cover

སྔ་འགྱུར་སྨིན་གླིང་དཔེ་ཚོགས།

པོད་བཅུ་བཞི་པ།

རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི། འགྱུར་མེད་འཇམ་དཔལ་ཆོས་གྲགས། ཨོ་ཌཱི་ཡ་ན། རིག་འཛིན་འགྱུར་མེད་རྡོ་རྗེ།

འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དམ་པའི་ཆོས་ཇི་ལྟར་འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས། ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་ཇི་ལྟར་འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས་པ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་ཇི་ལྟར་འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས་པ་བཞུགས་སོ། །ༀ་སྭ་སྟི་སིདྡྷཾ། བླ་མ་དམ་པ་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདིར་དམ་པའི་ཆོས་ལ་འཆད་ཉན་བྱེད་ཚུལ་མདོ་ཙམ་ཞིག་བརྗོད་པར་བྱའོ། །འདི་ལ་བཞི་སྟེ། འཆད་པར་བྱེད་པ་པོ་སློབ་དཔོན། བཤད་བྱའི་ཡུལ་སློབ་མ། བཤད་བྱའི་ཆོས་ལ་འཆད་ཉན་བྱ་ཚུལ། དེ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ནི། སྤྱིར་མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བྱས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཅེས་གསུངས་པ་ལྟར། ཚུལ་ཁྲིམས་དག་པས་ལུས་ངག་དུལ་བ། ཐུགས་ཏིང་ངེ་འཛིན་གྱིས་ཞི་ཞིང་། ཤེས་རབ་དག་པས་ཉེ་བར་ཞི་བ། ཡོན་ཏན་གཞན་ལས་འཕགས་པས་ལྷག་པ། ཕྲིན་ལས་གཞན་དོན་ལ་ལེ་ལོ་མེད་པའི་བརྩོན་འགྲུས་དང་བཅས་པ། ཁྱད་པར་ཐོས་པ་ཆེ་བས་ལུང་གིས་ཕྱུག་ཅིང་། བཤད་བྱའི་དོན་དེ་ཉིད་རབ་ཏུ་རྟོགས་པ་དང་། འཆད་བྱེད་ཚིག་ལ་མཁས་པས་གང་ལ་གང་མོས་ཀྱི་ཆོས་འཆད་པ་ལ་ཐོགས་པ་མེད་པའི་མཁྱེན་རབ་དང་ལྡན་ཞིང་། གདུལ་བྱ་ལ་བརྩེ་བས་ཟང་ཟིང་མེད་པར་སྟོན་པ་ལ་སྐྱོ་ངལ་མེད་པ་སྟེ་ཆོས་བཅུ་ལྡན་ཞིག་གོ །དེ་ལྟར་ཡང་། བྱང་ཆུབ་སེམས་དཔའ་ཆོས་མང་དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། ཞི་སྐུ་ཀུན་སྤྱོད་གཙང་ཞིང་སྐྱོན་མེད་པ། །ཐེ་ཚོམ་གཅོད་མཁས་གསུང་སྙན་དྲི་མ་མེད། །ཐུགས་ནི་ཟབ་ཅིང་ཀུན་མཁྱེན་ཡེ་ཤེས་མཛོད། །ཡོན་ཏན་མཐའ་ཡས་


MLP014_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་དང་སྙིང་རྗེ་ཆེ། །ཤེས་རབ་རྒྱ་ཆེ་དགོངས་སྤྱོད་ནམ་མཁའ་འདྲ། །ཕྲིན་ལས་ཚད་མེད་འབྲེལ་ཚད་དོན་དང་ལྡན། །བྱམས་ལྡན་སྐྱོ་ངལ་སྤངས་ཤིང་རྟག་ཏུ་བརྩོན། །འགྲོ་བའི་ཁ་ལོ་གྱེན་དུ་སྒྱུར་ལ་བརྟེན། །ཅེས་སོ། །ཁྱད་པར་གསང་སྔགས་བླ་མའི་མཚན་ཉིད་ནི། སངས་རྒྱས་གསང་བའི་ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཞེས་པས་བརྒྱད་ལྡན་ཏེ། བསྐྱེད་རྫོགས་གསུམ་གྱི་དོན་ལ་མཁས་པས་གསང་བའི་མཛོད་གསུམ་དང་ལྡན་པ། དབང་བཞིའི་ཆུ་བོ་རྫོགས་པ། གསང་གཉེར་ཐུབ་པའི་སྣོད་ལྡན་ཡལ་བར་མི་འདོར་བའི་གཉེར་དང་ལྡན་པ། རྒྱུད་དོན་མཁས་པས་སློབ་བུའི་ཤེས་རྒྱུད་འགྲོལ་ནུས་པ། དཀྱིལ་འཁོར་དབང་བསྐུར་ཞི་རྒྱས་ཀྱི་ལས་སོགས་སྒྲུབ་པ་ལ་མཁས་པ། སྙན་བརྒྱུད་ཉམས་མྱོང་དང་ལྡན་པས་མན་ངག་གི་དྲོད་འཆང་བའོ། །དེ་ལྟར་ཡང་རྡོ་རྗེ་བཀོད་པ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །དམ་ཚིག་སྡོམ་པ་སྙིང་བརྩེར་བཅས། །མཁས་ཤིང་གཞན་ལ་ཕན་བརྩོན་པ། །རྡོ་རྗེ་གསང་བའི་སློབ་དཔོན་ལ། །རྣམ་པ་ཀུན་ཏུ་བརྟེན་པར་བྱ། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་དག་ཀྱང་མདོར་བསྡུ་ན། མཁས་པའི་ཤེས་རབ། བརྩེ་བའི་བསམ་པ། སྦྱོར་བ་བཟོད་པ་གསུམ་མམ། ཚུལ་ཁྲིམས་དག་པས་ལུས་ངག་གཙང་བ། ཤེས་རབ་དག་པས་ལུང་རིགས་མཁས་པ། ལྷག་བསམ་དག་པས་གཞན་ལ་ཕན་པའོ། །ཁྱད་པར་སྙིང་པོའི་ལམ་སྟོན་པའི་བླ་མ་ནི། ཚིག་གི་གདམས་པས་སྒྲོ་འདོགས་གཅོད་ནུས་པ། དོན་གྱི་ངོ་སྤྲོད་ཀྱིས་རྟོགས་པ་བསྐྱེད་ནུས་པ། བྱིན་རླབས་ཀྱི་ཟིལ་གྱིས་སྣང་བ་བསྒྱུར་ནུས་པ། མྱོང་བའི་ཐབས་མཁས་ཀྱིས་གེགས་སེལ་ནུས་པ་སྟེ་བཞི་ལྡན་ནོ། །འདི་ལྟ་བུའི་བླ་མའི་མཚན་ཐོས་པའམ། ཞལ་མཐོང་བའམ། གསུང་ཐོས་པ་ཙམ་གྱིས་རང་རྒྱུད་ཀྱི་སྒྲིབ་པ་ཅི་རིགས་འདག་ནས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་སྦྱོར་ནུས་པ་ཡིན་ཏེ། དགྱེས་རྡོར་ལས། གཞན་གྱིས་བརྗོད་མིན་ལྷན་


MLP014_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པའི་ཕྱིར། གལ་ཏེ་མཚན་ཉིད་ཀུན་ཚང་བ་མ་རྙེད་ན། ཡོན་ཏན་ཤས་ཆེ་བ་ལ་བརྟེན་པར་བྱ་སྟེ། དོན་དམ་བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བརྟེེན་པར་འགྱུར་བའོ། །ཞེས་སོ། །དེ་ཡང་སློབ་མས་བླ་མ་བསྟེན་པ་ན། དང་པོར་བརྟགས་ཐབས་གསུམ་གྱིས་བརྟག །བར་དུ་བཙལ་ཐབས་གསུམ་གྱིས་འཚོལ། ཐ་མར་བསྟེན་ཐབས་གསུམ་གྱིས་བསྟེན་པར་བྱའོ། །དང་པོ་ནི། རྒྱང་ནས་གཞན་ལ་དྲིས་ཏེ་བརྟག་པ། དྲུང་ནས་རང་གིས་བརྟག་པ། འདོད་ལྷ་དང་པྲ་སེ་ན་ལ་བརྟེན་ནས་བརྟག་པའོ། །གཉིས་པ་ནི། དེ་ལྟར་བརྟགས་པས་མཚན་ཉིད་ལྡན་པར་མཐོང་ན། ཐག་ཉེ་རིང་། ལུས་ངལ་དུབ། ནོར་ཟད་ཕོངས་ལ་མི་བལྟ་བར་བཙལ་བར་བྱ་སྟེ། རོག་བདེ་གཤེགས་ཆེན་པོའི་ཞལ་ནས། མཚན་ཉིད་ལྡན་པའི་བླ་མ་དེ། །སྟོང་གསུམ་འདས་པའི་ཕ་རོལ་ན། །ཡོད་པར་ངེས་ཤེས་རྙེད་གྱུར་ན། །སྲོག་ལ་བསྡོས་ཏེ་བཙལ་བར་བྱ། །ཞེས་སོ། །གསུམ་པ་ནི། དེ་ལྟར་བཙལ་བས་རྙེད་པའི་བླ་མ་དེ། འཆི་གསོས་ཀྱི་སྨན་ལྟར་འབྲལ་མེད་དུ་བསྟེན། ཁོང་གི་སྙིང་ལྟར་གཟུ་ལུམས་དང་རས་གཅོད་མི་བྱ་བར་བསྟེན། ཡིད་བཞིན་གྱི་ནོར་བུ་ལྟར་བསྙེན་བཀུར་ལ་ཚད་བཟུང་མི་བྱ་བར་བསྟེན་པར་བྱ་སྟེ། སྡུད་པ་ལས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བརྟེན་བྱ་སྟེ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་གསུངས་ཤིང་། བླ་མ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པ་བསྟེན་པས་སློབ་མའི་རྒྱུད་གྲོལ་བར་ནུས་ཏེ། མཁས་པས་ཤེས་བྱའི་སྒྲོ་འདོགས་ཆོད། བཙུན་པས་སྤྱོད་པ་ཆུད་མི་འཛའ། བཟང་བས་རྗེས་སུ་གདམས་པའི་སྒོ་ནས་ཕན་བདེ་ལ་སྦྱོར་བར་མཛད་པ་ཡིན་ནོ། །གཞན་ཡང་ཐལ་འགྱུར་ལས། འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་ཡིད་ཀྱིས་མཉེས་པ་ཡི། །བླ་མ་སངས་རྒྱས་མཉམ་པ་སྟེ། །སྟོན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་


MLP014_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡིན། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །གཉིས་པ་བཤད་བྱའི་ཡུལ་སློབ་མ་ནི། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་དང་། མཁས་འཇུག་ལས། བློ་གསལ་ཤེས་འདོད་བླ་མར་གུས། །ཞེས་པ་ལྟར། ང་རྒྱལ་མེད་པའི་དད་པས་བླ་མ་ལ་གུས་པ། རང་བཞིན་གྱིས་བློ་གྲོས་གསལ་བས་བརྗོད་དོན་རྟོགས་པར་ནུས་པ། རྩོལ་བར་ཤེས་པས་འདོད་པའི་འདུན་པ་དང་ལྡན་པ་ལ་འདུས་མོད་ཀྱི། རྒྱས་པར་ན་སྤྱིར་ལུང་ལས། བླ་མ་ལ་གུས་ཚུལ་ཁྲིམས་ཡོངས་དག་དང་། །བསམ་གཏན་དང་ནི་འདོན་ལ་རབ་བརྩོན་པ། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་སྟེ། །སྡོམ་བརྩོན་གནས་པའི་ཆོས་ལྡན་ལེགས་པར་གནས། །ཞེས་གསུངས་ཤིང་། ཁྱད་པར་དགག་ཕྱོགས་ནས་སྣོད་ཀྱི་སྐྱོན་གསུམ་མམ་བཞི་དང་བྲལ་ཞིང་དྲི་མ་དྲུག་སྤངས་པ་སྟེ། སྐྱོན་ནི། ཐོས་པའི་སྣོད་སྐྱོན་ཁ་སྦུབ་ལྟ་བུ། བསམ་པའི་སྣོད་སྐྱོན་ཞབས་བརྡོལ་དང་གཞོགས་རལ་བ་ལྟ་བུ། སྒོམ་པའི་སྣོད་སྐྱོན་དུག་ཅན་ལྟ་བུ་སྟེ། ཡུམ་བར་མ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །ཞེས་དང་། སྒྱུ་འཕྲུལ་ལམ་རིམ་ལས། སྣོད་ངན་བཅུད་ཆེན་འཛག་དང་འབོ། །མི་ཆགས་མ་རུངས་བྱེད་པ་དང་། །ཞེས་གསུངས་ཤིང་། གཞན་ལས་ཀྱང་། རྟོག་པ་ཐམས་ཅད་རབ་ཏུ་བསྡུས་ནས་ཀྱང་། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་བརླབ། །ཅེས་སོ། །དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་གསུངས། སྒྲུབ་ཕྱོགས་ལ་ཡོན་ཏན་ལྔ་ལྡན་ནམ་བརྒྱད་ལྡན་ཏེ། གསང་སྙིང་ལས། སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་པས། ངང་ཆུ་རྒྱུན་ལྟར་རིང་བ། ཚུལ་དགེ་སྦྱོང་ལྟར་ཞི་བ། བསམ་པ་གསེར་ལྟར་བཟང་བ། བློ་རི་རྒྱལ་ལྟར་བརྟན་


MLP014_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལུས་དང་ལོངས་སྤྱོད་ཆོས་ཕྱིར་གཏོང་ཕོད་པ་སྟེ་ལྔའམ། དེའི་སྟེང་དུ་འགྲེལ་པ་སྤར་ཁབ་ལས། ཤེས་རབ་དང་། སྙིང་རྗེ་དང་། ནོགས་ཐུབ་པ་ནི་སྣོད་དང་ལྡན་པའོ། །ཞེས་པས། དོན་གོ་ཞིང་རྟོགས་པའི་ཤེས་རབ། གཞན་དོན་ལ་སྤྲོ་བའི་སྙིང་རྗེ། བསྟན་པའི་དོན་འཛིན་ནུས་པས་ནོགས་ཐུབ་པ་སྟེ་གསུམ་པོ་བསྣན་པས་བརྒྱད་དོ། །གཞན་ཡང་རྡོ་རྗེ་བཀོད་པ་ལས། སྐལ་ལྡན་གུས་དང་གཏོང་ཕོད་ཆེ། །བློ་བརྟན་ཡངས་ཤིང་སྒྲུབ་ལ་བརྩོན། །ཆོས་མཆོག་སྙིང་རྗེ་དམ་ཚིག་ལྡན། །རྡོ་རྗེ་སློབ་མར་ཤེས་པར་བྱ། །ཞེས་དང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །བློ་བརྟན་ཡངས་ཤིང་སྒྲུབ་ལ་བརྩོན། །སློབ་དཔོན་ཇི་སྐད་གསུང་བཞིན་བྱེད། །ཅེས་སོ། །དེ་ལས་ཀྱང་གསང་ཆེན་སྙིང་པོའི་རྒྱུད་དང་མན་ངག་རྣམས་ནི་དབང་རྣོན་ཁོ་ནའི་སྤྱོད་ཡུལ་ཡིན་ཏེ། རྒྱས་པ་ལས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་དེ། །སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས། །ཞེས་གསུངས་ཤིང་། དེ་ལའང་གཉིས་ལས། རང་བཞིན་གྱི་དབང་རྣོན་ནི། དེ་ལས། ཡངས་ལ་རྒྱ་ཆེ་གཏིང་ཟབ་པ། །ཤེས་རབ་ཟབ་པས་རྟོགས་པར་འགྱུར། །ཞེས་དང་། སྦྱངས་པའི་དབང་རྣོན་ནི། རྩ་རྒྱུད་ལས། ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་བཟུང་། །ཞེས་སོ། །དེ་ཡང་ཐོག་མར་བླ་མས་སློབ་མའི་འབྲེལ་བརྟག་པའི་ཚེ། རིགས་རྒྱུད་བཟང་ངན་དང་རྒྱུད་འཇམ་རྩུབ་དང་དད་པ་དང་གཏོང་ཕོད་ཆེ་ཆུང་སོགས་རྒྱང་ནས་གཞན་ལ་དྲིས་ཏེ་བརྟག་པ། དྲུང་ནས་རང་གིས་བརྟག་པ། པྲ་སེ་ན་དང་མོ་ལ་སོགས་པས་བརྟག་པ། ཆོས་སྟོན་དུ་རུང་མི་རུང་མཁའ་འགྲོ་ཆོས་སྐྱོང་ལ་དམོད་བཙུགས་ཏེ་བརྟག་པ། ཁྱད་པར་ལས་ལ་བཀོལ་ཞིང་ངག་གིས་འཐབ་པ་སོགས་སྤྱོ་བའི་སྒོ་ནས་བརྟགས་པས་མི་ལྡོག་ཅིང་བརྟན་ན་གཟུང་བར་བྱ་སྟེ། ལམ་རིམ་ལས། དེ་བས་རྡོ་རྗེ་གཉེར་ལྡན་པས། །རྒྱང་དྲུང་སེན་པྲ་མཁའ་འགྲོ་ཡིས། །གསང་སྔགས་བལྟས་སྟོན་སྤྱོ་བ་ཡིས། །ཅི་ནས་བརྟགས་ཏེ་བཟང་ལྡན་ན། །མི་ལྡོག་བརྟན་བྱ་བལྟས་པ་ཡིས། །སློབ་མ་གང་ཡིན་ལག་ཏུ་གཏད། །ཅེས་གསུངས་པའི་ཕྱིར། གལ་ཏེ་ཤེས་རློམ་གྱིས་ཁེངས་པའི་སྐྱེ་བོ་དག་ཆོས་མཉན་པའི་


MLP014_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལྷགས་ན། ཐོག་མར་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་ཉིད་ཆེན་པོ་ཁྱོད་ལྟ་བུའི། །མདུན་དུ་བདག་གིས་ག་ལ་སྤོབས། །ཁྱོད་ནི་ཤེས་རབ་ཆེན་པོ་སྟེ། །ཞེས་ཁེངས་བསྐྱུངས་ཀྱི་ཚིག་གིས་བཟློག་ཅིང་། ཅི་ནས་ཀྱང་ཉན་པར་འདོད་ན་གཟུང་བར་བྱའོ། །མདོར་ན་ཆོས་ཀྱི་ཚིག་དོན་ལ་ཡིད་རྟོན་པ་སྦྱོར་བརྩོན་གྱིས་འབད་ནུས་པ། ཆོས་མ་ཤེས་ན་གཞན་གྱིས་ཁྲེལ་ཞིང་བརྙས་པའི་གནས་སུ་འགྱུར་རོ་སྙམ་དུ་གྲགས་པ་ངན་པས་འཇིགས་པ་ཞིག་ཀྱང་དགོས་པ་ཡིན་ནོ། །གསུམ་པ་བཤད་བྱའི་ཆོས་ལ་འཆད་ཉན་བྱ་ཚུལ་ལའང་། བཤད་བྱ་ངོས་བཟུང་བ་དང་། དེ་ཇི་ལྟར་འཆད་ཚུལ་ལོ། །དང་པོ་བཤད་བྱའི་ཆོས་གང་ཞེ་ན། རྒྱལ་བའི་བཀའ་དྲི་མ་མེད་པའི་ལུང་། མཁས་པས་བཀྲལ་བའི་དགོངས་འགྲེལ་གྱི་མན་ངག །དེ་གཉིས་དང་རྗེས་སུ་མཐུན་པར་སྐྱེས་པའི་རིགས་པ་སྟེ། སྒྱུ་འཕྲུལ་བཤད་རྒྱུད་རྡོ་རྗེ་མེ་ལོང་ལས། ལུང་དང་རིགས་པ་མན་ངག་གི །ཚད་མ་དག་གིས་གང་གཞལ་བས། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་དང་། སློབ་དཔོན་ཆེན་པོ་བི་མ་ལས། ཐུགས་ཀྱི་སྒྲོན་མ་གསང་བའི་འགྲེལ་པ་འདི། །ལུང་དང་མན་ངག་རིགས་པས་གཏན་ལ་ཕབ། །ཅེས་སོ། །དེ་ཡང་ཤེས་རབ་རྣམ་པ་གསུམ་གྱི་ཡུལ་ཏེ། ཐོས་བྱུང་གི་ཤེས་རབ་ཀྱིས་སྡེ་སྣོད་རྣམ་པ་གསུམ་གྱི་དང་རྒྱུད་སྡེ་བཞིའམ་དྲུག་གིས་བསྡུས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ནང་རིག་པ་དང་། དེའི་གདུལ་བྱ་རྗེས་སུ་འཛིན་པའི་ཡན་ལག་ཏུ། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་གཞན་དག་ཚར་གཅོད་ཀྱི་རིག་པ་སྒྲ་ཚད། རྗེས་འཛིན་གྱི་རིག་པ་བཟོ་གསོ་སྟེ་ཐུན་མོང་གི་རིག་གནས་བཞི་ལའང་འཆད་ཉན་གྱིས་མཁས་པར་སྦྱོང་ཞིང་། དེ་ཡང་བསམ་བྱུང་གི་ཤེས་རབ་ཀྱིས་ཐོས་དོན་ལེགས་པར་བསྐྱངས་ཏེ་ངེས་ཤེས་བསྐྱེད་པ་དང་། ཇི་ལྟར་ཤེས་པའི་དོན་དེ་སྒོམ་བྱུང་གི་ཤེས་རབ་ཀྱིས་སྒྲུབ་ཅིང་ཉམས་སུ་ལེན་པའོ། །དེ་རྣམས་ཀྱིས་ཕྱོགས་རེ་ཙམ་གྱིས་ཆོག་པར་མི་འཛིན་པར་ཐམས་ཅད་དུ་འབྲེལ་བར་བསླབ་ན་དམ་པའི་ཆོས་ལ་གནས་པ་ཞེས་བྱ་སྟེ། མངོན་པ་ཀུན་ལས་བཏུས་ལས། ཇི་


MLP014_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་ཆོས་རྣམས་ལ་ཆོས་ལ་གནས་པ་ཡིན་ཞེ་ན། ཐོས་པ་བསམ་པ་ལ་མ་བརྟེན་པར་སྒོམ་པའི་སྦྱོར་བ་འབའ་ཞིག་གིས་ཆོས་ལ་གནས་པ་མ་ཡིན་གྱི། སྒོམ་པ་ལ་མ་བརྟེན་པར་ཐོས་པ་དང་བསམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི། གཉིས་ཀ་ལ་བརྟེན་ཅིང་གཉིས་ཀ་ལ་གནས་ན་ཆོས་ལ་གནས་པ་ཡིན་ནོ། །ཞེས་དང་། ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ཡང་ནི་རབ་ཏུ་འབྱུང་། །ཞེས་གསུངས། མདོར་ན་བཤད་བྱའི་ཆོས་དེའང་སྟོན་པ་སངས་རྒྱས་ཀྱིས་གསུངས། དེ་མཁས་པས་བཤད་ཅིང་། གྲུབ་ཐོབ་ཀྱིས་ཉམས་སུ་མྱོང་བས་གཏན་ལ་ཕབ་པའི་ཆོས་ལ་ཉན་བཤད་བྱ་དགོས་པ་ཡིན་ནོ། །གཉིས་པ་ཇི་ལྟར་འཆད་པའི་ཚུལ་ནི། འཆད་པ་པོས་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པ་ལྟར་བདུད་ཚར་གཅོད་པའི་གཟུངས་ཁ་ཏོན་དུ་བྱེད་བཞིན་དུ། པད་མ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་ནས། །སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ། །གཏམ་མང་རྣམ་པ་སྣ་ཚོགས་ཉེ་བར་སྟོན། །ཅེས་པ་ལྟར་ས་ཕྱོགས་ཡངས་པར་སེང་ཁྲི་རྒྱན་གྱིས་སྤྲས་པ་ལ་འདུག་ནས། མཁས་འཇུག་ལས། སྒོ་གསུམ་སྤྱོད་པ་རྣམ་དག་པས། །བསྟན་པ་བསྲུང་ཕྱིར་གུས་པས་སྒྲུབ། །ཅེས་གསུངས་པས་ལུས་ཀྱི་སྐྱོན་ཉལ་བ་དང་། རྐང་པ་རྐྱོང་བ་སོགས་སྤངས་ཏེ་སྟོན་པ་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལྟར་སྐྱིལ་ཀྲུང་དྲང་པོར་ཞི་ཞིང་འཛུམ་པའི་མདངས་ཀྱིས་འདུག་པར་བྱའོ། །ངག་གི་སྒྲ་ཡང་སྐད་གདངས་ཧ་ཅང་ཞན་པ་དང་། ཧ་ཅང་མཐོ་བ་དང་། སྒྲ་གསང་མཐོ་དམན་སྣ་ཚོགས་དང་། ཟློས་པ་སོགས་སྤངས་ཏེ་དབྱངས་ཀྱི་ཡན་ལག་ཕུན་སུམ་ཚོགས་པས་གསལ་དག་སྙན་པའི་སྒོ་ནས། འཆད་པ་པོས་བརྗོད་བདེ། ཉན་པ་པོས་བཟུང་སླ། ཇི་ལྟར་བཤད་ཀྱང་འཐད། ཇི་ཙམ་བཤད་ཀྱང་རན་པ་སོགས་སྨྲ་བའི་རྒྱན་དང་ལྡན་པར་བཤད་དོ། །ཡིད་ཆགས་སྡང་དང་འགྲན་སེམས་སོགས་རང་འདོད་ཀྱི་འཁྲི་བ་སྤངས་ཏེ། འོག་ཏུ་འཆད་པ་ལྟར་གྱིས་ཏིང་ངེ་འཛིན་ལ་གནས་པས།


MLP014_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཕན་བདེ་ལ་འགོད་པའི་ལྷག་བསམ་རྣམ་པར་དག་པས་འཆད་དོ། །ཉན་པ་པོས་ཀྱང་། མ་གུས་པ་ལ་ཆོས་མི་འཆད། །མི་ན་བཞིན་དུ་མགོ་གཡོགས་དང་། །གདུགས་དང་འཁར་བ་མཚོན་ཐོགས་དང་། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་གསུངས་པ་ལྟར་མ་གུས་པའི་སྤྱོད་ལམ་སྤངས་ནས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། ཚིག་གི་བདུད་རྩི་འཐུང་བ་བཞིན། །ཞེས་གསུངས་པའི་སྤྱོད་ལམ་དང་ལྡན་པས་ཆོས་ཉན་པའི་མཐུན་རྐྱེན་སྣ་ཚོགས་ཚང་བ་ལ་དགའ་ཞིང་སྤྲོ་བས་མཉན་དགོས་ཏེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ནི་ཚོགས་ཀྱི་སྙིང་པོ་ཡིན། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་སོ། །དེ་ཡང་ཐོག་མར་སློབ་མས་བླ་མ་ལ་ཕྱག་སྔོན་དུ་འགྲོ་བས་ཡོན་དང་མཎྜལ་ཕུལ་ལ། བླ་མ་ལྔ་བཅུ་པར། པུས་བཙུགས་ཐལ་མོ་སྦྱར་བ་ཡི། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་པས་གསོལ་བ་ལན་གསུམ་བཏབ་ནས། སྦྱོར་བ་བྱང་ཆུབ་ཏུ་སེམས་བསྐྱེད། དངོས་གཞི་ཐོས་པའི་ཚིག་དོན་འཛིན། རྗེས་བཀའ་དྲིན་དྲན་པ་དང་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་རྣམས་བྱའོ། །དེ་ལ་ཆོས་འཆད་པའི་ཏིང་ངེ་འཛིན་ནི། བཤད་བྱའི་ཆོས་མདོ་ཡིན་ན་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་ལྟ་བའི་ངང་ནས་འཆད་ཅིང་ཉན་ལ། སྔགས་རྒྱུད་ཡིན་ན། སྲུང་འཁོར་བསྒོམ་པ་དང་རྒྱུད་གཏོར་འབུལ་བ་སོགས་སྔོན་དུ་བཏང་ནས། དཔོན་སློབ་གཉིས་ཀས་སྔོན་བྱུང་ཇི་ལྟ་བར་བསྒོམ་པའམ། ཡང་ན་གསང་འདུས་ལས། མདོ་དོན་ཆོ་གའི་བྱ་བ་ལ། །རྟག་པར་རྡོ་རྗེ་ཆོས་སུ་བྱ། །ཞེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ལས། སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །ཞེས་སོགས་གསུངས་པ་ལྟར་འཆད་པ་པོས་གསུང་རྡོ་རྗེ་སྣང་བ་མཐའ་ཡས་དང་། ཉན་པ་པོས་རིན་འབྱུང་དུ་བསྒོམ་པའང་རུང་ཞིང་། སྤྱི་ཙམ་དུ་ཀུན་མཁྱེན་ཆེན་པོས། དེ་ཡང་བདག་ཉིད་འཇམ་དཔལ་བསམ་པ་ཡིས། །སྙིང་ནང་ཆོས་ཀྱི་འོད་ཟེར་ཕོག་པར་བསམ། །ཞེས་པས་འཆད་པ་པོ་འཇམ་དཔལ་དུ་གསལ་བཏབ་པའི་ཞལ་ནས་


MLP014_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འོད་ཟེར་བྱུང་བ། སློབ་མའི་སྙིང་ནང་དུ་ཕོག་པས་མི་ཤེས་པའི་མུན་པ་བསལ་ནས་བློ་གྲོས་ཀྱི་པདྨོ་རྒྱས་པར་བསམ་ལ་འཆད་ཅིང་མཉན་ནོ། །དེ་ཡང་འཆད་ཐབས་ཀྱི་མན་ངག་ནི། མདོ་ཡིན་ན་ཕུན་སུམ་ཚོགས་པ་ལྔ་དང་། བསྟན་བཅོས་ཡིན་ན་རྩིས་འགོ་རྣམ་པ་ལྔ་དང་། མདོ་བསྟན་ཐུན་མོང་དུ། དགོས་པ་བསྡུ་བའི་དོན་བཅས་དང་། །ཚིག་དོན་བཅས་དང་བརྒལ་ལན་བཅས། །མཚམས་སྦྱར་བསྙད་དེ་བཤད་པར་བྱ། །ཞེས་པ་ལྟར་མན་ངག་ལྔའི་སྒོ་ནས་འཆད་ཅིང་། ཁྱད་པར་ཟབ་མོའི་མདོ་སྡེ་རྣམས་དགོངས་ལྡེམ་དགོངས་དང་དྲང་ངེས་ལ་སོགས་པའི་སྒོ་ནས་འཆད་དོ། །གསང་སྔགས་ཀྱི་རྒྱུད་རྣམས་ཀྱིས་ནི་སྤྱིར་སྨིན་གྲོལ་གཉིས་སམ་བདེན་པ་གཉིས་དང་། མ་ཧཱ་མཱ་ཡ་ལས། སྔགས་དང་སྦྱིབས་དང་ཆོས་བདག་ཉིད། །སྦྱོར་བ་རྣམ་གསུམ་ཤེས་བྱ་སྟེ། །ཞེས་རྣལ་འབྱོར་གསུམ་དང་། དགྱེས་རྡོར་དུ་དག་པ་གསུམ་དང་། ཕྱི་ནང་གསང་བ་དེ་བཞིན་ནང་། །དེ་བཞིན་ཉིད་དོན་རྣམ་པ་བཞི། །ཞེས་པའམ། མངོན་བྱང་ལས། ལས་ཀྱི་ཕྱག་རྒྱ་ལེགས་སྦྱངས་ཏེ། །ཆོས་ཀྱི་ཕྱག་རྒྱ་བསྒོམ་པར་བྱ། །ཕྱག་རྒྱ་ཆེན་པོ་དེ་ཡི་སྟེང་། །དེ་ལས་དམ་ཚིག་ཡང་དག་འབྱུང་། །ཞེས་ཕྱག་རྒྱ་བཞི་དང་། ཕྱི་ནང་གཞན་དང་། རྟོན་པ་བཞིར་བཤད་པ་སོགས་མང་མོད། གསང་ཆེན་སྔ་འགྱུར་གྱི་ལུགས་ལ། ཧེ་རུ་ཀ་གལ་པོ་ལས། མ་ཧཱ་ཡོ་གའི་རྒྱན་བདུན་དང་། །གླེང་བསླང་བ་དང་སངས་རྒྱས་ཚུལ། །རྒྱས་བཤད་མཐའ་དང་བཤད་པའི་ཚུལ། །དབྱེ་བའི་རྣམ་པ་གང་ཟག་སྣོད། །བདེན་པའི་དགོངས་པ་ཤེས་པར་བྱ། །ཞེས་པ་ལྟར་མ་ཧཱ་ཡོ་ག་རྣམས་རྒྱན་བདུན་དང་། དེ་བཞིན་ཨ་ནུ་རྣམས་ལུང་བདུན་དང་། ཨ་ཏི་རྣམས་ཀྱིས་སྤྱི་དོན་དྲུག་གི་སྒོ་ནས་བློ་ཁ་དབྱེ་བར་བཤད་ཅིང་། སྒྲུབ་སྡེ་རྣམས་ནི། བདེ་འདུས་རྒྱུད་ཀྱི་སྤྱི་ཆིངས་ལས། བཤད་ཐབས་མན་ངག་ཉི་ཤུ་ལ། །སྤྱི་སྡོམ་ལྔ་དང་རྒྱུད་ཆིངས་ལྔ། །ལུང་སྡེབ་ལྔ་དང་སྒྲུབ་ཐབས་ཀྱི། །སྦྱོར་ལུགས་ལྔ་ཡིས་གཏན་ལ་དབབ། །ཅེས་བཤད་ཐབས་ཉི་ཤུར་གསུངས་ཤིང་། བྱེ་བྲག་བསྐྱེད་རྫོགས་གསུམ་ཀའི་ཐུན་མོང་དུ་སྤྱི་དོན་ལྔ་དང་། སྒྱུ་འཕྲུལ་བ་ལ་རྒྱུད་གསུམ་མམ་བཞིར་འཆད་པ་སོགས་སྣང་ལ། གསར་རྙིང་ཐུན་མོང་དུ་མཐའ་དྲུག་ཚུལ་བཞིའི་སྒོ་


MLP014_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཤད་པ་ལ་སོགས་པ་རྣམས་སོ། །དེ་ཡང་འཆད་ཅིང་ཉན་པའི་ཚེ་ཆོས་ཀྱི་ཚིག་དོན་ལས་གཞན་དུ་མ་ཡེངས་པར་བློ་གནས་པ་ནི་ཞི་གནས། ཚིག་དོན་གྱི་རྣམ་དབྱེ་མ་འདྲེས་པར་གསལ་ཞིང་དོན་གོ་བ་ནི་ལྷག་མཐོང་སྟེ། ཡོན་ཏན་བཀོད་པའི་མདོ་ལས། འཇམ་དཔལ་འདི་ལྟར་ཐོས་པ་ཉིད་ལ་རྩེ་གཅིག་ཏུ་མ་ཡེངས་པ་སེམས་རབ་ཏུ་འཛིན་པ་ལ་ནི་སྒྲའི་རྗེས་སུ་མཐུན་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་ལ། སོ་སོར་འབྱེད་ཅིང་གསལ་བར་དཔྱོད་པ་ནི་དོན་རབ་ཏུ་འབྱེད་པའི་ལྷག་མཐོང་ངོ་། །ཞེས་སོ། །མདོར་ན་ཇི་ལྟར་འཆད་པའི་ཆོས་ཀྱི་སྒོ་ཡང་། དྲང་དོན་གྱི་གདམས་པས་ཚེ་འདིའི་ཞེན་འཁྲིས་གཅོད་པ། ངེས་དོན་གྱི་གདམས་པས་འཁོར་བའི་མཚོ་ལས་སྒྲོལ་བ། སྙིང་པོ་དོན་གྱི་གདམས་པས་སྲིད་ཞི་མཉམ་ཉིད་དུ་གྲོལ་བར་བྱེད་པ་ལ་འདུས་པ་ཡིན་ནོ། །བཞི་པ་ཉན་བཤད་བྱས་པའི་ཕན་ཡོན་ལ་གཉིས་ལས། དང་པོ་གཙོ་བོར་ཉན་པ་པོས་ཐོབ་པའི་ཕན་ཡོན་ནི། གཎྜཱིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜཱི་བརྡུང་བའི་སྒྲ། །ཐོས་པས་བྱང་ཆུབ་འཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་དང་། འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མིག་ལྡན་མར་མེ་ཡོད་གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་མི་དགེའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་དང་། མྱ་ངན་མེད་ཀྱིས་སྦྱིན་པ་ལུང་བསྟན་པའི་མདོ་ལས། ཀུན་དགའ་བོ། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས་གང་གི་ཚེ་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་རྣ་ལམ་དུ་ཐོས་ན། དེ་ནི་དེ་བས་བསོད་ནམས་མང་དུ་བསྐྱེད། ཅེས་དང་། རྒྱུད་བླ་མར། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་དང་། སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཅེས་གསུངས་སོ། །གཉིས་པ་འཆད་པ་པོས་ཐོབ་པའི་ཕན་ཡོན་


MLP014_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་གྱིས། །མེ་ཏོག་བྱུག་པ་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་མ་ཡིན། །ཞེས་དང་། གང་གིས་གང་ཞིག་ཇི་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །དགའ་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་བས། །གང་ཞིག་སེམས་ཅན་གཅིག་ལ་ཚིགས་བཅད་སྦྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེ་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་དུ་བསམ་དུ་ག་ལ་ཡོད། །ཅེས་དང་། རྩ་རྒྱུད་གསང་བ་སྙིང་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་དང་། རིན་ཆེན་ཕྲེང་བར། ཆོས་ཀྱི་ཆེད་དང་དེ་བཞིན་དུ། །གཞུང་གི་དོན་རྣམས་སྟོན་པ་དང་། །ཆོས་ཀྱི་སྦྱིན་པ་ཇི་སྙེད་པས། །ཚེ་རབས་དྲན་པ་ཐོབ་པར་འགྱུར། །ཞེས་སོགས་ཕན་ཡོན་དཔག་ཏུ་མེད་པ་གསུངས་མོད། འདིར་མདོ་ཙམ་མོ། །ཞེས་ཆོས་འཆད་ཉན་བྱེད་ཚུལ་གྱི་གཏམ་ཅུང་ཟད་སྨྲས་པ་འདི་ཡང་ཁམས་ས་ངན་པ་དད་བརྩོན་ཐོས་པའི་ནོར་གྱིས་ཕྱུག་པའི་བླ་མ་གསང་སྔགས་བསྟན་འཛིན་དང་ཀུན་བཟང་རྣམ་རྒྱལ་གཉིས་ཀྱིས་བསྐུལ་ངོར། གཏེར་ཆེན་བླ་མའི་བཀའ་དྲིན་གྱིས་འཚོ་བའི་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཧོར་ཟླ་དགུ་པའི་ཚེས་ཉེར་བརྒྱད་ཀྱི་ཕྱི་དྲོ་ཐུན་ཆེན་གཅིག་ལ་རྫོགས་པར་སྤེལ་བས་དགེ་ལེགས་སུ་གྱུར་ཅིག། །།

མཆོག་དམན་སྤྱི་ཙམ་གྱི་མདུན་སར་འབེལ་གཏམ་གླེང་བའི་དཔེར་བརྗོད་རྒྱ་འབག་གི་མིག་ལྟ་བུ། ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམན་སྤྱི་ཙམ་གྱི་མདུན་སར་འབེལ་གཏམ་གླེང་བའི་དཔེར་བརྗོད་རྒྱ་འབག་གི་མིག་ལྟ་བུ་ཞེས་བྱ་བ་ལགས་སོ། །ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམན་སྤྱི་ཙམ་གྱི་མདུན་སར་འབེལ་གཏམ་གླེང་བའི་དཔེར་བརྗོད་རྒྱ་འབག་གི་མིག་ལྟ་བུ་ཞེས་བྱ་བ་ལགས་སོ། །དེ་ཡང་སྙན་ངག་གི་བསྟན་བཅོས་ཆེན་པོ་དཔག་བསམ་འཁྲི་ཤིང་ལས། ལེགས་བཤད་རྣམས་དང་མཐུ་རྣམས་དང་། །དོག་པ་རྣམས་ཀྱང་རྒྱས་པ་ནི། །གསར་པ་ཁོ་ནས་ཡིད་འཕྲོག་སྟེ། །བུད་མེད་རྣམས་ཀྱི་ལང་ཚོ་བཞིན། །ཞེས་གསུངས་པ་ལྟར། རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པའི་སྐྱེས་བུ་དམ་པ་རྣམས་ནི་ཟང་ཟིང་གི་ནོར་ཙམ་གྱིས་མགུ་བ་མ་ཡིན་གྱི། སྔར་མ་གྲགས་པའི་ལེགས་བཤད་ཀྱི་གཏམ་གསར་པ་ཁོ་ནས་ཡིད་འཕྲོག་པར་བྱེད་པ་ཞིག་ཡིན་ལ། རྒྱུ་མཚན་དེས་གང་དུ་གླེང་བའི་ཡུལ་ཡང་། གཞུང་ལུགས་ལ་ལེགས་པར་སྦྱངས་ཤིང་མཁས་པའི་མཁྱེན་པ་ཅན་ཚོགས་པའི་མདུན་སར་སྨྲ་བར་རིགས་པ་ཡིན་ཏེ། མང་པོའི་དབུས་སུ་མང་པོ་ཡི་ནི་གཏམ་གྱིས་ཏེ། །མཁས་པའི་དབུས་སུ་མཁས་པའི་གཏམ་གྱིས་དགའ་བ་བསྐྱེད། །ཅེས་དང་། སློབ་དཔོན་ཆེན་པོ་དཔའ་བོའི་ཞལ་སྔ་ནས་ཀྱང་། དམ་པ་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བ་བསྐྱེད། །ཅེས་གསུངས་པ་དེ་ཡིན། གང་ལས་གླེང་ན། སྙིང་རྗེ་པདྨ་དཀར་པོའི་མདོའི་རྗེས་སུ་འབྲངས་ནས་སངས་རྒྱས་བྱོན་ཚུལ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོའི་རྗེས་སུ་འབྲངས་ནས་སངས་རྒྱས་སྟོང་བྱོན་ཚུལ། དེའི་ནང་ནས་ཀྱང་རྒྱ་ཆེ་རོལ་པའི་མདོ་ལྟ་བུ་ལ་བརྟེན་ནས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཆོད་རྟེན་བརྒྱད་བསྟོད་དུ། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་


MLP014_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར། འོ་སྐོལ་གྱི་སྟོན་པ་ཐུབ་པའི་དབང་པོ་ཉིད་ཀྱིས། དང་པོར་ཐུགས་བསྐྱེད་ཚུལ། བར་དུ་ཚོག་བསགས་ཚུལ། མཐར་མངོན་པར་རྫོགས་པ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་སོགས་མཛད་པ་བཅུ་གཉིས་ལས་འཕྲོས་ཏེ་ཞུས་ཀྱང་རུང་ལ། ཡང་མདོ་སྡེ་རྒྱན་ལས། ཇི་ལྟར་མནམ་ན་རབ་དཀུ་ཞིང་། །མྱངས་ན་ཞིམ་པའི་སྨན་བཞིན་དུ། །དེ་བཞིན་ཆོས་ཀྱང་རྣམ་གཉིས་ཏེ། །དོན་དང་ཡི་གེར་ཤེས་པར་བྱ། །ཞེས་གསུངས་པ་ལྟར། བརྗོད་བྱ་དོན་གྱི་ཆོས་སྤངས་རྟོགས་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་རྟོགས་པའི་དམ་ཆོས་དང་། དེ་བརྗོད་བྱར་སྟོན་པའི་རིགས་སུ་གནས་པའི་ལེགས་བཤད་རྗོད་བྱེད་ལུང་གི་ཆོས་ཏེ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས། ལུང་གི་ཆོས་དེ་ལའང་། ལེགས་པར་གསུངས་པ་བཀའི་རྣམ་བཞག་དང་། དགོངས་འགྲེལ་བསྟན་བཅོས་ཀྱི་རྣམ་པར་བཞག་པ་གཉིས་སུ་བཤད་ཀྱང་ཆོག་སྟེ། ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་པ་ལྟ་བུ་ལས་བརྩམས་ཏེ་གླེང་བའམ། ཡང་རྡོ་རྗེ་གཅོད་པའི་འགྲེལ་པ་དང་། ཐུབ་པ་དགོངས་གསལ་དང་། འབུམ་ཊཱིཀ་ལ་སོགས་པའི་རྗེས་སུ་འབྲངས་ནས་ཐུབ་པའི་བསྟན་པ་རིན་པོ་ཆེ་འདིའི་གནས་ཚད་ལས་འཕྲོས་ཏེ་འཆད་པའམ། ཡང་གཞུང་ལུགས་རྣམས་ལ་མཁས་པར་བྱ་བའི་ཕྱིར། སྤྱོད་འཇུག་ལས། འཇིག་རྟེན་པ་ཡིས་དངོས་མཐོང་ཞིང་། །ཡང་དག་ཉིད་དུའང་རྟོགས་བྱེད་ཀྱི། །སྒྱུ་མ་ལྟ་བུ་མིན་པས་འདིར། །རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །ཅེས་པ་ལྟར། ཉེར་ལེན་གྱི་ཕུང་པོ་ནི་བདེན་པ་དང་། ཆུ་ཟླ་ལ་སོགས་པ་རྫུན་པའོ། །ཞེས་གྲུབ་མཐས་བློ་མ་བསྒྱུར་བ་རྣམས་འདོད་ལ། གྲུབ་མཐས་བློ་བསྒྱུར་བ་རྣམས་ནི། རིགས་པས་མི་གནོད་པ་ནི་བདེན་པ་དང་། ཉེར་ལེན་གྱི་ཕུང་སོགས་རྫུན་པ་སྒྱུ་མ་ལྟ་བུའོ། །ཞེས་འདོད་ཅིང་དེ་ལས་འཇིག་རྟེན་པའི་ལུགས་ནི། ཉེར་ལེན་གྱི་ཕུང་པོ་ལ་གཙང་བ་ལ་སོགས་པར་འཛིན་ཅིང་། ངོ་ཚ་ཁྲེལ་ཡོད་


