ་མའོ། །ཞེས་དང་། མདོ་ལས། བྱང་ཆུབ་སེམས་དཔའ་རྣམ་དག་གི །ཡབ་ནི་ཐབས་ལ་མཁས་པ་སྟེ། །ཡུམ་ནི་ཤེས་རབ་ཕ་རོལ་ཕྱིན། །འདྲེན་པ་རྣམས་ནི་དེ་ལས་སྐྱེས། །ཞེས་སོ། །གཉིས་པ་ལ། ཐེག་དམན་དང་ཐེག་ཆེན་གྱི་ཡུམ་སྲས་སུ་འགྱུར་ཚུལ་གཉིས། དང་པོ་ནི། ཐེག་དམན་སློབ་པའི་མངོན་རྟོགས་ཀྱིས་རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་ཉེར་ཞི་གཉིས་སུ་ཁྲིད་པའི་སྒོ་ནས་དང་། ཐེག་དམན་མི་སློབ་པའི་མངོན་རྟོགས་ཀྱིས་རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་གིས་ཉོན་མོངས་པ་སྤངས་པའི་རྣམ་གྲོལ་གྱི་བདེ་བ་དེ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བའི་སྒོ་ནས་བཞེད་དོན་སྒྲུབ་པ་ཡིན་ཏེ། ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། ཞེས་སོ། །གཉིས་པ་ནི། རྒྱུ་ལམ་ཤེས་ཀྱིས་རང་རྒྱུད་ལྡན་གྱི་བྱང་སེམས་ཀྱིས་ཇི་ལྟར་བཞེད་པའི་འཇིག་རྟེན་གྱི་དོན་བསྒྲུབ་པའི་སྒོ་ནས་དང་། རྣམ་མཁྱེན་གྱིས་རང་རྒྱུད་ལྡན་གྱི་སངས་རྒྱས་འཕགས་པས་གདུལ་བྱ་རང་རང་གི་བློ་དང་འཚམས་པའི་ཆོས་འཁོར་བསྐོར་བའི་བདག་རྐྱེན་དངོས་སུ་མཛད་པའི་སྒོ་ནས་བཞེད་དོན་སྒྲུབ་པ་ཡིན་ཏེ། ལམ་ཤེས་ཉིད་ཀྱིས། ཞེས་སོགས་དང་། གང་དང་ཡང་དག་སོགས་སོ། །

ངག་དོན་ནི། མཁྱེན་གསུམ་ཆོས་ཅན། མཆོད་ཡུམ་ཡིན་ཏེ། རང་དང་ལྷན་ཅིག་པའི་འཕགས་བཞིའི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པ་ཡིན་པའི་ཕྱིར།

ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། རྟེན་གྱི་གང་ཟག །ཐབས་གཞི་ཤེས། འབྲས་བུ་མྱང་འདས་དང་གསུམ། དང་པོ་ལ་སྤྱི་དང་། འདིར་བསྟན་གྱི་ཉན་ཐོས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། ཉན་ཐོས་ཀྱི་ལམ་ལྔ་གང་རུང་ལ་གནས་པ་རྟོགས་པ་རྒྱུད་ལ་སྐྱེས་པའི། སངས་རྒྱས་དང་བྱང་སེམས་ཉན་ཐོས་ཀྱི་ཚུལ་བཟུང་བ་ཤཱ་རིའི་བུ་ལྟ་བུ། སྤྲུལ་པའི་ཐེག་ཆེན་གྱི་སྐྱེས་བུ་ཐ་སྙད་ཀྱི་གྲུབ་མཐའ་ཉན་ཐོས་ལྟར་ཞལ་གྱིས་བཞེས་པ་ཡོན་ཏན་འོད་ལྟ་བུ་ལྟ་བ་ཁས་ལེན་གྱི་ཉན་ཐོས་དང་གསུམ་མོ། །དེ་ལྟར་ཡང་དམ་ཆོས་པད་དཀར་ལས། མགོན་པོ་བདག་ཅག་དེ་རིང་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྙད་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་འཇུག །དེ་བས་བདག་ཅག་ཉན་ཐོས་མེ་ཟད་འདྲ། །ཞེས་སོ། །ཕྱི་མ་གཉིས་ཀྱི་དགོས་པ་ནི། ཐེག་དམན་ལ་མོས་པའི་གང་ཟག་ཐེག་ཆེན་ལ་ཁ་དྲང་བའི་ཆེད་ཡིན་ཏེ། སྔ་མ་ལས། ཐེག་པ་རླབས་པོ་ཆེ་ནི་བསྒྲགས་འགྱུར་ཞིང་། །འདི་ན་སེམས་ཅན་དམན་ལ་མོས་རིག་ནས། །བྱང་ཆུབ་སེམས་དཔའ་འདི་དག་ཉན་ཐོས་འགྱུར། །རང་རྒྱལ་བྱང་ཆུབ་པར་ཡང་རབ་ཏུ་སྟོན། །ཞེས་སོ། །དེས་ན་དེ་གཉིས་ཉན་ཐོས་བཏགས་པ་བ་ཡིན་ཏེ། ཐེག་ཆེན་སེམས་བསྐྱེད་རྒྱུད་ལྡན་ཡིན་པའི་ཕྱིར། གཉིས་པ་ནི། ཤེར་ཕྱིན་གྱི་རྟོགས་པ་དངོས་སུ་སྐྱེ་བའི་སྣོད་རུང་དུ་གྱུར་པའི་ཉན་ཐོས་མ་ངེས་པའི་རིགས་ཅན་དང་། ཉན་ཐོས་ཀྱི་མིང་ཅན་ཐེག་ཆེན་གྱི་སྐྱེས་བུ་གཉིས་ཡོད་དེ། གླེང་གཞིའི་སྐབས་ནས་དངོས་བསྟན་གྱི་ཉན་རང་གི་མིང་གིས་བཏགས་པའི་གང་ཟག་དང་། བྱང་སེམས་རྣམས་ནི་སྟོན་པ་ལ་ཤེར་ཕྱིན་གྱི་མདོ་དངོས་སུ་ཉན་པ་ལ་ལྷག་པའི་གང་ཟག་ཡིན་པའི་ཕྱིར།

གཉིས་པ་ལ། ངོ་བོ། དབྱེ་བ། འདིར་དངོས་བསྟན་གྱི་གཞི་ཤེས་ངོས་བཟུང་བ་དང་གསུམ། དང་པོ་གཉིས་འོག་ཏུ་འཆད། གསུམ་པ་ནི། འདིར་ཚིག་ཟིན་ལ་བསྟན་པའི་གཞི་ཤེས་ལ་ཐེག་པ་ཆེ་ཆུང་གི་གཞི་ཤེས་གསུམ་ཀ་ཡོད་ཅིང་། འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ནི་ཐེག་ཆེན་གྱི་གཞི་ཤེས་སུ་ངེས་ཏེ། འདི་བསྟན་བཅོས་ལུས་ཀྱི་བརྗོད་བྱ་དང་མཐུན་པའི་མཆོད་བརྗོད་གང་ཞིག །སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་དེ་ཐེག་ཆེན་གྱི་གཞི་ཤེས་སུ་ངེས་པའི་ཕྱིར།

གསུམ་པ་ལ། མཚན་གཞི། མཚན་ཉིད། དབྱེ་བ་དང་གསུམ། དང་པོ་ནི། ཐེག་པ་ཆེ་ཆུང་གང་རུང་གི་མི་སློབ་པའི་རྒྱུད་ཀྱི་འགོག་བདེན་དང་མྱང་འདས་དོན་གཅིག །འོ་ན། རྒྱུད་བླ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་གསུངས་པས་ཐེག་དམན་མི་སློབ་པའི་འགོག་བདེན་མྱང་འདས་སུ་འདོད་པ་མི་འཐད་དོ་ཞེ་ན་སྐྱོན་མེད་དེ། དེ་ནི་སྒྲིབ་གཉིས་ཟད་པར་སྤངས་པའི་མྱང་འདས་ལ་དགོངས་པའི་ཕྱིར། གཉིས་པ་ནི། དགག་གཞི་སེམས་རྒྱུད་ཀྱི་སྟེང་དུ་འགོག་བྱེད་བར་ཆད་མེད་ལམ་གྱིས་རང་གི་ངོ་སྐལ་གྱི་སྤང་བྱ་སྤངས་པའི་མི་སློབ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག །གསུམ་པ་ལ། ཐེག་དམན་དང་། ཐེག་ཆེན་གྱི་མྱང་འདས་གཉིས། དང་པོ་ལ། མཚན་ཉིད། དབྱེ་བ། ལྷག་མེད་མྱང་འདས་ཀྱི་འདོད་ཚུལ་ལ་དཔྱད་པ་དང་གསུམ། དང་པོ་ནི། ཐེག་དམན་མི་སློབ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག །གཉིས་པ་ལ། ཐེག་དམན་གྱི་ལྷག་བཅས་དང་། ལྷག་མེད་གཉིས། མཚན་ཉིད་རིམ་བཞིན། རང་རྒྱུ་ལས་ཉོན་གྱི་དབང་གིས་བྱུང་བའི་ཟག་བཅས་ཀྱི་ཕུང་པོའི་ལྷག་མ་དང་བཅས་པའི་ཐེག་དམན་མི་སློབ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག་དང་། དེ་ཉིད་ཟད་པར་སྤངས་པའི་ཐེག་དམན་མི་སློབ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག །གསུམ་པ་ལ། ཉན་ཐོས་སྡེ་གཉིས་དང་། སེམས་ཙམ་པའི་ལུགས་ལ། ཐེག་དམན་དགྲ་བཅོམ་པ་སྐུ་ཚེའི་འདུ་བྱེད་བཏང་སྟེ། སྔར་གྱི་ལུས་སེམས་ཀྱི་རིགས་འདྲ་དོར་ནས་འགོག་པ་འབའ་ཞིག་ཡན་གར་དུ་གནས་པ་ལ་ལྷག་མེད་མྱང་འདས་སུ་འདོད། ཐེག་ཆེན་དབུ་མའི་ལུགས་ལ། ཉན་ཐོས་སློབ་པའི་ལུས་རྟེན་གྱི་རིགས་འདྲ་དོར་ནས། མ་རིག་བག་ཆགས་ཀྱི་སས་རྐྱེན། ཟག་པ་མེད་པའི་ལས་ཀྱིས་རྒྱུ་བྱས་པ་ལས་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་པའི་ཐེག་དམན་དགྲ་བཅོམ་པའི་འགོག་བདེན་ལ་ལྷག་མེད་མྱང་འདས་སུ་འདོད་དོ། །འོ་ན་དེ་དག་ཐེག་ཆེན་ལ་ཇི་ལྟར་འཇུག་ཅེ་ན། ཟག་མེད་ཀྱི་ཏིང་ངེ་འཛིན་ལ་ཡུན་རིང་དུ་མཉམ་པར་བཞག་པ་ལ་སངས་རྒྱས་ཀྱི་འོད་ཟེར་གྱིས་སད་པར་བྱས་ཏེ། སངས་རྒྱས་ཀྱི་མཛད་སྤྱོད་ལ་དམིགས་པའི་དད་པ་དང་། སེམས་ཅན་གྱི་སྡུག་བསྔལ་བསལ་འདོད་ཀྱི་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ཚོགས་གཉིས་གསོག་པར་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཇི་སྲིད་སངས་རྒྱས་མ་བསྐུལ་བར། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་པས་བརྒྱལ་གྱུར་ཏེ། །ཉན་ཐོས་དེ་དག་གནས་པར་འགྱུར། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱི་སྐུ། །སེམས་ཅན་དོན་ལ་དགའ་བྱེད་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པའི་མཚན་ཉིད། སྒྲིབ་གཉིས་ཟད་པར་སྤངས་པའི་སོ་སོར་བརྟགས་འགོག །དེ་དང་མི་གནས་པའི་མྱང་འདས། ངོ་བོ་ཉིད་སྐུ། སྤོང་བ་ཆེན་པོ་རྣམས་མིང་གི་རྣམ་གྲངས་ཡིན། དབྱེ་ན་གཟུགས་སྐུ་གཉིས་ཀྱི་མྱང་འདས་གཉིས་སོ། །

ངག་དོན་ནི། རྗེ་བཙུན་བྱམས་མགོན་ཆོས་ཅན། གཞི་ཤེས་ལ་བསྟོད་པ་ཡིན་ཏེ། རྟེན་གྱི་གང་ཟག །ཐབས་གཞི་ཤེས། འབྲས་བུ་མྱང་འདས་གསུམ་གྱི་སྒོ་ནས་གཞི་ཤེས་ཀྱི་ཡོན་ཏན་བརྗོད་པའི་མཁས་མཆོག་ཡིན་པའི་ཕྱིར།

རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་མཐའ་དཔྱད་པ་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས་དང་། ཐེག་པ་ཆེན་པོའི་ལུགས་གཉིས། དང་པོ་ལ། ལུང་དང་རྟོགས་པའི་ཆོས་འཁོར་གཉིས། དང་པོ་ལ། ངོ་བོ་ནི། བདེན་པ་བཞིའི་ཆོས་འཁོར་ཙམ་དུ་ངེས་པར་འདོད། ཇི་ལྟར་བསྐོར་ཚུལ་ལ། བྱེ་སྨྲ་ལྟར་ན། བཟླས་པ་གསུམ་དང་། རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་བསྐོར་བར་འདོད་ཅིང་། བཟླས་པ་གསུམ་ནི། ངོ་བོ་ལ་བཟླས་པ། བྱེད་པ་ལ་བཟླས་པ། བྱ་བ་འབྲས་བུ་ལ་བཟླས་པ་གསུམ། མཚན་གཞི་རིམ་བཞིན། བདེན་བཞིའི་ངོ་བོ་ཙམ་སྟོན་པའི་འདུལ་བའི་མདོ། སྡུག་བསྔལ་ཤེས་བྱ་ལ་སོགས་པར་སྟོན་པའི་འདུལ་བའི་མདོ། སྡུག་བསྔལ་ཤེས་པར་བྱས་ཟིན་སོགས་མི་སློབ་ལམ་གྱི་དབང་དུ་བྱས་ནས་གསུངས་པའི་འདུལ་བའི་མདོ་ལྟ་བུའོ། །རྣམ་པ་བཅུ་གཉིས་ནི། སྡུག་བསྔལ་བདེན་པའི་ངོ་བོ་ལ་བཟླས་པའི་ཚེ། རིག་པ། བློ། མིག །ཤེས་པ་སྐྱེ་བ་དང་བཞི། དེ་བཞིན་དུ་སྡུག་བསྔལ་གྱི་བདེན་པའི་བྱེད་པ་ལ་བཞི། བྱ་བ་འབྲས་བུ་ལ་བཞི་སྟེ་བཅུ་གཉིས། དེ་བཞིན་དུ་ཀུན་འབྱུང་། འགོག་པ། ལམ་ལ་ཡང་བཅུ་གཉིས་བཅུ་གཉིས་ཏེ། བཞི་བཅུ་རྩ་བརྒྱད་ཡོད་ཀྱང་བཅུ་གཉིས་ཚན་དུ་ཆོས་མཐུན་པས་ན་རྣམ་པ་བཅུ་གཉིས་ཞེས་བྱ་སྟེ། གནས་བདུན་ལ་མཁས་པའི་དགེ་སློང་བཞིན་ནོ། །མདོ་སྡེ་པ་ལྟར་ན། བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་མིང་གི་རྣམ་གྲངས་སུ་འདོད་དེ། བདེན་བཞིའི་ངོ་བོ། བྱེད་པ། བྱ་བ་འབྲས་བུ་ལ་བཟླས་པའི་ཆ་ནས་བཞི་པོ་དེ་རེ་རེ་ལ་ཡང་གསུམ་གསུམ་སྟེ་བཅུ་གཉིས་སུ་འགྱུར་བས་སོ། །གཉིས་པ་ལས། བྱེ་བྲག་ཏུ་སྨྲ་བའི་ལུགས་དང་། བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་གཉིས། དང་པོ་ནི། མཐོང་ལམ་སྐད་ཅིག་མ་བཅོ་ལྔ་ཙམ་དུ་འདོད་དེ། ལུང་དང་རིགས་པ་གཉིས་ཀྱིས་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་འཁོར་བསྐོར་ནས་ལྔ་སྡེ་བཟང་པོ་ལ་མཐོང་ལམ་གྱི་རྟོགས་པ་སྐྱེས་པའི་ཚེ། ལྷ་རྣམས་ཀྱིས་འཇིག་རྟེན་ན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་གྲགས་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པའི་ཕྱིར་ཏེ། མཐོང་ལམ་སྐད་ཅིག་མ་བཅོ་ལྔ་བར་མ་ཆད་དུ་སྐྱེ། མཐོང་ལམ་བར་ཆད་མེད་ལམ་གྱིས་མཐོང་སྤང་འཇོམས་པར་བྱེད། རྣམ་གྲོལ་ལམ་གྱིས་དེ་སྤངས་པའི་བྲལ་ཐོབ་ཀྱི་རྟེན་བྱེད། ཁམས་གོང་མའི་བདེན་པ་བཞི་ལ་དམིགས་ནས་འཕར་ཞིང་། འོག་མའི་བདེན་པ་བཞི་ལ་དམིགས་ནས་འབབ་པ་དང་ཆོས་མཚུངས་པའི་ཕྱིར། ཟེར། གཉིས་པ་ནི། མཐོང་ལམ་གྱིས་བསྡུས་པའི་འཕགས་ལམ་ཡན་ལག་བརྒྱད་ཡིན་ཏེ། དེ་དང་འཁོར་ལོ་རིན་པོ་ཆེ་གཉིས་ཆོས་མཚུངས་རྣམ་པ་གསུམ་གྱི་སྒོ་ནས་མཚུངས་པའི་ཕྱིར། ཇི་ལྟར་མཚུངས་ན། འཕགས་ལམ་ཡན་ལག་བརྒྱད་ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ་ཀྱི་བསླབ་པ་གསུམ་དུ་འདུས། དེ་གསུམ་བརྟེན་པའི་ལྟེ་བ། སྡུད་པའི་མུ་ཁྱུད། གཅོད་པའི་རྩིབས་གསུམ་དང་མཚུངས་ཏེ། ཚུལ་ཁྲིམས་ཀྱིས་བསླབ་པ་ཕྱི་མའི་རྟེན་བྱེད། ཏིང་ངེ་འཛིན་གྱིས་སེམས་ནང་དུ་གནས་པར་བྱེད། ཤེས་རབ་ཀྱིས་བདག་འཛིན་འཇོམས་པར་བྱེད་པའི་ཕྱིར། མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །ཞེས་སོ། །

གཉིས་པ་ཐེག་པ་ཆེན་པོའི་ལུགས་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་དང་གསུམ། དང་པོ་ནི། ལུང་གི་ཆོས་འཁོར་དང་རྟོགས་པའི་ཆོས་འཁོར་གང་རུང་དུ་གྱུར་པའི་སྟོན་པས་གསུངས་པའི་དམ་ཆོས། གཉིས་པ་ནི། རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པས་ན་ཆོས་འཁོར་ཞེས་བྱ་སྟེ། སྟོན་པས་ཆོས་འཁོར་བསྐོར་བ་ལ་བརྟེན་ནས་སྟོན་པའི་ཐུགས་རྒྱུད་ཀྱི་རྟོགས་པའི་ཆོས་འཁོར་དང་ཆ་འདྲ་བའི་རྟོགས་པའི་ཆོས་འཁོར་གདུལ་བྱ་གཞན་རྒྱུད་ལ་འཕོ་བར་འགྱུར་བའི་ཕྱིར། དཔེར་ན། ཐེལ་ཚེ་ལ་སོགས་པའི་རྒྱ་དང་། མར་མེ་ལ་སོགས་པ་དངོས་གཞན་དུ་འཕོ་བ་མིན་ཀྱང་དེའི་ཆ་འདྲ་གཞན་དུ་འཕོ་བ་བཞིན་དུའོ། །རྒྱུད་ལས། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་སྐྱུར་དང་བྲག་ཅ་དང་། །ཕུང་པོ་ཉིང་མཚམས་སྦྱོར་བའི་ཚེ། །མི་འཕོ་བར་ནི་མཁས་རྟོགས་བྱ། །ཞེས་སོ། །གསུམ་པ་ལ། རྟོགས་པའི་དང་། ལུང་གི་ཆོས་འཁོར་གཉིས། དང་པོའི་མཚན་ཉིད། ཆོས་འཁོར་གང་ཞིག །སྤངས་རྟོགས་གང་རུང་གིས་བསྡུས་པའི་ཡོན་ཏན་དབྱེ་ན། རྟོགས་པའི་ངོ་བོར་གྱུར་པའི་ཆོས་འཁོར་དང་། རྟོགས་པའི་སྟོབས་ཀྱིས་ཐོབ་པའི་ཆོས་འཁོར་གཉིས། དང་པོ་ནི། ཐར་ལམ་ལྔ་གསུམ་བཅོ་ལྔ་ལྟ་བུ། གཉིས་པ་ནི། འགོག་བདེན་མཐའ་དག་གོ །གཉིས་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། དོགས་གཅོད་དང་བཞི། དང་པོ་ནི། ཆོས་འཁོར་གང་ཞིག །རྟོགས་པའི་ཆོས་འཁོར་བརྗོད་བྱར་སྟོན་པའི་ལེགས་བཤད། དེ་དང་སངས་རྒྱས་ཀྱི་བཀའ་ཡིན་ཁྱབ་མཉམ། དབྱེ་ན། བཀའ་དང་པོ་བདེན་པ་བཞིའི། བར་པ་མཚན་ཉིད་མེད་པའི། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དང་གསུམ། གསུམ་པ་སོ་སོའི་རང་བཞིན་ལ། བཤད་བྱའི་ལུང་དྲང་བ་དང་། དེའི་དོན་བཤད་པ་གཉིས། དང་པོ་ནི། དགོངས་པ་ངེས་འགྲེལ་ལས། དེ་ནས་བཅོམ་ལྡན་འདས་ལ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝ་ར་ཎ་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས། ཆོས་ཀྱི་འཁོར་ལོ་ངོ་མཚར་བ། རྨད་དུ་བྱུང་བ། སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པ་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་སོགས་སོ། །གཉིས་པ་ལ། གང་གིས་སྐོར་བའི་སྟོན་པ། གང་བསྐོར་བར་བྱ་བའི་ཆོས། གནས་གང་དུ་གང་ཟག་གང་ལ་བསྐོར་ཚུལ། གང་གི་ཕྱིར་དུ་བསྐོར་བའི་དགོས་པ། ཇི་སྲིད་དུ་བསྐོར་བའི་ཡུན་ཚད་དང་ལྔ། དང་པོ་ནི། སྤྱིར་ཆོས་འཁོར་སྐོར་བ་པོའི་གང་ཟག་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ཆོས་འཁོར་འབའ་ཞིག་གསུང་པ་པོའི་ལོངས་སྐུ་དང་། ཐེག་པ་ཆེ་ཆུང་གཉིས་ཀའི་ཆོས་འཁོར་གསུང་པ་པོའི་སྤྲུལ་སྐུ་གཉིས་ལས། འདིར་ཕྱི་མ་ཉིད་དོ། །གཉིས་པ་ལ། དང་པོའི་མཚན་ཉིད། རང་རིགས་ལ་ཆོས་འཁོར་ཕྱི་མ་གཉིས་པོ་གང་རུང་མེད་པའི་ལུང་གི་ཆོས་འཁོར་གསུམ་གྱི་ནང་ཚན་གང་ཞིག །གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་བདེན་བཞི་རྟོགས་པའི་ཤེས་རབ་བསྐྱེད་པའི་ཕྱིར་དུ་གཙོ་བོར་གསུངས་པའི་རིགས་གནས། མཚན་གཞི་ནི། འདུལ་བ་ལུང་ལྟ་བུ། དབྱེ་ན། ཆོས་འཁོར་དང་པོའི་དང་པོ། དང་པོའི་བར་པ། དང་པོའི་ཐ་མ་དང་གསུམ། མཚན་གཞི་རིམ་བཞིན། བདེན་བཞི་ཚིག་ཟིན་ལ་སྟོན་པའི། སྟོང་ཉིད་ཚིག་ཟིན་ལ་སྟོན་པའི། མཚན་ཉིད་གསུམ་ཚིག་ཟིན་ལ་སྟོན་པའི་འདུལ་བ་ལུང་གི་མདོ་ལྟ་བུའོ། །གཉིས་པའི་མཚན་ཉིད། རང་རིགས་ལ་ཆོས་འཁོར་ཐོག་མཐའ་གཉིས་པོ་གང་རུང་མེད་པའི་ལུང་གི་ཆོས་འཁོར་གསུམ་གྱི་ནང་ཚན་གང་ཞིག །ཐེག་ཆེན་གྱི་རིགས་ཅན་རྣམས་མཐར་ཐུག་ཐེག་ཆེན་གྱི་རྟོགས་པ་ཁྱད་པར་ཅན་ལ་འགོད་པའི་ཕྱིར་དུ་གཙོ་བོར་གསུངས་པའི་རིགས་གནས། མཚན་གཞི་ནི་ཤེར་ཕྱིན་གྱི་མདོ་མཐའ་དག་གོ །། དབྱེ་ན། བར་པའི་དང་པོ་སོགས་གསུམ་སྟེ་གོང་གིས་འགྲེ། གསུམ་པའི་མཚན་ཉིད། རང་རིགས་ལ་ཆོས་འཁོར་དང་པོ་གཉིས་པོ་གང་རུང་མེད་པའི་ལུང་གི་ཆོས་འཁོར་གསུམ་གྱི་ནང་ཚན་གང་ཞིག །གདུལ་བྱ་མ་ངེས་པའི་རིགས་ཅན་དང་། ཐེག་ཆེན་གྱི་རིགས་ཅན་ཅི་རིགས་པ་མཐར་ཐུག་གི་རྟོགས་པ་ལ་འགོད་པའི་ཕྱིར་དུ་གཙོ་བོར་གསུངས་པའི་རིགས་གནས། དབྱེ་ན། མཚན་གཞི་དང་། བརྗོད་བྱའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། ཐེག་པ་ཐུན་མོང་བ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་ཆོས་འཁོར་ཐ་མ་གཉིས། དང་པོ་ནི། བསྐལ་བཟང་། རྒྱ་ཆེ་རོལ་པ། ལང་ཀར་གཤེགས་པ་ལ་སོགས་པ་མདོ་མང་གི་མདོ་ཕལ་ཆེར་རོ། །གཉིས་པ་ནི། སངས་རྒྱས་ཕལ་པོ་ཆེ་དང་། དཀོན་མཆོག་བརྩེགས་པ། ས་བཅུ་པ་ལ་སོགས་པ་རྣམས་སོ། །གཉིས་པ་ལ། ཐ་མའི་དང་པོ་སོགས་གསུམ་སྟེ་གོང་གིས་འགྲེ། གསུམ་པ་ལ། ཆོས་འཁོར་དང་པོའི་དབང་དུ་བྱས་པ། གཉིས་པའི། གསུམ་པའི་དེ་དང་གསུམ། དང་པོ་ནི། སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་འདས་པ་ཆུ་སྟོད་ཟླ་བའི་ཚེས་བཞིའི་ཉིན་ཡུལ་ཝ་ར་ཎ་སིར་འཁོར་གྱི་གཙོ་བོ་ཀུན་ཤེས་ཀཽཎྚི་ནྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་ཏེ་ལྔ་སྡེ་བཟང་པོ་སོགས་གཙོ་བོར་ཐེག་དམན་གྱི་རིགས་ཅན་རྣམས་ལ་གསུངས་སོ། །གཉིས་པ་ནི། བྱ་རྒོད་ཕུང་པོའི་རི་དང་། གཞན་འཕྲུལ་དབང་བྱེད་ལ་སོགས་པའི་གནས་རྣམས་སུ། ཡུམ་གྱི་གླེང་གཞི་ལས་གསུངས་པ་ལྟར་ཉན་ཐོས་ཀྱི་མིང་ཅན་ལྔ་སྟོང་ཙམ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་གསུངས། གསུམ་པ་ནི། རི་བོ་མ་ལ་ཡ་དང་། གྲོང་ཁྱེར་ཡངས་པ་ཅན་ལ་སོགས་པར་མ་ངེས་པའི་རིགས་ཅན་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་གདུལ་བྱ་ཅི་རིགས་པ་ལ་གསུངས་སོ། །བཞི་པ་ནི། གདུལ་བྱ་རྣམས་འཁོར་བ་ལས་བཟློག་ནས་མྱང་འདས་ལ་འཇུག་པའི་སླད་དུ་དང་པོ། འཁོར་འདས་ལ་བླང་དོར་ཐ་དད་དུ་འཛིན་པའི་ཞེན་པ་ལོག་ནས་མཐའ་བྲལ་རྟོགས་པའི་ཆེད་དུ་བར་པ། མ་ངེས་པའི་རིགས་ཅན་ཐེག་ཆེན་དུ་ཁ་དྲང་བ་དང་། ཐེག་ཆེན་དུ་ངེས་ཟིན་པ་རྣམས་མཐར་ཐུག་གི་རྟོགས་པ་ལ་འགོད་པའི་ཕྱིར་དུ་གསུམ་པ་གསུངས་པ་ཡིན་ཏེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དཔེར་ན་འདི་ལྟ་སྟེ། ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྤངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་ཡོངས་སུ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟངས་ཀྱི་ཁུ་བ་རྣོན་པོས་སྤངས་ནས་བལ་གྱི་ལྭ་བས་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བས་སྦངས་ནས་རས་སྲབ་མོས་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །ཡོངས་སུ་བྱང་སྟེ་དྲི་མ་དང་བྲལ་བ་ནི་བཻ་ཌཱུཪྻའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། མི་རྟག་པ་དང་། སྡུག་བསྔལ་དང་། བདག་མེད་པ་དང་། མི་གཙང་བ་དང་། ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱི་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་ནི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །ཞེས་སོ། །ལྔ་པ་ནི། ཆུ་ཕོ་སྟག་གི་ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་ནས་བརྩམས་ཏེ་དགུང་ལོ་བརྒྱད་ཅུ་པ་མེ་མོ་ཕག་གི་བར་རྒྱུན་མི་ཆད་དུ་བསྐོར་བས་མཚོན་ནོ། །བཞི་པ་ལ། ཆོས་འཁོར་བསྐོར་ཚུལ་ལ་དཔྱད་པ། དྲང་ངེས་ཀྱི་དོན་ལ་དཔྱད་པ། ཆོས་ཕུང་གི་རྣམ་གཞག་ལ་དཔྱད་པ་དང་གསུམ། དང་པོ་ནི། གསུང་གཅིག་ཉིད་དུ་གསུངས་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་གོ །ཞེས་པ་ལྟར་ཕྱོགས་གཅིག་ཏུ་མ་ངེས་ཀྱང་ཐུན་མོང་གདུལ་བྱ་སྤྱི་མཐུན་གྱི་དབང་དུ་བྱས་ནས་ཆོས་འཁོར་གསུམ་རིམ་གྱིས་བསྐོར་ཏེ། དེ་གསུམ་གང་ལ་བསྐོར་བའི་གདུལ་བྱ། གང་དུ་བསྐོར་བའི་གནས། གང་གི་ཆེད་དུ་བསྐོར་བའི་དགོས་པ་མི་འདྲ་བ་སོགས་དུ་མ་ཡོད་པའི་ཕྱིར། དེ་ལྟར་ཡང་ལང་གཤེགས་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པས་ཆོས་སྟོན་ནོ། །ཞེས་སོ། །གཉིས་པ་ནི། དང་པོ་དྲང་དོན་གཙོ་ཆེ་སྟེ། ཀུན་རྫོབ་བདེན་པ་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་ཡིན་པའི་ཕྱིར། བར་པ་ངེས་དོན་གཙོ་ཆེ་སྟེ། ཤེར་ཕྱིན་གྱི་མདོ་ཡིན་པའི་ཕྱིར། ཐ་མ་མ་ངེས་ཏེ། ཐེག་པ་ཐུན་མོང་དང་ཐེག་ཆེན་ཐུན་མོང་མ་ཡིན་པའི་མདོ་སྣ་ཚོགས་སུ་ཡོད་པའི་ཕྱིར། གསུམ་པ་ལ། ངོ་བོ། དབྱེ་བ། ཚད། མཚན་གཞི་དང་བཞི། དང་པོ་ནི། རྟོགས་པའི་ཆོས་རྒྱ་ཆེན་པོ་བརྗོད་བྱར་སྟོན་པའི་ལུང་གི་དམ་ཆོས་དུ་མ་འདུས་པའོ། །གཉིས་པ་ལ། ཐེག་ཆེན་ལྟར་ན། འདོད་ཆགས། ཞེ་སྡང་། གཏི་མུག །དུག་གསུམ་ཆ་མཉམ་པ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོའང་གྲངས་དེ་སྙེད་དེ། བརྒྱད་ཁྲི་བཞི་སྟོང་ངོ་། །ཐེག་དམན་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲིར་བཞེད། གསུམ་པ་ལ། ཁ་ཅིག །ཤཱ་རིའི་བུས་མཛད་པའི་བསྟན་བཅོས་ལས་ཆོས་ཀྱི་ཕུང་པོ་ཤོ་ལོ་ཀ་དྲུག་སྟོང་ཡོད་པ་ཚད་དུ་བཞེད། ཁ་ཅིག །ཕུང་ཁམས་སྐྱེ་མཆེད་དམ་རྟེན་འབྲེལ་སོགས་དོན་ཚན་རེ་རེ་རྫོགས་པར་སྟོན་པའི་གཏམ་གྱི་ཚོགས་ལ་བཞེད། དབྱིག་གཉེན་ལྟར་ན། འདོད་ཆགས་ལ་སྤྱོད་པ་སོགས་ཉོན་མོངས་པ་སྣ་རེ་སྤོང་བར་བྱེད་པའི་གཉེན་པོ་རྫོགས་པར་སྟོན་པའི་གཏམ་ཚོགས་ལ་བཞེད་དེ། ཉོན་མོངས་པ་བརྒྱད་ཁྲིའི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་མཐུན་པར་གསུངས་པའི་ཕྱིར་ཏེ། མཛོད་ལས། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། ཕུང་པོ་ལ་སོགས་གཏམ་རེ་ཡིན། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་སོ། །བཞི་པ་ནི། མདོ་སྡེ་པ་ཡན་ཆད་ལྟར་ན། གཟུགས་ཀྱི་ཕུང་པོས་བསྡུ་སྟེ། རྗོད་བྱེད་ཀྱི་ཚིག་ཏུ་འདོད་པའི་ཕྱིར། བྱེ་བྲག་སྨྲ་བ་ལྟར་ན། འདུ་བྱེད་ཀྱི་ཕུང་པོས་བསྡུ་སྟེ། མིང་སྤྱི་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་འདོད་པའི་ཕྱིར་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་སོ། །

ངག་དོན་ནི། རྗེ་བཙུན་བྱམས་མགོན་ཆོས་ཅན། རྣམ་མཁྱེན་ལ་བསྟོད་པ་ཡིན་ཏེ། རྟེན་གྱི་གང་ཟག །ཐབས་རྣམ་མཁྱེན། འབྲས་བུ་ཆོས་འཁོར་བསྐོར་བའི་མཛད་པ་གསུམ་གྱི་སྒོ་ནས་རྣམ་མཁྱེན་གྱི་ཡོན་ཏན་བརྗོད་པའི་མཁས་མཆོག་ཡིན་པའི་ཕྱིར། །

རབ་འབྱོར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་མཐའ་དཔྱད་པ་ལ། ཤེས་བྱ་ལམ་གསུམ་ངོས་བཟུང་། ཉན་རང་གི་སྤངས་རྟོགས་རྫོགས་ཚུལ། རྫོགས་སྨིན་སྦྱང་གསུམ་བྱས་པའི་ཚད། ཡང་དག་མཐའ་ངོས་བཟུང་། དེ་མངོན་དུ་བྱས་པའི་ཚད་དང་ལྔ། དང་པོ་སྐབས་གཉིས་པར་འཆད། གཉིས་པ་ལ། དམན་ལམ་སྔོན་དུ་སོང་བའི་དང་། མ་སོང་བའི་དབང་དུ་བྱས་པ་གཉིས། དང་པོ་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་ཀྱང་ཉན་རང་གི་སྤངས་རྟོགས་ཀྱི་རིགས་རྫོགས་པ་ཡོད་དེ། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་ལམ་པ་དེས་ཉོན་སྒྲིབ་ཟད་པར་སྤངས་ཤིང་། གང་ཟག་གི་བདག་མེད་རྟོགས་པ་མཐར་ཐུག་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ནས་རྫོགས་ཏེ། སྡུག་བསྔལ་ཆོས་བཟོད་ལ་གནས་པའི་བྱང་སེམས་དང་། ཐེག་དམན་དགྲ་བཅོམ་པ་གཉིས་ཉོན་སྒྲིབ་ཟད་པར་སྤངས་ཤིང་། གང་ཟག་གི་བདག་མེད་རྟོགས་པ་མཐར་ཐུག་པར་མཚུངས་པའི་ཕྱིར། མདོ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི། བྱང་ཆུབསེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ། །ཞེས་དང་། དེའི་འགྲེལ་པ་ཉི་ཁྲི་སྣང་བར། བཟོད་པ་དེ་ཡང་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཞེས་སོ། །

གསུམ་པ་ལ་གསུམ་ལས། དང་པོ་སྨོན་ལམ་རྫོགས་པའི་ཚད་ནི། སྨོན་ལམ་གྱི་གཙོ་བོ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་དོན་གྲུབ་པའོ། །གཉིས་པ་སེམས་ཅན་སྨིན་པར་བྱས་པའི་ཚད་ནི། སྒྲིབ་པ་དངོས་སུ་སྤང་རུང་དང་གཉེན་པོ་དངོས་སུ་སྐྱེ་རུང་གི་སྒོ་ནས་ཐེག་པ་རང་ལུགས་ཀྱི་སྦྱོར་ལམ་ཐོབ་པ་ནི་སྨིན་པའི་སེམས་ཅན་ཡིན་ལ། དེས་མཐོང་སྒོམ་གྱི་ལམ་ཐོབ་ཚེ་སྨིན་པ་གྲོལ། དེས་མི་སློབ་ལམ་ཐོབ་ཚེ་གྲོལ་བ་མཐར་ཕྱིན་པའི་ལམ་ལ་གནས་པ་ཡིན། དེས་ན་རང་གི་སྐུ་དངོས་ཀྱི་གདུལ་བྱ་སྒྲིབ་པ་དངོས་སུ་སྤང་རུང་དང་། གཉེན་པོ་དངོས་སུ་སྐྱེ་རུང་དུ་བྱེད་པའི་ནུས་པ་མཐར་ཐུག་ཐོབ་པའོ། །གསུམ་པ་ཞིང་སྦྱངས་པའི་ཚད་ནི། སངས་རྒྱས་ཀྱི་ཞིང་ཕུན་ཚོགས་འགྲུབ་པའི་རྒྱུ་དགེ་བའི་རྩ་བ་རྫོགས་པར་བསགས་པའི་སྟོབས་ཀྱིས་སངས་རྒྱས་རང་སྣང་ལ་སྣོད་བཅུད་ཀྱི་ཞིང་དག་པ་རབ་འབྱམས་འབའ་ཞིག་ཏུ་སྣང་བའོ། །

བཞི་པ་ནི། ཆོས་ཉིད་དེ་བཞིན་ཉིད་དེ་འདིར་བསྟན་གྱི་ཡང་དག་མཐའ་ཡིན་ཏེ། ཡང་དག་པའི་མཐའ་མངོན་སུམ་དུ་ནི་མི་བྱའོ། །ཞེས་པའི་མདོའི་དོན་འཆད་པ་ལ། དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན། ཞེས་དང་། གནས་སྐབས་ཐམས་ཅད་དུ་དེ་བཞིན་ཉིད་གོམས་ཀྱང་དེ་མངོན་དུ་མི་བྱེད་ཅེས་བྱ་བ་དེ་བཞིན་ཉིད་དང་། ཞེས་དང་། དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུ་ན། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་སོ། །

ལྔ་པ་ནི། ཆོས་ཉིད་དེ་བཞིན་ཉིད་ལ་སྲིད་ཞི་མཉམ་ཉིད་ཀྱི་ཚུལ་གྱིས་དུས་རྟག་ཏུ་མཉམ་པར་བཞག་པ་དེའི་ཚད་ཡིན་ཏེ། ཐུགས་ནི་ཆོས་རྣམས་ཐམས་ཅད་ལ། །རྩེ་གཅིག་ཕྱིར་ན་བརྟན་པ་ཉིད། །ཅེས་སོ། །

ངག་དོན་ནི། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ལམ་ཤེས་ཡིན་ཏེ་ཐེག་པ་གསུམ་གྱི་བསྐྱེད་རྫོགས་ལ་མཁས་པའི་ཤེས་རབ་དང་། རྫོགས་སྨིན་སྦྱང་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མི་བྱེད་པའི་ཐབས་མཁས་གཉིས་དང་ལྡན་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར།

བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ།

གཉིས་པ་དགོས་འབྲེལ་ལ། གཞུང་གི་འབྲེལ་དང་། འབྲེལ་བ་ཅན་གྱི་དཀའ་བའི་གནས་ལ་དཔྱད་པ། ངག་དོན་དང་གསུམ། དང་པོ་ནི། ཉན་ཐོས་ཞི་བ་ཚོལ་རྣམས། ཞེས་སོགས་ཀྱི་སྐབས་སུ་ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་ནས། དངོས་བརྒྱད་དོན་བདུན་ཅུ་དང་བཅས་པ་བརྗོད་བྱར་བྱས་པའི་བསྟན་བཅོས་རྩོམ་པ་ལ་དགོས་པ་དང་ཉིང་དགོས་ཇི་ལྟར་ཡོད་སྙམ་ན། རྒྱན་ལ་འཇུག་པའི་གེགས་ལོག་རྟོག་མངོན་འགྱུར་བ་བཞི་བསལ་ནས། རྒྱན་གྱི་གདུལ་བྱ་རྒྱན་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་པའི་ཆེད་དུ་དགོས་འབྲེལ་གྱི་ངག་འདི་གསུངས་པ་ཡིན་ནོ། །དེ་ཡང་ཅུང་ཟད་བཤད་ན། མངོན་པར་རྟོགས་པའི་རྒྱན་ཆོས་ཅན། རྟོགས་ལྡན་མཁས་པ་རྣམས་ཀྱིས་འཇུག་པར་བྱ་བ་མ་ཡིན་ཏེ། བརྗོད་བྱ་མེད་པའི་ཚིག་ཡིན་པའི་ཕྱིར། དཔེར་ན་སྨྱོན་པའི་ངག་བཞིན་ནོ། །ཞེས་པའི་ལོག་རྟོག་བསལ་ནས། དངོས་བརྒྱད་དོན་བདུན་ཅུ་དང་བཅས་པ་རྒྱན་གྱི་བརྗོད་བྱར་ཤེས་པའི་ཕྱིར་དུ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་པའི་ཚིག་རྐང་གཉིས་འགྲེལ་པ་དང་བཅས་པ་གསུངས། ཡང་དེ་ཆོས་ཅན། སྔ་མ་དེ་མ་ཡིན་ཏེ། དགོས་པ་མེད་པའི་ཚིག་ཡིན་པའི་ཕྱིར། དཔེར་ན། བྱ་རོག་སོ་རྟོག་གི་བསྟན་བཅོས་བཞིན་ནོ། །ཞེས་པའི་ལོག་རྟོག་བསལ་ནས། རྒྱན་ལ་ཐོས་བསམ་བྱས་པ་ལ་བརྟེན་ནས་དངོས་བརྒྱད་དོན་བདུན་ཅུ་དང་བཅས་པ་བདེ་བླག་ཏུ་རྟོགས་པའི་ཤེས་རབ་དེ་རྒྱན་གྱི་དགོས་པ་ཡིན་ནོ། །ཞེས་འཆད་པ་ནི། བདེ་བླག་ཏུ་ནི་ཞེས་སོགས་ཚིག་རྐང་གཉིས་འགྲེལ་པ་དང་བཅས་པ་གསུངས། དེ་ཆོས་ཅན། སྔ་མ་དེ་མ་ཡིན་ཏེ། གནས་སྐབས་ཀྱི་དགོས་པ་ཙམ་ཡོད་ཀྱང་ཉིང་དགོས་མེད་པའི་ཚིག་ཡིན་པའི་ཕྱིར། དཔེར་ན། ཀླ་ཀློའི་མ་བག་མར་ལེན་པའི་བསྟན་བཅོས་བཞིན་ནོ། །ཞེས་པའི་ལོག་རྟོག་བསལ་ནས། རྒྱན་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་བརྟེན་ནས་ཐོབ་པའི་རྣམ་མཁྱེན་རྒྱན་གྱི་ཉིང་དགོས་ཡིན་ཞེས་འཆད་པ་ནི། གཞན་གྱིས་མྱོང་བ་མ་ཡིན་ཏེ། ཞེས་སོགས་ཤོ་ལོ་ཀ་གཅིག་འགྲེལ་པ་དང་བཅས་པ་གསུངས། དེ་ཆོས་ཅན། སྔ་མ་དེ་མ་ཡིན་ཏེ། ཁྱོད་དང་ཁྱོད་ཀྱི་ཉིང་དགོས་གཉིས་ལ་འབྲེལ་བ་མེད་པའི་ཕྱིར། དཔེར་ན། འཇོག་པོའི་གཙུག་རྒྱན་གྱི་ནོར་བུ་ལེན་པའི་མན་ངག་བཞིན་ནོ། །ཞེས་པའི་ལོག་རྟོག་བསལ་ནས། རྒྱན་དང་རྒྱན་གྱི་ཉིང་དགོས་ལ་ཐབས་དང་ཐབས་བྱུང་གི་འབྲེལ་བ་ཡོད་ཚུལ་རྩ་བའི་ཤུགས་ལ་གནས་པ། འགྲེལ་པར་དངོས་སུ་འཆད་པ་ནི། རྗོད་པར་བྱེད་པ་ཞེས་སོགས་ཀྱིས་བསྟན། དེ་ཡང་རྩ་བར་འབྲེལ་བ་ཡོད་ཚུལ་དངོས་སུ་མི་འཆད་པ་ལ་རྒྱུ་མཚན་ཡོད་དེ། བརྗོད་བྱ་སོགས་གསུམ་དངོས་སུ་བསྟན་པས་འབྲེལ་བ་ཤུགས་ལ་གོ་ནུས་པའི་ཕྱིར། བསྟན་བཅོས་དང་ནི་དགོས་པའི་དོན། །འབྲེལ་བའི་གཞི་ནི་གཉིས་ལ་གནས། །དེར་བསྟན་འདུས་པ་དེ་ཡི་ཕྱིར། །དགོས་པ་ལོགས་ཤིག་མ་བསྟན་ཏོ། །ཞེས་དང་། འབྲེལ་བ་སྟོན་པར་བྱེད་པའི་སྒྲ། །དངོས་སུ་ཡོད་པ་མ་ཡིན་ཡང་། །འོན་ཀྱང་དེ་ནི་རྣམ་དཔྱད་ལས། །དོན་གྱིས་གོ་བར་བསྟན་པ་ཡིན། །ཞེས་སོ། །

གཉིས་པ་ལ། སྤྱིར་ངག་ཙམ་ལ་ཡོད་པའི། དགོས་འབྲེལ་གྱི་ངག་ལ་ཡོད་པའི། བསྟན་བཅོས་ལུས་ལ་ཡོད་པའི་དགོས་སོགས་ཆོས་བཞི། གཞུང་གིས་བསྟན་ཚུལ་དང་བཞི། དང་པོ་ནི། དཔེར་ན། བུམ་པར་ཆུ་ལོན་ཅིག་ཅེས་པ་ལྟ་བུ་ལ་མཚོན་ན། བུམ་པ་ཆུ་དང་བཅས་པ་དེའི་བརྗོད་བྱ། བུམ་པར་ཆུ་ལེན་དགོས་པར་ཤེས་པ་དེའི་དགོས་པ། བུམ་པ་ཆུ་བཅས་ཐོབ་སྟེ་སྐྱེས་བུའི་བཏུང་བ་སོགས་ཀྱི་བྱ་བ་བྱེད་པ་དེའི་ཉིང་དགོས། འབྲེལ་བ་སྤྱི་དང་མཐུན་ནོ། །གཉིས་པ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། ཞེས་སོགས་ཀྱི་གཞུང་འདི་ཡང་། བརྗོད་བྱ། དགོས་པ། ཉིང་དགོས། འབྲེལ་བ་བཞི་དང་ལྡན་ཏེ། དང་པོ་ནི། བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་ལྟ་བུའོ། །གཉིས་པ་ནི། རྒྱན་ལ་ཆོས་བཞི་མེད་དམ་སྙམ་པའི་ལོག་རྟོག་བསལ་ནས་ཆོས་བཞི་ཡོད་པར་ཤེས་པ་ལྟ་བུ། གསུམ་པ་ནི། རྒྱན་ལ་ཆོས་བཞི་ཡོད་པར་ཤེས་ཏེ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་པ་ལྟ་བུ། འབྲེལ་བ་སྤྱི་དང་མཐུན། གསུམ་པ་ལའང་བཞི་ལས། དང་པོའི་མཚན་ཉིད་ནི། རྒྱན་གྱི་བཤད་བྱར་གྱུར་པའི་ཚིག་དོན་གང་རུང་གིས་བསྡུས་པའི་ཆོས། དབྱེ་ན་ཤེར་ཕྱིན་གྱི་མདོ་ལྟ་བུ། ཚིག་དང་། དངོས་བརྒྱད་དོན་བདུན་ཅུ་ལྟ་བུ་དོན་གྱི་བརྗོད་བྱ་གཉིས། གཉིས་པའི་མཚན་ཉིད་ནི། རྒྱན་ལ་ཐོས་བསམ་སྒོམ་གསུམ་ཅི་རིགས་བྱས་པ་ལ་བརྟེན་ནས་ཐོབ་པའི་རྒྱན་གྱི་གནས་སྐབས་ཀྱི་འབྲས་བུ། མཚན་གཞི་རྒྱན་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་བརྟེན་ནས་དངོས་བརྒྱད་དོན་བདུན་ཅུ་དང་བཅས་པ་བདེ་བླག་ཏུ་རྟོགས་པའི་ཤེས་རབ་ལྟ་བུ། གསུམ་པའི་མཚན་ཉིད་ནི། རྒྱན་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་བརྟེན་ནས་ཐོབ་པའི་མཐར་ཐུག་གི་འབྲས་བུ། དེ་ལ་ཐོས་བསམ་བྱས་པ་ལ་བརྟེན་ནས་ཐོབ་པའི་རྣམ་མཁྱེན་ལྟ་བུ། བཞི་པའི་མཚན་ཉིད་ནི། དེས་དེ་ལ་ཕན་བཏགས་པའི་སྟོབས་ཀྱིས་རྒྱན་བཀག་ན་དེའི་ཉིང་དགོས་ཁེགས་དགོས་པ། རིགས་འདྲའི་དཔེ་དུ་བ་མེ་ལ་འབྲེལ་བ་ལྟ་བུའོ། །བཞི་པ་ནི། ཚིག་དང་པོ་གཉིས་ཀྱིས་བརྗོད་བྱ། དེ་ནས་བཞིས་ཉིང་དགོས། དེ་ནས་གཉིས་ཀྱིས་དགོས་པ། འབྲེལ་བ་ཤུགས་ལ་བསྟན་ཏོ། །

གསུམ་པ་ནི། མངོན་པར་རྟོགས་པའི་རྒྱན་ཆོས་ཅན། ཁྱོད་ལ་དགོས་སོགས་ཆོས་བཞི་དང་མི་ལྡན་པའི་སྐྱོན་མེད་དེ། འབྲེལ་བ་བཞི་དང་ལྡན་པའི་ཕྱིར།

བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པ།

གསུམ་པ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པ་ལ། ལུས་རྣམ་གཞག་དང་། ཡན་ལག་རྒྱས་བཤད་གཉིས། དང་པོ་ལ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། བཤད་བྱ་ཤེར་ཕྱིན་གྱི་མཐའ་དཔྱད་པ་དང་། འཆད་བྱེད་དངོས་བརྒྱད་ཀྱི་མཐའ་དཔྱད་པ་གཉིས། དང་པོ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ། དངོས་བཏགས་ཀྱི་ཁྱད་པར་དང་བཞི། དང་པོ་ནི། ཆོས་རབ་ཏུ་རྣམ་འབྱེད་སྲིད་ཞིའི་ཕ་རོལ་ཏུ་སོན་པ་མཐར་ཐུག་པའི་བློ། གཉིས་པ་ནི། ཇི་ལྟ་ཇི་སྙེད་ཀྱི་ཆོས་རྣམ་པར་འབྱེད་པས་ཤེས་རབ། སོ་སྐྱེས་ལ་ལྟོས་ཏེ་ཕ་རོལ། དེ་ཉིད་དུ་སོན་པས་ཕྱིན་པ་ཞེས་བྱ་སྟེ། འཇུག་འགྲེལ་དུ། ཕ་རོལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པ་མངའ་བའི་རང་བཞིན་སངས་རྒྱས་ཡིན་ལ། ཕྱིན་པ་ནི་དེར་སོན་པའོ། །ཞེས་སོ། །གསུམ་པ་ལ། གཞུང་ལམ་འབྲས་བུ་རང་བཞིན་གྱི་ཤེར་ཕྱིན་དང་བཞི། དང་པོའི་མཚན་ཉིད། ཤེར་ཕྱིན་བརྗོད་བྱར་སྟོན་པའི་ལེགས་བཤད། མཚན་གཞི་བཀའ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་སོ། །གཉིས་པའི་མཚན་ཉིད། འབྲས་བུ་ཤེར་ཕྱིན་དུ་བགྲོད་པར་བྱེད་པའི་ཐེག་ཆེན་སློབ་པ་འཕགས་པའི་མངོན་རྟོགས། མཚན་གཞི། ཐེག་ཆེན་གྱི་མཐོང་ལམ་དང་སྒོམ་ལམ་ལྟ་བུའོ། །གསུམ་པའི་མཚན་ཉིད། ལམ་ཤེར་ཕྱིན་སྒོམ་སྟོབས་ཀྱིས་ཐོབ་པའི་མཐར་ཐུག་གི་ཡེ་ཤེས། མཚན་གཞི། རྣམ་མཁྱེན་མཐའ་དག་གོ །བཞི་པའི་མཚན་ཉིད། རང་གི་ངོ་བོ་རང་བཞིན་འགྱུར་མེད་ཀྱི་ཆོས་ཉིད། མཚན་གཞི། ངོ་བོ་ཉིད་སྐུ་ལྟ་བུ། བཞི་པ་ལ། མཁས་པ་སྔ་མའི་ལུགས་བརྗོད་པ་དང་། རང་ལུགས་བཞག་པ་གཉིས། དང་པོ་ནི། ཕྱོགས་གླང་། ཟླ་གྲགས། སེང་བཟང་རྣམས་འབྲས་བུ་ཤེར་ཕྱིན་མཚན་ཉིད་པ་དང་། གཞན་བཏགས་པ་བར་བཞེད་དེ། བརྒྱད་སྟོང་དོན་བསྡུས། འཇུག་འགྲེལ། འགྲེལ་ཆེན་རྣམས་ལས་དེ་ལྟར་བཤད་པའི་ཕྱིར། འབུམ་ཊཱིཀ་མཁན་པོ་ན་རེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ན་ཤེར་ཕྱིན་མཚན་ཉིད་པ་ཡིན་གྱི། ཚོགས་སྦྱོར་རྗེས་ཐོབ་ཀྱི་མཁྱེན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ནི་བཏགས་པ་བར་བཞེད་དེ། ཡུམ་གསུམ་གནོད་འཇོམས་ལས་དེ་ལྟར་བཤད་པའི་ཕྱིར། ཤཱནྟི་པ་ན་རེ། ས་བཅུའི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ན་ཤེར་ཕྱིན་ཡིན་ཅིང་། འབྲས་བུ་ཤེར་ཕྱིན་དང་སོ་སྐྱེའི་མངོན་རྟོགས་ནི་ཤེར་ཕྱིན་བཏགས་པ་བར་བཞེད་དེ། དག་ལྡན་ལས་དེ་ལྟར་བཤད་པའི་ཕྱིར། དེས་ན་ལུགས་གཉིས་པོ་དེ་ནི་ལམ་ཤེར་ཕྱིན་མཚན་ཉིད་པར་འདོད་པའི་ལུགས་སོ། །འཕགས་གྲོལ་མཁྱེན་པ་གསུམ་ཤེར་ཕྱིན་མཚན་ཉིད་པ་དང་། སངས་རྒྱས་ཡེ་ཤེས་ཞབས་ཐེག་ཆེན་གྱི་ལམ་ལྔ་ཀ་མཚན་ཉིད་པར་བཞེད་དེ། ཉི་སྣང་དང་། ཡེ་ཤེས་ཞབས་ཀྱི་འགྲེལ་པ་ལས་དེ་ལྟར་བཤད་པའི་ཕྱིར། གཉིས་པ་ལ། ཤེར་ཕྱིན་གྱི་སྒྲ་འཇུག་ཚུལ་སྤྱིར་བསྟན་པ་དང་། དངོས་བཏགས་ཀྱི་ཁྱད་པར་ལ་དཔྱད་པ་གཉིས། དང་པོ་ནི། བདག་མེད་རྟོགས་པའི་ལམ་ཙམ་ལ་ཤེར་ཕྱིན་དུ་བཤད་དེ། མདོ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་ལ་བཤད་དེ། རྩ་བར། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་པའི་ཕྱིར། སྤངས་རྟོགས་མཐར་ཐུག་པའི་ཡེ་ཤེས་ལ་བཤད་དེ། བརྒྱད་སྟོང་དོན་བསྡུས་ལས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲས་བཏགས། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། འབྲས་བུ་ཤེར་ཕྱིན་ཤེར་ཕྱིན་མཚན་ཉིད་པ་ཡིན་ཞིང་། གཞུང་ལམ་སོགས་བཏགས་པ་བ་ཡིན་ཏེ། དེའི་མིང་གིས་འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པ། དངོས་ལ་གནོད་བྱེད་ཀྱི་ཆོས་གསུམ་ཚང་བའི་ཕྱིར། དང་པོ་གྲུབ་སྟེ། གཞུང་ཤེར་ཕྱིན་ཤེར་ཕྱིན་གྱི་རྗོད་བྱེད་དང་། ལམ་ཤེར་ཕྱིན་ཤེར་ཕྱིན་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཤེར་ཕྱིན་དོན་གཉེར་གྱི་གང་ཟག་གིས་གཞུང་ཤེར་ཕྱིན་ལ་ཐོས་བསམ་དང་། ལམ་ཤེར་ཕྱིན་ལ་ཉམས་ལེན་བྱེད་དགོས་པར་ཤེས་པའི་ཆེད་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། སྤངས་རྟོགས་མཐར་ཐུག་པའི་ཤེས་རབ་མ་ཐོབ་པའི་ཕྱིར། གལ་ཏེ་བྱང་འཕགས་ཀྱི་རྒྱུད་ལ་རང་རྒྱུད་ཀྱི་སྦྱིན་པ་བླ་མེད་བྱང་ཆུབ་ཏུ་ཁྲིད་པར་བྱེད་པའི་ལམ་མ་ནོར་བ་མེད་པར་ཐལ། དེའི་རྒྱུད་ལ་ཤེར་ཕྱིན་མེད་པའི་ཕྱིར། ཁྱབ་སྟེ། སྡུད་པར། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར། ཟེར་ན་སྐྱོན་མེད་དེ། ལུང་དེ་ནི་བླ་མེད་བྱང་ཆུབ་བགྲོད་པ་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་དགོས་པ་ཙམ་ལ་དགོངས་པའི་ཕྱིར།

གཉིས་པ་དངོས་བརྒྱད་ཀྱི་མཐའ་དཔྱད་པ་ལ། སོ་སོའི་རང་བཞིན། གྲངས་ངེས་པ། གོ་རིམ་ངེས་པ། ཟློས་སྐྱོན་སྤོང་བ་དང་བཞི། དང་པོ་ལ། མཁྱེན་གསུམ། སྦྱོར་བཞི། འབྲས་བུ་ཆོས་སྐུ་བཤད་པ་དང་གསུམ། དང་པོ་ལ། གཞི་གང་ཟག་གི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་གཞི་ཤེས་ཀྱི་མཚན་ཉིད། དབྱེ་ན། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་སོགས་དྲུག །ལམ་གསུམ་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ལམ་ཤེས་ཀྱི། དབྱེ་ན། ཉན་རང་ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ། ངོ་བོ་རྒྱུ་འབྲས་ཀྱིས་བསྡུས་པའི་ཆོས་མ་ལུས་པ་མངོན་སུམ་དུ་རྟོགས་པ་མཐར་ཐུག་གི་ཡེ་ཤེས་རྣམ་མཁྱེན་གྱི། དབྱེ་ན། ཇི་ལྟ་བ་དང། ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་གཉིས། མཚན་ཉིད་རིམ་བཞིན། ཆོས་ཉིད་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས། ཆོས་ཅན་ཇི་སྙེད་པ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས། གཉིས་པ་སྦྱོར་བཞི་ལ། མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་རྣམ་རྫོགས་སྦྱོར་བའི། དབྱེ་ན་རང་བཞིན་གྱི་སྦྱོར་བ་ལྔ་དང་། གནས་སྐབས་ཀྱི་བཅོ་ལྔའོ། །མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པ་ཚོགས་ལམ་ཆེན་པོ་ལས་རབ་ཏུ་གྱུར་བའི་སེམས་དཔའི་རྣལ་འབྱོར་རྩེ་སྦྱོར་གྱི། དབྱེ་ན། སྦྱོར་ལམ་རྩེ་སྦྱོར་སོགས་བཞི། མཐར་གྱིས་པའི་སྦྱོར་བའི་མཚན་ཉིད་ལ། འཕགས་པ་ལྟར་ན། མཁྱེན་གསུམ་གྱི་རྣམ་པ་རིམ་ཅན་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར། སློབ་དཔོན་ལྟར་ན། རྩེ་སྦྱོར་གྱི་རྟོགས་པ་སྔོན་དུ་སོང་བའི་སྒོ་ནས་མཁྱེན་གསུམ་གྱི་རྣམ་པ་རིམ་ཅན་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། ཕར་ཕྱིན་དྲུག་རྗེས་སུ་དྲན་པའི། རྗེས་དྲན་དྲུག་རྗེས་སུ་དྲན་པའི། དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་སྦྱོར་བ་དང་བཅུ་གསུམ། ས་མཚམས། འཕགས་པ་ལྟར་ན་མཐར་གྱིས་པའི་བྱ་བ་ཚོགས་ལམ། དེའི་བསླབ་པ་སྦྱོར་ལམ། དེའི་སྒྲུབ་པ་འཕགས་ལམ་ན་ཡོད་པར་བཞེད། སློབ་དཔོན་ལྟར་ན། དང་པོ་སྦྱོར་ལམ། གཉིས་པ་མཐོང་ལམ། གསུམ་པ་སྒོམ་ལམ་ན་ཡོད་པར་བཞེད། མཁྱེན་གསུམ་གྱི་རྣམ་པ་དུས་སྐད་ཅིག་མ་གཅིག་ལ་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་སྐད་ཅིག་མའི། དབྱེ་ན། རྣམ་པར་སྨིན་པ་མ་ཡིན་པའི། རྣམ་པར་སྨིན་པའི། མཚན་ཉིད་མེད་པའི། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་དང་བཞི། ས་མཚམས་རྒྱུན་མཐའ་ཁོ་ནར་ཡོད། གསུམ་པ་ནི། སྦྱོར་བཞི་སྒོམ་སྟོབས་ཀྱིས་མངོན་དུ་གྱུར་པའི་བླ་ན་མེད་པའི་བྱང་ཆུབ། དབྱེ་ན། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། མཛད་པ་ཕྲིན་ལས་དང་བཞི། གཉིས་པ་ནི། རྒྱན་གྱི་བརྗོད་བྱའི་གཙོ་བོ་ལ་དངོས་བརྒྱད་ཆ་ཤས་དང་བཅས་པར་གྲངས་ངེས་པ་ཡིན་ཏེ། རྒྱན་འདིས་ཐེག་ཆེན་གྱི་རིགས་ཅན་འཚང་རྒྱ་བའི་ལམ་གྱི་ཡན་ལག་ཚང་ལ་མ་ནོར་བར་བསྟན་པ་གང་ཞིག །དེ་ལ་དངོས་བརྒྱད་ཆ་ཤས་དང་བཅས་པ་དགོས་པའི་ཕྱིར། དེ་ལའང་ཐོས་བསམ་གྱིས་གཏན་ལ་དབབ་བྱའི་དབང་དུ་བྱས་ནས། མཚོན་བྱེད་ཀྱི་ཆོས་བཅུའི་སྒོ་ནས་རྣམ་མཁྱེན། བཅུ་གཅིག་གིས་ལམ་ཤེས། དགུས་གཞི་ཤེས་གསུངས། དེའི་དོན་ཉམས་སུ་ལེན་པའི་ཚུལ་ལ། སློབ་དཔོན་ལྟར་ན། གཞི་ལམ་རྣམ་གསུམ་བདེན་པའི་སྐྱེ་མེད་དུ་བསྡུས་ནས་ཉམས་སུ་ལེན་པ་དང་། དེ་ཉིད་ཚོགས་ལམ་ཆེན་པོ་ལས་རབ་ཏུ་གྱུར་པའི་ཚུལ་གྱིས་དང་། དེ་སྤངས་རྟོགས་མཐར་མ་ཐུག་གི་བར་རིམ་ཅན་དུ་དང་། སློབ་པའི་རྟོགས་པ་མཐར་ཐུག་པའི་ཚེ་དུས་སྐད་ཅིག་མ་གཅིག་ལ་ཉམས་སུ་ལེན་པའི་དབང་དུ་བྱས་ནས་སྦྱོར་བཞི་རིམ་བཞིན་བཞག །འཕགས་པ་ལྟར་ན། སྤངས་པ་མཐར་ཐུག་ཐོབ་པར་བྱེད་པའི་དབང་དུ་བྱས་ནས་སྦྱོར་བ་སྔ་མ་གཉིས་དང་། རྟོགས་པ་མཐར་ཐུག་ཐོབ་པར་བྱེད་པའི་དབང་དུ་བྱས་ནས་ཕྱི་མ་གཉིས་བཞག །དེ་ལྟར་ཉམས་སུ་བླངས་པ་ལ་བརྟེན་ནས་ཇི་ལྟ་ཇི་སྙེད་ཀྱི་ཆོས་རྣམས་མངོན་སུམ་དུ་རྟོགས་པ་མཐར་ཐུག་གི་ཡེ་ཤེས་བྲལ་འབྲས་མངོན་དུ་གྱུར་པའི་དབང་དུ་བྱས་ནས་སྐུ་བཞི་ཕྲིན་ལས་དང་བཅས་པ་བཞག་པ་ཡིན་ནོ། །ཞར་ལ་མངོན་རྟོགས་རྐྱང་པ་དང་ཁུག་པའི་དོན་བཤད་པ་ལ། རྒྱན་གྱི་འགྲེལ་བྱེད་ཁ་ཅིག་རྣམ་མཁྱེན་ཚོགས་ལམ། ལམ་ཤེས་སྦྱོར་ལམ་ནས་ས་དང་པོའི་བར་དུ། གཞི་ཤེས་ས་གཉིས་པ་ནས་བདུན་པའི་བར་དུ། རྣམ་རྫོགས་སྦྱོར་བ་ས་བརྒྱད་པ། རྩེ་སྦྱོར་ས་དགུ་པ། མཐར་གྱིས་པའི་སྦྱོར་བ་ས་བཅུ་པའི་དཀྱིལ་སྟོད། སྐད་ཅིག་མའི་སྦྱོར་བ་ས་བཅུ་པའི་དཀྱིལ་སྨད་དུ་ཉམས་སུ་བླངས་པ་ལ་བརྟེན་ནས་འབྲས་བུ་ཆོས་སྐུ་མངོན་དུ་བྱེད་པ་ནི་མངོན་པར་རྟོགས་པ་རྐྱང་པའི་ལམ་རིམ་ཡིན་ཞིང་། དེ་ཉིད་རྒྱན་གྱི་དགོངས་པ་ཡིན་ཞེས་ཟེར། ཁུག་པའི་དོན་ནི། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་སྦྱོར་བ་བཞིའི་སྒོ་ནས་ཉམས་སུ་བླངས་པ་ལས་འབྲས་བུ་ཆོས་སྐུ་མངོན་དུ་བྱེད་པ་ཡིན་ནོ། །རྩ་བའི་དགོངས་པ་ཁུག་པར་གནས་ཏེ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཞེས་སོ། །གསུམ་པ་ནི། ཡུལ་དང་། སྦྱོར་བ་དང་། འབྲས་བུ་ནི་རྒྱུ་འབྲས་དོན་གྱི་གོ་རིམ་ཡིན་ཏེ། དང་པོར་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན། སྦྱོར་བ་བཞིས་ཉམས་སུ་བླངས་པ་ལ་བརྟེན་ནས་འབྲས་བུ་ཆོས་སྐུ་མངོན་དུ་འགྱུར་བའི་ཕྱིར། མཁྱེན་པ་གསུམ་ནི། བཤད་པའི་རིམ་པ་ཡིན་ལ། སྦྱོར་བ་བཞི་ནི། རྒྱུ་འབྲས་དོན་གྱི་རིམ་པ་ཡིན། དེ་ལྟར་སློབ་པའི་འབྲས་བུ་ཆོས་སྐུར་བཞག་པ་ཡིན་ནོ། །བཞི་པ་ནི། རྣམ་མཁྱེན་དང་ལམ་ཤེས་ལ་ཟློས་སྐྱོན་མེད་དེ། སྐབས་དང་པོར་ས་བཅུ་དང་ལམ་ལྔ་སོགས་རྣམ་མཁྱེན་མཚོན་བྱེད་ཀྱི་ལྡོག་པ་ནས་བསྟན་ཅིང་། གཉིས་པར་དེ་ཐོབ་བྱེད་རྒྱུའི་ལྡོག་པ་ནས་བསྟན་པའི་ཕྱིར། ལམ་ཤེས་དང་གཞི་ཤེས་ལ་ཟློས་སྐྱོན་མེད་དེ། སྐབས་གཉིས་པར་ཐེག་དམན་གྱི་མངོན་རྟོགས་སོགས་ཤེས་བྱ་ཡུལ་གྱི་ལྡོག་པ་དང་། གསུམ་པར་གོལ་སའི་ལྡོག་པ་ནས་བསྟན་པའི་ཕྱིར། མཁྱེན་གསུམ་དང་སྦྱོར་བཞི་ལ་ཟློས་སྐྱོན་མེད་དེ། སྐབས་དང་པོ་གསུམ་དུ་མཁྱེན་པ་གསུམ་ཐོས་བསམ་གྱིས་གཏན་ལ་དབབ་བྱ་དང་། སྦྱོར་བཞིའི་སྐབས་ཉམས་སུ་བླང་བྱའི་ལྡོག་པ་ནས་བསྟན་པའི་ཕྱིར། སྐབས་དང་པོ་དང་བརྒྱད་པ་ལ་ཟློས་སྐྱོན་མེད་དེ། སྐབས་དང་པོར་སངས་རྒྱས་ཀྱི་མངོན་རྟོགས་སོགས་ཐོས་བསམ་གྱིས་གཏན་ལ་དབབ་བྱ་དང་། བརྒྱད་པར་འཐོབ་བྱའི་འབྲས་བུའི་ལྡོག་པ་ནས་བསྟན་པའི་ཕྱིར། ངག་དོན་ནི། མངོན་པར་རྟོགས་པའི་རྒྱན་ཆོས་ཅན། ཤེར་ཕྱིན་བཤད་པ་ཡིན་ཏེ། དངོས་པོ་བརྒྱད་ཀྱི་སྒོ་ནས་དེ་ཕྱིན་ཅི་མ་ལོག་པར་བཤད་པའི་ཕྱིར།

འབྲས་བུ་རྣམ་མཁྱེན།

གཉིས་པ་ཚིག་དོན་ཡན་ལག་རྒྱས་བཤད་ལ། ཐོས་བསམ་གྱིས་གཏན་ལ་དབབ་པར་བྱ་བའི་ཡུལ། ཉམས་ལེན་གྱི་སྤྱོད་པ། ཐོབ་བྱའི་འབྲས་བུ་དང་གསུམ། དང་པོ་ལ། འབྲས་བུ་རྣམ་མཁྱེན། རྒྱུ་ལམ་ཤེས། བླང་དོར་བྱ་བའི་ཡུལ་གཞི་ཤེས་སོ། །དང་པོ་ལ། འབྲེལ་བཀོད་པའི་སྒོ་ནས་མཚམས་སྦྱར་བ་དང་། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་ལྟར་བསྡུས་པའི་དོན་ཀུན་བསྟན་ནས། ཞེས་སོགས་ཀྱིས་བསྟན། གཉིས་པ་ལ། སེམས་བསྐྱེད་ལ་སོགས་པ་མཚོན་བྱེད་ཀྱི་ཆོས་བཅུ་ཡོད་ཅིང་། འདི་དག་ལ་བསྡུ་བ་སྤྱིར་བསྟན་པ་དང་། དཀའ་བའི་གནས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། བསམ་པ་སེམས་བསྐྱེད་པ་དང་། སྦྱོར་བ་ལམ་ལ་འཇུག་པའི་ཚུལ་གཉིས་སུ་འདུས། དང་པོ་ལ། སེམས་བསྐྱེད་ཀྱི་ངོ་བོ་ནི། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཞེས་སོགས་རྩ་འགྲེལ་གྱིས་འཆད། དེའི་དམིགས་ཡུལ་གཞན་དོན་དང་བྱང་ཆུབ་ནི། དེ་དང་དེ་ནི། ཞེས་སོགས་རྩ་འགྲེལ་གྱིས་འཆད། མཚོན་བྱེད་ཀྱི་དཔེ། མཚུངས་ལྡན་གྱི་གྲོགས། ཆོས་མཐུན་གྱི་གཏན་ཚིག་གསུམ་གྱི་སྒོ་ནས་ཉེར་གཉིས་སུ་ཡོད་ཚུལ་འཆད་པ་ནི། དེ་ཡང་ས་གསེར་ཞེས་སོགས་རྩ་འགྲེལ་གྱིས་འཆད། དེ་དག་གི་ས་མཚམས་འགྲེལ་པས་ཁ་བསྐང་སྟེ་འཆད་པ་ནི། དེ་ལ་དང་པོ་གསུམ་ནི། ཞེས་སོགས་ཀྱིས་བསྟན། གཉིས་པ་ལ། སྒྲུབ་པའི་ཐབས་སྟོན་པའི་རྒྱུ་གདམས་ངག །འཐོབ་བྱ་སྒྲུབ་པའི་འབྲས་བུ་ངེས་འབྱེད་ཆ་མཐུན། འཇུག་བྱ་སྒྲུབ་པའི་ཡན་ལག་གི་ཆོས་དང་གསུམ། དང་པོ་ལ། གདམས་ངག་བཅུ་སྤྱིར་བསྟན་པ་ནི། སྒྲུབ་དང་ཞེས་སོགས་ཀྱིས་བསྟན། རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ནི། དབང་པོ་རྟུལ་དང་ཞེས་སོགས་ཀྱིས་བསྟན། གཉིས་པ་ལ། ངོ་བོ་མདོར་བསྟན་པ་དང་། ཁྱད་ཆོས་རྒྱས་པར་བཤད་པ་གཉིས། དང་པོ་ནི། དམིགས་པ་དང་ནི། ཞེས་སོགས་རྩ་འགྲེལ་གྱིས་བསྟན། གཉིས་པ་ལ་གསུམ་ལས། དང་པོ་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་ཆོས་ནི། དམིགས་པ་མི་རྟག་ལ་སོགས་པ། ཞེས་སོགས་ཀྱིས་བསྟན། གཉིས་པ་ལ། གཞི་དང་དེ་ཡི་གཉེན་པོ་ཡིས། །ཞེས་སོགས་ཀྱིས་གཟུང་རྟོག་གཉིས་དང་། རྫས་དང་བཏགས་པའི་རྟེན་ཅན་གྱིས། །ཞེས་སོགས་ཀྱིས་འཛིན་རྟོག་གཉིས་ཏེ། སྤང་བྱ་རྟོགས་པའི་ཁྱད་ཆོས་དང་། གསུམ་པ་ཡོངས་འཛིན་གྱི་ཁྱད་ཆོས་ནི། སེམས་མི་འགོང་བ་ཉིད་ལ་སོགས། །ཞེས་སོགས་ཀྱིས་བསྟན། གསུམ་པ་ལ། སྒྲུབ་པའི་རྟེན་རིགས། དེའི་དམིགས་པ། ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་དང་བཞི། དང་པོ་ལ། རིགས་ཀྱི་དབྱེ་བ་དང་། རྩོད་སྤོང་གཉིས། དང་པོ་ནི། རྟོགས་པ་ཡི་ནི་ཆོས་དྲུག་དང་། ཞེས་སོགས་ཀྱིས་བསྟན། གཉིས་པ་ལ། རྩོད་པ་ནི། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ཞེས་སོགས་ཀྱིས་བསྟན། ལན་ལ། འཐད་པའི་སྒོ་ནས་ཆོས་དབྱིངས་རིགས་སུ་བསྒྲུབ་པ་དང་། དཔེའི་སྒོ་ནས་རིགས་ལ་དབྱེ་བ་འཐད་ཚུལ་གཉིས་ལས། དང་པོ་ནི། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ། ཞེས་སོགས་ཀྱིས་བསྟན། གཉིས་པ་ནི། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། ཞེས་སོགས་ཀྱིས་བསྟན། གཉིས་པ་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དེ། ཞེས་སོགས་ཀྱིས་བསྟན། གསུམ་པ་ནི། སེམས་ཅན་ཀུན་མཆོག་ཅེས་སོགས་ཀྱིས་བསྟན། བཞི་པ་ལ། གོ་ཆའི། འཇུག་པའི། ཚོགས་ཀྱི། ངེས་འབྱུང་གི་སྒྲུབ་པ་བཞི་རིམ་བཞིན། དེ་དག་སོ་སོར། བསམ་གཏན་གཟུགས་མེད། བརྩེ་དང་སྦྱིན་ལ། ཆེད་དུ་བྱ་དང་། ཞེས་སོགས་རྩ་འགྲེལ་གྱིས་བསྟན། དེ་དག་ནི་བཤད་པའི་རིམ་པ་ཡིན་ཅིང་། རྐྱེན་ཐེག་ཆེན་དུ་རིགས་སད་པའི་གང་ཟག་གིས། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྦྱོར་བ་དེ་བཞིན་གཤེགས་པ་ལ་ཐེག་ཆེན་གྱི་གདམས་ངག་ཉན་ཏེ། ངེས་འབྱེད་ཆ་མཐུན་གྱི་རྟོགས་པ་རང་རྒྱུད་ལ་སྐྱེད་པར་བྱེད། དེ་ལྟར་བསྐྱེད་པའི་གང་ཟག་དེས། བསམ་པས་གོ་ཆ་གྱོན། སྦྱོར་བས་ལམ་ལ་འཇུག་ཅིང་། ཚོགས་གཉིས་ཀྱི་དཔུང་རྒྱ་ཆེན་པོ་བསགས་ཏེ། འཁོར་བ་སྤངས་པའི་མྱང་འདས་སུ་ངེས་པར་འབྱུང་བའི་སྒྲུབ་པ་དང་བཞིས། དམིགས་པ་བཅུ་གཅིག་ལ་དམིགས་ནས་ཉམས་སུ་བླངས་པས་མཐར་ཐུག་གི་འབྲས་བུ་ཆེད་དུ་བྱ་བ་གསུམ་རང་རྒྱུད་ལ་མངོན་དུ་བྱེད་པ་ནི། ཉམས་ལེན་གྱི་རིམ་པ་ཡིན་ནོ། །

གཉིས་པ་ལ། བསམ་པ་སེམས་བསྐྱེད་པ་དང་། སྦྱོར་བ་སྒྲུབ་པ་ལ་འཇུག་ཚུལ་གཉིས། དང་པོ་ནི། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཐེག་ཆེན་སེམས་བསྐྱེད་ལ། ལུས་རྟེན། བསམ་པའི་རྟེན། བརྟེན་པ་སེམས་བསྐྱེད་དང་གསུམ། དང་པོ་ལ། དངོས་དང་། དོགས་སྤོང་གཉིས། དང་པོ་ནི། འདུ་ཤེས་མེད་པ་པ་དང་། གཟུགས་མེད་ཁམས་པའི་སེམས་ཅན་མ་གཏོགས་འགྲོ་བ་གཞན་རྣམས་ནི་རང་སྟོབས་དང་གཞན་སྟོབས་ཅི་རིགས་པའི་སྒོ་ནས་ཐེག་ཆེན་སེམས་བསྐྱེད་དངོས་སུ་སྐྱེ་བའི་རྟེན་དུ་རུང་བ་ཡིན་ནོ། །དེ་ཡང་དང་པོ་ལ་དངོས་སུ་མི་སྐྱེ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་གསལ་པོ་མངོན་གྱུར་བ་རྒྱུན་ཆགས་སུ་མེད་པའི་ཕྱིར། གཉིས་པ་ལ་དངོས་སུ་མི་སྐྱེ་སྟེ། གཟུགས་མེད་ཁམས་པའི་སེམས་ཅན་ནི་ཕན་ཚུན་གཅིག་གིས་གཅིག་དམིགས་ཡུལ་དུ་མི་འགྱུར་བས། གཞན་སྡུག་བསྔལ་གྱིས་མནར་བ་མཐོང་སྟེ་དེ་དང་བྲལ་འདོད་ཀྱི་བློ་དངོས་སུ་སྐྱེ་བ་མེད་པའི་ཕྱིར། ངན་སོང་གསུམ་གྱི་རྟེན་ལ་དངོས་སུ་སྐྱེ་བ་ཡོད་དེ། དྲིན་ལན་བསབ་པ་ལས། སྟོན་པ་སྔོན་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ། གྲོགས་ལ་སྙིང་རྗེ་སྐྱེས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བཤད་པ་དང་། ཟ་མ་ཏོག་བཀོད་པའི་མདོ་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཡི་དྭགས་མང་པོ་བདེན་པ་མཐོང་བ་ལ་བཀོད་པར་བཤད་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། ཀླུ་ཉི་ཁྲི་ཆིག་སྟོང་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བཤད་པའི་ཕྱིར། ལྷ་མིའི་རྟེན་ལ་དངོས་སུ་སྐྱེ་བར་རུང་སྟེ། མདོ་ལས། དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་སོ། །

གཉིས་པ་ནི། ལམ་སྒྲོན་ལས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་པས་ངན་འགྲོ་ལ་སོགས་པའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་དངོས་སུ་སྐྱེ་བ་མི་འཐད་དོ་ཞེ་ན་སྐྱོན་མེད་དེ། དེ་ནི་རྒྱ་ཆེན་སྤྱོད་པའི་ལུགས་སེམས་ཙམ་ལུགས་སུ་གྲགས་པའི་སེམས་བསྐྱེད་ཀྱི་སྡོམ་པའི་རྟེན་ཙམ་ལ་དགོངས་པའི་ཕྱིར། གཉིས་པ་ནི། རྐྱེན་ཐེག་པ་ཆེན་པོར་རིགས་སད་པའི་སྟོབས་ཀྱིས་སེམས་ཅན་གྱི་སྡུག་བསྔལ་བསལ་འདོད་ཀྱི་སྙིང་རྗེ་དང་། རྒྱལ་བ་སྲས་བཅས་ཀྱི་མཛད་སྤྱོད་ལ་དམིགས་པའི་དད་པ་ནི་བསམ་པའི་རྟེན་དུ་དགོས་ཏེ། དེ་ཡོད་ན་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་བློ་ངང་གིས་སྐྱེ་བའི་ཕྱིར། དཀོན་མཆོག་སྒྲོན་མེའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལའང་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་དམ་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་དང་། རིན་ཆེན་ཕྲེང་བར། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་རྟེན་ཡེ་ཤེས་ལགས། །ཞེས་དང་། བརྒྱད་སྟོང་འགྲེལ་ཆེན་ལས། དེ་ལ་དང་པོར་རིགས་ནུས་པས། །སྙིང་རྗེའི་ས་བོན་རབ་སད་ཅིང་། །སྦྱོར་དང་བསམ་པ་ཕུན་ཚོགས་པས། །བྱང་ཆུབ་སེམས་ནི་ཡོངས་སུ་བཟུང་། །ཞེས་སོ། །

གསུམ་པ་ལ། སེམས་བསྐྱེད་ཀྱི་རང་བཞིན། བསླབ་བྱ། ཕན་ཡོན་དང་གསུམ། དང་པོ་ལ། མཚན་གཞི། མཚན་ཉིད། དབྱེ་བ། ས་མཚམས་དང་བཞི། དང་པོ་ནི། ཐོགས་མེད་སྐུ་མཆེད་ཀྱིས་སེམས་བྱུང་ལ་བཞེད་དེ། བྱང་སར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ། །ཞེས་གསུངས་ཤིང་། སྨོན་ལམ་ཡང་དོན་གཉེར་གྱི་འདུན་པ་མཚུངས་ལྡན་དང་བཅས་པ་ལ་འདོད་དེ། རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་དང་། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་བྱུང་བ། །ཞེས་པའི་འགྲེལ་བར་དབྱིག་གཉེན་གྱིས། ཡོན་ཏན་གསུམ་དང་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་ནི་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་སོ། །འཕགས་སེང་གཉིས་ལྟར་ན། སེམས་སེམས་བྱུང་གཉིས་ཀྱི་ནང་ནས་གཙོ་བོ་སེམས། དེ་ལ་ཡང་ཚོགས་བརྒྱད་ཡོད་པའི་ནང་ནས་ཡིད་ཀྱི་རྣམ་པར་ཤེས་པ། དེ་ལ་ཡང་རིགས་དུ་མ་ཡོད་པའི་ནང་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ཅིང་། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་ལ་འདོད་དེ། ཉི་སྣང་ལས། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་རིག་པའོ། །རྣམ་པར་ཤེས་པ་གང་ཡིན་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་དང་། དོན་གསལ་ལས། བདེན་མོད་ཀྱི་འོན་ཀྱང་། ཞེས་སེམས་བསྐྱེད་ཡིན་ན་སེམས་བྱུང་མ་ཡིན་པས་ཁྱབ་པ་ལ་བདེན་ལན་བཤད་པའི་ཕྱིར། འོན་ཀྱང་སངས་རྒྱས་ཀྱི་སར་ཚོགས་དྲུག་ཀ་སེམས་བསྐྱེད་དུ་འགྱུར་བ་མི་འགལ་ལོ། །རོང་ཊཱིཀ་ཏུ། གཉིས་ཀ་ལ་བཤད་དེ། བྱ་བ་ལ་ལྟོས་ནས་གཙོ་སེམས་དང་། བྱེད་པ་ལ་ལྟོས་ནས་སེམས་བྱུང་ལ་བཞག་པའི་ཕྱིར།

གཉིས་པ་ནི། འདིར་འཕགས་སེང་གཉིས་ལྟར་བཤད་ན། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་མྱོང་བ་ཐོན་པའི་ཚུལ་གྱིས་དམིགས་པའི་ཐེག་ཆེན་གྱི་ཐར་ལམ་གྱི་ངོ་བོར་གྱུར་པའི་གཙོ་བོ་རྣམ་རིག །

གསུམ་པ་ལ། མཚན་གཞི། ཕྲ་རགས། ཆོ་ག །སེམས་བསྐྱེད་ཚུལ། དཔེ་གྲོགས། ས་མཚམས་ཀྱི་སྒོ་ནས་དབྱེ་བ་དང་དྲུག །དང་པོ་ལ། སྨོན་འཇུག་གཉིས། དང་པོའི་མཚན་ཉིད། རང་དང་ལྷན་ཅིག་པའི་བྱང་སེམས་ཀྱི་སྡོམ་པས་མ་ཟིན་པའི་ཀུན་རྫོབ་སེམས་བསྐྱེད། མཚན་གཞི་ནི། བྱང་སེམས་ཀྱི་སྡོམ་པ་འབོགས་པའི་ཆོ་ག་སྔོན་དུ་མ་སོང་བར་བྱང་སེམས་ཀྱི་ཚོགས་ལམ་ཐོབ་མ་ཐག་པའི་སེམས་བསྐྱེད་དང་། ཀུན་དཀྲིས་ཆེན་པོས་སྤྱད་པའི་རྩ་ལྟུང་གིས་བྱང་སེམས་ཀྱི་སྡོམ་པ་ལས་ཉམས་པའི་བྱང་སེམས་ཚོགས་ལམ་པའི་སེམས་བསྐྱེད་དོ། །གཉིས་པའི་མཚན་ཉིད། རང་དང་ལྷན་ཅིག་པའི་བྱང་སེམས་ཀྱི་བསླབ་པའི་གྲོགས་ཀྱིས་ཟིན་པའི་ཀུན་རྫོབ་སེམས་བསྐྱེད། མཚན་གཞི་ནི། བྱང་སེམས་ཀྱི་སྡོམ་པ་རྒྱུད་ལ་ལྡན་པའི་བྱང་སེམས་སོ་སྐྱེའི་སེམས་བསྐྱེད་མཐའ་དག་དང་། བྱང་སེམས་འཕགས་པའི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་རྣམས་སོ། །དེ་ཡང་དང་པོ་སྦྱོར་ལམ་ཡན་ཆད་དུ་འགྲོ་བ་མི་སྲིད་དེ། དེ་ཡན་ཆད་ན་སྡོམ་པས་མ་ཟིན་པའི་སེམས་བསྐྱེད་མེད་པའི་ཕྱིར། གཉིས་པ་ཐེག་ཆེན་འཕགས་པའི་མཉམ་བཞག་གི་གནས་སྐབས་ན་མེད་དེ། དེ་ཀུན་རྫོབ་སེམས་བསྐྱེད་དུ་ངེས་པའི་ཕྱིར། དེས་ན་སྐབས་འདིར་སྨོན་པ་སེམས་བསྐྱེད་ཡིན་ན་བྱང་སྡོམ་གྱིས་མ་ཟིན་པ་དང་། འཇུག་པ་སེམས་བསྐྱེད་ཡིན་ན་བྱང་སྡོམ་གྱིས་ཟིན་པས་ཁྱབ་བོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་བྱུང་། །ཞེས་དང་། ཆོས་བཤེས་ཀྱིས། སྨོན་པ་ནི་སྨོན་པ་ཙམ་སྟེ། སེམས་བསྐྱེད་པའི་ཆོ་ག་ཙམ་ཡང་བླང་བར་མ་བྱས་པའོ། །ཞེས་སོ། །གཉིས་པ་ལ། རགས་པ་བརྡ་ལས་བྱུང་བའི་དང་། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་གཉིས། དང་པོ་ཀུན་རྫོབ་སེམས་བསྐྱེད་དང་དོན་གཅིག །གཉིས་པ་དོན་དམ་སེམས་བསྐྱེད་དང་དོན་གཅིག །དང་པོ་ལ། མཚན་ཉིད། མཚན་གཞི། དབྱེ་བ་དང་གསུམ། དང་པོ་ནི། རང་རིག་ལ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་ཡེ་ཤེས་མེད་ཅིང་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་ཐེག་ཆེན་སློབ་པའི་སེམས་བསྐྱེད། གཉིས་པ་ནི། ཐེག་ཆེན་ཚོགས་སྦྱོར་བའི་སེམས་བསྐྱེད་མཐའ་དག་དང་། བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་རྣམས་སོ། །དེ་ཡང་བྱང་སེམས་ཀྱི་རྗེས་ཐོབ་སེམས་བསྐྱེད་རྣམས་ཀུན་རྫོབ་བདེན་པ་ཙམ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་ཕྱིར་དང་། མཉམ་བཞག་ལ་གནས་པའི་བྱང་སེམས་སོ་སྐྱེའི་སེམས་བསྐྱེད་རྣམས་རྟེན་གྱི་གང་ཟག་གི་སྒོ་ནས་ཀུན་རྫོབ་སེམས་བསྐྱེད་དུ་བཞག་གོ །དེས་ན་དོན་དམ་པའི་བྱང་སེམས་ཡིན་ན་དོན་དམ་སེམས་བསྐྱེད་ཐོབ་པས་ཁྱབ་སྟེ། འཇུག་པར། དེ་ནས་བཟུང་སྟེ་དེ་ནི་དེ་ཐོབ་གྱུར་པ་ཡིས། །བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲ་ཉིད་ཀྱིས་བསྙད་དོ། །ཞེས་སོ། །གསུམ་པ་ལ། གྲོགས་དགེ་བའི་བཤེས་གཉེན་གྱི་སྟོབས་ལས། རྒྱུ་ཐེག་ཆེན་གྱི་རིགས་སད་པ་ལས། དགེ་བའི་རྩ་བ་རྒྱ་ཆེན་པོ་གོམས་པ་ལས། ཐེག་ཆེན་སེམས་བསྐྱེད་སྟོན་པའི་གསུང་རབ་མང་པོ་ཐོས་པ་ལས། དགེ་བ་ཐེག་ཆེན་སེམས་བསྐྱེད་ཀྱི་དམིགས་པ་གོམས་པ་ལས་ཐོབ་པའི་སེམས་བསྐྱེད་དང་ལྔ། དང་པོ་མི་བརྟན་པའི་སེམས་བསྐྱེད་ཡིན་ཏེ། གྲོགས་གཞན་ལ་རག་ལས་པའི་ཕྱིར། ཕྱི་མ་རྣམས་བརྟན་པའི་སེམས་བསྐྱེད་ཡིན་ཏེ། མི་མཐུན་ཕྱོགས་ཀྱིས་ཉམས་དཀའ་བའི་ཕྱིར། རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་སོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། སྒྲ་བཤད། ས་མཚམས་དང་བཞི། དང་པོ་ནི། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་ངོ་བོར་གྱུར་པའི་སེམས་བསྐྱེད། གཉིས་པ་ལ། འབད་རྩོལ་གྱི་མཚན་མ་དང་བཅས་པ། དེ་མེད་པའི། སྒྲིབ་པ་སྤངས་པའི་དོན་དམ་སེམས་བསྐྱེད་དང་གསུམ། གསུམ་པ་ནི། གྲངས་མེད་གཅིག་ཏུ་སངས་རྒྱས་བརྒྱ་ཡན་ཆད་ལ་བསྙེན་བཀུར་བ་ཡོངས་སུ་འཛིན་པ་དམ་པ། དེ་ཙམ་དུ་ཚོགས་གཉིས་རྒྱ་ཆེན་པོ་གསོག་པ་རྗེས་སུ་སྒྲུབ་པ་དམ་པ། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྟོགས་པ་དམ་པ་སྟེ་དམ་པ་གསུམ་དང་ལྡན་པས་དེ་སྐད་ཅེས་བྱ་སྟེ། རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་སོ། །བཞི་པ་ནི། ས་དང་པོ་ནས་ཐོབ་སྟེ། རྒྱན་ལས། ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་བ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ཁྱད་པར་འཕགས། །ཞེས་སོ། །གསུམ་པ་ལ་སྤྱིར་བསྟན་པ་དང་། ཁྱད་ཆོས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། རྗེ་བཙུན་འཇམ་དབྱངས་ནས་ཀླུ་སྒྲུབ་ཡབ་སྲས་སོགས་ལ་བརྒྱུད་པ་བསླབ་བཏུས་དང་སྤྱོད་འཇུག་ཏུ་བཀོད་པའི་ཕྱག་སྲོལ་ཟབ་མོ་ལྟ་བའི་སེམས་བསྐྱེད་དབུ་མ་ལུགས་སུ་གྲགས་པ་དང་། རྗེ་བཙུན་བྱམས་པ་ནས་ཐོགས་མེད་སྐུ་མཆེད་ལ་བརྒྱུད་པ་བྱང་ས་དང་སྡོམ་པ་ཉི་ཤུ་པ་སོགས་སུ་བཀོད་པའི་ཕྱག་སྲོལ་རྒྱ་ཆེན་སྤྱོད་པའི་སེམས་བསྐྱེད་སེམས་ཙམ་ལུགས་སུ་གྲགས་པ་གཉིས་སོ། །གཉིས་པ་ལ། གང་ལ་བླང་བའི་ཡུལ། གང་གིས་ལེན་པའི་གང་ཟག །ཇི་ལྟར་ལེན་པའི་ཆོ་ག །བསླབ་བྱའི་ཁྱད་པར་དང་བཞི། དང་པོ་ནི། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་བཏང་ངོ་། །ཞེས་གསུངས་པའི་མཚན་ཉིད་ཅན་གྱི་སློབ་དཔོན་ནམ། རྟེན་གྱི་དྲུང་དུ་བླངས་པས་ཀྱང་སྐྱེ་བར་བཤད་ཅིང་། འོན་ཀྱང་སེམས་ཙམ་ལུགས་ལ་ཉམས་ན་ཕྱིར་གསོ་བའི་ཡུལ་སློབ་དཔོན་རང་ལ་བརྟེན་དགོས་པར་བཤད་དོ། །གཉིས་པ་ནི། དབུ་མ་ལུགས་ཀྱི་སེམས་བསྐྱེད་བྱང་ཆུབ་དོན་གཉེར་གྱི་བསམ་པ་དངོས་སུ་སྐྱེ་རུང་ཐམས་ཅད་ལ་སྐྱེ་ཞིང་། སེམས་ཙམ་ལུགས་ལ་སོ་ཐར་རིགས་བདུན་གང་རུང་སྔོན་དུ་འགྲོ་དགོས་པས་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་མ་གཏོགས་འགྲོ་བ་གཞན་ལ་དངོས་སུ་མི་སྐྱེའོ། །གསུམ་པ་ལ། སྦྱོར་བ། དངོས་གཞི། རྗེས་ཀྱི་ཆོ་གའི་ཁྱད་པར་དང་གསུམ། དང་པོ་ནི། དབུ་མ་ལུགས་ལ་གསོལ་བཏབ་སྔོན་དུ་འགྲོ་བ་ཅན་གྱིས་ཡན་ལག་བདུན་པ་དང་། སེམས་ཙམ་ལུགས་ལ་ཕྱག་མཆོད་ཙམ་གྱིས་ཆོག་པར་བཤད། གཉིས་པ་ལ་དབུ་མའི་ལུགས་ལྟར་ན། གཞན་དོན་དུ་བྱང་ཆུབ་དོན་གཉེར་གྱི་བསམ་པ་ཁྱད་པར་ཅན་དང་ལྡན་པས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། ཞེས་སོགས་ཀྱིས་སྐྱབས་སུ་འགྲོ་ཞིང་། ཇི་ལྟར་སྔོན་གྱི་སོགས་ལན་གསུམ་གྱིས་སེམས་བསྐྱེད་དོ། །སེམས་ཙམ་ལུགས་ལྟར་ན། འཇམ་དབྱངས་ས་པཎ་གྱིས། དེས་ན་སེམས་ཙམ་པ་ཡི་ལུགས། །གལ་ཏེ་སེམས་བསྐྱེད་དེ་འདོད་ན། །ཐོག་མར་སོ་སོར་ཐར་པ་ལོངས། །བྱང་ཆུབ་སེམས་དཔའི་སྡེ་སྣོད་སློབ། །དད་ཅིང་སྒྲུབ་པར་ནུས་གྱུར་ན། །ཕྱི་ནས་སེམས་བསྐྱེད་སྡོམ་པ་ལོངས། །ཞེས་པ་ལྟར་རོ། །གསུམ་པ་ལ། སེམས་ཙམ་ལུགས་ལ། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀྱི་སྤྱན་སྔར་མཁྱེན་པར་གསོལ་བ་ཙམ་བཤད། དབུ་མའི་ལུགས་ལ་རང་དགའ་བ་བསྒོམ་པ་དང་། གཞན་དགའ་བ་བསྒོམ་པ་གཉིས་བཤད། བཞི་པ་ནི། འོག་ཏུ་འཆད་དོ། །བཞི་པ་ལ། རྒྱལ་པོ་ལྟ་བུའི། རྫི་བོ་ལྟ་བུའི། མཉན་པ་ལྟ་བུའི་སེམས་བསྐྱེད་དང་གསུམ། དང་པོ་ནི། ཐོག་མར་རང་ཉིད་སངས་རྒྱས་ནས་དེའི་རྗེས་སུ་སེམས་ཅན་ཐམས་ཅད་སྒྲོལ་འདོད་ཀྱི་སེམས་བསྐྱེད་དོ། །གཉིས་པ་ནི། ཐོག་མར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་ནས་རང་ཉིད་འཚང་རྒྱ་བར་འདོད་པའོ། །གསུམ་པ་ནི། རང་དང་སེམས་ཅན་གཞན་ལྷན་ཅིག་ཏུའོ། །ལྔ་པ་ལ། ཚོགས་ལམ་གྱིས་བསྡུས་པའི་སེམས་བསྐྱེད་གསུམ། སྦྱོར་ལམ་གྱིས་བསྡུས་པ་གཅིག །མཐོང་སྒོམ་གྱིས་བསྡུས་པ་བཅུ། ཁྱད་པར་ལམ་གྱིས་བསྡུས་པ་ལྔ། སངས་རྒྱས་ཀྱི་སས་བསྡུས་པ་གསུམ་སྟེ། ཉེར་གཉིས་སོ། །དང་པོ་ནི། ས་ལྟ་བུས་མཚོན་པའི་འདུན་པ་དང་། མཚུངས་ལྡན་གྱི་སེམས་བསྐྱེད། གསེར་ལྟ་བུས་མཚོན་པའི་བསམ་པ། ཟླ་བ་ཚེས་པ་ལྟ་བུས་མཚོན་པའི་ལྷག་པའི་བསམ་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད། གཉིས་པ་ནི། མེ་ལྟ་བུས་མཚོན་པའི་སྦྱོར་བ་དང་། གསུམ་པ་ནི། གཏེར་ཆེན་པོ། རིན་པོ་ཆེའི་འབྱུང་ཁུངས། རྒྱ་མཚོ་ཆེན་པོ། རྡོ་རྗེ། རིའི་རྒྱལ་པོ། སྨན། དགེ་བའི་བཤེས་གཉེན། ཡིད་བཞིན་གྱི་ནོར་བུ། ཉི་མ། ཆོས་ཀྱི་གླུ་དབྱངས་ལྟ་བུ་བཅུས་མཚོན་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་མཚུངས་ལྡན་གྱི་སེམས་བསྐྱེད་དོ། །བཞི་པ་ནི། རྒྱལ་པོ་ཆེན་པོ། བང་མཛོད། ལམ་པོ་ཆེ། བཞོན་པ་བཟང་པོ། བཀོད་མའི་ཆུ་ལྟ་བུ་ལྔས་མཚོན་པའི། མངོན་ཤེས། ཚོགས་གཉིས། བྱང་ཆུབ་ཕྱོགས་མཐུན། སྙིང་རྗེ་ལྷག་མཐོང་། གཟུངས་སྤོབས་དང་མཚུངས་ལྡན་གྱི་སེམས་བསྐྱེད་དོ། །ལྔ་པ་ནི། སྒྲ་སྙན་པ། ཆུ་བོའི་རྒྱུན། སྤྲིན་ལྟ་བུ་གསུམ་གྱིས་མཚོན་པའི་ཆོས་ཀྱི་དགའ་སྟོན། བགྲོད་པ་གཅིག་པུའི་ལམ། ཆོས་སྐུ་དང་མཚུངས་ལྡན་གྱི་སེམས་བསྐྱེད་དོ། །དྲུག་པ་ལ། མོས་པས་སྤྱོད་པའི། ལྷག་བསམ་རྣམ་དག་གི །རྣམ་པར་སྨིན་པའི། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཞི། ཐེག་ཆེན་སོ་སྐྱེའི་རྒྱུད་ཀྱི་སེམས་བསྐྱེད་རྣམས་ནི་དང་པོའི་མཚན་གཞི་ཡིན་ཏེ། ཆོས་ཀྱི་བདག་མེད་ལ་དོན་སྤྱིའི་ཚུལ་དུ་མོས་པར་བྱེད་པའི་སེམས་བསྐྱེད་ཡིན་པའི་ཕྱིར། མ་དག་པའི་སེམས་བསྐྱེད་རྣམས་ནི་གཉིས་པའི་མཚན་གཞི་ཡིན་ཏེ། འབད་རྩོལ་གྱི་མཚན་མ་དང་བཅས་པའི་སྒོ་ནས་བདག་གཞན་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་སེམས་བསྐྱེད་ཡིན་པའི་ཕྱིར། དག་པའི་སེམས་བསྐྱེད་ནི། གསུམ་པའི་མཚན་གཞི་ཡིན་ཏེ། འབད་རྩོལ་གྱི་མཚན་མ་དང་བྲལ་ཞིང་སྒྲིབ་གཉིས་ཀྱི་བག་ཆགས་མ་སྤངས་པའི་སེམས་བསྐྱེད་ཡིན་པའི་ཕྱིར། སངས་རྒྱས་སའི་སེམས་བསྐྱེད་ནི་བཞི་པ་ཡིན་ཏེ། སྒྲིབ་གཉིས་ཀྱི་བག་ཆགས་ཟད་པར་སྤངས་པའི་སེམས་བསྐྱེད་ཡིན་པའི་ཕྱིར་ཏེ། རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་སོ། །

བཞི་པ་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ། །སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི། ལས་དང་པོ་པའི་ས་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

གཉིས་པ་བསླབ་བྱ་ལ། མི་ཉམས་པའི་རྒྱུ་བསྟེན་དགོས་པ། ཉམས་པའི་རྒྱུ་ངོས་བཟུང་བ། རྩ་ལྟུང་སྡོམ་པའི་གཏོང་རྒྱུ་ཡིན་མིན་ལ་དཔྱད་པའོ། །དང་པོ་ལ། ཚེ་འདིར་མི་ཉམས་པའི་རྒྱུ་དྲན་པ་གསུམ། ཕྱི་མར་མི་ཉམས་པའི་རྒྱུ་ཐབས་གསུམ། གཉིས་ཀར་མི་ཉམས་པའི་རྒྱུ་འདུན་པ་སོགས་ལྔའོ། །དང་པོ་ནི། སེམས་བསྐྱེད་སྐྱེས་པའི་ཕན་ཡོན། ཉམས་པའི་ཉེས་དམིགས། རྙེད་པར་དཀའ་བ་ཡང་དང་ཡང་དུ་ཡིད་ལ་དྲན་པར་བྱེད་པའོ། །གཉིས་པ་ནི། ཡན་ལག་བདུན་པ་དུས་གསུམ་དུ་བྱེད་པ། རྒྱལ་བ་སྲས་བཅས་ལ་གསོལ་བ་འདེབས་པ། ཆོས་དང་འགལ་བའི་བདུད་ལས་སྤོང་བའོ། །གསུམ་པ་ནི། སེམས་ཅན། ཆོས། བྱང་ཆུབ་ཀྱི་སེམས། དགེ་བའི་བཤེས་གཉེན་ལ་གཅེས་སྤྲས་སུ་འཛིན་པ། སངས་རྒྱས་མྱུར་དུ་ཐོབ་པར་འདོད་པའོ། །གཉིས་པ་ལ། དབུ་མའི་ལུགས་ཀྱི་བསླབ་བྱ་དང་། སེམས་ཙམ་ལུགས་ཀྱི་བསླབ་བྱ་གཉིས། དང་པོ་ནི། ནམ་མཁའི་སྙིང་པོའི་མདོ་ནས་བཤད་པ་ལྟར་རྩ་བའི་ལྟུང་བ་བཅུ་བཞི་ཡོད་ཀྱང་། བསྡུ་ན་ཐབས་ལ་མཁས་པའི་མདོ་ལས་བཤད་པ་ལྟར་བཞིར་འདུ་སྟེ། བསླབ་བཏུས་ལས། བྱང་ཆུབ་སེམས་ནི་ཡོངས་འདོར་དང་། །ཆགས་དང་སེར་སྣ་མི་ཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང་། །སྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་རྡེག་པ་དང་། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པ་སྟོན་པ་པོ། །ཞེས་སོ། །གཉིས་པ་ནི། སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤད་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲ་སྣང་སྟོན་པའོ། །ཞེས་པ་ལྟར་རྩ་ལྟུང་བཞི་དང་ཡན་ལག་གི་ལྟུང་བ་ཞེ་ལྔ་སྤོང་བ་ལ་བསླབ་བོ། །གསུམ་པ་ནི། ཀུན་དཀྲིས་ཆེན་པོས་སྤྱད་པའི་རྩ་ལྟུང་འཇུག་སྡོམ་གྱི་གཏོང་རྒྱུ་དང་། གཞན་དོན་དུ་བྱང་ཆུབ་དོན་གཉེར་གྱི་སེམས་འདོར་བ་ཐེག་ཆེན་སེམས་བསྐྱེད་མཐའ་དག་གི་གཏོང་རྒྱུ་ཡིན་ཏེ། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་དུ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་དང་། སྤྱོད་འཇུག་ལས། དེ་ནི་བྱང་ཆུབ་སེམས་དཔའ་ལ། །ལྟུང་བའི་ནང་ནས་ལྕི་བ་སྟེ། །འདི་ལྟར་དེ་ནི་བྱུང་གྱུར་ན། །སེམས་ཅན་ཀུན་གྱི་དོན་ལ་དམན། །ཞེས་དང་། བྱང་ས་ལས། མདོར་བསྡུ་ན་རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང་། ཕམ་པའི་གནས་ལྟ་བུའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་ཏུ་སྤྱོད་པའོ། །ཞེས་སོ། །ཀུན་དཀྲིས་ཆེ་འབྲིང་ཆུང་ངུའི་ཁྱད་པར་ནི། རྩ་བའི་ལྟུང་བ་རྒྱུན་དུ་སྤྱོད་པ་དང་། ངོ་ཚ་ཁྲེལ་ཡོད་ཤས་ཆུང་ཞིང་དེ་ལ་དགའ་སྤྲོ་བྱེད་པ་དང་། དེ་ཉིད་ལ་ཡོན་ཏན་ཅན་དུ་ལྟ་བ་སྟེ། ཡན་ལག་གསུམ་ལྡན་ཆེན་པོ། གཉིས་ལྡན་འབྲིང་། གཅིག་ལྡན་ཆུང་ངུ་ཡིན་ནོ། །

གསུམ་པ་ལ། གནས་སྐབས་དང་། མཐར་ཐུག་གི་ཕན་ཡོན་གཉིས། དང་པོ་ནི། སྤྱོད་འཇུག་ལས། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་དང་། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །གཉིས་པ་ནི། རྣམ་སྣང་མངོན་བྱང་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་སྙིང་རྗེའི་རྩ་བ་ཅན་ཐབས་ཀྱི་མཐར་ཕྱིན་པ་ཡིན་ནོ། །ཞེས་སོ། །

ངག་དོན་ནི། རྗེ་བཙུན་བྱམས་མགོན་ཆོས་ཅན། ཁྱོད་ཀྱིས་ཐེག་ཆེན་སེམས་བསྐྱེད་བཤད་པ་ཡིན་ཏེ། ངོ་བོ། དམིགས་ཡུལ། དབྱེ་བ་གསུམ་གྱི་སྒོ་ནས་བཤད་པའི་ཕྱིར།

གཉིས་པ་ལ། སྒྲུབ་པའི་ཐབས་སྟོན་པའི་རྒྱུ་གདམས་ངག །ཐོབ་བྱ་སྒྲུབ་པའི་འབྲས་བུ་ངེས་འབྱེད་ཆ་མཐུན། འཇུག་བྱ་སྒྲུབ་པའི་ཡན་ལག་གི་ཆོས་དང་གསུམ། དང་པོ་ལ། སྤྱིར་བསྟན་པ་དང་། གདམས་ངག་གི་ཡུལ་སོ་སོར་བཤད་པ་གཉིས། དང་པོ་ནི། དབྱེ་བ་ཞར་ལ་བརྗོད། ཅེས་པའི་སྐབས་སུ་གཉིས་ཀྱི། དང་པོ་གདམས་ངག་ལ། གང་ལ་ཉན་པའི་ཡུལ། གང་གིས་ཉན་པའི་གང་ཟག །ནམ་གྱི་ཚེ་ཉན་པའི་དུས། གང་ལ་བརྟེན་ནས་ཉན་པའི་རྒྱུ། ཉན་བྱ་གདམས་ངག་གི་རང་བཞིན་དང་ལྔ། དང་པོ་ནི། སར་གནས་ཀྱི་བྱང་ཆུབ་སེམས་དཔས་ནི་ལོངས་སྐུ་དང་། སོ་སྐྱེས་ལས་དག་པ་དང་། ཐེག་དམན་གྱིས་སྤྲུལ་སྐུ་ལ་ཉན་ཅིང་། ད་ལྟར་གྱི་སྐྱེས་བུ་ཐུན་མོང་བ་རྣམས་ནི་ཁྱད་ཆོས་གསུམ་ལྡན་གྱི་དགེ་བཤེས་ལས་སོ། །འོན་ཀྱང་རྒྱུད་དག་པའི་གདུལ་བྱ་འགའ་ཞིག་ནི་ནམ་མཁའ་དང་ལྗོན་ཤིང་སོགས་ལས་བྱུང་བའི་ཆོས་ཀྱི་སྒྲས་རྒྱུད་སྨིན་པའང་ཡོད་དོ། །

གཉིས་པ་ནི། གདམས་ངག་ལ་དོན་གཉེར་གྱི་འདུན་པ། དེའི་དོན་རྟོགས་པའི་ཤེས་རབ། ང་རྒྱལ་མེད་པའི་གུས་པ་གསུམ་དང་ལྡན་པའི་སྐྱེས་བུ་སྟེ། ས་མཚམས་ལམ་མ་ཞུགས་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་རོ། །

གསུམ་པ་ནི། གདམས་ངག་ལ་དོན་གཉེར་གྱི་འདུན་པ་དང་ལྡན་ཞིང་། སྤངས་རྟོགས་མཐར་མ་ཐུག་གི་གནས་སྐབས་སུའོ། །

བཞི་པ་ནི། རིགས་སད་པ་ལས་བྱུང་བའི་གདམས་ངག་དོན་གཉེར་གྱི་འདུན་པ་སྤྱིའི་རྒྱུ་དང་། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་རྟེན་ཁྱད་པར་ཅན་གྱི་གདམས་ངག་ཁྱད་པར་ཅན་ཉན་པའི་རྒྱུའོ། །རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་འཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་སོ། །ཆོས་རྒྱུན་གྱི་ཏིང་ངེ་འཛིན་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གསུང་རབ་མང་པོའི་ཚིག་དོན་འཛིན་ནུས་ཀྱི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་སྟེ། ཚོགས་ལམ་ནས་ཀྱང་ཡོད་པར་འགྲེལ་ཆེན་དུ་བཤད་དོ། །

ལྔ་པ་ལ། མཚན་གཞི། མཚན་ཉིད། དབྱེ་བ། གྲངས་ངེས། གོ་རིམ་དང་ལྔ། དང་པོ་ནི། གདམས་ངག་ཡིན་ན་ངག་ཡིན་དགོས་ཏེ། ཇོ་བོ་རྗེས། གདམས་ངག་རྣམ་པ་བཅུ་ཡིན་ཏེ། །ངོ་བོ་ངག་གི་འཁོར་ལོར་བཞེད། །ཚོགས་ལ་གསུམ་དང་སྦྱོར་ལ་ལྔ། །མཐོང་སྒོམ་ལམ་ལ་རེ་རེའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། རང་གི་གདམ་བྱའི་དོན་གཙོ་བོར་སྟོན་པའི་ལུང་གི་ཆོས། གསུམ་པ་ལ། བརྗོད་བྱ། དགོས་པ། ཡུལ་གྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ། མངོན་མཐོའི་དང་། ངེས་ལེགས་ཀྱི་གདམས་ངག་གཉིས། དང་པོའི་མཚན་ཉིད། གཙོ་བོར་མངོན་མཐོ་སྒྲུབ་པའི་ཐབས་སྟོན་པའི་ལུང་གི་ཆོས། མཚན་གཞི། འཁོར་བའི་ཕུན་ཚོགས་གཙོ་བོར་སྒྲུབ་པའི་ཕྱིར་དུ་དགེ་བ་བཅུའི་ལས་ལམ་སྟོན་པའི་བསྟན་བཅོས་ལྟ་བུའོ། །གཉིས་པའི་མཚན་ཉིད། བྱང་ཆུབ་སྒྲུབ་པའི་ཐབས་གཙོ་བོར་སྟོན་པའི་ལུང་གི་ཆོས། དབྱེ་ན། ཐེག་པ་ཆེ་ཆུང་གི་གདམས་ངག་གཉིས། དང་པོའི་མཚན་ཉིད། རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐབས་གཙོ་བོར་སྟོན་པའི་ལུང་གི་ཆོས། གཉིས་པའི་མཚན་ཉིད། ཐེག་དམན་གྱི་བྱང་ཆུབ་སྒྲུབ་པའི་ཐབས་གཙོ་བོར་སྟོན་པའི་ལུང་གི་ཆོས། གཉིས་པ་ལ། གདམས་པའི་དང་། རྗེས་བསྟན་གྱི་གདམས་ངག་གཉིས། འདི་དག་ལ་བཤད་ཚུལ་སྤྱིར་བསྟན་པ་དང་། འགལ་མི་འགལ་ལ་དཔྱད་པ་གཉིས། དང་པོ་ལ། འགྲེལ་ཆེན་གཉིས་ལྟར་ན། ཐོབ་ཟིན་གྱི་ཡོན་ཏན་མི་ཉམས་པར་འཕེལ་བའི་ཕྱིར་དུ་འདོམས་པའི་གདམས་ངག་ནི་དང་པོའོ། །དེའི་རྗེས་སུ་སྔར་མ་ཐོབ་པའི་ཡོན་ཏན་གསར་དུ་ཐོབ་ཕྱིར་དུ་འདོམས་པ་ནི་གདམས་ངག་གཉིས་པར་བཞེད་དེ། ཉི་ཁྲི་སྣང་བ་ལས། ཡང་དག་པར་ཐོབ་པའི་ཡོན་ཏན་ཡོངས་སུ་བསྐྱང་བར་བྱ་བའི་ཕྱིར་ཡོངས་སུ་མི་ཉམས་པ་ཉེ་བར་བཟུང་ནས་གདམས་པ་ཡིན་པས་དེའི་རྗེས་སུ་ལམ་ཐོབ་པའི་ཡོན་ཏན་ཐོབ་པ་ཡིན་པའི་ཕྱིར་རྗེས་སུ་གདམས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བརྒྱད་སྟོང་འགྲེལ་ཆེན་ལས་ཀྱང་དེ་དང་མཐུན་པར་གསུངས། དོན་གསལ་འདིར་གོ་རིམ་དེ་ལས་བཟློག་ནས་བསྟན་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེས་འཕངས་པའི་ཆོས་འགྲུབ་པར་བྱ་བའི་ཕྱིར། ཡོན་ཏན་ཐོབ་པ་ཡོངས་སུ་བསྲུང་བའི་དོན་གྱིས་མངོན་པར་འཕེལ་བར་བྱ་བའི་ཕྱིར་འདོམས་པ་ནི་གདམས་ངག་སྟེ། ཞེས་གསུངས་པའི་ཕྱིར། དེ་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེས་འཕངས་པའི་ཆོས་འགྲུབ་པར་བྱ་བའི་ཕྱིར་འདོམས་པ་ནི་གདམས་ངག་སྟེ། ཞེས་པས་དང་པོ་བསྟན། ཡོན་ཏན་ཐོབ་པ། ཞེས་སོགས་ཀྱིས་གཉིས་པ་བསྟན་པ་ཡིན་ནོ། །དེས་ན། སྔར་མ་ཐོབ་པའི་ཡོན་ཏན་འབའ་ཞིག་ཐོབ་ཕྱིར་དུ་གཙོ་བོར་འདོམས་པའི་གདམས་ངག །དང་པོའི་མཚན་ཉིད། མཚན་གཞི། མངོན་རྟོགས་རྒྱན་གྱི་ཚིག་དོན་མི་ཤེས་པའི་གང་ཟག་ལ་རྒྱན་བཤད་པའི་ཚེ་རྒྱན་ལྟ་བུའོ། །ཐོབ་ཟིན་གྱི་ཡོན་ཏན་མི་ཉམས་ཤིང་འཕེལ་བར་འདོམས་པའི་གདམས་ངག །གཉིས་པའི་མཚན་ཉིད། མཚན་གཞི། རྒྱན་གྱི་ཚིག་དོན་རགས་པ་ཤེས་པའི་གང་ཟག་ལ་རྒྱན་བཤད་པའི་ཚེ་རྒྱན་ལྟ་བུའོ། །འདི་དག་ནི་ཊཱི་ཀ་ལས་བཤད་པའི་ཚུལ་ཡིན་ལ། མཁས་པ་བུ་ན་རེ། དོན་གསལ་ལས། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ཞེས་སོགས་གཞུང་སྔ་མས་རྗེས་བསྟན་དང་། དེས་འཕངས་པའི་ཆོས་འགྲུབ་པར་བྱ་བའི་ཕྱིར། ཞེས་སོགས་ཀྱིས་གདམས་པའི་གདམས་ངག་བསྟན་པས་འགྲེལ་ཆེན་གཉིས་དང་མཐུན་པར་འཆད་པ་ནི་མཁས་པའི་ལེགས་བཤད་དོ། །གཉིས་པ་ནི། དེ་གཉིས་སྤྱིར་མི་འགལ་ཏེ། རྒྱུད་སོ་སོ་ལ་ལྟོས་ནས་དེ་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། གང་ཟག་གཅིག་ལ་ལྟོས་ན་འགལ་ཏེ། དེ་ལ་ལྟོས་ཏེ་དེ་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར། གསུམ་པ་ནི། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་སོགས་བཅུ། བཞི་པ་ནི། ཐེག་ཆེན་གྱི་གདམས་ངག་ལ་འདིར་བསྟན་གྱི་གདམས་ངག་བཅུར་གྲངས་ངེས། བཅུ་པོ་འདིས་ཐེག་ཆེན་སྐྱེས་བུའི་བཞེད་དོན་ཕུན་སུམ་ཚོགས་པ་སྒྲུབ་ནུས་ཏེ། འདི་ཙམ་ཁོ་ནས་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བས་གདམས་ངག་ནི་རྣམ་པ་བཅུའོ། །ཞེས་གསུངས་པའི་ཕྱིར། ལྔ་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་གིས། དེ་བཞིན་གཤེགས་པ་ལ་ཐེག་ཆེན་གྱི་གདམས་ངག་ཉན་ནས་ཐབས་ཁྱད་པར་ཅན་གྱིས་བསྒྲུབས་པས། དམིགས་ཡུལ་བདེན་པ་བཞི་ལ་དམིགས། རྟེན་དཀོན་མཆོག་གསུམ་ལ་བརྟེན་ཏེ། བརྩོན་འགྲུས་རྣམ་པ་གསུམ་གྱིས། བྱ་བ་ངན་པ་ལ་ཞེན་པ། སྒྱིད་ལུག་པ། སེམས་ཞུམ་པའི་ལེ་ལོ་གསུམ་བཅོམ་ནས། གནས་སྐབས་ཀྱི་འབྲས་བུ་ཁྱད་པར་ཅན་སྤྱན་དང་མངོན་ཤེས་མངོན་དུ་བྱས་ཏེ། མཐར་ཐུག་གི་འབྲས་བུ་མཐོང་སྒོམ་གྱི་སྒྲིབ་པ་མཐའ་དག་ལས་གྲོལ་བའི་རྣམ་མཁྱེན་མངོན་དུ་བྱེད་པ་ནི། འདིར་བསྟན་གྱི་གདམས་ངག་བཅུ་ཉམས་སུ་ལེན་པའི་རིམ་པ་ཡིན་ནོ། །ངག་དོན་ནི། ཐེག་ཆེན་སེམས་བསྐྱེད་ཀྱི་འོག་ཏུ་གདམས་ངག་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་གིས། ཡུལ་དེ་བཞིན་གཤེགས་པ་ལ་གདམས་ངག་ཉན་ནས་ཉམས་སུ་ལེན་དགོས་པར་ཤེས་པའི་ཆེད་ཡོད་པའི་ཕྱིར།

གཉིས་པ་ལ། སྒྲུབ་པ་རང་གི་ངོ་བོ། དམིགས་ཡུལ་བདེན་པ་བཞི། རྟེན་དཀོན་མཆོག་གསུམ། དེའི་ཡོན་ཏན་སྤྱན་དང་མངོན་ཤེས་བཤད་པ་དང་བཞི། དང་པོ་ནི། སྒྲུབ་དང་བདེན་པ་རྣམས་དང་ནི། ཞེས་སོགས་ཀྱི་སྐབས་སུ་གཉིས་ཀྱི། དང་པོ་ལ། ཡུལ་ཅན་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་དང་། ཡུལ་བདེན་གཉིས་བཤད་པ་གཉིས། དང་པོ་ལ། མཚན་ཉིད། དབྱེ་བ། གཞུང་གིས་བསྟན་ཚུལ་དང་གསུམ། དང་པོ་ནི། སྒྲུབ་པ་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་སྟོན་པའི་ལུང་གི་དམ་ཆོས། དབྱེ་ན་ཐེག་པ་ཆེ་ཆུང་གི་དེ་གཉིས། མཚན་ཉིད་རིམ་བཞིན། ཡུལ་བདེན་པ་གཉིས་ལས་མི་འདའ་བར་ཡུལ་ཅན་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ཐེག་ཆེན་གྱི་སྒྲུབ་པ་ཉམས་སུ་ལེན་ཚུལ་སྟོན་པའི་ཐེག་ཆེན་གྱི་ལུང་གི་དམ་ཆོས། ཐེག་དམན་རང་ལུགས་ཀྱི་ཐབས་ཤེས་གཉིས་དང་ལྡན་པའི་སྒོ་ནས། ཐེག་དམན་གྱི་སྒྲུབ་པ་ཉམས་སུ་ལེན་ཚུལ་སྟོན་པའི་ཐེག་དམན་གྱི་ལུང་གི་དམ་ཆོས། མཚན་གཞི་རིམ་བཞིན། ཐེག་པ་ཆེ་ཆུང་གང་ཡིན་གྱི་སློབ་ལམ་བཞིར་ཉམས་སུ་ལེན་ཚུལ་སྟོན་པའི་བཀའ་དང་བསྟན་བཅོས་ལྟ་བུ། གསུམ་པ་ནི། སྒྲུབ་དང་། ཞེས་སོགས་ཀྱིས་རྩ་བའི་དངོས་བསྟན་གྱི་གདམས་ངག་ལ་བཀས་ཁྱབ་སྟེ། མངོན་རྟོགས་རྒྱན་ཤེར་ཕྱིན་གྱི་མདོའི་དངོས་ཀྱི་དགོངས་འགྲེལ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཞེས་སོགས་འགྲེལ་པའི་དངོས་བསྟན་ལ་བསྟན་བཅོས་ཡོད་དེ། དོན་གསལ་ནི་ཤེར་ཕྱིན་གྱི་མདོ་དང་རྒྱན་གཉིས་ཀའི་དངོས་ཀྱི་རྣམ་བཤད་ཡིན་པའི་ཕྱིར། གཉིས་པ་ལ། དབྱེ་གཞི། དབྱེ་ངོ་། ཕྱེ་བའི་དོན། རང་བཞིན། གཏན་ལ་འབེབ་དགོས་པའི་རྒྱུ་མཚན་དང་ལྔ། དང་པོ་ནི། ཤེས་བྱ། རྟེན་འབྲེལ། བདེན་པ་ཙམ་དབྱེ་གཞིའོ། །གཉིས་པ་ལ་སྣང་བ་ཀུན་རྫོབ་ཀྱི་བདེན་པ་དང་། གནས་ལུགས་དོན་དམ་པའི་བདེན་པ་གཉིས་ཏེ། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཀྱིས་ནི་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་ནམ་ཡང་ཡོད་མ་མཆིས། །ཞེས་དང་། རྩ་ཤེས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་སོ། །གསུམ་པ་ནི། བདེན་པ་གཉིས་པོ་དེ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཏེ། ཀུན་རྫོབ་ལས་ངོ་བོ་ཐ་དད་དུ་གྱུར་བའི་དོན་དམ་བདེན་པ་རིགས་པས་དཔྱད་ན་མི་རྙེད་པའི་ཕྱིར་དང་། བློས་མཐོང་ཚུལ་ཐ་དད་དུ་མེད་པའི་ཕྱིར། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཞེས་སོ། །གནས་ཚུལ་སེམས་པའི་རིགས་ངོར། བདེན་གཉིས་གཅིག་དང་ཐ་དད་གང་རུང་དུ་དཔྱད་པར་བྱ་བ་མ་ཡིན་ཏེ། དེ་དག་ལ་སྐྱོན་བཞི་བཞི་ཡོད་པར་དགོངས་འགྲེལ་དུ་བཤད་པའི་ཕྱིར། དང་པོ་ལ་སྐྱོན་བཞི་ནི། ཀུན་རྫོབ་མཐོང་བས་གཙོ་བོར་དོན་དམ་བདེན་པ་མཐོང་བར་འགྱུར་བ་དང་། ཀུན་རྫོབ་ལ་དམིགས་ནས་ཀུན་ནས་ཉོན་མོངས་འཕེལ་བ་ལྟར། དོན་དམ་ལ་དམིགས་ནས་ཀྱང་དེ་འཕེལ་བར་ཐལ་བ་དང་། ཀུན་རྫོབ་ལས་ལོགས་སུ་དོན་དམ་བཙལ་དུ་མེད་པར་ཐལ་བ་དང་། ཀུན་རྫོབ་བདེན་པ་སྤྲོས་པ་སྣ་ཚོགས་དང་བཅས་པ་བཞིན་དུ་དོན་དམ་ཡང་དེར་འགྱུར་རོ། །ཐ་དད་པའི་སྐྱོན་བཞི་ནི། དོན་དམ་སྣང་བའི་ཆོས་ཉིད་མ་ཡིན་པར་ཐལ་བ་དང་། དོན་དམ་རྟོགས་པས་སྣང་བ་ལ་བདེན་ཞེན་གྱི་སྒྲོ་འདོགས་མི་ཆོད་པར་ཐལ་བ་དང་། ཀུན་རྫོབ་རིགས་པས་མ་རྙེད་པའི་དེ་ཁོ་ན་ཉིད་དོན་དམ་མ་ཡིན་པར་ཐལ་བ་དང་། ཀུན་ནས་ཉོན་མོངས་དང་རྣམ་བྱང་གཅིག་ཏུ་ཐལ་བའོ། །དེའི་དོན་ཡང་། བདེན་གཉིས་ངོ་བོ་ཐ་དད་དུ་རིགས་པས་དཔྱད་པའི་ཚེ་གྲུབ་ན། དོན་དམ་རྟོགས་ཀྱང་ཀུན་རྫོབ་ལ་སྒྲོ་འདོགས་མ་ཆོད་པས་ཀུན་ནས་ཉོན་མོངས་པ་འཕེལ་བ་དང་། དོན་དམ་ལ་དམིགས་ནས་རྣམ་བྱང་འཕེལ་བ་དུས་གཅིག་ཏུ་ཐལ་བའོ། །དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་དེ། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཅན། །གཅིག་དང་ཐ་དད་ཉིད་དུ་གང་སེམས་པ། །དེ་དག་ཚུལ་མིན་ཡིད་བྱེད་ཞུགས་པ་ཡིན། །ཞེས་སོ། །བཞི་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ། བདེན་གཉིས་ངེས་བྱེད་ཀྱི་ཚད་མ་བཤད་པ་དང་བཞི། དང་པོ་ལ། བྱེ་བྲག་ཏུ་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་བའི་འདོད་ཚུལ་ལོ། །དང་པོ་ནི། བཅོམ་པའམ་བཤིག་པ་ན་རང་འཛིན་གྱི་བློ་འདོར་བའི་ཆོས། ཀུན་རྫོབ་ཀྱི་མཚན་ཉིད། དེ་ལ་བཅོམ་པ་ན། རང་འཛིན་བློ་འདོར་བ་དང་། བློས་རྣམ་པར་བཤིག་པ་ན་རང་འཛིན་བློ་འདོར་བ་རྣམ་པ་གཉིས། དང་པོ་ནི། བུམ་པ་ལྟ་བུ། གཉིས་པ་ནི། བུམ་ནང་གི་ཆུ་ལྟ་བུའོ། །བཅོམ་པའི་བློས་བཤིག་པ་ན་རང་འཛིན་གྱི་བློ་མི་འདོར་བ། དོན་དམ་གྱི་མཚན་ཉིད། མཚན་གཞི་རྡུལ་ཕྲན་དང་། ཤེས་པ་ལྟ་བུའོ། །མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །གཉིས་པ་ནི། རྟོག་པས་སྒྲོ་བཏགས་པའི་དོན་བྱེད་མི་ནུས་པའི་ཆོས་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་བྱེད་ནུས་པ་མཚན་ཉིད་དུ་འདོད་ཅིང་། སྤྱི་མཚན་དང་ཀུན་རྫོབ་བདེན་པ་དོན་གཅིག །རང་མཚན་དོན་དམ་བདེན་པ་དངོས་པོ་རྣམས་དོན་གཅིག་ཏུ་འདོད་དེ། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་སོ། །གསུམ་པ་ནི། རྟོག་པས་སྒྲོ་བཏགས་པ་དང་། གཞན་དབང་གང་རུང་གིས་བསྡུས་པའི་ཆོས་དང་། རིགས་པས་དཔྱད་བཟོད་དུ་གྲུབ་པའི་དེ་ཁོ་ན་ཉིད་རིམ་བཞིན་མཚན་ཉིད་དང་། ཀུན་བཏགས་དང་གཞན་དབང་དང་པོའི་མཚན་གཞི། ཡོངས་གྲུབ་གཉིས་པའི་མཚན་གཞིར་འདོད་དེ། བཞི་པ་ལ། སྤྱིར་བསྟན་པ་དང་། མཚན་ཉིད་བསྡུས་ཏེ་བསྟན་པ་གཉིས། དང་པོ་ནི། ཞི་བ་ལྷས་འཇིག་རྟེན་པའི་བློའི་ཡུལ་དུ་གྱུར་བའི་སྣང་ཙམ་གྱི་ཆོས་ཀུན་རྫོབ་དང་། དེ་ལས་འདས་པའི་དེ་ཁོ་ན་ཉིད་དོན་དམ་བདེན་པར་བཞེད་དེ། སྤྱོད་འཇུག་ལས། ཀུན་རྫོབ་དང་ནི་དོན་དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་སོ། །ཟླ་གྲགས། མཐོང་བ་ཡང་དག་པ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་འཛིན་སྟངས་ཀྱི་ཡུལ་ལ་དོན་དམ་དང་། མཐོང་བ་རྫུན་པ་འཇིག་རྟེན་པའི་བློའི་འཛིན་སྟངས་ཀྱི་ཡུལ་ལ་ཀུན་རྫོབ་བདེན་པར་བཞེད་དེ། འཇུག་པར། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་སོ། །ཡེ་ཤེས་སྙིང་པོ་ནི། འཇིག་རྟེན་པའི་ཐ་སྙད་ཀྱི་ཡུལ་དུ་གྱུར་པའི་སྣང་ཙམ་གྱི་ཆོས་དང་། དེ་ལས་འདས་པའི་དེ་ཁོ་ན་ཉིད་ལ་བཞེད་དེ། མདོ་ལས། ཀུན་རྫོབ་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་བཏགས་པ་དང་། ཡི་གེ་དང་། སྒྲ་དང་། བརྡས་བསྟན་པ་དག་གོ །དོན་དམ་པའི་བདེན་པ་ནི། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པ་ལ་བརྟེན་ནས་བདེན་གཉིས་ཀྱི་རྣམ་གཞག་མཛད་པའི་ཕྱིར། གཉིས་པ་ནི། ཐ་སྙད་པའི་ཚད་མའི་ཡུལ་གྱི་གཙོ་བོར་གྱུར་བའི་སྣང་ཙམ་གྱི་ཆོས་དང་། རིགས་ཤེས་ཚད་མའི་ཡུལ་གྱི་གཙོ་བོར་གྱུར་བའི་དེ་ཁོ་ན་ཉིད་རིམ་བཞིན་ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པའི་མཚན་ཉིད་དུ་འཐད་དེ། དབུ་མ་བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་སོ། །གཉིས་པ་ལ། ཀུན་རྫོབ་བདེན་པའི་སྒྲ་བཤད་པ་དང་། དོན་དམ་བདེན་པའི་དེ་གཉིས། དང་པོ་ནི། ཀུན་རྫོབ་ནི་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པས་བསྡུས་པའི་བདེན་འཛིན་ཡིན་ལ། དེས་བདེན་པར་བཟུང་བའི་དོན་གྱིས་ན་དེ་སྐད་ཅེས་བྱ་སྟེ། འཇུག་པར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དོན་དམ་ནི། རྟགས་ལ་བརྟེན་པའི་རིག་ཤེས་རྗེས་དཔག་དང་། སྒོམ་བྱུང་གི་མཉམ་བཞག་ཡེ་ཤེས་ཡིན་ལ། དེའི་ཡུལ་དུ་གནས་པ་ལ་རིགས་པ་གཞན་གྱིས་གནོད་པ་མེད་པས་ན་དེ་སྐད་ཅེས་བྱའོ། །ཡང་ན་ཆོས་ཉིད་དེ་བཞིན་ཉིད་དོན་དམ་པ་དང་བདེན་པའི་གཞི་མཐུན་དུ་མཉམ་བཞག་གི་ངོར་སྣང་བས་ན་དེ་སྐད་ཅེས་བྱའོ། །ཚིག་གསལ་ལས། དོན་ཡང་དེ་ཡིན་ལ། དམ་པ་ཡང་དེ་ཡིན་པས་ན་དོན་དམ་པ་ཞེས་བྱའོ། །དེ་ཉིད་བདེན་པ་ཡིན་པས་ན་དོན་དམ་པའི་བདེན་པ་ཞེས་བྱའོ། །ཞེས་སོ། །གསུམ་པ་ལ། ཀུན་རྫོབ་དང་། དོན་དམ་པའི་དབྱེ་བ་གཉིས། དང་པོ་ལ། བཤད་ཚུལ་སྤྱིར་བསྟན་པ་དང་། མཚན་ཉིད་བསྡུས་ཏེ་བསྟན་པའོ། །དང་པོ་ལ། ཐལ་འགྱུར་བ་དང་། རང་རྒྱུད་པའི་བཞེད་ཚུལ་གཉིས། དང་པོ་ལ། ཡུལ་ཅན་ཡང་དག་པ་དང་། ལོག་པའི་ཀུན་རྫོབ་བདེན་པ་དང་། ཡུལ་ཡང་དག་པ་དང་། ལོག་པའི་ཀུན་རྫོབ་བདེན་པའོ། །དང་པོ་ནི། ཤེས་པ་རང་ལ་སྣང་བའི་དོན་སྣང་བ་ལྟར་གྲུབ་པ་ལ་ཐ་སྙད་པའི་ཚད་མས་གནོད་པ་མེད་པའི་མཐོང་བ་རྫུན་པའི་བློ། གཉིས་པ་ནི། ཤེས་པ་རང་ལ་སྣང་བའི་དོན་སྣང་བ་ལྟར་གྲུབ་པ་ལ་ཐ་སྙད་པའི་ཚད་མས་གནོད་པ་འབབ་པའི་མཐོང་བ་རྫུན་པའི་བློར་འདོད་དེ། འཇུག་པ་ལས། མཐོང་བ་རྫུན་པའང་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །ཅེས་སོ། །གསུམ་པ་དང་བཞི་པ་ནི། ཤེས་པ་དེ་གཉིས་ཀྱི་འཛིན་སྟངས་ཀྱི་ཡུལ་ལ་འདོད་དེ། འཇུག་པར། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་སོ། །གཉིས་པ་ནི། སྣང་ཞིང་སྣང་བ་ལྟར་དུ་གྲུབ་པ་ལ་ཚད་མས་གནོད་པ་མེད་པའི་ཀུན་རྫོབ་ནི་ཡང་དག་ཀུན་རྫོབ་ཡིན་ལ། སྣང་ཞིང་སྣང་བ་ལྟར་གྲུབ་པ་ལ་ཚད་མ་གཞན་གྱིས་གནོད་པ་འབབ་པའི་ཀུན་རྫོབ་ནི་ལོག་པའི་ཀུན་རྫོབ་ཏུ་བཞེད་དེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །གཉིས་པ་ནི། ཡང་ལོག་གཉིས་ཀྱི་ནང་ཚན་གང་ཞིག་ཐ་སྙད་དུ་མི་བསླུ་བའི་ཆོས་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། དབྱེ་ན། ཡུལ་ཅན་དང་། ཡུལ་ཡང་དག་པའི་ཀུན་རྫོབ་གཉིས། དང་པོ་ནི། དབང་པོ་སྐྱོན་མེད་ལ་བརྟེན་ནས་གཟུགས་སོགས་འཇལ་བའི་ཤེས་པ་དང་། བདག་མེད་རྟོགས་པའི་ཤེས་རབ་ལྟ་བུ། གཉིས་པ་ནི། བློ་དེ་དག་གི་ཡུལ་དུ་གྱུར་པའི་རང་མཚན་ལྟ་བུའོ། །ཡང་ལོག་གཉིས་ཀྱི་ནང་ཚན་གང་ཞིག །ཐ་སྙད་དུའང་རྫུན་པ་བསླུ་བའི་ཆོས་ཅན་དུ་སྣང་བ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། དབྱེ་ན། ཡུལ་ཅན་དང་ཡུལ་ལོག་པའི་ཀུན་རྫོབ་གཉིས། དང་པོ་ནི། དབང་པོ་སྐྱོན་ལྡན་གྱི་ཤེས་པ་དང་། གང་ཟག་གི་བདག་འཛིན་ལྟ་བུའོ། །གཉིས་པ་ནི། དབང་ཤེས་འཁྲུལ་པ་ལ་སྣང་བའི་ཆུ་ནང་གི་ཟླ་བའི་གཟུགས་བརྙན་དང་། བདག་འཛིན་རྟོག་པ་ལ་བདག་ཏུ་སྣང་བ་ལྟ་བུའོ། །བདེན་གཉིས་ལས། ཀུན་རྫོབ་རྣམ་པ་གཉིས་འདོད་དེ། །ལོག་པ་དང་ནི་ཡང་དག་གོ །དང་པོ་གཉིས་ཏེ་ཆུ་ཟླ་དང་། །གྲུབ་མཐའ་ངན་པའི་རྟོག་པའོ། །ཞེས་སོ། །གཉིས་པ་ལ། རྟེན་ཆོས་ཅན་གྱི་དང་། མིང་ཙམ་མཐུན་པའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། རྒྱས་པར་ཕྱེ་ན། སྟོང་ཉིད་ཉི་ཤུ་དང་། བཅོ་བརྒྱད་དང་། བཅུ་དྲུག་ཏུ་ཡོད་ལ། འབྲིང་དུ་ན། དངོས་པོ་དང་། དངོས་པོ་མེད་པ་དང་། རང་གི་དང་། གཞན་གྱི་ངོ་བོ་སྟོང་པ་ཉིད་དང་བཞི། བསྡུ་ན། གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་པའི་སྟོང་ཉིད་གཉིས་ཏེ། འཇུག་པར། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །དེ་ལྟར་སྟོན་པས་སླར་ཡང་འདི་ཉིད་ནི། །གདུལ་བྱ་རྣམས་ལ་ཕྱེ་སྟེ་རྣམ་མང་གསུམ། །སྤྲོས་དང་བཅས་པར་སྟོང་པ་ཉིད། །བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཞེས་དང་། ནང་དང་ཕྱི་རོལ་རྣམས་དང་ནི། ཞེས་པ་ནས། སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་སོ། །གཉིས་པ་ལ། རྣམ་གྲངས་པའི། རྣམ་གྲངས་པ་མ་ཡིན་པའི་དོན་དམ་བདེན་པ་གཉིས། དང་པོ་ནི། མྱུ་གུ་བདག་ལས་སྐྱེ་བ་མེད་པ་ལྟ་བུ། གཉིས་པ་ནི། ཆོས་ཅན་སོ་སོ་ལ་ཡོད་པའི་རང་བཞིན་རྣམ་དག་གི་ཆོས་ཉིད་ལྟ་བུའོ། །བཞི་པ་ལ། ཀུན་རྫོབ་དང་། དོན་དམ་བདེན་པ་ངེས་བྱེད་ཀྱི་ཚད་མ་གཉིས། དང་པོ་ལ། སྔོན་པོ་སོགས་གཟུགས་ཀྱི་སྐྱེ་མཆེད་འཇལ་བྱེད་ཀྱི་དབང་ཤེས་མ་འཁྲུལ་པ་ལྟ་བུ་གཞི་ལྡོག་དང་། འདུས་བྱས་སྣང་ལ་རང་བཞིན་མེད་རྟོགས་ཀྱི་འཕགས་རྒྱུད་ཀྱི་རྗེས་ཐོབ་ཡེ་ཤེས་ལྟ་བུ་རང་ལྡོག་ངེས་བྱེད་ཀྱི་ཚད་མ་གཉིས་སོ། །གཉིས་པ་ལ། བདེན་པའི་གཅིག་དུ་བྲལ་གྱི་རྟགས་ལས་སྣང་བ་བདེན་མེད་དུ་རྟོགས་པའི་རིགས་ཤེས་རྗེས་དཔག་ལྟ་བུ་གཞི་ལྡོག་དང་། སྤྲོས་བྲལ་སྟོང་ཉིད་རྟོགས་པའི་མཉམ་བཞག་ཡེ་ཤེས་ལྟ་བུ་རང་ལྡོག་གོ །ལྔ་པ་ལ། མ་རྟོགས་པའི་ཉེས་དམིགས་དང་། རྟོགས་པའི་ཕན་ཡོན་གཉིས། དང་པོ་ནི། རྩ་ཤེས་ལས། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་སོ། །གཉིས་པ་ནི། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བར་འགྱུར། །ཞེས་སོ། །ངག་དོན་ནི། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཡུལ་བདེན་གཉིས་ལས་མི་འདའ་བར་ཡུལ་ཅན་ཐབས་ཤེས་ཟུང་འབྲེལ་དུ་ཉམས་སུ་ལེན་ཚུལ་ཤེས་པའི་ཆེད་ཡོད་པའི་ཕྱིར།