MLP014_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀུན་ནས་བསླངས་ཏེ་ལུས་ངག་གི་བྱ་བ་ཚུལ་དང་མཐུན་པར་སྒྲུབ་པ་ནི་སྐྱེ་བོ་དམ་པའམ་ཡ་རབས་དང་། དེ་ལས་ལྡོག་པ་ནི་སྐྱེ་བོ་ངན་པའམ་མ་རབས་ཞེས་བྱ་སྟེ། ལུགས་ཀྱི་བསྟན་བཅོས་དམ་པའི་རྒྱན་ལས། བཀུར་བར་འོས་པ་ལེགས་འཁུར་ཞིང་། །མགོན་མེད་རྣམས་ལ་ལྷག་པར་བྱམས། །བྱས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མཛད་སྤྱོད་ཡིན། །ངོ་ཚ་དོར་བའི་འཚོ་བ་དང་། །སྡིག་དང་འབྲེལ་བའི་ལོངས་སྤྱོད་དང་། །མཛའ་བོ་བསླུས་པའི་མངའ་ཐང་བས། །དམ་པ་རང་ཉིད་འཆི་བ་འདམ། །ཞེས་དང་། སྐྱེ་བོ་ངན་པ་སྡིག་ལ་དགའ། །བྱས་ལ་དྲིན་དུ་མི་བཟོ་བ། །ངོ་ཚ་དགྲ་བོ་བཞིན་དུ་འདོར། །རང་དོན་གྲུབ་ན་ཅི་ཡང་བྱེད། །ཅེས་སོགས་འཇིག་རྟེན་པའི་གཞུང་ལུགས་སྐྱེ་བོ་གསོ་བའི་ཐིགས་པ་དང་། ཙ་ར་ཀ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སོགས་ལས་ཤེས་པར་བྱ་ཞིང་། གྲུབ་མཐས་བློ་བསྒྱུར་བའི་ལུགས་ལའང་ལོག་པའི་གྲུབ་མཐས་བློ་བསྒྱུར་བ་ཕྱི་རོལ་མུ་སྟེགས་པའི་ལུགས་ཏརྐ་སྡེ་ལྔས་བསྡུས་པ་དང་། ཡང་དག་པའི་གྲུབ་མཐས་བློ་བསྒྱུར་བ་གང་བསླབ་པ་གསུམ་ལ་སློབ་པའམ། བསླབ་པ་མཐར་ཕྱིན་པ་ནང་པ་སངས་རྒྱས་པའི་གཞུང་ལུགས་གཉིས་ལས་འཕྲོས་ཏེ་བཤད་ཀྱང་ཡོང་ལ། ཡང་། འཆད་དང་རྩོད་དང་རྩོམ་པ་གསུམ། །མཁས་པའི་བྱ་བ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར། བསྟན་པ་གསལ་བར་བྱ་བའི་ཕྱིར་འཆད་པ། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རྩོམ་པ། བསྟན་པ་ལ་ལོག་པར་རྟོག་པ་ཚར་གཅོད་པའི་ཕྱིར་རྩོད་པ་སྟེ། མཁས་པ་རྣམས་ཀྱི་འཇུག་པའི་སྒོ་རྣམ་པ་གསུམ་པོ་གང་ཡང་རུང་བ་ལས་འཕྲོས་ཏེ་གླེང་ནའང་འབྲེལ་ཆགས་པར་འགྱུར་མོད། འོན་ཀྱང་ད་རེས་འདིར་ནི། དྲིན་ལན་བསབ་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔ་སྔར་མ་བསླབས་ན། ནམ་དུའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། །དེ་བས་ན། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར། རིག་པའི་དངོས་པོ་ལྔ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་དྲིན་ཤེས་པ་དང་། དྲིན་བསབ་པ་ནི་སེམས་ཅན་ལ་བཤད་པའི་དངོས་པོ་བཤད་ཅིང་བསྟན་པར་


MLP014_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཇི་ལྟར་བཤད་ཅེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བྱ་བའི་ཕྱིར་རིག་པ་ལྔ་དང་ལྡན་པ་བཤད་པར་བྱའོ། །ཞེས་དང་། འཕགས་པ་ཐོགས་མེད་ཀྱི་རྣལ་འབྱོར་སྤྱོད་པའི་ས་ལས། རིག་པའི་གནས་ལྔ་གང་ཞེ་ན། འདི་ལྟ་སྟེ། ནང་རིག་པ་དང་། གསོ་བའི་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། སྒྲའི་རིག་པ་དང་། བཟོའི་ལས་ཀྱི་གནས་ཀྱི་རིག་པའོ། །ཞེས་པས་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་རྣམས་ཀྱིས་བསླབ་པར་བྱ་བའི་གནས་ནི། ཤེས་བྱ་རིག་པའི་གནས་རྣམ་པ་ལྔ་ཡིན་པས། དེ་དག་ལས་བརྩམས་ཏེ་ཞུས་ན་སྐབས་སུ་འབབ་པ་ལགས། དེ་ལ་སྤྱིར་མདོ་ལས། རིག་པའི་གནས་བཅོ་བརྒྱད་ལ་སོགས་པའི་དབྱེ་སྒོ་མང་དུ་བཤད་པ་རྣམས་ཀྱང་། རིག་པའི་གནས་ལྔའི་ནང་དུ་འདུས་པར་བཤད་དེ། མཁས་པ་འཇུག་པའི་སྒོ་ལས། དེ་ཡུལ་བརྡ་སྤྲོད་རྟོག་གེ་དང་། །འཚོ་བ་ཕྱི་ནང་རིག་ཅེས་གསུངས། །གཞན་ལས་གཞན་དག་རྣམ་བཤད་པ། །འདི་ཡི་ནང་དུ་འདུས་ཞེས་གྲགས། །ཞེས་གསུངས་པ་དེ་ཡིན། དེ་དག་ལ་ལེགས་པར་སྦྱངས་པའི་དགོས་པ་ཡང་། རྒྱལ་ཚབ་མི་ཕམ་མགོན་པོས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་པས། གཙོ་བོར་ཚིག་གི་ཆ་ལ་འཁྲུལ་བ་སེལ་བར་བྱེད་པ་སྒྲ་རིག་པ། དོན་གྱི་ཆ་ལ་འཁྲུལ་བ་སེལ་བར་བྱེད་པ་ཚད་མ་རིག་པ་སྟེ། འདི་གཉིས་ནི་གཞན་དག་ཚིག་དོན་ལ་ལོག་པར་རྟོག་པ་རྣམས་ཚར་གཅོད་པར་བྱེད་པའི་རིག་པ་ཡིན་ལ། ཡང་བཟོ་རིག་པས་ནི་དགོས་དགུ་སྤྱི་དང་། གསོ་བ་རིག་པས་བྱེ་བྲག་ནད་མེད་པ་དོན་དུ་གཉེར་བ་རྣམས་རྗེས་སུ་འཛིན་པར་བྱེད་པས་དེ་གཉིས་ལ་གཞན་རྗེས་སུ་འཛིན་པའི་རིག་པ་ཞེས་བྱ། ནང་རིག་པ་ནི་བདག་ཉིད་ཀྱིས་ཡང་དག་པའི་དོན་ཟབ་པ་དང་རྒྱ་ཆེ་བའི་གནད་མ་ལུས་པ་ཤེས་པར་བྱེད་པ་ཡིན་པས། དམ་པའི་ཆོས་དང་དོན་གཅིག་མིང་གི་རྣམ་གྲངས་ཏེ། གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པའི་རྣམ་དཀར་


MLP014_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡོན་ཏན་ཡིན་པའི་ཕྱིར། དེ་ལྟར་ཡང་། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་གསུངས་པ་ལྟར་ཡིན་པ་སོ་སོའི་དགོངས་པར་མངའ་བ་དེ་ལགས། ཡང་བཟོའམ་སྒྲ་རིག་པའི་ཡན་ལག་ཏུ་གཏོགས་པ་རིག་གནས་ཆུང་བ་ལྔའི་འདྲེན་ལུགས་ལ། མཁས་པ་ཁ་ཅིག་གསུང་ཙ་ན། སྙན་ངག །མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཞིའི་སྟེང་དུ་སྒྲ་རིག་པ་འདྲེན་པར་མཛད་ཀྱང་། འདིར། སྐར་རྩིས་སྙན་ངག་སྡེབ་སྦྱོར་དང་། །མངོན་བརྗོད་ཟློས་གར་འདི་ལྔ་ལ། །རིག་གནས་ལྔ་ཞེས་འཕགས་ཡུལ་ན། །གྲགས་པའི་བ་དན་རླུང་ལྟར་སྒྲོག །ཅེས་འབྱུང་བ་ལྟར་སྒྲའི་ཚབ་ཏུ་སྐར་རྩིས་བགྲངས་པ་འཐད་པ་འདྲ་སྟེ། སྒྲ་རིག་པ་ནི་རིག་གནས་ཆེ་བ་ལྔའི་ནང་ཚན་དུ་བགྲངས་ཟིན་པའི་ཕྱིར་སྙམ་པའི་གོ་ཕྱོགས་འཆར་བ་སྣང་བས་ཇི་ལྟར་འཐད་མཁྱེན་པའི་སྤྱན་ལྡན་རྣམས་ཀྱིས་དཔྱད་པ་མཛད་དགོས་རྒྱུར་འདུག །དེ་ལྔ་ལ་སྦྱངས་པའི་དགོས་པ་གང་ཞེ་ན། སྐར་རྩིས་ཤེས་ན་དུས་ཀྱི་སྦྱོར་བའི་བླང་དོར་གྱི་གནས་སྟོན་པ་ལ་མི་རྨོངས། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་གི་བྱེ་བྲག་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་པ་ཡིན་ནོ། །ཞེས་གྲགས། དེ་ལྟ་བས་ན། འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མིག་ལྡན་མར་མེ་ཡོད་གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་མི་དགེའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་ཐོས་པ་ལ་བརྟེན་ནས་དགེ་མི་དགེའི་བླང་དོར་གྱི་ཆོས་ཐམས་ཅད་ཤེས་པར་འགྱུར་ཞིང་། དེ་ལ་ཐོས་པས་གཏན་ལ་དབབ་པར་བྱ་བའི་ཡུལ་ནི། སྔར་སྨོས་པ་ལྟར་གྱི་རིག་པའི་གནས་རྣམ་པ་ལྔ་པོ་དེ་ཡིན་པར་འདུག །དེ་ཡང་ཐོག་མར་ནི་བཟོ་རིག་པ་འཆད་པ་སྐབས་སུ་བབས་ཏེ། མཁས་པ་ཐམས་ཅད་ཞལ་མཐུན་པར་བཟོ་རིག་པའི་ནང་དུ་རིག་གནས་གཞན་ཐམས་ཅད་འདུ་བར་བཞེད་པའི་ཕྱིར་རོ། །ཇི་ལྟར་འདུ་སྙམ་ན། ཡིད་དང་འབྲེལ་བའི་ལུས་ཀྱི་གཡོ་བ་དང་། ངག་གི་བརྗོད་པ་གཙོ་བོར་གྱུར་པ་ལ་ལུས་བཟོ་དང་། ངག་གི་བཟོ། ཞེས་དང་། དེ་གཉིས་གང་རུང་དང་མ་འབྲེལ་བར་ཡིད་


MLP014_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསམ་པ་ཙམ་གྱི་དབང་དུ་བྱས་པ་ལ་ཡིད་བཟོར་གྲགས་ཤིང་། རྒྱུ་མཚན་དེས་རྒྱ་ཆེ་རོལ་པ་དང་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལ་སོགས་པར་གསུངས་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི། བྱེ་བྲག་རྟོགས་བྱེད་ལས་འབྱུང་བའི་ཡི་གེ་དང་ལག་རྩིས་ལ་སོགས་པ་བཟོར་གཏོགས་པ་སུམ་ཅུ། གར་མཁན་དང་བྲོ་སོགས་རོལ་མོའི་བྱེ་བྲག་བཅོ་བརྒྱད། བར་མ་དང་དྲང་སྲོང་སོགས་གླུ་དབྱངས་ཀྱི་ངེས་པ་བདུན། སྒེག་པའི་ཉམས་སོགས་གར་གྱི་ཆ་བྱད་དགུ། མདོ་སྡེ་ལས་བཤད་པའི་ཚོང་པ་སོགས་བཟོ་སྦྱངས་བཅོ་བརྒྱད། རིན་པོ་ཆེ་བརྟག་པ་སོགས་བརྟག་པ་རྣམ་པ་བརྒྱད་སོགས་དགོས་དགུ་སྒྲུབ་པའི་ཐབས་ཐམས་ཅད་བཟོ་རིག་གི་ཁོངས་སུ་འདུ་བའི་ཕྱིར་མཐའ་ཡས་པར་གྱུར་མོད། ད་ལྟ་སྤྱི་མིང་བྱེ་བྲག་ལ་བཏགས་ནས་བྲིས་འབུར་ལ་བཟོ་ཞེས་གྲགས་ཤིང་། དེ་ལ་བྲིས་ཀྱི་རྒྱུན་འཇིག་རྟེན་དུ་ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་མིའི་རྒྱལ་པོ་འཇིགས་ཐུལ་གྱིས་རྒྱལ་སྲིད་ཆོས་བཞིན་བསྐྱངས་པས་མི་རྣམས་ཚེ་ལོ་འབུམ་དུ་འཕེལ་བའི་དུས་སུ་བྲམ་ཟེ་ཞིག་གི་བུ་དུས་མིན་དུ་ཤི་བས། རྒྱལ་པོས་བྲམ་ཟེ་གཤིན་རྗེའི་རྒྱལ་པོའི་དྲུང་དུ་ཁྲིད་དེ་འདིའི་བུ་ཕྱིར་གཏོད་པར་གསོལ་བས། གཤིན་རྗེ་ན་རེ། རང་གི་ལས་སུ་ཟད་པས་སྟེར་བར་མི་ནུས་ཞེས་སྨྲས་པའི་མཐར་ཕན་ཚུན་གཡུལ་བཤམས་ཏེ་འཐབས་པས་འཇིག་རྟེན་ཐམས་ཅད་སྐྲག་པར་གྱུར་པ་ན། ཚངས་པས་བར་བྱས་ཏེ་བྲམ་ཟེའི་བུ་རི་མོར་བྲིས་པ་གསོན་པོ་ཇི་ལྟ་བ་བཞིན་བསླངས་ནས་བྲམ་ཟེ་ལ་གཏད་དེ་འཐབ་མོ་བཟླུམས་པར་བྱས། སླར་རྒྱལ་པོས་ཚངས་པའི་གན་དུ་སོང་ནས་རི་མོ་འབྲི་ཚུལ་ཞུས་པས། རི་ཡི་མཆོག་ནི་རི་རབ་ཡིན། །སྒོ་ང་ལས་སྐྱེས་རྣམས་ཀྱི་ནི། །གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ། །མི་ཡི་གཙོ་བོ་ས་བདག་སྟེ། །དེ་བཞིན་རི་མོ་སྒྱུ་རྩལ་གཙོ། །ཞེས་བསྔགས་ནས་ལྷའི་བཟོ་བོ་བི་ཤྭ་ཀརྨ་ལུང་བསྟན་ཅིང་། དེས་བཟོའི་གནས་ཁྱད་པར་ཅན་བྱས་ཞེས་གྲགས་ལ། སྤྱིར་སྟོན་པ་ཞལ་བཞུགས་དུས་བྲིས་ཀྱི་རྒྱུན་སྟོན་པའི་སྐུ་བརྙན་གཟུགས་ཅན་སྙིང་པོས་ཨུ་དྲ་ཡ་ཎ་ལ་སྐྱེས་སུ་བསྐུར་བ་དང་། བུ་མོ་མུ་ཏིག་འཁྲི་ཤིང་གི་སྐྱེས་ལན་དུ། རས་ཀྱི་གཞིར་རི་མོ་ཅི་ཐོབ་པའི་ཐད་དུ་སྟོན་པའི་སྐུ་ལས་འོད་ཟེར་བཀྱེ་བའི་སྟེང་རི་མོས་


MLP014_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པའི་བྲིས་རྒྱུན་ཁ་ཆེ་དང་ཡུལ་དབུས་སུ་དར་བར་བཤད་པ་དང་། བྱམས་པས་སྦྱིན་བདག་མཛད་དེ་ལྷའི་བཟོ་བོས་ཇོ་བོ་རིན་པོ་ཆེའི་སྐུ་འདི་བཞེངས་པ་དང་། ཐུགས་རྟེན་ལུམྦིའི་ཚལ་དུ་སྐུ་བལྟམས་པའི་ཚེ་ཟས་གཙང་གིས་མཆོད་རྟེན་བརྩིགས་པ་སོགས་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ལ་སོགས་པ་བྱུང་ཞིང་། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་གྱི་བར་དུའང་མིའི་བཟོ་བོ་ལས་ཀྱི་འཕྲུལ་དང་ལྡན་པས་སྐུ་གཟུགས་སོགས་ཀྱིས་དངོས་སུ་འཕྲུལ་པ་སྐྱེ་ནུས་པའི་བཟོ་གནས་ངོ་མཚར་བ་དག་བྱེད་པ་བྱུང་ལ། དེ་རྣམས་རིམ་གྱིས་ནུབ་ནས་ལྷའི་བཟོ་བོ་མང་པོ་མིར་སྤྲུལ་ནས་བྱང་ཆུབ་ཆེན་པོ་སོགས་མ་གྷ་དྷའི་རྟེན་ངོ་མཚར་ཅན་བརྒྱད་སོགས་བྱུང་བར་གྲགས། ཕྱིས་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས་བིམྦ་པ་ར་ཞེས་པས་འབུར་དང་རི་མོའི་བཀོད་པ་ལྷའི་བཟོ་དང་མཐུན་པར་བྱས་པའི་ལག་རྒྱུན་ལ་དབུས་ཀྱི་བཟོར་གྲགས་ལ། རྒྱལ་པོ་ངང་ཚུལ་གྱི་དུས་བྲྀག་དྷཱ་རི་ཞེས་པའི་བཟོ་བོས་གནོད་སྦྱིན་གྱིས་བཞེངས་པ་དང་མཐུན་པའི་བྲིས་འབུར་གྱི་བཀོད་པ་བྱས་པའི་བཟོ་རྒྱུན་ལ་ནུབ་རྙིང་མར་གྲགས་པ་དང་། རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གི་དུས་དྷི་མཱན་ཞེས་པ་དང་། དེའི་བུ་བིཏྤཱ་ལོ་ཞེས་པ་གཉིས་ཀྱིས་ཀླུའི་བཟོ་བོ་དང་མཐུན་པར་བྱས་པའི་བུའི་ལག་རྒྱུན་གྱི་ལུགས་མ་རྣམས་ལ་ཤར་གྱི་ལྷ་དང་། རི་མོ་ནི་ཕའི་ལག་རྒྱུན་ལ་ཤར་རིས་དང་། བུའི་ལག་རྒྱུན་ལ་དབུས་ཀྱི་རི་མོར་ངོས་འཛིན། ཀསྨཱི་རའི་ཡུལ་དུ་ཕྱིས་ཧ་སུ་རཱ་ཛ་ཞེས་པས་བྲིས་འབུར་གཉིས་ཀའི་སྲོལ་གཏོད་པ་ལ་དིང་སང་ཁ་ཆེ་མ་ཞེས་ཟེར་རོ། །བོད་ཀྱི་ཡུལ་འདིར་ནི་སྔོན་བྲིས་འབུར་གཉིས་ཀ་རྒྱ་བལ་གྱི་ལག་རྒྱུན་ཤས་ཆེ་ལ། ཕྱིས་འབུར་བལ་ལྷ་དང་། བྲིས་རྒྱ་ནག་གི་རི་མོ་དང་མཐུན་ཤས་ཆེ་བ་བྱུང་ཞེས་ཟེར་བ་ལྟར་དེ་དང་དེའི་ལུགས་སྲོལ་དང་འདྲ་རུང་དུ་སྣང་མོད། ལར་བཟོ་བོ་སོ་སོའི་ལག་རྩལ་གྱིས་ལག་རྒྱུན་མི་འདྲ་བ་རེ་ཡོང་བ་གཞིར་བཅས། ཡང་རིག་གནས་གཉིས་པ་གསོ་བ་རིག་པ་ནི། ཇི་སྐད་དུ། འདོད་ཆགས་ལ་སོགས་མ་ལུས་པ་ཡི་ནད། །རྗེས་སུ་འབྲེལ་བས་ལུས་ཀུན་ཁྱབ་གྱུར་པ། །ཞེས་འབྱུང་བ་ལྟར། ཉོན་


MLP014_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་ལས་ཀྱིས་འཕངས་པའི་རྣམ་སྨིན་གྱི་ལུས་འདི་འབྱུང་བཞི་འདུས་པ་ལས་གྲུབ་པའི་དབང་གིས། འབྱུང་བཞི་ཚ་གྲང་མ་མཐུན་པ་ལ་བརྟེན་ནས་རླུང་མཁྲིས་བད་ཀན་འདུས་པའི་ནད་བཞི་ཟས་དང་སྤྱོད་ལམ་མི་མཐུན་པས་བསྐྱེད་དེ་ཟུག་རྔུའི་ཚོར་བས་གཟིར་བར་བྱེད་ལ། དེ་གསོ་བའི་ཐབས་ནི་གསོ་བའི་རིག་པ་སྟེ། དཔལ་ལྡན་པ་ཁོལ་གྱིས། ཚེ་ནི་རིང་བར་འདོད་པ་ཡིས། །ཆོས་དང་ནོར་དང་བདེ་བ་སྒྲུབ། །ཚེ་ཡི་རིག་བྱེད་ལུང་བཤད་པར། །རབ་ཏུ་གུས་པར་བྱ་བ་གྱིས། །ཞེས་གསུངས། དེ་ལ་གསོ་བྱ་ནད་དང་ནད་པ། གསོ་ཐབས་སྨན་དང་དཔྱད། གསོ་བ་པོ་ནད་གཡོག་དང་སྨན་པ་ཞེས་དོན་གསུམ་དུ་བསྡུ་བའམ། ཡང་ན་སྨན་དང་ནད་པ་ནད་གཡོག་དང་། སྨན་པ་སྟེ་བཞི་ལ་སྐྱོན་བཞི་བཞི་སྤངས་པའི་ཡོན་ཏན་བཞི་བཞི་ལྡན་པ་སྟེ། ཡན་ལག་བརྒྱད་པ་ལས། གསོ་བ་དག་ཏུ་བསྟན་པ་ནི། །སྨན་པ་སྨན་དང་ནད་གཡོག་དང་། །ནད་པ་ཡན་ལག་རྣམ་བཞི་སྟེ། །རེ་རེའང་རྣམ་པ་བཞི་བཞི་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་གསོ་བའི་རིག་པ་འདི་ཇི་ལྟར་བྱུང་བའི་ཁུངས་ལ་བཞི་ལས། སངས་རྒྱས་ཀྱིས་གསུངས་ཚུལ་ནི། འདུལ་བ་ལུང་གི་སྨན་གཞི་ལས། སྨན་རྣམ་པ་བཞིར་ཕྱེ་ནས་བསྟན་ཚུལ་གསུངས་པ་དང་། གསེར་འོད་དམ་པ་ལས། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །ཞེས་སོགས་ཀྱིས་གསུངས་པ་དང་། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ། ལུས་ཆགས་ཚུལ་དང་། དེའི་ཁམས་འཁྲུགས་པས་ནད་བསྐྱེད་ཚུལ། དེ་ལ་ཕན་པའི་ཕྱི་དང་ནང་གི་སྨན་དཔྱད་རྒྱས་པར་གསུངས་པ་རྣམས་སོ། །གཉིས་པ་ཚངས་པ་ནས་བརྒྱུད་ཚུལ་ནི། ལྷ་མིན་སྟོབས་ལྡན་གྱིས། རི་རབ་ཀྱིས་སྲུབ་ཤིང་། ཀླུའི་རྒྱལ་པོ་གཉིས་ཀྱིས་སྲུབ་ཐག་བྱས་ནས་ཕྱིའི་རྒྱ་མཚོ་བསྲུབས་པས་ཟླ་ཉི་དང་དུག་དང་བདུད་རྩི་སོགས་བྱུང་བའི་དུག་དབང་ཕྱུག་གིས་འཐུངས་པས་མགྲིན་སྔོན་དུ་སོང་། ཚངས་པས་བདུད་རྩི་ཁྱེར་བ་ལ་སྒྲ་གཅན་གྱིས་འཁོར་ལོ་བསྣུན་པ་དཔྲལ་བའམ་མཁུར་ཚོས་སྣད་ནས་ཡུན་རིང་དུ་བརྒྱལ། དེ་ལས་སོས་ཏེ་དྲན་པ་རྙེད་ནས་ཕན་པའི་ཐབས་བསམས་པས་སྔོན་སངས་རྒྱས་ལས་སྨན་གྱི་རྒྱུད་ཐོས་པ་རྣམས་དྲན་ཞིང་། རྨ་ནང་ནས་ཚེའི་རིག་བྱེད་ཀྱི་ཐོག་མར།


MLP014_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨ་ཐ། ཞེས་ཐོན་པ་ལ་བརྟེན་ནས་ཚེའི་རིག་བྱེད་ཡན་ལག་དང་བཅས་པ་བྱུང་སྟེ། ཟླ་ཟེར་ལས། ཡི་གེ་ༀ་དང་ཨ་ཐའི་སྒྲས། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཚོས་བརྡོལ་ནས་བྱུང་བ་སྟེ། །དེས་ན་འདི་དག་བཀྲ་ཤིས་ཡིན། །ཞེས་སོ། །དེ་ལྟར་ཚངས་པས་རང་གི་ནད་གསོས་ཤིང་སྐྱེ་དགུའི་བདག་པོ་ལ་བསྟན། དེས་སྐར་མ་ཐ་སྐར་གྱི་བུ་རིས་མེད་དང་ལྷར་བཅས་གཉིས་ལ་བཤད། དེ་གཉིས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བསྟན་ཏེ་ལྷའི་དྲང་སྲོང་དུ་མ་ལ་བརྒྱུད་དོ། །གསུམ་པ་རྒྱ་གར་དུ་དར་ཚུལ་ནི། སྟོན་པ་བཞུགས་པའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཟུར་བུ་ཆུང་བ་རང་གི་ཕུ་བོ་གཞོན་ནུ་འཇིགས་མེད་ཀྱིས་གསོས་པས་སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུས་གསོས་ཞེས་བྱ་བ་མིའི་དྲང་སྲོང་རྒྱུན་ཤེས་ཀྱི་སློབ་མ་སྟེ་འདུལ་བ་ལུང་གི་གོས་གཞིའི་སྐབས་ལས། ཐུབ་པ་བསྙུན་གསོའི་སྨན་པའི་རྒྱལ་པོར་དབང་བསྐུར་བ་ལ་སོགས་པའི་ལོ་རྒྱུས་རྒྱས་པར་འབྱུང་ཞིང་། ཁྱད་པར་འཕགས་པའི་ཡུལ་དུ་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པ་ཆེན་པོ་དང་དེའི་སྙིང་པོ་བསྡུས་པ་སོགས་མཛད། དེ་ལ་ཁ་ཆེ་ཟླ་དགས་འགྲེལ་པ་ཟླ་ཟེར་མཛད་ཅིང་དར་རོ། །བཞི་པ་བོད་དུ་ཇི་ལྟར་དར་ཚུལ་ནི། སངས་རྒྱས་བྱང་སེམས་དང་ལྷ་མིའི་དྲང་སྲོང་རྣམས་ཀྱིས་མཛད་པའི་སྨན་གཞུང་རྒྱ་གར་རྒྱ་ནག་ཧོར་གེ་སར་ཡུལ་རྣམས་ནས་ལོ་ཆེན་བཻ་རོ་ལ་སོགས་པས་བོད་དུ་བསྒྱུར་བ་དང་། ཡན་ལག་བརྒྱད་པ་རྩ་འགྲེལ་རིན་ཆེན་བཟང་པོས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་ཅིང་། དེ་ལ་བརྟེན་ནས་སྟོན་པ་སྨན་གྱི་བླ་མ་དང་དབྱེར་མ་མཆིས་པ་གཡུ་ཐོག་པ་ཆེན་པོ་ཡོན་ཏན་མགོན་པོས་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་རྒྱུད་བཞི་སྤེལ་ཏེ་སྐྱེ་དགུའི་བསོད་ནམས་ཀྱི་ཉེར་འཚོར་གསལ་བ་འདིའོ། །རིག་གནས་གསུམ་པ་སྒྲ་རིག་པ་ནི། སྤྱིར་སྨྲ་བ་ཀུན་ལ་འཇུག་པར། ཟིན་པ་དང་ནི་མ་ཟིན་དང་། །གཉིས་ཀ་དག་ལས་བྱུང་བའི་སྒྲ། །སེམས་ཅན་སྟོན་དང་མི་སྟོན་དག །ལུང་དུ་སྟོན་དང་མི་སྟོན་པའོ། །ཞེས་པས་སྤྱི་སྒྲ་ནི། ཟིན་པ་དང་། མ་ཟིན་པ་དང་། གཉིས་ཀ་ལས་བྱུང་བའམ། ཡང་ན་སེམས་ཅན་དུ་སྟོན་པ་དང་མི་སྟོན་པ་གཉིས་ཏེ། སྟོན་པ་ལའང་ཚིག་


MLP014_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ལྷུང་བ་དང་མ་ལྷུང་བའི་སྒོ་ནས་རིམ་པ་ཇི་ལྟ་བར་ལུང་དུ་སྟོན་པ་དང་མི་སྟོན་པ་རྣམས་ལས། འདིར་ནི་ཟིན་པ་སེམས་ཅན་དུ་སྟོན་ཅིང་། ཚིག་ཏུ་ལྷུང་བའི་སྒོ་ནས་ལུང་སྟོན་པས་ན། བྱཱ་ཀ་ར་ཎ་ཞེས་ལུང་དུ་སྟོན་པའམ། བརྡ་སྤྲོད་པ་ཞེས་གྲགས་པ། དེའི་བརྗོད་བྱ་ཐུན་མོང་པ་ནི་ཚོགས་པ་གསུམ་སྟེ། སྨྲ་བ་རྒྱན་གྱི་མེ་ཏོག་ལས། ངོ་བོ་ཙམ་དང་ཁྱད་པར་སྟོན། །དེ་གཉིས་རྟེན་དུ་གྱུར་པ་ནི། །མིང་དང་ཚིག་དང་ཡི་གེ་ཡིན། །ཞེས་པས་ཡི་གེ་དང་། མིང་དང་། ཚིག་གི་ཚོགས་པའོ། །འདི་གསུམ་མངོན་པའི་ལུགས་ལྟར་ན་ཕན་ཚུན་འགལ་བ་ཅན་ཏེ། སློབ་དཔོན་བློ་གྲོས་བརྟན་པས་མངོན་པ་ཕུང་པོ་ལྔའི་བཤད་པར། དོན་གྱི་ངོ་བོ་བརྗོད་པ་མིང་། །དེ་ཡི་ཁྱད་པར་སྟོན་པ་ཚིག །གང་ཡང་མི་སྟོན་ཡི་གེའོ། །ཞེས་གསུངས་པས་དོན་གྱི་ངོ་བོ་ཙམ་སྟོན་པ་མིང་། དེའི་ཁྱད་པར་བ་སྟོན་པ་ཚིག །གང་ཡང་མི་སྟོན་པའི་འབྲུ་ནི་ཡི་གེའོ། །སྒྲ་པའི་ལུགས་ལ་དེ་གསུམ་མི་འགལ་བའི་སྐབས་སྲིད་དེ། ནི་པཱ་ཧའི་སྐབས་སུ། ཨ་ཨི་ཨུ་རྣམས་ཡི་གེ་ཡིན་ཏེ། དབྱངས་ཡིན་པའི་ཕྱིར། མིང་ཡིན་ཏེ། ཨ་ཁྱབ་འཇུག །ཨི་བདུད། ཨུ་དབང་ཕྱུག་རྣམས་ཀྱི་མིང་ཡིན་པའི་ཕྱིར། ཚིག་ཡིན་ཏེ། མིང་རྣམ་དབྱེའི་མཐའ་ཅན་ཡིན་པའི་ཕྱིར་རོ། །དེ་ལ་ཡི་གེ་ནི་བརྗོད་འདོད་ཀྱིས་ཀུན་ནས་བསླངས་པས་གནས་དང་བྱེད་པ་དང་། རྩོལ་བ་རྣམས་འཕྲད་པ་ལས་སྐྱེས་པའི་སྐད་གདངས་འབའ་ཞིག་པ་སྟེ། དཔང་ལོ་ཆེན་པོས། བརྗོད་འདོད་དབང་གིས་རླུང་གཡོས་ཤིང་། །དེ་ཡིས་གནས་དང་བྱེད་པ་དང་། །རྩོལ་བ་བསྐྱེད་དང་དབུགས་དབྱུང་དང་། །ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ། །ཞེས་པ་སྟེ། མཚན་གཞི་ནི་ཨཱ་ལི་དང་། ཀཱ་ལིའི་ཡི་གེ་ཡིན་ལ། དེ་ཡང་རྒྱ་ནག་གི་ཡུལ་དང་མི་ཉག་པ་སོགས་ལ་ཡི་གེའི་ཚོགས་པ་མེད་པས་ཡིག་གཟུགས་ལ་ཐུག་པ་མེད་ཅིང་། རྒྱ་བལ་དང་བོད་ཡུལ་སོགས་སུ་ཡི་གེ་དབྱངས་གསལ་གཉིས་སུ་བསྡུས་ཏེ་བཤད་པས་མིང་ཚིག་གསར་དུ་བྱུང་ཡང་ཡི་གེ་སྦྱོར་བ་ལ་དཀའ་བ་མེད་དོ། །མིང་ནི། ཡི་གེ་འདུས་པ་ལས་བྱུང་བའི་བརྗོད་བྱའི་དོན་གྱི་ངོ་བོ་ཙམ་རྗོད་པར་བྱེད་པའི་སྒྲ་སྤྱི་སྣང་བ་སྟེ། ཀ་བ་དང་བུམ་པ་ཞེས་པ་ལྟ་བུའོ། །དེ་ལྟར་ཡང་། ཡི་གེ་གཉིས་སམ་མང་འདུས་པས། །དོན་གྱི་ངོ་བོ་རྗོད་


MLP014_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །མིང་ཡིན་དོན་ལ་བློ་གཞོལ་ཕྱིར། །ཞེས་སོ། །དབྱེ་ན་དང་པོར་བརྡ་སྦྱར་བ་དངོས་མིང་དང་། འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ནས་ཕྱིས་བརྡ་སྦྱར་བ་བཏགས་མིང་ངོ་། །ཚིག་ནི། མིང་དུ་མ་འདུས་པ་ལས་བྱུང་བ་དོན་གྱི་ཁྱད་པར་སྟོན་པའི་སྒྲ་སྤྱི་སྣང་བ་སྟེ། ཙནྡན་གྱི་ཀ་བའམ། གསེར་གྱི་བུམ་པ་ཞེས་པ་ལྟ་བུའོ། །ཁྱད་པར་སྒྲ་པའི་ལུགས་ལ། ཨ་མ་ར་ཀོ་ཥ་ལས། རྗོད་བྱེད་བསྟན་བཅོས་སྒྲ་ལ་ནི། །པུས་དང་ཏིང་གི་མཐའ་ཅན་ཚིག །ཅེས་སོ། །ཡང་བརྡ་སྤྲོད་པའི་ལུགས་ཀྱི་བརྗོད་བྱ་ཐུན་མོང་མ་ཡིན་པ་ནི། རང་བཞིན་དང་། རྐྱེན་དང་། རྣམ་འགྱུར་གསུམ་གྱིས་བསྡུས་ཏེ། བརྡའ་སྤྲོད་སྙིང་པོ་གསལ་བ་ལས། རང་བཞིན་རྐྱེན་དང་རྣམ་འགྱུར་རྣམས། །བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། །ཞེས་སོ། །དེ་ལ་རང་བཞིན་ནི། རྐྱེན་གྱི་དབང་གིས་རྣམ་འགྱུར་སྣ་ཚོགས་སུ་བསྒྲུབ་པར་བྱ་བའི་གཞིར་གྱུར་པ་སྟེ། རང་བཞིན་བྱིངས་དང་མིང་དེ་ལའང་། །ཐོག་མའི་རང་བཞིན་བྱ་བའི་དོན། །རྟགས་གསུམ་དབྱངས་དང་གསལ་བྱེད་མཐའ། །ཞེས་པས། ཐོག་མའི་རང་བཞིན་ནི་བྱིངས་ཏེ། བྱ་བའི་དོན་ཞེས་ཀྱང་བྱ་ཞིང་། དབྱེ་ན་གསུམ་སྟེ། བྷུ་ཡོད་པ་ལའོ། །ཞེས་སོགས་བྱིངས་མདོ་ལེའུ་དགུ་ནས་བཤད་པ་རྣམས་ནི་གླེགས་བམ་ལས་བྱུང་བའི་བྱིངས་དང་། ཀུན་བཤད་ལེའུ་གཉིས་པ་ནས་བཤད་པའི་སན་སོགས་བདུན་གྱི་མཐའ་ཅན་ནི་རྐྱེན་གྱིས་བཅོས་པའི་བྱིངས་དང་། ཛུ་མདོའི་བྱིངས་སོགས་སྒྲ་མདོའི་ཟུར་ནས་རྙེད་པ་རྣམས་ལ་མདོའི་བྱིངས་ཞེས་ཟེར་རོ། །རང་བཞིན་གཉིས་པ་མིང་ནི་སྒྲ་པའི་ལུགས་འདིར་རྟགས་སུ་གྲགས་ཏེ། བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་ནི་རྟགས་སོ། །ཞེས་པས་བྱིངས་ལ་ཀྲྀཏ་རྐྱེན་བྱིན་ཞིང་རྣམ་དབྱེ་མ་བྱིན་པའི་བར་སྐབས་ཀྱི་སྒྲའི་ཡན་ལག་ཅིག་ལ་ངོས་འཛིན་ཅིང་། དབྱེ་ན་ཕོ་མོ་མ་ནིང་གི་རྟགས་གསུམ་སོ་སོ་བ་དང་། ཐུན་མོང་བ་སྟེ་མིང་ཞི་ཞེས་བྱ་སྟེ། བྲྀཀྵ་ལྟ་བུ་དབྱངས་ཀྱི་མཐའ་དང་། བིདྷུ་ཏ་ལྟ་བུ་གསལ་བྱེད་ཀྱི་མཐའ་ཅན་གཉིས་སུ་ངེས་སོ། །གཉིས་པ་རྐྱེན་ནི་སྒྲའི་རང་བཞིན་གཉིས་མིང་ཚིག་བྱིངས་གསུམ་གང་རུང་དུ་སྒྲུབ་པར་བྱེད་པའི་སྒྲའི་ཡན་ལག་ལ་རྐྱེན་ཞེས་བྱ་སྟེ། ཀུན་ཤེས་ལས། རྐྱེན་ལ་མཚན་ཉིད་རང་བཞིན་རྣམ་འགྱུར་དུ། །སྒྲུབ་པར་བྱེད་པ་སྒྲ་ཡི་ཡན་


MLP014_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཟེར། །ཞེས་སོ། །དབྱེ་ན། ཀྲྀཏ་རྐྱེན་དང་ཨུཎ་སོགས་བྱིངས་རྟགས་སུ་སྒྲུབ་པའི་རྐྱེན། ཏི་སོགས་བྱིངས་ཚིག་ཏུ་སྒྲུབ་པའི་རྐྱེན། ཡིན་དང་ཨཱ་ཡི་མ་གཏོགས་པའི་སན་སོགས་བྱིངས་བྱིངས་སུ་སྒྲུབ་པའི་རྐྱེན། བུད་མེད་ལ་ཨ་ལས་ཨཱ་པ྄འོ་ཞེས་སོགས་རྟགས་རྟགས་སུ་སྒྲུབ་པའི་རྐྱེན། མིང་ལས་རང་དང་འབྲེལ་བ་ཡི། །མིང་གཞན་སྒྲུབ་པ་དེ་ཕན་ཏེ། །ཞེས་མིང་མིང་དུ་སྒྲུབ་པར་བྱེད་པ་དེ་ཕན། ཡིན་དང་ཨཱ་ཨི་སོགས་རྟགས་བྱིངས་སུ་སྒྲུབ་པའི་རྐྱེན། སི་སོགས་རྟགས་ཚིག་ཏུ་སྒྲུབ་པའི་རྐྱེན་དང་བདུན་ཡོད་ལ། དེ་ལས་ཀྱང་སི་སོགས་དང་ཏི་སོགས་ནི་རྐྱེན་དང་རྣམ་དབྱེའི་གཞི་མཐུན་ཏེ། སྔ་མས་མིང་ཚིག་ཏུ་སྒྲུབ་པའི་སྒོ་ནས་དོན་རྣམ་པར་འབྱེད་པའི་ཕྱིར་དང་། ཕྱི་མས་བྱིངས་ཚིག་ཏུ་སྒྲུབ་པའི་སྒོ་ནས་དུས་དང་དོན་རྣམ་པར་འབྱེད་པའི་ཕྱིར་རོ། །གསུམ་པ་རྣམ་འགྱུར་ནི། རང་བཞིན་རྐྱེན་དང་འབྲེལ་བའམ། །ཡི་གེ་ཙམ་དང་འབྲེལ་བ་ཡི། །བསྒྱུར་དང་དབྱི་བ་རྣམ་འགྱུར་ཏེ། །ཞེས་པས་མིང་ལེ། ཀུན་བཤད། ཀྲྀཏ་རྣམས་སུ་བཤད་པའི་བསྒྱུར་བ་དང་དབྱེ་བ་རྣམས་ནི་རང་བཞིན་རྐྱེན་དང་འབྲེལ་བའི་རྣམ་འགྱུར་ཡིན་ལ། མཚམས་སྦྱོར་ལས་བཤད་པའི་བསྒྱུར་དབྱི་རྣམས་ནི་ཡི་གེ་ཙམ་དང་འབྲེལ་བའི་རྣམ་འགྱུར་རོ། །དེ་དག་སྟོན་པའི་གཞུང་ལུགས་ཀྱང་། ཨིནྡྲ་བྱཱ་ཀ་ར་ཎ། སི་ཤ་ལི་བྱཱ་ཀ་ར་ཎ། ཤ་ཀཽ་ཊ་ཡ་ན་བྱཱ་ཀ་ར་ཎ། པཱ་ཎི་བྱཱ་ཀ་ར་ཎ། སུ་མནྟ་བྷ་དྲ་བྱཱ་ཀ་ར་ཎ། པ་ཏཉྫ་ལི་བྱཱ་ཀ་ར་ཎ། མ་ནུ་ཛེནྡྲ་བྱཱ་ཀ་ར་ཎ་ཞེས་པཱ་ཎི་པའི་འགྲེལ་པར་དྲངས་ལ། རྒྱ་བོད་ཀྱི་མཁས་པ་སྤྱི་ལ་གྲགས་པར། པཱ་ཎི་བྱཱ་ཀ་ར་ཎ། འཇམ་དཔལ་གྱི་བྱཱ་ཀ་ར་ཎ། ཨིནྡྲ་བྱཱ་ཀ་ར་ཎ། ཀ་ལཱ་པ་དང་། ཙནྡྲ་པ། དབྱངས་ཅན་བྱཱ་ཀ་ར་རྣམས་ལས་ཨིནྡྲ་བྱཱ་ཀ་ར་ཎ་མ་གཏོགས་བོད་དུ་འགྱུར་ཞིང་། ཁྱད་པར་ཀ་ཙན་གཉིས་ནི་གངས་ཅན་གྱི་རྨོངས་མུན་སེལ་བ་ལ་ཉི་ཟླ་ཟུང་འབྲེལ་ལྟ་བུར་གྱུར་པ་ཡིན་ནོ། །སྒྲ་རིག་པ་ཇི་ལྟར་བྱུང་བའི་ཁུངས་ལ་བཞི་ལས། དང་པོ་འཕགས་པས་གསུངས་ཚུལ་ནི། སྟོན་པ་སངས་རྒྱས་ཀྱིས་སོ་སོ་ཡང་དག་རིག་པ་བཞིའི་ནང་ནས། གསུམ་པ་ངེས་ཚིག་འཆད་པའི་དུས་དང་། རྔ་བོ་ཆེའི་མདོར་རང་བཞིན་རྐྱེན་རྣམ་འགྱུར་རྣམས་དང་། དེ་དག་གི་ཉེར་མཁོའི་མིང་དང་ཆ་ལག་ཀྱང་མཚོན་ཏེ་གསུངས་ཤིང་།