གཉིས་པ་ནི། བདེན་པ་རྣམས་དང་ནི། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་བདེན་པ་བཞི་ལ། རང་བཞིན། གྲངས་ངེས། གོ་རིམ། བདེན་བཞི་རྟོགས་པ་ལ་འཇུག་ཚུལ་དང་བཞི། དང་པོ་ལ། དོར་བྱ་སྡུག་ཀུན་དང་། བླང་བྱ་འགོག་ལམ་གྱི་བདེན་པ་གཉིས། དང་པོ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ། བཅོམ་པའི་ས་མཚམས་དང་བཞི། དང་པོ་ནི། སྡུག་ཀུན་གཉིས་ཀྱི་ནང་ཚན་གང་ཞིག །རང་རྒྱུ་ལས་ཉོན་གྱི་འབྲས་བུར་གྱུར་པའི་ཟག་བཅས། དེ་གང་ཞིག་ཟག་བཅས་ཀྱི་ལས་དང་ཉོན་མོངས་གང་རུང་གིས་བསྡུས་པ། གཉིས་པ་ནི། སྡུག་ཀུན་གཉིས་བྱིས་པས་བཟུང་བ་ལྟར་མ་གྲུབ་ལ། འཕགས་པས་གཟིགས་པ་ལྟར་གནས་པའི་ཕྱིར་འཕགས་པའི་བདེན་པ་ཞེས་བརྗོད་ལ། དེ་ཡང་བྱིས་པས་སྡུག་བསྔལ་ལ་བདེ་བ་དང་། ཀུན་འབྱུང་དེ་ཁྲིད་བྱེད་དུ་བཟུང་། འཕགས་པས་ཁམས་གསུམ་སྡུག་བསྔལ་གསུམ་གྱི་རང་བཞིན་ཅན་དང་། ལས་ཉོན་གཉིས་དེར་འཁྲིད་བྱེད་དུ་བཟུང་སྟེ། མཛོད་འགྲེལ་ལས། བྱིས་པ་ལག་མཐིལ་འདྲ་བ་ཡིས། །སྡུག་བསྔལ་འདུ་བྱེད་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ནི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཞེས་སོ། །གསུམ་པ་ནི། སྡུག་བདེན་ལ་རྟེན་དང་བརྟེན་པའི་སྒོ་ནས་སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་སེམས་ཅན་གཉིས་ཏེ། ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། དེ་ནི་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིགས་པར་བྱའོ། །ཞེས་སོ། །འདོད་གཟུགས་ཀྱིས་བསྡུས་པའི་སྣོད་ཀྱི་འཇིག་རྟེན་དང་པོའི་མཚན་གཞི། ཁམས་གསུམ་དུ་ལས་ཉོན་གྱིས་སྐྱེ་བ་བླངས་པའི་གང་ཟག་གཉིས་པའི་མཚན་གཞིའོ། །དེས་ན་བདེ་བ་ཅན་སོགས་དག་པའི་ཞིང་ཁམས་རྣམས་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་ཏེ། ཀུན་བཏུས་ལས། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་པ་ལྟ་བུ་སྟེ། དེ་དག་ལས་དང་ཉོན་མོངས་པས་བསྐྱེད་པ་མ་ཡིན། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་མ་ཡིན་གྱི། སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས་བྱུང་བ་དག་གོ །ཞེས་སོ། །མཚན་གཞིའི་སྒོ་ནས་དབྱེ་ན། ཚོར་བ་སྡུག་བསྔལ་རྒྱུ་དང་བཅས་པ་ལྟ་བུ་སྡུག་བསྔལ་གྱི་སྡུག་བསྔལ། ཟག་བཅས་ཀྱི་ཚོར་བ་བདེ་བ་རྒྱུ་དང་བཅས་པ་ལྟ་བུ་འགྱུར་བའི་སྡུག་བསྔལ། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་རྒྱུར་བཅས་དང་། འཁོར་བས་བསྡུས་པའི་གཟུགས་ཅན་གྱི་དངོས་པོ་ལྟ་བུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་མོ། །ཀུན་འབྱུང་ལ་ཉོན་མོངས་པ་དང་། ལས་ཀྱི་ཀུན་འབྱུང་གཉིས་ཏེ། ཀུན་བཏུས་ལས། ཀུན་འབྱུང་གི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་། ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །ཞེས་སོ། །དབྱེ་གཞི་གང་ཞིག །སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་པས་བསྡུས་པ་དང་པོའི་མཚན་ཉིད། མཚན་གཞི་རྩ་བ་དང་ཉེ་བའི་ཉོན་མོངས་པ། དེ་དག་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་ལྟ་བུའོ། །དེ་གང་ཞིག །རང་རྒྱུ་ཉོན་མོངས་པའི་དབང་གིས་བྱུང་བའི་ཟག་བཅས་ཀྱི་ལས། དབྱེ་ན། ངན་སོང་གསུམ་དུ་འཕེན་པར་བྱེད་པའི་མི་དགེ་བའི་ལས་དང་། བདེ་འགྲོར་འཕེན་པར་བྱེད་པའི་དགེ་ལས་གཉིས་སོ། །བཞི་པ་ལ། ཐེག་དམན་དང་། ཐེག་ཆེན་གྱི་བཅོམ་པའི་ས་མཚམས་གཉིས། དང་པོ་ནི། དགྲ་བཅོམ་ཐོབ་ན་ཉོན་མོངས་པའི་ཀུན་འབྱུང་སྤངས་པས་ཁྱབ། ལས་ཀྱི་ཀུན་འབྱུང་ལྷག་བཅས་མྱང་འདས་སྐབས་སྤངས་མ་སྤང་གཉིས་ཀ་ཡོད། ལྷག་མེད་ཐོབ་ནས་སྡུག་ཀུན་གཉིས་ཀ་སྤངས་པ་ཡིན་ལ། འཁོར་བ་ནི་དགྲ་བཅོམ་པ་མཐའ་དག་གིས་སྤངས་སོ། །དཔེར་ན། ལྷག་བཅས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་གཟུགས་ཕུང་སྡུག་བདེན་ཡིན་ཀྱང་འཁོར་བ་མ་ཡིན་པ་བཞིན་ནོ། །གཉིས་པ་ནི། དམན་ལམ་སྔོན་དུ་སོང་བ་ལ་ཚོགས་ལམ་ནས་ཀྱང་གཉིས་ཀ་སྤངས་པ་ཡོད་ཅིང་། མ་སོང་བ་ལ་ཀུན་འབྱུང་ས་དང་པོ་ནས་སྤངས། སྡུག་བདེན་ས་བརྒྱད་པའི་བར་དུ་འགྲོ་བ་སྲིད་དེ། རྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ལ། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། །འབྱོར་བ་དམ་པ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ། ཐོབ་པའི་ས་མཚམས་དང་བཞི། དང་པོ་ནི། དགག་གཞི་སེམས་རྒྱུད་ཀྱི་སྟེང་དུ་འགོག་བྱེད་བར་ཆད་མེད་ལམ་གྱིས་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་བཀག་པའི་སྟོབས་ཀྱིས་ཐོབ་པའི་སོ་སོར་བརྟགས་འགོག །བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཟག་མེད་རྣམ་བྱང་གི་བདེན་པ། གཉིས་པ་ནི། བྱིས་པས་འགོག་བདེན་ལ་གཡང་ས་དང་། ལམ་བདེན་དེར་ཁྲིད་བྱེད་ཀྱི་གཤེད་མ་ལྟ་བུར་བཟུང་ཞིང་། འཕགས་པས་འགོག་བདེན་ལ་བདེ་བ་དང་ལམ་བདེན་དེར་ཁྲིད་བྱེད་དུ་གཟིགས་ལ། དེ་གཉིས་འཕགས་པའི་གཟིགས་ངོ་ལྟར་གྲུབ་པས་འཕགས་པའི་བདེན་པ་ཞེས་བྱའོ། །གསུམ་པ་ལ། འགོག་བདེན་དང་། ལམ་བདེན་གྱི་དབྱེ་བ་གཉིས། དང་པོ་ནི། ཐེག་པའི་སྒོ་ནས་ཉན་རང་བྱང་སེམས་ཀྱི་འགོག་པ་གསུམ། སྤང་བྱའི་སྒོ་ནས་སྒྲིབ་གསུམ་ལས་གྲོལ་བའི་འགོག་པ་གསུམ། དབྱེ་བ་བཏགས་པ་བའི་དབང་དུ་ན། སོ་སྐྱེས་དང་འཕགས་རྒྱུད་ཀྱི་འགོག་པ་ལྟ་བུ་བརྡ་དང་དོན་དམ་པའི། མི་སློབ་པ་དང་སློབ་པའི་འགོག་པ་ལྟ་བུ་ཡོངས་སུ་རྫོགས་པ་དང་མ་རྫོགས་པའི། སྤྱན་དང་མངོན་ཤེས་སོགས་ལྡན་མི་ལྡན་ལྟ་བུ་རྒྱན་བཅས་དང་རྒྱན་མེད་ཀྱི། རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་ལས་གྲོལ་བ་དང་མ་གྲོལ་བ་ལྟ་བུ་སོ་སོར་བརྟགས་པ་དང་སོ་སོར་བརྟགས་མིན་གྱི་འགོག་པ་རྣམས་སོ། །གཉིས་པ་ལ། ཐེག་པའི་སྒོ་ནས་གསུམ། མཚན་གཞིའི་སྒོ་ནས་མཐོང་སྒོམ་མི་སློབ་ལམ་གསུམ། བཞི་པ་ལ། འགོག་བདེན་དང་། ལམ་བདེན་གྱི་ས་མཚམས་གཉིས། དང་པོ་ནི། ཐེག་དམན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཐོབ་མ་ཐག་པའི་གནས་སྐབས་ན་འགོག་བདེན་མེད་དེ། སྤང་བྱའི་ས་བོན་ཅུང་ཟད་ཀྱང་མ་སྤངས་པའི་ཕྱིར། དེས་ན། ཐེག་དམན་ལ་སྡུག་བསྔལ་ཆོས་ཤེས་ནས་མི་སློབ་ལམ་གྱི་བར། ཐེག་ཆེན་ལ་འཕགས་པ་མཐའ་དག་གི་རྒྱུད་ལ་ཡོད། གཉིས་པ་ནི། ཐེག་པ་ཆེ་ཆུང་གི་འཕགས་པ་མཐའ་དག་གིས་ཐོབ། གཉིས་པ་ནི། ཐར་པ་དོན་གཉེར་གྱི་ཤེས་བྱའི་གཙོ་བོ་ལ་བདེན་བཞི་འཁོར་དང་བཅས་པར་གྲངས་ངེས་ཏེ། དོར་བྱ་རྒྱུ་འབྲས་དང་། བླང་བྱ་རྒྱུ་འབྲས་གཉིས་སུ་ངེས་པའི་ཕྱིར། དེས་ན་ཐར་པ་དོན་གཉེར་གྱི་ཤེས་བྱའི་གཙོ་བོ་ཡིན་ན་བདེན་བཞི་གང་རུང་ཡིན་པས་མ་ཁྱབ་སྟེ། དཔེར་ན་ཤཱཀྱ་ཐུབ་པ་བཞིན་ནོ། །གསུམ་པ་ནི། འདིར་བསྟན་བདེན་པ་བཞིའི་གོ་རིམ་ནི་མངོན་པར་རྟོགས་པའི་རིམ་པ་ཡིན་ཏེ། རྣམ་གྲོལ་དོན་གཉེར་གྱི་གང་ཟག་གིས་ཤེས་བྱ་གཏན་ལ་འབེབས་པའི་ཚེ། དང་པོར་ཁམས་གསུམ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པར་བྱེད། དེའི་རྗེས་སུ་ཀུན་འབྱུང་སྤོང་འདོད་ཀྱི་བློ་སྐྱེ། དེའི་རྗེས་སུ་སྡུག་ཀུན་སྤངས་པའི་འགོག་པ་ལ་དོན་གཉེར་གྱི་བློ་སྐྱེ། དེའི་རྗེས་སུ་ལམ་ལ་ནན་ཏན་གྱི་སྒོ་ནས་བསླབ་དགོས་པའི་ཕྱིར། རྒྱུད་བླར། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་སོ། །བཞི་པ་ནི། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་གྱི་བསླབ་པ་སྐྱེ། དེ་ལ་བརྟེན་ནས་གནས་ལུགས་ཀྱི་དོན་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་སྐྱེ། དེས་སྡུག་བསྔལ་གྱི་རྩ་བ་ཀུན་འབྱུང་གིས་བསྡུས་པའི་བདག་འཛིན་རྩ་བ་ནས་བཅད། སྡུག་ཀུན་སྤངས་པའི་ཐར་པ་མྱང་འདས་མངོན་དུ་བྱེད་པ་ནི་བདེན་བཞི་རྟོགས་པའི་རིམ་པ་ཡིན་ནོ། །ངག་དོན་ནི། བདེན་པ་བཞི་ལ་འདོམས་པའི་གདམས་ངག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། དོར་བྱ་སྡུག་ཀུན་དང་བླང་བྱ་འགོག་ལམ་གྱི་བླང་དོར་ཕྱིན་ཅི་མ་ལོག་པར་ཤེས་པའི་ཆེད་ཡོད་པའི་ཕྱིར།

གསུམ་པ་ནི། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། ཞེས་སོགས་རྩ་འགྲེལ་ལ་གཉིས་ཀྱི་དང་པོ་ལ། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་དང་གསུམ། དང་པོ་ལ། ཐེག་པ་དམན་པའི། ཐེག་པ་ཐུན་མོང་བའི། ཐེག་པ་ཆེན་པོའི་ལུགས་སོ། །དང་པོ་ནི། སྐྱབས་འགྲོའི་ཡུལ་དཀོན་མཆོག་གསུམ་འགོག་ལམ་ཁོ་ནའི་སྟེང་ནས་འཇོག་སྟེ། རང་རྒྱུད་ལྡན་གྱི་གང་ཟག་གདུལ་བྱ་གཞན་ངོར་སངས་རྒྱས་སུ་མཚོན་པར་བྱེད་པའི་ཐེག་ཆེན་མི་སློབ་པའི་ལམ་བདེན་སངས་རྒྱས་དཀོན་མཆོག །རང་རྒྱུད་ལྡན་གྱི་གང་ཟག་གདུལ་བྱ་གཞན་ངོར་དགེ་འདུན་དུ་མཚོན་པར་བྱེད་པའི་ཐེག་ཆེན་སློབ་པའི་ལམ་བདེན་དང་ཐེག་དམན་མི་སློབ་པའི་ལམ་བདེན་དགེ་འདུན་དཀོན་མཆོག །མྱང་འདས་ཀྱིས་བསྡུས་པའི་འགོག་བདེན། ཆོས་དཀོན་མཆོག་ཏུ་འདོད་པའི་ཕྱིར་ཏེ། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་སོ། །དེས་ན་སྐབས་འདིར་སྐྱབས་འགྲོའི་ཡུལ་དུ་གྱུར་པའི་སངས་རྒྱས་དཀོན་མཆོག་དང་། སངས་རྒྱས་དཀོན་མཆོག་དོན་མི་གཅིག་སྟེ། སངས་རྒྱས་ལ་གཟུགས་སྐུ་དང་ཆོས་སྐུ་གཉིས་ཡོད་པའི་ཕྱིར་ཏེ། མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། སྐུ་གསུམ། མྱང་འདས་རྒྱུ་འབྲས། སྐྱེས་བུ་ཟུང་བཞི། གང་ཟག་ཡ་བརྒྱད། སྐྱབས་ཡུལ་དཀོན་མཆོག་གསུམ་དུ་བཞེད་དེ། སྐྱབས་གསུམ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་དང་། ཐུབ་དབང་གི་ནི་སྐུ་གསུམ་དང་། །མྱ་ངན་འདས་དང་གང་ཟག་བརྒྱད། །ཅེས་སོ། །བྱང་སེམས་འཕགས་པ་ནི། སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པར་བཞེད་དེ། ཤར་རིའི་སྡེ་པའི་ལུང་ལས། ཐེག་དམན་དགྲ་བཅོམ་པས་དེ་ལ་ཕྱག་བྱས་པར་བཤད་པའི་ཕྱིར། ཞེས་བཞེད་དེ། དེ་ཉིད་ལས། ཤར་རིའི་ལུང་ལས་དགྲ་བཅོམ་པས། །བྱང་ཆུབ་སེམས་དཔར་ཕྱག་བྱས་ཉིད། །འདི་དག་དཀོན་མཆོག་གསུམ་གཞན་མིན། །སངས་རྒྱས་ཁོངས་སུ་གཏོགས་པར་འདོད། །ཅེས་སོ། །གསུམ་པ་ལ། སོ་སོའི་རང་བཞིན། གནས་སྐབས་སྐྱབས་གསུམ་དུ་བཞག་ཚུལ། མཐར་ཐུག་སྐྱབས་གཅིག་ཏུ་སྒྲུབ་པ། དཀོན་མཆོག་གི་སྒྲ་དོན་དང་བཞི། དང་པོ་ལ་གསུམ་ལས། དང་པོ་སངས་རྒྱས་དཀོན་མཆོག་ལ། མཚན་ཉིད་ནི། ཡོན་ཏན་དྲུག་དང་ལྡན་པའི་མཐར་ཐུག་གི་སྐྱབས་གནས། མཚན་གཞི། རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་ལྟ་བུའོ། །ཡོན་ཏན་དྲུག་ནི། རང་དོན་ཆོས་སྐུ་ལ་གཙོ་བོར་ལྡན་པའི་ཡོན་ཏན་གསུམ་དང་། གཞན་དོན་གཟུགས་སྐུ་ལ་གཙོ་བོར་ལྡན་པའི་ཡོན་ཏན་གསུམ་སྟེ། རྒྱུད་བླར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །གཉིས་པ་ཆོས་དཀོན་མཆོག་ལ། མཚན་ཉིད་ནི། འགོག་བདེན་དང་ལམ་བདེན་གང་རུང་དུ་གྱུར་པའི་ཟག་མེད་རྣམ་བྱང་གི་བདེན་པ། དབྱེ་ན། ཐེག་དམན་དང་། ཐེག་ཆེན་གྱི་ཆོས་དཀོན་མཆོག་གཉིས། དང་པོའི་མཚན་ཉིད། ཐེག་དམན་གྱི་རྒྱུད་ཀྱི་འགོག་བདེན་དང་ལམ་བདེན་གང་རུང་དུ་གྱུར་པའི་ཟག་མེད་རྣམ་བྱང་གི་བདེན་པ། གཉིས་པའི་མཚན་ཉིད། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་ཡོན་ཏན་དྲུག་དང་ལྡན་པའི་ཟག་མེད་རྣམ་བྱང་གི་བདེན་པ། ཡོན་ཏན་དྲུག་ནི། འགོག་བདེན་ལ་གཙོ་བོར་ལྡན་པའི་ཡོན་ཏན་གསུམ་དང་། ལམ་བདེན་ལ་གཙོ་བོར་ལྡན་པའི་ཡོན་ཏན་གསུམ་སྟེ། རྒྱུད་བླར། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམ་ཇི་བཞིན་དེ་དག་ཀྱང་། །ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །ཞེས་སོ། །གསུམ་པ་དགེ་འདུན་དཀོན་མཆོག་ལ། མཚན་ཉིད་ནི། ཆོས་དཀོན་མཆོག་རྒྱུད་ལ་ལྡན་པའི་སྐྱེས་བུ། དབྱེ་ན། ཐེག་དམན་དང་། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་གཉིས། དང་པོའི་མཚན་ཉིད། ཆོས་དཀོན་མཆོག་རྒྱུད་ལ་ལྡན་པའི་ཐེག་དམན་གྱི་སྐྱེས་བུ། མཚན་གཞི། ཐེག་དམན་གྱི་མཐོང་སྒོམ་དགྲ་བཅོམ་པ་གསུམ། དབྱེ་ན། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་རྣམས་ལ་ཞུགས་གནས་གཉིས་གཉིས་ཏེ་བརྒྱད་དོ། །གཉིས་པའི་མཚན་ཉིད། ཆོས་དཀོན་མཆོག་རྒྱུད་ལ་ལྡན་པའི་ཐེག་ཆེན་གྱི་སྐྱེས་བུ། མཚན་གཞི། ཐེག་ཆེན་འཕགས་པ་མཐའ་དག་གོ །རིག་གྲོལ་ཡོན་ཏན་དྲུག་དང་ལྡན་པའི་རྒྱལ་སྲས་འཕགས་པ་སྐབས་འདིར་དངོས་བསྟན་གྱི་དགེ་འདུན་དཀོན་མཆོག་གི་མཚན་ཉིད། ཡོན་ཏན་དྲུག་ནི། རིག་པའི་ཡོན་ཏན་གསུམ་དང་། གྲོལ་བའི་ཡོན་ཏན་གསུམ་སྟེ། རྒྱུད་བླར། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །ཞེས་སོ། །གཉིས་པ་ནི། རྒྱུད་བླར། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། ལུང་གི་ཆོས་རྣམས་ནི་མཐར་ཐུག་གི་སྐྱབས་མ་ཡིན་ཏེ། དེ་ཐོབ་པ་ན་གཟིངས་ལྟར་དུ་དོར་བྱ་ཡིན་པའི་ཕྱིར། ཐེག་དམན་གྱི་སློབ་མི་སློབ་གཉིས་ཀ་དང་། ཐེག་ཆེན་སློབ་པའི་ལམ་བདེན་རྣམས་ཀྱང་མཐར་ཐུག་གི་སྐྱབས་མ་ཡིན་ཏེ། སྤངས་རྟོགས་གོང་ནས་གོང་དུ་འཕེལ་དགོས་པས་བསླུ་བའི་ཆོས་ཅན་ལྟ་བུར་སྣང་བའི་ཕྱིར། དེ་དག་གི་འགོག་བདེན་ཡང་མཐར་ཐུག་གི་སྐྱབས་མ་ཡིན་ཏེ། རང་གི་ངོ་སྐལ་གྱི་སྤང་བྱ་ཅུང་ཟད་མེད་པས་རབ་ཏུ་ཕྱེ་བ་ཙམ་ཡིན་པའི་ཕྱིར། དེ་དག་རྒྱུད་ལྡན་གྱི་དགེ་འདུན་རྣམས་ཀྱང་དེ་མ་ཡིན་ཏེ། སྒྲིབ་གཉིས་ཅི་རིགས་པའི་འཇིགས་པ་དང་བཅས་པའི་ཕྱིར། རྒྱུད་བླར། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་སོ། །དེས་ན་མཐར་ཐུག་གི་སྐྱབས་གནས་ནི་སངས་རྒྱས་དཀོན་མཆོག་ཏུ་ངེས་ཏེ། རྒྱུད་བླར། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོ། །བཞི་པ་ནི། རྒྱུད་བླར། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་ཅོག་ཉིད། །ཅེས་པ་ལྟར་རོ། །

གཉིས་པ་ལ། ངོ་བོ། དབྱེ་བ། ཁྱད་ཆོས་དང་གསུམ། དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་ལྟར་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ངག་གི་རིག་བྱེད་ཀུན་སློང་དང་བཅས་པ་ལ་འདོད། ཐེག་ཆེན་གྱི་ལུགས་ལ། དཀོན་མཆོག་གསུམ་ལ་དམིགས་ཏེ་ཡིད་ཆེས་ཀྱི་དད་པ་དང་ལྡན་པའི་སྒོ་ནས་འཇིགས་པ་ལས་སྒྲོལ་བའི་སྐྱབས་གནས་སུ་ཁས་ལེན་པའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ལ། འབྲས་བུ་དང་། དམིགས་ཡུལ་གྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། མངོན་མཐོ་དང་། ངེས་ལེགས་གཉིས་ཀྱི། དང་པོ་ནི། འཁོར་བའི་ཕུན་ཚོགས་ཙམ་སྒྲུབ་ཕྱིར་དུ། གཉིས་པ་ནི། འཁོར་བ་སྤངས་པའི་མྱང་འདས་ཐོབ་ཕྱིར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལྟ་བུའོ། །དེ་ལ་ཡང་ཐེག་དམན་དང་། ཐེག་ཆེན་གྱི་སྐྱབས་འགྲོ་གཉིས། དང་པོ་ནི། རང་དོན་དུ་འཁོར་བ་སྤངས་པའི་མྱང་འདས་ཐོབ་ཕྱིར་དུ། གཉིས་པ་ནི། སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་འདོད་ཀྱི་བསམ་པས་སྐྱབས་སུ་འགྲོ་བ་ལྟ་བུའོ། །གཉིས་པ་ལ། རྒྱུའི་དང་། འབྲས་བུའི་གཉིས། དང་པོ་ནི། གཞན་རྒྱུད་ལ་གྲུབ་ཟིན་པའི་དཀོན་མཆོག་གསུམ་ལ་དམིགས་ནས། གཉིས་པ་ནི། རང་རྒྱུད་ལ་འབྱུང་རུང་གི་དཀོན་མཆོག་གསུམ་ལ་དམིགས་ནས་སྐྱབས་སུ་འགྲོ་བ་ལྟ་བུའོ། །གསུམ་པ་ལ། ཡུལ། རྒྱུ། དུས། བསླབ་བྱའི་ཁྱད་པར་དང་བཞི། དང་པོ་ནི། རྣམ་གྲོལ་དོན་གཉེར་གྱི་གང་ཟག་རྣམས་ཀྱི་སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་ཡིན་ཏེ། དེས་གནས་སྐབས་འཁོར་བའི་འཇིགས་པ་ལས་སྐྱོབ་ནུས། མཐར་ཐུག་ངེས་ལེགས་ལ་འགོད་ནུས་པའི་ཕྱིར། གཉིས་པ་ནི། དཀོན་མཆོག་ལ་ཡིད་ཆེས་པའི་དད་པ་དང་། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ནི་སྤྱིར་སྐྱབས་སུ་འགྲོ་བའི་རྒྱུ་ཡིན་ལ། ཐེག་པ་ཆེན་པོ་པས་དེའི་སྟེང་དུ་གཞན་གྱི་སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ་ལ་བརྟེན་ནས་སྐྱབས་སུ་འགྲོ་སྟེ། རྒྱན་ལས། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་བརྩེ་ལས་རིག་བྱ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཐེག་དམན་ལྟར་ན་ཇི་སྲིད་འཚོའི་བར་དང་། ཐེག་ཆེན་ལྟར་ན་བྱང་ཆུབ་མ་ཐོབ་ཀྱི་བར་དུའོ། །བཞི་པ་ལ། ཐུན་མོང་གི་དང་། སོ་སོའི་བསླབ་བྱ་གཉིས། དང་པོ་ལ། སྐྱེས་བུ་དམ་པ་ལ་བརྟེན་པ། དམ་པའི་ཆོས་ཉན་པ། ཚུལ་བཞིན་ཡིད་ལ་བྱེད་པ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །གཉིས་པ་ལ། དགག་པ་དང་། སྒྲུབ་པའི་བསླབ་བྱ་གཉིས། དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་ཕྱི་རོལ་བའི་ལྷ་ལ་གཏན་གྱི་སྐྱབས་མི་འཆོལ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང་། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་མི་བསྟེན་པ་ལ་བསླབ་སྟེ། མྱང་འདས་ཆེན་པོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་ནས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལའང་སྐྱབས་སོང་ནས། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་སོ། །གཉིས་པ་ནི། སཱཙྪའི་ཆག་དུམ་ཙམ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད། ཡི་གེ་འབྲུ་གཅིག་ཡན་ཆད་ལ་དམ་པའི་ཆོས་དངོས་ཀྱི་འདུ་ཤེས་བསྐྱེད། རབ་བྱུང་གི་རྟགས་ཙམ་འཛིན་པ་ལ་ཡང་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བསྐྱེད་ནས་གུས་པར་བྱའོ། །གསུམ་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ནི་ཕན་ཡོན་ཆེན་པོ་དང་ལྡན་ཏེ། གནས་སྐབས་ཀྱི་ཉེར་འཚེ་མཐའ་དག་ལས་སྐྱབས་ནུས་པ་དང་། མཐར་ཐུག་གི་ཕུན་སུམ་ཚོགས་པ་ཐམས་ཅད་སྒྲུབ་ནུས་པའི་ཕྱིར་ཏེ། རྒྱན་ལས། འཇིག་རྟེན་ཇི་སྲིད་སེམས་ཅན་གྱི། །གནོད་དང་ཕུན་སུམ་ཚོགས་པ་ཀུན། །བཟློག་ཅིང་འབྱོར་བར་བྱ་བའི་ཕྱིར། །སངས་རྒྱས་སྐྱབས་ཆེན་ཉིད་དུ་འདོད། །ཅེས་གསུངས་པའི་ཕྱིར། ངག་དོན་ནི། དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། དོན་དམ་པར་དཀོན་མཆོག་གསུམ་སྐྱབས་གནས་ཡིན་ནམ་སྙམ་པའི་ལོག་རྟོག་བཀག་ནས་ཀུན་རྫོབ་ཏུ་སྐྱབས་གནས་སུ་ཤེས་པའི་ཆེད་ཡོད་པའི་ཕྱིར།

བཞི་པ་ནི། ཤའི་དང་རྣམ་པར་སྨིན་པ་ཞེས་སོགས་ཀྱི་སྐབས་སུ་གཉིས་ཀྱི། དང་པོ་སྤྱན་ལྔ་ལ། རྒྱུ། ངོ་བོ། འབྲས་བུ་དང་གསུམ། དང་པོ་ལ། ཐུན་མོང་གི་དང་། སོ་སོའི་རྒྱུ་གཉིས། དང་པོ་ལ། སྤྱིར་སྤྱན་ཙམ་གྱི་དང་། ཐེག་ཆེན་གྱི་དེའི་རྒྱུ་གཉིས། དང་པོ་ནི། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་པར་བཤད་ཅིང་། མངོན་ཤེས་ཐོབ་པའི་གང་ཟག་གིས་སྤྱན་ལྔ་སྒྲུབ་དགོས་པའི་ཕྱིར། གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནོ། །མདོ་ལས། མིག་ལྔ་ཐོབ་པར་འདོད་པ་དང་སྦྱང་བར་འདོད་པས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །ཞེས་སོ། །གཉིས་པ་ནི། སྤྱན་ལྔའི་རྒྱུ་གོ་རིམ་བཞིན་བསམ་གཏན་གྱིས་སྦྱངས་པའི་དབང་པོ་གཟུགས་ཅན་པ་སྐྱེ་བ་སྔ་མར་མར་མེ་སོགས་ཕུལ་བའི་དགེ་བའི་ལས་ཀྱི་རྣམ་སྨིན་དང་། བསམ་གཏན་གཉིས་ཀའི་སྟོབས་ལས་བྱུང་བའི་དབང་པོ་གཟུགས་ཅན་ལ་ལམ་ཞུགས་སོ་སྐྱེས་མཉམ་བཞག་ཏུ་ཇི་ལྟ་བ་རྩེ་གཅིག་ཏུ་བསྒོམ་པ་དང་། དེས་རྗེས་ཐོབ་ཏུ་ཇི་སྙེད་པ་ཐོས་བསམ་གྱིས་གཏན་ལ་འབེབས་པ་དང་། སློབ་ལམ་དུ་ཚོགས་གཉིས་རྒྱ་ཆེན་པོ་གསོག་པའོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། གྲངས་ངེས། ས་མཚམས་དང་ལྔ། དང་པོ་ནི། རང་ཉིད་སྤྱན་དུ་འགྲུབ་བྱེད་ཀྱི་རྒྱུ་ཕུན་ཚོགས་ལ་བརྟེན་ནས་རང་ཡུལ་གྱི་གཙོ་བོ་མངོན་སུམ་དུ་རིག་པའི་ཡུལ་ཅན། དབྱེ་ན། ཤའི། ལྷའི། ཤེས་རབ་ཀྱི། ཆོས་ཀྱི། སངས་རྒྱས་ཀྱི་སྤྱན་ནོ། །གསུམ་པ་ནི། མཚན་ཉིད་རིམ་བཞིན། སྤྱན་ལྔའི་ནང་ཚན་གང་ཞིག །རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བསམ་གཏན་གྱིས་སྦྱངས་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་དཔག་ཚད་བརྒྱ་ལ་སོགས་པའི་དངོས་པོ་སོ་སོར་རིག་པའི་ཡུལ་ཅན། དབྱེ་ན། ཐེག་དམན་དང་། ཐེག་ཆེན་གྱི་ཤའི་སྤྱན་གཉིས། སྤྱན་ལྔའི་ནང་ཚན་གང་ཞིག །རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་སྔོན་གྱི་དགེ་བའི་ལས་ཀྱི་རྣམ་སྨིན་ལས་བྱུང་བའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས། སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་མངོན་སུམ་དུ་རིག་པའི་ཡུལ་ཅན། དབྱེ་ན། ཐེག་དམན་དང་། ཐེག་ཆེན་གྱི་ལྷའི་སྤྱན་གཉིས། དེ་གང་ཞིག །བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས། དབྱེ་ན། བསམ་གཏན་གྱི་དངོས་ཞི་ཐོབ་པའི་ཐེག་དམན་འཕགས་པའི་མཁྱེན་པ་ལྟ་བུ་གང་ཟག་གི་བདག་མེད་ཙམ་དང་། ཐེག་ཆེན་འཕགས་པའི་མཁྱེན་པ་མཐའ་དག་སྟེ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱི་སྤྱན་གཉིས། དེ་གང་ཞིག །བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་དང་རྒྱུད་ཚོད་མཉམ་པ་མན་ཆད་ཀྱི་དབང་པོའི་དབྱེ་བ་མངོན་སུམ་དུ་རིག་པའི་ཡུལ་ཅན། དབྱེ་ན། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཐེག་དམན་འཕགས་པའི་རྗེས་ཐོབ་ཡེ་ཤེས་ལྟ་བུ་ཐེག་དམན་དང་། ཐེག་ཆེན་འཕགས་པའི་དེ་ལྟ་བུ་ཐེག་ཆེན་གྱི་ཆོས་ཀྱི་སྤྱན་གཉིས། མིང་ཙམ་མཐུན་པའི་སྒོ་ནས་དབྱེ་ན། གསུང་རབ་དཔག་མེད་ཀྱི་ཚིག་དོན་འཛིན་པར་ནུས་པའི་ཚིག་གཟུངས་དང་དོན་གཟུངས་ལྟ་བུ་ལུང་གི་དང་། འཕགས་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ལྟ་བུ་རྟོགས་པའི་ཆོས་ཀྱི་སྤྱན་གཉིས། ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས། དབྱེ་ན། སངས་རྒྱས་ཀྱི་སྤྱན་རྗེས་མཐུན་པ་དང་། མཚན་ཉིད་པ་གཉིས་སོ། །བཞི་པ་ནི། ཡུལ་རྟོགས་ཚུལ་གྱི་སྒོ་ནས་སྤྱན་ལ་ལྔར་བཞག་པ་ཡིན་ཏེ། དེ་ལ་ཆོས་ཐམས་ཅད་ཀྱི་ཡུལ་ཅན་དང་། དེ་ལས་གཞན་པ་གཉིས་སུ་ངེས་ལ། དང་པོའི་དབང་དུ་བྱས་ནས་སངས་རྒྱས་ཀྱི་སྤྱན། གཉིས་པ་ལ། ཇི་ལྟ་བ་དང་། ཇི་སྙེད་པའི་ཡུལ་ཅན་གཉིས་སུ་ངེས། དང་པོའི་དབང་དུ་བྱས་ན་ཤེས་རབ་ཀྱི་སྤྱན། གཉིས་པ་ལ། རྟེན་སྣོད་ཀྱི་འཇིག་རྟེན་འཇལ་བའི་དབང་དུ་བྱས་ནས་ཤའི་སྤྱན། བརྟེན་པ་སེམས་ཅན་གྱི་ཁྱད་ཆོས་འཇལ་བའི་དབང་དུ་བྱས་ནས་ལྷའི་སྤྱན། གཞན་རྒྱུད་ཀྱི་དབང་པོའི་རབ་དབྱེ་འཇལ་བའི་དབང་དུ་བྱས་ནས་ཆོས་ཀྱི་སྤྱན་བཞག་པའི་ཕྱིར། ངོ་བོའི་སྒོ་ནས་བསྡུ་ན། དབང་ཤེས་ཀྱི་ངོ་བོ་གྱུར་པའི་སྤྱན་དང་། ཡིད་ཤེས་ཀྱི་ངོ་བོར་གྱུར་པའི་སྤྱན་གཉིས་སུ་འདུས། དེ་ཡང་སྤྱན་དང་པོ་གཉིས་མཐའ་གཅིག་ཏུ་དབང་ཤེས། སློབ་པའི་རྒྱུད་ཀྱི་བར་པ་གཉིས་ཡིད་ཤེས། སངས་རྒྱས་ཀྱི་སྤྱན་ལ་གཉིས་ཀ་ཡོད། དེས་ན་སྤྱན་དང་པོ་གཉིས་མི་འགལ་ཏེ། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་པའི་བྱང་སེམས་སྦྱོར་ལམ་པའི་མིག་གི་རྣམ་པར་ཤེས་པ་གཅིག་ཉིད་དཔག་ཚད་བརྒྱ་ལ་སོགས་པའི་སྣོད་ཀྱི་འཇིག་རྟེན་རིག་པའི་ཆ་ནས་སྤྱན་དང་པོ་དང་། དེར་གནས་པའི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་མངོན་སུམ་དུ་རིག་པའི་ཆ་ནས་གཉིས་པར་བཞག་པའི་ཕྱིར། བར་པ་གཉིས་མི་འགལ་ཏེ། བྱང་འཕགས་ཀྱི་མཁྱེན་པ་འདི་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཆ་ནས་ཤེས་རབ་ཀྱི་སྤྱན་དང་། གཞན་རྒྱུད་ཀྱི་དབང་པོའི་དབྱེ་བ་མངོན་སུམ་དུ་རིག་པའི་ཆ་ནས་ཆོས་ཀྱི་སྤྱན་དུ་བཞག་པའི་ཕྱིར། སློབ་ལམ་དུ་དང་པོ་གཉིས་དང་བར་པ་གཉིས་འགལ་ཏེ། དང་པོ་གཉིས་དབང་ཤེས་དང་། ཕྱི་མ་གཉིས་ཡིད་ཤེས་སུ་བཞག་པའི་ཕྱིར། སངས་རྒྱས་ཀྱི་སར་ལྔ་ཀ་མི་འགལ་ཏེ། སངས་རྒྱས་འཕགས་པའི་མིག་གི་རྣམ་པར་ཤེས་པ་ལ་སྤྱན་ལྔ་ཀའི་མཚན་ཉིད་ཚང་བའི་ཕྱིར། ལྔ་པ་ལ། གཙོ་ཆེ་བའི་ས་མཚམས་དང་། ཐོབ་པའི་ས་མཚམས་གཉིས། དང་པོ་རིམ་བཞིན། ཚོགས་ལམ། སྦྱོར་ལམ། འཕགས་རྒྱུད་ཀྱི་མཉམ་བཞག །དེའི་རྗེས་ཐོབ། སངས་རྒྱས་ཀྱི་ས་ནའོ། །གཉིས་པ་ནི། དང་པོ་གཉིས་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཚོགས་ལམ་ནས་ཡོད། བར་པ་གཉིས་དེ་ཐོབ་པའི་འཕགས་པ་མཐའ་དག་གི་རྒྱུད་ལ་ཡོད། སངས་རྒྱས་ཀྱི་སྤྱན་རྗེས་མཐུན་པ་ས་བདུན་པ་ནས་ཡོད་དེ། ས་བདུན་པའི་ཡོངས་སྦྱོང་གི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོགས་པ་མེད་པའི་ཡེ་ཤེས་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་ནོ། །ཞེས་གསུངས་པའི་ཕྱིར། མཚན་ཉིད་པ་ནི་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །གསུམ་པ་ལ། གནས་སྐབས་དང་། མཐར་ཐུག་གི་འབྲས་བུ་གཉིས། དང་པོ་ནི། སྤྱན་ལྔའི་སྒོ་ནས་གཞན་དོན་བྱེད་ཚུལ་ཕྱིན་ཅི་མ་ལོག་པར་ཤེས་ཏེ་གདམས་ངག་སྟོན་པ་ལ་གཞན་གྱི་དྲིང་མི་འཇོག་པའོ། །གཉིས་པ་ནི། བླ་ན་མེད་པའི་འབྲས་བུ་འགྲུབ་པར་བྱེད་དེ། མདོ་ལས། མིག་ལྔ་པོ་འདི་དག་ལ་བསླབ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོ། །ངག་དོན་ནི། སྤྱན་ལྔ་ལ་འདོམས་པའི་གདམས་ངག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སྤྱན་ལྔ་ཡུལ་དང་བཅས་པ་བདེན་སྟོང་དུ་ཉམས་སུ་ལེན་པར་ཤེས་པའི་ཆེད་ཡོད་པའི་ཕྱིར།

རྫུ་འཕྲུལ་དང་། ཞེས་སོགས་ཀྱི་སྐབས་སུ་གཉིས་ཀྱི། དང་པོ་མངོན་ཤེས་དྲུག་ལ། རྒྱུ། ངོ་བོ། འབྲས་བུ་དང་གསུམ། དང་པོ་ལ། ལུས་ཀྱི་རྟེན། སེམས་ཀྱི་རྟེན། རྣམ་སྨིན་གྱི་རྒྱུ་དང་གསུམ། དང་པོ་ལ། ཁམས་གང་དུ་ཐོབ་པ་དང་། གང་ཟག་གང་གིས་ཐོབ་པ་གཉིས། དང་པོ་ལ། སྔར་མེད་གསར་དུ་སྒྲུབ་པ་དང་། ཐོབ་ཟིན་གནས་པའི་དབང་དུ་བྱས་པ་གཉིས། དང་པོ་ནི། འདོད་པའི་རྟེན་ལ་བསྒྲུབ་དགོས་ཏེ། གཙོ་བོར་ལུང་གི་མཐུ་ལ་བརྟེན་ནས་སྐྱེ་དགོས་པའི་ཕྱིར། ཟག་ཟད་ཀྱི་མངོན་ཤེས་ནི། གཟུགས་ཀྱི་རྟེན་ལ་ཡང་དངོས་སུ་སྐྱེ་བ་ཡོད། གཉིས་པ་ནི། དང་པོ་ལྔ་འདོད་གཟུགས་གཉིས་ཀའི་རྟེན་ལ་སྐྱེ་བ་ཡོད་ལ། དྲུག་པ་གཟུགས་མེད་ཁམས་ན་ཡང་ཡོད། ཞིབ་ཏུ་ཕྱེ་ན། གཞན་སེམས་ཤེས་པའི་མངོན་ཤེས་དང་། སྔོན་གནས་རྗེས་སུ་དྲན་པའི་མངོན་ཤེས་གཟུགས་མེད་ཀྱི་རྟེན་ལ་ཡང་ཡོད་སྲིད་དེ། གཟུགས་མེད་ཀྱི་རྟེན་ཅན་གྱི་ཉན་ཐོས་འཕགས་པའི་མཁྱེན་པས་གང་ཟག་གཞན་རྒྱུད་ཀྱི་དབང་པོའི་དབྱེ་བ་དང་། རང་གཞན་གྱི་ཚེ་རབས་སྔ་ཕྱི་མངོན་སུམ་དུ་ཤེས་པ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱི་རོལ་པ་དང་། ལམ་མ་ཞུགས་མཐའ་དག་གི་རྒྱུད་ལ་དངོས་སུ་སྐྱེར་རུང་སྟེ། དེ་ལྟར་དུ་ཀུན་བཏུས་སུ་བཤད་པའི་ཕྱིར། གཉིས་པ་ལ། སྤྱིར་བསྟན་པ་དང་། ཐེག་ཆེན་གྱི་མངོན་པར་ཤེས་པའི་རྟེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། མངོན་ཤེས་དང་པོ་ལྔ་བསམ་གཏན་གྱི་དངོས་གཞི་ཙམ་དང་། དྲུག་པ་བསམ་གཏན་བཞི་པ་ལ་བརྟེན་པར་བཤད་དེ། ཀུན་བཏུས་སུ། ཡོན་ཏན་འདི་རྣམས་ཇི་ལྟར་མངོན་པར་སྒྲུབ་ཅེ་ན། ཕྱི་རོལ་པའམ། ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་ཡང་རུང་སྟེ། དག་པའི་བསམ་གཏན་བཞི་ལ་བརྟེན་ནས། ཚད་མེད་པ་རྣམས་མངོན་པར་བསྒྲུབས་སོ། །ཚད་མེད་པ་རྣམས་ཇི་ལྟ་བར་མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་ནོ། །ཡོན་ཏན་ལྷག་མ་རྣམས་ནི་ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ཡང་རུང་སྟེ། རབ་ཀྱིས་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་མངོན་པར་བསྒྲུབས་སོ། །ཞེས་སོ། །གཉིས་པ་ནི། བདག་རྐྱེན་བསམ་གཏན་བཞི་པ། གྲོགས་སྟོང་ཉིད་རྟོགས་པའི་ཤེས་རབ། མངོན་ཤེས་ཀྱི་དམིགས་རྣམ་ཇི་ལྟར་གནས་པ་བཞིན་ཡིད་ལ་བྱེད་པའི་ཁྱད་པར་གསུམ་ལ་བརྟེན་པར་བཞེད་དེ། རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང་། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་སོ། །གསུམ་པ་ནི། ལྷམ་དང་བཞོན་པ་སོགས་གཞན་ལ་སྦྱིན་པ། ཡུལ་ཁྱད་པར་ཅན་ལ་རོལ་མོའི་བྱེ་བྲག་འབུལ་བ། གཞན་གྱི་སྐྱོན་མི་བརྗོད་པར་སེམས་བསྲུང་བ། ཆོས་ཀྱི་སྦྱིན་པ་སྟེར་བ། མར་མེའི་ཕྲེང་བ་སོགས་འབུལ་བ། བདག་མེད་ཐོས་བསམ་གྱིས་གཏན་ལ་འབེབས་པ་རྣམས་རིམ་བཞིན་མངོན་ཤེས་དྲུག་གི་རྒྱུ་ཡིན་ནོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། ཁྱད་ཆོས་དང་བཞི། དང་པོ་ནི། རང་ཉིད་མངོན་ཤེས་སུ་འགྲུབ་པར་བྱེད་པའི་རྒྱུ་ཕུན་ཚོགས་ལ་བརྟེན་ནས་རང་ཡུལ་གྱི་གཙོ་བོ་མངོན་སུམ་དུ་རིག་པའི་ཡུལ་ཅན། དབྱེ་ན། རྫུ་འཕྲུལ། ལྷའི་རྣ་བ། གཞན་སེམས་ཤེས་པ། སྔོན་གནས་དྲན་པ། ལྷའི་མིག །ཟག་ཟད་ཀྱི་མངོན་ཤེས་སོ། །གསུམ་པ་ལ་དྲུག་ལས། དང་པོའི་མཚན་ཉིད། མངོན་ཤེས་དྲུག་གི་ནང་ཚན་གང་ཞིག །རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས། ས་གཡོ་བ་ལ་སོགས་པ་རྫུ་འཕྲུལ་སྣ་ཚོགས་དངོས་སུ་སྟོན་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན། རྫུ་འཕྲུལ་ཙམ་གྱི་དབྱེ་བ་དང་། མངོན་ཤེས་ཀྱི་དབྱེ་བ་གཉིས། དང་པོ་ནི། འདོད་གཟུགས་ཀྱི་ལྷའི་རྫུ་འཕྲུལ་ལྟ་བུ་སྐྱེས་ཐོབ་ཀྱི། བར་སྲིད་ཀྱི་ལྟ་བུ་ལས་ལས་སྐྱེས་པའི། རིག་སྔགས་ཀྱི་འཕྲུལ་གྱིས་བསྒྲུབས་པ་སྔགས་ལ་བརྟེན་པའི། སྨན་སྦྱོར་གྱིས་བསྒྲུབས་པ་སྨན་ལ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་ཏིང་ངེ་འཛིན་ལ་བརྟེན་པའི་རྫུ་འཕྲུལ་དང་ལྔ། དེ་ཡང་དང་པོ་བཞི་རྫུ་འཕྲུལ་ཙམ་དང་། ཕྱི་མ་མངོན་ཤེས་ཀྱང་ཡིན་ནོ། །གཉིས་པ་ནི། ཕྱི་རོལ་པའི་མངོན་ཤེས་ལྟ་བུ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པ་དང་། ལམ་ཞུགས་སྐྱེས་བུའི་མངོན་ཤེས་ལྟ་བུ་དེས་ཟིན་པའི་མངོན་ཤེས་གཉིས། དབྱེ་བ་འདི་བར་པ་བཞི་ལའང་རིགས་འགྲེ། གཉིས་པའི་མཚན་ཉིད། དེ་གང་ཞིག །རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བསམ་གཏན་གྱིས་སྦྱངས་པའི་རྣ་དབང་གཟུགས་ཅན་པ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་ཀྱི་སྒྲ་ཕྲ་རགས་ཐོས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན། ལྷའི་རྣ་བའི་དང་། མངོན་ཤེས་ཀྱི་དབྱེ་བ་གཉིས། དང་པོ་ནི། འདོད་གཟུགས་ཀྱི་ལྷའི་རྣ་དབང་ལྟ་བུ་སྐྱེས་ཐོབ་ཀྱི། འཁོར་ལོས་སྒྱུར་རྒྱལ་གྱི་རྣ་དབང་ལྟ་བུ་ལས་ལ་སྐྱེས་པའི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་རྣ་དབང་ལྟ་བུ་ཏིང་ངེ་འཛིན་ལ་བརྟེན་པའི་འོ། །གསུམ་པའི་མཚན་ཉིད། དེ་གང་ཞིག །རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གཞན་རྒྱུད་ཀྱི་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་མངོན་སུམ་དུ་རིག་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དབྱེ་ན། གཞན་སེམས་ཤེས་པ་ཙམ་དང་། མངོན་ཤེས་ཀྱི་དབྱེ་བ་གཉིས། དང་པོ་ནི། ལྷ་ཀླུས་གཞན་རྒྱུད་ཤེས་པ་ལྟ་བུ་སྐྱེས་ཐོབ་ཀྱི། ལུས་ངག་གི་རིག་བྱེད་ལས་ཤེས་པ་ལྟ་བུ་རྟོག་གེའི། སྔགས་བཟླས་པ་ལས་ཤེས་པ་སྔགས་ལ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་ཏིང་ངེ་འཛིན་ལ་བརྟེན་པའོ། །ཕྱི་མ་ནི། མངོན་ཤེས་མཚན་ཉིད་པ་ཡང་ཡིན་ནོ། །བཞི་པའི་མཚན་ཉིད། དེ་གང་ཞིག །རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་གཞན་གྱི་ཚེ་རབས་སྔ་མ་དུ་མ་མངོན་སུམ་དུ་དྲན་པར་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན། འདོད་གཟུགས་ཀྱི་ལྷའི་ལྟ་བུ་སྐྱེས་ཐོབ་ཀྱི། ད་ལྟར་གྱི་མི་འགས་རང་གི་སྐྱེ་བ་སྔ་མ་དྲན་པ་ལྟ་བུ་ལས་ལ་སྐྱེས་པའི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་ཏིང་ངེ་འཛིན་ལ་བརྟེན་པའི་འོ། །ལྔ་པའི་མཚན་ཉིད། དེ་གང་ཞིག །རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བསམ་གཏན་གྱིས་སྦྱངས་པའི་མིག་དབང་གཟུགས་ཅན་པ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་ཕྲ་རགས་མངོན་སུམ་དུ་མཐོང་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན། ལྷའི་རྣ་བའི་སྐབས་སུ་བཤད་པ་ལྟར་རོ། །དེ་ཡང་ལྷའི་རྣ་བ་དང་མིག་དབང་གི་མངོན་ཤེས་འདི་དག་ལ་ཁྱད་ཆོས་བཞི་དང་ལྡན་ཏེ། མཛོད་ལས། ལྷ་ཡི་མིག་དང་རྣ་བ་ཡིས། །བསམ་གཏན་ས་པའི་གཟུགས་དྭངས་བ། །རྟག་ཏུ་རྟེན་བཅས་མ་ཚང་མེད། །ཐག་རིང་ཕྲ་སོགས་སྤྱོད་ཡུལ་ཅན། །ཞེས་སོ། །དྲུག་པའི་མཚན་ཉིད། དེ་གང་ཞིག །བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་ཟག་པ་ཟད་པ་དང་། ཟག་པ་ཟད་པའི་ཐབས་གང་རུང་མངོན་སུམ་དུ་ཤེས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན་ཟག་ཟད་རང་གི་ངོ་བོ་ཤེས་པའི་དང་། དེའི་ཐབས་ཤེས་པའི་མངོན་ཤེས་གཉིས། དང་པོ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཉན་ཐོས་དགྲ་བཅོམ་པའི་མཁྱེན་པ་ལྟ་བུ་ཉོན་སྒྲིབ་ཀྱི་དང་། རྣམ་མཁྱེན་ལྟ་བུ་ཤེས་སྒྲིབ་ཀྱིའོ། །གཉིས་པ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཉན་ཐོས་སློབ་པ་འཕགས་པའི་མཁྱེན་པ་ལྟ་བུ་ཉོན་སྒྲིབ་ཀྱི་དང་། ཐེག་ཆེན་སློབ་པ་འཕགས་པའི་མཁྱེན་པ་ལྟ་བུ་ཤེས་སྒྲིབ་ཀྱིའོ། །བཞི་པ་ལ། བསྡུ་བ། གྲངས་ངེས། ས་མཚམས་དང་གསུམ། དང་པོ་ལ། འཇིག་རྟེན་ལས་འདས་པའི་མངོན་ཤེས་དང་། འཇིག་རྟེན་པའི་དེ་གཉིས། དང་པོའི་དབང་དུ་བྱས་ནས་དྲུག་པ་བཞག །གཉིས་པ་ལ། དབང་ཤེས་ཀྱི་ངོ་བོར་གྱུར་པའི་དབང་དུ་ལྷའི་མིག་དང་རྣ་བའི་མངོན་ཤེས་བཞག །ཡིད་ཤེས་ཀྱི་དབང་དུ་ལྷག་མ་གསུམ་བཞག །མཛོད་ལས། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ །ཞེས་སོ། །དེ་ཡང་དང་པོ་གཉིས་ལུང་མ་བསྟན་གཙོ་ཆེ་བ་ཡིན་གྱི་མཐའ་གཅིག་ཏུ་མ་ངེས། ཕྱི་མ་གསུམ་ཡིད་ཤེས་སུ་བཤད་པའང་གནས་སྐབས་ལ་དགོངས་སོ། །གཉིས་པ་ནི། གཞན་དོན་ཕུན་ཚོགས་གཙོ་བོར་སྒྲུབ་པའི་དབང་དུ་མངོན་ཤེས་ལ་དྲུག་ཏུ་བཞག་སྟེ། རྒྱན་ལས། གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །གསུམ་པ་ནི། དང་པོ་ལྔ་ལམ་མ་ཞུགས་ནའང་ཡོད་དེ། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱི་རོལ་པ་སོགས་ཀྱི་རྒྱུད་ལའང་ཡོད་པའི་ཕྱིར། དྲུག་པ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་འཕགས་པ་མཐའ་དག་གི་རྒྱུད་ལ་ཡོད་དོ། །གསུམ་པ་ནི། འཕགས་པའི་གནས་པ་རྣམ་ཐར་སྒོ་གསུམ། ལྷའི་གནས་པ་བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག །ཚངས་པའི་གནས་པ་ཚད་མེད་བཞི་མངོན་དུ་བྱས་ཏེ། གནས་སྐབས་སུ་སངས་རྒྱས་ཡོད་པའི་ཕྱོགས་སུ་སོང་ནས་དེ་ལ་མཆོད་པ་བྱེད། སེམས་ཅན་ཡོད་པའི་ཕྱོགས་སུ་སོང་ནས་དེའི་དོན་བྱས་ཏེ། མཐར་ཐུག་རྣམ་མཁྱེན་ཐོབ་པར་བྱེད་དོ། །ངག་དོན་ནི། མངོན་ཤེས་དྲུག་ལ་འདོམས་པའི་གདམས་ངག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མངོན་ཤེས་དྲུག་ཡུལ་དང་བཅས་པ་བདེན་སྟོང་དུ་ཉམས་སུ་ལེན་པར་ཤེས་པའི་ཆེད་ཡོད་པའི་ཕྱིར།

གཉིས་པ་ནི། དམིགས་པ་དང་ནི་རྣམ་པ་དང་། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་སྦྱོར་ལམ་ལ། ལུས་རྟེན། སེམས་རྟེན། བརྟེན་པ་སྦྱོར་ལམ་གྱི་རང་བཞིན་དང་གསུམ། དང་པོ་ནི། ཚོགས་ལམ་ཆེན་པོའི་རྟོགས་པ་ཐོབ་པ་ལ་མ་བཏང་བའི་འདོད་གཟུགས་ཀྱི་རྟེན་ལ་དངོས་སུ་སྐྱེ་བ་ཡོད་ཀྱི། གཟུགས་མེད་ཀྱི་རྟེན་ལ་དངོས་སུ་སྐྱེ་བ་མེད་དོ། །

གཉིས་པ་ལ། སྤྱིར་བསྟན་པ་དང་། ཐེག་ཆེན་གྱི་སྦྱོར་ལམ་གྱི་སེམས་རྟེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། བསམ་གཏན་ས་དྲུག་གང་རུང་ལ་བརྟེན་པར་བཤད་དེ། མཛོད་ལས། ངེས་འབྱེད་ཆ་མཐུན་རྣམ་པ་བཞི། །སྒོམ་བྱུང་མི་ལྕོགས་མེད་པ་དང་། །ཁྱད་པར་བསམ་གཏན་ས་པའོ། །ཞེས་དང་། བསྡུ་བ་ལས། ས་དྲུག་ལ་བརྟེན་པར་བཤད་པའི་ཕྱིར། གཟུགས་མེད་ལ་དངོས་སུ་མི་བརྟེན་ཏེ། དེ་ནི་ལྷག་མཐོང་ཤས་ཆུང་བ་ཞི་ལྷག་ཆ་མི་མཉམ་པའི་སྟོབས་ཀྱིས་ལམ་སྒྲུབ་དཀའ་བའི་ཕྱིར། གཉིས་པ་ཡན་ཆད་ཀྱི་ཉེར་བསྡོགས་ལ་མི་བརྟེན་ཏེ། དང་པོའི་དངོས་གཞི་མ་ཐོབ་པར་དེ་ཐོབ་མི་ནུས་ལ། ལམ་སྒྲུབ་སླ་བ་དངོས་གཞི་ལ་དབང་བཞིན་དུ། སྒྲུབ་དཀའ་བ་ཉེར་བསྡོགས་ལ་བརྟེན་པ་ལ་དགོས་པ་མེད་པའི་ཕྱིར། གཉིས་པ་ནི། བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་ཐེག་ཆེན་གྱི་སྦྱོར་ལམ་གྱི་རྟོགས་པ་དངོས་སུ་སྐྱེ་བ་གཙོ་ཆེ་སྟེ། དེར་བསམ་གཏན་བཞི་པའི་སེམས་ལ་བརྟེན་པར་ནུས་ཤིང་། དེ་ལ་བརྟེན་ནས་ལམ་སྒྲུབ་སླ་བའི་ཕྱིར།

གསུམ་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཐེག་པ་རང་ལུགས་ཀྱི་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་ཐེག་པ་རང་ལུགས་ཀྱི་མཐོང་ལམ་མ་སྐྱེས་གོང་གི་དོན་མངོན་རྟོགས། དེ་ཡང་སྦྱོར་ལམ། ངེས་འབྱེད་ཆ་མཐུན། ངེས་འབྱེད་ཡན་ལག །དོན་མངོན་རྟོགས་རྣམས་མིང་གི་རྣམ་གྲངས་སོ། །

གཉིས་པ་ལ། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་དང་གསུམ། དང་པོའི་མཚན་ཉིད། ཉན་ཐོས་ཀྱི་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་ཉན་ཐོས་ཀྱི་མཐོང་ལམ་མ་སྐྱེས་གོང་གི་ཉན་ཐོས་ཀྱི་ངེས་འབྱེད་ཡན་ལག །དབྱེ་ན། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་དང་བཞི། གཉིས་པ་ལ། དེས་རིགས་འགྲེ། གསུམ་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། གྲངས་ངེས། བློ་རིགས། ཁྱད་ཆོས་དང་དྲུག །དང་པོ་ནི། དམིགས་པ་དང་རྣམ་པ་ལ་སོགས་པ་ཁྱད་ཆོས་ལྔ་ལྡན་གྱི་ཐེག་ཆེན་གྱི་ངེས་འབྱེད་ཡན་ལག །དབྱེ་ན། དྲོད་སོགས་བཞི། གསུམ་པ་ལ། དྲོད་ཀྱི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ་མ་སྐྱེས་གོང་གི་ངེས་འབྱེད་ཆ་མཐུན་གང་ཞིག །ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པའི་དོན་ལ་གསལ་སྣང་གཙོ་བོར་ཐོབ་པ། དབྱེ་ན། ཆུང་འབྲིང་ཆེ་གསུམ། མཚན་གཞི་རིམ་བཞིན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ལ་དང་པོར། བར་དུ། ཐ་མར་སྐྱེས་པའི་དྲོད་དང་གསུམ། རྩེ་མོའི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་ལམ་དྲོད་རྫོགས་རྗེས་སུ་བྱུང་ཞིང་། བཟོད་པ་མ་སྐྱེས་གོང་གི་ངེས་འབྱེད་ཆ་མཐུན་གང་ཞིག །རྣམ་བྱང་གི་གཟུང་བ་རང་བཞིན་མེད་པའི་དོན་ལ་གསལ་སྣང་གཙོ་བོར་ཐོབ་པ། བཟོད་པའི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ་རྫོགས་རྗེས་སུ་བྱུང་ཞིང་། ཆོས་མཆོག་མ་སྐྱེས་གོང་གི་ངེས་འབྱེད་ཆ་མཐུན་གང་ཞིག །གང་ཟག་རྫས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པའི་དོན་ལ་གསལ་སྣང་གཙོ་བོར་ཐོབ་པ། ཆོས་མཆོག་གི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་རྫོགས་རྗེས་སུ་བྱུང་བའི་ངེས་འབྱེད་ཆ་མཐུན་གང་ཞིག །སྐྱེས་བུ་བཏགས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པའི་དོན་ལ་གསལ་སྣང་གཙོ་བོར་ཐོབ་པ། དེ་གསུམ་གྱི་དབྱེ་བ་གོང་བཞིན་ནོ། །བཞི་པ་ནི། སྤང་བྱ་རྟོགས་པའི་སྒོ་ནས་བཞིར་ངེས་ཏེ། དྲོད་ཀྱིས་ཀུན་ནས་ཉོན་མོངས་ཀྱི་གཟུང་རྟོག་གཙོ་བོར་འཇོམས་པ་ནས། ཆོས་མཆོག་གིས་བཏགས་འཛིན་རྟོག་པ་གཙོ་བོར་འཇོམས་པའི་ཕྱིར། ལྔ་པ་ནི། ཚོགས་སྦྱོར་མཐའ་དག་རྟོག་པ་ཡིན་ཏེ། ཆོས་ཀྱི་བདག་མེད་དོན་སྤྱིའི་ཚུལ་དུ་འཛིན་པའི་བློ་ཡིན་པའི་ཕྱིར། ཆོས་ཉིད་ཀྱི་དོན་སྤྱི་འཛིན་པ་དང་། མིང་དང་སྤྲོས་པའི་སྒོ་ནས་ཡུལ་འཛིན་པས་རྟོག་པ་སྟེ། ཀུན་ལས་བཏུས་རྩ་འགྲེལ་གཉིས་ཆར་ལས་མིང་དང་སྤྲོས་པའི་སྒོ་ནས་བདེན་བཞི་ལ་བཀྲ་བར་འཛིན་པའི་རྟོག་པར་བཤད་པའི་ཕྱིར། དེས་ན་ཚོགས་སྦྱོར་གྱི་གནས་སྐབས་སུ་གཞན་སེམས་མངོན་སུམ་དུ་ཤེས་པའི་མངོན་ཤེས་སོགས་ཡོན་ཏན་དུ་མ་ཡོད་ཀྱང་ལམ་གྱི་ངོ་བོར་སྐྱེ་བ་མ་ཡིན་ནོ། །དྲུག་པ་ལ། དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་ཆོས། སྤང་བྱ་རྟོག་པའི་ཁྱད་ཆོས། ཡོངས་འཛིན་གྱི་ཁྱད་ཆོས་དང་གསུམ། དང་པོ་ལ། དམིགས་རྣམ་དང་། རྒྱུ་བྱེད་ཚུལ་གྱི་ཁྱད་ཆོས་གཉིས། དང་པོ་ནི། ཐེག་དམན་གྱི་སྦྱོར་ལམ་ལས་དམིགས་པ་དམིགས་ཚུལ་དང་། རྣམ་པ་རྟོགས་ཚུལ་གྱི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་ལ་དམིགས་ནས་ཆོས་ཀྱི་བདག་མེད་རྟོགས་པའི་རྣམ་པ་ཅན་དུ་ཤེས་པའི་ཕྱིར། གཉིས་པ་ནི། ཐེག་དམན་གྱི་སྦྱོར་ལམ་ལས་རྒྱུ་བྱེད་ཚུལ་གྱི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། དེས་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བའི་ཐེག་ཆེན་མཐོང་ལམ་གྱི་རྒྱུ་ལམ་གཞན་གྱིས་བར་མ་ཆོད་པར་བྱེད་ནུས་པའི་ཕྱིར། གཉིས་པ་ནི། ཐེག་དམན་གྱི་སྦྱོར་ལམ་ལས་རྟོག་པ་སྤོང་ཚུལ་གྱི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། དེས་གཟུང་འཛིན་རང་བཞིན་མེད་པའི་དོན་ལ་གསལ་སྣང་གཙོ་བོར་ཐོབ་པའི་སྟོབས་ཀྱིས་འདིར་བསྟན་རྟོག་པ་མངོན་གྱུར་དངོས་སུ་སྤོང་ཞིང་། ས་བོན་འགོ་གནོན་པའི་ཕྱིར། གསུམ་པ་ལ། སློབ་དཔོན་ལྟར་ན། ཐེག་དམན་གྱི་སྦྱོར་ལམ་ལས་ཡོངས་སུ་འཛིན་ཚུལ་གྱི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། ཁྱད་ཆོས་གསུམ་ལྡན་གྱི་དགེ་བའི་བཤེས་གཉེན་གྱིས་ཐེག་དམན་དུ་མི་ལྟུང་བར་ཐེག་པ་ཆེན་པོར་དངོས་སུ་འཛིན་པའི་ཕྱིར། ཁྱད་ཆོས་གསུམ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི། གཞན་ལ་ཆོས་སྟོན་ནུས་པའི། སེར་སྣ་ལ་སོགས་པ་དང་བྲལ་བ་མི་མཐུན་ཕྱོགས་སྤངས་པའི་ཁྱད་པར་རོ། །དེ་ཡང་། སེམས་མི་འགོང་བ་ཉིད་ལ་སོགས། །ཞེས་པའི་ཚིག་རྐང་དང་པོ་གསུམ་གྱིས་ཁྱད་ཆོས་གསུམ་རིམ་བཞིན་བསྟན། ཚིག་རྐང་བཞི་པས་དེ་ལྡན་ཡོངས་འཛིན་གྱི་ངོ་བོ་བསྟན། འཕགས་གྲོལ་ལྟར་ན། སྦྱོར་ལམ་པ་རང་རྒྱུད་ཀྱི་ཐབས་ཤེས་ཁྱད་པར་ཅན་གཉིས་དང་ལྡན་ཞིང་མི་མཐུན་ཕྱོགས་སེར་སྣ་སོགས་དང་བྲལ་བའི་མཁྱེན་པ་ནི་ནང་གི་ཡོངས་འཛིན་དང་། ཆོས་སྟོན་ཞིང་མི་མཐུན་ཕྱོགས་དང་བྲལ་བའི་དགེ་བཤེས་ཕྱིའི་ཡོངས་འཛིན་དུ་བཞེད། དེ་ཡང་དང་པོ། སེམས་མི་འགོང་བ་ཉིད་ལ་སོགས། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པས་བསྟན། གཉིས་པ། ངོ་བོ་ཉིད་མེད་སོགས་སྟོན་བྱེད། །ཅེས་སོགས་དཀྱུས་ལྟར་གྱིས་བསྟན། ངག་དོན་ནི། ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ལས་དམིགས་པ་དམིགས་ཚུལ། རྣམ་པ་རྟོགས་ཚུལ། རྒྱུ་བྱེད་ཚུལ། ཡོངས་སུ་འཛིན་ཚུལ། སྤང་བྱ་སྤོང་ཚུལ་ཏེ་ཁྱད་ཆོས་ལྔའི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཕྱིར།

གསུམ་པ་ལ། སྒྲུབ་པའི་རྟེན་རིགས། སྒྲུབ་པའི་དམིགས་པ། སྒྲུབ་པའི་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་དང་བཞི། དང་པོ་ནི། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་སངས་རྒྱས་ཀྱི་རིགས་ལ། དངོས་སྨྲ་བའི་ལུགས་དང་། དབུ་མ་པའི་ལུགས་གཉིས། དང་པོ་ལ། བྱེ་བྲག་ཏུ་སྨྲ་བའི། མདོ་སྡེ་པའི། སེམས་ཙམ་པའི་ལུགས་དང་གསུམ། དང་པོ་ནི། སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པའི་སེམས་བྱུང་ཙམ་ལ་འདོད། དབྱེ་ན། ཆོས་གོས། བསོད་སྙོམས། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་འཕགས་པའི་རིགས། སྤོང་བ་དང་སྒོམ་པ་ལ་རབ་ཏུ་དགའ་བའི་འཕགས་པའི་རིགས་དང་བཞི་ཡོད་དེ། མཛོད་ལས། མ་ཆགས་འཕགས་རིགས་དེ་དག་ལས། །གསུམ་གྱིས་ཚུལ་བསྟན་ཐ་མས་ལས། ཞེས་སོ། །གཉིས་པ་ནི། ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་སེམས་རྒྱུད་ཀྱི་ནུས་པ་ལ་འདོད་དེ། རྒྱལ་པོའི་སྲས་ཀྱིས། མདོ་སྡེ་པ་དག་གི་རིགས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་ནུས་པ་ཡིན་ཏེ། སོ་སོའི་སྐྱེ་བོ་དང་སློབ་པའི་གནས་སྐབས་ན་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བྱའོ། །ཞེས་སོ། །གསུམ་པ་ལ། ཕྱོགས་གླང་དང་། ཐོགས་མེད་ཀྱི་བཞེད་ཚུལ་གཉིས། དང་པོ་ནི། རྒྱུ་དུས་ཀྱི་བརྩེ་བ་དང་། ཤེས་རབ་ཀྱིས་བསྡུས་པའི་དགེ་རྩ་ལ་རིགས་སུ་བཞེད་དེ། དོན་བསྡུས་ལས། འདི་ལྟར་རྣམ་ཤེས་རང་བཞིན་རིགས། །བརྩེ་དང་ཤེས་རབ་བདག་ཉིད་ཡིན། །ཞེས་སོ། །གཉིས་པ་ནི། ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ་བཞེད་དེ། མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་དེ་ནི་ཐོག་མ་མེད་པ་ནས་འོངས་པ་ཆོས་ཉིད་ཀྱིས་ཐོབ་པའི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། ཞེས་སོ། །རྣམ་གྲངས་ཀྱི་སྒོ་ནས། སྐྱེ་མཆེད་དྲུག་གི་ཁྱད་པར། ཟག་པ་མེད་པའི་ས་བོན། སྒྲིབ་པ་སྤོང་རུང་། ཐོས་པའི་བག་ཆགས་རྣམས་སུ་བཤད། དེ་ལའང་དབྱེ་ན། རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས་སུ་ཡོད།

གཉིས་པ་ལ། ངོ་བོ། དབྱེ་བ། ཁྱད་ཆོས་དང་གསུམ། དང་པོ་ལ། མཚན་གཞི། མཚན་ཉིད། སྒྲ་བཤད་དང་གསུམ། དང་པོ་ནི། སེམས་ཅན་གྱི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་གསལ་རིག །དེའི་ཆོས་ཉིད། བྱང་ཆུབ་དོན་གཉེར་གྱི་བསམ་པས་ཟིན་པའི་དགེ་རྩ་རྣམས་མཚན་གཞི་ཡིན་ནོ། །གཉིས་པ་ནི། སངས་རྒྱས་ཀྱི་རིགས་གང་ཞིག །དྲི་མེད་མངོན་དུ་གྱུར་པ་མཐར་ཐུག་གི་ཚེ་རང་དོན་ཆོས་སྐུར་གསར་དུ་གདག་བྱ། གསུམ་པ་ནི། གུ་ཎ་ཏཱ་ར་ཞེས་པའི་སྒྲ་ལས་ཡོན་ཏན་སྒྲོལ་བའི་དོན་གྱིས་རིགས་ཞེས་བྱ་སྟེ། རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དང་། །དེ་ནི་རྟེན་དང་བརྟེན་པ་དང་། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་སོ། །

གཉིས་པ་ལ། མཚན་གཞིའི། ཐེག་པའི། བྱེད་ལས་ཀྱི་སྒོ་ནས་དབྱེ་བ། བདེ་གཤེགས་སྙིང་པོའི་དབྱེ་བ་བྱེ་བྲག་ཏུ་བཤད་པ་དང་བཞི། དང་པོ་ལ། རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས། དང་པོ་ལ། མཚན་གཞི། མཚན་ཉིད། དབྱེ་བ་གསུམ། དང་པོ་ལ་ཡང་། ཆོས་ཅན་གསལ་རིག་གི་ལྡོག་པ་ནས། ཆོས་ཉིད་སྟོང་པ་ཉིད་ཀྱི་ལྡོག་པ་ནས། ཟུང་འཇུག་ཆོས་དབྱིངས་ཀྱི་ལྡོག་པ་ནས་རང་བཞིན་གནས་རིགས་སུ་བཤད་ཚུལ་གསུམ་ཡོད། དང་པོའི་དབང་དུ། རྒྱུད་བླར། ལུས་ཅན་ལ་ཡོད་ཟག་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་དང་། བསྟོད་ཚོགས་སུ། བདེ་ལེགས་སེམས་ལ་སངས་རྒྱས་འབྱུང་། །རང་སེམས་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་སོ། །གཉིས་པའི་དབང་དུ་དཀོན་བརྩེགས་ལས། གང་ལ་འདུ་བྱེད་ཅུང་ཟད་ཀྱང་མེད་པ་དེ་ནི་འདུས་མ་བྱས་པ་ཡིན་ལ། འདུས་མ་བྱས་པ་གང་ཡིན་པ་དེ་ནི། འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། རིགས་དེ་ནི་ནམ་མཁའ་དང་མཉམ་པས་ཁྱད་པར་མེད་པའོ། །ཞེས་སོ། །གསུམ་པའི་དབང་དུ་ཕལ་ཆེན་ལས། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། ཞེས་དང་། རྩ་བར། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །ཞེས་སོ། །དེ་ཡང་གསལ་སྟོང་ཟུང་འཇུག་གི་ཆོས་དབྱིངས། བདེ་བར་གཤེགས་པའི་སྙིང་པོ། ཀུན་གཞིའི་ཡེ་ཤེས་རྣམས་མིང་གི་རྣམ་གྲངས་ཡིན་ཅིང་། དེ་དག་ལ། གཞི་དུས། ལམ་དུས། འབྲས་དུས་གསུམ་གསུམ་དུ་ཡོད་དེ། རྒྱན་སྟུག་པོ་བཀོད་པ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྟན་པ་ཡང་། །བློ་ཆུང་རྣམས་ཀྱིས་མི་ཤེས་སོ། །སེམས་ཀྱི་རང་བཞིན་འོད་གསལ་བ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ །ཞེས་གསུངས་སོ། །གཉིས་པ་ནི། རང་གི་རིགས་འདྲ་ཐོག་མེད་ནས་གནས་པའི་སངས་རྒྱས་ཀྱི་རིགས་གང་ཞིག །དྲི་མེད་མངོན་དུ་གྱུར་པ་མཐར་ཐུག་གི་ཚེ་རང་དོན་ཆོས་སྐུར་གསར་དུ་གདག་བྱ། གསུམ་པ་ལ། མཚན་གཞི་དང་། བྱེད་ལས་ཀྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། འདུས་བྱས་རང་བཞིན་གནས་རིགས་དང་། འདུས་མ་བྱས་རང་བཞིན་གནས་རིགས་གཉིས། དང་པོའི་མཚན་ཉིད། རང་བཞིན་གནས་རིགས་གང་ཞིག །དྲི་མེད་མངོན་དུ་གྱུར་པ་མཐར་ཐུག་གི་ཚེ་རྟོགས་ཡེ་ཆོས་སྐུར་གསར་དུ་གདག་བྱ། མཚན་གཞི། ཚོགས་བརྒྱད་ཀྱི་ནང་ནས་དབང་ཤེས་ལ་མི་འཇོག་སྟེ། དེ་ནི་གཟུགས་མེད་ཁམས་ལ་སོགས་པར་རིགས་འདྲ་རྒྱུན་ཆད་པའི་ཕྱིར། ཉོན་ཡིད་དང་ཀུན་གཞི་ལ་མི་འཇོག་སྟེ། དེ་དག་ནི་རྣམ་མཁྱེན་ཐོབ་པའི་ཚེ་རིགས་འདྲ་རྒྱུན་ཆད་པའི་ཚུལ་གྱིས་སྤང་དགོས་པའི་ཕྱིར། དེས་ན་དྲི་བཅས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་གསལ་རིག་ཙམ་ལ་འཇོག་སྟེ། རིགས་འདྲ་སེམས་ཅན་ཐམས་ཅད་ལ་ཁྱབ་པ་དང་། མཐར་ཐུག་རྣམ་མཁྱེན་གྱི་རྒྱུ་བྱེད་ནུས་པའི་ཕྱིར། གཉིས་པའི་མཚན་ཉིད། དེ་གང་ཞིག་དྲི་མེད་མངོན་དུ་གྱུར་བར་མཐར་ཐུག་གི་ཚེ་ངོ་བོ་ཉིད་སྐུར་གསར་དུ་གདག་བྱ། མཚན་གཞི། དྲི་མ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ལྟ་བུ། གཉིས་པ་ལ། སྒྲུབ་པའི་རྟེན་བྱེད་པ་དང་། མི་བྱེད་པའི་རང་བཞིན་གནས་རིགས་གཉིས། དང་པོའི་མཚན་ཉིད། དེ་གང་ཞིག །རང་གི་རྟེན་ཆོས་སྒྲུབ་པའི་རྟེན་གཞི་བྱེད་པ། དབྱེ་ན། ཐེག་དམན་དང་། ཐེག་ཆེན་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་གཉིས། མཚན་གཞི། དེ་དག་སོ་སོའི་སློབ་པའི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་ལྟ་བུ། འདིར་བསྟན་གྱི་སྒྲུབ་པ་བཅུ་གསུམ་གྱི་རྟེན་བྱེད་པའི་རང་བཞིན་གནས་རིགས་བཅུ་གསུམ་ཡོད། གཉིས་པ་ནི། ལམ་མ་ཞུགས་ཀྱི་དྲི་བཅས་སེམས་ཀྱི་ཆོས་ཉིད་ལྟ་བུ། གཉིས་པ་རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། རང་གི་རིགས་འདྲ་རྐྱེན་གྱིས་གསར་དུ་བླངས་པ་ལས་བྱུང་བའི་རིགས་གང་ཞིག །དྲི་མེད་མངོན་དུ་གྱུར་པ་མཐར་ཐུག་གི་ཚེ་རྟོགས་ཡེ་ཆོས་སྐུར་གསར་དུ་གདག་བྱ། དབྱེ་ན། ལམ་གྱི་ངོ་བོར་གྱུར་པ་དང་། དེ་ལས་གཞན་པའི་རྒྱས་འགྱུར་གྱི་རིགས་གཉིས། དང་པོ་ནི། ཐེག་དམན་དང་། ཐེག་ཆེན་སློབ་པའི་རྒྱུད་ཀྱི་མཁྱེན་པ་ལྟ་བུ། གཉིས་པ་ནི། བྱང་ཆུབ་དོན་གཉེར་གྱི་བསམ་པས་ཟིན་པའི་ལམ་མ་ཞུགས་ཀྱི་དགེ་རྩ་ལྟ་བུ། གཉིས་པ་ལ། ཐེག་ཆེན་དང་། ཐེག་དམན་གྱི་རིགས་གཉིས། མཚན་ཉིད་རིམ་བཞིན། སངས་རྒྱས་ཀྱི་རིགས་གང་ཞིག །རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་ཐེག་ཆེན་གྱི་རིགས་ཅན་དུ་མཚོན་པར་བྱེད་ནུས་ཀྱི་སེམས་ཆོས། དེ་གང་ཞིག །རང་རྒྱུད་ལྡན་གྱི་གང་ཟག་ཐེག་དམན་གྱི་རིགས་ཅན་དུ་མཚོན་པར་བྱེད་ནུས་ཀྱི་སེམས་ཆོས། དབྱེ་ན། ཐེག་པའི་ཆེ་ཆུང་སོ་སོའི་ལམ་ཐོབ་པ་དང་། མ་ཐོབ་པའི་སོ་སོའི་རིགས་གཉིས། གསུམ་པ་ལ། ངེས་པའི་དང་། མ་ངེས་པའི་རིགས་གཉིས། དང་པོའི་མཚན་ཉིད། ཐོག་མ་ཉིད་ནས་རང་གི་འཐོབ་བྱ་བྱང་ཆུབ་ཀྱི་རྒྱུར་ངེས་པའི་སྟོབས་ཀྱིས། གནས་སྐབས་སུ་རྐྱེན་གྱིས་ལམ་གཞན་དུ་དཀྲིར་མི་ཐུབ་པའི་རིགས། དབྱེ་ན་ཐེག་དམན་དང་། ཐེག་ཆེན་དུ་ངེས་པའི་རིགས་གཉིས། གཉིས་པའི་མཚན་ཉིད། སངས་རྒྱས་ཀྱི་རིགས་གང་ཞིག །དགེ་བའི་བཤེས་གཉེན་ལ་སོགས་པའི་རྐྱེན་གྱིས་གནས་སྐབས་ལམ་གཞན་དུ་དཀྲིར་རུང་བ། དབྱེ་ན། ཐེག་དམན་དང་། ཐེག་ཆེན་དུ་མ་ངེས་པའི་རིགས་གཉིས། རྒྱན་ལས། རིགས་ནི་ངེས་དང་མ་ངེས་དང་། །རྐྱེན་རྣམས་ཀྱིས་ནི་མི་འཕྲོག་དང་། །འཕྲོག་པ་ཉིད་དེ་མདོར་ན་རིགས། །དབྱེ་བ་འདི་ནི་རྣམ་པ་བཞི། །ཞེས་སོ། །བཞི་པ་ལ། མིང་ཙམ་མཐུན་པའི་སྒོ་ནས་དབྱེ་བ་དང་། མཚོན་བྱེད་དཔེའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། གཞི་དུས་ཀྱི། རྒྱུ་དུས་ཀྱི། འབྲས་དུས་ཀྱི་བདེ་གཤེགས་སྙིང་པོ་དང་གསུམ། དང་པོ་ནི། བརྟན་གཡོ་ཀུན་ལ་ཁྱབ་པའི་སྣང་སྟོང་ཟུང་འཇུག་གི་ཆོས་དབྱིངས། གཉིས་པ་ནི། སེམས་ཅན་གྱི་རྒྱུད་ཀྱི་གསལ་སྟོང་ཟུང་འཇུག་གི་ཆོས་དབྱིངས། གསུམ་པ་ནི། དག་པ་གཉིས་ལྡན་གྱི་ཆོས་དབྱིངས་མཐར་ཐུག །གཉིས་པ་ལ། རྩ་བའི་སྒོ་ནས་ཆོས་སྐུ། དེ་བཞིན་ཉིད། རིགས་གསུམ་སྟེ། རྒྱུད་བླར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །ཡན་ལག་གི་སྒོ་ནས། དང་པོ་ལ། ཆོས་དབྱིངས་ཤིན་ཏུ་དྲི་མ་མེད་པའི། ཟབ་པའི། རྒྱ་ཆེ་བའི་ཆོས་སྐུ་དང་གསུམ། གསུམ་པ་ལ། ངོ་བོའི་སྒོ་ནས་རིགས་གཉིས། ནུས་པའི་སྒོ་ནས་སྐུ་གསུམ་སྟེ་ལྔ་ཡོད་དེ། རྒྱུད་བླར། འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །ཞེས་དང་། ཆོས་སྐུའི་རྒྱས་བཤད་དུ། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་དང་། རིགས་ཀྱི་རྒྱས་བཤད་དུ། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །ཞེས་སོགས་གསུངས་པའི་ཕྱིར། དེ་དག་མཚོན་པར་བྱེད་པའི་དཔེ་དེ་ལ་ཡང་དགུ་ཡོད་ཅིང་། དང་པོ་གསུམ་མཚོན་པའི་དཔེ་ནི། པདྨའི་ནང་ན་ཡོད་པའི་སངས་རྒྱས། སྦྲང་མ་ལ་ཡོད་པའི་སྦྲང་རྩི། སྦུན་པ་ལ་ཡོད་པའི་སྙིང་པོ། མི་གཙང་བའི་ནང་ན་ཡོད་པའི་གསེར་ནི། དེ་བཞིན་ཉིད་ཀྱི་དཔེ། ཕྱི་མ་ལྔའི་དཔེ་ནི། ས་འོག་གི་གཏེར། ལྗོན་ཤིང་སྐྱེད་པའི་འབྲས་བུ་ནི། རིགས་གཉིས་ཀྱི་དཔེ། གོས་ཧྲུལ་གྱི་ནང་ན་ཡོད་པའི་སྐུ་གཟུགས། བུད་མེད་ངན་མའི་ལྟོ་བ་ན་ཡོད་པའི་འཁོར་ལོས་སྒྱུར་རྒྱལ། ས་འདམ་གྱི་ནང་ན་ཡོད་པའི་སྐུ་གཟུགས་ནི། སྐུ་གསུམ་གྱི་དཔེ་ཡིན་ཏེ། རྒྱུད་བླར། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སོ། །

གསུམ་པ་ལ། རིགས་སད་ཚུལ་དང་། རིགས་སུ་འགྱུར་ཚུལ་གཉིས། དང་པོ་ལ། རིགས་སད་པའི་རྟགས། དེའི་གེགས། དེའི་ཕན་ཡོན་དང་གསུམ། དང་པོ་ནི། ལམ་ལ་སྦྱོར་བའི་སྔོན་དུ་བསམ་པའི་ཡོན་ཏན་རང་བཞིན་གྱིས་སྙིང་རྗེ་ཆེ་བ། ཐེག་ཆེན་གྱི་ཆོས་ལ་མོས་པ། སྦྱོར་བའི་ཡོན་ཏན་ཆོས་སྒྲུབ་པའི་དཀའ་སྤྱད་ལ་སྲན་བཟོད་པ། སྦྱིན་སོགས་ཀྱི་དགེ་བ་ཡང་དག་པར་སྤྱོད་པ་སྟེ། རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་སོ། །གཉིས་པ་ནི། ཉོན་མོངས་པ་ཤས་ཆེར་གོམས་པ། གྲོགས་ངན་པ་དང་འགྲོགས་པ། ཆོས་སྒྲུབ་པའི་མཐུན་རྐྱེན་གྱིས་ཕོངས་པ། མི་དགེ་བའི་བཤེས་གཉེན་གྱིས་གཞན་གྱི་དབང་དུ་གྱུར་པ་སྟེ། རྒྱན་ལས། ཉོན་མོངས་གོམས་དང་གྲོགས་ངན་དང་། །ཕོངས་དང་གཞན་གྱི་དབང་ཉིད་དང་། །མདོར་ན་རིགས་ཀྱི་ཉེས་དམིགས་ནི། །རྣམ་པ་བཞིར་ནི་ཤེས་པར་བྱ། །ཞེས་སོ། །གསུམ་པ་ནི། ཐེག་ཆེན་གྱི་རིགས་ནི་ཤིང་གི་རྩ་བ་བཟང་པོ་ལྟ་བུ་ཡིན་ཏེ། རྒྱན་ལས། ཡོན་ཏན་ཤིན་ཏུ་རྒྱ་ཆེན་བྱང་ཆུབ་ཤིང་བསྐྱེད་ཕྱིར། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱའི་ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར། །རིགས་མཆོག་དེ་ནི་རྩ་བ་བཟང་པོ་ལྟ་བུ་ཡིན། །ཞེས་སོ། །གཉིས་པ་ལ། རྟེན་གྱི་སྒོ་ནས་དང་། དམིགས་པའི་སྒོ་ནས་རིགས་སུ་འགྱུར་ཚུལ་གཉིས། དང་པོ་ནི། དྲི་མ་དང་བཅས་པའི་ཤེས་པའི་ཆོས་ཉིད་རྟེན་གྱི་སྒོ་ནས་རིགས་སུ་འགྱུར་ཏེ། རྩ་བར། འཇུག་པའི་རྟེན་ལ་རིགས་ཞེས་བྱ། ཞེས་དང་། འགྲེལ་པར། སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པའི་བྱེ་བྲག་གིས་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོ་ཇི་སྐད་དུ་བཤད་པའི་ཆོས་ཀྱི་གཞིར་གྱུར་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ལ་རིགས་ཞེས་བསྟན་ཏོ། །ཞེས་སོ། །གཉིས་པ་ནི། དམིགས་པའི་སྒོ་ནས་རིགས་སུ་འགྱུར་ཏེ། ཐེག་ཆེན་གྱི་སྒྲུབ་པས་ཆོས་དབྱིངས་ལ་དམིགས་ཤིང་གོམས་པར་བྱས་པ་ལ་བརྟེན་ནས་དྲི་མ་རྣམས་རིམ་གྱིས་སྦྱང་ནས། ཆོས་ཉིད་རྟོགས་པ་མཐར་ཐུག་པར་འགྱུར་བའི་ཕྱིར། ངག་དོན་ནི། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་དྲི་མ་དང་བཅས་པའི་ཤེས་པའི་ཆོས་ཉིད་ཆོས་ཅན། སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཡིན་ཏེ། རང་གི་བརྟེན་པ་ཐེག་ཆེན་སྒྲུབ་པའི་རྟེན་གཞིར་གྱུར་པའི་དྲི་བཅས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར།

དེའི་འོག་ཏུ། བསམ་པ་ཇི་ལྟ་བ་བཞིན་དུ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། དྲང་ངེས་ཀྱི་རྣམ་གཞག་སྤྱིར་བསྟན་པ། ལྡེམ་དགོངས་བྱེ་བྲག་ཏུ་བཤད་པ། གདུལ་བྱ་བསྟན་པ་ལ་འཇུག་པའི་རིམ་པ་དང་གསུམ། དང་པོ་ལ། དྲང་ངེས་ངོས་བཟུང་བ། དྲང་ངེས་ཀྱི་དབྱེ་བ། མཚན་ཉིད་དང་གསུམ། དང་པོ་ནི། འཇིག་རྟེན་གྱི་ཐ་སྙད་ཙམ་དུ་གསུངས་པ་ལ་དྲང་དོན་དང་། ཡུལ་གྱི་གནས་ལུགས་མཐར་ཐུག་ལ་ངེས་དོན་ཞེས་བྱ་སྟེ། སྒྲོན་གསལ་ལས། སྐལ་མེད་རྣམས་ལ་རྒྱལ་བ་ཡིས། །སྦས་ཏེ་གསུངས་པ་དྲང་བའི་དོན། །ཞེས་དང་། ཡང་དག་དོན་ནི་རབ་སྟོན་ཕྱིར། །ངེས་པའི་དོན་ཡང་བརྗོད་པར་བྱ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། རང་གི་བརྗོད་བྱ་སྒྲ་ཇི་བཞིན་པར་ཁས་བླང་དུ་མི་རུང་བ་དང་རུང་བའི་མདོ་ལྟ་བུ་རྗོད་བྱེད་ཀྱི། ཀུན་རྫོབ་གཙོ་བོར་སྟོན་པ་དང་དོན་དམ་གཙོ་བོར་སྟོན་པའི་མདོ་ལྟ་བུ་བརྗོད་བྱའི། གདུལ་བྱ་གང་དག་ལམ་ལ་དང་འབྲས་བུ་ལ་འཇུག་པའི་ཆེད་དུ་གཙོ་བོར་གསུངས་པའི་མདོ་ལྟ་བུ་གདུལ་བྱའི། སྡེ་བ་རང་རང་གི་གྲུབ་མཐའ་དང་མི་མཐུན་པ་དང་མཐུན་པའི་དོན་གཙོ་བོར་སྟོན་པའི་མདོ་ལྟ་བུ་གྲུབ་མཐའི་དབང་དུ་བྱས་པ་དང་བཞི། དེ་ལས་བརྗོད་བྱའི་དབང་དུ་བྱས་པ་དབྱེ་བ་མཚན་ཉིད་པ་དང་། གཞན་གསུམ་བཏགས་པ་བ་ཡིན་ནོ། །དེ་ལྟར་ཡང་དཀོན་བརྩེགས་ལས། མདོ་གང་དག་ཀུན་རྫོབ་སྒྲུབ་པར་བྱེད་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་གང་དག་དོན་དམ་སྟོན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་སོ། །གསུམ་པ་ནི། ཀུན་རྫོབ་བདེན་པ་རང་གི་ཞེན་པའི་བརྗོད་བྱའི་གཙོ་བོར་དངོས་སུ་སྟོན་པའི་མདོ་དང་། དོན་དམ་བདེན་པ་རང་གི་ཞེན་པའི་བརྗོད་བྱའི་གཙོ་བོར་དངོས་སུ་སྟོན་པའི་མདོ། དབྱེ་ན། དྲང་ངེས་སོ་སོ་ལ་ཡང་དྲང་ངེས་ཀྱི་མདོ་གཉིས་གཉིས་ཏེ་བཞི། མཚན་ཉིད། དྲང་ངེས་སོ་སོའི་མཚན་ཉིད་གང་ཞིག །རང་གི་ཚིག་ཟིན་གྱི་བརྗོད་བྱ་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བ་དང་། དེ་གང་ཞིག །རང་གི་ཚིག་ཟིན་གྱི་བརྗོད་བྱ་སྒྲ་ཇི་བཞིན་དུ་ཁས་བླང་དུ་རུང་བ།

གཉིས་པ་ལ། དགོངས་པ་ཅན་གྱི་མདོ། ལྡེམ་པོར་དགོངས་པའི་མདོ། དེ་གཉིས་ཀྱི་ཁྱད་པར་བཤད་པ་དང་གསུམ། དང་པོ་ལ། མཉམ་པ་ཉིད། དོན་གཞན། དུས་གཞན། གང་ཟག་གི་བསམ་པ་ལ་དགོངས་པའི་མདོ་དང་བཞི། དང་པོ་ལ། སངས་རྒྱས་ལ་བརྙས་པའི་གཉེན་པོར་མཉམ་པ་ཉིད་གསུམ་ལ་དགོངས་ནས། ང་ཉིད་སངས་རྒྱས་རྣམ་གཟིགས་སོ། །ཞེས་གསུངས་པའི་མདོ་ལྟ་བུ། མཉམ་པ་ཉིད་གསུམ་ནི། རྒྱུ་ཚོགས་གཉིས། འབྲས་བུ་ཆོས་སྐུ། གཞན་དོན་ཕྲིན་ལས་མཉམ་པའོ། །གཉིས་པ་ནི། ཆོས་ལ་བརྙས་པའི་གཉེན་པོར་དོན་གཞན་ལ་དགོངས་ནས། ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟ་བུ། གསུམ་པ་ནི། ལེ་ལོ་ཅན་འགའ་ཞིག་རྗེས་སུ་བཟུང་བའི་ཕྱིར་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཚིག་གཅིག་གིས་དེར་སྐྱེ་བར་གསུངས་པའི་མདོ་ལྟ་བུ། བཞི་པ་ནི། མཆོག་འཛིན་བཟློག་པའི་ཕྱིར་དུ་སྦྱིན་པ་ལ་སྨད་ནས་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་པའི་མདོ་ལྟ་བུ། རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །སངས་རྒྱས་ཆོས་ལ་བརྙས་པ་དང་། །ལེ་ལོ་ཅུང་ཟད་ཆོག་འཛིན་དང་། །ང་རྒྱལ་འདོད་ཆགས་སྤྱོད་པ་དང་། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུངས། །ཞེས་སོ། །གཉིས་པ་ལ། གཞུག་པ། མཚན་ཉིད། གཉེན་པོ། བསྒྱུར་བ་ལྡེམ་པོར་དགོངས་པའི་མདོ་དང་བཞི། དང་པོ་ནི། ཉན་ཐོས་པ་ཐེག་ཆེན་གྱི་ལྟ་བ་ལ་ཁ་དྲང་བའི་ཕྱིར་དུ་གཟུགས་སོགས་ཕྱིའི་སྐྱེ་མཆེད་རང་བཞིན་གྱིས་ཡོད་པར་གསུངས་པ་ལྟ་བུ། གཉིས་པ་ནི། སེམས་ཙམ་པ་དབུ་མའི་ལྟ་བ་ལ་ཁ་དྲང་བའི་ཕྱིར་དུ་རིགས་ཆད་གསུངས་པ་ལྟ་བུ། གསུམ་པ་ནི། གོང་དུ་བཤད་པའི་མདོ་བཞི་ལྟ་བུ། བཞི་པ་ནི། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུ། དེ་ལྟར་ཡང་རྒྱན་ལས། གཞུག་པ་ལྡེམ་པོར་དགོངས་པ་དང་། །མཚན་ཉིད་ལྡེམ་པོར་དགོངས་པ་དང་། །གཉེན་པོ་ལྡེམ་པོར་དགོངས་པ་དང་། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམ་བཞི། །ཞེས་སོ། །གསུམ་པ་ནི། དགོངས་གཞི་དོན་གཞན་ལ་དགོངས་ནས་གཙོ་བོར་གསུངས་པའི་དྲང་དོན་གྱི་མདོ་ནི་དགོངས་པ་ཅན་གྱི་མདོ་ཡིན་ལ། དགོས་པ་ཁྱད་པར་ཅན་འགའ་ཞིག་གི་ཆེད་དུ་གཙོ་བོར་གསུངས་པའི་དྲང་དོན་གྱི་མདོ་ནི་ལྡེམ་དགོངས་ཀྱི་མདོ་ཡིན་ཞིང་། དེ་གཉིས་འགལ་བ་མ་ཡིན་ཏེ། དགོངས་པ་ཅན་གྱི་མདོ་བཞི་ཀ་ལ་ཡང་གཉེན་པོ་ལྡེམ་པོར་དགོངས་པའི་ཁོངས་སུ་འདུས་པའི་ཕྱིར། མདོ་ཐམས་ཅད་བརྒྱད་པོ་འདིས་བསྡུས་པའང་མ་ཡིན་ཏེ། འདི་དག་དྲང་དོན་གྱི་མདོ་ཙམ་གྱི་དབང་དུ་བྱས་ནས་གསུངས་པའི་ཕྱིར།

གསུམ་པ་ནི། རྟོན་པ་བཞིའི་སྒོ་ནས་གདུལ་བྱ་རྣམས་བསྟན་པ་ལ་འཇུག་སྟེ། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའི་ཚུལ་གྱིས་འཇུག །

ངག་དོན་ནི། ས་བཅུ་པའི་ཡེ་ཤེས་ཆོས་ཅན། གཞན་དོན་གོ་རིམ་དུ་བྱེད་པའི་སྒྲུབ་པ་ཡིན་ཏེ། དགོངས་ལྡེམ་དགོངས་བརྒྱད་ཀྱི་སྒོ་ནས་གདུལ་བྱ་རྣམས་ཐེག་པ་གསུམ་གྱི་ལམ་ལ་འགོད་པར་བྱེད་པའི་ས་བཅུ་པའི་ཡེ་ཤེས་ཡིན་པའི་ཕྱིར།

གཉིས་པ་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དེ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཐེག་ཆེན་སྒྲུབ་པའི་དམིགས་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། གོ་རིམ་དང་བཞི། དང་པོ་ནི། ཐེག་ཆེན་སྒྲུབ་པས་སྒྲོ་འདོགས་གཅད་པར་བྱ་བའི་གཞིར་གྱུར་པའོ། །

གཉིས་པ་ལ། དགེ་མི་དགེ་ལུང་མ་བསྟན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས། ཟག་བཅས་དང་ཟག་མེད། འདུས་བྱས་དང་འདུས་མ་བྱས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་ཏེ་བཅུ་གཅིག །

གསུམ་པ་ལ། སྤྱིར་བསྟན་གསུམ་དང་། བྱེ་བྲག་ཏུ་བཤད་པ་བརྒྱད། དང་པོ་ལ། དགེ་བ། མི་དགེ་བ། ལུང་མ་བསྟན་གསུམ་ལས། དང་པོའི་མཚན་ཉིད། ལུང་དུ་བསྟན་པ་གང་ཞིག །རང་གི་རྣམ་སྨིན་གྱི་འབྲས་བུ་ཡིད་དུ་འོང་བ་འབྱིན་པའི་རིགས་གནས། དབྱེ་ན་མིང་ཙམ་མཐུན་པའི་སྒོ་ནས། ངོ་བོ་ཉིད་ཀྱི། མཚུངས་ལྡན་གྱི། ཀུན་སློང་གི །དོན་དམ་པའི་དགེ་བ་དང་བཞི། དང་པོ་ནི། དད་སོགས་དགེ་བ་བཅུ་གཅིག་ལྟ་བུ་ཡིན་ཏེ། རང་གི་ངང་གིས་དགེ་བའི་རང་བཞིན་དུ་གནས་པའི་ཕྱིར། གཉིས་པ་ནི། དད་པ་དང་མཚུངས་ལྡན་གྱི་གཙོ་སེམས་དང་། ཀུན་འགྲོ་ལྔ་ལྟ་བུ་སྟེ། མཚུངས་ལྡན་གྲོགས་ཀྱི་སྟོབས་ཀྱིས་དགེ་བའི་ངོ་བོར་སྐྱེས་པའི་ཕྱིར། གསུམ་པ་ནི། དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་རིག་བྱེད་ལྟ་བུ། བཞི་པ་ནི། ཆོས་ཉིད་དེ་བཞིན་ཉིད་ལྟ་བུ། སྒོ་གསུམ་གྱི་སྒོ་ནས་དབྱེ་ན། མི་དགེ་བ་བཅུའི་འགལ་ཟླར་གྱུར་པའི་དགེ་བའི་ལས་ལམ་བཅུ། གཉིས་པ་མི་དགེ་བའི་མཚན་ཉིད། ལུང་དུ་བསྟན་པ་གང་ཞིག །རང་གི་རྣམ་སྨིན་གྱི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་རིགས་གནས། དབྱེ་ན། མིང་ཙམ་མཐུན་པའི་སྒོ་ནས། ངོ་བོ་ཉིད་ཀྱི། མཚུངས་ལྡན་གྱི། ཀུན་སློང་གི །དོན་དམ་ལྟར་བརྟགས་པའི། མི་དགེ་བ་དང་བཞི། དང་པོ་གསུམ་གོང་གིས་འགྲེ། བཞི་པ་ནི། འཁོར་བ་ལྟ་བུ། སྒོ་གསུམ་གྱི་སྒོ་ནས། སྲོག་གཅོད་སོགས་མི་དགེ་བ་བཅུ། གསུམ་པ་ལུང་མ་བསྟན་གྱི་མཚན་ཉིད། དགེ་མི་དགེ་གང་རུང་དུ་ལུང་བསྟན་དུ་མེད་པའི་ཆོས། དབྱེ་ན་བཞི་ལས། དང་པོ་ནི། ཀུན་གཞི་དང་ཉོན་ཡིད་ལྟ་བུ། གཉིས་པ་ནི། དེ་དག་དང་མཚུངས་པར་ལྡན་པའི་སེམས་བྱུང་ལྟ་བུ། གསུམ་པ་ནི། དེས་ཀུན་ནས་བསླངས་པའི་ལུས་ངག་གི་རིག་བྱེད་ལྟ་བུ། བཞི་པ་ནི། ནམ་མཁའ་དང་སོ་སོར་བརྟགས་མིན་གྱི་འགོག་པ་ལྟ་བུ། གཉིས་པ་ནི། གཞན་རྣམས་གོ་སླ་ཞིང་། ཟག་བཅས་ཀྱི་མཚན་ཉིད་ཟག་པའི་སྒོ་དྲུག་གང་རུང་གིས་བསྡུས་པ། མཚན་གཞི། འཁོར་བ་ལྟ་བུ། ཟག་མེད་ཀྱི་མཚན་ཉིད། དེས་མ་བསྡུས་པ། མཚན་གཞི། འགོག་བདེན། ལམ་བདེན། འདུས་མ་བྱས་མཐའ་དག་གོ །སྒོ་དྲུག་ནི། ཟག་པའི་བདག་ཉིད། ཟག་པས་བཅིངས་པ། ཟག་པ་དང་འབྲེལ་བ། ཟག་པ་དང་རྗེས་སུ་འབྲེལ་བ། ཟག་པ་དང་རྗེས་སུ་མཐུན་པ། ཟག་པའི་རྒྱུ་ལས་བྱུང་བའོ། །

བཞི་པ་ནི། ཐེག་ཆེན་དུ་རིགས་སད་པའི་གང་ཟག་གིས་དམིགས་པ་ཉམས་སུ་ལེན་པ་ལ་འཇུག་པའི་དབང་དུ་བྱས་ནས་དམིགས་པ་བཅུ་གཅིག་གི་གོ་རིམ་འདི་ལྟར་དུ་བསྟན་པ་ཡིན་ནོ། །དེ་ཡང་དང་པོར་དགེ་སོགས་གསུམ་འཆད་པའི་རྒྱུ་མཚན་ཡོད་དེ། དེས་ཉམས་སུ་ལེན་པའི་ཚེ་བླང་བྱ། དོར་བྱ། བཏང་སྙོམས་སུ་བཞག་བྱ་གསུམ་དུ་ངེས་པའི་ཕྱིར། དེའི་འོག་ཏུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་བཤད་དེ། དགེ་བ་བླང་བྱར་ཤེས་པ་ན། དང་པོར་བླང་བྱའི་དབང་དུ་བྱས་ནས་འཇིག་རྟེན་པའི་ལམ་བཞག །ཕྱི་མ་བླང་བྱའི་དབང་དུ་བྱས་ནས་འཇིག་རྟེན་ལས་འདས་པའི་ལམ་བཞག་པའི་ཕྱིར། དེའི་འོག་ཏུ་ཟག་བཅས་དང་ཟག་མེད་གཉིས་བཤད་དེ། འཇིག་རྟེན་ལས་འདས་པའི་ལམ་གྱི་སྤང་བྱ་དང་ངོ་བོ་ངོ་ཤེས་པའི་ཆེད་ཡོད་པའི་ཕྱིར། དེའི་འོག་ཏུ་འདུས་བྱས་དང་འདུས་མ་བྱས་བཤད་དེ། མཉམ་རྗེས་གཉིས་ཀྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་རྟོགས་པར་བྱེད་པའི་ཕྱིར། དེའི་འོག་ཏུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་གཉིས་བཤད་དེ། བདེན་པ་གཉིས་རྟོགས་པ་ལ་བརྟེན་ནས་ཡོན་ཏན་དེ་དག་འབྱུང་བའི་ཕྱིར། ངག་དོན་ནི། དགེ་མི་དགེ་ལུང་མ་བསྟན་གསུམ་ཆོས་ཅན། ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་གཅོད་པའི་གཞིར་གྱུར་པའི་ཆོས་ཡིན་པའི་ཕྱིར།

གསུམ་པ་ནི། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། གྲངས་ངེས། གོ་རིམ་དང་ལྔ། དང་པོ་ནི། ཐེག་ཆེན་སྒྲུབ་པའི་ཐོབ་བྱ་མཐར་ཐུག་ཏུ་གྱུར་པའི་བླ་ན་མེད་པའི་བྱང་ཆུབ། དབྱེ་ན། གནས་སྐབས་དང་མཐར་ཐུག་གི་དེ་གཉིས། གསུམ་པ་ལ། དང་པོའི་མཚན་ཉིད། ཐེག་ཆེན་སྒྲུབ་པའི་གནས་སྐབས་ཀྱི་ཐོབ་བྱར་གྱུར་པའི་ཡོན་ཏན། མཚན་གཞི། ཐེག་ཆེན་གྱི་ཚོགས་ལམ་སྐད་ཅིག་གཉིས་པ་ནས་རྒྱུན་མཐའི་བར་གྱི་སྤངས་རྟོགས་ཀྱི་ཡོན་ཏན་ལྟ་བུ། གཉིས་པ་མཐར་ཐུག་ལ། རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་གཉིས། དང་པོ་ལ། སེམས་ཆེན་པོ། སྤོང་བ་ཆེན་པོ། རྟོགས་པ་ཆེན་པོ་དང་གསུམ། དང་པོའི་མཚན་ཉིད། རང་རྒྱུད་ལྡན་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་སངས་རྒྱས་སའི་སེམས་བསྐྱེད། མིང་ཙམ་མཐུན་པའི་སྒོ་ནས། གནས་སྐབས་དང་མཐར་ཐུག་གི་དེ་གཉིས། དང་པོ་ནི། ཐེག་ཆེན་སློབ་པའི་སེམས་བསྐྱེད། གཉིས་པ་ནི། སངས་རྒྱས་སའི་སེམས་བསྐྱེད་མཐའ་དག་གོ །དེ་ལ་དབྱེ་ན། མདོ་ལས། རྡོ་རྗེ་ལྟ་བུའི། རླབས་པོ་ཆེའི། མི་བསྒུལ་པའི། ཕན་བདེའི། དམིགས་པ་མེད་པའི་སེམས་དང་ལྔར་བཤད། གཉིས་པའི་མཚན་ཉིད། རང་རྒྱུད་ལྡན་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་སངས་རྒྱས་སའི་སྤངས་པ། དབྱེ་ན་གོང་ལྟར་གཉིས། མཚན་གཞི་རིམ་བཞིན། བྱང་འཕགས་དང་། སངས་རྒྱས་སའི་འགོག་བདེན་ལྟ་བུ། གསུམ་པའི་མཚན་ཉིད། རང་རྒྱུད་ལྡན་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་སངས་རྒྱས་སའི་རྟོགས་པ། དབྱེ་ན་གོང་ལྟར་གཉིས། མཚན་གཞི་རིམ་བཞིན། བྱང་འཕགས་དང་། སངས་རྒྱས་སའི་མཁྱེན་པ་ལྟ་བུ། དེ་ལ་ཡང་བརྒྱད་སྟོང་པ་ལས། བྱང་ཆུབ་ཀྱི། ཐམས་ཅད་མཁྱེན་པའི། ཟག་པ་མེད་པའི། མཉམ་པ་མེད་པའི། མི་མཉམ་པ་དང་མཉམ་པའི། ཉན་རང་དང་ཐུན་མོང་མ་ཡིན་པའི་སེམས་དང་དྲུག་བཤད། བཞི་པ་ནི། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ལ་སེམས་ཆེན་པོ་ལ་སོགས་པ་གསུམ་དུ་གྲངས་ངེས་པ་མ་ཡིན་ཏེ། གཞན་དོན་གཟུགས་སྐུ་ཡང་དེ་ཡིན་པའི་ཕྱིར། འོན་ཀྱང་འདིར་དངོས་བསྟན་ལ་གསུམ་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་ལ་གཞན་གྱིས་འགྲན་ཟླ་མེད་པར་མཆོག་ཉིད་དུ་བྱེད་པ། སྤང་བྱ་མི་མཐུན་ཕྱོགས་མ་ལུས་པར་བཅོམ་པ། ཐོབ་བྱ་ཡོན་ཏན་རྫོགས་པར་ཐོབ་པ་གསུམ་དུ་ངེས་པའི་ཕྱིར། འགྲེལ་ཆེན་ལས། དེ་ནི་མ་ཕམ་མགོན་པོས་བསྟན་པ་དང་མཐུན་པར་བྱང་ཆུབ་སེམས་དཔའི་སྒྲུབ་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་བསྟན་པ་ཡིན་པར་ཤེས་པར་བྱའོ། །ཞེས་སོ། །ལྔ་པ་ནི། སེམས་ཆེན་པོ་ལ་སོགས་པའི་གོ་རིམ་འདི་ལྟར་འཆད་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བའི་གཙོ་བོ་ནི་གཞན་དོན་ཡིན་པས་དང་པོར་སེམས་ཆེན་པོ་བསྟན། དེ་འགྲུབ་པ་ཡང་སྒྲིབ་གཉིས་སྤངས་པ་ལ་རག་ལས་པས་དེའི་འོག་ཏུ་སྤོང་བ་ཆེན་པོ་བསྟན། དེ་ཡང་རྟོགས་པ་ཕུན་ཚོགས་ཐོབ་པ་ལ་རག་ལས་པས་དེའི་འོག་ཏུ་རྟོགས་པ་ཆེན་པོ་བསྟན་པའི་ཕྱིར། ངག་དོན་ནི། སེམས་ཆེན་པོ། སྤོང་བ་ཆེན་པོ། རྟོགས་པ་ཆེན་པོ་གསུམ་ཆོས་ཅན། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ཡིན་ཏེ། ཐེག་ཆེན་སྒྲུབ་པའི་ཐོབ་བྱ་མཐར་ཐུག་ཏུ་གྱུར་པའི་བླ་ན་མེད་པའི་བྱང་ཆུབ་ཡིན་པའི་ཕྱིར།

བཞི་པ་ལ། སྤྱིར་བསྟན་པ་དང་། སྒྲུབ་པ་སོ་སོ་ལ་འཕྲོས་པའི་དོན་གཉིས། དང་པོ་ནི། དེ་ལྟར་ཇི་ལྟ་བ་བཞིན་དུ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཐེག་ཆེན་སྒྲུབ་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། གྲངས་ངེས། གོ་རིམ་ངེས་པ། ས་མཚམས་དང་དྲུག །དང་པོ་ནི། ཁྱད་པར་བཞི་ལྡན་གྱི་བྱང་སེམས་ཀྱི་ཉམས་ལེན། ཁྱད་པར་བཞི་ནི། རྐྱེན་ཐེག་པ་ཆེན་པོར་རིགས་སད་པ། ཐེག་ཆེན་སེམས་བསྐྱེད་ལ་གནས་པ། རང་གཞན་གྱི་དོན་སྒྲུབ་པ་ལ་བརྩོན་པ། འབྲས་བུ་བྱང་ཆུབ་ཆེན་པོ་འབྱིན་པར་བྱེད་པ་སྟེ། རྒྱན་ལས། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད། །རྟག་ཏུ་ལེན་པ་ཆེ་དང་བཟོད་པ་སྟེ། །དོན་ཆེན་ཡང་དག་སྒྲུབ་པའི་བྱ་བ་བྱེད། །ཅེས་སོ། །གཉིས་པ་ལ། ཡུལ་དང་ངོ་བོའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། ཡུལ་མཁྱེན་གསུམ་གྱི་སྒྲུབ་པ་དང་། ཡུལ་ཅན་སྦྱོར་བཞིའི་དེ་གཉིས། དང་པོའི་མཚན་ཉིད། མཁྱེན་གསུམ་ཐོབ་བྱ་ཐོབ་བྱེད་བླང་དོར་བྱ་བའི་ཡན་ལག་ཏུ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། རྣམ་མཁྱེན་ཐོབ་བྱའི་འབྲས་བུར། ལམ་ཤེས་ཐོབ་བྱེད་ཀྱི་རྒྱུར། གཞི་ཤེས་བླང་དོར་བྱ་བའི་ཡན་ལག་ཏུ་ཉམས་སུ་ལེན་པའི་སྒྲུབ་པ་དང་གསུམ། གཉིས་པའི་མཚན་ཉིད། སྦྱོར་བཞི་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། རྣམ་ཀུན་གྱི་སྦྱོར་བ། ཉམས་སུ་ལེན་པའི་སྒྲུབ་པ་སོགས་བཞི། གཉིས་པ་ལ། གོ་ཆའི། འཇུག་པའི། ཚོགས་ཀྱི། ངེས་འབྱུང་སྒྲུབ་པ་དང་བཞི། གསུམ་པ་ལ་བཞི་ལས། དང་པོ་གོ་སྒྲུབ་ཀྱི་མཚན་ཉིད། ཕར་ཕྱིན་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། ཕར་ཕྱིན་སོ་སོའི་གོ་སྒྲུབ་དྲུག །དང་པོའི་མཚན་ཉིད། སྦྱིན་པའི་ཕར་ཕྱིན་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། སྦྱིན་པའི་ཕར་ཕྱིན་གྱི་སྦྱིན་པའི་གོ་སྒྲུབ་སོགས་དྲུག །དང་པོའི་མཚན་ཉིད། སྦྱིན་པའི་གོ་སྒྲུབ་གང་ཞིག །སྦྱིན་པ་ལ་སྤྱོད་པའི་གནས་སྐབས་སུ་སྦྱིན་པ་ཉིད་ཆོས་གསུམ་ལྡན་དུ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། གཉིས་པའི་མཚན་ཉིད། དེ་གང་ཞིག །སྦྱིན་པ་ལ་སྤྱོད་པའི་གནས་སྐབས་སུ་ཚུལ་ཁྲིམས་ཆོས་གསུམ་ལྡན་དུ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། ཆོས་གསུམ་ནི། སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང་ལྡན་པ། དངོས་གཞི་འཁོར་གསུམ་དུ་མི་དམིགས་པ། རྗེས་དགེ་རྩ་བླ་མེད་བྱང་ཆུབ་ཏུ་བསྔོ་བའོ། །དེས་ལྷག་མ་རྣམས་ལ་འགྲེ། གཉིས་པ་འཇུག་སྒྲུབ་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། རང་གི་འཇུག་ཡུལ་དུ་གྱུར་པའི་ཐེག་ཆེན་གཙོ་བོར་ཉམས་སུ་ལེན་པའི་ཐེག་ཆེན་སྦྱོར་ལམ་དྲོད་ཡན་ཆོད་ཀྱིས་བསྡུས་པའི་སེམས་དཔའི་རྣལ་འབྱོར། མཚན་གཞི། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་ས་བཅུ་རྒྱུན་མཐའི་བར་གྱི་མཁྱེན་པ་རྣམས་སོ། །གཉིས་པ་ལ། བསམ་གཏན་གཟུགས་མེད་ལ་འཇུག་པའི་སྒྲུབ་པ། སྦྱིན་སོགས་ལ། ལམ་ལ། བྱམས་སོགས་ཚད་མེད་ལ། དམིགས་པ་མེད་པའི་ཐེག་ཆེན་ལ། འཁོར་གསུམ་རྣམ་དག་གི་ཐེག་ཆེན་ལ། ཆེད་དུ་བྱ་བ་ལ། མངོན་པར་ཤེས་པ་ལ། རྣམ་ཀུན་མཁྱེན་ཉིད་ལ་འཇུག་པའི་སྒྲུབ་པ་དང་དགུའོ། །དང་པོའི་མཚན་ཉིད། འཇུག་སྒྲུབ་གང་ཞིག །བསམ་གཏན་གཟུགས་མེད་ཀྱིས་བསྡུས་པའི་ཐེག་ཆེན་སྦྱོར་བའི་བརྩོན་འགྲུས་དང་ལྡན་པའི་སྒོ་ནས་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། ལྷག་མ་རྣམས་ལ་འགྲེ། དེ་ཡང་བསྡུ་ན། འབྲས་བུའི་ཐེག་ཆེན་ཉམས་སུ་ལེན་པའི་སྒྲུབ་པ་དང་། རྒྱུའི་དེ་གཉིས་སུ་འདུས། དང་པོ་ནི། ཆེད་དུ་བྱ་བ་ལ་འཇུག་པའི་སྒྲུབ་པ་དང་། རྣམ་མཁྱེན་ལ་འཇུག་པའི་སྒྲུབ་པ་ལྟ་བུའོ། །གཉིས་པ་ནི། ལྷག་མ་རྣམས་སོ། །གསུམ་པ་ཚོགས་སྒྲུབ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཟབ་པ་དང་རྒྱ་ཆེ་བ་ལ་སྤྲོ་བའི་སྒོ་ནས་ཚོགས་གཉིས་ཀྱི་དཔུང་རྒྱ་ཆེན་པོ་གསོག་པར་བྱེད་ཅིང་། རང་གི་དངོས་འབྲས་སུ་གྱུར་པའི་ཐེག་ཆེན་གྱི་འཕགས་ལམ་དངོས་སུ་འབྱིན་པའི་སེམས་དཔའི་རྣལ་འབྱོར། མཚན་གཞི། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མ་ནས་རྒྱུན་མཐའི་བར་གྱི་མཁྱེན་པ་ལྟ་བུ། གཉིས་པ་ལ། སྙིང་རྗེ་ཆེན་པོའི་ཚོགས་སྒྲུབ། སྦྱིན་པ་ནས་ཤེས་རབ་ཀྱི་བར་དྲུག །ཞི་གནས་ཀྱི། ལྷག་མཐོང་གི །ཞི་ལྷག་ཟུང་འབྲེལ་གྱི། ཐབས་ལ་མཁས་པའི། ཡེ་ཤེས་ཀྱི། བསོད་ནམས་ཀྱི། ལམ་གྱི། གཟུངས་ཀྱི། སའི་གཉེན་པོའི་ཚོགས་སྒྲུབ་དང་བཅུ་བདུན། བསྡུ་ན། འདས་ལམ་གྱི་ངོ་བོར་གྱུར་པའི་ཚོགས་སྒྲུབ་དང་། འཇིག་རྟེན་པ་དང་ཐུན་མོང་བའི་དེ་གཉིས་སུ་འདུས། དང་པོ་ནི། ས་དང་། གཉེན་པོའི་ཚོགས་སྒྲུབ་ལྟ་བུ། གཉིས་པ་ནི། དང་པོ་བཅོ་ལྔ་ལྟ་བུ། བཞི་པ་ངེས་འབྱུང་སྒྲུབ་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རང་གི་ངེས་པར་འབྱུང་ས་བརྒྱད་པོ་གང་རུང་དུ་གདོན་མི་ཟ་བར་འབྱིན་པར་བྱེད་པའི་དག་སའི་རྣལ་འབྱོར། མཚན་གཞི་དག་པ་ས་གསུམ་ལྟ་བུ། གཉིས་པ་ལ། ཆེད་དུ་བྱ་བའི། མཉམ་པ་ཉིད་ཀྱི། སེམས་ཅན་དོན་བྱེད་ཀྱི། འབད་མེད་ལྷུན་གྲུབ་ཀྱི། མཐའ་གཉིས་ལས་འདས་པའི། ཐེག་པ་གསུམ་གྱི་དོན་ཐོབ་པའི། རྣམ་ཀུན་མཁྱེན་ཉིད་ཀྱི། ལམ་གྱི་ཡུལ་ཅན་གྱི་ངེས་འབྱུང་སྒྲུབ་པ་དང་བརྒྱད་དོ། །དེ་ཡང་བསྡུ་ན། གནས་གང་དུ་ངེས་པར་འབྱུང་བ་དང་། ཚུལ་ཇི་ལྟར་དུ་ངེས་པར་འབྱུང་བ་གཉིས་སུ་འདུས། དང་པོ་ལ། མི་སློབ་ལམ་མཐར་ཐུག་ཏུ་ངེས་པར་འབྱུང་བའི་དབང་དུ་བྱས་ནས་ཀུན་མཁྱེན་ཉིད་ཀྱི་ངེས་འབྱུང་སྒྲུབ་པ། སློབ་ལམ་མཐར་ཐུག་ཏུ་ངེས་པར་འབྱུང་བའི་དབང་དུ་བྱས་ནས་ལམ་གྱི་ཡུལ་ཅན་གྱི་ངེས་འབྱུང་སྒྲུབ་པ་བཞག །གཉིས་པའི་དབང་དུ་བྱས་ནས་ལྷག་མ་དྲུག་བཞག་པ་ཡིན་ནོ། །དེས་ན་རྣམ་མཁྱེན་ལྟ་བུ་ངེས་པར་འབྱུང་ས་ཡིན་པའི་མུ། ས་བརྒྱད་པ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་གྱི་མཁྱེན་པ་ལྟ་བུ་ངེས་འབྱུང་སྒྲུབ་པ་ཡིན་པའི་མུ། རྒྱུན་མཐའི་ཡེ་ཤེས་ལྟ་བུ་གཉིས་ཀ་ཡིན་པའི་མུ། མ་དག་ས་བདུན་ལྟ་བུ་གཉིས་ཀ་མ་ཡིན་པའི་མུ་དང་བཞིའོ། །བཞི་པ་ལ། སྤང་བྱ་སྤོང་བའི་དང་། ཐོབ་བྱ་ཐོབ་པའི་དབང་དུ་བྱས་པའི་གྲངས་ངེས་གཉིས། དང་པོ་ནི། ཐེག་ཆེན་སྒྲུབ་པ་ལ་བཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། བྱང་ཆུབ་སེམས་དཔས་སྒྲིབ་གཉིས་སྤོང་བའི་ཕྱིར་དུ་བསམ་པས་གོ་ཆ་གྱོན། སྦྱོར་བས་གཡུལ་དུ་འཇུག །ཚོགས་གཉིས་ཀྱི་དཔུང་བསགས་ཏེ། སྒྲིབ་པ་ཀུན་ལས་རྒྱལ་བའི་ཡོན་ཏན་ལ་དབང་འབྱོར་བར་བྱེད་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་སྒྲུབ་པ་ལ་བཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། བྱང་ཆུབ་སེམས་དཔས་འབྲས་བུ་ཐོབ་ཕྱིར་དུ་བསམ་པས་གོ་ཆ་གྱོན། ལམ་ཉམས་ལེན་ལ་འཇུག །ཚོགས་གཉིས་རྒྱ་ཆེན་པོ་བསགས་ཏེ། འབྲས་བུ་མངོན་དུ་བྱེད་པའི་ཕྱིར། ལྔ་པ་ནི། རྒྱུ་འབྲས་དོན་གྱི་གོ་རིམ་ཡིན་ཏེ། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བའི་ཕྱིར། དྲུག་པ་ནི། སྦྱོར་བ་དང་ཞེས་པའི་སྐབས་ནས་བསྟན་པའི་སྦྱོར་བ་ལ། མཐོང་ལམ་ལ་བརྒྱུད་ནས་སྦྱོར་བ་དང་། ཉེ་བར་སྦྱོར་བ། མངོན་སུམ་དུ་སྦྱོར་བ་གསུམ་ཡོད་ལ། དང་པོ་ཚོགས་ལམ་ན་གོ་སྒྲུབ་ཡོད། གཉིས་པ་སྦྱོར་ལམ་ན་འཇུག་སྒྲུབ་ཡོད། གསུམ་པ་ཆོས་མཆོག་ཆེན་པོ་ན་ཚོགས་སྒྲུབ་དང་པོ་བཅོ་ལྔ་ཡོད། ཕྱི་མ་གཉིས་མཐོང་སྒོམ་གྱིས་བསྡུས། ངེས་འབྱུང་སྒྲུབ་པ་དག་ས་གསུམ་ནའོ། །དེ་ལྟར་ཡང་འགྲེལ་ཆེན་ལས། དེ་ལ་འཕགས་པ་ཐོགས་མེད་ཀྱིས་གོ་ཆ་དང་། འཇུག་པའི་སྒྲུབ་པ་ལ་ནི་གོ་རིམ་བཞིན་དུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། མངོན་དུ་སྦྱོར་བའི་རང་བཞིན་གྱི་ཚོགས་དང་། མོས་པས་སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་གྱིས་མངོན་སུམ་དུ་སྦྱོར་བའི་ལམ་གྱི་རང་བཞིན་ཆོས་ཀྱི་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་མཐོང་བའི་ལམ་གྱི་བདག་ཉིད་ཅན་ནི་ཚོགས་ཀྱི་སྒྲུབ་པ་ཡིན་ནོ། །སྒོམ་པའི་ལམ་གྱི་རང་བཞིན་ས་གཉིས་པ་ལ་སོགས་པའི་རང་གི་ངོ་བོ་གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་ཡང་ཚོགས་ཀྱི་སྒྲུབ་པ་ཡིན་པས་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། །ངེས་པར་འབྱུང་བའི་སྒྲུབ་པ་ནི་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ། །ཞེས་བཤད་དོ། །ཞེས་སོ། །ངག་དོན་ནི། ཤེས་བྱ་ཆོས་ཅན། སྒྲུབ་པ་བཞིའི་ས་མཚམས་སོ་སོར་ངེས་པ་ཡིན་ཏེ། གོ་སྒྲུབ་ཚོགས་ལམ། འཇུག་སྒྲུབ་སྦྱོར་ལམ་དྲོད། ཚོགས་སྒྲུབ་ཆོས་མཆོག་སྐད་ཅིག་ཐ་མ། ངེས་འབྱུང་སྒྲུབ་པ་ས་བརྒྱད་པ་ནས་རྒྱུན་མཐའི་བར་དུ་ཡོད་པའི་ཕྱིར།