MLP014_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་འཕགས་པས་གསུངས་པ་ནི། དུས་འཁོར་འགྲེལ་ཆེན་ལས། འཇམ་དཔལ་གྱིས་རང་གི་ལུང་སྟོན་པ་ལས་བྲིས་པ། ཞེས་འཇམ་དཔལ་བྱཱ་ཀ་ར་ཎ་བསྟན་པ་དང་། པཱ་ཎི་པ་དང་དབྱངས་ཅན་མ་གཉིས་ཀྱང་བྱང་འཕགས་ཀྱིས་གསུངས་པར་བགྲངས་ན་འབྲེལ་ཏེ། སྔ་མ་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་བྲམ་ཟེ་པཱ་ཎི་པ་ལ་གསུངས་པ་ཡིན་ལ། ཕྱི་མ་ནི་འཕགས་མ་དབྱངས་ཅན་མས་ཨ་ནུ་བྷཱུ་ཏི་ལ་དངོས་སུ་གསུངས་པའི་ཕྱིར་རོ། །གཉིས་པ་ལྷའི་ཡུལ་དུ་དར་ཚུལ་ནི། སུམ་ཅུ་རྩ་གསུམ་དུ་སརྦ་ཛྙཱ་ཞེས་པའི་སྒྲ་མཁན་མཁས་པ་ཞིག་བྱུང་སྟེ། དེས་སྒྲའི་བསྟན་བཅོས་ཆེན་པོ་བྱས་པ་ལྷའི་ཡུལ་དུ་དར་ཞེས་གྲགས། དེ་ལ་བརྒྱ་བྱིན་གྱིས་བསླབས། དེས་སྒྲ་མཁན་ཕུར་བུ་ལ་བཤད་ནས། ཕུར་བུ་ལྷ་རྣམས་ཀྱིས་སློབ་དཔོན་དུ་བསྐོས། དེའི་ཚེ་ཕུར་བུ་ང་རྒྱལ་ཆེ་བས་ལྷ་རྣམས་ཀྱིས་བསྟེན་དཀའ་བ་ན། བརྒྱ་བྱིན་གྱིས་ཆུ་བུམ་ལས་ཀུ་ཤའི་རྩེས་ཐིགས་པ་བླངས་ཏེ། སྒྲ་ཡི་བསྟན་བཅོས་རྒྱ་མཚོ་ཙམ། །ཁོ་བོས་ཤེས་པ་བུམ་གང་ཙམ། །ཁྱོད་ཀྱིས་ཤེས་པ་ཆུ་ཐིགས་ཙམ། །ཞེས་སྨྲས་པས་ཕུར་བུ་ཡི་ཆད་དེ་སྒྲ་མི་སྟོན་པར་དམ་བཅས་པ་ན། དབང་པོས་རང་གིས་ཇི་ཙམ་ཤེས་པ་སྟོན་ཅིག །ཅེས་བསྒོས་པས་རང་སྦྱོང་བའི་ཆེད་དུ་དུས་གཉན་བཞི་བསྲུངས་ནས་ལྷ་གཞན་ལ་བསྟན་པས་སྒྲ་མཁན་ནམ་ལྷའི་བླ་མ་ཞེས་གྲགས་སོ། །གསུམ་པ་རྒྱ་གར་དུ་བྱོན་ཚུལ་ནི། པཱ་ཎི་བྱཱ་ཀ་ར་ཎ་འཇིག་རྟེན་དུ་མ་ཕེབས་གོང་དུ་སྒྲ་སྦྱོར་དུམ་ཀ་བསགས་ནས་སྦྱོང་བ་ལས་གཅིག་ཏུ་བསྡེབས་པའི་བསྟན་བཅོས་མེད་པར་གྲགས། དེ་ནས་བྲམ་ཟེ་པཱ་ཎི་ནས་ས་སྟེང་གི་སྒྲ་མཁན་ཐམས་ཅད་ལས་རིག་པ་བསླབས། ཁྱད་པར་འཕགས་པ་སྤྱན་རས་གཟིགས་བསྒྲུབས་པས་གྲུབ་སྟེ། འཕགས་པས་ཡི་གེའི་བསྡུ་བ་གསུངས་པ་ཙམ་གྱིས་འཇིག་རྟེན་གསུམ་ན་ཡོད་པའི་སྒྲའི་གནས་ཐམས་ཅད་ཁོང་དུ་ཆུད་དེ། པཱ་ཎི་བྱཱ་ཀ་ར་ཎ་ཞེས་ཤླཽ་ཀ་ཉིས་སྟོང་ཡོད་པ་ཞིག་མཛད་དོ། །དེ་རྗེས་རྒྱལ་པོ་ཙནྡྲ་སྐྱོང་གི་དུས་བྲམ་ཟེ་ཨིནྡྲ་དྷུ་ཝ་ཞེས་བྱ་བས་བརྒྱ་བྱིན་བསྒྲུབས་ཏེ། དབང་པོས་ཇི་ལྟར་བཤད་པ་བཞིན་བྲིས་པ་ལྷས་བསྟན་པའི་བརྡ་སྤྲོད་དམ་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་ཤློ་ཀ་ཉིས་སྟོང་ལྔ་བརྒྱ་ཡོད་པར་གྲགས། དེའི་འོག་ཏུ་


MLP014_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་ཀཱརྟི་ཀས་བྲམ་ཟེ་སཔྟ་ཝརྨ་ལ་བསྟན་པ་ཀ་ལཱ་པ་དང་། སློབ་དཔོན་ཙནྡྲ་གོ་མིས་པཱ་ཎིའི་དོན་འགྲེལ་དུ་ཙནྡྲ་བྱཱ་ཀ་ར་ཎ་མཛད། དེ་རྗེས་མཁས་པ་སྒོ་དྲུག་དང་དུས་མཚུངས་པར་སྒྲ་དབྱངས་ལྷ་མོས་ཨ་ནུ་བྷཱུ་ཏི་ལ་དབྱངས་ཅན་བྱཱ་ཀ་ར་ཎ་གསུངས་པ་ཡིན་ནོ། །བཞི་པ་བོད་དུ་བསྒྱུར་ཚུལ་ནི། ཤོང་དཔང་གཉིས་ཀྱིས་ཀ་ཙན་དང་ཆོས་སྐྱོང་བཟང་པོས་འཇམ་དཔལ་གྱི་བྱཱ་ཀ་ར་ཎ། ཇོ་ནང་ལོ་ཙ་བ་ཕྱི་མས་དབྱངས་ཅན་མ། འདར་ལོས་དེ་ལ་འགྱུར་བཅོས་དང་པཱ་ཎི་པ་གཞི་འགྱུར་དུ་མཛད་པ་ཡིན་ནོ། །རིག་གནས་བཞི་པ་ཚད་མ་རིག་པ་ནི། ཀུན་བཏུས་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་བྱེད། །སྒྲུབ་པ་དང་ནི་སུན་འབྱིན་དག །ལྟར་སྣང་བཅས་པ་གཞན་རྟོགས་བྱེད། །ཅེས་གསུངས་པ་ལྟར། རྟོག་གེའི་ཚིག་དོན་བརྒྱད་དེ། མངོན་སུམ། རྗེས་དཔག །སྒྲུབ་ངག །ཐལ་འགྱུར་བཞི་པོ་རེ་རེ་ལ་ཡང་། ཡང་དག་དང་ལྟར་སྣང་གཉིས་གཉིས་སུ་ཕྱེ་བའི་ཕྱིར་རོ། །དེའང་བསྡུ་ན། རང་གི་གཞལ་བྱ་རྟོགས་པའི་ཐབས་དང་། རྟོགས་ནས་གཞན་རྗེས་སུ་འཛིན་པའི་ཐབས་ཏེ་གཉིས་སུ་འདུ་ཞིང་། དེ་ཡང་། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་ཚད་མའི་དོན་མི་བསླུ་བ་སྟེ། རང་གི་གཞལ་བྱ་ལ་མ་འཁྲུལ་བའི་འཇལ་བྱེད་ཅིག་ལ་འཇོག་པ་ཡིན་པའི་ཕྱིར། དཔེར་ན་བྲེ་ཚད་དང་སྲང་ཚད་བཞིན་ནོ། །གཞལ་བྱ་ལ་གསུམ་སྟེ། མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་རོ། །དེ་དག་འཇལ་བྱེད་ནི། གཞལ་བྱ་མངོན་གྱུར་འཇལ་བྱེད་ལ་མངོན་སུམ་བཞི་སྟེ། དབང་པོ། ཡིད། རང་རིག །རྣལ་འབྱོར་མངོན་སུམ་མོ། །ལྐོག་གྱུར་གྱི་འཇལ་བྱེད་དང་སྒྲུབ་བྱེད་ནི། དངོས་སྟོབས་རྗེས་དཔག་གི་གཏན་ཚིགས་གསུམ་སྟེ། ཆོས་བཅུ་པའི་མདོར། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར་འབྲས་བུའི་གཏན་ཚིགས་དང་། རྣམ་འགྲེལ་དུ། ཅུང་ཟད་སྐྱེ་བའི་མཚན་ཉིད་ཅན། །གང་དེ་ཐམས་ཅད་འགག་ཆོས་ཅན། །ཞེས་པ་ལྟ་བུ་རང་བཞིན་གྱི་གཏན་ཚིགས་དང་། ཚད་མ་རྣམས་ནི་མི་འཇུག་པར། །མེད་ལ་མི་


MLP014_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་འབྲས་བུ་ཅན། །གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་ཡེ་ཤེས་འབྲས་བུ་ཅན། །ཞེས་པ་ལྟ་བུ་མི་དམིགས་པའི་གཏན་ཚིགས་རྣམས་སོ། །གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་གཏན་ཚིགས་ནི། མངོན་སུམ་དང་། དངོས་སྟོབས་ཀྱི་གཏན་ཚིགས་གཉིས་ཀས་མི་འགྲུབ་པའི་ཕྱིར། དཔྱད་གསུམ་དག་པའི་ལུང་ཉིད་ལ་བརྟེན་ནས་རྟོགས་དགོས་པ་ཡིན་ནོ། །ཚད་མ་རིག་པ་ཇི་ལྟར་བྱུང་བའི་ལོ་རྒྱུས་ལ་གསུམ་ལས། དང་པོ་སངས་རྒྱས་ཀྱིས་གསུངས་ཚུལ་ནི། དགེ་སློང་དག །མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་མ་ཡིན་ནོ། །ཞེས་པའི་སྔོན་པོ་ཤེས་ཀྱི་ཞེས་པ་ཡན་གྱིས་མ་འཁྲུལ་བའི་རིག་པ་དེ་བསྟན། སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་པས། རྟོག་བྲལ་དེ་བསྟན་པས་མངོན་སུམ་མཚན་ཉིད་གསལ་བར་གསུངས། ཡང་། དགེ །་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ། །ཞེས་པའི་མིག་དང་ཞེས་པས་དབང་མངོན་དང་། ཡིད་ལ་བརྟེན་པའོ་ཞེས་པས་ཡིད་མངོན་བསྟན། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པས་རང་རིག་མངོན་སུམ་བསྟན། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག །ཅེས་པས་རྣལ་འབྱོར་མངོན་སུམ་བསྟན། དེ་ལྟར་མངོན་སུམ་བཞི་ག་དང་། རྗེས་དཔག་ཐམས་ཅད་ཀྱི་རྟེན་གཏན་ཚིགས་གསུམ་ཀ་མདོ་ལས་གསུངས་ཚུལ་སྔར་བཤད་པ་ལྟར་རོ། །གཉིས་པ་ལ་མཁས་པས་བཀྲལ་ཚུལ་ནི། སྟོན་པ་ནས་བརྒྱུད་དེ། དགྲ་བཅོམ་པ་ཆོས་སྐྱོབ། །དེས་པཎ་ཆེན་མེ་ཝ་མ་ག །དེས་མཁས་མཆོག་དབྱིག་གཉེན་ལ་གསུངས་ཤིང་། དེས་གཞོན་ནུའི་དུས་སུ་རྩོད་སྒྲུབ་ཏུ་གྲགས་པའི་ཚད་མའི་བསྟན་བཅོས་ཀྱང་མཛད། དབྱིག་གཉེན་ལ་རང་མཁས་ཀྱི་སློབ་མ་བཞི་བྱུང་བའི། ཚད་མ་རང་ལས་མཁས་པ་ནི་ཕྱོགས་ཀྱི་གླང་པོ་སྟེ། དེས་འཇམ་དབྱངས་ཀྱིས་དངོས་སུ་དབུགས་ཕྱུང་ནས་བརྩམས་པ་ཚད་མ་མདོ་དང་། དེའི་དགོངས་འགྲེལ་དུ། ཕྱོགས་གླང་གི་སློབ་མ་དབང་ཕྱུག་སྡེ་ལས་དཔལ་ལྡན་ཆོས་ཀྱི་གྲགས་པས་གསན་ནས། ཚད་མ་སྡེ་བདུན་མཛད་དེ། རྒྱས་པ་རྣམ་འགྲེལ། འབྲིང་རྣམ་ངེས། བསྡུས་པ་རིག་ཐིག་སྟེ་གཙོ་བོ་ལུས་ལྟ་བུའི་


MLP014_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་གསུམ་དང་། དེ་ལས་འཕྲོས་པ་བཞི་ནི། རང་དོན་རྗེས་དཔག་ལས་འཕྲོས་པ་གཏན་ཚིགས་ཐིགས་པ་དང་། འབྲེལ་བ་བརྟག་པ། གཞན་དོན་རྗེས་དཔག་ལས་འཕྲོས་ཏེ། རྒྱུད་གཞན་གྲུབ་པ་དང་། རྩོད་པའི་རིགས་པ་སྟེ་ཡན་ལག་གི་བསྟན་བཅོས་བཞིའོ། །གསུམ་པ་བོད་དུ་འགྱུར་ཚུལ་ནི། བསྟན་པ་སྔ་དར་གྱི་དུས་སུ་སྡེ་བདུན་ཕྱི་མ་འགའ་དང་། དུལ་ལྷའི་འགྲེལ་པ་སོགས་འགྱུར། ཕྱི་དར་ལ་རྨ་དགེ་བློས་མདོ་དང་རྣམ་འགྲེལ་རྣམ་ངེས་འགྲེལ་ཆེན་དང་བཅས་པ་བསྒྱུར་ཅིང་། ཁྱད་པར་རྔོག་ལོ་ཆེན་པོས་གསར་འགྱུར་དང་འགྱུར་བཅོས་དུ་མ་མཛད་ནས་འཆད་ཉན་གྱིས་གཏན་ལ་ཕབ། རྣམ་འགྲེལ་ནི་རྣམ་ངེས་ལ་ལྟོས་ནས་བཤད་རྒྱུན་མ་ནུབ་ཙམ་དུ་གནས་པ་ལས། ཕྱིས་ཆོས་རྗེ་ས་པཎ་གྱིས་རྩལ་དུ་བཏོན་ནས་བསྒྱུར་བཤད་གཏན་ལ་ཕབ། འཕགས་པ་རིན་པོ་ཆེས་གསང་ཕུར་རྣམ་འགྲེལ་གྱི་ཚད་རྒྱགས་སྦྱར་བ་སོགས་ཀྱིས་ཤིན་ཏུ་རྒྱས་པར་གྱུར་པ་ཡིན་ནོ། །རིག་གནས་ལྔ་པ་ནང་རིག་པ་ནི། བརྗོད་བྱའི་དབང་དུ་བྱས་ན་ཐེག་པ་གསུམ་མམ་དགུ་སྟེ། དེ་ལ་ཐེག་པ་གསུམ་ནི། ཉན་ཐོས། རང་རྒྱལ། བྱང་སེམས་ཐེག་པ་གསུམ་མམ། ཡང་ན། དགོངས་འདུས་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས། ཐེག་པ་དགུ་ནི། གསུམ་པོ་དེ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བ་སྟེ། ཉན་རང་བྱང་སེམས་གསུམ་ལ་མཚན་ཉིད་སྡེ་གསུམ་མམ་ཀུན་འབྱུང་འདྲེན་པའི་ཐེག་པ་དང་། ཀྲྀ་ཡ། ཨུ་པ་ཡ། ཡོ་ག་གསུམ་ལ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཞེས་ཕྱི་རྒྱུད་གསུམ་དང་། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག་གསུམ་ལ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞེས་ནང་རྒྱུད་གསུམ་མོ། །དེ་ཐམས་ཅད་ཀྱང་གཞི་ཆོས་ཉིད་རིས་མེད་ལ། སོ་སོའི་དབང་པོས་རྟོགས་ཚུལ་གྱི་ལྟ་བ་ལ་དམིགས་ནས་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ལ་བརྩོན་པས། རང་རང་གི་འདོད་པའི་གྲུབ་འབྲས་རྣམ་གྲོལ་གྱི་རིམ་པ་མི་བསླུ་བར་ཐོབ་པ་ཞིག་ཡིན་ནོ། །རྗོད་བྱེད་ཀྱི་དབང་དུ་བྱས་ན། ཐེག་དམན་དང་ཐེག་ཆེན་གྱི་དབྱེ་བས་གཉིས་སམ། བསླབ་པ་


MLP014_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ལྟོས་ནས་གསུམ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་དང་གསུམ་སྟེ། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་གསང་སྔགས་ཀྱི་རྒྱུད་རྣམས་སྡེ་སྣོད་གང་དུ་བསྡུ་ཞེ་ན། པཎྜི་ཏ་ཆེན་པོ་བི་མ་ལ་ལ་སོགས་མངོན་པའི་སྡེ་སྣོད་དུ་བཞེད་པ་དང་། ཤཱནྟི་པ་སོགས་ཟབ་མོའི་དོན་མདོར་བསྡུས་ཏེ་སྟོན་པས་མདོ་སྡེའོ་ཞེས་མདོ་སྡེར་བསྡུ་བ་སོགས་ལའང་འགལ་བ་མ་མཆིས་འདྲ། འོན་ཀྱང་མཁས་པ་སྤྱིའི་བཞེད་པ་ལྟར་ན། སྡེ་སྣོད་བཞི་པའམ་རིག་པ་འཛིན་པའི་སྡེ་སྣོད་རྐང་ཐུབ་གཅིག་ཏུ་འདྲེན་པ་མཛད་དེ། ཀུན་བྱེད་ལས། ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་དང་དགོངས་པ་མཐུན་ནོ། །ནང་རིག་པ་ཇི་ལྟར་བྱུང་བའི་ཁུངས་ལ་གསུམ་ལས། དང་པོ་སྟོན་པས་གསུངས་ཚུལ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རང་སྣང་དག་པའི་ཞིང་དང་། གཞན་སྣང་དག་མ་དག་འདྲེས་པའི་ཞིང་དང་། མ་དག་པའི་ཞིང་ལྷ་དང་མིའི་གནས་ལ་སོགས་པར་མདོ་དང་རྒྱུད་སྡེ་གསུངས་པ་མཐའ་ཡས་ཤིང་བརྗོད་དུ་མ་མཆིས་མོད། ཞིང་འདིར་སྟོན་པ་འཚང་རྒྱ་བའི་ཚུལ་བསྟན་ནས། དངོས་པོར་ཞེན་པའི་སེམས་ཅན་ལས་དང་པོ་པ་རྣམས་དྲང་བའི་དོན་དུ་སྤང་གཉེན་ལ་བླང་དོར་བྱེད་པ་གཙོ་བོར་སྟོན་པ་བདེན་བཞིའི་ཆོས་འཁོར་དང་། གཉེན་པོ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པ་མཚན་ཉིད་མེད་པའི་ཆོས་འཁོར་དང་། ཆོས་ཐམས་ཅད་ཀྱི་གཤིས་ལུགས་ཇི་ལྟ་བ་བཞིན་གཏན་ལ་ཕབ་སྟེ་སྟོན་པ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་ཏེ། དེ་ལྟར་ཆོས་ཀྱི་འཁོར་ལོ་གསུམ་བསྐོར་བར་མཛད་དོ། །གཉིས་པ་སྡུད་བྱེད་རྣམས་ཀྱིས་ཇི་ལྟར་བསྡུས་ཚུལ་ནི། ཐུན་མོང་བ་ཉེ་བ་འཁོར། ཀུན་དགའ་བོ། འོད་སྲུངས་ཆེན་པོ་རྣམས་ཀྱིས་སྡེ་སྣོད་གསུམ་བསྡུས་པ་དང་པོ་དང་། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་མི་རུང་བའི་གཞི་བཅུ་བྱས་པ་དགྲ་


MLP014_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་གྲགས་པ་སོགས་ཀྱིས་སུན་ཕྱུང་ནས་བཀའ་བསྡུ་གཉིས་པ་མཛད། དགེ་སློང་ལྷ་ཆེན་པོ་རྗེས་འབྲང་དང་བཅས་པས་བསྟན་པ་དཀྲུགས་པས་དགེ་འདུན་ཐམས་ཅད་རྩོད་པར་གྱུར་པས་རིམ་གྱིས་སྡེ་པ་བཞི་དང་། དེ་ཡང་བཅོ་བརྒྱད་དུ་གྱེས་པའི་རྗེས་སུ་རྒྱལ་པོ་ཀ་ནིཥྐས་སྦྱིན་བདག་བྱས་ཏེ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ། དགྲ་བཅོམ་པ་ལྔ་བརྒྱ། བཙུན་པ་ཆེན་པོ་ཁྲི་དྲུག་སྟོང་འདུས་ཏེ། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་པའི་མདོ་དྲངས་ནས་གྱེས་པ་བཅོ་བརྒྱད་པོ་བསྟན་པ་རྣམ་དག་ཏུ་བསྒྲུབས་ཤིང་འདུལ་བ་ཡི་གེར་བཀོད། མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་དག་ཀྱང་སྐབས་འདིར་ཡི་གེར་བཀོད་པ་ནི་བཀའ་བསྡུ་གསུམ་པའོ། །ཐུན་མོང་མ་ཡིན་པ་ནི། རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ནས་སྡེ་སྣོད་གསུམ་བྱམས་པ་འཇམ་དབྱངས་ཕྱག་རྡོར་གསུམ་གྱིས་བསྡུས་པ་དང་། སངས་རྒྱས་སྟོང་གི་བཀའི་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིན་པར་གསུངས་པ་སོགས་མཐའ་ཡས་སོ། །གསུམ་པ་བསྡུས་པའི་དོན་བཤད་སྒྲུབ་ཀྱི་སྒོ་ནས་ཇི་ལྟར་བཟུང་ཚུལ་ནི། འཕགས་ཡུལ་དུ་རྒྱན་དྲུག་མཆོག་གཉིས་དང་། རྨད་བྱུང་གི་སློབ་དཔོན་གཉིས་དང་། རྣམ་གནོན་ཚུལ་གྱིས་བསྔགས་པའི་སློབ་དཔོན་བཅུ་གཉིས་དང་། གྲུབ་ཐོབ་བརྒྱད་ཅུ་དང་། རིག་འཛིན་བརྒྱད་སོགས་པཎ་གྲུབ་རྣམས་ཀྱིས་བཤད་སྒྲུབ་ཀྱི་སྒོ་ནས་ལེགས་པར་བཟུང་ཞིང་། གངས་ཅན་གྱི་ལྗོངས་འདིར་བསྟན་པ་སྔ་དར་གྱི་དུས་སུ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། མཁན་པོ་བོ་དྷི་སཏྭ། སློབ་དཔོན་བི་མ་ལ་མི་ཏྲ། ཀ་མ་ལ་ཤཱི་ལ། ཛི་ན་མི་ཏྲ་སོགས་པཎ་གྲུབ་དང་། ལོ་ཆེན་བཻ་རོ་ཙ་ན། རྨ་གཉགས་སྐ་ཅོག་ཞང་གསུམ་སོགས་ཀྱིས་ལོ་ཙཱ་བྱས་ཏེ་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་རྐྱེན་ལ་བརྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་དཔག་ཏུ་མེད་པ་ཞིག་བསྒྱུར་བཤད་ཀྱིས་གཏན་ལ་ཕབ། བར་དུ་བླ་ཆེན་པོའི་མཁན་བརྒྱུད་ཀྱིས་བསྟན་པ་ཉམས་པ་གསོས། ཐ་མར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་པཎྜི་ཏ་མང་པོ་དང་། སྐྱེས་མཆོག་རིན་ཆེན་བཟང་པོ། ས་རྔོག་མར་མལ་འགོས་སོགས་ལོ་ཙཱ་བ་མང་པོས་འགྱུར་བཅོས་དང་གཞི་འགྱུར་ཉན་བཤད་ཀྱིས་གཏན་ལ་ཕབ་ཅིང་། དེ་དག་གི་དོན། ས་ཞལ་བུ་གསུམ།


MLP014_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རིན་པོ་ཆེ་ཡབ་སྲས། ཁྱད་པར་གངས་ཅན་གྱི་ལྷ་གཅིག་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ཞེས་སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བ་དེ་ཉིད་ཀྱི་སྐུ་དྲིན་ལས། གངས་ཅན་གྱི་ལྗོངས་འདིར་མདོ་སྔགས་གསར་རྙིང་གི་བསྟན་པ་རིས་མེད་པ་མི་ནུབ་པའི་ཉི་མ་དང་། མི་འགྲིབ་པའི་ཟླ་བ་ལྟར་གསལ་ཞིང་རྒྱས་པར་གྱུར་པ་ཐམས་ཅད་ཀྱི་དགོངས་པ་རིན་པོ་ཆེར་མངའ་བ་ལྟར་ལགས་ཤིང་། སླད་དུའང་བསྟན་པའི་དཔལ་གྱུར་བླ་མ་དམ་པ་རྣམས་ཞབས་ཀྱི་པདྨོ་བརྟན་ཅིང་། བསྟན་འཛིན་གྱི་སྐྱེས་བུས་ནོར་འཛིན་གྱི་ཁྱོན་མ་ལུས་པ་ཡོངས་སུ་གང་བ་དང་། བསྟན་པ་བླ་ནས་བླར་མཆོད་པར་མཛད་པའི་བསྟན་པའི་སྦྱིན་བདག་ཆེན་པོ་སྐུ་འཁོར་དང་བཅས་པའང་ཆབ་སྲིད་བརྟན་ཅིང་མངའ་ཐང་དང་འབྱོར་པ་དབྱར་གྱི་མཚོ་བཞིན་དུ་རྒྱས་པས་གངས་ཅན་གྱི་འགྲོ་བ་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་བསྐལ་པ་རྫོགས་ལྡན་གྱི་དུས་བཞིན་དུ་སྤྱོད་པ་དང་། དེ་དག་གི་མཐུ་ལས་འདི་ལྟ་བུའི་བཀྲ་ཤིས་དགེ་མཚན་མངོན་པར་འཛོམ་པའི་དུས་དགེ་བ་ལ་ཞལ་མངོན་པར་འཛོམ་པའི་སྟོན་འཁོར་ཐམས་ཅད་ཡང་ནས་ཡང་དུ་ཕུན་སུམ་ཚོགས་པའི་དགའ་སྟོན་ལ་གཅིག་ཏུ་འདུས་ནས། ལེགས་བཤད་ཀྱི་འབེལ་གཏམ་འབོལ་ཆིལ་ལེ་བ་ཞུས་ཆོག་པའི་བཀྲ་ཤིས་ཀྱི་ཉི་མ་གུང་ནས་འཆར་བར་གྱུར་ཅིག་ཅེས་ཆེད་དུ་བརྗོད་པ་ནི། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །སོགས་བརྗོད་དོ།། །།

བཤེས་པའི་གཏམ་དུ་བྱ་བ་བདེ་སྐྱིད་འབྱུང་གནས། རིག་འཛིན་འགྱུར་མེད་རྡོ་རྗེ།


MLP014_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་པའི་གཏམ་དུ་བྱ་བ་བདེ་སྐྱིད་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ།


MLP014_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་པའི་གཏམ་དུ་བྱ་བ་བདེ་སྐྱིད་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི། བཤེས་པའི་གཏམ་དུ་བྱ་བ་བདེ་སྐྱིད་འབྱུང་གནས་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པ་ནི། །མཚུངས་མེད་བླ་མའི་གཟུགས་སུ་ཡོངས་བཞེངས་ནས། །ལྷར་བཅས་འགྲོ་བའི་ཉེར་འཚོའི་ཞིང་གྱུར་པ། །དེ་ལ་དངོས་པོ་ཀུན་གྱིས་ཕྱག་བགྱིའོ། །༡མངོན་པར་མཐོ་དང་ངེས་པར་ལེགས་པའི་ལམ། །ཚུལ་བཞིན་སྤྱོད་པ་ཉིད་ལས་སྲིད་ཞིའི་དཔལ། །དཀའ་བ་མེད་པར་འབྱུང་ཕྱིར་བླང་དོར་གྱི། །གནས་རྣམས་གསལ་བྱེད་ཉི་མའི་མེ་ལོང་བཞིན། །༢སྔོན་རབས་མཁས་པས་སྤེལ་བ་ཡི། །ལེགས་བཤད་རིན་ཆེན་ཡོད་བཞིན་དུ། །རྨོངས་བློའི་ངག་ཚིག་འཆིང་བུ་ལ། །རྒྱན་དུ་རེ་བ་བྱིས་བློའི་ཚུལ། །༣འོན་ཀྱང་མཁའ་ལྡིང་དབང་པོ་ནས། །བུང་བའི་བར་གྱི་འདབ་ལྡན་ཀུན། །ནམ་མཁའི་ལམ་བཞིན་ལྷག་པའི་སེམས། །དགེ་བར་མཚུངས་ཕྱིར་དོན་ལྡན་ཉིད། །༤མཁས་རྣམས་དོན་ལ་ཡིད་འཇུག་ཕྱིར། །ཧ་ཅང་སྤྲོས་པ་ཅི་ཕྱིར་དགོས། །བླུན་པོ་གྲགས་པའི་རྗེས་འབྲང་གིས། །མང་དུ་སྨྲོས་ཀྱང་དོན་མི་འགྱུར། །༥འོན་ཀྱང་དོན་བཟང་ཚིག་སྙན་པོར། །བརྗོད་པས་ཕོངས་ཀྱང་བཤེས་ཁྱོད་ཀྱི། །བཞེད་པ་སྐོང་ཕྱིར་ལྷག་པའི་སེམས། །བཟང་པོས་བརྗོད་ཕྱིར་གསན་པར་རིགས། །༦དགེ་བཅུའི་ཁྲིམས་ལྡན་དལ་འབྱོར་གྱིས། །མངོན་མཐོ་འཇིག་རྟེན་ཡ་རབས་ཉིད། །ཚུལ་གནས་ཐོས་བསམ་སྒོམ་པ་ཡིས། །འཚོ་བ་དམ་ཆོས་འཛིན་པའི་མཆོག །༧དེ་ཕྱིར་གཙུག་ལག་རྣམ་གཉིས་ལ། །རྣམ་དཔྱོད་མིག་གིས་ལེགས་གཞལ་ནས། །བླང་དོར་འཆོལ་བ་མེད་པར་སྤྱད། །དེ་ཡང་རིན་ཆེན་འཕྲེང་བ་ལས། །༨མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་


MLP014_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཐར་པ་གམ་ན་འདུག །༩ཅེས་གསུངས་ཕྱིར་ན་མངོན་མཐོའི་རྟེན། །ཕུན་ཚོགས་རྒྱུ་རྐྱེན་ཀུན་ཚང་བས། །ཕྱི་མའི་བདེ་སྐྱིད་རང་དབང་དུ། །སྤྱོད་པའི་ཚུལ་འདིར་བསམ་པར་བྱ། །༡༠ད་ལྟའི་ཕུན་ཚོགས་གང་ལགས་པ། །རྒྱུ་མེད་པར་ནི་སྟེས་དབང་གིས། །རྙེད་མིན་སྔོན་དགེའི་ལེགས་བྱས་རྒྱུ། །སད་པ་ལས་ནི་བྱུང་བའི་ཕྱིིར། །༡༡ཕྱི་མའི་རྟེན་དང་ལས་འབྲས་ལ། །ཡིད་ཆེས་ལྟ་བས་ཟིན་པ་ཡིས། །མི་དགེ་བཅུ་པོ་ལུས་དང་ངག །ཡིད་ཀྱིས་རྟག་ཏུ་བསྲུང་ཞིང་སྤོངས། །༡༢དཔེར་ན་གཤིན་པོའི་ཞིང་ས་ལ། །ས་བོན་གང་བཏབ་སྐྱེ་བ་བཞིན། །དགེ་ལས་བདེ་བ་ཐམས་ཅད་དེ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །༡༣དེ་ཕྱིར་སྡིག་པ་ཆུང་ངུ་ཡང་། །སྲོག་བཞིན་འབད་པས་བསྲུང་བ་དང་། །དགེ་བ་དཀའ་ཡང་ཅི་ནུས་སུ། །བསྒྲུབ་པའི་སྤང་བླང་ཞིབ་པར་བྱ། །༡༤གང་དུ་དགེ་བའི་ལས་ལམ་ལ། །སྤྱད་པས་འཇིག་རྟེན་འདི་ཉིད་དུ། །རྫོགས་ལྡན་དུས་ཀྱི་བདེ་སྐྱིད་དཔལ། །འབྱུང་ཞེས་སངས་རྒྱས་རྣམས་ཀྱིས་བསྔགས། །༡༥དེ་ཕྱིར་སངས་རྒྱས་ཆོས་དང་ནི། །དགེ་འདུན་རྣམས་དང་ཕ་དང་མ། །དགེ་སྦྱོང་རིགས་ཀྱི་རྒན་པ་སོགས། །གུས་པས་བསྟེན་ཅིང་བཀུར་བར་བྱ། །༡༦ནད་པ་དང་ནི་ཕོངས་པ་དང་། །སྡུག་བསྔལ་ཅན་གྱི་འགྲོ་དག་ལ། །ཕན་པའི་ལྷག་བསམ་བཟང་པོ་ཡིས། །ཇི་ལྟར་ནུས་བཞིན་རྗེས་སུ་སྐྱོངས། །༡༧ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་འཛིན་དེ་སེམས་བསྒོམ། །འཆད་དང་ཁ་ཏོན་ཆོས་སྤྱོད་བཅུ། །བསོད་ནམས་འབྱུང་གནས་ཉིད་ཕྱིར་སྒྲུབས། །༡༨ཕྱག་འཚལ་མཆོད་འབུལ་སྡིག་བཤགས་དང་། །རང་གཞན་དགེ་ལ་ཡི་རང་སོགས། །ཡན་ལག་བདུན་ལྡན་ཐར་འདོད་ཀྱི། །ཉམས་ལེན་ཉིད་དེ་འབད་པར་བྱ། །༡༩ཚེ་འདི་དོན་གཉེར་སྐྱེ་བོ་ལ། །གཏན་གྱི་འདུན་མའི་སྐལ་བ་ཆད། །དེ་ཕྱིར་ཡུན་གྱི་བདེ་བ་ལ། །དམིགས་ཏེ་སྙིང་ནས་ཆོས་བཞིན་སྤྱོད། །༢༠ཇི་ལྟར་ཚེ་ནི་མར་མེ་བཞིན། །འཛད་མོད་གློ་བུར་རྐྱེན་གྱིས་ནི། །སྐད་ཅིག་ཉིད་ལའང་འཆི་བའི་ཕྱིར། །རྟག་འཛིན་མེད་པའི་བརྩོན་འགྲུས་བྱ། །༢༡འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །ཡིན་ཕྱིར་ཀུན་ཏུ་མི་བརྙས་ཏེ། །འཕགས་རྣམས་སྣ་ཚོགས་སྤྱོད་པའི་ཚུལ། །སྟོན་ཕྱིར་ཐབས་


MLP014_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པར་བྱ། །༢༢བདག་ཉིད་རིགས་གཟུགས་ལང་ཚོ་དང་། །མཁས་ཤིང་བློ་གྲོས་ཆེའོ་ཞེས། །ཁེངས་པས་གཞན་ལ་བརྙས་མི་བྱ། །སེམས་དུལ་བ་ལས་ཡོན་ཏན་ཐོབ། །༢༣སྡུག་བསྔལ་རྒྱུ་དང་བཅས་པ་ལས། །ཐར་བར་བྱ་ཕྱིར་དད་པ་ཡིས། །རྩ་བར་རབ་ཏུ་བརྟན་བྱ་སྟེ། །འདི་ལས་དགེ་བའི་ཆོས་ཀུན་འབྱུང་། །༢༤ཚུལ་ཁྲིམས་དག་ཅིང་མང་དུ་ཐོས། །ཏིང་འཛིན་དབང་འབྱོར་བརྩེ་བ་ཅན། །བཤེས་གཉེན་དེ་འདྲ་སངས་རྒྱས་བཞིན། །གུས་པས་བསྟེན་ཅིང་བཀུར་བར་བྱ། །༢༥དེ་ལས་རང་སྐལ་འཚམས་པ་ཡི། །སོ་སོ་ཐར་དང་བྱང་སེམས་དང་། །རིག་པ་འཛིན་པའི་སྡེ་སྣོད་ཀྱི། །ཆོས་ཀྱི་བདུད་རྩི་ནོད་པར་བྱ། །༢༦དེ་ཡང་ཁེངས་འདོད་གྲགས་འདོད་དང་། །འགྲན་སེམས་དག་གིས་མ་ཡིན་ཏེ། །རང་དང་གཞན་གྱི་ཕན་བདེ་ཡི། །ཐར་པ་དོན་གཉེར་ཁོ་ནས་སོ། །༢༧མདོ་རྒྱུད་གཞུང་གི་དགོངས་པ་འགྲེལ། །ལུང་དང་རིགས་པས་བརྟགས་བཟོད་པའི། །གསུང་རབ་ཀུན་ལ་ངོམས་མེད་དུ། །ཐོས་པའི་ཕ་རོལ་ཕྱིན་པར་མཛོད། །༢༨སྤོང་བདུན་ཚུལ་ཁྲིམས་དག་པ་དང་། །གཞན་ཕན་བྱང་སེམས་འབྱོངས་པ་དང་། །སྣོད་བཅུད་དག་པར་རྒྱས་ཐེབས་པ། །འདི་གསུམ་ཉམས་ལེན་སྙིང་པོར་འདུ། །༢༩སྟོང་པ་ཉིད་དང་སྙིང་རྗེ་ཆེ། །ཆོས་རྣམས་ཀུན་གྱི་རྩ་བ་རུ། །གསུངས་ཕྱིར་ཐར་འདོད་ཐམས་ཅད་ཀྱི། །བསྒྲུབ་བྱའི་སྙིང་པོ་གཞན་ཡོད་མིན། །༣༠བདག་འཛིན་ཞེན་པས་འཁོར་བར་འཆིང་། །བདག་མེད་རྟོགས་པས་དེ་ལས་གྲོལ། །འདི་ཞེས་གང་ཟག་ངོས་བཟུང་མེད། །དེ་བཞིན་ཆོས་ཀུན་རང་བཞིན་མེད། །༣༡ཆོས་རྣམས་རང་བཞིན་མེད་པ་ལ། །རྒྱུ་འབྲས་ཐམས་ཅད་འགག་མེད་དུ། །འཆར་བ་འདི་ནི་སངས་རྒྱས་ཀྱི། །བསྟན་པའི་ལམ་དུ་གྲུབ་པ་ཡིན། །༣༢དེས་ན་འཁོར་འདས་ཆོས་རྣམས་ཀུན། །སྤྲོས་བྲལ་ཀ་ནས་དག་པ་ལ། །སྐུ་དང་ཡེ་ཤེས་ཡོན་ཏན་ཀུན། །ཡོངས་རྫོགས་ཐེག་དགུའི་རྩེ་མོ་སྟེ། །༣༣དེ་ལ་བརྟན་པ་མ་ཐོབ་བར། །ཉམས་ལེན་གནད་ཀྱི་རྐང་བསྒྲིལ་ནས། །རིམ་པ་བཞིན་དུ་བསླབས་པ་ཡིས། །ལམ་གྱི་གོམས་པ་འཐོབ་པར་བྱ། །༣༤གང་ཞིག་བརྟན་པ་ཐོབ་པ་ན། །ཁྲིགས་ཆགས་ཐམས་ཅད་རང་གྲོལ་ཕྱིར། །ལམ་གྱི་རྐང་གྲངས་མ་ངེས་པས། །གྲུབ་


MLP014_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱོད་པའང་སྐབས་འདིར་ཡིན། །༣༥རང་ཉིད་རྟོགས་པ་མངོན་གྱུར་ནས། །དག་པའི་འཁོར་ཚོགས་འབའ་ཞིག་ལ། །གནས་ལུགས་རྗེན་པར་སྟོན་པའི་ཚེ། །ལུས་ངག་སྤྱོད་ལ་མ་ལྟོས་མོད། །༣༦རྟོགས་པའི་གདེངས་ཚད་མ་ཐོབ་པར། །སྣ་ཚོགས་འཁོར་སློབ་སྐྱོང་བའི་ཚེ། །བཙུན་ཚུགས་བཟང་ཞིང་སྨྲ་ཚོད་ཟིན། །བསམ་པ་དགེ་ཞིང་གྲིམས་པར་བྱ། །༣༧འགྲོ་དོན་སྐྱོང་ཚེ་བསྡུ་དངོས་བཞིས། །སྙོམས་པར་སྐྱོང་ཞིང་ཐབས་མཁས་པས། །ཡང་དག་ལམ་ལ་འབྲེལ་ཐོགས་ཀུན། །རྣམ་ཀུན་དོན་ཡོད་ཉིད་དུ་འཁྲིད། །༣༨ཐེག་པ་ཐམས་ཅད་རང་ས་རུ། །བདེན་ཕྱིར་རིས་སུ་གཅོད་པ་ཡིས། །དམོད་ཅིང་ཁ་ཚོན་མི་བྱ་སྟེ། །སྡིག་པ་ཤིན་ཏུ་ལྕི་བར་གསུངས། །༣༩དབེན་པ་བསྟེན་ཚེ་ཚེ་འདི་ཡི། །བདེ་སྐྱིད་གཏམ་ལ་མ་ཆགས་པར། །ཟབ་མོའི་ལམ་གྱི་ཉམས་ལེན་ལ། །ཆོས་དང་རང་རྒྱུད་འདྲེས་པར་བྱ། །༤༠ཉམས་རྟོགས་སྐྱོང་ཚེ་བྱ་བྱེད་ཀུན། །ཆོས་བརྒྱད་འཆིང་བས་མ་བསླད་པར། །འགྱུར་མེད་གནས་ལུགས་ཇི་བཞིན་པར། །རང་ཤར་རང་གྲོལ་ཉིད་དུ་སྐྱོངས། །༤༡ཇི་ལྟར་འབྱོར་པའི་ཡོ་བྱད་ཀྱིས། །སྐུ་གཟུགས་གླེགས་བམ་གཙུག་ལག་རྟེན། །གསར་དུ་བསྒྲུབ་ཅིང་ཉམས་གསོ་ཡང་། །རང་གཞན་བསོད་ནམས་ཆེད་དུ་བྱ། །༤༢མདོར་ན་འཁོར་སློབ་འབྲེལ་བར་བཅས། །དགེ་བའི་རྒྱུ་དང་འབྲས་བུ་ལ། །ཅི་འགྱུར་ཉིད་ཀྱིས་དམིགས་བཟུང་ནས། །རྣམ་ཐར་ཆོས་བཞིན་ཅི་འཁྱོངས་སྒྲུབས། །༤༣ཡོན་ཏན་ལྡན་པ་ཀུན་གྱིས་བཀུར། །ཡོན་ཏན་མེད་པ་བརྙས་བྱའི་གཞི། །འབྱོར་ལྡན་སྐྱེ་བོ་ཀུན་གྱིས་བསྟོད། །དྲིན་གྱིས་བསྐྱངས་ལ་དེ་ལྟ་མིན། །༤༤ལྗོན་ཤིང་འབྲས་བུས་འཚོ་བ་ཡི། །སྤྲེའུས་ལྗོན་པ་ཉིད་ལ་འཚེ། །བྱས་པ་མི་བཟོ་ངན་པའི་འཁོར། །ཕན་འདོགས་པ་ལ་གནོད་ཅིང་འཚེ། །༤༥ལུགས་གཉིས་ཀྱིས་ནི་མངོན་མཐོ་བའི། །གོ་འཕང་འཛིན་པ་དེ་དང་དེའི། །བཟང་པོའི་སྤྱོད་པས་འཚོ་འགྱུར་ན། །རང་དང་གཞན་ལ་ཕན་བདེར་བྱེད། །༤༦གང་ཞིག་ཆེན་པོར་སྙེམ་བཞིན་དུ། །ངན་པར་སྤྱོད་པ་ཤིན་ཏུ་སྨད། །གཡང་ས་ཆེ་ལས་ལྷུངས་པ་ན། །འཚོ་བར་གྱུར་པ་ཅི་ཞིག་ཡོད། །༤༧གང་དུ་གཙོ་བོ་བསམ་པ་དང་། །སྦྱོར་བ་བཟང་པོར་སྤྱོད་པ་ན། །དེ་ལ་བརྟེན་པའི་འཁོར་