གཉིས་པ་ལ། གོ་སྒྲུབ། འཇུག་སྒྲུབ། ཚོགས་སྒྲུབ་ལས་འཕྲོས་པའི་དོན་དང་གསུམ། དང་པོ་ནི། དེ་དག་སོ་སོར་སྦྱིན་ལ་སོགས། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ། ཡུལ་ཅན་གོ་སྒྲུབ་དང་། ཡུལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དང་པོ་གོང་དུ་བཤད་ཟིན། གཉིས་པ་ལ། ངོ་བོ། སྒྲ་དོན། གྲངས་ངེས། གོ་རིམ། ཉམས་སུ་བླངས་པའི་འབྲས་བུ་དང་ལྔ། དང་པོ་ལ། རྒྱན་ལས་བཤད་ཚུལ་དང་། སློབ་དཔོན་གྱི་དགོངས་པ་གཉིས། དང་པོ་ནི། ཁྱད་ཆོས་བཞི་ལྡན་གྱི་གཏོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་ནས་རིམ་བཞིན། དེ་ལྡན་གྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མཚུངས་ལྡན་དང་བཅས་པ། ཁྱད་ཆོས་བཞི་ནི། རྒྱན་ལས། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པས་མཚོན་ནོ། །གཉིས་པ་ནི། དྲུག་ཀའང་སངས་རྒྱས་ཀྱི་ས་ཁོ་ནར་བཞག་སྟེ། མཚན་ཉིད་རིམ་བཞིན་སྲིད་ཞིའི་ཕ་རོལ་ཏུ་སོན་པ་མཐར་ཐུག་པའི་ཞེས་པ་དྲུག་ཀའི་མགོར་སྦྱར་ཏེ། གཏོང་བའི། སྤོང་བའི། མི་འཁྲུགས་པའི་སེམས་པ་མཚུངས་ལྡན་དང་བཅས་པ། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་མཚུངས་ལྡན་དང་བཅས་པ། དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན། སྦྱིན་པ་ལ། ཟང་ཟིང་། ཆོས། མི་འཇིགས་པ། བྱམས་པའི་སྦྱིན་པ་དང་བཞི། དེ་བཞིན་དུ། ཚུལ་ཁྲིམས་ལ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད། ཉེས་སྤྱོད་སྡོམ་པ་དང་གསུམ། བཟོད་པ་ལ། སྡུག་བསྔལ་དང་ལེན། གནོད་པ་ལ་ཇི་མི་སྙམ་པ། ཆོས་ལ་ངེས་རྟོགས་དང་གསུམ། བརྩོན་འགྲུས་ལ། གོ་ཆ། སྦྱོར་བ། མི་ལྡོག་པ་དང་གསུམ། བསམ་གཏན་ལ། མཐོང་ཆོས་ལ་བདེ་བར་གནས་པའི། ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི། སེམས་ཅན་དོན་བྱེད་དང་གསུམ། ཤེས་རབ་ལ། ཐོས་བསམ་སྒོམ་གསུམ་མོ། །གཉིས་པ་ནི། རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་སོ། །གསུམ་པ་ལ། བསྒྲུབ་བྱ་ལ་ལྟོས་པའི། དོན་གཉིས་ལ་ལྟོས་པའི། བསླབ་པ་གསུམ་ལ་ལྟོས་པའི་གྲངས་ངེས་དང་གསུམ། དང་པོ་ནི། བསྒྲུབ་བྱ་མངོན་མཐོ་སྒྲུབ་པའི་དབང་དུ་བྱས་ནས་དང་པོ་གསུམ། ངེས་ལེགས་སྒྲུབ་པའི་དབང་དུ་བྱས་ནས་ཕྱི་མ་གཉིས། དེ་གཉིས་མཐར་ཕྱིན་པའི་དབང་དུ་བྱས་ནས་བརྩོན་འགྲུས་བཞག་སྟེ། རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང་། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང་། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་སོ། །གཉིས་པ་ནི། དང་པོ་གསུམ་གྱིས་གཞན་དོན་དང་། ཕྱི་མ་གཉིས་ཀྱིས་རང་དོན་གཙོ་བོར་སྒྲུབ། བརྩོན་འགྲུས་ཀྱིས་དེ་གཉིས་མཐར་ཕྱིན་པར་བྱེད་དོ། །རྒྱན་ལས། སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་བཞིར་བཅས་པས། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །ཅེས་སོ། །གསུམ་པ་ནི། དང་པོ་གསུམ་གྱིས་ཚུལ་ཁྲིམས། བསམ་གཏན་གྱིས་སེམས། ཤེས་རབ་ཀྱིས་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྒྲུབ་ཅིང་། བརྩོན་འགྲུས་གསུམ་ཀའི་གྲོགས་ཡིན་ཏེ། རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་སོ། །བཞི་པ་ནི། རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་སོ། །ལྔ་པ་ལ། གཉིས་ལས། གནས་སྐབས་ཀྱི་འབྲས་བུ་ནི། རིན་ཆེན་ཕྲེང་བར། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་སོ། །མཐར་ཐུག་གི་འབྲས་བུ་ནི། སྔ་མ་ལས། ཡེ་ཤེས་བསམ་གྱིས་མི་ཁྱབ་ཡུལ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །ཅེས་སོ། །ངག་དོན་ནི། ཐེག་པ་ཆེན་པོའི་ཚོགས་ལམ་ཆོས་ཅན། གོ་སྒྲུབ་ཡིན་ཏེ། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར།

གཉིས་པ་ནི། ཚད་མེད་པ་བཞི་དང་ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཚད་མེད་པའི་ཏིང་ངེ་འཛིན་ལ། རྒྱུ། ངོ་བོ། སྒོམ་ཚུལ། བསྒོམས་པའི་འབྲས་བུ་དང་བཞི། དང་པོ་ལ། ལུས་རྟེན་དང་། སེམས་རྟེན་གཉིས། དང་པོ་ལ། གང་ཟག་གང་གིས་སྐྱེད་པ་དང་། ཁམས་གང་དུ་བསྐྱེད་པ་གཉིས། དང་པོ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་མ་ཞུགས་དང་། ལམ་ཞུགས་གཉིས་ཀའི་རྟེན་ལ་དངོས་སུ་སྐྱེར་རུང་སྟེ། ཀུན་བཏུས་སུ། འདིའི་ལུས་རྟེན་ལ་ཕྱི་རོལ་པ་དང་། ཉན་ཐོས་དང་། བྱང་སེམས་གསུམ་ཀ་ཡོད་པར་བཤད་པའི་ཕྱིར། གཉིས་པ་ནི། སྔར་མེད་གསར་དུ་སྐྱེ་བ་འདོད་པའི་རྟེན་ལ་སྐྱེ་དགོས་ཏེ། དང་པོར་ཕ་རོལ་པོ་སྡུག་བསྔལ་གྱིས་མནར་བ་སོགས་མཐོང་ནས་དེ་དང་བྲལ་བར་འདོད་པའི་སྒོ་ནས་སྐྱེ་དགོས་པའི་ཕྱིར། ཐོབ་ཟིན་གནས་པ་གཟུགས་ཀྱི་རྟེན་ལའང་ཡོད་ལ། གཟུགས་མེད་ཁམས་ན་མེད་དེ། དེར་ཕ་རོལ་དམིགས་ཡུལ་དུ་བྱས་ནས་སྡུག་བསྔལ་བསལ་འདོད་ཀྱི་བློ་དངོས་སུ་སྐྱེ་མི་ནུས་པའི་ཕྱིར། གཉིས་པ་ནི། བསམ་གཏན་གྱི་དངོས་གཞི་གང་རུང་ལ་བརྟེན་ཏེ། དེ་ལྟར་དུ་ཀུན་བཏུས་སུ་བཤད་པའི་ཕྱིར། གཉིས་པ་ལ། མཚན་ཉིད། སྒྲ་དོན། དབྱེ་བ། གྲངས་ངེས། ས་མཚམས་དང་ལྔ། དང་པོ་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས། སེམས་ཅན་ཚད་མེད་པ་ལ་བརྩེ་བའི་བསམ་པ་ཕུན་ཚོགས། གཉིས་པ་ནི། དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་ནས་འབྲས་བུ་ཚོགས་གཉིས་ཚད་མེད་པ་གསོག་པས་ན་ཚད་མེད་པ་ཞེས་བྱའོ། །གསུམ་པ་ལ། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་ཚད་མེད་པའི་ཏིང་ངེ་འཛིན་དང་བཞི། མཚན་ཉིད་རིམ་བཞིན། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སེམས་ཅན་ཚད་མེད་པ། ཞེས་པ་བཞི་ཀའི་མགོར་སྦྱར་ཏེ། བདེ་བ་དང་ཕྲད་པར་འདོད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དེ་བཞིན་དུ། སྡུག་བསྔལ་དང་བྲལ་བར་འདོད་པའི། བདེ་བ་དང་མི་འབྲལ་བར་འདོད་པའི། ཆགས་སྡང་ཉེ་རིང་དང་བྲལ་བར་འདོད་པའི། དེ་ལྟར་ཡང་རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བདེ་བའི་དགོངས་པ་ཅན། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །རྣམ་པའི་སྒོ་ནས་དེ་རེ་རེ་ལ་ཡང་སེམས་ཅན་ལ། ཆོས་ལ། དམིགས་པ་མེད་པ་ལ་དམིགས་པའི་བྱམས་པ་ཚད་མེད་སོགས་གསུམ་གསུམ་ཡོད། འདི་དག་གི་མཚན་ཉིད། བྱམས་པ་ཚད་མེད་ཀྱི་ཏིང་ངེ་འཛིན་གང་ཞིག །བདེ་བ་དོན་གཉེར་གྱི་སེམས་ཅན་ལ་དམིགས་ནས་བདེ་བ་དང་ཕྲད་པར་འདོད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དེ་གང་ཞིག །གང་ཟག་གི་བདག་མེད་རྟོགས་པའི་སྒོ་ནས་བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས། དེ་གང་ཞིག །བདེན་མེད་རྟོགས་པའི་སྒོ་ནས་བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས། དེ་བཞིན་དུ་ཚད་མེད་གཞན་གསུམ་ལ། དབྱེ་གཞི་གང་ཞིག་སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཅན་ལ་དམིགས་ནས། དེ་དང་བྲལ་བར་འདོད་པའི། བདེ་བ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་དེ་དང་མི་འབྲལ་བར་འདོད་པའི། ཆགས་སྡང་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་དེ་དང་བྲལ་བར་འདོད་པའི། དེས་རིགས་འགྲེའོ། །བཞི་པ་ནི། ཚད་མེད་པའི་ཏིང་ངེ་འཛིན་ལ་བཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། དེའི་མི་མཐུན་ཕྱོགས་ལ་གནོད་སེམས། རྣམ་འཚེ། ཡིད་མི་བདེ། ཆགས་སྡང་མངོན་གྱུར་བ་བཞི་ཡོད་ལ། དེ་དག་གི་གཉེན་པོའི་དབང་དུ་བྱས་ནས་ཚད་མེད་བཞི་རིམ་བཞིན་བཞག་པའི་ཕྱིར། མཛོད་ལས། ཚད་མེད་པ་ནི་བཞི་ཡིན་ནོ། །གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། ཞེས་སོ། །ལྔ་པ་ནི། སེམས་ཅན་ལ་དམིགས་པའི་ཚད་མེད་བཞི་ལམ་མ་ཞུགས་ནས་ཆོས་ལ་དམིགས་པ་ཉན་ཐོས་ཀྱི་ཚོགས་ལམ་ནས། དམིགས་པ་མེད་པ་ལ་དམིགས་པ་ཐེག་ཆེན་གྱི་ཚོགས་ལམ་ནས་ཡོད་དོ། །གསུམ་པ་ནི། དང་པོར་རང་གི་མཛའ་བཤེས་ལ་བསྒོམ། དེ་ནས་གང་ཟག་གཞན་ལ་བསྒོམ། མཐར་གནོད་བྱེད་ཀྱི་དགྲ་བོ་ལ་དམིགས་ཏེ་བསྒོམ་པས། སེམས་ཅན་ཐམས་ཅད་རྩ་བའི་མ་དང་ཁྱད་མེད་དུ་མ་གྱུར་བར་དུ་འབད་པར་བྱའོ། །བཞི་པ་ལ། སོ་སོའི་འབྲས་བུ་དང་། ཐུན་མོང་གི་དེ་གཉིས། དང་པོ་ནི། མ་དྲོས་པས་ཞུས་པའི་མདོ་ལས། སེམས་ཅན་རྣམས་ལ་བྱམས་པའི་སེམས་མཉམ་པ། །རྟག་ཏུ་ཐམས་ཅད་མཁྱེན་པའི་སེམས་འཛིན་ཞིང། །སྙིང་རྗེས་སེམས་ཅན་རྣམས་ནི་མི་གཏོང་དང་། །དགའ་བས་འཁོར་བ་ན་ནི་སྐྱོ་བ་མེད། །བཏང་སྙོམས་ཆེན་པོས་སྐྱོན་རྣམས་སྤངས་པ་སྟེ། །ཞེས་སོ། །གཉིས་པ་ནི། རྒྱན་ལས། ཚངས་པའི་གནས་ལས་གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེས་ནི་ཚོགས་རྣམས་རྫོགས་བྱེད་ཅིང་། །སེམས་ཅན་རྣམས་ཀྱང་རྣམ་སྨིན་བྱེད། །ཀུན་ཏུ་ཚངས་དང་མི་འབྲལ་ལ། །དེ་ཡི་མི་མཐུན་ཕྱོགས་དང་རྒྱལ། །བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་བཟད་པས་ཀྱང་མི་འགྱུར་རོ། །ཞེས་སོ། །ངག་དོན་ནི། བྱང་སེམས་སྦྱོར་ལམ་པའི་ཚད་མེད་པའི་ཏིང་ངེ་འཛིན་ཆོས་ཅན། ཁྱོད་ལ་དབྱེ་ན་བཞིར་ཡོད་དེ། བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བཞིར་ཡོད་པའི་ཕྱིར།

གསུམ་པ་ལ། གཟུངས་ཀྱི་ཚོགས། ཡེ་ཤེས་ཀྱི་ཚོགས། སའི་ཚོགས་དང་གསུམ། དང་པོ་ནི། ཚིག་ལ་སོགས་པའི་གཟུངས་དང་། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་གཟུངས་ལ། རྒྱུ། ངོ་བོ། ཇི་ལྟར་སྒྲུབ་པའི་ཚུལ་དང་གསུམ། དང་པོ་ནི། བདག་པོའི་རྐྱེན་བསམ་གཏན་གྱི་དངོས་གཞི་ཡིན་ལ། སྔོན་དགེ་བ་རྒྱ་ཆེན་པོ་གོམས་པ། ཚེ་འདིར་གསུང་རབ་མང་དུ་ཐོས་པ་དང་། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཏིང་ངེ་འཛིན་རྣམ་པར་དག་པ་ནི་ཉེ་བའི་རྒྱུ་ཡིན་ནོ། །གཉིས་པ་ནི། མཚན་ཉིད། སྒྲ་དོན། སོ་སོའི་རང་བཞིན། བྱེད་ལས། གྲངས་ངེས། ས་མཚམས་དང་དྲུག །དང་པོ་ནི། རང་ཉིད་གཟུངས་སུ་སྒྲུབ་པར་བྱེད་པའི་རྒྱུ་ཕུན་ཚོགས་ལ་བརྟེན་ནས། གསུང་རབ་དཔག་ཏུ་མེད་པའི་ཚིག་དོན་ཅི་རིགས་པ་འཛིན་པར་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ། གཉིས་པ་ནི། ཆོས་རྣམས་ཀྱི་ཚིག་དོན་དང་ལེགས་པའི་ལམ་འཛིན་པས་ན་གཟུངས་ཞེས་བྱའོ། །གསུམ་པ་ལ། ཚིག་གི །དོན་གྱི། བཟོད་པའི། གསང་སྔགས་ཀྱི་གཟུངས་དང་བཞི། མཚན་ཉིད་སོགས་རིམ་བཞིན། གཟུངས་བཞིའི་ནང་ཚན་གང་ཞིག །གསུང་རབ་དཔག་ཏུ་མེད་པའི་ཚིག་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ། དེ་གང་ཞིག །གསུང་རབ་དཔག་ཏུ་མེད་པའི་དོན་འཛིན་པར་ནུས་པའི་དྲན་པ་སོགས། དེ་དག་ལ་ལུང་གི་ཆོས་ཀྱི་སྤྱན་དང་། ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་ཡང་འཇོག་པ་ཡིན་ནོ། །དབྱེ་ན། དགེ་བའི་ལས་ཀྱི་རྣམ་སྨིན་ལ། གསུང་རབ་མང་དུ་ཐོས་པ་ལ། བདེན་མེད་རྟོགས་པའི་ཏིང་ངེ་འཛིན་ལ་བརྟེན་པ་གསུམ། དེ་ཡང་དང་པོ་གཉིས་ལམ་མ་ཞུགས་ནས་ཀྱང་ཡོད་པས་ཆུང་ངུ་ཞེས་བྱ། ཕྱི་མ་ལམ་ཞུགས་ཁོ་ན་ལ་ཡོད་པས་ཆེན་མོའོ། །དེ་ལའང་། རྒྱན་ལས། ཆེན་པོ་དེ་ཡང་རྣམ་པ་གསུམ། །བློ་ལྡན་མ་ཞུགས་ཞུགས་པ་ཡང་། །མ་དག་ས་པ་རྣམས་ཀྱི་ནི། །ཆུང་ངུ་དང་ནི་འབྲིང་པོ་སྟེ། །དག་པའི་ས་བའི་གཟུངས་ཆེན་ཡིན། །ཞེས་གསུམ་དུ་བཤད་དོ། །དེ་གང་ཞིག །སྟོང་ཉིད་ལ་མི་སྐྲག་པའི་དྲན་པ་སོགས། དབྱེ་ན། སྟོང་ཉིད་ལ་མོས་སྤྱོད་དང་། དེ་མངོན་སུམ་དུ་རྟོགས་པ་གཉིས། དེ་གང་ཞིག །བདེན་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་རང་འབྲས་སུ་གྱུར་པའི་སྔགས་ཀྱི་ཚིག་རྣམས་འབྲས་བུ་འབྱིན་ནུས་སུ་བྱིན་གྱིས་རློབ་པར་ནུས་པའི་དྲན་པ་སོགས། དབྱེ་ན། བདེན་མེད་དོན་སྤྱི་དང་། མངོན་སུམ་དུ་རྟོགས་པ་གཉིས། བཞི་པ་ནི། རྒྱན་ལས། བྱང་ཆུབ་སེམས་དཔའ་ཡང་དང་ཡང་། །དེ་ལ་ཡང་དག་བརྟེན་ནས་ནི། །རྟག་ཏུ་དམ་པའི་ཆོས་དག་ཀྱང་། །རབ་ཏུ་སྟོན་ཅིང་འཛིན་པར་བྱེད། །ཅེས་སོ། །ལྔ་པ་ནི། གཟུངས་ཀྱི་དོན་ལ་ཚིག །དོན། ཡུལ་ཅན་ཡེ་ཤེས་གསུམ་དུ་ཡོད་ལ། དང་པོ་གཉིས་འཛིན་པའི་དབང་དུ་ཚིག་གཟུངས་དང་དོན་གཟུངས། གསུམ་པ་ལ་རང་གཞན་གྱི་དོན་སོ་སོ་གཙོ་བོར་སྒྲུབ་པའི་དབང་དུ་ཕྱི་མ་གཉིས་བཞག་གོ །དྲུག་པ་ནི། དང་པོ་གཉིས་ལམ་མ་ཞུགས་ནས་ཀྱང་ཡོད། ཕྱི་མ་གཉིས་ཐེག་ཆེན་གྱི་ཚོགས་ལམ་ནས་ཡོད་དོ། །གསུམ་པ་ནི། དང་པོར་ཡི་གེ་ཨ་ལྟ་བུ་ལ་དམིགས་ནས་མཐར་གྱིས་ཆོས་ཐམས་ཅད་བདེན་མེད་སྤྲོས་བྲལ་དུ་གཏན་ལ་འབེབས་པའོ། །ངག་དོན་ནི། གཟུངས་ཀྱི་ཚོགས་ཆོས་ཅན། ཁྱོད་ལ་བཞིར་ཡོད་དེ། ཚིག་གཟུངས་ལ་སོགས་པ་བཞིར་ཡོད་པའི་ཕྱིར། གཉིས་པ་ནི། དེ་ལ་ཡེ་ཤེས་ཀྱི་ཚོགས་ནི་ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཡེ་ཤེས་ཀྱི་ཚོགས་ལ། མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ། དང་པོ་ནི། བདག་མེད་རྟོགས་པའི་ཡེ་ཤེས་སོ། །བྱེ་བྲག་ཏུ། ཐེག་དམན་གྱི་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད། ཐེག་དམན་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས། མཚན་གཞི། ཐེག་དམན་གྱི་ལམ་ལྔ་ལྟ་བུ། ཐེག་ཆེན་གྱི་དེའི་མཚན་ཉིད། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས། མཚན་གཞི། ཐེག་ཆེན་གྱི་ལམ་ལྔ་ལྟ་བུ། རང་འབྲས་སུ་གྱུར་པའི་ཐེག་ཆེན་འཕགས་ལམ་གྱི་དངོས་རྒྱུ་བྱེད་པའི་སྟོང་ཉིད་སྒོམ་བྱུང་གི་སྒོ་ནས་གཙོ་བོར་རྟོགས་པའི་ཡེ་ཤེས། སྐབས་འདིར་དངོས་བསྟན་གྱི་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད། དེ་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་དོན་གཅིག །གཉིས་པ་ལ། ས་མཚམས་དང་། ཡུལ་གྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། སྟོང་ཉིད་ཐོས་བསམ་གྱི་སྒོ་ནས། སྒོམ་བྱུང་གིས་དོན་སྤྱིའི་ཚུལ་དུ། སྒོམ་བྱུང་གིས་མངོན་སུམ་དུ་གསར་དུ་རྟོགས་པའི། མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི། མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས་ཀྱི་ཚོགས་དང་ལྔ། གཉིས་པ་ལ། ནང་། ཕྱི། གཉིས་ཀ་སྟོང་པ། སྟོང་པ་ཉིད་སྟོང་པ། ཆེན་པོ། དོན་དམ་པ། འདུས་བྱས། འདུས་མ་བྱས། མཐའ་ལས་འདས་པ། ཐོག་མ་དང་ཐ་མ་མེད་པ། དོར་བ་མེད་པ། རང་བཞིན། ཆོས་ཐམས་ཅད། རང་གི་མཚན་ཉིད། མི་དམིགས་པ། དངོས་པོ་མེད་པའི་ངོ་བོ་ཉིད། དངོས་པོ། དངོས་པོ་མེད་པ། རང་གི་ངོ་བོ། གཞན་གྱི་ངོ་བོ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་དང་ཉི་ཤུའོ། །གསུམ་པ་ནི། སྟོང་ཉིད་དེ་དང་དེ་ལ་ལོག་ཕྱོགས་སུ་འཛིན་པའི་སྒྲོ་འདོགས་ཆོད་ནས་ངེས་པ་རྙེད་པའི་ས་མཚམས་གཙོ་ཆེ་བའི་དབང་དུ། དང་པོ་གསུམ་མོས་སྤྱོད། བཞི་བ་སྦྱོར་ལམ། ཆེན་པོ་སྟོང་པ་ཉིད་ནས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་བར་མ་དག་ས་བདུན། རང་བཞིན་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ས་བརྒྱད་པ། དེ་ནས་གཉིས་ས་དགུ་པ། དེ་ནས་གཉིས་ས་བཅུ་པ། ཐ་མ་གསུམ་སངས་རྒྱས་ཀྱི་ས་ན་ཡོད་ཅིང་། སྟོང་ཉིད་ཉི་ཤུ་པོ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་ཙམ་ས་དང་པོ་ནས་ཀྱང་ཡོད་དོ། །ངག་དོན་ནི། འདིར་བསྟན་ཡེ་ཤེས་ཀྱི་ཚོགས་ཆོས་ཅན། ཁྱོད་ལ་དབྱེ་ན་ཉི་ཤུར་ཡོད་དེ། ཁྱོད་ལ་ནང་སྟོང་པ་ཉིད་སོགས་ཉི་ཤུར་ཡོད་པའི་ཕྱིར། གསུམ་པ་ནི། སའི་ཚོགས་ལ་ས་གང་གིས། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། སའི་རྣམ་གཞག་སྤྱིར་བསྟན་པ་དང་། འདིར་བསྟན་གྱི་ས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། འབྱུང་བས་བསྡུས་པའི་ས། སྤང་བྱས་བསྡུས་པའི་ས། ལམ་གྱིས་བསྡུས་པའི་ས་དང་གསུམ། དང་པོ་ནི། སྲ་ཞིང་འཐས་པའི་ས་ལྟ་བུ། གཉིས་པ་ནི། འཁོར་བ་ལྟ་བུ། གསུམ་པ་ལ། ཐེག་དམན་དང་། ཐེག་ཆེན་གྱི་ས་གཉིས། དང་པོ་ནི། ཐེག་དམན་རང་ལུགས་ཀྱི་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་བྱེད་པའི་ཐེག་དམན་གྱི་མཁྱེན་པ་ལྟ་བུ། དེ་ལ། རིགས་ཀྱི། བརྒྱད་པའི། མཐོང་བའི། བསྲབས་པའི། འདོད་ཆགས་དང་བྲལ་བའི། བྱས་པ་རྟོགས་པའི། ཉན་ཐོས་ཀྱི། རང་སངས་རྒྱས་ཀྱི་ས་དང་བརྒྱད། མཚན་གཞི་རིམ་བཞིན། གནས་སྐབས་ཐེག་དམན་དུ་རིགས་ངེས་པའི། ཉན་ཐོས་སོ་སྐྱེ། རྒྱུན་ཞུགས་ཞུགས་པ། དེ་འབྲས་གནས། ཕྱིར་འོང་འབྲས་གནས། ཕྱིར་མི་འོང་འབྲས་གནས། དགྲ་བཅོམ་འབྲས་གནས། དེ་གསུམ་གྱི་ཞུགས་པ་གསུམ། རང་རྒྱལ་འཕགས་པའི་མངོན་རྟོགས་ལྟ་བུའོ། །གཉིས་པ་ལ། མོས་སྤྱོད་ཀྱི། བྱང་སེམས་ཀྱི། སངས་རྒྱས་ཀྱི་ས་དང་གསུམ། མཚན་གཞི་རིམ་བཞིན། ཐེག་ཆེན་ཚོགས་སྦྱོར་བའི། བྱང་འཕགས་ཀྱི། སངས་རྒྱས་ཀྱི་མངོན་རྟོགས་ལྟ་བུའོ། །གཉིས་པ་ལ། མཚན་ཉིད། སྒྲ་དོན། དབྱེ་བ། སོ་སོའི་རང་བཞིན། ཁྱད་ཆོས་དང་ལྔ། དང་པོ་ནི། སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་བྱེད་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་སློབ་པའི་མངོན་རྟོགས། གཉིས་པ་ནི། རྒྱན་ལས། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་སོ། །གསུམ་པ་ནི། རབ་ཏུ་དགའ་བ་ལ་སོགས་པ་བཅུའོ། །བཞི་པ་ལ། ས་དང་པོའི་མཚན་ཉིད་ནི། ཐེག་ཆེན་གྱི་སྦྱོར་ལམ་རྫོགས་རྗེས་སུ་བྱུང་ཞིང་། ས་གཉིས་པའི་ཡེ་ཤེས་མ་སྐྱེས་གོང་གི་མངོན་རྟོགས། དབྱེ་ན་ས་དང་པོའི་བར་ཆད་མེད་ལམ། རྣམ་གྲོལ་ལམ། ཁྱད་པར་གྱི་ལམ་གསུམ། དང་པོའི་མཚན་ཉིད། མཐོང་སྤང་ཤེས་སྒྲིབ་དངོས་སུ་སྤོང་བར་བྱེད་བཞིན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། མཚན་གཞི། ཐེག་ཆེན་མཐོང་ལམ་པ་དབང་རྟུལ་གྱི་རྒྱུད་ཀྱི་བཟོད་པ་བརྒྱད་ལྟ་བུ། གཉིས་པའི་མཚན་ཉིད། རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་མཐོང་སྤང་ཤེས་སྒྲིབ་ལས་གྲོལ་བའི་རྟེན་གཉེན་པོས་བསྡུས་པའི་བདེན་པ་མངོན་རྟོགས། མཚན་གཞི། གོང་གི་ཤེས་པ་བརྒྱད་ལྟ་བུ། གསུམ་པའི་མཚན་ཉིད། ཐེག་ཆེན་གྱི་ལམ་རྗེས་ཤེས་རྫོགས་རྗེས་སུ་བྱུང་ཞིང་། མཐོང་ལམ་གྱི་རྟོགས་རིགས་གོང་འཕེལ་དུ་གྱུར་པའི་མཁྱེན་པ། དབྱེ་ན། ས་དང་པོའི་རྗེས་ཐོབ་དང་། མཉམ་བཞག་སེང་གེ་རྣམ་བསྒྱིངས་ལྟ་བུ་རང་སས་བསྡུས་པ་དང་། ས་གཉིས་པ་ཡན་ཆད་ཀྱི་མཁྱེན་པ་ལྟ་བུ་ས་གོང་མས་བསྡུས་པ་གཉིས། དབྱེ་བ་འདི་ས་གཉིས་པ་སོགས་ལའང་ཤེས་པར་བྱའོ། །ས་དང་པོའི་སྒྲ་དོན་ནི། དེ་ལ་རབ་ཏུ་དགའ་བ་ཞེས་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ལ་རྒྱུའི་ནུས་པ་ཉེ་བ་དང་། སེམས་ཅན་མང་པོའི་དོན་སྒྲུབ་པའི་ནུས་པ་མཐོང་ནས། དགའ་སྤྲོ་རྒྱ་ཆེན་པོ་དང་ལྡན་པའི་ཕྱིར། ས་གཉིས་པའི་མཚན་ཉིད་ནི། ས་དང་པོ་རྫོགས་རྗེས་སུ་བྱུང་ཞིང་། ས་གསུམ་པ་མ་སྐྱེས་གོང་གི་མངོན་རྟོགས། དབྱེ་ན་གསུམ། དང་པོའི་མཚན་ཉིད། རང་གི་ངོ་སྐལ་གྱི་འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཤེས་སྒྲིབ་ཆེན་པོའི་ས་བོན་དངོས་སུ་སྤོང་བར་བྱེད་བཞིན་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། དབྱེ་ན། འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཤེས་སྒྲིབ་ཆེན་པོའི་ཆེན་པོ། དེའི་འབྲིང་། དེའི་ཆུང་ངུ་དངོས་སུ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་གསུམ། གཉིས་པའི་མཚན་ཉིད། རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཤེས་སྒྲིབ་ཆེན་པོ་ལས་གྲོལ་བའི་རྟེན་གཉེན་པོས་བསྡུས་པའི་རྗེས་ལ་མངོན་རྟོགས། དབྱེ་ན། གོང་གི་སྒོམ་སྤང་སྐོར་གསུམ་ལས་གྲོལ་བའི་རྣམ་གྲོལ་ལམ་གསུམ། གསུམ་པའི་མཚན་ཉིད་དང་དབྱེ་བ་སྔར་ལྟར་རོ། །སྒྲ་དོན་ནི། དྲི་མ་མེད་པ་ཞེས་བྱ་སྟེ། འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུ་ཉོན་མོངས་པའི་དྲི་མ་དང་བྲལ་བའི་ཕྱིར། ས་ལྷག་མ་རྣམས་ཀྱི་མཚན་ཉིད་དང་དབྱེ་བ་སྔར་ལས་དཔགས་ཏེ་ཤེས་སོ། །སོ་སོའི་སྒྲ་དོན་ནི། ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེན་པོ་དང་ལྡན་པས་འོད་བྱེད་པ། བྱང་ཆུབ་ཕྱོགས་མཐུན་རྟོགས་པའི་ཤེས་རབ་ཀྱིས་སྒྲིབ་གཉིས་སྲེག་པས་འོད་འཕྲོ་བ། སེམས་ཅན་སྨིན་པ་དང་རང་གི་སེམས་བསྲུང་བའི་ཡོན་ཏན་གཉིས་དང་ལྡན་པས་སྦྱང་དཀའ་བ། གནས་ལུགས་མངོན་སུམ་དུ་རྟོགས་པའི་ཤེས་རབ་མངོན་གྱུར་དུ་ལྡན་པས་མངོན་དུ་གྱུར་པ། ས་བརྒྱད་པ་དང་དངོས་རྒྱུ་དངོས་འབྲས་སུ་འབྲེལ་བས་མཚན་འཛིན་ལས་རིང་བའི་ཕྱིར་རིང་དུ་སོང་བ། མཚན་འཛིན་དང་རང་དོན་ཡིད་བྱེད་ཀྱིས་བསྐྱོད་མི་ནུས་པས་མི་གཡོ་བ། སོ་སོ་ཡང་དག་པར་རིག་པ་བཞི་རྗེས་མཐུན་བརྙེས་པས་བློ་གྲོས་ཐོགས་པ་མེད་པའི་ཕྱིར་ལེགས་པའི་བློ་གྲོས། གཟུངས་དང་ཏིང་ངེ་འཛིན་གྱིས་སེམས་ལ་ཁྱབ་པས་ཆོས་ཀྱི་སྤྲིན་ཞེས་བྱའོ། །ལྔ་པ་ལ། བསྡུ་བ། གྲངས་ངེས། ཤེས་བྱ་མཁྱེན་ཚུལ། ཡོན་ཏན་གྱི་ཁྱད་པར། རྣམ་སྨིན་གྱི་ལུས་འཛིན་ཚུལ་དང་ལྔ། དང་པོ་ནི། ས་བདུན་པ་མན་ཆད་འབད་རྩོལ་གྱི་མཚན་མས་མ་དག་པ་དང་། བརྒྱད་པ་ནས་དེས་དག་པས་མ་དག་པ་དང་དག་པ་གཉིས་སུ་འདུས་ཤིང་། དང་པོ་དགུ་རྒྱུའི་དང་། བཅུ་པ་འབྲས་བུའི་སར་ཡང་བཤད་དོ། །གཉིས་པ་ལ། བསླབ་པའི། ཉམས་སུ་བླང་བྱའི། སྤང་བྱའི་དབང་དུ་བྱས་པའི་གྲངས་ངེས་དང་གསུམ། དང་པོ་ནི། བསླབ་པ་གསུམ་གྱི་རྒྱུའི་དབང་དུ་བྱས་ནས་ས་དང་པོ། ངོ་བོའི་དབང་དུ་བྱས་ནས་ས་གཉིས་པ་ནས་དྲུག་གི་བར། འབྲས་བུའི་དབང་དུ་བྱས་ནས་ལྷག་མ་བཞི་བཞག་གོ །གཉིས་པ་ནི། ཕར་ཕྱིན་བཅུ་པོ་རེ་རེ་ལ་གཙོ་བོར་སྤྱོད་པའི་དབང་དུ་བྱས་ནས་ས་བཅུ་བཞག་སྟེ། དབུས་མཐའ་ལས། སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་དང་། །འདི་དག་ཕ་རོལ་ཕྱིན་བཅུའོ། །ཞེས་དང་། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་རྣམས་སུ་ཤེས་པར་བྱ། །ཞེས་སོ། །གསུམ་པ་ནི། སྒྲིབ་པ་བཅུའི་གཉེན་པོར་ས་བཅུ་བཞག་སྟེ། སྔ་མ་ལས། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ནི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་སོ། །གསུམ་པ་ལ། ཤེས་བྱ་རྟོགས་པའི་རིམ་པ་དང་། ཇི་ལྟར་དུ་རྟོགས་ཚུལ་གཉིས། དང་པོ་ལ། རང་བཞིན་རྣམ་དག་དང་། གློ་བུར་རྣམ་དག་རྟོགས་ཚུལ་གྱི་ལྡོག་ཆ་གཉིས། དང་པོ་ནི། ས་བཅུའི་མཉམ་བཞག་གི་གནས་སྐབས་སུ་རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་ཚུལ་ལ་ཁྱད་པར་མེད་དེ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱིས་སྡུག་བསྔལ་བདེན་པའི་རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་དུས་སུ། ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་ཏེ། དེ་ཆོས་ཉིད་ལ་སྒྲུབ་པས་འཇུག་པའི་མངོན་སུམ་གང་ཞིག །རང་བཞིན་རྣམ་དག་གི་ཆོས་ཉིད་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར། འཕགས་པ་ལྷས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་སོ། །འོན་ཀྱང་ཆོས་ཅན་སོ་སོ་བ་དང་འབྲེལ་བའི་ཆོས་ཉིད་ལ་ངེས་པ་མི་འདྲ་བ་འདྲེན་ཚུལ་གྱི་ཁྱད་པར་ཡོད་དེ། དབུས་མཐའ་ལས། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང་། །ཡོངས་སུ་འཛིན་པ་མེད་དོན་དང་། །རྒྱུད་རྣམས་ཐ་དད་མེད་དོན་དང་། །ཉོན་མོངས་རྣམ་དག་མེད་དོན་དང་། །ཐ་དད་མེད་པའི་དོན་ཉིད་དང་། །འགྲིབ་མེད་འཕེལ་བ་མེད་དོན་དང་། །དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་སོ། །གཉིས་པ་ནི། ས་བཅུའི་མཉམ་བཞག་གི་གནས་སྐབས་སུ་གློ་བུར་རྣམ་དག་གི་ཆོས་ཉིད་མཐོང་ཚུལ་ལ་ཁྱད་པར་ཡོད་དེ། ས་དང་པོར་མཐོང་སྤང་དང་བྲལ་བའི་ཆོས་དབྱིངས་མངོན་དུ་གྱུར་བ་ནས་སངས་རྒྱས་ཀྱི་སར་སྒྲིབ་པ་མ་ལུས་པ་དང་བྲལ་བའི་ཆོས་དབྱིངས་མངོན་དུ་གྱུར་བའི་བར་དུ་ཡོད་པའི་ཕྱིར། མདོ་ལས། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་སོ། །གཉིས་པ་ནི། ས་བཅུའི་མཉམ་བཞག་གིས་བདེན་གཉིས་ཟུང་འཇུག་གི་ཚུལ་གྱིས་འཇལ་ཏེ། ལྟ་བས་སྣང་བའི་སྟེང་དུ་སྤྲོས་པ་གཅོད་ཅིང་། སྒོམ་པས་ཀྱང་སྣང་བ་ལ་དམིགས་ནས་རང་བཞིན་མེད་པར་སྒོམ་པའི་ཕྱིར། རྗེས་ཐོབ་ཀྱིས་ཀྱང་བདེན་གཉིས་ཟུང་འཇུག་ཏུ་འཇལ་ཏེ། འདུས་བྱས་ཏེ་ཆོས་འདི་དག་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུར་འཇལ་བའི་ཕྱིར་ཏེ། རྩ་བར། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་འཇལ་ཚུལ་ལ་ཁྱད་པར་ཡོད་དེ། མཉམ་བཞག་ཏུ་དོན་དམ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་ཅིང་། ཀུན་རྫོབ་དམིགས་ཡུལ་ཙམ་དུ་བྱེད། རྗེས་ཐོབ་ཏུ་ཀུན་རྫོབ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་ཅིང་། དོན་དམ་དམིགས་ཡུལ་དུ་བྱེད་པའི་སྒོ་ནས་འཇལ་བའི་ཕྱིར། བཞི་པ་ལ། ས་དང་པོ་ལ་ལྡན་པའི་ཡོན་ཏན་ཞིབ་ཏུ་བཤད་པ་དང་། དེས་ལྷག་མ་རྣམས་མཚོན་ཚུལ་གཉིས། དང་པོ་ནི། ས་བཅུ་པའི་མདོ་ལས་གསུངས་པའི་དོན་འཇུག་པར་ཚིགས་སུ་བཅད་པ། དེ་ཚེ་འདི་ཡིས་སངས་རྒྱས་བརྒྱ་མཐོང་ཞིང་། །དེ་དག་བྱིན་གྱིས་བརླབས་ཀྱང་འདི་ཡིས་རྟོགས། །དེ་ཉིད་ཚེ་ནི་བསྐལ་པ་བརྒྱར་གནས་ཤིང་། །སྔོན་དང་ཕྱི་མའི་མཐར་ཡང་ཡང་དག་འཇུག །བློ་ལྡན་ཏིང་འཛིན་བརྒྱ་ཕྲག་སྙོམས་པར་འཇུག་ཅིང་གཏོང་བྱེད་དེ། །འཇིག་རྟེན་ཁམས་བརྒྱ་འདི་ཡིས་ཀུན་ནས་གཡོ་ཞིང་སྣང་བར་ནུས། །དེ་བཞིན་རྫུ་འཕྲུལ་གྱིས་དེ་སེམས་ཅན་བརྒྱ་ཕྲག་སྨིན་བྱེད་ཅིང་། །བརྒྱ་ཕྲག་གྲངས་དང་རྗེས་འབྲེལ་ཞིང་དག་ཏུའང་འགྲོ་བར་འགྱུར། །དེས་ནི་ཆོས་ཀྱི་སྒོ་རྣམས་ཡང་དག་འབྱེད་བྱེད་ཐུབ་དབང་སྲས། །རང་གི་ལུས་ལ་ལུས་རྣམས་ཀུན་ནས་སྟོན་པར་བྱེད་པའང་ཡིན། །རང་གི་འཁོར་དང་བཅས་པས་མཛེས་འབྱོར་ལུས་ནི་རེ་རེ་ཞིང་། །རྒྱལ་བའི་སྲས་པོ་བརྒྱ་ཕྲག་དག་དང་རྗེས་སུ་འབྲེལ་བའང་སྟོན། །ཞེས་སྐད་ཅིག་མ་རེ་རེ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སྟོན་ནུས་པར་གསུངས་སོ། །གཉིས་པ་ནི། ས་དང་པོའི་ཡོན་ཏན་དེ་ཉིད་གཉིས་པར་སྟོང་འགྱུར། གསུམ་པར་འབུམ་འགྱུར། བཞི་པར་བྱེ་བ་ཕྲག་བརྒྱ། ལྔ་པར་བྱེ་བ་ཕྲག་སྟོང་། དྲུག་པར་བྱེ་བ་ཕྲག་བརྒྱ་སྟོང་། བདུན་པར་བྱེ་བ་ཁྲག་ཁྲིག་བརྒྱ། བརྒྱད་པར་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་སྙེད། དགུ་པར་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་སྙེད། བཅུ་པར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་སྙེད་ཀྱི་ཡོན་ཏན་ཐོབ་པར་གསུངས་སོ། །ལྔ་བ་ནི། གཙོ་ཆེ་བའི་དབང་དུ་བྱས་ན། ས་བཅུ་པོར་རིམ་བཞིན་འཛམ་གླིང་གི་རྒྱལ་པོ། གླིང་བཞིའི་རྒྱལ་པོ། བརྒྱ་བྱིན། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་རྣམས་ཀྱི་རྒྱལ་པོ། སྟོང་གི་བདག་པོ། ཚངས་པ། སྟོང་གསུམ་གྱི་བདག་པོ། ཚངས་ཆེན། འོག་མིན་མན་ཆད་ལ་དབང་བའི་ལྷའི་བུ་དབང་ཕྱུག་ཆེན་པོའི་ཚུལ་བཟུང་ནས་དོན་མཛད་དོ། །ངག་དོན་ནི། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ཞེས་སོགས་ཀྱི་གཞུང་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སའི་ཡོངས་སྦྱོང་གི་རབ་དབྱེ་བདེ་བླག་ཏུ་རྟོགས་པའི་ཆེད་ཡོད་པའི་ཕྱིར། སྤྱི་དོན་སྙིང་པོར་དྲིལ་བ་བདུད་རྩིའི་ཉིང་ཁུ་ལས། རྣམ་མཁྱེན་བཤད་པའི་སྐབས་ཏེ་དང་པོའོ།། །།

རྒྱུ་ལམ་ཤེས།

༈ རྩ་བའི་ས་བཅད་གཉིས་པ་རྒྱུ་ལམ་ཤེས་ལ། འབྲེལ་བཀོད་པའི་སྒོ་ནས་མཚམས་སྦྱར་བ་དང་། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་གཉིས། དང་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལམ་ཤེས་ལ། མཚན་ཉིད། དབྱེ་བ། གཞུང་གིས་བསྟན་ཚུལ། རྣམ་མཁྱེན་ལས་ལོགས་སུ་ལམ་ཤེས་འཆད་པའི་རྒྱུ་མཚན་དང་བཞི། དང་པོ་གཉིས་གོང་དུ་བཤད་ཟིན། གསུམ་པ་ནི། སྐབས་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ལམ་ཤེས་ཡིན་ན་རྒྱུ་ལམ་ཤེས་ཡིན་དགོས་ཏེ། ལམ་ཤེས་ལ། རྒྱུ་ལམ་ཤེས་དང་། སངས་རྒྱས་ཀྱི་སས་བསྡུས་པའི་འབྲས་དུས་ཀྱི་ལམ་ཤེས་གཉིས་སུ་ངེས་ཤིང་། སྐབས་དང་པོར་རྣམ་མཁྱེན་བཤད་ནས། དེའི་རྒྱུ་ངོ་ཤེས་པའི་ཕྱིར་སྐབས་གཉིས་པ་གསུངས་པའི་ཕྱིར། བཞི་པ་ནི། རྣམ་མཁྱེན་དེ་རྒྱུ་ལམ་ཤེས་ཡོད་ན་འབྱུང་ལ་མེད་ན་མི་འབྱུང་བས་ལོགས་སུ་བཞག་སྟེ། འབྲས་བུ་རྣམ་མཁྱེན་ཐོབ་པ་ནི་རྒྱུ་ལམ་ཤེས་ཉམས་སུ་ལེན་པ་ལ་རག་ལས་པའི་ཕྱིར། ངག་དོན་ནི། རྣམ་མཁྱེན་གྱི་འོག་ཏུ་ལམ་ཤེས་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། རྣམ་མཁྱེན་དེ་རྒྱུ་ལམ་ཤེས་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བཤད་པའི་ཕྱིར།

གཉིས་པ་ལ། བསྡུ་བ་སྤྱིར་བསྟན་པ་དང་། དཀའ་གནས་སོ་སོར་བཤད་པ་གཉིས། དང་པོ་ལ། ལམ་ཤེས་ཀྱི་ཡན་ལག་དང་། ཡན་ལག་ཅན་གྱི་ལམ་ཤེས་གཉིས། དང་པོ་ལ། ལམ་ཤེས་མ་སྐྱེས་པ་སྐྱེད་པར་བྱེད་པའི་ཡན་ལག་དང་། སྐྱེས་ནས་གཞན་ལ་ཕན་འདོགས་པའི་ཡན་ལག་གཉིས། དང་པོ་ལ། གེགས་ཉོན་མོངས་མངོན་གྱུར་བ་དང་བྲལ་བའི་ལུས་རྟེན། མཐུན་རྐྱེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བསམ་པའི་རྟེན། ཉེ་བར་ལེན་པའི་རྒྱུ་ཐེག་ཆེན་གྱི་རིགས་སད་པ་དང་གསུམ། དང་པོ་ནི། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །ཞེས་སོགས་རྩ་འགྲེལ་གྱིས་བསྟན། གཉིས་པ་ནི། ཡུལ་ངེས་པ་དང་། ཞེས་སོགས་རྩ་འགྲེལ་གྱིས་བསྟན། གསུམ་པ་ནི། ཁྱབ་པ་དང་ཞེས་སོགས་རྩ་འགྲེལ་གྱིས་བསྟན། གཉིས་པ་ལ། ལམ་ཤེས་ཀྱི་རང་བཞིན་དང་། དེའི་བྱེད་ལས་གཉིས། དང་པོ་ནི། རང་བཞིན་དང་ནི་ཞེས་པ་རྩ་འགྲེལ་གྱིས་བསྟན། གཉིས་པ་ནི། དེ་ཡི་ལས་ཞེས་པ་རྩ་འགྲེལ་གྱིས་བསྟན།

གཉིས་པ་ལ། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་གསུམ། དང་པོ་ནི། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། ཞེས་སོགས་དང་། འཕགས་པ་ཉན་ཐོས་ལམ་ལ་ནི། ཞེས་སོགས་ཀྱིས་དེའི་རྒྱུ་ངེས་འབྱེད་ཆ་མཐུན་བསྟན། གཉིས་པ་ལ། རང་རྒྱལ་ལམ་གྱི་ཁྱད་ཆོས། ཁྱད་གཞི་རང་རྒྱལ་ལམ་གྱི་ངོ་བོ། དེ་ཇི་ལྟར་ཤེས་ཚུལ་དང་གསུམ། དང་པོ་ནི། རང་བྱུང་བདག་ཉིད་སོགས་དང་། གང་གང་དོན་ནི་སོགས་ཀྱིས་དེ་ལ་རྩོད་སྤོང་བསྟན། གཉིས་པ་ནི། གཟུང་དོན་རྟོག་པ་སོགས། གསུམ་པ་ནི། བཏགས་པའི་ཆོས་ཉིད་སོགས། གསུམ་པ་ལ། གནས་ལུགས་གསར་དུ་མཐོང་བའི་ཚུལ་དང་། མཐོང་ཟིན་གོམས་པའི་ཚུལ་གཉིས། དང་པོ་ནི་བདེན་དང་བདེན་ལ་སོགས་མདོར་བསྟན་དང་། རྒྱས་བཤད་ཀྱིས་བསྟན། གཉིས་པ་ལ། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་གཉིས། དང་པོ་ནི། ཀུན་ནས་ཞི་དང་སོགས། གཉིས་པ་ལ། ཟག་བཅས་སྒོམ་ལམ་དང་། ཟག་མེད་སྒོམ་ལམ་གཉིས། དང་པོ་ལ། མོས་བསྔོ་རྗེས་སུ་ཡི་རང་གསུམ། དང་པོ་ནི། མོས་པ་རང་གི་སོགས་དང་། ཤེས་རབ་ཕ་རོལ་ཕྱིན་པ་ལ། ཞེས་སོགས་རྩ་འགྲེལ་གྱིས་དེའི་ཕན་ཡོན་བསྟན། གཉིས་པ་ནི། ཡོངས་སུ་བསྔོ་བ་སོགས། གསུམ་པ་ནི། ཐབས་དང་མི་དམིགས་སོགས། གཉིས་པ་ལ། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་གཉིས། དང་པོ་ནི། དེ་ཡི་ངོ་བོ་ཉིད་མཆོག་ཉིད་སོགས། གཉིས་པ་ལ་ལྔ་ལས། དང་པོ་རྣམ་དག་སྒོམ་ལམ་གྱི་རྒྱུ་དང་རྒྱུ་མ་ཡིན་པའི་རབ་དབྱེ་ནི། སངས་རྒྱས་རྟེན་དང་སོགས། གཉིས་པ་དེའི་ངོ་བོ་སྤྱིར་བསྟན་པ་ནི། འབྲས་བུ་དག་པ་སོགས། གསུམ་པ་དེའི་དབྱེ་བ་ནི། ཉོན་མོངས་ཤེས་བྱ་སོགས། བཞི་པ་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་སྒྲུབ་པའི་ཚུལ་ནི། ས་དགུ་ལ་ནི་སོགས། ལྔ་པ་རྩོད་སྤོང་ནི། དེ་ལ་ཀླན་ཀ་སྤངས་པ་ཡིས། །ཞེས་སོགས་ཀྱིས་བསྟན་ཏོ། །

གཉིས་པ་ལ་གཉིས་ལས། དང་པོ་ལམ་ཤེས་ཀྱི་ཡན་ལག་ནི། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལམ་ཤེས་ཀྱི་ཡན་ལག་ལ། མཚན་ཉིད། དབྱེ་བ། དོགས་གཅོད་དང་གསུམ། དང་པོ་ནི། ལམ་ཤེས་དངོས་སུ་སྐྱེ་བའི་ལུས་རྟེན་ལ་སོགས་པ་ཆོས་ལྔ་གང་རུང་གིས་བསྡུས་པའི་ལམ་ཤེས་ཀྱི་ཁྱད་ཆོས། གཉིས་པ་ལ། ལམ་ཤེས་མ་སྐྱེས་པ་བསྐྱེད་པའི་ཡན་ལག་དང་། སྐྱེས་ནས་གཞན་ལ་ཕན་འདོགས་པའི་ཡན་ལག་གཉིས། དང་པོའི་མཚན་ཉིད། ལམ་ཤེས་ཀྱི་ཡན་ལག་གང་ཞིག །ལམ་ཤེས་མ་ཐོབ་པ་ཐོབ་པའི་ཕྱིར་དུ་བརྩོན་པར་བྱེད་པའི་རྒྱུར་གྱུར་པ། དབྱེ་ན། ལུས་རྟེན། བསམ་པའི་རྟེན། ཉེ་བར་ལེན་པའི་རྒྱུ་རིགས་དང་གསུམ། དང་པོ་ནི། ཉོན་མོངས་མངོན་གྱུར་བ་དང་བྲལ་བའི་ཆོས་མཆོག་སྐད་ཅིག་ཐ་མ་ལ་གནས་པའི་བྱང་སེམས་ལྟ་བུ། གཉིས་པ་ནི། དེའི་རྒྱུད་ཀྱི་སེམས་བསྐྱེད་ལྟ་བུ། གསུམ་པ་ནི། ལམ་ཤེས་ཀྱི་རྒྱུར་གྱུར་པའི་ཡིད་ཀྱི་རྣམ་པར་ཤེས་པ་གསལ་རིག་ལྟ་བུ། གཉིས་པའི་མཚན་ཉིད། དེའི་ཡན་ལག་གང་ཞིག །ལམ་ཤེས་ཀྱི་ངོ་བོ་དང་འབྲས་བུ་གང་རུང་དུ་གྱུར་བ། དབྱེ་ན། ལམ་ཤེས་ཀྱི་རང་བཞིན་དང་དེའི་བྱེད་ལས་གཉིས། དང་པོ་ནི། གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པའི་བག་ཆགས་ཆེད་དུ་གཉེར་ནས་མི་སྤོང་བའི་ཐེག་ཆེན་གྱི་མཐོང་ལམ་དང་སྒོམ་ལམ་ལྟ་བུ། གཉིས་པ་ནི། ལམ་ཤེས་ཀྱིས་བདག་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་མཛད་པ་ཕྲིན་ལས་ལྟ་བུ། གསུམ་པ་ནི། སྤྱིར་སོ་སྐྱེ་ཐམས་ཅད་ཀྱི་རྒྱུད་ལ་ཉོན་ཡིད་ཡོད་པར་བཤད་པ་ནི་རགས་པ་ཙམ་སྟེ། གཞན་དུ་ཆོས་མཆོག་སྐད་ཅིག་ཐ་མ་ལ་གནས་པའི་བྱང་སེམས་ནི་སོ་སྐྱེ་ཡིན་ཡང་ཉོན་ཡིད་དང་མི་ལྡན་ཏེ། དེ་ང་རྒྱལ་དང་བྲལ་བའི་ཕྱིར་ཏེ། ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་རྟོགས་པ་སྐྱེའོ་ཞེས་བཤད་པའི་ཕྱིར། ངག་དོན་ནི། ལམ་ཤེས་ཀྱི་ཡན་ལག་ཆོས་ཅན། ཁྱོད་ལ་དབྱེ་ན་ལྔར་ཡོད་དེ། ལམ་ཤེས་སྐྱེ་བའི་ཡན་ལག་གསུམ་དང་། སྐྱེས་ནས་ཕན་འདོགས་བྱེད་གཉིས་སུ་ཡོད་པའི་ཕྱིར།

ཐེག་པ་གསུམ་རྣམ་པར་བཞག་པ་ནི་ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་ཚུལ། སེམས་ཅན་ཐམས་ཅད་འཚང་རྒྱ་ཚུལ། འཁོར་བ་ལ་མཐའ་མེད་ཚུལ། འཕྲོས་དོན་གཞན་བཤད་པ་དང་བཞི། དང་པོ་ནི། གནས་སྐབས་གདུལ་བྱ་རིགས་ཅན་གསུམ་ལ་དགོངས་ནས་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་དུ་བཞག་ཀྱང་། མཐར་ཐུག་ལ་ལྟོས་ནས་ཐེག་པ་གཅིག་ཏུ་གྲུབ་སྟེ། དམ་ཆོས་པད་དཀར་ལས། ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །གསུམ་པ་ནམ་ཡང་ཡོད་མིན་འཇིག་རྟེན་ན། །སྐྱེས་བུ་མཆོག་རྣམས་ཐབས་ཀྱི་ཐེག་པ་གང་། །སྣ་ཚོགས་ཉེ་བར་སྟོན་པ་མཛད་མ་གཏོགས། །ཞེས་དང་། ལང་གཤེགས་ལས། ཐེག་པ་གཅིག་ཏུ་ངས་སྨྲས་ཏེ། །ཐེག་པའི་རྣམ་གཞག་ཡོད་མ་ཡིན། །བྱིས་པ་རྣམས་ནི་ཡོང་དྲང་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་གསུངས་པའི་ཕྱིར། འོ་ན། རྒྱན་ལས། ཁམས་རྣམས་དང་པོ་མོས་པ་དང་། །སྒྲུབ་པ་ཐ་དད་དབྱེ་བ་དང་། །འབྲས་བུ་ཐ་དད་མཐོང་བའི་ཕྱིར། །རིགས་ཡོད་ཅེས་ནི་ངེས་པ་ཡིན། །ཞེས་སོགས་དུ་མར་གསུངས་པ་དང་མི་འགལ་ལམ་ཞེ་ན་སྐྱོན་མེད་དེ། དེ་ནི་འཁོར་བའི་སྡུག་བསྔལ་གྱིས་དུབ་པའི་སེམས་ཅན་རྣམས་གནས་སྐབས་སུ་དམན་པའི་མྱང་འདས་ལ་བཀོད་ནས་མཐར་ཐུག་ཐེག་ཆེན་དུ་ཁ་དྲང་བ་ལ་དགོངས་པའི་ཕྱིར། གཉིས་པ་ནི། སེམས་ཅན་ཡིན་ན་འཚང་རྒྱ་ངེས་ཡིན་པས་ཁྱབ་སྟེ། དེའི་རྒྱུད་ལ་རྒྱུའི་གཙོ་བོ་རིགས་ཀྱིས་ཁྱབ་པ་གང་ཞིག །འགལ་རྐྱེན་གློ་བུར་བའི་དྲི་མ་རྣམས་སྤང་དུ་རུང་། མཐུན་རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་རང་རྒྱུད་ལ་འཇུག་ཏུ་རུང་བའི་ཕྱིར། དང་པོ་གྲུབ་སྟེ། རྒྱུད་བླར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྒྱུད་བླར། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་ཆད། །ཅེས་གསུངས་པའི་ཕྱིར། རྩ་བར་ཁྱབ་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཐ་ན་ལོག་པ་ཉིད་དུ་ངེས་པའི་རྒྱུད་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་ལུས་ལའང་དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ཕོག་པས་དེ་དག་ལ་ཕན་ཐོགས་པར་འགྱུར་ཞིང་། མ་འོངས་པའི་རྒྱུ་ཡང་དག་པར་བསྐྱེད་པས་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་འཕེལ་བར་འགྱུར་རོ། །ཞེས་དང་། ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས། འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད། །ཅེས་གསུངས་པའི་ཕྱིར། གསུམ་པ་ནི། སྤྱིར་འཁོར་བ་ལ་མཐའ་མེད་དེ། འཇུག་པ་ལས། ཐོག་མ་དང་པོ་ཐ་མ་མཐའ། །དེ་དག་མེད་པས་འཁོར་བ་ནི། །ཐོག་མ་ཐ་མ་མེད་པར་བརྗོད། །ཅེས་གསུངས་པའི་ཕྱིར། འོ་ན་བཞི་བརྒྱ་པ་ལས། ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་ལྡོག་པར་འགྱུར། །ཞེས་སོགས་ཀྱིས་མི་གནོད་དམ་ཞེ་ན་སྐྱོན་མེད་དེ། དེ་ནི་གང་ཟག་སྒོས་ཚན་པའི་འཁོར་བ་ལ་ཕྱི་མཐའ་ཡོད་པ་ཙམ་ལ་དགོངས་པའི་ཕྱིར། བཞི་པ་ལ། ཐེག་དམན་འཕགས་པ་ཐེག་ཆེན་གྱི་ལམ་གང་ནས་འཇུག་པ་དང་། ཞུགས་ཟིན་སོ་སྐྱེར་འཐད་ཚུལ་གཉིས། དང་པོ་ནི། ཐེག་ཆེན་གྱི་ཚོགས་ལམ་རང་ནས་འཇུག་དགོས་ཏེ། འཚང་རྒྱ་བ་ལ་ཐེག་ཆེན་གྱི་ལམ་ལྔ་རིམ་གྱིས་བགྲོད་དགོས་པའི་ཕྱིར། གཞན་ཡང་དེ་ཡིན་ཏེ། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་ལ་དེ་དོན་སྤྱིའི་ཚུལ་དུ་རྟོགས་པའི་མཁྱེན་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། གཉིས་པ་ནི། ཐེག་དམན་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་སྦྱོར་བའི་རྒྱུད་ལ་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་རྟོགས་པ་རེས་འགའ་མངོན་དུ་འགྱུར་བའི་སྐབས་སྲིད་ཀྱང་། ཕལ་ཆེར་ས་བོན་ནུས་ལྡན་གྱི་ཚུལ་དུ་གནས་ཏེ། དེས་ཉོན་མོངས་པའི་གཉེན་པོ་གང་ཟག་གི་བདག་མེད་བསྒོམ་པ་ལ་འབད་མི་དགོས་པའི་ཕྱིར་ཏེ། དེས་ཉོན་མོངས་པ་སྤངས་ཟིན་པའི་ཕྱིར། རེས་འགའ་མངོན་དུ་འགྱུར་བའི་དུས་གང་ཞེ་ན། དེ་འདྲའི་གང་ཟག་གིས་རང་དོན་ཡིད་བྱེད་ལ་གོམས་པའི་སྟོབས་ཀྱིས་ཐེག་དམན་དུ་ལྟུང་སྲིད་ལ། དེའི་ཚེ་ཐེག་དམན་གྱི་ཚོགས་ལམ་ནས་འཇུག་མི་དགོས་ཏེ། སྔར་གྱི་དགྲ་བཅོམ་པའི་ལམ་ལ་དངོས་སུ་གནས་ནུས་པའི་ཕྱིར། རྒྱུན་ཞུགས་དང་ཕྱིར་འོང་ཙམ་གྱི་རྟོགས་པ་སྔོན་སོང་གི་ཐེག་ཆེན་ཚོགས་སྦྱོར་བའི་རྒྱུད་ལའང་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་མངོན་གྱུར་དུ་མི་ལྡན་ཏེ། དེའི་རྒྱུད་ལ་ཆོས་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པའི་ཐེག་ཆེན་གྱི་ལམ་མངོན་གྱུར་དུ་ལྡན་པའི་ཕྱིར། དེས་ན། དམན་ལམ་འཕགས་རྒྱུད་ཀྱི་མཁྱེན་པ་སྔོན་སོང་གི་ཐེག་ཆེན་ཚོགས་སྦྱོར་བ་གཉིས་ཀ་སོ་སྐྱེར་འཐད་དེ། ཐེག་ཆེན་གྱི་གང་ཟག་གང་ཞིག །ཆོས་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པའི་ཐེག་ཆེན་གྱི་སྐྱེས་བུ་ཡིན་པའི་ཕྱིར། ངག་དོན་ནི། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་ལམ་ཤེས་བསྒོམ་དགོས་ཏེ། ཁྱོད་སེམས་ཅན་གང་ཞིག །ཁྱོད་འཚང་རྒྱ་བའི་ཕྱིར།

བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་སྐབས་འདིར་བསྟན་གྱི་ཉོན་མོངས་པ་དེ་མཚན་བཏགས་གང་ཡིན་དཔྱད་པ་ལ། ཉོན་མོངས་པའི་སྒྲ་འཇུག་ཚུལ་སྤྱིར་བསྟན། འདིར་བསྟན་གྱི་ཉོན་མོངས་ངོས་བཟུང་། ཞར་ལ་སྐྱེ་བ་ལེན་ཚུལ་གྱི་དབྱེ་བ་དང་གསུམ། དང་པོ་ལ། མངོན་གྱུར། ས་བོན། བག་ཆགས་དང་གསུམ། དང་པོའི་མཚན་ཉིད། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་སྒོ་ནས་རང་ཡུལ་གྱི་དམིགས་རྣམ་འཛིན་བྱེད་ཀྱི་རིག་པ། མཚན་གཞི། རྩ་ཉོན། ཉེ་ཉོན། དེ་དག་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་མཐའ་དག་གོ །གཉིས་པའི་མཚན་ཉིད། སེམས་རྒྱུད་ལ་ཉོན་མོངས་པའི་རིགས་འདྲ་སྔ་མས་བཞག་པའི་ནུས་པ་གང་ཞིག །རྐྱེན་དང་འཕྲད་ན་ཉོན་མོངས་པ་ཕྱི་མ་བསྐྱེད་པའི་རིགས་གནས། དབྱེ་ན། ཉོན་མོངས་པ་དང་ལྷན་ཅིག་ཏུ་འཇུག་པའི་ས་བོན་དང་། རང་དུས་སུ་ཉོན་མོངས་པ་འགགས་ཟིན་པའི་ས་བོན་གཉིས། དང་པོ་ནི། མ་རིག་པ་རིགས་འདྲ་སྔ་མས་ཕྱི་མ་བསྐྱེད་བཞིན་པའི་ནུས་པ་ལྟ་བུ། གཉིས་པ་ནི། མཉམ་བཞག་ལ་གནས་བཞིན་པའི་ཉན་ཐོས་འཕགས་པའི་རྒྱུད་ཀྱི་ཉོན་མོངས་པའི་ས་བོན་ལྟ་བུ། གསུམ་པའི་མཚན་ཉིད། སེམས་རྒྱུད་ལ་ཉོན་མོངས་པའི་རིགས་འདྲ་སྔ་མས་བཞག་པའི་གནས་ངན་ལེན་གྱི་དྲི་མ་ཕྲ་ཞིང་ཕྲ་བ་གང་ཞིག །རྐྱེན་དང་ཕྲད་ཀྱང་ཉོན་མོངས་པའི་རིགས་འདྲ་ཕྱི་མ་འབྱུང་བའི་ནུས་པ་གཏན་མེད་པ། ཉོན་མོངས་པའི་བག་ཆགས། དེའི་གནས་ངན་ལེན། མ་རིག་བག་ཆགས་ཀྱི་ས་རྣམས་མིང་གི་རྣམ་གྲངས་སོ། །དེ་ཡང་དང་པོ་གཉིས་ནི་ཉོན་སྒྲིབ་མཚན་ཉིད་པ་ཡིན་ལ། ཕྱི་མ་བཏགས་པ་བ་ཡིན་ནོ། །གཉིས་པ་ནི། སྔར་བཤད་པའི་ཉོན་མོངས་པ་དང་པོ་གཉིས་འདིར་བསྟན་གྱི་ཉོན་མོངས་མ་ཡིན་ཏེ། འདིར་བསྟན་གྱི་ཉོན་མོངས་པ་ནི་བྱང་སེམས་འཕགས་པས་གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་བྱེད་ལ། དེས་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་འཆི་སྤངས་ཟིན་པའི་ཕྱིར། རྒྱུད་བླར། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། ཞེས་སོ། །དེས་ན་གསུམ་པའི་སྟེང་ནས་འཇོག་ཅིང་། དེ་ལ་ཡང་བྱང་ཆུབ་ཀྱི་གེགས་བྱེད་པའི་ཉོན་མོངས་པའི་བག་ཆགས་དང་། དེའི་གྲོགས་སུ་གྱུར་པའི་ཉོན་མོངས་པའི་བག་ཆགས་གཉིས་ལས། དང་པོ་མ་ཡིན་ཏེ། ཅིག་ཅར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་ངོ་། །ཞེས་གསུངས་པའི་ཕྱིར། དེས་ན་གཉིས་པ་ཡིན་ཏེ། དེ་བྱང་སེམས་འཕགས་པས་གཞན་དོན་དུ་ཚོགས་གསོག་པའི་ཡན་ལག་ཏུ་ཆེད་དུ་གཉེར་ནས་འཛིན་པའི་ཕྱིར། འོད་སྲུང་གིས་ཞུས་པའི་མདོ་ལས། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་དང་། ཐོགས་མེད་ཀྱིས། ཐབས་ཆེན་རྣམས་དང་ལྡན་པ་ལ། །སྲིད་པའང་ཞི་བའི་བདག་ཉིད་དེ། །ཉོན་མོངས་བྱང་ཆུབ་ཡན་ལག་གྱུར། །དེ་ཉིད་རྒྱལ་སྲས་བསམ་མི་ཁྱབ། །ཅེས་སོ། །གསུམ་པ་ལ། གང་གིས་སྐྱེ་བ་ལེན་པའི་རྒྱུ་དང་། ཇི་ལྟར་སྐྱེ་བ་ལེན་པའི་ཚུལ་གཉིས། དང་པོ་ནི། ཐེག་དམན་སློབ་པ་དང་། སོ་སྐྱེས་རྣམས་ནི་ལས་ཉོན་གཉིས་ཀྱི་དབང་གིས་སྐྱེ་བ་ལེན་ཏེ། དེས་ས་བོན་མ་སྤངས་པས་མི་འདོད་བཞིན་དུ་འཁོར་བར་སྐྱེ་འཆི་བྱེད་པའི་ཕྱིར། ཐེག་དམན་དགྲ་བཅོམ་པ་དང་བྱང་སེམས་འཕགས་པ་ནི་མ་རིག་བག་ཆགས་ཀྱི་ས་དང་། ཟག་པ་མེད་པའི་ལས་ཀྱི་རྒྱུ་ལ་བརྟེན་ནས་འཁོར་བར་སྐྱེ་བ་ལེན་ཏེ། དང་པོས་ལྷག་མེད་མྱང་འདས་ཐོབ་ཕྱིར་དུ། གཉིས་པས་གཞན་དོན་དུ་ཚོགས་གསོག་པའི་ཕྱིར་དུ་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་དགོས་ཤིང་། རྒྱུ་ལས་ཉོན་གཉིས་ཟད་པར་སྤངས་པའི་ཕྱིར། གཉིས་པ་ནི། ཐེག་དམན་སློབ་པ་དང་། སོ་སོའི་སྐྱེ་བོ་རྣམས་ཉོན་མོངས་པས་ཀུན་ནས་བསླངས་ནས་ཟག་བཅས་ཀྱི་ལས་བསགས་ཏེ་འཁོར་བར་སྐྱེ་བའི་རྟེན་འབྲེལ་གཉིས་འགྲུབ་པར་བྱེད་པ་བཞིན་དུ། ཐེག་དམན་དགྲ་བཅོམ་པ་དང་བྱང་སེམས་འཕགས་པས་ཀྱང་མ་རིག་བག་ཆགས་ཀྱི་སས་རྐྱེན། ཟག་པ་མེད་པའི་ལས་ཀྱིས་རྒྱུ་བྱས་ཏེ། ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་དང་། བསམ་གྱིས་མི་ཁྱབ་པར་གྱུར་པའི་འཆི་འཕོ་བྱེད་པར་བཤད་པ་ཡིན། ངག་དོན་ནི། བྱང་སེམས་མཐོང་ལམ་པ་ཆོས་ཅན། གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་པའི་བག་ཆགས་ཆེད་དུ་གཉེར་ནས་མི་སྤོང་བའི་རྒྱུ་མཚན་ཡོད་དེ། གདུལ་བྱའི་འཁོར་བ་ཇི་སྲིད་བར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པའི་རྒྱལ་སྲས་འཕགས་པ་ཡིན་པའི་ཕྱིར།

གཉིས་པ་ཡན་ལག་ཅན་གྱི་ལམ་ཤེས་ལ། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ། དང་པོ་ནི། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། ཤེས་བྱ་ལམ་གསུམ་ངོས་བཟུང་བ། དེ་ཇི་ལྟར་དུ་ཤེས་ཚུལ། ཡུལ་ཅན་ལམ་ཤེས། མདོ་བསྟན་བཅོས་ལས་ཇི་ལྟར་དུ་བསྟན་ཚུལ་དང་བཞི། དང་པོ་ནི། གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དང་ཤེས་བྱ་ཉན་ཐོས་ཀྱི་ལམ་དོན་གཅིག །དབྱེ་ན། ཉན་ཐོས། རང་རྒྱལ། ཐེག་ཆེན་པའི་རྒྱུད་ལ་ཡོད་པའི་ཤེས་བྱ་ཉན་ཐོས་ཀྱི་ལམ་གསུམ། དེ་བཞིན་དུ། གཟུང་བ་ཆོས་ཀྱི་དང་ཤེས་བྱ་རང་རྒྱལ་གྱི་ལམ་དོན་གཅིག །དབྱེ་ན། རང་རྒྱལ་དང་ཐེག་ཆེན་པའི་རྒྱུད་ལ་ཡོད་པ་གཉིས། འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས། ཤེས་བྱ་ཐེག་ཆེན་གྱི་ལམ་དང་། ཐེག་དམན་གྱི་ལམ། ཐེག་ཆེན་གྱི་རྟོགས་པ་རྣམས་དོན་གཅིག །དེ་ཡང་། ཉན་ཐོས་ཀྱི་རྟོགས་རིགས་ཡིན་ན་ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་པས་ཁྱབ་ཀྱང་། ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ན་ཉན་ཐོས་ཀྱི་རྟོགས་རིགས་ཡིན་པས་མ་ཁྱབ་སྟེ། དཔེར་ན། བྱང་འཕགས་ཀྱི་རྒྱུད་ཀྱི་མཁྱེན་པ་དེ་ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ཀྱང་ཉན་ཐོས་ཀྱི་རྟོགས་རིགས་མ་ཡིན་པ་བཞིན་ནོ། །དེས་ན། ཉན་ཐོས་ཀྱི་རྟོགས་རིགས་ནི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཙམ་ཡིན་ལ། དེས་རང་རྒྱལ་ལའང་རིགས་འགྲེའོ། །འོན་ཀྱང་། ཤེས་བྱ་ཉན་ཐོས་ཀྱི་ལམ་དང་ཉན་ཐོས་ཀྱི་རྟོགས་རིགས། ཤེས་བྱ་རང་རྒྱལ་གྱི་ལམ་དང་རང་རྒྱལ་གྱི་རྟོགས་རིགས་གཉིས་དོན་གཅིག་ཏུ་བྱས་ནས། དེ་དག་གང་རུང་ཡིན་ན་ཉན་ཐོས་ཀྱི་ལམ་དང་། རང་རྒྱལ་གྱི་ལམ་གང་རུང་ཡིན་པས་མ་ཁྱབ་པར་བྱས་ཀྱང་མི་འགལ་ལོ། །

གཉིས་པ་ལ་གཞན་རྒྱུད་ལ་ཡོད་པའི་ཤེས་ཚུལ་དང་། རང་རྒྱུད་ཀྱི་ཤེས་ཚུལ་གཉིས། དང་པོ་ནི། བྱང་འཕགས་ཀྱི་རྒྱུད་ཀྱི་ཆོས་ཀྱི་སྤྱན་གྱིས་གང་ཟག་གཞན་རྒྱུད་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ཀྱི་ངོ་བོ་དམིགས་རྣམ་སྐྱེ་ཚུལ་མངོན་སུམ་དུ་ཤེས་པར་འདོད་དེ། དེས་རང་དང་རྒྱུད་ཚོད་མཉམ་པ་མན་ཆད་ཀྱིས་འཕགས་པའི་གང་ཟག་གི་དབང་པོའི་དབྱེ་བ་ཐམས་ཅད་མངོན་སུམ་དུ་ཤེས་ནུས་པའི་ཕྱིར། མདོ་ལས། འདོད་ཆགས་དང་བཅས་པའི་སེམས་ལ། འདོད་ཆགས་དང་བཅས་པའི་སེམས་སུ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་སོགས་སོ། །གཉིས་པ་ལ། རྗེས་ཐོབ་དང་། མཉམ་བཞག་ཏུ་ཤེས་ཚུལ་གཉིས། དང་པོ་ནི། བྱང་སེམས་འཕགས་པས་རྗེས་ཐོབ་ཏུ་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་རང་རྒྱུད་ལ་ཉམས་སུ་མྱོང་བའི་སྒོ་ནས་མངོན་སུམ་དུ་ཤེས་པར་བྱེད། གཉིས་པ་ནི། དེས་མཉམ་བཞག་ཏུ་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་བདེན་མེད་དུ་མི་དམིགས་པའི་ཚུལ་གྱིས་ཤེས་པ་བྱེད་དེ། རྣམ་པ་མི་དམིགས་སྒོ་ནས་ནི། ཞེས་གསུངས་པའི་ཕྱིར།

གསུམ་པ་ལ། མཚན་ཉིད་ནི། ཐེག་དམན་གྱི་ལམ་གྱི་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ནས། རྟོགས་རིགས་ཀྱི་ཡོན་ཏན་ཡར་ལྡན་དུ་བསྐྱེད་པ་ལ་མཁས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། མཚན་གཞི། ཐེག་ཆེན་གྱི་འཕགས་ལམ་མཐའ་དག་གོ །

བཞི་པ་ནི། འདིར་བསྟན་གྱི་མདོ་དང་བསྟན་བཅོས་གཉིས་ཀ་ལས། ཤེས་བྱ་ཉན་ཐོས་ཀྱི་ལམ་དང་ལམ་ཤེས་གཉིས་ཀ་དངོས་སུ་བསྟན་ཏེ། བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་རྟོགས་རིགས་དང་། ལམ་དེ་ཉིད་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ལམ་གཉིས་དངོས་སུ་བསྟན་པའི་ཕྱིར། དེ་ཡང་། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། འཕགས་པའི་བདེན་པ་བཞི་དག་གི །ཉན་ཐོས་ལམ་འདི། ཞེས་པ་རྩ་འགྲེལ་གྱིས་ཤེས་བྱ་ཉན་ཐོས་ཀྱི་ལམ་དངོས་སུ་བསྟན། རྣམ་པ་མི་དམིགས་སྒོ་ནས་ནི། ཉན་ཐོས་ལམ་འདི་ཞེས་སོགས་ཀྱིས་ཡུལ་ཅན་ལམ་ཤེས་དངོས་སུ་བསྟན། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས། གཟུགས་ནི་མི་རྟག་པར་ཡིད་ལ་བྱའོ། །ཞེས་པ་ནས། དགེ་བའི་རྩ་བ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཞེས་སོ། །སྦྱོར་བ་རྣམ་མཁྱེན་ཡིད་བྱེད། དངོས་གཞི་མི་དམིགས་པ། རྗེས་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ་ཁྱད་ཆོས་གསུམ་ལྡན་དུ་གསུངས་པས་ནི་ཡུལ་ཅན་ལམ་ཤེས་དངོས་སུ་བསྟན་པ་ཡིན་ལ། མི་རྟག་པ་དང་། སྡུག་བསྔལ་བ་དང་། ཞེས་སོགས་ཀྱིས་ཤེས་བྱ་ཉན་ཐོས་ཀྱི་ལམ་དངོས་སུ་བསྟན། ཤེས་བྱ་ཉན་ཐོས་ཀྱི་ལམ་ལ་ཡང་། ཉན་རང་དང་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་གཉིས་ལས། དང་པོ་ཤུགས་དང་། ཕྱི་མ་དངོས་སུ་བསྟན་ཏོ། །ངག་དོན་ནི། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ཏེ། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་དུ། ཉན་ཐོས་ལམ་གྱི་དམིགས་རྣམ་གྱི་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ནས། རྟོགས་རིགས་ཀྱི་ཡོན་ཏན་ཡར་ལྡན་དུ་བསྐྱེད་པ་ལ་མཁས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར།

གཉིས་པ་ལ། རང་རྒྱལ་ལམ་གྱི་ཁྱད་ཆོས་དང་། ཁྱད་གཞི་རང་རྒྱལ་གྱི་ལམ་ཇི་ལྟར་ཤེས་ཚུལ་གཉིས། དང་པོ་ནི། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་རང་རྒྱལ་ལ། རྟེན་གྱི་གང་ཟག །རང་རྒྱལ་གྱི་ལམ། དེ་དག་གི་ཁྱད་ཆོས་བཤད་པ་དང་གསུམ། དང་པོ་ལ། མཚན་གཞི། མཚན་ཉིད། དབྱེ་བ་དང་གསུམ། དང་པོ་ནི། སྤྱིར་རང་རྒྱལ་ལ་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པའི་རང་རྒྱལ་གཉིས་སུ་བཤད་ཅིང་། མཐར་ཐུག་གི་ལྟ་བ་གང་ཟག་གི་བདག་མེད་ཀྱི་སྟེང་གཟུང་བ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པ་ཐེག་འབྲིང་གི་མངོན་རྟོགས་རྒྱུད་ལྡན་ཏེ། ཀུན་བཏུས་ལས། རང་སངས་རྒྱས་ཀྱི་ཐེག་པ་བ་གང་ཞེ་ན། རང་སངས་རྒྱས་ཀྱི་ཆོས་ཉིད་ངེས་པའམ་མ་ངེས་པ་ལ་གནས་པ་དང་། རང་བཞིན་གྱི་དབང་པོ་འབྲིང་པོ་དང་། བདག་རྣམ་པར་ཐར་པའི་ཕྱིར་སྨོན་ལམ་བཏབ་པ་དང་། ཞེས་སོ། །དེ་ལའང་སློབ་མི་སློབ་གཉིས་ཀ་ཡོད་པ་འཐད་དེ། སྲིད་པ་ཐ་མ་པའི་དུས་སུ་བྱང་ཆུབ་བགྲོད་པའི་རང་རྒྱལ་བཤད་པ་དང་། ཐར་ལམ་ལྔ་གསུམ་བཅོ་ལྔར་གསུངས་པ་དོན་ཡོད་པའི་ཕྱིར། གཉིས་པ་ནི། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པས་རབ་ཏུ་ཕྱེ་བའི་ཐེག་འབྲིང་གི་གང་ཟག །གསུམ་པ་ལ། ལམ་གྱི་སྒོ་ནས་དང་། མཚན་གཞིའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། རང་རྒྱལ་ཚོགས་ལམ་པ་སོགས་ལྔ་ཡོད། གཉིས་པ་ལ། བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས། འདི་དག་ལ་ཁྱད་ཆོས་སྤྱིར་བཤད། མཚན་ཉིད་བསྡུས་ཏེ་བསྟན། ཉན་ཐོས་རང་རྒྱལ་གྱི་ལམ་དུ་འཇུག་ཚུལ་དང་གསུམ། དང་པོ་ལ། རིགས་དང་། དབང་པོ་དང་། གྲོགས་དང་། ལམ་བགྲོད་ཚུལ་གྱི་ཁྱད་པར་བཞི་ཡོད། དང་པོ་ལ། བསེ་རུ་ལྟ་བུ་ནི། ཐོག་མ་ཉིད་ནས་རང་རྒྱལ་ཉིད་དུ་རིགས་ངེས་པའི་རིགས་ཅན་ཡིན་ལ། ཅིག་ཤོས་ནི་དེ་ལས་གཞན་པ། གཉིས་པ་ནི། བསེ་རུ་ལྟ་བུ་དབང་རྣོན། ཅིག་ཤོས་དབང་རྟུལ་ལོ། །གསུམ་པ་ནི། བསེ་རུ་ལྟ་བུ་རང་ཉིད་གཅིག་པུར་གནས་ཏེ་གཙོ་བོར་འཕགས་ལམ་བགྲོད། ཚོགས་སྤྱོད་ནི་གྲོགས་གཞན་དང་ལྷན་ཅིག་གནས་པའི་སྒོ་ནས་འཕགས་ལམ་བགྲོད། བཞི་པ་ནི། བསེ་རུ་ལྟ་བུ་རིགས་ངེས་པ་དང་དབང་པོ་རྣོ་བས་འཕགས་ལམ་མྱུར་དུ་བགྲོད་ལ། ཅིག་ཤོས་དེ་ལས་གཞན་པའོ། །གཉིས་པ་ལ། དང་པོའི་མཚན་ཉིད། ཚོགས་སྤྱོད་ལས་དབང་པོ་རྣོ་བའི་རང་རྒྱལ་གང་ཞིག །དང་པོ་ཉིད་ནས་རང་རྒྱལ་དུ་རིགས་ངེས་པ་སྔོན་དུ་སོང་བའི་སྒོ་ནས་གྲོགས་གཞན་ལ་ལྟོས་མེད་དུ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་ནུས། གཉིས་པའི་མཚན་ཉིད། བསེ་རུ་ལྟ་བུ་ལས་དབང་པོ་རྟུལ་བའི་རང་རྒྱལ་གང་ཞིག །གྲོགས་གཞན་དང་ལྷན་ཅིག་གནས་པའི་སྒོ་ནས་རང་རྒྱལ་གྱི་བྱང་ཆུབ་བགྲོད་པ་དང་བགྲོད་ཟིན་པ་གང་རུང་གི་རིགས་གནས། དབྱེ་ན་ཉན་ཐོས་སྔོན་དུ་མ་སོང་བའི་ཚོགས་སྤྱོད་དང་། སོང་བའི་དེ་གཉིས། དེ་ལ་ཡང་ཉན་ཐོས་སོ་སྐྱེ་ཙམ་དང་། འཕགས་པ་སྔོན་སོང་གཉིས་ཡོད། གསུམ་པ་ལ། གང་ཟག་གང་འཇུག་པ་དང་། ལམ་གང་ནས་འཇུག་པ་གཉིས། དང་པོ་ལ། བྱེ་སྨྲ་ལྟར་ན་ཉན་ཐོས་ཀྱི་སྦྱོར་ལམ་རྩེ་མོ་ནས་ཐེག་ཆེན་དུ་འཇུག་པ་ཡོད་ལ། བཟོད་པ་ཐོབ་ནས་མེད་ཅིང་། བཟོད་པ་ཐོབ་ནས་ཀྱང་རང་རྒྱལ་གྱི་ལམ་དུ་འཇུག་པར་བཞེད་དེ། མཛོད་ལས། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་སོ། །འོན་ཀྱང་བཟོད་ཆེན་ཐོབ་ནས་རང་རྒྱལ་དུ་ཡང་མི་འཇུག་སྟེ། བཟོད་ཆེན་གྱི་མཇུག་ཐོག་དེ་མ་ཐག་ཏུ་ཆོས་མཆོག་དང་། དེའི་དེ་མ་ཐག་ཏུ་འཕགས་ལམ་ཐོབ་པ་གང་ཞིག །འཕགས་ལམ་ནས་ཐེག་པ་གཞན་དུ་མི་འཇུག་པའི་ཕྱིར། མཛོད་ལས། ཆེན་པོ་འདོད་རྟོགས་སྡུག་བསྔལ་ཡུལ། །དེ་ནི་སྐད་ཅིག་གཅིག་དེ་བཞིན། །ཆོས་མཆོག་ཐམས་ཅད་ཕུང་པོ་ལྔ། །ཞེས་སོ། །སེམས་ཙམ་པ་ལྟར་ན། རྒྱུན་ཞུགས་དང་ཕྱིར་འོང་བ་རང་རྒྱལ་ལམ་དུ་འཇུག་པ་ཡོད་ཅིང་། ཕྱིར་མི་འོང་ཐོབ་ནས་དེར་འཇུག་པ་མེད་དེ། དེ་ཐོབ་ནས་འདོད་པར་ལས་ཉོན་གྱིས་སྐྱེ་བ་ལེན་པ་མེད་པའི་ཕྱིར་ཟེར། དབུ་མ་པ་རང་ལུགས་ལྟར་ན། ཕྱིར་མི་འོང་ཐོབ་ནས་ཀྱང་རང་རྒྱལ་ལམ་དུ་འཇུག་པ་ཡོད་དེ། འདོད་ཉོན་དགུ་པ་སྤངས་པའི་མ་ངེས་པའི་རིགས་ཅན་གྱི་ཉན་ཐོས་སྒོམ་ལམ་པ་རང་རྒྱལ་དགེ་བའི་བཤེས་གཉེན་དང་ཕྲད་པའི་དབང་གིས་གཟུང་བ་ཆོས་ཀྱི་བདག་མེད་ལ་ཐོས་བསམ་བྱེད་སྲིད་པའི་ཕྱིར། གཉིས་པ་ལ། དངོས་སྨྲ་བའི་ལུགས་དང་། དབུ་མ་བའི་ལུགས་གཉིས། དང་པོ་ནི། ཉན་ཐོས་རང་རྒྱལ་གྱི་ལམ་དུ་འཇུག་པའི་ཚེ། སྔར་བགྲོད་ཟིན་པའི་ལམ་གྱི་ལྷག་མ་ནས་འཇུག་པ་ཡིན་ཏེ། ཉན་རང་གཉིས་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ཙམ་ལས་ཐེག་དམན་དུ་མཚུངས་པའི་ཕྱིར། ཞེས་ཟེར། གཉིས་པ་ནི། ཉན་ཐོས་རང་རྒྱལ་གྱི་ལམ་དུ་འཇུག་པའི་ཚེ་རང་རྒྱལ་གྱི་ཚོགས་ལམ་རང་ནས་འཇུག་དགོས་ཏེ། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་མཐར་ཐུག་པ་ལ་དེ་རྟོགས་ཟིན་རྒྱུན་དུ་བསྒོམ་པའི་སྒོམ་ལམ་སྔོན་དུ་འགྲོ་དགོས་པ་ལ་སོགས་པ་ཡིན་པའི་ཕྱིར།

གཉིས་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་ཐེག་འབྲིང་གི་མངོན་རྟོགས། གཉིས་པ་ལ། རང་རྒྱལ་གྱི་བགྲོད་བྱེད་ཀྱི་ལམ་དང་། བགྲོད་བྱའི་ལམ་གཉིས། དང་པོའི་མཚན་ཉིད། རང་རྒྱལ་གྱི་བྱང་ཆུབ་ཏུ་བགྲོད་ཟིན་པའི་ཐེག་འབྲིང་གི་མངོན་རྟོགས། མཚན་གཞི། རང་རྒྱལ་དགྲ་བཅོམ་པའི་མངོན་རྟོགས་ལྟ་བུ།

གསུམ་པ་ལ། ལམ་བགྲོད་ཚུལ་གྱི། ཚོགས་བསགས་དུས་ཀྱི། འབྲས་བུ་ཡོན་ཏན་གྱི། སྤངས་རྟོགས་ཀྱི། རྟེན་གྱི། འབྲས་བུ་འཇོག་ཚུལ་གྱི་ཁྱད་པར་དང་དྲུག །དང་པོ་ལ། ཐེག་དམན་པའི་ལུགས། ཀུན་བཏུས་སུ་བཤད་ཚུལ། རང་ལུགས་ཐུན་མོང་མ་ཡིན་པ་དང་གསུམ། དང་པོ་ལ། བསེ་རུ་ལྟ་བུ་ནི། ཚོགས་ལམ་དུ་བསྐལ་བ་བརྒྱར་ཚོགས་བསགས། སྲིད་པ་ཐ་མའི་ཚེ་བསམ་གཏན་བཞི་རིམ་གྱིས་བགྲོད་དེ། བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས། དྲོད་ནས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་བར་སྟན་ཐོག་གཅིག་ཏུ་བྱེད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་གསུངས་པའི་ཕྱིར། ཚོགས་སྤྱོད་ནི། གྲོགས་གཞན་དང་ལྷན་ཅིག་གནས་པའི་སྒོ་ནས་སྲིད་པ་ཐ་མའི་དུས་སུ་སློབ་དཔོན་གཞན་གྱིས་གདམས་ངག་སྟོན་པ་ལ་མ་ལྟོས་པར་རང་བྱང་ཆུབ་མངོན་དུ་བྱེད་པའོ། །དེ་དག་ནི་ཉི་འོག་པའི་ལུགས་ཡིན་གྱི། ཁ་ཆེ་བྱེ་བྲག་སྨྲ་བས་བསེ་རུ་ལྟ་བུ་ཁོ་ནར་བཞེད། གཉིས་པ་ལ། ལུང་དྲང་བ། ལུང་གི་དོན་བསྡུས་ཏེ་བསྟན་པ། ལམ་བགྲོད་ཚུལ་དངོས་བཤད་པ་དང་གསུམ། དང་པོ་ནི། ཀུན་བཏུས་ལས། རང་སངས་རྒྱས་ཀྱི་ཐེག་པ་བ་གང་ཞེ་ན། རང་སངས་རྒྱས་ཀྱི་ཆོས་ཉིད་ངེས་པའམ། མ་ངེས་པ་ལ་གནས་པ་དང་། རང་བཞིན་གྱིས་དབང་པོ་འབྲིང་དང་། བདག་རྣམ་པར་ཐར་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང་། ཡིད་བྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བར་བྱ་བའི་བསམ་པ་ཅན་དང་། བདག་ཉིད་མངོན་པར་རྟོགས་པར་བྱང་ཆུབ་པར་བྱ་བའི་བསམ་པ་ཅན་དང་། ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་བསྐྱེད་པའམ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་བསྐྱེད་པ། སྔོན་འབྲས་བུ་མ་ཐོབ་པའམ། སྔོན་འབྲས་བུ་ཐོབ་པའམ། གང་ཡང་རུང་སྟེ། སངས་རྒྱས་འབྱུང་བ་མེད་པར་བདག་ཉིད་ཀྱིས་ལམ་སྔོན་དུ་བྱས་ནས་བསེ་རུ་ལྟ་བུར་གྱུར་ཏེ། གཅིག་པུ་གནས་པའམ་རང་རྒྱལ་བར་གྱུར་ཏེ། ཚོགས་དང་སྤྱོད་པ་གང་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ། །ཞེས་སོ། །གཉིས་པ་ནི། ལུང་དོན་དེ་དག་ཀྱང་བསྡུ་ན། གང་ལ་གནས་པ་རིགས་ཀྱི་ཁྱད་པར། ལམ་ཐབས་ཤེས་ཀྱི་ཁྱད་པར། དམིགས་པ་རྟེན་གྱི་ཁྱད་པར། ལམ་བགྲོད་ཚུལ་གྱི་ཁྱད་པར་དང་བཞིར་འདུས། གསུམ་པ་ལ། བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པའི་ལམ་བགྲོད་ཚུལ་གཉིས། དང་པོ་ནི། རང་རྒྱལ་དུ་རིགས་ངེས་པའི་གང་ཟག་འགའ་ཞིག །ཚོགས་ལམ་གྱི་གནས་སྐབས་སུ་སངས་རྒྱས་མཉེས་པར་བྱེད་པ་ལ་སོགས་པ་བསྐལ་བ་བརྒྱའི་བར་དུ་ཚོགས་བསགས། མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱས་ཏེ། འཆི་འཕོ་ཁར་སྨོན་ལམ་གསུམ་བཏབ་ནས་དེའི་སྐྱེ་བ་ཕྱི་མ་ལ་སྲིད་པ་ཐ་མའི་དུས་སུ་སྔོན་གྱི་སྨོན་ལམ་གྱི་དབང་གིས་སློབ་དཔོན་གཞན་གྱིས་གདམས་ངག་བསྟན་པ་ལ་མི་ལྟོས་པར་འཁོར་བ་སྤངས་པའི་རྣམ་གྲོལ་ལམ་མངོན་དུ་བྱེད། དངོས་པོ་དྲུག་ནི། ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས། རྟེན་འབྲེལ་ཡན་ལག་བཅུ་གཉིས། ལས་རྒྱུ་འབྲས་ཀྱི་རབ་དབྱེ། འཕགས་པའི་བདེན་པ་བཞི་སྟེ། དོན་ཚན་དྲུག་གོ །སྨོན་ལམ་གསུམ་ནི། སངས་རྒྱས་དང་ཉན་ཐོས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་གྱུར་ཅིག །དེར་ཡང་སློབ་དཔོན་གཞན་ལ་ལྟོས་མེད་དུ་རང་ཉིད་ཀྱིས་བྱང་ཆུབ་མངོན་དུ་བྱེད་ནུས་པར་གྱུར་ཅིག །བྱང་ཆུབ་ཐོབ་ནས་ཀྱང་གདུལ་བྱ་ལ་ལུས་ཀྱི་སྒོ་ནས་སྙིང་བརྩེ་བར་བྱེད་ཀྱི་ངག་གི་སྒོ་ནས་སྙིང་བརྩེ་བར་མ་གྱུར་ཅིག །ཅེས་པའོ། །གཉིས་པ་ལ། ཉན་ཐོས་སྔོན་དུ་མ་སོང་བ་དང་། དེ་སྔོན་སོང་གི་ཚོགས་ན་སྤྱོད་པའི་ལམ་བགྲོད་ཚུལ་གཉིས། དང་པོ་ནི། རང་རྒྱལ་མ་ངེས་པའི་རིགས་ཅན་འགའ་ཞིག་ཚོགས་ལམ་གྱི་གནས་སྐབས་སུ་གྲོགས་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་བསྐལ་བ་བརྒྱར་ཚོགས་བསགས། མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱས། འཆི་འཕོ་ཁར་སྨོན་ལམ་གསུམ་བཏབ་ནས། སྐྱེ་བ་ཕྱི་མར་སྨོན་ལམ་གྱི་དབང་གིས་སློབ་དཔོན་གཞན་གྱི་གདམས་ངག་ལ་ལྟོས་མེད་དུ་རང་བྱང་ཆུབ་མངོན་དུ་བྱེད། གཉིས་པ་ནི། ཉན་ཐོས་རིགས་མ་ངེས་པ་འགའ་ཞིག །དབང་པོ་སྦྱངས་ཏེ་རང་བཞིན་གྱིས་དབང་པོ་འབྲིང་པོར་གྱུར་པའི་ཚེ། བསྐལ་པ་བརྒྱར་ཚོགས་བསགས་པ་སོགས་གོང་ལྟར་རོ། །འདི་ལ་ཉན་ཐོས་སོ་སྐྱེ་ཙམ་དང་། འཕགས་པ་སྔོན་སོང་གཉིས། ཕྱི་མ་ལ་ཡང་རྒྱུན་ཞུགས་ཙམ་དང་། ཕྱིར་འོང་ཙམ་སྔོན་དུ་སོང་བ་གཉིས་སོ། །གསུམ་པ་ནི། ཐེག་ཆེན་གྱི་ལམ་བགྲོད་ཚུལ་དང་ཆ་འདྲ་བར་བསྐལ་ཆེན་བརྒྱ་ལ་ཆ་གསུམ་དུ་བསྒོས་པའི་རང་རྒྱལ་གྱི་ཚོགས་སྦྱོར་མཐོང་ལམ་དང་བཅས་པར་ཆ་གཅིག །སྒོམ་ལམ་ཆུང་འབྲིང་སྐོར་དྲུག་ལ་ཆ་གཅིག །ཆེན་པོ་སྐོར་གསུམ་ལ་ཆ་གཅིག་སྟེ། སྐབས་དེ་དག་ཏུ་ཚོགས་བསགས་ནས་གཞན་གྱི་གདམས་ངག་ལ་ལྟོས་མེད་དུ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་པའོ། །དེ་ཡང་རྩ་བར། རང་བྱུང་བདག་ཉིད་སོགས་དང་། འགྲེལ་བར། རང་སངས་རྒྱས་རྣམས་ནི་སྔོན་ཐོས་པ་ལ་སོགས་པ་མངོན་པར་འདུ་བྱས་པས་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་བདག་ཉིད་ཀྱིས་རང་གི་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་ཏེ། དེའི་ཕྱིར་དེ་དག་ལ་སངས་རྒྱས་ལ་སོགས་པས་བསྟན་མི་དགོས་སོ་ཞེས་བྱ་བ་ནི་ཁྱད་ཞུགས་པ་ཉིད་གཅིག་ཡིན་ནོ། །ཞེས་པའི་དོན་དུ་བཤད་དོ། །གཉིས་པ་ནི། དྲིན་ལན་བསབས་པ་ལས། རང་སངས་རྒྱས་རྣམས་ནི་བསྐལ་པ་ཆེན་པོ་བརྒྱས་མཐར་ཕྱིན་པར་འགྱུར་རོ། །ཞེས་སོ། །གསུམ་པ་ལ། གནས་པའི། རྒྱུའི། ཆོས་སྟོན་པའི་ཁྱད་པར་དང་གསུམ། དང་པོ་ནི། བསེ་རུ་ལྟ་བུ་སྐུའི་གནས་པ་གཅིག་པུར་གནས་ཤིང་། ཚོགས་ན་སྤྱོད་པ་གྲོགས་དུ་མ་དང་ལྷན་ཅིག་ཏུ་གནས། གསུང་གི་གནས་པ་གཉིས་ཀ་ཡང་གཙོ་ཆེར་སྨྲ་བཅད་དམ་པོ་ལ་གནས། ཐུགས་ཀྱི་གནས་པ་རྟེན་འབྲེལ་ཟབ་མོ་རྟོགས་པ་དང་། རྣམ་ཐར་སྒོ་གསུམ་ཡིད་ལ་བྱེད་ཅིང་གནས་སོ། །གཉིས་པ་ནི། མངོན་ཤེས་ཀྱིས་བརྟགས་ཏེ་གཞན་དོན་དུ་འགྱུར་ན་གྲོང་དང་གྲོང་ཁྱེར་ལ་སོགས་པར་བསོད་སྙོམས་ལ་རྒྱུ་བར་བཤད་ཅིང་། རྫུ་འཕྲུལ་གྱིས་མ་དད་པ་དད་པར་བྱེད། དད་པ་རྣམས་མངོན་མཐོ་དང་ངེས་ལེགས་ལ་འགོད་པར་བཤད་དོ། །གསུམ་པ་ནི། མངོན་ཤེས་ཀྱིས་གདུལ་བྱ་རྣམས་ཀྱི་དབང་པོའི་དབྱེ་བ་ཤེས་པར་བྱས་ཏེ། སྔོན་གྱི་སྨོན་ལམ་གྱི་དབང་གིས་གདུལ་བྱ་རང་རང་གི་བསམ་པ་དང་མཐུན་པར་ལུས་ཀྱི་རིག་བྱེད་ཀྱི་སྒོ་ནས་ཆོས་བསྟན་པས་ཇི་ལྟར་འདོད་པའི་རྟོགས་པ་བསྐྱེད་ནུས་པ་ཡིན་ནོ། །འདི་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་ཅིང་། རང་སངས་རྒྱས་ཡིན་ན་སྒྲ་བཅས་སུ་ཆོས་མི་སྟོན་པས་ཁྱབ་པར་ངེས་པ་མ་ཡིན་ནོ། །བཞི་པ་ནི། བྱང་ས་ལྟར་ན་ཉན་རང་སྤངས་རྟོགས་ཁྱད་མེད་དུ་བཞེད་དེ། བྱང་སར། རང་སངས་རྒྱས་རྣམས་ནི་ཉན་ཐོས་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། ཉན་ཐོས་རྣམས་དང་ལམ་གྱི་རང་བཞིན་མཚུངས་པའི་ཕྱིར་རོ། །ཞེས་སོ། །སློབ་དཔོན་ལེགས་ལྡན་འབྱེད་སོགས་ཀྱང་དེ་ལྟར་དུ་བཞེད་དེ། རྟོག་གེ་འབར་བ་ལས། གང་ཟག་ལ་བདག་མེད་པ་ཙམ་གོམས་པར་བྱས་ནས་འབྲས་བུ་དམན་པ་འདོད་པས་དམན་པའི་ཁྱད་པར་ཐོབ་པ་ཡོད་དེ། ཉན་ཐོས་དང་རང་སངས་རྒྱས་བཞིན་ནོ། །ཞེས་སོ། །རྒྱན་འདིར་ཉན་རང་ལ་ཁྱད་པར་ཡོད་པ་འཐད་དེ། ཉན་ཐོས་དགྲ་བཅོམ་པས་གང་ཟག་གི་བདག་མེད་རྟོགས་པ་མཐར་ཐུག་ཅིང་། རང་རྒྱལ་དགྲ་བཅོམ་པས་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་མཐར་ཐུག་པའི་ཁྱད་ཡོད་པའི་ཕྱིར། ལྔ་པ་ནི། སྨོན་ལམ་གྱི་དབང་གིས་རང་རྒྱལ་འདོད་པའི་རྟེན་ཅན་དུ་ངེས་ཏེ། ཀུན་བཏུས་ལས། དེ་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེ་སྟེ། སངས་རྒྱས་འབྱུང་བ་མེད་ན་རང་རྒྱལ་བར་འགྱུར་རོ། །ཞེས་སོ། །དྲུག་པ་ནི། འབྲས་གནས་བཞི་པོ་རང་རྒྱལ་ལ་མི་འཇོག་སྟེ། ཤེར་ཕྱིན་གྱི་མདོར། དེ་དག་ཉན་ཐོས་ཁོ་ན་ལ་སྦྱར་ནས་རང་རྒྱལ་ཟུར་དུ་སྨོས་པའི་ཕྱིར་ཏེ། གཞི་ཤེས་ཀྱི་འགྲེས་རྐང་རྒྱས་བཤད་ཀྱི་སྐབས་སུ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་བྱང་ཆུབ་བོ། །ཞེས་གསུངས་པའི་ཕྱིར། ངག་དོན་ནི། རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། ཉན་ཐོས་དགྲ་བཅོམ་པ་ལས་ཁྱད་པར་འཕགས་ཏེ། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་མཐར་ཐུག་པའི་ཕྱིར།

གཉིས་པ་ནི། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། ཤེས་བྱ་རང་རྒྱལ་གྱི་ལམ་ངོས་བཟུང་བ། དེ་ཇི་ལྟར་ཤེས་པའི་ཚུལ། ཡུལ་ཅན་ལམ་ཤེས། མདོ་བསྟན་བཅོས་ལས་བསྟན་ཚུལ་དང་བཞི། དང་པོ་གསུམ་སྔར་ལས་དཔག་སྟེ་ཤེས་པར་བྱ་ཞིང་། བཞི་པ་ལ། བསྟན་ཚུལ་དངོས་དང་། དེ་ལྟར་བསྟན་པའི་ཁྱད་ཆོས་གཉིས། དང་པོ་ནི། གཟུང་རྟོག་སྤོང་བ། འཛིན་རྟོག་མི་སྤོང་བ། རྟེན་རིགས་ཀྱི་ཁྱད་ཆོས་གསུམ་དང་ལྡན་པའི་རང་རྒྱལ་གྱི་ལམ། བདག་མེད་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་ལམ་ཤེས་དངོས་སུ་བསྟན་ཅིང་། རང་རྒྱལ་རང་རྒྱུད་ཀྱི་ལམ་ནི་ཤུགས་ལ་བསྟན། འོ་ན་འདིར། འཛིན་པ་མི་སྤོང་ཕྱིར་དང་ནི། ཞེས་དང་། མདོ་ལས། ཤེས་རབ་ཀྱི་དབང་པོ་བར་མ་དང་ལྡན་པ། ཞེས་གསུངས་པ་དང་འགལ་ཞེ་ན། སྐྱོན་མེད་དེ། དེ་དག་རང་རྒྱལ་གྱི་རྟོགས་རིགས་ཀྱི་ལྡོག་པ་ཙམ་ལ་དགོངས་པའི་ཕྱིར། གཉིས་པ་ལ། གཟུང་རྟོག་སྤོང་བའི། འཛིན་རྟོག་མི་སྤོང་བའི། རྟེན་གྱི་ཁྱད་པར་དང་གསུམ། དང་པོ་ལ། མདོ་དྲང་བ་དང་། དེའི་དོན་བཤད་པ་གཉིས། དང་པོ་ནི། མདོ་ལས། ལྷའི་བུ་དག །གཟུགས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཞེས་པ་ནས། རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཞེས་གསུངས་པའི་ཕྱིར། གཉིས་པ་ནི། རང་རྒྱལ་གྱིས་གཟུང་བ་ཕྱི་རོལ་གྱི་དོན་བདེན་མེད་དུ་རྟོགས་པས་དེ་ལ་བདེན་པར་འཛིན་པའི་བདེན་འཛིན་ས་བོན་དང་བཅས་པ་རང་ལམ་དུ་སྤོང་ནུས་པའོ། །གཉིས་པ་ལ་ཡང་གཉིས་ལས། དང་པོ་ནི། མདོ་ལས། དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་རྣམ་པ་ཇི་ལྟ་བུ་དག་བཙལ་བར་བྱ་སྙམ་པ་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག །བདག་ལ་ཆོས་ཉན་པ་ནི་སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་བཙལ་བར་བྱ་སྟེ། ཞེས་སོ། །གཉིས་པ་ནི། ཡུལ་གཟུང་བ་ཕྱི་རོལ་གྱི་དོན་སྒྱུ་མ་ལྟ་བུར་ཤེས་ཀྱང་། ཡུལ་ཅན་གྱི་བློ་ལ་བདེན་འཛིན་གྱི་སྒྲོ་འདོགས་རང་ལམ་དུ་གཅོད་མི་ནུས་པའོ། །གསུམ་པ་ལ། ལམ་པ་གང་ཟག་གི་རྟེན་དང་། ཆོས་ཉིད་རིགས་ཀྱི་རྟེན་གཉིས། དང་པོ་ལ་ཡང་གཉིས་ལས། དང་པོ་ནི། མདོ་ལས། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཞེས་པ་ནས། ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཞེས་པ་ནས། འདི་ལེན་པར་བྱེད་པ་སུ་དག་འབྱུང་བར་འགྱུར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཉན་ཐོས་ཆེན་པོ་དེ་དག་དང་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པ། བསམ་པ་ཡོངས་སུ་རྫོགས་པའམ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའི་དབང་དུ་བྱས་པས། སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་དག་གམ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་རིགས་ཀྱི་བུ། ཞེས་སོ། །གཉིས་པ་ནི། མདོ་དང་པོ་ལ། གང་ཟག་དྲུག་བཤད་པའི་དང་པོ་ནི། བྱང་སེམས་སྦྱོར་ལམ་པ། གཉིས་པ་ནི། མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པའི་བྱང་སེམས། བར་པ་གསུམ་ནི། བཅུ་དྲུག་པ་ལམ་རྗེས་ཤེས་ཐོབ་པའི་བྱང་སེམས། དེ་ལ་དགྲ་བཅོམ་པ་ཞེས་བྱ་སྟེ། མཐོང་སྤང་མ་ལུས་པར་སྤངས་པའི་ཕྱིར། ཟག་པ་ཟད་པ་ཞེས་བྱ་སྟེ། ཁམས་གསུམ་གྱི་ཉོན་མོངས་པ་ཟད་པར་སྤངས་པའི་ཕྱིར། བསམ་པ་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། མཐོང་ལམ་གྱི་རྟོགས་རིགས་རྫོགས་པར་ཐོབ་པའི་ཕྱིར། ཕྱི་མ་རྣམས་ཀྱིས་ནི་བྱང་སེམས་ཚོགས་ལམ་པ་བསྟན་པ་ཡིན་ནོ། །གཟུང་བ་ཆོས་ཀྱི་བདག་མེད་ནི་གཞན་དོན་དུ་མངོན་སུམ་དུ་ཤེས་པར་བྱ་བ་ཡིན་གྱི། རྟོགས་ཟིན་རྒྱུན་ལྡན་དུ་སྒོམ་པར་མི་བྱེད་པས་སྒོམ་ལམ་པ་དངོས་སུ་མ་བསྟན་ནོ། །གཉིས་པ་ལ་ཡང་གཉིས་ལས། དང་པོ་ནི། མདོ་ལས། ལྷ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་བདག་གིས་སྔོན་ཆད་ལྷའི་གནས་ན་ཡང་ཡོད་པར་མ་མཐོང་སྟེ། མེ་ཏོག་འདི་དག་ནི་སྤྲུལ་པའོ། །ཞེས་སོ། །གཉིས་པ་ནི། སྤྲུལ་པའི་མེ་ཏོག་ལ་རང་བཞིན་གྱིས་སྐྱེ་བ་མེད་ཀྱང་། ཀུན་རྫོབ་ཏུ་ཡུལ་དུས་སོ་སོར་ངེས་པའི་སྐྱེ་བ་སྣང་བ་བཞིན་དུ། དྲི་མ་དང་བཅས་པའི་སེམས་འོད་གསལ་བའི་ཆོས་དབྱིངས་ཀྱང་གནས་སྐབས་སུ་སྒྲུབ་པའི་རྟེན་བྱེད་པའི་དཔེའི་སྒོ་ནས་མཚོན་པའི་རྟེན་རིགས་ཀྱི་ཁྱད་ཆོས་སོ། །ངག་དོན་ནི། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཡིན་ཏེ། གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྗེས་སུ་གཟུང་བའི་ཕྱིར་དུ། རང་རྒྱལ་ལམ་གྱི་དམིགས་རྣམ་གྱི་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ནས། རྟོགས་རིགས་ཀྱི་ཡོན་ཏན་ཡར་ལྡན་དུ་བསྐྱེད་པ་ལ་མཁས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར།

གསུམ་པ་ལ། ཐེག་ཆེན་གྱི་མཐོང་ལམ་དང་། སྒོམ་ལམ་གཉིས། དང་པོ་ནི། བདེན་དང་བདེན་ལ་བཟོད་པ་དང་། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་མཐོང་ལམ་ལ། ལུས་རྟེན། བསམ་པའི་རྟེན། བརྟེན་པ་མཐོང་ལམ་གྱི་རང་བཞིན་དང་གསུམ། དང་པོ་ནི། རང་སྟོབས་ཀྱིས་སྐྱེ་བ་འདོད་པའི་གླིང་གསུམ་དུ་སྐྱེ་སྟེ། དེ་རང་བཞིན་གྱིས་དབང་པོ་རྣོ་བའི་ཕྱིར། གཞན་སྟོབས་ཀྱིས་གཟུགས་ཀྱི་རྟེན་ལའང་དངོས་སུ་སྐྱེ་བ་ཡོད་དེ། རྫུ་འཕྲུལ་གྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་ལ་ཆོས་ཉན་པ་ལ་ལྷག་པའི་གཟུགས་ཀྱི་ལྷ་ལ་ལམ་ཤེས་ཀྱི་རྟོགས་པ་སྐྱེ་བར་བཤད་པའི་ཕྱིར། བསྡུ་ན། ཐེག་པ་རང་ལུགས་ཀྱི་ཆོས་མཆོག་ལ་གནས་པའི་གང་ཟག་གོ །

གཉིས་པ་ནི། ཐེག་དམན་གྱི་མཐོང་ལམ་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ཅིང་། ཐེག་པ་ཆེན་པོ་སྙིང་རྗེ་ཁྱད་པར་ཅན་གྱིས་ཟིན་པའི་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གཙོ་བོར་ཐོབ་སྟེ། རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །ཞེས་སོ། །དམིགས་བསལ་ལ་སྲིད་རྩེའི་སེམས་ལ་བརྟེན་པའང་ཡོད་དེ། སྦྱོར་ལམ་སྐད་ཅིག་ཐ་མའི་ངོ་བོར་གྱུར་པའི་སྲིད་རྩེའི་དངོས་གཞིའི་སྙོམས་འཇུག་གིས་སྡུག་བསྔལ་ཆོས་བཟོད་ཀྱི་ངོ་བོར་གྱུར་བའི་འགོག་སྙོམས་དངོས་ཀྱི་སེམས་རྟེན་བྱེད་པ་ཡོད་པའི་ཕྱིར།

གསུམ་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཐེག་པ་རང་ལུགས་ཀྱི་སྦྱོར་ལམ་རྫོགས་རྗེས་སུ་བྱུང་ཞིང་། བདག་མེད་མངོན་སུམ་དུ་རྟོགས་པའི་བདེན་པ་མངོན་རྟོགས། གཉིས་པ་ལ། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་མཐོང་ལམ་གསུམ། དང་པོའི་མཚན་ཉིད། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་བདེན་པ་མངོན་རྟོགས། གཉིས་པའི་མཚན་ཉིད། གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་འབྲིང་གི་བདེན་པ་མངོན་རྟོགས། དབྱེ་ན། ཉན་རང་གཉིས་ཀ་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཡོད། གསུམ་པ་ལ། མཚན་ཉིད། དབྱེ་བ། སྐད་ཅིག་དུ་སྐྱེ་དཔྱད་པ། ལུང་ལས་བཤད་པའི་ཡོན་ཏན་དང་བཞི། དང་པོ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། ཐེག་ཆེན་གྱི་ལམ་ཡིན་ན་ཐེག་ཆེན་གྱི་ལམ་ལྔ་པོ་གང་རུང་ཡིན་པས་མ་ཁྱབ་སྟེ། མཐོང་ལམ་ཡིན་ན་མཉམ་བཞག་ཡིན་པས་ཁྱབ་པ་གང་ཞིག །ས་དང་པོའི་རྗེས་ཐོབ་ཡེ་ཤེས་དེ་མཐོང་ལམ་གྱིས་བསྡུས་ཀྱང་མཐོང་ལམ་མ་ཡིན་པའི་ཕྱིར། གཉིས་པ་ལ། ཡུལ་གྱི་སྒོ་ནས་ཆོས་བཟོད་ལ་སོགས་པ་བཅུ་དྲུག་དང་། ངོ་བོའི་སྒོ་ནས་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས། ཕྱི་མ་གཉིས་ཀྱི་མཚན་ཉིད་རིམ་བཞིན། མཐོང་སྤང་ཤེས་སྒྲིབ་ཀྱི་སྤོང་བ་གཉེན་པོས་བསྡུས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དང་། དེའི་རྟེན་གཉེན་པོས་བསྡུས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། དང་པོ་ལ་དབྱེ་ན། འདོད་པའི་སས་བསྡུས་ཀྱི་མཐོང་སྤང་ཤེས་སྒྲིབ་དང་། ཁམས་གོང་མས་བསྡུས་པའི་མཐོང་སྤང་ཤེས་སྒྲིབ་དངོས་སུ་སྤོང་བའི་བར་ཆད་མེད་ལམ་གཉིས། གཉིས་པ་ལ་ཡང་དེས་རིགས་འགྲེ། གསུམ་པ་ལ། བཤད་པའི་རྣམ་གྲངས་དངོས་དང་། བྱེ་བྲག་གི་སྐྱེ་ཚུལ་ཞར་བྱུང་དང་བཅས་པ་གཉིས། དང་པོ་ནི། མཐོང་ལམ་ལ་སྐད་ཅིག་མ་གཅིག་ཏུ་འདོད་པ། གཉིས་སུ་འདོད་པ། བཞིར་འདོད་པ། བཅུ་དྲུག་ཏུ་འདོད་པའི་ལུགས་དང་བཞི་ལས། སྤྱིར་ལུགས་ཕྱི་མ་རང་ལུགས་སུ་ཁས་ལེན། ཕྱི་མ་ལ། ཐོགས་མེད་ཀྱི། དབྱིག་གཉེན་གྱི། སློབ་དཔོན་གྱི་ལུགས་དང་གསུམ། དང་པོ་ནི། ཐེག་ཆེན་གྱི་མཐོང་ལམ་རྫས་ཀྱི་སྒོ་ནས་སྐད་ཅིག་མ་བཅུ་དྲུག་ཏུ་བཞེད་ལ། བཅུ་དྲུག་པོ་བར་མ་ཆད་དུ་བཤད། དེ་ཡང་། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་མཐོང་སྤང་གི་གཉེན་པོར་གྱུར་བའི་མཐོང་ལམ་བཞིར་འདུས། དེ་རེ་རེ་ལ་སྐད་ཅིག་མ་བཞི་བཞི་ཡོད་དེ། ཀུན་བཏུས་ལས། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་གང་ཞེ་ན། གང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་དེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །སྡུག་བསྔལ་ལ་ཆོས་ཤེས་པ་གང་ཞེ་ན། ཤེས་པ་གང་གིས་བཟོད་པའི་མཇུག་ཐོག་ཏུ་རྣམ་པར་གྲོལ་བ་མངོན་དུ་བྱེད་པའོ། །སྡུག་བསྔལ་ལ་རྗེས་སུ་རྟོག་པར་ཤེས་པའི་བཟོད་པ་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་མཇུག་ཐོག་ཏུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་འདི་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་སོ་སོ་རང་ལ་མངོན་སུམ་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་བོ། །སྡུག་བསྔལ་རྗེས་སུ་རྟོགས་པའི་ཤེས་པ་གང་ཞེ་ན། ཤེས་པ་གང་གིས་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དེ་ངེས་པར་འཛིན་པའོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཡང་བཟོད་པ་དང་ཤེས་པ་རྣམས་ཅི་རིགས་སུ་ཤེས་པར་བྱའོ། །དེ་ལ་ཆོས་ཤེས་པའི་བཟོད་པ་དང་། ཤེས་པ་རྣམས་ཀྱིས་ནི་གཟུང་བ་རྟོགས་སོ། །རྗེས་སུ་རྟོགས་པའི་བཟོད་པ་དང་། ཤེས་པ་རྣམས་ཀྱིས་ནི་འཛིན་པ་རྟོགས་སོ། །བཟོད་པ་དང་ཤེས་པ་ཐམས་ཅད་ལ་ཡང་མཚན་མ་མེད་པར་གནས་པའི་རྣལ་འབྱོར་ཅན་དུ་རིག་པར་བྱའོ། །ཞེས་སོ། །གཉིས་པ་ནི། རྫས་ཀྱི་སྒོ་ནས་བཅུ་དྲུག་པོ་དེ་དག་ཀྱང་། དང་པོར་འདོད་པའི་སས་བསྡུས་ཀྱི་སྡུག་བསྔལ་མཐོང་སྤང་དངོས་སུ་སྤངས་པའི་བར་ཆད་མེད་ལམ་ལ་སྡུག་བསྔལ་ཆོས་བཟོད། དེ་ལས་གྲོལ་བའི་རྣམ་གྲོལ་ལམ་ལ་ཆོས་ཤེས། ཁམས་གོང་མས་བསྡུས་པའི་སྡུག་བསྔལ་མཐོང་སྤང་དངོས་སུ་སྤངས་པའི་བར་ཆད་མེད་ལམ་ལ་རྗེས་བཟོད། དེའི་རྣམ་གྲོལ་ལམ་ལ་རྗེས་ཤེས་སོགས་སུ་བཞེད་དེ། མཛོད་ལས། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཀྱི་བཟོད་པ་ཟག་པ་མེད། །འདོད་སྡུག་བསྔལ་ལ་དེ་ནས་ནི། །དེ་ཉིད་ལ་ཆོས་ཤེས་དེ་བཞིན། །སྡུག་བསྔལ་ལྷག་ལ་རྗེས་བཟོད་ཤེས། །བདེན་པ་གསུམ་ལའང་དེ་བཞིན་ནོ། །ཞེས་སོགས་གསུངས་པའི་ཕྱིར། གསུམ་པ་ནི། ཆོས་ཉིད་མཐོང་ཚུལ་གྱི་སྒོ་ནས་སྐད་ཅིག་མ་གཅིག་ཡིན་ལ། འབྲས་བུའི་མངོན་པར་རྟོགས་པ་ལ་ལྟོས་ནས་ཀྱང་སྐད་ཅིག་མ་གཅིག་ཡིན། སོ་སོའི་མངོན་པར་རྟོགས་པ་དང་ངེས་པ་འདྲེན་ཚུལ་གྱི་དབང་དུ་བྱས་ནས་སྐད་ཅིག་མ་བཅུ་དྲུག་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་དེས་བདེན་བཞི་ལ་ལོག་ཕྱོགས་སུ་འཛིན་པའི་སྒྲོ་འདོགས་བཅུ་དྲུག་གཅོད་བྱེད་ཀྱི་རྗེས་ཐོབ་ཀྱིས་བསྡུས་པའི་ངེས་པ་བཅུ་དྲུག་འདྲེན་པའི་ནུས་པ་བཅུ་དྲུག་མཉམ་བཞག་གི་གནས་སྐབས་སུ་རིམ་བཞིན་དུ་འབྱུང་བའི་ཕྱིར། འགྲེལ་ཆེན་ལས། བདེན་པ་རེ་རེ་ལ་ཡང་ཕྱིན་ཅི་ལོག་རྣམ་པར་བསལ་བས་སོ་སོར་རྟོགས་པའི་མངོན་པར་རྟོགས་པ་ལས་སྐད་ཅིག་མ་བཅུ་དྲུག་ཁོ་ནས་མངོན་པར་ཤེས་པ་ཡིན་ནོ། །ཞེས་སོ། །བཅུ་དྲུག་འཇོག་ཚུལ་ཡང་ཐོགས་མེད་དང་མཐུན་པར་བཞེད་དེ། འགྲེལ་ཆེན་ལས། དེ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པས་ནི་གཟུང་བ་རྟོགས་ལ། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པས་ནི་འཛིན་པ་རྟོགས་པ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། དབང་པོའི་རིམ་པས་སྐྱེ་ཚུལ་བཞིར་དབྱེ་བ་མི་འགལ་ཏེ། བྱང་སེམས་ཤིན་ཏུ་དབང་རྣོན། ཅུང་ཟད་རྣོ་བ། དབང་འབྲིང་། དབང་རྟུལ་བཞིར་སྐྱེ་ཚུལ་མི་འདྲ་བའི་ཕྱིར། དེ་ལ་དང་པོ་ནི། སྐད་ཅིག་མ་གཅིག་ཏུ་སྐྱེ་སྟེ། བྱང་སེམས་ཤིན་ཏུ་དབང་རྣོན་གྱིས་ཆོས་ཉིད་མངོན་སུམ་དུ་གསར་དུ་མཐོང་བའི་དུས་ཀྱི་སྐད་ཅིག་མ་དེ་ལ། སྡུག་བསྔལ་ཤེས། ཀུན་འབྱུང་སྤོང་། འགོག་པ་མངོན་དུ་བྱེད། ལམ་བསྒོམ་པའི་མཐོང་ལམ་གྱི་བྱེད་པ་རྣམས་རྫོགས་པར་ནུས་པའི་ཕྱིར། ལྡོག་པའི་སྒོ་ནས་བཅུ་དྲུག་ཏུ་འགྱུར་ཏེ། འདོད་པའི་སས་བསྡུས་ཀྱི་བདེན་བཞིའི་གནས་ལུགས་མངོན་སུམ་དུ་ཤེས་པའི་ཆ་ནས་ཆོས་ཤེས་བཞི། དེ་ལ་མི་སྐྲག་པའི་ཆ་ནས་ཆོས་བཟོད་བཞི། ཁམས་གོང་གི་བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཆ་ནས་རྗེས་ཤེས་བཞི། དེ་ལ་མི་སྐྲག་པའི་ཆ་ནས་རྗེས་བཟོད་བཞིར་འཇོག་པའི་ཕྱིར། ཀླུ་སྒྲུབ་ཀྱིས་སྐད་ཅིག་མ་གཅིག་ཏུ་བཤད་པ་ཡང་འདི་ལ་དགོངས་སོ། །གཉིས་པ་ནི། བྱང་སེམས་ཅུང་ཟད་དབང་རྣོན་གྱི་རྒྱུད་ལ་རྫས་ཀྱི་སྒོ་ནས་མཐོང་ལམ་སྐད་ཅིག་མ་གཉིས་སུ་སྐྱེ་སྟེ། དང་པོར་ཁམས་གསུམ་གྱི་མཐོང་སྤང་མཐའ་དག་དངོས་སུ་སྤོང་བའི་བར་ཆད་མེད་ལམ་གཅིག་སྐྱེ། དེ་ལ་ལྡོག་པའི་སྒོ་ནས་བཟོད་པ་བརྒྱད་དུ་འཇོག །དེའི་རྗེས་སུ་དེ་ལས་གྲོལ་བའི་རྣམ་གྲོལ་ལམ་གཅིག་སྐྱེ། དེ་ལ་ལྡོག་པའི་སྒོ་ནས་ཤེས་པ་བརྒྱད་དུ་འཇོག་པའི་ཕྱིར། གསུམ་པ་ནི། བྱང་སེམས་དབང་འབྲིང་གི་རྒྱུད་ལ་མཐོང་ལམ་རྫས་ཀྱི་སྒོ་ནས་སྐད་ཅིག་མ་བཞིར་སྐྱེ་སྟེ། དང་པོར་འདོད་པའི་སས་བསྡུས་ཀྱི་མཐོང་སྤང་མཐའ་དག་དངོས་སུ་སྤོང་བའི་བར་ཆད་མེད་ལམ་གཅིག་སྟེ། དེ་ལ་ལྡོག་པའི་སྒོ་ནས་ཆོས་བཟོད་བཞིར་འཇོགདེའི་རྗེས་སུ་དེ་ལས་གྲོལ་བའི་རྣམ་གྲོལ་ལམ་གཅིག་སྐྱེ། དེ་ལ་ལྡོག་པའི་སྒོ་ནས་ཆོས་ཤེས་བཞི། དེའི་རྗེས་སུ་ཁམས་གོང་གི་མཐོང་སྤང་མཐའ་དག་དངོས་སུ་སྤོང་བའི་བར་ཆད་མེད་ལམ་གཅིག་སྐྱེ། དེ་ལ་ལྡོག་པའི་སྒོ་ནས་རྗེས་བཟོད་བཞི། དེའི་རྗེས་སུ་དེ་ལས་གྲོལ་བའི་རྣམ་གྲོལ་ལམ་གཅིག་སྐྱེ། དེ་ལ་ལྡོག་པའི་སྒོ་ནས་རྗེས་ཤེས་བཞིར་འཇོག །བཞི་པ་ནི། བྱང་སེམས་དབང་རྟུལ་གྱི་རྒྱུད་ལ་རྫས་ཀྱི་སྒོ་ནས་སྐད་ཅིག་མ་བཅུ་དྲུག་ཏུ་སྐྱེས། དེ་ལ་ཡང་། ཐོགས་མེད་ཀྱིས་བཤད་པ་ལྟར་གྱི་སྐྱེ་ཚུལ་དང་། དབྱིག་གཉེན་གྱིས་བཤད་པ་ལྟར་གྱི་སྐྱེ་ཚུལ་གཉིས། ཆོས་བཤེས་ཀྱིས། དེ་ལྟར་ན་མཐོང་བའི་ལམ་ལ་དུས་ཇི་སྙེད་ཅིག་ཐོགས་ཤེ་ན། འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་དང་། བརྩོན་འགྲུས་དང་། དབང་པོའི་རྗེས་སུ་འབྲང་བས་ན་དུས་གཅིག་ཏུ་ཆད་པ་ཅི་ཡང་མེད་དོ། །དེ་བཞིན་དུ་སྤྱིའི་དུས་བསྐལ་པ་གྲངས་མེད་པ་གསུམ་ཞེས་བྱ་བའི་དུས་ཀྱང་ངེས་པ་ཅན་དུ་ནམ་ཡང་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་སྐབས་འདིའི་སྐད་ཅིག་མ་ནི། སྤྱིར་སྐད་ཅིག་མ་ལ། དུས་མཐའི་དང་། བྱ་རྫོགས་ཀྱི་སྐད་ཅིག་མ་གཉིས། དང་པོ་ནི། སེ་གོལ་གཅིག་གཏོག་པའི་ཡུན་ཚད་ལ་དྲུག་ཅུ་རྩ་ལྔར་ཕྱེ་བའི་ཆ་གཅིག་ལ་ངོས་འཛིན། གཉིས་པ་ནི། བྱ་བ་གང་ཡིན་ཀྱང་བརྩམས་ནས་མ་གྲུབ་བར་གྱི་ཡུན་ཚད་དོ། །དེ་དག་ལས་འདིར་ཕྱི་མ་སྟེ། ཀུན་བཏུས་སུ། སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་འདི་དག་ནི་མཐོང་བའི་ལམ་མོ། །སེམས་ཀྱི་སྐད་ཅིག་ནི་ཤེས་བྱ་ལ་ཤེས་པར་འབྱུང་བ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །ཞེས་སོ། །དེས་ན་ཤིང་ལེབ་ལྔ་ཁབ་ཀྱིས་འབུགས་པ་དང་། ཤྭ་མང་འདབ་མ་ལྔ་ཁབ་ཀྱིས་འབུགས་པའི་དཔེས་མཚོན་ཏེ་མཐོང་ལམ་སྐྱེ་ཚུལ་སྐད་ཅིག་མ་བཅུ་དྲུག་ཏུ་མཐའ་གཅིག་ཏུ་ངེས་པར་ཁས་བླངས་ཀྱང་མི་འགལ་ལམ་སྙམ་མོ། །བཞི་པ་ལ། སྤང་བྱ་ལས་གྲོལ་བའི་དང་། ཐོབ་བྱ་ཐོབ་པའི་ཡོན་ཏན་གཉིས། དང་པོ་ནི། ཇི་སྐད་དུ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་སྐྱེས་སོ། །ཞེས་སོ། །གཉིས་པ་ནི། མདོ་ལས། ཆོས་མཐོང་བ། ཆོས་ཐོབ་པ། ཆོས་རིག་པ། ཆོས་རྟོགས་པ། སོམ་ཉི་བརྒལ་བ། ཐེ་ཚོམ་ལས་བརྒལ་བ། གཞན་གྱི་དྲིང་མི་འཇོག་པ། སྟོན་པའི་བསྟན་པ་ལས་གཞན་གྱིས་མི་བཀྲི་བ། ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ། ཞེས་སོ། །དེ་ཡང་དང་པོ་བཞི་ཆོས་བཟོད་སོགས་བཞི་དང་། ཕྱི་མ་རྣམས་མཐོང་ལམ་སྤྱིའི་ཡོན་ཏན་ནོ། །ངག་དོན་ནི། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ལམ་ཤེས་འཆད་པའི་སྐབས་ནས་དངོས་སུ་བསྟན་པའི་མཐོང་ལམ་ཡིན་ཏེ། ཚེ་འདི་ཕྱི་གཉིས་ཀྱི་ཕན་ཡོན་ཆེན་པོ་དང་ལྡན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར།

གཉིས་པ་ལ། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་གཉིས། དང་པོ་ནི། ཀུན་ནས་ཞི་དང་ཐམས་ཅད་ལ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རང་རྒྱུ་ཐེག་ཆེན་གྱི་སྒོམ་ལམ་ངོ་བོ་ཇི་ལྟ་བ་བཞིན་དུ་སྒོམ་སྟོབས་ཀྱིས་ཐོབ་པའི་དགེ་ལེགས། གཉིས་པ་ལ། གནས་སྐབས་དང་མཐར་ཐུག་གི་བྱེད་པ་གཉིས། དང་པོ་ནི། སྒོམ་ལམ་སྐད་ཅིག་གཉིས་པ་ནས་རྒྱུན་མཐའི་བར་གྱི་སྤངས་རྟོགས་ཀྱི་ཡོན་ཏན་ལྟ་བུ། གཉིས་པ་ནི། སངས་རྒྱས་སའི་སྤངས་རྟོགས་ཀྱི་ཡོན་ཏན་ལྟ་བུ། འབྲས་བུའི་སྒོ་ནས་དབྱེ་ན། ཀུན་ནས་ཞི་བའི། ཐམས་ཅད་ལ་འདུད་པའི། ཉོན་མོངས་པ་ལས་རྒྱལ་བའི། གནོད་པས་རྫི་བ་མེད་པའི། རྫོགས་པའི་བྱང་ཆུབ་སྒྲུབ་པའི། རྟེན་གྱི་ཡུལ་མཆོད་པའི་གནས་སུ་གྱུར་པའི་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་དང་དྲུག །བསྡུ་ན་སྐྱེས་བུ་བྱེད་པའི། རྣམ་སྨིན་གྱི། བདག་པོའི་འབྲས་བུ་དང་གསུམ། དང་པོ་ལ། ནང་གི་ཉེར་འཚེ་ཞི་བ་དང་། ཕྱིའི་ཉེར་འཚེ་ཞི་བ་གཉིས། དང་པོ་ལ། གནས་སྐབས་ཀྱི་འབྲས་བུའི་དབང་དུ་བྱས་ནས་བྱེད་པ་དང་པོ་གཉིས། མཐར་ཐུག་གི་འབྲས་བུའི་དབང་དུ་བྱས་ནས་བྱེད་པ་གསུམ་པ། ཕྱིའི་ཉེར་འཚེ་ཞི་བའི་དབང་དུ་བྱས་ནས་བྱེད་པ་བཞི་པ། གཉིས་པའི་དབང་དུ་བྱས་ནས་ལྔ་པ། གསུམ་པའི་དབང་དུ་བྱས་ནས་དྲུག་པ་བཞག་པ་ཡིན་ནོ། །ངག་དོན་ནི། འདིར་བསྟན་ཀུན་ནས་ཞི་བ་ལ་སོགས་པའི་བྱེད་པ་དྲུག་ཆོས་ཅན། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ཡིན་ཏེ། རང་གི་རྒྱུར་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་ངོ་བོ་ཇི་ལྟ་བ་བཞིན་དུ་སྒོམ་སྟོབས་ཀྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་ཡིན་པའི་ཕྱིར།

གཉིས་པ་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པ་གཉིས། དང་པོ་ནི། བྱེད་པའི་འོག་ཏུ་སྒོམ་པའི་ལམ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་སྒོམ་ལམ་ལ། ལུས་རྟེན། བསམ་པའི་རྟེན། བརྟེན་པ་སྒོམ་ལམ་གྱི་རང་བཞིན་དང་གསུམ། དང་པོ་ལ། རང་རྒྱལ་ན་འདོད་པའི་རྟེན་ཅན་དུ་ངེས་ལ། ཉན་ཐོས་ཀྱི་སྒོམ་ལམ་སྔར་མེད་གསར་དུ་སྐྱེ་བ་འདོད་གཟུགས་ཀྱི་རྟེན་དང་། ཐོབ་ཟིན་གནས་པ་གཟུགས་མེད་ཀྱི་རྟེན་ལའང་ཡོད། ཐེག་ཆེན་གྱི་སྒོམ་ལམ་འདོད་གཟུགས་གང་རུང་གི་རྟེན་ཅན་དུ་ངེས་ཀྱི། གཟུགས་མེད་ཀྱི་རྟེན་ཅན་མེད་དེ། གཟུགས་མེད་ཁམས་པ་ནི་ཐེག་ཆེན་གྱི་འཕགས་པའི་ཕྲིན་ལས་དངོས་སུ་འཇུག་པའི་རྟེན་དུ་མི་རུང་བའི་ཕྱིར་ཏེ། སྡུད་པ་ལས། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་སོ། །གཉིས་པ་ལ། སྤྱིར་བསྟན་པ་དང་། དོགས་པ་གཅོད་པ་གཉིས། དང་པོ་ནི། ཐེག་དམན་གྱི་སྒོམ་ལམ་སྔར་མེད་གསར་དུ་སྐྱེ་བ་བསམ་གཏན་ས་དྲུག་གང་རུང་ལ་དངོས་སུ་བརྟེན་ཅིང་། ཐོབ་ཟིན་མངོན་དུ་བྱེད་པ་གཟུགས་མེད་ཀྱི་སེམས་ལ་བརྟེན་པ་ཡོད་དེ། ཉན་ཐོས་སྒོམ་ལམ་པས་སྲིད་རྩེའི་དངོས་གཞི་ལ་བརྟེན་ནས་འགོག་སྙོམས་མངོན་དུ་བྱེད་པ་ཡོད་པའི་ཕྱིར། ཐེག་ཆེན་གྱི་བསམ་གཏན་བཞི་པའི་དངོས་གཞིའི་སེམས་ལ་བརྟེན་པ་གཙོ་ཆེ་སྟེ། དེ་ཞི་ལྷག་ཆ་མཉམ་པས་དེ་ལ་བརྟེན་ནས་ལམ་སྒྲུབ་སླ་བའི་ཕྱིར། གཟུགས་མེད་ཀྱི་སེམས་ལ་དངོས་སུ་མི་བརྟེན་པ་མ་ཡིན་ཏེ། ས་དང་པོའི་མཉམ་བཞག་ཁྱད་པར་ལམ་གྱི་སྐད་ཅིག་ཐ་མའི་ངོ་བོར་གྱུར་པའི་གཟུགས་མེད་ཀྱི་དངོས་གཞིས་ས་གཉིས་པའི་དངོས་རྒྱུ་བྱེད་པ་ཡོད་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་སྒོམ་ལམ་སྐད་ཅིག་མ་དང་པོ་མཉམ་བཞག་ཏུ་ངེས་ཀྱང་དེའི་དངོས་རྒྱུ་ལ་ས་དང་པོའི་མཉམ་བཞག་ཁྱད་པར་ཅན་གྱི་ལམ་ཡང་ཡོད། རྗེས་ཐོབ་ཁྱད་པར་ཅན་གྱི་ལམ་ཡང་ཡོད་དོ། །གསུམ་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། བདག་མེད་མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་རྗེས་ལ་མངོན་རྟོགས། གཉིས་པ་ལ། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་སྒོམ་ལམ་གསུམ། དང་པོའི་མཚན་ཉིད། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་ཉན་ཐོས་ཀྱི་རྗེས་ལ་མངོན་རྟོགས། དབྱེ་ན། ཉན་ཐོས་ཀྱི་སྒོམ་ལམ་ཆུང་ངུ་ལ་སོགས་པ་དགུ། བསྡུ་ན། རྗེས་ཐོབ་ཀྱིས་བསྡུས་པའི་ཟག་བཅས་སྒོམ་ལམ་དང་། མཉམ་བཞག་གིས་བསྡུས་པའི་ཟག་མེད་སྒོམ་ལམ་གཉིས་སུ་འདུས་སོ། །གཉིས་པ་ལ་ཡང་དེས་མཚོན་ནོ། །གསུམ་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། གྲངས་ངེས་དང་བཞི། དང་པོ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། གཉིས་པ་ནི། ངོ་བོའི་སྒོ་ནས་ཟག་བཅས་དང་། ཟག་མེད་གཉིས། རྣམ་པའི་སྒོ་ནས་ཆུང་ངུ་ལ་སོགས་པ་དགུ། གསུམ་པ་ལ། འདིར་བསྟན་གྱི་ཟག་པ་ངོས་བཟུང་བ། དེ་དང་བཅས་མ་བཅས་ཀྱི་དོན། མཚན་ཉིད་བསྡུས་ཏེ་བསྟན་པ་དང་གསུམ། དང་པོ་ནི། གཟུང་འཛིན་ཐ་དད་དུ་སྣང་བའི་ཤེས་སྒྲིབ་རྟོག་པ་ཡིན་ཏེ། ཆོས་བཤེས་ཀྱིས། རྣམ་རྟོག་དང་བཅས་པས་ཟག་བཅས་དང་། རྟོག་པ་དང་བྲལ་བས་ཟག་མེད། ཅེས་གསུངས་པའི་ཕྱིར། གཉིས་པ་ནི། ཟག་བཅས་སྒོམ་ལམ་དང་། ཤེས་སྒྲིབ་རྟོག་པ་ལྷན་ཅིག་ངེས་པར་འཇུག་པའི་ཆ་ནས་དེ་དང་བཅས་པར་འཇོག་པ་མ་ཡིན་ཏེ། དག་སའི་རྗེས་ཐོབ་ཀྱི་གནས་སྐབས་སུ་ཤེས་སྒྲིབ་རྟོག་པ་རྒྱུན་ཆགས་སུ་འབྱུང་བའི་ངེས་པ་མེད་པའི་ཕྱིར། དེས་ན་ཤེས་སྒྲིབ་རྟོག་པའི་ས་བོན་ལ་ཤེས་སྒྲིབ་རྟོག་པའི་རིགས་འདྲ་ཕྱི་མ་འབྱུང་བའི་རྐྱེན་ཀུན་རྫོབ་ཀྱི་སྤྲོས་པ་སྣ་ཚོགས་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པ་ནི་ཟག་པ་དང་བཅས་པའི་དོན་ཡིན་ལ། དེ་ལས་ལོག་པ་ནི་ཟག་བཅས་མ་ཡིན་པའི་དོན་ནོ། །དེའི་ཕྱིར་ཟག་བཅས་སྒོམ་ལམ་ཡིན་ན་ཟག་མེད་ཡིན་པས་ཁྱབ་བོ། །གསུམ་པ་ལ། ཟག་བཅས་སྒོམ་ལམ་གྱི་མཚན་ཉིད། ཀུན་རྫོབ་བདེན་པ་ཡུལ་གྱི་གཙོ་བོར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། མཚན་གཞི། ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་མཐའ་དག་གོ །ཟག་མེད་སྒོམ་ལམ་གྱི་མཚན་ཉིད། དོན་དམ་བདེན་པ་ཡུལ་གྱི་གཙོ་བོར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། མཚན་གཞི། ཐེག་ཆེན་གྱི་སྒོམ་ལམ་མཉམ་བཞག་མཐའ་དག་གོ །བཞི་པ་ནི། ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུར་གྲངས་ངེས་ཏེ། ཐེག་ཆེན་གྱི་སྒོམ་ལམ་དེ་ས་གཉིས་པ་ནས་བཅུ་པའི་བར་རྒྱུན་ཆགས་སུ་འབྱུང་བའི་ཕྱིར། ཁྱབ་སྟེ། ས་གཉིས་པ་དང་དེའི་ཆུང་ངུའི་ཆུང་ངུ་དོན་གཅིག་པ་ནས། ས་བཅུ་པ་དང་དེའི་ཆེན་པོའི་ཆེན་པོ་དོན་གཅིག་པའི་ཕྱིར་ཏེ། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་སོགས་ཀྱི་དོན་ནོ། །ངག་དོན་ནི། ས་གཉིས་པའི་ཡེ་ཤེས་ཆོས་ཅན། ཐེག་ཆེན་གྱི་སྒོམ་ལམ་ཡིན་ཏེ། མཉམ་རྗེས་གཉིས་ཀྱིས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར།

གཉིས་པ་ལ། ཟག་བཅས་དང་། ཟག་མེད་སྒོམ་ལམ་གཉིས། དང་པོ་ལ། མོས་བསྔོ་རྗེས་སུ་ཡི་རང་གི་སྒོམ་ལམ་གསུམ། དང་པོ་ནི། མོས་པ་རང་གི་དོན་དང་ནི། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཐེག་ཆེན་གྱི་མོས་པ་སྒོམ་ལམ་ལ། མཚན་ཉིད། དབྱེ་བ། ས་མཚམས། ཕན་ཡོན་དང་བཞི། དང་པོ་ནི། ཡུམ་ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་མོས་པར་བྱེད་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། གཉིས་པ་ལ། རང་དོན། གཉིས་དོན། གཞན་དོན་མོས་པ་སྒོམ་ལམ་གསུམ། དང་པོའི་མཚན་ཉིད། མ་དག་སའི་སྒོམ་ལམ་གང་ཞིག །ཡུམ་ཤེར་ཕྱིན་རང་དོན་ཕུན་ཚོགས་ཀྱི་འབྱུང་གནས་སུ་མོས་པའི་འདུན་པ་མཚུངས་ལྡན་དང་བཅས་པ། དབྱེ་ན། ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ། གཉིས་པའི་མཚན་ཉིད། ས་བཅུ་པའི་ཡེ་ཤེས་མ་སྐྱེས་གོང་གི་དག་སའི་སྒོམ་ལམ་གང་ཞིག །ཡུམ་ཤེར་ཕྱིན་དོན་གཉིས་ཕུན་ཚོགས་ཀྱི་འབྱུང་གནས་སུ་མོས་པའི་འདུན་པ་མཚུངས་ལྡན་དང་བཅས་པ། དབྱེ་ན་དགུ། གསུམ་པའི་མཚན་ཉིད། ས་བཅུ་པའི་རྒྱུད་ཀྱི་སྒོམ་ལམ་གང་ཞིག །ཡུམ་ཤེར་ཕྱིན་གཞན་དོན་ཕུན་ཚོགས་ཀྱི་འབྱུང་གནས་སུ་མོས་པའི་འདུན་པ་མཚུངས་ལྡན་དང་བཅས་པ། དབྱེ་ན་དགུ། འདི་དག་ཀྱང་མཚོན་བྱེད་དཔེའི་སྒོ་ནས་ཆུང་འབྲིང་ཆེན་པོར་བཞག་པ་ཡིན་གྱི། དང་པོར་སྐྱེ་བ་ལ་ཆུང་ངུ་། བར་དུ་འབྲིང་། ཐ་མར་ཆེན་པོ་བཞག་པ་མ་ཡིན་ཏེ། གང་ཟག་གཅིག་གི་རྒྱུད་ལ་མཚོན་བྱེད་དཔེ་དགུ་ཅིག་ཅར་དུ་ཡོད་པ་མི་འགལ་བའི་ཕྱིར། གསུམ་པ་ནི། དང་པོ་ས་གཉིས་པ་ནས་བདུན་པའི་བར་དུ་ཡོད་དེ། དེར་ཉོན་ཡིད་ཀྱི་བག་ལ་ཉལ་རགས་པ་གནས་མ་གྱུར་པའི་སྟོབས་ཀྱིས་སྦྱོར་བས་རང་དོན་གཙོ་བོར་སྒྲུབ་པའི་རིགས་སུ་གནས་པའི་ཕྱིར། གཉིས་པ་ས་བརྒྱད་པ་དང་དགུ་པའི་གནས་སྐབས་ན་ཡོད་དེ། སྦྱོར་བས་རང་གཞན་གཉིས་ཀའི་དོན་འབད་མེད་དུ་སྒྲུབ་ནུས་ཤིང་། གདུལ་བྱ་གཞན་ངོར་རྗེས་ཐོབ་ཏུ་སེམས་ཅན་གྱི་དོན་བྱེད་ཚུལ་སངས་རྒྱས་དང་ཚུལ་མཚུངས་པ་མ་ཐོབ་པའི་ཕྱིར། གསུམ་པ་ས་བཅུ་པ་ན་ཡོད་དེ། དེར་རྗེས་ཐོབ་ཏུ་གདུལ་བྱ་གཞན་ངོར་སེམས་ཅན་གྱི་དོན་བྱེད་ཚུལ་སངས་རྒྱས་དང་ཚུལ་མཚུངས་པའི་ཕྱིར། འོན་ཀྱང་སྤངས་རྟོགས་ཀྱི་ངོས་ནས་མཉམ་པ་མ་ཡིན་ཏེ། ས་གཞི་དང་རྡུལ་ཕྲན་གྱི་དཔེས་གསུངས་པའི་ཕྱིར། དེ་ལྟར་ཡང་རྒྱུད་བླར། དེ་ལྟ་མོད་ཀྱི་ས་རྡུལ་དང་། །རྒྱ་མཚོ་བ་གླང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་སོ། །བཞི་པ་ལ། མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ། དང་པོ་ནི། རང་གི་རྒྱུར་གྱུར་པའི་མོས་པ་སྒོམ་ལམ་ངོ་བོ་ཇི་ལྟ་བ་བཞིན་དུ་སྒོམ་སྟོབས་ཀྱིས་ཐོབ་པའི་དགེ་ལེགས། གཉིས་པ་ལ། བསྟོད་བཀུར་བསྔགས་པའི་ཕན་ཡོན་དགུ་དགུ་སྟེ་ཉེར་བདུན། དེ་དག་ཀྱང་མོས་པ་སྒོམ་ལམ་གསུམ་ལ་རིམ་བཞིན་ནོ། །གསུམ་པ་ནི། མོས་པ་སྒོམ་ལམ་སྐད་ཅིག་གཉིས་པ་ནས་སངས་རྒྱས་སའི་བར་དུའོ། །ངག་དོན་ནི། མོས་པ་སྒོམ་ལམ་ཆོས་ཅན། ཁྱོད་ལ་དབྱེ་ན་གསུམ་དུ་ཡོད་དེ། ཁྱོད་ལ་རང་དོན། གཉིས་དོན། གཞན་དོན་མོས་པ་སྒོམ་ལམ་གསུམ་ཡོད་པའི་ཕྱིར། གཉིས་པ་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཐེག་ཆེན་གྱི་བསྔོ་བ་སྒོམ་ལམ་ལ། མཚན་ཉིད། དབྱེ་བ། ཞར་བྱུང་བསྔོ་བའི་རྣམ་གཞག་དང་གསུམ། དང་པོ་ནི། རང་གི་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། གཉིས་པ་ལ། ས་མཚམས་དང་། ཡུལ་གྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། མ་དག་ས་དང་། དག་སས་བསྡུས་པའི་བསྔོ་བ་སྒོམ་ལམ་གཉིས། གཉིས་པ་ཡུལ་གྱི་སྒོ་ནས་དབྱེ་ན། མོས་པ་ཁྱད་པར་ཅན་གྱི། མི་དམིགས་པའི། ཕྱིན་ཅི་མ་ལོག་པའི། དབེན་པའི་དགེ་ཚོགས་ཀྱི་རང་བཞིན་དྲན་པའི། ཐབས་ལ་མཁས་པའི། མཚན་མ་མེད་པའི། སངས་རྒྱས་ཀྱིས་སྣང་བའི། ཁམས་གསུམ་པར་མ་གཏོགས་པའི། དཔེ་ཆུང་ངུས་མཚོན་པའི། འབྲིང་གིས་མཚོན་པའི། ཆེན་པོས་མཚོན་པའི་བསྔོ་བ་སྒོམ་ལམ་དང་བཅུ་གཉིས་སོ། །གསུམ་པ་ལ། མཚན་ཉིད། དབྱེ་བ། ཁྱད་ཆོས་དང་གསུམ། དང་པོ་ནི། རང་གཞན་གྱི་དགེ་རྩ་འབྲས་བུ་ཁྱད་པར་ཅན་དུ་སྒྲུབ་པར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ། གཉིས་པ་ལ། མངོན་མཐོའི་དང་། ངེས་ལེགས་ཀྱི་བསྔོ་བ་གཉིས། ཕྱི་མ་ལ། ཐེག་དམན་དང་། ཐེག་ཆེན་གྱི་བསྔོ་བ་གཉིས་སོ། །གསུམ་པ་ལ། གང་བསྔོ་བའི་དགེ་རྩ། གང་དུ་བསྔོ་བའི་ས། གང་གིས་བསྔོ་བའི་གང་ཟག །ཇི་ལྟར་བསྔོ་བའི་ཚུལ། དེ་ལྟར་བསྔོས་པའི་དགོས་པ། བསྔོ་བ་འགྲུབ་པར་བྱེད་པའི་དབང་པོ་དང་དྲུག །དང་པོ་ནི། དུས་གསུམ་བསགས་ཡོད་ཀྱི་དགེ་བ་རྣམས་ཏེ། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་མདོ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ལ། འཇིག་རྟེན་པའི། ཐེག་དམན་གྱི་སར། བླ་མེད་བྱང་ཆུབ་ཏུ་བསྔོ་བ་དང་གསུམ་ཡོད། གསུམ་པ་ནི། ཇི་སྐད་དུ། རིང་བསྲེལ་ཅན་གྱི་མཆོད་རྟེན་དྲུང་། །བདེ་བར་གཤེགས་པས་བསྔགས་པས་འགྲུབ། །ཅེས་པས་མཚོན་ནོ། །བཞི་པ་ནི། བསྔོ་བ་ཁྱད་པར་ཅན་གྱི་དབང་དུ་བྱས་ཏེ་འཁོར་གསུམ་རྣམ་དག་གི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སོ། །ལྔ་པ་ནི། དགེ་རྩ་མི་ཟད་ཅིང་གོང་ནས་གོང་དུ་སྤེལ་བའི་ཆེད་དུའོ། །དྲུག་པ་ནི། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ལ་བསྔོ་བ་འགྲུབ་པའི་ཆེད་དུ་མཁྱེན་པར་གསོལ་བའོ། །ངག་དོན་ནི། ས་གཉིས་པའི་རྗེས་ཐོབ་ཡེ་ཤེས་ཆོས་ཅན། བསྔོ་བ་སྒོམ་ལམ་ཡིན་ཏེ། རང་གཞན་གྱི་དགེ་རྩ་བླ་མེད་བྱང་ཆུབ་ཏུ་བསྔོ་བར་བྱེད་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། གསུམ་པ་ནི། ཐབས་དང་མི་དམིགས་པ་དག་གི །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་རྗེས་སུ་ཡི་རང་སྒོམ་ལམ་ལ། མཚན་ཉིད། དབྱེ་བ། དོགས་གཅོད་གསུམ། དང་པོ་ནི། རང་གཞན་གྱི་དགེ་རྩ་ལ་དགའ་བ་ཡང་དག་པར་སྒོམ་པར་བྱེད་པའི་ཚོར་བ་ཡིད་བདེ་མཚུངས་ལྡན་དང་བཅས་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། གཉིས་པ་ལ། མ་དག་ས་དང་། དག་སས་བསྡུས་པའི་རྗེས་སུ་ཡི་རང་གཉིས། གསུམ་པ་ནི། མོས་བསྔོ་རྗེས་སུ་ཡི་རང་གསུམ་མི་འགལ་ཏེ། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་ཐམས་ཅད་བསྔོ་བ་སྒོམ་ལམ་གྱི་ནང་དུ་འདུས་པའི་ཕྱིར་ཏེ། དེ་ཐམས་ཅད་བྱང་ཆུབ་དོན་གཉེར་གྱི་འདུན་པས་ཟིན་པའི་སྒོམ་ལམ་ཡིན་པའི་ཕྱིར། ཡིན་ཁྱབ་མཉམ་ཡང་མ་ཡིན་ཏེ། ཚོར་བ་བཏང་སྙོམས་དང་མཚུངས་ལྡན་གྱི་མོས་བསྔོ་གཉིས་རྗེས་སུ་ཡི་རང་སྒོམ་ལམ་མ་ཡིན་པའི་ཕྱིར། ངག་དོན་ནི། རང་གཞན་གྱི་དགེ་བ་ལ་དགའ་བ་ཡང་དག་པར་བསྒོམ་པའི་ས་གཉིས་པའི་རྗེས་ཐོབ་ཡེ་ཤེས་ཆོས་ཅན། རྗེས་སུ་ཡི་རང་སྒོམ་ལམ་ཡིན་ཏེ། རང་གཞན་གྱི་དགེ་བ་ལ་དམིགས་ནས་དགའ་སྤྲོ་རྒྱ་ཆེན་པོ་དང་ལྡན་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར།

གཉིས་པ་ལ། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་གཉིས། དང་པོ་ནི། དེ་ཡི་ངོ་བོ་ཉིད་མཆོག་ཉིད། ཅེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། སྒོམ་སྤང་ཤེས་སྒྲིབ་ཀྱི་སྤོང་བ་གཉེན་པོས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། འདི་དང་ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དོན་གཅིག །གཉིས་པ་ལ། ས་མཚམས་ཀྱི་སྒོ་ནས་དབྱེ་ན། མ་དག་ས་དང་། དག་སས་བསྡུས་པའི་སྒྲུབ་པ་སྒོམ་ལམ་གཉིས། སྤང་བྱའི་སྒོ་ནས་དབྱེ་ན། སྒོམ་སྤང་གི་ས་བོན་དང་། གནས་ངན་ལེན་དངོས་སུ་སྤོང་བའི་སྒྲུབ་པ་སྒོམ་ལམ་གཉིས་སོ། །ངག་དོན་ནི། ས་གཉིས་པའི་བར་ཆད་མེད་ལམ་ཆོས་ཅན། ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་ཡིན་ཏེ། རང་གི་ངོ་སྐལ་གྱི་ཤེས་སྒྲིབ་དངོས་སུ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་གྱི་ངོ་བོར་གྱུར་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ནི། འབྲས་བུ་དག་པ་གཟུགས་ལ་སོགས། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། ཐེག་ཆེན་གྱི་རྣམ་དག་སྒོམ་ལམ། གཞུང་གི་བསྟན་དོན། འབྲས་བུ་རྣམ་དག་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། སྒོམ་སྤང་ཤེས་སྒྲིབ་ཀྱི་རྟེན་གཉེན་པོས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། འདི་དང་ཐེག་ཆེན་གྱི་སྒོམ་ལམ་རྣམ་གྲོལ་ལམ་དོན་གཅིག །དབྱེ་ན། ས་གཉིས་པའི་རྣམ་གྲོལ་ལམ་ནས་ས་བཅུ་པའི་རྣམ་གྲོལ་ལམ་གྱི་བར་དགུ། གཉིས་པ་ལ། ཆོས་ཅན། བསྒྲུབ་བྱའི་ཆོས། གཏན་ཚིགས་ལ་དཔྱད་པ་དང་གསུམ། དང་པོ་ནི། འདིར་དངོས་བསྟན་གྱི་རྣམ་གྲོལ་ལམ་ལ། ཉན་རང་བྱང་སེམས་སངས་རྒྱས་ཀྱི་རྣམ་གྲོལ་ལམ་བཞི་ཡོད། འོན་ཀྱང་བསྟན་བྱའི་གཙོ་བོ་ནི་ཐེག་ཆེན་གྱི་རྣམ་གྲོལ་ལམ་མོ། །གཉིས་པ་ནི། མདོ་ལས། འབྲས་བུ་རྣམ་པར་དག་པས་གཟུགས་རྣམ་པར་དག་པ། ཞེས་དང་། འདིར། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ། ཞེས་པའི་དོན་གང་ལ་བྱེད་ཟེར་ན། རྣམ་གྲོལ་ལམ་རང་གི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་ན་དེའི་ཡུལ་གཟུགས་སོགས་ཀྱང་རང་གི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པའོ། །དེའི་ཡུལ་གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་ལ་རང་གི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པའོ། །གསུམ་པ་ནི། མདོ་ལས། དེ་ལྟར་ན་འབྲས་བུ་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད། ཅེས་སོགས་དང་། འདིར། དེ་གཉིས་ཐ་དད་མ་ཡིན་ཞིང་། །དཔྱད་དུ་མེད་པས་དག་པར་བརྗོད། །ཅེས་པའི་དོན་གང་ལ་བྱེད་ཟེར་ན། ཐེག་ཆེན་གྱི་སྒོམ་ལམ་རྣམ་གྲོལ་ལམ་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་དེའི་ཡུལ་གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་ལ་ཡང་རང་གི་ངོ་སྐལ་གྱི་དྲི་མས་དག་པའི་ཁྱད་པར་རང་མཚན་ལ་རྫས་ཐ་དད་པ་དང་། སྤྱི་མཚན་ལ་ལྡོག་པ་སོ་སོའི་བློ་དོན་མཐུན་གྱིས་དཔྱད་དུ་མེད་པའོ། །གསུམ་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཟག་མེད་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་ལས་གྲོལ་བའི་རྣམ་གྲོལ་ལམ་དང་འགོག་བདེན་གང་རུང་དུ་གྱུར་བའི་ཡོན་ཏན། འདི་དང་དགེ་སྦྱོང་ཚུལ་གྱི་འབྲས་བུ་དོན་གཅིག །གཉིས་པ་ལ། ཉན་ཐོས། རང་རྒྱལ། བྱང་སེམས། སངས་རྒྱས་ཀྱི་རྣམ་དག་དང་བཞི། མཚན་ཉིད་རིམ་བཞིན། ཐེག་པ་ཆུང་ངུ་བའི་རྒྱུད་ཀྱི། ཐེག་པ་འབྲིང་པོ་བའི་རྒྱུད་ཀྱི། རྒྱལ་སྲས་འཕགས་པའི་རྒྱུད་ཀྱི་རྣམ་གྲོལ་ལམ་དང་འགོག་བདེན་གང་རུང་དུ་གྱུར་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟད་པར་སྤངས་པའི་སྤངས་རྟོགས་གང་རུང་དུ་གྱུར་པའི་ཡོན་ཏན་ནོ། །ངག་དོན་ནི། ས་གཉིས་པའི་རྣམ་གྲོལ་ལམ་ཆོས་ཅན། འབྲས་བུ་རྣམ་དག་ཡིན་ཏེ། རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྒྲིབ་པ་ལས་གྲོལ་བའི་རྟེན་གཉེན་པོ་ཡིན་པའི་ཕྱིར། སྤྱི་དོན་སྙིང་པོར་དྲིལ་བ་བདུད་རྩིའི་ཉིང་ཁུ་ལས། ལམ་ཤེས་འཆད་པའི་སྐབས་ཏེ་གཉིས་པའོ།། །།

བླང་དོར་བྱ་བའི་ཡུལ་གཞི་ཤེས།

རྩ་བའི་ས་བཅད་གསུམ་པ་གཞི་ཤེས་ལ། འབྲེལ་བཀོད་པའི་སྒོ་ནས་མཚམས་སྦྱར་བ་དང་། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་གཉིས། དང་པོ་ནི། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད། ཅེས་པའི་སྐབས་སུ་གཉིས་ཀྱི། དང་པོ་གཞི་ཤེས་ལ། ངོ་བོ། དབྱེ་བ། གཞུང་གིས་བསྟན་ཚུལ། ལམ་ཤེས་ཀྱི་འོག་ཏུ་གཞི་ཤེས་འཆད་པའི་རྒྱུ་མཚན་དང་བཞི། དང་པོ་གཉིས་གོང་དུ་བསྟན་ཟིན། གསུམ་པ་ནི། སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ཡིན་ན་གཉེན་པོ་གཞི་ཤེས་ཡིན་དགོས་ཏེ། སྐབས་གསུམ་པའི་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ཡིན་ན་ཐེག་ཆེན་གྱི་རིགས་ཅན་ཡིན་དགོས་པའི་ཕྱིར་ཏེ། དེ་ནི་མཚན་མར་དམིགས་སྒོ་ནས། ཞེས་སོ། །བཞི་པ་ནི། བྱང་སེམས་ཀྱི་གཞི་ཤེས་རྒྱུ་ལམ་ཤེས་དང་ངོ་བོ་གཅིག་ཏུ་ཤེས་པའི་སྒོ་ནས་རྣམ་མཁྱེན་གྱི་རྒྱུ་རྣལ་མ་ཡིན་པར་ཤེས་པ་དང་། ཐེག་དམན་གྱི་ལམ་རྣམས་དེའི་གོལ་ས་མི་མཐུན་ཕྱོགས་ཡིན་པར་ཤེས་པའི་ཕྱིར་དུ། འདིར་ཐེག་པ་ཆེ་ཆུང་གི་གཞི་ཤེས་སོ་སོར་ཕྱེ་ནས་བཤད་པ་ཡིན་ནོ། །ངག་དོན་ནི། རྗེ་བཙུན་བྱམས་མགོན་ཆོས་ཅན། ལམ་ཤེས་ཀྱི་འོག་ཏུ་གཞི་ཤེས་འཆད་པའི་རྒྱུ་མཚན་ཡོད་དེ། བླང་དོར་བྱ་བའི་གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ཐེག་པ་གསུམ་གྱི་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བཤད་པའི་ཕྱིར།

གཉིས་པ་ལ། བསྡུ་བ་སྤྱིར་བསྟན་པ་དང་། དཀའ་གནས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། གཞི་ཤེས་མཚོན་པར་བྱེད་པའི་ཆོས་དགུ་པོ་ཐམས་ཅད་ཀྱང་གང་ལ་འཇུག་པའི་ཡུལ། གང་གིས་འཇུག་པའི་སྦྱོར་བ། ཞུགས་པའི་འབྲས་བུ་མཐོང་ལམ་དང་གསུམ་དུ་འདུས། དང་པོ་ལ། སྲིད་ཞི་ལ་གནས་མི་གནས་ཀྱི། འབྲས་ཡུམ་ལ་ཉེ་རིང་གི །མི་མཐུན་ཕྱོགས་དང་གཉེན་པོའི་གཞི་ཤེས་སོ། །དང་པོ་ནི། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་དངོས་སུ་བསྟན་ནས། གནས་པའི་གཞི་ཤེས་ཤུགས་ལ་བསྟན་པ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། ཞེས་སོ། །གཉིས་པ་ནི། དེ་ནི་མཚན་མར་དམིགས་སྒོ་ནས། ཞེས་སོགས་སོ། །གསུམ་པ་ལ། གཞི་ལམ་ལ་མཚན་འཛིན་གྱི་སྤང་གཉེན། འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན། དེའི་དོན་བསྡུ་བའོ། །དང་པོ་ལ། སྤང་བྱ་དང་། གཉེན་པོ་གཉིས། དང་པོ་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། ཞེས་སོགས་སོ། །གཉིས་པ་ནི། སྦྱིན་ལ་སོགས་པ་ངར་འཛིན་མེད། ཅེས་སོགས་སོ། །གཉིས་པ་ལ། སྤང་བྱ་དང་། གཉེན་པོ་གཉིས། དང་པོ་ལ། མི་མཐུན་ཕྱོགས་སུ་བསྟན་པ་དང་། མི་མཐུན་ཕྱོགས་སུ་སྒྲུབ་པ་གཉིས། དང་པོ་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་སོགས་སོ། །གཉིས་པ་ནི། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །ཞེས་སོགས་སོ། །གཉིས་པ་ལ། གཉེན་པོ་དངོས་དང་། ཡུལ་ཟབ་པའི་རྒྱུ་མཚན་དང་། རྟོགས་དཀའ་བའི་རྒྱུ་མཚན་ནོ། །དང་པོ་ནི། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཞེས་སོགས་སོ། །གཉིས་པ་ནི། མཐོང་བ་ལ་སོགས་བཀག་པ་ཡིས། །ཞེས་སོགས་སོ། །གསུམ་པ་ནི། གཟུགས་ལ་སོགས་པར་མི་ཤེས་ཕྱིར། །ཞེས་སོགས་སོ། །དོན་བསྡུ་བ་ནི། དེ་ལྟར་ཀུན་ཤེས། ཞེས་སོགས་སོ། །གཉིས་པ་ལ། སྦྱོར་བའི་ངོ་བོ་དང་། དེའི་མཉམ་ཉིད་གཉིས། དང་པོ་ནི། གཟུགས་སོགས་དེ་མི་རྟག་སོགས་དང་། ཞེས་སོགས་སོ། །གཉིས་པ་ནི། གཟུགས་ལ་སོགས་ལ་རློམ་མེད་པ། ཞེས་སོགས་སོ། །གསུམ་པ་ལ། མདོར་བསྟན། རྒྱས་བཤད། ཞར་ལ་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ། ཞེས་སོགས་སོ། །གཉིས་པ་ནི། གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་སོགས་སོ། །གསུམ་པ་ནི། ཉན་ཐོས་ཀྱི་ལམ་ནི། ཞེས་སོགས་སོ། །མཁྱེན་གསུམ་སྤྱིའི་དོན་བསྡུ་འཆད་པ་ནི། དེ་ལྟར་འདི་དང་ཡང་འདི་དང་། །ཞེས་སོགས་སོ། །

གཉིས་པ་དཀའ་གནས་སོ་སོར་བཤད་པ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། སྲིད་ཞི་ལ་གནས་མི་གནས་ཀྱི་གཞི་ཤེས་ངོས་བཟུང་བ་དང་། འཕྲོས་དོན་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་དཔྱད་པ་གཉིས། དང་པོ་ལ། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་དང་། གནས་པའི་གཞི་ཤེས་གཉིས། དང་པོའི་མཚན་ཉིད། འཁོར་འདས་བར་གསུམ་རང་བཞིན་གྱིས་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། མཚན་གཞི། ཐེག་ཆེན་འཕགས་པའི་མཁྱེན་པ་མཐའ་དག་གོ །གཉིས་པའི་མཚན་ཉིད། དེ་རྟོགས་པའི་ཐེག་དམན་འཕགས་པའི་མཁྱེན་པ། མཚན་གཞི། ཐེག་དམན་འཕགས་པའི་མཁྱེན་པ་མཐའ་དག་གོ །དེ་ཡང་ཐེག་ཆེན་གྱི་གཞི་ཤེས་རྣམས་ལ་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་གཞི་ཤེས་ཞེས་བྱ་སྟེ། ཤེས་རབ་ཆེན་པོས་འཁོར་བ་དང་། སྙིང་རྗེ་ཆེན་པོས་མྱང་འདས་ཀྱི་མཐའ་ལ་མི་གནས་པའི་ཕྱིར། ཐེག་དམན་གྱི་གཞི་ཤེས་རྣམས་ལ་སྲིད་ཞི་གཉིས་ཀྱི་མཐའ་ལ་གནས་པ་ཞེས་བྱ་སྟེ། འཁོར་བ་ལ་དོར་བྱ་དང་མྱང་འདས་ལ་བླང་བྱར་འཛིན་པའི་ཕྱིར།

གཉིས་པ་ནི། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་དེ། དེ་ལུང་དང་རིགས་པ་གཉིས་ཀྱིས་གྲུབ་པའི་ཕྱིར། ལུང་ནི། འདུས་པ་རིན་པོ་ཆེའི་ཏོག་ལས། རྟག་ཏུ་ཁམས་གསུམ་བདག་མེད་རྫས་མེད་ཅིང་། །བྱེད་པོ་རང་དབང་མེད་པར་རྣམ་བལྟས་ནས། །རྗེས་སུ་མཐུན་པའི་བཟོད་པ་གང་བསྒོམ་པ། །དེ་དག་འགྲོ་བ་ཀུན་ལས་ཐར་བར་འགྱུར། །ཞེས་དང་། ལང་གཤེགས་ལས། མཚན་མ་མེད་པར་མ་རྟོགས་པས་ཐེག་པ་ཆེན་པོའི་བྱང་ཆུབ་མི་རྟོགས་པ་ཡིན་གྱི་ཉན་ཐོས་ཀྱི་བྱང་ཆུབ་མི་རྟོགས་པ་མ་ཡིན་ནོ། །ཞེས་དང་། རྒྱན་སྟུག་པོ་བཀོད་པ་ལས། ཆོས་ཀྱི་དངོས་ཡོད་མ་བཤིག་ཕྱིར། །ཉན་ཐོས་དེ་དག་མངོན་རྟོགས་གྱུར། །ཞེས་སོ། །རིགས་པ་ནི། ཐེག་དམན་གྱི་ལམ་དེ་ཐབས་ཤེས་ཁྱད་པར་ཅན་གཉིས་དང་བྲལ་བའི་ལམ་མ་ཡིན་པར་ཐལ། དེ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར། འདོད་ན། སྡུད་པར། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་དང་། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །ཞེས་པ་དང་འགལ། མིག་མེད་པའི་གང་ཟག་གིས་ཉི་མའི་དཀྱིལ་འཁོར་མངོན་སུམ་དུ་མི་མཐོང་བ་དང་། ཐེག་དམན་གྱི་སྤྲོས་བྲལ་སྟོང་ཉིད་མངོན་སུམ་དུ་མི་མཐོང་བས་དཔེ་དོན་དུ་བཤད་པ་མི་འཐད་པར་ཐལ། དེ་ལ་སྟོང་ཉིད་མངོན་སུམ་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར། འདོད་ན། རྒྱུད་བླར། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་པ་དང་འགལ། ཐེག་དམན་གྱི་གང་ཟག་དེ་གཞན་དོན་ལ་སེམས་པའི། དེའི་ཐབས་རྙེད་པའི། ཇི་སྙེད་པའི་ཆོས་རྒྱ་ཆེན་པོ་རྟོགས་པའི། སྟོང་ཉིད་རྟོགས་པའི་བདེ་བ་བཞི་དང་བྲལ་བར་བཤད་པ་མི་འཐད་པར་ཐལ། དེ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར། འདོད་ན། རྒྱན་ལས། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང་། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བའི། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །ཞེས་པ་དང་འགལ། ངག་དོན་ནི། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ཡིན་ཏེ། འཁོར་འདས་བར་གསུམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར།

དེ་ནི་མཚན་མར་དམིགས་སྒོ་ནས། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། འབྲས་ཡུམ་ལ་ཉེ་བ་དང་རིང་བའི་གཞི་ཤེས་གཉིས། དང་པོའི་མཚན་ཉིད། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མཁས་པའི་བྱང་འཕགས་ཀྱི་མཁྱེན་པ། མཚན་གཞི། ཐེག་ཆེན་མཐོང་སྒོམ་གྱི་ལམ་ལྟ་བུ། གཉིས་པའི་མཚན་ཉིད། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མི་མཁས་པའི་ཐེག་དམན་འཕགས་པའི་མཁྱེན་པ། མཚན་གཞི། ཐེག་དམན་གྱི་མཐོང་སྒོམ་མི་སློབ་ལམ་གསུམ་ལྟ་བུ། ངག་དོན་ནི། ཐེག་པ་ཆེ་ཆུང་གི་མཐོང་ལམ་ཆོས་ཅན། འབྲས་ཡུམ་ལ་ཉེ་རིང་གི་གཞི་ཤེས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་སྒྲུབ་པ་ལ་ཐབས་མཁས་མི་མཁས་གཉིས་དང་ལྡན་པའི་གཞི་ཤེས་ཡིན་པའི་ཕྱིར།

གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། ཡུལ་ཅན་གཞི་ཤེས། སྤང་བྱ་མཚན་འཛིན། དེ་དག་གཉེན་པོས་ཇི་ལྟར་སྤོང་ཚུལ་དང་གསུམ། དང་པོ་ལ། གཉེན་པོ་གཞི་ཤེས་དང་། མི་མཐུན་ཕྱོགས་ཀྱི་གཞི་ཤེས་གཉིས། དང་པོའི་མཚན་ཉིད། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་གྱིས་མ་བཅིངས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། གཉིས་པའི་མཚན་ཉིད། དེས་བཅིངས་པའི་ཐེག་དམན་འཕགས་པའི་མཁྱེན་པ། བཅིངས་མ་བཅིང་གི་དོན་གང་ཞེ་ན། ཐེག་ཆེན་གྱི་གཞི་ཤེས་ལ་གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་གྱིས་མ་བཅིང་པ་ཞེས་བྱ་སྟེ། དེས་གཞི་ལམ་འབྲས་གསུམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་སྟོབས་ཀྱིས་གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་ས་བོན་དང་བཅས་པ་རང་ལམ་དུ་སྤོང་ནུས་པའི་ཕྱིར། ཐེག་དམན་གྱི་གཞི་ཤེས་ལ་དེས་བཅིངས་པ་ཞེས་བྱ་སྟེ། དེ་ལྟར་མ་རྟོགས་པའི་སྟོབས་ཀྱིས་དེའི་ས་བོན་རང་ལམ་དུ་སྤོང་མི་ནུས་པའི་ཕྱིར།

གཉིས་པ་ནི། འདུས་བྱས་ཀྱི་ཆོས་རྣམས་གཞན་ལ་རག་མ་ལས་པར་རང་དབང་ཅན་དུ་འཛིན་པའི་བློ་ཡིན་ལ། དེ་ལ་ཉོན་སྒྲིབ་ཀྱིས་བསྡུས་པའི་མཚན་གཞི་དང་། ཤེས་སྒྲིབ་ཀྱིས་བསྡུས་པའི་དེ་གཉིས། དང་པོ་ནི། གང་ཟག་གི་བདག་འཛིན་ལྷན་སྐྱེས་དང་། ཀུན་བཏགས་ལྟ་བུ། གཉིས་པ་ནི། རང་རྒྱུ་ཆོས་ཀྱི་བདག་འཛིན་ལས་བྱུང་ཞིང་། ཡུལ་ལ་མངོན་པར་ཞེན་པའི་མངོན་ཞེན་དྲི་མ་རགས་པའོ། །དེ་ལ་འཛིན་པ་དང་། ཡུལ་གྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། རྫས་འཛིན་དང་། བཏགས་འཛིན་གྱིས་བསྡུས་པའི་མཚན་འཛིན་གཉིས། དང་པོ་ནི། ཡུལ་ཡུལ་ཅན་གྱི་ཆོས་རྣམས་ལ་འཁོར་གསུམ་དུ་རྟོག་པའི་བདག་འཛིན་ལྟ་བུ། འདི་དང་ཆོས་ཀྱི་བདག་འཛིན་དོན་གཅིག །དབྱེ་ན། ལུང་རིགས་སོགས་ལ་ལྟོས་མེད་དུ་ཡུལ་ཡུལ་ཅན་ལ་རང་གི་ངང་གིས་བདེན་པར་འཛིན་པའི་བློ་ལྟ་བུ་ལྷན་སྐྱེས་དང་། ལུང་རིགས་ལྟར་སྣང་རྒྱུ་མཚན་དུ་བྱས་ནས་བརྟགས་ཤིང་དཔྱད་པའི་སྒོ་ནས་ཡུལ་ཡུལ་ཅན་ལ་བདེན་འཛིན་གྱི་བློ་ལྟ་བུ་ཀུན་བཏགས་ཀྱི་ཆོས་ཀྱི་བདག་འཛིན་གཉིས། གཉིས་པ་ནི། ཡུལ་ཡུལ་ཅན་གྱི་ཆོས་རྣམས་ལ་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་ཤེས་སྒྲིབ་རྟོག་པ་ལྟ་བུའོ། །དེ་ལ་རགས་པ་དང་། ཤིན་ཏུ་ཕྲ་བ་གཉིས། དང་པོ་ནི། མཚན་འཛིན་དང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་གཉིས་ཀ་ཡིན་ལ། ས་མཚམས་ས་བདུན་པའི་བར་དུ་ཡོད། གཉིས་པ་ནི། ཡུལ་ལ་བཏགས་པ་ཙམ་དུ་ཞེན་པའི་ཞེན་པ་ཕྲ་ཞིང་ཕྲ་བ་སྟེ། ས་བཅུ་པའི་རྗེས་ཐོབ་ཀྱི་བར་དུ་ཡོད། གཉིས་པ་ལ། གཞི་ལམ་འབྲས་བུ་ལ་མཚན་མར་འཛིན་པ་གསུམ། དང་པོ་ལ། གཞིའི་ཆོས་ཉིད་དང་། གཞིའི་ཆོས་ཅན་ལ་མཚན་མར་འཛིན་པ་གཉིས་ཡོད་དེ། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པས་བསྟན། གཉིས་པ་ལམ་ལ་མཚན་འཛིན་ནི། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པས་བསྟན། གསུམ་པ། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པས་བསྟན། དེས་ན་འདིར་འཆིང་བྱེད་ཀྱི་མཚན་འཛིན་དངོས་སུ་བསྟན་ནས་དེས་བཅིངས་པའི་ཐེག་དམན་གྱི་གཞི་ཤེས་མཚོན་ནས་བསྟན་པ་ཡིན་ནོ། །

གསུམ་པ་ནི། གཉེན་པོ་གཞི་ཤེས་དང་མཚན་འཛིན་མཐའ་དག་སྤང་གཉེན་དུ་སྦྱར་ནས་འཆད་པ་མ་ཡིན་ཏེ། མཚན་འཛིན་གྱི་བློ་ཡིན་ན་རང་འཇོམས་བྱེད་ཀྱི་གཉེན་པོ་དང་དངོས་སུ་ལྡན་པས་མ་ཁྱབ་པའི་ཕྱིར། དེས་ན་བྱང་འཕགས་ཀྱི་མཚན་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་བྱང་སེམས་རང་རྒྱུད་ཀྱི་སྒྲིབ་པ་དངོས་སུ་སྤོང་སྟེ། དེས་བྱང་སེམས་རང་རྒྱུད་ཀྱི་མཚན་འཛིན་གྱི་ས་བོན་ལ་དངོས་སུ་གནོད་པ་བྱེད་པའི་སྒོ་ནས་མངོན་འགྱུར་བ་རྒྱུད་ནས་འཇོམས་པའི་ཕྱིར། ངག་དོན་ནི། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་ཏེ། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་གྱིས་བཅིངས་པའི་ཐེག་དམན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར།

གཟུགས་སོགས་དེ་མི་རྟག་སོགས་དང་། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། གཞི་ཤེས་སྦྱོར་བ། གཞི་ཤེས་སྦྱོར་བའི་མཉམ་ཉིད། འཕྲོས་དོན་མཚན་ཉིད་གསུམ་གྱི་རྣམ་གཞག་དང་གསུམ། དང་པོའི་མཚན་ཉིད། བདག་མེད་གཉིས་གང་རུང་སྒོམ་པར་བྱེད་པའི་ཉམས་ལེན། དབྱེ་ན། དངོས་བསྟན་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་དང་། ཤུགས་བསྟན་ཐེག་དམན་གྱི་དེ་གཉིས། དང་པོ་ལ། མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ། དང་པོ་ནི། གཟུགས་སོགས་ཡུལ་བཅུ་ཅི་རིགས་པ་ལ་བདེན་ཞེན་མངོན་གྱུར་བ་བཀག་ནས་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། གཉིས་པ་ལ། གཞིའི་༡ངོ་བོ། ༢ཁྱད་པར། ༣མཚན་ཉིད་གསུམ། ༤སྤང་གཉེན་གཞན་དུ་མི་འགྱུར་བའི་ཆོས་ཉིད། ༼གཞན་དུ་མི་འགྱུར་བའི་ཆོས་ཉིད། ལྷག་གམ་སྙམ། ༽༥བྱེད་པ་པོ་མེད་པའི་ཆོས་ཉིད། ༦བྱ་༧དཀའ་༨རྣམ་གསུམ། ༩འབྲས་བུ་ཁྱད་པར་ཅན། ༡༠སྲུང་བྱེད་གཞན་ལ་རག་མ་ལས་པ་སྣང་བ་རྣམ་བདུན་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་དང་བཅུ། དང་པོ་བཞི་ལ་རང་བཞིན་གྱི་སྦྱོར་བ་ཞེས་བྱ་སྟེ། ཚོགས་ལམ་ནས་རྒྱུན་མཐའི་བར་ཁྱབ་བྱེད་དུ་གནས་པའི་ཕྱིར། ཕྱི་མ་དྲུག་ལ་གནས་སྐབས་ཀྱི་སྦྱོར་བ་ཞེས་བྱ་སྟེ། རང་རང་གི་དགག་བྱའི་དྲི་མ་སྐྱེས་ན་སྒོམ། མ་སྐྱེས་ན་སྒོམ་མི་དགོས་པའི་ཕྱིར། གསུམ་པ་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུའོ། །

གཉིས་པའི་མཚན་ཉིད། གཞི་གང་ཟག་གི་བདག་མེད་པར་སྒོམ་པར་བྱེད་པའི་ཐེག་དམན་གྱི་ཉམས་ལེན། མཚན་གཞི། ཐེག་དམན་གྱི་སློབ་ལམ་བཞི་ལྟ་བུ། གཉིས་པའི་མཚན་ཉིད། ཡུལ་ཅན་སྦྱོར་བ་དང་སྦྱོར་བའི་ཡུལ་བདེན་མེད་མཉམ་པ་ཉིད་དུ་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། གཟུགས་སོགས་ཀྱི་ངོ་བོ་ལ། དེའི་ཁྱད་པར་ལ། དབྱེ་བའི་སྤྲོས་པ་ལ། ཡུལ་ཅན་སྦྱོར་བ་ལ་བདེན་ཞེན་འགོག་པའི་སྦྱོར་བའི་མཉམ་ཉིད་དང་བཞི་སྟེ། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་སོ། །

གསུམ་པ་ནི། དེ་ལ་མ་རྫོགས་དང་རབ་རྫོགས། ཞེས་པའི་སྐབས་མཚན་ཉིད་གསུམ་ལ། སོ་སོའི་ངོ་བོ། གྲངས་ངེས། གོ་རིམ། སྒྲ་བཤད། ལུང་དང་སྦྱར་བའོ། །དང་པོ་ལ། ཀུན་བརྟགས། གཞན་དབང་། ཡོངས་གྲུབ་དང་གསུམ། དང་པོའི་མཚན་ཉིད། དོན་བྱེད་མི་ནུས་པའི་ཀུན་རྫོབ་སྣང་ཙམ་གྱི་ཆོས། དབྱེ་ན། མཚན་ཉིད་ཡོངས་སུ་ཆད་པ་དང་། རྣམ་གྲངས་པའི་ཀུན་བརྟགས་གཉིས། དང་པོ་ནི། རི་བོང་གི་རྭ་ལྟ་བུ། གཉིས་པ་ནི། དོན་དམ་བདེན་པ་མ་ཡིན་པའི་རྟག་པ་མཐའ་དག་གོ །གཉིས་པའི་མཚན་ཉིད། རང་གི་རྒྱུ་རྐྱེན་ལས་སྐྱེས་པའི་རྟེན་འབྲེལ། མཚན་གཞི། འདུས་བྱས་མཐའ་དག་གོ །དབྱེ་ན། དག་པ་དང་། མ་དག་གཞན་དབང་གཉིས། དང་པོ་ནི། འཕགས་རྒྱུད་ཀྱི་རྗེས་ཐོབ་ལྟ་བུ། གཉིས་པ་ནི། འཁོར་བ་ལྟ་བུ། གསུམ་པའི་མཚན་ཉིད། རིགས་ཤེས་ཚད་མའི་ཡུལ་གྱི་གཙོ་བོར་གྱུར་པའི་དེ་ཁོ་ན་ཉིད། དབྱེ་ན། ཕྱིན་ཅི་མ་ལོག་པའི་དང་། འགྱུར་མེད་ཡོངས་གྲུབ་གཉིས། དང་པོ་ནི། འཕགས་རྒྱུད་ཀྱི་མཉམ་བཞག་ལྟ་བུ། གཉིས་པ་ནི། ཆོས་ཉིད་ལྟ་བུ། བསྡུ་ན། བདེན་པ་གཉིས་སུ་འདུས་ཏེ། ཡོངས་གྲུབ་དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ལ་དོན་བྱེད་ནུས་མི་ནུས་གཉིས་ལས། དང་པོ་ལ། གཞན་དབང་། གཉིས་པ་ལ། ཀུན་བརྟགས་སུ་བཞག་པའི་ཕྱིར། གཉིས་པ་ནི། ཡུལ་གྱི་སྒོ་ནས་དེ་གསུམ་དུ་བཞག་སྟེ། སོ་སྐྱེའི་བློའི་ཡུལ། འཕགས་པའི་རྗེས་ཐོབ། དེའི་མཉམ་བཞག་གི་དབང་དུ་བྱས་ནས་རིམ་བཞིན་བཞག་པའི་ཕྱིར། གསུམ་པ་ནི། རྒྱན་ལས། ཡོངས་སུ་ཤེས་དང་སྤོང་བ་དང་། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །ཞེས་སོ། །བཞི་པ་ནི། རྟོག་པས་སྒྲོ་བཏགས་པ་ཙམ་དང་། རྒྱུ་རྐྱེན་གཞན་ལ་རག་ལས་པ་དང་། ཡུལ་གྱི་གནས་ལུགས་སུ་གྲུབ་པས་དེ་སྐད་ཅེས་བྱའོ། །ལྔ་པ་ནི། ཤེར་ཕྱིན་གྱི་མདོ་ལས། བྱམས་པ་གཟུགས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་གསུམ་གྱིས་ཤེས་པར་བྱ་སྟེ། ཀུན་བརྟགས་པའི་གཟུགས་དང་། རྣམ་པར་བཏགས་པའི་གཟུགས་དང་། ཆོས་ཉིད་ཀྱི་གཟུགས་སོ། །ཞེས་སོ། །ངག་དོན་ནི། ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ཡིན་ཏེ། གཟུགས་སོགས་ཡུལ་བཅུ་ལ་བདེན་ཞེན་མངོན་གྱུར་བ་བཀག་ནས་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར།

མཐོང་ལམ་བཤད་པའི་སྐབས་སུ་གཉིས་ཀྱི། དང་པོ་གོང་དུ་བཤད་ཟིན། ངག་དོན་ནི། ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཆོས་ཅན། གཞི་ཤེས་འཆད་པའི་སྐབས་ནས་བསྟན་པའི་མཐོང་ལམ་ཡིན་ཏེ། བདེན་བཞི་ལ་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར།

ཉན་ཐོས་ཀྱི་ལམ་ནི། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་གཞི་ཤེས་འཆད་པའི་སྐབས་སུ་དངོས་སུ་མི་སྟོན་རྒྱུའི་སྒོམ་ལམ་གང་ཡིན་དཔྱད་པ་ལ། དོགས་པ་བཀོད་པ་དང་། ལན་གཉིས། དང་པོ་ནི། གཞི་ཤེས་འཆད་པའི་སྐབས་འདིར་ཐེག་ཆེན་གྱི་སྒོམ་ལམ་དངོས་སུ་བསྟན་རིགས་ཏེ། དེའི་མཐོང་ལམ་དངོས་སུ་བསྟན་པ་གང་ཞིག །རྒྱུ་མཚན་མཚུངས་པའི་ཕྱིར། གཉིས་པ་ནི། འདིར་གང་ཟག་གི་བདག་མེད་མངོན་སུམ་དུ་གསར་དུ་མཐོང་བའི་ཐེག་ཆེན་གྱི་མཐོང་ལམ་དངོས་སུ་སྟོན་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་འཕགས་པས་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་དུ་གང་ཟག་གི་བདག་མེད་མངོན་སུམ་དུ་ཤེས་དགོས་པའི་ཕྱིར། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་དངོས་སུ་མི་སྟོན་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་འཕགས་པས་གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་ལ་སོགས་པ་ཐེག་དམན་གྱི་འབྲས་བུ་དོན་དུ་མི་གཉེར་བའི་ཕྱིར་ཏེ། འགྲེལ་ཆེན་ལས། ཅིའི་ཕྱིར་ལམ་ཤེས་པ་ལ་ཇི་སྐད་བསྟན་པ་དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་སྒོམ་པའི་ལམ་ཡང་ལོགས་ཤིག་ཏུ་བསྟན་པ་མེད་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔས་ཤེས་པ་དང་མཐོང་བ་བལྟས་ནས་འདའ་བར་བྱའོ། །ཞེས་སོ། །ངག་དོན་ནི། གཞི་ཤེས་འཆད་པའི་སྐབས་འདིར་ཆོས་ཅན། ཐེག་ཆེན་གྱི་སྒོམ་ལམ་དངོས་སུ་མི་སྟོན་པའི་རྒྱུ་མཚན་ཡོད་དེ། དེས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་མ་བཤད་པའི་ཕྱིར། སྤྱི་དོན་སྙིང་པོར་དྲིལ་བ་བདུད་རྩིའི་ཉིང་ཁུ་ལས། གཞི་ཤེས་བཤད་པའི་སྐབས་ཏེ་གསུམ་པའོ།། །།

རྒྱུ་རྣམ་ཀུན་གྱི་སྦྱོར་བ།

རྩ་བའི་ས་བཅད་གཉིས་པ་ཉམས་ལེན་གྱི་སྦྱོར་བ་ལ། དབང་དུ་བྱ་བ་རྒྱུ་འབྲས་དང་། བརྟན་པ་རྒྱུ་འབྲས་གཉིས། དང་པོ་ལ། རྒྱུ་རྣམ་ཀུན་གྱི་སྦྱོར་བ་དང་། འབྲས་བུ་རྩེ་མོའི་སྦྱོར་བ་གཉིས། དང་པོ་ལ། འབྲེལ་བཀོད་པའི་སྒོ་ནས་མཚམས་སྦྱར་བ་དང་། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་རྣམ་རྫོགས་སྦྱོར་བ་ལ། མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ། དང་པོ་གོང་དུ་བསྟན་ཟིན། གསུམ་པ་ནི། ཚོགས་ལམ་ནས་རྒྱུན་མཐའི་བར་དུའོ། །ངག་དོན་ནི། རྗེ་བཙུན་བྱམས་མགོན་ཆོས་ཅན། མཁྱེན་གསུམ་གྱི་འོག་ཏུ་རྣམ་རྫོགས་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྣམ་རྫོགས་སྦྱོར་བའི་སྒོ་ནས་ཉམས་སུ་ལེན་ཚུལ་ཤེས་པའི་ཆེད་ཡོད་པའི་ཕྱིར།

གཉིས་པ་ལ། བསྡུ་བ་སྤྱིར་བསྟན་པ་དང་། དཀའ་བའི་གནས་སོ་སོར་བཤད་པ་གཉིས། དང་པོ་ནི། སྦྱོར་བ་ལ་འཇུག་ཚུལ་གཏན་ལ་འབེབས་པའི་གནས་སྐབས་ཀྱི་སྒོམ་རིམ་དང་། སྦྱོར་བ་རྒྱུད་ལ་སྐྱེས་པའི་གནས་སྐབས་ཀྱི་སྒོམ་རིམ་གཉིས་སུ་འདུས། འདི་དག་ལ། གཞུང་དང་སྦྱར་བ་དང་། ཉམས་སུ་ལེན་ཚུལ་གཉིས། དང་པོ་ནི། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་སྦྱོར་བས་ཉམས་སུ་ལེན་ན། ཚུལ་ཇི་ལྟར་དུ་ཉམས་སུ་ལེན། ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་ནི་གང་། ཉམས་ལེན་གྱི་སྦྱོར་བ་ལ་དབྱེ་ན་དུ། ཉམས་སུ་བླངས་པའི་འབྲས་བུ་ཡོན་ཏན་ཇི་ལྟ་བུ་སྙམ་ན། སྤྱིར་བསྒོམ་བྱའི་རྣམ་པ་ལ། ནང་ཚན་གྱི་སྒོ་ནས་དབྱེ་ན། བརྒྱ་བདུན་ཅུ་རྩ་གསུམ་དུ་ཡོད་ཅིང་། ཡུལ་ཅན་མཁྱེན་གསུམ་དང་། ཡུལ་སྐྱེ་མེད་གསུམ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་འཆད་པ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། ཞེས་སོགས་བསྟན་བཤད་ཀྱི་གཞུང་རྣམས་སོ། །ཉམས་སུ་ལེན་པ་པོའི་རྟེན་གྱི་གང་ཟག་དེ་ཡང་ཡོངས་འཛིན་རྫོགས་པའི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྲུན་ཅིང་མཉེས་པར་བྱས་པ། མཁྱེན་གསུམ་གྱི་གནས་ལུགས་རྟོགས་པའི་གང་ཟག་ཁྱད་པར་ཅན་ཞིག་གིས་ཉམས་སུ་ལེན་དགོས་ཞེས་སྟོན་པའི་ཕྱིར། སངས་རྒྱས་རྣམས་ལ་ལྷག་པར་བྱས། ཞེས་སོགས་སོ། །ཉམས་ལེན་གྱི་སྦྱོར་བ་དེ་ལ་རྒྱས་པར་ཕྱེ་ན་ཉི་ཤུ། བསྡུ་ན་རང་བཞིན་གྱི་སྦྱོར་བ་ལྔ། དེ་ཡང་བསྡུ་ན་མཁྱེན་གསུམ་གྱི་སྦྱོར་བ་གསུམ་དུ་འདུས། ཞེས་ཉམས་ལེན་སྦྱོར་བའི་དབྱེ་བ་འཆད་པ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། ཞེས་སོགས་སོ། །ཐེག་ཆེན་གྱི་སྦྱོར་བས་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཉམས་སུ་བླངས་པ་ལ་བརྟེན་ནས། བདུད་ཀྱི་མཐུ་བཅོམ་པ་སོགས་ཡོན་ཏན་བཅུ་བཞི་ཐོབ་པར་འགྱུར་རོ། །ཞེས་སྦྱོར་བའི་འབྲས་བུ་འཆད་པ་ནི། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། ཞེས་སོགས་སོ། །ས་བདུན་པ་མན་ཆད་དུ་ཐེག་ཆེན་གྱི་སྦྱོར་བ་ཉམས་སུ་ལེན་པ་ལ་བར་དུ་གཅོད་པའི་སྐྱོན་བཞི་བཅུ་རྩ་དྲུག་འབྱུང་བས། དེ་དག་ཤེས་ནས་སྤོང་དགོས་སོ་ཞེས་འཆད་པ་ནི། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། ཞེས་སོགས་སོ། །ཉམས་སུ་བླང་བྱའི་རྣམ་པ། ཉམས་སུ་ལེན་པ་པོའི་རྟེན་གྱི་གང་ཟག །ཉམས་ལེན་སྦྱོར་བའི་དབྱེ་བ། ཉམས་སུ་བླངས་པའི་འབྲས་བུ་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་ཐེག་ཆེན་སྦྱོར་བའི་ངོ་བོ་ཇི་ལྟ་བུ་སྙམ་ན། ཐབས་ཤེས་ཁྱད་པར་ཅན་གཉིས་དང་ལྡན་པའི་ཉམས་ལེན་ཞིག་ལ་འཇོག་ཅེས་འཆད་པ་ནི། གང་གིས་མཚོན་དེ་མཚན་ཉིད་དུ། ཞེས་སོགས་བསྟན་བཤད་རྣམས་སོ། །ཐེག་ཆེན་གྱི་སྦྱོར་བ་རང་རྒྱུད་ལ་སྐྱེས་པའི་མ་མཐའི་ས་མཚམས་གང་ནས་བཟུང་སྙམ་ན། ཐེག་ཆེན་གྱི་ཐར་པ་ཆ་མཐུན་ནས་ཐོབ་པ་ཡིན་ནོ། །ཞེས་ཐར་པ་ཆ་མཐུན་གྱི་ངོ་བོ་འཆད་པ་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། ཞེས་སོགས་སོ། །ཐར་པ་ཆ་མཐུན་རང་རྒྱུད་ལ་གོམས་པར་བྱས་པ་ལས་བསམ་སྦྱོར་ཕུན་སུམ་ཚོགས་པ་བཅུ་དགུའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱས་པའི་ངེས་འབྱེད་ཆ་མཐུན་གྱི་དམིགས་པ་དང་རྣམ་པ་འཆད་པ་ནི། དྲོ་བ་རྣམས་ཀྱི་དམིགས་པ་འདིར། ཞེས་སོགས་སོ། །དེ་ལྟར་ངེས་འབྱེད་ཆ་མཐུན་རང་རྒྱུད་ལ་ཐོབ་པ་ལ་བརྟེན་ནས། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཉི་ཤུ། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཅུ་དྲུག །སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཟབ་མོ་བརྒྱད་ཀྱི་ཡོན་ཏན་ཐོབ་པར་འགྱུར་རོ། །ཞེས་རྟེན་ཕྱིར་མི་ལྡོག་པའི་གང་ཟག་འཆད་པ་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ཞེས་བསྟན་བཤད་ཀྱི་གཞུང་རྣམས་སོ། །རྟེན་གྱི་གང་ཟག་དེས་རང་དོན་ཆོས་སྐུ་ཐོབ་ཕྱིར་དུ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། གཞན་དོན་གཟུགས་སྐུ་ཐོབ་ཕྱིར་དུ་ཞིང་དག་པའི་སྦྱོར་བ། ཕྲིན་ལས་ཕུན་ཚོགས་ཐོབ་ཕྱིར་དུ་ཐབས་ལ་མཁས་པའི་སྦྱོར་བ་བསྒོམ་དགོས་སོ་ཞེས་འཆད་པ་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། ཞེས་དང་། སེམས་ཅན་འཇིག་རྟེན་དེ་བཞིན་དུ། ཞེས་དང་། ཡུལ་དང་སྦྱོར་བ་ཅན་འདི་ནི། ཞེས་སོགས་རྩ་འགྲེལ་རྣམས་སོ། །གཉིས་པ་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས། ཞེས་པའི་སྐབས་ནས་བསྟན་པའི་རྟེན་གྱི་གང་ཟག་དེས་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཐབས་ཤེས་ཁྱད་པར་ཅན་གཉིས་དང་ལྡན་པའི་སྦྱོར་བ་ཉི་ཤུས་སྐྱོན་བཞི་བཅུ་རྩ་དྲུག་དང་བྲལ་བའི་ཚུལ་གྱིས་ཉམས་སུ་བླངས་པས། ཐར་པ་ཆ་མཐུན་གྱི་རྟོགས་པ་གོང་ནས་གོང་དུ་འཕེལ་ཏེ། བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པའི་ཡོན་ཏན་བཅུ་བཞི་མངོན་དུ་བྱེད་པ་ནི། སྦྱོར་བ་ལ་འཇུག་ཚུལ་གཏན་ལ་འབེབས་པའི་ཉམས་ལེན་གྱི་རིམ་པའོ། །ཐར་པ་ཆ་མཐུན་རང་རྒྱུད་ལ་སྐྱེས་པའི་གང་ཟག་གིས་ངེས་འབྱེད་ཆ་མཐུན་གྱི་རྟོགས་པ་རང་རྒྱུད་ལ་སྐྱེད། སྦྱོར་མཐོང་སྒོམ་གསུམ་གྱི་ཡོན་ཏན་རྣམས་གོང་ནས་གོང་དུ་འཕེལ་བར་བྱས་ཏེ། སྦྱོར་བ་གསུམ་ཉམས་སུ་བླངས་པ་ལ་བརྟེན་ནས། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་འབྲས་བུ་ཆོས་སྐུ། ཞིང་དག་པའི་སྦྱོར་བའི་འབྲས་བུ་གཟུགས་སྐུ། ཐབས་ལ་མཁས་པའི་སྦྱོར་བའི་འབྲས་བུ་ཕྲིན་ལས་ཕུན་སུམ་ཚོགས་པ་མངོན་དུ་བྱས་ཏེ། སེམས་ཅན་གྱི་དོན་མ་ལུས་པ་སྒྲུབ་པ་ནི། སྦྱོར་བ་རྒྱུད་ལ་སྐྱེས་པའི་སྒོམ་རིམ་གྱི་ཉམས་ལེན་ནོ། །

གཉིས་པ་ལ་གཉིས་ལས། དང་པོ་སྦྱོར་བ་ལ་འཇུག་ཚུལ་གཏན་ལ་འབེབས་པའི་གནས་སྐབས་ཀྱི་སྒོམ་རིམ་ལ། བསྒོམ་བྱ་རྣམ་པ། སྒོམ་པ་པོའི་གང་ཟག །ཡུལ་ཅན་སྦྱོར་བ། སྦྱོར་བའི་སྔོན་འགྲོ། ཉེ་རྒྱུ་ཐར་པ་ཆ་མཐུན་དང་ལྔ། དང་པོ་ལ། བསྟན་བཤད་གཉིས། དང་པོ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་བསྒོམ་བྱ་རྣམ་པ་ལ། མཚན་གཞི། མཚན་ཉིད། དབྱེ་བ། སྒོམ་ཚུལ། མདོ་དང་བསྟན་བཅོས་ལས་བཤད་ཚུལ་དང་ལྔ། དང་པོ་ནི། དོན་རྣམ་དང་ཤེས་རྣམ་གཉིས་ཏེ། བྱང་སེམས་ཀྱིས་ཆོས་ཐམས་ཅད་ཐོས་བསམ་གྱིས་ཤེས་པར་བྱས་ཏེ། བདེན་མེད་དུ་ཉམས་སུ་ལེན་དགོས་པའི་ཕྱིར། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་སོ། །གཉིས་པ་ནི། བྱང་ཆུབ་སེམས་དཔས་བདེན་མེད་དུ་བསྒོམ་པར་བྱ་བའི་ཆོས། གསུམ་པ་ལ། དོན་རྣམ་དང་། ཤེས་རྣམ་གཉིས། དང་པོའི་མཚན་ཉིད། བསྒོམ་བྱ་རྣམ་པ་གང་ཞིག །ཤེས་རྣམ་གྱི་རྟོགས་བྱར་གྱུར་པའི་ཡུལ། མཚན་གཞི། ཆོས་ཐམས་ཅད་དོ། །དབྱེ་ན། མཁྱེན་གསུམ་གྱི་དོན་རྣམ་གསུམ། གཉིས་པའི་མཚན་ཉིད། དེ་གང་ཞིག །རང་ཡུལ་དུ་གྱུར་པའི་དོན་རྣམ་འཛིན་བྱེད་ཀྱི་རིག་པ། མཚན་གཞི། ཤེས་པ་ཐམས་ཅད་དོ། །དབྱེ་ན། མི་མཐུན་ཕྱོགས་ཀྱི་དང་། གཉེན་པོའི་ཕྱོགས་ཀྱི་ཤེས་རྣམ་གཉིས། དང་པོའི་མཚན་ཉིད། ཤེས་རྣམ་གང་ཞིག །རྣམ་གྲོལ་དོན་གཉེར་གྱི་གང་ཟག་གིས་མཐའ་གཅིག་ཏུ་དོར་བར་བྱ་བ། མཚན་གཞི། གང་ཟག་གི་བདག་འཛིན་དང་། ཆོས་ཀྱི་བདག་འཛིན་ལྟ་བུ། གཉིས་པའི་མཚན་ཉིད། དེ་གང་ཞིག །རྣམ་གྲོལ་དོན་གཉེར་གྱི་གང་ཟག་གིས་རྒྱུད་ལ་བསྟེན་པར་བྱ་བ། མཚན་གཞི། ཐར་ལམ་མཐའ་དག་གོ །དབྱེ་ན། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གྱི་ཤེས་རྣམ་གསུམ། དང་པོའི་མཚན་ཉིད། བདེན་བཞིའི་གནས་ཚུལ་གང་ཟག་གི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས། དབྱེ་ན། བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས་དང་། ལམ་བདེན་གྱི་རྣམ་པ་བཅོ་ལྔ་སྟེ་ཉེར་བདུན་ནོ། །གཉིས་པའི་མཚན་ཉིད། བདེན་བཞིའི་གནས་ཚུལ་ཆོས་ཀྱི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། དབྱེ་ན། སྡུག་བསྔལ་བདེན་པའི་རྣམ་པ་ལྔ། ཀུན་འབྱུང་བདེན་པའི་བརྒྱད། འགོག་བདེན་གྱི་བཅུ་དྲུག །ལམ་བདེན་གྱི་བདུན་ཏེ་སུམ་ཅུ་རྩ་དྲུག་གོ །གསུམ་པ་འོག་ཏུ་འཆད། དོན་རྣམ་དང་ཤེས་རྣམ་འགལ་བ་མ་ཡིན་ཏེ། ཤེས་རྣམ་དོན་རྣམ་གྱི་བྱེ་བྲག་ཡིན་པའི་ཕྱིར། བཞི་པ་ལ། སྤྱིར་བསྟན་པ། སོ་སོར་བཤད་པ། རྩོད་པ་སྤོང་བ་དང་གསུམ། དང་པོ་ནི། ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་ནས། དེའི་དོན་ཚུལ་བཞིན་སྒོམ་པ་སྙིང་པོའི་དོན་ཡིད་བྱེད་དང་། ཡུལ་ཅན་མངོན་རྟོགས་དང་ཡུལ་སྟོང་ཉིད་ཟུང་འཇུག་གིས་ཉམས་སུ་ལེན་པ་མངོན་པར་རྟོགས་པའི་དོན་ཡིད་བྱེད་ཀྱི་སྒོམ་རིམ་མོ། །འདི་གཉིས་མི་འགལ་ཏེ། བློ་གཅིག་གིས་ཡུལ་སྟོང་ཉིད་དང་། ཡུལ་ཅན་མངོན་པར་རྟོགས་པ་གཉིས་དུས་མཉམ་ལྷན་ཅིག་ཏུ་ཉམས་སུ་ལེན་ནུས་པའི་ཕྱིར། གཉིས་པ་ལ། ངོ་བོ་ཇི་ལྟ་བ། རྗེས་སུ་མཐུན་པ། མཚན་ཉིད་རྗེས་སུ་སྤྱོད་པ། སྨོན་ལམ་གྱི་རྣམ་པས་སྒོམ་པ་དང་བཞི། དང་པོ་ནི། བསྒོམ་བྱའི་ཆོས་དེ་སྒོམ་བྱེད་ཀྱི་བློའི་ངོར་བསྐྱེད་ནས་སྒོམ་པ་ཡིན་ཏེ། ཚོགས་ལམ་དུ་དྲན་པ་ཉེར་བཞག་སྒོམ་པ་ལྟ་བུ། གཉིས་པ་ནི། བསྒོམ་བྱ་དང་རྗེས་སུ་མཐུན་པའི་དམིགས་པ་དང་རྣམ་པ་བསྒོམ་པ་སྟེ། ཚོགས་ལམ་དུ་སྦྱོར་ལམ་གྱི་དམིགས་རྣམ་ཡིད་ལ་བྱེད་པ་ལྟ་བུ། གསུམ་པ་ནི། ཐོབ་བྱའི་ཆོས་གོང་མ་རྣམས་ཀྱི་མཚན་ཉིད་རྗེས་སུ་སྤྱོད་པ་སྟེ། ཚོགས་ལམ་དུ་འཕགས་ལམ་གྱི་རང་སྤྱིའི་མཚན་ཉིད་ཡིད་ལ་བྱེད་པ་ལྟ་བུ། བཞི་པ་ནི། འབྲས་བུ་ཁྱད་པར་ཅན་ཐོབ་འདོད་ཀྱི་བསམ་པས་ཡིད་ལ་བྱེད་པ་སྟེ། ཚོགས་ལམ་དུ་རྣམ་མཁྱེན་སྒོམ་པ་ལྟ་བུ། གསུམ་པ་ནི། གལ་ཏེ་ཚོགས་ལམ་དུ་རྣམ་མཁྱེན་བསྒོམ་པ་མི་འཐད་པར་ཐལ། དེ་ན་དེ་མེད་པའི་ཕྱིར། ཞེ་ན་སྐྱོན་མེད་དེ། ངོ་བོ་ཇི་ལྟ་བ་བཞིན་སྒོམ་པ་མེད་ཀྱང་། མཚན་ཉིད་རྗེས་སུ་སྤྱོད་པ་དང་། སྨོན་ལམ་གྱི་རྣམ་པས་སྒོམ་པ་ཡོད་པའི་ཕྱིར། ལྔ་པ་ནི། མདོ་དང་བསྟན་བཅོས་ཀྱི་མདོར་བསྟན་རྒྱས་བཤད་གཉིས་ཀའི་དངོས་བསྟན་གྱི་རྣམ་པ་ལ་ཤེས་རྣམ་གྱིས་ཁྱབ་སྟེ། མདོར་བསྟན་དུ། རྩ་བར། ཡེ་ཤེས་ཀྱི་བྱེ་བྲག་ཏུ་གསུངས་པ་དང་། འགྲེལ་བར། མི་མཐུན་ཕྱོགས་ཀྱི་གཉེན་པོར་གསུངས་པ་དང་། རྒྱས་བཤད་ཀྱིས་ཀྱང་དེ་ཉིད་རྒྱས་པར་འཆད་དགོས་པའི་ཕྱིར། བསྡུ་ན། འདིར་ཚིག་ཟིན་ལ་བསྟན་པའི་རྣམ་པ་ལ་ཡུལ་ཅན་མཁྱེན་པ་གསུམ་དང་། དེའི་ཡུལ་བདེན་བཞི་གཉིས་སུ་ཡོད་ཅིང་། དང་པོ་དངོས་བསྟན་གྱི་བསྟན་བྱའི་གཙོ་བོར་གྱུར་པའི་ཤེས་རྣམ། གཉིས་པ་འདིར་ཞར་བྱུང་གི་ཚུལ་དུ་བསྟན་པའི་དོན་རྣམ་ཡིན་ནོ། །ངག་དོན་ནི། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། གཉེན་པོའི་ཕྱོགས་ཀྱི་ཤེས་རྣམ་ཡིན་ཏེ། བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་སྒོ་ནས་སྤང་བྱ་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པའི་ཡེ་ཤེས་ཡིན་པའི་ཕྱིར། འདིར་བསྟན་གྱི་ཤེས་རྣམ་ཆོས་ཅན། གསུམ་དུ་ཡོད་དེ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གྱི་དེ་རྣམས་སུ་ཡོད་པའི་ཕྱིར།

གཉིས་པ་ལ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གྱི་རྣམ་པ་བཤད་པ་དང་གསུམ། དང་པོ་ལ། སྤྱིར་བསྟན་པ་དང་། ལམ་བདེན་གྱི་རྣམ་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། མེད་པའི་རྣམ་པ་ནས་བཟུང་སྟེ། ཞེས་སོགས་ཀྱིས་བསྟན་ཏོ། །གཉིས་པ་ནི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། དབྱེ་གཞི་ལམ་བདེན། དབྱེ་ངོ་ལམ་གསུམ། ཟག་བཅས་ཟག་མེད་ཀྱི་དོན། སྤང་བྱ་སྒྲིབ་གཉིས་བཤད་པ་དང་བཞི། དང་པོ་ནི། ཐེག་པ་ཆེ་ཆུང་གི་ལམ་བདེན་ནོ། །གཉིས་པ་ནི། འདིར་བསྟན་ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ལམ་ཟག་མེད། ཤེས་སྒྲིབ་གཟུང་རྟོག་གི་དེར་གྱུར་པའི་ལམ་ཟག་བཅས་དང་ཟག་མེད་གཉིས་ཏེ་གསུམ་མོ། །དེ་གསུམ་གྱི་མཚན་ཉིད་རིམ་བཞིན། ཉོན་སྒྲིབ་སྤོང་བའི་ནུས་པ་དང་ལྡན་ཞིང་། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་གིས་བསྡུས་པའི་ཐེག་དམན་གྱི་རྟོགས་རིགས། དབྱེ་ན། ཐེག་པ་ཆེ་ཆུང་གི་རྒྱུད་ལ་ཡོད་པ་གཉིས། ཤེས་སྒྲིབ་གཟུང་རྟོག་སྤོང་བའི་ནུས་པ་དང་ལྡན་ཞིང་། སྒོམ་ལམ་རྗེས་ཐོབ་ཀྱིས་བསྡུས་པའི་རང་རྒྱལ་གྱི་རྟོགས་རིགས་དང་དེ་ལྡན་ཞིང་། གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་གིས་བསྡུས་པའི་རང་རྒྱལ་གྱི་རྟོགས་རིགས། ཕྱི་མ་གཉིས་ལ་དབྱེ་ན། རང་རྒྱལ་དང་། བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་གཉིས་སོ། །གསུམ་པ་ནི། འདིར་བསྟན་གྱི་ལམ་ཐོག་མཐའ་གཉིས་ལ་ཟག་མེད་ཅེས་བྱ་སྟེ། མཉམ་བཞག་གིས་བསྡུས་པའི་ལམ་ཡིན་པའི་ཕྱིར། ལམ་གཉིས་པ་ལ་ཟག་བཅས་ཞེས་བྱ་སྟེ། རྗེས་ཐོབ་ཀྱིས་བསྡུས་པའི་ལམ་ཡིན་པའི་ཕྱིར། བཞི་པ་ནི། སྤང་གཉེན་སྐྱེ་འགག་གཞན་དུ་རྒྱས་པར་གསུངས་པ་བཞིན་ཤེས་པར་བྱའོ། །ངག་དོན་ནི། འདིར་བསྟན་གཞི་ཤེས་ཀྱིས་བསྡུས་པའི་ལམ་བདེན་ཆོས་ཅན། ཁྱོད་ལ་དབྱེ་ན་གསུམ་དུ་ཡོད་དེ། སྒྲིབ་གཉིས་ཀྱི་གཉེན་པོར་གྱུར་པའི་ལམ་གསུམ་དུ་ཡོད་པའི་ཕྱིར། གཉིས་པ་ནི། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །ཞེས་སོགས་ཀྱིས་བསྟན།

གསུམ་པ་ལ། རྩ་བ་དང་། འགྲེལ་པ་གཉིས། དང་པོ་ནི། དྲན་པ་ཉེར་བཞག་ནས་བཟུང་སྟེ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་རྣམ་མཁྱེན་གྱི་རྣམ་པ་ལ། མཚན་ཉིད། དབྱེ་བ། གཞུང་གི་བསྟན་ཚུལ་དང་གསུམ། དང་པོ་ནི། བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས། གཉིས་པ་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་གཉིས། དང་པོ་ལ། མཚན་ཉིད་ནི། རང་གི་རིགས་འདྲ་ཉན་རང་དང་བྱང་འཕགས་གང་རུང་གི་རྒྱུད་ལ་ཡོད་པའི་མཐར་ཐུག་གི་ཡེ་ཤེས། དབྱེ་ན། རྒྱུ་ལམ་ཤེས་དང་རྗེས་མཐུན་གྱི་རྣམ་མཁྱེན་གྱི་རྣམ་པ་དང་། མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་རྗེས་མཐུན་གྱི་དེ་གཉིས། དང་པོའི་མཚན་ཉིད། རང་གི་རིགས་འདྲ་བྱང་འཕགས་ཀྱི་རྒྱུད་ལ་ཡོད་པའི་མཐར་ཐུག་གི་ཡེ་ཤེས། དབྱེ་ན། སངས་རྒྱས་འཕགས་པའི་གཉེན་པོའི་ལམ་གསུམ། སྤྲུལ་པའི་ལམ་གསུམ། མཐོང་ཆོས་ལ་བདེར་གནས་ཀྱི་ལྔ། འཇིག་རྟེན་ལས་འདས་པའི་ལམ་དགུ། སྤོང་ལམ་གྱི་མིང་གིས་བཏགས་པའི་བདེན་བཞིའི་ཡུལ་ཅན་གྱི་ལམ་བཞི། སངས་རྒྱས་ཉིད་ཀྱི་ལམ་བཅུ་སྟེ་སུམ་ཅུ་རྩ་བཞི། གཉིས་པའི་མཚན་ཉིད། རང་གི་རིགས་འདྲ་ཉན་རང་གི་རྒྱུད་ལ་ཡོད་པའི་མཐར་ཐུག་གི་ཡེ་ཤེས། དབྱེ་ན། བྱང་ཕྱོགས་སོ་བདུན། འདི་གཉིས་འགལ་བ་མ་ཡིན་ཏེ། སངས་རྒྱས་སའི་དྲན་པ་ཉེར་བཞག་དེ་གཉིས་ཀ་ཡིན་པའི་ཕྱིར། ཡིན་ཁྱབ་མཉམ་མ་ཡིན་ཏེ། སངས་རྒྱས་སའི་ཐེག་ཆེན་སེམས་བསྐྱེད་དེ་དང་པོ་ཡིན་ཀྱང་གཉིས་པ་མ་ཡིན། སངས་རྒྱས་སའི་མི་སློབ་ལམ་དེ་གཉིས་པ་ཡིན་ཀྱང་དང་པོ་མ་ཡིན་པའི་ཕྱིར། གཉིས་པ་ལ། མཚན་ཉིད་ནི། རང་གི་རིགས་འདྲ་ཉན་རང་དང་བྱང་སེམས་གང་རུང་གི་རྒྱུད་ལ་མེད་པའི་མཐར་ཐུག་གི་ཡེ་ཤེས། དབྱེ་ན། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་རིག་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། དེ་བཞིན་ཉིད་ཀྱི་རྣམ་པ། རང་བྱུང་གི་རྣམ་པ། སངས་རྒྱས་ཉིད་ཀྱི་རྣམ་པ་དང་སོ་དགུ། གསུམ་པ་ནི། འདིར་མཐུན་ཡུལ་འཕགས་པ་འོག་མའི་རྒྱུད་ལ་ཡོད་པའི་དྲན་པ་ཉེར་བཞག་སོགས་དང་། མཐུན་པ་པོ་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པའི་དྲན་པ་ཉེར་བཞག་སོགས་ཚུལ་ཇི་ལྟར་བསྟན་ཞེ་ན། ཚིག་ཟིན་ཙམ་ལ་གཉིས་ཀ་བསྟན་མཚུངས་ཡིན། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ཆོས་དེ་རྣམས་དངོས་སུ་བསྟན། འཕགས་པ་འོག་མའི་རྒྱུད་ལ་ཡོད་པའི་ཆོས་དེ་རྣམས་ཞར་བྱུང་དུ་བསྟན་ནོ། །ངག་དོན་ནི། རྣམ་མཁྱེན་གྱི་རྣམ་པ་ཆོས་ཅན། ཁྱོད་ལ་དབྱེ་ན་བརྒྱ་དང་བཅུར་ཡོད་དེ། གཞི་ཤེས་ཀྱི་སོ་བདུན། ལམ་ཤེས་ཀྱི་སོ་བཞི། རྣམ་མཁྱེན་གྱི་སོ་དགུ་རྣམས་སུ་ཡོད་པའི་ཕྱིར།

གཉིས་པ་ལ། གཞི་ཤེས་དང་རྗེས་མཐུན་གྱི། ལམ་ཤེས་དང་རྗེས་མཐུན་གྱི། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་དང་གསུམ། དང་པོ་ལ། དངོས་པོ་ལ་ཡོངས་སུ་རྟོག་པའི། རྩོལ་བ་ལས་བྱུང་བའི། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི། མངོན་པར་རྟོགས་པར་སྦྱོར་བའི། མངོན་པར་རྟོགས་པ་དང་འབྲེལ་བའི། བདེན་པ་མངོན་རྟོགས་ཀྱི། རྣམ་དག་ངེས་འབྱིན་གྱི་ལམ་དང་བདུན། དང་པོ་ནི། དེ་ལ་ཐམས་ཅད་ཤེས་པ་ཉིད་ལ་ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་དྲན་པ་ཉེར་བཞག་ལ། དམིགས་པ། ངོ་བོ། གྲོགས། སྒོམ་ཚུལ། བསྒོམས་པའི་འབྲས་བུ་དང་ལྔ། དང་པོ་ནི། ལུས་ཚོར་སེམས་ཆོས་བཞིའོ། །ལུས་ནི་གཟུགས་ཅན་གྱི་དངོས་པོ་རྣམས་སོ། །དབྱེ་ན། ཕྱིའི། ནང་གི །ཕྱི་ནང་གཉིས་ཀའི་ལུས་གསུམ། ཚོར་བའི་ཚོགས་ལྔ། སེམས་ནི་ཚོགས་བརྒྱད། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་གཉིས་སོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། སྒྲ་བཤད། ས་མཚམས་དང་བཞི། དང་པོ་ནི། ལུས་ཚོར་སེམས་ཆོས་བཞི་པོ་གང་རུང་ལ་དམིགས་ནས་རྣམ་པ་རང་སྤྱིའི་མཚན་ཉིད་ཀྱི་སྒྲོས་བཏགས་ཏེ་ཡོངས་སུ་དཔྱོད་པར་བྱེད་པའི་ལམ་ཞུགས་སྐྱེས་བུའི་རྒྱུད་ཀྱི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན་བཞི། དེ་ཡང་ཕྱིན་ཅི་ལོག་བཞི་འཇོམས་པའི་གཉེན་པོར་རྣམ་པ་བཞི་བཞག་སྟེ། ལུས་ལ་བདག་གི་རྟེན། ཚོར་བ་ལ་བདག་གི་ལོངས་སྤྱོད། སེམས་ལ་བདག་གི་ངོ་བོ། ཆོས་ལ་བདག་གི་ཁྱད་ཆོས་སུ་སྒྲོ་འདོགས་པའི་ཕྱིན་ཅི་ལོག་བཞི་འཇོམས་པར་བཤད་པའི་ཕྱིར། གསུམ་པ་ནི། དྲན་པའི་སྟོབས་ཀྱིས་ཤེས་རབ་ཉེ་བར་འཇོག་པས་ན་དྲན་པ་ཉེར་བཞག་ཅེས་བྱའོ། །བཞི་པ་ནི། ཚོགས་ལམ་ནས་སངས་རྒྱས་སའི་བར་དུའོ། །གསུམ་པ་ནི། དྲན་པ་ཉེར་བཞག་གི་གཙོ་བོ་ཤེས་རབ་སྟེ། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་ནི་གྲོགས་སོ། །བཞི་པ་ལ། ཐེག་དམན་གྱི་སྒོམ་ཚུལ། ཐེག་ཆེན་གྱི་སྒོམ་ཚུལ། སྒོམ་པའི་དགོས་པ་དང་གསུམ། དང་པོ་ནི། ལུས་རང་གི་མཚན་ཉིད་མི་གཙང་བ། ཚོར་བ་རང་གི་མཚན་ཉིད་སྡུག་བསྔལ་བ། སེམས་རང་གི་མཚན་ཉིད་མི་རྟག་པ། ཆོས་རང་གི་མཚན་ཉིད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཅན་སྤྱིའི་མཚན་ཉིད་ཐམས་ཅད་ཀྱང་གང་ཟག་གི་བདག་མེད་པར་རོ། །གཉིས་པ་ནི། ལུས་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ། ཚོར་བ་སྣང་ཡང་སྣང་བ་ལྟར་མ་གྲུབ་པ་རྨི་ལམ་ལྟ་བུ། སེམས་རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་ལྟ་བུ། ཆགས་སོགས་དྲི་མའི་ཆོས་གློ་བུར་བ་སྤྲིན་ལྟ་བུ། གཉེན་པོ་རྣམ་བྱང་གི་ཆོས་རང་བཞིན་གྱིས་མེད་པར་ཤེས་ཏེ་བསྒོམ། གསུམ་པ་ནི། བདེན་བཞི་རྟོགས་པ་ལ་འཇུག་པའི་ཆེད་དུའོ། །ཇི་ལྟར་འཇུག་ན། ལུས་ཚོར་སེམས་ཆོས་དྲན་པ་ཉེར་བཞག་བཞི་བསྒོམས་པས། རིམ་བཞིན་སྡུག་ཀུན་འགོག་ལམ་གྱི་བདེན་པ་བཞི་རྟོགས་པར་འགྱུར་ཏེ། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲ་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་བཞག་པ་བསྒོམ། །ཞེས་སོ། །ལྔ་པ་ནི། ལུས་ལ་གཙང་བ། ཚོར་བ་ལ་བདེ་བ། སེམས་ལ་རྟག་པ། ཆོས་ལ་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་སྤངས་ནས་ཟག་མེད་ཀྱི་ལུས་ཚོར་སེམས་ཆོས་བཞི་ཐོབ་པར་འགྱུར་རོ། །ངག་དོན་ནི། ཚོགས་ལམ་ཆུང་ངུ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་དྲན་པ་ཉེར་བཞག་བཞི་ཆོས་ཅན། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ཡིན་ཏེ། ཆོས་བཞི་གང་རུང་ལ་དམིགས་ནས། རང་སྤྱིའི་མཚན་ཉིད་ཀྱིས་བརྟགས་ཏེ་ཡོངས་སུ་དཔྱོད་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་གང་ཞིག །ཚོགས་ལམ་ཆུང་ངུས་བསྡུས་པའི་མངོན་རྟོགས་ཡིན་པའི་ཕྱིར།

གཉིས་པ་ལ། དེའི་འོག་ཏུ་ཞུགས་པ་ལ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཡང་དག་སྤོང་བ་ལ་སྔར་ལྟར་ལྔ་ལས། དང་པོ་ནི། དགེ་བ་སྐྱེས་མ་སྐྱེས་གཉིས། མི་དགེ་བ་སྐྱེས་མ་སྐྱེས་གཉིས་ཏེ་བཞིའོ། །གཉིས་པ་ལ་བཞི་ལས། མཚན་ཉིད་ནི། དགེ་སྡིག་ལ་བླང་དོར་ཚུལ་བཞིན་དུ་བྱེད་ནུས་ཀྱི་བརྩོན་འགྲུས་མཚུངས་ལྡན་དང་བཅས་པ་གང་ཞིག །ཐེག་པ་རང་ལུགས་ཀྱི་ཚོགས་ལམ་འབྲིང་པོ་ཡན་ཆད་ཀྱིས་བསྡུས་པ། དབྱེ་ན། དགེ་བ་སྐྱེས་པ་སྤེལ་བའི། མ་སྐྱེས་པ་སྐྱེད་པའི། མི་དགེ་བ་སྐྱེས་པ་སྤོང་བའི། མ་སྐྱེས་པ་མི་བསྐྱེད་པའི་ཡང་དག་སྤོང་བ་དང་བཞི། སྒྲ་བཤད་ནི། མི་དགེ་བ་སྤོང་བས་ཡང་དག་སྤོང་བ་ཞེས་བྱའོ། །ས་མཚམས་ནི། ཚོགས་ལམ་འབྲིང་པོ་ནས་སངས་རྒྱས་སའི་བར་དུའོ། །གསུམ་པ་ནི། བརྩོན་འགྲུས་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་སོ། །བཞི་པ་ནི། དགེ་སྡིག་ལ་བླང་དོར་ཚུལ་བཞིན་དུ་བྱེད་པའི་ཕྱིར་དུ་འདུན་པ་བསྐྱེད། འབད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། སེམས་རབ་ཏུ་འཇོག་པའི་ཚུལ་གྱིས་སོ། །ལྔ་པ་ནི། མི་མཐུན་ཕྱོགས་ཉམས་པ་དང་། གཉེན་པོ་འཕེལ་བ་སྟེ་སྤངས་རྟོགས་མཐར་ཐུག་ཐོབ་པ་ཡིན་ནོ། །ངག་དོན་ནི། ཚོགས་ལམ་འབྲིང་པོ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་ཡང་དག་སྤོང་བ་བཞི་ཆོས་ཅན། རྩོལ་བ་ལས་བྱུང་བའི་ལམ་ཡིན་ཏེ། དགེ་སྡིག་ལ་བླང་དོར་ཚུལ་བཞིན་དུ་བྱེད་པའི་བརྩོན་འགྲུས་མཚུངས་ལྡན་དང་བཅས་པ་གང་ཞིག །ཚོགས་ལམ་འབྲིང་པོས་བསྡུས་པའི་མངོན་རྟོགས་ཡིན་པའི་ཕྱིར།

གསུམ་པ་ནི། བརྩོན་འགྲུས་དང་ལྡན་པ་ནི། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་རྫུ་འཕྲུལ་གྱི་རྐང་པ་ལ། སྔར་ལྟར་ལྔ་ལས། དང་པོ་ནི། སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་ནོ། །གཉིས་པ་ལ་བཞི་ལས། མཚན་ཉིད་ནི། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པ་ལས་བྱུང་བའི་སེམས་གནས་པ་ལས་རུང་དུ་བྱེད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག །ཐེག་པ་རང་ལུགས་ཀྱི་ཚོགས་ལམ་ཆེན་པོ་ཡན་ཆད་ཀྱིས་བསྡུས་པ། དབྱེ་ན། འདུན་པའི། བརྩོན་འགྲུས་ཀྱི། སེམས་ཀྱི། སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བཞི། མཚན་ཉིད་རིམ་བཞིན། དབྱེ་གཞི་གང་ཞིག །གུས་སྦྱོར་གྱི་བརྩོན་འགྲུས་ལ་བརྟེན་ནས། རྟག་སྦྱོར་གྱི་བརྩོན་འགྲུས་ལ་བརྟེན་ནས། སྐྱེ་བ་སྔ་མར་ཏིང་ངེ་འཛིན་རྒྱ་ཆེན་པོ་སྔོན་དུ་སོང་བ་ལ་བརྟེན་ནས། ཚེ་འདིར་ཏིང་ངེ་འཛིན་ལ་སྤྱོད་པའི་ཤེས་རབ་ལ་བརྟེན་ནས་སེམས་གནས་པ་ལས་རུང་དུ་བྱེད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། སྒྲ་བཤད་ནི། རྫུ་འཕྲུལ་གྱི་རྒྱུ་ཡིན་པས་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །ས་མཚམས་ནི། ཚོགས་ལམ་ཆེན་པོ་ནས་སངས་རྒྱས་སའི་བར་དུའོ། །གསུམ་པ་ནི། ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་སོ། །བཞི་པ་ནི། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཚུལ་དུ་བསྒོམ། ཉེས་པ་ལྔ་ནི། དབུས་མཐར། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་སོ། །སྤོང་བའི་འདུ་བྱེད་བརྒྱད་ནི། འདུན་རྩོལ་དད་པ་ཤིན་ཏུ་སྦྱངས། །དྲན་ཤེས་སེམས་པ་བཏང་སྙོམས་སོ། །ཞེས་པ་ལྟར་རོ། །ལྔ་པ་ནི། སྤྱན། མངོན་ཤེས། དབང་བཅུ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་ཐོབ་སྟེ། རྒྱན་ལས། གནས་པས་རྣམ་པར་བརྩེ་བ་དང་། །སྨོན་ལམ་དང་ནི་དབང་དག་དང་། །ཆོས་ཐོབ་པ་ནི་སྒྲུབ་པའི་ཕྱིར། །ཞེས་སོ། །ངག་དོན་ནི། ཚོགས་ལམ་ཆེན་པོ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞི་ཆོས་ཅན། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ཡིན་ཏེ། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པ་ལས་བྱུང་བའི་སེམས་གནས་ལས་རུང་དུ་བྱེད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག །ཚོགས་ལམ་ཆེན་པོས་བསྡུས་པའི་མངོན་རྟོགས་ཡིན་པའི་ཕྱིར།

བཞི་པ་ནི། སེམས་ཡོངས་སུ་སྦྱང་བར་བྱས་པ་ལ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་རྣམ་བྱང་གི་དབང་པོ་ལ་ལྔ་ལས། དང་པོ་ནི། རྒྱན་ལས། བྱང་ཆུབ་སྤྱོད་དང་ཐོས་མཆོག་དང་། །ཞི་གནས་ལྷག་མཐོང་དད་སོགས་ཀྱི། །གཞི་ཡིན་པར་ནི་ཤེས་བྱ་སྟེ། །དོན་གྲུབ་བྱེད་པའི་སྐབས་ཀྱིས་སོ། །ཞེས་སོ། །གཉིས་པ་ལ་བཞི་ལས། མཚན་ཉིད་ནི། རྣམ་བྱང་ཁྱད་པར་ཅན་ལ་དབང་བྱེད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་གང་ཞིག །ཐེག་པ་རང་ལུགས་ཀྱི་དྲོད་ཡན་ཆད་ཀྱིས་བསྡུས་པ། དབྱེ་ན། དད་སོགས་དབང་པོ་ལྔ། མཚན་ཉིད་རིམ་བཞིན། རྣམ་བྱང་གི་དབང་པོ་གང་ཞིག །ལས་འབྲས་ལ་ཡིད་ཆེས་པའི་དད་པ་མཚུངས་ལྡན་དང་བཅས་པ། དེ་གང་ཞིག །དགེ་བ་ལ་སྤྲོ་བའི་བརྩོན་འགྲུས། དགེ་བའི་དམིགས་རྣམ་མི་བརྗེད་པའི་དྲན་པ། སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །སྒྲ་བཤད་ནི། རྣམ་པར་བྱང་བའི་ཡོན་ཏན་ལ་བདག་པོར་གྱུར་པས་ན་རྣམ་བྱང་གི་དབང་པོ་ཞེས་བྱའོ། །ས་མཚམས་ནི། དྲོད་ནས་སངས་རྒྱས་སའི་བར་དུའོ། །གསུམ་པ་ནི། དད་སོགས་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་ངོ་། །བཞི་པ་ནི། དད་པས་བདེན་བཞི་ལ་དམིགས་ནས་ཡིད་ཆེས་པའི། བརྩོན་འགྲུས་ཀྱིས་དེ་ལ་དམིགས་ནས་སྤྲོ་བའི། དྲན་པས་དེ་ལ་དམིགས་ནས་དམིགས་རྣམ་མི་བརྗེད་པའི། ཏིང་ངེ་འཛིན་གྱིས་དེ་ལ་དམིགས་ནས་སེམས་རྩེ་གཅིག་ཏུ་གནས་པའི། ཤེས་རབ་ཀྱིས་དེ་ལ་དམིགས་ནས་རྣམ་པར་འབྱེད་པའི་ཚུལ་གྱིས་བསྒོམ། ལྔ་པ་ནི། གཉེན་པོ་རྣམ་བྱང་གི་ཆོས་གོང་ནས་གོང་དུ་འཕེལ་བའོ། །ངག་དོན་ནི། དྲོད་ལ་གནས་པའི་བྱང་སེམས་རྒྱུད་ཀྱི་དབང་པོ་ལྔ་ཆོས་ཅན། མངོན་པར་རྟོགས་པར་སྦྱོར་བའི་ལམ་ཡིན་ཏེ། རྣམ་བྱང་ཁྱད་པར་ཅན་ལ་དབང་བྱེད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་གང་ཞིག །དྲོད་རྩེ་གང་རུང་གིས་བསྡུས་པའི་མངོན་རྟོགས་ཡིན་པའི་ཕྱིར།

ལྔ་པ་ནི། དྲོད་རྩེའི་གནས་སྐབས་ཀྱི་དད་སོགས་དབང་པོ་ལྔ་པོ་དེ་བཟོད་མཆོག་གི་རྟོགས་པ་ཐོབ་པའི་ཚེ་མི་མཐུན་ཕྱོགས་འཇོམས་ནུས་དང་ལྡན་པས་སྟོབས་ལྔར་འཇོག་པ་ཡིན་ནོ། །

དྲུག་པ་ནི། དྲོ་བ་ལ་སོགས་པ་བཞི་རྟོགས་པ་ལ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་བྱང་ཆུབ་ཡན་ལག་ལ། སྔར་ལྟར་ལྔ་ལས། དང་པོ་ནི། བདེན་པ་བཞིའོ། །གཉིས་པ་ལ་བཞི་ལས། མཚན་ཉིད་ནི། གནས་ལུགས་ཀྱི་དོན་མངོན་སུམ་དུ་རྟོགས་པའི་ཡེ་ཤེས། དབྱེ་ན། དྲན་པ། ཆོས་རབ་ཏུ་རྣམ་འབྱེད། བརྩོན་འགྲུས། དགའ་བ། ཤིན་ཏུ་སྦྱངས་པ། ཏིང་ངེ་འཛིན། བཏང་སྙོམས་ཡང་དག་བྱང་ཆུབ་ཡན་ལག་དང་བདུན། མཚན་ཉིད་རིམ་བཞིན། བྱང་ཆུབ་ཡན་ལག་གང་ཞིག །དགེ་བའི་དམིགས་རྣམ་མི་བརྗེད་པའི་དྲན་པ་མཚུངས་ལྡན་དང་བཅས་པ། དེ་གང་ཞིག །ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས། ལུས་སེམས་ལ་ཕན་འདོགས་པའི་དགའ་བ། ཇི་ལྟར་འདོད་པ་བཞིན་སེམས་དགེ་བ་ལ་བཀོལ་རུང་དུ་བྱེད་པའི་ཤིན་སྦྱངས། སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན། བྱིང་རྒོད་དང་བྲལ་བའི་བཏང་སྙོམས་མཚུངས་ལྡན་དང་བཅས་པའོ། །ཡན་ལག་ཏུ་འགྱུར་ཚུལ་ཡང་། དབུས་མཐར། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། །ཞེས་སོ། །དཔེ་དང་སྦྱར་ན། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་མཚུངས་ཏེ། རྒྱན་ལས། རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། །ཞེས་སོ། །སྒྲ་བཤད་ནི། བྱང་ཆུབ་ནི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་ལ། དེའི་རང་བཞིན་ཡིན་པས་བྱང་ཆུབ་ཡན་ལག་ཅེས་བྱའོ། །ས་མཚམས་ནི། མཐོང་ལམ་ནས་སངས་རྒྱས་སའི་བར་དུའོ། །གསུམ་པ་ནི། དྲན་པ་སོགས་དང་སེམས་སེམས་བྱུང་གི་ཆོས་རྣམས་སོ། །བཞི་པ་ནི། སྡུག་བསྔལ་གྱི་བདེན་པ་ལ་དམིགས་ནས་དབེན་པ་ཚོལ། ཀུན་འབྱུང་ལ་དམིགས་ནས་དེ་དང་བྲལ་བར་འདོད། འགོག་པ་ལ་དམིགས་ནས་དེ་མངོན་དུ་བྱ་བར་འདོད། ལམ་ལ་དམིགས་ནས་རྒྱུད་ལ་བརྟེན་པའི་ཚུལ་གྱིས་བསྒོམ་མོ། །ལྔ་པ་ནི། གནས་སྐབས་ཀྱི་འབྲས་བུ་སྒོམ་ལམ་མྱུར་དུ་ཐོབ་པ་དང་། མཐར་ཐུག་སངས་རྒྱས་སའི་བྱང་ཆུབ་ཡན་ལག་བདུན་མངོན་དུ་འགྱུར་བའོ། །ངག་དོན་ནི། སྡུག་བསྔལ་ཆོས་བཟོད་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་བྱང་ཆུབ་ཀྱི་ཡན་ལག་བདུན་ཆོས་ཅན། བདེན་པ་མངོན་རྟོགས་ཀྱི་ལམ་ཡིན་ཏེ། གནས་ལུགས་ཀྱི་དོན་མངོན་སུམ་དུ་རྟོགས་པའི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར།

བདུན་པ་ནི། བདེན་པ་ཡོངས་སུ་ཤེས་པ་ལ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་འཕགས་ལམ་ཡན་ལག་ལ། སྔར་ལྟར་ལྔ་ལས། དང་པོ་ནི། འཕགས་པའི་བདེན་པ་བཞིའོ། །གཉིས་པ་ལ་བཞི་ལས། མཚན་ཉིད་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས། དབྱེ་ན། ཡང་དག་པའི་ལྟ་བ། རྟོགས་པ། ངག །ལས་ཀྱི་མཐའ། འཚོ་བ། རྩོལ་བ། དྲན་པ། ཏིང་ངེ་འཛིན་འཕགས་པའི་ལམ་ཡན་ལག་དང་བརྒྱད། མཚན་ཉིད་རིམ་བཞིན། འཕགས་ལམ་ཡན་ལག་གང་ཞིག །ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མཚུངས་ལྡན་དང་བཅས་པ། དེ་གང་ཞིག །ལྟ་བས་རྟོགས་པའི་དོན་གཞན་ལ་སྟོན་པའི་ངག་གི་རྒྱུའི་ཀུན་སློང་དུ་གྱུར་པའི་ཤེས་རབ། དེའི་དུས་ཀྱི་ཀུན་སློང་དུ་གྱུར་པའི་ཤེས་རབ། རང་རྒྱུད་ལྡན་གྱི་གང་ཟག་ཚུལ་ཁྲིམས་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པའི་སེམས་དཔའ། རང་རྒྱུད་ལྡན་གྱི་གང་ཟག་འཚོ་བ་རྣམ་དག་ཏུ། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས། དམིགས་པ་མ་བརྗེད་པའི་དྲན་པ། སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པའོ། །ཡན་ལག་ཏུ་འགྱུར་ཚུལ་ཡང་། དབུས་མཐར། ཡོངས་སུ་གཅོད་དང་གོ་བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང་། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །ཞེས་སོ། །སྒྲ་བཤད་ནི། འཕགས་ལམ་གྱི་རང་བཞིན་ཡིན་པས་ན་འཕགས་ལམ་ཡན་ལག་ཅེས་བྱའོ། །ས་མཚམས་ནི། མཐོང་ལམ་ནས་སངས་རྒྱས་སའི་བར་དུའོ། །གསུམ་པ་ནི། ལྟ་བ་ལ་སོགས་པ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་སོ། །བཞི་པ་ནི། སྔར་ལྟར་རོ། །ལྔ་པ་ནི། སྒོམ་སྤང་སྤངས་པའི་སྤངས་རྟོགས་མཐར་ཐུག་ཐོབ་པར་འགྱུར་རོ། །ངག་དོན་ནི། ས་གཉིས་པ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་འཕགས་ལམ་ཡན་ལག་བརྒྱད་ཆོས་ཅན། རྣམ་དག་ངེས་འབྱིན་གྱི་ལམ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་གང་ཞིག །རྗེས་ལ་མངོན་རྟོགས་ཀྱིས་བསྡུས་པའི་ལམ་ཡིན་པའི་ཕྱིར།

གཉིས་པ་ལ། གཉེན་པོའི་ལམ། སྤྲུལ་པའི་ལམ། འཇིག་རྟེན་ལས་འདས་པའི་ལམ་དང་གསུམ། དང་པོ་ནི། ལམ་ཤེས་པ་ཉིད་ལ་ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་འདིར་བསྟན་གཉེན་པོའི་ལམ་ལ། མཚན་ཉིད། དབྱེ་བ། ཁྱད་ཆོས་དང་གསུམ། དང་པོ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་སྟོབས་ཀྱིས་བདག་འཛིན་ས་བོན་དང་བཅས་པ་འཇོམས་ནུས་ཀྱི་ཡེ་ཤེས། གཉིས་པ་ལ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི། མཚན་མ་མེད་པའི། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་གསུམ། དང་པོའི་མཚན་ཉིད། སྡུག་བསྔལ་བདེན་པའི་རྣམ་པ་སྟོང་བདག་མེད་མངོན་སུམ་དུ་རྟོགས་པའི་བདག་ཏུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། གཉིས་པའི་མཚན་ཉིད། འགོག་ལམ་གྱི་རྣམ་པ་བརྒྱད་མངོན་སུམ་དུ་རྟོགས་པའི་སྟོབས་ཀྱིས་ཐར་པའི་ཕན་ཡོན་མཐོང་ནས་ཐར་པ་ལ་དགའ་བའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། གསུམ་པའི་མཚན་ཉིད། སྡུག་ཀུན་གྱི་རྣམ་པ་དྲུག་མངོན་སུམ་དུ་རྟོགས་པའི་སྟོབས་ཀྱིས་འཁོར་བའི་ཉེས་དམིགས་མཐོང་ནས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། རྒྱན་ལས། དེ་ནི་གཟུང་འཛིན་ངོ་བོའི་ཕྱིར། །རྣམ་པ་གསུམ་དུ་ཤེས་པར་བྱ། །རྣམ་པར་མི་རྟོག་རྒྱབ་ཀྱིས་ཕྱོགས། །རྟག་ཏུ་དགའ་དང་ལྡན་པའོ། །ཞེས་སོ། །དབྱེ་ན། རེ་རེ་ལ་ཡང་། གང་ཟག་གི་བདག་མེད་ཙམ་རྟོགས་པ་དང་། ཆོས་ཀྱི་བདག་མེད་རྟོགས་པ་གཉིས་གཉིས་སོ། །གསུམ་པ་ལ། དམིགས་པ། རྣམ་པ། གྲངས་ངེས། ས་མཚམས་དང་བཞི། དང་པོ་ནི། ཆོས་ཐམས་ཅད་བདག་མེད་པ་དང་པོའི། མྱང་འདས་ཞི་བ་གཉིས་པའི། འདུས་བྱས་མི་རྟག་པ་དང་ཟག་བཅས་སྡུག་བསྔལ་བ་གསུམ་པའི་དམིགས་པ་ཡིན་ཏེ། རྒྱན་ལས། སེམས་ཅན་རྣམས་ལ་ཕན་བཞེད་པས། །ཏིང་ངེ་འཛིན་གྱི་རྒྱུ་ཉིད་དུ། །ཆོས་ཀྱི་སྡོམ་ནི་རྣམ་པ་བཞི། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་སོ། །གཉིས་པ་ནི། རྣམ་ཐར་དང་པོ་སྟོང་བདག་མེད་རྟོགས་པའི། གཉིས་པ་འགོག་ལམ་གྱི་རྣམ་པ་བརྒྱད་རྟོགས་པའི། གསུམ་པ་སྡུག་བདེན་གྱི་མི་རྟག་སྡུག་བསྔལ་གཉིས་དང་། ཀུན་འབྱུང་བདེན་པའི་བཞི་སྟེ་དྲུག་རྟོགས་པའི་རྣམ་པ་ཅན་ཏེ། ཀུན་བཏུས་སུ། སྟོང་པ་ཉིད་ཀྱི་རྣམ་པ་དུ་ཞེ་ན། གཉིས་སོ། །སྨོན་པ་མེད་པའི་རྣམ་པ་དུ་ཞེ་ན། དྲུག་གོ །མཚན་མ་མེད་པའི་རྣམ་པ་དུ་ཞེ་ན། བརྒྱད་དོ། །ཞེས་སོ། །གསུམ་པ་ནི། གཉེན་པོའི་ལམ་ལ་སྤང་བྱའི་སྒོ་ནས་ཏིང་ངེ་འཛིན་གསུམ་དུ་བཞག་སྟེ། བདག་འཛིན་གྱི་ངོ་བོ། དེའི་རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོགའབྲས་བུ་ཁམས་གསུམ་ལ་བླང་བྱར་སྨོན་པ་རྣམས་འཇོམས་པའི་དབང་དུ་བྱས་ནས་རིམ་བཞིན་བཞག་པའི་ཕྱིར། ཤེས་བྱ་ཡུལ་གྱི་དབང་དུ་བྱས་ནས་ཀྱང་གསུམ་དུ་བཞག་སྟེ། ཀུན་བརྟགས་ཤེས་པ། མ་དག་པའི་གཞན་དབང་སྤོང་བ། དག་པ་གཉིས་ལྡན་གྱིས་ཡོངས་གྲུབ་མངོན་དུ་བྱེད་པའི་སྒོ་ནས་རིམ་བཞིན་བཞག་པའི་ཕྱིར། བཞི་པ་ནི། རྣམ་ཐར་གསུམ་གྱི་ཤེས་པ་ནི་ཐོས་བསམ་སྒོམ་གསུམ་ཀའི་རང་བཞིན་ཅན། ཏིང་ངེ་འཛིན་གྱི་སྒྲས་གསུངས་པ་ནི་སྒོམ་བྱུང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀའི་སྒོ་ནས་བཞག །སྟོང་ཉིད་ཀྱི་ཏིང་ངེ་འཛིན་ནི་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་དོ། །ངག་དོན་ནི། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ཆོས་ཅན། འདིར་བསྟན་གཉེན་པོའི་ལམ་ཡིན་ཏེ། བདག་ལྟའི་རྒྱུ་འབྲས་ངོ་བོ་གསུམ་འཇོམས་ནུས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར།

གཉིས་པ་ནི། སྤྲུལ་པའི་ལམ་ལ་ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་སྤྲུལ་ལམ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། ཁྱད་ཆོས་དང་བཞི། དང་པོ་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གཞན་དོན་དུ་སྤྲུལ་པ་སྣ་ཚོགས་འབྱོར་བར་བྱེད་པའི་རྣམ་ཐར། གཉིས་པ་ནི། གཟུགས་ཅན་གཟུགས་ལ་ལྟ་བའི། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི། ཁྱད་པར་སྡུག་པའི་རྣམ་ཐར་དང་གསུམ། གསུམ་པ་ལ། མཚན་ཉིད་ནི། གཟུགས་ཅན་གྱི་རྣམ་ཐར་གསུམ་གྱི་ནང་ཚན་གང་ཞིག །བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སྤྲུལ་པ་པོ་རང་ཉིད་གཞན་ངོར་སྣང་བ་དང་བཅས་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་ལ་སྣ་ཚོགས་སུ་ལྟ་བར་ནུས་པའི་རྣམ་ཐར་དང་པོའི་མཚན་ཉིད། དབྱེ་ན། ཐེག་དམན་དང་། ཐེག་ཆེན་གྱི་རྒྱུད་ལ་ཡོད་པ་གཉིས། དེ་གང་ཞིགརྣལ་འབྱོར་པ་རང་ལ་གཟུགས་མེད་པའི་འདུ་ཤེས་ཉེ་བར་བཞག་པ་སྔོན་དུ་བཏང་ནས་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ཏེ། ཕྱི་རོལ་གྱི་གཟུགས་རྣམས་ལ་སྣ་ཚོགས་སུ་ལྟ་བར་ནུས་པའི་རྣམ་ཐར། དབྱེ་ན། གཟུགས་མེད་ཀྱི་སེམས་ཐོབ་པས་གཟུགས་ཀྱི་འདུ་ཤེས་བཤིག་ནུས་པའི་རྣམ་ཐར་དང་། དེ་མ་ཐོབ་པས་གཟུགས་མེད་པའི་འདུ་ཤེས་ཉེ་བར་བཞག་པ་ཙམ་གྱི་རྣམ་ཐར་གཉིས། དེ་གང་ཞིག །བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གཟུགས་ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་ལྟ་ནུས་པའི་རྣམ་ཐར། དབྱེ་ན། ཐེག་དམན་དང་། ཐེག་ཆེན་གྱི་རྒྱུད་ལ་ཡོད་པ་གཉིས། བཞི་པ་ལ། གང་ཟག་གང་གིས་ལྟ་བ། ས་གང་ལ་བརྟེན་ནས་ལྟ་བ། ཡུལ་གང་ལ་ལྟ་བ། ཚུལ་ཇི་ལྟར་ལྟ་བ། དགོས་པ་གང་གི་ཕྱིར་དུ་ལྟ་བ་དང་ལྔ། དང་པོ་ནི། སྔར་མེད་གསར་དུ་ལྟ་བ་ལ་འདོད་པའི་རྟེན་ཅན་གྱི་གང་ཟག་ཅིག་དགོས་ཏེ། གཙོ་བོར་ལུང་གི་མཐུ་ལས་སྐྱེ་དགོས་པའི་ཕྱིར། དེ་ཡང་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་མ་ཞུགས་རྣམས་ཀྱིས་སོ། །རྣམ་ཐར་གཉིས་པ་ལ་དང་པོ་ཐོབ་པ་དང་། གསུམ་པ་ལ་གཉིས་པ་ཐོབ་པས་ལྟ་དགོས་པ་ནི་ཁྱད་པར་རོ། །གཉིས་པ་ནི། མཛོད་ལྟར་ན། རྣམ་པར་ཐར་བརྒྱད་དང་པོ་གཉིས། །མི་སྡུག་བསམ་གཏན་གཉིས་ན་ཡོད། །གསུམ་པ་མཐའ་ན་དེ་མ་ཆགས། །ཞེས་རྣམ་ཐར་གསུམ་རིམ་བཞིན་བསམ་གཏན་དང་པོ། གཉིས་པ། བཞི་པ་ལ་བརྟེན་པར་བཤད། ཀུན་བཏུས་སུ་གསུམ་ཀ་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་པར་བཤད། དེ་ཡང་སྔར་མེད་གསར་དུ་སྐྱེ་བ་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན། ཐོབ་ཟིན་མངོན་དུ་བྱེད་པ་ལ་ངེས་པ་མེད་དོ། །གསུམ་པ་ནི། ཕྱི་རོལ་གྱི་ཡུལ་ཆེ་ཆུང་། བཟང་ངན། མཛེས་མི་མཛེས་སྣ་ཚོགས་ལའོ། །བཞི་པ་ནི། རྣམ་ཐར་དང་པོའི་སྐབས་སུ་ལྟ་བ་པོ་རང་ཉིད་གཟུགས་ཀྱི་སྣང་བ་དང་བཅས་པའི་སྒོ་ནས་གཟུགས་གཅིག་ཉིད་ལ་ཡང་ཆེ་ཆུང་། བཟང་ངན། མཛེས་མི་མཛེས་སྣ་ཚོགས་པར་ལྟ། གཉིས་པའི་སྐབས་སུ། གཟུགས་མེད་ཀྱི་སེམས་ཐོབ་ན། དང་པོར་གཟུགས་མེད་ཀྱི་སེམས་ལ་བརྟེན་ནས་གཟུགས་ཀྱི་འདུ་ཤེས་བཤིག །དེའི་རྗེས་སུ་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གཟུགས་གཅིག་ཉིད་ལ་ཡང་སྣ་ཚོགས་སུ་ལྟ། གཟུགས་མེད་ཀྱི་སེམས་མ་ཐོབ་ན། དང་པོ་གཟུགས་མེད་པའི་འདུ་ཤེས་ཉེ་བར་བཞག་པ་ཙམ་བྱ་སྟེ། དེའི་རྗེས་སུ་བསམ་གཏན་གྱི་སེམས་ལ་བརྟེན་ནས་སྔར་ལྟར་ལྟ། གསུམ་པའི་སྐབས་སུ་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སྦྱོར་བའི་དུས་སུ་ཕན་ཚུན་ལྟོས་པ་དང་། ཕན་ཚུན་རྗེས་སུ་འབྲེལ་བའི་འདུ་ཤེས། དངོས་གཞིའི་དུས་སུ་སྡུག་པར་རོ་གཅིག་པའི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་དུ་ལྟ། ལྟོས་པའི་འདུ་ཤེས་ནི། དངུལ་བུམ་ཟངས་བུམ་ལ་ལྟོས་ཏེ་སྡུག་པ་དང་། གསེར་བུམ་ལ་ལྟོས་ཏེ་མི་སྡུག་པར་རྟོགས་ཏེ་བསྒོམ་པ་ལྟ་བུ། རྗེས་སུ་འབྲེལ་བའི་འདུ་ཤེས་ནི། དེ་གཉིས་ཀའང་དངུལ་བུམ་གྱི་སྟེང་དུ་རྗེས་སུ་འབྲེལ་བར་རྟོགས་ཏེ་བསྒོམ་པ་ལྟ་བུའོ། །དེ་ལྟར་བསྒོམས་པའི་དགོས་པ་ནི། སྡུག་མི་སྡུག་རང་གི་ངོ་བོའི་སྒོ་ནས་མ་གྲུབ་པར་བློས་བཏགས་ནས་བཞག་པ་ཙམ་དུ་ཤེས་པའི་ཆེད་དུའོ། །ལྔ་པ་ལ། སྤྱི་དང་། བྱེ་བྲག་གཉིས། དང་པོ་ནི། གཞན་དོན་དུ་གཟུགས་སྣ་ཚོགས་སུ་སྤྲུལ་ནུས་པར་ཤེས་པའི་ཆེད་དུའོ། །གཉིས་པ་ནི། རྣམ་ཐར་གསུམ་རིམ་བཞིན་སྤྲུལ་པ་པོ་རང་ཉིད་སྣང་བའི་སྒོ་ནས་རྫུ་འཕྲུལ་སྣ་ཚོགས་སྤྲུལ་པ། མི་སྣང་བའི་སྒོ་ནས་རྫུ་འཕྲུལ་སྣ་ཚོགས་སྤྲུལ་པ། ཡིད་དུ་འོང་མི་འོང་གི་གཟུགས་ལ་སྤྲུལ་འདོད་མི་འདོད་ཀྱི་ཉོན་མོངས་སྤོང་བའི་ཆེད་དུའོ། །ངག་དོན་ནི། འདིར་བསྟན་སྤྲུལ་ལམ་ཆོས་ཅན། ཁྱོད་ལ་དབྱེ་ན་གསུམ་དུ་ཡོད་དེ། གཟུགས་ཅན་གཟུགས་ལ་ལྟ་བ་ལ་སོགས་པ་གསུམ་དུ་ཡོད་པའི་ཕྱིར། གསུམ་པ་ནི། འགོག་སྙོམས་ཀྱི་རྣམ་གཞག་གཞན་དུ་གསུངས་པ་བཞིན་ཤེས་པར་བྱའོ། །གསུམ་པ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི། ཞེས་སོགས་ཀྱིས་བསྟན་ཏོ། །

གཉིས་པ་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་འདིར་བསྟན་སྦྱོར་བ་སྒོམ་པ་པོའི་རྟེན་གྱི་གང་ཟག་ལ། མཚན་ཉིད། དབྱེ་བ། བསྟན་ཚུལ་དང་གསུམ། དང་པོ་ནི། ཤེར་ཕྱིན་ལ་ཐོས་བསམ་སྒོམ་གསུམ་གང་རུང་གིས་འཇུག་པའི་རྒྱལ་སྲས། གཉིས་པ་ལ། གཞུང་ཉན་པའི། ཚིག་བློ་ལ་ལེན་པའི། དོན་མི་བརྗེད་པར་འཛིན་པའི། སྒོམ་བྱུང་གི་སྒོ་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་གང་ཟག་དང་བཞི་ཡོད། གསུམ་པ་ནི། ཚིག་དང་པོས་གཞུང་ཉན་པའི་གང་ཟག་བསྟན། སངས་རྒྱས་བསྟེན་པ་ལ་སོགས་པས་ལེན་པའི་སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་པས་གཉིས་པ་བསྟན། ཀུན་འདྲི་ལ་སོགས་པས་འཛིན་པའི་སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་པས་གསུམ་པ་བསྟན། སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། ཡིད་ལ་བྱེད་པའི་སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་པས་བཞི་པ་བསྟན། ངག་དོན་ནི། འདིར་བསྟན་སྦྱོར་བ་སྒོམ་པ་པོའི་གང་ཟག་ཆོས་ཅན། ཁྱོད་ལ་དབྱེ་ན་བཞིར་ཡོད་དེ། གཞུང་ཉན་པའི་གང་ཟག་ལ་སོགས་པ་བཞིར་ཡོད་པའི་ཕྱིར།

གསུམ་པ་ནི། གཟུགས་ལ་སོགས་པ་མི་གནས་ཕྱིར། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཐེག་ཆེན་གྱི་སྦྱོར་བ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཐབས་ཤེས་ཁྱད་པར་ཅན་གཉིས་དང་ལྡན་པའི་རིགས་སུ་གནས་པའི་སེམས་དཔའི་རྣལ་འབྱོར། གཉིས་པ་ལ། རང་བཞིན་དང་། གནས་སྐབས་ཀྱི་སྦྱོར་བ་གཉིས། དང་པོ་ལ། མི་གནས་པའི། མི་སྦྱོར་བའི། ཟབ་པ་གཞི་ཤེས་ཀྱི། གཏིང་དཔག་དཀའ་བ་ལམ་ཤེས་ཀྱི། ཚད་མེད་པ་རྣམ་མཁྱེན་སྦྱོར་བ་དང་ལྔ། དང་པོའི་མཚན་ཉིད། ཡུལ་གཟུང་བ་ལ་བདེན་ཞེན་འགོག་པའི་སེམས་དཔའི་རྣལ་འབྱོར། གཉིས་པའི་མཚན་ཉིད། ཡུལ་ཅན་འཛིན་པ་ལ་བདེན་ཞེན་འགོག་པའི་སེམས་དཔའི་རྣལ་འབྱོར། ཕྱི་མ་གསུམ་གྱི་མཚན་ཉིད་རིམ་བཞིན། གཞིའི་ཆོས་ཉིད་ཟབ་མོ། ལམ་གྱི་ཆོས་ཉིད་གཏིང་དཔག་དཀའ་བ། རྣམ་པའི་ཆོས་ཉིད་ཚད་མེད་པ་རྟོགས་པའི་སེམས་དཔའི་རྣལ་འབྱོར། འདི་རྣམས་ལ་རང་བཞིན་གྱི་སྦྱོར་བ་ཞེས་བྱ་སྟེ། ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཁྱབ་བྱེད་དུ་གནས་པའི་ཕྱིར། གཉིས་པ་ལ། ཚེགས་ཆེན་ཡུན་རིང་རྟོགས་དཀའི་སྦྱོར་བ། ལུང་བསྟན་པའི། ཕྱིར་མི་ལྡོག་པའི། ངེས་པར་འབྱུང་བའི། བར་ཆད་མེད་པའི། བྱང་ཆུབ་ལ་ཉེ་བའི། མྱུར་དུ་བྱང་ཆུབ་པའི། གཞན་དོན་གྱི། འཕེལ་མེད་འགྲིབ་མེད་ཀྱི། མི་དམིགས་པའི། གཟུགས་སོགས་ཀྱི་རྣམ་པ་འགོག་པའི། རྣམ་པར་མི་རྟོག་པའི། འབྲས་བུ་རིན་ཆེན་སྦྱིན་པའི། རྣམ་པར་དག་པའི། ས་མཚམས་ཀྱི་སྦྱོར་བ་དང་བཅོ་ལྔ། འདི་རྣམས་ལ་གནས་སྐབས་ཀྱི་སྦྱོར་བ་ཞེས་བྱ་སྟེ། ས་མཚམས་སོ་སོར་ངེས་པའི་སྦྱོར་བ་ཡིན་པའི་ཕྱིར། དེ་ཡང་དང་པོ་ཚོགས་ལམ། དེ་ནས་བཞི་རིམ་བཞིན་དྲོད་སོགས་བཞི། བྱང་ཆུབ་ལ་ཉེ་བ་ས་དང་པོ། མྱུར་དུ་བྱང་ཆུབ་པ་ས་གཉིས་པ་ནས་བདུན་པའི་བར། གཞན་དོན་གྱི་སྦྱོར་བ་ནས་མི་རྟོག་པའི་སྦྱོར་བའི་བར་ས་བརྒྱད་པ། འབྲས་བུ་རིན་ཆེན་སྦྱིན་བྱེད་ས་དགུ་པ། རྣམ་དག་སྦྱོར་བ་ས་བཅུ་པ། ས་མཚམས་ཀྱི་སྦྱོར་བ་ཚོགས་ལམ་ནས་ས་བདུན་པའི་བར་དུ་བཤད། ངག་དོན་ནི། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་བ་ཡིན་ཏེ། ཐབས་ཤེས་ཁྱད་པར་ཅན་གཉིས་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར།