MLP014_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་ཀྱང་། །བཟང་པོའི་སྤྱོད་པས་བདེ་བར་འཚོ། །༤༨རྗེ་བོ་གདུག་སེམས་ངན་སྤྱོད་ཅན། །བརྟེན་པའི་འཁོར་ཡང་དུག་ཅན་གྱི། །མེ་ཏོག་མྱངས་པའི་སྦྲང་རྩི་བཞིན། །ཀུན་ཏུ་མ་རུངས་པ་ཉིད་བྱེད། །༤༩དེས་ན་ངན་སྤྱོད་ཕྲ་མོ་ཡང་། །དུག་ཅན་ཟས་བཞིན་སྤང་བ་དང་། །བཟང་པོའི་བགྱི་བ་འཆི་སོས་ཀྱི། །སྨན་བཞིན་བསྟེན་ལ་ནན་ཏན་བསླབ། །༥༠རྣམ་མང་སྐྱེ་བོ་ལུས་དབྱིབས་སོགས། །སྣ་ཚོགས་མཐོང་མོད་བསམ་པ་ནི། །ལྐོག་གྱུར་ཉིད་ཕྱིར་རྟོགས་པར་དཀའ། །དཔེར་ན་ཨ་མྲའི་འབྲས་བུ་བཞིན། །༥༡དང་པོར་ཚོད་མྱུལ་འདྲིས་པ་ན། །གླགས་ལྟ་གཡོ་སྒྱུའི་ཀུན་སྤྱོད་ཀྱིས། །བསླུ་ཕྱིར་འདྲིས་པར་མི་བྱ་སྟེ། །ངན་པ་སྤྲིན་བཞིན་མི་བརྟན་གཡོ། །༥༢འོན་ཀྱང་ནམ་མཁའ་མཐའ་མེད་བཞིན། །སེམས་ཅན་ཁམས་ཀྱང་དེ་བཞིན་ཏེ། །དེ་བཞིན་བཟང་ངན་གང་ལ་ཡང་། །ཧ་ཅང་འཛིན་ཞེན་མི་བྱའོ། །༥༣གང་ཞིག་བསྟེན་ན་ཉེས་པའི་སྐྱོན། །སྤོང་ཞིང་ཡོན་ཏན་འཕེལ་འགྱུར་བའི། །གྲོགས་དག་དགེ་བའི་བཤེས་ཡིན་ཕྱིར། །བསྟེན་ཅིང་འདྲིས་པ་ཉིད་དུ་བྱ། །༥༤ཡ་རབས་བཟང་པོ་གུད་པ་དང་། །ལོག་པར་ལྟུང་བ་རྣམས་ལ་ཡང་། །ཕན་དང་བདེ་བའི་ལྷག་བསམ་གྱིས། །ཇི་ལྟར་འོས་བཞིན་བསྟི་སྟང་བྱ། །༥༥གཡོ་དང་སྒྱུ་ཡི་སྤྱོད་པ་ཡིས། །བཟང་པོའི་ཚུལ་ལས་ཉམས་བྱེད་པ། །ལས་དེ་ལས་ནི་ལྡོག་ནུས་སམ། །མིན་ནའང་རིང་དུ་སྤང་བ་གཅེས། །༥༦གང་དང་ཉེ་བ་དེ་ལ་ནི། །ཚེར་མ་བཞིན་དུ་འཛུག་བྱེད་པའི། །མ་བསྡམས་བྱིས་པའི་སྐྱེ་བོ་དག །སྤངས་པས་ལུས་སེམས་བདེ་བ་ཐོབ། །༥༧དར་དང་འབྱོར་པ་མི་རྟག་པས། །གུད་ཅིང་ཕོངས་པར་གྱུར་ན་ཡང་། །དམ་པའི་ངང་ཚུལ་མི་གཏོང་བ། །བཟང་པོའི་གསེར་བཞིན་གསལ་བ་མཆོག །༥༨དང་པོར་ཧ་ཅང་མཛའ་བ་ཡང་། །ཕྱིས་ནས་འཁོན་ཅིང་སྡང་བའི་རྒྱུ། །དེ་ཕྱིར་བར་མའི་བཏང་སྙོམས་ཀྱི། །བརྟུལ་ཞུགས་ཉིད་ལ་གནས་པ་ཟབ། །༥༩འབྱོར་པའི་དུས་ན་ཀུན་ཀྱང་གཉེན། །རྒུད་ཚེ་གཉེན་གྱིས་སྤངས་པ་མང་། །དེ་ཕྱིར་བསོད་ནམས་བྱས་པ་ལ། །ཡི་རང་རྗེས་སུ་བསྒྲུབ་པ་གཅེས། །༦༠མཛའ་ཞིང་འདུད་བྱེད་ཕལ་ཆེ་བ། །རང་དོན་ཡིན་གྱིས་མ་མགུ་ན། །གནོད་པར་འགྱུར་ཕྱིར་དུས་ངན་


MLP014_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །གྲོགས་ལ་རེ་ལྟོས་བློ་མི་གཏད། །༦༡སྐྱེ་བོ་ཕལ་ཆེར་ཅལ་སྒྲོག་གི །རྗེས་འབྲང་ཕྱིར་ན་བསྟོད་སྨད་གཏམ། །བདེན་པའི་ཟུངས་དང་འབྲེལ་དཀའ་བས། །བརྟགས་ཤིང་དཔྱད་པ་མཁས་པའི་ལུགས། །༦༢འཕྲལ་གྱི་བདེ་བས་ཡུན་གྱི་དཔལ། །འདོར་བ་ངན་པའི་སྐྱེ་བོ་སྟེ། །དགེ་བའི་སེམས་དང་སྤྱོད་པ་ལ། །ཞུམས་པ་མེད་དེ་བཟང་པོ་ཡིན། །༦༣དེ་ཕྱིར་བཟང་སེམས་འབའ་ཞིག་པས། །ཞིབ་མོར་དཔྱད་དེ་དགེ་བ་དང་། །བསྟུན་ནས་འཕྲལ་དུ་ཕན་པ་དང་། །ཡུན་དུ་བདེ་བར་ཅི་འགྱུར་སྒྲུབས། །༦༤སྡིག་པས་བསྒྲུབས་པའི་དགེ་བ་ཡང་། །དུག་དང་འདྲེས་པའི་ཟས་བཞིན་དུ། །སྡུག་བསྔལ་མི་བཟད་སྐྱེད་པའི་རྒྱུར། །མཐོང་ནས་སུ་ཞིག་དང་དུ་ལེན། །༦༥སྔར་འགྲས་བུ་བཞིན་འདུད་ན་ཡང་། །སྙིང་ནི་བསྲེ་བར་མི་བྱ་སྟེ། །སྦྲང་རྩིས་བསྐུས་པའི་དུག་བཞིན་དུ། །ནམ་ཞིག་སྐྱོན་དུ་འགྱུར་བ་ཡིིན། །༦༦ཧ་ཅང་རྩུབ་མོ་དགྲ་ལའང་མིན། །རང་ཉམས་བུས་ཀྱང་ལོན་མི་བྱ། །ནམ་ཞིག་ཕན་དང་གནོད་པའི་མཐའ། །མི་རྟོགས་ཞི་དུལ་དཀྱེལ་ཆེ་ཟབ། །༦༧ལུགས་ཀྱི་བྱ་བ་གང་ལ་ཡང་། །གྲོས་ཀྱིས་མཐའ་རྒྱ་མྱུལ་བ་ཟབ། །འགྲུབ་ན་ལེགས་མོད་མ་འགྲུབ་ཀྱང་། །རང་ལ་གྱོད་ཁ་ཆུང་བ་ཡིན། །༦༨རྒྱུད་ངན་ཐུབ་སྤྱོད་འཁོར་ལ་ཡང་། །མི་བྱ་འཛུམ་པའི་ངོ་དང་ནི། །སྙན་པའི་ཚིག་གིས་སྤྲོ་བསྲིངས་ནས། །ཐབས་ལ་མཁས་པས་བརྟེན་ཅིང་སྐྱོང་། །༦༩ལེགས་པར་བགྱིས་ལ་ཡི་རང་དང་། །ནོངས་ལ་སྨོད་ཅིང་འཆོས་པ་ཡང་། །སྐབས་སུ་འབབ་དང་འཚམས་པ་ཡིས། །གཞན་ཡིད་ཟུག་རྔུར་མེད་པར་བྱ། །༧༠ཚུལ་ངན་སྐྱེ་བོས་སྟེས་དབང་གིས། །རེ་ཞིག་ལེགས་པར་བྱས་ན་ཡང་། །ཧ་ཅང་གཟེངས་བསྟོད་མི་བྱ་སྟེ། །ཕྱིས་ནས་ངན་སྤྱོད་ཚོད་མི་དཔོགས། །༧༡བཟང་པོས་རེ་ཞིག་ནོངས་བགྱིས་ཀྱང་། །ཧ་ཅང་ཚར་གཅོད་མི་བྱ་སྟེ། །ཕྱིས་ནས་སོམ་ཉིས་ལེགས་པ་ཡང་། །ནེམ་ནུར་ཉིད་དུ་བྲིད་པར་འགྱུར། །༧༢རང་ཉིད་བཟའ་དང་བཏུང་བ་སོགས། །མཐུན་པའི་རྐྱེན་གྱིས་འཚོ་བཞིན་དུ། །གཞན་གྱི་བདེ་བའི་རྒྱུ་སོགས་ལ། །གནོད་པར་བྱེད་པ་རིགས་མ་ཡིན། །༧༣བདག་གི་བདེ་དང་སྡུག་བསྔལ་བ། །འདམ་ཁ་བྱེད་པ་ཇི་བཞིན་དཔེས། །གཞན་གྱི་བདེ་དང་སྡུག་


MLP014_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བ། །མཚོན་པ་ཉིད་དུ་གོ་བར་མཛོད། །༧༤རང་གི་མཐུ་དཔལ་འཕེལ་བ་ལ། །གཞན་མཐུ་ཉམས་པར་མི་བྱེད་ཅིང་། །ལྷག་བསམ་གྱིས་ནི་གང་སྤེལ་བ། །དེ་ཡང་བདག་གི་བདེ་ལེགས་རྒྱུ། །༧༥བདག་ཉིད་ཡོན་ཏན་ཀུན་ལྡན་ཡང་། །བློ་ལྡན་གཞན་གྱི་ཚིག་དག་ལ། །བརྙས་ཤིང་འདོར་བར་མི་བྱ་སྟེ། །ང་རྒྱལ་བསྙེམས་པས་དོན་འགྲུབ་དཀའ། །༧༦ནོངས་པ་བདག་གིས་བགྱིས་པ་ལ། །གཞན་གྱིས་དམོད་ནའང་ཁྲོ་མི་བྱ། །ཅི་ཕྱིར་རང་སྐྱོན་ལས་བྱུང་ཕྱིར། །ཕྱིས་ནས་བག་ཡོད་ཉིད་དུ་བྱ། །༧༧མདོར་ན་ཆོས་དང་སྲིད་ཀྱི་དཔལ། །ཕུན་སུམ་ཚོགས་པ་གང་ལགས་པ། །རྣམ་དཔྱོད་མིག་གིས་ལེགས་བལྟས་ནས། །རིགས་པ་དག་ནི་བསྒྲུབ་པར་བྱ། །༧༨དེ་ལས་མངོན་པར་མཐོ་བ་དང་། །ངེས་པར་ལེགས་པའི་གོ་འཕང་ནི། །སྔོན་བྱོན་རྣམས་ཀྱིས་བརྙེས་པ་བཞིན། །རང་ཡང་དེ་འདྲར་འགྱུར་བ་ཡིན། །༧༩གཙུག་ལག་གཉིས་ཀྱིས་སྤྱོད་པའི་ཚུལ། །དེ་ཉིད་སྟོན་པའི་གསུང་རབ་དང་། །ལུགས་ཀྱི་རྗེས་སུ་འབྲང་ནས་ནི། །ལེགས་པ་ཉིད་ཀྱིས་མཐའ་བསྐྱང་ངོ་། །༨༠དེ་ཕྱིར་ཁྱོད་ཀྱིས་ཚུལ་འདི་ལས། །སྲིད་དང་ཞི་བའི་དཔལ་འབྱོར་གང་། །བསྒྲུབས་ནས་འཁོར་སློབ་ཐམས་ཅད་ཀྱང་། །དོན་དེ་ལ་ནི་སྦྱོར་བར་མཛོད། །༨༡གང་ཡང་སྔོན་རབས་མཁས་རྣམས་ཀྱིས། །མཛད་པའི་ལེགས་བཤད་བསྟན་ཆོས་ནི། །ད་ལྟའང་བལྟ་རུ་ཡོད་པའི་ཕྱིར། །འདིར་ནི་མང་དུ་སྨོས་ཅི་དགོས། །༨༢དེ་སྐད་དམ་པའི་རིགས་འཁྲུངས་ཤིང་། །ལེགས་བྱས་དཔལ་གྱི་འབྱོར་པ་ཅན། །གང་གིས་དོན་གཉེར་ཆེན་པོ་ཡིས། །བསྐུལ་བའི་བཞེད་པ་སྐོང་ཕྱིར་རོ། །༨༣དེ་ཡང་སྐྱེས་ཐོབ་བློ་གྲོས་དང་། །སྦྱངས་པའི་རྣམ་དཔྱོད་མི་གསལ་བས། །ནོངས་པར་གྱུར་གང་མཁས་རྣམས་ཀྱིས། །བཟོད་པ་ཉིད་དུ་མཛད་པར་འོས། །༨༤འདིས་ཐོབ་བསོད་ནམས་ཉིར་མོར་བྱེད་པ་ཡིས། །མི་མཐུན་རྒུད་པའི་མུན་པ་ཡོངས་བསལ་ནས། །ཕན་བདེའི་པདྨོ་ཀུན་དགར་རྒྱས་བྱེད་པའི། །བཀྲ་ཤིས་སྣང་བ་དམ་པས་ཀུན་ཁྱབ་ཤོག །༨༥ཅེས་མདོ་ཁམས་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྟོན་པའི་ཁྲི་ལ་དབང་འབྱོར་པ་རྒྱལ་བའི་སྲས་པོ་བསོད་ནམས་ལྡེའུ་བཙན་གྱི་གསུང་གིས་བསྐུལ་བ་ལས་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྤེལ་བའོ། །

མཁན་ཆེན་ལོ་ཙཱ་བའི་ཞལ་གདམས་སྐོར་ཐར་ལམ་གསལ་བའི་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་ལོ་ཙཱ་བའི་ཞལ་གདམས་སྐོར་ཐར་ལམ་གསལ་བའི་སྒྲོན་མེ་བཞུགས། ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་ལོ་ཙཱ་བའི་ཞལ་གདམས་སྐོར་ཐར་ལམ་གསལ་བའི་སྒྲོན་མེ་བཞུགས། ན་མོ་གུ་ར་བེ། དཔལ་དུས་གསུམ་རྒྱལ་བའི་དགོངས་པ་ཅན། །ཚད་མེད་པའི་མཁྱེན་རབ་ཐུགས་རྗེའི་བདག །རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལ། །རེ་ལྟོས་ལིང་སྐྱུར་གྱིས་སྐྱབས་སུ་མཆི། །དུས་རྟག་ཏུ་བརྩེ་བས་བསྐྱང་དུ་གསོལ། །རྗེ་བླ་མ་དམ་པའི་ཞབས་བསྙེན་ནས། །ལེགས་སྤྱད་ཀྱིས་འཚོ་བའི་དད་བརྩོན་ཅན། །གཅུང་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོ་ཀྱེ། །དོན་འདི་བཞིན་གསན་ནས་ཐུགས་ལ་ཞོགས། །དེང་ཁྱེད་ཀྱིས་བརྙེས་པའི་མཐོ་རིས་རྟེན། །ཆོས་ནོར་གྱི་དཔལ་འབྱོར་ཕུན་ཚོགས་ཤིང་། །རླབས་ཆེན་པོའི་བྱ་བས་བླ་མའི་བཀའ། །ཚུལ་ཇི་བཞིན་སྒྲུབ་པའི་སྐལ་བཟང་འདི། །སྔོན་དགེ་བ་སྤྱད་པའི་མཐུ་ལགས་པས། །ད་སླད་དུའང་བསོད་ནམས་བརྟན་བྱའི་ཕྱིར། །རྣམ་དཀར་གྱི་དགེ་ལ་བརྩོན་པར་མཛོད། །དུས་ཡང་ཡང་རྙེད་དཀའ་དལ་འབྱོར་ལུས། །རྙེད་པ་དོན་ཅན་གྱི་རིན་པོ་ཆེ། །འདི་རྟག་པ་མ་ཡིན་འཇིག་ངེས་ལ། །དུས་ནམ་འཆི་ཆ་མེད་ཡུད་ཙམ་ཚེ། །སྤྲིན་བར་གྱི་ཉི་ཞུར་ཙམ་ལགས་པས། །ཚེ་ཕྱི་མའི་འདུན་ཐབས་བསམ་པར་རིགས། །འདིར་སྣང་གི་འཁོར་བའི་བདེ་སྐྱིད་ཀུན། །གཉིད་ཐུམས་རེའི་རྨི་ལམ་བཟང་བ་ཙམ། །མཐོ་དམན་གྱི་བདེ་སྡུག་སྣ་ཚོགས་ཀྱང་། །དབྱར་ཉི་ཆར་ཚོགས་པའི་འཇའ་ཚོན་ལྟར། །གཅིག་ཁོ་ནས་རྟག་ཐུབ་མ་ལགས་པས། །ནོར་བསོག་བྲུན་གཉེན་གྱི་རེ་ལྟོས་བཤོལ། །འཁོར་བའི་བདེ་འབྱོར་ལ་མི་སྨོན་འཚལ། །དཀར་ནག་གི་ལས་འབྲས་བསླུ་བ་མེད། །དུས་ནམ་ཡང་འབྲལ་མེད་ཕྱི་བཞིན་འབྲང་། །དེ་སོམས་ལ་དགེ་སྡིག་བླང་དོར་གཟོབ། །ལར་དགེ་བའི་ལས་སྟོབས་ཆེན་པོ་ཡང་། །ཆགས་སྡང་གི་ཕུང་འདྲེས་བསླད་གྱུར་ན། །དུག་འདྲེས་པའི་རོ་བརྒྱའི་ཟས་མཆོག་ལྟར། །འཕྲལ་ལེགས་


MLP014_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་འདྲ་ཡང་ངན་འགྲོའི་རྒྱུ། །དེ་དགོངས་ནས་གཅིག་ཏུ་དཀར་བ་ཡི། །ལས་སྒྲུབ་པའི་ཐབས་ལ་མཁས་པར་འཚལ། །འཁོར་བ་འདིར་ཡུན་རིང་སྡུག་ཐག་བཅད། །སྡུག་བསྔལ་གྱིས་མནར་ཡུན་དེ་ཙམ་ཡིན། །དུས་ད་རེས་བླ་མའི་དེད་དཔོན་དང་། །དམ་ཆོས་ཀྱི་གྲུ་ཆེན་རྙེད་དུས་འདིར། །དད་བརྩོན་གྱི་སྐྱ་བས་ལེགས་བསྐུལ་ནས། །ཡུད་ཙམ་ལ་འཁོར་མཚོའི་ཀློང་བརྒལ་ཏེ། །རྣམ་གྲོལ་གྱི་གླིང་དུ་བདེ་བར་སྙེགས། །ང་བདག་ཏུ་འཛིན་པའི་ཕུང་འགོང་འདིས། །ཆགས་སྡང་གི་སྙིང་རླུང་ཁོར་མོར་སློང་། །ད་ཉེ་འཁོན་མེད་པའི་འགྲོ་བ་ཀུན། །ཚེ་རབས་ཀྱི་ཕ་མར་ལེགས་བསམས་ནས། །ཕན་འདོགས་ཀྱི་ལྷག་བསམ་སྙིང་སྟོབས་བསྐྱེད། །འདིར་སྣང་གི་དཔོན་དང་གྲོགས་དཔུང་སོགས། །དུས་ཉི་ཚེའི་སྐྱབས་ཡིན་བཟང་ཡང་བསླུ། །སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །དུས་གཏན་གྱི་རེ་ལྟོས་འཆའ་བར་མཛོད། །བློ་གཏད་ན་འཚེངས་པའི་དྲིན་ཆེན་རྗེ། །ཕ་འགྲན་ཟླ་ཀུན་བྲལ་གཏེར་བདག་གླིང་། །ཡོངས་སངས་རྒྱས་ཀུན་འདུས་སུ་ཐག་བཅད་ནས། །བློ་ལིང་སྐྱུར་གྱིས་ཕན་བདེའི་རྩ་བ་གཏོད། །གཞན་ཙབ་ཙུབ་ཅི་དྲག་མི་བསམ་པར། །བསྐྱེད་རིམ་དུ་སྣང་བ་བླ་མར་སྒོམས། །བཟླས་བརྗོད་དུ་གསོལ་འདེབས་རེམས་ནས་སྒྲུབས། །ཉམས་ལེན་མོས་གུས་ཀྱི་སྙིང་པོར་དྲིལ། །སྒྱུ་ལུས་ཀྱི་ཞབས་ཏོག་འབུམ་གསུམ་འདོན། །བཀའ་ཅི་གསུང་ཐུགས་ནི་ཅི་མཉེས་སྒྲུབས། །ཚུལ་དེ་དག་ཁ་ཙམ་མ་ཡིན་པར། །སྙིང་རང་ནས་གསོལ་བ་འདེབས་ཤེས་ན། །སྒོ་གསུམ་གྱི་སྣང་བ་བླ་མས་འཕྲོགས། །བློ་སྣ་མོས་གུས་སུ་ཧྲིལ་གྱིས་དྲིལ། །མོས་གུས་རང་རིག་གི་གདངས་སུ་འཆར། །རང་རིག་སྐྱེ་མེད་དུ་ཁྲེས་སེ་ལུས། །དེར་བལྟས་པས་གསོལ་བ་འདེབས་མཁན་དང་། །འདེབས་ཡུལ་དང་གསོལ་འདེབས་བྱ་བ་ཀུན། །སྒྱུ་མའམ་ཆུ་ནང་གི་ཟླ་བ་ལྟར། །ཝལ་ཁྱུག་གེ་འཛིན་མེད་ཤིགས་སེ་ལུས། །གང་ཤར་རང་གྲོལ་གྱི་གཤིས་ཐོག་སླེབས། །འདི་མདོ་རྒྱུད་ཀུན་གྱི་སྙིང་གཏམ་ལགས། །ཕྲལ་གནས་སྐབས་དགེ་བའི་མཛད་པ་ཡང་། །ཉིད་བསོད་ནམས་མཐུ་དཔུང་བཙན་པའི་ཕྱིར། །ལྷ་རྣམས་ནི་བསམ་པས་འགྲུབ་པ་དང་། །རྒྱལ་པོ་རྣམས་སྨྲས་པས་འགྲུབ་པ་དང་། །དམངས་ཕལ་པ་རང་གིས་བྱས་ན་འགྲུབ། །ཚུལ་


MLP014_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲའི་རྣམ་དབྱེ་ལེགས་དགོངས་ནས། །བླ་མ་དང་བསྟན་པའི་ཞབས་ཏོག་ལ། །རང་འདོད་ཀྱི་ཞེན་འཁྲིས་མ་ཞུགས་པར། །སྙིང་སྟོབས་ཀྱི་བརྩོན་པས་སྒྲུབ་པར་རིགས། །ལར་བྱ་བ་ཅི་དང་ཅི་མཛད་ཀྱང་། །ལུས་དུལ་ཞིང་ངག་གི་སྨྲ་ཚོད་རན། །ཡིད་རིས་མེད་ཀུན་ལ་ཕན་སེམས་བཟང་། །འཕྲལ་མཉམ་སྙོམས་ཀྱིས་ལེགས་པར་བསྐྱངས་པ་ན། །དྲི་ལྡན་གྱི་པད་མཚོར་ངང་པ་ལྟར། །ཉེ་འཁོན་མེད་ཀུན་གྱི་ཡི་གར་འོང་། །གཞན་བློ་མཐུ་མ་མཆིས་སྐྱེ་བོ་ཡིས། །ཇི་ཙམ་ཞིག་འབད་ཀྱང་ཕན་འདོགས་དཀའ། །ཚིག་ཙམ་གྱིས་རང་གཞན་ཕན་བདེ་ལ། །སྦྱོར་ནུས་རྣམས་ཅི་ཕྱིར་བཏང་སྙོམས་མཛད། །ཚུལ་དེ་དག་སྨྱོས་བཙུན་རྨོངས་པས་གདམས། །དེ་ཐུགས་ལ་བཞག་ནས་ཕྱག་ཏུ་བཞེས། །དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཞེས་པའང་དྷརྨཱ་ཤྲཱིས་ཆེད་དུ་བརྗོད་པ་དགེའོ། །༈ བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །གྲུབ་ཆེན་ཨོ་རྒྱན་བསྟན་འཛིན་གྱི་གསུང་ངོར་སྙན་བསྐུལ་དུ་གདམས་པ་ལ། ཉིད་རང་སྔོན་བསགས་དགེ་བའི་ལས་སྨོན་ལམ་གྱིས་སད་པ་ལས། ད་རེས་ཆོས་སྒྲུབ་པའི་རྟེན་མི་ལུས་རིན་པོ་ཆེ་བརྙེས། མཚུངས་མེད་བླ་མ་དམ་པ་སངས་རྒྱས་དངོས་ཀྱིས་རྗེས་སུ་བཟུང་། ཟབ་དོན་གྱི་གདམས་པའི་གནད་ཐུགས་སུ་ཚུད་པས། ད་རང་གཞན་གྱི་དོན་མཐར་ཕྱིན་པའི་ཕྱིར། སྙིགས་དུས་ཀྱི་ཚེ་ཐུང་འདི་ལ། གནས་སྐབས་འཇིག་རྟེན་དང་མཐུན་འཇུག་གི་ཆོས་ཉན་འཆད་དགེ་སྦྱོར་སོགས་གང་ལས་ཀྱང་། འཆི་ཆོས་རྗེན་པའི་ཉམས་ལེན་ལ་རྩེ་གཅིག་ཏུ་དྲིལ་བར་འཚལ། དེ་ལ་རྒྱལ་བའི་གསུང་རབ་མདོ་རྒྱུད་ཀྱི་དོན་ཐམས་ཅད་ཉམས་ལེན་གྱི་གནད་བཞིར་འདུ་སྟེ། ཐོག་མར་ཉན་ཐོས་དང་ཐུན་མོང་གི་ལམ་འཁོར་བའི་བདེ་འབྱོར་ལ་མ་ཆགས་པས་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ཞིག་སྐྱེ་བ་གལ་ཆེ་བས། དེའི་ཕྱིར་དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ། ལས་འབྲས་སྨིན་ཚུལ། འཁོར་བའི་ཉེས་དམིགས་རྣམས་སྙིང་ལ་ཟུག་པས་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་བསྐྱེད་དེ། ནད་པ་འཆི་ཁ་མ་སང་གི་ཚིས་མི་བྱེད་པ་ལྟར་ཚེ་འདིའི་འཁྲི་བ་བཙན་


MLP014_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་དུ་བློས་ལིང་གིས་བཏང་ནས། ཟས་གོས་གནས་མལ་མཐའ་གཉིས་སྤངས་པའི་ཚུལ་གྱིས་བསྟེན་ཀྱང་། དེ་དག་ལ་བརྟེན་ནས་ཆགས་སྡང་གི་སྡིག་པ་ཕྲ་མོ་ཡང་མི་བསོག་པར་དགེ་སྦྱོང་གི་ཆོས་བཞི་དང་མི་འབྲལ་བའི་སྒོ་ནས་ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས་ལ་ཡང་དག་པར་བསླབ་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དུ་འབད་པས་སྐྱོང་བ་འཚལ། གཉིས་པ་བྱང་སེམས་དང་ཐུན་མོང་བའི་ལམ་ནི་མཁའ་ཁྱབ་ཀྱི་སེམས་ཅན་ཚད་མེད་པ་ཐམས་ཅད་ཀྱང་། རང་ཉིད་དང་ཕན་ཚུན་ཕ་མ་བུ་ཚ་མིང་སྲིང་ཁྱོ་ཤུག་སོགས་འཁོར་བ་ཐོག་མེད་ནས་ལན་གྲངས་དཔག་མེད་བྱས་ཏེ་ཕན་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཏུ་ངེས་ཤེས་ཀྱི་བློ་གཏིང་ཚུགས་པ་བསྐྱེད་ནས། དེ་ཐམས་ཅད་དུས་རྟག་ཏུ་སྡུག་བསྔལ་གྱིས་ཉམ་ཐག་ཅིང་། བདེ་བའི་ཐབས་ནི་མི་ཤེས། བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཁོ་ན་ལ་སྤྱོད་པའི་སྨྱོན་པ་ལྟ་བུ་ཐར་དུས་དང་བཟོད་གླགས་མེད་པའི་ཁམས་གསུམ་གྱི་སྡུག་བསྔལ་ལ་རང་དབང་མེད་པར་སྤྱོད་པ་འདི་རྣམས་མཐོང་ནས། བཅོས་མིན་གྱི་བྱམས་པ་དང་། སྙིང་རྗེ་དྲག་པོས་ཐི་བྱ་ཚང་བརླག་ལྟ་བུར་གྱུར་པས་རང་དོན་གྱི་འཁྲི་བ་སྐད་ཅིག་ཀྱང་མེད་པར། བྱ་བ་ཅི་བྱེད་ཐམས་ཅད་མ་གྱུར་སེམས་ཅན་གྱི་དོན་དུ་སྤྱོད་པས་དུས་འདའ་བར་བྱས་ཏེ། ཐ་ན་ཁ་ཏོན་དགེ་སྦྱོར་ཐུན་གཅིག་བྱེད་ནའང་མཁའ་ཁྱབ་སེམས་ཅན་གྱི་ཕན་བདེའི་དོན་དུ་བསམས་ནས་ཕྱག་བཞེས་སུ་འཁེལ་བ་འཚལ། གསུམ་པ་གསང་སྔགས་བླ་མེད་ཐུན་མོང་པའི་ལམ་ནི། འཁོར་བའི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་བློའི་འཁྲུལ་ངོར་ཤར་བ་ཙམ་མ་གཏོགས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པས་འདི་ལྟར་འཁོར་བའི་སྣང་བ་དང་། དེ་ལ་ཞེན་པའི་བློ་སྣང་ཐམས་ཅད་མེད་བཞིན་དུ་སྣང་བར་ཐག་ཆོད་པའི་ངེས་ཤེས་བརྟན་པོས་བསྐྱང་བར་བྱ་ཞིང་། གདོད་ནས་གྲུབ་པའི་ཆོས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་ལྷའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པར་རྟོགས་པའི་ལྟ་བ་ལ་ངེས་ཤེས་གཏིང་ཚུགས་པས། བསྐྱེད་རིམ་


MLP014_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཉམས་ལེན་དག་རྫོགས་སྨིན་གསུམ་གྱི་བྱེད་ལས་ཚང་བའི་སྒོ་ནས། སྒོ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོ་ལས་མི་འདའ་བ་དང་། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་བདེ་གསལ་སྟོང་པ་མི་རྟོག་པ་དང་། ཁྱབ་བརྡལ་ཆེན་པོའི་མན་ངག་གི་གནད་ལ་དབང་འབྱོར་བས་ལྷན་སྐྱེས་མི་འགྱུར་བའི་བདེ་ཆེན་མངོན་དུ་བྱེད་པ་ཞིག་ལ་འབད་འཚལ་ལོ། །བཞི་པ་ཐེག་ཀུན་རྩེ་མོ་རྫོགས་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལམ་ནི། སེམས་ཡེ་སྟོང་རྩ་བྲལ་ཀ་དག་ཏུ་ངོ་སྤྲད་ལ་ཁྲེགས་ཆོད་ཀྱིས་ཉམས་སུ་བླངས་ཏེ། ད་ལྟར་གྱི་རིག་པ་དྲན་བསམ་གྱི་བཅོས་སླད་མ་བྱས་པའི་ངོ་བོ་ངོས་བཟུང་དང་བྲལ་བའི་ཝལ་ལེ་སང་ངེ་ཕྱམ་བརྡལ་བ་ཉིད་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲད་དེ། ཆོས་སྐུ་བློ་འདས་ཀྱི་དགོངས་པ་བཞི་ཆ་གསུམ་བྲལ་གྱི་ཡེ་ཤེས་ངོས་བཟུང་ནས་སྐྱོང་བ་ཐག་གཅིག་ཐོག་ཏུ་བཅད་པ་དང་། གང་ཤར་གྱི་ངོ་བོ་ལ་ཅེར་བལྟས་རང་ཤར་རང་གྲོལ་རྦ་རླབས་ཆུར་ཐིམ་པ་ལྟ་བུས་བྱུང་ཚོར་གཞིར་ཐིམ་པས་གདིང་གྲོལ་ཐོག་ཏུ་བཅའ་བར་བྱ་ཞིང་། ཡེ་ཤེས་འོད་གསལ་ལྷུན་གྲུབ་གཞི་གནས་སུ་ངོ་སྤྲད་ནས་ཐོད་རྒལ་གྱིས་ཉམས་སུ་བླང་སྟེ། ལུས་ངག་ཡིད་གསུམ་གྱི་གནད་གཟིར་ཞིང་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་ཕབ་སྟེ་ཉམས་སུ་བླངས་པས་ཇི་ལྟར་མཐོང་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་སྣང་ཐིག་ལེས་བརྒྱན་པ་ནི། ཁམས་བདེ་བར་གཤེགས་པའི་སྙིང་པོའམ་དང་པོའི་སངས་རྒྱས་རང་ལ་ཡོད་པའི་རང་གདངས་མཐོང་བས་ཐོག་མའི་ཀུན་ཏུ་བཟང་པོ་མཇལ་བ་དང་སྐལ་བ་མཉམ་པ་ཞེས་བྱ་སྟེ། དེ་ལེགས་པར་བསྐྱངས་པས་སྣང་བ་བཞིའི་ཡེ་ཤེས་རིམ་པར་འཆར་བ་ལགས་པས་དབང་རབ་ཚེ་འདིར་གྲོལ་བའི་ཐབས་ལ་རྩེ་གཅིག་ཏུ་འབད་པར་འཚལ་ཞིང་། ལར་སྡེ་གསུམ་རྫོགས་པ་ཆེན་པོའི་གནད་བསྡུས་ན། མཉམ་བཞག་ཏུ་རིག་སྟོང་རྗེན་པའི་ཡེ་ཤེས་ལ་ཞེན་འཛིན་གྱིས་མ་བསླད་པར་རང་གསལ་རྒྱ་ཡན་དུ་གློད་ཅིང་། རྗེས་ཐོབ་ཏུ་གང་སྣང་རྨི་ལམ་གྱི་འཁྲུལ་འཁོར་ལྟར་གསལ་སྟོང་འཛིན་མེད་དུ་ཐག་བཅད་དེ་ཉམས་སུ་བཞེས་པས། མཉམ་བཞག་སྤྲོས་བྲལ་གྱི་ཡེ་ཤེས་དེ་ཀ་རང་རྩལ་མ་འགགས་པའི་རོལ་པར་ཤར་ནས་ཡུལ་སྣང་ཐམས་ཅད་མེད་སྣང་སྒྱུ་མ་ལྟ་


MLP014_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཐག་ཆོད། དེ་ཀ་མཉམ་རྗེས་དབྱེར་མེད་བདེན་གཉིས་ཟུང་འཇུག་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་སེམས་ཅན་ཐམས་ཅད་ཀྱང་དེའི་རང་བཞིན་ལས་མ་འདས་རུང་། དེ་ལྟར་མ་རྟོགས་པ་ལ་བཅོས་མིན་གྱི་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་མ་འགགས་པར་འཆར་ལ། ཤར་ཙམ་ཉིད་ནས་དེའི་རང་བཞིན་འཛིན་མེད་དུ་གྲོལ་བས་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་གྱི་རྒྱུ་འབྲས་ཀྱི་འཁོར་ལོ་བར་མེད་དུ་འཁོར་བས་ལམ་ཟབ་མོ་ལ་གཏིང་ཚུགས་པའི་ཡིད་ཆེས་སྐྱེ་བ་ཡིན་ཞིང་། མཐར་བསྒོམ་བྱ་དང་སྒོམ་བྱེད་སོགས་ཐམས་ཅད་རྟོག་པའི་འཕྲོ་འདུར་ཤེས་པས། མཁའ་ལ་བཟོ་བཅོས་མི་ཐུབ་པ་ལྟར་རང་སེམས་ཀྱི་ངོ་བོ་འདི་ལ་དབྲི་བསྣན་དང་བསལ་བཞག་བྱར་མེད་པར་རིག་ནས་སྤྲོས་པ་རང་ཞིག་ལ་འགྲོ་བས་གང་བྱུང་གིས་ཆོག་ཅིང་ཅི་བྱས་བདེ་བའི་ཚེ། མ་བཅོས་རང་བབས་ཀྱི་གནད་རྙེད་པ་ཡིན། གང་ལྟར་སྤྱོད་པ་དུས་ཚོད་དང་འབྲེལ་དགོས་པས་ལས་དང་པོ་པའི་དུས་སུ་གང་ལའང་ཆེད་འཛིན་གྱི་ཞེན་པ་མེད་པའི་ངང་ནས་ལས་འབྲས་ཀྱི་སྤང་བླང་ཕྲ་ཞིང་ཕྲ་བ་ནས་སློབ་པ་དང་། ཐེག་པ་རང་སའི་སྤྱོད་པ་ཐམས་ཅད་རྒྱལ་བའི་བཀའ་བཞིན་མ་འཁྲུལ་བར་སྤྱོད་ཅིང་། སྡོམ་གསུམ་འགལ་མེད་དུ་དྲིལ་ནས་ཉམས་སུ་བླང་། དྲོད་ཐོབ་ནས་སྤྱོད་པ་གསུམ་གྱིས་མཐར་དབྱུང་སྟེ་འབྲས་བུ་ལ་སྦྱོར་བ་ལགས། ཞེས་པ་འདིའང་སྨྱོས་བཙུན་རྨོངས་པ་དྷརྨ་ཤྲཱིས་ཆེད་དུ་བརྗོད་པ་དགེ་ལེགས་འཕེལ། ༈ ཤངས་ལུགས་ཉམས་ལེན་ཞལ་གདམས་ཕྲིན་ལས་ལ་གནང་བ། ༀ་སྭ་སྟི། གཉུག་མའི་ཡེ་ཤེས་བདེ་བ་ཆེས། །ཐུགས་རྒྱུད་ལེགས་གཏམས་བླ་མ་ལ། །ཕྱག་བྱས་སྙིང་གཏམ་བདུད་རྩིའི་བཅུད། །དད་ཅན་ཕྲིན་ལས་སྙན་དུ་གདམས། །༢རྟེན་བཟང་མི་ལུས་རིན་ཆེན་ཐོབ། །བླ་མ་སངས་རྒྱས་དངོས་དང་མཇལ། །དམ་ཆོས་སྨན་མཆོག་རྙེད་དུས་འདིར། །མདོ་དོན་དམ་པའི་ཆོས་ལ་དྲིལ། །༢འཇིགས་རུང་འཁོར་བའི་ངང་ཚུལ་བསམ། །སྐྱོ་ཤས་དྲག་པོས་ཡིད་བསྐུལ་ནས། །སྐྱབས་ཀུན་འདུས་ཞལ་བླ་མ་ལ། །རེ་ལྟོས་བཅས་པའི་གསོལ་


MLP014_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐོབ། །༣འགྲོ་ཀུན་དྲིན་ཅན་ཕ་མ་རུ། །ངེས་ཤེས་བསྐྱེད་ལ་བྱམས་སྙིང་རྗེས། །དྲངས་བའི་ལྷག་བསམ་དྲག་པོ་ཡིས། །འགྲོ་སྒྲོལ་སྙིང་སྟོབས་ཕྲག་པར་ལོངས། །༤མ་དག་ལས་སྣང་ཞེན་པར་བཅས། །རྒྱུད་ལྔའི་བསྐྱེད་རིམ་འཁོར་ལོར་བསྒྱུར། །དག་རྫོགས་སྨིན་གསུམ་ལམ་འཁྱེར་གྱིས། །རིམ་པ་གཉིས་པའི་རྟེན་འབྲེལ་བསྒྲིགས། །༥གཏུམ་མོ་བདེ་བྲོད་རང་འབར་གྱིས། །ལས་རླུང་རྒྱུ་བ་དབུ་མར་ཆིངས། །ཙཎྜ་ལི་འབར་ཁམས་ཞུ་བདེའི། །འགྲོ་འོང་འགྲོས་བཞིས་བདེ་སྟོང་སྤེལ། །༦སྒྱུ་ལུས་ཆགས་སྡང་རང་གྲོལ་གྱིས། །ཅི་སྣང་ཆོས་ཀུན་སྒྱུ་མར་སྦྱོངས། །སྒྱུ་འཛིན་དྲི་མའང་ལེགས་བསལ་ནས། །གསལ་སྟོང་འཛིན་མེད་རྗེན་པར་སྐྱུར། །༧ཉིན་པར་དྲན་འདུན་དྲག་པོ་དང་། །མཚན་མོ་བརྩན་ཐབས་མན་ངག་གིས། །རྨི་ལམ་འཛིན་སྦྱོང་སྤེལ་བསྒྱུར་བཞིས། །ཉིང་འཁྲུལ་བག་ཆགས་རང་དག་འཚལ། །༨སྐྱོ་ཤས་མོས་གུས་དམ་རྫས་དང་། །སྤྱོད་ལམ་གནད་བཞིས་གཏི་མུག་མུན། །མི་རྟོག་བདེ་གསལ་དབྱེར་མེད་ཀྱིས། །འོད་གསལ་མཁའ་ལ་དྭངས་སུ་ཆུག །༩དམིགས་པ་འཆུག་མེད་འཁྲུལ་འཁོར་དང་། །བྱིན་རླབས་དག་སྣང་ལེགས་སྦྱར་ནས། །མྱུར་ལམ་འཕོ་བའི་རྣལ་འབྱོར་གྱིས། །འཁོར་བའི་ཡང་སྲིད་རྩ་བ་ཆོད། །༡༠ད་ལྟར་དྲན་འདུན་སྐྱོ་ཤས་ཀྱིས། །དགོས་དུས་མི་བསླུའི་གདེང་བཙལ་ནས། །སྐུ་གསུམ་ལམ་ཁྱེར་གནད་ཟབ་མོས། །བར་དོའི་འཁྲུལ་སྣང་སྦྱོང་བ་གཅེས། །༡༡ལར་ན་དེ་དྲུག་བསྲེ་ཐབས་ཀྱིས། །མཁའ་ལྡིང་ཤིང་རྟ་ལ་ཞོན་ནས། །སྲིད་ཞི་གཉིས་མེད་སྐུ་གསུམ་གྱི། །དགའ་སྐྱིད་བདེ་བའི་གྲོང་དེར་སོང་། །༡༢དེ་སྐད་ཤངས་པའི་སྙིང་གཏམ་བཅུས། །ཉམས་མྱོང་བདུད་རྩིའི་སྨན་མཆོག་འདི། །སྨྱོས་བཙུན་དྷརྨ་ཤྲཱིས་གདམས། །སེམས་ལ་བསྟིམས་ནས་ཉམས་སུ་ལོངས། །༡༣ ༈ ནི་གུ་ཆོས་དྲུག་གི་ཁྲིད་མཚམས་བྱེད་ལུགས་བྱ་རྒོད་པ་ཕྲིན་ལས་ཨོ་རྒྱན་ཆོས་འཕེལ་ལ་གནང་བ། ནི་གུ་ཆོས་དྲུག་གི་ཁྲིད་མཚམས་བྱེད་ན། ཐོག་མར་ཟླ་གཅིག་ཙམ་གྱི་བར་དུ་སྐྱབས་སེམས་སྔོན་དུ་འགྲོ་བས། དག་བྱེད་ཨའི་སྟོང་ར་གཅིག་པུ་ལ་སྒྲིལ་ནས་རྟགས་