བཞི་པ་ལ། བླང་བྱ་ཡོན་ཏན། དོར་བྱ་སྐྱོན། ཤེས་བྱེད་མཚན་ཉིད་དང་གསུམ། དང་པོ་ནི། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཐེག་ཆེན་སྦྱོར་བའི་ཡོན་ཏན་ལ། མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ། དང་པོ་ནི། རང་རྒྱུ་ཐེག་ཆེན་གྱི་སྦྱོར་བ་ངོ་བོ་ཇི་ལྟ་བ་བཞིན་དུ་བསྒོམས་སྟོབས་ཀྱིས་ཐོབ་པའི་དགེ་ལེགས། གཉིས་པ་ལ་ས་མཚམས་དང་། འབྲས་བུའི་སྒོ་ནས་དབྱེ་བ་གཉིས། དང་པོ་ནི། བྱང་སེམས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ལྟ་བུ་གནས་སྐབས་དང་། སངས་རྒྱས་སའི་སྤངས་རྟོགས་ཀྱི་ཡོན་ཏན་ལྟ་བུ་མཐར་ཐུག་གོ །གཉིས་པ་ལ། བདུད་ཀྱི་མཐུ་བཅོམ་པའི། སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི། སངས་རྒྱས་ཀྱིས་མངོན་སུམ་དུ་མཛད་པའི། བྱང་ཆུབ་ལ་ཉེ་བར་གྱུར་པའི། དོན་ཆེན་པོ་སངས་རྒྱས་དང་ཕྲད་པའི། ཤེར་ཕྱིན་སྤྱད་པའི། ཟག་མེད་ཀྱི་ཡོན་ཏན་རྫོགས་པའི། ཆོས་སྨྲ་བའི་སྐྱེས་བུར་གྱུར་པའི། བདུད་ལས་ཀྱིས་མི་ཕྱེད་པའི། ཐུན་མོང་མ་ཡིན་པའི་དགེ་རྩ་བསྐྱེད་པའི། དམ་བཅས་པའི། དོན་གྲུབ་པའི། འབྲས་བུ་རྒྱ་ཆེན་པོ་འཛིན་པའི། སེམས་ཅན་གྱི་དོན་སྒྲུབ་པའི། ཤེར་ཕྱིན་ངེས་པར་ཐོབ་པའི་ཡོན་ཏན་དང་བཅུ་བཞི། གསུམ་པ་ནི། ཐེག་ཆེན་གྱི་ཚོགས་ལམ་སྐད་ཅིག་གཉིས་པ་ནས་སངས་རྒྱས་སའི་བར་དུའོ། །ངག་དོན་ནི། ཡོན་ཏན་བཅུ་བཞི་ཆོས་ཅན། ཐེག་ཆེན་སྦྱོར་བའི་ཡོན་ཏན་ཡིན་ཏེ། དེ་ངོ་བོ་ཇི་ལྟ་བ་བཞིན་དུ་བསྒོམས་སྟོབས་ཀྱིས་ཐོབ་པའི་དགེ་ལེགས་ཡིན་པའི་ཕྱིར། གཉིས་པ་ཐེག་ཆེན་སྦྱོར་བའི་སྐྱོན་ལ། མཚན་ཉིད། དབྱེ་བ། ས་མཚམས། སེལ་བྱེད་ཀྱི་གཉེན་པོ་དང་བཞི། དང་པོ་ནི། ཐེག་ཆེན་གྱི་སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པའི་བདུད་ལས། གཉིས་པ་ནི། འགལ་རྐྱེན་ཉེར་གནས་ཉེར་གསུམ་དང་། མཐུན་རྐྱེན་མ་ཚང་བ་ཉེར་གསུམ་སྟེ་ཞེ་དྲུག་གོ །གསུམ་པ་ནི། ལམ་མ་ཞུགས་ནས་ས་བདུན་པའི་བར་དུའོ། །བཞི་པ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ། སེམས་ཅན་སྨིན་པར་བྱེད་པའི་ཐབས་མཁས། སངས་རྒྱས་ཀྱིས་ཇི་ལྟར་གསུངས་པ་བཞིན་ཉམས་སུ་ལེན་པའི་སྦྱོར་བ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ནུས་པ་སྟེ་རྒྱུ་བཞིས་སེལ་ལོ། །གསུམ་པ་ལ། མཚན་ཉིད་ཀྱི་རྣམ་གཞག་སྤྱིར་བསྟན་པ་དང་། འཕྲོས་དོན་ལུང་མ་བསྟན་གྱི་ལྟ་བ་གཉིས། དང་པོ་གཞན་དུ་བཤད། གཉིས་པ་ནི། ཤེས་པ་སྟེ། གཡོ་བ་ལ་སོགས་ཤེས་བྱ་དང་། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལུང་མ་བསྟན་གྱི་ལྟ་བ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། ཁྱད་ཆོས་དང་བཞི། དང་པོ་ནི། བདག་ལྟས་ཀུན་ནས་བསླང་སྟེ་ཕྱིན་ཅི་ལོག་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཉོན་མོངས་ཅན་གང་ཞིག །རང་འབྲས་སུ་གྱུར་པའི་དྲི་བ་ལ་ལན་བརྡ་སྤྲད་པར་བྱ་བ་མ་ཡིན་པ། དེ་ཡང་ལུང་མ་བསྟན་དང་ལྟ་བའི་གཞི་མཐུན་པ་ཙམ་གྱིས་དེར་མི་འགྱུར་ཏེ། བདག་མེད་རྟོགས་པའི་གང་ཟག་གི་རྒྱུད་ལ་ཡང་དེའི་གཞི་མཐུན་པ་ཡོད་པའི་ཕྱིར། འདི་ཡིན་ན་ལུང་མ་བསྟན་ཡིན་མི་དགོས་ཏེ། དེ་དང་མི་དགེ་བའི་གཞི་མཐུན་ཡོད་པའི་ཕྱིར། གཉིས་པ་ལ། སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བཞི། ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བཞི། མྱང་འདས་ལ་བརྟེན་པའི་ལྟ་བ་བཞི། ལུས་སྲོག་ལ་བརྟེན་པའི་ལྟ་བ་གཉིས་ཏེ་བཅུ་བཞི། དང་པོ་བཞི་ནི། བདག་དང་འཇིག་རྟེན་རྟག་པར་ལྟ་བ། མི་རྟག་པར་ལྟ་བ། གཉིས་ཀར་ལྟ་བ། གཉིས་ཀ་མ་ཡིན་པར་ལྟ་བའོ། །གཉིས་པ་བཞི་ནི། བདག་དང་འཇིག་རྟེན་མཐའ་དང་ལྡན་པར་ལྟ་བ། མི་ལྡན་པར། གཉིས་ཀར། གཉིས་མིན་དུ་ལྟ་བའོ། །གསུམ་པ་བཞི་ནི། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་བ། མི་འབྱུང་བ། གཉིས་ཀར། གཉིས་མིན་དུ་ལྟ་བའོ། །བཞི་པ་གཉིས་ནི། ལུས་སྲོག་གཅིག་ཏུ་དང་། ཐ་དད་དུ་འཛིན་པའི་ལྟ་བའོ། །གསུམ་པ་ལ། དང་པོ་ནི། བདག་ནི་གང་ཟག །འཇིག་རྟེན་ནི་གདགས་གཞི་ཕུང་པོ་ལྔ་ཡིན་ཞིང་། ཚེ་སྔ་མའི་བདག་ཕུང་འདིར་ཡོད་པར་འཛིན་པའི་ལྟ་བའོ། །གཉིས་པ་ནི། དེ་མ་ཡིན་པའོ། །གསུམ་པ་ནི། ཚེ་འདིའི་བདག་ཕུང་རང་བཞིན་སྔ་ནས་ཡོད་ཅིང་། གནས་སྐབས་གསར་བྱུང་དུ་འཛིན་པའི་ལྟ་བའོ། །བཞི་པ་ནི། བདག་ཕུང་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པར་འཛིན་པའི་ལྟ་བའོ། །བཞི་ཚན་གཉིས་པའི་དང་པོ་ནི། ཚེ་འདིའི་ཕུང་པོ་ལ་བརྟེན་ནས་ཕྱི་མའི་ཕུང་པོ་མི་འབྱུང་བར་འཛིན་པའི་ལྟ་བའོ། །གཉིས་པ་ནི། ཚེ་འདིའི་བདག་ཕུང་ཕྱི་མའི་གནས་སྐབས་ན་ཡང་ཡོད་པར་འཛིན་པའི་ལྟ་བའོ། །གསུམ་པ་ནི། ཕྱི་མའི་བདག་ཕུང་རང་བཞིན་རྟག་ཅིང་། གནས་སྐབས་མི་རྟག་པར་འཛིན་པའི་ལྟ་བའོ། །བཞི་པ་ནི། ཕྱི་མའི་གནས་སྐབས་ཀྱི་བདག་ཕུང་མཐའ་དང་ལྡན་མི་ལྡན་གང་དུ་ཡང་བརྗོད་དུ་མེད་པར་འཛིན་པའི་ལྟ་བའོ། །བཞི་ཚན་གསུམ་པའི་དང་པོ་ནི། སེམས་ཅན་ཤི་བའི་འོག་ཏུ་མི་གསལ་བའི་ཚུལ་གྱིས་གནས་པར་འཛིན་པའི་ལྟ་བའོ། །གཉིས་པ་ནི། སེམས་ཅན་ཤི་བའི་འོག་ཏུ་རིགས་འདྲ་རྒྱུན་ཆད་པར་འཛིན་པའི་ལྟ་བའོ། །གསུམ་པ་ནི། སེམས་ཅན་ཤི་བའི་འོག་ཏུ་རང་བཞིན་རྟག་ཅིང་གནས་སྐབས་མི་རྟག་པར་འཛིན་པའི་ལྟ་བའོ། །བཞི་པ་ནི། སེམས་ཅན་ཤི་བའི་འོག་ཏུ་བདག་འབྱུང་མི་འབྱུང་གང་དུ་ཡང་བརྗོད་དུ་མེད་པར་འཛིན་པའི་ལྟ་བའོ། །ལུས་སྲོག་གཅིག་ཏུ་འཛིན་པའི་ལྟ་བ་ནི། བདག་གཟུགས་ཅན་དུ་འཛིན་པའི་ལྟ་བའོ། །ལུས་སྲོག་ཐ་དད་དུ་འཛིན་པའི་ལྟ་བ་ནི། བདག་ལུས་ལས་དོན་གཞན་པའི་ཤེས་པར་འཛིན་པའི་ལྟ་བའོ། །བཞི་པ་ལ། རྟེན་གྱི་གང་ཟག །གཡོ་བ་ལ་སོགས་པའི་མིང་གིས་འདོགས་པའི་རྒྱུ་མཚན། ཡུལ་ལ་དགག་སྒྲུབ་གང་གི་སྒོ་ནས་འཇུག་པ། ལུང་མ་བསྟན་དུ་འཇོག་པའི་རྒྱུ་མཚན། བཅུ་བཞིར་འདུས་པའི་རྒྱུ་མཚན་ནོ། །དང་པོ་ནི། བདག་དང་འཇིག་རྟེན་རྟག་པར་ལྟ་བ། འཇིག་རྟེན་མཐའ་དང་མི་ལྡན་པར་ལྟ་བ། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་བར་ལྟ་བ་གསུམ་གྲངས་ཅན་པ་ལ་གཙོ་ཆེ་བའི་ལྟ་བ་ཡིན་ཏེ། དེས་སྐྱེ་བ་སྔ་མའི་བདག་འདི་ན་ཡོད་པ་དང་། འདིའི་བདག་ཕྱི་མ་ན་ཡོད་པར་ཁས་ལེན་པའི་ཕྱིར། མི་རྟག་པ། མཐའ་དང་ལྡན་པ། མི་འབྱུང་བར་ལྟ་བ་གསུམ་རྒྱང་འཕེན་པ་ལ་གཙོ་ཆེ་བའི་ལྟ་བ་སྟེ། དེས་སྔ་མ་ལ་བརྟེན་ནས་འདི། འདི་ལ་བརྟེན་ནས་ཕྱི་མ་འབྱུང་བར་ཁས་མི་ལེན་པའི་ཕྱིར། གཉིས་ཡིན་གསུམ་ནི་གཅེར་བུ་ལ་གཙོ་ཆེ་བའི་ལྟ་བ་སྟེ། དེས་ཆོས་ཐམས་ཅད་རང་བཞིན་རྟག་ལ་གནས་སྐབས་མི་རྟག་པར་ཁས་ལེན་པའི་ཕྱིར། གཉིས་མིན་གསུམ། གནས་མ་བུའི་སྡེ་པ་ལ་གཙོ་ཆེ་སྟེ། དེས་བརྗོད་དུ་མེད་པའི་བདག་ཁས་ལེན་པའི་ཕྱིར། ལུས་སྲོག་གཅིག་ཏུ་འཛིན་པ་ནི། བྱེ་བྲག་པའི་ལྟ་བ་སྟེ། སྲོག་ནི་བདག་ཏུ་འདོད་ཅིང་དེ་གཟུགས་ཅན་དུ་ཁས་ལེན་པའི་ཕྱིར། ལུས་སྲོག་ཐ་དད་དུ་འཛིན་པའི་ལྟ་བ་ནི། གྲངས་ཅན་པའི་ལྟ་བ་སྟེ། དེས་བདག་ཤེས་པར་ཁས་ལེན་པའི་ཕྱིར། གཉིས་པ་ནི། གྲངས་ཅན་པའི་ལྟ་བ་ལ་གཡོ་བ་ཞེས་བྱ་སྟེ། སྔ་མའི་བདག་ཕུང་འདིར་གཡོ། འདིའི་བདག་ཕུང་ཕྱི་མར་འཕོ་བའི་ཕྱིར། རྒྱང་འཕེན་པའི་ལྟ་བ་ལ་འདུ་བ་ཞེས་བྱ་སྟེ། བདེ་སྡུག་ཐམས་ཅད་ཚེ་འདི་ལ་འདུ་བར་འདོད་པའི་ཕྱིར། གཅེར་བུ་བའི་ལྟ་བ་ལ་བཀྲམ་པ་ཞེས་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་རྟག་པ་དང་། གནས་སྐབས་མི་རྟག་པ་སོགས་བཀྲམ་པ་ལྟ་བུར་འདོད་པའི་ཕྱིར། གནས་མ་བུའི་སྡེ་པ་ལ་བཅུམ་པ་ཞེས་བྱ་སྟེ། བདག་ཕུང་གཅིག་དང་ཐ་དད་རྟག་མི་རྟག་སོགས་གང་དུ་ཡང་བརྗོད་དུ་མེད་པར་འདོད་པའི་ཕྱིར། གསུམ་པ་ནི། གཡོ་བ་དང་བཀྲམ་པའི་ལྟ་བ་ཡུལ་ལ་སྒྲུབ་པའི་རྣམ་པས་འཇུག་སྟེ། ཡུལ་ལ་སྒྲོ་འདོགས་པའི་རྟག་ལྟ་ཡིན་པའི་ཕྱིར། འདུ་བ་དང་བཅུམ་པའི་ལྟ་བ་གཉིས་ཡུལ་ལ་དགག་པའི་རྣམ་པས་འཇུག་སྟེ། ཡུལ་ལ་སྐུར་བ་འདེབས་པའི་ཆད་ལྟ་ཡིན་པའི་ཕྱིར། བཞི་པ་ནི། འདིར་བསྟན་གྱི་ལྟ་བ་བཅུ་བཞི་ལ་ལུང་མ་བསྟན་གྱི་ལྟ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལྟ་བ་འདི་དག་གིས་ཀུན་ནས་བསླངས་པའི་ཕྱི་རོལ་པའི་དྲི་བ་ལ་དེ་བཞིན་གཤེགས་པས་ལན་ལུང་མ་བསྟན་པའི་ཕྱིར། དེ་ལྟར་དུ་ལུང་དུ་མི་སྟོན་པའི་རྒྱུ་མཚན་ཡོད་དེ། འདི་དག་ཁྱད་གཞི་བདག་ལས་བརྩམས་པའི་དྲི་བ་ཡིན་ཅིང་། བདག་བཀག་ཀྱང་གདུལ་བྱ་དེ་རྣམས་ཀྱི་དོན་དུ་མི་འགྱུར་བ་ལ་དགོངས་པའི་ཕྱིར། ལྔ་པ་ནི། ཕྱི་རོལ་པའི་ལྟ་བ་དྲུག་ཅུ་རྩ་གཉིས་བཅུ་བཞི་པོ་འདིར་འདུ་བའི་རྒྱུ་མཚན་ཡོད་དེ། དྲི་བར་བྱ་བའི་ཆོས་ལ་བདག་གི་ངོ་བོ་དང་ཁྱད་ཆོས་གཉིས་སུ་ཡོད་ཅིང་། དང་པོ་ལ་དོགས་པ་གཅོད་པའི་དབང་དུ་བྱས་ནས་ལུས་སྲོག་ལ་བརྟེན་པའི་ལྟ་བ་གཉིས། གཉིས་པ་ལ། ཀུན་ནས་ཉོན་མོངས་ཀྱི་ཆོས་ཀྱི་སྔོན་མཐའ་ལ་དོགས་པ་གཅོད་པའི་དབང་དུ་བྱས་ནས། སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བཞི། དེའི་ཕྱི་མཐའ་ལ་དོགས་པ་གཅོད་པའི་དབང་དུ་བྱས་ནས། ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བཞི། རྣམ་བྱང་གི་ཆོས་ཀྱི་ཕྱི་མཐའ་ལ་དོགས་པ་གཅོད་པའི་དབང་དུ་བྱས་ནས་མྱང་འདས་ལ་བརྟེན་པའི་ལྟ་བ་བཞི་གསུངས་པའི་ཕྱིར། ད་ལྟར་གྱི་གནས་སྐབས་ལ་དོགས་གཅོད་མི་འདྲི་བའི་རྒྱུ་མཚན་ཡོད་དེ། དེ་རྟོགས་སླ་བ་ལ་དགོངས་པའི་ཕྱིར། རྣམ་བྱང་གི་སྔོན་མཐའ་ལ་དོགས་གཅོད་མི་འདྲི་བའི་རྒྱུ་མཚན་ཡོད་དེ། ཀུན་ནས་ཉོན་མོངས་ཀྱི་ཕྱི་མཐའ་ལ་དོགས་པ་བཅད་པས་དེ་རྟོགས་ནུས་པ་ལ་དགོངས་པའི་ཕྱིར། ངག་དོན་ནི། གཡོ་བ་དང་འདུ་བ་ལ་སོགས་པའི་གནས་ལུགས་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། གཞི་ཤེས་སྦྱོར་བའི་ཤེས་མཚན་ཡིན་ཏེ། གཞིའི་གནས་ལུགས་རྟོགས་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར།

ལྔ་པ་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཐར་པ་ཆ་མཐུན་ལ། ལུས་རྟེན། སེམས་རྟེན། ཐར་པ་ཆ་མཐུན་གྱི་རང་བཞིན་དང་གསུམ། དང་པོ་ལ། རང་སྟོབས་དང་། གཞན་སྟོབས་ཀྱིས་སྐྱེ་བའི་རྟེན་གཉིས། དང་པོ་ནི། གླིང་གསུམ་གྱི་མིའི་རྟེན་ལ་དངོས་སུ་སྐྱེ་སྟེ། མཛོད་ལས། ཐོས་བསམ་ལས་བྱུང་ལས་གསུམ་མོ། །མི་ཡི་ནང་ནས་འཕེན་པར་བྱེད། །ཅེས་སོ། །གཉིས་པ་ནི། འདུ་ཤེས་མེད་པ་བ་དང་། གཟུགས་མེད་ཁམས་པ་མ་གཏོགས་པའི་འགྲོ་བ་གཞན་ཐམས་ཅད་ལ་དངོས་སུ་སྐྱེའོ། །

གཉིས་པ་ནི། འདོད་སེམས་རྩེ་གཅིག་པ་དང་། བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་དངོས་སུ་སྐྱེ། གཟུགས་མེད་ཀྱི་སེམས་ལ་དངོས་སུ་མི་བརྟེན་ཏེ། འདི་དག་གཙོ་བོར་ལུང་གི་མཐུ་ལས་སྐྱེ་དགོས་པའི་ཕྱིར།

གསུམ་པ་ལ། ངོ་བོ། དབྱེ་བ། ཐོབ་པའི་རྒྱུ། ཡོན་ཏན་གྱི་ཁྱད་པར་དང་བཞི། དང་པོ་ལ། མཚན་ཉིད་དང་། སྒྲ་བཤད་གཉིས། དང་པོ་ནི། ཐེག་པ་རང་ལུགས་ཀྱི་སྦྱོར་ལམ་མ་སྐྱེས་གོང་གི་ལམ་ཞུགས་སྐྱེས་བུའི་མངོན་རྟོགས། དེ་དང་ཐར་པ་ཆ་མཐུན་དོན་གཅིག །གཉིས་པ་ནི། མྱང་འདས་དང་ཕྱོགས་མཐུན་གྱི་ལམ་ཡིན་པས་དེ་སྐད་ཅེས་བྱའོ། །གཉིས་པ་ལ། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་ཐར་པ་ཆ་མཐུན་གསུམ། དང་པོའི་མཚན་ཉིད། ཉན་ཐོས་ཀྱི་སྦྱོར་ལམ་མ་སྐྱེས་གོང་གི་ཐེག་པ་ཆུང་ངུའི་མངོན་རྟོགས། དབྱེ་ན། ཆུང་འབྲིང་ཆེ་གསུམ། རང་རྒྱལ་དེས་མཚོན། གསུམ་པའི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་ལམ་མ་སྐྱེས་གོང་གི་ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་རིས་སུ་གནས་པའི་ཐེག་ཆེན་སྐྱེས་བུའི་མངོན་རྟོགས། དབྱེ་ན། ཆུང་འབྲིང་ཆེ་གསུམ། གསུམ་པ་ནི། མཛོད་འགྲེལ་ལས། གང་ལ་འཁོར་བའི་ཉེས་དམིགས་དང་། བདག་མེད་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་བརྗོད་པའི་གཏམ་ཐོས་ནས་སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་འཁྲུག་ཅེས་བྱེད་པ་དེ་ལ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོད་པར་ཤེས་པར་བྱ་སྟེ། དབྱར་མྱུ་གུ་སྐྱེ་བ་ལས་གཡུལ་གྱི་གསེབ་ན་ས་བོན་ཡོད་པར་ཤེས་པ་བཞིན་ནོ། །ཞེས་སོ། །བཞི་པ་ལ། སྤྱིར་བསྟན་པ་དང་། དོགས་གཅོད་གཉིས། དང་པོ་ནི། གཞི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ། དེའི་ཡན་ལག་ཏུ་དབང་པོའི་སྒོ་ཆགས་སོགས་ལ་སྡོམ་པ་དང་། ཟས་ཀྱི་ཚོད་ཤེས་པ་དང་། རྒྱུད་ཡོངས་སུ་སྨིན་པའི་ཁྱད་པར། ཡན་ལག་བཅུ་གཉིས་ཀྱི་གསུང་རབ་ལ་ཐོས་བསམ་གྱི་རྣལ་འབྱོར་ལ་བརྩོན་པ། ངོ་བོའི་ཁྱད་པར་ཐོས་བསམ་སྒོམ་གསུམ་གྱི་དགེ་རྩས་བསྡུས་པ། བྱེད་ལས་ཀྱི་ཁྱད་པར་གནས་ལུགས་ཀྱི་དོན་མངོན་སུམ་དུ་རྟོགས་པ་མྱུར་དུ་སྒྲུབ་པར་བྱེད་པའི་ཡོན་ཏན་དང་ལྡན་ནོ། །གཉིས་པ་ནི། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པའི་དོན། ཐེག་པ་གསུམ་གྱི་ཚོགས་ལམ་གསུམ་ལས། ཐེག་ཆེན་གྱི་ཚོགས་ལམ་ལ་དབང་པོ་རྣོ་རྟུལ་གཉིས་ལས། དང་པོས་བླ་མེད་བྱང་ཆུབ་རྟོགས་པར་སླ་སྟེ། དབང་པོ་རྣོ་བས་བླ་མེད་བྱང་ཆུབ་ལས་ཕྱིར་ལྡོག་དཀའ་བའི་ཕྱིར། དེ་ཡིན་ན་ཕྱིར་མི་ལྡོག་པས་མ་ཁྱབ་སྟེ། དེ་དང་མ་ངེས་པའི་རིགས་ཅན་གྱི་གཞི་མཐུན་ཡོད་པའི་ཕྱིར། དབང་རྟུལ་གྱིས་དབང་རྣོན་ལ་ལྟོས་ནས་བླ་མེད་བྱང་ཆུབ་ཐོབ་དཀའ་སྟེ། གནས་སྐབས་བླ་མེད་བྱང་ཆུབ་ལས་ཕྱིར་ལྡོག་སྲིད་པའི་ཕྱིར། དེ་ཡིན་ན་ཕྱིར་ལྡོག་པས་མ་ཁྱབ་སྟེ། དེ་དང་ཐེག་ཆེན་དུ་རིགས་ངེས་པའི་གཞི་མཐུན་ཡོད་པའི་ཕྱིར། འདི་ལྟར་དད་པ་ལ་སོགས་པ་ཆེན་པོ་རྣོན་པོས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་ལ། དེ་དག་ཉིད་རྟུལ་པོས་ནི་རྟོགས་པར་དཀའོ། །ཞེས་བྱ་བ་འདི་ནི་ཆོས་ཉིད་ཡིན་པས། ཞེས་སོགས་རྩ་འགྲེལ་གྱིས་བསྟན། ངག་དོན་ནི། ཐེག་ཆེན་ཚོགས་ལམ་པ་དབང་རྣོན་གྱི་རྒྱུད་ཀྱི་མངོན་རྟོགས་ཆོས་ཅན། ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཡིན་ཏེ། ཐབས་ཤེས་ཁྱད་པར་ཅན་གཉིས་དང་ལྡན་པའི་ཐེག་ཆེན་ལས་དང་པོ་བའི་མངོན་རྟོགས་ཡིན་པའི་ཕྱིར།

གཉིས་པ་སྦྱོར་བ་རྒྱུད་ལ་སྐྱེས་པའི་གནས་སྐབས་ཀྱི་སྒོམ་རིམ་ལ། རྒྱུད་ཡོངས་སུ་སྨིན་པ་ངེས་འབྱེད་ཆ་མཐུན། རྟེན་ཕྱིར་མི་ལྡོག་པའི་གང་ཟག །བསྒོམ་བྱ་སྦྱོར་བའི་ངོ་བོ་དང་གསུམ། དང་པོ་ལ། དངོས་དང་། ཞར་ལ་ལམ་གསུམ་ལ་ཟློས་པ་སྤོང་བ་གཉིས། དང་པོ་གོང་དུ་བཤད་ཟིན། གཉིས་པ་ནི། རྣམ་པ་དང་ལམ་དང་། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། རྒྱན་འདིར་སྦྱོར་མཐོང་སྒོམ་གསུམ་ཇི་ལྟར་བསྟན་ཚུལ། དེ་དག་མཚན་ཉིད་པ་ཡིན་པའི་སྒྲུབ་བྱེད། དེ་ལ་དོགས་པ་བཀོད་དེ་ཟློས་པ་སྤོང་ཚུལ་དང་གསུམ། དང་པོ་ནི། སྐབས་དང་པོ་གཉིས་སུ་བསྟན་ཚུལ་གོ་སླ་ཞིང་། གསུམ་པར་སྦྱོར་ལམ་དང་སྒོམ་ལམ་གཉིས་ཚིག་ཟིན་ལ་མ་བསྟན་ཀྱང་། དོན་ཐོབ་ལ་རྫོགས་པར་བསྟན་ཏེ། དེར་གཉེན་པོ་གཞི་ཤེས་དང་མི་མཐུན་ཕྱོགས་ཀྱི་གཞི་ཤེས་རྫོགས་པར་བསྟན་པའི་ཕྱིར། རྣམ་ཀུན་གྱི་སྦྱོར་བ་དང་། རྩེ་སྦྱོར་གྱི་སྐབས་སུ་བསྟན་ཚུལ་གོ་སླ་ཞིང་། མཐར་གྱིས་སྦྱོར་བའི་སྐབས་སུ་སྦྱོར་མཐོང་སྒོམ་གསུམ་རྩ་བའི་ཚིག་ཟིན་ལ་མེད་ཀྱང་། འགྲེལ་པས་ཁ་བཀང་ནས་བསྟན་ཏེ། མཐར་གྱིས་པའི་བྱ་བ། དེའི་སློབ་པ། དེའི་སྒྲུབ་པ་གསུམ་སྦྱོར་མཐོང་སྒོམ་གསུམ་ལ་སྦྱར་ནས་བཤད་པའི་ཕྱིར་ཏེ། སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་པའི་སྐབས་སུ། དོན་དམ་པར་དྲན་པ་མེད་པའི་མཚན་ཉིད་ཀྱི་སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་གསུམ་པོ། གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། མཐོང་བ་དང་སྒོམ་པའི་ལམ་རྗོད་པར་བྱེད་པ་དང་། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ། སྐབས་དང་པོ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་མཚན་ཉིད་པ་མ་ཡིན་པའི་དོགས་པ་ཤས་ཆུང་བས་དེ་ལ་སྒྲུབ་བྱེད་འགོད་མི་དགོས་ཤིང་། སྦྱོར་བ་དང་གསུམ་གྱི་སྐབས་ནས་བསྟན་པའི་སྦྱོར་ལམ་ལ་མཚན་ཉིད་པར་སྒྲུབ་པ་དང་། དེས་མཐོང་སྒོམ་ལ་ཡང་མཚོན་པའི་ཚུལ་ལོ། །དང་པོ་ནི། རྣམ་ཀུན་གྱི་སྐབས་ཀྱི་སྦྱོར་ལམ་དེ། དེ་མཚན་ཉིད་པ་ཡིན་ཏེ། མཚན་མེད་རབ་ཏུ་སྦྱིན་ལ་སོགས། ཞེས་སྐབས་ཀྱི་ཐར་པ་ཆ་མཐུན་དེ། དེ་མཚན་ཉིད་པ་གང་ཞིག །དེ་དང་། དྲོ་བ་རྣམས་ཀྱི་དམིགས་པ་འདིར། ཞེས་སྐབས་ཀྱི་སྦྱོར་ལམ་གཉིས་པོ་དངོས་ཀྱི་རྒྱུ་འབྲས་སུ་བཤད་པའི་ཕྱིར། དང་པོ་ཡིན་ཏེ། དེའི་སྐབས་ཀྱི་དད་སོགས་ལྔ་པོ་དེ་རྣམ་བྱང་གི་དབང་པོའི་ངོ་བོ་མ་ཡིན་པར་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཐར་པའི་ཆ་དང་མཐུན་པ་སྐྱེས་པའི་སྤྲོ་བ་ཅན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས། ཞེས་གསུངས་པའི་ཕྱིར། རྩེ་སྦྱོར་གྱི་སྐབས་ཀྱི་སྦྱོར་ལམ་དེ། དེ་མཚན་ཉིད་པ་ཡིན་ཏེ། རྟགས་ལ་སོགས་པ་དེ་དག་ནི་གོ་རིམ་བཞིན་དུ་དྲོ་བ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་ཡི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཞེས་སོ། །མཐར་གྱིས་པའི་སྐབས་ཀྱི་སྦྱོར་ལམ་དེ། དེ་མཚན་ཉིད་པ་ཡིན་ཏེ། དེར་རྩེ་སྦྱོར་སྔོན་དུ་སོང་ཞིང་མཁྱེན་གསུམ་གྱི་རྣམ་པ་རིམ་བཞིན་དུ་བསྒོམ་པའི་སྦྱོར་བ་མཐའ་དག་མཐར་གྱིས་སྦྱོར་བར་སྟོན་པའི་ཕྱིར། གཉིས་པ་ནི། དེས་སྦྱོར་བ་དང་གསུམ་གྱི་སྐབས་ནས་བསྟན་པའི་མཐོང་སྒོམ་ལམ་གྱི་སྒྲུབ་བྱེད་ཀྱང་ཤེས་པར་བྱ་སྟེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གསུམ་པ་ལ། རྩོད་པ་དང་། ལན་གཉིས། དང་པོ་ནི། སྐབས་དང་པོ་དྲུག་གི་སྦྱོར་ལམ་སྟོན་བྱེད་ཀྱི་གཞུང་རྣམས་ལ་ཟློས་པའི་སྐྱོན་ཡོད་པར་ཐལ། དེར་སྦྱོར་ལམ་མཚན་ཉིད་པ་ལན་དྲུག་བསྟན་པའི་ཕྱིར། དེ་བཞིན་དུ་མཐོང་ལམ་དང་སྒོམ་ལམ་ལ་སྦྱར་ཞེ་ན། གཉིས་པ་ལ། རང་ལུགས་ཀྱི་ལན་དང་། གཞན་གྱི་ལན་གཉིས། དང་པོ་ནི། སྐབས་དང་པོ་གསུམ་དུ་སྦྱོར་མཐོང་སྒོམ་གསུམ་བསྟན་པ་ལ་ཟློས་སྐྱོན་མེད་དེ། དེ་ལ་དགོས་པ་དང་བསྟན་ཚུལ་མི་འདྲ་བའི་ཁྱད་པར་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། གཞི་ལམ་རྣམ་གསུམ་བདེན་པའི་སྐྱེ་མེད་དུ་སྒོམ་བྱུང་གི་སྒོ་ནས་དོན་སྤྱིའི་ཚུལ་དུ་རྟོགས་པ། མངོན་སུམ་དུ་རྟོགས་པ། རྟོགས་ཟིན་རྒྱུན་ལྡན་དུ་བསྒོམ་པའི་རྟོགས་རིགས་གསུམ་པོ་དེ་སྦྱོར་མཐོང་སྒོམ་གསུམ་ལ་ཚང་བར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སྐབས་དང་པོར་རྣམ་པ་བདེན་པའི་སྐྱེ་མེད་དུ་རྟོགས་པའི་ལྡོག་པ་ནས་དེ་གསུམ་བསྟན། གཉིས་པར་ལམ། གསུམ་པར་གཞིས་དེ་ལྟར་བསྟན་པའི་ཕྱིར། སྦྱོར་བ་དང་གསུམ་གྱི་སྐབས་སུ་དེ་གསུམ་བསྟན་པ་ལ་ཟློས་སྐྱོན་མེད་དེ། དགོས་པ་དང་བསྟན་ཚུལ་མི་འདྲ་བའི་ཁྱད་པར་གཉིས་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་སྐྱེ་མེད་གསུམ་དུ་བསྡུས་ནས་བསྒོམ་པ། ཚོགས་ལམ་ལས་རབ་ཏུ་གྱུར་པའི་ཚུལ་གྱིས་བསྒོམ་པ། རྟོགས་པ་གོང་ནས་གོང་དུ་འཕེལ་བའི་ཕྱིར་རིམ་ཅན་དུ་བསྒོམ་པའི་ཚུལ་གསུམ་ཀ་སྦྱོར་མཐོང་སྒོམ་གསུམ་ལ་ཚང་བར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། རྣམ་ཀུན་གྱི་སྐབས་སུ་མཁྱེན་གསུམ་གྱི་རྣམ་པ་སྐྱེ་མེད་གསུམ་དུ་བསྡུས་ནས་བསྒོམ་པའི་ལྡོག་པ་ནས་དེ་གསུམ་བསྟན་པའི་སོགས་རིགས་འགྲེ། འགྲེལ་ཆེན་ལས། མངོན་པར་རྟོགས་པ་རེ་རེ་ཞིང་ངེས་པར་འབྱེད་པའི་ཆ་ལ་སོགས་པ་ཅིའི་ཕྱིར་བཤད་ཅེ་ན། བརྗོད་པར་བྱ་སྟེ། རྣམ་པ་དང་། ལམ་དང་། གཞི་ཐམས་ཅད་རྣམ་པར་བསྒོམ་པའི་དབྱེ་བས་ཞེས་སོ། །དེས་ན་གཞུང་དང་པོ་འདིས་སྐབས་དང་པོ་གསུམ་དུ་བསྟན་པའི་ཟློས་སྤོང་དངོས་སུ་བསྟན་ནས། སྦྱོར་བ་དང་གསུམ་གྱི་སྐབས་སུ་དེ་གསུམ་བསྟན་པའི་ཟློས་སྤོང་ཤུགས་ལ་བསྟན་པ་ཡིན་ནོ། །གཉིས་པ་ནི། རྩོད་པའི་གཏན་ཚིག་མ་གྲུབ་སྟེ། སྐབས་དང་པོ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་མཚན་ཉིད་པ་ཡིན་ཀྱང་། སྦྱོར་བ་དང་གསུམ་གྱི་སྐབས་ཀྱི་སྦྱོར་མཐོང་སྒོམ་གསུམ་བཏགས་པ་བ་ཡིན་པའི་ཕྱིར། ཚུལ་ཇི་ལྟར་བཏགས་ཚུལ་འཆད་པ་ནི། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ། ཞེས་སོགས་ཀྱིས་བསྟན། དེས་ན་གཞུང་ཕྱི་མ་འདི་མཁན་པོ་རྣམ་སྣང་མཛད་ཀྱི་བཤད་པ་བཀོད་པ་ཡིན་གྱི། སློབ་དཔོན་གྱི་རང་གཞུང་མ་ཡིན་ཏེ། འདིའི་ཐད་དུ། འགྲེལ་ཆེན་ལས། ཁ་ཅིག་ནི་ཅིག་ཅར་སྐྱེ་བ་དགག་པར་བྱ་བའི་ཕྱིར་ངེས་པར་འབྱེད་པའི་ཆ་ལ་སོགས་པ་བསྟན་པ་ཡིན་ནོ། །ཞེས་འདོད་དོ། །ཞེས་གསུངས་པའི་ཕྱིར་རོ། །ངག་དོན་ནི། སྐབས་དང་པོ་གསུམ་དུ་སྦྱོར་མཐོང་སྒོམ་གསུམ་བསྟན་པ་ལ་ཟློས་སྐྱོན་མེད་དེ། བསྟན་ཚུལ་གྱི་ལྡོག་པ་མི་འདྲ་བའི་ཕྱིར། ཤེས་བྱ་ཆོས་ཅན། མཁན་པོ་རྣམ་སྣང་མཛད་ཀྱི་ལུགས་ལ་སྦྱོར་བ་དང་གསུམ་གྱི་སྐབས་ནས་བསྟན་པའི་སྦྱོར་མཐོང་སྒོམ་གསུམ་དེ་བཏགས་པ་བར་བཞེད་དེ། དེའི་ལུགས་ལ་རྣམ་རྫོགས་སྦྱོར་བའི་སྐབས་སུ་ས་བརྒྱད་པའི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་ལ་སྦྱོར་མཐོང་སྒོམ་གསུམ་གྱི་མིང་གིས་བཏགས་ནས་བསྟན། རྩེ་སྦྱོར་གྱི་སྐབས་སུ་ས་དགུ་པའི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་ལ་དེའི་མིང་གིས། མཐར་གྱིས་པའི་སྦྱོར་བའི་སྐབས་སུ་ས་བཅུ་པའི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་ལ་དེའི་མིང་གིས་བཏགས་ནས་བསྟན་པའི་ཕྱིར།

གཉིས་པ་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། གང་ཟག་གང་ཕྱིར་མི་ལྡོག་པ། ཡུལ་གང་ལས། རྒྱུ་གང་གིས། ཕྱིར་མི་ལྡོག་པའི་རྟགས་ཀྱི་རང་བཞིན་དང་བཞི། དང་པོ་ལ། མཚན་གཞི། མཚན་ཉིད། དབྱེ་བ་དང་གསུམ། དང་པོ་ལ། མ་མཐའི་ས་མཚམས་ངོས་བཟུང་བ་དང་། འདིར་བསྟན་ཕྱིར་མི་ལྡོག་ཏུ་བསྒྲུབ་རྒྱུའི་ཆོས་ཅན་ངོས་བཟུང་བ་གཉིས། དང་པོ་ལ། དངོས་དང་། ཕྱིར་མི་ལྡོག་པའི་རྟགས་ཐོབ་མ་ཐོབ་ལ་དཔྱད་པ་གཉིས། དང་པོ་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་ཀྱང་ཕྱིར་མི་ལྡོག་པ་ཡོད་དེ། ཐེག་ཆེན་དུ་རིགས་ངེས་པའི་ཚོགས་ལམ་པ་དབང་རྣོན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པའི་ཕྱིར། འོན་ཀྱང་དེ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་མི་འཇོག་སྟེ། རང་གི་རྟོགས་པ་དང་འཚམས་པའི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་གཞན་ངོར་གཙོ་བོར་སྟོན་མི་ནུས་པས་རང་ལས་རྟོགས་པ་དམའ་བའི་གང་ཟག་གིས་ཕྱིར་མི་ལྡོག་པར་ངེས་དཀའ་བའི་ཕྱིར། དེས་ན་ཕྱིར་མི་ལྡོག་གི་རྟགས་ཐོབ་པའི་ས་མཚམས་ངེས་འབྱེད་ཆ་མཐུན་ནས་ཡོད་དོ། །དེ་ཡང་མདོ་ལས། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་སོ། །དེ་དག་ཀྱང་། མ་ངེས་པའི་རིགས་ཅན་ལ། སྦྱོར་ལམ་པ་དབང་རྣོན། མ་དག་སར་དབང་འབྲིང་། དག་སའི་བྱང་སེམས་མཐའ་དག་གིས་ཐོབ་བོ། །གཉིས་པ་ནི། བསམ་སྦྱོར་གཉིས་ཀྱི་སྒོ་ནས་དམན་པའི་ལམ་དུ་འཇུག་མི་སྲིད་པའི་རྟོགས་པ་ཁྱད་པར་ཅན་དང་ལྡན་ན། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པས་ཁྱབ་ཅིང་། རང་རྒྱུད་ཀྱི་རྟོགས་པ་དང་རྗེས་མཐུན་གྱི་སྤྱོད་པ་ཁྱད་པར་ཅན་གདུལ་བྱ་གཞན་ངོར་གཙོ་བོར་སྟོན་ནུས་པ་ཕྱིར་མི་ལྡོག་གི་རྟགས་ཐོབ་པའི་དོན་ནོ། །གཉིས་པ་ནི། སྤྱིར་བྱང་ཆུབ་སེམས་དཔའ་ལ། ཐེག་དམན་ལམ་དུ་འཇུག་ངེས་པ། ཐེག་ཆེན་དུ་རིགས་ངེས་པ། མ་ངེས་པའི་རིགས་ཅན་གསུམ་དུ་ཡོད་ཅིང་། དེའི་དང་པོ་ནི། འདིར་བསྟན་གྱི་ཕྱིར་མི་ལྡོག་ཏུ་བསྒྲུབ་པའི་ཆོས་ཅན་དུ་གཟུང་བྱ་མ་ཡིན་ཏེ། དེ་ཕྱིར་མི་ལྡོག་པར་རྟགས་ཀྱིས་སྒྲུབ་མི་ནུས་པའི་ཕྱིར། གཉིས་པ་ལ། རིགས་ཀྱི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་ནི། རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །བཟོད་པ་དང་ནི་མོས་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་པ་ལྟར་རིགས་སད་བྱེད་ཀྱི་རྐྱེན་བཞི་དང་ལྡན་པས་དམན་ལམ་དུ་བཀྲིར་མི་ནུས་པའོ། །རྟོགས་པའི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་ནི། སྟོང་ཉིད་སྒོམ་བྱུང་གི་སྒོ་ནས་གཙོ་བོར་རྟོགས་པའི་ཤེས་རབ་དང་། སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་སྟོབས་ཀྱིས་ཐེག་ཆེན་གྱི་རྟོགས་པ་འདོར་མི་སྲིད་པའོ། །འདི་ལ་ནང་གི་ཡོངས་འཛིན་ཞེས་ཀྱང་བྱའོ། །འདི་དག་ཀྱང་འདིར་བསྟན་གྱི་ཆོས་ཅན་དུ་གཙོ་བོར་གཟུང་བྱ་མ་ཡིན་ཏེ། ཕྱིར་ལྡོག་གམ་སྙམ་པའི་དོགས་པ་ཤས་ཆུང་བའི་ཕྱིར། དེས་ན་མ་ངེས་པའི་རིགས་ཅན་གྱི་སྦྱོར་ལམ་པ་དབང་རྣོན་དང་། མ་དག་ས་ལ་གནས་པའི་བྱང་སེམས་དབང་འབྲིང་ནི། འདིར་བསྟན་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་ཆོས་ཅན་དུ་གཙོ་བོར་གཟུང་བྱ་ཡིན་ཏེ། དེ་དག་ཕྱིར་ལྡོག་གམ་སྙམ་པའི་དོགས་པ་ཤས་ཆེ་བ་དང་། ཕྱིར་མི་ལྡོག་པར་རྟགས་ཀྱིས་སྒྲུབ་ནུས་པའི་ཕྱིར། གཉིས་པ་ནི། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པའི་ཐེག་ཆེན་གྱི་སྐྱེས་བུ་ཕྱིར་མི་ལྡོག་གི་དགེ་འདུན་གྱི་མཚན་ཉིད། ཕྱིར་མི་ལྡོག་གི་རྟགས་རང་རྒྱུད་ལ་ཐོབ་པའི་རྒྱལ་སྲས་འདིར་དངོས་བསྟན་གྱི་དེའི་མཚན་ཉིད། གསུམ་པ་ལ། ཕྱིར་མི་ལྡོག་པའི་བྱང་སེམས་སྦྱོར་ལམ་པ། མཐོང་ལམ་པ། སྒོམ་ལམ་པ་དང་གསུམ། མཚན་ཉིད་རིམ་བཞིན། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པ་གང་ཞིག །ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ལ་གནས་པའི་རྒྱལ་སྲས་དེ་གང་ཞིག །ས་དང་པོ་ལ་གནས་པའི་རྒྱལ་སྲས། དེ་གང་ཞིག་རྗེས་ལ་མངོན་རྟོགས་ལ་གནས་པའི་རྒྱལ་སྲས། དེ་དག་ལ་དབྱེ་ན། ཕྱིར་མི་ལྡོག་གི་རྟགས་ཐོབ་མ་ཐོབ་གཉིས། གཉིས་པ་ལ། བྱང་ཆུབ་ཙམ་ལས་བླ་ན་མེད་པའི་བྱང་ཆུབ་ལས། འཇིག་རྟེན་ལས་འདས་པའི་ས་ལས། འབད་རྩོལ་མེད་པའི་ས་ལས་ཕྱིར་མི་ལྡོག་པ་དང་བཞི། དང་པོ་ཚོགས་ལམ་ནས། གཉིས་པ་ཐེག་ཆེན་གྱི་སྦྱོར་ལམ་ནས། གསུམ་པ་ས་དང་པོ་ནས། བཞི་པ་ས་བརྒྱད་པ་ནས་ཡོད་དོ། །དེ་ལས་འདིར་བསྟན་ནི་གཉིས་པ་བླ་མེད་བྱང་ཆུབ་ལས་ཕྱིར་ལྡོག་མི་ལྡོག་གི་དབང་དུ་བྱས་ནས་བཞག་གོ །གསུམ་པ་ལ། བསམ་པ་དང་། སྦྱོར་བའི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་གཉིས། དང་པོ་ལ། ངོ་བོ་དང་། ས་མཚམས་གཉིས། དང་པོ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་ཉམས་པའི་དོགས་པ་ཙམ་ཡང་མེད་པའི་བསམ་པ་ཁྱད་པར་ཅན་དང་ལྡན་པའོ། །གཉིས་པ་ནི། ཚོགས་ལམ་པ་དབང་རྣོན་ནས་ཀྱང་ཐོབ་ཅིང་། མ་ངེས་པའི་རིགས་ཅན་ལ། སྦྱོར་ལམ་པ་དབང་རྣོན། མ་དག་ས་དབང་འབྲིང་ཡན། དག་ས་ལ་གནས་པའི་བྱང་སེམས་མཐའ་དག་གིས་ཐོབ་སྟེ། གནད་ཀྱི་ཟླ་འོད་དུ། འདིར་དབང་པོ་རབ་ཀྱི། ཞེས་སོགས་དང་། དབང་པོ་འབྲིང་པོས་ནི་རབ་ཏུ་དགའ་བ་ལས་དེའི་སྔོན་དུ་ངེས་པ་ལ་སོགས་པ་མེད་པའི་ཕྱིར་རོ། །དབང་པོ་རྟུལ་པོས་ནི། ཞེས་སོགས་སོ། །གཉིས་པ་ལ། ངོ་བོ་དང་། ཐོབ་པའི་ས་མཚམས་གཉིས། དང་པོ་ནི། ཕྱིའི་ཡོངས་འཛིན་དགེ་བཤེས་དང་། ནང་གི་ཡོངས་འཛིན་ཐབས་མཁས་གཉིས་ཀྱིས་ཟིན་པའི་སྟོབས་ཀྱིས་ཐེག་ཆེན་གྱི་སྤྱོད་པ་ཁྱད་པར་ཅན་འདོར་མི་སྲིད་པའོ། །གཉིས་པ་ནི། རིགས་ངེས་མ་ངེས་ཐམས་ཅད་ཀྱིས་ཐེག་ཆེན་གྱི་སྦྱོར་ལམ་ནས་ཐོབ་སྟེ། འདི་དག་ཐེག་ཆེན་སྦྱོར་ལམ་པ་ཐེག་དམན་སྦྱོར་ལམ་པ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་སུ་བཤད་པའི་ཕྱིར། བཞི་པ་ལ། མཚན་ཉིད། དབྱེ་བ། རྟགས་སུ་འགྱུར་ཚུལ་དང་གསུམ། དང་པོ་ནི། རང་གང་ལ་ལྡན་པའི་ཕྱིར་མི་ལྡོག་གི་རྟགས་ཐོབ་པའི་བྱང་སེམས་གནས་སྐབས་སུ་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་ནུས་པ་དང་ལྡན་པའི་ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཡོན་ཏན་ནོ། །གཉིས་པ་ལ། རྟེན་གྱི་གང་ཟག །མཚན་གཞི། རྒོལ་བའི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ། སྦྱོར་ལམ་པ། མཐོང་ལམ་པ། སྒོམ་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་དང་གསུམ། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཕྱིར་མི་ལྡོག་གི་གཏན་ཚིགས་གང་ཞིག །རང་གང་ལ་ལྡན་པའི་བྱང་སེམས་སྦྱོར་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་ནུས་པ་དང་ལྡན་པ། གཉིས་པ་ལ། ངོ་བོ། ཡོན་ཏན། ཡུལ་གྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ནི། མཉམ་བཞག་རྗེས་ཐོབ་ཀྱི་རྟོགས་པ་དེ་དང་ལྷན་ཅིག་ཏུ་འཇུག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ནོ། །གཉིས་པ་ནི། ཐེག་ཆེན་གྱི་ཡོན་ཏན་ཁྱད་པར་ཅན་ཐོས་པ་ལས་བ་སྤུ་གཡོ་བ་ལ་སོགས་པ་ལུས་ཀྱི་ཡོན་ཏན་རྣམ་པས་བསྡུས་པའི། དེ་ལས་ཡུལ་ཁྱད་པར་ཅན་ལ་གསོལ་བ་འདེབས་པ་སོགས་ངག་གི་ཡོན་ཏན་རྟགས་ཀྱིས་བསྡུས་པའི། དེ་ལས་ཆོས་ཚུལ་བཞིན་སྒྲུབ་པའི་ཉམས་ལེན་གྱི་སྤྱོད་པ་ཚད་མས་བསྡུས་པའི་ཕྱིར་མི་ལྡོག་པའི་གཏན་ཚིགས་སོ། །གསུམ་པ་ལ། དྲོད་ཀྱིས་བསྡུས་པའི་རྟགས་བཅུ་གཅིག །རྩེ་མོས་དྲུག །བཟོད་པས་གཉིས། ཆོས་མཆོག་གིས་བསྡུས་པའི་རྟགས་གཅིག་སྟེ་ཉི་ཤུ་ཡོད། གཉིས་པ་ལ། མཚན་ཉིད་ནི་ཕྱིར་མི་ལྡོག་གི་གཏན་ཚིགས་གང་ཞིག །རང་གང་ལ་ལྡན་པའི་བྱང་སེམས་མཐོང་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་ནུས་པ་དང་ལྡན་པ། མཚན་གཞི་ནི། བྱང་སེམས་མཐོང་ལམ་པ་དབང་འབྲིང་རྒྱུད་ཀྱི་མཉམ་བཞག་གི་རྟོགས་པ། དེའི་འབྲས་བུར་གྱུར་པའི་རྗེས་ཐོབ་ཀྱི་མཁྱེན་པ། དེ་དང་ལྷན་ཅིག་ཏུ་འཇུག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ལྟ་བུའོ། །དབྱེ་ན། ངོ་བོ། ཡོན་ཏན། ཡུལ་གྱི་སྒོ་ནས་དབྱེ་བ་གསུམ། དང་པོ་གཉིས་སྔ་མ་དང་འདྲ། གསུམ་པ་ལ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པའི་གཏན་ཚིགས་བཅུ་དྲུག་གོ །གསུམ་པ་ལ། མཚན་ཉིད་ནི། ཕྱིར་མི་ལྡོག་གི་གཏན་ཚིགས་གང་ཞིག །རང་གང་ལ་ལྡན་པའི་བྱང་སེམས་སྒོམ་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་ནུས་པ་དང་ལྡན་པ། མཚན་གཞི་ནི། བྱང་སེམས་སྒོམ་ལམ་པ་དབང་འབྲིང་གི་རྒྱུད་ཀྱི་སོགས་གོང་བཞིན་ནོ། །དབྱེ་ན་གསུམ་ལས། སྔ་མ་གཉིས་གོང་དང་འདྲ། གསུམ་པ་ལ། སྐྱེ་བ་ཟབ་པའི། འགག་པ། དེ་བཞིན་ཉིད། ཡུལ། ཤེས་པ། ཉམས་ལེན་གྱི་སྤྱོད་པ། གཟུང་འཛིན་གཉིས་སུ་མེད་པ། ཐབས་མཁས་ཟབ་པའི་གཏན་ཚིགས་དང་བརྒྱད་དོ། །གཉིས་པ་ལ། རང་བཞིན། འབྲས་བུ། མ་དམིགས་པའི་གཏན་ཚིགས་དང་གསུམ། དང་པོ་ནི། བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། རང་གི་སེམས་རྒྱུད་ལ་རྣམ་མཁྱེན་གྱི་ཡེ་ཤེས་ཐེག་པ་གཞན་གྱིས་བར་མ་ཆོད་པར་འབྱུང་རུང་ཡིན་ཏེ། རང་རྒྱུད་ལ་རྣམ་མཁྱེན་གྱི་ཡེ་ཤེས་ཐེག་པ་གཞན་གྱིས་བར་མ་ཆོད་པར་འབྱུང་བའི་རྒྱུ་ཚོགས་གྲངས་ཚང་གི་རྒྱལ་སྲས་ཡིན་པའི་ཕྱིར། ཞེས་བཀོད་པ་ལྟ་བུ། རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་སོ། །རྣམ་མཁྱེན་གྱི་རྒྱུ་ཚོགས་ནི། འཇུག་པ་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་སོ། །གཉིས་པ་ནི། རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པའི་མཉམ་བཞག་གི་རྟོགས་པ་སྔོན་སོང་ཡིན་ཏེ། རང་དོན་ཡིད་བྱེད་ཀྱི་བསམ་པས་མ་གོས་ཤིང་སྟོང་ཉིད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར། དཔེར་ན། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པ་བཞིན་ནོ། །ས་བཅུ་པ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པ་ལྟར་རོ། །གསུམ་པ་ནི། བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། བླ་མེད་བྱང་ཆུབ་ལས་ཕྱིར་ལྡོག་པའི་གང་ཟག་མ་ཡིན་ཏེ། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པའི་རྒྱལ་སྲས་ཡིན་པའི་ཕྱིར། ཞེས་བཀོད་པ་ལྟ་བུ། གསུམ་པ་ལ། རང་དོན་སྐབས་ཀྱི་དང་། གཞན་དོན་སྐབས་ཀྱི་ཕྱིར་མི་ལྡོག་པའི་གཏན་ཚིགས་གཉིས། དང་པོ་ནི། ཕྱིར་མི་ལྡོག་པའི་གཏན་ཚིགས་གང་ཞིག །སྔ་རྒོལ་གྱིས་ཕྱི་རྒོལ་གྱི་ངོར་རྟགས་སུ་བཀོད་པ་ལ་མི་ལྟོས་པའོ། །མཚན་གཞི་ནི། བྱང་སེམས་སྦྱོར་ལམ་པ་དབང་རྣོན་གྱིས་བྱང་སེམས་མཐོང་ལམ་པ་དབང་འབྲིང་འགའ་ཞིག་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པར་མཐོང་བ་ལ་བརྟེན་ནས། དེ་ཉིད་རང་སྟོབས་ཀྱིས་ཕྱིར་མི་ལྡོག་པར་ཤེས་པ་ལྟ་བུའོ། །གཉིས་པ་ལ་ངོ་བོ་དང་། དབྱེ་བ་གཉིས། དང་པོ་ནི། ཕྱིར་མི་ལྡོག་པའི་གཏན་ཚིགས་གང་ཞིག །སྔ་རྒོལ་གྱིས་ཕྱི་རྒོལ་གྱི་ངོར་རྟགས་སུ་བཀོད་པ་ལ་ལྟོས་པ། མཚན་གཞི་ནི། རྟོགས་པའི་ཆོས་ཀྱི་སྤྱན་དང་ལྡན་པའི་བྱང་སེམས་སྒོམ་ལམ་པས་ཤེས་འདོད་དང་ལྡན་པའི་བྱང་སེམས་སྦྱོར་ལམ་པ་དབང་རྣོན་གྱི་ངོར། རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་བྱང་སེམས་མཐོང་ལམ་པ་དབང་འབྲིང་ཆོས་ཅན། བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་རྒྱལ་སྲས་ཡིན་པའི་ཕྱིར། ཞེས་བཀོད་པ་ལྟ་བུ། དབྱེ་ན། ཕྱིར་མི་ལྡོག་གི་རྟགས་ཐོབ་པས་ཐོབ་པའི་ངོར་འགོད་པ། ཐོབ་པས་མ་ཐོབ་པའི་ངོར་འགོད་པ། མ་ཐོབ་པས་ཐོབ་པའི་ངོར་འགོད་པ། མ་ཐོབ་པས་མ་ཐོབ་པའི་ངོར་འགོད་པ་དང་བཞི་ཡོད་དོ། །གསུམ་པ་ལ། རང་ངོར་རྟགས་སུ་འགྱུར་ཚུལ་དང་། གཞན་ངོར་རྟགས་སུ་འགྱུར་ཚུལ་དང་། གཞུང་གི་བསྟན་ཚུལ་དང་གསུམ། དང་པོ་ནི། མཉམ་རྗེས་ཀྱི་རྟོགས་པ་རྗེས་ཐོབ་ལུས་ངག་གི་སྤྱོད་པ་གསུམ་ཀ་རང་ངོར་རྟགས་སུ་འགྱུར་བ་ཡོད་དེ། བྱང་སེམས་མཐོང་ལམ་པ་དབང་འབྲིང་གིས་རང་རྒྱུད་ཀྱི་མཉམ་བཞག་རྗེས་ཐོབ་དེའི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་གྱི་རྟགས་ལས་རང་ཉིད་ཕྱིར་མི་ལྡོག་པར་ངེས་པ་ཡོད་པའི་ཕྱིར། གཉིས་པ་ལ། སྤྱིར་བསྟན་དང་། དོགས་གཅོད་གཉིས། དང་པོ་ནི། མཉམ་རྗེས་གཉིས་ཀའང་གཞན་ངོར་ཕྱིར་མི་ལྡོག་གི་རྟགས་སུ་འགྱུར་བ་ཡོད་དེ། དཔེར་ན། ཤེས་འདོད་དང་ལྡན་པའི་བྱང་སེམས་སྦྱོར་ལམ་པའི་ངོར་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་བྱང་སེམས་མཐོང་ལམ་དབང་འབྲིང་ཆོས་ཅན། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པའི་མཉམ་བཞག་གི་རྟོགས་པ་སྔོན་སོང་ཡིན་ཏེ། དེ་འདྲའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་རྒྱལ་སྲས་ཡིན་པའི་ཕྱིར། ཞེས་པའི་རྟགས་ལས། མཉམ་བཞག་གི་རྟོགས་པ་གྲུབ་པ་དེའི་ཚེ་མཉམ་བཞག་ལ་གནས་བཞིན་པའི་བྱང་སེམས་མཐོང་ལམ་པ་དབང་འབྲིང་ཆོས་ཅན། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པའི་མཉམ་བཞག་གི་རྟོགས་པ་ལ་གནས་པའི་རྒྱལ་སྲས་ཡིན་པའི་ཕྱིར། ཞེས་མཉམ་བཞག་གི་རྟགས་ལ་བརྟེན་ནས་ཕྱིར་མི་ལྡོག་པར་ངེས་པར་བྱེད། གཉིས་པ་ནི། རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་བྱང་སེམས་མཐོང་ལམ་པ་དབང་རྣོན་ཆོས་ཅན། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་རྒྱལ་སྲས་ཡིན་པའི་ཕྱིར། ཞེས་བཀོད་པ་ལྟ་བུའི་གཏན་ཚིགས་ལ་ཁྱབ་འབྲེལ་རང་རྒྱུད་ཀྱི་དངོས་སྟོབས་ཚད་མས་གྲུབ་པ་དང་། ཁྱབ་འབྲེལ་ལུང་ལ་བརྟེན་པའི་ཡིད་ཆེས་ཚད་མས་གྲུབ་པ་གཉིས་སུ་ཡོད་ཅིང་། དེའི་དང་པོ་ལ། ཕྱིར་མི་ལྡོག་གི་རྟགས་ཐོབ་དགོས་ཏེ། དེ་མ་ཐོབ་པས་གཞན་རྒྱུད་ལ་ཁྱབ་འབྲེལ་དངོས་སྟོབས་ཚད་མས་རྟོགས་མི་ནུས་པའི་ཕྱིར། གཉིས་པ་ལ། དེ་ཐོབ་མི་དགོས་ཏེ། རྟགས་ཀྱི་རྣམ་དབྱེ་ལ་མཁས་ཤིང་མང་དུ་ཐོས་པ་དང་ལྡན་པའི་ཚོགས་ལམ་པ་དབང་རྣོན་གྱི་ངོར་དེར་འགྱུར་བ་ཡོད་པའི་ཕྱིར། གསུམ་པ་ནི། ལུས་རྣམ་གཞག་ཏུ། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། ཞེས་པའི་སྐབས་ཀྱི་ཕྱིར་མི་ལྡོག་པའི་དགེ་འདུན་ལ་དབྱེ་ན། དེ་ཕྱིར་མི་ལྡོག་པའི་གཏན་ཚིགས་གང་གིས་སྒྲུབ་ཅེ་ན། དེ་ལ་ཕྱིར་མི་ལྡོག་པའི་བྱང་སེམས་སྦྱོར་ལམ་པ། མཐོང་ལམ་པ། སྒོམ་ལམ་པ་གསུམ་ལས། དང་པོ་འཆད་པ་ནི། ངེས་འབྱེད་ཡན་ལག་ལ། བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་པས་བསྟན། དེ་ཉིད་རྒྱས་པར་འཆད་པ་ནི། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །ཞེས་སོགས་བཤད་དོ། །དེ་ཡང་། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ཞེས་པས་གཏན་ཚིགས། ངེས་འབྱེད་ཡན་ལག་ལ་གནས་པའི། །ཞེས་པས་ཆོས་ཅན། ཕྱིར་མི་ལྡོག་པ་ཞེས་པས། བསྒྲུབ་ཆོས། མཚན་ཉིད་འདི་ཞེས་པས་འདིའི་ཁྱབ་པ་སྒྲུབ་པ་བསྟན་ཅིང་། དེ་བཞིན་དུ་རྒྱས་བཤད་ལ་ཡང་ཤེས་པར་བྱའོ། །གཉིས་པ་ནི། མཐོང་ལམ་ལ། བྱང་ཆུབ་སེམས་དཔའ་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཉིད་རྒྱས་པར་འཆད་པ་ནི། མཐོང་བའི་ལམ་ལ་བཟོད་པ་དང་། ཞེས་སོགས་བསྟན་བཤད་རྣམས་སོ། །དེ་ཡང་། མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །ཞེས་པས་གཏན་ཚིགས། བྱང་ཆུབ་སེམས་དཔའ་ཞེས་པས་ཆོས་ཅན། མི་ལྡོག་པའི་ཞེས་པས་བསྒྲུབ་ཆོས། མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་པས་ཁྱབ་སྒྲུབ་བསྟན། གསུམ་པ་ནི། སྒོམ་ལམ་ལ། བྱང་ཆུབ་སེམས་དཔའ་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། འོ་ན། སྒོམ་ལམ་གྱི་ངོ་བོ་ནི་གང་། དབྱེ་ན་དུ། དེའི་རྟགས་ཀྱི་མཚན་གཞི་ཇི་ལྟ་བུ་སྙམ་ན། ཐེག་ཆེན་གྱི་སྒོམ་ལམ་ཐེག་དམན་གྱི་སྒོམ་ལམ་ལས་ཡུལ་རྟོགས་ཚུལ་གྱི་སྒོ་ནས་ཟབ་པའི་ཁྱད་ཆ ོས་འཆད་པ་ནི། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་སོགས་སོ། །ངོ་བོ་འཆད་པ་ནི། ངེས་འབྱེད་ཡན་ལག་དང་མཐོང་བའི། །ཞེས་སོགས་སོ། །གྲངས་ངེས་འཆད་པ་ནི། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་སོ། །དེ་ལ་རྩོད་སྤོང་འཆད་པ་ནི། གྲངས་མེད་ལ་སོགས་སོ། །ཐེག་ཆེན་སྒོམ་ལམ་གྱིས་སྤང་བྱ་ཉམས་པ་དང་། གཉེན་པོ་འཕེལ་བའི་བྱ་བ་མི་བྱེད་པར་ཐལ། དེ་དོན་དམ་པར་བདེན་སྟོང་ཡིན་པའི་ཕྱིར། ཞེས་པའི་གནས་སྐབས་ཀྱི་བྱེད་པ་ལ་རྩོད་སྤོང་འཆད་པ་ནི། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། ཞེས་སོགས་སོ། །ཐེག་ཆེན་སེམས་བསྐྱེད་ཀྱིས་བླ་མེད་བྱང་ཆུབ་སྒྲུབ་པ་མི་འཐད་པར་ཐལ། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་སྔ་ཕྱི་རེ་རེ་ཁོ་ནས་ཀྱང་དེ་ཐོབ་པར་མི་ནུས། མང་པོ་ལྷན་ཅིག་ཏུ་ཚོགས་པས་ཀྱང་ཐོབ་པར་མི་ནུས། ཕན་ཚུན་ལྟོས་ནས་ཀྱང་དེ་ཐོབ་པར་མི་ནུས་པའི་ཕྱིར། ཞེས་མཐར་ཐུག་གི་བྱེད་པ་ལ་རྩོད་སྤོང་དཔེའི་སྒོ་ནས་འཆད་པ་ནི། མར་མེའི་དཔེའི། ཞེས་སོགས་སོ། །གཏན་ཚིགས་ཀྱི་དབྱེ་བ་དངོས་འཆད་པ་ནི། སྐྱེ་བ་དང་ནི། ཞེས་སོགས་སོ། །རྩ་བར་དངོས་སུ་མེད་ཀྱང་། བློ་ལྡན་སྒོམ་པའི་ལམ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན། །ཞེས་པས་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཁ་བསྐང་སྟེ་བསྟན་པ་ཡིན་ནོ། །ངག་དོན་ནི། དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་ཆོས་ཅན། ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཏེ། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པའི་ངེས་འབྱེད་ཆ་མཐུན་ལ་གནས་པའི་རྒྱལ་སྲས་ཡིན་པའི་ཕྱིར། དབང་སོགས་བཅས་པའི། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། གང་ལ་ཞེན་པ་འགོག་པའི་ཡུལ། ཇི་ལྟར་ཞེན་པ་འགོག་པའི་ཚུལ། བསྟན་བྱ་དབང་སོགས་བཤད་པ་དང་གསུམ། དང་པོ་ལ། མདོ་དྲང་བ་དང་། དེའི་དོན་བཤད་པ་གཉིས། དང་པོ་ནི། བརྒྱད་སྟོང་པར། འཐབ་མོའི་གཏམ་གྱི་སྦྱོར་བ་དང་། རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། གྲོང་དང་། གྲོང་ཁྱེར་དང་། གྲོང་བརྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གྱི་སྦྱོར་བ་དང་། རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། བདག་གི་གཏམ་གྱི་སྦྱོར་བ་དང་། རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། བློན་པོ་ཆེན་པོ་དང་བློན་པོ་ཆེན་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། ཞེས་གསུངས་སོ། །རྩ་བར་དབང་སོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང་། །ཞེས་གསུངས་སོ། །གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཀྱིས་དབང་པོ་དང་རྟེན་གྲོང་ཁྱེར་ལ་སོགས་པའི་གཡུལ་འགྱེད་པ་ལ་སྔ་མ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་རྗེས་སུ་བཀག་པ། ཞེས་གསུངས་སོ། །གཉིས་པ་ནི། མདོར། འཐབ་མོ་ཞེས་སོགས་དང་། བསྟན་བཅོས་སུ། གཡུལ་འགྱེད་པ། ཞེས་པས་སྤང་གཉེན་མཚོན། གྲོང་གི་སྒྲས་དབང་པོ་མཚོན། གྲོང་ཁྱེར་གྱི་སྒྲས་དབང་པོའི་རྟེན་འབྱུང་བ་མཚོན། གྲོང་བརྡལ་གྱི་སྒྲས་ཡུལ་མཚོན། བདག་གི་སྒྲས་རྣམ་ཤེས་མཚོན། བློན་པོ་དང་བློན་པོ་ཆེན་པོའི་སྒྲས་སེམས་དང་སེམས་བྱུང་མཚོན། བསྡུ་ན། དབང་པོ། ཡུལ། རྣམ་ཤེས་བཞིར་འདུས་ཏེ། སྤང་གཉེན་དེ་དག་གི་སྤང་ཚུལ་སྤྱིར་བསྟན་པ་ཙམ་ཡིན། སེམས་སེམས་བྱུང་རྣམ་ཤེས་ཀྱི་ཁོངས་སུ་འདུས་པའི་ཕྱིར། གཉིས་པ་ལ། སྤང་བྱ། གཉེན་པོ། འབྲས་བུ་དང་གསུམ། དང་པོ་ནི། འགོག་པ་མཐོང་སྤང་གིས་བསྡུས་པའི་ཟག་བཅས་ཀྱི་དབང་པོ་སོགས་བཞིའོ། །གཉིས་པ་ནི། འགོག་པ་རྗེས་བཟོད་དེ། དེས་འགོག་པ་རྗེས་ཤེས་འཆད་པའི་སྐབས་ཡིན་པའི་ཕྱིར། ཞེ་ན། སྐྱོན་མེད་དེ། འགོག་པ་རྗེས་ཤེས་ཀྱི་ངོ་སྐལ་གྱི་སྤང་བྱ་ནི་འགོག་པ་རྗེས་བཟོད་ཀྱིས་འཇོམས་པའི་ཕྱིར། གསུམ་པ་ནི། འགོག་པ་མཐོང་སྤང་གིས་བསྡུས་པའི་ཟག་བཅས་ཀྱི་དབང་སོགས་བཞི་སྤངས་པའི་བྲལ་བའི་འབྲས་བུ་བཞི་ཐོབ། དེ་ཡང་སྤང་བྱའི་སྒོ་ནས་བཞིར་ཕྱེ་བ་ཡིན་གྱི། ངོ་བོའི་སྒོ་ནས་ཐ་དད་མེད་དེ། འགོག་པ་རྗེས་ཤེས་ཀྱི་གནས་སྐབས་ཀྱི་འགོག་བདེན་གཅིག་ཉིད་ལ་འཇོག་དགོས་པའི་ཕྱིར། འགྲེལ་ཆེན་ལས། གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཀྱིས་མི་མཐུན་པ་དང་། གཉེན་པོའི་ཕྱོགས་གསད་པར་བྱ་བ་དང་གསོད་པ་པོ་གཡུལ་འགྱེད་པའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་གནས་པ་བཀག་པས། འགོག་པ་ལ་རྗེས་སུ་ཤེས་པ་ཡིན་པས་ན་འཐབ་མོའི་གཏམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལྟ་བུའི་གནས་སུ་རང་གི་ངང་ཉིད་ཀྱིས་རྣམ་པར་སྨིན་པ་འགོག་པ་རྣམ་པ་བཞིར་འགྱུར་བ་ནི་འདི་ལྟ་སྟེ། དབང་པོའི་གྲོང་འགོག་པ་ནི་དང་པོའོ། །དེ་བཞིན་དུ་དབང་པོའི་རྟེན་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གྲོང་ཁྱེར་འགོག་པ་ནི་གཉིས་པའོ། །དེ་བཞིན་དུ་དབང་པོའི་ཡུལ་གྱི་གྲོང་བརྡལ་འགོག་པ་ནི་གསུམ་པ་སྟེ། དེ་ནི་གྲོང་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ལྗོངས་ལ་སོགས་པ་ནི་གྲོང་བརྡལ་གྱི་དབྱེ་བ་ཡིན་ནོ། །བདག་ཏུ་མངོན་པར་ཞེན་པ་འགོག་པ་སྟེ་བཞི་པ་ནི། བདག་གི་གཏམ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བདག་ཁོ་ན་ལ་བདག་གི་དང་འབྲེལ་བས་རབ་ཏུ་ཕྱེ་བའི་དོན་ནི། བློན་པོ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཞེས་སོ། །གསུམ་པ་ལ། དབང་པོའི་དབྱེ་བ། སོ་སོའི་རང་བཞིན། སྒྲ་དོན། གྲངས་ངེས། ཁམས་དང་སས་བསྡུས་ཚུལ་ལོ། །དང་པོ་ལ། ཀུན་ནས་ཉོན་མོངས་ཀྱི་དབང་པོ་བཅུ་བཞི་དང་། རྣམ་བྱང་གི་དབང་པོ་བརྒྱད་དེ་ཉེར་གཉིས་སོ། །དང་པོ་བཅུ་བཞི་ནི། མིག་སོགས་དབང་པོ་དྲུག །སྲོག་དབང་། ཕོ་མོའི་དབང་པོ། ཚོར་བ་བདེ། སྡུག །ཡིད་བདེ། མི་བདེ། བཏང་སྙོམས་རྣམས་སོ། །ཕྱི་མ་བརྒྱད་ནི། དད་སོགས་དབང་པོ་ལྔ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ། ཀུན་ཤེས་པའི་དབང་པོ། ཀུན་ཤེས་ལྡན་པའི་དབང་པོའོ། །གཉིས་པ་ལ། ཀུན་ནས་ཉོན་མོངས་དང་། རྣམ་བྱང་གི་དབང་པོ་བཤད་པ་གཉིས། དང་པོ་ནི། རང་འབྲས་མིག་གི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་རྡུལ་དྭངས་པ་མིག་དབང་གི་མཚན་ཉིད། དབྱེ་ན། རྟེན་བཅས་དང་། དེ་མཚུངས་ཀྱི་མིག་དབང་གཉིས། དེས་ཕྱི་མ་བཞི་ལ་རིགས་འགྲེ། ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་གཙོ་བོའི་རྣམ་རིག་དྲུག་པའི་མཚན་ཉིད། མཚན་གཞི་རྣམ་ཤེས་ཚོགས་བརྒྱད་ལྟ་བུའོ། །ཚེ་གཅིག་གི་ཕུང་པོའི་རིགས་འདྲ་གནས་པ་ལ་གཙོ་བོར་དབང་བྱེད་པའི་ལྡན་མིན་འདུ་བྱེད་ཀྱིས་བསྡུས་པའི་དབང་པོ་སྲོག་དབང་གི་མཚན་ཉིད། དེ་དང་ཚེ་མིང་གི་རྣམ་གྲངས། བྱེད་ལས་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་དོ། །ལུས་དབང་གི་ཆར་གཏོགས་ཀྱི་དབང་པོ་གང་ཞིག །རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་ཕོ་ཉིད་དུ་གཙོ་བོར་མཚོན་པའི་རིགས་གནས་ཕོ་དབང་གི་མཚན་ཉིད། མོ་དབང་ལ་རིགས་འགྲེ། ཕྱི་མ་ལྔ་པོ་བསྡུ་ན། ཚོར་བ། བདེ་སྡུག་བཏང་སྙོམས་གསུམ་དུ་འདུ་སྟེ། ཡིད་བདེ་མི་བདེ་གཉིས་ཚོར་བ་བདེ་སྡུག་གཉིས་སུ་འདུས་པའི་ཕྱིར། དེ་གསུམ་གྱི་མཚན་ཉིད་རིམ་བཞིན། རང་སྟོབས་ཀྱིས་སིམ་པར་ཉམས་སུ་མྱོང་བའི་སེམས་བྱུང་། རང་སྟོབས་ཀྱིས་གདུང་བར་ཉམས་སུ་མྱོང་བའི་སེམས་བྱུང་། རང་སྟོབས་ཀྱིས་བཏང་སྙོམས་སུ་ཉམས་སུ་མྱོང་བ། འདི་དག་ལ་དབྱེ་ན་ལུས་ཚོར་དང་སེམས་ཚོར་གཉིས་གཉིས་སོ། །གཉིས་པ་ནི། རྣམ་བྱང་གི་དབང་པོ་གང་ཞིག །དགེ་བའི་དམིགས་པ་ལ་ཡིད་ཆེས་པའི་དད་པ་མཚུངས་ལྡན་དང་བཅས་པ་དད་དབང་གི་མཚན་ཉིད། ཕྱི་མ་བཞི་ལ་རིགས་བསྒྲེ། ཐེག་པ་རང་ལུགས་ཀྱི་ལམ་རྗེས་ཤེས་ཀྱི་རྟོགས་པ་མ་ཐོབ་པའི་རྣམ་བྱང་གི་དབང་པོ་དྲུག་པའི་མཚན་ཉིད། ཐེག་པ་རང་ལུགས་ཀྱི་ལམ་རྗེས་ཤེས་ཐོབ། འབད་རྩོལ་གྱི་མཚན་མ་དང་བཅས་པའི་སྒོ་ནས་ཐེག་པ་རང་ལུགས་ཀྱི་བསླབ་བྱ་ལ་སློབ་དགོས་པའི་རྣམ་བྱང་གི་དབང་པོ་བདུན་པའི་མཚན་ཉིད། འབད་རྩོལ་གྱི་མཚན་མ་དང་བཅས་པའི་སྒོ་ནས་ཐེག་པ་རང་ལུགས་ཀྱི་བསླབ་བྱ་ལ་སློབ་མི་དགོས་པའི་རྣམ་བྱང་གི་དབང་པོ་བརྒྱད་པའི་མཚན་ཉིད་དོ། །མདོ་ལས། དབང་པོ་གསུམ་སྟེ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་སྲུང་བའི་དབང་པོའོ། །དེ་ལ་མི་ཤེས་པ་ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་སྣང་བ་མེད་ཅིང་དུལ་བར་བྱེད་པ་གང་ཡིན་པ་སྟེ། འདི་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། །ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་ཀུན་ཤེས་པ་རྣམས་ཀྱི་དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་སྟེ་འདི་དག་ནི་ཀུན་ཤེས་པའི་དབང་པོ་ཞེས་བྱའོ། །ཀུན་ཤེས་སྲུང་བའི་དབང་པོ་གང་ཞེ་ན། མི་སློབ་པའི་གང་ཟག་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་སྣང་བ་མེད་ཅིང་དུལ་བར་བྱེད་པ་གང་ཡིན་པས་ཏེ། འདི་ནི་ཀུན་ཤེས་སྲུང་བའི་དབང་པོ་ཞེས་བྱའོ། །ཞེས་སོ། །གསུམ་པ་ནི། རང་གི་བདག་འབྲས་རྣམ་ཤེས་བསྐྱེད་པ་དང་། ཕོ་མོའི་རང་བཞིན་ལ་དབང་བྱེད་པ་དང་། ཕུང་པོའི་རིགས་འདྲ་གནས་པ་ལ་དབང་བྱེད་པ་དང་། བདེ་སྡུག་བཏང་སྙོམས་གསུམ་ལ་བརྟེན་ནས་ཀུན་ནས་ཉོན་མོངས་ལ་དབང་བྱེད་པ་དང་། རྣམ་བྱང་གི་ཆོས་གོང་དུ་འཕེལ་བ་ལ་དབང་བྱེད་པ་དང་། ཟག་མེད་ཀྱི་ཡོན་ཏན་མ་ཐོབ་པ་ཐོབ་ཅིང་། ཐོབ་པ་གོང་དུ་འཕེལ་བ་ལ་དབང་བྱེད་པས་འདི་དག་ལ་དབང་པོ་ཞེས་བྱའོ། །གཉིས་པ་ནི། ཀུན་ནས་ཉོན་མོངས་ཀྱི་དབང་པོ་ལ་བཅུ་བཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། འཁོར་བར་འཇུག་པའི་རྟེན་གྱི་དབང་དུ་བྱས་ནས་མིག་སོགས་དབང་པོ་དྲུག །དེར་སྐྱེ་བའི་དབང་དུ་བྱས་ནས་ཕོ་མོའི་དབང་པོ། སྐྱེས་པ་གནས་པའི་དབང་དུ་བྱས་ནས་སྲོག་དབང་། དེར་རྣམ་སྨིན་ལ་ལོངས་སྤྱོད་པའི་དབང་དུ་བྱས་ནས་ཚོར་བ་ལྔ་བཞག་པའི་ཕྱིར། རྣམ་བྱང་གི་དབང་པོ་ལ་བརྒྱད་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། ཟག་མེད་ཀྱི་ལམ་དུ་འཇུག་པའི་རྟེན་གྱི་དབང་དུ་བྱས་ནས་དད་སོགས་དབང་པོ་ལྔ། ཟག་མེད་ཀྱི་ལམ་བསྐྱེད་པའི་དབང་དུ་བྱས་ནས་མི་ཤེས་པ་ཀུན་ཤེས་པའི་དབང་པོ། སྐྱེས་པ་གནས་པའི་དབང་དུ་བྱས་ནས་ཀུན་ཤེས་པའི་དབང་པོ། གནས་པ་ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱོད་པའི་དབང་དུ་བྱས་ནས་ཀུན་ཤེས་ལྡན་པའི་དབང་པོ་བཞག་པའི་ཕྱིར། ལྔ་པ་ནི། འདོད་པའི་སས་བསྡུས་ལ་དབང་པོ་བཅུ་དགུ་ཡོད་དེ། ཟག་མེད་ཀྱི་དབང་པོ་གསུམ་མ་གཏོགས་པ་ཡོད་པའི་ཕྱིར། གཟུགས་ཀྱི་སས་བསྡུས་ལ་བཅོ་ལྔ་ཡོད་དེ། བཅུ་དགུའི་སྟེང་ནས་ཕོ་མོའི་དབང་པོ་སྡུག་བསྔལ་དང་ཡིད་མི་བདེ་བཞི་མ་གཏོགས་པ་ཡོད་པའི་ཕྱིར། གཟུགས་མེད་ན་བརྒྱད་ཡོད་དེ། སྲོག་ཡིད་བཏང་སྙོམས་གསུམ་དང་། དད་སོགས་དབང་པོ་ལྔ་ཡོད་པའི་ཕྱིར། གཏན་ཕབ་བསྡུ་བ་ལས། སྡུག་བསྔལ་གྱི་དབང་པོ་གཟུགས་ཀྱི་སས་བསྡུས་ཡོད་པར་ཡང་བཤད་དོ། །ངག་དོན་ནི། འགོག་པ་རྗེས་ཤེས་ལ་གནས་པའི་བྱང་སེམས་དབང་འབྲིང་ཆོས་ཅན། གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་གི་དགེ་འདུན་ཡིན་ཏེ། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པའི་རྒྱལ་སྲས་ཡིན་པའི་ཕྱིར།

གསུམ་པ་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་པའི་སྐབས་སུ་གཉིས་ཀྱི་དང་པོ་ལ། སྦྱོར་བ་གསུམ་གྱི་རང་བཞིན་དང་། དེ་ལས་འཕྲོས་པའི་དོན་གཉིས། དང་པོ་ལ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། ཞིང་དག་པའི་སྦྱོར་བ། ཐབས་མཁས་སྦྱོར་བ་དང་གསུམ། དེ་གསུམ་གྱི་མཚན་ཉིད་རིམ་བཞིན། འཁོར་འདས་རང་བཞིན་མེད་པར་མཉམ་པ་ཉིད་དུ་སྒོམ་པའི་དག་པའི་ཡེ་ཤེས་སྣོད་བཅུད་ཀྱི་ཞིང་ཁམས་དག་པ་རབ་འབྱམས་འབའ་ཞིག་ཏུ་སྒོམ་པའི་དག་སའི་རྣལ་འབྱོར། དབྱེ་ན། སྣོད་དང་བཅུད་ཀྱི་ཞིང་དག་པའི་སྦྱོར་བ་གཉིས། ཐབས་མཁས་ཀྱི་ཡོན་ཏན་ཁྱད་པར་ཅན་མངོན་དུ་བྱ་བའི་དུས་དང་དུས་མ་ཡིན་པ་ཤེས་ནས་སྒོམ་པའི་དག་སའི་རྣལ་འབྱོར། དབྱེ་ན། དགྲ་ལས་འདས་པའི་ཐབས་མཁས་སྦྱོར་བ། མི་གནས་པའི། གཞན་དོན་བྱེད་པའི། ཐུན་མོང་མ་ཡིན་པའི། མ་ཆགས་པའི། མི་དམིགས་པའི། མཚན་མ་མེད་པའི། སྨོན་པ་མེད་པའི། ཕྱིར་མི་ལྡོག་པའི་གཏན་ཚིགས། ཚད་མེད་པའི་ཐབས་མཁས་སྦྱོར་བ་དང་བཅུ། ས་མཚམས་ནི། ས་བརྒྱད་པ་ཡན་ཆད་ན་ཡོད་དེ། ས་བདུན་པ་མན་ཆད་ཀྱི་བྱང་སེམས་ལ་སློབ་པའི་དགེ་འདུན་དང་། དག་སའི་བྱང་སེམས་ལ་མི་སློབ་པའི་དགེ་འདུན་གྱི་ཐ་སྙད་མཛད་ཅིང་། སྦྱོར་བ་གསུམ་པོ་འདི་མི་སློབ་པའི་དགེ་འདུན་གྱི་རྒྱུད་ལ་བསྐྱེད་ནས་བསྒོམ་པར་བཤད་པའི་ཕྱིར་ཏེ། སློབ་པའི་ཚོགས་ཀྱི་ཆོས་ཐོབ་པ་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་པས། སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད། ཅེས་དང་། འགྲེལ་ཆེན་ལས། དེ་བས་ན་མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་གསལ་བར་བསྟན་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་བཤད་པར་བྱ་བ་ཡིན་པས། ཞེས་སོ། །

གཉིས་པ་ལ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང་། ཐབས་མཁས་སྦྱོར་བ་ལས་འཕྲོས་པའི་དོན་གཉིས། དང་པོ་ལ། འཁོར་འདས་ཀྱི་རང་བཞིན་དང་། དེ་ལ་ཀླན་ཀ་སྤོང་བ་གཉིས། དང་པོ་ལ། དཔེས་མཚོན་ཚུལ། ངོ་བོ་ངོས་བཟུང་། མཉམ་པའི་དོན། རང་བཞིན་མེད་པའི་རིགས་པ་དང་བཞི། དང་པོ་ནི། འཁོར་བ་རྨི་ལམ་དང་། མྱང་འདས་ཉིན་པར་གྱི་སྒྲས་དཔེ་བསྟན་པ་ཡིན་ཏེ། མདོ་ལས། འདི་དག་འཁྲུལ་པའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །མ་རིག་འཁྲུལ་པའི་གཉིད་སད་ན། །འཁོར་བ་རྣམས་ནི་དམིགས་སུ་མེད། །གཉིས་པ་ནི། རང་རྒྱུ་ལས་ཉོན་གྱི་དབང་གིས་བྱུང་བའི་སྡུག་བསྔལ་བདེན་པ་གང་ཞིག །ཉོན་མོངས་པ་མ་སྤངས་པའི་གནས་སྐབས་ཀྱིས་བསྡུས་པ་འཁོར་བའི་མཚན་ཉིད། དབྱེ་ན། སྣོད་དང་བཅུད་ཀྱིས་བསྡུས་པའི་འཁོར་བ་གཉིས། ས་མཚམས་ཐེག་དམན་གྱི་སྒོམ་ལམ་སྐད་ཅིག་མ་ཐ་མ་དང་། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་གི་བར་དུ་ཡོད། ཉོན་སྒྲིབ་སྤངས་པའི་མི་སློབ་པའི་སོ་སོར་བརྟགས་འགོག་མྱང་འདས་ཀྱི་མཚན་ཉིད། དབྱེ་ན་ཐེག་པ་ཆེ་ཆུང་གི་མྱང་འདས་གཉིས། གསུམ་པ་ནི། འཁོར་འདས་གཉིས་རང་བཞིན་མེད་པར་སྤྲོས་བྲལ་ཟུང་འཇུག་ཏུ་མཉམ་པའོ། །བཞི་པ་ལ། འཁོར་བ་རང་བཞིན་གྱིས་མེད་པར་སྒྲུབ་པ་དང་། མྱང་འདས་དེར་སྒྲུབ་པ་གཉིས། དང་པོ་ནི། འཁོར་བ་རང་བཞིན་གྱིས་མེད་དེ། མ་རྟོགས་འཁྲུལ་བའི་བློ་ངོར་སྤང་བྱར་སྣང་བ་ཙམ་ལས་དོན་དུ་མ་གྲུབ་པའི་ཕྱིར། རྩ་ཤེས་ལས། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །སེམས་ཅན་ལ་ཡང་རིམ་འདི་མཚུངས། །ཞེས་སོ། །གཉིས་པ་ནི། འཁོར་བ་ལས་གྲོལ་བའི་མྱང་འདས་རང་བཞིན་གྱིས་མེད་དེ། འཆིང་བྱེད་འཁོར་བ་རང་བཞིན་གྱིས་མེད་པའི་ཕྱིར། དཔེར་ན་ལྕགས་སྒྲོག་གིས་བཅིངས་པ་མེད་ན་ལྕགས་སྒྲོག་ལས་གྲོལ་བ་མེད་པ་བཞིན་ནོ། །རྩ་ཤེས་ལས། འདུ་བྱེད་མྱ་ངན་འདའ་བར་ནི། །ཇི་ལྟ་བུར་ཡང་མི་འཐད་དོ། །སེམས་ཅན་མྱ་ངན་འདའ་བར་ཡང་། །ཇི་ལྟ་བུར་ཡང་འཐད་མི་འགྱུར། །ཞེས་སོ། །གཉིས་པ་ལ། ལས་མེད་པར་ཐལ་བའི་ལན་ལ་མ་ངེས་པའི། ལུང་དང་འགལ་བའི། ཧ་ཅང་ཐལ་བའི་ཀླན་ཀ་སྤོང་བ་དང་བཞི། དང་པོ་ལ། ཀླན་ཀ་དང་། ལན་གཉིས། དང་པོ་ལ། གང་ལ་རྩོད་པའི་ཡུལ། གང་གིས་རྩོད་པའི་གང་ཟག །ཇི་ལྟར་རྩོད་པའི་ཚུལ་ལོ། །དང་པོ་ནི། སྦྱོར་བའི་ངོ་བོ་འཆད་པའི་སྐབས་སུ་རྨི་ལམ་དང་ཉིན་པར་ནི། རྣམ་པར་མི་རྟོག་པའོ་ཞེས་འཁོར་འདས་རང་བཞིན་གྱིས་མེད་པར་ཁས་བླངས་པ་ལ་རྩོད། གཉིས་པ་ལ། མདོའི་དངོས་བསྟན་ལ། ཤཱ་རིའི་བུས་རབ་འབྱོར་ལ་རྩོད་པའི་དྲི་བ་དྲིས་ལན་གསུངས་ཀྱང་། ཤཱ་རིའི་བུ་འདིའི་ཕྱོགས་སྔ་སྨྲ་བ་པོ་མ་ཡིན་ཏེ། འདིའི་ཕྱོགས་སྔ་སྨྲ་བ་པོ་དེས་ལས་ལམ་རང་བཞིན་གྱིས་གྲུབ་པར་ཁས་ལེན་ཅིང་། ཤཱ་རིའི་བུ་ལ་དེ་ལྟ་བུའི་ལོག་རྟོག་མི་མངའ་བའི་ཕྱིར། དེས་ན་དངོས་སྨྲ་བ་འདིའི་ཕྱོགས་སྔ་སྨྲ་བ་པོ་ཡིན་ཏེ། དངོས་སྨྲ་བའི་རྒྱུད་ཀྱི་བདེན་འཛིན་གྱི་ལོག་རྟོག་ལྡོག་པའི་དོན་དུ་འདིར་བསྟན་ཀླན་ཀ་དང་ལན་གྱི་རྣམ་གཞག་གསུངས་པའི་ཕྱིར། གསུམ་པ་ནི། ཉིན་པར་གྱི་གནས་སྐབས་ཆོས་ཅན། དགེ་མི་དགེའི་ལས་ལམ་མེད་པར་ཐལ། དེ་རང་བཞིན་གྱིས་མེད་པའི་ཕྱིར། དཔེར་ན་རྨི་ལམ་བཞིན་ནོ། །གཉིས་པ་ལ། ཁྱབ་པ་མ་ངེས་པའི་ལན་དང་། དཔེ་མ་གྲུབ་པའི་ལན་གཉིས། དང་པོ་ནི། རྩོད་པའི་ཐལ་འགྱུར་ལ་ཁྱབ་པ་མ་ངེས་ཏེ། དགེ་མི་དགེའི་ལས་ལམ་རང་བཞིན་གྱིས་མེད་ཀྱང་ཀུན་རྫོབ་འཁྲུལ་ངོར་ཡོད་པའི་ཕྱིར། དངོས་སྨྲ་བ་ཁྱོད་རང་གི་ལུགས་ལ་ཡང་གསད་བྱའི་སྲོག་རང་ལས་ཕྱིས་འབྱུང་གི་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་དུ་འཇིག་པས། དོན་དམ་སྐད་ཅིག་གི་ཆ་ལ་སྲོག་གཅོད་པའི་ལས་ལམ་མེད་ཀྱང་ཀུན་རྫོབ་རྒྱུན་ལ་ལྟོས་ནས་སྲོག་གཅོད་པའི་ལས་ལམ་ཡོད་པ་བཞིན་ནོ། །གཉིས་པ་ལ། དབུ་མ་པའི་ལུགས་དང་། སེམས་ཙམ་པའི་ལུགས་གཉིས། དང་པོ་ནི། རྨི་ལམ་ལས་གསོག་པ་མེད་པའི་དཔེར་མ་གྲུབ་སྟེ། རྨི་ལམ་དུ་དགེ་མི་དགེའི་ལས་རྨིས་པ་དེ་རྗེས་ཀྱི་ཤེས་པས་གསོས་བཏབ་ན་དགེ་མི་དགེའི་ལས་ལམ་མཚན་གཉིད་ཀྱིས་ཉམས་པས་དེས་གནས་སྐབས་ཀྱི་འབྲས་བུ་འཆོལ་བར་བསྐྱེད་པར་བཤད་པའི་ཕྱིར་ཏེ། ཉི་ཤུ་པར། རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །དེས་ན་འབྲས་བུ་འདྲ་མ་ཡིན། །ཞེས་སོ། །གཉིས་པ་ལ། ཀླན་ཀ་དང་། ལན་གཉིས། དང་པོ་ལ། གང་ལ་རྩོད་པའི་ཡུལ་ནི། རྗེས་ཀྱི་ཤེས་པས་གསོས་བཏབ་པ་ལ་བརྟེན་ནས་ལས་གསོག་པར་ཁས་བླངས་པ་ལའོ། །ཇི་ལྟར་རྩོད་པའི་ཚུལ་ནི། དེ་བཞིན་གཤེགས་པ་ལ་ལས་གསོག་པ་ཡོད་པར་ཐལ། དེ་ལ་རྗེས་ཀྱི་ཤེས་པས་གསོས་འདེབས་པ་ཡོད་པའི་ཕྱིར། ང་ནི་འཁོར་བའི་ཕུང་པོ་ཟད་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དེ་བཞིན་གཤེགས་པ་ལ་རྗེས་ཀྱི་ཤེས་པས་གསོས་འདེབས་པ་ཡོད་པ་མ་ཡིན་ཏེ། མི་རྟོག་ཡེ་ཤེས་ཐུགས་སུ་ཆུད་པའི་སྟོབས་ཀྱིས་མངོན་ཞེན་གྱི་རྣམ་རྟོག་ཐམས་ཅད་དང་བྲལ་བའི་ཕྱིར། ཁྱབ་སྟེ། མངོན་ཞེན་གྱི་རྣམ་རྟོག་ཡོད་པའི་དབང་གིས་ལས་གསོག །དེ་མེད་པར་ལས་གསོག་པ་མེད་པའི་ཕྱིར། གསུམ་པ་ལ། ཀླན་ཀ་དང་། ལན་གཉིས། དང་པོ་ལ། གང་ལ་རྩོད་པའི་ཡུལ་ནི། མངོན་ཞེན་གྱི་དམིགས་པ་དང་བཅས་པའི་དབང་གིས་ལས་གསོག་པར་ཁས་བླངས་པ་ལའོ། །ཇི་ལྟར་རྩོད་པའི་ཚུལ་ནི། མདོ་ལས། ལས་དང་སེམས་པ་ཐམས་ཅད་དབེན་ནོ་ཞེས་བཤད་པ་མི་འཐད་པར་ཐལ། མངོན་ཞེན་གྱི་དམིགས་པ་དང་བཅས་པའི་དབང་གིས་ལས་ག །སོག་པ་ཡོད་པའི་ཕྱིར། གཉིས་པ་ནི། རྩོད་པའི་ཐལ་འགྱུར་ལ་ཁྱབ་པ་མེད་དེ་ལས་དང་སེམས་པ་ཐམས་ཅད་དབེན་ནོ་ཞེས་པ་དོན་དམ་ལ་དགོངས་པ་ཡིན་ཅིང་། མངོན་ཞེན་གྱི་དམིགས་པ་དང་བཅས་པའི་དབང་གིས་ལས་གསོག་པ་ཀུན་རྫོབ་ཀྱི་དབང་དུ་བྱས་པའི་ཕྱིར། བཞི་པ་ལ། ཀླན་ཀ་དང་ལན་གཉིས། དང་པོ་ལ། གང་ལ་རྩོད་པའི་ཡུལ་ནི། རྨི་ལམ་དུ་དགེ་མི་དགེའི་ལས་གསོག་པ་ཡོད་པར་ཁས་བླངས་པ་ལའོ། །ཇི་ལྟར་རྩོད་པའི་ཚུལ་ནི། རྨི་ལམ་དུ་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། དེའི་དགེ་བ་བྱང་ཆུབ་ཏུ་བསྔོས་ན་བསྔོ་བ་རྣམ་དག་ཏུ་འགྱུར་བར་ཐལ། རྨི་ལམ་ན་དགེ་མི་དགེའི་ལས་ལམ་ཡོད་པའི་ཕྱིར། གཉིས་པ་ལ། བྱམས་པ་ལ་ཁ་འཕངས་པའི་ཚུལ་དང་། དེས་ལན་ཇི་ལྟར་དུ་བསྟན་ཚུལ་ལོ། །དང་པོ་ནི། རབ་འབྱོར་གྱིས་ལན་དངོས་སུ་མ་གསུངས་པར་བྱམས་པ་ལ་ཁ་འཕངས་པ་ཡིན་ཏེ། མདོ་ལས། བྱམས་པ་འདི་མངོན་སུམ་དུ་འདུག་ན། སྐྱེ་བ་བར་མ་ཆད་པར་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་པས་འདི་ལ་དྲིས་ཤིག །འདིས་ལན་ལྡོན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། བྱམས་པ་ལ་ཁ་འཕངས་པའི་རྒྱུ་མཚན་ཡོད་དེ། བསྟན་པ་འདིའི་གདུལ་བྱ་ཡིན་ན། སྔར་གྱི་དྲི་བ་དྲིས་ལན་གྱིས་ལོག་རྟོག་སེལ་ནུས་ལ། འདིའི་གདུལ་བྱ་མ་ཡིན་ན། མ་འོངས་པའི་སངས་རྒྱས་བརྒྱུད་མར་འབྱུང་བ་རྣམས་ཀྱིས་ལོག་རྟོག་སེལ་བ་ལ་དགོངས་པའི་ཕྱིར། གཉིས་པ་ནི། བྱམས་པ་རང་ཉིད་སྟོང་ཉིད་རྟོགས་པའི་ཤེས་རབ་ཟབ་མོ་དང་ལྡན་པར་དངོས་སུ་བསྟན་ནས། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ན་བསྔོ་བ་རྣམ་དག་ཏུ་འགྱུར་ཞེས་པའི་ལན་ཤུགས་ལ་གསུངས་ཏེ། མདོ་ལས། བྱམས་པ་ཞེས་བྱ་བའི་མིང་གང་ཡིན་པ་དེས་ལན་ལྡོན་ནམ། འོན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པས་ལན་ལྡོན་ནམ། བདག་གིས་ཆོས་གང་ལ་ཡང་ལན་ལྡོན་པར་བྱ་བ་དང་། གང་གིས་ལན་ལྡོན་པར་བྱེད་པ་དང་། གང་ལན་གླན་པར་བྱ་བའི་ཆོས་དེ་དག་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཞེས་གསུངས་པའི་ཕྱིར། ངག་དོན་ནི། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་ཏེ། འཁོར་འདས་བདེན་མེད་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་དག་སའི་རྣལ་འབྱོར་ཡིན་པའི་ཕྱིར།

གཉིས་པ་ནི། བར་ཆད་ཀྱི་ཆོས་ལ་ཡང་དག་པར་བརྒལ་བས་ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་བདུད་བཞི་ལ། སོ་སོའི་ངོ་བོ། གྲངས་ངེས། སྒྲ་བཤད། བཅོམ་པའི་ས་མཚམས་དང་བཞི། དང་པོ་ལ། ཕུང་པོའི་བདུད། ཉོན་མོངས་པའི་བདུད། འཆི་བདག་གི །ལྷའི་བུའི་བདུད་དང་བཞི། མཚན་ཉིད་དང་། མཚན་གཞི་རིམ་བཞིན་བདུད་བཞིའི་ནང་ཚན་གང་ཞིག །རང་རྒྱུ་ལས་ཉོན་གྱི་དབང་གིས་བྱུང་བའི་ཟག་བཅས། དེ་དང་སྡུག་བསྔལ་བདེན་པ་དོན་གཅིག །དེ་གང་ཞིག །སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་པའི་ངོ་བོར་གནས་པ། རྩ་ཉོན་དང་ཉེ་ཉོན་ལྟ་བུ། དེ་གང་ཞིག །རང་རྒྱུ་ལས་ཉོན་གྱི་དབང་གིས་བྱུང་བའི་འཆི་བའི་རྟེན་འབྲེལ། ཐ་མལ་བ་སྲོག་འགག་པའི་ཆ་ལྟ་བུ། དེ་གང་ཞིག །ཟག་མེད་ཀྱི་དགེ་བ་ལ་བར་དུ་གཅོད་པར་བྱེད་པའི་འདོད་ལྷའི་རིགས་སུ་གཏོགས་པ། དམ་ཆོས་སྒྲུབ་པ་ལ་བར་གཅོད་བྱེད་པའི་ལྷའི་བུ་ལྟ་བུ། ཕྱི་མ་གསུམ་ནང་ཕན་ཚུན་འགལ་ཡང་ཕྱི་མ་གསུམ་དང་དང་པོ་མི་འགལ་ཏེ། དེ་གསུམ་དང་པོའི་ནང་ཚན་དུ་གཏོགས་པའི་ཕྱིར། ཉན་ས་ལས། དེ་ལ་བདུད་བཞི་གང་ཞེ་ན། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ལྷའི་བུའི་བདུད་དོ། །དེ་ལ་ཕུང་པོའི་བདུད་ནི། ཟག་པ་དང་བཅས་པའི་ཕུང་པོའོ། །ཉོན་མོངས་པའི་བདུད་ནི། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སོ། །འཆི་བདག་གི་བདུད་ནི། སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིགས་དེ་དང་དེ་དག་ན་འཆི་བའི་དུས་བྱེད་པའོ། །ལྷའི་བུའི་བདུད་ནི། ཕུང་པོ་དང་། ཉོན་མོངས་དང་། འཆི་བདག་གི་བདུད་ལས་ཡང་དག་པར་འདའ་བར་བྱེད་པའི་ཕྱིར། དགེ་བའི་ཆོས་ལ་བར་ཆད་བྱ་བ་དང་། རྣམ་པར་གཡེང་བར་བྱ་བའི་ཕྱིར་འདོད་པའི་ཁམས་སུ་སྐྱེས་པའི་ལྷའི་བུ་དབང་ཕྱུག་ཐོབ་པ་དག་ཉེ་བར་འོང་བ་གང་ཡིན་པ་སྟེ། དེ་ནི་ལྷའི་བུའི་བདུད་ཅེས་བྱའོ། །ཞེས་སོ། །གཉིས་པ་ནི། ཚེ་ཡུན་རིང་དུ་གནས་ཏེ་བག་མེད་ཀྱི་ཡོན་ཏན་ཁྱད་པར་ཅན་ཐོབ་སྟེ། འབྲས་བུ་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་ཐོབ་པ་ལ་བར་དུ་གཅོད་པའི་དབང་དུ་བྱས་ནས་བཞིར་བཞག་གོ །གསུམ་པ་ནི། འཆི་བ་མེད་པའི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་པས་ན་བདུད་ཅེས་བྱའོ། །བཞི་པ་ལ། ཉན་ཐོས་སྡེ་བའི་ལུགས་དང་། ཐེག་པ་ཐུན་མོང་བའི་ལུགས་གཉིས། དང་པོ་ནི། སྟོན་པ་འདི་ལ་མཚོན་ན། བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱམས་པའི་མཚོན་གྱིས་ལྷ་བདུད་བཅོམ། དེའི་ཐོ་རངས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་བདུད་བཅོམ། ཡངས་པ་ཅན་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་འཆི་བདག་གི་བདུད་བཅོམ། རྩ་མཆོག་གྲོང་དུ་ལྷག་མེད་དུ་མྱ་ངན་ལས་འདས་ཏེ་ཕུང་པོའི་བདུད་བཅོམ་ཞེས་འདོད་དོ། །གཉིས་པ་ལ། ཉན་ཐོས་དང་ཐེག་ཆེན་གྱིས་བཅོམ་ཚུལ་གཉིས། དང་པོ་ནི། ཐེག་དམན་གྱི་མཐོང་ལམ་ནས་ལྷའི་བུའི་བདུད་བཅོམ་སྟེ། དེར་དཀོན་མཆོག་མངོན་པར་རྟོགས་པ་རང་རྒྱུད་ལ་ཐོབ་པའི་ཕྱིར་ཏེ། བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཕྱིར། ཐེག་དམན་གྱི་དགྲ་བཅོམ་ཐོབ་ནས་ཉོན་མོངས་པའི་བདུད་བཅོམ་སྟེ། ཁམས་གསུམ་གྱི་ཉོན་མོངས་པ་ཟད་པར་སྤངས་པའི་ཕྱིར། བསམ་གཏན་བཞི་པའི་རབ་མཐའ་ཐོབ་པའི་ཐེག་དམན་དགྲ་བཅོམ་གྱིས་འཆི་བདག་གི་བདུད་བཅོམ་སྟེ། དེས་སྐུ་ཚེ་འདོར་ལེན་ལ་དབང་ཐོབ་པར་མཛོད་འགྲེལ་ལས་བཤད་པའི་ཕྱིར། ལྷག་མེད་ཐོབ་ནས་ཕུང་པོའི་བདུད་བཅོམ་སྟེ། དེར་སྡུག་བསྔལ་བདེན་པ་ཟད་པར་སྤངས་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་ཀྱང་བདུད་བཞི་བཅོམ་པ་ཡོད་དེ། ལྷག་མེད་མྱང་འདས་ཀྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་ལམ་པ་དེ་དེ་ལྟར་ཡིན་པའི་ཕྱིར། གཞན་དུ་ཐེག་ཆེན་གྱི་སྦྱོར་ལམ་ནས་ལྷ་བདུད་བཅོམ་སྟེ། དེར་དཀོན་མཆོག་མངོན་པར་རྟོགས་པ་རང་རྒྱུད་ལ་ཐོབ་པའི་ཕྱིར། ཉོན་མོངས་པ་དང་འཆི་བདག་གི་བདུད་ས་དང་པོ་ནས་བཅོམ་སྟེ། དེར་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་འཆི་སྤངས་པའི་ཕྱིར། ཕུང་པོའི་བདུད་ས་བདུན་པ་མན་ཆད་དུ་འགྲོ་བ་སྲིད་དེ། ལས་ཉོན་གྱི་དབང་གིས་བྱུང་བའི་བྱང་སེམས་སྦྱོར་ལམ་པའི་ལུས་རྟེན་གྱི་རིགས་འདྲ་དེའི་བར་དུ་འགྲོ་བ་ཡོད་པའི་ཕྱིར། དམན་ལམ་སྔོན་དུ་མ་སོང་བར་ས་དང་པོ་ནས་ཀྱང་བཅོམ་པ་སྲིད་དེ། ས་དང་པོའི་རྗེས་ཐ ོབ་ལ་གནས་པའི་བྱང་སེམས་ཀྱིས་ལས་ཉོན་གྱི་དབང་གིས་བྱུང་བའི་ཕུང་པོ་དོར་ནས་ཡིད་ཀྱི་རང་བཞིན་གྱི་ལུས་བླང་པ་ཡོད་པའི་ཕྱིར། ས་བརྒྱད་པ་ཐོབ་ནས་ངེས་པར་བཅོམ་སྟེ། དེར་ཚེ་འདོར་ལེན་མ་བྱས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར་ཐོབ་པའི་སྟོབས་ཀྱིས་སྔར་གྱི་ཟག་བཅས་ཀྱི་ལུས་ཟག་མེད་དུ་གནས་གྱུར་བའི་ཕྱིར། དེས་ན་མ་དག་པའི་ཟག་བཅས་ཀྱི་གཟུགས་ཕུང་གི་རིགས་འདྲ་འདོར་བ་སྐྱེ་བ་འཕོ་བ་ལ་རག་ལས་པ་དང་། ས་བརྒྱད་པའི་རྟོགས་པ་ཐོབ་པའི་སྐབས་ཚེ་འདོར་ལེན་མ་བྱས་ཀྱང་ནང་གི་རྟོགས་པའི་སྟོབས་ཀྱིས་ཟག་བཅས་ཀྱི་གཟུགས་ཕུང་ཟག་མེད་དུ་གནས་བསྒྱུར་ཏེ་སྐྱེ་བ་འཕོ་ལེན་ལ་མ་ལྟོས་པ་ནི་གནད་ཡིན་ནོ། །ངག་དོན་ནི། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། དགྲ་ལས་འདས་པའི་ཐབས་མཁས་སྦྱོར་བ་ཡིན་ཏེ། བདུད་བཞི་ཟད་པར་སྤངས་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། སྤྱི་དོན་སྙིང་པོར་དྲིལ་བ་བདུད་རྩིའི་ཉིང་ཁུ་ལས། རྣམ་ཀུན་གྱི་སྦྱོར་བ་བཤད་པའི་སྐབས་ཏེ་བཞི་པའོ།། །།

འབྲས་བུ་རྩེ་སྦྱོར།

རྩ་བའི་ས་བཅད་གཉིས་པ་འབྲས་བུ་རྩེ་མོའི་སྦྱོར་བ་ལ། འབྲེལ་བཀོད་པའི་སྒོ་ནས་མཚམས་སྦྱར་བ་དང་། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་གཉིས། དང་པོ་ནི། རྣམ་པ་ཀུན་མངོན་པར་རྫོགས། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་རྩེ་སྦྱོར་ལ། མཚན་ཉིད་དང་། དབྱེ་བ་གཉིས། དེ་དག་གོང་དུ་བསྟན་ཟིན། ངག་དོན་ནི། རྗེ་བཙུན་བྱམས་མགོན་ཆོས་ཅན། རྣམ་རྫོགས་སྦྱོར་བའི་འོག་ཏུ་རྩེ་སྦྱོར་འཆད་པའི་རྒྱུ་མཚན་ཡོད་དེ། ཚོགས་ལམ་གྱི་གནས་སྐབས་ཀྱི་མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་སྦྱོར་བ་ལས་སྦྱོར་ལམ་གྱི་མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སྦྱོར་བ་དེ་འབྱུང་བའི་རྒྱུ་མཚན་གྱིས་དེ་ལྟར་དུ་བཤད་པའི་ཕྱིར།

གཉིས་པ་ལ། བསྡུ་བ་སྤྱིར་བསྟན་པ་དང་། དཀའ་གནས་སོ་སོར་བཤད་པ་གཉིས། དང་པོ་ནི། རྩེ་སྦྱོར་གྱི་ཆོས་བརྒྱད་པོ་དེ་ཡང་བསྡུ་ན། སྦྱོར་ལམ། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་སྦྱོར་བཞིར་འདུས་ཏེ། རྩེ་སྦྱོར་ནི་སྤང་བྱ་མི་མཐུན་ཕྱོགས་ཀྱི་གཉེན་པོར་བསྒོམ་པར་བྱ་བ་ཡིན་ཞིང་། སྤང་བྱ་མངོན་གྱུར་བའི་དབང་དུ་བྱས་ནས་སྦྱོར་ལམ་རྩེ་སྦྱོར་བཞག །ས་བོན་གྱི་དབང་དུ་བྱས་ནས་མཐོང་སྒོམ་གཉིས་བཞག །གནས་ངན་ལེན་གྱི་དབང་དུ་བྱས་ནས་བར་ཆད་མེད་པའི་རྩེ་སྦྱོར་བཞག་པའི་ཕྱིར། དང་པོ་ཡིན་ཏེ། སྤང་བྱ་མངོན་གྱུར་བ་ལ་འཇུག་པ་གཟུང་རྟོག །ལྡོག་པ་གཟུང་རྟོག །རྫས་འཛིན་རྟོག་པ། བཏགས་འཛིན་རྟོག་པ་བཞིར་ཡོད་ཅིང་། དེ་དག་གི་གཉེན་པོའི་དབང་དུ་བྱས་ནས་རྟགས་ཀྱི་རྩེ་སྦྱོར་ལ་སོགས་པ་བཞིར་གསུངས་པའི་ཕྱིར། དེ་ཡང་རྟགས་ཀྱི་རྩེ་སྦྱོར། རྨི་ལམ་ན་ཡང་། ཞེས་སོགས་ཀྱིས་བསྟན། རྣམ་འཕེལ་ནི། འཛམ་བུ་གླིང་གི །ཞེས་སོགས་སོ། །བརྟན་པ་ནི། ཀུན་མཁྱེན་ཉིད་གསུམ། ཞེས་སོགས་སོ། །སེམས་ཀུན་གནས་ནི། གླིང་བཞི་པ་དང་། ཞེས་སོགས། དོན་བསྡུ་ནི། རྟགས་ལ་སོགས། ཞེས་སོགས། ས་བོན་གྱི་གཉེན་པོ་ལ་དེ་གཉིས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། ས་བོན་ལ་མཐོང་སྤང་དང་། སྒོམ་སྤང་གི་ས་བོན་གཉིས་ཡོད་ཅིང་། དང་པོའི་གཉེན་པོའི་དབང་དུ་བྱས་ནས་མཐོང་ལམ། གཉིས་པའི་དབང་དུ་བྱས་ནས་སྒོམ་ལམ་རྩེ་སྦྱོར་བཞག་པའི་ཕྱིར། མཐོང་ལམ་རྩེ་སྦྱོར་ལ། སྤང་བྱ་རྟོག་པ། ཞར་ལས་བྱུང་བའི་དོན། རྣལ་མ་མཐོང་ལམ་རྩེ་སྦྱོར་དངོས་བཤད་པ་དང་གསུམ། དང་པོ་ལ། བསྟན་བཤད་གཉིས། དང་པོ་ལ། གཟུང་རྟོག་མདོར་བསྟན་ནི། འཇུག་པ་དང་ནི། ཞེས་སོགས་སོ། །འཛིན་རྟོག་མདོར་བསྟན་ནི། སོ་སོའི་སྐྱེ་བོ། ཞེས་སོགས་སོ། །གཉིས་པ་ལ་བཞི་ལས། དང་པོ་འཇུག་པ་གཟུང་རྟོག་ནི། ངོ་བོ་ཉིད་དང་། ཞེས་སོགས་སོ། །ལྡོག་པ་གཟུང་རྟོག་ནི། སྲིད་དང་ཞི་བར། ཞེས་སོགས་སོ། །རྫས་འཛིན་རྟོག་པ་ནི། འཛིན་པ་དང་ནི། ཞེས་སོགས་སོ། །བཏགས་འཛིན་རྟོག་པ་ནི། མེད་བཞིན་ངེས་པར། ཞེས་སོགས་སོ། །གཉིས་པ་ལ། དབུ་མ་པའི་བྱང་ཆུབ་ཆེན་པོ་ངོས་བཟུང་། དངོས་སྨྲ་བའི་བྱང་ཆུབ་ཆེན་པོ་འདོད་ཚུལ་དགག །ཐར་པ་དོན་གཉེར་གྱི་གང་ཟག་གིས་སྟོང་ཉིད་ཁས་ལེན་རིགས་པར་བསྟན་པ་དང་གསུམ། དང་པོ་ལ། རྒྱུ་དང་། ངོ་བོ་གཉིས། དང་པོ་ནི། བྱང་ཆུབ་ལ་གཞན། ཞེས་སོགས་སོ། །གཉིས་པ་ནི། དྲི་མ་ཟད་དང་། ཞེས་སོགས་སོ། །གཉིས་པ་ལ། དངོས་སྟོབས་རིགས་པས་དགག་པ་འཆད་པ་ནི། འགོག་པ་མེད་པའི། ཞེས་སོགས་སོ། །ཁས་བླངས་ནང་འགལ་གྱི་དགག་པ་ནི། གཞན་གྱི་ཆོས་རྣམས། ཞེས་སོགས་སོ། །གསུམ་པ་ནི། འདི་ལ་བསལ་བྱ། ཞེས་སོགས་སོ། །གསུམ་པ་ལ། མཐོང་ལམ་རྩེ་སྦྱོར་གྱི་ངོ་བོ་འཆད་པ་ནི། སྦྱིན་པ་ལ་སོགས། ཞེས་སོ། །དེའི་ཁྱད་པར་གྱི་ལམ་འཆད་པ་ནི། དེ་ནས་སེང་གེ་ཞེས་སོགས་སོ། །སྒོམ་ལམ་རྩེ་སྦྱོར་ལ། རྟེན་སྒོམ་ལམ། སྤང་བྱ་རྟོག་པ། བརྟེན་པ་ཡོན་ཏན་དང་གསུམ། དང་པོ་ནི། འགོག་དང་བཅས་པའི། ཞེས་སོགས་སོ། །གཉིས་པ་ལ་བཞི་ལས། འཇུག་པ་གཟུང་རྟོག་ནི། མདོར་བསྡུས་རྒྱས་དང་། ཞེས་སོགས་སོ། །ལྡོག་པ་གཟུང་རྟོག་ནི། གཉིས་པ་སེམས་དང་། ཞེས་སོགས། རྫས་འཛིན་རྟོག་པ་ནི། སེམས་ཅན་བཏགས་པའི། ཞེས་སོགས་སོ། །བཏགས་འཛིན་རྟོག་པ་ལ། མདོར་བསྟན་ནི། སེམས་ཅན་བཏགས་དང་། ཞེས་སོགས། རྒྱས་བཤད་ནི། བདག་ཉིད་ཇི་བཞིན། ཞེས་སོགས། གསུམ་པ་ནི། ཡམས་ནད་འདི་རྣམས། ཞེས་སོགས། བར་ཆད་མེད་པའི་རྩེ་སྦྱོར་ལས། ངོ་བོ། དམིགས་རྣམ། བསལ་བྱ་ལོག་སྒྲུབ་དང་གསུམ། དང་པོ་ནི། སྟོང་གསུམ་སྐྱེ་བོ། ཞེས་སོགས། གཉིས་པ་ནི། འདི་ཡི་དམིགས་པ། ཞེས་སོགས། གསུམ་པ་ལ། མདོར་བསྟན་ནི། འདི་ལ་ནི། རབ་ཏུ་སྨྲ་རྣམས། ཞེས་སོགས། རྒྱས་བཤད་ནི། དམིགས་པ་འཐད་དང་། ཞེས་སོགས་སོ། །

གཉིས་པ་ལ་ཡང་བཞི་ལས། དང་པོ་ནི། རྨི་ལམ་ན་ཡང་ཆོས་རྣམས་ཀུན། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་སྦྱོར་ལམ་རྩེ་སྦྱོར་ལ། མཚན་གཞི། མཚན་ཉིད། དབྱེ་བ་དང་གསུམ། དང་པོ་ནི། ཐེག་ཆེན་གྱི་སྦྱོར་ལམ་དང་རྩེ་སྦྱོར་དོན་གཅིག །གཉིས་པ་ནི། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་ཐེག་ཆེན་གྱི་ངེས་འབྱེད་ཡན་ལག །གསུམ་པ་ལ། ཡོན་ཏན་གྱི་སྒོ་ནས་དབྱེ་ན། རྟགས་ཀྱི་རྩེ་སྦྱོར་སོགས་བཞི། མཚན་གཞིའི་སྒོ་ནས་དབྱེ་ན། དྲོད་ཀྱི་རྩེ་སྦྱོར་སོགས་བཞི། དང་པོའི་མཚན་ཉིད། འདིར་བསྟན་གྱི་རྟགས་བཅུ་གཉིས་པོ་གང་རུང་གི་ཡོན་ཏན་དང་ལྡན་པའི་དྲོད་ཀྱིས་བསྡུས་པའི་སེམས་དཔའི་རྣལ་འབྱོར། མཚན་གཞི། དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་གྱི་མཁྱེན་པ་ལྟ་བུ། ཁྱད་ཆོས་ལ་དབྱེ་ན། རྟགས་ཀྱི་དབྱེ་བ། བསྡུ་བ། ས་མཚམས། རྟགས་སུ་འགྱུར་བའི་དུས་དང་བཞི། དང་པོ་ལ། དང་པོ་དྲུག་སོ་སོར་རྨི་ལམ་གྱི་གནས་སྐབས་སུ་ཞེས་པ་གསལ་བྱེད་དུ་སྦྱར་ཏེ། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ལྟ་བའི། ཐེག་དམན་གྱི་ས་ལ་དགའ་བའི་སེམས་མི་སྐྱེ་བའི། དེ་བཞིན་གཤེགས་པ་མཐོང་བའི། སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་དམིགས་པའི། གདུལ་བྱ་ལ་ཆོས་སྟོན་པའི། ངན་སོང་སྤོང་བ་རྗེས་སུ་དྲན་པའི། ཕྱི་རོལ་འབྱུང་བའི་གནོད་པ་ཞི་བའི། བདེན་ཚིག་གྲུབ་པའི། ནང་སེམས་ཅན་གྱི་ཉེར་འཚེ་ཞི་བའི་བདེན་ཚིག་གྲུབ་པའི། དགེ་བའི་བཤེས་གཉེན་བསྟེན་པའི། ཤེར་ཕྱིན་ལ་སློབ་པའི། མངོན་ཞེན་མེད་པའི། བླ་མེད་བྱང་ཆུབ་ལ་ཉེ་བའི་རྟགས་བཅུ་གཉིས་སོ། །དང་པོ་ནི། དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་གྱིས་ཉིན་པར་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གོམས་པར་བྱས་པའི་སྟོབས་ཀྱིས་རྨི་ལམ་གྱི་གནས་སྐབས་སུ། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་བདེན་མེད་དུ་རྟོགས་པའི་མཉམ་བཞག་དང་། རྗེས་ཐོབ་ཀྱི་མཁྱེན་པ་ལྟ་བུ། དེས་ཕྱི་མ་རྣམས་ལ་རིགས་བསྒྲེ། གཉིས་པ་ནི། དུས་ཀྱི་སྒོ་ནས། རྨི་ལམ་དང་། སད་པའི་གནས་སྐབས་ཀྱི་རྟགས་གཉིས་སུ་འདུ་སྟེ། དང་པོ་དྲུག་རྨི་ལམ་གྱི་གནས་སྐབས་སུ་གཙོ་བོར་གྱུར་པའི་རྟགས་དང་། ཕྱི་མ་དྲུག་སད་པའི་གནས་སྐབས་སུ་གཙོ་བོར་གྱུར་པའི་རྟགས་ཡིན་པའི་ཕྱིར། ངོ་བོའི་སྒོ་ནས་མཉམ་རྗེས་གཉིས་སུ་འདུ་སྟེ། འདིའི་རྟགས་རེ་རེ་ལ་ཡང་མཉམ་བཞག་དང་རྗེས་ཐོབ་གཉིས་གཉིས་ཡོད་པའི་ཕྱིར། གསུམ་པ་ནི། རྟགས་ཀྱི་རྩེ་སྦྱོར་དྲོད་ཁོ་ན་ཡོད་ཀྱང་། རྟགས་བཅུ་གཉིས་ཀྱི་ཡོན་ཏན་དྲོད་ནས་རྒྱུན་མཐའི་བར་དུ་གོང་འཕེལ་དུ་གྱུར་པའི་ཚུལ་གྱིས་ཡོད་པར་ཊཱི་ཀ་ལས་བཤད། འདིས་ཕྱི་མ་གསུམ་གྱི་ས་མཚམས་ཀྱང་གོ་བར་བྱའོ། །བཞི་པ་ནི། འདིར་བསྟན་གྱི་རྟགས་བཅུ་གཉིས་པོ་དེ་རྟེན་གྱི་གང་ཟག་རང་ཉིད་ཀྱིས་སྤྱིར་རྩེ་སྦྱོར་ཐོབ་པའི་རྟགས་དང་། ཁྱད་པར་རང་ངོར་ཕྱིར་མི་ལྡོག་གི་རྟགས་སུ་འགྱུར་ཏེ། མདོར། བདེན་པའི་བྱིན་གྱིས་བརླབས་ཀྱི་ཞེས་སོགས་དང་། རྩེ་མོར་ཕྱིན་པའི་ཞེས་སོགས་དང་། རྣམ་པ་བཅུ་གཉིས་ནི་རྩེ་མོའི་མངོན་པར་ཞེས་སོགས། འདི་དང་སྔར་གྱི་སྦྱོར་ལམ་ལ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་གཏན་ཚིགས་ལ་ཁྱད་པར་ཅི་ཡོད་ཅེ་ན། བསྒྲུབ་བྱ་ལ་ཁྱད་པར་ཡོད་དེ། འདིར་རང་ངོར་གཙོ་བོར་ཕྱིར་མི་ལྡོག་ཏུ་སྒྲུབ་པ་ཡིན་ཅིང་། སྔ་མ་གཙོ་བོར་གཞན་ངོར་ཕྱིར་མི་ལྡོག་ཏུ་སྒྲུབ་པ་ཡིན་པའི་ཕྱིར། ངོ་བོ་ལ་ཁྱད་པར་ཡོད་དེ། འདི་ནི་རྩེ་སྦྱོར་གྱིས་བསྡུས་པའི་མཁྱེན་པ་ཁོ་ན་ཡིན་ལ། སྔ་མ་ལ་རྗེས་ཐོབ་ལུས་ངག་གི་རིག་བྱེད་ཀྱང་ཡོད་པའི་ཕྱིར། གཉིས་པའི་མཚན་ཉིད། འདིར་བསྟན་གྱི་བསོད་ནམས་རྣམ་པར་འཕེལ་བའི་ཡོན་ཏན་དང་ལྡན་པའི་རྩེ་མོས་བསྡུས་པའི་སེམས་དཔའི་རྣལ་འབྱོར། དེ་དང་རྩེ་མོའི་དེ་དོན་གཅིག །བསོད་ནམས་རྣམ་འཕེལ་ནི་རྩེ་མོ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་ཚོགས་གཉིས་ཀྱིས་བསྡུས་པའི་དགེ་རྩ་ཡིན་ཅིང་། དབྱེ་ན། ཕྱི་གཙོ་བོར་གྱུར་པའི་བསོད་ནམས་རྣམ་འཕེལ་བརྒྱད། ནང་གཙོ་བོར་གྱུར་པའི་དེ་བརྒྱད་དེ་བཅུ་དྲུག །གསུམ་པའི་མཚན་ཉིད། བརྟན་པ་གཉིས་ཀྱི་ཡོན་ཏན་དང་ལྡན་པའི་བཟོད་པས་བསྡུས་པའི་སེམས་དཔའི་རྣལ་འབྱོར། དེ་དང་བཟོད་པའི་དེ་དོན་གཅིག །བརྟན་པ་གཉིས་ནི། རང་དོན་རྟོགས་པ་བརྟན་པ་དང་། གཞན་དོན་ཕྲིན་ལས་བརྟན་པ་གཉིས། དང་པོ་ནི། བཟོད་པ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་རང་གཞན་གྱི་དགེ་རྩ་མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པའི་ཕྱིར་དུ་བསྔོ་བའི་འདུན་པ་ལྟ་བུའོ། །གཉིས་པ་ནི། དེའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སེམས་ཅན་གྱི་དོན་བྱེད་པའི་མཛད་པ་ཕྲིན་ལས་ལྟ་བུའོ། །བཞི་པའི་མཚན་ཉིད། སེམས་ཀུན་ཏུ་གནས་པའི་ཡོན་ཏན་དང་ལྡན་པའི་ཆོས་མཆོག་གིས་བསྡུས་པའི་སེམས་དཔའི་རྣལ་འབྱོར། དེ་དང་ཆོས་མཆོག་གི་དེ་དོན་གཅིག །སེམས་ཀུན་གནས་ཀྱི་ཡོན་ཏན་ནི། ཆོས་མཆོག་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་རྗེས་སུ་ཡི་རང་དང་མཚུངས་པར་ལྡན་པའི་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན། དེ་ཡང་མདོ་ལས། གྲོགས་རྗེས་སུ་ཡི་རང་གི་སྒོ་ནས་བསྟན་ཏེ། མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་ཡི། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་བ། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་སོ། །ངག་དོན་ནི། དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་གྱི་མངོན་རྟོགས་ཆོས་ཅན། རྟགས་ཀྱི་རྩེ་སྦྱོར་ཡིན་ཏེ། རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ལྟ་བ་ལ་སོགས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པའི་དྲོད་ཀྱི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར།