MLP014_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་མ་བྱུང་ག ི་བར་དུ་བསྒོམ། དེ་རྗེས་ལུས་གནད་མེའི་སྟངས་ར་ལ་སྒྲིལ། དེས་རྟགས་ཅུང་ཟད་བྱུང་བ་དང་། གཏུམ་མོ་ཟས་སུ་ཟ་བ་ལ་གཙོ་བོར་སྒྲིལ། དེ་གཉིས་ཀའི་ཐུན་གཤམ་དུ་སྲིད་པའི་དབང་ཞུ་བ་ཚར་རེ་བསྒོམ་ཞིང་། དྲོད་གཏན་ལ་མ་ཕེབས་ཀྱི་བར་དུ་ཙབ་ཙུབ་མང་པོ་མི་བྱེད་པར་གཏུམ་མོ་རང་ལ་རྩོལ་བ་ཆེན་པོས་སྒྲིལ། མཚན་དུས་སྟན་དུ་འདིང་བ་སྦྱར་ཞིང་། དྲོད་གཏན་ལ་ཕེབས་ནས་གཏུམ་མོ་སྐོམ་དུ་འཐུང་བ་ཡང་བསྣན། དེ་རྣམས་ལ་ཟླ་ཤས་བསྒོམ། དེ་རྗེས་སྒྱུ་ལུས་ལ་སྤོས་ནས། དམིགས་པའི་གཙོ་བོ་རང་ལུས་སྣང་སྟོང་ལྷ་སྐུ། ཅིར་སྣང་སྒྱུ་མ་ལམ་ཁྱེར། འགྲོ་དྲུག་སྒྱུ་མར་འཆར་བྱེད་རྣམས་ལ་གཙོ་བོར་སྒྲིལ། སྒྱུ་ལུས་ཅི་རིགས་འབྱོངས་ནས་ཉིན་པར་སྒྱུ་ལུས་དང་། མཚན་མོ་རྨི་ལམ་བཟུང་བ་ཁ་སྦྱོར་དུ་བསྒོམས་ཀྱང་ཆོག་མོད། འོན་ཀྱང་རྨི་ལམ་ལའང་ཉིན་དུས་ནས་འདུན་པ་དང་དམིགས་པ་གལ་ཆེ་བས། སྒྱུ་ལུས་ཅུང་ཟད་གཏན་ལ་ཕེབས་ནས་རྨི་ལམ་འཛིན་པ། ཐིག་ལེ་དབང་བཞིའི་གནད་དང་། རྟོག་བཅས་ལམ་ཁྱེར་གཉིས་ལ་སྒྲིལ། སྦྱང་བ་སོགས་ཁྲིད་ཡིག་ནང་ལྟར་དམིགས་པ་གནད་ཆེ་ཞིང་ཆུན་ཆེ་བ་རེ་ལ་གཙོ་བོར་འདོན། རྨི་ལམ་ཟིན་འབྱོངས་ལ་ཅུང་ཟད་བརྟན་ནས། འོད་གསལ་ལ། མི་རྟག་སྐྱོ་ཤས་དང་བླ་མའི་མོས་གུས་གཉིས་སྔོན་འགྲོར་བཏང་། ཐབས་ལམ་རང་གདངས་དང་། སྤྱོད་ལམ་དམ་རྫས། ལམ་ཁྱེར་རྣམས་ཐུན་མཚམས་ཀྱི་སྤྱོད་པར་སྦྱར་ལ། ཐུན་གྱི་དངོས་གཞི་བཟུང་བའི་དམིགས་པ་ལས་གཙོ་བོར་བླ་མ་ལ་འཛིན་པ་ཁོ་ན་ལ་སྒྲིལ་ཞིང་ཟིན་ནས་བསྲེ་བ་གནད་གང་ཆེ་རེ་སྦྱར་བས་ཆོག །དེ་ལྟར་ཆོས་དྲུག་ལས། རྩ་བ་བཞི་པོ་དེ་ལ་བཙན་ས་ཟིན་པ་ཞིག་སྙིང་རུས་ཀྱིས་སྒོམ་དགོས། དེ་རྣམས་ཀྱི་ཞར་བྱུང་དུ། ཕྱི་མའི་མཚམས་སྦྱོར་ལ་འཕོ་བ་ཡེ་ཤེས་སྐར་ཁུང་མའི་དམིགས་པ་རེ་དང་། བར་དོ་ལ་ལོངས་སྐུ་ལམ་ཁྱེར་དང་། གནད་འཆུག་མེད་རེ་བསྒོམས་པས་ཆོག་གོ །གསོལ་འདེབས་ཤིག་རྩོམ་དགོས་ཟེར་བ། བླ་མར་རེ་གཏོས་འཆའ་ནུས་ན་ཚིག་མང་བའི་ཁ་ན་མེད་པས། བླ་མ་རིན་པོ་ཆེ། བདག་འཛིན་བློ་ཡིས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་


MLP014_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །ཞེས་གསོལ་བ་འདེབས་པ་ལས་གནད་ཆེ་བ་མེད་ཅིང་། ཚིག་ཀྱང་དེ་ཁོ་ན་བྱིན་རླབས་ཆེ་བ་ཡིན་ནོ། །ཞེས་པའང་བྱ་རྒོད་པ་ཕྲིན་ལས་ཨོ་རྒྱན་ཆོས་འཕེལ་གྱི་ངོར་དྷརྨཱ་ཤྲཱིས་སོ། །༈ སྡེ་པ་བཀྲ་ཤིས་ལ་གདམས་པ། དལ་འབྱོར་མི་ལུས་རིན་ཆེན་ཐོབ། །བླ་མ་དམ་པ་རྣམས་དང་མཇལ། །འཁོར་བའི་གཅོང་ནད་སེལ་བ་ཡི། །སྨན་མཆོག་ཆོས་དང་མཇལ་དུས་འདིར། །༡གཏན་གྱི་འདུན་མ་མ་བསྒྲུབས་ན། །ཕྱིན་ཆད་མཐུན་རྐྱེན་འཛོམ་པ་དཀའ། །དེ་ཕྱིར་བླ་མ་དཀོན་མཆོག་ལ། །རེ་ལྟོས་ལིངས་ཀྱིས་སྐྱུར་ནས་ཀྱང་། །༢འཇིགས་རུང་འཁོར་བའི་ཆུ་གཏེར་ལས། །ངེས་པར་ཐར་བའི་གསོལ་བ་འདེབས། །མཁའ་ཁྱབ་འགྲོ་ཀུན་རང་ཉིད་ཀྱི། །ཕ་མ་ཡིན་པར་ལེགས་བསམས་ནས། །༣བྱམས་དང་སྙིང་རྗེའི་ལྷག་བསམ་གྱིས། །གཞན་གྱི་ཕན་བདེ་སྒྲུབ་པ་ལ། །རྟག་ཏུ་གཡེལ་བ་མེད་པ་གཅེས། །མདོར་ན་གཉེན་བཤེས་འཁོར་འདབ་ཀུན། །༤དམ་པའི་ཆོས་ལ་ལེགས་དྲངས་ནས། །ཀུན་ཀྱང་སྡིག་སྤོང་དགེ་སྒྲུབ་དང་། །ཡིག་དྲུག་བཟླ་ལ་འབད་པར་མཛོད། །དེ་ལྟར་མཛད་པས་གཏན་འདུན་འགྲུབ། །༥ཅེས་པ་སྡེ་པ་བཀྲ་ཤིས་ཀྱི་གསུང་ངོར་དྷརྨ་ཤྲཱིས་ཆེད་དུ་བརྗོད་པའོ། །༈ ཁམས་དབོན་འགྱུར་མེད་བསོད་ནམས་ལ་གདམས་པ། ༀ་སྭ་སྟི། རབ་འབྱམས་རྒྱལ་བ་སྲས་བཅས་ཀྱི། །ཐུགས་རྗེ་ཕྲིན་ལས་འདུས་པའི་དཔལ། །ཁྱབ་བདག་གཏེར་ཆེན་ཆོས་ཀྱི་རྗེར། །སྙིང་ནས་གསོལ་འདེབས་སྐྱབས་སུ་མཆི། །གསན་དང་འགྱུར་མེད་བསོད་ནམས་ཀྱེ། །རྙེད་དཀའི་དལ་འབྱོར་ལུས་རྟེན་ཐོབ། །ཡོངས་འཛིན་བཤེས་གཉེན་དམ་པས་ཟིན། །རྒྱལ་བའི་བསྟན་དང་མཇལ་དུས་འདིར། །མདོ་དོན་དམ་པའི་ཆོས་ལ་དྲིལ། །བཀའ་དྲིན་མཉམ་མེད་བླ་མ་ལ། །སྙིང་ནས་རེ་ལྟོས་ལེགས་བཀལ་ཏེ། །ཅི་མཛད་ལེགས་མཐོང་བཀའ་བཞིན་སྒྲུབས། །མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུན། །རང་གི་ཚེ་རབས་ཕ་མ་སྟེ། །སྡུག་བསྔལ་དྲག་པོས་མནར་བ་ལ། །བྱམས་དང་སྙིང་རྗེས་ཕན་པ་སྒྲུབས། །ཡུན་ཐུང་ཚེ་འདིའི་བདེ་སྐྱིད་


MLP014_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དོན། །འབད་པས་བསྒྲུབ་པའི་ཚུལ་བསམས་ན། །ནམ་གཞག་གཏན་འདུན་དམ་ཆོས་ལ། །བརྩོན་པར་མི་བྱེད་སྨྱོའམ་ཅི། །དེ་ཕྱིར་འདི་ལྟོས་དཔལ་འབྱོར་ལ། །མ་ཆགས་རང་གཞན་དོན་སྒྲུབ་ཕྱིར། །ཚུལ་ཁྲིམས་ས་གཞི་ལས་སྐྱེས་པའི། །ཏིང་འཛིན་སྡོང་བུར་ཤེས་རབ་ཀྱི། །མེ་ཏོག་མཚར་བཞད་རབ་ཆགས་ནས། །རྣམ་གྲོལ་འབྲས་བུ་སྨིན་པར་མཛོད། །ཐུབ་བསྟན་སྤྱི་དང་ཁྱད་པར་དུ། །རིག་འཛིན་པདྨའི་རིང་ལུགས་དང་། །ཡང་སྒོས་གཏེར་ཆེན་ཆོས་ཀྱི་རྗེའི། །བསྟན་པ་སྙིང་དབུས་ལེགས་བཅངས་ནས། །བཤད་སྒྲུབ་ལས་གསུམ་བྱ་བ་ཡིས། །སྤེལ་བའི་སྙིང་སྟོབས་ཕྲག་པར་ལོངས། །གནས་སྐབས་སུ་ཡང་ལུགས་གཉིས་ཀྱིས། །བསྟན་སྡེའི་ཞབས་ཏོག་སྒྲུབ་པ་ལ། །ཡུལ་དུས་བསྟུན་པའི་བྱ་བཞག་ཀུན། །རང་འཚེངས་གཞན་སྨོན་ཡོང་བ་འཚལ། །དེ་ལས་འདི་ཕྱིའི་ལེགས་ཚོགས་ཀུན། །དཔག་བསམ་ཤིང་དང་བུམ་པ་བཟང་། །ཡིད་བཞིན་ནོར་བུ་ཇི་ལྟ་བར། །རེ་འབྲས་མ་ལུས་འགྲུབ་པར་འགྱུར། །དེ་སྐད་བློ་ལྡན་ཁམས་པ་བ། །དབོན་པོ་འགྱུར་མེད་བསོད་ནམས་ལ། །རྒན་པོ་དྷརྨ་ཤྲཱིས་གདམས། །ཕྱོགས་དུས་དགེ་ལེགས་འཕེལ་གྱུར་ཅིག །ཤུ་བྷ་མསྟུ། ༈ འགྱུར་མེད་མཆོག་གྲུབ་བཟང་པོར་གདམས་པ། ༀ་སྭ་སྟི་སིདྡྷཾ། མཁྱེན་བརྩེ་ནུས་པའི་བདག་ཉིད་གཏེར་བདག་གླིང་། །བཀའ་དྲིན་འགྲན་ཟླ་མེད་པ་དེར་བཏུད་ནས། །དད་པའི་པད་མཚོར་བདག་ཡིད་ངང་མོ་གང་། །རྣམ་པར་རྩེན་ལས་སྙིང་གཏམ་མགྲིན་རྔ་འཁྲོལ། །བྱ་དཀའ་ཆོད་ཆུང་འཇིག་རྟེན་པ་ཡི་ལས། །ཇི་ལྟར་བསྒྲུབས་ཀྱང་བསླུ་བའི་ཆོས་ཅན་ཏེ། །འདི་དང་ཕྱི་མའི་སྲིད་པ་ཐམས་ཅད་དུ། །མི་བསླུ་ངེས་པ་དམ་ཆོས་ཁོ་ན་ཡིན། །དེ་སླད་གནས་སྐབས་མེད་ཐབས་མེད་འདྲ་བའི། །འཇིག་རྟེན་བདེ་བ་ཆུང་འདིར་མ་ཆགས་ཤིང་། །ལེ་ལོ་སྡིག་གྲོགས་དབང་དུ་མི་གཏོང་བར། །རྟག་ཏུ་དམ་ཆོས་ལས་ལ་བརྩོན་པར་མཛོད། །དལ་འབྱོར་མི་ལུས་འདི་འདྲ་རྙེད་དཀའ་ཞིང་། །འཇིག་སླ་འཇིག་རྟེན་ཕ་རོལ་སྐྱས་འདེགས་ཚེ། །གར་སྐྱེའི་རང་དབང་ཡོད་པའང་མ་ཡིན་པས། །ཕྱི་མ་གཏན་གྱི་དོན་ཆེན་ད་ལྟ་སྒྲུབས། །བསླུ་མེད་


MLP014_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མཆོག་སངས་རྒྱས་ཆོས་དགེ་འདུན། །སྟོན་པ་ལམ་དང་གྲོགས་སུ་ལེགས་བསྟེན་ནས། །སྙིང་ནས་རེ་ལྟོས་བཅས་ཏེ་སྐྱབས་སུ་འགྲོ། །འདི་ནི་ཆོས་རྣམས་ཀུན་གྱི་རྨིང་རྡོ་ལགས། །ཉེས་སྤྱོད་བསྲུང་བའི་བསླབ་པས་མ་བསྡམས་ན། །སྒོ་གསུམ་བག་མེད་སྤྱོད་པས་ངན་འགྲོ་སྒྲུབ། །དེ་ཕྱིར་རང་གིས་ཇི་ལྟར་ཁས་བླངས་པའི། །ཚུལ་ཁྲིམས་བསླབ་པ་སྲོག་ལྟར་གཅེས་པར་སྲུངས། །སྒོམ་བློ་བགྱིད་ཀྱང་ཐོས་པའི་མིག་མེད་ན། །སྒྲུབ་ཚུལ་མི་ཤེས་ལམ་མཆོག་བརྡོག་སྣར་མཛད། །དེ་ཕྱིར་ངོམས་པ་མེད་པར་ཐོས་པའི་དོན། །བསགས་ནས་བསམ་བྱུང་རིག་པས་རྟག་ཏུ་སྐྱོངས། །མང་དུ་ཐོས་ཀྱང་ཉམས་སུ་མ་བླངས་ན། །མིག་ལྡན་འཕྱེ་བོས་འདོད་སར་ཇི་ལྟར་སླེབ། །དེ་ཕྱིར་སྒོམ་པའི་ཤེས་རབ་གྲུ་ཆེན་ལ། །ཞོན་ནས་འཁོར་བའི་མཚོ་ལས་ཐར་བར་མཛོད། །ཡང་དག་ལྟ་བའི་གདེང་གིས་མ་ཟིན་ན། །སྒོམ་སྒྲུབ་གང་བགྱིས་འདུས་བྱས་དགེ་བ་ཙམ། །དེ་ཕྱིར་འཁོར་འདས་ཆོས་ཀུན་རིག་པའི་ག །ཤིས། །བརྗོད་བྲལ་གདོད་མའི་དབྱིངས་སུ་ལ་ཟློ་འཚལ། །ལྟ་བའི་གོ་ཡུལ་བཟང་རུང་མ་བསྒོམས་ན། །ལམ་རྒྱུས་མཁས་ཀྱང་མ་ཕྱིན་ག་ལ་སླེབ། །དེ་ཕྱིར་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་གྱིས། །སྐྱེ་འཆི་བར་དོ་གསུམ་གྱི་འཁྲུལ་སྣང་སྦྱོངས། །ཤན་འབྱེད་སྤྱོད་པར་བསླབ་དུས་འཁོར་བའི་ཆོས། །མེད་སྣང་སྒྱུ་འདྲར་གོ་ཡང་མ་རྟོགས་པར། །དཀར་ནག་ལས་ཀྱི་འབྲས་བུ་མི་བསླུ་བས། །སྡིག་སྤོང་དགེ་སྒྲུབ་ལག་ལེན་མཁས་པར་མཛོད། །ཡོན་ཏན་བསམས་ལ་དེ་རྒྱུ་སྒྲུབ་ལ་འབུངས། །ཡིད་བཞིན་ནོར་བུ་ལོན་ཡང་མ་མཆོད་ན། །དེ་ལས་འདོད་པའི་འབྲས་བུ་ཅི་མི་འབྱུང་། །དེ་ཕྱིར་སྐྱབས་མཆོག་བླ་མ་དམ་པ་ལ། །ཁ་ཞེ་མེད་པའི་མོས་གུས་ཞབས་ཏོག་སྒྲུབས། །རང་བློ་རང་གིས་འཆུན་པར་མ་གྱུར་ན། །གང་དུ་བསྡད་ཀྱང་དམ་ཆོས་མི་འགྲུབ་པས། །དགེ་འདུན་ཚོགས་སམ་དབེན་པར་འདུག་ཀྱང་རུང་། །སྲིད་པའི་བདེ་འབྱོར་འདོད་པའི་རྩ་བ་ཆོད། །འཁོར་བའི་དཔོན་ལ་རེ་ལྟོས་མི་འཆའ་ཞིང་། །ལོངས་སྤྱོད་འབྱོར་གྲོགས་རྨི་ལམ་ལྟར་ཤེས་པས། །སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པར། །རྟག་ཏུ་དབུ་མའི་སྤྱོད་པས་འཚོ་བར་མཛོད། །དབང་ཡོད་དུས་ཀྱང་དགྲ་འདུལ་གཉེན་སྐྱོང་བ། །ཆོས་པ་ལྟ་


MLP014_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་སྐྱེ་བོ་དྲ་མའང་མིན། །དེ་ཕྱིར་འགྲས་འདྲིས་བར་མའི་འགྲོ་ཀུན་ལ། །གང་ཕན་སྒྲུབ་པ་རབ་ཏུ་བྱུང་བའི་ལས། །གནས་སྐབས་བྱ་བྱེད་གང་ལའང་མཛངས་པའི་བློས། །ལེགས་པར་བརྟགས་ནས་འཇུག་པ་མཁས་པའི་ལུགས། །མ་བརྟགས་གྱ་ཚོམ་ཞུགས་ན་དམ་ཆོས་ཅི། །འཇིག་རྟེན་ཕུན་ཚོགས་ཕྲ་མོའང་འགྲུབ་མི་འགྱུར། །ལོ་རེའི་རྒྱགས་ཕྱེའི་ཆེད་དུ་ཞིང་པ་རྣམས། །སྐྱོ་དུབ་མེད་པར་སོ་ནམ་ལ་བརྩོན་ལ། །ནམ་ཞག་གཏན་གྱི་འདུན་མ་དམ་པའི་ཆོས། །དཀའ་བར་བསམ་ནས་མི་བསྒྲུབ་བླུན་པོ་ཡིན། །བྲེ་གང་བྲེ་དོའི་ཚོང་ལ་རྒྱལ་ཕམ་གྱི། །རྩིས་གདབ་བྱེད་ན་གཏན་འདུན་ཆོས་ཀྱི་ནོར། །བཤེས་གཉེན་དམ་པའི་ཚོང་དཔོན་ལ་བརྟེན་ནས། །དད་བརྩོན་རིན་གྱིས་མི་ཉོ་སྨྱོ་འམ་ཅི། །དང་པོར་ཁྱིམ་སྤངས་རབ་ཏུ་བྱུང་ན་ཡང་། །དགྲ་གཉེན་ཕྱོགས་ལ་ཆགས་སྡང་གིས་འཚོ་བ། །ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་འཛིན་པ་ཞེས། །སྟོན་པ་ཐམས་ཅད་གཟིགས་དེས་སྨད་པར་མཛད། །དེ་ཕྱིར་མགོ་རེག་ངུར་སྨྲིག་གོས་ཙམ་གྱིས། །རབ་ཏུ་བྱུང་བའི་གྲངས་སུ་མི་འགྲོ་བས། །འཁོར་བ་དུག་ཅན་མཚོ་ལས་ལུས་ཅན་རྣམས། །བསྒྲལ་ཕྱིར་ཐོས་བསམ་སྒོམ་ལ་འབད་པར་མཛོད། །མདོར་ན་དགེ་བའི་བཤེས་ལ་རབ་དད་ཅིང་། །གྲོགས་ལ་དག་སྣང་འགྲོ་ཀུན་ཕ་མར་བལྟ། །སྒོ་གསུམ་ཅི་བྱེད་ཆོས་དང་མི་འགལ་བས། །རང་གཞན་དོན་གཉིས་སྒྲུབ་ལ་བརྩོན་པར་མཛོད། །དེ་ལྟར་དམ་ཆོས་སྒྲུབ་ལ་གཅེས་པའི་གཏམ། །ཉུང་གསལ་འདི་འདྲ་དྷརྨ་ཤྲཱི་ཡིས། །དོན་གཉེར་འགྱུར་མེད་མཆོག་གྲུབ་བཟང་པོར་གདམས། །ཉིན་རེ་བཞིན་ཡང་འདིར་གཟིགས་ལག་ཏུ་ལོངས། །དགེ་དེས་སྐུལ་བ་པོ་ཡིས་ཐོག་དྲངས་ནས། །བདག་དང་མཐའ་ཡས་མ་གྱུར་འགྲོ་བ་ཀུན། །དམ་ཆོས་ཚུལ་བཞིན་སྤྱོད་པས་སྒྲིབ་གཉིས་ལས། །རྣམ་གྲོལ་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཤུ་བྷ་མསྟུ། ༈ མཁན་ཆེན་དྷརྨ་ཤྲཱིས་གསུང་སྙན་དབུ་མཛད་ལ་སྩལ་བའི་ཞལ་གདམས་ཨེ་མ་ཧོ། ཕ་བླ་མ་དམ་པའི་ཞབས་ལ་འདུད། །ཁྱེད་དམ་ཆོས་སྙིང་ནས་མཛད་བཞེད་ན། །ཚེ་འདིར་སྣང་བཙན་ཕྱུག་ལོངས་


MLP014_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་སོགས། །ལྟར་སྣང་གི་བདེ་བ་བག་ཙམ་རེ། །དུད་འགྲོས་ཀྱང་འགྲུབ་མོད་སྙིང་པོ་ཅི། །ཚུལ་དེས་ན་དམ་ཆོས་ལས་གཞན་པའི། །བྱ་བྱེད་ཀུན་སྡུག་བསྔལ་གྱི་ཡོ་ལང་སྟེ། །བྱས་པ་དོན་མེད་དུ་ཐག་ཆོད་ལ། །ཚེ་འདིར་ཞེན་ལོག་པ་གཅིག་རང་འཚལ། །དེ་ལོག་ནས་སངས་རྒྱས་ཀྱི་རྒྱུ་དྲུང་སོང་། །བྱང་ཆུབ་ཀྱི་སེམས་ཡིན་འདི་ལྟར་སྦྱང་། །མཁའ་ཁྱབ་སེམས་ཅན་གྱི་ཕུང་པོ་ཀུན། །རང་ཉིད་དང་ཕན་ཚུན་ཕ་མ་བུ། །ཁྱོ་ཤུག་སོགས་ལན་གྲངས་དཔག་མེད་བྱས། །དེ་ཀུན་ཀྱང་བདེ་བ་འདོད་འདོད་ནས། །སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ། །དུས་རྟག་ཏུ་སྤྱོད་པས་སྨྱོན་པ་འདྲ། །དེ་བསམ་ལ་རང་ཞི་བདེ་འདོད་བློ། །རྨི་ལམ་གྱི་ནང་དུའང་མི་དྲན་པར། །མ་འགྲོ་དྲུག་སེམས་ཅན་ཕན་བདེའི་ཁུར། །ལྷག་བསམ་གྱི་ཕྲག་པར་ལེན་པ་གཅེས། །བྱམས་སྙིང་རྗེས་གཞི་སློངས་བྱང་ཆུབ་སེམས། །རི་དབང་ལྟར་མི་གཡོ་བརྟན་པར་ཟུངས། །སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་དང་། །རྗེ་མཉམ་མེད་མཚན་ལྡན་བླ་མ་ལ། །ཚེ་འདི་ཕྱིའི་ཕན་བདེའི་རྩ་བ་གཏོད། །བློ་སྣ་མོས་གུས་སུ་དྲིལ་བར་འཚལ། །འཁོར་ལོ་གཅིག་སྦྱར་བའི་ཤིང་རྟ་ཡིས། །དོན་འདོད་སར་སླེབས་པ་ཅང་མཆིའམ། །ཚོགས་གཉིས་པོ་ཟུང་འཇུག་འཁོར་ལོའི་འགྲོས། །བག་ཡོད་ཀྱི་ཤིང་རྟར་སྦྱོར་བ་གཅེས། །རང་ལུས་དང་སྣོད་བཅུད་ལྷའི་འཁོར་ལོ། །གསལ་སྟོང་འཛིན་མེད་ཀྱི་ངང་དུ་སྦྱོངས། །ངག་རླུང་དང་སྒྲར་གྲགས་སྔགས་ཀྱི་སྒྲ། །གྲགས་སྟོང་གཞོམ་མེད་ཀྱི་རོལ་པར་བསྲེས། །སེམས་འགྱུ་དྲན་རྩ་བྲལ་རང་རིག་ལ། །བསལ་བཞག་གི་སྒོམ་མནོའི་ལྷད་མ་ཞུགས། །བློ་གྲོས་གུ་ཡངས་སུ་རྗེན་པར་སྐྱོངས། །འཕྲལ་སྣང་གི་བྱ་སྤྱོད་མཐོ་དམའ་ལ། །ཆགས་སྡང་གི་རྟོག་པ་གང་སྐྱེས་ཀྱང་། །དེ་ཉིད་ལ་མ་ཡེངས་ཅེར་ཅེར་ལྟོས། །གཞི་མེད་རྩ་བྲལ་གྱི་དབྱིངས་སུ་སྐྱོལ། །མཐར་དུས་གསུམ་བསགས་དང་ཡོད་པའི་དགེ །ཡོངས་མཐའ་ཡས་འགྲོ་བའི་དོན་ཕྱིར་བསྔོས། །ཚུལ་དེ་སྐད་གསུང་སྙན་དབུ་མཛད་ལ། །སྙོམས་ལས་མཁན་དྷརྨ་ཤྲིས་གདམས། །འདི་ལག་ཏུ་ལོངས་ན་བདུད་རྩིའི་གཏམ། །གཞན་ཐོས་སྒྲོག་ཙམ་ལ་སྙིང་པོ་ཅི། །དགེ་ལེགས་འཕེལ།


MLP014_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཏན་གྱི་སྐྱབས་གཅིག་བླ་མ་དང་། །དཀོན་མཆོག་གསུམ་ལ་ཕྱག་བཙལ་ནས། །སྙིང་གཏམ་བདུད་རྩིའི་བཅུད་ལེན་འདི། །ཀུན་བཟང་ཕུན་ཚོགས་སྙན་དུ་གདམས། །རྙེད་དཀའི་མི་ལུས་རིན་ཆེན་ཐོབ། །མཐོང་བར་དཀའ་བའི་བཤེས་གཉེན་མཇལ། །སྡུག་བསྔལ་སྨན་མཆོག་དམ་ཆོས་དང་། །འཕྲད་དུས་ད་རེས་གཏན་བདེ་སྒྲུབས། །དོན་མེད་ཚེ་འདིའི་ཕུན་ཚོགས་ཆེད། །གཏན་འདུན་དམ་ཆོས་མི་འདོར་ཞིང་། །ཆོས་ལ་བཟོད་པ་མ་ཐོབ་བར། །ངན་འགྲོར་མི་ལྟུང་གདེང་མེད་པས། །དེ་རྒྱུ་སྡིག་ལྟུང་སྦྱོང་བ་དང་། །གཉེན་པོ་གཅིག་ཏུ་དཀར་བའི་ལས། །སྡིག་པ་ཕྲ་མོའང་མ་འདྲེས་པར། །བརྟེན་པའི་ལག་ལེན་མཁས་པར་མཛོད། །སྲིད་རྩ་བདག་འཛིན་རྟོག་པའི་གཟེབ། །ཤེས་རབ་རྣམ་གསུམ་རལ་གྲིས་ཆོད། །དངོས་འཛིན་གདོན་གྱིས་བརླམས་པའི་འགྲོར། །གཅེས་པའི་བུ་ལ་མ་བཞིན་དུ། །རྩ་བ་བཟོད་མེད་སྙིང་རྗེ་དང་། །བསམ་པ་བྱང་ཆུབ་སེམས་བསྐྱེད་དེ། །སྦྱོར་བ་ཕ་རོལ་ཕྱིན་དྲུག་གི །།རྒྱལ་སྲས་སྤྱོད་མཆོག་རེམས་ལ་སྒྲུབས། །ཅིར་སྣང་གསལ་སྟོང་ལྷ་ཡི་སྐུ། །སྒྲར་གྲགས་གཞོམ་མེད་སྔགས་ཀྱི་གདངས། །དྲན་རིག་བདེ་སྟོང་འོད་གསལ་གྱིས། །ཐ་མལ་སྣང་ཞེན་སྦྱོང་བར་མཛོད། །སྤྲོས་པའི་ཆོས་རྣམས་བློས་བླངས་ཏེ། །བློ་འདས་གནས་ལུགས་དོན་ལ་སྒྲིབ། །ཀ་དག་རང་རིག་འགྱུར་མེད་དང་། །ལྷུན་གྲུབ་སྣང་བཞིའི་རྟོག་རྩལ་སྦྱོངས། །མཉམ་བཞག་མི་རྟོག་ཡེ་ཤེས་དང་། །རྗེས་ཐོབ་སྒྱུ་མའི་ཡོ་ལང་ངང་། །རྒྱུ་འབྲས་རྟེན་འབྲེལ་འགྲོས་རིག་པས། །བླང་དང་དོར་བྱའི་ཤན་ཕྱེད་གཅེས། །སྙིང་ནས་སྙིང་གཏམ་བདུད་རྩིའི་ཚིག །བྱ་བཏང་གང་ལ་བསླབ་བྱར་གདམས། །དགེ་འདིས་འགྲོ་བའི་དགེ་ཚོགས་ཀླུང་། །ཀུན་མཁྱེན་རྒྱ་མཚོར་ཀུན་འབབ་ཤོག །ཅེས་དྷརྨ་ཤྲཱིས་སོ། །༈ ༀ་སྭ་སྟི། དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག །འགྲན་གྱི་དོ་མེད་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དད་ལྡན་དཀོན་མཆོག་དབང་པོ་ཀྱེ། །ཁྱེད་གཏན་


MLP014_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་སྒྲུབ་ན་འདི་ལྟར་མཛོད། །འཁོར་བའི་སྡུག་བསྔལ་ལེགས་བསམ་ནས། །ལས་མི་དགེ་རྩི་དུག་ལྟ་བུར་སྤོངས། །དགེ་བ་སྒྲུབ་ལ་མཁས་པར་མཛོད། །སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །རེ་ལྟོས་ལིང་སྐྱུར་གྱིས་བློ་ཕུགས་གཏོད། །མ་འགྲོ་དྲུག་སེམས་ཅན་ཕན་བདེའི་ཁུར། །སྙིང་སྟོབས་ཀྱིས་ཕྲག་པར་རྟག་ཏུ་ལོངས། །རྗེ་མཚན་ལྡན་བླ་མའི་རྣམ་ཐར་ལ། །ཅི་མཛད་ལེགས་མཐོང་གི་མོས་གུས་དང་། །ཅི་གསུང་ཚད་འཛིན་གྱི་ངེས་ཤེས་དང་། །ཐུགས་ཅི་མཉེས་སྒྲུབ་ལ་བསླབ་པར་འཚལ། །མ་དག་ལས་སྣང་ལྕགས་ཀྱི་ཁམས། །བསྐྱེད་རིམ་འགྱུར་རྩིའི་གནད་ཟབ་མོས། །ལྷ་སྐུ་དག་སྣང་གི་གསེར་དུ་སྒྱུར། །ཅི་མཐོང་སྣོད་བཅུད་ཀྱི་སྣང་བ་འདི། །རང་སེམས་ཀྱི་རྩལ་དུ་ཐག་བཅད་ནས། །དེ་སྣང་སྟོང་ལྷ་སྐུ་ལམ་དུ་ཁྱེར། །ཅི་སྨྲས་དང་ཅི་ཐོས་སྒྲ་གྲགས་ཀུན། །གྲགས་སྟོང་གསང་སྔགས་ཀྱི་རང་སྒྲར་སྒྱུར། །ཡིད་ཅི་འགྱུར་གྱི་རང་ངོར་ཆེར་ལྟོས་ལ། །བསལ་བཞག་གི་སྒོམ་བློའི་ལྷད་མ་འཇུག །རིག་སྟོང་རྗེན་པར་སྐྱུར་ལ་ཐོངས། །ལར་བྱ་སྤྱོད་གང་དང་ཅི་སྒྲུབ་ཀྱང་། །བྱང་ཆུབ་སེམས་ཀྱིས་གཞི་བླངས་ནས། །དམིགས་མེད་ཀྱི་རྩིས་ཟིན་དགེ་ལ་འབད། །མཐར་ཟུང་འཇུག་བསྔོ་བས་རྒྱས་གདབ་བྱ། །ཚུལ་དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས། །ཚོགས་གཉིས་སྒྲུབ་ལ་འབད་པར་འཚལ། །དེ་སྐད་དུ་དད་ཅན་མོས་པའི་ངོར། །སྨྱོས་བཙུན་དྷརྨ་ཤྲཱིས་སྨྲས། །ཐུགས་ལ་བཞག་ནས་ཕྱག་ཏུ་ལོངས། །དོན་ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག །༈ ༀ་སིདྡྷི་རསྟུ། དཔལ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཆོག །མཐའ་ཡས་ཀྱི་ཡོན་ཏན་རྫོགས་པའི་སྤྲིན། །རླབས་ཆེན་ཕྲིན་ལས་ཀྱི་ཆོས་ཆར་འབེབས། །ཕ་གཏེར་བདག་གླིང་པའི་ཞབས་ལ་འདུད། །འཛིན་མེད་སྒྱུ་ལུས་ཀྱི་ས་གཞི་ལ། །རྨི་ལམ་སྤྲུལ་བསྒྱུར་གྱི་མྱུ་གུ་རྒྱས། །གསལ་སྟོང་འོད་གསལ་གྱི་ལོ་ཐོག་སྨིན། །དཔལ་ཆོས་སྐྱོང་རྒྱལ་མཚན་ལའང་འདུད། །རྗེ་བཀའ་དྲིན་ཟླ་བྲལ་རྣམ་གཉིས་ལ། །མཐོར་ཐོང་དམར་ཐོང་གསོལ་བ་འདེབས། །སྐྱིད་རུང་སྡུག་རུང་ཐུགས་རྗེས་ཟུངས། །མཆོག་གི་དངོས་གྲུབ་ལ་ཡིད་རྟོན་པས། །རྣལ་འབྱོར་ལ་


MLP014_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པ་ལྷུར་བྱེད་པ། །གྲོགས་སྐལ་བཟང་བློ་ལྡན་ལྷུན་གྲུབ་ལ། །ཡིད་འཕྲེང་བས་འགྲོ་ཆོས་སྙིང་གཏམ་སྨྲ། །ད་ཁྱོད་རང་སྙིགས་དུས་ཚེ་ཐུང་འདིར། །བྱས་པ་ལོ་འདོད་ཀྱི་བསླབ་སྦྱོང་བས། །རྗེ་མཚན་ལྡན་བླ་མའི་བཀའ་བཞིན་དུ། །སྒོམ་ཉམས་ལེན་གནད་ལ་དྲིལ་ན་འཚེངས། །དལ་འབྱོར་འདི་རྙེད་དཀའ་འཇིག་སླ་བས། །བསླུ་མེད་ཀྱི་ལས་འབྲས་སྨིན་ཚུལ་སོམས། །འཁོར་བ་འདིར་ཡུན་རིང་སྡུག་ཐང་ཆད། །སྡུག་བསྔལ་གྱིས་མནར་ཡུན་དེ་ཙམ་ཡིན། །སྐྱོ་ཤས་དང་ངེས་འབྱུང་དྲག་པོ་ཡིས། །ཚེ་འདི་ཡི་འཁྲི་བ་རྦད་ཀྱིས་ཆོད། །རང་བྱུང་ངམ་བྱ་བཏང་དེ་ལ་ཟེར། །ངེས་ལེགས་ཀྱི་ཐེག་པའི་རྨང་རྡོ་ལགས། །སྡུག་བསྔལ་གྱི་ཡོ་ལང་ལ་རྟག་སྤྱོད་པའི། །མཁའ་ཁྱབ་ཀྱི་སེམས་ཅན་མ་ལུས་ལ། །བཅོས་མིན་གྱི་བྱམས་དང་སྙིང་རྗེ་ཡིས། །མ་རྒན་འགྲོ་ཀུན་གྱི་ཕན་བདེའི་ཁུར། །ལྷག་བསམ་དྲག་པོས་ཕྲག་པར་ལོངས། །འདི་ཐེག་ཆེན་ལམ་སྤྱིའི་གཞུང་ཤིང་ཡིན། །སྲིད་པ་འདིར་ལུས་ངག་ཡིད་གསུམ་དང་། །མྱོང་ཚོར་གྱི་བདེ་སྡུག་བཏང་སྙོམས་རྣམས། །ཁུ་རྡུལ་རླུང་གསུམ་གྱི་འགྱུར་བ་ལས། །འབྱུང་བས་འཁོར་བའི་གཉིས་སྣང་རྒྱུ། །སྣང་གསུམ་སྟེ་དེ་ཉིད་སྦྱོང་བའི་ཐབས། །ཐུང་མོང་ཙམ་མ་ཡིན་ཁྱད་པར་ལམ། །མཀྵི་ཀའི་སྦྱོར་བས་ཐེབས་ཙམ་གྱིས། །ལྕགས་ཡུད་ཀྱིས་གསེར་དུ་འགྱུར་བ་ལྟའི། །ཐབས་ཟབ་མོ་གསང་སྔགས་ལམ་ལ་བརྟེན། །འཁོར་འདས་ཀྱི་ཆོས་ཀུན་རྨི་ལམ་ལྟར། །སྣང་ཙམ་ནས་རང་བཞིན་གྲུབ་པ་མེད། །དེར་སྣང་ཞིང་ཞེན་པ་འཁྲུལ་པའི་བློ། །འདི་ཀུན་རྫོབ་བདེན་གཉིས་ཟུང་འཇུག་སྟེ། །སྦྱང་གཞི་མ་ཡིན་སྦྱང་བྱ་ལགས། །དོན་དམ་པར་སྣོད་རྣམས་གཞལ་ཡས་ཁང་། །བཅུད་སེམས་ཅན་གདན་གསུམ་ཚང་བའི་ལྷ། །དེ་སྣང་ལུགས་མ་ཡིན་གནས་ལུགས་ཏེ། །གཡས་གཡོགས་པའི་གསེར་ཁམས་རང་བཞིན་ལྟར། །གཞི་གཉུག་སེམས་འོད་གསལ་བྱང་ཆུབ་སེམས། །གདོད་མ་ནས་ལྷུན་གྲུབ་བདེ་གཤེགས་ཁམས། །འདི་དོན་དམ་བདེན་གཉིས་ཟུང་འཇུག་སྟེ། །སྦྱང་བྱ་མ་ཡིན་སྦྱང་གཞི་ལགས། །སྦྱོང་བྱེད་ཀྱི་ཐབས་ནི་བསྐྱེད་རྫོགས་ཏེ། །སྦྱང་བྱའི་ཆོས་ཀུན་རྫོབ་འཁྲུལ་སྣང་འདི། །སྦྱང་གཞི་ལྟར་དག་པའི་སྣང་བར་བསྒྱུར། །དེར་སྣང་གྲགས་དྲན་རྟོག་ལྷ་དང་


MLP014_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། །འོད་གསལ་གྱི་འཁོར་ལོའི་ཁྱེར་སོ་ཡིས། །འཁོར་བའི་སྣང་ཞེན་འདི་ལེགས་སྦྱངས་པས། །འོག་མིན་གྱི་མཐར་ཐུག་འཇིག་རྟེན་པའི། །དངོས་གྲུབ་རྣམས་འབད་མེད་འགྲུབ་པར་གསུངས། །དེ་ཙམ་གྱིས་ཆོག་པར་འཛིན་པའི་བློ། །སྤངས་ནས་ཟུང་འཇུག་མངོན་སུམ་གྱི། །ལམ་རྫོགས་པའི་རིམ་པ་འབད་ནས་འཚོལ། །རྟ་རྒོད་ལྟར་འདུལ་བར་དཀའ་བའི་སེམས། །བྱེད་བཅིངས་སྲབ་སྐྱོགས་ཀྱིས་ལེགས་པར་ཆུན། །ཡུལ་ཡུལ་ཅན་འབྲེལ་པ་བཅད་བྱས་ཏེ། །གཡོ་མེད་ཀྱི་མཉམ་བཞག་གསལ་བའི་ངང་། །རང་བཞིན་འོད་གསལ་གྱི་སྣང་བ་འཆར། །རྩ་དག་པས་སྐུ་ཡི་རྡོ་རྗེར་གྲགས། །འཁོར་བའི་གཞི་ལས་རླུང་རྒྱུ་བ་བཅད། །རོ་རྐྱང་གི་འཕོ་ཆེན་དབུ་མར་བཅིངས། །རླུང་སེམས་ལ་དབང་འབྱོར་འཆི་ལས་རྒྱལ། །འདི་རླུང་དག་གསུང་གི་རྡོ་རྗེ་ལགས། །ཙཎྜ་ལི་འབར་བའི་ཡེ་ཤེས་མེ། །ཁམས་ཞུ་བདེའི་འགྲོ་འོང་འགྲོས་རྫོགས་པས། །མི་འགྱུར་བའི་བདེ་བ་མངོན་བརྙེས་པ། །འདི་ཁམས་དག་ཐུགས་ཀྱི་རྣལ་འབྱོར་ལགས། །ལར་སྒོ་གསུམ་ཕྲ་རགས་སྒྲིབ་པ་རྣམས། །ལམ་ཟབ་མོ་རྣལ་འབྱོར་གསུམ་གྱིས་སྦྱངས། །དེ་སྤྱོད་པ་གསུམ་གྱིས་མཐར་ཕྱུང་པས། །སྒྲིབ་བྲལ་གྱི་རྡོ་རྗེ་གསུམ་ལ་སྦྱོར། །དེ་ཐུགས་ལ་བཞག་ནས་ཕྱག་ཏུ་ལོངས། །རང་གཞན་གྱི་དོན་གཉིས་ལྷུན་གྲུབ་འགྱུར། །ཚུལ་དེ་སྐད་དུ་དྷརྨ་ཤྲཱི་ཞེས། །སྨྱོས་བཙུན་རྨོངས་པ་དེ་ཡིས་གདམས། །བཀྲ་ཤིས་སོ་དགེ་ལེགས་འཕེལ་བར་ཤོག །༈ སྭ་སྟི། སངས་རྒྱས་ཀྱིས་མི་རུ་རྫུས་པ་ལ། །མཚན་ལྡན་གྱི་བླ་མ་མི་ཟེར་རམ། །རེ་ལྟོས་ལིང་སྐྱུར་གྱིས་གསོལ་བ་ཐོབ། །ཐུགས་ཡིད་འདྲེས་པའི་དངོས་གྲུབ་ཞུས། །ཆགས་སྡང་གི་སྙིང་རླུང་སློང་བྱེད་པའི། །ངར་འཛིན་གྱི་འགོང་པོ་འཐུལ་བ་ལ། །བྱམས་སྙིང་རྗེའི་ལྷག་བསམ་མི་ཟེར་རམ། །མ་འགྲོ་དྲུག་གི་ཕན་བདེ་རེམས་ལ་སྒྲུབས། །སྣོད་བཅུད་དག་སྣང་དུ་སྦྱོང་བ་ལ། །ལམ་བསྐྱེད་པའི་རིམ་པ་མི་ཟེར་རམ། །སྒོ་གསུམ་ལྷ་སྔགས་འོད་གསལ་གྱིས། །མ་དག་པའི་སྣང་ཞེན་སྦྱོང་བར་མཛོད། །ཅིར་སྣང་རུང་རང་སེམས་རྩ་བྲལ་ངང་། །


MLP014_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རང་བབས་སུ་སྐྱོང་བའི་ཉམས་ལེན་ལ། །ཕྱག་རྫོགས་ཀྱི་སྒོམ་པ་མི་ཟེར་རམ། །གསལ་སྟོང་བློ་བྲལ་དུ་རྗེན་པར་སྐྱོངས། །སྒོ་གསུམ་གྱི་སྤྱོད་པ་དག་པ་ལ། །དམ་ལྡན་གྱི་སྔགས་པ་མི་ཟེར་རམ། །སྙིང་གཅེར་མོར་བཏོན་ཀྱང་མི་གཏོང་བའི། །དམ་ཚིག་དང་སྡོམ་པ་སྲོག་ལྟར་སྲུངས། །འགྲས་འདྲིས་དང་གྲགས་འབྱོར་སྤངས་བ་ལ། །བྱ་བཏང་གི་ཆོས་པ་མི་ཟེར་རམ། །ཆགས་སྡང་བདེ་འབྱོར་གྱི་ཞེན་པ་ཆོད། །འདིར་བདེ་ཕྱི་མར་སྐྱིད་པ་ལགས། །དེ་སྐད་དུ་དྷརྨ་ཤྲཱི་ཡིས། །རྡོ་རྗེ་ཡི་སློབ་བུ་དམ་ཚིག་ཅན། །བྱ་རྒོད་པ་ཀུན་བཟང་གིས་བསྐུལ་བའི་ངོར། །སྙིང་གཏམ་དུ་སྤེལ་ལོ་བཀྲ་ཤིས་ཤོག །༈ ན་མོ་གུ་ར་ཝེ། མཐོང་ན་མི་མཐུན་མེད་པའི་སྐུ། །ཐོས་ན་ཐེ་ཚོམ་གཅོད་པའི་གསུང་། །འོད་གསལ་ངང་ལས་མི་གཡོའི་ཐུགས། །ཕ་འགྲན་གྱི་དོ་མེད་བླ་མ་ལ། །རེ་ལྟོས་བཅས་ཏེ་སྐྱབས་སུ་མཆི། །སྙིང་གི་དཀྱིལ་ནས་གསོལ་བ་འདེབས། །རྟག་ཏུ་ཐུགས་རྗེས་བསྐྱང་དུ་གསོལ། །གསན་དང་དགེ་སློང་ཆོས་འབྱོར་ཀྱེ། །འཁོར་བའི་སྡུག་བསྔལ་འཇིགས་རུང་བ། །མེ་འོབས་སུ་ལྟུང་ལྟར་སྐྱིད་མེད་པས། །ད་རེས་དལ་འབྱོར་གྱི་རྟེན་ཐོབ་དུས། །སྙིང་ནས་ཐར་པ་འཚོལ་བར་རིགས། །སྐྱབས་དམན་པ་འཇིག་རྟེན་དཔོན་སོགས་ལ། །བརྟེན་ན་ཁ་ཉེན་འཁོར་བར་སྐྱུར། །རེ་ལྟོས་སུ་བཅས་ནས་མི་བསླུ་བ། །དཀོན་མཆོག་གསུམ་སྐྱབས་སུ་བསྟེན་པར་འཚལ། །མ་རྒན་རྣམས་བོར་ནས་རང་གཅིག་པུ། །གྲོལ་འདོད་ཁྲེལ་མེད་ཀྱི་བློ་ངན་ཡིན། །དེ་སྤོངས་ལ་འགྲོ་ཀུན་སྒྲོལ་འདོད་པའི། །ལྷག་བསམ་གྱི་སྙིང་སྟོབས་བསྐྱེད་པར་མཛོད། །ཕ་བཀའ་དྲིན་སུམ་ལྡན་བླ་མ་རྗེ། །སངས་རྒྱས་ཀུན་འདུས་སུ་ངེས་ཤེས་བསྐྱེད། །ཙབ་ཙུབ་མ་མང་བློ་བཀལ་ནས། །མོས་གུས་དྲག་པོས་གསོལ་བ་ཐོབ། །མ་དག་པའི་སྣང་ཞེན་རགས་པ་འདི། །དཔལ་རྒྱུད་ལྔའི་དཀྱིལ་འཁོར་འཁོར་ལོར་སྒྱུར། །གསལ་སྣང་དང་ང་རྒྱལ་གྱི་གནད་ཟབ་མོས། །རྫོགས་རིམ་གྱི་སྨིན་བྱེད་རྟེན་འབྲེལ་བསྒྲིགས། །ལམ་གཏུམ་མོ་བདེ་དྲོད་རང་འབར་གྱིས། །རོ་རྐྱང་གི་རྒྱུ་བ་དབུ་མར་འཆིངས། །ཁམས་ཞུ་བདེའི་འགྲོས་


MLP014_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་བདེ་སྟོང་སྤེལ། །ཅིར་སྣང་ཀུན་སྒྱུ་ལུས་འཛིན་མེད་ཀྱིས། །ཆགས་སྡང་གི་སྣང་སེམས་རང་སར་ཁྲོལ། །མཚན་རྨི་ལམ་འཛིན་སྐྱོང་སྤེལ་བ་དང་། །སྤྲུལ་བསྒྱུར་གྱིས་ཉིང་འཁྲུལ་རང་དག་འཚལ། །མི་རྟོག་དང་བདེ་གསལ་དབྱེར་མེད་པའི། །འོད་གསལ་གྱི་གཏི་མུག་དབྱིངས་སུ་བསྲེས། །བྱིན་རླབས་དང་དག་སྣང་འཆུགས་མེད་ཀྱིས། །ལམ་ཟབ་མོ་འཕོ་བའི་རྣལ་འབྱོར་དང་། །བར་དོ་སྐུ་གསུམ་གྱི་ལམ་ཁྱེར་རྣམས། །དགོས་དུས་སུ་མི་བསླུའི་གདེང་བཙལ་ལོ། །ལར་ཅི་སྣང་རང་སེམས་ཆོ་འཕྲུལ་ཏེ། །སེམས་ཉིད་རྩ་བྲལ་གཉུག་མའི་གཤིས། །དེ་རང་བབས་སུ་སྐྱོང་བའི་ཕྱག་རྒྱ་ཆེས། །བློ་བྲལ་གྱི་ངང་དུ་བཏབ་ན་འཚེངས། །བླ་མ་དང་ཡི་དམ་སྒྱུ་ལུས་གསུམ། །གསལ་སྟོང་བདེ་ཆེན་གྱི་ལམ་དུ་ཁྱེར། །མ་ཇོ་མོ་རྣམ་གཉིས་བཙན་ཐབས་ཀྱི། །གནད་ཟབ་མོས་མཁའ་སྤྱོད་སྒྲུབ་པར་མཛོད། །རང་ལུས་ལྷ་སྐུ་འོད་གསལ་ངང་། །རོ་མཉམ་འཆི་མེད་ཀྱི་བཙན་ས་ཟུངས། །བླ་མ་དང་མགོན་པོ་རང་སེམས་གསུམ། །དབྱེར་མེད་ཀྱི་ངང་ནས་མཆོད་གཏོར་ཕུལ། །ཕྱི་ནང་གི་བར་ཆད་སེལ་བར་ངེས། །མཐར་དུས་གསུམ་བསགས་ཡོད་དགེ་ཚོགས་ཀུན། །བླ་མེད་བྱང་ཆུབ་ཀྱི་ས་རུ་བསྔོས། །དཔལ་ཤངས་པའི་སྙིང་གཏམ་ཟབ་མོའི་གནད། །ལག་ལེན་གྱི་སྙིང་པོར་དྲིལ་བ་འདི། །སྨྱོས་བཙུན་དྷརྨ་ཤྲཱིས་བསྲིངས། །དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །༈ ན་མོ་གུ་ར་ཝེ། རྗེ་འགྲན་གྱི་ཟླ་མེད་བླ་མ་ལ། །དངོས་ཀུན་དང་བས་ཕྱག་བྱས་ནས། །གོ་རིབ་ཀྱི་ཇོ་བཙུན་མིང་སྲིང་ལ། །སྙིང་གཏམ་བསླབ་བྱ་འདི་ལྟར་གདམས། །རང་ཅག་ཀུན་འཁོར་བའི་བཙོན་དོང་འདིར། །རིགས་དྲུག་གི་སྐྱེ་བ་དཔག་མེད་བླངས། །མ་མྱོང་བྱ་བའི་སྡུག་བསྔལ་མེད། །ད་སྡུག་བསྔལ་གྱིས་མནར་ཡུན་དེས་ཆོག་པས། །ད་རེས་དལ་འབྱོར་གྱི་གྲུ་བོ་ཆེ། །བླ་མའི་དེད་དཔོན་གྱིས་ཟིན་དུས་འདིར། །ཐབས་ཤེས་ཀྱི་དར་ཆེན་ལེགས་འཕྱར་ནས། །བག་ཡོད་མཐུན་པའི་རླུང་དང་སྦྱར། །འཇིགས་རུང་འཁོར་བའི་མཚོ་བརྒལ་ནས། །ཐར་མཆོག་གི་གླིང་དུ་བགྲོད་པར་འཚལ། །ཕ་སྐྱབས་གནས་ཀུན་འདུས་བླ་མ་ལ། །


MLP014_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་མཛད་ཁྱེད་ཤེས་ཀྱིས་གསོལ་བ་ཐོབ། །ཐུགས་ཡིད་འདྲེས་པའི་བྱིན་རླབས་ཞུས། །སེམས་ཅན་ཀུན་དྲིན་ཅན་གྱི་མར་ལྟོས་ལ། །ཚུགས་ཐབས་མེད་པའི་སྙིང་རྗེ་ཡིས། །འགྲོ་ཀུན་སྒྲོལ་འདོད་ཀྱི་ལྷག་བསམ་བསྐྱེད། །མ་དག་པའི་སྣང་ཞེན་ལྕགས་ཀྱི་ཁམས། །བསྐྱེད་རིམ་དག་སྣང་གི་གསེར་འགྱུར་རྩིས། །དཔལ་རྒྱུད་སྡེ་ལྔ་ཡི་དཀྱིལ་འཁོར་གྱི། །ལྷ་སྔགས་འོད་གསལ་གྱི་གསེར་དུ་སྒྱུར། །གང་ཤར་གྱི་སྣང་བ་གང་ལ་ཡང་། །ཡིད་སྒོམ་འདོད་ཀྱི་རྟོག་པས་མ་བསླད་པར། །གླང་པོ་ཆེའི་ལྟ་སྟངས་ཀྱིས་ཅེ་རེ་ལྟོས། །ཤེས་པ་རྟེན་མེད་འཛིན་མེད་དུ། །བློས་བཅས་བཅོས་མེད་པར་ཤིགས་བཤིག་པས། །གཟུང་འཛིན་རྣམ་རྟོག་གི་གཡོགས་བུད་ནས། །རིག་པ་གསལ་སྟོང་དུ་རྗེན་གྱིས་འཆར། །དེ་ངོས་བཟུང་སྐྱོན་བཞི་བྲལ་བྱས་ལ། །སྐུ་གསུམ་རང་ཤར་དུ་ངེས་ཤེས་བསྐྱེད། །འདི་ཕྱག་ཆེན་གྱི་ཉམས་ལེན་སྙིང་པོ་ཡིན། །མཉམ་རྗེས་ཀུན་ཏུ་ཉམས་སུ་ལོངས། །དེ་ཐབས་ལམ་ཆོས་དྲུག་གིས་བསྲང་བཅུག་ན། །དུས་རིང་པོར་མི་ཐོགས་གྲོལ་འགྱུར་བས། །ལམ་རྩོལ་བའི་གནད་ཀྱི་གཏུམ་མོ་སྦོར། །འདོད་ཆགས་བདེ་སྟོང་དུ་བསྒྱུར་ན་འཚེངས། །བདེན་མེད་གནད་ཀྱི་སྒྱུ་ལུས་སྦྱོངས། །ཆགས་སྡང་གསལ་སྟོང་དུ་གྲོལ་བར་མཛོད། །རྨི་ལམ་འདུན་པའི་གནད་ཟབ་མོས། །ཉིང་འཁྲུལ་གྱི་སྣང་བ་རང་དག་འཚལ། །མོས་གུས་ཀྱི་གནད་ཀྱིས་གཏི་མུག་མུན། །འོད་གསལ་གྱི་མཁའ་ལ་དྭངས་སུ་ཆུག །དམིགས་པ་འཆུག་མེད་ཀྱི་འཁྲུལ་འཁོར་གྱིས། །མ་བསྒོམས་པར་སངས་རྒྱས་ས་ལ་འཕོ། །སྐྱོ་ཤས་ཀྱི་བར་དོའི་འཁྲུལ་སྣང་རྣམས། །རྒྱལ་བ་ལོངས་སྐུ་རང་ཤར་སྦྱོངས། །དེ་དྲུག་ཀྱང་བསྲེ་བའི་མན་ངག་གཅེས། །ཉ ིན་པར་གཏུམ་མོ་དང་སྒྱུ་ལུས་བསྲེ། །མཚན་མོ་རྨི་ལམ་དང་འོད་གསལ་བསྲེ། །འཆི་ཀར་བར་དོ་དང་འཕོ་བ་བསྲེ། །ལར་དྲུག་ཀ་ཆབས་ཅིག་ཉམས་ལེན་ན། །ཐོ་རེངས་བར་དོ་དང་འཕོ་བ་བསྒོམ། །སྔ་དྲོ་དང་ཉིན་གུང་ཕྱི་དྲོ་གསུམ། །གཏུམ་མོ་དང་རྨི་ལམ་སྒྱུ་ལུས་སྦྱོངས། །སྲོད་ནམ་གུང་གཉིས་ལ་འོད་གསལ་ངང་། །ནམ་སྨད་དུས་རྨི་ལམ་འཛིན་པ་གཅེས། །མཐར་དུས་གསུམ་བསགས་ཡོད་དགེ་ཚོགས་ཀུན། །མ་འགྲོ་དྲུག་ཕན་བདེའི་དོན་ཕྱིར་བསྔོས། །ཚུལ་དེ་སྐད་དྷརྨ་ཤྲཱི་ཡིས། །བྱ་རྒོད་པ་ཨོ་རྒྱན་


MLP014_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཟང་དང་། །འགྱུར་མེད་ཆོས་འཛོམ་གཉིས་ལ་གདམས། །ཆོས་སྙིང་ནས་བྱེད་ན་འདི་ལྟར་གྱིས། །གཞན་ལོ་འདོད་ཙམ་ལ་སྙིང་པོ་ཅི། །ཤུ་བྷཾ། ༈ དཔལ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དམིགས་མེད་ཀུན་ཁྱབ་ཀྱི་ཐུགས་རྗེ་ཅན། །ནུས་པས་འགྲོ་ཀུན་སྒྲོལ་མཛད་པ། །ཕ་གཏེར་ཆེན་བླ་མའི་ཞབས་ལ་འདུད། །གྲོགས་གསོན་དང་ཨོ་རྒྱན་རྡོ་རྗེ་ཀྱེ། །ནམ་འཆི་ཆ་མེད་ཀྱི་དྲེད་ཤ་དང་། །ལས་འབྲས་བསླུ་མེད་ཀྱི་ངེས་ཤེས་དང་། །འཁོར་བའི་བདེ་འབྱོར་ལ་མི་སྨོན་པ། །ཚུལ་འདི་གསུམ་དམ་ཆོས་སྒྲུབ་པ་ལ། །མཁར་གྱི་རྨང་རྡོ་དང་འདྲ་བ་ལགས། །བཟོད་མེད་སྡུག་བསྔལ་གྱིས་མནར་བའི་འགྲོ། །ཚེ་རབས་ཀྱི་ཕ་མར་ངེས་རྙེད་ནས། །སངས་དུས་མེད་པའི་སྡུག་བསྔལ་ལས། །སྒྲོལ་འདོད་ཀྱི་སྙིང་སྟོབས་བསྐྱེད་པར་འཚལ། །ཕ་དྲིན་ཅན་གྱི་བླ་མ་དམ་པ་ཉིད། །སངས་རྒྱས་སུ་མཐོང་བའི་མོས་གུས་དང་། །ཅི་མཛད་འགྲོ་འདུལ་གྱི་ཕྲིན་ལས་སུ། །བསམ་ནས་གསོལ་བ་རེམས་ལ་ཐོབ། །ཞབས་ཏོག་ལ་འབུམ་གསུམ་འདོན་པར་འཚལ། །དོན་འདི་གཉིས་སྔོན་འགྲོར་གྲགས་མོད་ཀྱང་། །ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །འཛིན་མེད་ཀུན་ཁྱབ་ཀྱི་སྙིང་རྗེ་དང་། །མོས་གུས་རང་རིག་སྤྲོས་བྲལ་དུ། །མ་བཅོས་པར་ཤར་བ་འདི་ལེགས་པས། །གནད་འདི་བཞིན་ཐུགས་ཀྱི་དཀྱིལ་དུ་ཞོག །ལྟ་བ་ཕྱོགས་རིས་ཀྱིས་མ་བསླད་པར། །རང་རིག་རྩ་བྲལ་གཅེར་མཐོང་ལ། །སྒྲོ་འདོགས་ཀྱི་སྤྲོས་པ་ཆོད་པར་མཛོད། །སྒོམ་པ་ལ་བསལ་བཞག་གིས་མ་བསླད་པར། །མ་བཅོས་རྣལ་མར་སྐྱུར་ལ་ཐོངས། །རང་དྭངས་རང་གསལ་དུ་མྱོང་ཙ་ན། །དེར་འཛིན་བཤིག་ལ་གོམས་པར་མཛོད། །སྤྱོད་པ་ལ་རང་འདོད་ཞེན་འཁྲིས་ཀྱིས། །མ་བསླད་འཛིན་མེད་སྒྱུ་འདྲའི་ངང་། །ལས་འབྲས་ཀྱི་བླང་དོར་ཞིབ་ཏིག་འཚལ། །འབྲས་བུ་ལ་རེ་དོགས་ཀྱིས་མ་བསླད་པར། །སྲིད་ཞི་མཉམ་ཉིད་དུ་ཟང་ཐལ་ལེ། །རང་བྱུང་ཡེ་ཤེས་སུ་ལ་བཟློ་འཚལ། །ལར་ལྟ་སྒོམ་སྤྱོད་པ་གང་ལའང་། །ཟུང་འཇུག་གི་ཕྱག་རྒྱས་ལེགས་བཏབ་སྟེ། །མཐར་འཛིན་གྱི་སྤྲོས་པ་ཆོད་པར་མཛོད། །ཚུལ་དེ་སྐད་དྷརྨ་ཤྲཱིས་གདམས། །


MLP014_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐུགས་ལ་ཞོག་དང་གྲུབ་ཆེན་པ། །བློ་ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག །༈ ན་མོ་གུ་ར་ཝེ། མཚན་སྙན་ཐོས་པས་སྲིད་ཞིའི་རྒུད་པ་ཀུན། །མཐར་མཛད་འགྲན་ཟླ་ཀུན་བྲལ་ཆོས་ཀྱི་རྗེ། །རྒྱལ་ཀུན་འདུས་ཞལ་གཏེར་བདག་གླིང་པ་དང་། །མི་ཕམ་ཆོས་སྐྱོང་རྒྱལ་མཚན་སྤྱི་བོས་མཆོད། །དོན་གཉིས་ཕུན་ཚོགས་འབྲས་བུར་ཡིད་རྟོན་པའི། །གྲུབ་ཆེན་དགེ་སློང་བློ་ལྡན་ལྷུན་གྲུབ་ལ། །སྙིང་གཏམ་འཁོར་བའི་གཅོང་ནད་སེལ་བྱེད་ཀྱི། །བདུད་རྩིའི་སྨན་མཆོག་བཟང་པོ་དེ་རིང་སྦྱིན། །གང་ཁྱོད་སྔོན་བསགས་ལེགས་སྤྱད་མི་དམན་པས། །མཐོ་རིས་རྟེན་ཐོབ་སངས་རྒྱས་གཉིས་པ་ལྟའི། །ཡོངས་འཛིན་དགེ་བའི་བཤེས་གཉེན་ལེགས་བསྟེན་ནས། །ཟབ་དོན་མན་ངག་ངོམས་པ་མེད་པར་བཙལ། །དེ་དོན་ཇི་བཞིན་ཉམས་སུ་ལོངས་པ་ཡིས། །འདི་ཕྱིའི་འདུན་མའི་རྩ་བ་ལེགས་ནས་གདའ། །སླད་དུའང་སྔར་བཞིན་སྒྲུབ་ལ་མི་གཡེལ་བས། །རང་གཞན་དོན་གཉིས་འབྱོར་བ་སྤེལ་བར་མཛོད། །ཁྱད་པར་སྦྱང་གཞི་བདེ་གཤེགས་སྙིང་པོ་ལ། །སྦྱང་བྱ་གློ་བུར་དྲི་མས་གོས་པ་གང་། །སྦྱོང་བྱེད་ལས་ཉོན་སྡུག་བསྔལ་རིགས་རྒྱུན་དེ། །མ་སྤངས་བདེ་བ་ཆེན་པོའི་ལམ་དུ་བསྒྱུར། །དེ་ཡང་རྒྱལ་བས་གསུངས་པའི་ཆོ་ག་བཞིན། །རང་འབྲས་ཁྱད་འཕགས་སྔགས་མཐུའི་ནུས་པ་དང་། །ངོ་བོ་ཞུ་བདེའི་བདེ་སྟོང་རང་བཞིན་ཉིད། །བྱེད་ལས་དག་རྫོགས་སྨིན་གསུམ་ཚང་བ་སྟེ། །ཁྱད་པར་བཞི་ལྡན་བསྐྱེད་རིམ་མཐར་ཕྱིན་འཚལ། །རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྒྱུས། །རྩ་ཐིག་རླུང་གསུམ་དབུ་མར་དག་བྱས་ནས། །རྣམ་པ་བདེ་སྟོང་ལྷན་ཅིག་སྐྱེས་པ་སྟེ། །ཁྱད་པར་གསུམ་ལྡན་རྫོགས་རིམ་གོམས་པར་མཛོད། །དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་གྱིས། །མ་དག་སྣང་བ་དབྱིངས་སུ་སྦྱངས་བྱས་ནས། །རང་སེམས་འགྱུར་མེད་བདེ་སྟོང་རང་ཞལ་ཉིད། །ལྟ་བའི་ཐབས་ལ་གཅིག་ཏུ་སློབ་པར་མཛོད། །མདོར་ན་ཕྱི་ལྟར་སྤྱོད་པ་མདོ་སྡེ་བཞིན། །རྒྱུ་འབྲས་སྤང་བླང་མ་ནོར་ཞིབ་པ་གཅེས། །ནང་ལྟར་བླ་མེད་བསྐྱེད་རྫོགས་རྣལ་འབྱོར་གྱིས། །སྣང་སྤྱོད་དག་པའི་ལྷ་སྐུར་བསྒྱུར་བར་མཛོད། །


MLP014_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གསང་བ་ཨ་ཏི་ཡོ་ག་ལྟར། །ཀ་དག་གདོད་མའི་གནས་ལུགས་ལེགས་རྟོགས་ནས། །ལྷུན་གྲུབ་སྣང་བཞིའི་གསེབ་ལམ་ལ་བརྟེན་ཏེ། །དོན་གཉིས་མཐར་ཕྱིན་རྒྱལ་ས་ཟིན་པར་མཛོད། །དེ་སྐད་གྲུབ་ཆེན་བློ་ལྡན་ལྷུན་གྲུབ་ལ། །སྨྱོས་བཙུན་རྨོངས་པ་དྷརྨ་ཤྲཱིས་གདམས། །ཐུགས་ལ་བསྟིམས་ནས་ཚུལ་བཞིན་ལག་ཏུ་ལོངས། །འདི་ཕྱིའི་ཕན་བདེ་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་ཆེད་དུ་བརྗོད་པ་དགེ་ལེགས་སུ་གྱུར་ཅིག །༈ ཆོས་མཛད་འགྱུར་མེད་དར་རྒྱས་ལ་གདམས་པ། དགེ་སྦྱོར་བྱེད་ལུགས་ཀྱི་ཐོ་ལ། རེ་ཞིག་ལུས་མ་འཁྲུགས་ཙམ་གྱི་བབས་དང་བསྟུན་ངོས། ལུས་ཀྱིས་ལྕོགས་ཚེ། སྔ་དྲོ་ལྟ་བུར་ཁྲིད་ཀྱི་སྔོན་འགྲོས་བློ་སྦྱོང་ཐབས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས་སྨིན་ཚུལ་རྣམས་མདོར་བསྡུས་ཙམ་རེ་སྔོན་དུ་འགྲོ་བས། སྐྱབས་ཡུལ་གསལ་བཏབ་ནས་སྐྱབས་འགྲོ་བདུན་ནམ་གསུམ། སེམས་བསྐྱེད་བདུན་ནམ་གསུམ། རྡོར་སེམས་སྒོམ་བཟླས་ཀྱི་ཡིག་བརྒྱ་ཉེར་གཅིག་ཙམ་རེ། མཎྜལ་དང་གསོལ་འདེབས་ཀྱང་བདུན་ནམ་གསུམ་རེ་ཙམ་བྱས་རྗེས་དབང་བླངས་ཏེ། སྐྱབས་ཡུལ་རྣམས་བསྡུས་ལ་བླ་མའི་ཐུགས་དང་རང་སེམས་བསྲེས་ནས། དེའི་ངང་ལ་དར་ཅིག་མཉམ་པར་བཞག་ནས་བསྔོ་བ་བྱ། དེ་ནས་ལྟུང་བཤགས་སོགས་ལས་སྒྲིབ་སྦྱོང་བའི་ཁ་ཏོན་ཅི་རིགས་པ་འགྲུབ་ན་བྱས་ལ། བར་དེར་ལུས་སེམས་ཁོང་ཀློད་དེ་ལུས་དང་བསྟུན་པའི་ངལ་གསོ་ཡུན་རིང་ཐུང་ཅི་རིགས་བྱ། ཞོགས་པར་འགྲུབ་ན་ལན་ཆགས་སྦྱོང་བའི་ཆུ་གཏོར་འབྱུང་བཞི་དང་བཅས་པ་བྱས་ན་རིམ་གྲོར་ཡང་འགྲོ། གཞན་རྒྱུན་དུ་ཁྲིད་ཀྱི་ཐུན་གྱི་སྔོན་འགྲོ་ཙམ་སྔོན་དུ་བཏང་ནས། ཞི་གནས་ཤིང་བུ་རྡེའུ་ལྟ་བུ་ཕྱིའི་དམིགས་རྟེན་ལ་སེམས་འཛིན་པའམ། ཡང་ན་རྡོ་རྗེའི་བཟླས་པ་ལྟ་བུ་ལ་སེམས་འཛིན་སླ་ན་མཆོག་ཏུ་བཟང་ཞིང་ཚེ་སྒྲུབ་ཏུའང་འགྲོ། ཡང་ན་མིག་ཧད་དེ་ཤེས་པ་ཆད་དེ་རྟེན་མེད་དུ་འཇོག་པ་རྣམས་གང་བདེ་བྱ། གང་ལྟར་ཞི་གནས་ཀྱི་སེམས་འཛིན་གྱིས་ལུས་ལ་མི་གནོད་ན་ཐུན་རིང་ཐུང་གང་ལྕོགས་བསྒོམ། དེས་གནོད་ན། ཡུལ་སྣང་ཐམས་ཅད་བདེན་མེད་སྒྱུ་


MLP014_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མའམ། རྨི་ལམ་གྱི་སྣང་བ་ལྟར་ཝལ་ལེ་ཁྱུག་གེ་སྦྱངས་ནས། ཡུལ་གང་སྣང་ཐམས་ཅད་གསལ་སྟོང་འཛིན་མེད་རྗེན་ལྷག་གེ་བའི་ངང་དུ་དྲན་འཛིན་གྱི་བྱ་ར་མ་ཤོར་ཙམ་པས་ཀློད་ནས་འཇོག་ཅིང་། སྤྱོད་ལམ་དང་ཡང་བསྲེ། རེས་ཁ་ནང་ལོག་གི་དྲན་པས་སེམས་ཁོ་རང་གི་ངོ་བོ་ལ་ཅེེ་རེ་བལྟས་པ་ན། བལྟ་བྱ་ལྟ་བྱེད་བྲལ་བའི་ཡུལ་མེད་རང་གསལ་ནམ་མཁའ་ལྟ་བུའི་ངང་དེ་ཁ་ལ་བཅོས་བསླད་མེད་པར་རྗེན་ནེ་སྐྱུར་ལ་འཇོག །རྣམ་རྟོག་འཕྲོ་ན་སྤང་བླང་སོགས་གང་ཡང་མི་བྱ་བར་རྣམ་རྟོག་ཁོ་རའི་རང་ངོ་ལ་ཅེར་གྱིས་བལྟས་པས་རྦ་རླབས་ཆུར་ཐིམ་པ་བཞིན་ཡལ་བའི་ཚེ། དེ་ཁའི་ངང་ལ་མ་བཅོས་པར་རྗེན་ནེ་སལ་ལེ་ཝལ་ལེར་འཇོག །ལར་ནས་ལུས་ལ་ནད་ཀྱིས་མནར་ནའང་། སྔོན་ལས་འཕྲལ་རྐྱེན་གྱིས་ལྷོངས་པ་ཡིན་གཤིས། སྔོན་ལས་སྦྱོང་ཕྱིར། རང་ནད་ཀྱིས་གདུང་པ་བཞིན་དུ་འཇིག་རྟེན་གྱི་ཁམས་ན་ནད་པ་ཇི་སྙེད་ཡོད་པ་དེ་ཐམས་ཅད་ལའང་རང་ཉིད་བཞིན་དུ་སྡུག་བསྔལ་གྱིས་ཉམ་ཐག་པར་སྣང་། དེ་ཐམས་ཅད་རང་གི་ཚེ་རབས་སྔ་མའི་ཕ་མ་ལན་གྲངས་དཔག་མེད་བྱས་པ་ཡིན་པས། དྲིན་ལན་དུ་ནད་པ་དེ་ཐམས་ཅད་ཀྱི་ནད་རྣམས་བླང་བར་བྱའོ་སྙམ་པས། དབུགས་ལྡང་འཇུག་དང་སྦྱར་ཏེ། དབུགས་ཕྱིར་ལྡང་བའི་ཚེ་རང་གི་བདེ་བ་དང་དགེ་བ་ཐམས་ཅད་རང་ལུས་ལས་ཟླ་བ་ལྟར་སྐྱ་སྒོར་གྱིས་ཐོན་ནས་སེམས་ཅན་རྣམས་ལ་ཐིམ། དབུགས་ནང་དུ་འཇུག་ཚེ་ཡུལ་ནད་པ་རྣམས་ཀྱིས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་རྒྱུ་ལས་ཉོན་སྡིག་པའི་ཚོགས་དང་། འབྲས་བུ་ནད་སོགས་སྡུག་བསྔལ་ཐམས་ཅད་ཀོ་བའི་སྐྱི་གཞར་བ་ལྟར་ནག་ཕུང་གིས་ཐོན་ནས་རང་ལ་ཐིམ་པར་བསམ་ཞིང་། ངག་ཏུའང་། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་ནད་སོགས་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་དགེ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག །ཅེས་བརྗོད་ཅིང་འདུན་པ་དྲག་པོ་བྱ། དགོང་མོ་ཉལ་གདོང་འགྲུབ་ན་ཀུ་སུ་ལུའི་ཚོགས་འཁོར་གྱི་དམིགས་པ་རེ་བྱས་ནའང་། གནས་སྐབས་སུ་ནད་གདོན་གྱི་གཉེན་པོར་འགྲོ་ཞིང་། མཐར་ཐུག་བསོད་ནམས་ཀྱི་ཚོགས་སུ་འགྱུར་ཞིང་། མཐར་འཁོར་གསུམ་མི་དམིགས་པའི་ངང་ལ་བཞག་པས་


MLP014_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཚོགས་ཀྱང་འགྲུབ་པར་འགྱུར་བས་གང་ནུས་བྱའོ། །ཞེས་པའང་ཆོས་མཛད་འགྱུར་མེད་དར་རྒྱས་ལ་དྷརྨ་ཤྲཱིས་གདམས་པའོ། །དགེའོ། །དགེའོ། །དགེའོ།། །།

ལྷ་བཙུན་ཀུན་སྤངས་པའི་ཞུས་ལན། རིག་འཛིན་འགྱུར་མེད་རྡོ་རྗེ།


MLP014_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཙུན་ཀུན་སྤངས་པའི་ཞུས་ལན། རིག་འཛིན་འགྱུར་མེད་རྡོ་རྗེ།


MLP014_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཙུན་ཀུན་སྤངས་པའི་ཞུས་ལན། ཨོ་རྒྱན་གཏེར་བདག་གླིང་པ། རིག་འཛིན་འགྱུར་མེད་རྡོ་རྗེའི་ཞལ་ནས། འདིར་དམ་ཆོས་རྫོགས་པ་ཆེན་པོ་ཉམས་སུ་ལེན་ཚུལ་ལ། སྔོན་འགྲོ་དངོས་གཞི་མཇུག་ཏུ་ཇི་ལྟར་བྱ་ཚུལ་རྣམས། བཀའ་གཏེར་སོ་སོའི་གཞུང་དང་བརྒྱུད་ལྡན་གྱི་བླ་མའི་ཞལ་ལ་གཏུགས་ཏེ་ཉམས་ཁྲིད་བསྐྱངས་པ་ལས་ཤེས་པར་བྱ་ཞེས། འདིར་རྫོགས་ཆེན་རང་ལུགས་ཀྱི་ངོས་འཛིན་མདོར་བསྡུས་བཤད་ན། དེ་ཡང་རྫོག༵ས་པ༵་ཆེེ༵ན་པོ་གང་ཞེ་ན། དྲི་མ་ཐམས་ཅད་དང་བྲལ་བའི་རིག་པ་གསལ་སྟོང་རྗེན་པ་འདི་རྫོགས་པ་ཆེན་པོ་ཡིན་དེ། སྒྲ་བཤད་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་རིག་པ་སྟོང་པ་འདིའི་ནང་དུ་རྫོགས་པས་ན་རྫོགས་པ་ཞེས་བྱ་སྟེ། དེ་ལས་ལྷག་པའི་འཁོར་བ་ལས་གྲོལ་བའི་ཐབས་མཆོག་ཏུ་གྱུར་པ་གཞན་མེད་པས་ན་ཆེན་པོ་ཞེས་ཟེར་བ་ཡིན། གཞི་ལམ་འབྲས་བུ་གསུམ་གང་ཞེ་ན། ཐོག་མའི་གནས་ལུགས་འཁོར་འདས་ཀྱི་བློས་མ་རེག་ཅིང་འཁྲུལ་པའི་གཡའ་ཡིས་མ་གོས་པས་གནས་ལུགས་རྗེན་པ་འཁྲུལ་མ་མྱོང་རྟོགས་མ་མྱོང་ཅིར་ཡང་མ་གྲུབ་ཅིང་ཅིར་ཡང་འབྱུང་དུ་གཏུབ་པ་འདི་ལ་གཞི་ཟེར་བ་ཡིན། ད་ལྟའི་རིག་པ་འདི་ལྷོད་དེ་བཞག་པའི་དུས་བཟང་རྟོག་ངན་རྟོག་ལུང་མ་བསྟན་གསུམ་དང་བྲལ་བའི་སྟོང་སང་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་གཅིག་འདུག་པ་འདི་ལ་ལམ་ཟེར་བ་ཡིན། ལམ་གྱི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ཏེ་མ་རིག་པ་དང་འཁྲུལ་པ་རང་སར་དག་ནས་ཆོས་དབྱིངས་མངོན་དུ་གྱུར་པ་ལ་འབྲས་བུ་ཟེར་བ་ཡིན། ༈ ལྟ༵་བ་སྒོམ༵་པ་སྤྱོད༵་པ་གསུམ་གང་ཞེ་ན། རང་གི་སེམས་འདི་ཕྱི་ནང་གང་དུ་འདུག་ཁ་དོག་དང་དབྱིབས་ཅི་འདྲ་འདུག་སོགས་ཇི་ལྟ་བ་གཏན་ལ་དབབ་ནས་མ་རྙེད་པའི་སྟོང་པ་དེ་ལ་ལྟ་བ་ཟེར་བ་ཡིན། ལྟ་བ་དེ་བྱིང་རྒོད་རྨུགས་གསུམ་གང་གི་དབང་དུ་མི་གཏོང་བར་གློད་ནས་འཇོག་པ་


MLP014_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒོམ་པ་ཟེར། སྣང་བ་གང་ཤར་ཐམས་ཅད་སྒོམ་དེ་ཡི་རྒྱས་བཏབ་ནས་རྩལ་སྦྱངས་བ་ལ་སྤྱོད་པ་ཟེར་བ་ཡིན། ༈ ཞི༵་གན༵ས་དང་ལྷ༵ག་མཐོ༵ང་། དེ་གཉིས་ཟུང་དུ༵་འབྲེ༵ལ་ཚུལ་གང་ཞེ་ན། སེམས་ཕྱི་རོལ་དུ་འཕྲོ་བ་ཞི་ནས་ནང་དུ་ཁྲིག་གེ་གནས་པ་དེ་ཞི་གནས་ཟེར། སེམས་གནས་པ་དེའི་ངོ་བོ་རིག་སྟོང་རྗེན་པར་ངོ་ཤེས་པ་དེ་ལ་ལྷག་མཐོང་ཟེར། གནས་ཐོག་ནས་ངོ་བོ་རིག་ཅིང་རིག་ཐོབ་ནས་ཁྲིག་གེ་གནས་པ་དེ་ལ་ཞི་ལྷག་ཟུང་འབྲེལ་ཟེར་བ་ཡིན། ༧མཉམ་བཞག་དང་རྗེས་ཐོབ་གཉིས་གང་ཞེ་ན། སྤྱིར་རང་གི་རིག་པ་སྟོང་སང་འདི་ལ་རྩེ་གཅིག་ཏུ་འཇོག་པ་ལ་མཉ༵མ་བཞ༵ག །དེ་ལས་ལངས་ཏེ་གནས་གང་ཤར་ཐམས་ཅད་སྣང་ཡང་བདེན་མེད་སྟོང་བར་ཤེས་པ་དེ་རྗེས་ཐོབ་ཡིན། ཁྱད་པར་རྫོགས་ཆེན་རང་ལུགས་ལ་གང་སྣང་གང་ཤར་དེ་དང་དེའི་ངོ་བོ་ཤེས་བཞིན་པའི་ངང་དུ་གནས་པ་ལ་མཉམ་བཞག་དང་། དེ་དང་དེའི་ངོ་བོ་ཤེས་བཞིན་ངང་དེ་འགྱུ་བ་རྗེས་ཐོབ། དེ་བས་ན་གོང་གི་ཐོག་ཏུ་དགེ་སྦྱོར་སྐྱོང་བ་རང་ལའང་དེའི་ངོ་བོ་སྟོང་སང་ངེ་བར་གནས་པ་དེ་མཉམ་བཞག་དང་། དེ་ཁའི་ངང་ནས་སྤྲུལ་བསྒྱུར་སོགས་འགྱུ་བའི་ཆ་དེ་རྗེས་ཐོབ་ཡིན། རྗེས་ཐོབ་དང་རྗེས་ཐ་དད་ཀྱི་བདེན་འཛིན་རང་སར་གྲོལ་བ་དེ་ལ་ཡུལ་མེད་ཟེར། ༧ཐ་མལ་གྱི་ཤེས་པའི་རྒྱུན་སྐྱོང་བ་གང་ཞེ་ན། ཡ་མཐའ་སངས་རྒྱས་ཀྱི་རྒྱུད་ནས་མ་མཐའ་སོ་སོ་སྐྱེ་བོ་ཡན་ཆད་ཀྱི་རྒྱུད་ལ་ཡོད་པའི་རིག་པ་གསལ་སྟོང་གློ་བུར་གྱི་རྐྱེན་གང་གིས་ཀྱང་མ་བཅོས་པ་དེ་ལ་ཐ་མལ་གྱི་ཤེས་པའི་རྒྱུན་སྐྱོང་བ་ཟེར། དེ་ངོ་ཤེས་པ་ལ་སེམས་ཉིད་ཀྱི་གནས་ལུགས་ཤེས་པ་ཟེར། དེའི་རྒྱུན་སྐྱོང་བ་ལ་ཐ༵་མ༵ལ་གྱི༵་ཤེ༵ས་པ༵འི་རྒྱུ༵ན་སྐྱོ༵ང་བ༵་ཟེར་བ་ཡིན། ༧བྱུང་གནས་འགྲོ་གསུམ་གང་ཞེ་ན། སེམས་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། མཐར་གང་འདྲ་གཅིག་ཏུ་འགྲོ་རྒྱུ་ཡིན་སྙམ་དུ་འཚོལ་བ་དེ། བྱུང་གནས་འགྲོ་གསུམ་གྱི་སེམས་ཚོལ་དགོས་པའི་དོན་ཡིན་ཅིང་། མཐང་གང་ཡང་མ་རྙེད་པའི་སྟོང་སང་གཅིག་དགོས་པ་ཡིན་ནོ། །༧གནས་འགྱུ་རིག་གསུམ་གང་ཞེ་ན། གང་ཤར་གྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་གསལ་སྟོང་འཛིན་མེད་དུ་ཤེལ་ཏེ་དེ་ཁའི་ངང་དུ་ཁྲིག་གེར་གནས་པ་དེ་གནས་པ་ཡིན། ངོ་ཤེས་བཞིན་


MLP014_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཁའི་ངང་ནས་སྤྲུལ་བསྒྱུར་སོགས་བྱེད་ཏེ་འཕྲོ་བ་དེ་གནས་ཐོག་ནས་འགྱུ་བ་ཡིན། གནས་ཐོག་ནས་འགྱུ་འགྱུ་ཐོག་ནས་གནས་པ་གང་ཡིན་ཀྱང་རུང་། དེ་གསལ་སྟོང་རྗེན་པར་ཤེས་པ་དེ་རིག་པ་ཡིན། མདོར་ན་གནས་འགྱུ་རིག་གསུམ་དོན་ལ་གཅིག་ཟེར་དགོས། ༧འཁོར་འདས་དབྱེར་མེད་གང་ཞེ་ན། སེམས་ཀྱི་རྣམ་པ་སྣང་བའི་ཚེ་དེ་འཁོར་བ་ཡིན། སེམས་ཀྱི་ངོ་བོ་སྟོང་པའི་ཆ་དེ་མྱང་འདས་ཡིན། འཁོར་བ་དང་མྱང་འདས་གཉིས་སེམས་ཉིད་ཀྱི་ངོ་བོ་སྟོང་པའི་ངང་དུ་དབྱེ་རྒྱུ་མེད་པ་དེ་ལ་འཁོར་འདས་དབྱེར་མེད་ཅེས་བྱ་བ་ཡིན། ༧ཁ་ཕྱིར་བལྟས་དང་ནང་བལྟས་གང་ཞེ་ན། དགྲ་ལྟར་སྣང་བ་ལ་དགྲ་བདེན་པར་འཛིན། དེ་བཞིན་དུ་མིག་གི་ཡུལ་དུ་གཟུ༵གས། རྣ་བའི་ཡུལ་དུ་སྒྲ༵། སྣའི་ཡུལ་དུ་དྲི༵། ལྕེའི་ཡུལ་དུ་རོ༵། ལུས་སེམས་ཀྱི་ཡུལ་དུ་རེ༵ག་བྱ༵། ཡིད་ཀྱི་ཡུལ་དུ་ཆོས་ལ་སོགས་པ་ཇི་ལྟར་སྣང་བ་བཞིན་བདེན་པར་འཛིན་པ་དེ་ལ་ཁ་ཕྱིར་བལྟས་ཟེར། གཟུགས་སུ་སྣང་བ་ལ་ཅེར་གྱིས་བལྟས་ནས། དེ་ཁ་ལ་དགག་སྒྲུབ་གང་ཡང་མི་བྱེད་པར། དེའི་ངོ་བོ་གསལ་སྟོང་རྗེན་པ་ལྷག་གེ་བ་དེ་ལ་མཉམ་པར་འཇོག་པ་དེ་ལ་ཁ་ནང་བལྟས་ཟེར་བ་ཡིན། དེ་བཞིན་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ལའང་རིགས་འགྲེ། ༧ནག་པོ་ཁ་འབྱམས་ཞེས་པའི་དོན་ནི། དྲན་པའི་སོ་པ་ཉམས་ནས་ངོ་མ་ཤེས་པའི་རྣམ་པར་རྟོག་པ་འབའ་ཞིག་ལ་འབྱམས་པས་ན་ནག་པོ་ཁ་འབྱམས་ཟེར་བ་ཡིན། ༧རིག་པ་རྗེན་ལ་ཕུད་པའི་དོན་ནི། འདས་པའི་སེམས་འགག །མ་འོངས་པའི་སེམས་མ་སྐྱེས། ད་ལྟར་གྱི་སེམས་སྟོང་སང་གསལ་སེང་ངེ་རྗེན་ལྷག་གེ་བར་རྟོགས་པའི་ངང་ལས་མ་གཡོས་པ་དེ་ལ་རིག་པ་རྗེན་ལ་ཕུད་པ་ཟེར་བ་ཡིན། ༧སྐད་ཅིག་མའི་མཚངས་རིག་པ་གང་ཞེ་ན། ད་ལྟའི་རིག་པ་དྲི་མ་མེད་པའི་རང་ངོ་ཤེས་ནས་དེའི་རྒྱུན་ན་རེ་སྐྱོང་བ་ལ་སྐད་ཅིག་མའི་མཚངས་རིག་པ་ཟེར། ༧སེམས་རྣམ་རྟོག་ཉོན་མོངས་སྣང་བ་རྣམས་ཀྱི་སྟེང་དུ་སྐུ་བཞི་ཚང་ཞེས་པའི་དོན་གང་ཞེ་ན། སེམས་ཀྱི་ངོ་བོ་སྐྱེ་བ་མེད་པ་ཆོ༵ས་སྐུ༵་ཡིན། དེའི་མདངས་མ་འགག་པ་ལོ༵ངས་སྐུ༵་ཡིན། དེའི་རྩལ་ཅིར་ཡང་འཆར་བ་དེ་སྤྲུ༵ལ་སྐུ༵་ཡིན། དེ་གསུམ་ངོ་བོ་དབྱེར་མེད་པ་ངོ༵་བོ༵་ཉི༵ད་སྐུ༵་ཡིན། དེ་གཞན་རྣམས་ལའང་རི༵གས་