གཉིས་པ་མཐོང་ལམ་རྩེ་སྦྱོར་ལ། སྤང་བྱ་རྟོག་པ། ཞར་ལས་བྱུང་བའི་དོན། རྣལ་མ་མཐོང་ལམ་རྩེ་སྦྱོར་དངོས་བཤད་པ་དང་གསུམ། དང་པོ་ལ། དངོས་དང་། ཞར་ལ་གཉེན་པོ་སྦྱོར་འཇུག་བཤད་པ་གཉིས། དང་པོ་གཞན་དུ་བཤད། གཉིས་པ་ནི། དེ་ལྟར་ན་བར་སྐབས་ཀྱི། ཞེས་པའི་སྐབས་སུ་གཉིས་ཀྱི་དང་པོ་མཐོང་སྤང་རྟོག་པའི་གཉེན་པོ་སྦྱོར་བ་དང་འཇུག་པ་ལ། ཐ་སྙད་ཇི་ལྟར་དུ་གསུངས་ཚུལ་དང་། སོ་སོའི་རང་བཞིན་བཤད་པ་གཉིས། དང་པོ་ནི། ལུས་རྣམ་གཞག་ཏུ། མཐོང་བ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་གཉེན་པོ་རྣམ་པ་བཞི་གསུངས་པ་ལ་སློབ་དཔོན་གྱིས་འཇུག་པ་གཟུང་རྟོག་དང་། རྫས་འཛིན་རྟོག་པའི་གཉེན་པོ་ལ་སྦྱོར་བའི་ཐ་སྙད་མཛད་དེ། གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །ཞེས་པ་ལ་བརྟེན་ནས་སོ། །ལྡོག་པ་གཟུང་རྟོག་དང་། བཏགས་འཛིན་རྟོག་པའི་གཉེན་པོ་ལ་འཇུག་པའི་ཐ་སྙད་མཛད་དེ། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཞེས་པ་ལ་བརྟེན་ནས་སོ། །གཉིས་པ་ལ། མཚན་ཉིད། མཚན་གཞི། སྤང་གཉེན་དུ་སྦྱོར་ཚུལ་དང་གསུམ། དང་པོ་ནི། མཐོང་སྤང་རྟོག་པ་མངོན་གྱུར་དངོས་སུ་སྤང་ཞིང་ས་བོན་འགོ་ནོན་པའི་ནུས་པ་དང་ལྡན་པའི་སྒོ་ནས་མཐོང་ལམ་གྱི་དངོས་ཀྱི་སྦྱོར་བ་ཉེར་བསྡོགས་ཀྱི་ལམ་གྱིས་བསྡུས་པ་འདིར་བསྟན་མཐོང་སྤང་རྟོག་པའི་གཉེན་པོ་སྦྱོར་བའི་མཚན་ཉིད། མཚན་གཞི། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མའི་ཡེ་ཤེས་ལྟ་བུའོ། །མཐོང་སྤང་རྟོག་པའི་ས་བོན་དངོས་སུ་སྤོང་བའི་བྱ་བ་བྱེད་བཞིན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་འདིར་བསྟན་མཐོང་སྤང་རྟོག་པའི་གཉེན་པོ་འཇུག་པ་བར་ཆད་མེད་ལམ་གྱི་མཚན་ཉིད། མཚན་གཞི་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ལྟ་བུ། གསུམ་པ་ནི། མངོན་གྱུར་བ་ལ་ལྟོས་ནས་གཉེན་པོ་སྦྱོར་བ་བཞག་སྟེ། འདིར་བསྟན་གྱི་གཉེན་པོ་སྦྱོར་བས་མཐོང་སྤང་རྟོག་པ་མངོན་གྱུར་དངོས་སུ་སྤང་ཞིང་། ས་བོན་མགོ་གནོན་པའི་བྱ་བ་བྱེད་པའི་ཕྱིར། ས་བོན་གྱི་གཉེན་པོའི་དབང་དུ་བྱས་ནས་གཉེན་པོ་འཇུག་པ་བར་ཆད་མེད་ལམ་བཞག་སྟེ། འདིར་བསྟན་གྱི་གཉེན་པོ་འཇུག་པ་བར་ཆད་མེད་ལམ་གྱིས་མཐོང་སྤང་རྟོག་པའི་ས་བོན་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་ཕྱིར། ཚིག་གསལ་ལས། སྦྱོར་བའི་སྐབས་སུ་ནི་སོ་སོར་ཕྱེ་ནས་སྤོང་ལ། འཇུག་པའི་སྐབས་སུ་ནི་བསྡོམས་ནས་སྤོང་བར་བྱེད་དོ། །ཞེས་སོ། །འགྲེལ་བར། འཇུག་པ་གཟུང་རྟོག་དང་རྫས་འཛིན་རྟོག་པའི་གཉེན་པོ་ལ་སྦྱོར་བ་དང་། ལྡོག་པ་གཟུང་རྟོག་དང་བཏགས་འཛིན་རྟོག་པ་མངོན་གྱུར་བའི་གཉེན་པོ་ལ་འཇུག་པ་བཤད་པ་ནི། ཕན་ཚུན་མཚོན་པའི་དབང་དུ་མཛད་ནས་བྱས་པ་ཡིན་གྱི། སྤང་གཉེན་དེ་ལྟར་སོ་སོར་ངེས་པ་མ་ཡིན་ཏེ། སྦྱོར་བས་ཀྱང་མངོན་གྱུར་བཞི་ཀ་སྤོང་ལ། འཇུག་པས་ཀྱང་བཞི་ཀའི་ས་བོན་སྤོང་བའི་ཕྱིར། ཇི་ལྟར་མཚོན་ན་འཇུག་པ་གཟུང་རྟོག་དང་། རྫས་འཛིན་རྟོག་པ་གཉེན་པོ་སྦྱོར་བའི་སྤང་བྱར་བཤད་པ་དེས། ལྡོག་པ་གཟུང་རྟོག་དང་བཏགས་འཛིན་རྟོག་པ་མངོན་གྱུར་བ་གཉེན་པོ་སྦྱོར་བའི་སྤང་བྱ་ཡིན་པར་མཚོན་པར་བྱེད། ལྡོག་པ་གཟུང་རྟོག་དང་བཏགས་འཛིན་རྟོག་པ་གཉེན་པོ་འཇུག་པའི་སྤང་བྱར་བཤད་པ་དེས་རྟོག་པ་གཞན་གཉིས་ཀྱི་ས་བོན་ཡང་གཉེན་པོ་འཇུག་པའི་དངོས་ཀྱི་སྤང་བྱ་ཡིན་པ་དེས་མཚོན་ནོ། །ངག་དོན་ནི། འདིར་བསྟན་མཐོང་སྤང་རྟོག་པའི་གཉེན་པོ་ཆོས་ཅན། ཁྱོད་ལ་བརྒྱད་ཡོད་དེ། ཁྱོད་ལ་དེའི་རྟོག་པ་མངོན་གྱུར་བ་སྤོང་བའི་གཉེན་པོ་སྦྱོར་བ་བཞི་དང་ས་བོན་སྤོང་བའི་གཉེན་པོ་འཇུག་པ་བཞི་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་གྱི། དང་པོ་ལ། བྱང་ཆུབ་ཆེན་པོའི་རྒྱུ་དང་། ངོ་བོ་གཉིས། བྱང་ཆུབ་ལ་གཞན་སྟོན་པ་དང་། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་བྱང་ཆུབ་ཆེན་པོའི་རྒྱུ་ལ། མཚན་ཉིད་དང་། མཚན་གཞི་གཉིས། དང་པོ་ནི། བྱང་ཆུབ་ཆེན་པོ་རང་གི་འབྲས་བུར་ལྡན་པའི་སྒོ་ནས་བྱང་ཆུབ་ཆེན་པོ་ལ་ཕན་འདོགས་བྱེད། མཚན་གཞི། བྱང་སེམས་མཐོང་ལམ་པས་རྗེས་ཐོབ་ཏུ་གདུལ་བྱ་ལུང་དང་རྟོགས་པའི་ཆོས་ལ་འགོད་པ་དང་། མཉམ་བཞག་ཏུ་ཤེར་ཕྱིན་བསྒོམས་པའི་བསོད་ནམས་ལྟ་བུའོ། །ངག་དོན་ནི། བྱང་སེམས་མཐོང་ལམ་པས་རྗེས་ཐོབ་ཏུ་གདུལ་བྱ་ལུང་རྟོགས་ཀྱི་ཡོན་ཏན་ལ་བཀོད་པ་དང་། མཉམ་བཞག་ཏུ་ཤེར་ཕྱིན་སྒོམ་པའི་བསོད་ནམས་ཆོས་ཅན། རང་འབྲས་བྱང་ཆུབ་ཆེན་པོའི་རྒྱུ་ཡིན་ཏེ། དེ་འབྲས་བུར་ལྡན་པའི་སྒོ་ནས་དེ་ལ་ཕན་འདོགས་བྱེད་ཀྱི་བྱང་འཕགས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། གཉིས་པ་ནི། དྲི་མ་ཟད་དང་མི་སྐྱེ་བའི། །ཞེས་པའི་སྐབས་སུ་གཉིས་ཀྱི་དང་པོ་བྱང་ཆུབ་ཆེན་པོའི་མཚན་ཉིད་ནི། སྒྲིབ་གཉིས་ཀྱི་དྲི་མ་ཟད་སྐྱེ་བདེན་པ་བ་མེད་པར་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་བླ་ན་མེད་པའི་བྱང་ཆུབ། མཚན་གཞི། སྐུ་བཞིའོ། །ངག་དོན་ནི། རྣམ་མཁྱེན་སྐད་ཅིག་དང་པོ་ཆོས་ཅན། བྱང་ཆུབ་ཆེན་པོ་ཡིན་ཏེ། སྒྲིབ་གཉིས་ཀྱི་དྲི་མ་ཟད་སྐྱེ་བདེན་པ་བ་མེད་པར་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས་ཡིན་པའི་ཕྱིར། གཉིས་པ་ལ། དངོས་སྨྲ་བའི་དྲི་མ་སྤོང་ཚུལ་གྱི་རིམ་པ་མི་འཐད་པ་དང་། རྣལ་འབྱོར་ས་བཞིའི་སྒོ་ནས་དབུ་མ་པའི་དྲི་མ་སྤོང་ཚུལ་གྱི་རིམ་པ་འཐད་པ་གཉིས། དང་པོ་ནི། དངོས་སྨྲ་བའི་ལུགས་ལ། གཉེན་པོའི་སྟོབས་ཀྱིས་སྒྲིབ་པ་སྤོང་བ་མི་འཐད་དེ། དྲི་མ་སེམས་ཀྱི་རང་བཞིན་དུ་གྲུབ་པའི་ཕྱིར་ཏེ། དེ་བདེན་གྲུབ་ཡིན་པའི་ཕྱིར། རྩ་ཤེས་ལས། རང་བཞིན་གཞན་དུ་འགྱུར་བར་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། དེ་ལ་སྐྱེ་བ་དང་འཇིག་པས་ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་རྣལ་འབྱོར་ས་བཞི་ལ། སོ་སོའི་ངོ་བོ། གོ་རིམ། གྲངས་ངེས། ལུང་དང་སྦྱར་བའོ། །དང་པོ་ལ་བཞི་ལས། དང་པོ་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ལ། བསམ་བྱུང་གི་རིགས་པ། སྒོམ་བྱུང་གི་རྣལ་འབྱོར། བསྒོམས་པའི་འབྲས་བུ་དང་གསུམ། དང་པོ་ནི། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་ཏུ་མེད་དེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ། དང་པོ་ནི། གང་ཟག་གི་བདག་མེད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར། དབྱེ་ན། གང་ཟག་གི་བདག་མེད་ཐོས་བསམ་གྱི་སྒོ་ནས་དོན་སྤྱིའི་ཚུལ་དུ། སྒོམ་བྱུང་གི་སྒོ་ནས་དོན་སྤྱིའི་ཚུལ་དུ། མངོན་སུམ་དུ་གསར་དུ་རྟོགས་པའི། མངོན་སུམ་དུ་རྟོགས་ཟིན་རྒྱུན་ལྡན་དུ་སྒོམ་པའི། མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་རྣལ་འབྱོར་གྱི་ས་དང་ལྔ། ས་མཚམས་ནི། ཚོགས་ལམ་ནས་སངས་རྒྱས་སའི་བར་དུའོ། །གསུམ་པ་ནི། གང་ཟག་གི་བདག་འཛིན་སྤོང་བའི་སྤངས་པ་ཕུན་ཚོགས་ཐོབ་པར་འགྱུར་བའོ། །གཉིས་པ་གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ལ་སྔར་ལྟར་གསུམ་ལས། དང་པོ་ནི། སྔོན་པོ་ཆོས་ཅན། སྔོ་འཛིན་ཚད་མ་ལས་རྫས་གཞན་པའི་ཕྱི་རོལ་གྱི་དོན་དུ་མེད་དེ། དེ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཞེས་པ་ལྟ་བུ། གཉིས་པ་ལ། མཚན་ཉིད་ནི། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར། དབྱེ་ན། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་ཚུལ་གྱི་སྒོ་ནས་སྔར་ལྟར་ལྔ། ས་མཚམས་ནི། ཐོབ་པ་ཙམ་གྱི་དབང་དུ། རང་རྒྱལ་གྱི་ཚོགས་ལམ་ནས། གཙོ་ཆེ་བའི་དབང་དུ་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་སོ། །གསུམ་པ་ནི། གཟུང་བ་ཆོས་ཀྱི་བདག་འཛིན་སྤོང་བའི་སྤངས་པ་ཕུན་ཚོགས་ཐོབ་པར་འགྱུར་པའོ། །གསུམ་པ་འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ལའང་སྔར་ལྟར་གསུམ་ལས། དང་པོ་ནི། ཕྱི་དོན་འཛིན་བྱེད་ཀྱི་ཤེས་པ་རང་བཞིན་གྱིས་མེད་དེ། ཡུལ་ཕྱི་རོལ་གྱི་དོན་རང་བཞིན་གྱིས་མེད་པའི་ཕྱིར། ཞེས་པའོ། །གཉིས་པ་ལ། མཚན་ཉིད་ནི། ཕྱི་དོན་འཛིན་བྱེད་ཀྱི་ཤེས་པ་རང་བཞིན་གྱིས་མེད་པར་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར། དབྱེ་ན། ཤེས་པ་བདེན་མེད་དུ་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་། མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་གྱི་ས་གཉིས། ས་མཚམས་ནི། ཐོབ་པ་ཙམ་གྱི་དབང་དུ་ཐེག་ཆེན་གྱི་ཚོགས་ལམ་ནས། གཙོ་ཆེ་བའི་དབང་དུ་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ནས་སོ། །གསུམ་པ་ནི། འཛིན་པ་ཆོས་ཀྱི་བདག་འཛིན་སྤོང་བའི་སྤངས་པ་ཕུན་ཚོགས་ཐོབ་པར་འགྱུར་བའོ། །བཞི་པ་སྤྲོས་བྲལ་རྟོགས་པ་རྣལ་འབྱོར་གྱི་ས་ལའང་སྔར་ལྟར་གསུམ་ལས། དང་པོ་ནི། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ལས། མཚན་ཉིད་ནི། སྤྲོས་བྲལ་སྟོང་པ་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར། དབྱེ་ན། སྟོང་ཉིད་རྟོགས་ཚུལ་གྱི་སྒོ་ནས་སྔར་ལྟར་ལྔ། ས་མཚམས་ནི། ཐོབ་པ་ཙམ་གྱི་དབང་དུ་ཐེག་ཆེན་གྱི་ཚོགས་ལམ་ནས་གཙོ་ཆེ་བའི་དབང་དུ་ས་དང་པོ་ནས་སོ། །གསུམ་པ་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་བའི་སྤངས་པ་མཐར་ཐུག་ཐོབ་པར་འགྱུར་བའོ། །གཉིས་པ་ནི། རྣལ་འབྱོར་ས་བཞིའི་རིམ་པ་འདི་ལྟར་དུ་སྟོན་པའི་རྒྱུ་མཚན་ཡོད་དེ། དང་པོར་ཕྱི་རོལ་པའི་ལྟ་ངན་བཀག་ནས་མངོན་མཐོའི་ཕུན་ཚོགས་ལ་སྦྱོར། དེ་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་ལ་འགོད། དེ་གཟུང་འཛིན་གྱི་ཤེས་པ་བདག་མེད་རྟོགས་པའི་ལྟ་བ་ལ་འགོད། དེ་རིམ་གྱིས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ལྟ་བ་ལ་འགོད་པའི་ཕྱིར། རིན་ཆེན་ཕྲེང་བ་ལས། དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པའོ། །ཞེས་སོ། །གསུམ་པ་ནི། སྤང་བྱའི་སྒོ་ནས་རྣལ་འབྱོར་ས་བཞིར་བཞག་པ་ཡིན་ཏེ། སྤང་བྱ་ལ་ཉོན་མོངས་པ། གཟུང་བ་ཆོས་ཀྱི་བདག་འཛིན། འཛིན་པ་ཆོས་ཀྱི་བདག་འཛིན། དེ་དག་གི་ས་བོན་བཞི་ཡོད་ཅིང་། དེ་བཞི་འཇོམས་པའི་དབང་དུ་བྱས་ནས་ས་བཞི་རིམ་ཅན་དུ་བཞག་པའི་ཕྱིར། བཞི་པ་ལ། དང་པོ་ནི། ལུང་སིལ་བུ་ལས། འདི་ན་བདག་གམ་སེམས་ཅན་མེད། ཆོས་འདི་ཐམས་ཅད་རྒྱུ་དང་བཅས། །ཞེས་པས་བསྟན། ཕྱི་མ་གསུམ་ནི། ལང་གཤེགས་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཡང་དག་དམིགས་པ་ལ་བརྟེན་ནས། །སེམས་ཙམ་ལས་ཀྱང་ཤིན་ཏུ་འདའ། །སེམས་ཙམ་ལས་ནི་འདས་ནས་ཀྱང་། །སྣང་བ་མེད་ལ་གནས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་པས་བསྟན་ཏོ། །ངག་དོན་ནི། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ས་བཞི་ཐོབ་པའི་ལམ་ཡིན་ཏེ། སྤྲོས་བྲལ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ལམ་ཡིན་པའི་ཕྱིར། གསུམ་པ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་པའི་སྐབས་སུ་གཉིས་ཀྱི། དང་པོ་དབུ་མ་ལ། མཚན་ཉིད། དབྱེ་བ། ལྟ་བ་གཏན་ལ་འབེབས་པའི་རིགས་པ་དང་གསུམ། དང་པོ་ནི། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་ཆོས། གཉིས་པ་ལ། གཞི་དབུ་མ། ལམ་དབུ་མ། འབྲས་བུ་དབུ་མ་དང་གསུམ། དང་པོའི་མཚན་ཉིད། ལམ་དབུ་མས་སྒྲོ་འདོགས་གཅད་པར་བྱ་བའི་གཞིར་གྱུར་པ། མཚན་གཞི། ཆོས་ཐམས་ཅད་དོ། །གཉིས་པའི་མཚན་ཉིད། སྟོང་ཉིད་རྟོགས་པའི་དབུ་མ་པའི་རྒྱུད་ཀྱི་མཁྱེན་པ། དེ་དང་དབུ་མའི་ལྟ་བ་དོན་གཅིག །དབྱེ་ན། རྟོགས་བྱ་ཡུལ་ལ་ལྟ་བར་བྱས་པ་དང་། རྟོག་བྱེད་ལམ་གྱི་ལྟ་བར་བྱེད་པ་གཉིས། དང་པོ་ནི། གནས་ལུགས་དེ་བཞིན་ཉིད་དོ། །གཉིས་པ་ནི། ཐེག་ཆེན་གྱི་ལམ་ལྔ་ལྟ་བུའོ། །དང་པོ་དབུ་མའི་ལྟ་བ་བཏགས་པ་བ་ཡིན་ཏེ། ཡུལ་ལ་ཡུལ་ཅན་གྱི་མིང་གིས་བཏགས་པའི་ཕྱིར། ཕྱི་མ་མཚན་ཉིད་པ་ཡིན་ནོ། །གསུམ་པའི་མཚན་ཉིད། ལམ་དབུ་མ་བསྒོམ་སྟོབས་ཀྱིས་ཐོབ་པའི་བླ་ན་མེད་པའི་བྱང་ཆུབ། མཚན་གཞི། སངས་རྒྱས་ཀྱི་སྐུ་བཞི་ལྟ་བུའོ། །གསུམ་པ་ལ། བདེན་འཛིན་གྱི་ལོག་རྟོག་དགག་པའི་ཕྱིར་དུ་ཐལ་འགྱུར་དང་། བདག་མེད་རྟོགས་པའི་རིག་ཤེས་རྗེས་དཔག་བསྐྱེད་པའི་ཕྱིར་དུ་གཏན་ཚིགས་བཤད་པ་གཉིས། དང་པོ་ལ། དངོས་སྨྲ་བས་བཏགས་པའི་བདེན་འཛིན་གྱི་ལོག་རྟོག་གི་ཞེན་ཡུལ་དུ་སུན་འབྱིན་པའི་དབུ་མ་པའི་ཐལ་འགྱུར་བཞི་སྟེ། གཞན་ལ་གྲགས་པའི་རྗེས་དཔག་བསྐྱེད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཀྱི། གཞན་ལ་འགལ་བ་བརྗོད་པའི། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པ་བརྗོད་པའི་ཐལ་འགྱུར་རོ། །དང་པོ་ནི། དངོས་སྨྲ་བ་རང་གི་ཁས་བླངས་རྟགས་སུ་བཀོད་ནས་མི་འདོད་པ་ཐལ་བར་འཕེན་པར་བྱེད་པའི་ཐལ་འགྱུར་རོ། །དཔེར་ན་མྱུ་གུ་ཆོས་ཅན། སྐྱེ་བ་རྒྱུ་རྐྱེན་ལ་རག་མ་ལས་པར་ཐལ། རང་བཞིན་གྱིས་གྲུབ་པའི་ཕྱིར། ཞེས་པ་ལྟ་བུ། གཉིས་པ་ནི། མགོ་མཚུངས་ཀྱི་རིགས་པའི་སྒོ་ནས་བདེན་གྲུབ་འགོག་པར་བྱེད་པའི་ཐལ་འགྱུར་རོ། །དཔེར་ན་རྣ་བའི་རྣམ་པར་ཤེས་པ་གཟུགས་ལ་ལྟ་བྱེད་དུ་ཐལ། མིག་གི་རྣམ་པར་ཤེས་པ་གཟུགས་ལ་ལྟ་བྱེད་དུ་རང་བཞིན་གྱིས་གྲུབ་པའི་ཕྱིར། ཞེས་པ་ལྟ་བུའོ། །གསུམ་པ་ནི། ཁས་བླངས་ནང་འགལ་གྱི་སྒོ་ནས་བདེན་གྲུབ་འགོག་པར་བྱེད་པའི་ཐལ་འགྱུར་རོ། །དཔེར་ན་དངོས་སྨྲ་བ་ཆོས་ཅན། སྒྲིབ་པ་གཉེན་པོའི་སྟོབས་ཀྱིས་སྤང་དུ་མི་རུང་བར་ཐལ། དེ་བདེན་པར་གྲུབ་པའི་ཕྱིར། ཞེས་པ་ལྟ་བུའོ། །བཞི་པ་ནི། དངོས་པོ་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་ལ་སྐྱོན་བརྗོད་པའི་ཐལ་འགྱུར་རོ། །དཔེར་ན་དངོས་སྨྲ་བས། གཟུགས་ཀྱི་ཕུང་པོ་རང་བཞིན་གྱིས་ཡོད་དེ། རྣམ་ཤེས་ཀྱི་ཕུང་པོ་རང་བཞིན་གྱིས་ཡོད་པའི་ཕྱིར་ཅེ་ན། རྣམ་ཤེས་ཀྱི་ཕུང་པོ་རང་བཞིན་གྱིས་ཡོད་པ་དེས་གཟུགས་ཕུང་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དུ་མི་འཐད་པར་ཐལ། གཟུགས་ཕུང་རང་བཞིན་གྱིས་གྲུབ་པ་འགོག་བྱེད་ཀྱི་རིགས་པ་དེས། རྣམ་ཤེས་ཀྱི་ཕུང་པོ་རང་བཞིན་གྱིས་ཡོད་པ་འགོག་ནུས་པའི་ཕྱིར། ཞེས་པ་ལྟ་བུའོ། །རྩ་ཤེས་ལས། སྟོང་པ་ཉིད་ཀྱིས་རྩོད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲར་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་ཟིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་སོ། །གཉིས་པ་ལ། ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་གཏན་ཚིགས། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་གྱི་གཏན་ཚིགས་དང་བཞི། དང་པོ་ནི། གཟུགས་སོགས་ཀྱི་སྣང་བ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མ་གང་རུང་དུ་མེད་པའི་ཕྱིར། དཔེར་ན། གཟུགས་བརྙན་བཞིན་ནོ། །དབུ་མ་རྒྱན་ལས། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་སོ། །གཉིས་པ་ནི། གཟུགས་སོགས་ཀྱི་སྣང་བ་ཆོས་ཅན། བདེན་པའི་སྐྱེ་བ་མེད་དེ། དོན་དམ་པར་བདག་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་ལས་མི་སྐྱེ་བའི་ཕྱིར། རྩ་ཤེས་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །གསུམ་པ་ནི། གཟུགས་སོགས་ཀྱི་སྣང་བ་ཆོས་ཅན། བདེན་པའི་སྐྱེ་བ་མེད་དེ། དོན་དམ་པར་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་མི་སྐྱེ་བའི་ཕྱིར། སྟོང་ཉིད་བདུན་ཅུ་པ་ལས། ཡོད་མིན་དེ་ཕྱིར་སྟོང་པ་ཡིན། །ཡོད་ཕྱིར་ཡོད་པ་སྐྱེ་མིན་ཏེ། །མེད་ཕྱིར་མེད་པ་སྐྱེ་མ་ཡིན། །ཆོས་མི་མཐུན་ཕྱིར་ཡོད་མེད་མིན། །སྐྱེ་བ་མེད་པས་གནས་འགག་མེད། །ཅེས་སོ། །བཞི་པ་ལ། མེད་མཐའ་འགོག་པ་དང་། ཡོད་མཐའ་འགོག་པ་གཉིས། དང་པོ་ནི། གཟུགས་སོགས་ཀྱི་སྣང་བ་ཆོས་ཅན། ཐ་སྙད་དུ་མེད་པ་མ་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། དོན་དམ་དུ་ཡོད་པ་མ་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། རྩ་ཤེས་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །དེས་ན་རྣམ་གྲོལ་དོན་གཉེར་གྱི་གང་ཟག་རྣམས་ཀྱིས་བདེན་འཛིན་གྱི་ལོག་རྟོག་བསལ་ནས་བདག་མེད་རྟོགས་པའི་ལྟ་བ་ལ་བརྩོན་པ་ཆེར་བསྐྱེད་རིགས་ཏེ། མཐར་ཐུག་ཐར་པ་ཐོབ་པ་འདི་ལ་རག་ལས་པའི་ཕྱིར། བཞི་བརྒྱ་པ་ལས། ཡང་དག་མཐོང་ན་གནས་མཆོག་ལ། །ཅུང་ཟད་མཐོང་ན་བཟང་འགྲོ་སྟེ། །དེ་ཕྱིར་ནང་བདག་བསམ་པ་ལ། །མཁས་པས་རྟག་ཏུ་བློ་གྲོས་བསྐྱེད། །ཅེས་སོ། །ངག་དོན་ནི། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། དབུ་མ་པའི་ལྟ་བ་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། གསུམ་པ་ལ། མཐོང་ལམ་རྩེ་སྦྱོར་གྱི་ངོ་བོ་དང་། ཁྱད་པར་གྱི་ལམ་གཉིས། དང་པོ་ནི། སྦྱིན་པ་ལ་སོགས་རེ་རེར་ནི། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་མཐོང་ལམ་རྩེ་སྦྱོར་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཕ་རོལ་ཏུ་ཕྱིན་པ་རེ་རེར་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། དེ་དང་ཐེག་ཆེན་གྱི་མཐོང་ལམ་དོན་གཅིག །དབྱེ་ན། བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་གྱིས་བསྡུས་པ་གཉིས་སོ། །ངག་དོན་ནི། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཐོང་ལམ་རྩེ་སྦྱོར་ཡིན་ཏེ། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་རེ་རེར་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་པའི་སྐབས་སུ་རྟེན་འབྲེལ་གྱི་རྣམ་གཞག་སྐབས་སུ་བབས་ཀྱང་གཞན་དུ་ཤེས་སོ། །

གསུམ་པ་སྒོམ་ལམ་རྩེ་སྦྱོར་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། སྒོམ་ལམ་རྩེ་སྦྱོར་བཤད་པ་དང་། ཐོད་རྒལ་བཤད་པ་གཉིས། དང་པོ་ལ། མཚན་ཉིད་ནི། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། དེ་དང་ཐེག་ཆེན་གྱི་སྒོམ་ལམ་དོན་གཅིག །དབྱེ་ན། མཉམ་བཞག་དང་། རྗེས་ཐོབ་ཀྱིས་བསྡུས་པའི་སྒོམ་ལམ་རྩེ་སྦྱོར་གཉིས་ཡོད། ཐོད་རྒལ་གྱི་རྣམ་གཞག་གཞན་དུ་ཤེས། ངག་དོན་ནི། ས་གཉིས་པའི་བར་ཆད་མེད་ལམ་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར།

བཞི་པ་བར་ཆད་མེད་པའི་རྩེ་སྦྱོར་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། མཚན་ཉིད། དམིགས་རྣམ། བསལ་བྱ་ལོག་སྒྲུབ་དང་གསུམ། དང་པོ་ནི། རང་གི་དངོས་འབྲས་རྣམ་མཁྱེན་བསྐྱེད་པ་ལ་ཆོས་གཞན་གྱིས་བར་གཅོད་པར་མི་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག །མཚན་གཞི། རྒྱུན་མཐའི་ཡེ་ཤེས་ལྟ་བུའོ། །གཉིས་པ་ལ། བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་པ། དེའི་རྣམ་པ། དེའི་བདག་རྐྱེན་དང་གསུམ། དང་པོའི་མཚན་ཉིད། བར་ཆད་མེད་པའི་རྩེ་སྦྱོར་གྱིས་སྒྲོ་འདོགས་གཅད་པར་བྱ་བའི་གཞིར་གྱུར་པའི་ཆོས། མཚན་གཞི། བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཐམས་ཅད་དོ། །གཉིས་པའི་མཚན་ཉིད། དེས་ཡུལ་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག །མཚན་གཞི། བར་ཆད་མེད་པའི་རྩེ་སྦྱོར་གྱིས་སྟོང་ཉིད་རྟོགས་པའི་འཛིན་སྟངས་ལྟ་བུ། གསུམ་པའི་མཚན་ཉིད། དེ་རང་དབང་དུ་གཙོ་བོར་སྐྱེད་བྱེད། མཚན་གཞི། རྒྱུན་མཐའི་སྔ་ལོགས་ཀྱི་བདེན་གཉིས་ཀྱི་དམིགས་རྣམ་མི་བརྗེད་པའི་དྲན་པ་ལྟ་བུའོ། །གལ་ཏེ་རྣམ་མཁྱེན་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་པར་མི་འགྱུར་རམ་ཞེ་ན་སྐྱོན་མེད་དེ། སྤྱིར་དམིགས་པ་དམིགས་ཚུལ་ལ། དོན་སྤྱིའི་ཚུལ་དུ་དམིགས་པ། དངོས་སུ་དམིགས་པ། མངོན་སུམ་ཇི་ལྟ་བ་བཞིན་དུ་དམིགས་པ་གསུམ་དུ་ཡོད་པའི་ཕྱིར། གསུམ་པ་ལ། མཚན་ཉིད། དབྱེ་བ། སེལ་བྱེད་ཀྱི་ལན་དང་གསུམ། དང་པོ་ནི། བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་ཅིག་ཤོས་སུན་འབྱིན་པར་བྱེད་པའི་ལོག་རྟོག་དང་། ལོག་ཤེས་དེས་ཀུན་ནས་བསླངས་པའི་ཐལ་ངག་གང་རུང་། གཉིས་པ་ལ། བསལ་བྱ་ལོག་རྟོག་དང་། བསལ་བྱ་ཀླན་ཀ་གཉིས། དང་པོའི་མཚན་ཉིད། བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་ཅིག་ཤོས་སུན་འབྱིན་པར་བྱེད་པའི་ལོག་ཤེས། མཚན་གཞི་ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་དུ་མེད་པ་འགལ་བར་འཛིན་པའི་རྟོག་པ་ལྟ་བུ། གཉིས་པའི་མཚན་ཉིད། བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་ཅིག་ཤོས་སུན་འབྱིན་པར་བྱེད་པའི་ཐལ་ངག །དབྱེ་ན། དམིགས་པ་འཐད་དང་དེ་ཡི་ནི། །ཞེས་སོགས་ཀྱི་སྐབས་ནས་བསལ་བྱ་ཀླན་ཀ་བཅུ་དྲུག །བསྡུ་ན། ཀུན་རྫོབ་སྒོ་ཅན་གྱི་བསལ་བྱ་ཀླན་ཀ་དང་། དོན་དམ་སྒོ་ཅན་གྱི་བསལ་བྱ་ཀླན་ཀ་གཉིས། དང་པོའི་མཚན་ཉིད། བསལ་བྱ་ཀླན་ཀ་གང་ཞིག །ཀུན་རྫོབ་ཀྱི་ཁས་བླངས་གཙོ་བོར་རྟགས་སུ་བཀོད་པ། དབྱེ་ན། ཀུན་རྫོབ་ཀྱི་ཁས་བླངས་རྟགས་སུ་བཀོད་ནས་དོན་དམ་སུན་འབྱིན་པ་དང་། དེ་རྟགས་སུ་བཀོད་ནས་ཀུན་རྫོབ་སུན་འབྱིན་པའི་བསལ་བྱ་ཀླན་ཀ་གཉིས། དང་པོ་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རང་བཞིན་གྱིས་ཡོད་པར་ཐལ། རྣམ་མཁྱེན་གྱི་དམིགས་པ་འཐད་པའི་ཕྱིར། ཞེས་པ་ལྟ་བུའོ། །གཉིས་པ་ནི། འདུས་བྱས་རྟག་པར་འཛིན་པའི་བློ་ཕྱིན་ཅི་ལོག་དེ་མེད་པར་ཐལ། འདུས་བྱས་མི་རྟག་པ་ཉིད་དུ་རྣམ་པར་བཞག་པའི་ཕྱིར། ཞེས་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། དེ་གང་ཞིག །དོན་དམ་གྱི་ཁས་བླངས་རྟགས་སུ་བཀོད་ནས་ཅིག་ཤོས་སུན་འབྱིན་པར་བྱེད་པའི་ཐལ་ངག །མཚན་གཞི། རྣམ་མཁྱེན་གྱི་དམིགས་པ་མི་འཐད་པར་ཐལ། འདུས་བྱས་དང་འདུས་མ་བྱས་རང་བཞིན་གྱིས་མེད་པའི་ཕྱིར། ཞེས་པ་ལྟ་བུ། གསུམ་པ་ནི། བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་དང་། དེས་ཀུན་ནས་བསླངས་པའི་རིགས་པ་རྣམ་དག་གིས་སེལ་བར་བྱེད་དེ། བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བསལ་བྱ་ལོག་རྟོག་ས་བོན་དང་བཅས་པ་འཇོམས་པར་བཤད་པའི་ཕྱིར་ཏེ། དེས་ཀུན་ནས་བསླངས་པའི་རིགས་པས་བསལ་བྱ་ཀླན་ཀ་དང་ཡུལ་དང་བཅས་པ་སེལ་བར་བཤད་པའི་ཕྱིར། ངག་དོན་ནི། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་ཡིན་ཏེ། རང་འབྲས་རྣམ་མཁྱེན་གྱི་དངོས་རྒྱུར་གྱུར་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། སྤྱི་དོན་སྙིང་པོར་དྲིལ་བ་བདུད་རྩིའི་ཉིང་ཁུ་ལས། རྩེ་སྦྱོར་བཤད་པའི་སྐབས་ཏེ་ལྔ་པའོ།། །།

མཐར་གྱིས་པའི་སྦྱོར་བ།

རྩ་བའི་ས་བཅད་གཉིས་པ་བརྟེན་པ་རྒྱུ་འབྲས་ལ་བརྟན་པ་ཐོབ་པའི་དོན་དུ་སྒོམ་པ་མཐར་གྱིས་པའི་སྦྱོར་བ་དང་། བརྟན་པ་ཐོབ་ནས་ཅིག་ཅར་དུ་སྒོམ་པ་སྐད་ཅིག་མའི་སྦྱོར་བ་གཉིས། དང་པོ་ནི། སྦྱིན་པ་ཤེས་རབ་བར་དག་དང་། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་མཐར་གྱིས་པའི་སྦྱོར་བ་ལ། མཚན་གཞི། མཚན་ཉིད། དབྱེ་བ། བསྡུ་བ་དང་བཞི། དང་པོ་ལ། འཕགས་གྲོལ་དང་། སློབ་དཔོན་གྱི་ལུགས་གཉིས། དང་པོ་ནི། ཐེག་ཆེན་གྱི་ཚོགས་ལམ་ཡང་མཐར་གྱིས་པའི་སྦྱོར་བ་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པ་རིམ་བཞིན་དུ་སྒོམ་པར་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར། ཞེས་གསུངས་སོ། །གཉིས་པ་ནི། ཚོགས་ལམ་དང་དྲོད་སྐད་ཅིག་དང་པོ་ན་མཐར་གྱིས་པའི་སྦྱོར་བ་མེད་དེ། མཐར་གྱིས་པའི་སྦྱོར་བ་ཡིན་ན་རང་རྒྱུ་རྩེ་སྦྱོར་ལས་བྱུང་དགོས་པའི་ཕྱིར་ཏེ། འདིར་བསྟན་སྦྱོར་བ་བཞིའི་གོ་རིམ་ནི། རྒྱུ་འབྲས་དོན་གྱི་གོ་རིམ་ཡིན་པའི་ཕྱིར། རྒྱུན་མཐའ་ན་མཐར་གྱིས་སྦྱོར་བ་མེད་དེ། དེར་མཁྱེན་གསུམ་གྱི་རྣམ་པ་རིམ་ཅན་དུ་སྒོམ་པ་མེད་པའི་ཕྱིར་ཏེ། དེར་མཁྱེན་གསུམ་གྱི་རྣམ་པ་དུས་སྐད་ཅིག་མ་གཅིག་ལ་སྒོམ་པའི་ཕྱིར་ཏེ། ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། དེས་ན་ཐེག་ཆེན་གྱི་སྦྱོར་ལམ་དྲོད་སྐད་ཅིག་གཉིས་པ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་གྱི་མཁྱེན་པ་རྣམས་ནི་དེའི་མཚན་གཞིའོ། །གཉིས་པ་གོང་དུ་བཤད་ཟིན།

གསུམ་པ་ལ་ཕར་ཕྱིན་དྲུག་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ་དྲུག །སངས་རྒྱས། ཆོས། དགེ་འདུན། ཚུལ་ཁྲིམས། གཏོང་བ། ལྷ་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ་དྲུག །དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་སྦྱོར་བ་དང་བཅུ་གསུམ། དང་པོའི་མཚན་ཉིད། མཐར་གྱིས་སྦྱོར་བ་གང་ཞིག །སྦྱིན་པའི་ཕར་ཕྱིན་གྱི་ཡོན་ཏན་དོན་དམ་པར་དྲན་པ་མེད་ཅིང་། ཀུན་རྫོབ་ཏུ་རྗེས་སུ་དྲན་ནས་རིམ་ཅན་དུ་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། དེས་ཕར་ཕྱིན་ཕྱི་མ་ལྔ་ལ་རིགས་འགྲེ། དེ་གང་ཞིག །སངས་རྒྱས་དཀོན་མཆོག་གི་ཡོན་ཏན་དོན་དམ་པར་རྗེས་སུ་དྲན་པ་མེད་ཅིང་། ཀུན་རྫོབ་ཏུ་རྗེས་སུ་དྲན་ནས་རིམ་ཅན་དུ་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། དེས་ཕྱི་མ་ལྔ་ལ་རིགས་འགྲེ། དེ་གང་ཞིག །ཆོས་ཐམས་ཅད་བདེན་པའི་དངོས་པོ་མེད་པར་རྟོགས་ནས་རིམ་ཅན་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར།

བཞི་པ་ནི། ཆོས་བཅུ་གསུམ་པོ་བསྡུ་ན། སྦྱོར་བ་ཕུན་སུམ་ཚོགས་པ། བསམ་པ་ཕུན་སུམ་ཚོགས་པ། དེ་གཉིས་ཀ་རྣམ་པར་དག་པར་བྱེད་པའི་ཆོས་གསུམ་དུ་འདུས་ཏེ། དེའི་དབང་དུ་བྱས་ནས། ཕར་ཕྱིན། རྗེས་དྲན། དངོས་མེད་ངོ་བོ་ཉིད་རྟོགས་རྣམས་རིམ་བཞིན་བཞག་པའི་ཕྱིར། ཡང་ན། ལམ་གྱི་དངོས་པོ། ལམ་ལ་འཇུག་པའི་རྟེན། ལམ་གྱི་ཡན་ལག །ལམ་ཉམས་སུ་ལེན་པའི་དབང་པོ། ལམ་རྣམ་པར་དག་པའི་ཆོས་ལྔར་འདུས་ཏེ། དེའི་དབང་དུ་བྱས་ནས་ཕར་ཕྱིན་དྲུག །དཀོན་མཆོག་གསུམ། ཚུལ་ཁྲིམས་དང་གཏོང་བ་གཉིས། ལྷ་རྗེས་དྲན་དྲུག །དངོས་མེད་ངོ་བོ་ཉིད་རྟོགས་རྣམས་རིམ་བཞིན་བཞག་པའི་ཕྱིར། ངག་དོན་ནི། མཐར་གྱིས་པའི་སྦྱོར་བ་ཆོས་ཅན། ཁྱོད་ལ་དབྱེ་ན་བཅུ་གསུམ་ཡོད་དེ། ཕར་ཕྱིན་དྲུག་རྗེས་དྲན་གྱི་མཐར་གྱིས་སྦྱོར་དྲུག་ལ་སོགས་པ་བཅུ་གསུམ་དུ་ཡོད་པའི་ཕྱིར། སྤྱི་དོན་སྙིང་པོར་དྲིལ་བ་བདུད་རྩིའི་ཉིང་ཁུ་ལས། མཐར་གྱིས་པའི་སྦྱོར་བ་བཤད་པའི་སྐབས་ཏེ་དྲུག་པའོ།། །།

སྐད་ཅིག་མའི་སྦྱོར་བ།

རྩ་བའི་ས་བཅད་གཉིས་པ་སྐད་ཅིག་མའི་སྦྱོར་བ་ནི། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལ། མཚན་ཉིད། དབྱེ་བ། བསྡུ་བ། ས་མཚམས་དང་བཞི། དང་པོ་གོང་དུ་བསྟན་ཟིན། སྐབས་འདིའི་སྐད་ཅིག་མ་ནི་དུས་མཐའི་སྐད་ཅིག་མའོ། །གཉིས་པ་ལ། རྣམ་པར་སྨིན་པ་མ་ཡིན་པའི། རྣམ་པར་སྨིན་པའི། མཚན་ཉིད་མེད་པའི། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་དང་བཞི། དང་པོ་ལ། མཚན་ཉིད་དང་། ཟག་མེད་ཀྱི་ཡོན་ཏན་བསྡུས་ཚུལ་གཉིས། དང་པོ་ནི། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་བྱས་པ་ན། དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཡོན་ཏན་རྣམས་མངོན་དུ་བྱེད་ནུས་ཀྱི་སེམས་དཔའི་རྣལ་འབྱོར་མཐར་ཐུག །གཉིས་པ་ལ། སྡུད་བྱེད། བསྡུ་བྱ། བསྡུས་ཚུལ་དང་གསུམ། དང་པོ་ནི། རྒྱུན་མཐའི་གནས་སྐབས་ཀྱི་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ཡོན་ཏན་གྱི་རྟོགས་རིགས་སོ། །གཉིས་པ་ནི། སྦྱིན་པ་ལ་སོགས་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་ཟག་མེད་ཀྱི་ཡོན་ཏན་རྣམས་སོ། །གསུམ་པ་ནི། རྒྱུན་མཐར་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཡོན་ཏན་རྣམས་མངོན་དུ་བྱེད་པའི་དཔེ་ནི། བཟོ་བོ་མཁས་པས་སྔོན་བཟོ་ལེགས་པར་བྱས་པའི་མཐུ་ལས། ཟོ་ཆུན་གྱི་རྒྱུད་ཐམས་ཅད་ཅིག་ཅར་དུས་གཅིག་ཏུ་འགུལ་བ་ལྟ་བུའོ། །

གཉིས་པའི་མཚན་ཉིད། རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན། དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་ཀུན་མངོན་དུ་བྱེད་ནུས་ཀྱི་སེམས་དཔའི་རྣལ་འབྱོར་མཐར་ཐུག །མཚན་གཞི། ས་བརྒྱད་པ་ཡན་ཆོད་ཀྱི་ཡོན་ཏན་ནི་རྣམ་པར་སྨིན་པའི་ཡོན་ཏན་ཏེ། འབད་རྩོལ་གྱི་མཚན་མ་ཉེ་བར་ཞི་བའི་ཡོན་ཏན་ཡིན་པའི་ཕྱིར། རྒྱུད་བླར། མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་ཡིན། །ཞེས་སོ། །དེས་ན་ས་བདུན་པ་མན་ཆད་ཀྱི་ཟག་མེད་ཀྱི་ཡོན་ཏན་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །

གསུམ་པའི་མཚན་ཉིད། ཆོས་གཅིག་བདེན་པའི་མཚན་ཉིད་མེད་པར་རྟོགས་པ་ན། དེ་དང་རིགས་མཐུན་པའི་ཆོས་ཀུན་བདེན་པའི་མཚན་ཉིད་མེད་པར་རྟོགས་ནུས་ཀྱི་སེམས་དཔའི་རྣལ་འབྱོར་མཐར་ཐུག །

བཞི་པའི་མཚན་ཉིད། ཆོས་གཅིག་གཟུང་འཛིན་བདེན་པ་བ་མེད་པར་རྟོགས་པ་ན། དེ་དང་རིགས་མཐུན་པའི་ཆོས་ཀུན་གཟུང་འཛིན་བདེན་པ་བ་གཉིས་སུ་མེད་པར་རྟོགས་ནུས་ཀྱི་སེམས་དཔའི་རྣལ་འབྱོར་མཐར་ཐུག །

གསུམ་པ་ནི། བཞི་པོ་བསྡུ་ན། ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་དང་། ཤེས་རབ་ཀྱིས་ཤེས་བྱ་ཤེས་པའི་རྣལ་འབྱོར་གཉིས་སུ་འདུས་ཏེ། དང་པོའི་དབང་དུ་བྱས་ནས་ས་དང་པོ་གཉིས། གཉིས་པའི་དབང་དུ་བྱས་ནས་ཕྱི་མ་གཉིས་བཞག་པའི་ཕྱིར། དེ་ཡང་དང་པོ་ནི། སྦྱིན་པ་ལ་སོགས་རེ་རེས་ཀྱང་། ཞེས་སོགས་ཀྱིས་བསྟན། དེའི་དཔེ་ནི། ཇི་ལྟར་སྐྱེས་བུས་ཞེས་སོགས། གཉིས་པ་ནི། གང་ཚེ་ཆོས་དཀར་ཞེས་སོགས། གསུམ་པ་ནི། སྦྱིན་པ་ལ་སོགས། ཞེས་སོགས།

བཞི་པ་ནི། རྨི་ལམ་དང་ནི་ཞེས་སོགས་སོ། །བཞི་པ་ནི། རྒྱུན་མཐའ་ཁོ་ནར་ཡོད་དོ། །ངག་དོན་ནི། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་རིགས་རྣམས་དུས་སྐད་ཅིག་མ་གཅིག་ལ་མངོན་དུ་བྱེད་ནུས་ཀྱི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། སྤྱི་དོན་སྙིང་པོར་དྲིལ་བ་བདུད་རྩིའི་ཉིང་ཁུ་ལས། སྐད་ཅིག་མའི་སྦྱོར་བ་བཤད་པའི་སྐབས་ཏེ་བདུན་པའོ།། །།

ཐོབ་བྱ་འབྲས་བུ།

རྩ་བའི་ས་བཅད་གསུམ་པ་འབྲས་བུ་ཆོས་སྐུ་བཤད་པ་ལ། འབྲེལ་བཀོད་པའི་སྒོ་ནས་མཚམས་སྦྱར་བ་དང་། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་གཉིས། དང་པོ་ནི། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་འབྲས་བུ་ཆོས་སྐུ་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་གོང་དུ་བསྟན་ཟིན། དབྱེ་ན། སྐུ་བཞིའོ། །ངག་དོན་ནི། རྗེ་བཙུན་བྱམས་མགོན་ཆོས་ཅན། སྐད་ཅིག་མའི་སྦྱོར་བའི་འོག་ཏུ་འབྲས་བུ་ཆོས་སྐུ་བཤད་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་དངོས་རྒྱུ་དང་དངོས་འབྲས་སུ་འབྲེལ་བའི་ཕྱིར།

གཉིས་པ་ལ། བསྡུ་བ་སྤྱིར་བསྟན་པ་དང་། དཀའ་གནས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཆོས་སྐུ་མཚོན་བྱེད་ཀྱི་ཆོས་རྣམ་པ་བཞི་གསུངས་པ་དེ་ཡང་བསྡུ་ན། རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་གཉིས་སུ་འདུས། དང་པོ་ལ། སྤངས་པ་དང་། རྟོགས་པ་གཉིས་ལས། དང་པོའི་དབང་དུ་བྱས་ནས་ངོ་བོ་ཉིད་སྐུ། གཉིས་པའི་དབང་དུ་བྱས་ནས་རྟོགས་ཡེ་ཆོས་སྐུ་བཞག །དང་པོ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཞེས་སོགས་ཀྱིས་བསྟན། གཉིས་པ་ལ། ཆོས་སྐུའི་རང་བཞིན། ཡོན་ཏན་གྱི་ཁྱད་པར། རྩོད་པ་སྤོང་བ་དང་གསུམ། དང་པོ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། ཞེས་སོགས། གཉིས་པ་ལ། ཉོན་མོངས་པ་མེད་པ་དང་། སྨོན་ནས་མཁྱེན་པའི་ཡོན་ཏན་གཉིས། དང་པོ་ནི། ཉན་ཐོས་ཉོན་མོངས་ཞེས་སོགས། གཉིས་པ་ནི། སངས་རྒྱས་སྨོན་ནས་ཞེས་སོགས། གསུམ་པ་ལ། ཆོས་སྐུ་ཁྱབ་པ་ལ་རྩོད་པ་སྤོང་བ་དང་། ཁྱབ་རྟག་གཉིས་ཀ་ལ་རྩོད་པ་སྤོང་བ་གཉིས། དང་པོ་ལ། རྩོད་ལན་གཉིས་ལས། དང་པོ་ནི། རྟོགས་ཡེ་ཆོས་སྐུ་དེས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྐུ་སྣང་བའི་བདག་རྐྱེན་བྱེད་པར་ཐལ། དེ་སེམས་ཅན་གྱི་དོན་མཛད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་དང་དུས་རྟག་ཏུ་ལྡན་པའི་ཕྱིར། ཞེ་ན། ལན་ལ། སྐལ་ལྡན་ལ་སྣང་བའི་རྒྱུ་མཚན་དང་། སྐལ་མེད་ལ་མི་སྣང་བའི་དཔེ་གཉིས། དང་པོ་ནི། རྒྱུ་ནི་ཡོངས་སུ་ཞེས་སོགས། གཉིས་པ་ནི། ལྷ་ཡི་རྒྱལ་པོས་ཞེས་སོགས། གཉིས་པ་ལ། རྩོད་ལན་གཉིས། དང་པོ་ནི། ཆོས་སྐུ་ཆོས་ཅན། ཁྱབ་པ་ཞེས་བརྗོད་མི་རིགས་པར་ཐལ། ཤཱཀྱ་སེང་གེ་ལ་སོགས་པ་རྣལ་འབྱོར་བ་སོ་སོར་ངེས་པའི་རྒྱུད་ལ་ཡོད་པའི་ཕྱིར། རྟག་པ་ཞེས་བརྗོད་མི་རིགས་པར་ཐལ། སྐད་ཅིག་གིས་འཇིག་པའི་ཕྱིར། ཞེ་ན། ལན་ནི། དེ་ལྟར་མཛད་པ་ཞེས་སོགས། གཉིས་པ་གཟུགས་སྐུ་ལ། གདུལ་བྱ་དག་པ་འབའ་ཞིག་ལ་སྣང་བའི་ཆ་དང་། དག་མ་དག་སྣ་ཚོགས་ལ་སྣང་བའི་སྐུ་གཉིས་སུ་ཡོད་ཅིང་། དང་པོའི་དབང་དུ་བྱས་ནས་ལོངས་སྐུ་དང་། གཉིས་པའི་དབང་དུ་བྱས་ནས་སྤྲུལ་སྐུ་བཞག །དང་པོ་ལ། ངོ་བོ་མདོར་བསྟན་པ་དང་། ཡོན་ཏན་རྒྱས་པར་བཤད་པ་གཉིས། དང་པོ་ནི། མཚན་ནི་སུམ་ཅུ་ཞེས་སོགས། གཉིས་པ་ལ། མཚན་དང་དཔེ་བྱད་ཀྱི་ཡོན་ཏན་གཉིས། དང་པོ་ལ། ངོ་བོ་དང་། རྒྱུ་གཉིས། དང་པོ་ནི། ཕྱག་ཞབས་འཁོར་ལོས་ཞེས་སོགས་གཉིས་པ་ལ། བསྟན་བཤད་གཉིས། དང་པོ་ནི། འདི་ལ་མཚན་ནི་ཞེས་སོགས། གཉིས་པ་ནི། སྔ་མ་སྐྱེལ་མ་ཞེས་སོགས། གཉིས་པ་ནི། ཐུབ་པའི་སེན་མོ་ཞེས་སོགས། གཉིས་པ་སྤྲུལ་སྐུ་ནི། གང་གི་སྲིད་པ་ཞེས་སོགས། སྐུ་དེ་དག་གི་མཛད་པ་ཕྲིན་ལས་ཐུན་མོང་དུ་འཆད་པ་ནི། དེ་བཞིན་འཁོར་བ་ཞེས་སོགས་ཀྱིས་བསྟན། སྐུ་གསུམ་དུ་གྲངས་ངེས་པ་འཕགས་པ་གྲོལ་སྡེ་ལ་སོགས་པ་ལྟར་ན། འབྲས་བུ་ཆོས་སྐུ་ལ། རང་དོན་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་ཡོད་ཅིང་། ངོ་བོ་མདོར་བསྟན་པའི་ཚུལ་གྱིས་འཆད་པ་ནི། ཐུབ་པའི་ངོ་བོ་ཞེས་སོགས། དེའི་ཡོན་ཏན་རྒྱས་པར་བཤད་པ་ནི། བྱང་ཆུབ་ཕྱོགས། ཞེས་སོགས། གཉིས་པ་ངོ་བོ་མདོར་བསྟན་འཆད་པ་ནི། མཚན་ནི་སུམ་ཅུ་ཞེས་སོགས། དེའི་ཡོན་ཏན་རྒྱས་པར་བཤད་པ་ནི། ཕྱག་ཞབས་འཁོར་ལོས་ཞེས་སོགས། གསུམ་པའི་ངོ་བོ་མདོར་བསྟན་འཆད་པ་ནི། གང་གི་སྲིད་པ་ཞེས་སོགས། དེའི་ཡོན་ཏན་རྒྱས་པར་བཤད་པ་ནི། དེ་བཞིན་འཁོར་བ་ཞེས་སོགས་ཀྱིས་བསྟན་པར་བཞེད་དེ། དེ་དག་གིས་གདུལ་བྱ་དབང་རྟུལ་རྗེས་སུ་བཟུང་བའི་ཕྱིར་དུ་མངོན་པར་རྟོགས་པ་བརྒྱད་ཀྱི་ལམ་རིམ་རྒྱས་པར་བཤད་པ་ཡིན་ལ། དབང་འབྲིང་རྗེས་སུ་བཟུང་བའི་ཕྱིར་དུ་མངོན་པར་རྟོགས་པ་དྲུག་གི་ལམ་རིམ་ནི། མཚན་ཉིད་དེ་ཡི་སྦྱོར་བ་དང་། ཞེས་སོགས། མངོན་པར་རྟོགས་པ་གསུམ་གྱི་ལམ་རིམ་ནི། ཡུལ་ནི་རྣམ་པ་ཞེས་སོགས་ཀྱིས་བསྟན། བཤད་པ་མཐར་ཕྱིན་པའི་བྱ་བ་ནི། ལ་ལ་ལས་དོན་ཞེས་སོགས་ཀྱིས་བསྟན་ཏོ། །

གཉིས་པ་ལ། ཀླུ་སྒྲུབ་ཀྱིས་མཆོད་རྟེན་བརྒྱད་བསྟོད་དུ། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པའི། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར། དང་པོར་བྱང་ཆུབ་ཏུ་ཐུགས་བསྐྱེད་ཚུལ། བར་དུ་ཚོགས་གཉིས་བསགས་ཚུལ། མཐར་སངས་རྒྱས་པའི་ཚུལ། འབྲས་བུ་སངས་རྒྱས་ཀྱི་རྣམ་གཞག །མཛད་པ་ཕྲིན་ལས་ཀྱི་རྣམ་གཞག་དང་ལྔ། དང་པོ་ནི། བདག་ཅག་གི་སྟོན་པ་འདི་ལ་མཚོན་ན། ངེས་དོན་དུ་བསྐལ་པ་གྲངས་མེད་པའི་སྔོན་རོལ་ནས་བླ་ན་མེད་པའི་བྱང་ཆུབ་བརྙེས་སུ་ཟིན་ཀྱང་། གནས་སྐབས་ཚུལ་བསྟན་གྱི་དབང་དུ་བྱས་ནས། བསྐལ་བཟང་ལྟར་ན། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ལ། །འཇམ་གང་ཞིག་ནི་དབུལ་བར་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་ལྟ་བུའོ། །

གཉིས་པ་ལ། གང་གསོག་པར་བྱ་བའི་ཚོགས་ཀྱི་ངོ་བོ། ཇི་ཙམ་དུ་བསགས་པའི་དུས། ཇི་ལྟར་བསགས་པའི་ཚུལ་དང་གསུམ། དང་པོ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཏེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་བྱུང་། །ཞེས་སོ། །དེ་ཡང་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་སོ། །གཉིས་པ་ནི། མདོ་དང་བསྟན་བཅོས་ཕལ་ཆེ་བ་ལས་གྲངས་མེད་གསུམ་དུ་ཚོགས་བསགས་པ་བཤད་དེ། ཚོགས་ལམ་ས་དང་པོ་ལ་གྲངས་མེད་གཅིག །གཉིས་པ་ནས་བདུན་པའི་བར་ལ་གྲངས་མེད་གཅིག །དག་པ་ས་གསུམ་ལ་གྲངས་མེད་གཅིག་ཏུ་ཚོགས་བསགས་པར་བཤད་པའི་ཕྱིར། གཞན་ཡང་གྲངས་མེད་བདུན་དང་བཅུར་བཤད་པ་སོགས་དུ་མ་ཡོད་ཅིང་། དེ་དག་ཀྱང་ཚོགས་གསོག་པ་པོའི་གང་ཟག་གི་དབང་པོའི་ཁྱད་པར་ལ་དགོངས་པ་ཡིན་ནོ། །གསུམ་པ་ནི། སྟོན་པ་འདི་སྔོན་གཞོན་ནུ་བརྩོན་འགྲུས་སྤྱོད་དུ་གྱུར་པའི་ཚེ་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང་དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ཏེ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་དང་པོ་ཐོབ་པར་བཤད། དེའི་རྗེས་སུ་ཚོང་དཔོན་ཤེས་རབ་བཟང་པོར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང་དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ཏེ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བདུན་པའི་བར་དུ་ཐོབ་པར་བཤད། དེའི་རྗེས་སུ་བྲམ་ཟེའི་ཁྱེའུ་ཆོས་ཀྱི་སྤྲིན་ཞེས་བྱ་བར་གྱུར་པའི་ཚེ་སངས་རྒྱས་མར་མེ་མཛད་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང་དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ཏེ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བརྒྱད་པ་ལ་སོགས་པའི་རྟོགས་པ་ཐོབ་པར་བཤད་དེ། ལུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་འགྱུར་ཏེ། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཞེས་སོ། །

གསུམ་པ་ལ། ཇི་ལྟར་འཚང་རྒྱ་ཚུལ་དང་། སྤྲུལ་སྐུ་འཇིག་རྟེན་དུ་བྱོན་ཚུལ་གཉིས། དང་པོ་ནི། ལང་གཤེགས་ལས། གཙང་མའི་གནས་རྣམས་སྤངས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་དང་། སྟུག་པོ་བཀོད་པ་ལས། སངས་རྒྱས་ཐམས་ཅད་འོག་མིན་དུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་སོ། །གཉིས་པ་ནི། བསྐལ་པ་བཟང་པོ་འདི་ལ་མཚོན་ན། སངས་རྒྱས་སྟོང་ལ་སོགས་པ་འབྱོན་པར་བཤད། དུས་ནམ་གྱི་ཚེ་འབྱོན་ན། གནས་པའི་བསྐལ་པ་ལ་མར་འགྲིབ་ཀྱི་དུས་རྣམས་སུ་འབྱོན་པར་བཤད། ཚུལ་ཇི་ལྟར་འབྱོན་ན། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པས་མཚོན་ནོ། །

བཞི་པ་ལ། སྐུའི་བསྡུ་བ། སོ་སོའི་རང་བཞིན། གྲངས་ངེས་ཀྱི་རྣམ་གཞག་དང་གསུམ། དང་པོ་ནི། རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་གཉིས་སུ་འདུས་ཤིང་། ཆོས་ཉིད་ཀྱི་སྐུ་དང་། ཆོས་ཅན་གྱི་སྐུ་གཉིས་སུ་ཡང་འདུས་ཏེ། རྒྱུད་བླར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །ཞེས་དང་། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་སོ། །

གཉིས་པ་ལ་བཞི་ལས། དང་པོ་ངོ་བོ་ཉིད་སྐུ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ངོ་བོ་ཉིད་སྐུ་ལ། ཁྱད་ཆོས་སྤྱིར་བསྟན་པ་དང་། མཚན་ཉིད་བསྡུས་ཏེ་བསྟན་པ་གཉིས། དང་པོ་ལ། འདུས་མ་བྱས་པ། ཐ་དད་མེད་པ། མཐའ་གཉིས་སུ་འཛིན་པ་མེད་པ། རྣམ་པར་དག་པ། འོད་གསལ་བའི་ཁྱད་ཆོས་དང་ལྔ། དང་པོ་ནི། རང་དོན་དོན་དམ་པའི་སྐུ་ལ། ཐོག་མར་སྐྱེ་བ། བར་དུ་གནས་པ། མཐར་འགག་པ་དང་བྲལ་བའོ། །གཉིས་པ་ནི། དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་ཚུལ་གྱིས་ལྡན་པའོ། །གསུམ་པ་ནི། བདག་དང་བདག་མེད་ཀྱི་སྤྲོས་པའི་མཐའི་གཉིས་འཛིན་སྤངས་པའོ། །བཞི་པ་ནི། སྒྲིབ་པ་གསུམ་དང་བྲལ་བའི་གློ་བུར་རྣམ་དག་གི་ཡོན་ཏན་ནོ། །ལྔ་པ་ནི། དྲི་མ་མེད་ཅིང་རྣམ་རྟོག་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །རྒྱུད་བླར། དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །ཞེས་པའི་རྒྱས་བཤད་དུ། འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང་། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །ཞེས་སོ། །གཉིས་པ་ནི། རང་དོན་ཆོས་སྐུ་གང་ཞིག །སྤངས་པ་མཐར་ཐུག་གི་ཆོས་ཉིད་དུ་གྱུར་པའི་བྲལ་འབྲས། མཚན་གཞི། སངས་རྒྱས་སའི་སྒྲིབ་གཉིས་སྤངས་པའི་སྤངས་པ་ལྟ་བུའོ། །རྒྱུད་བླའི་ཊཱི་ཀར། མཐར་ཐུག་གི་སྤངས་རྟོགས་དབྱེར་མེད་ཅེས་པའི་དོན་ནི། མཐར་ཐུག་གི་རྟོགས་པ་གློ་བུར་བའི་དྲི་མ་མ་ལུས་པ་དང་བྲལ་བའི་བྲལ་ཆ་དེ་ཉིད་མཐར་ཐུག་གི་སྤངས་པ་ཡིན་ལ། དེ་དང་མཐར་ཐུག་གི་སྤངས་པ་གཉིས་བློས་ཐ་དད་དུ་ཕྱེ་བ་མ་གཏོགས། དོན་ལ་ངོ་བོ་ཐ་དད་མེད་ཅེས་པའི་དོན་ནོ། །ངག་དོན་ནི། དག་པ་གཉིས་ལྡན་གྱི་ཆོས་ཉིད་ཆོས་ཅན། ངོ་བོ་ཉིད་སྐུ་ཡིན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དུ་མ་ལྡན་པའི་དག་པ་གཉིས་ལྡན་གྱི་ཆོས་ཉིད་ཀྱི་སྐུ་ཡིན་པའི་ཕྱིར།

གཉིས་པ་ཆོས་སྐུ་ལ། རང་བཞིན་དང་། ཡོན་ཏན་གྱི་ཁྱད་པར་གཉིས། དང་པོ་ནི། དེ་ལྟར་སྐུ་དང་པོ་བསྟན་ནས་གཉིས་པ་ཆོས་ཀྱི་སྐུ། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་རྟོགས་ཡེ་ཆོས་སྐུ་ལ། ངོ་བོ། དབྱེ་བ། སོ་སོའི་རང་བཞིན། ཤེས་བྱ་མཁྱེན་ཚུལ་དང་བཞི། དང་པོ་ལ། ཁྱད་ཆོས་སྤྱིར་བསྟན་པ་དང་། མཚན་ཉིད་བསྡུས་ཏེ་བསྟན་པ་གཉིས། དང་པོ་ལ། ངོ་བོའི་ཁྱད་པར། གནས་གྱུར་གྱི། མཛད་པའི། ཡུལ་ཅན་གྱི། རྒྱུའི་ཁྱད་པར་དང་ལྔ། དང་པོ་ནི། གཟུང་འཛིན་གཉིས་སུ་མེད་པའི་སེམས་དང་སེམས་བྱུང་གིས་བསྡུས་པ་སྟེ། གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ། ཞེས་སོ། །གཉིས་པ་ནི། སྤང་བྱས་བསྡུས་པའི་ཟག་བཅས་མ་ལུས་པ་དང་བྲལ་བ་སྟེ། གནས་གྱུར་པས་གྱུར་པ་ཐམས་ཅད་ཀྱང་ཆོས་ཀྱི་སྐུར་མངོན་པར་བརྗོད་པ་ཡིན་ནོ། །ཞེས་སོ། །གསུམ་པ་ནི། གཞན་སྣང་གཟུགས་སྐུ་གཉིས་སུ་སྣང་བ་མ་འགགས་པས་སེམས་ཅན་གྱི་དོན་མཛད་པ་ཡིན་ཏེ། ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་སྒོ་ནས། ཞེས་སོ། །བཞི་པ་ནི། སངས་རྒྱས་ཁོ་ནའི་ཐུན་མོང་མ་ཡིན་པའི་མངོན་སུམ་གྱི་སྤྱོད་ཡུལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་རྣམ་པར་བཞག་པ་ཡིན་ནོ། །ཞེས་སོ། །ལྔ་པ་ལ། སྤྱིའི་རྒྱུ་དང་། སོ་སོའི་རྒྱུ་གཉིས། དང་པོ་ནི། ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འབྱུང་། །ཞེས་སོ། །གཉིས་པ་ནི། རྒྱན་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་བསྟན་ཕྱིར་དང་། །བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །ཞེས་སོ། །གཉིས་པ་ནི། ཤེས་བྱ་ཐམས་ཅད་མངོན་སུམ་དུ་རྟོགས་པ་མཐར་ཐུག་གི་མཁྱེན་པ། དེ་དང་རྣམ་མཁྱེན། ཀུན་མཁྱེན། སངས་རྒྱས་ཀྱི་ཡེ་ཤེས་རྣམས་དོན་གཅིག་གོ །གཉིས་པ་ནི། མེ་ལོང་ལྟ་བུ་ལ་སོགས་པ་བཞི་སྟེ། རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོགས། །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་སོ། །གསུམ་པ་ནི། ཆོས་ཐམས་ཅད་མེ་ལོང་དུ་འཆར་བའི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་མེད་མཉམ་པ་ཉིད་དུ་ཇི་སྙེད་པའི་ཆོས་རྣམས་མ་འདྲེས་པར་སོ་སོར་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས། སེམས་ཅན་མ་ལུས་པའི་དོན་སྒྲུབ་པའི་མཐར་ཐུག་གི་ཡེ་ཤེས་རྣམས་རིམ་བཞིན་མཚན་ཉིད་ཡིན་ལ། དེས་ན་དེ་བཞི་ངོ་བོ་གཅིག་ལ་ལྡོག་པའི་སྒོ་ནས་སོ་སོ་བ་ཕྱེ་བ་ཡིན་ནོ། །བཞི་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཡིན་ན་ཇི་ལྟ་ཇི་སྙེད་འདས་མ་འོངས་ཀྱི་ཆོས་ཐམས་ཅད་ཅིག་ཅར་དུ་མངོན་སུམ་དུ་མཁྱེན་པས་ཁྱབ་སྟེ། མདོ་ལས། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་དང་། རྒྱན་ལས། སངས་རྒྱས་རྣམས་ནི་མངོན་སུམ་མཁྱེན། །དུས་ལ་ཡེ་ཤེས་མ་བསྒྲིབས་སོ། །ཞེས་སོ། །ངག་དོན་ནི། སངས་རྒྱས་སའི་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཆོས་ཅན། རྟོགས་པ་ཡེ་ཤེས་ཆོས་སྐུ་ཡིན་ཏེ། ཟག་བཅས་མ་ལུས་པ་ཟག་མེད་དུ་གནས་གྱུར་པའི་མཐར་ཐུག་གི་ཡེ་ཤེས་ཡིན་པའི་ཕྱིར། གཉིས་པ་ལ། ཟད་པར། ཟིལ་གནོན། ཉོན་མོངས་མེད་པའི་ཏིང་ངེ་འཛིན་བཤད་པ་དང་གསུམ། དང་པོ་ནི། ཟད་པར་བཅུ་ཡི་བདག་ཉིད་དང་། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཟད་པར་གྱི་ཏིང་ངེ་འཛིན་ལ། ལུས་རྟེན། སེམས་རྟེན། བརྟེན་པ་ཟད་པར་གྱི་ཏིང་ངེ་འཛིན་དང་གསུམ། དང་པོ་ནི། དང་པོ་བརྒྱད་སྔར་མེད་གསར་དུ་སྐྱེ་བ་འདོད་པའི་རྟེན་ལ་སྐྱེ་དགོས་ཏེ། གཙོ་བོར་ཐོས་བསམ་གྱི་མཐུ་ལས་སྐྱེ་དགོས་པའི་ཕྱིར། ཐོབ་ཟིན་གནས་པ་གཟུགས་ཀྱི་རྟེན་ལ་ཡང་ཡོད། ཕྱི་མ་གཉིས་ཁམས་གསུམ་གྱི་རྟེན་ལ་དངོས་སུ་སྐྱེ་བ་ཡོད་དེ། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེ། །ཞེས་སོ། །གཉིས་པ་ནི། ཀུན་བཏུས་ལས། ཐམས་ཅད་ཀྱང་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་པར་བཤད། མཛོད་ལྟར་ན། དང་པོ་བརྒྱད་བསམ་གཏན་གྱི་དངོས་གཞི། ཕྱི་མ་གཉིས་གཟུགས་མེད་ཀྱི་སེམས་ལ་བརྟེན་པར་བཤད། གསུམ་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ། ཁྱད་ཆོས་དང་བཞི། དང་པོ་ནི། བདག་རྐྱེན་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་གང་རུང་ལ་བརྟེན་ནས་རང་གི་དམིགས་ཡུལ་གྱི་གཙོ་བོ་དེས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། གཉིས་པ་ནི། དམིགས་པ་རྒྱུན་མི་ཆད་པར་ཁྱབ་པར་སྤྲོ་ནུས་པས་ན་ཟད་པར་ཞེས་བྱའོ། །གསུམ་པ་ལ། ཟད་པར་སའི། ཆུ། མེ། རླུང་། སྔོན་པོ། སེར་པོ། དམར་པོ། དཀར་པོ། ནམ་མཁའ། ཟད་པར་རྣམ་ཤེས་ཀྱི་ཏིང་ངེ་འཛིན་དང་བཅུ། དང་པོའི་མཚན་ཉིད། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་གི་དམིགས་ཡུལ་དུ་གྱུར་པའི་ས་དེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དེས་བར་པ་བདུན་ལ་རིགས་འགྲེ། ཕྱི་མ་གཉིས་ཀྱི་མཚན་ཉིད། བདག་རྐྱེན་གཟུགས་མེད་ཀྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་གི་དམིགས་ཡུལ་དུ་གྱུར་པའི་ནམ་མཁའ་དེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དེ་ལ་བརྟེན་ནས་རང་གི་དམིགས་ཡུལ་དུ་གྱུར་པའི་རྣམ་ཤེས་དེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། བཞི་པ་ལ། བསྡུ་བ། སྦྱོང་བའི་ཚུལ། སྒོམ་པའི་བྱེད་ལས་དང་གསུམ། དང་པོ་ནི། བཅུ་པོ་བསྡུ་ན། རེག་བྱའི་སྐྱེ་མཆེད། གཟུགས་ཀྱི་སྐྱེ་མཆེད། ཆོས་ཀྱི་སྐྱེ་མཆེད། རྣམ་ཤེས་ཀྱི་སྐྱེ་མཆེད་ལ་དམིགས་པའི་ཟད་པར་བཞིར་འདུ་སྟེ། དང་པོ་བཞི་རེག་བྱའི་སྐྱེ་མཆེད་ཀྱི་ཡུལ་ཅན། བར་པ་བཞི་གཟུགས་ཀྱི་སྐྱེ་མཆེད་ཀྱི་ཡུལ་ཅན། ཐ་མ་གཉིས་ཆོས་ཀྱི་སྐྱེ་མཆེད་དང་རྣམ་ཤེས་སྐྱེ་མཆེད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། དེ་ཡང་རེག་བྱ་དང་། གཟུགས་ཀྱི་སྐྱེ་མཆེད་ལ་ཟད་པར་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་རང་བཞིན་ཐམས་ཅད་ལ་ཁྱབ་པ་དང་། གཟུགས་ཅན་གྱི་ཁམས་ཀུན་ཏུ་སྤྲོ་ནུས་པའི་ཕྱིར། ཁྱད་པར་དུ་འབྱུང་བ་ལ་ཟད་པར་འཇོག་པའི་རྒྱུ་མཚན་ཡོད་དེ། རྟེན་འབྱུང་བ་མེད་པར་བརྟེན་པ་འབྱུང་འགྱུར་སྤྲོ་མི་ནུས་པའི་ཕྱིར། ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་ནས་ནམ་མཁའ་དང་རྣམ་ཤེས་ལ་ཟད་པར་འཇོག་པའི་རྒྱུ་མཚན་ཡོད་དེ། ནམ་མཁའ་ནི་བརྟན་གཡོ་ཀུན་ལ་ཁྱབ་པ་དང་། རྣམ་ཤེས་ནི་ཤེས་བྱ་ཐམས་ཅད་ཀྱི་ཡུལ་ཅན་དང་། རྒྱུན་དང་བཅས་པའི་ཤེས་པ་ཡིན་པའི་ཕྱིར། དབང་པོ་ལྔ་ལ་ཟད་པ་མི་འཇོག་སྟེ། ཕྱི་རོལ་དུ་སྤྲོ་བར་མི་ནུས་པ་དང་། ཆོས་གཞན་འཛིན་ནུས་ཀྱི་ཡུལ་ཅན་མ་ཡིན་པའི་ཕྱིར། དྲི་རོ་གཉིས་ལ་དེར་མི་འཇོག་སྟེ། ཁམས་གོང་དུ་ཁྱབ་པར་སྤྲོ་མི་ནུས་པའི་ཕྱིར་ཏེ། འདོད་པའི་སས་བསྡུས་པའི་ཕྱིར། སྒྲ་དང་སེམས་བྱུང་ལ་དེར་མི་འཇོག་སྟེ། རྒྱུན་མེད་པའི་ཕྱིར། གཉིས་པ་ལ། སྦྱང་བ་བྱས་པའི་སྦྱོང་ཚུལ་དང་། དེ་མ་བྱས་པའི་སྦྱོང་ཚུལ་གཉིས། དང་པོ་ནི། སྔར་གོམས་པར་བྱས་པའི་སྟོབས་ཀྱིས་སོ་སོའི་དམིགས་པ་ཅུང་ཟད་ཙམ་མཐོང་བ་ལས་དེ་དང་དེའི་ཏིང་ངེ་འཛིན་མངོན་དུ་འགྱུར་བ་སྟེ། དཔེར་ན། འཕགས་པ་ལེགས་འོངས་ཀྱིས། སྔོན་ཟད་པར་སྔོན་པོའི་ཏིང་ངེ་འཛིན་གོམས་པར་བྱས་པའི་སྟོབས་ཀྱིས་ཨུཏྤལ་སྔོན་པོ་མཐོང་བ་ཙམ་གྱིས་ཟད་པར་སྔོན་པོའི་ཏིང་ངེ་འཛིན་སྐྱེས་པར་བཤད་པ་བཞིན་ནོ། །གཉིས་པ་ལ། དམིགས་པའི་རྟེན་ངོས་བཟུང་། སེམས་གཏོད་པའི་ཚུལ། མཚན་མའི་ཁྱད་པར་དང་གསུམ། དང་པོ་ནི། ཟད་པར་བཅུའི་དམིགས་པའི་རྟེན་གོ་རིམ་བཞིན། རྒྱ་མཚོའི་སྟེང་དུ་ཟམ་པ་ལྟ་བུ་དང་། སྣོད་གཙང་མ་དྲི་མ་མེད་པ་ཆུས་བཀང་བ་ལྟ་བུ་དང་། ཐབ་ཁུང་གྲུ་བཞི་པར་འོག་ཏུ་བུད་ཅིང་སྟེང་དུ་མེ་འབར་བ་ལྟ་བུ་དང་། རང་གི་ལུས་ཀྱི་ཡན་ལག་ལ་རེག་པར་གྱུར་པའི་སྐར་ཁུང་ལས་བྱུང་བའི་རླུང་ལྟ་བུ་དང་། སྔོན་པོ། སེར་པོ། དཀར་པོ། དམར་པོ་རྣམས་ཟླུམ་པོར་བྱས་ཏེ་ཚོན་གཞན་གྱིས་བཅད་པ་དང་། མཐོ་གང་སོར་བཞི་ཙམ་གྱི་བུ་ག་ནམ་མཁའི་མཐོངས་གཏོད་པ་དང་། བུམ་ནང་གི་མར་མེའི་འོད་བུ་ག་ནས་རྩིག་ངོས་ལ་ལོག་པ་ལྟ་བུའོ། །གཉིས་པ་ནི། དམིགས་རྟེན་དེ་དག་ལ་ཡིད་གཏད་དེ་མ་ཡེངས་པར་རྩེ་གཅིག་ཏུ་བསྒོམ་པའོ། །གསུམ་པ་ལ། འཛིན་པའི་མཚན་མ་དང་། སྣང་བའི་མཚན་མ་གཉིས། དང་པོ་ནི། དམིགས་རྐྱེན་དེ་དག་ཡིད་ལ་བྱས་ཏེ། སྒོམ་པའི་ཚེ་བར་ཆད་ཀྱི་མཚན་མ་བྱུང་ཚུལ་རིམ་བཞིན་ས་དུམ་བུ་དུམ་བུར་ཆད་དེ་སྤྲོར་མི་ནུས་པ་དང་། ཆུ་ཆུ་བུར་འདྲེས་པའི་གཡོ་བའི་རྣམ་པ་ཅན་དང་། མེ་ལྕེ་ཆད་ཅིང་གཞན་དུ་གཡོ་བ་དང་། རླུང་ལ་འོ་མ་བསྐོལ་བ་ས་ལ་ཕོག་མ་ཐག་པའི་རླངས་པ་འཐུལ་བ་དང་། སྔོ་སོགས་བཞི་ལ་ཕན་ཚུན་དུམ་བུར་ཆད་དེ་མེ་ཏོག་སྡོང་བུ་མེད་པ་ལྟ་བུ་དང་། ནམ་མཁའ་ལ་རྩིག་པའི་བུ་ག་ལྟ་བུར་གྱུར་ཏེ་སྐྱེད་ཀྱང་མི་འཕེལ་བ་དང་། རྣམ་ཤེས་ལ་ས་ལ་བྱས་པའི་དཀྱིལ་འཁོར་དང་འདྲ་བར་ཐོགས་བཅས་སུ་སྣང་བའོ། །གཉིས་པ་ནི། དམིགས་རྟེན་དེ་དག་ལ་ཡིད་གཏད་དེ་བསྒོམས་པས་གྲུབ་པའི་མཚན་མ་བྱུང་ཚུལ་ནི། དང་པོའི་སྐབས་སུ་དམིགས་ཡུལ་ས་དེ་འབྲེལ་ཆགས་སུ་ཇི་ལྟར་འདོད་བཞིན་དུ་སྤྲོ་ནུས་པ་དང་། གཉིས་པ་ལ། ཆུ་མི་གཡོ་ཞིང་གཞན་ལ་ཁྱབ་པར་སྤྲོ་ནུས་པ་དང་། གསུམ་པ་ལ། མེ་ནམ་མཁའ་ལ་གནས་པའི་ཟླ་བ་དམར་པོ་ཟླུམ་པོ་ལྟ་བུ་གཞན་ལ་ཁྱབ་པར་སྤྲོ་ནུས་པ་དང་། བཞི་པ་ལ། རླུང་ཇི་ལྟར་གནས་པ་ལྟར་འདུག་ཅིང་གཞན་ལ་ཁྱབ་པར་སྤྲོ་ནུས་པ་དང་། སྔོ་སོགས་བཞི་ལ་དམིགས་རྟེན་ནོར་བུའི་རྔ་ཡབ་ལྟར་སྣང་ལ་དེས་ཁྱབ་པར་སྤྲོ་ནུས་པ་དང་། དགུ་པ་ལ། ནམ་མཁའི་དཀྱིལ་འཁོར་ལྟར་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པ་དང་། བཅུ་པ་ལ། སྣང་བའི་ཚོགས་རྒྱ་ཆེན་པོས་གཟུགས་ཅན་ཐམས་ཅད་གསལ་བར་བྱེད་པ་ལྟ་བུའོ། །གསུམ་པ་ནི། ཟད་པར་གྱི་ཏིང་ངེ་འཛིན་དེ་དག་གྲུབ་པའི་བྱེད་པ་རིམ་བཞིན། གཟུགས་ཅན་གྱི་དངོས་པོ་རྣམས་གཅིག་མང་པོ་དང་། མང་པོ་གཅིག་ཏུ་སྒྱུར་བར་ནུས་པ་དང་། ཆུ་ལ་ཡང་བྱིང་བ་མེད་པར་གོམ་པ་འདོར་ནུས་པ་དང་། བདུད་ཀྱི་གཞལ་ཡས་ཁང་སྲེག་པའི་མེ་སྤྲོ་ནུས་པ་དང་། རླུང་ལྟར་མྱུར་དུ་འགྲོ་བ་དང་། གཟུགས་སོགས་སྔོན་པོར་སྤྲུལ་ཞིང་མུན་པའི་རང་བཞིན་དུ་བྱེད་པ་དང་། སེར་པོར་སྤྲུལ་ཞིང་གསེར་དུ་བསྒྱུར་བ་དང་། དེ་བཞིན་དུ་དམར་པོ་དང་། དཀར་པོར་སྤྲུལ་ཞིང་ཇི་ལྟར་འདོད་པ་ལྟར་སྤྲུལ་ནུས་པ་དང་། རྩིག་པ་སོགས་ལ་ཐོགས་མེད་དུ་འགྲོ་བ་དང་། གཟུགས་ལྡང་བ་ཡང་བར་བྱེད་ཅིང་གཉིད་དང་རྨུགས་པ་རྒྱང་རིང་དུ་བྱེད་པའོ། །ངག་དོན་ནི། སངས་རྒྱས་སའི་ཟད་པར་གྱི་སྐྱེ་མཆེད་བཅུ་ཆོས་ཅན། རྟོགས་པ་ཡེ་ཤེས་ཆོས་སྐུ་ཡིན་ཏེ། རྣམ་མཁྱེན་ཡིན་པའི་ཕྱིར། གཉིས་པ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཟིལ་གནོན་གྱི་ཏིང་ངེ་འཛིན་ལ། མཚན་ཉིད། དབྱེ་བ། དོགས་གཅོད་དང་གསུམ། དང་པོ་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གཟུགས་ཅན་གྱི་རྣམ་ཐར་སྔོན་དུ་སོང་བའི་སྟོབས་ཀྱིས་རང་གི་དམིགས་ཡུལ་དུ་གྱུར་པའི་གཟུགས་དེས་ཆོས་གཞན་ཟིལ་གྱིས་གནོན་པར་ནུས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། གཉིས་པ་ལ། དབྱིབས་དང་། ཁ་དོག་ཟིལ་གནོན་གྱི་སྐྱེ་མཆེད་གཉིས། དང་པོའི་མཚན་ཉིད། ཟིལ་གནོན་གྱི་སྐྱེ་མཆེད་གང་ཞིག །རང་གི་དམིགས་ཡུལ་དུ་གྱུར་པའི་དབྱིབས་ཀྱི་གཟུགས་དེས་ཆོས་གཞན་ཟིལ་གྱིས་གནོན་པར་ནུས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དབྱེ་ན། གཟུགས་ཅན་གྱི་གཟུགས་ཆེན་པོ། ཆུང་ངུ་། གཟུགས་ཅན་མ་ཡིན་པའི་གཟུགས་ཆེན་པོ། ཆུང་ངུ་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་བཞི། དང་པོ་གཉིས་ཀྱི་མཚན་ཉིད། དབྱིབས་ཟིལ་གནོན་གྱི་སྐྱེ་མཆེད་གང་ཞིག །རྣལ་འབྱོར་པ་རང་ཉིད་གདུལ་བྱ་གཞན་ངོར་སྣང་བ་དང་བཅས་པའི་སྒོ་ནས་རང་གི་དམིགས་ཡུལ་དུ་གྱུར་པའི་གཟུགས་ཆེན་པོ་དེས། གཟུགས་ཆུང་ངུ་དེས་ཆོས་གཞན་སོགས་གོང་དང་འདྲ། ཕྱི་མ་གཉིས་ཀྱི་མཚན་ཉིད། དེ་གང་ཞིག །རྣལ་འབྱོར་པ་རང་ཉིད་གདུལ་བྱ་གཞན་ངོར་མི་སྣང་བའི་སྒོ་ནས་རང་གི་དམིགས་ཡུལ་དུ་སོགས། གཉིས་པའི་མཚན་ཉིད། དབྱེ་གཞི་གང་ཞིག །རྣལ་འབྱོར་པ་རང་ལ་ནང་གཟུགས་ཅན་མ་ཡིན་པར་འདུ་ཤེས་པའི་སྒོ་ནས་རང་གི་དམིགས་ཡུལ་དུ་གྱུར་པའི་ཁ་དོག་གི་གཟུགས་དེས་ཆོས་གཞན་སོགས་རིགས་འགྲེ། དབྱེ་ན། སྔོན་པོ། སེར་པོ། དམར་པོ། དཀར་པོ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་བཞི། མཚན་ཉིད་རིམ་བཞིན། ཁ་དོག་ཟིལ་གནོན་གྱི་སྐྱེ་མཆེད་གང་ཞིག་རང་གི་དམིགས་ཡུལ་དུ་གྱུར་པའི་སྔོན་པོ། སེར་པོ། དམར་པོ། དཀར་པོ་དེས་ཆོས་གཞན་སོགས་འགྲེ། དེ་ཡང་དབྱིབས་ཟིལ་གནོན་གྱི་སྐྱེ་མཆེད་དང་པོ་གཉིས་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་གྱི་རྒྱུ་ལས་བྱུང་། ཕྱི་མ་གཉིས་གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་ཐར་གྱི་རྒྱུ་ལས་བྱུང་། ཁ་དོག་ཟིལ་གནོན་གྱི་སྐྱེ་མཆེད་བཞི་ནི་སྡུག་པའི་རྣམ་ཐར་གྱི་རྒྱུ་ལས་བྱུང་བ་ཡིན་ནོ། །གསུམ་པ་ནི། རྣམ་ཐར། ཟིལ་གནོན། ཟད་པར་གསུམ་ལ་ཁྱད་པར་ཅི་ཡོད་ཅེ་ན། དང་པོའི་སྐབས་སུ་རང་གི་དམིགས་ཡུལ་དེ་མཛེས་མི་མཛེས་སྣ་ཚོགས་སུ་ལྟ་བར་བྱེད། གཉིས་པའི་སྐབས་སུ། དེའི་སྟེང་དུ་ཆོས་གཞན་ཟིལ་གྱིས་གནོན་པར་ནུས་པ་ཡིན། གསུམ་པའི་སྐབས་སུ། རང་གི་དམིགས་པ་གཅིག་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པ་ཡིན། དེས་ན་གསུམ་པོ་འདི་སྔ་མ་ལས་ཕྱི་མ་འབྱུང་བ་ཡིན་ཏེ། མཛོད་འགྲེལ་ལས། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ནི་རྣམ་པར་ཐར་པ་འཇུག་པར་བྱེད་པ་ཅན་ཡིན་ལ། ཟད་པར་གྱི་སྐྱེ་མཆེད་རྣམས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འཇུག་པར་བྱེད་པ་ཅན་ཡིན་ཏེ། གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཞེས་སོ། །ངག་དོན་ནི། སངས་རྒྱས་སའི་ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད་ཆོས་ཅན། རྟགས་གསལ་གོང་འདྲ། གསུམ་པ་ནི། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་ཉོན་སྒྲིབ་སྤངས་པའི་མི་སློབ་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དབྱེ་ན། ཉན་ཐོས་དང་། སངས་རྒྱས་སའི་དེ་གཉིས། དང་པོའི་མཚན་ཉིད། དེ་གང་ཞིག །ཉན་ཐོས་མི་སློབ་པའི་རྒྱུད་ཀྱི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། མཚན་གཞི། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་མཁྱེན་པ་ལྟ་བུ། གཉིས་པའི་མཚན་ཉིད། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟད་པར་སྤངས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། མཚན་གཞི། རྣམ་མཁྱེན་ལྟ་བུའོ། །ངག་དོན་ནི། སངས་རྒྱས་སའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཆོས་ཅན། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། གདུལ་བྱ་གཞན་རྒྱུད་ཀྱི་ཉོན་མོངས་པ་དྲུངས་ནས་འབྱིན་པར་བྱེད་པའི་མཐར་ཐུག་གི་ཏིང་ངེ་འཛིན་ཡིན་པའི་ཕྱིར།

གསུམ་པ་ལོངས་སྐུ་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང་། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་ལོངས་སྐུ་ལ། ཁྱད་ཆོས་སྤྱིར་བསྟན་པ། མཚན་ཉིད་བསྡུས་ཏེ་བསྟན་པ། ཡོན་ཏན་གྱི་ཁྱད་པར་དང་གསུམ། དང་པོ་ལ། སྐུ། གསུང་། ཐུགས། མཛད་པ། སྣང་ཚུལ་གྱི་ཁྱད་ཆོས་ལྔ། དང་པོ་ནི། མཚན་དཔེའི་འོད་ཟེར་གྱི་སྐུ་མངའ་བ། གཉིས་པ་ནི། ཐེག་ཆེན་གྱི་ཆོས་སྣ་ཚོགས་ལ་ལོངས་སྤྱོད་པ། གསུམ་པ་ནི། གཞན་དོན་ལ་བརྩོན་པའི་རྣམ་གྲོལ་གྱི་ཐུགས་རྗེ་མངའ་བ། བཞི་པ་ནི། ཡིད་བཞིན་གྱི་ནོར་བུ་ལྟར་མཛད་པ་ལྷུན་གྱིས་གྲུབ་པ། ལྔ་པ་ནི། ཁ་དོག་དང་དབྱིབས་སྣ་ཚོགས་སུ་སྣང་ཡང་མཚན་མར་མ་གྲུབ་པའོ། །རྒྱུད་བླ་ལས། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་སྒྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་དང་དེ་ཡི་རང་བཞིན་མིན། །ཞེས་སོ། །གཉིས་པ་ནི། ངེས་པ་ལྔ་ལྡན་གྱི་མཐར་ཐུག་གི་གཟུགས་སྐུ། ངེས་པ་ལྔ་ནི། ངོ་བོ་ངེས་པ་མཚན་དཔེས་བརྒྱན་པ། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་ཁོ་ན་གསུངས་པ། འཁོར་ངེས་པ་བྱང་འཕགས་ཁོ་ནས་བསྐོར་བ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པ་ཁོ་ནར་བཞུགས་པ། དུས་ངེས་པ་འཁོར་བ་མ་སྟོངས་ཀྱི་བར་དུ་སྐུའི་སྣང་བ་མི་སྡུད་པར་བཞུགས་པའོ། །དབྱེ་ན། སར་གནས་ཀྱི་སེམས་དཔའ་མཐའ་དག་ལ་སྣང་བའི་ལོངས་སྐུ་ཙམ་དང་། ས་བཅུ་པ་ཡན་ཆད་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ལོངས་སྐུ་མཚན་ཉིད་པ་གཉིས་ཡོད། གསུམ་པ་ལ། མཚན་དཔེའི་ཡོན་ཏན་དང་། གནས་ངེས་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། རྒྱུ། མཚན་ཉིད། དབྱེ་བའོ། །དང་པོ་ནི། སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་བསྡུས་པའི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ནི་མཚན་དཔེའི་རྒྱུར་བཤད་ཅིང་། ཉེ་བའི་རྒྱུ་ནི། ཆོས་སྨྲ་བའི་གང་ཟག་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱེད་པ་སྟེ། མདོ་ལས། གདན་རྒྱུ་སྣ་ཚོགས་ཆོས་ཀྱི་གདན་དུ་བཏིང་། །གཞན་ལ་སྟི་སྟངས་བྱེད་ལ་སྐྱོ་ངལ་མེད། །ཆོས་སྨྲ་བ་ལ་འཐབ་མོ་ངོར་མི་རྒོལ། །འདི་དག་མཚན་རྣམས་ཕུན་སུམ་ཚོགས་པའི་རྒྱུ། །ཞེས་སོ། །གཉིས་པ་ནི། རང་མཚན་དང་དཔེ་བྱད་གང་རུང་དུ་འགྲུབ་བྱེད་ཀྱི་རྒྱུ་ཕུན་ཚོགས་ལ་བརྟེན་ནས་བྱུང་ཞིང་། རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་གཙོ་བོར་སངས་རྒྱས་སུ་མཚོན་པར་བྱེད་པའི་གཟུགས་ཅན་གྱི་ཡོན་ཏན། གསུམ་པ་ནི། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའོ། །དེ་གཉིས་ཀྱི་ཁྱད་པར་ཡང་། མཚན་ནི་སྐུ་མཛེས་པར་བྱེད་པའི་གཙོ་བོ་ཡིན་ལ། དཔེ་བྱད་ནི་དེའི་ཆ་ཤས་ཏེ་འཁོར་ཡིན་ནོ། །གཉིས་པ་ལ། ཐ་སྙད་རྣམ་འཇོག་དང་། དོན་ཡིན་ལུགས་ཀྱི་དབང་དུ་བྱས་པ་གཉིས། དང་པོ་ནི། གཟུགས་ཁམས་ཀྱི་གནས་འོག་མིན་ལས་ཉིས་འགྱུར་གྱིས་སྤགས་པ་ན་ས་མཐའི་སེམས་དཔའ་རྣམས་གང་དུ་འཚང་རྒྱ་བའི་གནས་དབང་ཕྱུག་ཆེན་པོའི་འོག་མིན་ཞེས་གྲགས་པ་སྟེ། ལང་གཤེགས་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །གཙང་མའི་གནས་ཀྱི་སྟེང་བཞུགས་ནས། །ཞེས་དང་། ཀ་མ་ལ་ཤཱི་ལས། འོག་མིན་ཞེས་བྱ་བ་ནི་ལྷ་དག་སྟེ། དེ་དག་གི་ཕྱོགས་གཅིག་ན་གཙང་མའི་ལྷ་རྣམས་ཡོད་དོ། །དེར་འཕགས་པ་ཉིད་འབའ་ཞིག་གནས་སོ། །དེ་དག་གི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བ་ཡོད་དེ། དེར་ས་བཅུ་པ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་བ་ཁོ་ན་སྐྱེ་བ་བཞེས་པ་ཡིན་ལ། འདིར་ནི་དེ་ལྟ་བུའི་སྤྲུལ་པ་དམིགས་པ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། སྲིད་པ་ཐ་མའི་བྱང་སེམས་ཀྱིས་ལོངས་སྐུ་མངོན་དུ་བྱས་པའི་ཚེ། མ་དག་པའི་འཁྲུལ་སྣང་འདི་དག་འགགས་ནས་རང་ཉིད་གང་དུ་གནས་པའི་ཞིང་དེ་དག་པའི་ཞིང་དུ་སྣང་བ་ལ་འོག་མིན་ཞེས་བྱ་སྟེ། དྲི་མ་མེད་པར་གྲགས་པའི་མདོ་ལས། བཙུན་པ་ཤཱ་རིའི་བུས་སྨྲས་པ། བདག་གིས་ས་ཆེན་པོ་འདི་མཐོ་དམན་དང་གཡང་ས་དང་ལྗན་ལྗིན་གྱིས་གང་བར་མཐོང་ངོ་། །ཞེས་ཟེར་རོ། །སངས་རྒྱས་མྱ་ངན་མེད་པའི་ཞིང་ནས་འོང་བའི་ཚངས་པ་རལ་པ་ཅན་གྱིས་སྨྲས་པ། བདག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདི་ཉིད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ་ཡོངས་སུ་དག་པར་མཐོང་ངོ་། །ཞེར་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པར་མཛད་པས། ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པར་མཐོང་བར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ། ཁྱོད་རྣམས་ཀྱིས་མི་མཐོང་ངོ་། །ཞེས་གསུངས་པས་མཚོན་ནོ། །དེས་ན་གོང་དུ་གཙང་མའི་འོག་མིན་གྱི་སྟེང་ན་ཡོད་པར་གསུངས་པའང་། ས་དང་པོའི་བདེན་པ་མཐོང་བའི་གནས་གཙང་མའི་འོག་མིན་ཡིན་ལ། གང་དུ་འཚང་རྒྱ་བའི་གནས་འོག་མིན་ཆེན་པོ་འདི་ཉིད་ཡིན་པས་རིམ་བཞིན་མངོན་དུ་གྱུར་དགོས་པ་ལ་དགོངས་ནས་སྟེང་འོག་གི་རྣམ་གཞག་མཛད་པ་ཡིན་ནོ། །ངག་དོན་ནི། ལོངས་སྐུ་ཆོས་ཅན། མཐར་ཐུག་གི་གཟུགས་སྐུ་ཡིན་ཏེ། ངེས་པ་ལྔ་ལྡན་གྱི་སྐུ་ཡིན་པའི་ཕྱིར།

བཞི་པ་ནི། གང་གིས་སྲིད་པ་ཇི་སྲིད་བར། ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་སྤྲུལ་སྐུ་ལ། ངོ་བོ། དབྱེ་བ། དོགས་གཅོད་དང་གསུམ། དང་པོ་ལ། ཁྱད་ཆོས་སྤྱིར་བསྟན་པ་དང་། མཚན་ཉིད་བསྡུས་ཏེ་བསྟན་པ་གཉིས། དང་པོ་ནི། ཁྱད་ཆོས་བཞི་དང་ལྡན་ཏེ། དང་པོར་གདུལ་བྱ་རྣམས་མྱང་འདས་ཀྱི་ལམ་ལ་འགོད་པ། བར་དུ་ཐེག་ཆེན་དུ་སྨིན་པ། མཐར་བྱང་ཆུབ་ཏུ་ལུང་སྟོན་པ། དེའི་ཆེད་དུ་ཕྲིན་ལས་རྒྱུན་མི་ཆད་པ་བཞི་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླར། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ལའང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་སོ། །གཉིས་པ་ནི། འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྐུའི་བཀོད་པ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་དངོས་སུ་མཛད་པའི་མཐར་ཐུག་གི་གཟུགས་སྐུ། གཉིས་པ་ལ། བཟོ། སྐྱེ་བ། མཆོག་གི་སྤྲུལ་སྐུ་དང་གསུམ། དང་པོ་ནི། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཕྱིར་དུ་པི་ཝཾ་མཁན་དུ་སྤྲུལ་པ་ལྟ་བུ། གཉིས་པ་ནི། གདུལ་བྱའི་དོན་དུ་རི་བོང་ལ་སོགས་པ་སྐུའི་བཀོད་པ་སྣ་ཚོགས་སུ་སྟོན་པ་སྟེ། དཀོན་མཆོག་སྒྲོན་མེའི་མདོ་ལས། དེ་དག་དཀོན་པར་ལྗོན་ཤིང་ཆེན་པོར་གྱུར། །སྨན་དང་མི་ཟད་རིན་ཆེན་གཏེར་རྣམས་དང་། །ཡིད་བཞིན་ནོར་བུར་འདོད་སྦྱིན་སྙིང་རྗེ་དང་། །ལམ་གོལ་ལོང་བ་རྣམས་ལ་ལམ་སྟོན་འགྱུར། །ཞེས་སོ། །གསུམ་པ་ནི། འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་སྤྲུལ་སྐུའོ། །རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་སོ། །ཊཱི་ཀར། འགའ་ཞིག་ཏུ་གཟུགས་སྐུ་གཉིས་སངས་རྒྱས་སུ་བཤད་པ་དང་། གསེར་འོད་དམ་པ་ལས་མ་ཡིན་པར་བཤད་པ་དང་། མདོ་འགའ་ཞིག་ཏུ་སངས་རྒྱས་མེད་པར་བཤད་པ་རྣམས་ནི་དྲང་དོན་དང་། གནས་སྐབས་ཀྱི་ངེས་དོན་དང་། མཐར་ཐུག་གི་ངེས་དོན་ཏེ། གསུངས་སོ། །དེའི་དོན་ནི། རིམ་པ་བཞིན་དུ། ཀུན་རྫོབ་ཏུ་གཟུགས་སྐུ་གཉིས་འགྲོ་བའི་དོན་མཛད་པའི་སྐུ་ཡིན་པ་དང་། དོན་ལ་གཟུགས་སྐུ་གཉིས་ཀྱང་ཡེ་ཤེས་ཀྱི་རང་བཞིན་ཡིན་པ་དང་། དོན་དམ་པར་སངས་རྒྱས་དང་སེམས་ཅན་ཞེས་ཐ་དད་དུ་མ་དམིགས་པའི་དོན་ནོ། །ངག་དོན་ནི། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། མཆོག་གི་སྤྲུལ་པའི་སྐུ་ཡིན་ཏེ། གདུལ་བྱའི་འཁོར་བ་ཇི་སྲིད་བར་སྐུའི་བཀོད་པ་སྣ་ཚོགས་ཀྱི་སྒོ་ནས་འགྲོ་བའི་དོན་དངོས་སུ་མཛད་པའི་མཐར་ཐུག་གི་གཟུགས་སྐུ་ཡིན་པའི་ཕྱིར།

གསུམ་པ་ནི། གཞན་དག་ན་རེ། དེ་དག་གི །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་སྐུའི་གྲངས་ངེས་ལ། གསུམ་དུ་འདོད་པའི་ལུགས། བཞིར་འདོད་པའི་ལུགས། འཐད་ཕྱོགས་ངོས་བཟུང་བ་དང་གསུམ། དང་པོ་ལ། སྒྲུབ་བྱེད་དང་། རྒྱན་འདིར་སྐུ་གསུམ་དུ་བསྟན་ཚུལ་གཉིས། དང་པོ་ནི། སྐུ་གསུམ་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་སྐུ་དུ་མངའ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སའི་སྙིང་པོ། དེ་བཞིན་གཤེགས་པ་ལ་སྐུ་གསུམ་མངའ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྐུ་རང་བཞིན་གྱིས་རྣམ་པར་དག་པ་ནི་ཆོས་ཀྱི་སྐུའོ། །ཏིང་ངེ་འཛིན་རྣམ་པར་དག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྱོད་པ་རྣམ་པར་དག་པ་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ། །ཞེས་དང་། རྒྱུད་བླར། དེ་དབྱེ་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཆོས་ཀྱི་རབ་དབྱེ་རང་བཞིན་ལ། །སོགས་པའི་སྐུ་གསུམ་དག་གིས་འཇུག །ཅེས་སོ། །གཉིས་པ་ནི། སྐུ་གསུམ་པོ་རེ་རེ་ཡང་བསྟན་བཤད་གཉིས་གཉིས་ཀྱི་སྒོ་ནས་བསྟན་པ་ཡིན་ཏེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཞེས་པས་ངོ་བོ་ཉིད་སྐུའི་ངོ་བོ་མདོར་བསྟན། ཟག་པ་མེད་པའི་ཆོས་གང་དག །ཅེས་པའི་ཟག་མེད་ཀྱི་ཡོན་ཏན་རྒྱས་པར་བཤད་པ་ལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་སོགས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །ཞེས་སོགས་ཀྱིས་ལོངས་སྐུའི་ངོ་བོ་མདོར་བསྟན། དེའི་མཚན་དཔེའི་ཡོན་ཏན་རྒྱས་པར་བཤད་པ་ནི། ཕྱག་ཞབས་འཁོར་ལོའི། ཞེས་སོགས། གང་གིས་སྲིད་པ་ཇི་སྲིད་བར། །ཞེས་སོགས་ཀྱིས་སྤྲུལ་སྐུའི་ངོ་བོ་མདོར་བསྟན། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་པའི་ཕྲིན་ལས་རྒྱས་པར་འཆད་པ་ནི། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ཞེས་སོགས་ཀྱིས་བསྟན་གསུངས་ཏེ། འདི་ནི་འཕགས་པ་གྲོལ་སྡེའི་རྗེས་སུ་འབྲང་ནས་མཁས་པ་གཡག་རོང་ཟུང་ལ་སོགས་པ་བཞེད་དོ། །གཉིས་པ་ལ། སྒྲུབ་བྱེད་དང་། རྒྱན་འདིར་སྐུ་བཞིར་བསྟན་ཚུལ་གཉིས། དང་པོ་ནི། སངས་རྒྱས་ཀྱི་སའི་མདོ་ལས། ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་པ་ཡིན་ཏེ། ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི། སོ་སོར་རྟོག་པའི། བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་སོགས་ཀྱི་དོན་རྒྱན་དུ་འཆད་པ་ལ། དབྱིངས་ལ་གསུམ་དུ་ཡོད་ཚུལ་ནི། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པའི་རྟེན་ཡིན་ནོ། །ཞེས་སོ། །སློབ་དཔོན་གྱི་དགོངས་པ་ཡང་དེ་ཉིད་ཡིན་ཏེ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས། ཞེས་དང་། དེ་ལྟར་སྐུ་དང་པོ་བསྟན་ནས་གཉིས་པ་ཆོས་ཀྱི་སྐུ། ཞེས་དང་། དེ་ལྟར་སྐུ་གསུམ་པ་བསྟན་ནས་བཞི་པ་སྤྲུལ་པའི་སྐུ། ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། གོང་དུ་བསྡུ་བ་འཆད་པའི་སྐབས་སུ་བསྟན་པ་ལྟར་ཡིན་ཏེ། འདི་ནི་མཁན་པོ་རྣམ་སྣང་མཛད་ཀྱི་རྗེས་སུ་འབྲང་ནས་མཁས་པ་མང་པོ་བཞེད་དོ། །གསུམ་པ་ལ། ཐ་སྙད་རྣམ་འཇོག་དང་། དོན་གནས་ཚོད་ཀྱི་དབང་དུ་བྱས་པ་གཉིས། དང་པོ་ནི། སྐུ་བཞིར་གྲངས་ངེས་པ་འཐད་དེ། རང་དོན་ཆོས་སྐུ་ལ་སྤངས་རྟོགས་གཉིས། གཞན་དོན་གཟུགས་སྐུ་ལ་ལོངས་སྤྲུལ་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་ནི། གསུམ་དུ་ངེས་པ་འཐད་དེ། ཆོས་སྐུ་ལ་གློ་བུར་གྱི་དྲི་མ་མ་ལུས་པ་དང་བྲལ་བའི་ཆ། གདུལ་བྱ་དག་པ་འབའ་ཞིག་གི་ངོར་ལོངས་སྐུར་སྣང་བའི་ཆ། གདུལ་བྱ་སྣ་ཚོགས་པའི་ངོར་སྐུའི་བཀོད་པ་སྣ་ཚོགས་སུ་སྣང་བའི་ཆ་གསུམ་ཡོད་ཅིང་། དེ་གསུམ་གྱི་དབང་དུ་བྱས་ནས་སྐུ་གསུམ་དུ་བཞག་པའི་ཕྱིར། དེས་ན་ལུགས་འདི་ལ་གཟུགས་སྐུ་གཉིས་ཀྱང་ཡེ་ཤེས་སུ་ཁས་ལེན་དགོས་ཏེ། རྒྱན་ལས། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་ཏེ། །ཞེས་ལོངས་སྐུ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བཤད་པ་དང་། ཆོས་ཀྱི་བཤེས་གཉེན་གྱིས། སྤྲུལ་སྐུ་བྱ་བ་གྲུབ་པའི་ཡེ་ཤེས་སུ་བཤད་པའི་ཕྱིར་དང་། ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་སྒོ་ནས། ཞེས་སོགས་གསུངས་པའི་ཕྱིར། ངག་དོན་ནི། སངས་རྒྱས་ཀྱི་སྐུ་ཆོས་ཅན། ཁྱོད་ལ་དབྱེ་ན་གསུམ་དུ་ངེས་ཏེ། ཁྱོད་ལ་དབྱེ་ན་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་དུ་ངེས་པའི་ཕྱིར།

ལྔ་པ་ནི། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ཞེས་པའི་སྐབས་སུ་གཉིས་ཀྱི། དང་པོ་སངས་རྒྱས་ཀྱི་ཕྲིན་ལས་ལ། །མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རང་གི་བདག་རྐྱེན་རྫོགས་པའི་སངས་རྒྱས་ལས་བྱུང་བའི་རྣམ་དཀར་གྱི་ལས། གཉིས་པ་ལ། ཡུལ་གྱི་སྒོ་ནས། དཔེའི་སྒོ་ནས། རྟེན་གྱི་སྒོ་ནས། འཇུག་ཚུལ་གྱི་སྒོ་ནས་དབྱེ་བ་དང་བཞི། དང་པོ་ལ། འདིར་བསྟན་གྱི་ཕྲིན་ལས་ཉེར་བདུན་ཡོད། བསྡུ་ན། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པ། ལམ་ལ་འགོད་པ། ལམ་གྱི་འབྲས་བུ་ལ་འགོད་པ་དང་གསུམ་དུ་འདུས། གཉིས་པ་ལ། སྐུ་སྟོན་པ་བརྒྱ་བྱིན་དང་མཚུངས་པ། གསུང་ལེགས་པར་འདོམས་པ་རྔ་བོ་ཆེ་དང་མཚུངས་པ། ཐུགས་མཁྱེན་བརྩེས་ཁྱབ་པ་སྤྲིན་དང་། སྐུའི་སྤྲུལ་པ་སྟོན་པ་ཚངས་པ་དང་། ཡེ་ཤེས་སྤྲོ་བ་ཉི་མ་དང་། ཐུགས་ཀྱི་གསང་བ་ནོར་བུ་དང་། གསུང་གི་གསང་བ་སྒྲ་བརྙན་དང་། སྐུའི་གསང་བ་ནམ་མཁའ་དང་། ཐུགས་རྗེའི་འཇུག་ཚུལ་ས་གཞི་དང་མཚུངས་པའི་ཕྲིན་ལས་སོ། །བསྡུ་ན། སྐུ་གསུང་ཐུགས་ཀྱི་མཛད་པ་གསུམ་དུ་འདུས། རྒྱུར་བླར། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་སོ། །གསུམ་པ་ལ། བྱེད་པ་པོ་དང་། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་གཉིས། དང་པོ་ནི། སངས་རྒྱས་ཀྱི་མཁྱེན་པ་ལྟ་བུ། གཉིས་པ་ནི། སངས་རྒྱས་ལ་དད་པ་དང་ལྡན་པའི་སེམས་ཅན་གྱི་དགེ་རྩ་ལྟ་བུ། བཞི་པ་ལ། ལྷུན་གྱིས་གྲུབ་པ་དང་། རྒྱུན་མི་ཆད་པ་གཉིས། དང་པོ་ནི། སངས་རྒྱས་ཀྱི་ཕྲིན་ལས་ཁྱད་ཆོས་ལྔའི་སྒོ་ནས་ལྷུན་གྱིས་གྲུབ་སྟེ། གདུལ་བྱའི་ཁམས་ཀྱི་རབ་དབྱེ་ཤེས་པ། འདུལ་བའི་ཐབས་ཤེས་པ། འདུལ་བའི་བྱ་བ་མངོན་མཐོ་དང་ངེས་ལེགས་ལ་འགོད་པ། གང་ན་ཡོད་པའི་ཡུལ། ནམ་གྱི་ཚེ་འདུལ་བའི་དུས་སུ་གཤེགས་པ་ལ་ལྷུན་གྱིས་གྲུབ་པར་འཇུག་པའི་ཕྱིར་ཏེ། རྒྱུད་བླར། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་གདུལ་བའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་སོ། །གཉིས་པ་ནི། རྒྱུ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་ཆད་པར་འཇུག་སྟེ། སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་གཞན་དོན་འབའ་ཞིག་བྱེད་པར་དམ་བཅས་པ་དང་། བདག་དང་སེམས་ཅན་རྣམས་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་མཚུངས་པར་གཟིགས་པ་དང་། གདུལ་བྱའི་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་ཡོངས་སུ་མ་རྫོགས་པའི་ཕྱིར་ཏེ། རྒྱུད་བླར། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་ཆད། །ཅེས་སོ། །མདོར་ན་རྫོགས་པའི་སངས་རྒྱས་ཀྱི་ཕྲིན་ལས་ནི། ངོ་བོ་གདུལ་བྱ་གང་ལ་གང་ཕན་པ། རྣམ་པ་འབད་རྩོལ་གྱི་མཚན་མ་མེད་པར་ལྷུན་གྱིས་གྲུབ་པ། དུས་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པ། རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ལ་ཁྱབ་པ་སྟེ། ཁྱད་ཆོས་བཞི་ལྡན་གྱི་ཚུལ་གྱིས་འཇུག་པ་ཡིན་ཏེ། རྒྱུར་བླར། དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་གསུངས་པ་ལྟར་རོ། །ངག་དོན་ནི། ཆོས་སྐུའི་ཕྲིན་ལས་ཆོས་ཅན། རྒྱུན་མི་ཆད་པ་ཡིན་ཏེ། གདུལ་བྱའི་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར། སྤྱི་དོན་སྙིང་པོར་དྲིལ་བ་བདུད་རྩིའི་ཉིང་ཁུ་ལས། འབྲས་བུ་ཆོས་སྐུ་བཤད་པའི་སྐབས་ཏེ་བརྒྱད་པའོ།། །།

བཤད་པ་ཡོངས་སུ་རྫོགས་པའི་བྱ་བ།

གསུམ་པ་བཤད་པ་ཡོངས་སུ་རྫོགས་པའི་བྱ་བ་ནི། མཛད་བྱང་སྨོས་པ་ལ་སོགས་པ་སྟེ་རྟོགས་པར་སླའོ། །

འཇམ་མགོན་ཞལ་གྱི་ཚངས་པའི་རལ་ཀླུང་ནས། །ཉེར་བབས་ལུང་རིགས་བདུད་རྩི་མངར་མོའི་རྒྱུན། །ལེགས་བཤད་རྒྱ་མཚོའི་གཏེར་དུ་འཁྱིལ་བའི་མཇིང་། །མཁས་མང་གདེངས་ཅན་ཚོགས་རྣམས་གར་གྱིས་རྩེན། །ཟླ་བྲལ་དྲི་མེད་རིང་ལུགས་ཉིན་མོར་བྱེད། །བློ་གསལ་ལྷ་ལམ་ཡངས་པོར་སྣང་བཞིན་དུ། །པ་སངས་ལང་ཚོའི་དཔལ་ལ་མུན་སེལ་ཞེས། །དང་ལེན་བྱེད་གང་བྱིས་བློའི་སྤྱོད་ཚུལ་ཉིད། །བྱ་ཁྱུང་ནས་བཟུང་བུང་བས་མཚོན་པའི་བར། །འཕུར་ལྡིང་ནམ་མཁར་བྱེད་ལ་རྗེས་མཐུན་ལྟར། །རང་བློའི་སྤོབས་པ་ཇི་བཞིན་སྙིང་པོའི་དོན། །གསལ་བར་བྱས་ཀྱང་ནོངས་པའི་གོ་སྐབས་ཅི། །དེ་ལྟ་ན་ཡང་ཡན་ལག་བརྒྱད་ལྡན་གྱི། །མཚོ་ངོས་བ་ཚྭའི་ཁྲོན་པ་དོན་གཉེར་གང་། །རང་ཉིད་ངལ་བའི་གནས་ལས་གཞན་མེད་ཕྱིར། །དམ་པའི་གསུང་ངག་དྲི་མེད་ཁྲིགས་སུ་བསྡེབས། །སྐྱེ་སྔོན་བཟང་པོའི་ལས་ཀྱི་ནུས་སྟོབས་འཕྲོ། །ཉེར་སད་དམ་ཆོས་བདུད་རྩིའི་བཅུད་མངར་པོ། །དོན་གཉེར་གཉིས་སྐྱེས་གཞོན་ནུ་ངལ་བསོའི་གནས། །ཕན་བདེ་ཟབ་དོན་ཉིང་ཁུ་མཆོག་ཏུ་གྲུབ། །དེ་ལས་རྣམ་པར་དཔྱོད་པའི་ལུས་སྟོབས་རྒྱས། །ཐོས་བརྩོན་ཐབས་ཤེས་གཤོག་རླབས་ཆེས་ཆེར་བསྐྱེད། །རྒོལ་ངན་ཟིལ་གྱིས་གནོན་པའི་གད་མོ་བཅས། །ལུང་རིགས་རྒྱ་མཚོར་འཇུག་ལ་དཀའ་བ་བྲལ། །བསམ་བྱུང་ཤེས་རབ་སྲང་ལ་མཁྱེན་གསུམ་དངོས། །ཉེ་བར་འཇལ་གང་སྦྱོར་བཞིའི་རྣལ་འབྱོར་གྱིས། །མངོན་དུ་བྱས་ཚེ་ཆོས་སྐུ་གདོད་མའི་སར། །ཐོགས་མེད་དགྱེས་རོལ་དོན་གཉིས་ལྷུན་གྱིས་གྲུབ། །སྨྲ་བསམ་བརྗོད་འདས་ཕ་རོལ་ཕྱིན་པའི་དོན། །ཤིང་རྟའི་སྲོལ་འབྱེད་ཟུང་གིས་གསལ་བྱས་གང་། །སྐུ་གསུམ་གཏན་ལ་འབེབས་བྱེད་ཉེར་ལེན་དུ། །མཚུངས་མོད་སྦས་དོན་མངོན་རྟོགས་ཚུལ་གྱིས་འཕགས། །འཕགས་ཆེན་དགོངས་པའི་བཞེད་དོན་གདུལ་བྱའི་འགྲོར། །ཅིར་ཡང་འབབ་ལ་སྒྲོ་སྐུར་ཕྱོགས་རེའི་བློས། །སྤང་བླང་འཁྲུལ་སྣང་དྲི་མས་མ་བསླད་པར། །བློ་ལྡན་ཀུན་ལ་སྐལ་བཟང་བདུད་རྩིའི་དཔྱིད། །ཟབ་དོན་སྲོག་གིས་ཉེར་བཟུང་ལེགས་བཤད་གོས། །ལྷབ་ལྷུབ་གཡོ་བའི་ངང་ཚུལ་སྦྱོར་ཕྲེང་གི །རྒྱན་ཕྲེང་རིན་ཆེན་སྙིང་པོ་ཚར་དངར་བས། །ཆགས་བྲལ་ཚངས་པའི་བརྟན་པ་ཅིག་ཅར་འཕྲོག །དགེ་བའི་འབྲས་བཟང་མི་འགྱུར་ཆོས་ཉིད་དོན། །དྲི་མེད་ཇི་བཞིན་མངོན་གྱུར་སྐུ་བཞིའི་འབྲས། །མི་ཤིགས་རྡོ་རྗེའི་དབྱིངས་སུ་ཟུང་འཇུག་པས། །རྒྱལ་ཀུན་ཡེ་ཤེས་སྙིང་པོར་རོ་གཅིག་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་སྤྱི་དོན་སྙིང་པོར་དྲིལ་བ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་འདི་ཡང་རང་དང་སྐལ་མཉམ་གྱི་བློ་གསལ་མང་པོ་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླང་སྟེ། དུས་གསུམ་རྒྱལ་བའི་སྤྱི་གཟུགས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་སྐུ་མཆེད་ཀྱི་བཀའ་དྲིན་གྱིས་འཚོ་བ། མཐིང་མ་སྨྱོས་ཀྱི་རིགས་ལས་ཤཱཀྱའི་དགེ་སློང་བྱང་ཆུབ་སེམས་དཔའི་མིང་ཙམ་འཛིན་པ་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེ་དཔལ་བཟང་པོས་རང་ལོ་སོ་གཅིག་པ་གདོང་ངན་གྱི་ལོ་ཁྲུམས་ཉའི་ཤར་ཕྱོགས་ཀྱི་དགའ་བ་དང་པོ་རེས་གཟའ་པ་སངས་ནམ་གྲུའི་དགའ་མ་དང་རྩེན་པའི་འགྲུབ་སྦྱོར་བཟང་པོའི་དུས་དགེ་བར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་ཁྲིགས་སུ་སྡེབས་ཏེ་རྫོགས་པར་བཀོད་པ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་ཛ་ཡནྟུ།། །།

ཀླད་ཀྱི་དོན།

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་གྱི་འབྲུ་འགྲེལ་ཡུམ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

ༀ་སྭ་སྟི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བཤད་བསྟན་པ་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཁྱེན་གསུམ་ཡལ་གའི་ཁྱོན་ཡངས་པར། །སྦྱོར་བཞིའི་མེ་ཏོག་རྣམ་པར་བཞད། །སྐུ་བཞིའི་འབྲས་བུ་རབ་རྒྱས་པ། །རྒྱལ་ཡུམ་ཡོངས་འདུའི་ལྗོན་པ་རྒྱལ། །སྟོབས་བཅུའི་བདག་ཉིད་རྒྱལ་བ་ཟས་གཙང་སྲས། །རྒྱལ་ཚབ་དམ་པ་རྗེ་བཙུན་མ་ཕམ་མགོན། །ཐོགས་མེད་སྐུ་མཆེད་སེང་གེ་བཟང་པོ་སོགས། །བརྒྱུད་པའི་བླ་མ་རྣམས་ལ་གུས་པས་འདུད། །གང་གི་ཐུགས་རྗེ་ཉི་མའི་འོད་ཟེར་གྱིས། །མཐའ་ཡས་འགྲོ་བའི་རྨོངས་པའི་དྲི་མ་ཀུན། །བསལ་མཛད་དྲིན་ཅན་བླ་མ་གཏེར་བདག་གླིང་། །རྣམ་ཀུན་གཙུག་གི་ནོར་བུར་མཆོད་པར་བགྱི། །ལེགས་བཤད་ནམ་མཁའི་ནོར་བུ་འདི་ཤར་ཚེ། །རྨོངས་པའི་མུན་ཚོགས་སྟུག་པོ་ཀུན་བཅིལ་ཞིང་། །གསུང་རབ་པདྨའི་ཚལ་རྣམས་རབ་བཞད་པས། །བློ་གསལ་བུང་བའི་ཚོགས་རྣམས་འཕུར་ལྡིང་གཡོ། །

འཆད་པ་ལ་འཇུག་པའི་ཡན་ལག

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འདི་ཉིད་འཆད་པར་བྱེད་པ་ལ་གསུམ་སྟེ། བསྟན་བཅོས་འཆད་པ་ལ་འཇུག་པའི་ཡན་ལག །ཡན་ལག་ཅན་གྱི་བསྟན་བཅོས་དངོས། བཤད་པ་ཡོངས་སུ་རྫོགས་པའི་ཡན་ལག་མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཚན་གྱི་དོན་དང་། འགྱུར་གྱི་ཕྱག་གོ །དང་པོ་ལ་གསུམ་སྟེ། མཚན་བསྒྱུར་བ། མཚན་བཤད་པ། མཚན་བཏགས་པའི་དགོས་པའོ། །དང་པོ་མཚན་བསྒྱུར་བ་ནི། རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཞེས་སོགས་ཀྱིས་བསྟན། རྒྱ་གར་གྱི་སྐད་དུ་བསྟན་བཅོས་འདིའི་མིང་ལ་ཇི་སྐད་ཟེར་སྙམ་ན། ཡུལ་དེ་ན་སྐད་རིགས་བཞི་ཡོད་པ་ལས། ལེགས་སྦྱར་གྱི་སྐད་དུ་ཨ་བྷི་ས་མ་ཡ་ཞེས་སོགས་ཟེར་ལ། དེ་བོད་སྐད་དུ་བསྒྱུར་ན། ཤེས་རབ་ཅེས་སོགས་ལ་འཇུག་སྟེ། པྲཛྙཱ་ནི་ཤེས་རབ། པ་ར་མི་ཏ་ནི་ཕ་རོལ་ཏུ་ཕྱིན་པ། ཨུ་པ་དེ་ཤ་ནི་མན་ངག །ཤཱསྟྲ་ནི་བསྟན་བཅོས། ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པ། ཨ་ལངྐ་ར་ནི་རྒྱན། ནཱ་མ་ནི་ཞེས་བྱ་བ་ལ་འཇུག་པའི་ཕྱིར། གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ཞེས་པས་བསྟན། བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན། ཁྱོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ཁྱོད་གཞུང་ཤེར་ཕྱིན་ཡིན་པ་དང་། འབྲས་བུ་ཤེར་ཕྱིན། ལམ་ཤེར་ཕྱིན་བརྗོད་བྱའི་གཙོ་བོར་སྟོན་པའི་བསྟན་བཅོས་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་མན་ངག་ཅེས་བྱ་སྟེ། མྱུར་དུ་ཁོང་དུ་ཆུད་པར་བྱེད་པ་དང་། མདོ་དོན་རྒྱ་ཆེན་པོ་ཚིག་ཉུང་ངུས་བདེ་བླག་ཏུ་རྟོགས་པར་བྱེད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་བསྟན་བཅོས་ཞེས་བྱ་སྟེ། གདུལ་བྱ་རྣམས་ཀྱིས་ཁྱོད་ལ་ཐོས་བསམ་བྱས་པ་ལ་བརྟེན་ནས་རང་རྒྱུད་ཀྱི་ཉོན་མོངས་པ་ལས་འཆོས་པ་དང་ངན་འགྲོའི་སྲིད་པ་ལས་སྐྱོབ་ནུས་པའི་ཕྱིར། དེ་ཆོས་ཅན། མངོན་པར་རྟོགས་པ་ཞེས་བྱ་སྟེ། ཡང་དག་པའི་དོན་ལ་མངོན་དུ་ཕྱོགས་པ་དང་། དེའི་དོན་ཇི་ལྟ་བ་བཞིན་རྟོགས་པ་དངོས་པོ་བརྒྱད་པོ་དེ་ཁྱོད་ཀྱི་བརྗོད་བྱའི་གཙོ་བོ་ཡིན་པའི་ཕྱིར། དེ་ཆོས་ཅན། གསལ་བྱེད་དང་མཛེས་བྱེད་ཀྱི་རྒྱན་གཉིས་ཀ་ཡིན་ཏེ། ཤེར་ཕྱིན་གྱི་མདོའི་ཚིག་དོན་གསལ་བར་བྱེད་པས་ན་གསལ་བྱེད་དང་། མདོའི་དོན་མ་ལུས་པ་མཛེས་པར་བྱེད་པས་ན་མཛེས་བྱེད་ཀྱི་རྒྱན་དུ་འཇོག་པ་ཡིན་པའི་ཕྱིར། གསུམ་པ་མཚན་བཏགས་པའི་དགོས་པ་ནི། བསྟན་བཅོས་མངོན་རྟོགས་རྒྱན་འདི་ལ་ཨ་བྷི་ས་མ་ཡ་ཞེས་སོགས་རྒྱ་སྐད་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཆོས་ཁུངས་བཙུན་པར་སྟོན་པ་དང་། སྐད་ལ་བག་ཆགས་འཇོག་པ་དང་། རྒྱུད་ལ་བྱིན་རླབས་འཇུག་པའི་ཆེད་ཡིན་པའི་ཕྱིར། བསྟན་བཅོས་འདི་ལ་བོད་སྐད་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱ་བོད་ཀྱི་སྐད་གཉིས་ཀྱིས་དོན་གཅིག་བརྗོད་པས་དེ་གཉིས་རྣམ་གྲངས་སུ་ཤེས་པ་དང་། དེ་གཉིས་དྲང་ཐད་དང་ཐད་ལོག་ཏུ་འབྱུང་བ་དོན་མི་འཆུག་པར་བསྒྱུར་བས་ལོ་པཎ་མཁས་གྲུབ་ཏུ་ཤེས་པ་དང་། རྒྱ་སྐད་གོ་དཀའ་བ་བོད་སྐད་གོ་སླ་བར་བསྒྱུར་བས་སྒྱུར་བྱེད་ཀྱི་དྲིན་དྲན་པའི་ཆེད་ཡིན་པའི་ཕྱིར། བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན། ཁྱོད་ལ་མཚན་བཏགས་པའི་དགོས་པ་ཡོད་དེ། མིང་དེ་ལས་མིང་དོན་འབྲེལ་བར་ཤེས་པས་ན་མིང་ལ་བརྟེན་ནས་དོན་རྟོགས་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་པའི་ཕྱིར། གཉིས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པས་བསྟན། ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་འགྱུར་མཛད་པའི་ཐོག་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གུས་པས་ཕྱག་འཚལ་བ་ཆོས་ཅན། དགོས་པ་ཡོད་དེ། འགྱུར་མཐར་ཕྱིན་པའི་ཆེད་ཡིན་པའི་ཕྱིར།

འཇུག་བྱ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་ཉིད་བཤད་པ།

གཉིས་པ་ལ་གསུམ་སྟེ། རང་ཉིད་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་ཏུ་མཆོད་པར་བརྗོད་པ། བརྩམས་པའི་བསྟན་བཅོས་ལ་གཞན་འཇུག་པའི་ཡན་ལག་ཏུ་དགོས་འབྲེལ་བཤད་པ། འཇུག་བྱ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་ཉིད་བཤད་པའོ། །དང་པོ་ནི། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱིས་བསྟན། རྗེ་བཙུན་བྱམས་མགོན་ཆོས་ཅན། སངས་རྒྱས་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པས་བསྐོར་བའི་ཡུམ་ཤེར་ཕྱིན་དེ་ལ་ཕྱག་འཚལ་བ་རིགས་ཏེ། ཡུམ་ཀུན་ཤེས་ཉིད་ཀྱིས་སྲས་ཉན་ཐོས་དང་རང་རྒྱལ་སྡུག་བསྔལ་བས་མྱང་འདས་འཚོལ་བ་རྣམས་ཀྱི་བཞེད་དོན་ལྷག་བཅས་ལྷག་མེད་ཀྱི་ཉེར་ཞི་གཉིས་སུ་འཁྲིད་པར་མཛད་པ་གང་ཡིན་པ་དང་། ཡུམ་ལམ་ཤེས་ཉིད་ཀྱིས་སྲས་འགྲོ་ལ་ཕན་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞེད་དོན་འཇིག་རྟེན་གྱི་དོན་བསྒྲུབ་པར་མཛད་པ་གང་ཡིན་པ་དང་། ཡུམ་རྣམ་མཁྱེན་གང་དང་ཡང་དག་ལྡན་པའི་སྲས་ཐུབ་པ་སངས་རྒྱས་རྣམས་ཀྱི་བཞེད་དོན་ཆོས་ཀྱི་འཁོར་ལོ་རྣམ་པ་ཀུན་ལྡན་སྣ་ཚོགས་པ་འདི་གསུངས་པའི་བདག་རྐྱེན་མཛད་པའི་ཕྱིར། དེ་ཉིད་སྦྱོར་བ་ངག་དོན་དུ་དྲིལ་ན། རྗེ་བཙུན་བྱམས་མགོན་ཆོས་ཅན། ཡུམ་མཁྱེན་གསུམ་ལ་ཕྱག་འཚལ་བའི་རྒྱུ་མཚན་ཡོད་དེ། ཡུམ་མཁྱེན་པ་གསུམ་པོ་དེས་སྲས་བཞིའི་བཞེད་དོན་མཐའ་དག་རྫོགས་པར་སྒྲུབ་པའི་རྒྱུ་མཚན་གྱིས་ཕྱག་བཙལ་བ་ཡིན་པའི་ཕྱིར། གཉིས་པ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་སོགས་ཀྱིས་བསྟན། སྟོན་པས་ཡུམ་གསུམ་པོ་འདི་ལས་བཤད་པ་གང་ཡིན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཉེ་བར་མཚོན་པའི་ལམ་མངོན་པར་རྟོགས་པ་བརྒྱད་ཆོས་ཅན། རྒྱན་གྱི་བརྗོད་བྱ་ཡིན་ཏེ། དེའི་བཤད་བྱ་ཡིན་པའི་ཕྱིར། བྱང་སེམས་ལས་གཞན་གྱིས་ཉམས་སུ་མྱོང་བ་མ་ཡིན། བློ་དང་ལྡན་པའི་བྱང་ཆུབ་སེམས་དཔས་ཆོས་སྤྱོད་བཅུའི་བདག་ཉིད་ཅན་གྱི་མདོའི་དོན་དྲན་པའི་ཤེས་པ་ལ་བཞག་ནས་མཐོང་བར་འགྱུར་བའི་རྣམ་མཁྱེན་ཆོས་ཅན། རྒྱན་གྱི་ཉིང་དགོས་ཡིན་ཏེ། དེའི་དགོས་པའི་ཡང་དགོས་པ་ཡིན་པའི་ཕྱིར། ཉིང་དགོས་དེ་ཐོབ་པའི་ཕྱིར་དུ་བསྟན་བཅོས་ལ་ཐོས་བསམ་བྱས་པས་མདོ་དོན་བདེ་བླག་ཏུ་རྟོགས་པ་ཞེས་བྱ་བ་འདི་ཆོས་ཅན། རྒྱན་རྩོམ་པའི་དགོས་པ་ཡིན་ཏེ། དེའི་ཆེད་དུ་བྱ་བ་ཡིན་པའི་ཕྱིར། ངག་དོན་ནི། རྗེ་བཙུན་བྱམས་མགོན་ཆོས་ཅན། མངོན་རྟོགས་རྒྱན་གྱི་དགོས་འབྲེལ་གསུངས་པ་ལ་དགོས་པ་ཡོད་དེ། དོན་གཉེར་གྱི་གདུལ་བྱས་རྒྱན་གྱི་དགོས་སོགས་བཞི་ལ་བརྟེན་ནས་རྒྱན་ལ་ཐོས་སོགས་ཀྱིས་འཇུག་པའི་ཆེད་ཡིན་པའི་ཕྱིར།

རྒྱས་པ་ལ་དད་པ་ལ་དོན་བརྒྱད་དུ་ཕྱེ་སྟེ་བཤད་པ།

གསུམ་པ་འཇུག་བྱ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་ཉིད་བཤད་པ་ལ་གསུམ་སྟེ། རྒྱས་པ་ལ་དད་པའི་གང་ཟག་ལ་དོན་བརྒྱད་དུ་ཕྱེ་སྟེ་བཤད་པ། འབྲིང་ལ་དད་པའི་གང་ཟག་ལ་དོན་དྲུག་ཏུ་བསྟན་པ། བསྡུས་པ་ལ་དད་པའི་གང་ཟག་ལ་དོན་གསུམ་དུ་བསྡུས་ཏེ་བསྟན་པའོ། །

དང་པོ་ལ་གཉིས་ཏེ། ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་མདོར་བསྟན་པ། ཅུང་ཟད་བཤད་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པའི་སོགས་ཀྱིས་བསྟན། རྗེ་བཙུན་བྱམས་མགོན་ཆོས་ཅན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་ལུས་རྣམ་བཞག་ནི་ཡང་དག་པར་བཤད་དེ། དེའི་སྦས་དོན་དངོས་པོ་བརྒྱད་ཀྱི་སྒོ་ནས་ཕྱིན་ཅི་མ་ལོག་པར་བཤད་པའི་ཕྱིར། ངག་དོན་ནི། རྗེ་བཙུན་བྱམས་མགོན་ཆོས་ཅན། ཤེར་ཕྱིན་ཡང་དག་པར་བཤད་དེ། དེ་དངོས་པོ་བརྒྱད་ཀྱི་སྒོ་ནས་ཕྱིན་ཅི་མ་ལོག་པར་བཤད་པའི་ཕྱིར། གཉིས་པ་ནི། རྣམ་ཀུན་མཁྱེན་ཉིད་སོགས་ཀྱིས་བསྟན། དངོས་པོ་བརྒྱད་པོ་དེ་གང་ཞེ་ན། རྒྱན་གྱི་བརྗོད་བྱ་དེ་ཡང་ཆོས་ཅན། དབྱེ་ན་དངོས་པོ་རྣམ་པ་བརྒྱད་ཡོད་དེ། རྣམ་པ་ཀུན་མཁྱེན་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། ལམ་ཤེས་ཀྱི་རྗེས་དེ་ནས་བཤད་པའི་ཐམས་ཅད་ཤེས་པ་ཉིད། རྣམ་པ་ཀུན་མངོན་པར་རྟོགས་པའི་སྦྱོར་བ་དང་། རྩེ་མོར་ཕྱིན་པའི་སྦྱོར་བ་དང་། མཐར་གྱིས་པའི་སྦྱོར་བ་དང་། སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པར་བྱང་ཆུབ་པའི་སྦྱོར་བ་དང་། འབྲས་བུ་ཆོས་ཀྱི་སྐུ་དང་བརྒྱད་ཡོད་པའི་ཕྱིར།

གསུམ་པ་ལ་གསུམ་སྟེ། མཁྱེན་གསུམ་གྱི་ལུས་རྒྱས་བཤད། སྦྱོར་བ་བཞིའི་ལུས་རྒྱས་བཤད། ཆོས་སྐུའི་ལུས་རྒྱས་བཤད་དོ། །དང་པོ་ལ། རྣམ་མཁྱེན་གྱི་ལུས་རྒྱས་བཤད། ལམ་ཤེས་ཀྱི་ལུས་རྒྱས་བཤད། གཞི་ཤེས་ཀྱི་ལུས་རྒྱས་བཤད་དོ། །དང་པོ་ནི། སེམས་བསྐྱེད་པ་དང་གདམས་ངག་དང་། །ཞེས་སོགས་ཀྱིས་བསྟན། རྟེན་གྱི་གང་ཟག་ཐུབ་པ་སངས་རྒྱས་རྣམས་དང་འབྲེལ་བ་རྣམ་པ་ཀུན་མཁྱེན་པ་ཉིད་མཚོན་བྱེད་ཀྱི་ཆོས་ཆོས་ཅན། དབྱེ་ན་བཅུ་ཡོད་དེ། ཐེག་པ་ཆེན་པོའི་སེམས་བསྐྱེད་པ་དང་། ཐེག་ཆེན་གྱི་གདམས་ངག་དང་། ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་རྣམ་པ་བཞི་དང་། ཐེག་ཆེན་གྱི་སྒྲུབ་པ་ཡི་ནི་རྟེན་དུ་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པའི་རིགས་དང་། ཐེག་ཆེན་སྒྲུབ་པའི་དམིགས་པ་དག་དང་། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་དང་ནི། གོ་ཆའི་སྒྲུབ་པ་དང་། འཇུག་པར་བྱ་བའི་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པ་དང་ནི། ངེས་པར་འབྱུང་བའི་སྒྲུབ་པ་དང་བཅས་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། མོག་མོག་པོར་བྱེད་ལ་སོགས་དང་། །ཞེས་སོགས་ཀྱིས་བསྟན། རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཀྱི་རྒྱུད་དང་འབྲེལ་བ་ལམ་ཤེས་པ་ཉིད་མཚོན་བྱེད་ཀྱི་ཆོས་ནི་ཆོས་ཅན། དབྱེ་ན་བཅུ་གཅིག་པོ་དེ་འདྲ་བར་བཤད་དེ། རྣམ་སྨིན་ལས་སྐྱེས་པའི་ལྷའི་འོད་མོག་མོག་པོར་བྱེད་པས་བསྟན་པ་ལ་སོགས་པ་ལམ་ཤེས་ཀྱི་ཡན་ལག་དང་། སློབ་མ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་གང་ཡིན་པ་དང་། བསེ་རུ་ལྟ་བུའི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་གང་ཡིན་པ་དང་། ཚེ་འདི་དང་ཚེ་རབས་གཞན་པའི་ཡོན་ཏན་གྱི་ཕན་ཡོན་ཆེ་བ། ཐེག་ཆེན་གྱི་མཐོང་བའི་ལམ་དང་། སྒོམ་ལམ་གྱི་བྱེད་པ་དང་ནི། མོས་པ་སྒོམ་ལམ་དང་། མོས་པ་ལ་བསྟོད་པ་དང་། བཀུར་བ་དང་། བསྔགས་པ་ཐོབ་པའི་ཕན་ཡོན་དང་། བསྔོ་བ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་དང་། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་དང་། སྒྲུབ་པ་སྒོམ་ལམ་དང་། ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བའི་སྒོམ་པའི་ལམ་སྟེ་བཅུ་གཅིག་པོ་འདི་ནི་ལམ་ཤེས་མཚོན་བྱེད་ཀྱི་ཆོས་ཡིན་པའི་ཕྱིར། གསུམ་པ་ནི། ཤེས་པས་སྲིད་ལ་མི་གནས་ཞེས་སོགས་ཀྱིས་བསྟན། རྟེན་གྱི་གང་ཟག་ཉན་ཐོས་ལ་སོགས་དང་འབྲེལ་བ་གཞི་ཀུན་ཤེས་པ་ཉིད་མཚོན་བྱེད་ཀྱི་ཆོས་ཆོས་ཅན། དབྱེ་ན་དགུ་པོ་དེ་འདྲ་བར་འདོད་དེ། གནས་ལུགས་ཤེས་པས་སྲིད་པ་འཁོར་བ་ལ་མི་གནས་པའི་གཞི་ཤེས་དང་། སྙིང་རྗེ་ཆེན་པོས་ཞི་བ་མྱང་འདས་ལ་མི་གནས་པའི་གཞི་ཤེས་དང་། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མཁས་པ་མ་ཡིན་པས་འབྲས་ཡུམ་ལ་རིང་བའི་གཞི་ཤེས་དང་། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མཁས་པ་ཉིད་ཀྱིས་འབྲས་ཡུམ་ལ་རིང་བ་མ་ཡིན་པའི་གཞི་ཤེས་དང་། ཐེག་ཆེན་ལམ་གྱི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། ཐེག་ཆེན་ལམ་གྱི་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་དག་དང་། ཐེག་ཆེན་གྱི་གཞི་ཤེས་ཀྱི་སྦྱོར་བ་དང་། སྦྱོར་བ་དེའི་མཉམ་པ་ཉིད་དང་། ཐེག་ཆེན་གྱི་གཞི་ཤེས་ཀྱི་མཐོང་བའི་ལམ་རྣམས་སུ་ཡོད་པའི་ཕྱིར།