MLP014_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེ༵་བ་ཡིན། ༧ཡང་སེམས་དང་རྣམ་རྟོག་ཉོན་མོངས་སྣང་བ་རྣམས་ཀྱི་སྟེང་དུ་ཞི་ལྷག་ཟུང་འཇུག་ཚངས་ཞེས་པའི་དོན། རྣམ་རྟོག་ལམ་གྱིས་ཤར་དུས་དེའི་ངོ་བོའི་ཐོག་ཏུ་སེམས་ཁྲིག་གེ་གནས་པ་དེ་ཞི༵་གན༵ས་ཡིན། དེའི་ངོ་བོ་གསལ་སྟོང་རྗེན་པར་མཐོང་བ་དེ་ལྷ༵ག་མཐོ༵ང་ཡིན། དེ་གཉིས་དབྱེར་མེད་པ་དེ་ཞི༵་ལྷ༵ག་ཟུ༵ང་དུ་འཇུ༵ག་པ་ཡིན། དེ་བཞིན་དུ་འདོད་ཆགས་ལམ་གྱིས་སྐྱེ་བ་དེའི་ངོ་བོའི་ངང་དུ་སེམས་ཁྲིག་གེ་གནས་པ་དེ་ཞི་གནས། ངོ་བོ་དེ་གསལ་སྟོང་རྗེན་པར་མཐོང་བ་ལྷག་མཐོང་། དེ་གཉིས་དབྱེར་མེད་དེ་ཞི་ལྷག་ཟུང་འཇུག་ཡིན་ཅིང་། འདོད་ཆགས་ལམ་ཁྱེར་ཟེར་བའང་དེ་འདྲ་ཞིག་ལ་ཟེར་བ་ཡིན་ནོ། །དེས་ཉོན་མོངས་པ་གཞན་དང་སྣང་བ་སོགས་ལ་རིགས་འགྲེ་བ་ཡིན། ༧རིག་པ་རང་ངོ་འཕྲོད་པའི་ཚད་གང་ཞེ་ན། འདི་ལ་གསུམ་ཡོད་པ་ལས། ༼ཆད་དམ༽རི༵མ་གྱི༵ས་སྐྱེས་པའི་རིག་པ་རང་ངོ་འཕྲོད་པའི་ཚད་ཡིན། རིམ་གྱིས་སྒོམ་པ་མིན་པར་བླ་མས་རིག་པ་ངོ་སྤྲོད་ཙམ་ནས་གང་སྣང་རིག་སྟོང་རྗེན་པར་རྟོགས་པ་དེ་ཅི༵ག་ཅ༵ར་བ༵འི་རིག་པ་རང་ངོ་འཕྲོད་པའི་ཚད་ཡིན། ཚེ་འདི་ཡུན་ཐུང་བ་ལེ་ལོ་ཆེ་བས་རིག་སྟོང་རྗེན་པ་མངོན་དུ་མ་གྱུར་ཀྱང་། བར་དོར་དེའི་རྟོགས་པ་གཤའ་མ་གཅིག་འཆར་བ་དེ་ཐོད་རྒ༵ལ་པའི་རིག་པ་རང་ངོ་འཕྲོད་པའི་ཚད་ཡིན། ༧སྣང་བ་ཐམས་ཅད་སེམས་ཡིན་ནམ་མ་ཡིན་ཞེ་ན་དང་པོ་བཀའ་བརྒྱུད་པ་འགའ་ཞིག་བཞེད་པ་ལྟར་སྣང་བ་སེམས་སུ་འདོད་པ་ཁ་ཅིག་ཡོད་ཀྱང་། རང་ལུགས་ལ་སྣང་བ་སེམས་མ་ཡིན་སེམས་ཙམ་ཡིན་ཞེས་འདོད་དགོས་ལ་དེ་ཀློང་དུ་མ་གྱུར་རིང་ལ་སྐྱོང་གྱུར་གནས་དེའི་ངང་ནས་དེའི་ངང་དུ་མི་འབྲལ་བར་གནས་པ་ཡིན་ནོ། །ཁྲེགས་ཆོད་ཀྱི་དོན་གོ་རིག་པ་རྗེན་ལ་ཕུད་ནས་སལ་སལ་སྐྱོང་བ་དེ་ལ་ཟེར་བས་གནད་འདི་ཁོ་ན་གལ་ཆེ་བར་ཡོད་པས་ཤེས་པར་བྱའོ། །ཞེས་གསུངས་ཤིང་། བསམ་གཏན་ངལ་གསོའི་འགྲེལ་པ་ཤིང་རྟ་རྣམ་དག་ལས་ཀྱང་། བགེགས་གང་བྱུང་ངོས་བཟུང་ལ་བླ་མ་ལ་མོས་གུས་གསོལ་འདེབས་དང་བཅས་དྲག་ལ་བྱིན་ཆེ་བ་ཞིག་བྱས་ནས། བགེགས་དེ་གང་ལས་བྱུང་། གང་ན་འདུག །སུ་ལ་གནོད་བལྟས་པས་དེ་རྣམས་མ་རྙེད་པའི་རིག་པ་ཟང་ཀ་རྗེན་པ་གསལ་སང་ངེ་བ་འདུག་དུས་ཐམས་


MLP014_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རིག་པའི་རང་མདངས་སུ་གྲོལ་ཏེ་བར་ཆད་དངོས་གྲུབ་ཏུ་ཤེས་པའི་རྣལ་འབྱོར་པ་ཞེས་བྱའོ། །དེ་ཡང་གང་ཤར་ཅི་བྱུང་སྐྱོན་ཡོན་དུ་གྱུར་ཚད་ཐམས་ཅད་རིག་པའི་རོལ་པ་ལས་གཞན་མེད་དོ། །བདེ་ཡང་རིག་པ། སྡུག་ཀྱང་རིག་པ། ན་ཡང་རིག་པ། དགའ་ཡང་རིག་པ་ཁོ་ན་མ་གཏོགས་གང་ཡང་མེད་པས་གནད་འདི་གོ་ན་ཤིན་ཏུ་སྐྱིད་པ་ཅིག་ལགས་སོ། །ཁོ་བོས་གེགས་ཐམས་ཅད་འདིར་བསལ་བས་ཤིན་ཏུ་སྐྱིད་པ་བྱུང་ངོ་། །བགེགས་དང་མི་མཐུན་པ་ཞིག་བྱུང་དུས་དགེ་སྦྱོར་ལ་ཧྲིལ་འགྲོ་བ་ཞིག་རྣལ་འབྱོར་པ་ལ་དགོས་པ་ལགས་སོ། །ཞེས་གསུངས། ༧མདོར་ན་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ། སྣས་བསྣམས་པ། ལྕེས་མྱོང་བ་དང་། ལུས་ཀྱིས་རེག་པ་དང་། ཡིད་ཀྱིས་དྲན་པ་སོགས་གང་སྣང་གང་ཤར་གྱི་ཆོས་ཐམས་ཅད་རྣམ་པ་ལ་བཟང་ངན་འབྲིང་གསུམ་གང་འདྲ་ཞིག་ཏུ་སྣང་ཡང་། གནས་ཚུལ་ལ་ངོ་བོ་རིག་སྟོང་རྗེན་པར་གནས་པ་འདི་ཤེས་ན་ཉམས་ལེན་གྱི་མུ་གེ་མི་ལྡང་། གནས་ལུགས་ཡེ་དག་གང་ཤར་སྒོམ་གྱི་ཡོ་ལང་དུ་འཆར། འདིར་རྫོགས་པ་ཆེན་པོའི་གསང་ཚིག་རིག་པ་འཛིན་པ་ཆེན་པོ་རྣམས་ཀྱི་ཁྱད་ཆོས་བླ་ན་མེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཞེས་ལྷ་བཙུན་ཀུན་སྤངས་པའི་ཞུས་ལན་གསུང་པ་ཇི་བཞིན་ནོ། །དགེའོ། །མཁན་ཆེན་མཁྱེན་བརྩེ་ནོར་བུའི་གསུང་ཐོར་བུའི་སྐོར།

མཁན་ཆེན་མཁྱེན་བརྩེ་ནོར་བུའི་གསུང་ཐོར་བུའི་སྐོར།


MLP014_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་མཁྱེན་བརྩེ་ནོར་བུའི་གསུང་ཐོར་བུའི་སྐོར།


MLP014_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཐུགས་ཐིག་གི་སྔོན་འགྲོ་གསུངས་དུས་ཀྱི་ཟིན་བྲིས། བདག་ཅག་གི་སྟོན་པས་མདོ་སྔགས་ཀྱི་ཐེག་པ་གང་གསུངས་པ་རྣམས་ཀྱི་བརྗོད་བྱའི་སྙིང་པོ་མཐར་ཐུག་པ་ནི་ཨ་ཏི་ཡོ་ག་ཡིན་ལ། དེ་ལ་དྲང་ཐད་དུ་དཀྲི་བ་ནི་རང་བཞིན་གྱི་དབང་རྣོན་དང་སྦྱངས་པ་སྔོན་སོང་ཅན་ལྟ་བུ་མིན་ན་ཆོས་དང་གང་ཟག་ཡ་འཛོལ་ཏེ། བླ་སློབ་གཉིས་ཀར་ཕན་པ་ལས་གནོད་ཚབ་ཆེ་བའི་ཕྱིར་མཐོ་སྙེགས་ཀྱིས་མི་ཕན་པས། སྐལ༵་ལྡ༵ན་ཞེས་སྣོད་དང་ལྡན་མི་ལྡན་དབང་པོའི་རིམ་པ་དང་འཚམས་པར་ལམ་ལ་དཀྲི་དགོས་པའི་དོན་ཡིན། དེ་ལས་སྔགས་ཀྱི་གདུལ་བྱ་ནི། བློ་ཆེན་བྱང་སེམས་ཕལ་ལ་ཡོད་པའི་སེམས་བསྐྱེད་ཡོད་ཙམ་གྱིས་ཀྱང་མི་ཆོག་པར་མྱུར་བ་ཚེ་འདི་ལ་སངས་རྒྱས་ནས་སེམས་ཅན་སྡུག་བསྔལ་ལས་སྒྲོལ་འདོད་ཀྱི་སེམས་བསྐྱེད་སྟོབས་དང་ལྡན་པ་ཞིག་ཅི་ནས་དགོས་མ་གཏོགས། ཆོས་རྫོགས་ཆེན་ཡིན་ཀྱང་། གང་ཟག་རྫོགས་པ་ཆེན་པོར་མ་སོང་ན་ཡ་འཛོལ་ལོ། །ཁྲིད་ཅེས་དཔེར་ན་ལོང་བ་གཡང་ཁར་འཕྱན་པ་ཞིག་མིག་ལྡན་གྱིས་ལམ་ངན་ལས་བསྒྲལ་ཏེ་བདེ་བར་བསྐྱལ་བ་ལྟར། ཐོག་མེད་ནས་མ་རིག་ལིང་ཐག་གིས་མིག་ཟུམ་པའི་སེམས་ཅན་རྨོངས་པ་རྣམས། ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱུ་འབྲས་ཀྱི་གཡང་ས་ལས་སྐྱོབ་པའི་ཆེད་དུ་ལམ་མ་ནོར་བ་སྟོན་པའི་སྒོ་ནས་སངས་རྒྱས་ཀྱི་ས་ལ་ཁྲི༵ད་པ་ལ་ཟེར། དེ་ཡང་ལམ་ཐོས་པ་དང་ཤེས་པ་ཙམ་གྱིས་གཡང་ས་ལས་མི་གྲོལ་བས་ལ་ཆུ་འཕྲང་རྣམས་རིམ་བཞིན་བགྲོད་ནས་བདེ་བར་མ་སླེབ་པར་ལམ་དེ་བོར་མི་རུང་བ་བཞིན། ཆོས་ཐོས་པ་ཙམ་གྱིས་ཆོག་པར་བཟུང་མི་རུང་ཞིང་བླ་མ་བཀའ་དྲིན་ཅན་གྱིས་སྤང་བླང་གི་གནད་ཇི་སྐད་བསྟན་པ་ལྟར་ལག་ཏུ་བླངས་ནས་མཐར་ཕྱིན་པ་ཞིག་མ་བྱུང་ན་ཁྲིད་ཐོས་ཐོས་དང་ཐོབ་ཐོབ་མང་


MLP014_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ནི་ཅི་ཡང་ཕན་མི་ཐོགས་པས་དེ་ཙམ་གྱིས་འཚང་རྒྱ་ཐབས་ནི་མེད་དོ། །ཁྲིད་ཚུལ་དངོས་ལ། ལམ་གྱི་སྣོད་རུང་བྱ་བ་སྔོན་འགྲོ། ལམ་གྱི་གཞི་མ་བསྐྱེད་རྫོགས། ལམ་གནད་མཐར་ཐུག་ཀ་དག་གི་ཁྲིད་རྣམས་ཡིན་པས་རིམ་བཞིན་ཉམས་འོག་ཏུ་ཆུད་དགོས། སྔོན་འགྲོ་ལའང་མདོ་དང་ཐུན་མོང་། སྔགས་ལམ་ཐུན་མིན་དེ་ལའང་ཐུན་གྱི་སྔོན་འགྲོ་དང་ཁྲིད་ཀྱི་སྔོན་འགྲོ་གཉིས་ལས་དང་པོ་ནི། བསམ་གཏན་ཞེས་པ་དགེ་བའི་ལས་ལ་སེམས་ཅི་འདོད་འདོད་དུ་བཀོལ་དུ་གཏུབ་པ་ཞིག་ལ་ཟེར་བས་དེའི་ཚེར་མ་གཞི་ཁྱིམ་དང་ཉེ་དུ་སོགས་ཆགས་སྡང་གི་ཡུལ་ལས་བྲོས་ཏེ་གནས་རི་ཁྲོད་དབེན་པར་བརྟེན། ནང་བག་ཆགས་ངན་གོམས་ཀྱི་རྣམ་རྟོག་ཐམས་ཅད་ཐབས་སྣ་ཚོགས་ཀྱིས་སྤངས། ཐུན་ལ་འཇུག་པའི་ཐོག་མར་སྟན་བདེ་བར་ལུས་སྐྱིལ་ཀྲུང་། མཉམ་བཞག །རྒལ་ཚིག་བསྲང་། མིག་སྣ་རྩེའི་ཐད། ལྟོ་བ་ཕྱིར་བརྒྱང་། མཆུ་སོ་མ་རེག་ཙམ། དཔུང་པ་བརྒྱང་པའམ་ལྕེ་རྐན་ལ་སྦྱར་བ་གང་རུང་དང་བདུན་པོ་བཅའ་བས་ལུས༵་རྣལ༵་དུ༵་དབ༵བ། རླུང་རོ་དགུ་ཕྲུགས་སམ་གསུམ་བསལ་བའི་དང་པོ་ལག་གཡོན་པའི་སྲིན་ལག་གིས་སྣ་བུག་བཀག་གཡས་པ་ནས་བྱང་ཆུབ་སྒྲུབ་པའི་བར་ཆད་སྤྱི་དང་ཁྱད་པར་དེའི་གེགས་སུ་གྱུར་པའི་ནད་ཐམས་ཅད་རྣག་ཁྲག་གི་རྣམ་པས་ཕྱིར་ཐོན་པར་བསམ་ལ་རླུང་རོ་གསུམ་མམ། དེ་གོ་ལྡོག་དུས་དམིགས་པ་བར་ཆད་སྤྱི་དང་ཁྱད་པར་སྟེང་གདོན་འོག་གདོན་སོགས་གདོན་རིགས་ཐམས་ཅད་སྦལ་སྦྲུལ་སྡོམ་སྡིག་སྲོག་ཆག་ཀྱི་རྣམ་པར་ཕྱིར་ཐོག་པར་བསམ། སྣ་བུག་གཉིས་ཀ་ནས་ལས་ཉོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུའི་རྣམ་པར་ཐོན་པར་བསམ་པ་ང༵ག་རྣལ༵་དབ༵བ། སེམས་གནད་མཚོན་བཀྱེ་བ་ལ་རས་དཀར་དྲི་མེད་དགོས་པ་ལྟར་ངན་གོམས་ཀྱི་རྣམ་རྟོག་འཕྲོ་འདུ་རྦད་ཀྱིས་བཅད་ནས་དམིགས་པ་གར་གཏད་དུ་བཀོལ་རུང་བར་བྱ་བ་སེམ༵ས་རྣལ༵་དབ༵བ་པའི་སྟེང་། ༼དམིགས་རྣམས་ཀྱི་ངོ་བོ་གོ་རིམ་གྲངས་ངེས་དང་བཅས་པའི་ལུས་རགས་པ་ཞིག་ཡིད་ཡུལ་དུ་བྱས་ཏེ། བདག་གི་ཚུལ་འདི་ལས་གཞན་དུ་ནམ་ཡང་མི་བཏང་སྙམ་པའི་འཕེན་པ་ཤུགས་དྲག་བཏང་། ༽མདོ་ལས། ཡིད་གཙོ་ཡིད་ནི་རབ་ཏུ་མགྱོགས་པ་སྟེ། །ཆོས་རྣམས་ཀུན་གྱི་སྣ་ལ་དེ་འགྲོའོ། །ཞེས་པ་ལྟར་ཀུན་སློང་བཅོས་པ་གལ་


MLP014_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་དེས་ན། བླ་མ་ས་སྐྱ་བ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གདམས་པའི་ཚེ་འདི་ལ་ཞེན་ན་སོགས་ཚིག་རྐང་བཞི་ལ་བསམ་ན་མདོ་སྔགས་གཉིས་ཀྱི་ཀུན་སློང་རྣམ་དག་ཅིག་འོང་། དེ་ཡང་ཚེ་འདི་སྣང་གི་བློ་སྣ་མ་བསྟུང་ན། ཆོས་གང་སྒྲུབ་ཚེ་འདིའི་ལག་ཆ་རུ་འགྲོ་བས་ཕན་པ་ལས་གནོད་པ་ཆེ། ཕྱི་མའི་དོན་ཞིག་གཉེར་ནའང་གཉེར་བྱ་འཁོར་བའི་ཕུན་ཚོགས་ལྷ་མིའི་འབྱོར་པ་ལ་རེ་བ་ནི། ཟད་སླ་ཞིང་བདེ་བ་ལྟར་སྣང་བ་ཡིན་པས་ཕན་པ་མེད། གཏན་བདེ་འདོད་ཀྱང་རང་གཅིག་པུ་ཐར་འདོད་ཀྱི་བློ་ནི་འབྲས་བུ་དམན་པས་བྱང་ཆུབ་ཆེན་པོ་མི་ཐོབ། དངོས་བསྟན་གྱིས་སྤང་བྱའི་ཀུན་སློང་དང་། ཚིག་རྐང་དང་པོ་གསུམ་བཟློག་དོན་གྱིས་བསམ་པ་རྒྱ་ཆེ་བ་བྱང༵་ཆུབ༵་སེམ༵ས་ཀྱི༵་ཀུན༵་སློང༵་བསྟན། རྒྱས་པ་སེམས་བསྐྱེད་སྐབས་དང་ཁྲིད་ཡིག་གཞན་དུ་གསལ། དེ་ལ་འཆད་ཉན་སྒོམ་སྒྲུབ་གང་ཡིན་ཀྱང་འདི་སྣང་གི་བློ་སྣ་རྦད་ཀྱིས་བཅད། མཁའ་ཁྱབ་སེམས་ཅན་ལ་དམིགས་པའི་སྙིང་རྗེས་མྱུར་བ་ཚེ་འདིར་སངས་རྒྱས་ཀྱི་གོ་འཕང་བསྒྲུབས་ནས་སེམས་ཅན་སྡུག་བསྔལ་ལས་བསྒྲལ་བར་བྱའོ་སྙམ་དུ་བློ་རྒྱ་བསྐྱེད། དང་པོ་ནས་བཅོས་མིན་སྐྱེ་དཀའ། ཡང་ཡང་བཅོས་པས་རིམ་གྱིས་ཡར་སྐྱེད་ཐོན་པར་བྱ། ཀུན༵་སློང༵་ནི་སེམས་དང་། ཀུན༵་སྤྱོད༵་གཙོ་བོ་ལུས་ངག་ཡིན་པས། ཀུན་སློང་རྣམ་པར་དག་ན་ཀུན་སྤྱོད་རང་ཤུགས་ཀྱིས་བཟང་པོར་འགྲོ། དེས་ན་ཀུན་སློང་དག་མ་དག་སེམས་བསྐྱེད་ཀྱིས་ཟིན་མ་ཟིན་ལས་དགེ་རྩ་ཆེ་ཆུང་འགྲོ་བ་ལས། གྲངས་མང་ཉུང་། ཡུན་རིང་ཐུང་ལ་མི་ལྟོས་པས་ལྟར་སྣང་གི་དགེ་བ་ལ་གཙིགས་སུ་མི་བྱ་བའི་གནད་འདི་གོ་དགོས་པ་རང་ཅག་གིས་ལོ་ཟླ་མང་པོ་ཆོས་སྒྲུབ་ལོ་བྱས་ཀྱང་ཡར་སྐྱེད་སྤུ་ཙམ་མེད་པ་འདི་དགེ་བའི་གཟུགས་བརྙན་དུ་ཤོར་བས་ཡིན། ད་ད་སྔོན་ལྟར་རང་མགོ་རང་གིས་གཡོགས་ནས་མི་ཚེ་ཟད་དུ་མི་འཇུག་པར་རྒྱ་ཆེ་ཆུང་ཡུན་རིང་ཐུང་། ཉི་མ་ནམ་ཙམ་ལ་ཚོད་མི་འཇོག་པར་དགེ་སྦྱོར་གནད་ཐོག་འགྲོ་མི་འགྲོ་ལ་ཚད་བཞག་ནས་ཐུན་བཅད། གནད་དུ་མ་སོང་ན་རྒྱ་འབྱམས་མི་གཏང་བར་བསྔོ་སྨོན་བཟང་པོས་རྒྱས་འདེབས་བྱས་ནས་ཐུན༵་གས༵ར་དུ༵་བཅ༵ད། ཡུན་ཐུང་གྲངས་མང་ལ་བསླབ། གནད་ཐོག་སོང་ན་ཐུན་ཅི་ཙམ་རིང་ཡང་དགེ་སྦྱོར་འཕེལ་བས་རང་རྒྱུད་


MLP014_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚད་འཛིན་པ་ལས་ཕྱི་ནས་ཁྲིམས་འཇོག་ལྟ་བུ་འདིས་ནི་དགེ་སྦྱོར་ལད་འགྲོ། ཀུན་སློང་དེ་ཡང་ཐུན་མགོར་དུམ་བུ་ཞིག་ལས་མི་དགོས་པ་མ་ཡིན་ཏེ། སངས་མ་རྒྱས་བར་དུ་མཁོ་བས། ཐུན་དང་ཐུན་མཚམས་ཐོག་མཐའ་བར་གསུམ་ཀུན་ཏུ་བསམ་པ་དེ་ལས་བློ་གཞན་གྱིས་མི་འཕྲོག་པ་ཞིག་འོང་བ་ལ་བསླབ་བོ། །དེ་ནས་མདུན་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲི་ལ་སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་ཟེའུ་འབྲུའི་རྒྱ་ཁྱོན་དང་མཉམ་པའི་ཉི་ཟླའི་གདན་ལ། ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ། རྣམ་པ་གུ་རུ་མཚོ་སྐྱེས་རྡོ་རྗེར་བསྒོམ། གུ་རུའི་ཆ་ལུགས་མི་འདྲ་བ་མང་ཡང་ཟ༵་ཧོར༵་མ༵་འདི་གྲགས་ཆེ་བ་དང་། སྐུའི་ཆ་ལུགས་དྲན་པ་ཙམ་གྱིས་བར་ཆད་ཞི་ཞིང་བྱིན་རླབས་ཞུགས་པ་སོགས་གསུངས་པས་དེ་ཉིད་གསལ་བཏབ། དུས་གསུམ་སངས་རྒྱས་ཀྱི་ངོ་བོ་གུ་རུ་དང་བླ་མ་དབྱེར་མེད་ལ་མོས་གུས་ཤུགས་དྲག་བསྐྱེད་ནས་བློ་འགྱུར་ཐུབ་པ་ཞིག་དགོས། གསོལ་འདེབས་ཀྱི་དོན། ལམ་གྱི་ཡོན་ཏན་སྤྱི་དང་ཁྱད་པར་ཐུན་དངོས་གཞི་ཉམས་ལེན་གང་ཡིན་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཕྱིར་གནད་དུ་འགྲོ་བའི་གསོལ་བ་བཏབ། དེའི་ཚེ་མདུན་དུ་ཡོད་པ་ནི་རང་གིས་དམིགས་པ་ཙམ་ཡིན་གྱི་གུ་རུ་ནི་རྔ་ཡབ་གླིང་ན། བླ་མ་ནི་ག་ཤེད་ན་བཞུགས་ཡོད་སྙམས་པའི་རྟོག་ངན་ཤར་ན། གང་ཞིག་སངས་རྒྱས་ཡིད་བྱེད་པ། དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་པ་ལྟར་དད་མོས་སུ་ཡོད་ཀྱི་གོ་ས་ན་རྒྱལ་བ་སྲས་བཅས་ཉེ་རིང་མེད་པར་བཞུགས་ཡོད་པ་ལས། རྒྱུད་ཐ་མལ་པ་ལྟ་བུ་ཕྱོགས་དང་རིས་སུ་མ་ཆད་པས་ཐེ་ཚོམ་མེད་པ་གལ་ཆེ། ཁྱད་པར་གུ་རུ་རིན་པོ་ཆེ་ནི་བོད་ལ་ལྷག་པར་བརྩེ་བས་གསོལ་འདེབས་རང་གིས་ཐུབ་ན་བྱིན་རླབས་མྱུར་དུ་འཇུག་པར་གདོན་མི་ཟ་ཡིས། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད། །ཅེས་མོས་གུས་ཅན་གྱི་དད་པའི་མཁར་སྒོར་བཞུགས་ཡོད་པ་ཞལ་གྱི་བཞེས་པ་ཡིན་པས། སྐབས་འདིར་བསྐྱེད་རིམ་ལྟ་བུ་རྣམ་འགྱུར་ཆ་ལུགས་གསལ་རུང་མ་གསལ་རུང་། དོན་ལ་བླ་མ་དང་གུ་རུ་དབྱེར་མེད་ཡིན་པར་ཐག་བཅད། དེ་མདུན་མཁར་མངོན་སུམ་བཞུགས་པར་ཐག་བཅད། དེ་ལ་བློ་གཏད་ལིང་བསྐྱུར་གྱི་མོས་གུས་གདུང་ཤུགས་དྲག་པོས་གསོལ་


MLP014_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་བྱ། དེ་ཡང་ཁ་ནས་གསོལ་བ་འདེབས། བྱིན་གྱིས་རློབས་ཞེས་ཚིག་ཙམ་ཟློས་པ་མ་ཡིན་པར། མིག་ནས་མཆི་མ་གཡོ། ལུས་ཀྱི་བ་སྤུ་ལྡང་། བློ་སྣ་བླ་མས་འཕྲོག་ཐུབ་པ་ཞིག་དགོས། འདི་དག་ཐུན་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས། གསོལ་འདེབས་སྐབས་དམིགས་བསལ་སྐབས་དོན་ཉམས་ལེན་གྱི་རྟོགས་པ་རྒྱུད་ལ་སྐྱེ་ཕྱིར་གསོལ་བ་འདེབས་པ་ཙམ་ཁྱད་པར་རོ། །གཉིས་པ་ལ་ལྔ་ལས། དང་པོ་དལ་འབྱོར་རྙེད་དཀའ་ནི། ངོ་བོ་དང་གྲངས་ངེས་རྒྱས་པ་གཞན་དུ་ཤེས། འདིར་སྒོམ་ཚུལ་གྱི་ལག་ལེན་ཙམ་བཤད་ན། སྒོམ་དེ་ལའང་རྒྱུ་མཚན་མང་པོས་ཡང་ནས་ཡང་དུ་བརྟགས་དཔྱད་བྱས་ནས་སྒྲོ་འདོགས་གཅོད་པ་དཔྱད༵་སྒོམ༵། དམིགས་པ་གཅིག་ལ་ཐབས་སྣ་ཚོགས་ཀྱིས་སེམས་གནས་སུ་བཅུག་པ་ལ་འཇོ༵ག་བསྒོམ༵་དང་གཉིས་ལས། འདི་སྐོར་ལ་སྔ་མ་གཙོར་ཆེ། དེ་ལ་བློ་ལྡོག་ཅེས་གང་ལས་ན་ཚེ་འདིའི་སྣང་བ་ལས། གང་གིས་ན་དལ་འབྱོར་རྙེད་དཀའ་བསྒོམ་པས། སྒོམ་ཚུལ་ཇི་ལྟར་ན། དལ་འབྱོར་ངོས་བཟུང་། རྙེད་དཀའ་བ་དོན་ཆེ་བ་གདམས། ཆོས་སྒྲུབ་པ་ལ་བར་དུ་གཅོད་ངེས་པའི་འགལ་རྐྱེན་དང་བྲལ་བ་དལ༵། དེའི་སྟེང་ཆོས་སྒྲུབ་པ་ལ་མཁོ་བའི་ཆ་རྐྱེན་རྣམས་ཚང་བ་ལ་འབྱོར། དེ་གཉིས་དང་ལྡན་པའི་མིའི་ལུས་རྟེན་ལ་དལ་འབྱོར་གྱི་རྟེན་དེ་ཤིན་ཏུ་ཐོབ་དཀའ་བས་རྙེད་དཀའ། ཐོབ་ན་ཕན་ཡོན་ཆེན་པོ་དང་ལྡན་པས་དོན༵་ཆེ༵་བ༵འོ། དང་པོ་ནི། རྟེན་གཞན་གྱིས་ཆོས་ཀྱི་སྣོད་དུ་མི་རུང་། གལ་སྲིད་མི་ལུས་ཐོབ་ཀྱང་དགེ་བའི་བཤེས་གཉེན་དང་མི་འཕྲད། བསྟན་པ་དང་མི་མཇལ། དེ་དག་འཛོམས་ཀྱང་ཟས་གོས་སོགས་མི་རྙེད། གཞན་ཡང་ལུས་ལ་ནད་མང་བ། སེམས་ལ་ཉོན་མོངས་མང་བས་བླ་མ་བརྒྱ་ལ་ཆོས་ཞུས་ཀྱང་བློ་འགྱུར་མི་ཐུབ་པའི་དྲེད་པོ། གལ་སྲིད་ཐེངས་རེ་འགྱུར་ཡང་རྐྱེན་ཁར་འཆོར་བ། ཆོས་ལ་མོས་ཀྱང་ཤེས་རབ་རྨོངས་པ་རྣམས་ཡིན་པས་ད་ལྟ་རང་ལ་བརྟགས་པས་འགལ་རྐྱེན་ཆེས་རགས་པ་རྣམས་ནི་མེད་ཙམ་དུ་འདུག །ད་སྐབས་སངས་རྒྱས་ཀྱི་བསྟན་པ་ནི་ཁོལ་བུ་གནས། རང་རྒྱུད་ལོག་ལྟས་བསླད་པས་བླ་མ་སངས་རྒྱས་དངོས་མི་མཐོང་ཡང་། ཐར་


MLP014_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མ་ནོར་བ་སྟོན་པ་དང་། ཟ་ལུགས་འཐུང་ལུགས་ཡན་ཆད་འདི་འདྲ་གྱིས་ཞེས་གདམས་པའི་བཤེས་གཉེན་དང་ནི་འཕྲད། སྒོམ་ཆེན་གཡང་ལ་མ་ལྷུང་ན། སྙན་གོང་གྱེན་ལ་འདྲིལ་འོང་ཟེར་བ་ལྟར། གསོག་འཇོག་ཕུགས་ནོར་ལ་མ་བསམ་ན་ལྟོ་གོས་སྐྱོབ་ཙམ་ནི་རྙེད་སླ། དབང་པོ་ལ་སྐྱོན་མེད་ཤེས་རབ་ཆེ་ཆུང་རེ་ཡོད་ཀྱང་དུད་འགྲོ་ལྟ་བུའི་རྨོངས་པ་ནི་རྒྱ་ལམ་མ་གཏོགས་མེད་ལ། དུད་འགྲོ་ཅང་ཤེས་པས་ཀྱང་མ་ཎི་ཚིག་གཅིག་འདོན་མི་ཤེས། ཤེས་ཀྱང་དེས་ཕན་གནོད་མི་གོ །བོད་སྤྱན་གཟིགས་ཀྱི་གདུལ་ཞིང་ཡིན་པས་བྱིས་པ་ལོ་བརྒྱད་པས་ཀྱང་རང་ལ་ཕན་དུ་རེ་ནས་མ་ཎི་འདོན་པ་སོགས་རྟེན་གཞན་ལས་ཤིན་ཏུ་འཕགས། དེས་ན་ཆོས་སྒྲུབ་མོས་ཡོད་ན། རྒྱལ་བ་ཐབས་མཁས་ཐུགས་རྗེ་ཅན་དེས། མཁས་བླུན་མཆོག་དམན་གང་ལའང་སྒྲུབ་རྒྱུས་མི་ཕོངས་པ་མཛད་ནས་ཡོད་པ་ལ་སྤྲོ་བ་བསྐྱེད། ནད་དང་ཉོན་མོངས་མང་བ་སོགས་ནི་ལམ་ཁྱེར་ཤེས་ན་ཆོས་ཀྱི་ཕྱོགས་སུ་འགྲོ་ལུགས་ཀྱང་ཡོད། གཉིས་པ་ནི། རྟེན་གཞན་ལས་བཟང་ཡང་མང་པོ་ཐོབ་པས་དྲག་སྙམས་པའི་བློ་སྐྱེ་ན། ད་ལྟའི་མི་རྣམས་ལ་ཆོས་འཇིག་རྟེན་གང་ཡིན་ཡང་འདོད་པ་ཙམ་གྱིས་མི་འགྲུབ་པར་ཆེ་ཐང་དུ་འབད་དགོས། ཕལ་ཆེ་བས་འབད་ཀྱང་ངལ་བ་འབྲས་མེད་དུ་འགྱུར་བ་འདི་ནི། ཚེ་རབས་སྔ་མ་དེའི་རྒྱུ་ཚོགས་བསགས་ཡོད་མེད་ཀྱིས་ཡིན། ཐམས་ཅད་བཙན་ཕྱུག་འབྱོར་བ་ཅན་ལ་རེ་བ་བྱས་ཀྱང་མཐོ་དམན་སྣ་ཚོགས་སུ་འགྲོ་བ་དང་། འགའ་ཞིག་ཆོས་སྒོར་ཞུགས་ཙམ་ནས་ལམ་དུ་མི་འགྲོ་ཞིང་བར་ཆད་མང་བ་དང་། རེ་ཟུང་ནི་བསམ་ཚད་ལམ་དུ་འགྲོ་བ་སོགས་སྣ་ཚོགས་པ་ནི་སྔོན་གྱི་བསགས་པ་ཆེ་ཆུང་གིས་ཡིན་ནོ། །དེས་ན་དལ་རྟེན་འདི་འདྲ་ཐོབ་པ་རྒྱུ་གྲོགས་མཚམས་སྦྱོར་མང་པོ་ཞིག་ལ་ལྟོས་དགོས་ཀྱང་དེ་དག་ནི་རང་གིས་སྔར་སྒྲུབ་པ་མེད། རྙེད་དཀའ་བའི་རྟགས་མངོན་སུམ་པ་མི་དང་དུད་འགྲོའི་གྲངས་ལ་བལྟས་ན་གོ་བས་རྒྱུ་མཚན་གཞན་མི་དགོས། གསུམ་པ་ནི། གནས་སྐབས་ཀྱི་འདོད་བྱ་མངོན་མཐོའི་རྟེན་དང་མཐར་ཐུག་གི་ཐོབ་བྱ་འཁོར་བ་ལས་གཏན་དུ་ཐར་པའི་གོ་འཕང་ངམ། བྱང་ཆུབ་ཆེན་པོ་དེ་ཡང་ཚེ་ལུས་འདི་ལ་ཐོབ་


MLP014_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོད་ཀྱང་རང་གིས་གོ་ཆོད་ན་རྟེན་གྱི་སྒོ་ནས་སྒྲུབ་རུང་བས་དེ་གསར་དུ་འཚོལ་མི་དགོས་པར་རང་གིས་ཁུར་ནས་ཡོད། ད་སྔོན་དལ་འབྱོར་གྱི་སྙིང་པོ་ཅི་ལོན་བལྟས་ན་ཅི་ཞིག་འདུག །ཞུས་ཚད་ཐོབ་ཚད་ཀྱི་གྲངས་དང་གོ་རིམ་ལ་བསམ་ན་ལམ་མཐར་ཕྱིན་ཚོད་དུ་འདུག་ནའང་དེ་ཕར་ཞོག །ལོ་ཟླ་ཞག་ཡུན་ཕར་ཞོག་མ་མཐའ་ཐུན་གཅིག་ལ་གནད་དུ་སོང་བའི་ཆོས་ཤིག་སྒྲུབ་ཨེ་ཡོད་ལྟོས་དང་། འདོན་ལོ་སྒོམ་ལོ་མང་པོ་ནི་རང་གཞན་ཀུན་ལ་ཡོད་མོད་གནད་དུ་ཕོག་པ་ནི་སྣེ་གཅིག་མི་འདུག །སྙིང༵་པོ༵་ཅི༵་ལོ༵ན་དགོ༵ས་པ༵་རབ་ཚེ་འདིར་སངས་རྒྱས་པ་དང་། འབྲིང་ཐར་ལམ་ཟིན་པ། ཐ་ནའང་ངན་འགྲོར་མི་ལྟུང་བ་ཞིག་མ་བྱུང་ན་དུད་འགྲོ་མགོ་ལ་རྭ་ཅོ་འབྱར་བ་དང་ཅི་ཁྱད། ཁྱད་པར་རང་ཅག་བླ་སེར་རྣམས་ཅུང་དྲག་དགོས་ཁུལ་འདུག་མོད་ཆོས་སྒྲུབ་ཚད་ཚེ་འདིའི་ལག་ཆ་ཁོ་ནར་སོང་ལ། འཁོར་བའི་བྱ་བ་ནི་ནམ་བཞག་ན་ཟིན་པ་མ་གཏོགས་མཐར་ཕྱིན་དུས་མི་འོང་ངེས་པས་ད་ཕྱིན་ཆད་ཚེ་ལྷག་ཅུང་ཟད་ཡོད་རིང་ལ་ཚེ་འདིའི་ཞེན་པ་མ་ཆོད་ན་ཆོས་རྣམ་དག་སྣ་གཅིག་འགྲུབ་ཐབས་མེད་ཐག་ཆོད་ཡིན། སྟོན་པ་ཐུགས་རྗེ་ཅན་དང་། རྗེ་བཙུན་མི་ལ། གྲུབ་ཆེན་མཁའ་མཉམ་གླིང་པ་སོགས་དམ་པ་རྣམས་རང་ཅག་ལས་བློ་ཐབས་ལྷག་ཙམ་ཡོད་ཚོད་རེད་ཀྱང་ཚེ་འདི་ཕྱི་མཉམ་དུ་སྒྲུབ་ཐབས་མ་བྱུང་ནས་སྤངས་དགོས་པ་ཡིན་པས་འཇིག་རྟེན་སྒྲུབ་ན་ཆོས་དང་བསྲེ་དོན་མེད། ཆོས་སྒྲུབ་བསམ་ན་རང་མགོ་རང་གིས་མ་གཡོགས་སྣ་རེ་ནས་ཚུལ་བཞིན་ཨེ་འགྲུབ་ལྟོས། དེ་ལྟར་བསམ་ནས་བློ་ལྡོག་པའི་ཚད་ནི། དོན་མེད་ཀྱི་བྱ་བས་ཅུང་ཟད་ཡེངས་ཀྱང་ཕང་སྣང་སྐྱེ་བ་ནི་ལམ་དུ་སོང་བའི་ཚད་ཡིན། སྔར་བཤད་ལྟར་ཐུན་ལམ་དུ་མ་སོང་ན་གཉིད་དམ་བསམ་མཐའ་དེད་པ་གང་ལས་མི་འོང་བས་གྲོལ། ཐུན་མཚམས་རྒྱ་ཡན་དུ་མི་བཏང་བར་ཐུན་སྐབས་ཀྱི་སྒོམ་དོན་དྲན་པ་དང་། དེའི་རྩི་དང་མ་བྲལ་བ་ཞིག་དགོས། ད་ལྟ་རང་རེའི་ཆོས་སྒྲུབ་ལུགས་འདི་གྲུབ་ཐོབ་ཞིག་གིས་སྣང་བ་ཅི་ཤར་འགོག་མེད་དུ་གཏོང་བ་ལྟ་བུ་མགོ་དྲན་དུས་མགོ །མཇུག་དྲན་དུས་མཇུག །སྒོམ་དྲན་དུས་སྒོམ། སྦྱང་དྲན་དུས་སྦྱང་པ་སོགས་གང་ཤར་གདོང་དེད་བྱེད་པ་ཤ་སྟག་ཡིན་པས། ཕན་ཆད་བློ་ནུས་དང་བསྟུན་པའི་