གཉིས་པ་ལ། རྣམ་རྫོགས་སྦྱོར་བའི་ལུས་རྒྱས་བཤད། རྩེ་མོའི་སྦྱོར་བའི་ལུས་རྒྱས་བཤད། མཐར་གྱིས་སྦྱོར་བའི་ལུས་རྒྱས་བཤད། སྐད་ཅིག་མའི་སྦྱོར་བའི་ལུས་རྒྱས་བཤད་དོ། །དང་པོ་ནི། རྣམ་པ་སྦྱོར་བ་བཅས་རྣམས་དང་། །ཞེས་སོགས་ཀྱིས་བསྟན། རྣམ་པ་ཀུན་མངོན་པར་རྟོགས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་འདི་ནི་ཆོས་ཅན། དབྱེ་བ་བཅུ་གཅིག་ཡོད་དེ། བསྒོམ་བྱ་རྣམ་པ་དང་། སྒོམ་བྱེད་ཀྱི་སྦྱོར་བ་གང་ཟག་དང་བཅས་པ་རྣམས་དང་། ཐེག་ཆེན་སྦྱོར་བའི་ཡོན་ཏན་དང་། ཐེག་ཆེན་སྦྱོར་བའི་སྐྱོན་དང་ནི། ཐེག་ཆེན་སྦྱོར་བའི་མཚན་ཉིད་ངོ་བོ་ཉིད་མཚན་དང་བཅས་པ་དང་། ཐེག་ཆེན་གྱི་ཐར་པ་ཆ་མཐུན་དང་། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང་། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་ཚོགས་དང་། སྲིད་པ་དང་ཞི་བ་མཉམ་པ་ཉིད་དུ་རྟོགས་པའི་སྦྱོར་བ་དང་། ཞིང་དག་པ་བླ་ན་མེད་པའི་སྦྱོར་བ་དང་། ཐབས་ལ་མཁས་པའི་སྦྱོར་བ་དང་བཅས་པ་རྣམས་སུ་ཡོད་པ་ཡིན་པའི་ཕྱིར། །གཉིས་པ་ནི། དེ་ཡི་རྟགས་དང་རྣམ་འཕེལ་དང་། །ཞེས་སོགས་ཀྱིས་བསྟན། རྩེ་མོའི་མངོན་པར་རྟོགས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་ནི་ཆོས་ཅན། རྩེ་སྦྱོར་དེའི་རྟགས་དང་། རྣམ་འཕེལ་རྩེ་སྦྱོར་དང་། བརྟན་པ་རྩེ་སྦྱོར་དང་། སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་དང་། མཐོང་བ་ཞེས་བྱ་བའི་ལམ་ནི་སོ་སོ་ལ་སྤང་བྱ་རྣམ་པར་རྟོག་པ་བཞིའི་གཉེན་པོ་རྣམ་པ་བཞིས་བསྡུས་པ་མཐོང་ལམ་རྩེ་སྦྱོར་དང་ནི། སྒོམ་པ་ཞེས་བྱ་བའི་ལམ་ནི་སོ་སོ་ལ་སྤང་བྱ་རྣམ་པར་རྟོག་པ་རྣམ་པ་བཞིའི་གཉེན་པོ་རྣམ་པ་བཞིས་བསྡུས་པ་སྒོམ་ལམ་རྩེ་སྦྱོར་དང་། བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་རྩེ་སྦྱོར་དང་། བསལ་བྱ་ལོག་པར་སྒྲུབ་པ་དང་བཅས་པ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། མཐར་གྱིས་པ། རྣམ་གསུམ་རྣམ་བཅུ་ཞེས་པས་བསྟན། མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་ཆོས་ཅན། བཅུ་གསུམ་ཡོད་དེ། ཕར་ཕྱིན་དྲུག་ཉམས་ལེན་གྱི་མཐར་གྱིས་པ་དྲུག །བཤེས་སྤྲིང་ལས། རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང་། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག །ཅེས་པ་ལྟར། རྗེས་དྲན་དྲུག་ཉམས་ལེན་གྱི་མཐར་གྱིས་པ་དྲུག །དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པ་དང་། བསྡོམ་ན་རྣམ་པ་བཅུ་དང་རྣམ་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། བཞི་པ་ནི། སྐད་ཅིག་མ། །གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་པས་བསྟན། སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་ཆོས་ཅན། དབྱེ་ན་ངོ་བོ་ཐ་མི་དད་ཀྱང་སྤྱིའི་མཚན་ཉིད་ཀྱིས་ནི་ཕྱེ་བ་རྣམ་པ་བཞི་ཡོད་དེ། རྣམ་པར་སྨིན་པ་མ་ཡིན་པ་སྐད་ཅིག་མའི་སྦྱོར་བ་དང་། རྣམ་པར་སྨིན་པའི་དང་། མཚན་ཉིད་མེད་པའི་དང་། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། ངོ་བོ་ཉིད་ལོངས་རྫོགས་བཅས་དང་ཞེས་སོགས་ཀྱིས་བསྟན། འབྲས་བུ་ཆོས་ཀྱི་སྐུ་མཚོན་བྱེད་ཀྱི་ཆོས་ཆོས་ཅན། དབྱེ་ན་རྣམ་པ་བཞིར་ནི་ཡང་དག་པར་བརྗོད་དེ། ངོ་བོ་ཉིད་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དཔེ་དང་བཅས་པ་དང་། དེ་བཞིན་དུ་ལོངས་སྐུ་ལས་གཞན་པ་སྤྲུལ་པའི་སྐུ་དང་ནི་རྟོགས་པ་ཆོས་སྐུ་མཛད་པ་དང་བཅས་པ་རྣམས་སུ་ཡོད་པའི་ཕྱིར།

གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐོས་བསམ་གྱིས་གཏན་ལ་འབེབས་པར་བྱ་བའི་ཡུལ་མཁྱེན་གསུམ། ཉམས་ལེན་སྦྱོར་བ་བཞི། འབྲས་བུ་ཆོས་སྐུ་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐོབ་བྱ་རྣམ་མཁྱེན། ལམ་གྱི་གཞི་ལམ་ཤེས། ལམ་གྱི་ཡན་ལག་གོལ་ས་དང་བཅས་པའི་གཞི་ཤེས་བཤད་པའོ། །

དང་པོ་ལ་གཉིས་ཏེ། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་དང་། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ་བདུན། སེམས་བསྐྱེད། གདམས་ངག །ངེས་འབྱེད་སྦྱོར་ལམ། སྒྲུབ་པའི་རྟེན། སྒྲུབ་པའི་དམིགས་པ། སྒྲུབ་པའི་ཆེད་དུ་བྱ་བ། སྒྲུབ་པའི་ངོ་བོའོ། །དང་པོ་ལ་གསུམ་སྟེ། སེམས་བསྐྱེད་ཀྱི་མཚན་ཉིད། དམིགས་ཡུལ། དབྱེ་བའོ། །དང་པོ་ནི། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་སོགས་ཀྱིས་བསྟན། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་འདུན་ལྡན་སེམས་བསྐྱེད་ནི་མཚན་གཞི། ཐེག་པ་ཆེན་པོའི་སེམས་བསྐྱེད་པ་ཡིན་པར་མཚོན། དམིགས་ཡུལ་གཞན་གྱི་དོན་གྱི་ཕྱིར་དོན་དུ་གཉེར་བྱ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདོད་པ་དང་མཚུངས་ལྡན་གྱི་སེམས་ཁྱད་པར་ཅན་ཡིན་པའོ། །ངག་དོན་ནི། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱི་སེམས་ཁྱད་པར་ཅན་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་ཡིན་ཏེ། གཞན་དོན་རྫོགས་བྱང་ལ་དམིགས་པའི་སེམས་ཁྱད་པར་ཅན་ཡིན་པའི་ཕྱིར། གཉིས་པ་ནི། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་རྗེ་བཙུན་བྱམས་མགོན་ཆོས་ཅན། སེམས་བསྐྱེད་ཀྱི་དམིགས་ཡུལ་རྫོགས་བྱང་དེ་དང་བྱ་བ་གཞན་དོན་དེ་ནི་ཡང་དག་པར་བརྗོད་དེ། དེ་གཉིས་ནི་ཡུམ་གྱི་མདོ་ཇི་ལྟ་བ་བཞིན་དུ་བསྡུས་པ་དང་རྒྱས་པ་གཉིས་ཀྱི་སྒོ་ནས་ཕྱིན་ཅི་མ་ལོག་པར་བརྗོད་པའི་ཕྱིར། གསུམ་པ་ནི། དེ་ཡང་ས་གསེར་ཟླ་བ་མེ། །སོགས་ཀྱིས་བསྟན། ཐེག་ཆེན་སེམས་བསྐྱེད་དེ་ཡང་ཆོས་ཅན། དབྱེ་བ་རྣམ་པ་ཉི་ཤུ་རྩ་གཉིས་ཡོད་དེ། ས་ལྟ་བུའི་སེམས་བསྐྱེད་དང་། གསེར་བཟང་པོ་ལྟ་བུ་དང་། ཟླ་བ་ལྟ་བུ་དང་། མེ་ལྟ་བུ་དང་། གཏེར་ལྟ་བུ་དང་། རིན་པོ་ཆེའི་འབྱུང་ཁུངས་ཀྱི་གནས་ལྟ་བུ་དང་། རྒྱ་མཚོ་ལྟ་བུ་དང་། རྡོ་རྗེ་ལྟ་བུ་དང་། རིའི་རྒྱལ་པོ་ལྟ་བུ་དང་། སྨན་ལྟ་བུ་དང་། དགེ་བའི་བཤེས་གཉེན་ལྟ་བུ་དང་། ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། ཉི་མ་ལྟ་བུ་དང་། གླུ་དབྱངས་ལྟ་བུ་དང་། རྒྱལ་པོ་ལྟ་བུ་དང་། བང་མཛོད་ལྟ་བུ་དང་། ལམ་པོ་ཆེ་ལྟ་བུ་དང་། བཞོན་པ་བཟང་པོ་ལྟ་བུ་དང་། བཀོད་མའི་ཆུ་ལྟ་བུ་དང་ནི། སྒྲ་སྙན་ལྟ་བུ་དང་། ཆུ་བོའི་རྒྱུན་ལྟ་བུ་དང་། སྤྲིན་ལྟ་བུའི་སེམས་བསྐྱེད་རྣམས་སུ་ཡོད་པའི་ཕྱིར།

གཉིས་པ་ནི། གདམས་ངག་བཅུ་སྤྱིར་བསྟན་པ་དང་། དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྒྲུབ་དང་བདེན་པ་རྣམས་དང་ནི། །ཞེས་སོགས་ཀྱིས་བསྟན། འདིར་བསྟན་ཐེག་ཆེན་གྱི་གདམས་ངག་ནི་ཆོས་ཅན། དབྱེ་ན་བཅུའི་བདག་ཉིད་དུ་ཤེས་པར་བྱ་སྟེ། སྒྲུབ་པའི་ངོ་བོ་ལ་འདོམས་པའི་གདམས་ངག་དང་། སྒྲུབ་པའི་དམིགས་ཡུལ་བདེན་པ་བཞི་པོ་རྣམས་ལ་འདོམས་པའི་གདམས་དང་། རྟེན་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་དང་། མ་ཞེན་པའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་དང་། ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་དང་། ལམ་ནི་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་དང་། སྤྱན་ལྔ་ལ་འདོམས་པའི་གདམས་ངག་དང་ནི། མངོན་ཤེས་ཀྱི་ཡོན་ཏན་དྲུག་ལ་འདོམས་པའི་གདམས་ངག་དང་། ཐེག་ཆེན་གྱི་མཐོང་ལམ་ལ་འདོམས་པའི་གདམས་ངག་དང་། ཐེག་ཆེན་གྱི་སྒོམ་ལམ་ཞེས་བྱ་བ་ལ་འདོམས་པའི་གདམས་ངག་རྣམས་སུ་ཡོད་པའི་ཕྱིར།

གཉིས་པ་ནི། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་སོགས་ཀྱིས་བསྟན། འདིར་བསྟན་མཚོན་བྱ་དོན་གྱི་དགེ་འདུན་ཆོས་ཅན། དབྱེ་ན་ཉི་ཤུ་ཡོད་དེ། རྒྱུན་ཞུགས་ཞུགས་པ་དབང་པོ་རྟུལ་པོ་དང་། རྣོན་པོའི་མིང་ཅན་དག་སྟེ་གཉིས་དང་། རྒྱུན་ཞུགས་འབྲས་གནས་ཙམ་པོ་དང་། ཁྱད་པར་ཅན་ལྷའི་རིགས་ནས་རིགས་སྐྱེ་དང་། མིའི་རིགས་ནས་རིགས་སྐྱེ་དང་། ཕྱིར་འོང་ཞུགས་པ་དད་མོས་མཐོང་ཐོབ་གཅིག་ཏུ་བྱས་པ་དང་། འབྲས་གནས་ཙམ་པོ་དང་། ཁྱད་པར་ཅན་བར་ཆད་གཅིག་པ་དང་། ཕྱིར་མི་འོང་ཞུགས་པ་དད་མོས་མཐོང་ཐོབ་གཅིག་ཏུ་བྱས་པ་དང་། ཕྱིར་མི་འོང་བར་དོར་འདའ་བ་དང་། སྐྱེས་ནས་འདའ་བ་དང་། འདུ་བྱེད་དང་བཅས་ཏེ་འདའ་བ་དང་། འདུ་བྱེད་མིན་པར་འདའ་བ་དང་། འོག་མིན་འགྲོ་ལ་དབྱེ་ན་འཕར་བ་གསུམ་དང་། སྲིད་རྩེའི་མཐར་ཐུག་འགྲོ། གཟུགས་ཀྱི་ཆགས་བཅོམ་ལ་དབྱེ་ན། མཐོང་ཆོས་ཞི་བ་དང་། ལུས་མངོན་བྱེད་དེ་གཉིས་དང་། དགྲ་བཅོམ་ཞུགས་པ་དང་། བསེ་རུ་ལྟ་བུའི་མིང་ཅན་རྣམས་སུ་ཡོད་པའི་ཕྱིར།

གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། དམིགས་པ་དང་ནི་རྣམ་པ་དང་། །ཞེས་སོགས་ཀྱིས་བསྟན། རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི་རྒྱུད་ལས་འབྱུང་བ་ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞིའི་བདག་ཉིད་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་སྐྱེ་བར་འགྱུར་བ་དེ་ཆོས་ཅན། ཉན་ཐོས་བསེ་རུ་ལྟ་བུ་དང་བཅས་པའི་སྦྱོར་ལམ་དག་ལས་ཁྱད་པར་དུ་འཕགས་ཏེ། དེ་ལས་དམིགས་པ་དང་། རྣམ་པ་དང་། རྒྱུ་བྱེད་ཚུལ་དང་། ཡོངས་སུ་འཛིན་པའི་བཤེས་གཉེན་དང་། རྣམ་པར་རྟོག་པ་བཞི་པོ་སྤང་བྱར་ལྡན་པ་ལ་བརྟེན་པ་སྟེ་ཁྱད་ཆོས་ལྔས་ཁྱད་པར་དུ་འཕགས་པའི་ཕྱིར།

གཉིས་པ་ལ། དམིགས་རྣམ་རྒྱུ་གསུམ་བཤད་པ། ལྡན་ཆོས་གཟུང་འཛིན་གྱི་རྣམ་པ་བཤད་པ། ཡོངས་སུ་འཛིན་པའི་བདག་རྐྱེན་བཤད་པའོ། །དང་པོ་ལ་གཉིས་ཏེ། སོ་སོའི་རང་བཞིན་རྒྱས་པར་བཤད་པ་དང་། ཐུན་མོང་གི་བསྡུ་བའོ། །དང་པོ་ལ་བཞི་སྟེ། དྲོད་ཀྱི། རྩེ་མོའི། བཟོད་པའི། ཆོས་མཆོག་གི་དམིགས་རྣམ་བཤད་པའོ། །དང་པོ་ནི། དམིགས་པ་མི་རྟག་སོགས་ཀྱིས་བསྟན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆུང་འབྲིང་ཆེ་གསུམ་ཆོས་ཅན། དམིགས་རྣམ་ཁྱད་པར་ཅན་དང་ལྡན་ཏེ། ཆུང་ངུ་དེ་ཡི་ནི་དམིགས་པའི་ཡུལ་བདེན་པ་བཞི་ལ་བརྟེན་པ་ཅན་གྱིས་མི་རྟག་པ་ལ་སོགས་བཅུ་དྲུག་ལ་དམིགས་ནས་མངོན་པར་ཞེན་པ་འགོག་པ་ལ་སོགས་པའི་རྣམ་པ་ཅན་ཡིན་ལ། འབྲིང་གིས་འདུ་འགོད་དང་བྲལ་བའི་གཟུགས་སོགས་ལ་དམིགས་ནས་གནས་བྲལ་མེད་པ་དང་གནས་མེད་དུ་རྟོགས་པའི་རྣམ་པ་ཅན་ཡིན་ཞིང་། ཆེན་པོས་བརྡར་བཏགས་པའི་ཆོས་ཐམས་ཅད་ལ་དམིགས་ནས་བརྗོད་དུ་མེད་པར་རྟོགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་པོ་དག །རྒྱུ་བྱེད་ཚུལ་གྱི་ཁྱད་པར་དང་ལྡན་ཏེ། ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བར་ཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་རྒྱུ་བྱེད་པའི་ཕྱིར། གཉིས་པ་ནི། གཟུགས་སོགས་མི་གནས་དེ་དག་ནི། །སོགས་ཀྱིས་བསྟན། གཟུགས་སོགས་དེའི་ངོ་བོར་རང་བཞིན་མེད་པས་བདེན་པར་མི་གནས་པའི་གཟུགས་སོགས་དེ་དག་ཆོས་ཅན། རྩེ་མོ་ཆུང་ངུའི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་གཅོད་པའི་གཞི་ཡིན་པའི་ཕྱིར། གཟུགས་སོགས་དེ་དག་དང་སྟོང་ཉིད་བདེན་མེད་དུ་གཅིག་པ་ཉིད་ཀྱིས་རང་བཞིན་གཅིག་ཡིན་པས་རྩེ་མོ་ཆུང་ངུས་གཟུགས་སོགས་དེ་མི་རྟག་པ་དང་སོགས་ཁོང་ནས་རྟག་པར་མི་གནས་པར་རྟོགས་པའི་འཛིན་སྟངས་ཆོས་ཅན། རྩེ་མོ་ཆུང་ངུའི་རྣམ་པ་ཡིན་ཏེ། དེས་ཡུལ་རྟོགས་པའི་འཛིན་སྟངས་ཡིན་པའི་ཕྱིར། སྟོང་པ་ཉིད་དང་མི་རྟག་པ་སོགས་དེ་རྣམས་དེའི་ངོ་བོས་སྟོང་པའི་ཕྱིར་ཕན་ཚུན་རང་བཞིན་ཡིན་པས་བདག་ཉིད་གཅིག་ཡིན་པ་དེ་དག་ཆོས་ཅན། རྩེ་མོ་འབྲིང་གི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་གཅོད་པའི་གཞི་ཡིན་པའི་ཕྱིར། རྩེ་མོ་འབྲིང་པོས་གཟུགས་སོགས་ཀྱི་ཆོས་རྣམས་ལ༴ ང་ཡིར་མི་འཛིན་པའི་འཛིན་སྟངས་གང་ཡིན་པ་དེ་ཆོས་ཅན། རྩེ་མོ་འབྲིང་གི་རྣམ་པ་ཡིན་ཏེ། དེས་ཡུལ་རྟོགས་པའི་འཛིན་སྟངས་ཡིན་པའི་ཕྱིར། སྔོན་པོ་ལ་སོགས་པའི་མཚན་མར་མི་མཐོང་བའི་གཟུགས་སོགས་དེ་དག་ཆོས་ཅན། །རྩེ་མོ་ཆེན་པོའི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་གཅོད་པའི་གཞི་ཡིན་པའི་ཕྱིར། རྩེ་མོ་ཆེན་པོའི་ཤེས་རབ་ཀྱིས་ནི་ཆོས་ཐམས་ཅད་དམིགས་སུ་མེད་པར་ཡོངས་སུ་རྟོགས་པའི་འཛིན་སྟངས་ཆོས་ཅན། རྩེ་མོ་ཆེན་པོའི་རྣམ་པ་ཡིན་ཏེ། དེས་ཡུལ་རྟོགས་པའི་འཛིན་སྟངས་ཡིན་པའི་ཕྱིར། གསུམ་པ་ནི། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། དེ་མེད་པ་ནི་སོགས་ཀྱིས་བསྟན། དོན་དམ་དུ་ངོ་བོ་ཉིད་མེད་པ་ཉིད་ཀྱི་གཟུགས་སོགས་དེ་དག་ཆོས་ཅན། བཟོད་པ་ཆུང་ངུའི༴ དེས་སྒྲོ་འདོགས་གཅོད་པའི༴ བཟོད་པ་ཆུང་ངུ༴ གཟུགས་སོགས་དེ་བདེན་པར་མེད་པ་ཉིད་ཀྱི་ངོ་བོ་ཉིད་དུ་རྟོགས་པའི་འཛིན་སྟངས་ཆོས་ཅན། བཟོད་པ་ཆུང་ངུའི༴ དེས་ཡུལ་རྟོགས་པའི༴ དོན་དམ་པར་སྐྱེ་བ་མེད་ཅིང་ངེས་པར་འབྱུང་བ་མེད་པའི་གཟུགས་སོགས་དེ་དག་ཆོས་ཅན། བཟོད་པ་འབྲིང་གི༴ དེས་སྒྲོ་འདོགས༴ བཟོད་པ་འབྲིང་གི་ལུས་ངག་སོགས་སངས་རྒྱས་ཀྱི་སར་གློ་བུར་རྣམ་དག་གི་རྒྱུར་རྟོགས་པའི་འཛིན་སྟངས་ཆོས་ཅན། བཟོད་པ་འབྲིང་གི༴ དེས་ཡུལ༴ མཚན་མ་མེད་པའི་གཟུགས་སོགས་དེ་དག་ཆོས་ཅན། བཟོད་པ་ཆེན་པོའི༴ དེས་སྒྲོ་འདོགས༴ བཟོད་པ་ཆེན་པོས་གཟུགས་སོགས་དེའི་མཚན་མར་མི་བརྟེན་པས་མོས་པ་ཡིད་བྱེད་ཀྱི་མོས་བྱ་མ་ཡིན་ཞིང་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་འདུ་ཤེས་པར་བྱར་མེད་པར་རྟོགས་པའི་འཛིན་སྟངས་ཆོས་ཅན། བཟོད་པ་ཆེན་པོའི༴ དེས་ཡུལ༴ བཞི་པ་ནི། ཏིང་འཛིན་སོགས་ཀྱིས་བསྟན། བསྒོམ་བྱ་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཆོས་ཅན། ཆོས་མཆོག་ཆུང་ངུའི༴ དེས་སྒྲོ་འདོགས༴ ཆོས་མཆོག་ཆུང་ངུའི་དམིགས་ཡུལ་ཏིང་ངེ་འཛིན་འདིའི་བྱེད་པ་འཇིག་རྟེན་ཐམས་ཅད་དུ་ལྷུན་གྲུབ་ཏུ་འཇུག་པ་ཉིད་དུ་རྟོགས་པའི་འཛིན་སྟངས་ཆོས་ཅན། ཆོས་མཆོག་ཆུང་ངུའི༴ དེས་ཡུལ༴ སངས་རྒྱས་ཀྱི་ལུང་སྟོན་པའི་རྒྱུར་གྱུར་པའི་སྦྱོར་ལམ་ཆོས་མཆོག་གི་ཏིང་ངེ་འཛིན་རྣམས་ཆོས་ཅན། ཆོས་མཆོག་འབྲིང་གི༴ དེས་སྒྲོ་འདོགས༴ ཆོས་མཆོག་འབྲིང་པོས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ་བདག་ནི་མཉམ་པར་བཞག་པའོ་སྙམ་པ་ལ་སོགས་པའི་རློམ་པ་ཟད་པར་རྟོགས་པའི་འཛིན་སྟངས་ཆོས་ཅན། ཆོས༴ དེས་ཡུལ༴ སྒོམ་དང་སྒོམ་པ་པོ་དང་བསྒོམ་བྱ་གསུམ་པོ་ཕན་ཚུན་ངོ་བོ་གཅིག་པ་ཆོས་ཅན། ཆོས་མཆོག་ཆེན་པོ༴ དེས་སྒྲོ་འདོགས༴ ཆོས་མཆོག་ཆེན་པོས་ཏིང་ངེ་འཛིན་ལ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་འཛིན་སྟངས་ཆོས་ཅན། ཆོས༴ དེས་ཡུལ༴ གཉིས་པ་ནི། དེ་ལྟར་སོགས་ཀྱིས་བསྟན། བཤད་པ་དེ་ལྟར་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དྲོད་རྩེ་བཟོད་མཆོག་བཞི་ནི་ཆོས་ཅན། ནང་གསེས་སུ་དབྱེ་ན་གསུམ་གསུམ་ཡིན་ཏེ། སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་ཡིན་པའི་ཕྱིར།

གཉིས་པ་ལ། གཟུང་རྟོག་བཤད་པ་དང་། འཛིན་རྟོག་བཤད་པའོ། །དང་པོ་ནི། གཞི་དང་དེ་ཡི་སོགས་ཀྱིས་བསྟན། གཟུང་བ་རྣམ་པར་རྟོག་པ་ཆོས་ཅན། དབྱེ་ན་རྣམ་པ་གཉིས་ཡོད་དེ། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་དང་། དེའི་གཉེན་པོའི་རྟེན་ཅན་གཉིས་ཡོད་པའི་ཕྱིར། གཟུང་རྟོག་གཉིས་པོ་དེ་ནི་ཆོས་ཅན། སོ་སོར་རྣམ་པ་དགུ་དགུ་ཡོད་དེ། སྔ་མ་ལ་རྨོངས་པ་མ་རིག་པ་ལ་སོགས་པ་དགུ་དང་། ཕྱི་མ་ལ་རྣམ་བྱང་གི་ཕུང་པོ་ལ་སོགས་པ་དགུ་ཡོད་པའི་ཕྱིར། གཉིས་པ་ནི། རྫས་དང་སོགས་ཀྱིས་བསྟན། འཛིན་པའི་རྣམ་པར་རྟོག་པའང་ཆོས་ཅན། རྣམ་པ་གཉིས་སུ་འདོད་དེ། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གཉིས་ཡོད་པའི་ཕྱིར། འཛིན་རྟོག་གཉིས་པོ་དེ་ནི་ཆོས་ཅན། ནང་གསེས་སུ་དབྱེ་ན་གཟུང་རྟོག་གི་དབྱེ་བ་དེ་བཞིན་དུ་དགུ་དགུ་ཡོད་དེ། བདག་རང་དབང་ཅན་ལ་སོགས་པ་ལ་དམིགས་པའི་ངོ་བོ་ཉིད་དགུ་དང་། ཕུང་པོ་ལ་སོགས་པ་དམིགས་པའི་རྟེན་ཅན་གྱི་བྱེ་བྲག་ལས་དགུ་ཡོད་པའི་ཕྱིར། གསུམ་པ་ནི། སེམས་མི་འགོང་པ་ཉིད་ལ་སོགས། །ཞེས་སོགས་ཀྱིས་བསྟན། སེམས་མི་འགོང་ཞིང་མི་སྐྲག་པ་ཉིད་ལ་སོགས་པའི་སྒོ་ནས་གདུལ་བྱ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པར་སྟོན་པ་བྱེད་ཅིང་། དེ་ཡི་མི་མཐུན་པའི་ཕྱོགས་སེར་སྣ་སོགས་བོར་བའི་མཆོག་གི་སྤྲུལ་པའི་སྐུ་ཆོས་ཅན། རྣམ་པ་ཀུན་ཏུ་བྱང་སེམས་སྦྱོར་ལམ་པའི་ཡོངས་འཛིན་ཡིན་ཏེ། བྱང་སེམས་སྦྱོར་ལམ་པ་ལ་དུས་རྟག་ཏུ་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར།

བཞི་པ་ལ། དངོས་དང་། དོགས་པ་བཅད་པའོ། །དང་པོ་ནི། རྟོག་པ་ཡི་ནི་ཆོས་སོགས་ཀྱིས་བསྟན། འདིར་བསྟན་སྒྲུབ་པའི་རྟེན་རིགས་ཤེས་བྱ་ཆོས་ཅན། དབྱེ་ན་བཅུ་གསུམ་ཡོད་དེ། ཁྱོད་ཀྱི་རྟེན་ཆོས་སྒྲུབ་པ་དེ་ལ་དབྱེ་ན། རྟོག་པ་ཡི་ནི་ཆོས་དྲུག་གི་སྒྲུབ་པ་དང་། གཉེན་པོ་སྐྱེ་བའི་སྒྲུབ་པ་དང་། སྤང་བྱ་སྤོང་པའི་སྒྲུབ་པ་དང་། སྤང་བྱ་དེ་དག་ཡོངས་སུ་གཏུགས་པ་རྣམ་གྲོལ་ལམ་གྱི་སྒྲུབ་པ་དང་། ཤེས་རབ་དང་སྙིང་བརྩེར་བཅས་པའི་སྒྲུབ་པ་དང་། སློབ་མ་ཉན་ཐོས་དང་ཐུན་མོང་མིན་པ་ཉིད་ཀྱི་སྒྲུབ་པ་དང་། གཞན་གྱི་དོན་གོ་རིམ་དུ་བྱེད་པའི་སྒྲུབ་པ་དང་། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས། ཐལ་བ་འགོད་པ་དང་། ལན་བཤད་པའོ། །དང་པོ་ནི། ཆོས་ཀྱི་དབྱིངས་ལ་སོགས་པས་བསྟན། ཤེས་བྱ་ཆོས་ཅན། ཐེག་པ་གསུམ་གྱི་རིགས་ནི་ཐ་དད་པ་གསུམ་དུ་དབྱེ་བར་རུང་བ་མ་ཡིན་པར་ཐལ། ཆོས་ཀྱི་དབྱིངས་རིགས་ཡིན་པ་གང་ཞིག །དེ་ལ་ཐ་དད་པ་གསུམ་དུ་དབྱེར་མེད་པའི་ཕྱིར། གཉིས་པ་ནི། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། ཅེས་པས་བསྟན། རྗེ་བཙུན་བྱམས་མགོན་ཆོས་ཅན། ཆོས་དབྱིངས་ལ་རིགས་མི་འདྲ་བའི་དབྱེ་བ་མེད་ཀྱང་ཐེག་པ་གསུམ་གྱི་རིགས་ཐ་དད་པ་དེའི་དབྱེ་བ་ཡོངས་སུ་བརྗོད་དེ། བརྟེན་པའི་ཆོས་ཐེག་པ་གསུམ་གྱི་སྒྲུབ་པ་ཐ་དད་པ་གསུམ་ཡོད་པའི་བྱེ་བྲག་གིས་གསུམ་དུ་དབྱེ་བ་ཡིན་པའི་ཕྱིར།

ལྔ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་པས་བསྟན། ཆོས་རྣམས་ཐམས་ཅད་ཆོས་ཅན། ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཡང་དགེ་ལ་སོགས་པ་ཞེས་སོགས་ཀྱིས་བསྟན། དམིགས་པ་དེ་ཡང་ཆོས་ཅན། དབྱེ་ན་བཅུ་གཅིག་ཡོད་དེ། དགེ་བ་ལ་སོགས་པ་གསུམ་དང་། འཇིག་རྟེན་པའི་རྟོག་པ་དང་། གང་དག་འཇིག་རྟེན་ལས་འདས་པར་འདོད་པའི་ཡོན་ཏན་དང་། ཟག་པ་དང་བཅས་པའི་ཆོས་དང་། ཟག་པ་མེད་པའི་ཆོས་དང་། གང་དག་རྒྱུ་རྐྱེན་གྱིས་འདུས་བྱས་པའི་ཆོས་དང་། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་ཆོས་དང་། སློབ་མ་ཉན་ཐོས་དང་ཐུན་མོང་བའི་ཆོས་རྣམས་དང་། གང་དག་ཐུབ་པ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རྣམས་སུ་ཡོད་པའི་ཕྱིར།

དྲུག་པ་ནི། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །ཞེས་སོགས་ཀྱིས་བསྟན། རང་བྱུང་སངས་རྒྱས་ཀྱི་མིང་ཅན་གྱི་བྱང་ཆུབ་སེམས་དཔའི་ཆེད་དུ་བྱ་བ་འདི་ཆོས་ཅན། དབྱེ་ན་གསུམ་དུ་ཤེས་པར་བྱ་སྟེ། ཆེན་པོ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར། ཆེན་པོ་གསུམ་གྱི་བདག་ཉིད་དེ་ཆོས་ཅན། གསུམ་དུ་ཡོད་དེ། རྟེན་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པ་སེམས་ཆེན་པོ་དང་། སྤོང་བ་ཆེན་པོ་དང་། རྟོགས་པ་ཆེན་པོ་རྣམས་སུ་ཡོད་པའི་ཕྱིར།

བདུན་པ་སྒྲུབ་པའི་ངོ་བོ་བཤད་པ་ལ་བཞི་སྟེ། གོ་ཆའི་སྒྲུབ་པ་དང་། འཇུག་པའི་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པ་དང་། ངེས་འབྱུང་གི་སྒྲུབ་པའོ། །དང་པོ་ནི། དེ་དག་སོ་སོར་སྦྱིན་ལ་སོགས། རྣམ་པ་དྲུག་ཏུ་ཞེས་སོགས་ཀྱིས་བསྟན། གོ་ཆའི་སྒྲུབ་པ་གང་ཡིན་དེ་ཆོས་ཅན། དྲུག་ཚན་དྲུག་གི་སྒོ་ནས་མདོ་ཇི་ལྟ་བ་བཞིན་བཤད་དེ། །སྦྱིན་སོགས་དྲུག་པོ་དེ་དག་སོ་སོར་སྦྱིན་པ་ལ་སོགས་པ་རྣམ་པ་དྲུག་དྲུག་ཏུ་བསྡུས་པའི་སྒོ་ནས་ཕྱིན་ཅི་མ་ལོག་པར་བཤད་པའི་ཕྱིར།

གཉིས་པ་ནི། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ཞེས་སོགས་ཀྱིས་བསྟན། ཐེག་ཆེན་ལ་འཛེགས་པ་ཡིན་པར་ཤེས་པར་བྱ་བའི་འཇུག་པའི་སྒྲུབ་པ་ཆོས་ཅན། ཁྱོད་ལ་འཇུག་ཡུལ་གྱི་སྒོ་ནས་དབྱེ་ན་དགུ་ཡོད་དེ། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་ལ་འཇུག་སྒྲུབ་དང་། སྦྱིན་སོགས་ཕ་རོལ་ཕྱིན་དྲུག་ལ་འཇུག་སྒྲུབ་དང་། མཐོང་སྒོམ་མི་སློབ་ཁྱད་པར་ལམ་རྣམས་ལ་འཇུག་སྒྲུབ་དང་། བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་ལ་འཇུག་སྒྲུབ་དང་། དངོས་པོར་དམིགས་པ་མེད་པ་དང་ལྡན་པ་ལ་འཇུག་སྒྲུབ་དང་། འཁོར་གསུམ་རྣམ་པར་དག་པ་ལ་འཇུག་སྒྲུབ་དང་། ཆེད་དུ་བྱ་བ་ཆེན་པོ་གསུམ་ལ་འཇུག་སྒྲུབ་དང་། མངོན་ཤེས་དྲུག་ལ་འཇུག་སྒྲུབ་དང་། རྣམ་པ་ཀུན་མཁྱེན་པའི་ཚུལ་ལ་འཇུག་སྒྲུབ་རྣམས་སུ་ཡོད་པའི་ཕྱིར།

གསུམ་པ་ལ་གཉིས་ཏེ། ཚོགས་སྒྲུབ་བཅུ་བདུན་སྤྱིར་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཅེས་སོགས་ཀྱིས་བསྟན། ཚོགས་ཀྱི་སྒྲུབ་པའི་རིམ་པ་ཡིན་པར་ཤེས་པར་བྱ་བ་ནི་ཆོས་ཅན། དབྱེ་ན། བཅུ་བདུན་ཡོད་དེ། བརྩེ་བ་སྙིང་རྗེ་ཆེན་པོའི་ཚོགས་སྒྲུབ་དང་། དེ་བཞིན་དུ་སྦྱིན་པ་ལ་སོགས་པ་ཕར་ཕྱིན་དྲུག་གི་ཚོགས་སྒྲུབ་དྲུག་དང་། ཞི་གནས་ཀྱི་ཚོགས་སྒྲུབ་དང་། ལྷག་མཐོང་དང་བཅས་པའི་ཚོགས་སྒྲུབ་དང་། ཐབས་ཤེས་ཟུང་དུ་འབྲེལ་བའི་ལམ་གང་ཡིན་པའི་ཚོགས་སྒྲུབ་དང་། ཐབས་ལ་མཁས་པ་གང་ཡིན་པའི་ཚོགས་སྒྲུབ་དང་། ཡེ་ཤེས་ཀྱི་ཚོགས་སྒྲུབ་དང་། བསོད་ནམས་ཀྱི་ཚོགས་སྒྲུབ་དང་། ལམ་གྱི་ཚོགས་སྒྲུབ་དང་། གཟུངས་ཀྱི་ཚོགས་སྒྲུབ་དང་། ས་བཅུའི་ཚོགས་སྒྲུབ་དང་། གཉེན་པོའི་ཚོགས་སྒྲུབ་རྣམས་སུ་ཡོད་པའི་ཕྱིར། །གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སའི་ཚོགས་ཁྱད་པར་དུ་བཤད་པ་དང་། གཉེན་པོའི་ཚོགས་ཁྱད་པར་དུ་བཤད་པའོ། །དང་པོ་ལ་སའི་ཚོགས་ཁྱད་པར་དུ་བཤད་པ་ལ་གཉིས། རྒྱུའི་ས་དགུ་ཡོངས་སྦྱོང་གི་སྒོ་ནས་བཤད་པ་དང་། ས་བཅུ་པ་མཚན་ཉིད་ཀྱི་སྒོ་ནས་བཤད་པའོ། །དང་པོ་ལ་དགུ་ཡོད་པའི་དང་པོའི་ཡོངས་སྦྱོང་བཅུ་བཤད་པ་དེ་ཉིད་འཆད་པར་བྱེད་པ་ལ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །སོགས་ཀྱིས་བསྟན་པ་ནི། ས་དང་པོར་འགྱུར་བའི་ཡོངས་སུ་སྦྱོང་བ་ཆོས་ཅན། རྣམ་པ་བཅུ་ཡིན་ཏེ། གྱ་གྱུ་མེད་པའི་བསམ་པ་དང་། གཞན་ལ་ཕན་པའི་དངོས་པོ་ཉིད་དང་། སེམས་ཅན་རྣམས་ལ་སེམས་མཉམ་པ་ཉིད་དང་། བདོག་པ་ཐམས་ཅད་གཏོང་བ་དང་། དགེ་བའི་བཤེས་གཉེན་བསྟེན་པ་དང་། ཐེག་པ་གསུམ་གྱི་དམ་པའི་ཆོས་ཀྱི་དམིགས་པ་འཚོལ་བ་དང་། རྟག་ཏུ་ངེས་པར་འབྱུང་བ་སེམས་པ་ཉིད་དང་། སངས་རྒྱས་ཀྱི་སྐུ་ཐོབ་པར་འདོད་པའི་དགའ་བ་དང་། དམ་པའི་ཆོས་སྟོན་པ་དང་། བདེན་པའི་ཚིག་སྨྲ་བ་ནི་ཡོངས་སུ་སྦྱོང་བ་བཅུ་པ་ཡིན་པར་འདོད་པས་ཆོས་བཅུ་པོ་འདི་དག་དོན་དམ་དུ་རང་བཞིན་མི་དམིགས་པའི་སྒོ་ནས་ཀུན་རྫོབ་ཡོངས་སུ་སྦྱོང་བར་ཤེས་པར་བྱས་པས་ས་དང་པོ་འཐོབ་པར་འགྱུར་བའི་ཕྱིར། གཉིས་པ་ས་གཉིས་པའི་ཡོངས་སྦྱོང་བརྒྱད་བཤད་པ་དེ་ཉིད་འཆད་པར་བྱེད་པ་ལ། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །ཅེས་སོགས་ཀྱིས་བསྟན། ས་གཉིས་པའི་ཡོངས་སྦྱོང་གི་ཆོས་ཆོས་ཅན། བརྒྱད་ཡོད་དེ། གཞི་ཚུལ་ཁྲིམས་དང་། གཞན་གྱིས་དྲིན་བྱས་པ་གཟོ་བ་དང་། གནོད་པ་བྱས་པ་བཟོད་པ་དང་། དགེ་བའི་ཆོས་སྒྲུབ་པ་ལ་རབ་ཏུ་དགའ་བ་དང་། སྐྱེ་བོ་ཐམས་ཅད་ལ་སྙིང་བརྩེ་ཆེ་བ་དང་། མཁན་པོ་སོགས་ལ་བཀུར་སྟིས་འདུད་པ་དང་། བླ་མ་ལ་ཆོས་གུས་པས་ཉན་ཅིང་དེ་སྒྲུབ་པ་དང་། ཡོངས་སྦྱོང་བརྒྱད་པ་སྦྱིན་པ་ལ་སོགས་པ་ཕར་ཕྱིན་དྲུག་ལ་བརྩོན་པ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ས་གསུམ་པའི་ཡོངས་སྦྱོང་ལྔ་བཤད་པ་དེ་ཉིད་འཆད་པར་བྱེད་པ་ལ། ཐོས་པས་མི་ངོམས་ཉིད་དང་ནི། །སོགས་ཀྱིས་བསྟན། ངོ་བོ་ཉིད་དུ་རློམ་པ་མེད་པའི་བདག་ཉིད་དུ་སྦྱང་བར་བྱ་བ་ས་གསུམ་པའི་ཡོངས་སྦྱོང་ཆོས་ཅན། དབྱེ་ན་རྣམ་པ་ལྔ་ཡོད་དེ། དམ་པའི་ཆོས་ཐོས་པས་མི་ངོམས་པ་ཉིད་དང་ནི། རྙེད་བཀུར་ལ་ལྟ་བ་སོགས་ཟང་ཟིང་གི་སེམས་མེད་པར་དམ་པའི་ཆོས་སྦྱིན་པ་དང་། སངས་རྒྱས་ཀྱི་ཞིང་ཀུན་ནས་སྦྱོང་བ་དང་། འཁོར་བའི་ཉེས་དམིགས་མཐོང་བས་སེམས་ཡོངས་སུ་མི་སྐྱོ་བ་དང་། རང་གཞན་ལ་ལྟོས་ནས་ངོ་ཚ་ཁྲེལ་ཡོད་དང་ལྡན་པ་ཞེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། བཞི་པ་ས་བཞི་པའི་ཡོངས་སྦྱོང་བཅུ་བཤད་པ་དེ་ཉིད་འཆད་པར་བྱེད་པ་ལ། ནགས་གནས་འདོད་ཆུང་སོགས་ཀྱིས་བསྟན། ས་བཞི་པའི་ཡོངས་སྦྱོང་ཆོས་ཅན། བཅུ་ཡོད་དེ། དབེན་པའི་ནགས་སུ་གནས་པ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་སྡོམ་པ་ཡང་དག་པར་བསྟེན་པ་དང་། བསླབ་པ་བླངས་པ་རྣམས་ཡོངས་སུ་མི་གཏོང་བ་དང་། འདོད་པའི་ཡོན་ཏན་རྣམས་ལ་དམོད་པ་དང་། མྱ་ངན་ལས་འདས་པ་ལ་གཞོལ་བར་བྱེད་པ་དང་། བདོག་པ་ཀུན་གཏོང་བ་དང་། སེམས་མི་ཞུམ་པའི་སྙིང་སྟོབས་དང་། དངོས་པོར་ལྟ་བ་མེད་པ་རྣམས་སུ་ཡོད་པའི་ཕྱིར། ལྔ་པ་ས་ལྔ་པའི་ཡོངས་སྦྱོང་བཅུ་བཤད་པ་དེ་ཉིད་འཆད་པར་བྱེད་པ་ལ། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་། །ཞེས་སོགས་ཀྱིས་བསྟན། ས་ལྔ་པ་ནི་ཡང་དག་པར་ཐོབ་པར་བྱེད་པའི་ཡོངས་སྦྱོང་ཆོས་ཅན། ཁྱོད་ཀྱི་སྤང་བྱ་བཅུ་ཡོད་དེ། རྙེད་བཀུར་འདོད་པས་གཞན་ལ་འདྲིས་པར་བྱེད་པ་དང་། དད་པ་ཅན་གྱི་ཁྱིམ་ལ་འཁྲེན་པ་དང་། འདུ་འཛིར་གྱུར་པའི་གནས་སུ་གནས་པ་དང་ནི། བདག་ལ་བསྟོད་པ་དང་། གཞན་ལ་བརྙས་པ་དང་། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་གང་རུང་ལ་སྤྱོད་པ་དང་། ཡོན་ཏན་གྱི་རློམ་པས་ཁེངས་པ་དང་། བླང་དོར་ཕྱིན་ཅི་ལོག་ཏུ་ཞེན་པ་དང་། ལོག་ལྟ་སོགས་བློ་གྲོས་ངན་པ་དང་ནི། ཉོན་མོངས་པ་བཟོད་པ་སྟེ་སྤང་བྱ་བཅུ་པོ་དེ་ནི་རྣམ་པར་སྤངས་ན་ས་ལྔ་པ་ཐོབ་པའི་ཕྱིར། དྲུག་པ་ས་དྲུག་པའི་ཡོངས་སྦྱོང་བཅུ་གཉིས་འཆད་པར་བྱེད་པ་ལ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །ཞེས་སོགས་ཀྱིས་བསྟན། ས་ནི་དྲུག་པ་ཡང་དག་པར་ཐོབ་ཅིང་རྫོགས་པར་བྱེད་པའི་ཡོངས་སྦྱོང་ཆོས་ཅན། །བཅུ་གཉིས་ཡོད་དེ། རྒྱུའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕར་ཕྱིན་རྫོགས་པར་བྱེད་པ་སྟེ། བླང་བྱ་དྲུག་ཉམས་སུ་ལེན་པའི་ཡོངས་སྦྱོང་དྲུག །སློབ་མ་ཉན་ཐོས་དགའ་བའི་སེམས་སྤོང་བ་དང་ནི། བསེ་རུ་ལྟ་བུའི་རང་རྒྱལ་དགའ་བའི་སེམས་སྤོང་བ་དང་། སྟོང་ཉིད་ལ་སྐྲག་པའི་སེམས་སྤངས་པས་མི་སྐྲག་པ་དང་། སློང་མོ་བས་བསླངས་ན་སེམས་མི་ཞུམ་པ་དང་། བདོག་པ་ཀུན་བཏང་ཡང་མི་དགའ་བ་མེད་པ་དང་། རང་དབུལ་ཡང་སློང་མོ་བ་མི་སྤོང་བ་སྟེ་སྤང་བྱ་དྲུག་དང་བྲལ་བའི་ཡོངས་སྦྱོང་དྲུག་སྟེ་བཅུ་གཉིས་རྣམས་སུ་ཡོད་པའི་ཕྱིར། བདུན་པ་ས་བདུན་པའི་ཡོངས་སྦྱོང་ཉི་ཤུ་བཤད་པ་ལ་གཉིས་ཏེ། སྤང་བྱ་ཉི་ཤུ་དང་། བླང་བྱ་ཉི་ཤུའོ། །དང་པོ་ནི། བདག་དང་སེམས་ཅན་འཛིན་པ་དང་། །ཞེས་སོགས་ཀྱིས་བསྟན། གང་ཟག་གང་ལ་སྤང་བྱ་འདི་དག་རྣམ་པར་ཆད་པ་དེ་ཡིས་ས་ནི་བདུན་པ་འཐོབ་པར་བྱེད་པའི་གེགས་ཆོས་ཅན། ཉི་ཤུ་ཡོད་དེ། བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། ཆད་པར་འཛིན་པ་དང་། རྟག་པར་འཛིན་པ་དང་། མཚན་མར་འཛིན་པ་དང་། རྒྱུར་འཛིན་པ་དང་། ཕུང་པོར་འཛིན་པ་དང་། ཁམས་སུ་འཛིན་པ་དང་། སྐྱེ་མཆེད་དག་ཏུ་འཛིན་པ་དང་། ཁམས་གསུམ་པོ་ལ་ཞེན་ནས་གནས་པ་དང་། ཁམས་གསུམ་པོ་ལ་ཆགས་པ་དང་། སེམས་ནི་ཀུན་ཏུ་ཞུམ་པ་དང་། དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ་དེ་དང་དེར་ལྟ་བའི་མངོན་པར་ཞེན་པ་བཞི་དང་། སྟོང་པ་ཉིད་ལ་རྩོད་པ་དང་། སྟོང་ཉིད་དེ་དག་འགལ་བའི་ཉེས་པ་སྟེ་ཉི་ཤུ་ཡོད་པའི་ཕྱིར། གཉིས་པ་ནི། རྣམ་ཐར་སྒོ་གསུམ་ཤེས་པ་དང་། །ཞེས་སོགས་ཀྱིས་བསྟན། ས་བདུན་པ་འཐོབ་པར་བྱེད་པའི་ཡོངས་སྦྱོང་ཆོས་ཅན། ཉི་ཤུ་ཡོད་དེ། རྣམ་ཐར་སྒོ་གསུམ་ཤེས་པ་དང་། འཁོར་གསུམ་རྣམ་པར་དག་པ་ཉིད་དུ་རྟོགས་པ་དང་། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། བདེན་ཞེན་གྱིས་རློམ་པ་མེད་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་དང་། མཐར་ཐུག་ཐེག་པ་ཆེན་པོའི་ཚུལ་གཅིག་ཏུ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཟབ་མོ་ངེས་པར་རྟོགས་པའི་བཟོད་པ་དང་། ཆོས་རྣམས་ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་པ་གཅིག་ཏུ་སྟོན་པ་དང་། རྣམ་པར་རྟོག་པ་ཀུན་ཏུ་འཇོམས་པ་དང་། མཚན་འཛིན་གྱི་འདུ་ཤེས་སྤོང་བ་དང་། ལྟ་བ་ལྔ་སྤོང་བ་དང་། ཉོན་མོངས་པ་སྤོང་བ་དང་། ཞི་གནས་ངེས་པར་སེམས་པ་དང་། ལྷག་མཐོང་གི་དོན་ལ་ནི་མཁས་པ་དང་། སེམས་ཞི་ཞིང་དུལ་བ་དང་། གཟུགས་ནས་རྣམ་མཁྱེན་བར་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་། ཞེན་ནས་ཆགས་པའི་ས་མ་ཡིན་པར་རྟོགས་པ་དང་། རང་གང་འདོད་སར་སངས་རྒྱས་ཀྱི་ཞིང་གཞན་དུ་ནི་དུས་མཉམ་དུ་འགྲོ་བ་དང་། དུས་ཀུན་ཏུ་བདག་གི་ལུས་ཀྱི་ངོ་བོ་ནི་གདུལ་བྱ་ལ་སྟོན་པ་ཉིད་དང་ཉི་ཤུ་ཡོད་པའི་ཕྱིར། བརྒྱད་པ་ས་བརྒྱད་པའི་ཡོངས་སྦྱོང་བརྒྱད་བཤད་པ་དེ་ཉིད་འཆད་པར་བྱེད་པ་ལ། སེམས་ཅན་ཀུན་ཡིད་ཤེས་པ་ཞེས་སོགས་ཀྱིས་བསྟན། ས་བརྒྱད་པ་འཐོབ་པའི་ཕྱིར་དུ་ཡོངས་སུ་སྦྱོང་བར་བྱེད་པའི་ལས་འདི་ནི་ཆོས་ཅན། རྣམ་པ་བརྒྱད་དུ་བཤད་དེ། སེམས་ཅན་ཀུན་གྱི་ཡིད་ཀྱི་སྤྱོད་པ་ཤེས་པ་དང་། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་བརྩེ་བ་དང་། སངས་རྒྱས་ཀྱི་ཞིང་སྣོད་ཀྱི་འཇིག་རྟེན་བཟང་པོར་སྒྲུབ་པ་དང་། དམ་པའི་ཆོས་ཡོངས་སུ་བརྟག་པའི་ཕྱིར་སངས་རྒྱས་བསྟེན་པ་དང་། ལྷའི་མིག་གི་དབང་པོ་བསྐྱེད་པ་ཤེས་པ་དང་། རྒྱལ་བ་སངས་རྒྱས་ཀྱི་ཞིང་བསྟེན་པ་བཅུད་ཡོངས་སུ་སྦྱོང་བ་དང་། ཐམས་ཅད་དུ་སྒྱུ་མ་ལྟར་གནས་པ་དང་། སེམས་ཅན་གྱི་དོན་དུ་བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པ་རྣམས་སུ་ཡོད་པའི་ཕྱིར། དགུ་པ་ས་དགུ་པའི་ཡོངས་སྦྱོང་བཅུ་གཉིས་བཤད་པ་དེ་ཉིད་འཆད་པར་བྱེད་པ་ལ། སྨོན་ལམ་དག་ནི་མཐའ་ཡས་དང་། སོགས་ཀྱིས་བསྟན། ས་དགུ་པའི་ཡོན་ཏན་རྫོགས་པར་བྱེད་པའི་ཡོངས་སྦྱོང་ཆོས་ཅན། བཅུ་གཉིས་ཡོད་དེ། སྨོན་ལམ་དག་ནི་མཐའ་ཡས་པ་དང་། ལྷ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང་། སྤོབས་པ་ཆུ་བོ་ལྟ་བུར་མི་ཟད་པ་དང་། མངལ་མཆོག་ཏུ་འཇུག་པ་དང་། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་དང་། དེ་བཞིན་དུ་རུས་ཕུན་སུམ་ཚོགས་པ་དང་། ཆོ་འབྲང་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། སྐྱེ་བ་ཕུན་སུམ་ཚོགས་པ་དག་དང་། བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པ་འགྲུབ་པ་དང་། ཡོན་ཏན་ཕུན་སུམ་ཚོགས་པ་ཡོངས་སུ་རྫོོགས་པར་འགྱུར་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ས་དགུ་འདས་ནས་ཡེ་ཤེས་ནི། །སོགས་ཀྱིས་བསྟན། དམན་པ་ས་བརྒྱད་བྱང་སེམས་ཀྱི་ས་དང་བཅས་པ་ས་དགུ་འདས་ནས་སྨོན་ནས་ཤེས་པ་གང་གིས་གནས་པའི་བྱང་སེམས་ཀྱི་ཡེ་ཤེས་རྗེས་ཐོབ་ཏུ་གཞན་དོན་བྱེད་ཚུལ་ལས་སངས་རྒྱས་ཀྱི་སར་བཏགས་པའི་ས་དེ་ནི་ཆོས་ཅན། བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་ཤེས་པར་བྱ་སྟེ། ས་དགུ་ལས་འདས་པའི་སློབ་ལམ་ཡིན་པའི་ཕྱིར། གཉིས་པ་ནི། མཐོང་དང་གོམས་པའི་ལམ་དག་ལ། །ཞེས་སོགས་ཀྱིས་བསྟན། འདིར་བསྟན་གཉེན་པོའི་ཚོགས་ཀྱི་སྒྲུབ་པ་ཆོས་ཅན། དབྱེ་ན་རྣམ་པ་བརྒྱད་ཅེས་བྱ་སྟེ། མཐོང་བའི་ལམ་དག་ལས་སྤང་བར་བྱ་བ་མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིའི་གཉེན་པོར་མཐོང་སྤང་གི་གཉེན་པོ་ཚོགས་སྒྲུབ་བཞི་དང་། མཐོང་ཟིན་གོམས་པར་བྱ་བའི་ལམ་དག་ལ་སྤང་བར་བྱ་བ་སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིའི་གཉེན་པོར་སྒོམ་སྤང་གི་གཉེན་པོ་ཚོགས་སྒྲུབ་བཞི་ཡོད་པའི་ཕྱིར།

བཞི་པ་ནི། ཆེད་དུ་བྱ་དང་ཞེས་སོགས་ཀྱིས་བསྟན། ངེས་པར་འབྱུང་བའི་སྒྲུབ་པ་གང་ཡིན་པ་ནི་ཆོས་ཅན། དབྱེ་ན་རྣམ་པ་བརྒྱད་ཀྱི་བདག་ཉིད་དུ་ཤེས་པར་བྱ་སྟེ། ཆེད་དུ་བྱ་བའི་ངེས་འབྱུང་སྒྲུབ་པ་དང་། ཆོས་མཉམ་པ་ཉིད་དུ་རྟོགས་པའི་ངེས་འབྱུང་སྒྲུབ་པ་དང་། སེམས་ཅན་གྱི་དོན་བྱེད་པའི་ངེས་འབྱུང་སྒྲུབ་པ་དང་། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་ངེས་འབྱུང་སྒྲུབ་པ་དང་། རྟག་ཆད་ཀྱི་མཐའ་ལས་འདས་པར་ངེས་འབྱུང་སྒྲུབ་པ་དང་། ཐེག་པ་གསུམ་གྱི་དོན་ཐོབ་པའི་མཚན་ཉིད་ཅན་གྱི་ངེས་པར་འབྱུང་བའི་སྒྲུབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའི་སྒྲུབ་པ་དང་། ལམ་གྱི་ཡུལ་ཅན་གྱི་ངེས་པར་འབྱུང་བའི་སྒྲུབ་པ་དང་དེ་ལྟར་བརྒྱད་ཡོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཆེད་དུ་བྱ་དང་མཉམ་ཉིད་དང་། །ཞེས་སོགས་ཀྱི་གཞུང་འདི་བྱུང་། གཉིས་པ་སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་སྦྱོར་བའི་ཊཱི་ཀ་ལས། སྐབས་དང་པོའི་ཚིག་དོན་གྱི་སྦྱོར་ངག་བཤད་ཟིན་ཏོ།། །།

རྩ་བའི་ས་བཅད་གཉིས་པ་ལམ་གྱི་གཞི་ལམ་ཤེས་བཤད་པ་ལ་གཉིས་ཏེ། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་དང་། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ལམ་ཤེས་སྐྱེ་བའི་ཡན་ལག་དང་། ལམ་ཤེས་དངོས་སོ། །དང་པོ་ནི། ལྷ་རྣམས་རུང་བར་བྱ་བའི་ཕྱིར། ཞེས་སོགས་ཀྱིས་བསྟན། འདིར་བསྟན་ལམ་ཤེས་ཀྱི་ཡན་ལག་ཆོས་ཅན། ལྔ་ཡོད་དེ། ལྷ་རྣམས་ལམ་ཤེས་སྐྱེ་བའི་སྣོད་དུ་རུང་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་དེ་རྣམས་ཀྱི་འོད་མོག་མོག་པོར་མཛད་པས་མཚོན་པ་ལམ་ཤེས་ཀྱི་ལུས་རྟེན་གྱི་ཡན་ལག་དང་། ལམ་ཤེས་སྐྱེ་བའི་ཡུལ་ངེས་པ་སེམས་རྟེན་གྱི་ཡན་ལག་དང་། སེམས་ཅན་ཐམས་ཅད་ལམ་ཤེས་ཀྱི་རིགས་ཀྱིས་ཁྱབ་པ་རྟེན་རིགས་ཀྱི་ཡན་ལག་དང་། གཞན་དོན་དུ་འཁོར་བར་སྐྱེ་བའི་རྒྱུ་མི་སྤོང་བ་རང་བཞིན་གྱི་ཡན་ལག་དང་། གདུལ་བྱའི་དོན་རྒྱུན་མི་འཆད་དུ་ཤེས་པ་ལམ་ཤེས་དེའི་བྱེད་ལས་རྣམས་སུ་ཡོད་པའི་ཕྱིར།

གཉིས་པ་ལ་གསུམ་སྟེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི། བྱང་ཆུབ་སེམས་དཔའི་དང་གསུམ་མོ། །དང་པོ་ལ་གཉིས་ཏེ། ལམ་གྱི་རང་བཞིན་ལམ་ཤེས་དངོས་བཤད་པ་དང་། དེའི་རྒྱུ་ངེས་འབྱེད་ཆ་མཐུན་བཤད་པའོ། །དང་པོ་ནི། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་སོགས་ཀྱིས་བསྟན། ལམ་ཤེས་པ་ཉིད་འཆད་པའི་སྐབས་ཀྱི་ཚུལ་ལ་ནི་ཤེས་པར་བྱ་རྒྱུ་ཉན་ཐོས་ཀྱི་ལམ་འདི་ཆོས་ཅན། ཁྱོད་བྱང་འཕགས་ཀྱིས་ཤེས་པར་བྱ་བའི་ཚུལ་ཡོད་དེ། རྣམ་མཁྱེན་ཡིད་བྱེད་དང་ལྡན་པས་འཕགས་པའི་བདེན་པ་བཞི་པོ་དག་གི་རྣམ་པ་མི་དམིགས་པའི་སྒོ་ནས་ནི་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། འཕགས་པ་སོགས་ཀྱིས་བསྟན། འཕགས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ལ་ནི་ཆོས་ཅན། དབྱེ་ན་བཞི་ཡོད་དེ། བདེན་བཞི་ལ་དམིགས་ནས་གཟུགས་ལ་སོགས་པ་རང་རང་གི་ངོ་བོས་སྟོང་པའི་ཕྱིར། སྟོང་པ་ཉིད་རྣམས་ཐ་དད་དུ་དབྱེ་བ་མེད་པར་རྟོགས་པའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་དང་། དེ་ལ་དམིགས་ནས་གཟུགས་སོགས་དེ་དག་མི་དམིགས་པའི་རྣམ་པ་ཅན་གྱི་རྩེ་མོར་གྱུར་པ་དག་དང་། དེ་ལ་དམིགས་ནས་གཟུགས་སོགས་དེ་དག་རྟག་མི་རྟག་ལ་སོགས་པའི་ཚུལ་གྱི་གནས་བཀག་པའི་རྣམ་པ་ཅན་གྱི་བཟོད་པ་དང་། དེ་ལ་དམིགས་ནས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་དག་ལས་བརྩམས་ནས་ནི་བདེན་པར་མི་གནས་པའི་ཚུལ་མདོ་ལས་རྒྱས་པར་བསྟན་པའི་རྣམ་པ་ཅན་གྱི་ཆོས་ཀྱི་མཆོག་རྣམས་སུ་ཡོད་པའི་ཕྱིར། ཕྱི་མའི་རྟགས་སྒྲུབ་པ་ནི། ཆོས་མཆོག་ལ་གནས་པའི་བྱང་སེམས་སྦྱོར་ལམ་པ་ཆོས་ཅན། རབ་ཏུ་དགའ་བ་ལ་སོགས་ལ་བདེན་པར་མི་གནས་ཏེ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་ནས་བདེན་པར་གནས་བྱའི་ཆོས་རྣམས་ནི་རྡུལ་ཙམ་ཡང་མ་གཟིགས་པའི་ཕྱིར།

གཉིས་པ་ལ་བཞི་སྟེ། ཉན་ཐོས་ལས་ཁྱད་པར་འཕགས་པ་བཤད་པ། སྒྲ་མེད་པར་ཆོས་སྟོན་ཚུལ་བཤད་པ། ཁྱད་གཞི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་དངོས། དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ནི། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་སོགས་ཀྱིས་བསྟན། བསེ་རུ་ལྟ་བུའི་རང་རྒྱལ་གྱི་ཡེ་ཤེས་ནི་ཆོས་ཅན། ཉན་ཐོས་ལས་ཟབ་ཅིང་ཁྱད་དུ་འཕགས་པ་ཉིད་མངོན་པར་བརྗོད་དེ། སྲིད་པ་ཐ་མའི་ཚེ་གཞན་གྱིས་གདམས་ངག་བསྟན་པ་ལ་ལྟོས་མི་དགོས་པར་རང་བྱུང་གི་བྱང་ཆུབ་བདག་ཉིད་ཀྱིས་མངོན་སུམ་དུ་རྟོགས་པར་འགྱུར་བའི་ཕྱིར་དང་། གཞན་ལ་ཆོས་སྟོན་པའི་ཚེ་ངག་གི་སྒོ་ནས་སྟོན་པ་ཡང་མི་དགོས་པའི་ཕྱིར། གཉིས་པ་ནི། གང་གང་སོགས་ཀྱིས་བསྟན། རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་གདུལ་བྱ་ལ་ཆོས་སྟོན་པའི་སྒྲ་མེད་ཀྱང་ཆོས་སྟོན་པ་མི་འགལ་ཏེ། ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་བསྟན་པས་གདུལ་བྱ་གང་དང་གང་བརྗོད་བྱའི་དོན་ནི་གང་དང་གང་ལ་རྣམ་པ་ཇི་ལྟར་ཉན་པར་འདོད་པ་དེ་དང་དེའི་རྣམ་པར་ཤེས་པ་ལ་བརྗོད་བྱའི་དོན་དེ་དང་དེ་ཇི་ལྟར་ཉན་པར་འདོད་པ་དེ་ཁོ་ན་ལྟར་སྣང་བའི་རྟོགས་པ་སྐྱེ་བར་འགྱུར་བའི་ཕྱིར། གསུམ་པ་ནི། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །སོགས་ཀྱིས་བསྟན། བསེ་རུ་ལྟ་བུའི་རང་རྒྱལ་གྱི་ལམ་ནི་ཆོས་ཅན། ཁྱད་ཆོས་གསུམ་གྱིས་ཡང་དག་པར་བསྡུས་པར་ཤེས་པར་བྱ་སྟེ། གཟུང་བ་ཕྱི་དོན་བདེན་འཛིན་གྱི་རྟོག་པ་རང་ལམ་དུ་མི་སྤོང་བའི་ཕྱིར་དང་། རྟེན་གྱི་གང་ཟག་ཐེག་པ་འབྲིང་པོས་བསྡུས་པའི་ཕྱིར། བཞི་པ་ནི། བརྟགས་པའི་ཆོས་ཉིད་སོགས་ཀྱིས་བསྟན། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་སྦྱོར་ལམ་དྲོད་སོགས་བཞི་པོ་དེ་སྐྱེ་བའི་དམིགས་རྣམ་ཁྱད་པར་ཡོད་དེ། དེ་འདྲའི་དྲོ་བར་གྱུར་པ་དེ་གཟུགས་སོགས་ལ་དམིགས་ནས་བརྡར་བཏགས་པའི་ཆོས་ཉིད་དང་མི་འགལ་བར་སྟོན་པའི་རྣམ་པ་ཅན་དུ་སྐྱེ། རྩེ་མོར་གྱུར་པ་དེ་གཟུགས་ལ་སོགས་པ་ལ་དམིགས་ནས་འགྲིབ་པ་མེད་པ་ལ་སོགས་པར་རབ་ཏུ་ཕྱེ་བའི་རྣམ་པ་ཅན་དུ་སྐྱེ། བཟོད་པ་དེ་གཟུགས་སོགས་ལ་དམིགས་ནས་ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་ལ་སོགས་པ་ཡིས་མི་འཛིན་པའི་རྣམ་པ་ཅན་དུ་སྐྱེ། ཆོས་ཀྱི་མཆོག་དེ་གཟུགས་སོགས་ལ་དམིགས་ནས་སྐྱེ་བ་དང་འགག་པ་མེད་པ་སོགས་ཀྱི་རྣམ་པ་ཅན་དུ་སྐྱེ་བའི་ཕྱིར།

གསུམ་པ་ལ་གཉིས་ཏེ། ཐེག་ཆེན་གྱི་མཐོང་ལམ་ཁྱད་པར་ཅན་བཤད་པ་དང་། ཐེག་ཆེན་གྱི་སྒོམ་ལམ་བཤད་པའོ། །དང་པོ་ལ་གཉིས་ཏེ། །མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བདེན་དང་བདེན་ལ་སོགས་ཀྱིས་བསྟན། ལམ་ཤེས་པ་ཉིད་བསྟན་པའི་སྐབས་སུ་ཐེག་ཆེན་གྱི་མཐོང་བའི་ལམ་ཕན་ཡོན་དང་བཅས་པ་འདི་ཆོས་ཅན། དབྱེ་ན་བཅུ་དྲུག་ཡོད་པར་བཤད་དེ། །སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ། ཆོས་ཤེས་པའི་བཟོད་པ་བཞི་དང་། རྗེས་སུ་ཤེས་པའི་བཟོད་པ་བཞི་དང་། བདེན་པ་དེ་བཞི་ལ། ཆོས་ཤེས་པ་བཞི་དང་། རྗེས་སུ་ཤེས་པ་བཞི་སྟེ་ཤེས་བཟོད་ཀྱི་སྐད་ཅིག་མ་རྣམ་པ་བཞི་བཞི་ཡོད་པས་བཅུ་དྲུག་ཡོད་པའི་ཕྱིར།

གཉིས་པ་ལ་གཉིས་ཏེ། བདེན་བཞིའི་ཡུལ་ཅན་སོ་སོར་བཤད་པ་དང་། ཐུན་མོང་གི་བསྡུ་བའོ། །དང་པོ་ལ་བཞི་ལས། དང་པོ་སྡུག་བསྔལ་བདེན་པའི་ཡུལ་ཅན་སོ་སོར་བཤད་པ་ནི། དེ་བཞིན་ཉིད་དང་སོགས་ཀྱིས་བསྟན། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། ཡུལ་དེ་བཞིན་ཉིད་དང་ཡུལ་ཅན་སངས་རྒྱས་དག་ཕན་ཚུན་རྣམ་གྲངས་ཀྱིས་གནས་པར་ཁས་མི་ལེན་ཏེ། དོན་དམ་པའི་ཚུལ་ཉིད་ཀྱིས་དེ་དག་རྟེན་དང་བརྟེན་པའི་དངོས་པོར་མེད་པའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་ཤེས་ཆོས་ཅན། གཟུགས་ལ་སོགས་པ་ཆེན་པོ་ཉིད་དུ་རྟོགས་ཏེ། གཟུགས་སོགས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་རྟོགས་པའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་རྗེས་བཟོད་ཆོས་ཅན། གཟུགས་སོགས་དེ་དག་འཇལ་བྱེད་ཀྱི་ཚད་མ་མེད་པ་དང་བཅས་པ་ཉིད་དུ་རྟོགས་ཏེ། སྔ་མ་བཞིན་དེ་བཞིན་ཉིད་དུ་རྟོགས་པའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་རྗེས་ཤེས་ཆོས་ཅན། གཟུགས་སོགས་དེ་དག་ཚད་ཀྱིས་གཟུང་དུ་མེད་པ་ཞེས་བྱ་བར་རྟོགས་ཏེ། སྔ་མ་བཞིན་དུ་རྟོགས་པའི་ཕྱིར། གཉིས་པ་ཀུན་འབྱུང་བདེན་པའི་ཡུལ་ཅན་སོ་སོར་བཤད་པ་ནི། མཐའ་མེད་དང་སོགས་ཀྱིས་བསྟན། ཀུན་འབྱུང་ཆོས་བཟོད་ཆོས་ཅན། གཟུགས་ལ་སོགས་པ་རྟག་པ་དང་ཆད་པའི་མཐའ་ཉིད་དང་དབུས་ལ་སོགས་པ་མེད་པར་རྟོགས་ཏེ། གཟུགས་སོགས་ངོ་བོ་ཉིད་མེད་པར་རྟོགས་པའི་ཕྱིར། ཀུན་འབྱུང་ཆོས་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཅན། གཟུགས་ལ་སོགས་པའི་རང་བཞིན་ལ་སངས་རྒྱས་ཉིད་དུ་ངེས་པར་འཛིན་པའི་རྣམ་པ་ཅན་ཡིན་ཏེ། གཟུགས་སོགས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་རྟོགས་པའི་ཕྱིར། ཀུན་འབྱུང་རྗེས་བཟོད་ཀྱི་ཤེར་ཕྱིན་དེ་ལ་གནས་པའི་བྱང་སེམས་ཆོས་ཅན། ཆོས་ཐམས་ཅད་ལ་བླང་བ་དང་དོར་བ་མེད་པར་བསྒོམ་པ་ལ་སོགས་པའི་རྣམ་པ་ཅན་ཡིན་ཏེ། ཆོས་ཐམས་ཅད་སྔ་མ་དེ་བཞིན་དུ་རྟོགས་པའི་ཕྱིར། སྐད་ཅིག་བརྒྱད་པ་ཀུན་འབྱུང་རྗེས་ཤེས་ལ་གནས་པའི་བྱང་སེམས་ཆོས་ཅན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་མོས་པ་སྔོན་དུ་འགྲོ་བའི་སྒོ་ནས་བྱམས་སོགས་ཚད་མེད་པ་བཞི་བསྒོམ་པར་བྱ་བའི་རྣམ་པ་ཅན་ཡིན་ཏེ། དེས་ཚད་མེད་བཞི་བསྒོམས་ནས་སྡུག་ཀུན་གྱི་ཉེས་དམིགས་མཐོང་བས་སྐད་ཅིག་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་ལྟོས་པ་མེད་པར་འགོག་པར་ལྷུང་དུ་དོགས་པའི་ཕྱིར། གསུམ་པ་འགོག་བདེན་གྱི་ཡུལ་ཅན་སོ་སོར་བཤད་པ་ནི། སྟོང་ཉིད་དང་སོགས་ཀྱིས་བསྟན། འགོག་པ་ཆོས་བཟོད་ཆོས་ཅན། གཟུགས་ལ་སོགས་པ་སྟོང་པ་ཉིད་དུ་རྟོགས་ཏེ། དེའི་ངོ་བོ་གཉུག་མའི་རང་བཞིན་ཁོ་ནར་རྟོགས་པའི་ཕྱིར། འགོག་པ་ཆོས་ཤེས་ཆོས་ཅན། ཆོས་ཀྱི་དབྱིངས་དང་ཚད་མཉམ་པའི་དགེ་བའི་འབྲས་བུ་སངས་རྒྱས་ཉིད་ཐོབ་པར་རྟོགས་ཏེ། དེའི་ངོ་བོ་གཉུག་མའི་རང་བཞིན་ཁོ་ནར་རྟོགས་པའི་ཕྱིར། འགོག་པ་རྗེས་བཟོད་ཆོས་ཅན། ཉམས་སུ་བླང་བྱའི་ཤེར་ཕྱིན་ཏུ་རྣམ་པར་བྱང་བ་ཀུན་ཡོངས་སུ་བསྡུས་པར་རྟོགས་ཏེ། དེ་རྣམས་ཀྱི་ངོ་བོ་སྔ་མ་བཞིན་དུ་རྟོགས་པའི་ཕྱིར། འགོག་པ་རྗེས་ཤེས་ཆོས་ཅན། རང་གིས་ཉམས་སུ་བླང་བྱའི་ཤེར་ཕྱིན་དེ་ཉིད་ཀྱིས་ཕྱི་ནང་གི་འཚེ་བ་ཉམ་ང་བ་དང་ནད་ཀུན་སེལ་བར་རྟོགས་ཏེ། ཕྱི་ནང་གི་འཚེ་བ་སྔ་མ་དེ་བཞིན་དུ་རྟོགས་པའི་ཕྱིར། བཞི་པ་ལམ་བདེན་གྱི་ཡུལ་ཅན་སོ་སོར་བཤད་པ་ནི། མྱ་ངན་འདས་སོགས་ཀྱིས་བསྟན། ལམ་ཆོས་བཟོད་ཆོས་ཅན། གཟུགས་སོགས་དང་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པའི་འཛིན་པ་ཞི་བའི་རྣམ་པ་ཅན་ཡིན་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒོམ་པའི་ཕྱིར། ལམ་ཆོས་ཤེས་ལ་གནས་པའི་བྱང་སེམས་ཆོས་ཅན། སངས་རྒྱས་རྣམས་ཀྱིས་བསྲུང་སྐྱབས་སྦ་བ་སོགས་མཛད་དེ། ཤེས་རབ་དང་ཐབས་ལ་མཁས་པ་ལ་ཞུགས་པའི་ཕྱིར། ལམ་རྗེས་བཟོད་ལ་གནས་པའི་བྱང་སེམས་ཆོས་ཅན། བདག་ཉིད་སྲོག་མི་གཅོད་པ་ལ་སོགས་པ་རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་རྒྱུའི་ཚུལ་ལ་གནས་ཏེ། སེམས་ཅན་གཞན་དག་ཀྱང་དགོད་པར་བྱེད་དེ། གཞན་དོན་དུ་སངས་རྒྱས་ཐོབ་འདོད་པའི་ཕྱིར། ལམ་རྗེས་ཤེས་ལ་གནས་པའི་བྱང་སེམས་ཆོས་ཅན། དགེ་རྩ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དེ། གཞན་དོན་དུ་སྦྱིན་པ་ལ་སོགས་པ་མི་ཟད་པ་བྱེད་འདོད་པའི་ཕྱིར། གཉིས་པ་ནི། ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་པས་བསྟན། གོང་དུ་བཤད་པ་དེ་ལྟ་བུའི་རྣམ་པ་བཅུ་དྲུག་ནི་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་བསྟན་པའི་མཐོང་བའི་ལམ་གྱི་སྐད་ཅིག་མ་དག་ཡིན་ཏེ། དེར་བསྟན་པའི་རྗེས་ཐོབ་ཀྱི་ཕན་ཡོན་འདྲེན་པར་བྱེད་པའི་མཐོང་ལམ་མཉམ་བཞག་གི་ནུས་པའི་ཁྱད་པར་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་མོ། །དང་པོ་ནི། ཀུན་ནས་ཞི་དང་ཐམས་ཅད་ལ། །ཞེས་སོགས་གྱིས་བསྟན། ཐེག་པ་ཆེན་པོའི་སྒོམ་ལམ་གྱི་བྱེད་པ་ཆོས་ཅན། དབྱེ་ན་དྲུག་ཡོད་དེ། ཉོན་མོངས་པ་བཅོམ་པས་ཀུན་ནས་ཞི་བའི་བྱེད་པ་དང་། ང་རྒྱལ་བཅོམ་པས་ཐམས་ཅད་ལ་འདུད་པའི་བྱེད་པ་དང་། ཆགས་སོགས་ཉོན་མོངས་པ་ལས་རྒྱལ་བའི་བྱེད་པ་དང་། ཕ་རོལ་གྱི་གནོད་པས་བརྫི་བ་མེད་པ་ཉིད་ཀྱི་བྱེད་པ་དང་། རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པའི་བྱེད་པ་དང་། རྟེན་གྱི་གང་ཟག་གང་དུ་གནས་པའི་ས་ཕྱོགས་མཆོད་པར་བྱ་བ་ཉིད་དུ་བྱེད་པ་རྣམས་སུ་ཡོད་པའི་ཕྱིར།

གཉིས་པ་ལ་གཉིས་ཏེ། ཟག་བཅས་སྒོམ་ལམ་དང་། ཟག་མེད་སྒོམ་ལམ་མོ། །དང་པོ་ལ་བཞི་སྟེ། མོས་པ་སྒོམ་ལམ། དེ་ལ་བསྟོད་བཀུར་བསྔགས་པ། བསྔོ་བ་སྒོམ་ལམ། རྗེས་སུ་ཡི་རང་སྒོམ་ལམ་བཤད་པའོ། །དང་པོ་ནི། མོས་པ་རང་གི་སོགས་ཀྱིས་བསྟན། འདིར་བསྟན་མོས་པ་སྒོམ་ལམ་ཆོས་ཅན། རྩ་བའི་དབྱེ་བ་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། རང་གི་དོན་གྱི་མོས་པ་སྒོམ་ལམ་དང་། རང་གཞན་གཉིས་ཀའི་དོན་གྱི་མོས་པ་སྒོམ་ལམ་དང་། གཞན་དོན་མོས་པ་སྒོམ་ལམ་རྣམས་སུ་ཡོད་པའི་ཕྱིར། མོས་པ་གསུམ་པོ་དེ་ཡང་ཆོས་ཅན། ཡན་ལག་གི་སྒོ་ནས་དབྱེ་ན་དགུར་ཡོད་དེ། དེ་གསུམ་པོ་སོ་སོར་ཆུང་ངུ་དང་ཆུང་ངུའི་འབྲིང་ལ་སོགས་པའི་དབྱེ་བ་ཡོད་པའི་ཕྱིར། དེ་ལྟ་ན་མོས་པ་སྒོམ་ལམ་ཆོས་ཅན། རྣམ་པ་ཉི་ཤུ་རྩ་བདུན་དུ་འདོད་དེ། མོས་པ་གསུམ་ལ་ཡན་ལག་གི་དབྱེ་བས་དགུ་དང་། དགུ་པོ་ལ་ཉིང་ལག་གི་དབྱེ་བས་དགུ་ཚན་གསུམ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་རབ་ཕ་རོལ་ཕྱིན་སོགས་ཀྱིས་བསྟན། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་བསྒོམ་པའི་གནས་སྐབས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་ཆོས་ཅན། ཕན་ཡོན་ཆེན་པོ་དང་ལྡན་ཏེ། སངས་རྒྱས་ལ་སོགས་པས་བསྟོད་པ་དགུ་དང་བཀུར་བ་དགུ་དང་བསྔགས་པ་དགུ་སྟེ་དགུ་ཚན་གསུམ་གྱི་སྒོ་ནས་བསྟོད་བཀུར་བསྔགས་པ་མཛད་པར་འདོད་པའི་ཕྱིར། གསུམ་པ་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །སོགས་ཀྱིས་བསྟན། དགེ་བ་ཡོངས་སུ་བསྔོ་བའི་སྒོམ་ལམ་ཆོས་ཅན། དབྱེ་ན་བཅུ་གཉིས་ཡོད་དེ། མོས་པ་ཁྱད་པར་ཅན་གྱིས་བསགས་པའི་དགེ་བ་བླ་མེད་བྱང་ཆུབ་ཏུ་བསྔོ་བར་བྱེད་པ་དེའི་བྱེད་ལས་མཆོག་ཡིན་པའི་བསྔོ་བ་སྒོམ་ལམ་དང་། བསྔོ་རྒྱུའི་རྫས་དེ་ནི་བདེན་པར་དམིགས་པ་མེད་པའི་རྣམ་པ་ཅན་གྱི་བསྔོ་བ་སྒོམ་ལམ་དང་། བསྔོ་བྱེད་ཀྱི་སེམས་ཕྱིན་ཅི་མ་ལོག་པའི་མཉམ་ཉིད་ཅན་གྱི་བསྔོ་བ་སྒོམ་ལམ་དང་། བསྔོ་བར་བྱེད་པོ་ལ་བདེན་འཛིན་གྱིས་དབེན་པའི་བསྔོ་བ་སྒོམ་ལམ་དང་། བདག་གི་དགེ་བ་དང་སངས་རྒྱས་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་རང་བཞིན་སྟོང་པ་ཉིད་དུ་དྲན་པའི་སྤྱོད་ཡུལ་ཅན་གྱི་བསྔོ་བ་སྒོམ་ལམ་དང་། སྦྱིན་སོགས་དོན་དམ་དུ་མི་དམིགས་པའི་ཐབས་ལ་མཁས་པ་དང་བཅས་པའི་བསྔོ་བ་སྒོམ་ལམ་དང་། སྟོང་ཉིད་ཀྱི་མཚན་མ་མེད་པའི་བསྔོ་བ་སྒོམ་ལམ་དང་། བདེན་གཉིས་ཟུང་དུ་འཇུག་པ་སངས་རྒྱས་ཀྱིས་རྗེས་སུ་ཡི་རང་བར་མཛད་པའི་བསྔོ་བ་སྒོམ་ལམ་དང་། འབྲས་བུ་ཁམས་གསུམ་པར་གཏོགས་པ་མ་ཡིན་པ་ཁམས་གསུམ་མི་དམིགས་པར་བསྔོ་བ་སྒོམ་ལམ་དང་། དགུ་པོ་དེ་ལས་གཞན་པའི་བསྔོ་བ་རྣམ་པ་གསུམ་སྟེ། བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ཅན་གྱི་བསྔོ་བ་སྒོམ་ལམ་ཆུང་ངུ་དང་། དེའི་བདག་ཉིད་ཅན་གྱི་བསྔོ་བ་སྒོམ་ལམ་འབྲིང་དང་། དེའི་བདག་ཉིད་ཅན་གྱི་བསྔོ་བ་སྒོམ་ལམ་ཆེན་པོ་རྣམས་སུ་ཡོད་པའི་ཕྱིར། བཞི་པ་ནི། ཐབས་དང་མི་དམིགས་པ་དག་གི །ཞེས་སོགས་ཀྱིས་བསྟན། ས་གཉིས་པའི་རྗེས་ཐོབ་ཡེ་ཤེས་ཆོས་ཅན། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་སྒོམ་ལམ་ཡིན་པར་སྐབས་འདིར་བརྗོད་དེ། ཀུན་རྫོབ་ཏུ་ཐབས་ལ་མཁས་པ་དང་། དོན་དམ་དུ་མི་དམིགས་པ་དག་གི་སྒོ་ནས་དགེ་བའི་རྩ་བ་ལ་ཡི་རང་བར་བྱེད་པའི་ཐེག་ཆེན་གྱི་ཟག་བཅས་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར།

གཉིས་པ་ལ་གསུམ་སྟེ། སྒོམ་ལམ་དངོས་སྒྲུབ་པ། དེ་ལ་མོས་མི་མོས་ཀྱི་སྒོམ་ལམ་རྒྱུ་བཤད་པ། ཤིན་ཏུ་རྣམ་པར་དག་པའི་སྒོམ་ལམ་བཤད་པའོ། །དང་པོ་ལ། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཅེས་སོགས་ཀྱིས་བསྟན། སྒྲུབ་པ་སྒོམ་ལམ་ཆོས་ཅན། ཆོས་ལྔ་དང་ལྡན་ཏེ། གཟུགས་སོགས་ཀྱི་གནས་ཚུལ་མངོན་སུམ་དུ་མཐོང་བ་སྒྲུབ་པ་སྒོམ་ལམ་དེའི་ངོ་བོའི་ཁྱད་པར་དང་། གཞན་ལས་མཆོག་ཡིན་པའི་ཁྱད་པར་དང་། ཆོས་ཀུན་ལ་བདེན་པར་མངོན་པར་འདུ་མི་བྱེད་པའི་ཁྱད་པར་དང་། ཆོས་རྣམས་བདེན་གྲུབ་ཏུ་དམིགས་སུ་མེད་པར་ནི་རྣལ་འབྱོར་པའི་རྒྱུད་ལ་གཏོད་པར་བྱེད་པའི་ཁྱད་པར་དང་། དོན་ཆེན་པོ་སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ཁྱད་པར་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། སངས་རྒྱས་བརྟེན་དང་སྦྱིན་སོགས་པ། །ཞེས་སོགས་ཀྱིས་བསྟན། སྒོམ་ལམ་འདི་ལ་མོས་པའི་རྒྱུ་དག་ཆོས་ཅན། གསུམ་ཡིན་ཏེ། སངས་རྒྱས་ལ་བརྟེན་པ་དང་། སྦྱིན་སོགས་སྒྲུབ་པ་དང་། ཞི་གནས་ཀྱི་ཐབས་ལ་མཁས་པ་གང་ཡིན་པ་རྣམས་སུ་ཡོད་པའི་ཕྱིར། སྒོམ་ལམ་གྱི་ཆོས་ཅན་གྱིས་ཕོངས་པའི་རྒྱུ་དག་ཆོས་ཅན། བཞི་ཡོད་དེ། བདུད་ཀྱིས་ཐིབས་ཀྱིས་ནོན་ནས་བར་དུ་གཅོད་པར་བྱས་པ་དང་། ཟབ་མོའི་ཆོས་སྟོང་ཉིད་ལ་མི་མོས་པ་དང་། ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་རྣམས་སུ་ཡོད་པའི་ཕྱིར།

གསུམ་པ་ལ་བཞི་སྟེ། རྣམ་དག་སྤྱིར་བསྟན་པ། རྣམ་དག་གི་ཁྱད་པར་བསྟན་པ། དག་པ་གཉིས་ཀྱི་ཁྱད་པར། དེ་ལ་ཀླན་ཀ་སྤང་བའོ། །དང་པོ་ནི། འབྲས་བུ་དག་པ་གཟུགས་ལ་སོགས། །ཞེས་སོགས་ཀྱིས་བསྟན། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཆོས་ཅན། ཁྱོད་རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མས་དག་པ་ན་ཁྱེད་ཀྱི་ཡུལ་གཟུགས་ལ་སོགས་པའི་ཆོས་ཉིད་མཐོང་བ་ལའང་དྲི་མ་དེ་ཉིད་ཀྱིས་དག་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་དག་པ་དེ་གཉིས་རང་མཚན་ལ་རྫས་ཐ་དད་མ་ཡིན་ཞིང་སྤྱི་མཚན་ལ་ལྡོག་པ་ཐ་དད་དཔྱད་དུ་མེད་པས་དག་པ་རིགས་གཅིག་པར་བརྗོད་པའི་ཕྱིར། གཉིས་པ་ནི། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཞེས་སོགས་ཀྱིས་བསྟན། འདིར་བསྟན་རྣམ་དག་ཆོས་ཅན། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་དབྱེ་ན་བཞི་ཡོད་དེ། །ཉོན་མོངས་པའི་སྒྲིབ་པ་ཙམ་ཉམས་པའི་ཕྱིར་སློབ་མ་ཉན་ཐོས་ཀྱི་རྣམ་དག་དང་། ཤེས་བྱའི་སྒྲིབ་པ་གཟུང་རྟོག་ཙམ་ཉམས་པའི་ཕྱིར་བསེ་རུ་རང་རྒྱལ་གྱི་རྣམ་དག་དང་། ལམ་གསུམ་ལ་བདེན་འཛིན་གྱི་སྒྲིབ་པ་ཙམ་ཉམས་པའི་ཕྱིར་རྒྱལ་སྲས་བྱང་སེམས་རྣམས་ཀྱི་རྣམ་དག་དང་། སྒྲིབ་པ་རྣམ་དག་རྣམ་པ་ཀུན་ཏུ་ཉམས་པའི་ཕྱིར་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། ས་དགུ་ལ་ནི་ཆེན་པོ་སོགས་ཀྱིས་བསྟན། རྗེ་བཙུན་བྱམས་མགོན་ཆོས་ཅན། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་དང་ཐེག་དམན་གྱི་རྣམ་དག་ཉི་ཚེ་བ་ཡིན་པའི་ཁྱད་པར་འཐད་དེ། འདོད་པ་ལ་སོགས་པ་བསྡུས་པའི་ཤེས་སྒྲིབ་ཀྱི་དྲི་མ་ཆེན་པོ་ལ་སོགས་པ་དགུའི་གཉེན་པོར་སེམས་བརྟེན་པ་དགུ་པོ་གང་རུང་ལ་ནི་བརྟེན་པའི་ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ་ནི་སྒྲིབ་པ་མཐའ་དག་དག་བྱེད་ཡིན་ལ། ས་དགུས་བསྡུས་པའི་ཉོན་སྒྲིབ་ཀྱི་དྲི་མ་ཆེན་པོ་ལ་སོགས་པ་དགུའི་གཉེན་པོ་སེམས་བརྟེན་པ་དགུ་པོ་གང་རུང་ལ་བརྟེན་པའི་ཐེག་དམན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ་པོ་དེ་སྤང་བྱ་ཉི་ཚེ་བ་དག་བྱེད་ཡིན་པའི་ཕྱིར། བཞི་པ་ནི། དེ་ལ་ཀླན་ཀ་སྤང་པ་ཡི་ཞེས་སོགས་ཀྱིས་བསྟན། ས་དགུ་ལ་ནི་ཞེས་སོགས་སྤང་བྱ་ཆེ་རིམ་དང་གཉེན་པོ་ཆུང་རིམ་གྱིས་སྐྱེ་འགག་བྱེད་པར་བསྟན་པ་དེ་ལ་སྤང་བྱ་ཆུང་རིམ་དང་གཉེན་པོ་ཆེ་རིམ་གྱིས་སྐྱེ་འགག་འཐད་པའི་ཀླན་ཀ་ཁྲུས་མཁན་གྱི་དཔེས་སྤངས་པའི་སྒོ་ནས་བསྟན་པའི་ཐེག་ཆེན་གྱི་སྒོམ་པའི་ལམ་ནི་ཆོས་ཅན། ཁམས་གསུམ་གྱི་སྒྲིབ་པ་མཐའ་དག་གི་གཉེན་པོ་ཉིད་དུ་འདོད་པ་ཡིན་ཏེ། འཇལ་བྱེད་འཛིན་པ་གང་གཞལ་བྱ་གཟུང་བ་དག་བདེན་མེད་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར། གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་སྦྱོར་བའི་ཊཱི་ཀ་ལས་སྐབས་གཉིས་པའི་ཚིག་དོན་སྦྱོར་ངག་བཤད་ཟིན་ཏོ།། །།

རྩ་བའི་ས་བཅད་གསུམ་པ་ལམ་གྱི་ཡན་ལག་གོལ་ས་དང་བཅས་པའི་གཞི་ཤེས་བཤད་པ་ལ་གཉིས་ཏེ། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་དང་། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གཞི་ཤེས་དངོས་བཤད་པ་དང་། མཁྱེན་པ་གསུམ་གྱི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། གཞི་ཤེས་ཀྱི་རང་བཞིན། གཞི་ཤེས་ཀྱི་སྦྱོར་བ། གཞི་ཤེས་ཀྱི་མཐོང་ལམ་བཤད་པའོ། །དང་པོ་ལ་གསུམ་སྟེ། ངོ་བོ་མཐའ་གཉིས་ལ་མི་གནས་པ། ཉེ་རིང་གི་ཁྱད་པར། མི་མཐུན་ཕྱོགས་དང་གཉེན་པོའི་གཞི་ཤེས་བཤད་པའོ། །དང་པོ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། །སོགས་ཀྱིས་བསྟན། ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་པའི་བྱང་འཕགས་ཀྱི་མཁྱེན་པ་ཆོས་ཅན། ཚུ་རོལ་འཁོར་བའི་དང་ཕ་རོལ་མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་མ་ཡིན་ཞིང་། མཐའ་དེ་དག་གི་བར་ནའང་མི་གནས་པ་ཡིན་ཏེ། དུས་གསུམ་པའི་ཆོས་རྣམས་བདེན་མེད་མཉམ་པ་ཉིད་དུ་མངོན་སུམ་དུ་ཤེས་པའི་བྱང་འཕགས་ཀྱི་མཁྱེན་པ་ཡིན་པའི་ཕྱིར།

གཉིས་པ་ནི། དེ་ནི་མཚན་མར་དམིགས་སྒོ་ནས། །སོགས་ཀྱིས་བསྟན། ཉན་རང་འཕགས་པ་དེ་ནི་ཆོས་ཅན། འབྲས་བུའི་ཡུམ་ཤེར་ཕྱིན་ལ་རིང་བའི་རྒྱུ་མཚན་ཡོད་དེ། དུས་གསུམ་མཉམ་པ་ཉིད་དུ་མ་རྟོགས་པས་དངོས་པོ་ལ་མཚན་མར་དམིགས་ཤིང་ཐེག་ཆེན་གྱི་ཡོངས་འཛིན་དང་བྲལ་བས་ཐབས་ལ་མཁས་པ་མ་ཡིན་པའི་སྒོ་ནས་འབྲས་ཡུམ་སྒྲུབ་མི་ཤེས་པ་ཉིད་ཀྱིས་འབྲས་ཡུམ་ལ་རིང་བ་ཡིན་པའི་ཕྱིར། བྱང་འཕགས་དེ་ནི་ཆོས་ཅན། འབྲས་ཡུམ་ལ་ཡང་དག་པར་ཉེ་བ་ཉིད་དུ་བཤད་དེ། ཁྱོད་བདེན་གཉིས་ཟུང་འཇུག་གི་ཐབས་ལ་མཁས་པས་འབྲས་ཡུམ་ལ་ཉེ་བ་ཡིན་པའི་ཕྱིར།

གསུམ་པ་ལ་བདུན་ཏེ། སྤང་བྱ་གཞི་ལ་མཚན་མར་འཛིན་པ། དེའི་གཉེན་པོ། སྤང་བྱ། འབྲས་བུ་ལ་མཚན་མར་འཛིན་པ། དེའི་གཉེན་པོ། །ཟབ་པའི་ཚུལ། བསམ་གྱིས་མི་ཁྱབ་པ། མཇུག་བསྡུ་བའོ། །དང་པོ་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་སོགས་ཀྱིས་བསྟན། ཉན་རང་གི་གཞི་ཤེས་ཆོས་ཅན། བྱང་སེམས་ལམ་གྱི་མི་མཐུན་པའི་ཕྱོགས་ཡིན་ཏེ། བྱང་སེམས་ལམ་གྱི་སྤང་བྱ་ཡིན་པའི་ཕྱིར་ཏེ། གཟུགས་ལ་སོགས་པ་ཕུང་པོ་རྣམས་ལ་སྟོང་པ་ཉིད་དུ་མཚན་མར་འཛིན་པའི་ཕྱིར་དང་། དུས་གསུམ་དུ་གཏོགས་པའི་ཆོས་ལ་དངོས་པོར་དམིགས་ནས་མཚན་མར་འཛིན་པའི་ཕྱིར་དང་། སྦྱིན་སོགས་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་པོ་རྣམས་ལ་ཉམས་སུ་བླང་བྱར་སྤྱོད་པའི་འདུ་བྱེད་ཀྱི་མཚན་མར་འཛིན་པའི་ཕྱིར། གཉིས་པ་ནི། སྦྱིན་ལ་སོགས་ཀྱིས་བསྟན། སྦྱིན་པ་ལ་སོགས་པ་ལ་འཁོར་གསུམ་དུ་ང་ཡིར་འཛིན་པ་མེད་ཅིང་གདུལ་བྱ་གཞན་དག་དེ་ལ་སྦྱོར་བར་བྱེད་པའི་བྱང་འཕགས་ཀྱི་མཐོང་ལམ་བར་ཆད་མེད་ལམ་དེ་ནི་ཆོས་ཅན། སྦྱིན་སོགས་ལ་མཚན་མར་འཛིན་པའི་སྒྲིབ་པ་ཀུན་བཏགས་ཀྱི་གཉེན་པོ་ཡིན་ཏེ། གནས་ཚུལ་ལ་ཞུགས་པའི་སྒོ་ནས་ཆགས་པའི་མཐའ་ཐམས་ཅད་འགོག་པར་བྱེད་པའི་ཐེག་ཆེན་གྱི་བར་ཆད་མེད་ལམ་ཡིན་པའི་ཕྱིར།

གསུམ་པ་ལ་གཉིས། དངོས་དང་། དེའི་རྒྱུ་མཚན་ནོ། །དང་པོ་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པས་བསྟན། རྒྱལ་བ་སངས་རྒྱས་ལ་སོགས་པ་ལ་བདེན་ཞེན་གྱིས་ཕྱག་འཚལ་བ་སོགས་ཆོས་ཅན། བསོད་ནམས་ཀྱི་ཚོགས་ཡིན་ཡང་བྱང་སེམས་ལམ་གྱི་སྤང་བྱ་ཡིན་ཏེ། ཆགས་པ་ཕྲ་མོའི་ངོ་བོ་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །སོགས་ཀྱིས་བསྟན། ཡུལ་ཁྱད་པར་ཅན་ལ་བདེན་པར་དམིགས་པའང་ཆོས་ཅན། བྱང་སེམས་ལམ་གྱི་སྤང་བྱ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཀྱི་ལམ་ནི་རང་བཞིན་གྱིས་གྲུབ་པས་དབེན་པའི་ཕྱིར་ན་རང་བཞིན་སྟོང་པ་ཉིད་དེ་ཟབ་མོའི་དོན་ཉིད་ཡིན་པའི་ཕྱིར། བཞི་པ་ནི། ཆོས་རྣམས་རང་བཞིན་སོགས་ཀྱིས་བསྟན། བྱང་འཕགས་ཀྱི་ཆོས་རྣམས་རང་བཞིན་གཅིག་པར་བདེན་མཐོང་དུ་ནི་མངོན་སུམ་དུ་ཤེས་པའི་ཡེ་ཤེས་ཆོས་ཅན། འབྲས་བུ་ལ་མཚན་འཛིན་གྱི་གཉེན་པོ་ཡིན་ཏེ། མཚན་འཛིན་གྱི་ཆགས་པ་དེ་སྤོང་བར་བྱེད་པའི་ཡེ་ཤེས་ཡིན་པའི་ཕྱིར། ལྔ་པ་ནི། མཐོང་བ་ལ་སོགས་ཀྱིས་བསྟན། རང་བཞིན་སྟོང་པ་ཉིད་དེ་ནི་ཆོས་ཅན། རྟོགས་པར་དཀའ་བར་བཤད་པའི་དོན་གྱིས་ཟབ་པ་ཡིན་ཏེ། མཐར་འཛིན་ཅན་གྱི་བློས་མངོན་སུམ་དུ་མཐོང་བ་དང་ལ་སོགས་པས་མངོན་སུམ་རྟོགས་པ་ཚད་མས་བཀག་པའི་རང་བཞིན་ཡིན་པའི་ཕྱིར། དྲུག་པ་ནི། གཟུགས་ལ་སོགས་པར་མི་ཤེས་ཕྱིར། །སོགས་ཀྱིས་བསྟན། རང་བཞིན་སྟོང་པ་ཉིད་དེ་ནི་ཆོས་ཅན། ཁྱོད་རྟོགས་པའི་བློས་བསམ་གྱིས་མི་ཁྱབ་པར་འདོད་དེ། ཁྱོད་རྟོགས་པའི་བློས་གཟུགས་ལ་སོགས་པའི་དངོས་པོར་མི་ཤེས་པའི་ཕྱིར། བདུན་པ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །སོགས་ཀྱིས་བསྟན། ཀུན་ཤེས་ཉིད་ཀྱི་ལུགས་ལ་དེ་འཆད་པའི་སྐབས་སུ་མི་མཐུན་པ་དང་། གཉེན་པོའི་ཕྱོགས་གཉིས་པོ་དག་གི་གཞི་ཤེས་ཀྱི་རྣམ་པར་དབྱེ་བ་མ་ལུས་པ་མདོ་ལས་ཇི་སྐད་བཤད་པ་བཞིན་སྐབས་འདིར་ཤེས་པར་བྱ་སྟེ། སྔར་བཤད་ཟིན་པ་དེ་ལྟར་དུ་ཤེས་པར་བྱ་བའི་ཕྱིར།

གཉིས་པ་ལ་གཉིས། གཞི་ཤེས་ཀྱི་སྦྱོར་བའི་རང་བཞིན་དང་། གེགས་སེལ་བ་མཉམ་པ་ཉིད་དུ་བསྒོམ་པའོ། །དང་པོ་ནི། གཟུགས་སོགས་དེ་མི་རྟག་སོགས་དང་། །སོགས་ཀྱིས་བསྟན། ཐེག་ཆེན་གཞི་ཤེས་ཀྱི་སྦྱོར་བ་ཆོས་ཅན། དབྱེ་ན་བཅུ་ཡོད་དེ། གཟུགས་སོགས་ཆོས་ཐམས་ཅད་ལ་ཞེན་ནས་སྤྱོད་པ་བཀག་སྟེ་སྒོམ་པའི་སྦྱོར་བ་དང་། གཟུགས་སོགས་དེ་དག་གི་མི་རྟག་པ་དང་སྟོང་ཉིད་སོགས་ལ་དང་། ཡོན་ཏན་དེའི་རྟེན་དུ་མ་རྫོགས་པ་ཀུན་བཏགས་དང་། དེའི་རྟེན་དུ་རབ་ཏུ་རྫོགས་པ་ཡོངས་གྲུབ་དང་། ཤུགས་བསྟན་གཞན་དབང་སྟེ་མཚན་ཉིད་གསུམ་ལ་དང་། གཟུགས་སོགས་དེ་ལ་བདེན་པར་ཆགས་པ་མེད་པ་ཉིད་ལ་དང་། གཞན་དུ་མི་འགྱུར་བ་ཉིད་ལ་དང་། བྱེད་པ་པོ་མེད་པ་ཉིད་ལ་དང་། ཆེད་དུ་སྦྱོར་བ་དང་། བྱེད་པ་བྱ་དཀའ་རྣམ་པ་གསུམ་ལ་དང་། སྐལ་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཡོད་པར་འདོད་པ་དེ་དང་དེ་ལ་ནི་དང་། གཞན་གྱི་རྐྱེན་ལ་རག་ལས་པ་མེད་པ་གང་ཡིན་པ་ལ་དང་། བག་ཆགས་ཡོངས་སུ་འགྱུར་བའི་རྨི་ལམ་སོགས་དཔེ་བདུན་གྱི་སྒོ་ནས་སྣང་བ་རྣམ་པ་བདུན་ལ་ཞེན་སྤྱོད་བཀག་ནས་བདེན་མེད་དུ་ཤེས་པར་བྱེད་པའི་སྦྱོར་བ་དང་བཅུ་ཡོད་པའི་ཕྱིར།

གཉིས་པ་ནི། གཟུགས་ལ་སོགས་ལ་རློམ་མེད་པ། །སོགས་ཀྱིས་བསྟན། ཐེག་ཆེན་གཞི་ཤེས་སྦྱོར་བའི་མཉམ་པ་ཉིད་སྒོམ་ཚུལ་ཆོས་ཅན། རྣམ་པ་བཞི་ཡོད་དེ། གཟུགས་ལ་སོགས་པའི་ངོ་བོ་དང་། དེའི་མཚན་མ་དང་། དབྱེ་བའི་སྤྲོས་པ་དང་། སྦྱོར་བ་སོགས་ཀྱི་རྟོགས་པ་ལ་རློམ་པ་མེད་པ་བཞི་ཡོད་པའི་ཕྱིར།

གསུམ་པ་ལ་གསུམ། ཡེ་ཤེས་སྐད་ཅིག་མ་མདོར་བསྟན། རྟོགས་པ་རྒྱས་པར་བཤད། ཐུན་མོང་གི་བསྡུ་བའོ། །དང་པོ་ནི། སྡུག་བསྔལ་ལ་སོགས་བདེན་པ་སོགས་ཀྱིས་བསྟན། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་སོ་སོ་ལ་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་པ་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་སྟེ་བཞི་བཞིར་ཕྱེ་བའི་བྱང་འཕགས་ཀྱི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་འདི་ཆོས་ཅན། གཞི་ཀུན་ཤེས་པ་ཉིད་ཀྱི་ཚུལ་ལ་བསྟན་པའི་ཐེག་ཆེན་གྱི་མཐོང་བའི་ལམ་ཡིན་ཏེ། དེ་སྐབས་སུ་བསྟན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ལ་བདེན་བཞིའི་ཡུལ་ཅན་བཞི་ལས། དང་པོ་སྡུག་བསྔལ་བདེན་པའི་ཡུལ་ཅན་སོ་སོར་བཤད་པ་ནི། གཟུགས་རྟག་མ་ཡིན་སོགས་ཀྱིས་བསྟན། གཟུགས་སོགས་ཆོས་ཅན། དོན་དམ་པར་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཏེ། དོན་དམ་པ་རྟག་པ་དང་མི་རྟག་པ་ཉིད་དང་བྲལ་བའི་ཕྱིར། དེ་ཆོས་ཅན། དོན་དམ་དུ་རྟག་པ་དང་ཆད་པའི་མཐའ་ལས་འདས་ཏེ། དོན་དམ་དུ་སྡུག་བསྔལ་བ་དང་སྡུག་བསྔལ་བ་མ་ཡིན་པའི་ཕྱིར། དེ་ཆོས་ཅན། དོན་དམ་དུ་རྣམ་པར་དག་པ་ཡིན་ཏེ། དོན་དམ་དུ་སྟོང་པ་དང་མི་སྟོང་པ་དང་བྲལ་བའི་ཕྱིར། དེ་ཆོས་ཅན། དོན་དམ་དུ་མ་སྐྱེས་པ་དང་མ་འགག་པ་དང་ཀུན་ནས་ཉོན་མོངས་པ་མ་ཡིན་པ་དང་རྣམ་པར་བྱང་བ་མ་ཡིན་པ་ཡིན་ཏེ། དོན་དམ་དུ་བདག་དང་བདག་མེད་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར། གཉིས་པ་ཀུན་འབྱུང་བདེན་པའི་ཡུལ་ཅན་སོ་སོར་བཤད་པ་ནི། མཁའ་འདྲ་ཆགས་པ་སྤངས་སོགས་ཀྱིས་བསྟན། ཀུན་འབྱུང་ཆོས་ཅན། དོན་དམ་དུ་ནམ་མཁའ་དང་འདྲ་བ་སྟེ། རྒྱུ་དང་རྒྱུ་མ་ཡིན་པ་གསོག་ཉིད་ཀྱི་ཕྱིར། དེ་ཆོས་ཅན། དོན་དམ་དུ་ཆགས་པ་ཐམས་ཅད་སྤངས་པ་ཡིན་ཏེ། དོན་དམ་དུ་ཀུན་འབྱུང་བ་དང་། ཀུན་འབྱུང་བ་མེད་པ་དང་མི་ལྡན་པའི་ཕྱིར། དེ་ཆོས་ཅན། དོན་དམ་དུ་ཡོངས་སུ་འཛིན་པ་ལས་གྲོལ་བ་ཡིན་ཏེ། དོན་དམ་དུ་རབ་ཏུ་སྐྱེ་བ་དང་རབ་ཏུ་མི་སྐྱེ་བ་དང་མ་འབྲེལ་བའི་ཕྱིར། དེ་ཆོས་ཅན། དོན་དམ་དུ་རང་གི་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པ་སྟེ། དོན་དམ་དུ་སྐྱོན་དང་སྐྱོན་མ་ཡིན་པ་ལས་རྣམ་པར་གྲོལ་བའི་ཕྱིར། གསུམ་པ་འགོག་བདེན་གྱི་ཡུལ་ཅན་སོ་སོར་བཤད་པ་ནི། གང་ཕྱིར་འདི་དོན་བརྗོད་པ་སོགས་ཀྱིས་བསྟན། འགོག་པའི་བདེན་པའི་དོན་ཆོས་ཅན། དོན་དམ་དུ་ཚིག་ཏུ་བརྗོད་པས་རྒྱུད་གཞན་ལ་སྦྱིན་དུ་མེད་པ་སྟེ། གང་གི་ཕྱིར་ན་དོན་དམ་དུ་འགོག་པ་དང་འགོག་པ་མེད་པ་དང་མ་བྲལ་བའི་ཕྱིར། འགོག་བདེན་ཆོས་ཅན། དོན་དམ་དུ་དམིགས་པ་མེད་པར་བྱེད་པ་སྟེ། དོན་དམ་དུ་ཞི་བ་དང་མ་ཞི་བ་མེད་པའི་ཕྱིར། དེ་ཆོས་ཅན། དོན་དམ་དུ་རྟག་ཆད་ཀྱི་མཐའ་གཉིས་ལས་འདས་ཤིང་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། དོན་དམ་དུ་གྱ་ནོམ་པ་དང་གྱ་ནོམ་པ་མ་ཡིན་པ་དང་བྲལ་བའི་ཕྱིར། དེ་ཆོས་ཅན། དོན་དམ་དུ་ནད་ཐམས་ཅད་མི་འབྱུང་བ་ཡིན་ཏེ། དོན་དམ་དུ་ངེས་པར་མ་འབྱུང་བ་དང་ངེས་པར་འབྱུང་བ་མེད་པའི་ཕྱིར། བཞི་པ་ལམ་བདེན་གྱི་ཡུལ་ཅན་སོ་སོར་བཤད་པ་ནི། ངན་སོང་ཆད་དང་འབྲས་བུ་ནི། །སོགས་ཀྱིས་བསྟན། ལམ་བདེན་ཆོས་ཅན། དོན་དམ་དུ་ངན་སོང་རྒྱུད་ཆད་པ་ཡིན་ཏེ། དོན་དམ་དུ་ལམ་དང་ལམ་མ་ཡིན་པ་དང་བྲལ་བའི་ཕྱིར། དེ་ཆོས་ཅན། དོན་དམ་དུ་འབྲས་བུ་མངོན་སུམ་དུ་བྱ་བའི་དོན་གྱི་ཐབས་ལ་རྣམ་པར་མི་རྟོག་པ་ཉིད་ཡིན་ཏེ། དོན་དམ་དུ་རིགས་པ་དང་རིགས་པ་མ་ཡིན་པ་དང་མ་འདྲེས་པའི་ཕྱིར། དེ་ཆོས་ཅན། དོན་དམ་དུ་ཆོས་ཐམས་ཅད་ཀྱི་མཚན་མ་དག་དང་མ་འབྲེལ་བ་ཡིན་ཏེ། དོན་དམ་དུ་སྒྲུབ་པ་དང་སྒྲུབ་པ་མ་ཡིན་པ་ལས་རྣམ་པར་གྲོལ་བའི་ཕྱིར། དེ་ཆོས་ཅན། དོན་དམ་དུ་བརྗོད་པར་བྱ་བའི་དངོས་པོ་དང་རྗོད་པར་བྱེད་པའི་མིང་གཉིས་པོ་ལ་ཤེས་པ་སྐྱེ་བ་མེད་དེ། དོན་དམ་དུ་ངེས་པར་འབྱིན་པ་དང་ངེས་པར་འབྱིན་པ་མ་ཡིན་པ་མེད་པའི་ཕྱིར། གསུམ་པ་ནི། ཀུན་ཤེས་ཉིད་ཀྱི་སོགས་ཀྱིས་བསྟན། དེ་ལྟ་བུའི་རྣམ་པ་ཅན་ཀུན་ཤེས་པ་ཉིད་ཀྱི་བཟོད་ཤེས་སྐད་ཅིག་མ་བཅུ་དྲུག་པོ་དེ་དག་ནི་ཆོས་ཅན། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་མཐོང་བའི་ལམ་ཡིན་ཏེ། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་བདེན་པའི་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལྟར་འདི་དང་སོགས་ཀྱིས་བསྟན། དེ་ལྟར་རྒྱས་པར་བཤད་པའི་གཞི་ཤེས་འདི་དང་ཡང་ལམ་ཤེས་འདི་དང་ཡང་རྣམ་མཁྱེན་འདིས་བསྡུས་པའི་ཚིག་མདོ་ལས་གསུངས་པ་ཡིན་ཏེ། མཁྱེན་པ་རྣམ་གསུམ་པོ་བསྡུས་པའི་མདོའི་ཚིག་འདི་ནི་ཆོས་ཅན། སྔར་རྒྱས་བཤད་ཀྱི་ལེའུ་གསུམ་མམ་གནས་སྐབས་གསུམ་པོ་དག་ཏུ་མཁྱེན་གསུམ་རྫོགས་པར་ཡོངས་སུ་བསྟན་པ་རྣམས་ཀྱི་མཇུག་སྡུད་དུ་གསུངས་པ་ཡིན་ཏེ། རྒྱས་པར་བཤད་ནས་སླར་ཡང་མཁྱེན་གསུམ་ཚིག་ཉུང་ངུར་བསྡུས་ཏེ་བསྟན་པའི་ཕྱིར། གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་སྦྱོར་བའི་ཊཱི་ཀ་ལས་སྐབས་གསུམ་པའི་ཚིག་དོན་གྱི་སྦྱོར་ངག་བཤད་ཟིན་ཏོ།། །།

རྩ་བའི་ས་བཅད་གཉིས་པ་ཉམས་ལེན་སྦྱོར་བ་བཞི་བཤད་པ་ལ་གཉིས་ཏེ། དབང་དུ་བྱེད་པའི་རྒྱུ་འབྲས་དང་། བརྟན་པ་རྒྱུ་འབྲས་སོ། །དང་པོ་ལ་གཉིས། དབང་དུ་བྱེད་པའི་རྒྱུ་རྣམ་ཀུན་སྦྱོར་བ་དང་། དབང་བསྒྱུར་ཐོབ་པ་རྩེ་མོའི་སྦྱོར་བའོ། །དང་པོ་ལ་གཉིས། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་དང་། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ་གཉིས། སྦྱོར་བ་སྤྱིར་བསྟན་པ་དང་། ཁྱད་པར་ཅན་ནོ། །དང་པོ་ལ་བཞི། སྦྱོར་བའི་ཡུལ་རྣམ་པ། སྒོམ་མཁན་གང་ཟག །སྦྱོར་བའི་རབ་དབྱེ། སྔོན་འགྲོའི་ཆོས་སོ། །དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །སོགས་ཀྱིས་བསྟན། གཞིའི་གནས་ལུགས་ཤེས་པའི་ཐེག་ཆེན་འཕགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་ནི་རྣམ་པ་ཞེས་བྱ་ཞིང་དེ་ནི་གཉེན་པོ་མཚན་ཉིད་པ་ཡིན་ཏེ། གཞི་བདེན་བཞིའི་རྣམ་པ་ལ་རྟག་སོགས་སུ་ལོག་པར་ཞུགས་པའི་གཉེན་པོ་ཡིན་པའི་ཕྱིར། གཉེན་པོ་དེ་ནི་ཆོས་ཅན། རྣམ་པ་གསུམ་དུ་འདོད་དེ། ཀུན་མཁྱེན་ཉིད་ནི་རྣམ་པ་གསུམ་དུ་ཡོད་པའི་ཕྱིར།

གཉིས་པ་ལ་གསུམ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གྱི་རྣམ་པ་རྒྱས་པར་བཤད་པའོ། །དང་པོ་ནི། མེད་པའི་རྣམ་པ་ནས་བཟུང་སྟེ་སོགས་ཀྱིས་བསྟན། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་མེད་པའི་རྣམ་པ་ནས་བཟུང་སྟེ་ཡུམ་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་མི་གཡོ་བའི་རྣམ་པའི་བར་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་པོ་དེ་ནི་ཆོས་ཅན། འཆད་ཚུལ་ཡོད་དེ། བདེན་པ་དང་པོ་གསུམ་སོ་སོ་ལ་རྣམ་པ་བཞི་བཞི་དང་ལམ་བདེན་ལ་རྣམ་པ་བཅོ་ལྔར་མདོ་ལས་བཤད་པའི་ཕྱིར།

གཉིས་པ་ནི། རྒྱུ་དང་ལམ་དང་སྡུག་བསྔལ་དང་། སོགས་ཀྱིས་བསྟན། འདིར་བསྟན་ལམ་ཤེས་ཀྱི་རྣམ་པ་ཆོས་ཅན། སོ་དྲུག་ཡོད་དེ། བདེན་པ་བཞི་དང་དེ་དག་སོ་སོའི་རྣམ་པའི་གྲངས་གོ་རིམ་བཞིན་དུ་སྦྱར་ན་རྒྱུ་ཀུན་འབྱུང་གི་བདེན་པ་དེ་དག་ལ་རྣམ་པ་བརྒྱད་དང་ལམ་བདེན་དེ་དག་ལ་རྣམ་པ་བདུན་དང་། སྡུག་བསྔལ་གྱི་བདེན་པ་དེ་དག་ལ་རྣམ་པ་ལྔ་དང་། །འགོག་པའི་བདེན་པ་དེ་དག་ལ་རྣམ་པ་བཅུ་དྲུག་ཅེས་མདོ་ལས་བསྒྲགས་པས་དེ་རྣམས་རྟོགས་པའི་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ཡོད་པའི་ཕྱིར། གསུམ་པ་ནི། དྲན་པ་ཉེར་བཞག་ནས་སོགས་ཀྱིས་བསྟན། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་དྲན་པ་ཉེ་བར་བཞག་པ་ནས་བཟུང་སྟེ་སངས་རྒྱས་ཉིད་ཀྱི་རྣམ་པའི་མཐར་ཐུག་པའི་བར་གྱི་ཤེས་རྣམ་རྣམས་ཆོས་ཅན། གང་ཟག་གསུམ་གྱི་རྒྱུད་ལ་མཁྱེན་གསུམ་གྱི་ལམ་གྱི་བདེན་པའི་རིགས་འདྲ་སོ་སོར་གསུམ་ཡོད་པ་དང་རྗེས་སུ་མཐུན་པར་རྣམ་མཁྱེན་གྱི་རྣམ་པ་ལ་རིགས་འདྲའི་སྒོ་ནས་གཞི་ལམ་རྣམ་པ་ཀུན་མཁྱེན་པ་གསུམ་དུ་ཕྱེ་བས་ན་དུ་མ་དབྱེ་རུང་སྟེ། གང་ཟག་གསུམ་དང་མཁྱེན་གསུམ་རིམ་པ་བཞིན་སྦྱར་ན་རྣམ་མཁྱེན་གྱི་རྣམ་པ་དེ་ལ་སློབ་མ་ཉན་ཐོས་འཕགས་པ་རྣམས་ལ་རིགས་འདྲ་ཡོད་པ་དང་རྗེས་སུ་མཐུན་པ་གཞི་ཤེས་ཀྱི་རྣམ་པ་སུམ་ཅུ་རྩ་བདུན་དང་། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ལ་རིགས་འདྲ་ཡོད་པ་དང་རྗེས་སུ་མཐུན་པ་ལམ་ཤེས་ཀྱི་རྣམ་པ་སུམ་ཅུ་རྩ་བཞི་དང་། སངས་རྒྱས་རྣམས་ལ་ཐུན་མོང་མ་ཡིན་པར་ལྡན་པ་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་དགུ་དག་ཏུ་དབྱེར་རུང་བར་མདོ་ལས་བཞེད་པའི་ཕྱིར། གཉིས་པ་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས། ཞེས་སོགས་ཀྱིས་བསྟན། ཕྱི་ནང་གི་ཡོངས་འཛིན་དམ་པས་ཟིན་པའི་བྱང་སེམས་ཚོགས་ལམ་པ་རྣམས་ཆོས་ཅན། ཡུམ་འདི་མཉན་པའི་སྣོད་ཡིན་ཏེ། སྔོན་སངས་རྒྱས་རྣམས་ལ་ལྷག་པར་བྱ་བ་བྱས་ཤིང་སངས་རྒྱས་དེ་ལ་དགེ་བའི་རྩ་བ་བསྐྲུན་ནས་རྒྱུད་སྦྱངས་པ་ནང་གི་ཡོངས་འཛིན་དང་། ཕྱིའི་ཡོངས་འཛིན་དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་པའི་ཕྱིར། ཕྱི་ནང་གི་ཡོངས་འཛིན་དམ་པས་ཟིན་པའི་བྱང་སེམས་སྦྱོར་ལམ་པ་རྣམས་ཆོས་ཅན། ཡུམ་འདིའི་ཚིག་བློ་ལ་ལེན་པ་དང་། དོན་མི་བརྗེད་པར་འཛིན་པ་དང་ལ་སོགས་པས་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སྣོད་དུ་དམ་པ་རྣམས་བཞེད་དེ། སྔོན་སངས་རྒྱས་བསྟེན་པ་དང་། ཐེ་ཚོམ་ཀུན་འདྲི་བར་བྱས་པ་དང་། སྦྱིན་པ་དང་ཚུལ་ཁྲིམས་སོགས་ཕར་ཕྱིན་བཅུ་ལ་ལོངས་སྤྱོད་པར་བྱས་པ་ནང་གི་ཡོངས་འཛིན་དང་། ཕྱིའི་ཡོངས་འཛིན་དགེ་བཤེས་ཀྱིས་ཟིན་པའི་ཕྱིར།

གསུམ་པ་ནི། གཟུགས་ལ་སོགས་པ་མི་གནས་ཕྱིར། །སོགས་ཀྱིས་བསྟན། ཐེག་ཆེན་གྱི་སྦྱོར་བ་ཆོས་ཅན། དབྱེ་ན་ཉི་ཤུ་ཡོད་དེ། གཟུགས་ལ་སོགས་པ་ལ་ཞེན་ནས་མི་གནས་པའི་ཕྱིར་ན་མི་གནས་པའི་སྦྱོར་བ་དང་། གཟུགས་སོགས་དེ་ལ་ཞེན་པའི་སྦྱོར་བ་བཀག་པའི་ཕྱིར་ན་མི་སྦྱོར་བའི་སྦྱོར་བ་དང་། གཟུགས་སོགས་དེའི་དེ་བཞིན་ཉིད་ཟབ་པར་རྟོགས་པའི་ཕྱིར་ན་ཟབ་པ་གཞི་ཤེས་ཀྱི་སྦྱོར་བ་དང་། གཟུགས་སོགས་དེ་རྣམས་ཀྱི་གནས་ལུགས་ཚད་མེད་པ་རྟོགས་པའི་ཕྱིར་ན་ཚད་མེད་པ་རྣམ་མཁྱེན་གྱི་སྦྱོར་བ་སྟེ་རང་བཞིན་གྱི་སྦྱོར་བ་ལྔ་དང་། ཚེགས་ཆེན་པོས་ཡུན་རིང་པོ་ཞིག་ནས་རྫོགས་པའི་བྱང་ཆུབ་མྱུར་དུ་རྟོགས་དགོས་པའི་ཕྱིར་ན་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་དང་། ལུང་བསྟན་པ་ཐོབ་པའི་སྦྱོར་བ་དང་། ཕྱིར་མི་ལྡོག་པ་ཉིད་ཀྱི་སྦྱོར་བ་དང་། ངེས་པར་འབྱུང་བའི་སྦྱོར་བ་དང་། བདུད་བཞི་དང་ས་གཉིས་ཀྱིས་བར་ཆད་མེད་པ་དང་བཅས་པའི་སྦྱོར་བ་དང་། རྫོགས་པའི་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་དང་། མྱུར་བར་རྫོགས་བྱང་ཆུབ་པའི་སྦྱོར་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བས་གཞན་དོན་གྱི་སྦྱོར་བ་དང་། གཟུགས་སོགས་ཀྱི་གནས་ལུགས་འཕེལ་མེད་འགྲིབ་མེད་དུ་རྟོགས་པའི་ཕྱིར་ན་འཕེལ་འགྲིབ་མེད་པའི་སྦྱོར་བ་དང་། འཁོར་བའི་ཆོས་དང་འཁོར་བའི་ཆོས་མིན་པ་སོགས་བདེན་པར་མི་མཐོང་བའི་སྦྱོར་བ་དང་། གཟུགས་སོགས་ཀྱི་གནས་ལུགས་བསམ་གྱིས་མི་ཁྱབ་པར་རློམ་པ་དང་བཅས་པས་མི་མཐོང་བའི་དང་། གཟུགས་སོགས་ཀྱི་གནས་ལུགས་གཟུགས་སོགས་དེའི་མཚན་མ་དང་དེའི་ངོ་བོ་ཉིད་དུ་རྣམ་པར་མི་རྟོག་པའི་དང་། རྒྱུན་ཞུགས་ནས་སངས་རྒྱས་ཀྱི་བར་གྱི་འབྲས་བུ་རིན་པོ་ཆེ་སྦྱིན་པར་བྱེད་པའི་དང་། ངོ་བོ་ལ་གཟུང་འཛིན་གྱི་དྲི་མ་དེ་ནི་དག་པའི་དང་། ས་མཚམས་ཀྱི་སྦྱོར་བ་དང་བཅས་པ་སྟེ་གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་རྣམས་སུ་དབྱེར་ཡོད་པའི་ཕྱིར།

བཞི་པ་ལ་བཞི་སྟེ། ཡོན་ཏན་བཅུ་བཞི། སྐྱོན་བཞི་བཅུ་རྩ་དྲུག །ནུས་པ་མཚན་ཉིད། ཐར་པ་ཆ་མཐུན་བཤད་པའོ། །དང་པོ་ནི། བདུད་ཀྱི་མཐུ་བཅོམ་སོགས་ཀྱིས་བསྟན། ཐེག་ཆེན་སྦྱོར་བའི་ཡོན་ཏན་ཆོས་ཅན། རྣམ་པ་བཅུ་བཞི་ཡོད་དེ། བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་དང་ལ་སོགས་པས་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པ་ནས་ཤེར་ཕྱིན་ངེས་པར་ཐོབ་པ་ཞེས་བྱ་བའི་ཡོན་ཏན་གྱི་བར་རྣམས་སུ་ཡོད་པའི་ཕྱིར།

གཉིས་པ་ནི། སྐྱོན་ནི་བཅུ་ཚན་བཞིར་བཅས་པ་སོགས་ཀྱིས་བསྟན། ཐེག་ཆེན་གྱི་སྦྱོར་བའི་བར་ཆད་བྱེད་པའི་སྐྱོན་ནི་ཆོས་ཅན། དབྱེ་ན་བཞི་བཅུ་རྩ་དྲུག་ཡོད་དེ། བཅུ་ཚན་བཞིར་བཅས་པའི་ལྷག་མ་དྲུག་ཏུ་ངེས་པར་རྟོགས་པར་བྱས་ནས་སྤང་དགོས་པའི་ཕྱིར།

གསུམ་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གང་གིས་མཚོན་དེ་མཚན་ཉིད་དུ། །སོགས་ཀྱིས་བསྟན། མཚོན་བྱེད་གང་གིས་མཚོན་བྱ་མཚོན་ནུས་པ་དེ་མཚན་ཉིད་དུ་ཤེས་པར་བྱ་བ་ཡིན་པས་དེ་ལ་གཉིས་ཡོད་པའི་བྱེད་སྒྲུབ་དེ་ཡང་ཆོས་ཅན། རྣམ་པ་གསུམ་ཡོད་དེ། ཤེས་པའི་མཚན་ཉིད་དང་། ཁྱད་པར་གྱི་དང་། བྱེད་པའི་སྟེ་དེ་རྣམས་སུ་ཡོད་པའི་ཕྱིར། ལས་སྒྲུབ་དེ་ཡང་ཆོས་ཅན། གཅིག་ཡོད་དེ། ངོ་བོ་ཉིད་ཀྱི་མཚན་ཉིད་གང་ཡིན་དེ་མཚོན་པར་བྱ་བ་ཡིན་པའི་ཕྱིར།

གཉིས་པ་ལ་བཞི་སྟེ། ཤེས་པའི་མཚན་ཉིད། ཁྱད་པར་གྱི་མཚན་ཉིད། བྱེད་པའི་མཚན་ཉིད། ངོ་བོའི་མཚན་ཉིད། དང་པོ་ལ། གཞི་ཤེས་སྦྱོར་བའི་ཤེས་མཚན། ལམ་ཤེས་སྦྱོར་བའི་ཤེས་མཚན། རྣམ་མཁྱེན་སྦྱོར་བའི་ཤེས་མཚན་ནོ། །དང་པོ་ནི། དེ་བཞིན་གཤེགས་པ་འབྱུང་བ་དང་། །སོགས་ཀྱིས་བསྟན། གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་གཞི་ཤེས་པའི་སྦྱོར་བས་བསྡུས་པའི་ཤེས་པའི་ཆ་ལ་མཚན་ཉིད་དུ་བརྗོད་པར་བྱ་བ་གང་ཡིན་པ་དེ་ཆོས་ཅན། དབྱེ་ན། བཅུ་དྲུག་ཡོད་དེ། དེ་བཞིན་གཤེགས་པ་འབྱུང་བར་ཤེས་པ་དང་། འཇིག་རྟེན་འཇིག་པ་མེད་པའི་བདག་ཉིད་དུ་ཤེས་པ་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པ་དང་། སེམས་དེ་ནང་དུ་བསྡུས་པ་ཤེས་པ་དང་། སེམས་ཕྱིར་བལྟས་ཏེ་གཡེངས་པ་ཤེས་པ་དང་། སེམས་མི་ཟད་པའི་རྣམ་པར་ཤེས་པ་དང་། སེམས་འདོད་ཆགས་དང་བཅས་པ་སོགས་ཤེས་པ་དང་། སོགས་ཁོང་ནས་སེམས་འདོད་ཆགས་དང་བྲལ་བ་ཤེས་པ་དང་། སེམས་རྒྱ་ཆེན་པོར་ཤེས་པ་དང་། སེམས་ཆེན་པོར་གྱུར་པ་ཤེས་པ་དང་། སེམས་ཚད་མེད་པ་ཤེས་པ་དང་། རྣམ་ཤེས་བསྟན་དུ་མེད་པར་ཤེས་པ་དང་། སེམས་བལྟར་མེད་པར། ཤེས་པ་སྟེ་གཡོ་བ་དང་ལ་སོགས་པས་བསྡུ་བ་དང་། བཀྲམ་པ་དང་། བཙུམ་པ་ཤེས་པ་ཞེས་བྱ་བ་དང་། སེམས་གཡོ་བ་སོགས་སེམས་དེ་ལས་གཞན་ཡང་སེམས་དེ་དག་ནི་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་དང་། ཐུབ་པས་དེ་བཞིན་ཉིད་རྟོགས་པ་དེ་གདུལ་བྱ་གཞན་ལ་བསྟན་པར་ཤེས་པ་ཞེས་བྱ་བ་འདི་རྣམས་སུ་ཡོད་པའི་ཕྱིར།

གཉིས་པ་ནི། སྟོང་ཉིད་མཚན་མ་མེད་བཅས་དང་། །སོགས་ཀྱིས་བསྟན། ལམ་ཤེས་པ་ཉིད་འཆད་པའི་སྐབས་ཀྱིས་བསྡུས་པའི་མཚན་ཉིད་གང་ཡིན་པ་ཆོས་ཅན། བཅུ་དྲུག་ཏུ་བཞེད་དེ། སྟོང་པ་ཉིད་རྟོགས་པའི་ཤེས་མཚན་དང་། མཚན་མ་མེད་པ་དང་བཅས་པར་རྟོགས་པ་དང་། སྨོན་པ་རྣམ་པར་སྤངས་པས་སྨོན་མེད་རྟོགས་པ་དང་། སྐྱེ་མེད་རྟོགས་པ་དང་། འགག་པ་མེད་པར་རྟོགས་པ་དང་། སོགས་ཁོང་ནས་ཀུན་ནས་ཉོན་མོངས་པ་སོགས་དྲུག་དང་། ཆོས་ཉིད་རྣམ་པར་འཁྲུག་པ་མེད་པར་རྟོགས་པ་དང་། འདུ་མི་བྱེད་པ་དང་། རྣམ་པར་མི་རྟོག་པ་དང་། རབ་ཏུ་དབྱེ་བ་དང་། མཚན་ཉིད་མེད་པ་ཉིད་དུ་རྟོགས་པའི་ཤེས་རྣམ་རྣམས་སུ་ཡོད་པའི་ཕྱིར།

གསུམ་པ་ནི། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས། །སོགས་ཀྱིས་བསྟན། རྣམ་པ་ཀུན་མཁྱེན་པ་རྣམ་མཁྱེན་གྱི་ཚུལ་ལ་ནི། ཤེས་པའི་མཚན་ཉིད་ཅེས་བཤད་པ་འདི་ཆོས་ཅན། བཅུ་དྲུག་ཡོད་དེ། དེ་བཞིན་གཤེགས་པ་དེ་ནི་དེ་ཉིད་ཀྱི་ཆོས་རྣམ་མཁྱེན་དེ་ལ་བརྟེན་ནས་བདེ་བར་གནས་པ་དང་། གུས་པར་བྱ་བ་དང་། བླ་མ་ཉིད་དུ་བྱ་བ་དང་། མཉེས་པར་བྱ་བ་དང་། སངས་རྒྱས་དེ་ལ་མཆོད་པར་བྱེད་པ་དང་། དོན་དམ་དུ་བྱེད་པ་པོའི་རྒྱུ་མེད་པ་དང་། ཡེ་ཤེས་ཤེས་བྱ་ཀུན་ཏུ་འཇུག་པར་མཁྱེན་པ་གང་ཡིན་པ་དང་། མ་མཐོང་བའི་དོན་དེ་ཁོ་ན་ཉིད་མཐོང་བར་སྟོན་པར་མཛད་པ་དང་། འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པར་སྟོན་པ་དང་། འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པ་དང་། འཇིག་རྟེན་སྟོང་པ་ཉིད་དུ་ཤེས་པར་མཛད་པ་དང་། འཇིག་རྟེན་སྟོང་པ་ཉིད་དུ་མངོན་སུམ་དུ་མཐོང་བར་མཛད་པ་དང་། འཇིག་རྟེན་བསམ་གྱིས་མི་ཁྱབ་པར་སྟོན་པ་དང་། འཇིག་རྟེན་ཞི་བ་ཉིད་དུ་སྟོན་པ་དང་། འཇིག་རྟེན་གྱི་དངོས་པོ་འགོག་པ་དང་། མཚན་འཛིན་གྱི་འདུ་ཤེས་འགོག་པ་རྣམས་སུ་ཡོད་པའི་ཕྱིར།

གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བསམ་མི་ཁྱབ་སོགས་ཁྱད་པར་གྱིས་སོགས་ཀྱིས་བསྟན། བདེན་བཞིའི་སྤྱོད་ཡུལ་ཅན་ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་ནི་བཅུ་དྲུག་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་འཕགས་པའི་མཚན་ཉིད་དུ་ཤེས་པར་བྱ་བ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་དེ་བསམ་གྱིས་མི་ཁྱབ་པ་དང་མི་མཉམ་པ་སོགས་ཁྱད་པར་གྱི་ཆོས་བཅུ་དྲུག་གི་སྒོ་ནས་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་ཞུགས་པར་བཤད་པའི་ཕྱིར། གཉིས་པ་ནི། བསམ་མི་ཁྱབ་དང་མི་མཉམ་དང་། །སོགས་ཀྱིས་བསྟན། ཁྱད་ཆོས་གང་གིས་ལམ་གཞན་དམན་ལམ་དང་ལས་ཁྱད་པར་དུ་འཕགས་པས་ཁྱད་པར་གྱི་ལམ་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཁྱོད་ཀྱི་ཁྱད་པར་གྱི་ཆོས་ནི་བཅུ་དྲུག་གི་བདག་ཉིད་དུ་ཤེས་པར་བྱ་སྟེ། རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པ་དང་། ཟླ་མེད་པས་མི་མཉམ་པ་དང་། ཚད་མས་གཞལ་བ་ལས་ཡང་དག་པར་འདས་པ་དང་། གྲངས་ཀྱིས་བགྲང་བ་ལས་ཡང་དག་པར་འདས་པ་སྟེ་སྡུག་བསྔལ་བདེན་པའི་ཡུལ་ཅན་བཞི་དང་། འཕགས་པའི་གང་ཟག་གི་ཡོན་ཏན་ཀུན་སྡུད་པ་དང་། སྐྱེས་བུ་མཁས་པ་ཡིས་རིག་པར་བྱ་བའི་ཟབ་མོ་རྟོགས་པ་དང་། ཉན་རང་དང་ཐུན་མོང་མ་ཡིན་པའི་དོན་ཤེས་པ་ཉིད་དང་། མངོན་པར་ཤེས་པ་ཉན་རང་ལས་ཤིན་ཏུ་མྱུར་བ་ཉིད་དེ་ཀུན་འབྱུང་བདེན་པའི་ཡུལ་ཅན་བཞི་དང་། ཆོས་ཐམས་ཅད་བྲི་བ་མེད་པར་རྟོགས་པ་དང་། གང་བ་མེད་པར་རྟོགས་པ་དང་། ཕྱིན་དྲུག་བརྩོན་འགྲུས་ཀྱིས་སྒྲུབ་པས་ཚོགས་གཉིས་ཡང་དག་པ་འགྲུབ་པ་དང་། ཆོས་ཐམས་ཅད་ལ་མི་རྟོག་པར་དམིགས་པ་སྟེ། འགོག་བདེན་གྱི་ཡུལ་ཅན་བཞི་དང་། རྟེན་ཆེ་ལོངས་ཀྱི་རིགས་དང་བཅས་པ་དང་། སྨོན་ལམ་ལ་སོགས་པའི་ཕར་ཕྱིན་རྫོགས་པའི་རྒྱུ་ཚོགས་མཐའ་དག་དང་ལྡན་པ་དང་། ཐེག་ཆེན་དགེ་བའི་བཤེས་གཉེན་གྱི་ཡོངས་འཛིན་དང་། ཡུལ་ལ་རོ་མྱང་བའི་མངོན་ཞེན་མེད་པ་སྟེ་ལམ་བདེན་གྱི་ཡུལ་ཅན་བཞི་རྣམས་སུ་ཡོད་པའི་ཕྱིར།

གསུམ་པ་ནི། ཕན་དང་བདེ་དང་སྐྱོབ་པ་དང་། །སོགས་ཀྱིས་བསྟན། ཐེག་ཆེན་སྦྱོར་བའི་བྱེད་པའི་མཚན་ཉིད་གང་ཡིན་པ་འདི་ནི་ཆོས་ཅན། དབྱེ་ན་བཅུ་གཅིག་ཡོད་དེ། གདུལ་བྱ་ལ་ཕན་པར་བྱེད་པ་དང་། བདེ་བར་བྱེད་པ་དང་། སྐྱོབ་པར་བྱེད་པ་དང་། མི་རྣམས་ཀྱི་ནི་སྐྱབས་དག་བྱེད་པ་དང་། གནས་སུ་བྱེད་པ་དང་། དཔུང་གཉེན་བྱེད་པ་དང་། གླིང་གི་བྱེད་པ་དང་ནི་ཡོངས་སུ་འདྲེན་པར་བྱེད་པ་ཞེས་བྱ་བ་དང་། ལྷུན་གྱིས་གྲུབ་པའི་བྱེད་པ་དང་། རྫོགས་སྨིན་མ་སྦྱངས་པར་ཐེག་པ་གསུམ་གྱི་འབྲས་བུ་མངོན་སུམ་དུ་མི་བྱེད་པའི་བདག་ཉིད་དུ་བྱེད་པ་དང་། བཅུ་གཅིག་པོའི་ཐ་མ་རྟེན་གྱི་མཛད་པ་སྟེ་དེ་རྣམས་སུ་ཡོད་པའི་ཕྱིར།

བཞི་པ་ནི། ཉོན་མོངས་རྟགས་དང་མཚན་མ་སོགས་ཀྱིས་བསྟན། མཚོན་བྱ་ལྟ་བུར་མཚོན་པས་ན་མཚན་ཉིད་བཞི་པ་ངོ་བོ་ཉིད་མཚན་དུ་བཞེད་པའི་མཁྱེན་གསུམ་གྱི་སྦྱོར་བ་ཆོས་ཅན། དབྱེ་ན་ངོ་བོ་ཉིད་མཚན་བཅུ་དྲུག་གི་བདག་ཉིད་ཡིན་ཏེ། ཉོན་མོངས་ཀྱི་ངོ་བོས་དབེན་པ་དང་། དེའི་རྒྱུ་མཚན་མས་དབེན་པ་དང་། མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་གིས་སྟོང་པ་སྟེ་ཤེས་སྒྲིབ་ཀྱིས་དབེན་པ་དང་། བྱ་དཀའ་བའི་ངོ་བོ་ཉིད་དང་། མཐའ་གཅིག་ཏུ་ངེས་པའི་ངོ་བོ་ཉིད་དང་། ཆེད་དུ་བྱ་བ་མ་འཁྲུལ་པའི་ངོ་བོ་ཉིད་དང་། བསྒོམ་བྱ་སྒོམ་པ་པོའི་ཆོས་མི་དམིགས་པའི་ངོ་བོ་ཉིད་དང་། མངོན་པར་ཞེན་པ་བཀག་པའི་ངོ་བོ་ཉིད་དང་། ཆོས་ཅན་རྣམ་པ་མ་ལུས་པ་ལ་དམིགས་པ་ཞེས་བྱ་བ་གང་ཡིན་པའི་ངོ་བོ་ཉིད་དང་། འཇིག་རྟེན་དང་མི་མཐུན་པའི་ངོ་བོ་ཉིད་དང་། ཡུལ་ལ་ཐོགས་པ་མེད་པར་འཇུག་པའི་ངོ་བོ་ཉིད་དང་། དོན་དམ་དུ་གཞི་མེད་པར་རྟོགས་པའི་ངོ་བོ་ཉིད་དང་། ཆོས་ཉིད་དམན་པ་ལས་མཆོག་ཏུ་འགྲོ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་དང་། ལམ་གྱི་རྣམ་པ་སྐྱེ་མེད་དུ་རྟོགས་པའི་ངོ་བོ་ཉིད་དང་། གཞི་དེ་བཞིན་ཉིད་ནི་མི་དམིགས་པར་རྟོགས་པའི་ངོ་བོ་ཉིད་རྣམས་སུ་ཡོད་པའི་ཕྱིར།

བཞི་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། སོགས་ཀྱིས་བསྟན། མཚན་མ་མེད་པའི་གནས་ལུགས་རྟོགས་ཤིང་རབ་ཏུ་སྦྱིན་པ་གཏོང་བ་ལ་སོགས་པ་རྣམ་མཁྱེན་གྱི་བར་གྱི་ཡོན་ཏན་རྣམས་འབྱུང་བ་ལ་ཡང་དག་པར་སྒྲུབ་པའི་ཐབས་ལ་མཁས་པའི་བྱང་སེམས་ལས་དང་པོ་པའི་མངོན་རྟོགས་ཆོས་ཅན། རྣམ་པ་ཐམས་ཅད་མངོན་པར་རྟོགས་པའི་སྦྱོར་བ་འཆད་པའི་སྐབས་འདི་ལ་བསྟན་པའི་ཐར་པའི་ཆ་དང་མཐུན་པ་ཡིན་པར་འདོད་དེ། ཐབས་ཤེས་ཟུང་འབྲེལ་གྱི་ཆོས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར།

གཉིས་པ་ལ་གཉིས། ཡུལ་གྱི་དབྱེ་བ་དང་། དབང་པོའི་དབྱེ་བའོ། །དང་པོ་ནི། སངས་རྒྱས་སོགས་དམིགས་དད་པ་དང་། །ཞེས་སོགས་ཀྱིས་བསྟན། བྱང་སེམས་ཚོགས་ལམ་པས་མཁས་པར་བྱ་བ་ཆོས་ཅན། རྣམ་པ་ལྔ་ཡོད་དེ། ཡུལ་སངས་རྒྱས་སོགས་ལ་དམིགས་པའི་དད་པ་དང་། སྦྱིན་པ་སོགས་ལ་སྤྱོད་པའི་ཡུལ་བརྩོན་འགྲུས་དང་། བསམ་པ་ཕུན་ཚོགས་སེམས་བསྐྱེད་སོགས་དྲན་པ་དང་། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། གཟུགས་སོགས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཤེས་པའི་ཤེས་རབ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །སོགས་ཀྱིས་བསྟན། བཤད་མ་ཐག་པའི་དད་སོགས་དེ་དག་ཐམས་ཅད་ཀྱིས་བླ་མེད་རྫོགས་པའི་བྱང་ཆུབ་མྱུར་དུ་རྟོགས་པར་མཚུངས་པ་མ་ཡིན་ཏེ། དད་སོགས་དེ་དག་ཆེན་པོ་དབང་པོ་རྣོན་པོ་ཡིས་བླ་མེད་བྱང་ཆུབ་རྟོགས་པར་སླ་ལ། དད་སོགས་ཆུང་ངུ་དབང་པོ་རྟུལ་པོས་བླ་མེད་བྱང་ཆུབ་རྟོགས་དཀའ་བར་བཞེད་པའི་ཕྱིར་རོ། །

གཉིས་པ་བྱ་བ་ཁྱད་པར་ཅན་བཤད་པ་ལ་གསུམ་སྟེ། སྦྱོར་བ་སྒོམ་པའི་གནས་སྐབས། རྟེན་ཕྱིར་མི་ལྡོག་པའི་གང་ཟག །སྒོམ་རིམ་ཁྱད་པར་ཅན་ནོ། །དང་པོ་ནི། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་སོགས་ཀྱིས་བསྟན། སྐབས་བཞི་པ་འདིར་བསྟན་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོ་བ་ཆུང་འབྲིང་ཆེན་པོ་རྣམས་ཆོས་ཅན། དམིགས་རྣམ་ཁྱད་པར་ཅན་དང་ལྡན་ཏེ། ཁྱོད་ཀྱི་དམིགས་པའི་ཡུལ་སེམས་ཅན་ཐམས་ཅད་ཡིན་པར་མདོ་ལས་བསྔགས་པས། དེ་དག་ཉིད་ལ་དམིགས་ནས་རྣམ་པ་དག་ནི་སེམས་མཉམ་པ་དང་། སོགས་པས་བྱམས་པ་ནས་གཉེན་དང་སྣག་གི་གཉེན་མཚམས་ཀྱི་སེམས་ཀྱི་རྣམ་པའི་བར་བཅུར་བཞེད་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོར་གྱུར་པ་ཆོས་ཅན། དམིགས་རྣམ་ཁྱད་པར་ཅན་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ལ་དམིགས་ནས་ཆུང་ངུའི་རྣམ་པ་བྱང་སེམས་བདག་ཉིད་སྡིག་པ་ལས་ལྡོག་ཅིང་། གཞན་དེ་དག་ལ་དགོད་པ་དང་། གཞན་དེ་དག་དེ་བཞིན་དུ་བཞུགས་པ་ལ་བསྔགས་པ་བརྗོད་པ་དང་དགའ་བས་མཐུན་པ་ཉིད་ཀྱི་རྣམ་པ་ཅན་དང་། འབྲིང་གི་རྣམ་པ་བདག་ཉིད་སྦྱིན་པ་ལ་སོགས་པའི་དགེ་བ་ལ་གནས་ནས་གཞན་དེ་དག་ལ་ནི་དགོད་པ་དང་། གཞན་དེ་བཞིན་དུ་ཞུགས་པ་ལ་བསྔགས་པ་བརྗོད་པ་དང་དགའ་བས་མཐུན་པ་ཉིད་ཀྱི་རྣམ་པ་ཅན་དང་། ཆེན་པོའི་རྣམ་པ་རང་གནས་ལུགས་སྒོམ་པ་ལ་གནས་ཤིང་གཞན་དེ་ལ་དགོད་པ་དང་། དེ་ལ་ཞུགས་པ་ལ་བསྔགས་པ་དང་དགའ་བས་མཐུན་པ་ཉིད་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ཆོས་ཅན། དམིགས་རྣམ་ཁྱད་པར་ཅན་དང་ལྡན་ཏེ། རྩེ་མོའི་སྐབས་སུ་རང་གཞན་གྱི་རྟེན་ཅན་གྱི་དབྱེ་བས་སེམས་ཅན་ལ་དམིགས་པ་དེ་བཞིན་དུ་སེམས་ཅན་ལ་དམིགས་ནས་རྣམ་པ་ནི་སྡུག་བསྔལ་སོགས་བདེན་པ་ལ་དམིགས་པ་ཤེས་ཤིང་དེ་ལ་གཞན་སྦྱོར་བ་དང་ཞུགས་པ་ལ་བསྔགས་པ་བརྗོད་པའི་རྣམ་པ་ཅན་དང་། འབྲིང་གི་སྐབས་སུ་རང་ཉིད་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་བསྒོམ་ཞིང་དེ་ལ་གཞན་སྦྱོར་བ་དང་ཞུགས་པ་ལ་བསྔགས་པ་བརྗོད་པའི་རྣམ་པ་ཅན་དང་། ཆེན་པོ་རང་བྱང་སེམས་ཀྱི་སྐྱོན་མེད་པ་ཤེས་པ་ལ་གནས་ནས་གཞན་དེ་ལ་དགོད་པའི་རྣམ་པ་ཅན་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆོས་ཅན། དམིགས་རྣམ་ཁྱད་པར་ཅན་དང་ལྡན་ཏེ། དམིགས་པ་སེམས་ཅན་རྣམས་ལ་དམིགས་ནས་ཆུང་ངུའི་རྣམ་པ་ནི་སྔ་མ་བཟོད་རྩེ་དེ་བཞིན་དུ་རང་སྨིན་གྲོལ་སོགས་དགེ་རྩ་བྱེད་པ་ལ་གནས་ནས་གཞན་དེ་ལ་དགོད་པ་དང་། དེ་ལ་ཞུགས་པ་ལ་བསྔགས་པ་སོགས་ཀྱི་རྣམ་པ་ཅན་དང་། འབྲིང་གི་རྣམ་པ་ནི་རང་མངོན་ཤེས་ཁྱད་པར་ཅན་ལ་གནས་ནས་གཞན་དེ་ལ་དགོད་པ་དང་། ཞུགས་པ་ལ་བསྔགས་པ་སོགས་ཀྱི་རྣམ་པ་ཅན་དང་། ཆེན་པོའི་རྣམ་པ་ནི་རང་རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པ་ལ་གནས་ནས་གཞན་དེ་ལ་དགོད་པ་དང་། ཞུགས་པ་ལ་བསྔགས་པ་སོགས་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར།

གཉིས་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །སོགས་ཀྱིས་བསྟན། ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་ལ་གནས་པ་དབང་རྣོན་ནས་བཟུང་སྟེ་ཐེག་ཆེན་མཐོང་ལམ་པ་དབང་འབྲིང་དང་གནས་ལུགས་མཐོང་ཟིན་གོམས་པའི་ལམ་ལ་གནས་པ་ཐེག་ཆེན་སྒོམ་ལམ་པ་དབང་རྟུལ་དག་སྟེ་བྱང་ཆུབ་སེམས་དཔའ་དེ་གསུམ་ཆོས་ཅན། སྐབས་འདིར་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཡིན་ཏེ། རང་རྒྱུད་ཀྱི་ཕྱིར་མི་ལྡོག་པའི་རྟགས་གང་དང་གང་དག་པའི་ཚུལ་གྱིས་དེ་དང་དེ་ལ་གནས་པའི་སེམས་དཔའ་ཡིན་པའི་ཕྱིར།

གཉིས་པ་ལ་གསུམ་སྟེ། སྦྱོར་ལམ་པ། མཐོང་ལམ་པ། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །སོགས་ཀྱིས་བསྟན། ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པར་མཚོན་པའི་མཚན་ཉིད་འདི་ཆོས་ཅན། ཉི་ཤུ་ཡོད་དེ། གཟུགས་ལ་སོགས་པའི་ཆོས་བདེན་ཞེན་མངོན་གྱུར་པ་ལྡོག་པ་ལ་སོགས་པའི་རྟགས་རྣམ་པ་ཉི་ཤུར་བརྗོད་པ་ཡིན་པའི་ཕྱིར།

གཉིས་པ་ནི། གཟུགས་ལ་སོགས་ལས་ལྡོག་པ་དང་། །སོགས་ཀྱིས་བསྟན། སྦྱོར་ལམ་དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་ཆོས་ཅན། གཟུགས་ལ་སོགས་པའི་ཆོས་ལ་བདེན་ཞེན་མངོན་གྱུར་པ་ལྡོག་པ་ཡིན་ཏེ། གཟུགས་སོགས་ངོ་བོ་ཉིད་མེད་པར་རྟོགས་པའི་ཕྱིར། དེ་ཆོས་ཅན། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་ཐེ་ཚོམ་ཟད་པ་ཡིན་ཏེ། དེའི་ཡོན་ཏན་ཤེས་ནས་དད་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། མི་དལ་བ་སྟེ་མི་ཁོམ་པ་བརྒྱད་དུ་སྐྱེ་བའི་རྒྱུ་ཟད་པ་ཡིན་ཏེ། ལས་འབྲས་མེད་པར་འཛིན་ལ་ལོག་ལྟ་ཅན་དང་། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོར་སྐྱེ་བ་དང་། རྫོགས་བྱེད་དུས་ཀྱི་སེམས་ཅན་ལྟ་བུ་སངས་རྒྱས་ཀྱི་བཀའ་མི་ཐོས་པ་དང་། འཁོར་རྣམ་པ་བཞི་མེད་པའི་ཡུལ་མཐའ་འཁོབ་དུ་སྐྱེ་བ་དང་། དབང་པོ་མ་ཚང་བ་སྤྱི་དང་། བྱེ་བྲག་ཡིད་དབང་ལ་སྐྱོན་ཞུགས་པ་གླེན་པ་དང་། ལྕེ་དབང་ལ་སྐྱོན་ཞུགས་པ་ལྐུགས་པ་དང་། འདུ་ཤེས་མེད་པའི་ལྷ་ཚེ་རིང་པོར་སྐྱེ་བ་ཞེས་བྱ་བརྒྱད་པོ་དེར་མི་སྐྱེ་བའི་སྨོན་ལམ་འགྲུབ་པའི་ཕྱིར། དེ་ཆོས་ཅན། བདག་ཉིད་དགེ་བ་ལ་གནས་ཤིང་གཞན་དག་དགེ་བ་དེ་ལ་འགོད་པར་བྱེད་དེ། གཞན་ལ་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར། དེ་ཆོས་ཅན། གཞན་གྱི་རྟེན་ཅན་ཏེ་སྦྱིན་པ་ལ་སོགས་པའི་དགེ་བ་དམིགས་ཡུལ་སེམས་ཅན་གྱི་ཆེད་དུ་བསྔོ་བར་བྱེད་དེ། བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་བརྗེ་བ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། སྔ་མ་རྣམས་སུ་མ་ཟད་ཟབ་མོའི་དོན་ལའང་སོམ་ཉི་མེད་པ་ཡིན་ཏེ། ཆོས་ཟབ་མོ་ཡང་དག་པར་རྟོགས་པའི་ཕྱིར། དེ་ཆོས་ཅན། བྱམས་པས་ཟིན་པའི་ལུས་དང་། སོགས་པས་ངག་དང་ཡིད་ཀྱི་ལས་གསུམ་དང་ལྡན་ཏེ། བསམ་སྦྱོར་གཉིས་ཀྱིས་གཞན་ལ་ཕན་པ་བྱེད་པ་ཉིད་དུ་ཞུགས་པའི་ཕྱིར། དེ་ཆོས་ཅན། སྒྲིབ་པ་རྣམ་པ་ལྔ་པོ་ཚུལ་ཁྲིམས་ཀྱི་བར་དུ་གཅོད་པ་འདོད་པའི་ཡོན་ཏན་ལ་སྲེད་པའི་འདུན་པ་དང་། གཞན་ལ་མནར་སེམས་པའི་གནོད་སེམས་དང་། ཞི་གནས་ཀྱི་བར་དུ་གཅོད་པ་ནང་དུ་ཞུམ་པར་བྱེད་པ་གཉིད་དང་། སེམས་མི་གསལ་བའི་རྨུགས་པ་དང་། ལྷག་མཐོང་གི་བར་དུ་གཅོད་པ་སེམས་ཕྱིར་འཕྲོ་བའི་རྒོད་པ་དང་། ངན་པ་ཡིད་ལ་གཅགས་པའི་འགྱོད་པ་དང་། བཏང་སྙོམས་ཀྱི་བར་དུ་གཅོད་པ་ཐེ་ཚོམ་དག་དང་ནམ་ཡང་མི་འགྲོགས་ཏེ། བསླབ་པ་གསུམ་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། མ་རིག་པ་དང་ལྟ་བའི་བག་ལ་ཉལ་ཀུན་འཇོམས་པ་སྟེ། སྙིང་པོ་སྟོང་པ་ཉིད་རྣམ་པར་བསྒོམ་པའི་ཕྱིར། དེ་ཆོས་ཅན། སྤྱོད་ལམ་ཀུན་ཏུ་དྲན་པ་དང་ནི་ཤེས་བཞིན་དུ་ལྡན་པ་ཡིན་ཏེ། བླང་དོར་གྱི་གནས་ལ་རྟག་ཏུ་སེམས་མ་ཡེངས་པར་མཉམ་པར་བཞག་པའི་ཕྱིར། དེ་ཆོས་ཅན། ཆོས་གོས་དང་མལ་ཆ་ལ་སོགས་པ་ཡོངས་སུ་སྤྱོད་པ་ལ་གཞན་གྱིས་དམད་དུ་མེད་པས་གཙང་བ་དང་ལྡན་པ་ཡིན་ཏེ། ཕྱི་ནང་གི་གཙང་སྦྲ་ཀུན་ཏུ་སྤྱོད་པ་ཉིད་ཀྱི་ཕྱིར། སྦྱོར་ལམ་རྩེ་མོ་ལ་གནས་པའི་བྱང་སེམས་དབང་རྣོན་ཆོས་ཅན། ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་རྣམས་མི་འབྱུང་སྟེ། དགེ་བའི་རྩ་བ་འཇིག་རྟེན་ཐ་མལ་པ་ལས་མངོན་པར་འཕགས་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། ཉན་རང་གི་ས་ཡིད་ལ་བྱེད་པ་སོགས་གྱ་གྱུའི་སེམས་མེད་པ་ཡིན་ཏེ། དགེ་བའི་རྩ་བ་ཐེག་ཆེན་གྱི་སེམས་རྣམ་པར་དག་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། ཕྱག་དར་ཁྲོད་དང་བསོད་སྙོམས་པ་སོགས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི་ཡང་དག་པར་བྱེད་དེ། རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་མི་ལྟ་བའི་སེམས་ཐོབ་པའི་ཕྱིར། དེ་ཆོས་ཅན། སྦྱིན་སོགས་དང་འགལ་བའི་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་སོགས་མེད་པ་ཡིན་ཏེ། སྦྱིན་པ་ལ་སོགས་པའི་ཁྱད་པར་མཆོག་ཏུ་བསྒྲུབ་པའི་ཕྱིར། དེ་ཆོས་ཅན། ཆོས་ཉིད་དང་མི་འགལ་བར་ཤེར་ཕྱིན་དང་ལྡན་པར་བྱང་ཆུབ་ཏུ་འགྲོ་བ་ཉིད་ཡིན་ཏེ། གཟུགས་སོགས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཡང་དག་པར་སྡུད་པའི་ཕྱིར། དེ་ཆོས་ཅན། སེམས་ཅན་གཞན་གྱི་དོན་དུ་དམྱལ་བ་ཡང་འདོད་ཅིང་འཚོལ་བར་བྱེད་དེ། །སྙིང་རྗེས་འགྲོ་བ་ཐམས་ཅད་ལ་བུ་བཞིན་དུ་བདག་ཉིད་ཀྱིས་བྱས་པའི་ཕྱིར། སྦྱོར་ལམ་བཟོད་པ་ལ་གནས་པའི་བྱང་སེམས་དབང་རྣོན་ཆོས་ཅན། བདུད་ལ་སོགས་པ་གཞན་གྱིས་ལམ་གཞན་ལ་བཀྲི་བར་མི་བཏུབ་པ་ཡིན་ཏེ། གནས་ལུགས་རྟོགས་པ་ལ་ཡིད་ཆེས་པ་བརྟན་པོ་ཐོབ་པའི་ཕྱིར། དེ་ཆོས་ཅན། ཕྱིན་དྲུག་དང་འགལ་བའི་ལམ་གཞན་བཅོས་མའི་ལམ་ཉེ་བར་སྟོན་པའི་བདུད་ལ་བདུད་ཅེས་བྱ་བར་རྟོགས་པ་ཡིན་ཏེ། སངས་རྒྱས་ཉིད་ཀྱི་ཐབས་ཕྱིན་དྲུག་ཤེས་པ་ལ་མཁས་པའི་ཕྱིར།

སྦྱོར་ལམ་ཆོས་མཆོག་ལ་གནས་པའི་བྱང་སེམས་དབང་རྣོན་ཆོས་ཅན། སྤྱོད་པ་ཐམས་ཅད་ལ་སངས་རྒྱས་དགྱེས་པ་ཐོབ་པ་ཡིན་ཏེ། ཤེས་རབ་ཀྱི་སྟོབས་ཀྱིས་འཁོར་གསུམ་ལ་མཚན་མར་འཛིན་པ་རྣམ་པར་དག་པ་ཐོབ་པའི་ཕྱིར། དེ་ལྟར་ན་སྦྱོར་ལམ་དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་རྣམས་ལ་གནས་པའི་བྱང་སེམས་དབང་རྣོན་ཆོས་ཅན། ཁྱོད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་པར་མཚོན་བྱེད་ཡོད་དེ། དྲོད་སོགས་བཞི་དང་རྟགས་རྣམས་གོ་རིམ་བཞིན་དུ་སྦྱར་ན་དྲོད་ཀྱི་རྟགས་བཅུ་གཅིག་རྩེ་མོའི་དྲུག །བཟོད་པའི་གཉིས། ཆོས་མཆོག་གི་གཅིག་སྟེ་ཉི་ཤུ་པོ་དེ་དག་གིས་མཚོན་ཏེ། ཁྱོད་བླ་མེད་བྱང་ཆུབ་ལས་མི་ལྡོག་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར།

གཉིས་པ་ལ་མདོར་བསྟན་པ། རྒྱས་པར་བཤད་པ། བསྡུ་བའོ། །དང་པོ་ནི། མཐོང་བའི་ལམ་ལ་ཞེས་སོགས་ཀྱིས་བསྟན། བདེན་བཞི་ལ་དམིགས་པའི་ཆོས་བཟོད་བཞི་དང་། རྗེས་སུ་ཤེས་པའི་བཟོད་པ་བཞི་དང་། ཆོས་ཤེས་བཞི་དང་། རྗེས་སུ་ཤེས་པ་བཞི་སྟེ་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཆོས་ཅན། བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་ཕྱིར་མི་ལྡོག་པའི་མཚན་ཉིད་དག་ཡིན་པར་ཤེས་པར་བྱ་སྟེ། དེ་ཕྱིར་མི་ལྡོག་པའི་དགེ་འདུན་མཚོན་པར་བྱེད་པའི་རྟགས་ཡིན་པའི་ཕྱིར།

གཉིས་པ་ནི། གཟུགས་སོགས་འདུ་ཤེས་ལྡོག་པ་དང་སོགས་ཀྱིས་བསྟན། བྱང་སེམས་མཐོང་ལམ་པ་དབང་འབྲིང་ཆོས་ཅན། གཟུགས་སོགས་ལ་བདེན་ཞེན་གྱི་འདུ་ཤེས་ལྡོག་པ་ཡིན་ཏེ། གཟུགས་སོགས་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར། དེ་ཆོས་ཅན། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བརྟན་པ་ཉིད་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། ཐེག་པ་དམན་པ་དག་ལས་སེམས་རྣམ་པར་ལོག་པ་ཡིན་ཏེ། ཐེག་པ་ཆེན་པོའི་ཆོས་ཁྱད་པར་ཅན་ཐབས་ཤེས་ཟུང་འབྲེལ་དུ་བསྒྲུབས་པའི་ཕྱིར། དེ་ཆོས་ཅན། བསམ་གཏན་དང་གཟུགས་མེད་ལ་སོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་དེའི་དབང་གིས་ཁམས་གོང་དུ་སྐྱེ་བའི་ཡན་ལག་ཡོངས་སུ་ཟད་པ་ཡིན་ཏེ། ཆོས་རྣམས་སྟོང་པ་ཉིད་དུ་རབ་ཏུ་རྣམ་པར་འབྱེད་པའི་མཐུ་ཐོབ་པའི་ཕྱིར། དེ་ཆོས་ཅན། ལུས་སེམས་དགེ་ལ་བཀོལ་དུ་རུང་བས་ལུས་དང་སེམས་ཡང་བ་ཉིད་ཡིན་ཏེ། མཐོང་སྤངས་ཀྱི་མི་དགེ་བ་དང་བྲལ་བའི་ཕྱིར། དེ་ཆོས་ཅན། འདོད་པའི་ཡོན་ཏན་ལ་མངོན་པར་ཞེན་པ་མེད་པར་ཉེ་བར་སྤྱོད་པར་བྱེད་དེ། ཆགས་པ་ཅན་གྱི་སེམས་འདུལ་བའི་ཐབས་ལ་མཁས་པའི་མཐུ་ཐོབ་པའི་ཕྱིར། དེ་ཆོས་ཅན། རྟག་ཏུ་ཚངས་པར་སྤྱོད་པ་ལ་འཇུག་པ་ཉིད་ཡིན་ཏེ། ཡུལ་གྱི་ཉེས་དམིགས་ལས་འདི་ཕྱིའི་སྡུག་བསྔལ་བསྐྱེད་པ་སོགས་མཐོང་བའི་ཕྱིར། དེ་ཆོས་ཅན། འཚོ་བའི་ཡོ་བྱད་རྣམ་པར་དག་པ་ཉིད་ཡིན་ཏེ། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ་དབང་བའི་སྐྱེས་བུ་དམ་པའི་ཆོས་ཉིད་ཡིན་པའི་ཕྱིར། དེ་ཆོས་ཅན། ཤེས་བྱ་ཕུང་སོགས་ལ་སྦྱོར་དང་རྗེས་དང་སྦྱོར་བའི་གནས་ལ་སོ་སོར་བཀག་པ་ཡིན་ཏེ། ཕུང་སོགས་སྟོང་པ་ཉིད་དུ་མངོན་སུམ་དུ་རྟོགས་པ་ལ་གནས་པའི་ཕྱིར། དེ་ཆོས་ཅན། མི་མཐུན་ཕྱོགས་བར་ཆད་བྱེད་པ་རྣམས་ལ་སྦྱོར་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ཡིན་ཏེ། མཐོང་ལམ་གྱི་མི་མཐུན་ཕྱོགས་བསལ་བར་བྱས་པའི་ཕྱིར། དེ་ཆོས་ཅན། སྙིང་པོ་སྦྱིན་སོགས་བྱང་ཆུབ་ཀྱི་རྒྱུ་ཚོགས་ལ་སྦྱོར་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ཡིན་ཏེ། རྣམ་པར་རྟོག་པའི་སྐྱོན་ཡོངས་སུ་ཤེས་པའི་ཕྱིར། དེ་ཆོས་ཅན། མིང་ལ་ཞེན་པ་འགོག་པ་དབང་སོགས་བཅས་པ་ཡི་གཡུལ་འགྱེད་ལ་སོགས་ལ་སྦྱོར་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ཡིན་ཏེ། གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར། དེ་ཆོས་ཅན། སེར་སྣ་ལ་སོགས་ལ་སྦྱོར་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ཡིན་ཏེ། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་ཁྱད་པར་ཅན་རྟོགས་པའི་ཕྱིར། དེ་ཆོས་ཅན། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་རྟག་པའི་ཆོས་ནི་རྡུལ་ཙམ་ཡང་མི་དམིགས་པ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་དུ་རྟོགས་པའི་ཕྱིར། དེ་ཆོས་ཅན། རང་གི་ཐོབ་པའི་ས་གསུམ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ལ་ཇི་ལྟ་བ་བཞིན་དུ་ངེས་པ་ཉིད་ཀྱིས་གནས་པ་ཡིན་ཏེ། རང་གི་རྟོགས་པ་ལ་གཞན་གྱིས་མི་འཕྲོགས་པའི་མངོན་པར་ཡིད་ཆེས་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། རྣམ་མཁྱེན་གྱི་རྒྱུར་གྱུར་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བར་བྱེད་དེ། མཐའ་གཅིག་ཏུ་རྣམ་མཁྱེན་གྱི་ཆེད་དུ་གཞོལ་བ་ཉིད་ཡིན་པའི་ཕྱིར།

གསུམ་པ་ནི། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི་སོགས་ཀྱིས་བསྟན། བཤད་པ་དེ་འདྲ་བའི་སྐད་ཅིག་མ་བཅུ་དྲུག་གི་མིང་ཅན་ནི་ཆོས་ཅན། བློ་ལྡན་བྱང་སེམས་མཐོང་བའི་ལམ་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་དག་ཡིན་ཏེ། བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་གཞན་ངོར་ཕྱིར་མི་ལྡོག་པ་ཡིད་ཆེས་པར་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར།

གསུམ་པ་ལ་བརྒྱད་དེ། སྒོམ་ལམ་གྱི་ཁྱད་པར། ཁྱད་པར་གྱི་གཞི། དབྱེ་བ། གྲངས་མེད་པ་བསྟན་པ་མི་འགལ་བ། སྒོམ་ལམ་གྱི་བྱེད་པ། འབྲས་བུ་ལ་རྩོད་པ་དགོད་པ། ལན་དཔེ་དང་བཅས་པ། ཟབ་མོ་བརྒྱད་ཀྱི་རྟགས་ཉིད་བསྟན་པའོ། །དང་པོ་ནི། སྒོམ་པའི་ལམ་ནི་ཟབ་པ་སོགས་ཀྱིས་བསྟན། ཐེག་ཆེན་གྱི་སྒོམ་པའི་ལམ་ཆོས་ཅན། ཟབ་པ་ཡིན་ཏེ། ཟབ་མོ་སྟོང་པ་ཉིད་དང་ལ་སོགས་པས་མཚན་མེད་སྨོན་མེད་དེ་རྣམ་ཐར་སྒོ་གསུམ་རྟོགས་པའི་ཕྱིར། སྟོང་ཉིད་སོགས་དེ་ནི་ཆོས་ཅན། ཟབ་པ་ཡིན་ཏེ། སྒྲོ་འདོགས་དང་སྐུར་པའི་མཐའ་ལས་གྲོལ་བའི་གནས་ལུགས་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། ངེས་འབྱེད་ཡན་ལག་དང་མཐོང་སོགས་ཀྱིས་བསྟན། ཐེག་ཆེན་གྱི་ངེས་པར་འབྱེད་པའི་ཡན་ལག་དང་མཐོང་བའི་ལམ་དང་སྒོམ་པའི་ལམ་ཉིད་ལ་མཐོང་བའི་དོན་ཡང་དང་ཡང་དུ་སེམས་པ་དང་། འཇལ་བ་དང་། ངེས་པར་རྟོག་པར་བྱེད་པའི་རྗེ་ལ་མངོན་རྟོགས་ཆོས་ཅན། ཐེག་ཆེན་གྱི་སྒོམ་པའི་ལམ་གྱི་ངོ་བོ་ཡིན་ཏེ། དེའི་དོན་ལྡོག་ཡིན་པའི་ཕྱིར། གསུམ་པ་ནི། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར་སོགས་ཀྱིས་བསྟན། ཐེག་ཆེན་གྱི་སྒོམ་ལམ་དེ་ནི་ཆོས་ཅན། དབྱེ་ན་རྣམ་པར་དགུར་བཞེད་དེ། ཁྱོད་རྒྱུན་ཆགས་པ་ཡིན་པའི་ཕྱིར་ན་རྩ་བའི་དབྱེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ལ་ཡན་ལག་གི་དབྱེ་བ་ཆུང་ངུའི་ཆུང་ངུ་དང་སོགས་ཁོང་ནས་ཆུང་ངུའི་འབྲིང་དང་ཆུང་ངུ་ཆེན་པོ་དང་འབྲིང་སྐོར་གསུམ་དང་ཆེན་པོ་སྐོར་གསུམ་གྱི་དབྱེ་བས་ཕྱེ་བ་རྣམས་སུ་འབྱུང་བའི་ཕྱིར། བཞི་པ་ནི། གྲངས་མེད་ལ་སོགས་བསྟན་པ་སོགས་ཀྱིས་བསྟན། སྒོམ་ལམ་རེ་རེས་བསོད་ནམས་གྲངས་མེད་ལ་སོགས་བསྐྱེད་པར་བསྟན་པ་རྣམས་དམ་པའི་དོན་དུ་བཟོད་པ་མ་ཡིན་ཏེ། དོན་དམ་པར་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་མངོན་པར་བརྗོད་པས་ཀྱང་ཐ་མི་དད་པའི་ཕྱིར། ཀུན་རྫོབ་ཏུ་ནི་མདོ་ལས་ཇི་སྐད་བསྟན་པའི་བསོད་ནམས་གྲངས་མེད་སོགས་དེ་དག་ཆོས་ཅན། སྒོམ་ལམ་གྱི་འབྲས་བུ་ཡིན་ཏེ། སྒོམ་ལམ་གྱིས་ཆོས་དབྱིངས་བསྒོམས་པའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པར་དམིགས་པ་མེད་པའི་ཐུགས་བརྩེ་བ་ཆེན་པོའི་རང་བཞིན་ཅན་གྱི་ཐུབ་པ་དེ་བཞིན་གཤེགས་པ་བཞེད་པའི་ཕྱིར། ལྔ་པ་ལ་བརྒལ་བ་དང་། ལན་ནོ། །དང་པོ་ནི། དངོས་པོ་བརྗོད་དུ་མེད་པ་ལ་སོགས་ཀྱིས་བསྟན། ཐེག་ཆེན་གྱི་སྒོམ་པ་ཞེས་བྱ་བའི་ལམ་གྱིས་ནི་ཆོས་ཅན། སྤང་བྱ་མི་མཐུན་ཕྱོགས་ནི་ཅི་ཞིག་ཉམས་ཤིང་གཉེན་པོ་རྣམ་བྱང་གི་ཡོན་ཏན་ནི་ཅི་ཞིག་ཐོབ་སྟེ། སྤང་བྱ་ཉམས་པ་དང་ནི་གཉེན་པོ་འཕེལ་བའི་བྱ་བ་མི་རུང་བར་ཐལ། ཆོས་ཉིད་ཀྱི་ངོ་བོར་གྱུར་པའི་དངོས་པོ་སྒོམ་ལམ་ཁྱོད་ལ་སྤང་གཉེན་དུ་ཡང་བརྗོད་དུ་མེད་ཅིང་སྒོམ་པ་ཕུལ་དུ་ཕྱིན་པར་བྱར་མེད་པའི་ཕྱིར། གཉིས་པ་ནི། བྱང་ཆུབ་ཇི་ལྟར་དེ་བཞིན་དུ། །སོགས་ཀྱིས་བསྟན། ཐེག་ཆེན་གྱི་སྒོམ་ལམ་འདི་ནི་ཆོས་ཅན། དོན་དམ་དུ་འཕེལ་འགྲིབ་མེད་ཀྱང་ཀུན་རྫོབ་ཏུ་སྤང་གཉེན་ཉམས་འཕེལ་སོགས་འདོད་པའི་དོན་སྒྲུབ་པར་བྱེད་པའི་དཔེ་ཡོད་དེ། བླ་མེད་བྱང་ཆུབ་ལ་དོན་དམ་དུ་འཕེལ་འགྲིབ་མེད་ཀྱང་ཀུན་རྫོབ་ཏུ་སེམས་ཅན་གྱི་དོན་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་སྤང་གཉེན་བྱེད་པའི་ཕྱིར། དེ་གཉིས་དཔེ་དོན་མཚུངས་ཏེ། བྱང་ཆུབ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་ཡིན་པ་བཞིན་དུ་ཐེག་ཆེན་གྱི་སྒོམ་ལམ་དེ་ཡང་དེའི་མཚན་ཉིད་ཅན་དུ་བཞེད་པའི་ཕྱིར། དྲུག་པ་ནི། སེམས་ནི་སྔ་མས་བྱང་ཆུབ་སོགས་ཀྱིས་བསྟན། བྱང་སེམས་སྒོམ་ལམ་པའི་སེམས་བསྐྱེད་ནི་ཆོས་ཅན། ཀུན་རྫོབ་ཏུ་མངོན་པར་འདོད་པའི་དོན་བྱང་ཆུབ་ཐོབ་བྱེད་མ་ཡིན་པར་ཐལ། ཁྱོད་སྐད་ཅིག་སྔ་མས་ཀྱང་བྱང་ཆུབ་བསྐྱེད་པར་རིགས་པ་མ་ཡིན་ལ་ཕྱི་མས་ཀྱང་དེ་བསྐྱེད་པ་མ་ཡིན་ཞིང་སྐད་ཅིག་སྔ་ཕྱི་དུ་མ་ཚོགས་པ་ཡང་མི་སྲིད་པའི་ཕྱིར། བདུན་པ་ནི། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །སོགས་ཀྱིས་བསྟན། མར་མེའི་སྐད་ཅིག་སྔ་ཕྱི་ཕན་ཚུན་ལ་ལྟོས་ནས་སྡོང་བུ་སྲེག་པའི་དཔེས་མཚོན་པའི་ཚུལ་གྱིས་ཐེག་ཆེན་གྱི་སྒོམ་ལམ་སྐད་ཅིག་སྔ་ཕྱི་རྣམས་ལྟོས་ནས་བླ་མེད་བྱང་ཆུབ་ཐོབ་པར་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཡུལ་དང་བཅས་པ་ཕྱིར་མི་ལྡོག་པའི་རྟགས་སུ་ཤེས་པའི་ཆེད་ཡོད་པའི་ཕྱིར། བརྒྱད་པ་ནི། སྐྱེ་བ་དང་ནི་འགག་པ་དང་། །སོགས་ཀྱིས་བསྟན། འདིར་བསྟན་ཟབ་མོའི་རྟགས་ཆོས་ཅན། དབྱེ་ན་བརྒྱད་ཡོད་དེ། སྐྱེ་བ་ཟབ་པ་ཉིད་དང་ནི། འགག་པ་ཟབ་པ་དང་། དེ་བཞིན་ཉིད་ཟབ་པ་དང་། ཤེས་བྱ་ཟབ་པ་དང་། ཤེས་པ་ཟབ་པ་དང་། སྤྱོད་པ་ཟབ་པ་དང་། གཉིས་སུ་མེད་པ་ཟབ་པ་དང་། ཐབས་མཁས་པ་ལ་ཟབ་པ་ཉིད་རྣམས་སུ་ཡོད་པའི་ཕྱིར།

གསུམ་པ་སྒོམ་རིམ་ཁྱད་པར་ཅན་ལ་གསུམ་སྟེ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། ཞིང་དག་པའི་སྦྱོར་བ། ཐབས་ལ་མཁས་པའི་སྦྱོར་བ་བཤད་པའོ། །དང་པོ་ལ། དངོས་ཀྱི་དོན་དང་། ཀླན་ཀ་སྤང་བའོ། །དང་པོ་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སོགས་ཀྱིས་བསྟན། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་ལ་བླང་དོར་ཐ་དད་པར་མི་རྟོག་པའི་སྦྱོར་བ་ཡིན་ཏེ། འཁོར་འདས་ཀྱི་ཆོས་རྣམས་སྣང་ཡང་མི་བདེན་པ་རྨི་ལམ་དང་འདྲ་བར་རྟོགས་པ་དག་པའི་ཡེ་ཤེས་ཡིན་པའི་ཕྱིར།

གཉིས་པ་ནི། ལས་མེད་ལ་སོགས་ཀླན་ཀ་ཡིས། །སོགས་ཀྱིས་བསྟན། ལས་མེད་པར་ཐལ་བ་ལ་སོགས་པའི་ཀླན་ཀ་དང་། དེའི་ལན་ནི་ཆོས་ཅན། མདོ་ལས། ཇི་སྐད་བཤད་པ་ཁོ་ནར་ཟད་པས་དེ་བཞིན་དུ་ཤེས་པར་བྱ་སྟེ། མདོ་གསུངས་པ་པོ་སངས་རྒྱས་ཀྱི་མཁྱེན་པ་ཉིད་ཤེས་བྱ་ཐམས་ཅད་ལ་ཚད་མ་ཡིན་པའི་ཕྱིར། གཉིས་པ་ནི། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སོགས་ཀྱིས་བསྟན། སངས་རྒྱས་ཀྱི་ཞིང་ནི་དག་པའི་སྦྱོར་བ་ཉིད་ཆོས་ཅན། དབྱེ་ན་གཉིས་ཡོད་དེ། བརྟེན་པ་སེམས་ཅན་གྱི་འཇིག་རྟེན་མ་དག་པ་དེ་ལ་དག་པ་རབ་འབྱམས་སུ་སྒྲུབ་པར་བྱེད་པ་བཅུད་ཀྱི་ཞིང་དག་པའི་སྦྱོར་བ་དང་། དེ་བཞིན་དུ་རྟེན་སྣོད་ཀྱི་འཇིག་རྟེན་མ་དག་པ་དག་པ་རབ་འབྱམས་སུ་སྒྲུབ་པར་བྱེད་པ་སྣོད་ཀྱི་ཞིང་དག་པའི་སྦྱོར་བ་དང་གཉིས་ཡོད་པའི་ཕྱིར།

གསུམ་པ་ནི། ཡུལ་དང་སྦྱོར་བ་ཅན་འདི་ནི། །སོགས་ཀྱིས་བསྟན། འདིར་བསྟན་ཡུལ་རྣམ་པ་བཅུ་དྲུག་གང་རུང་དང་། སྦྱོར་བ་ཅན་གྱི་ཐབས་ལ་མཁས་པའི་སྦྱོར་བ་འདི་ནི་ཆོས་ཅན། དབྱེ་ན་རྣམ་པ་བཅུ་ཡོད་དེ། བདུད་བཞི་ལས་རྒྱལ་བར་བྱེད་པས་བར་ཆད་ཀྱི་དགྲ་རྣམས་ལས་འདས་པར་བྱེད་པའི་ཐབས་མཁས་སྦྱོར་བ་དང་། མཐའ་གཉིས་ལ་མི་གནས་པར་གནས་པའི་ཐབས་མཁས་སྦྱོར་བ་དང་། སྔོན་གྱི་སྨོན་ལམ་ཇི་ལྟ་བ་བཞིན་གཞན་དོན་འབད་མེད་དུ་ཤུགས་ལ་འབྱུང་བའི་ཐབས་མཁས་སྦྱོར་བ་དང་། ཉན་རང་གི་དཀའ་སྤྱད་ལ་ཤིན་ཏུ་གོམས་ཀྱང་དེའི་འབྲས་བུ་མངོན་དུ་མི་བྱེད་པས་འབྲས་བུ་ཐེག་དམན་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་ཅན་གྱི་ཐབས་མཁས་སྦྱོར་བ་དང་། དཀར་ཆོས་ལ་རོ་མྱང་བ་དག་པས་ཆོས་ཐམས་ཅད་ལ་མ་ཆགས་པའི་དང་། རྣམ་ཐར་གྱི་སྒོ་དང་པོ་སྟོང་ཉིད་རྟོགས་པས་བདག་གི་དངོས་པོ་མི་དམིགས་པའི་དང་། རྣམ་ཐར་གྱི་སྒོ་མཚན་མེད་རྟོགས་པས་སྤྲོས་པའི་མཚན་མ་ཟད་པའི་དང་། རྣམ་ཐར་གྱི་སྒོ་སྨོན་མེད་རྟོགས་པས་འཁོར་བ་ལ་སྨོན་པ་ཟད་པའི་དང་། རང་ཉིད་ཕྱིར་མི་ལྡོག་པ་དེའི་རྟགས་སུ་གཞན་གྱིས་རིག་པར་བྱེད་པ་ཕྱིར་མི་ལྡོག་པའི་ཆོས་བརྗོད་པའི་དང་། རིག་གནས་ལྔ་སོགས་ཡུལ་ཐམས་ཅད་ཤེས་པས་ཚད་མེད་པའི་ཐབས་མཁས་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་སྦྱོར་བའི་ཊཱི་ཀ་ལས་སྐབས་བཞི་པའི་ཚིག་དོན་གྱི་སྦྱོར་ངག་བཤད་ཟིན་ཏོ།། །།

རྩ་བའི་ས་བཅད་གཉིས་པ་དབང་སྒྱུར་ཐོབ་པ་རྩེ་མོའི་སྦྱོར་བ་བཤད་པ་ལ་གཉིས་ཏེ། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་དང་། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ་གཉིས། གཉེན་པོ་རྩེ་མོ་དང་། སྤང་བྱ་ལོག་སྒྲུབ་བཤད་པའོ། །དང་པོ་ལ། སྦྱོར་ལམ་རྩེ་མོ། མཐོང་ལམ་རྩེ་མོ། སྒོམ་ལམ་རྩེ་མོ། བར་ཆད་མེད་པའི་རྩེ་མོའོ། །དང་པོ་ལ་བཞི། དྲོད་ཀྱི་རྩེ་མོ་རྟགས་ཀྱིས་མཚོན་པ། རྩེ་མོའི་རྩེ་མོ་རྣམ་པར་འཕེལ་བས་མཚོན་པ། བཟོད་པའི་རྩེ་མོ་བརྟན་པས་མཚོན་པ། ཆོས་མཆོག་གི་རྩེ་མོ་སེམས་ཀུན་ཏུ་གནས་པས་མཚོན་པའོ། །དང་པོ་ནི། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །སོགས་ཀྱིས་བསྟན། རྩེ་མོར་ཕྱིན་པའི་སྦྱོར་བ་ཐོབ་པའི་རྟགས་ཆོས་ཅན། དབྱེ་ན་རྣམ་པ་བཅུ་གཉིས་དག་ཏུ་བཞེད་དེ། རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་རྣམས་མ་ལུས་པ་ཀུན་རྨི་ལམ་ལྟ་བུར་ལྟ་བ་ལ་སོགས་པ་བཅུ་གཉིས་གསུངས་པའི་ཕྱིར།

གཉིས་པ་ནི། འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །སོགས་ཀྱིས་བསྟན། འཛམ་བུའི་གླིང་གི་སྐྱེ་བོ་ཇི་སྙེད་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་པའི་དགེ་བ་ལ་སོགས་པ་རྣམ་པ་མང་པོ་དཔེར་མཛད་ནས། དེ་བས་ཀྱང་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་བསོད་ནམས་རྣམ་པར་འཕེལ་བ་ཆོས་ཅན། དབྱེ་ན་རྣམ་པ་བཅུ་དྲུག་གི་བདག་ཉིད་དུ་འདོད་དེ། །བརྒྱད་ཚན་གཉིས་སུ་གསུངས་པའི་ཕྱིར། གསུམ་པ་ནི། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །སོགས་ཀྱིས་བསྟན། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ཆོས་ཅན། སྐབས་འདིར་བརྟན་པ་གཉིས་དང་ལྡན་པའི་རྩེ་སྦྱོར་ཞེས་བྱ་བ་ནི་མངོན་པར་བརྗོད་དེ། རྣམ་པ་ཀུན་མཁྱེན་པ་ཉིད་གསུམ་གྱི་ཆོས་སེམས་བསྐྱེད་དང་གདམས་ངག་སོགས་སུམ་ཅུ་པོ་རྣམས་ཡོངས་སུ་རྫོགས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་རང་དོན་རྟོགས་པ་བརྟན་པ་དང་། གཞན་གྱི་སྡུག་བསྔལ་སེལ་འདོད་ཀྱི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་གཞན་དོན་ཕྲིན་ལས་བརྟན་པ་སྟེ་དེ་གཉིས་དང་ལྡན་པའི་བཟོད་པའི་རྩེ་སྦྱོར་ཡིན་པའི་ཕྱིར། བཞི་པ་ནི། གླིང་བཞི་པ་དང་སྟོང་དག་དང་། །སོགས་ཀྱིས་བསྟན། མདོ་སྡུད་པ་ལས། མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་ཡི། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་བ། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། ཞེས་གསུངས་པའི་མདོ་ཚིག་ཆོས་ཅན། སེམས་དཔའ་བཞིའི་དགེ་བ་ལ་རྗེས་སུ་ཡི་རང་བའི་བསོད་ནམས་དང་། ཏིང་ངེ་འཛིན་གྱི་བསོད་ནམས་ནི་མང་པོ་ཉིད་ཀྱིས་ཡོངས་སུ་བསྒྲགས་པ་ཡིན་ཏེ། གླིང་བཞི་པ་དང་སྟོང་དང་པོ་དང་། སྟོང་གཉིས་པ་དང་། སྟོང་གསུམ་པ་དག་གིས་རྡོའི་སྲང་གྲངས་དང་། །ཆུ་ཐིགས་ཀྱི་གྲངས་དཔེར་མཛད་ནས་སེམས་དཔའི་དགེ་བ་ལ་ཡི་རང་བའི་བསོད་ནམས་མང་བར་དངོས་སུ་དང་ཏིང་ངེ་འཛིན་གྱི་བསོད་ནམས་མང་བར་ཤུགས་ལ་བསྒྲགས་པའི་ཕྱིར།

༈ གཉིས་པ་གཉེན་པོ་མཐོང་ལམ་རྩེ་མོ་ལ་དྲུག་སྟེ། སྤང་བྱ་རྣམ་པར་རྟོག་པ། སྐྱེ་བའི་རྒྱུ་གྲོགས། འབྲས་བུ་བྱང་ཆུབ། རྩེ་མོའི་བྱེད་པ། རྩེ་མོའི་ངོ་བོ། སྒོམ་པའོ། །དང་པོ་ལ་གསུམ། གཟུང་རྟོག་མདོར་བསྟན། འཛིན་རྟོག་མདོར་བསྟན། གཟུང་འཛིན་དབྱེ་བའི་ངེས་པ་རྒྱས་བཤད་དོ། །དང་པོ་ནི། འཇུག་པ་དང་ནི་ལྡོག་པ་ལ། །སོགས་ཀྱིས་བསྟན། འདིར་བསྟན་གཟུང་རྟོག་ཆོས་ཅན། དབྱེ་ན་གཉིས་ཡོད་དེ། འཇུག་པ་གཟུང་རྟོག་དང་ནི་ལྡོག་པ་ལ་གཟུང་བའི་རྣམ་རྟོག་སྟེ་གཉིས་སུ་ཡོད་པའི་ཕྱིར། གཟུང་རྟོག་གཉིས་པོ་དེ་ཆོས་ཅན། སོ་སོར་དགུ་དགུའི་བདག་ཉིད་དག་ཏུ་ཤེས་པར་བྱ་སྟེ། ཡུལ་ཇི་ལྟ་བ་བཞིན་མ་ཡིན་པའི་ངོ་བོ་ལ་ཞེན་པ་དགུ་དགུ་ཡོད་པའི་ཕྱིར། གཉིས་པ་ནི། སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སོགས་ཀྱིས་བསྟན། འཛིན་པའི་རྣམ་པར་རྟོག་པ་ཆོས་ཅན། རྩ་བའི་དབྱེ་བ་གཉིས་དག་ཏུ་འདོད་དེ། སོ་སོ་སྐྱེ་བོའི་དབྱེ་བས་སེམས་ཅན་རྫས་སུ་ཡོད་པའི་རྟེན་ཅན་དུ་རྣམ་པར་རྟོག་པ་རྫས་འཛིན་རྟོག་པ་དང་། འཕགས་པའི་དབྱེ་བས་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་དུ་རྣམ་པར་རྟོག་པ་བཏགས་འཛིན་རྟོག་པ་དང་གཉིས་ཡོད་པའི་ཕྱིར། འཛིན་རྟོག་གཉིས་པོ་དེ་ཆོས་ཅན། སོ་སོར་དགུ་དགུའི་བདག་ཉིད་དག་ཏུ་དབྱེར་ཡོད་དེ། ཁྱོད་ཀྱི་ཡུལ་ལ་དགུ་དགུ་ཡོད་པའི་ཕྱིར། འཛིན་རྟོག་དེ་དག་ཆོས་ཅན། གལ་ཏེ་ཡུལ་གང་དང་གང་གི་གནས་ཚུལ་ལ་ཞུགས་པའི་འཛིན་པར་འདོད་དེ་འདོད་མི་རིགས་པས་ཕྱིན་ཅི་ལོག་ཏུ་ཞེན་པའི་རྟོག་པ་ཡིན་ཏེ། རྟོག་པ་དེ་དག་གི་གཟུང་དོན་དེ་བཞིན་ཉིད་དུ་མེད་པའི་འཁྲུལ་ཤེས་ཡིན་པའི་ཕྱིར། དེ་ལྟར་ན་འཛིན་རྟོག་གཉིས་པོ་དེ་དག་ཆོས་ཅན། འཛིན་པ་མ་འཁྲུལ་པའི་ངོ་བོས་སྟོང་པའི་མཚན་ཉིད་དེ། ཡུལ་ཇི་ལྟ་བ་བཞིན་མ་ཡིན་པར་འཛིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། གསུམ་པ་ལ། འཇུག་པའི་གཟུང་རྟོག་དགུལྡོག་པའི་གཟུང་རྟོག་དགུསྐྱེས་བུ་རྫས་འཛིན་གྱི་རྟོག་པ་དགུབརྟགས་པར་འཛིན་པའི་རྟོག་པ་དགུའོ། །དང་པོ་ནི། ངོ་བོ་ཉིད་དང་རིགས་དང་ནི། །སོགས་ཀྱིས་བསྟན། འདིར་བསྟན་ཡུལ་ལ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་རྣམ་པར་རྟོག་པ་དེ་ནི་ཆོས་ཅན། དབྱེ་ན་རྣམ་པ་དགུར་འདོད་དེ། ལམ་གྱི་ངོ་བོ་ཉིད་ལ་འཇུག་པ་གཟུང་རྟོག་དང་། སངས་རྒྱས་ཀྱི་རིགས་སུ་ངེས་པ་ལ་དང་། མཐོང་བ་ལ་སོགས་པའི་ལམ་ནི་ཡང་དག་པར་འགྲུབ་པ་ལ་དང་། ལམ་གྱི་ཤེས་པའི་དམིགས་པ་མ་འཁྲུལ་བ་ལ་དང་། མི་མཐུན་པའི་ཕྱོགས་དང་གཉེན་པོ་འདོར་ལེན་ཤེས་པ་ལ་དང་། རང་གི་མཁྱེན་གསུམ་གྱིས་བསྡུས་པའི་རྟོགས་པ་ཐོབ་པར་བྱེད་པ་ལ་དང་། ཉན་རང་གི་ཡིད་བྱེད་ཐག་སྲིང་པར་བྱེད་པ་ལ་དང་། སེམས་ཅན་དེའི་དོན་གྱི་ལས་བྱེད་པ་ལ་དང་། ཐེག་པ་གསུམ་གྱི་མྱང་འདས་ལ་འགོད་པར་བྱ་བའི་འབྲས་བུ་ལ་འཇུག་པའི་གཟུང་རྟོག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །སོགས་ཀྱིས་བསྟན། ཉན་ཐོས་དང་ལ་སོགས་པས་རང་རྒྱལ་གྱི་ཡིད་ལ་བླང་བྱར་འབྱུང་བ་གཟུང་རྟོག་གཉིས་པ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་རྣམ་པར་རྟོག་པ་འདི་ཆོས་ཅན། དབྱེ་ན་དགུའི་བདག་ཉིད་དུ་འདོད་དེ། སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་གང་རུང་དུ་ལྟུང་བའི་ཕྱིར་ན་རྟོགས་པ་དམན་པ་ཉིད་ལ་ལྡོག་ཆར་ཞེན་པའི་གཟུང་རྟོག་དང་ནི། ཐེག་ཆེན་དུ་ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་མེད་པ་དང་། སྒྲུབ་པའི་ལམ་གྱི་རྣམ་པ་མ་ཚང་བ་དང་། སློབ་དཔོན་གཞན་གྱི་རྐྱེན་གྱིས་འགྲོ་བ་དང་། ཆེན་པོ་གསུམ་ལ་མི་འཇུག་པས་ཆེད་དུ་བྱ་བ་ལོག་པ་དང་། ཉི་ཚེ་བའི་ལམ་གྱི་བྱེད་པ་དང་། རྟོགས་པ་ཐ་དད་པ་སྣ་ཚོགས་པ་ཉིད་དང་། གནས་པ་དང་འཇུག་པ་ལ་རྨོངས་པ་དང་། སྲས་ཀྱི་རྗེས་སུ་འགྲོ་བ་ལ་ཉེས་པ་དང་ལྡན་པ་ཞེས་བྱ་བ་སྟེ་ཡུལ་དགུ་ལ་ལྡོག་བྱར་ཞེན་པ་དགུ་ཡོད་པའི་ཕྱིར། གསུམ་པ་ནི། འཛིན་པ་དང་ནི་འདོར་བ་སོགས་ཀྱིས་བསྟན། འཛིན་པའི་རྣམ་པར་རྟོག་པ་དང་པོ་རྫས་འཛིན་རྟོག་པ་ཆོས་ཅན། དབྱེ་ན་དགུར་ཤེས་པར་བྱ་སྟེ། སྒྱུ་མ་བཞིན་དུ་བླང་བྱར་འཛིན་པ་དང་ནི་སྐྱོན་འདོར་བ་སྟེ་འཛིན་དོར་གྱི་ཡུལ་ལ་མངོན་པར་ཞེན་པ་དང་། བདེན་པར་ཡིད་ལ་མི་བྱེད་པར་བདེན་མེད་དུ་ཡིད་ལ་བྱེད་པ་དང་། ཁམས་རྣམས་ནི་གསུམ་པོ་དག་དང་ཉེ་བར་འབྲེལ་བ་ལ་མངོན་པར་ཞེན་པ་དང་། སྟོང་ཉིད་ལ་མི་གནས་པའི་ཚུལ་གྱིས་གནས་པ་ལ་མངོན་པར་ཞེན་པ་དང་། དངོས་པོར་མངོན་པར་མ་ཞེན་པའི་སྒོ་ནས་མངོན་པར་ཞེན་པ་དང་། རྫས་ཡོད་མ་གྲུབ་པས་ཆོས་ཐམས་ཅད་ཀྱི་དངོས་པོ་བཏགས་པར་ཡོད་པ་ཙམ་དུ་མངོན་པར་ཞེན་པ་དང་། མཉམ་གཞག་ཏུ་མ་ཆགས་པས་རྗེས་ཐོབ་ཏུ་མ་ཞེན་པའི་སྒོ་ནས་ཕྱིན་དྲུག་གི་ཉམས་ལེན་ལ་ཆགས་པ་དང་ནི། བླང་དོར་ཐ་དད་དུ་འཛིན་པའི་གཉེན་པོ་ལ་མངོན་པར་ཞེན་པ་དང་། ཡུམ་དང་བྲལ་ན་ཇི་ལྟར་འདོད་པ་བཞིན་དུ་རྣམ་མཁྱེན་དུ་འགྲོ་བ་ཉམས་ཤིང་ཐོགས་པ་སྟེ་དེ་རྣམས་ལ་མངོན་པར་ཞེན་པ་རྣམས་སུ་ཡོད་པའི་ཕྱིར། བཞི་པ་ནི། ཆེད་བཞིན་ངེས་པར་མི་འབྱུང་དང་། །སོགས་ཀྱིས་བསྟན། འདིར་བསྟན་ཡུལ་རྣམ་པ་དགུ་ལ་བཏགས་པའི་དངོས་པོར་མངོན་པར་ཞེན་ནས་འཛིན་པའི་རྣམ་པར་རྟོག་པ་ཆོས་ཅན། སྔ་མ་རྫས་འཛིན་རྟོག་པ་ལས་གཞན་དགུ་ཡོད་པ་ཡིན་ཏེ། ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བ་ཐེག་དམན་གྱི་བྱང་ཆུབ་ལ་དམིགས་ནས་བཏགས་པའི་དངོས་པོར་མངོན་པར་ཞེན་ནས་འཛིན་པ་དང་། ཐེག་ཆེན་གྱི་ལམ་ལ་ལམ་མ་ཡིན་པར་ངེས་པར་འཛིན་པ་དང་། རྒྱུ་འགག་པ་དང་བཅས་པའི་འབྲས་བུ་སྐྱེ་བ་ལ་དམིགས་པ་དང་། མཉམ་བཞག་ཏུ་ལམ་གྱི་དངོས་པོ་ལྡན་པ་དང་རྗེས་ཐོབ་ཏུ་མི་ལྡན་པ་སོགས་ལ་དང་། གཟུགས་སོགས་ལ་མི་གནས་པའི་ཚུལ་དུ་གནས་པ་ལ་དང་། ཉན་ཐོས་ཀྱི་རིགས་ནི་འཇིག་པ་ལ་དང་། དོན་དམ་དུ་བྱང་ཆུབ་དོན་དུ་གཉེར་བ་མེད་པ་ལ་དང་། དོན་དམ་དུ་བྱང་ཆུབ་ཀྱི་རྒྱུ་མེད་པ་ལ་དང་། བདུད་སོགས་ཕྱིར་རྒོལ་བ་ནི་དངོས་པོར་དམིགས་པ་རྣམས་ལ་བཏགས་པའི་དངོས་པོར་མངོན་པར་ཞེན་པའི་འཛིན་རྟོག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་སྐྱེ་བའི་རྒྱུ་གྲོགས་བཤད་པ་ནི། བྱང་ཆུབ་ལ་གཞན་སྟོན་པ་དང་། །སོགས་ཀྱིས་བསྟན། བྱང་སེམས་མཐོང་ལམ་པས་བྱང་ཆུབ་ཀྱི་རྒྱུར་གདུལ་བྱ་གཞན་ལ་མཐོང་ལམ་ལ་སོགས་པ་སྟོན་པའི་སྒོ་ནས་ལམ་དེ་ལ་འགོད་པ་དང་། གདུལ་བྱ་ལ་བྱང་ཆུབ་དེའི་རྒྱུར་ནི་ཤེར་ཕྱིན་གྱི་ཚིག་དོན་ཡོངས་སུ་གཏོད་པ་ཆོས་ཅན། བྱང་ཆུབ་ཆེན་པོའི་ལྷན་ཅིག་བྱེད་རྒྱུ་ཡིན་ཏེ། བྱང་ཆུབ་ཆེན་པོ་ལ་ལྷན་ཅིག་བྱེད་རྐྱེན་གྱི་སྒོ་ནས་ཕན་འདོགས་བྱེད་ཡིན་པའི་ཕྱིར། བྱང་སེམས་མཐོང་ལམ་པས་བྱང་ཆུབ་དེ་ཐོབ་པར་བྱེད་པའི་བར་ཆད་མེད་པའི་རྒྱུ་ཤེར་ཕྱིན་རང་གིས་མཉམ་གཞག་ཏུ་སྒོམ་པ་དང་རྗེས་ཐོབ་ཏུ་གཞན་ལ་སྟོན་པ་སོགས་བསོད་ནམས་མང་པོའི་མཚན་ཉིད་ཅན་ལ་རྟག་ཏུ་སྤྱོད་པ་ཆོས་ཅན། བྱང་ཆུབ་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་ཏེ། བྱང་ཆུབ་ལ་ཉེར་ལེན་བྱས་པའི་སྒོ་ནས་ཕན་འདོགས་བྱེད་ཡིན་པའི་ཕྱིར།

༈ གསུམ་པ་ལ་གསུམ་སྟེ། ངོ་བོ་རྒྱུ་མཚན་དང་བཅས་པ། སྐྱེ་འགག་མེད་པའི་ཚུལ། སྐྱེ་འགག་ཡོད་ན་མི་འཐད་པའི་ཚུལ་གྱིས་རྣལ་འབྱོར་པ་བཞི་ཤུགས་ལ་བསྟན་པའོ། །དང་པོ་ནི། དྲི་མ་ཟད་དང་མི་སྐྱེ་བའི། །ཞེས་སོགས་ཀྱིས་བསྟན། དྲི་མ་ཟད་པ་དང་མི་སྐྱེ་བར་རྟོགས་པའི་མཐར་ཐུག་གི་ཡེ་ཤེས་ཅན། བྱང་ཆུབ་ཆེན་པོ་ཡིན་ཞེས་བྱ་བར་བརྗོད་དེ། ཤེས་བྱ་ཟད་མི་སྐྱེ་གཉིས་པོ་དེ་དག་གི་སྒྲུབ་བྱེད་གོ་རིམ་བཞིན་དུ་དྲི་མ་སྔར་ཡོད་གཉེན་པོས་གསར་དུ་ཟད་པར་བྱར་མེད་པའི་ཕྱིར་དང་། རྒྱུ་རྐྱེན་ལས་གསར་དུ་སྐྱེ་བར་བྱར་མེད་པའི་ཕྱིར་ཞེས་བྱ་བར་ཤེས་དགོས་པའི་ཕྱིར། གཉིས་པ་ནི། འགོག་པ་མེད་པའི་རང་བཞིན་ལ། །སོགས་ཀྱིས་བསྟན། མཐོང་བ་ཞེས་བྱ་བའི་ལམ་གྱིས་ནི་ཆོས་ཅན། སྤང་བྱ་རྣམ་པར་རྟོག་པའི་རིགས་ནི་ཅི་ཞིག་ཟད་ཅིང་འགག །གཉེན་པོ་སྐྱེ་མེད་རྟོགས་པའི་ཡེ་ཤེས་ཀྱི་རྣམ་པ་ནི་ཅི་ཞིག་སྐྱེ་ཞིང་ཐོབ་སྟེ། སྤང་གཉེན་སྐྱེ་འགག་མེད་པར་ཐལ། སྐྱེས་པ་ཟད་པ་དང་མ་སྐྱེས་པ་སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཀྱིས་འགོག་པ་མེད་པའི་ངོ་བོའམ་རང་བཞིན་ཡིན་པའི་ཕྱིར། གསུམ་པ་སྐྱེ་འགག་ཡོད་ན་མི་འཐད་པའི་ཚུལ་གྱིས་རྣལ་འབྱོར་པ་བཞི་ཤུགས་ལ་བསྟན་པ་ནི། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །སོགས་ཀྱིས་བསྟན། གཞན་དངོས་སྨྲ་བ་ཆོས་ཅན། ཁྱོད་ཀྱི་འདོད་པ་དེ་ལ་བྱམས་པ་ཁོ་བོས་ངོ་མཚར་དུ་བརྩིས་ཏེ། སྤང་བྱ་ཆོས་རྣམས་ཀྱང་བདེན་གྲུབ་ཏུ་ཡོད་ལ། སྟོན་པ་ཡིས་ཤེས་པར་བྱ་བ་རྣམས་ལ་ཡང་སྒྲིབ་བྱེད་ཀྱི་དྲི་མ་ཟད་པར་བརྗོད་པ་གང་ཡིན་པ་སྟེ་འགལ་བའི་ཚིག་ཡིན་པའི་ཕྱིར། བཞི་པ་མཐོང་ལམ་རྩེ་མོའི་བྱེད་པ་བཤད་པ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །སོགས་ཀྱིས་བསྟན། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལ་ཆོས་ཅན། སྣང་བའི་ཆོས་གང་ལ་ཡང་མེད་དོ་ཞེས་སྐུར་པ་འདེབས་པའི་སྒོ་ནས་སྣང་བའི་ངོ་བོ་བསལ་བར་བྱ་བ་ཅི་ཡང་མེད་ལ། དོན་དམ་དུ་ཡོད་དོ་ཞེས་སྒྲོ་འདོགས་པའི་སྒོ་ནས་དོན་དམ་གྱི་ངོ་བོ་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། གང་གི་ཕྱིར་ན་རང་བཞིན་ཡོད་ན་མངོན་ཞེན་ལས་གྲོལ་བ་མི་འཐད་པའི་ཕྱིར། བསལ་བཞག་སྤངས་ནས་ཡང་དག་པ་ཉིད་ལ་ཡང་དག་པར་ལྟ་བ་ཡང་དག་པའི་དོན་མཐོང་ནས་སྒྲིབ་པ་གཉིས་ལས་རྣམ་པར་གྲོལ་བར་འགྱུར་ཏེ། དངོས་པོར་འཛིན་པའི་ཕྱིན་ཅི་ལོག་ལྡོག་པའི་ཕྱིར། ལྔ་པ་མཐོང་ལམ་རྩེ་མོའི་ངོ་བོ་བཤད་པ་ནི། སྦྱིན་པ་ལ་སོགས་རེ་རེར་ནི། །སོགས་ཀྱིས་བསྟན། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེར་ནི་སྦྱིན་སོགས་དྲུག་པོ་དེ་དག་སྦྱིན་པའི་སྦྱིན་པ། །སྦྱིན་པའི་ཚུལ་ཁྲིམས་ལ་སོགས་པ་ཕན་ཚུན་བསྡུས་པ་གང་ཡིན་པ་སྡུག་བསྔལ་ཆོས་བཟོད་ཀྱི་སྐད་ཅིག་མ་གཅིག་པའི་བཟོད་པ་ཡིས་བསྡུས་པའི་བདེན་པ་མངོན་རྟོགས་དེ་ཆོས་ཅན། སྐབས་འདིར་ཚིག་ཟིན་ལ་དངོས་སུ་བསྟན་པའི་མཐོང་བའི་ལམ་གྱི་མཚན་ཉིད་ཡིན་ཏེ། དེའི་དོན་ལྡོག་ཡིན་པའི་ཕྱིར། དྲུག་པ་མཐོང་ལམ་རྩེ་མོའི་སྒོམ་པ་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །སོགས་ཀྱིས་བསྟན། མཐོང་ལམ་རྣམ་གྲོལ་ལམ་གྱི་རྗེས་དེ་ནས་སེང་གེ་རི་དྭགས་གཞན་ལ་མི་སྐྲག་པར་བསྒྱིངས་པའི་དཔེས་མཚོན་པ་མཐོང་སྤང་ལ་མི་སྐྲག་པའི་ཏིང་ངེ་འཛིན་སེང་གེ་རྣམ་བསྒྱིངས་ལྟ་བུ་ལ་སྙོམས་པར་ཞུགས་ནས་རྗེས་ཐོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ལ་ལུགས་མཐུན་དང་ལུགས་མི་མཐུན་ལ་རྟོག་པར་བྱེད་པ་ཆོས་ཅན། དགོས་པ་ཡོད་དེ། མཐོང་སྤང་ཐག་བསྲིང་ཞིང་ཏིང་ངེ་འཛིན་ལ་རྩལ་སྦྱོང་བ་དང་། རྟེན་འབྲེལ་གྱི་གནས་ལ་མཁས་པར་བྱ་བའི་ཆེད་ཡོད་པའི་ཕྱིར།

གསུམ་པ་སྒོམ་ལམ་རྩེ་མོ་བཤད་པ་ལ། སྒོམ་ལམ་གྱི་རྟེན་ཐོད་རྒལ་གྱི་སྙོམས་འཇུག །སྤང་བྱ་རྟོག་པ། དེ་སྤངས་པའི་བྱེད་པའོ། །དང་པོ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །སོགས་ཀྱིས་བསྟན། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་ཐོད་རྒལ་དུ་ནི་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་ཆུང་འབྲིང་ཆེ་གསུམ་པོ་ཆོས་ཅན། ཁྱོད་སྒོམ་པའི་ཚུལ་ཡོད་དེ། ཡུལ་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་བརྒྱད་འགོག་པའི་སྙོམས་འཇུག་དང་བཅས་པའི་མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་ལ་འཇུག་ཚུལ་ཐོད་རྒལ་ཆུང་འབྲིང་གི་སྐབས་སུ་རྣམ་པ་གཉིས་སུ་སྟེ་ཆུང་ངུ་ནི་ཡུལ་དགུ་པོ་དེ་ལ་རིམ་པ་བཞིན་ཡར་འོང་ལུགས་མཐུན་དུ་སོང་ཞིང་། འབྲིང་ནི་དངོས་པོ་བརྒྱད་ལ་འགོག་སྙོམས་བརྒྱད་སྤེལ་ཏེ་ཡར་འོང་ལུགས་མཐུན་དུ་སོང་ཞིང་འགོག་པ་ཉེ་བས་སྲིད་རྩེ་ལ་ནུད་ཆུང་གི་ཚུལ་དུ་འོངས་ནས་སྙོམས་པར་འཇུག་པ། ཐོད་རྒལ་ཆེན་པོ་ནི་འདོད་པར་གཏོགས་པའི་རྣམ་པར་ཤེས་པ་མཉམ་གཞག་མ་ཡིན་པ་མཐུན་མཚམས་ཀྱི་ངོ་བོར་བཟུང་ནས་ཐབས་མཁས་ཀྱིས་ལངས་ཏེ་མཉམ་གཞག་མ་ཡིན་པ་དེ་ལྟ་བུ་མངོན་དུ་བྱས་ནས་དེ་ནས་འགོག་པ་དང་དེ་ནས་འདོད་སེམས་དང་དེ་ནས་འགོག་པ་གཅིག་པོ་བོར་ཞིང་བརྒལ་བ་དང་སྲིད་རྩེ་དང་འདོད་སེམས་དང་དེ་ནས་འགོག་པ་དང་སྲིད་རྩེ་གཉིས་བརྒལ་ལ་ཅི་ཡང་མེད་དང་དེ་ནས་འདོད་སེམས་སོགས་དེ་བཞིན་དུ་གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་དང་བརྒྱད་ཀྱི་བར་དུ་བརྒལ་ནས་བསམ་གཏན་གཉིས་པའི་བར་དུ་སོང་སྟེ་བསམ་གཏན་དང་པོ་དང་འདོད་སེམས་སོགས་མངོན་དུ་བྱེད་པའི་ཚུལ་གྱིས་བསྒོམ་པའི་ཕྱིར། དེ་ལྟ་བུའི་ཏིང་ངེ་འཛིན་ཆོས་ཅན། མི་འདྲ་བར་འགྲོ་བ་ཐོད་རྒལ་གྱི་སྙོམས་འཇུག་ཡིན་ཏེ། གཅིག་དང་གཉིས་སོགས་བོར་ནས་བསམ་གཏན་བཞི་དང་གཟུགས་མེད་བཞི་དང་འགོག་པའི་སྙོམས་འཇུག་ལ་ཐུག་གི་བར་དུ་མཉམ་རྗེས་རིགས་མི་འདྲ་བ་སྤེལ་ཏེ་འགྲོ་བའི་སྙོམས་འཇུག་ཡིན་པའི་ཕྱིར།

གཉིས་པ་ལ། གཟུང་རྟོག་སྦྱོར་བའི་ཡུལ་ཅན། གཟུང་རྟོག་འཇུག་པའི་ཡུལ་ཅན། སྦྱོར་བའི་ཡུལ་ཅན་གྱི་འཛིན་རྟོག །འཇུག་པའི་ཡུལ་ཅན་གྱི་འཛིན་རྟོག་གོ །དང་པོ་ནི། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱིས། །སོགས་ཀྱིས་བསྟན། སྒོམ་སྤང་གཟུང་བའི་རྣམ་པར་རྟོག་པ་དང་པོར་བསྟན་པ་གཅིག་པའི་སྒྲས་སྨོས་པ་ལྡོག་པ་དང་རྣམ་པ་གཉིས་ཀྱི་སྒོ་ནས་སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན་འདི་ནི་ཆོས་ཅན། ཁྱོད་ལ་ཡུལ་གྱི་སྒོ་ནས་དབྱེ་ན་དགུ་ཡོད་དེ། ཁྱོད་ལ་ཡུལ་ཆོས་མདོར་བསྡུས་པ་དང་ཆོས་རྒྱས་པ་དང་། སངས་རྒྱས་ཀྱིས་བསྟངས་པས་ཡོངས་སུ་མ་བཟུང་བ་དང་། མཐོང་ལམ་གྱི་དུས་སུ་སྦྱོར་ལམ་གྱི་ཡོན་ཏན་མེད་པ་དང་། མཐོང་ལམ་གྱི་ཡོན་ཏན་བདེན་པར་མེད་པ་དང་། དེའི་དུས་སུ་སྒོམ་ལམ་གྱི་ཡོན་ཏན་མེད་པ་དང་། མྱང་འདས་ལ་སྦྱོར་བས་སྦྱོར་ལམ་དང་། སྟོང་ཉིད་མངོན་སུམ་དུ་རྟོགས་པས་མཐོང་ལམ་དང་། རང་བཞིན་མེད་པར་མཐོང་ཟིན་བསྒོམ་པས་སྒོམ་ལམ་སྟེ་ལེགས་པའི་ལམ་ནི་རྣམ་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། གཉིས་པ་སེམས་དང་སེམས་བྱུང་རྣམས། །སོགས་ཀྱིས་བསྟན། གཟུང་ལྡོག་གཉིས་པ་སྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བས་བསྡུས་པ་འཇུག་པའི་ཡུལ་ཅན་གྱི་གནས་སྐབས་ཀྱི་རྟོག་པ་རྣམས་ཆོས་ཅན། དབྱེ་ན་ཡུལ་གྱི་སྒོ་ནས་དགུ་ཡིན་པར་བཞེད་དེ། བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་དང་། བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ་དང་། ཐེག་དམན་པའི་ལམ་གཉིས་ལས་ཉན་ཐོས་ཀྱི་ལམ་ཡིད་ལ་བྱེད་ཅིང་ཤུགས་བསྟན་རང་རྒྱལ་གྱི་ཐེག་པ་མངོན་དུ་བྱེད་པ་དང་། རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་དང་། མི་རྟོག་སོགས་སུ་སྒོམ་པར་བྱེད་པ་དང་། དེར་སྒོམ་པ་མེད་པར་མེད་པ་དང་། སྒོམ་མི་སྒོམ་དེ་དག་ལས་ནི་ལྡོག་པ་སྒོམ་པ་དང་མི་སྒོམ་པ་གང་ཡང་མ་ཡིན་པ་ཉིད་དང་། དོན་ཇི་ལྟ་བ་བཞིན་མ་ཡིན་པ་རྣམས་ལ་འཇུག་པའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་རྣམས་སུ་ཡོད་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ནི། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང་། །སོགས་ཀྱིས་བསྟན། ཡུལ་དགུ་པོ་གང་རུང་ལ་དམིགས་ནས་བདག་རྫས་ཡོད་དུ་འཛིན་པར་བྱེད་པའི་འཛིན་རྟོག་དང་པོ་སྦྱོར་བའི་ཡུལ་ཅན་དེ་ཆོས་ཅན། ཁྱོད་ལ་ཡུལ་གྱི་སྒོ་ནས་དབྱེ་བ་དགུར་ཤེས་པར་བྱ་བ་ཡིན་ཏེ། སོ་སྐྱེས་ནི་སེམས་ཅན་དུ་བཏགས་པ་ཙམ་གྱི་སྤྱོད་ཡུལ་ཅན་དང་། གཟུགས་སོགས་ནི་ཆོས་སུ་བཏགས་པ་ཙམ་དང་། ཀུན་རྫོབ་ཏུ་སྟོང་པ་མ་ཡིན་པ་ཉིད་དང་། གཟུགས་སོགས་ཀྱི་ཆོས་ལ་ཆགས་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་བདག་ཉིད་དང་། དངོས་པོར་འཛིན་པའི་ཆེད་དུ་བྱ་བ་བྱེད་པ་དང་། ཐེག་པ་གསུམ་གྱི་ལམ་གྱི་ངེས་པར་འབྱུང་བ་དང་། ཡོན་ནི་དག་པར་སྦྱང་ནུས་པ་མ་ཡིན་པ་དང་། སྦྱིན་སོགས་ཀྱི་སྤྱོད་པ་རྣམ་པར་འཁྲུགས་པ་རྣམས་ལ་འཛིན་པ་དགུར་མདོ་ལས་བསྒྲགས་པ་ཡིན་པའི་ཕྱིར།

བཞི་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །སོགས་ཀྱིས་བསྟན། འཛིན་རྟོག་གཉིས་པ་སེམས་ཅན་དུ་བཏགས་པ་དང་སེམས་ཅན་དེར་འཛིན་པའི་རྒྱུ་ཡི་སྣང་བའི་ཡུལ་ཅན་སྒོམ་ལམ་གྱི་མི་མཐུན་ཕྱོགས་རྣམ་པ་དགུ་ཆོས་ཅན། གཞན་སྒོམ་པའི་ལམ་དང་སྤང་གཉེན་དང་འབྲེལ་བ་ཡིན་ཏེ། སྒོམ་ལམ་དེ་ཡིས་སྤོང་ཞིང་རྣམ་པར་འཇོམས་པའི་ཕྱིར། གཉིས་པ་ནི། བདག་ཉིད་ཇི་བཞིན་ཀུན་མཁྱེན་ཏེ། །སོགས་ཀྱིས་བསྟན། ཡུལ་དགུ་པོ་གང་རུང་ལ་ཀུན་ཏུ་རྨོངས་པ་ལ་རྣམ་པར་རྟོག་པས་ན་འཛིན་རྟོག་ཐ་མ་འཇུག་པའི་ཡུལ་ཅན་ཆོས་ཅན། ཁྱོད་ལ་ཡུལ་གྱི་སྒོ་ནས་དབྱེ་ན་དགུར་བཞེད་དེ། བདག་ཉིད་རྨོངས་པ་ཇི་ལྟ་བ་བཞིན་དུ་ཀུན་མཁྱེན་པ་ཉིད་ནི་གསུམ་གྱི་སྒྲིབ་པ་རྣམ་པ་གསུམ་ལ་ཀུན་ཏུ་རྨོངས་པ་གསུམ་དང་། ཐམས་ཅད་ཞི་བའི་ལམ་ལ་ཀུན་ཏུ་རྨོངས་པ་དང་། དེ་བཞིན་ཉིད་སོགས་དང་མཚུངས་པར་ལྡན་དང་མི་ལྡན་ལ་དང་། མི་མཉམ་པ་ཉིད་ལ་དང་། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་དང་། ཉོན་མོངས་པ་རྣམས་ཀྱི་རང་བཞིན་ལ་དང་། གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། ཡམས་ནད་འདི་རྣམས་ཟད་ནས་ནི། །སོགས་ཀྱིས་བསྟན། ཐེག་ཆེན་གྱི་སྒོམ་ལམ་ཆེན་པོའི་ཆེན་པོ་ལ་གནས་པའི་འབྲས་བུ་མཆོག་རབ་ཀྱི་མཐར་ཕྱིན་པ་ཐོབ་པས་སྤང་བ་སྟེ། དེ་དག་གི་མཛེས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལ་ནི་ཆོས་ཅན། ཡམས་གྱི་ནད་དང་འདྲ་བའི་སྒོམ་སྤང་རྟོག་པ་རིས་བཞི་པོ་འདི་རྣམས་ཟད་ནས་ནི། ཡུན་རིང་པོ་ལོན་ནས་གེགས་བྱེད་པ་མེད་པས་དབུགས་ཕྱིན་པ་ཐོབ་པ་ལྟར་རྣམ་པ་ཀུན་ཏུ་འགྲོ་བ་སེམས་ཅན་གྱི་བདེ་བ་སྒྲུབ་པར་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཀུན་བརྟེན་པར་བྱེད་དེ། དཔེར་ན་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་ཐམས་ཅད་འདུ་བ་བཞིན་དུ་ཡོན་ཏན་གྱི་ཆོས་ཀྱི་རྣམ་པ་ཀུན་ཏུ་བརྟེན་པར་བྱེད་པའི་ཕྱིར།

བཞི་པ་བར་ཆད་མེད་པའི་རྩེ་མོ་བཤད་པ་ལ་གཉིས་ཏེ། དཔེ་དང་རང་ལྡོག་ངོས་བཟུང་བ་དང་། དམིགས་པ་དང་བདག་པོ་སོགས་བསྟན་པའོ། །དང་པོ་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །སོགས་ཀྱིས་བསྟན། བྱང་སེམས་འགའ་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོའི་སྐྱེ་བོ་སེམས་ཅན་རྣམས་ཉན་ཐོས་དང་བསེ་རུ་རང་རྒྱལ་གྱི་རྟོགས་པ་ཕུན་སུམ་ཚོགས་པ་དང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པའི་ས་ལ་བཀོད་པའི་དགེ་བ་དཔེར་མཛད་ནས། དེ་བས་ཀྱང་ཁྱད་པར་འཕགས་ཤིང་བསོད་ནམས་མང་པོ་ཉིད་ཀྱིས་ནི་སངས་རྒྱས་ཉིད་ཀྱི་སར་འགྲོ་བ་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་དེ་ནི་ཆོས་ཅན། སྐབས་འདིར་བར་ཆད་མེད་པའི་ཏིང་ངེ་འཛིན་ཡིན་ཏེ། ཁྱོད་ཀྱི་དངོས་འབྲས་རྣམ་པ་ཀུན་མཁྱེན་པ་ཉིད་དེ་སངས་རྒྱས་ཡང་ཡིན་པའི་ཕྱིར། གཉིས་པ་ནི། འདི་ཡི་དམིགས་པ་དངོས་མེད་དེ། །སོགས་ཀྱིས་བསྟན། བར་ཆད་མེད་པའི་རྩེ་སྦྱོར་འདི་ནི་ཆོས་ཅན། དམིགས་པའི་རྐྱེན་ཡོད་དེ། ཆོས་ཐམས་ཅད་དངོས་པོར་མེད་པ་ལ་དམིགས་པའི་ཕྱིར། དེ་ཆོས་ཅན། བདག་པོའི་རྐྱེན་ཡོད་དེ། མཁྱེན་གསུམ་གྱི་དམིགས་རྣམ་མི་བརྗེད་པའི་དྲན་པ་དེ་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། རྣམ་པ་ཡོད་དེ། རང་བཞིན་གྱི་ཞི་བ་ཉིད་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར།

གཉིས་པ་སྤང་བྱ་ལོག་སྒྲུབ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འདི་ལ་ནི། རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་པས་བསྟན། རྩེ་མོའི་སྦྱོར་བ་ཉམས་སུ་ལེན་ཚུལ་འདི་ལ་ནི་ཆོས་ཅན། རྟོག་གེ་རབ་ཏུ་སྨྲ་བ་རྣམས་ཀྱི་བརྒྱུད་ནས་བརྒྱུད་མར་རྒོལ་བ་འབྱུང་སྟེ། གནས་འདི་གཏིང་དཔག་དཀའ་བས་རྟོག་གེ་བ་རྣམས་ཀྱིས་ཇི་ལྟ་བ་བཞིན་མ་རྟོགས་པའི་ཕྱིར། གཉིས་པ་ནི། དམིགས་པ་འཐད་དང་དེ་ཡི་ནི། །སོགས་ཀྱིས་བསྟན། རྟོག་གེ་རབ་ཏུ་སྨྲ་བ་བདེན་གཉིས་ཟུང་འཇུག་མ་རྟོགས་པ་རྣམས་ཀྱིས་ལོག་པར་རྟོག་པ་རྣམས་ལ་ཀུན་མཁྱེན་པ་ཉིད་ཀྱི་རྟེན་ཅན་འདི་ལ་ནི་ཆོས་ཅན། ཁྱོད་ལ་ཡུལ་གྱི་སྒོ་ནས་དབྱེ་ན་རྣམ་པ་བཅུ་དྲུག་དག་ཏུ་བཞེད་དེ། རྣམ་མཁྱེན་གྱི་ཡུལ་དམིགས་པ་འཐད་པ་ལ་ལོག་པར་རྟོག་པ་དང་། དམིགས་པ་དེའི་ངོ་བོ་ཉིད་ངེས་པར་བཟུང་བ་ལོག་པར་རྟོག་པ་དང་། རྣམ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མེད་པར་ཐལ་བ་དང་། དམ་པའི་དོན་གྱི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་མེད་པར་བཏུལ་བ་ལ་དང་། སྦྱོར་བ་ལ་དང་། དཀོན་མཆོག་གསུམ་པོ་ལས་སངས་རྒྱས་དཀོན་མཆོག་ལ་དང་། ཆོས་དཀོན་མཆོག་ལ་དང་། དགེ་འདུན་དཀོན་མཆོག་ལ་དང་། ཐབས་ལ་མཁས་པ་དང་བཅས་པ་ལ་དང་། ཐུབ་པའི་མངོན་པར་རྟོགས་པ་ལ་དང་། རྟགས་སོགས་ཕྱིན་ཅི་ལོག་ཏུ་ཐལ་བ་ལ་དང་། ཉན་རང་གི་ལམ་འབྲས་བུ་དང་བཅས་པ་རྒྱུད་ལ་བསྟེན་པར་མི་འཐད་པ་ལ་དང་། གཉེན་པོ་མི་འཐད་པ་ལ་དང་མི་མཐུན་པའི་ཕྱོགས་དག་མི་འཐད་པ་ལ་དང་། ཆོས་ཀྱི་མཚན་ཉིད་མི་འཐད་པ་དང་ནི། ཡུམ་སྒོམ་པ་མི་འཐད་པ་ལ་ལོག་པར་རྟོག་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་སྦྱོར་བའི་ཊཱི་ཀ་ལས་སྐབས་ལྔ་པའི་ཚིག་དོན་གྱི་སྦྱོར་ངག་བཤད་ཟིན་ཏོ།། །།

རྩ་བའི་ས་བཅད་གཉིས་པ་བརྟན་པ་རྒྱུ་འབྲས་བཤད་པ་ལ་གཉིས་ཏེ། རྒྱུ་མཐར་གྱིས་པའི་སྦྱོར་བ་དང་འབྲས་བུ་སྐད་ཅིག་མའི་སྦྱོར་བ་བཤད་པའོ། །དང་པོ་ལ། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་དང་། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ནི། སྦྱིན་པ་ཤེས་རབ་བར་དག་དང་། །སོགས་ཀྱིས་བསྟན། མཐར་གྱིས་པའི་སྦྱོར་བ་ཆོས་ཅན། ཁྱོད་ལ་དབྱེ་ན་བཅུ་གསུམ་ཡོད་དེ། སྦྱིན་པའི་ཕར་ཕྱིན་ནས་ཤེས་རབ་ཀྱི་ཕར་ཕྱིན་བར་དག་ཏུ་ཕར་ཕྱིན་དྲུག་ཉམས་སུ་ལེན་པའི་མཐར་གྱིས་སྦྱོར་དྲུག་དང་། སངས་རྒྱས་དང་ལ་སོགས་པས་ཆོས་དང་དགེ་འདུན་དང་གཏོང་བ་ཚུལ་ཁྲིམས་དང་ལྷ་རྗེས་སུ་དྲན་པ་དེ་རྗེས་དྲན་དྲུག་གི་མཐར་གྱིས་སྦྱོར་དྲུག་དང་། ཆོས་ཐམས་ཅད་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་སྦྱོར་གཅིག་དེ་ཉམས་ལེན་གྱི་བྱ་བ་དྲུག་དྲུག་དང་གཅིག་ཏུ་བཞེད་པའི་ཕྱིར། གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་སྦྱོར་བའི་ཊཱི་ཀ་ལས་སྐབས་དྲུག་པའི་ཚིག་དོན་གྱི་སྦྱོར་ངག་བཤད་ཟིན་ཏོ།། །།

རྩ་བའི་ས་བཅད་གཉིས་པ་འབྲས་བུ་སྐད་ཅིག་མའི་སྦྱོར་བ་བཤད་པ་ལ། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་དང་། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ་བཞི། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མ། རྣམ་པར་སྨིན་པའི་སྐད་ཅིག་མ། མཚན་ཉིད་མེད་པའི་སྐད་ཅིག་མ། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བའོ། །དང་པོ་ལ། དངོས་དང་། དེའི་དཔེ་བཤད་པའོ། །དང་པོ་ནི། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །སོགས་ཀྱིས་བསྟན། ཐུབ་པ་བྱང་ཆུབ་སེམས་དཔའ་ས་བཅུ་པའི་རྒྱུན་མཐའི་ཡེ་ཤེས་འདི་ནི་ཆོས་ཅན། སྐད་ཅིག་མ་གཅིག་ལ་རྫོགས་བྱང་རྟོགས་པའི་ཡེ་ཤེས་སུ་ཤེས་པར་བྱ་སྟེ། སྦྱིན་པ་ལ་སོགས་པ་རེ་རེས་ཀྱང་ཟག་པ་མེད་པའི་ཆོས་ཀུན་བསྡུས་པའི་རྒྱུན་མཐའི་ཡེ་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། ཇི་ལྟར་སྐྱེས་བུས་སོགས་ཀྱིས་བསྟན། རྒྱུན་མཐའི་ཡེ་ཤེས་ཀྱིས་དུས་སྐད་ཅིག་མ་གཅིག་ལ་ཟག་མེད་ཀྱི་ཡེ་ཤེས་ཐམས་ཅད་ཅིག་ཅར་དུ་མངོན་སུམ་དུ་རྟོགས་པའི་དཔེ་ཡོད་དེ། དཔེ་ཇི་ལྟར་ན་བཟོ་ལེགས་པར་བྱས་པའི་ཟོ་ཆུན་གྱི་རྒྱུད་ལ་སྐྱེས་བུའི་རྡོག་པའི་ཐབས་གཅིག་གིས་བསྐྱོད་པ་ན་ཟོ་ཆུའི་རྒྱུད་ཐམས་ཅད་དུས་གཅིག་ལ་ཅིག་ཅར་དུ་འགུལ་བ་དེ་ལྟར་དེ་བཞིན་ཆད་དམ། གཉིས་པ་ནི། གང་ཚེ་ཆོས་དཀར་ཐམས་ཅད་སོགས་ཀྱིས་བསྟན། རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་དཀར་པོ་ཐམས་ཅད་ཀྱི་རང་བཞིན་རྒྱུན་མཐའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཅན། རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་སྐྱེས་ཀྱི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། གང་གི་ཚེ་ན་དེའི་ཚེ་རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་དུས་སྐད་ཅིག་མ་གཅིག་ལ་མངོན་སུམ་རྟོགས་པའི་སྦྱོར་བ་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་ནི། སྦྱིན་པ་ལ་སོགས་སྤྱོད་པ་ཡིས། །སོགས་ཀྱིས་བསྟན། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་དྲུག་ལ་སྤྱོད་ཅིང་སྒྲུབ་པའི་སྒོ་ནས་ཆོས་ཀུན་རྨི་ལམ་འདྲ་བར་རྟོགས་པ་ལ་གནས་ཏེ་ཆོས་རྣམས་ཐམས་ཅད་མཚན་ཉིད་མེད་པ་ཉིད་དུ་སྐད་ཅིག་མ་ནི་གཅིག་གིས་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། བཞི་པ་ནི། རྨི་ལམ་དང་ནི་དེ་མཐོང་ཉིད། །སོགས་ཀྱིས་བསྟན། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། དཔེར་ན་རྨི་ལམ་ལ་གཟུང་བ་དང་ནི་རྨི་ལམ་དེ་མཐོང་བ་ཉིད་ལ་འཛིན་པར་མཐོང་བ་སྟེ། གཟུང་འཛིན་ཐ་དད་པ་གཉིས་ཀྱི་ཚུལ་དུ་མི་མཐོང་བ་ལྟར་དུ་ཆོས་རྣམས་ཐམས་ཅད་གཟུང་བ་དང་འཛིན་པ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་སྐད་ཅིག་མ་གཅིག་གིས་མངོན་སུམ་དུ་མཐོང་བའི་བྱང་སེམས་ཀྱི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་སྦྱོར་བའི་ཊཱི་ཀ་ལས་སྐབས་བདུན་པའི་ཚིག་དོན་གྱི་སྦྱོར་ངག་བཤད་ཟིན་ཏོ།། །།

རྩ་བའི་ས་བཅད་གསུམ་པ་འབྲས་བུ་ཆོས་སྐུ་བཤད་པ་ལ་གཉིས་ཏེ། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་དང་། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ། ངོ་བོ་ཉིད་སྐུ་དང་། སྐུ་གསུམ་སོ་སོར་བཤད་པའོ། །དང་པོ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །སོགས་ཀྱིས་བསྟན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་ཆོས་ཅན། ཆོས་གསུམ་དང་ལྡན་ཏེ། ཟག་པ་མེད་པའི་ཆོས་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་གང་དག་འཇིག་རྟེན་ལས་འདས་པའི་ལམ་གྱི་སྟོབས་ཀྱིས་ཐོབ་པར་གྱུར་ཅིང་། སྤང་བྱ་གློ་བུར་བའི་དྲི་མ་རྣམས་རྣམ་པ་ཀུན་ཏུ་རྣམ་པར་དག་པ་འགོག་པའི་བདེན་པ་མཐར་ཐུག་ཡིན་ལ། སྤངས་རྟོགས་ཀྱི་ཡོན་ཏན་དེ་དག་རང་བཞིན་གྱིས་དབེན་པའི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། མཛད་པ་ཕྲིན་ལས་བཤད་པའོ། །དང་པོ་ལ་དྲུག །ཆོས་རྣམས་ཀྱི་རྣམ་པ། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ལས་ཁྱད་པར། སྨོན་ནས་མཁྱེན་པའི་ཁྱད་པར། ཕྲིན་ལས་འཇུག་པའི་ཚུལ། མ་ངེས་པར་སྤོང་བ། ཁྱབ་པ་དང་རྟག་པའི་དོན་ནོ། དང་པོ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །སོགས་ཀྱིས་བསྟན། སངས་རྒྱས་པའི་ཟག་མེད་ཀྱི་ཡེ་ཤེས་ཆོས་ཅན། སྡེ་ཚན་ཉེར་གཅིག་ཡོད་དེ། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བྱང་ཆུབ་ཕྱོགས་མཐུན་ལ་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་པ་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་ནི་གནས་པའི་སྙོམས་འཇུག་དགུའི་བདག་ཉིད་དང་། ཟད་པར་གྱི་ཏིང་ངེ་འཛིན་ནི་བཅུའི་བདག་ཉིད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ནི་རབ་ཏུ་དབྱེ་བ་རྣམ་པ་བརྒྱད་དང་། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་། སྨོན་ནས་མཁྱེན་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་དྲུག་པོ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པས་དག་པ་བཞི་དང་། དབང་བཅུ་དང་ནི། སྟོབས་བཅུ་དང་། མི་འཇིགས་བཞི་དག་དང་། བསྲུང་བ་མེད་པ་རྣམ་པ་གསུམ་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་རྣམ་པ་གསུམ་དང་། སེམས་ཅན་གྱི་དོན་མཛད་པ་ལ་བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། སྒྲིབ་གཉིས་ཀྱི་བག་ཆགས་ཡང་དག་པར་བཅོམ་པ་དང་། སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་ཉིད་དང་། ཐུབ་པ་སངས་རྒྱས་ཁོ་ནའི་མ་འདྲེས་པའི་ཆོས་བཅོ་བརྒྱད་དུ་བཤད་པ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་ཤེས་དང་གཞི་ཤེས་ཏེ་མཁྱེན་གསུམ་ལ་ཆོས་ཀྱི་སྐུ་ཞེས་བརྗོད་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །སོགས་ཀྱིས་བསྟན། བདུད་བཞི་ལས་རྒྱལ་བའི་སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཆོས་ཅན། ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་ཁྱད་པར་དུ་འཕགས་ཏེ། དེ་དག་ཉོན་མོངས་མེད་པའི་ཏིང་ངེ་འཛིན་སྐྱེ་བའི་དམིགས་རྟེན་བྱེད་མི་བྱེད་ལྟ་བ་མངོན་དུ་འགྲོ་བས་མིའི་ཉོན་མོངས་སྐྱེ་རུང་ཡོངས་སུ་སྤོང་བར་བྱེད་པ་ཉིད་ཡིན་ལ། ཁྱོད་གྲོང་ལ་སོགས་པར་ཉོན་མོངས་སྐྱེ་ཡུལ་སུ་ཡིན་པ་དེའི་ཉོན་མོངས་པ་མ་ལུས་པ་རྣམས་རྒྱུན་གཅོད་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། གསུམ་པ་ནི། སངས་རྒྱས་སྨོན་ནས་མཁྱེན་པ་ནི། །སོགས་ཀྱིས་བསྟན། སངས་རྒྱས་ཀྱི་སྨོན་ནས་མཁྱེན་པའི་ཏིང་ངེ་འཛིན་ཆོས་ཅན། ཁྱད་པར་ལྔ་དང་ལྡན་ཏེ། ལྷུན་གྱིས་གྲུབ་པར་འཇུག་པ་དང་། ཆགས་པ་སྤངས་པ་དང་། ཤེས་བྱ་ལ་ཐོགས་པ་མེད་པ་དང་། དུས་རྟག་ཏུ་གནས་པ་དང་། ཕྱོགས་བཅུ་ནས་དྲི་བ་ཀུན་ལ་ལན་ཅིག་ཅར་དུ་འདེབས་པར་མཛད་པ་རྣམས་སུ་བཞེད་པའི་ཕྱིར། བཞི་པ་ནི། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །སོགས་ཀྱིས་བསྟན། བཅོམ་ལྡན་འདས་ཆོས་ཅན། སེམས་ཅན་གྱི་དོན་མཛད་ཚུལ་ཡོད་དེ། གདུལ་བྱའི་རྒྱུད་ཀྱི་རྒྱུ་ཚོགས་གཉིས་ནི་ཡོངས་སུ་སྨིན་པར་གྱུར་ནས་དེ་ལྟ་བུའི་སེམས་ཅན་གང་དང་གང་ལ་དུས་གང་དང་ནི་གང་གི་ཚེ་དོན་གྱི་བྱ་བ་བྱས་པས་ཕན་པར་གྱུར་པ་དེའི་ཚེ་གདུལ་བྱ་དེ་དང་དེ་ལ་སངས་རྒྱས་དེའི་སྣང་བ་བསྟན་ནས་དོན་མཛད་པའི་ཕྱིར། ལྔ་པ་ནི། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །སོགས་ཀྱིས་བསྟན། སངས་རྒྱས་རྣམས་ནི་གདུལ་བྱའི་ཞིང་དུ་བྱུང་བར་གྱུར་ཀྱང་སྐལ་བ་མེད་པའི་སེམས་ཅན་རྣམས་ཀྱིས་བཟང་པོ་མི་མྱོང་བའི་དཔེ་ཡོད་དེ། ལྷའི་རྒྱལ་པོས་ཆར་ཕབ་ཀྱང་ཏིལ་སོགས་རུལ་པ་ས་བོན་མི་རུང་བ་བཏབ་པ་ལས་མྱུ་གུ་འཁྲུངས་བར་མི་འགྱུར་བ་ལྟར་གྱི་ཕྱིར། དྲུག་པ་ནི། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སོགས་ཀྱིས་བསྟན། སངས་རྒྱས་ཆོས་ཅན། ཁྱབ་པ་ཞེས་བྱ་བར་ངེས་པར་བརྗོད་དེ། བཤད་མ་ཐག་པ་དེ་ལྟར་མཛད་པ་དང་ཕྲིན་ལས་རྒྱ་ཆེ་བའི་ཕྱིར། སངས་རྒྱས་དེ་ཉིད་ཆོས་ཅན། རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ཏེ། ཟད་པ་མེད་པའི་ཕྱིར།

གཉིས་པ་ལོངས་སྐུ་བཤད་པ་ལ་ལྔ། མདོར་བསྟན་པ། མཚན་བཟང་པོ་བཤད་པ། ཇི་ལྟར་འགྲུབ་པ། རྒྱུ་མདོ་ལ་སྦྱར་བ། དཔེ་བྱད་བཤད་པའོ། །དང་པོ་ནི། མཚན་ནི་སུམ་ཅུ་རྩ་གཉིས་སོགས་ཀྱིས་བསྟན། དུས་འཁོར་བ་ཇི་སྲིད་དུ་གནས་འོག་མིན་ཁོ་ནར་བཞུགས་ཤིང་བྱང་འཕགས་ཤ་སྟག་གིས་བསྐོར་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་བདག་ཉིད་ཀྱི་གཟུགས་སྐུ་འདི་ཆོས་ཅན། ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུར་བཞེད་དེ། ཐེག་པ་ཆེན་པོའི་ཆོས་ཁོ་ན་ལ་རྫོགས་པར་ཉེ་བར་ལོངས་སྤྱོད་པ་སོགས་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །སོགས་ཀྱིས་བསྟན། །ལོངས་སྤྱོད་རྫོགས་པའི་སྐུའི་མཚན་བཟང་པོ་འདི་དག་ཆོས་ཅན། དབྱེ་ན་སུམ་ཅུ་རྩ་གཉིས་ཡོད་དེ། ཕྱག་དང་ཞབས་ཀྱིས་མཐིལ་ལ་འཁོར་ལོའི་མཚན་དང་ལྡན་པ་དང་། རུས་སྦལ་བཞིན་དུ་ཞབས་མཉམ་པ་དང་། ཕྱག་དང་ཞབས་ཀྱི་སོར་མོ་དྲྭ་བས་འབྲེལ་བ་དང་། ཕྱག་ནི་ཞབས་དང་བཅས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། ལོངས་སྐུ་འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། ཕྱག་ཞབས་ཀྱི་སོར་མོ་རིང་བ་དང་། ཞབས་ཀྱི་རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་པ་དང་། ཞབས་ཀྱི་ལོང་བུ་མི་མངོན་པ་དང་། སྐུའི་སྤུ་ནི་རེ་རེ་ནས་གྱེན་དུ་ཕྱོགས་པར་འཁྱིལ་བ་དང་། ཞབས་ཀྱི་བྱིན་པ་རི་དྭགས་ཨེ་ན་ཡའི་བྱིན་པ་འདྲ་བ་དང་། ཕྱག་རིང་ཞིང་མཛེས་པ་དང་། འདོམ་གྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག་དང་། སྐུའི་པགས་པ་གསེར་གྱི་མདོག་ལྟར་དྭངས་པ་དང་། སྐུའི་པགས་པ་སྲབ་པ་དང་། སྐུའི་སྤུ་ནི་རེ་རེ་ནས་གཡས་སུ་འཁྱིལ་བས་ལེགས་པར་འཁྲུངས་པ་དང་། ཞལ་རས་མཛོད་སྤུ་དཀར་ལ་སྣུམ་པས་བརྒྱན་པ་དང་། རོ་སྟོད་སེང་གེ་འདྲ་བས་རྒྱས་པ་དང་། གཟུགས་སྐུ་འདི་ཡི་དཔུང་པའི་མགོ་ཟླུམ་པ་དང་། ཐལ་གོང་ཤིན་ཏུ་རྒྱས་པ་དང་། འདི་ལ་རོ་མི་ཞིམ་པ་རོ་མཆོག་ཏུ་སྣང་བ་དང་། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། གཙུག་ཏོར་དབུར་ལྡན་པ་དང་། ལྗགས་རིང་ཞིང་མཛེས་པ་དང་། གསུང་ཚངས་པའི་དབྱངས་དང་ལྡན་པ་དང་། ཞལ་གྱི་འགྲམ་པ་སེང་གེའི་འདྲ་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་རིང་ཐུང་ཚད་མཉམ་པ་དང་། ཚེམས་ཀྱི་ཐགས་བཟང་བ་དང་། ཚེམས་ཀྱི་གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། སྤྱན་ནི་མཐོན་མཐིང་འདྲ་བ་དང་། སྤྱན་གྱི་རྫི་མ་བ་མཆོག་གི་རྫི་མ་འདྲ་བ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། འདི་ལ་མཚན་ནི་གང་གང་གིས་སོགས་ཀྱིས་བསྟན། ལོངས་སྐུ་འདི་ལ་ཆོས་ཅན། མཚན་ནི་བཟང་པོ་སོ་གཉིས་པོ་འདི་དག་ཡང་དག་པ་འགྲུབ་པར་འགྱུར་ཏེ། མཚན་སོ་གཉིས་པོ་ནི་གང་དང་གང་གིས་སྒྲུབ་པར་བྱེད་པའི་རྒྱུ་གང་དང་གང་ཡིན་པ་དེ་དང་དེ་ནི་རབ་ཏུ་རྫོགས་པ་སྔོན་དུ་སོང་བའི་ཕྱིར། བཞི་པ་ནི། བླ་མ་སྐྱེལ་ལ་སོགས་པ་དང་། །སོགས་ཀྱིས་བསྟན། མཚན་བཟང་པོ་འདི་དག་ཆོས་ཅན། ཁྱོད་སྒྲུབ་པར་བྱེད་པའི་རྒྱུའི་མཚན་ཉིད་ཡོད་དེ། སྔོན་སློབ་ལམ་དུ་བླ་མ་སྐྱེལ་བ་དང་ལ་སོགས་པས་བསུ་བ་བྱས་པ་དང་། སྡོམ་པ་ཡང་དག་པར་བླངས་པ་བརྟན་པ་དང་། བསྡུ་བའི་དངོས་པོ་བཞི་བསྟེན་པ་དང་། བཟའ་བ་དང་བཅའ་བ་དང་བལྡག་པ་སོགས་ཀྱི་གྱ་ནོམ་པའི་དངོས་པོ་བྱིན་པ་དང་། བསད་པར་བྱ་བ་ལས་ཐར་བར་བྱས་པ་དང་། དགེ་བའི་ཆོས་ཡང་དག་པར་བླངས་པ་དང་། དགེ་བ་ཡང་དག་པར་བླངས་པ་སྤེལ་བ་སྟེ་དངོས་བསྟན་བདུན་དང་སོགས་ཁོང་ནས་བསྟན་པ་ཉེར་ལྔ་སྟེ་བསོད་ནམས་ཀྱི་ཚོགས་སོ་གཉིས་པོ་འདི་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་ལེགས་པར་བསྒྲུབས་ནས་འབྲས་བུ་མཚན་བཟང་པོ་སོ་གཉིས་པོ་འདི་དག་འགྲུབ་པར་གྱུར་པའི་ཕྱིར། ལྔ་པ་ནི། ཐུབ་པའི་སེན་མོ་ཟངས་མདོག་དང་། །སོགས་ཀྱིས་བསྟན། ཐུབ་པ་སངས་རྒྱས་ཀྱི་དཔེ་བྱད་བཟང་པོར་བཞེད་པའི་རྣམ་སྨིན་གྱི་ཡོན་ཏན་ཆོས་ཅན། བརྒྱད་ཅུ་ཡོད་དེ། སེན་མོ་ཟངས་ཀྱི་མདོག་འདྲ་བ་དང་། སེན་མོ་མདོག་སྣུམ་པ་དང་། སེན་མོ་མཐོ་བ་དང་། སོར་མོ་རྣམས་ཟླུམ་པ་དང་། སོར་མོ་རྣམས་རྒྱས་པ་དང་། སོར་མོ་རྣམས་བྱིན་གྱིས་ཕྲ་བ་དང་། སྐུ་ལ་རྩ་མི་མངོན་པ་དང་། རྩ་མདུད་པ་མེད་པ་དང་། ཞབས་ལོང་བུ་མི་མངོན་པ་དང་། ཞབས་མཉམ་པ་དང་། སེང་གེའི་སྟབས་སུ་གཤེགས་པ་དང་། གླང་པོ་ཆེའི་སྟབས་སུ་གཤེགས་པ་དང་། བྱ་ངང་པའི་སྟབས་སུ་གཤེགས་པ་དང་། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་དང་། མཛེས་པར་གཤེགས་པ་དང་། མི་གཡོ་བ་དྲང་པོར་གཤེགས་པ་དང་། སྐུ་འཁྲིལ་བག་ཆགས་པ་དང་། སྐུ་བྱི་དོར་བྱས་པ་འདྲ་བ་དང་། སྐུ་རིམ་པར་འཚམས་པ་དང་། གཙང་ཞིང་དག་པའི་སྐུ་དང་། སྐུ་འཇམ་པ་དང་། རྣམ་པར་དག་པའི་སྐུ་དང་། མཚན་ནི་ཡོངས་སུ་རྫོགས་པ་དང་། སྐུའི་ཁོ་ལག་ཡངས་ཤིང་བཟང་བ་དང་། ཞབས་གོམ་པ་མཉམ་པ་དང་། སྤྱན་གཉིས་ནི་རྣམ་པར་དག་པ་དང་། སྐུ་གཞོན་ཤ་ཅན་ཉིད་དང་། སྐུ་ཞུམ་པ་མེད་པ་དང་། སྐུ་རྒྱས་པ་ཉིད་དང་། ཤིན་ཏུ་གྲིམ་པའི་སྐུ་ཉིད་དང་། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་དང་། གཟིགས་པ་རབ་རིབ་ཀྱི་སྒྲིབ་པ་མེད་ཅིང་རྣམ་པར་དག་པ་དང་། དཀུ་སྟེ་སྟ་ཟུར་ཟླུམ་པ་དང་། དཀུ་སྐབས་ཕྱིན་པ་དང་། དཀུ་མ་རྙོངས་པ་སྟེ་རིང་བ་མ་ཡིན་པ་དང་། ཕྱལ་མཐོ་དམན་མེད་པ་སྟེ་ཕྱང་ངེ་བ་དང་། ལྟེ་བ་ནི་ཟབ་པ་ཉིད་དང་། ལྟེ་བ་གཡས་སུ་འཁྱིལ་པ་དང་། ཀུན་ནས་བལྟ་ན་སྡུག་པ་དང་། ཀུན་ཏུ་སྤྱོད་པ་གཙང་བ་དང་། སྐུ་ལ་ནི་སྨེ་བ་གནག་བག་མེད་པ་དང་། ཕྱག་ནི་ཤིང་བལ་ལྟར་འཇམ་པ་དང་། ཕྱག་གི་རི་མོ་མདངས་ཡོད་པ་དང་། ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། ཞལ་ནི་ཧ་ཅང་མི་རིང་བ་དང་། མཆུ་ནི་བིམྤ་ལྟར་དམར་བ་དང་། ལྗགས་མཉེན་པ་དང་། ལྗགས་སྲབ་པ་དང་། ལྗགས་དམར་བ་དང་། གསུང་འབྲུག་གི་སྒྲ་ལྟ་བུ་དང་། གསུང་མཉེན་ལ་འཇམ་པ་དང་། ཚེམས་མཆེ་བ་ཟླུམ་པ་དང་། མཆེ་བ་རྣོ་བ་དང་། མཆེ་བ་དཀར་བ་དང་། མཆེ་བ་མཉམ་པ་དང་། མཆེ་བ་བྱིན་གྱིས་ཕྲ་བ་དང་། ཤངས་མཐོ་བ་དང་། ཤངས་མཆོག་ཏུ་གཙང་ཞིང་དག་པ་དག་དང་ནི། སྤྱན་ཡངས་པ་དང་། རྫི་མ་སྟུག་པ་དང་། སྤྱན་པདྨའི་འདབ་མ་དང་འདྲ་བ་དང་། སྨིན་ཚུགས་རིང་བ་དང་། སྨིན་མ་འཇམ་པ་དང་། སྨིན་མ་སྣུམ་པ་དང་། སྨིན་མའི་སྤུ་ནི་མཉམ་པ་དང་། ཕྱག་རིང་ཞིང་རྒྱས་པ་དང་། སྙན་མཉམ་པ་དང་། སྙན་ཉམས་པར་རྣམ་པ་སྤངས་པ་སྟེ་སྙན་གྱི་དབང་པོ་མ་ཉམས་པ་དང་། སྐྲ་མཚམས་དོད་པས་དཔྲལ་བ་ལེགས་པར་འབྱེས་པ་དང་། དཔྲལ་བ་དབྱེས་ཆེ་བ་དང་། དབུ་གདུགས་ལྟར་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། དབུ་སྐྲ་སྟུག་པ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་མ་འཛིངས་པ་དང་། དབུ་སྐྲ་མི་གཤོར་བ་སྟེ་གྱེན་དུ་གཟིངས་པ་མ་ཡིན་པ་དང་། དབུ་སྐྲ་དྲི་ཞིམ་པ་སོགས་སྐྱེས་བུའི་ཡིད་ནི་འཕྲོག་པར་བྱེད་པ་དང་། ཕྱག་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་ནི་གཡུང་དྲུང་འཁྱིལ་པས་བརྒྱན་པ་རྣམས་སུ་ཡོད་པའི་ཕྱིར།

གསུམ་པ་ནི། གང་གིས་སྲིད་པ་ཇི་སྲིད་བར། །སོགས་ཀྱིས་བསྟན། ཤེས་བྱ་ཆོས་ཅན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་རྒྱུན་མི་འཆད་པར་འབྱུང་སྟེ། གདུལ་བྱའི་སྐལ་བ་དང་འཚམས་པར་བསྟན་པའི་སྐུའི་བཀོད་པ་གང་གིས་དུས་སྲིད་པ་ཇི་སྲིད་བར་གདུལ་བྱ་འགྲོ་བ་ཐམས་ཅད་ལ་འདོད་པའི་དོན་གྱི་ཕན་པ་སྣ་ཚོགས་པ་དག་མཉམ་པ་ཉིད་དུ་མཛད་པའི་སྐུ་དེ་ནི་རྒྱུན་ཆགས་པ་ཡིན་པའི་ཕྱིར།

བཞི་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཞེས་པས། ཆོས་སྐུ་འདིའི་ཕྲིན་ལས་ནི་ཆོས་ཅན། དུས་འཁོར་བ་ཇི་སྲིད་ཀྱི་བར་དུ་རྒྱུན་མི་འཆད་པར་འདོད་དེ། བདག་རྐྱེན་ཆོས་སྐུ་རྒྱུན་མི་འཆད་པ་ཇི་ལྟ་བ་དེ་བཞིན་གྱི་ཕྱིར། གཉིས་པ་ནི། འགྲོ་རྣམས་ཞི་བའི་ལས་དང་ནི་སོགས་ཀྱིས་བསྟན། ཆོས་ཀྱི་སྐུའི་ཕྲིན་ལས་ནི་ཆོས་ཅན། རྣམ་པ་ཉི་ཤུ་རྩ་བདུན་དུ་བཞེད་དེ། འགྲོ་བ་རྣམས་ཞི་བའི་ལས་ལ་འགོད་པའི་ཕྲིན་ལས་དང་ནི། བསྡུ་དངོས་རྣམ་པ་བཞི་ལ་འགོད་པ་དང་། ཀུན་ནས་ཉོན་མོངས་པ་དང་བཅས་པའི་རྣམ་པར་བྱང་བ་རྟོགས་པ་ལ་འགོད་་པ་དང་། སེམས་ཅན་རྣམས་ཀྱི་དོན་ཚད་མེད་པ་བཞི་ཇི་ལྟ་བ་བཞིན་གྱི་དོན་མཛད་པ་ལ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གོམས་པར་བྱེད་པ་ལ་དང་། སངས་རྒྱས་ཀྱི་ལམ་དགེ་བཅུའི་ལམ་ལ་འགོད་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་དང་། གཉིས་འཛིན་ཟད་པ་ས་དང་པོ་ལ་དང་། ས་གཉིས་པ་དང་གསུམ་པར་ཆོས་རྣམས་བརྡར་བཏགས་པའི་ཤེས་རབ་ལ་དང་། ས་བཞི་ལྔ་དྲུག་པར་དམིགས་པ་མེད་པའི་ཤེས་རབ་ལ་དང་། ས་བདུན་པར་ལུས་ཅན་འགྲོ་བ་རྣམས་ནི་ཡོངས་སུ་སྨིན་པར་བྱེད་ལ་དང་། བརྒྱད་པར་ཐེག་དམན་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ལམ་ལ་དང་། ས་དེར་མངོན་པར་ཞེན་པ་བཟློག་པ་ལ་དང་། དགུ་པར་བྱང་ཆུབ་ཐོབ་པ་ལ་དང་། བཅུ་པར་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་དང་། སྐྱེ་བ་གཅིག་ཐོགས་ཀྱི་སར་བྱང་ཆུབ་ཏུ་ངེས་པ་ལ་དང་། ས་དེ་ཉིད་ལ་སེམས་ཅན་གྱི་དོན་ནི་ཚད་མེད་པར་བྱེད་པ་ལ་དང་། ས་དེ་ཉིད་ལ་སངས་རྒྱས་བསྟེན་པ་སོགས་ཡོན་ཏན་ལ་དང་། ས་དེ་ཉིད་ལ་བྱང་ཆུབ་ཀྱི་ཡན་ལག་གི་ལས་རྣམས་ལ་དང་། ལས་འབྲས་ཆུད་མི་ཟ་བ་ལ་དང་། བདེན་པ་ཇི་ལྟ་བཞིན་མཐོང་བ་ལ་དང་། ཕྱིན་ཅི་ལོག་ནི་སྤངས་པ་ལ་དང་། ཕྱིན་ཅི་ལོག་དེ་གཞི་མེད་པའི་ཚུལ་དུ་སྤངས་པ་ལ་དང་། བྱང་སེམས་ཀྱི་རྣམ་པར་བྱང་བ་ལ་དང་། རྣམ་བྱང་གི་རྒྱུའི་ཚོགས་ལ་དང་། འདུས་བྱས་དང་འདུས་མ་བྱས་ལ་ཐ་དད་དུ་ཡོངས་སུ་མི་ཤེས་པ་ལ་དང་། མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པ་སྟེ་དེ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་སྦྱོར་བའི་ཊཱིཀ་ལས་སྐབས་བརྒྱད་པའི་ཚིག་དོན་གྱི་སྦྱོར་ངག་བཤད་ཟིན་ཏོ།། །།

འབྲིང་ལ་དད་པའི་གང་ཟག་ལ་སྐབས་དྲུག་ཏུ་བསྟན་པ།

གཉིས་པ་འབྲིང་ལ་དད་པའི་གང་ཟག་ལ་དོན་དྲུག་ཏུ་བསྟན་པ་ནི། མཚན་ཉིད་དེ་ཡི་སྦྱོར་བ་དང་། །སོགས་ཀྱིས་བསྟན། སྐབས་བརྒྱད་དུ་ཕྱེ་བ་ལས་དོན་ཅུང་ཟད་ཙམ་བསྡུས་ཏེ་རྒྱས་པ་ལས་གཞན་འབྲིང་དུ་བསྟན་ན་དོན་ཚན་རྣམ་པ་དྲུག་ཏུ་འགྱུར་ཏེ། མཚོན་པར་བྱེད་པའི་མཚན་ཉིད་གྱི་དབང་དུ་བྱས་ནས་མཁྱེན་པ་རྣམ་པ་གསུམ་དང་། མཁྱེན་གསུམ་དེའི་སྦྱོར་བའི་དབང་དུ་བྱས་ནས་རྣམ་ཀུན་དང་། རྣམ་ཀུན་དེ་རབ་ཏུ་གྱུར་པའི་དབང་དུ་བྱས་ནས་རྩེ་མོ་དང་། དེ་དག་གོ་རིམ་བཞིན་དུ་སྒོམ་པའི་དབང་དུ་བྱས་ནས་མཐར་གྱིས་པ་དང་། སྦྱོར་བ་དེ་རྣམས་སྒོམ་པའི་མཐར་ཐུག་པ་རྣམ་མཁྱེན་གྱི་དངོས་རྒྱུའི་དབང་དུ་བྱས་ནས་སྐད་ཅིག་མ་དང་། སྦྱོར་བ་དེའི་རྣམ་པར་སྨིན་པ་འབྲས་བུའི་དབང་དུ་བྱས་ནས་འབྲས་བུ་ཆོས་སྐུ་རྣམས་སུ་བཞེད་པའི་ཕྱིར།

བསྡུས་པ་ལ་དད་པའི་གང་ཟག་ལ་སྐབས་གསུམ་དུ་བསྟན་པ།

གསུམ་པ་བསྡུས་པ་ལ་དད་པའི་གང་ཟག་ལ་དོན་གསུམ་དུ་བསྡུས་ཏེ་བསྟན་པ་ནི། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སོགས་ཀྱིས་བསྟན། ཡུམ་ཤེར་ཕྱིན་གྱི་དོན་བསྡུས་དྲུག་ལས་གཞན་པ་སྟེ་བསྡུ་ན་རྣམ་པ་གསུམ་དུ་འདུ་སྟེ། འཇུག་པའི་ཡུལ་གྱི་རྒྱུ་ནི་མཁྱེན་པ་རྣམ་པ་གསུམ་པོ་དང་། ཡུམ་དེ་ཉམས་སུ་ལེན་པའི་སྦྱོར་བ་ནི་རྣམ་ཀུན་ནས་སྐད་ཅིག་མའི་བར་བཞིའི་བདག་ཉིད་དང་། དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི་ཆོས་སྐུ་ཕྲིན་ལས་དང་བཅས་པ་སྟེ་གསུམ་དུ་འདུ་བའི་ཕྱིར།། །།

བཤད་པ་ཡོངས་སུ་རྫོགས་པའི་ཡན་ལག

གསུམ་པ་བཤད་པ་ཡོངས་སུ་རྫོགས་པའི་ཡན་ལག་མཇུག་གི་དོན་ལ་གཉིས་ཏེ། རྫོགས་ཚིག་སྨོས་པ་དང་། འགྱུར་བྱང་བསྟན་པའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་རྒྱལ་བ་བྱམས་པས་མཛད་པ་རྫོགས་སོ། །ཞེས་པས་བསྟན། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཆོས་ཅན། ཁྱོད་ལ་རྫོགས་པའི་ཚིག་སྨོས་པ་ལ་དགོས་པ་ཡོད་དེ། རྗེ་བཙུན་བྱམས་པ་མགོན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་གྱི་བརྗོད་དོན་དངོས་པོ་བརྒྱད་ཀྱི་སྒོ་ནས་ཚིག་ཉུང་ངུ་རྫོགས་པར་བཤད་ཟིན་པའི་ཕྱིར། ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རྒྱ་གར་གྱི་མཁན་པོ་སོགས་ཀྱིས་བསྟན། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཆོས་ཅན། ཁྱོད་བོད་དུ་སྒྱུར་བྱེད་ཀྱི་ལོ་པཎ་མེད་པ་མ་ཡིན་ཏེ། རྒྱ་གར་གྱི་མཁན་པོ་རིག་བྱེད་འོད་དང་། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་འཆད་ཉན་གྱི་སྒོ་ནས་གཏན་ལ་ཕབ་སྟེ་དར་རྒྱས་སུ་མཛད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་གཞུང་འདི་བྱུང་བ་ཡིན་ནོ། །

མཇུག་དོན།

ལྷ་མིའི་སྟོན་པ་བུ་རམ་ཤིང་པའི་མཁྱེན་བརྩེའི་མཁའ་དབྱིངས་སུ། །མངོན་པར་སོང་བའི་མི་ཕམ་གསུང་རབས་ནམ་མཁའི་གླང་པོ་ལས། །དམ་ཆོས་ཆར་རྒྱུན་ཐོགས་མེད་མཁྱེན་པའི་རྒྱ་མཚོར་འཁྱིལ་པའི་ཀླུང་། །དབྱིག་གཉེན་ལ་སོགས་བརྒྱུད་པའི་འཇུག་ངོགས་བདེ་བ་ལས་བབས་པ། །རྒྱལ་ཀུན་བགྲོད་པ་གཅིག་པུའི་ལམ་བཟང་མངོན་པར་རྟོགས་པའི་རྒྱན། །འགྲེལ་བཤད་བསྟན་པ་རབ་ཏུ་གསལ་བྱེད་སྒྲོན་མེར་རབ་ཕྱེ་བའི། །དགེ་འདིས་གཞུང་གི་ཤེར་ཕྱིན་ལ་བསྟེན་འགྲོ་ཀུན་རྒྱལ་བ་ཡི། །གཤེགས་ཤུལ་བསྙེགས་ནས་རྣམ་གྲོལ་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བཤད་བསྟན་པ་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་འདི་ནི་ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་བློ་གྲོས་མངའ་བ་རབ་འབྱམས་སྨྲ་བ་བསྟན་འཛིན་གར་དབང་གིས་བཤད་པ་ཉུང་ངུར་ཁྲིད་པ་བཞིན་པདྨ་འགྱུར་མེད་རྒྱ་མཚོས་རང་ལོ་བཅུ་བཞི་པ་ལ་སྦྱར་བའི་ཡི་གེ་པ་ནི་རྣམ་རྒྱལ་ཕུན་ཚོགས་གྱིས་བགྱིས་སོ།། །།