MLP014_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་དང་། ནངས་པར་ཡར་ལངས་དུས་དེ་རིང་གི་ཉི་མ་འདི་ལ་དོན་མེད་ཀྱི་བྱ་བ་འདི་སྣང་གི་བློ་བསྐྱེད་པ་རྣམས་བསྐྱུར་ནས་དལ་འབྱོར་སྙིང་པོ་ཅི་ལོན་མི་བྱེད་རེ། ཁྱད་པར་ཐུན་སྔ་ཕྱི་རྣམས་སུ་འདི་དང་འདི་ལྟར་བགྱིའོ་སྙམ་པའི་འཕེན་པ་ཤུགས་དྲག་བཏང་། ཐུན་མཐར་དང་ནུབ་མོ་ཉལ་ཁར་དམ་བཅས་པ་ལྟར་གནད་ཐོག་ཨེ་སོང་ལྟོས་དང་། སྟབས་ཉེས་ན་ཕྱི་མའི་དོན་སྣ་གཅིག་ཀྱང་མ་འགྲུབ་ནས་ཉི་མ་ཟད། བཟང་ཡང་ཧྲ་ལེ་ཧྲི་ལེ་ལྟ་བུར་འགྲོ་ངེས་པས་ཕན་ཆད་དེ་འདྲ་མི་བྱེད་སྙམ་པའི་དམ་བཅའ་དང་། ལམ་དུ་སོང་ན་དགའ་བ་སྒོམ་པ་དེ་ལས་ལྷག་ཙམ་ཨི་འོང་བལྟ་སྙམ་དུ་བློ་བསྐྱེད། དུས་རྒྱུན་དུ་རང་སེམས་ལ་རང་གིས་བྱ་ར་མ་ཐུབ་ན་ཉམས་སུ་བླང་མཁན་སེམས་ཡིན་པས་ཅི་ཞིག་ཉམས་སུ་ལེན། འཁོར་བ་ལས་ཐར་དགོས་པ་ལ་གཞན་ལ་རེ་ཆེ་བས་མི་འོང་བའི་རྒྱུ་མཚན། ང་ལ་འདིར་དང་པོར་ཁྲིད་མཁན་གཞན་སུ་ཡང་མིན། རང་གི་ལས་ཀྱིས་དེད་པ་ཡིན། ལས་ཀྱི་རྩ་བའང་ང་ང་ཞེས་བདག་འཛིན་དེ་ལ་ཐུག །དེ་རྩད་ནས་གཅོད་པ་ལ་ཆོས་ཉམས་སུ་ལེན་པ་ལས་ཐབས་གཞན་མེད་པས་ཆོས་ཟབ་མོ་དང་འཕྲད་དགོས། དེའི་གནད་སྟོན་པ་ལ་བླ་མ་དགེ་བའི་བཤེས་གཉེན་ལ་རགས་ལས། བླ་མས་གདམས་ངག་བསྟན་ཞེས་པའང་ཁོང་གི་ཐུགས་སུ་ཆུད་པའི་ཆོས་དེ་སྣོད་ནས་སྣོད་དུ་བྱོ་བ་ལྟར་གབ་སྦས་མེད་པར་བསྟན་པ་ལས་ཐབས་གཞན་ཅི་ཡང་མེད། ཆོ༵ས་བྱེ༵ད་དབ༵ང་ཡོ༵ད་མེ༵ད་ཟེར་བའང་ཁྱིམ་གྱི་སོ་ཚིས་ལྟ་བུ་ཁོམ་མིན་ཅུང་ཟད་ལ་མི་ཟེར། ངན་སོང་གསུམ་སོགས་སུ་སྐྱེས་ཏེ་སྡུག་བསྔལ་གྱིས་རྟག་པར་མནར་བ་ཆོས་བྱ་ཐབས་བྲལ་བ་ལ་ཟེར་བས་ད་ལྟ་འཛོམ་དཀའ་བ་ཐམས་ཅད་དུས་གཅིག་ལ་འཛོམ་པའི་དུས་དབུལ་པོས་གཏེར་རྙེད་པ་ལྟར་དགའ་སྤྲོ་དང་བཅས་པས་འཕྲལ་ཡུན་གྱི་དབུལ་བ་སེལ་དགོས། ད་རེས་སྙིང་པོ་མ་ལོན་ན་སླན་ཆད་དལ་འབྱོར་ཐོབ་པ་ལ་རྒྱུ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དག་པ། རྐྱེན་སྦྱིན་སོགས་དགེ་བ་རྒྱ་ཆེན་སོགས་དགོས་པ་ཡིན་ན། རང་ལ་བལྟས་ན་ཕྱི་མ་མི་ལུས་ཐོབ་པའི་རྒྱུར་འགྲོ་བའི་ཟན་གོང་གཅིག་གི་སྦྱིན་པ་རྣམ་དག་ཡོད་མེད་བསམ་ན་དཀའ། དེས་ན་ཕྱི་མ་ཕན་པའི་ཆོས་གཤའ་མ་ཞིག་སྒྲུབ་དགོས། གཤའ་


MLP014_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞེས་རྣལ་མའམ་ངོ་མ་ཟེར་བ་སྟེ། གང་ནས་བརྟགས་ཀྱང་གཟུགས་བརྙན་དུ་མ་སོང་བའི་ཆོས་རྣམ་དག་ལ་གོ་དགོས་པ་གནད་ཆེ། རྟེན་གཞན་ལ་དལ་འབྱོར་ཚང་མིན་བརྟགས། དེས་རང་རྒྱུད་འགལ་རྐྱེན་མཐུན་རྐྱེན་གང་འདུག་དཔག་དགོས། དེ་ཡང་འཇིག་རྟེན་པས་ཐེ་ཚོམ་གྱི་གནས་སུ་གྱུར་པའི་སྟོན་ཐོག་ལའང་སོ་ནམས་འབད་པས་བརྩོན་ན། འབྲས་བུ་མི་བསླུ་བའི་ཆོས་རྣམ་དག་ལ་འབད་རྩོལ་ལོས་བྱེད་སྙམས་དུ་སྒྲུབ་དགོས། དེ་ལྟར་ཕྱི་ནང་གི་འདུས་བྱས་གང་མཐོང་ཡང་སྐབས་སུ་བབས་པའི་དམིགས་ཁྲིད་གྲོགས་སུ་འགྲོ་བ། མི་དང་དུད་འགྲོའི་མང་ཉུང་མཐོང་བས་དལ་འབྱོར་རྙེད་དཀའ་བ། དུས་ཀྱི་འགྱུ་བ་དང་གཞན་ཤི་བས་རང་ཉིད་ཀྱང་མི་རྟག་པར་ཤེས་པ་ལྟ་བུ་བྱུང་ན་སྣང་བ་བླ་མར་ཤར་ཟེར་མ་གཏོགས། བླ་མ་ཞེས་སྐུ་གཟུགས་ཁོ་ན་ལ་གོ་རྒྱུ་མིན། དམིགས་སྐོར་གཉིས་པ། སྔོན་མ་གཞིར་བཞག་གི་སྟེང་ཁ་སྣོན་བྱ་བ་ལས་སྐྱུར་ཆོག་པ་མ་ཡིན་པས་སྒོ་གསུམ་རྣལ་དབབ། གུ་རུར་གསོལ་བ་བཏབ་པ་སོགས་སྔར་ལྟར་ལས། དལ་འབྱོར་རྙེད་དཀའ་བས་སྙིང་པོ་ལོན་དགོས་ཀྱང་ལོ་ཤས་ཚེ་འདིའི་འཚོ་ཆས་བསྒྲུབས་ནས་གཟོད་ཆོས་སྒྲུབ་ན་ཆོག་སྙམ་ན་འཆི་བ་མི་རྟག་པའི་ཁྲིད་དམིགས་བསྒོམ། དེ་ཡང་ལུས་སེམས་ཡ་མི་བྲལ་བར་བྱེད་པའི་ཆོས་ལ་སྲོག༵་ཟེར། དེ་ཟད་ནས་ལུས་སེམས་ཡ་བྲལ་དུ་འགྲོ་བ་ལ་འཆི༵་བ༵། དེའང་ནམ་འཆི་ནི་ངེས་པ་བརྟན་པོ་མེད་པས་མི༵་རྟག༵་པ༵། དེས་གང་ལས་བློ་ལྡོག་ན་རྟག༵་འཛི༵ན་ལས༵། གང་གིས་ན་ཚེ་མི༵་རྟག༵་པ༵ར་བསྒོམ་པས། བསྒོམ་ཚུལ་ཇི་ལྟར་ན། ༼ངེས་པར་འཆི་བ་ལ་གསུམ། འཆི་བདག་ངེས་པར་འོང་ལ་དེ་ཡང་རྐྱེན་གྱིས་བཟློག་ཏུ་མེད་པ་དང་། ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པ་དང་། གསོན་པའི་ཚེ་ཆོས་བྱ་ལོང་མེད་པར་ངེས་པར་འཆི་བ་སོམས། གཉིས་པ་ནམ་འཆི་ཆ་མེད་ལ་གསུམ། འཛམ་བུ་གླིང་བའི་ཚེ་ལ་ངེས་པ་མེད་པ་དང་། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ་དང་། ལུས་ཤིན་ཏུ་ཉམ་ཆུང་བས་ནམ་འཆི་ལ་ངེས་པ་མེད། གསུམ་པ་འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པ་ནི། ལུས་ལོངས་སྤྱོད་གཉེན་བཤེས་རྣམས་ཀྱིས་མི་ཕན། ༽རྩ་བ་གསུམ། རྒྱུ་མཚན་དགུ། ཐག་བཅད་པ་གསུམ་དུ་འདུ་བ་གསར་རྙིང་ཐམས་ཅད་འདྲ། མེ་ཚྭ་བའི་རང་བཞིན་དུ་དང་པོ་ནས་གྲུབ་


MLP014_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར། སྐྱེས་པའི་ནང་མོ་ནས་འཆི་བའི་ངོ་བོར་མ་གྲུབ་པའི་འགྲོ་བ་མེད། སྤྱིར་འཆི་བ་ཞིག་ཡོད་པ་དང་མཐར་འཆི་བ་ཡོད་པ་ནི་དུད་འགྲོས་ཀྱང་ཤེས། བྱ་དང་རི་དྭགས་མི་ལ་བྲོས་པའང་འཆི་བའི་དོགས་པས་ཡིན། འཆི་རྐྱེན་དང་གསོན་རྐྱེན་མང་ཉུང་ལ་བརྟག་ན་གསོན་རྐྱེན་ལྟར་སྣང་བའང་འཆི་བའི་རྐྱེན་དུ་འགྲོ་བ་མང་ཞིང་། འཆི་རྐྱེན་གསོན་པའི་རྐྱེན་དུ་འགྲོ་བ་ནི་གཅིག་ཀྱང་མི་སྲིད། དེ་ལྟར་འཆི་ངེས་ཤིང་ནམ་འཆི་ངེས་པ་མེད་ན། ད་ལྟར་ཡུལ་གཞན་ཞིག་དུ་འགྲོ་དགོས་ངེས་ན་སྔོན་ནས་ཟས་གོས། ཞྭ་ལྷམ་གྲོགས་ལག་ཆ་རྣམས་ཆས་མ་བསྒྲིགས་ན་འགྲོ་ཐབས་མེད་ལ། དེ་བས་ཀྱང་ཤིན་ཏུ་ཐག་རིང་ཞིང་ཕྱིར་མི་སླེབ་པའི་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ནི་སྔ་ཕྱི་མ་གཏོགས་འགྲོ་ངེས་པ་ཡིན་ན། ཆས་ལྟ་ལོས་བསྒྲིགས། ཆས་དེའང་ཟས་གོས་གྲོགས་མ་ཟད་རང་གི་ལུས་ཀྱང་འདོར་དགོས་པས་དེ་འདྲས་ནི་མི་ཕན། ཆས་ངོ་མ་དགེ་སྡིག་གི་སྤངས་བླང་ཡིན་པས་གནོད་བྱེད་ཀྱི་ཆས་ད་སྤངས་ནས་ཕན་བྱེད་ཀྱི་ཆས་ད་བསྒྲིགས་བསམ་ན་ཆོས་ལས་གཞན་མེད། རྒྱུ་མཚན། ཚེ་འདིར་ཕན་སྣང་ཤར་ནས་ལུས་ལོངས་སྤྱོད་ཉེ་དུར་རེ་ནའང་འཆི་ཁར་མི་ཕན་པ་དངོས་སུ་མཐོང་བ་ལྟར་ཡིན། དེས་ན། ཕན་ངེས་པའི་ཆོས་ཤིག་རང་ལ་ཨེ་འདུག་ཞིབ་ཏུ་ལྟོས། དེ་ཡང་དེ་རིང་འཆི་ནད་དྲག་པོས་ཐེབས། སྨན་གཏོ་གང་གིས་མི་ཕན་ནས་འཆི་ངེས་སུ་ཐག་ཆོད། ཉེ་དུ་རྣམས་ཀྱིས་ལྐོག་ནས་ཤི་ཆས་ཀྱི་གྲབ་བསྒྲིགས། བཟའ་བཏུང་ལ་སྤྱོད་མི་ནུས་མགོ་ཡང་མི་ཁྱོགས། སྐད་ཆའང་མི་ཐོན་པ་ཞིག་ད་ལྟ་ཤར་བའི་ཆག་བཞག་ནས། དེ་དུས་རང་སེམས་ལ་འཆི་བ་ལ་མི་སྐྲག་པའི་གདེངས་ཅི་འདུག་བལྟས་ན། ཚེ་གང་བླ་མ་ལ་གསོལ་འདེབས་བྱས་པས་མི་བསླུ་སྙམ་པའི་ཕོ་ཚོད། ཐེག་ཆེན་བློ་སྦྱོང་ལ་གོམས་པས་སྐྱེད་ཚལ་ནས་སྐྱེད་ཚལ་དུ་རྒྱུ་བ་ལྟ་བུའི་འ༵དུ་ཤེས༵། བསྐྱེད་རིམ་གྱི་སྣང་ཆ་རྫོགས་རིམ་འོད་གསལ་དུ་བསྡུ་བའི་ནུས༵་པ༵། རྫོགས་ཆེན་ཀ་དག་གི་ཉམས་ལེན་ལ་གོམས་ཡོད་མེད་ལྟོས་དང་། རིམ་པ་ལྟར། འདི་ཕྱིའི་བློ་གཏད་བཅོལ་བའི་སྔར་འདྲེས་ཞིག་ནི་མེད། འཕྲལ་དུ་དོ་གལ་ལ་ཐུག་པའི་སྐྱབས་འགྲོས་ནི་དེ་མ་ཐག་ཕན་དཀའ་སྟེ། ལྷས་སྦྱིན་སྟོན་པ་ཐུགས་རྗེ་ཅན་གྱི་སྤྱན་སྔར་ལུས་མ་བོར་བར་མནར་མེད་དུ་


MLP014_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ནས། འཕྲལ་དུ་སྙིང་ཁུང་རུས་པའི་གཏིང་ནས་སངས་རྒྱས་ལ་སྐྱབས་སུ་སོང་ཡང་ཐོག་བབས་མི་བྱེད་ཀ་མེད་དེས་ཅི་ཡང་མ་ཕན་པ་ལྟ་བུ་དང་། ད་ལྟར་འཆི་ངེས་པ་དེ་ལྡོག་ཐབས་ཅིག་ཡོད་ན་ཁ་ཕོར་པ་ནས་སྦྱིན་ཐུབ་བསམ་པ་ནི་བློ་སྦྱོང་མེད་རྟགས། ཚེ་འདིར་ཆོས་སྣ་གཅིག་མགོ་མ་ནོན་ན་འཆི་ཁར་སྐྱེ་འཆིའི་རེ་དོགས་དང་། གཉིས་འཛིན་གྱི་འཆིང་བ་རྣམས་ལན་གཅིག་དྲན་པ་ཙམ་གྱིས་སང་མི་ཐུབ། མི་བརྟན་པའི་སྤྲིན་བར་སྣང་ལ་གནས་པའང་རླུང་ཤུགས་དྲག་པོས་མ་གཏོགས་གཏོར་མི་ནུས་ན། ཐོག་མེད་ནས་གོམས་པའི་གཉིས་འཛིན་སོགས་ཀ་དག་ལ་གོམས་འདྲིས་མེད་ཀྱང་བློ་ཁ་ཕྱོགས་ཙམ་གྱིས་སང་དུ་རེ་བ་ནི་རང་མགོ་རང་གིས་གཡོག་པ་རེད། ཡིན་ལུགས་ལ་ཐམས་ཅད་འཆི༵་བ༵འི་ཆོས༵་ཅན༵། དེ་ཡང་ན༵མ་འཆི༵་ངེ༵ས་མེ༵ད། འཆི༵་རྐྱེན༵་མ༵ང་ཞིང༵་གསོ༵ན་རྐྱེན༵་ཉུང༵་བ་ཡིན་པ་གོ་ནའང་། ད་དུང་ང་འཆིའམ་མི་འཆི། མི་འཆི་ཤས་ཆེ་སྙམ་དུ་འཛིན་པ་ནི་བློས་མི་འཆི་བའི་ཕྱོགས་སུ་ཆག་བཞག་ཆེས་སོང་བས་ལན། ཤི་ཁར་བླ་མ་སོགས་ལ་ང་ཅི་མཛད་ཁྱེད་ཀྱིས་ཤེས་སོགས་ཁྱིམ་པ་ཕོ་མོས་ཟེར་རྒྱུ་དེ། བླ་སེར་དང་ཁྱད་པར་ཆོས་པ་རྣམས་ཀྱིས་ཟེར་དགོས་ན་ཅི་འདྲ་སོམས་དང་དེ་ཐམས་ཅད་མི་རྟག་པ་མ་དྲན་པས་ཡིན། རྗེ་བཙུན་མི་ལ་ལ་ལོ་ཟླ་མང་པོའི་བར་དུ་མཉམ་བཞག་ཐུན་གཅིག་གིས་འདའ་ནུས་པའི་རྟོགས་པ་རྙེད་པའི་དུས་སུ་ཡང་། ལྷོ་བྲག་མར་པས་མི་རྟག་དྲན་པར་བསྐུལ་བྱེད་ཕ་ཡུལ་དུ་བལྟར་མངགས་པས་སྒྲུབ་པ་སྔར་ལས་བོགས་སྐྱེད་ཆེར་སོང་བ་སོགས་ལ་སོམས། དེང་སང་མི་རྟག་འདི་བླ་མས་བཤད་དུས་ཀྱང་ཡན་ལག་ཞིག་ཡིན་པ་དང་། སློབ་མས་བསྒོམ་དུས་ཀྱང་དེ་ལྟར་བཟུང་ནས་ད་དུང་མཐོན་པོ་མ་ཞིག་ཡོད་མདོག་མདོག་བྱེད་པ་རང་གཞན་སུས་ཀྱང་ཡིན་མོད། རྟོགས་པ་འདི་བཟང་ན་ཆོས་པ་བཟང་། འདི་ངན་ན་ཆོས་པ་ངན། ལམ་གཞན་གྱི་རྟོགས་པ་སྐྱེ་མི་སྐྱེ་འདི་ཁོ་ན་ལ་རགས་ལས་པས་གནད་ཆེ། དེ་ལྟར་ཡང་ཡང་དཔྱད་ནས་ངེས་ཤེས་བཟང་པོ་རེ་སྐྱེས་ཚེ་ཡལ་དུ་མི་འཇུག་པར་རྒྱུན་བསྐྱངས་སླར་ཡང་བསྔོ་སྨོན་གྱིས་ཁ་བསྒྱུར། ཐུན་མཚམས་ལའང་བསམ་པ་རྒྱ་ཡན་དུ་མི་བཏང་བར་མི་རྟག་པ་ཁོ་ནར་བསམ་པ་བས༵མ་ལུག༵ས། དུས་ཀྱི་འགྱུར་བ། ཉི་ཟླའི་


MLP014_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ནུབ། རྒས་གཞོན་བར་མ། གནས་གཅིག་ཏུ་མི་སྐྱེ་ཤི་ཅི་ཙམ་བྱེད་སོགས་ལ་དཔག་ནས་དེའི་རེས་མོ་རང་ལ་འཁོར་ངེས་པ་ལ་ངེས་ཤེས་བསྐྱེད། དེ་ཡང་སྟབས་ལེགས་ན་ལོ་ཤས། ཉེས་ན་དོ་ནུབ་ནང་སྔ་མི་འཆི་བའི་ངེས་པ་མེད་པར་བསམ། ཐུན་མགོར་མི་རྟག་པ་བློ་སྣ་འགྱུར་ངེས་རེ་མ་དྲན་ན། ཐུན་དེ་ཕྱི་མའི་ཆོས་སུ་མི་འགྲོ། ནང་པར་ལངས་དུས་ཀྱང་ནི་བསྒོམ་རྒྱུ་མི་བརྗེད་བསམ། དོ་ནུབ་ཨེ་བརྗེད་བལྟ་བ་སོགས་ཐོག་མཐའ་ཀུན་ཏུ་དྲན་དགོས། སྤྱིར་ཁྲིད་ཁྲིད་ཅེས་པ་སེམས་ཁྲིད་དགོས་ཀྱི་ལུས་ཁྲིད་པས་མི་ཕན། ངག་ཁྲིད་པས་མི་ཕན་པས་སེམས་བཅོས་པ་གནད་ཆེ་ལ། ཆོས་གང་སྒྲུབ་དང་ཐུན་ནམ་བཅད་ལ་ད་རེས་འདི་ལ་བརྟེན་ནས་ཤི་སོང་ཡང་ནི་གོ་ཆོད་པ་ཞིག་བྱེད་མ་གཏོགས་ཕྱིར་མི་ལྡོག་སྙམས་པའི་དམ་བཅའ་དགོས། ཆོས་སྒྲུབ་བསམ་པ་མང་ཡང་མཐར་ཕྱིན་པ་ཉུང་བ་ནི་བརྩོན་འགྲུས་དམན་ཞིང་ཕྱིར་ལྡོག་འདིས་ཡིན་པས་རང་རྐྱེན་གཞན་རྐྱེན་གང་གིས་ཀྱང་མི་ལྡོག་པ་ཞིག་དགོས། ཆོས་ཞུ་བ་དེ་ཁྲིམས་ཀྱིས་བཞག་པ་ལྟ་བུ་མ་ཡིན་པས་བློ་སྣ་གཞན་ལ་མི་གཏོད་པར་རང་གི་སྣ་ཐག་རང་གི་མགོ་ལ་བཏགས་ནས་མི་དང་མི་བསྟུན། ཡང་དཔེར་ན་ལོ་ཤས་ཚུན་དགྲ་ཆེན་པོ་ཞིག་འོང་ངེས་ན། ཐབས་དཔུང་ཤེད་སོགས་འདི་ལྟར་བྱེད་སྙམ་དུ་གློ་བུར་དུ་དགྲ་ཕོག་ཀྱང་འཐབ་མ་རག་དགོས་པ་ལྟར། འཆི་བ་ལའང་དེ་དང་འདྲ་བས། ང་དོ་ནུབ་ཤི་སོང་ན་ཤི་ལུགས་འདི་འདྲ་བྱེད་རྒྱུ་ཡིན་བསམ་པའི་བློ་གཏད་ཞིག་ཡོད་དགོས། དེ་ཡང་མཐོ་སྙེགས་ཁོ་ནས་མི་འོང་བས་རྒྱུད་ཚོད་ལ་དཔག་པའི་གསོལ་འདེབས། བློ་སྦྱང་། བསྐྱེད་རྫོགས་ལྟ་བུའི་ཉམས་ལེན་གང་ཡིན་ཀྱང་མཚན་རྨི་ལམ་དུའང་མི་བརྗེད་ཚོད་ཀྱི་གོམ་པ་ཞིག་མེད་ན། འཆི་སེམས་ཤིན་ཏུ་མི་གསལ་ཞིང་ཤི་ནད་དྲག་པོས་གདུང་བའི་སྐབས། ཕན་བྱེད་གདམས་པ་གནད་ཐོག་འགྲོ་བ་ཞིག་གསར་དུ་དྲན་མི་ཐུབ་ངོ་མ་ཡིན། འཆི་ཁའི་གནད་གཅོད་བཟོད་ཨི་ཐུབ། ད་ལྟ་ཉི་མ་གཅིག་ལ་ཀླད་པ་གཟེར་བ་ན་དེས་དགེ་སྦྱོར་ལ་བཟང་ངན་བཏང་ཨི་ཐུབ་ལྟོས་དང་ཤེས། ཚེ་འདིའི་བྱ་བ་ལ་ནི་རང་ནུས་མེད་ཀྱང་གྲོགས་གཞན་སྦྲན་ཆོག་འཆི་བ་འདི་ལ་གྲོགས་སུ་ཡང་མེད་པ་རང་ཁེར་རྒྱུག་དགོས་པས། ཕོ་ཨི་རྒོད་མི་


MLP014_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་མགོ་ཨི་བདེ་མི་བདེ་བལྟ་ན་འདི་ལ་བལྟ་དགོས། སྒེག་མོའི་མགོ་ལ་མེ་ཤོར་ན་ལས་ཀ་གང་ཡིན་ཐགས་སེ་བཞག་ནས་མེ་བསད་པའི་དཔེ་ནི་འཁོར་བའི་བྱ་བ་ཟིན་དུས་མེད་པས་བྱེད་འཕྲོ་བཞག་དགོས་པའི་དོན་ཡིན། མགྲོན་པོའི་མགྲོན་ཁང་དུ་སང་གནང་གི་སྡོད་ཚིས་མི་བྱེད་པའམ། ནད་པ་འཆི་ཁ་སང་གི་སྡོད་ཚིས་མི་བྱེད་པ་ལྟ་བུའི་བློ་ཤར་ན་མི༵་རྟག༵་རྒྱུད༵་ལ༵་སྐྱེས༵་པ༵འི་ཚ༵ད་ཡིན། ཆོས་ཐོབ་མི་ཐོབ་ཟེར་བ་དེ་སེམས་ལ་ཕན་ཐོགས་མི་ཐོགས་ལ་ཟེར་དགོས་པས་མདོ་རྒྱུད་མང་པོ་ཉམས་ལེན་དུ་དྲིལ་ཤེས་ན་ཅི་བཤད། མིན་ཀྱང་མདོ་སྔགས་གཉིས་ཀའི་ལམ་ཡོངས་སུ་རྫོགས་པ་སྔོན་འགྲོ་དངོས་གཞིའི་ནང་དུ་འདུ་བ་ཉམས་ལེན་གྱི་གནད་ཟིན་ན་མང་བཤད་མི་དགོས། འདི་དག་ངག་འདོན་འདོན་པའི་ཚེ་ངག་ཙམ་མ་ཡིན་པ་ངག་གི་རྗེས་སེམས་ཡང་འགྲོ་བའི་འདོན་བསྒོམ་ཟུང་འབྲེལ་མ་བྱུང་ན་དོན་མེད། ༼མཆན། བསྡུ་བ་དང་སའི་དངོས་གཞི་དང་བཤེས་སྤྲིང་རྣམས་སུ་ལྕི་ཡང་གི་ཁྱད་པར་སྡོམ་དྲུག་ལ། དུས་རྟག་ཏུ་བྱས་པའི་ལྕི་བ་དང་། མངོན་པར་འདུ་བྱེད་པས་ལྕི་བ་དང་། སྦྱོར་བས་ལྕི་བ་དང་། གཉེན་པོ་མེད་པས་ལྕི་བ་དང་། གཞི་ལས་ལྕི་བ་དང་། ངོ་བོ་ཉིད་ཀྱིས་ལྕི་བའོ། །སྟོབས་ལྡན་ལ་བཞི་ལས། ཞིང་གི་སྒོ་ནས་སྟོབས་ཆེ་བ་དང་། རྟེན་གྱི་སྒོ་སྣ་ཚོགས་པས་སྟོབས་ཆེ་བ་དང་། དངོས་པོའི་སྒོ་ནས་སྟོབས་ཆེ་བ་དང་། བསམ་པའི་སྒོ་ནས་སྟོབས་ཆེ་བའོ། །༽ དམིགས་སྐོར་གསུམ་པ། ལས་འབྲས་དང་འཁོར་བའི་ཉེས་དམིགས་གཉིས་རྒྱུ་འབྲས་ཡིན་པས་གཅིག་ཏུ་བསྡུས། དང་པོ་ལས༵་འབྲས༵་ལ༵། གང༵་ལས༵་ན༵། སྤང་བླང་ཕྱིན་ཅི་ལོག་ཏུ་སྤྱོད་པ་ལས་བློ་ལྡོག །གང༵་གིས༵་ན༵། ལས་འབྲས་བསམ་པས། ཚུལ༵་ཇི༵་ལྟ༵ར་ན༵། ལས་དང་འབྲས་བུ་སྤང་བླང་བྱ་ཚུལ་གསུམ་ཤེས་པའི་སྒོ་ནས། དེ་ཡང་འཆི་བའི་ཚེ་ཆོས་མ་གཏོགས་ཅིས་ཀྱང་མི་ཕན་པའི་གནད། འཆི་ཚེ་ལུས་སེམས་མཉམ་དུ་མི་ཞིག་པར་ཡང་སྲིད་ཕྱི་མའི་ལུས་ཤིག་ལེན་དགོས། དེ་ཡང་རང་གིས་འདོད་པ་ལྟར་གྱི་སྐྱེ་བ་ལེན་པའམ། གཞན་དབང་ཆེན་པོ་ཞིག་གིས་བདེ་བའི་སར་བཞག་ཐབས་ནི་མེད། སྔར་བྱས་ཀྱི་ལས་ཁོ་ནའི་རྗེས་སུ་འགྲོ་དགོས་པས། སྤྱིར་ལས་ལ་གསུམ་ཡོད་ཀྱང་ཕན་གནོད་གཏོང་བྱེད་ཀྱི་ལས་ཁྱད་པར་བ་ངོས་བཟུང་ན་དཀར་ནག་གཉིས་སུ་གྲངས་ངེས། རྣམ་སྨིན་ཡིད་དུ་འོང་བ་འབྱིན་བྱེད་ཀྱི་


MLP014_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་སེམས་པ་དང་དེའི་ཀུན་ནས་སློང་བའི་ལུས་ངག་དང་བཅས་པ་ལ་དཀ༵ར་པོ༵་ད༵གེ་བ༵འི་ལས༵། ལྡོག་ཕྱོགས་དེ་མི༵་དགེ༵་བ༵འི་ལ༵ས། སྟོང་ཉིད་རྟོགས་པ་ལས་འབྲས་ཕྲ་མོ་ངེས་དཀའ་བས་སྟོང་ཉིད་བྱང་སེམས་ཀྱིས་རྟོགས་ཤིང་། ལས་འབྲས་ཕྲ་ཞིབ་ཐམས་ཅད་མཁྱེན་པ་ཁོ་ནའི་སྤྱོད་ཡུལ་ལས་གཞན་པས་ཤེས་དཀའ་བ་ཡིན། དེ་གཉིས་ཀྱི་འབྲས་བུ་ནི་བདེ་སྡུག་གཉིས་ཡིན། དང་པོ་མི༵་ད༵གེ་བ༵འི་ལས༵་ངོས་ཟིན་ན། ལྡོག་ཕྱོགས་ཞོར་ལ་ཤེས། དབྱེ་ཚུལ་མང་ཡང་སྒོའི་སྒོ་ནས་དབྱེ་ན་ལུས་ངག་ཡིད་ཀྱི་ལས་གསུམ་ཡོད། དེ་ཡང་སྡོམ་པ་རྒྱུད་ལྡན་ཡིན་མིན་སོགས་ཀྱི་ཞིབ་ཆ་མང་ཡང་སྤྱིར་བཏང་ཙམ་སྲོག་དང་ལྡན་པའི་སེམས་ཅན་ཞིག་རང་གི་རྐྱེན་གྱིས་སྲོག་གི་དབང་པོ་འགག་པར་བྱས་པ། ཕ་རོལ་པོས་རང་ལ་མ་བྱིན་ཅིང་རང་དང་ཐུན་མོང་མ་ཡིན་པའི་ནོར་རྫས། ཐབས་ཤེས་གང་རུང་གིས་བདག་བྱེད་པ། ལྕོག་པ་ཆགས་པའི་ཡུལ་ལ་གཡེམ་ཞེས་སྤྱད་པ་སྟེ་ལུས་ཀྱི་ལས་གསུམ། འདི་ལ་ངག་སེམས་གཉིས་ལའང་འབྱུང་མོད་གཙོ་བོ་ལུས་ཀྱི་ལས་སུ་འབྱུང་ཉེ་བས་ཡིན། མི་བདེན་པའི་ཚིག་བརྗོད་པའི་སྒོ་ནས་ཕ་རོལ་པོ་བསླུ་བ་རྫུན་ཆེ་ཆུང་ཐམས་ཅད། གྲལ་མགོར་འདུག་པ་སོགས་ལུས་ཀྱི་རྣམ་འགྱུར་ལས་འབྱུང་བའང་མང་། མཐུན་མི་མཐུན་གང་ཡང་སོ་སོར་ཕྱེ་བའི་ཚིག་ཕྲ་མ། ཕ་རོལ་པོའི་ཞེ་ལ་ཕོག་པའི་ཚིག །ངག་འཁྱལ་ཞེས་འཆལ་བ་སྟེ་ཆོས་དང་མི་ལྡན་པའི་གཏམ་སྨྲ་ཚད། ཀུན་སློང་བཟང་པོ་མེད་ན་ཆོས་བཤད་པའང་དེར་འགྲོ། ཕ་རོལ་པོ་ལ་ཕུན་སུམ་ཚོགས་པའི་དངོས་པོ་ཟག་བཅས་ཀྱི་རིགས་རང་གིས་བདག་གིར་བྱ་འདོད་བརྣབ་སེམ༵ས། གནོད་སྐྱེལ་ཐུབ་མི་ཐུབ་གང་ཡིན་ཀྱང་བསམ་ངན་འཆང་བ་གནོ༵ད་སེམ༵ས། ལོ༵ག་ལྟ༵་ལ་ལས་འབྲས་མེད་པར་ལྟ་བ་ཆེན་པོ་དང་། ཆུང་བ་འདི་ཕྱི་གཉིས་ལས་འདི་གཙོ། ཕྱི་མ་ཞོར་ལ་སྒྲུབ་འདོད་པ་ནི་ཕྱི་མ་ལ་ཡིད་ཆེས་པོ་རང་མེད་པས་ཡིན་པས་ལོག་ལྟའི་ཕྱོགས་མཐུན་ལྟ་བུར་འགྲོ་སྙམ། མི་དགེ་བ་ཐམས་ཅད་འདི་བཅུའི་ནང་དུ་འདུས་པ་མིན་ཀྱང་། བསྲུང་ན་གཞན་རྣམས་ཀྱི་སྒོ་ཁེགས་ནུས་པ་ལ་དགོངས་ནས་བཅུར་བསྡུས་པ་ཡིན། དགེ་བའི་ལས་ནི། མི་དགེ་བ་མིན་པ་ཙམ་མ་ཡིན་པར་དངོས་སུ་མ་ཟད་ཀུན་སློང་


MLP014_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡང་སྐྱེ་མི་རུང་བས་སྤོང་སྙམ་པའི་སེམས་པ་དང་། སྤོང་བའི་ཐབས་དང་བཅས་པ་ལ་འདུ། མི་དགེ་བཅུ་གྲ་མ་ཉམས་པར་བཞག་ནས་དགེ་བ་རླབས་ཆེན་ཞིག་སྒྲུབ་མདོག་བྱེད་པ་ནི་རང་མགོ་རང་གཡོག་ཡིན་པས་རང་རེས་གསར་དུ་དགེ་ཚོགས་རྒྱ་ཆེན་ཞིག་མ་འགྲུབ་རུང་། སྔར་བསགས་ཀྱི་ཉེས་པ་བྱང་ཐབས་དང་། ཕྱིས་འབྱུང་གི་ཉེས་པ་ཁེགས་པའི་ཐབས་རེ་ལ་བརྩོན་ན་ཆོས་པ་ཟེར་དགོས། ད་ལྟ་འདི་ཙམ་ནི་རྒན་རྒོན་གྱི་ཆོས་དང་། དེ་ལས་མཐོ་མཐོ་མ་ཞིག་ཡོད་རློམ་བྱེད་པ་མང་ཡང་རྫོགས་པ་ཆེན་པོ་མན་ཆད་ལམ་གྱི་ཉམས་ལེན་གནད་འདི་ལས་མེད་པས་གཟབ་དགོས་ཏེ་ཁྱིམ་པ་ལ་བཅུར་བགྲང་བ་ནི་རགས་རགས་ཞིག་དང་། དེ་ལས་སོར་བྱང་སྔགས་ཀྱི་སྡོམ་པ་བླང་རིམ་བཞིན། རྩ་བ་མི་དགེ་བཅུ་བསྲུང་ཚུལ་ལ་ཞིབ་ཆ་ཇེ་ཆེར་གཏོང་བ་ཡིན་པར་ཤེས་དགོས། བྱེད་མི་རུང་བ་ཤ་སྟག་བྱས་པའི་འབྲས་བུ་བདེ་བ་སྒུག་རྒྱུ་ཡོད་པར་བསམ་པ་ལ༵ས་ངེས༵་པ༵འི་ཚུལ༵་མ་ཤེས་པའི་རྟགས་རེད། ཡང་ཆེ་ས་ནས་མ་ཉམ་ན་ཆུང་ངུ་རྣམས་སྤྱད་ཏུ་རུང་སྙམ་པ་དང་། དགེ་བ་ཆུང་ངུ་ཞིག་གིས་མི་ཕན་བསམ་ནས་སྟོན་པའི་བཀའ་ལ་རང་གིས་ཚོད་འཇོག་པ་ནི་ལ༵ས་འཕེ༵ལ་ཆེ༵་བ༵་མ་ཤེས་པའི་རྟགས། སྔོན་དབུལ་པོས་གསེར་གྱི་དོང་ཚེ་སྟོན་པ་ལ་ཕུལ་བའི་ལོ་རྒྱུས་ལྟར་འཕེལ་བར་བསམ། རང་ལ་མི་འདོད་པ་ཅི་བྱུང་ཡང་འདི་ཡིན་དེ་ཡིན་གྱི་ཁག་ཟེར་མ་རག་ལྟ་བུར་ཡོད་པ་དེ་ལས༵་མ༵་བྱས༵་པ༵་དང༵་མི༵་ཕྲད༵་པའི་ཚུལ་མ་ཤེས་པའི་རྟགས། སྟོན་པ་ཐུགས་རྗེ་ཅན་ལྟ་བུའི་མདུན་ཡིན་ན་རང་བྱས་ཡིན་པ་ཤེས་ནུས་ཕ་མ་ལྟ་བུའི་ཆེད་དུ་སྡིག་པ་བྱས་པ་ལ་ཉེས་པ་མེད་སྙམ་པ་བྱས༵་པ༵་ཆུད༵་ཟོ༵ས་མེ༵ད་ཚུལ་མ་ཤེས་པའི་རྟགས། ལས་དེའི་འབྲས་བུ་སྨིན་ཚུལ། ཀུན་སློང་ཤུགས་དྲག་པོ་དང་སྦྱོར་བ་ཚབ་ཆེན་པོས་བྱས་པའི་ལས་ལ་ཆེན་པོ། བར་མ་ལ་འབྲིང་། དམན་པ་ལ་ཆུང་ངུར་བྱས་ནས། མི་དགེ་བ་ཚབ་ཆེན་པོས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོ། དགེ་བ་ཚབ་ཆེན་གྱི་སྟེང་ཏིང་ངེ་འཛིན་གོམ་པས་ཁམས་གོང་མ། འབྲིང་འདོད་ལྷ། ཆུང་ངུས་གླིང་བཞིའི་མི། མི་ལུས་དེའང་མི་ལུས་ཙམ་ཞིག་གི་དལ་རྟེན་རྙེད་པ་ལ་དགེ་བ་ཚབ་ཆེན་ཤུགས་དྲག་པོ་དགོས་སོ། དེ་འདྲའི་


MLP014_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་དེ་ནི་འཁོར་བར་འཕེན་བྱེད་ཡིན་པས་སྤང་བྱ་མི་དགེ་བའི་ཕྱོགས་ཡིན། ཐར་པའི་རྒྱུར་མི་འགྲོ། དེ་ལྟར་བསོ༵ད་ནམ༵ས་ཆ་མཐུན༵་ཙམ་ལའང་ཚེ་འདི་དང་སྤུ་ཙམ་མ་འདྲེས་པ་ཞིག་དགོས། དེས་ཀྱང་འདོད་ཡོན་གྱི་བདེ་བ་དང་། ཏིང་འཛིན་བདེ་བ་ཙམ་འབྱུང་། འཆི་ཁར་ཕན་པའི་ཆོས་ནི་ཐར་པའི་རྒྱུར་འགྲོ་བའི་དགེ་བ་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་པ་ཞིག་ངེས་པར་དགོས། དེའང་བསྒྲུབ་བྱ་དགེ་བ་བཅུ་ལོགས་སུ་བཞག་ནས་གཞན་ཞིག་སྒྲུབ་རྒྱུ་མེད་ཀྱང་། རྒྱུ་གཅིག་ལ་མགར་བའི་བཟོ་ཁྱད་ལྟར་སྒྲུབ་བྱེད་ཀུན་སློང་གི་བཟོ་ཁྱད་ཀྱིས་ཆུང་ངུས་འཁོར་བ། འབྲིང་གིས་ཐར་པ། ཤིན་ཏུ་ཆེན་པོས་ཐམས་ཅད་མཁྱེན་པ་ཐོབ། དེས་ན་ཐར༵་པ༵་ཆ༵་མཐུན༵་གྱི་དགེ་བ་ལ། རང་བཞིན་མེད་རྟོགས་སྔོན་དུ་འགྲོ་དགོས་ཏེ། འཁོར་བ་ནི་མེད་བཞིན་སྣང་བ་སྨིག་རྒྱུ་དང་གཟུགས་བརྙན་གཟུགས་སུ་འཕྲུལ་བ་ལྟ་བུའི་མཚང་མ་ཤེས་ན་ངེས་འབྱུང་མི་སྐྱེ། དེ་མེད་ན་ཐར་ལམ་གྱི་དྲི་མི་བྲོ། ཟག་བཅས་ནི་མཐོ་རིས་ལ་ཆགས་པས་ཀུན་ནས་སློང་བས་རྒྱུ་ཉོན་མོངས་པས་བསྐྱེད། དེའི་རྩ་བ་འཚོལ་ན་བདག་འཛིན་ལ་ཐུག །དེ་ལོག་རྟོག་ཡིན་པར་ཤེས། བདག་འཛིན་འདིས་འཁོར་བར་འཕེན་པའི་མཚང་རིག་ནས། དེས་བསྐྱེད་པའི་འཁོར་བ་ལ་དོན་གཉེར་གྱི་བསམ་པ་སྤངས་ནས་གཏན་དུ་སྐྱེ་མི་དགོས་པའི་རྒྱུར་དམིགས་པའི་དགེ་བ་ནི་ཐར་པ་ཆ་མཐུན། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་ན་ཐམས་ཅད་མཁྱེན་པའི་རྒྱུ་རུ་འགྲོ། ཆོས་པ་ཞིག་ཡིན་ནས་བཟུང་། ལས་འབྲས་ཀྱི་རྣམ་བཞག་རགས་རིམ་ཞིག་ནི་མ་ཤེས་ཐབས་མེད་ཡིན་ཏེ། དེང་སང་རང་རེའི་ཆོས་སྒྲུབ་ལུགས་འདི་ནི་སྲན་མ་རྨོས་པས་འབྲས་སཱ་ལུ་སྐྱེ་འདོད་པ་ལྟ་བུ་རྣམ་པ་ཙམ་ལ་སྐབས་རེ་སྒྲུབ་པ་དམན་པའི་རྒྱུས་འབྲས་བུ་རྒྱ་ཆེན་པོ་འདོད་པ་ནི་དེ་དང་འདྲ་བས། སྟོན་པ་མཆོག་གིས་སྡེ་སྣོད་རིན་པོ་ཆེར་གསུངས་པ་དང་མི་མཐུན་ལ། དེ་ལྟར་གསུངས་པ་རྣམས་ཀྱང་གདུལ་བྱ་ལ་གོ་བརྡ་ཅི་འཕྲོད་ཀྱི་ཉུང་བསྡུས་ཙམ་གསུངས་པ་ལས་རྒྱས་པར་གསུངས་མེད་པས་ལོ་ཟླ་ཅི་ཐོགས་ཀྱང་འདི་མ་ཤེས་ཐབས་མེད་ཡིན། དེ་དག་ལག་ལེན་དུ་འདེབས་ལུགས། ཐུན་དངོས་ཀྱི་སྐབས་ཡན་ཆད་ཀྱི་དམིགས་རྣམ་རྐྱང་བ་སྔོན་དུ་བཏང་


MLP014_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དཀར་ནག་གི་ལས་ལ་བསམ་པ། དེའི་འབྲས་བུ་ལ། བླང་དོར་བྱ་བའི་ཚུལ་ལ་བསམ་པ་གསུམ་གྱི་ཁོངས་སུ་བསྡུས་ནས་དཔྱད་སྒོམ་བྱ། ཐུན་མཚམས་ལ་དྲན་ཤེས་བརྟེན་པས། མི་དགེ་བ་རགས་པ་ཕར་ཞོག །ཕྲ་བ་ཀུན་སློང་ཙམ་ཡང་སྤང་དགོས། དེ་ཡང་སྤང་བླང་རྣམས་ཉིན་རེའམ་ཐུན་རེ་བཞིན་རྩིས་བགྲང་གིས་རྒྱུན་དུ་མི་བརྗེད་པ་ནི་དྲན་པ། སེམས་སྤང་བླང་གང་གི་ཕྱོགས་སུ་འགྲོ་བཞིན་འདུག་བལྟ་མཁན་ཤེས་བཞིན་ཡིན་པས་འདི་གཉིས་པོ་གལ་ཆེ། རང་རེས་སྤང་བླང་བྱེད་ལུགས་ནི་སྟབས་ལེགས་ཉེས་ཤིག་ཡིན། ལེགས་ན་རེ་ཟུང་ཞིག་སྤང་བླང་དང་། སྟབས་ཉེས་ན་མི་དགེ་བ་རྩིས་མི་ཐེབས་པ་སོགས་ནས་ཉིན་གཅིག་ལ་དྲན་ཤེས་ཡིད་ལ་ཡང་མི་ཤར་དེ་ནི་ཐོག་མེད་ནས་བག་ཆགས་ངན་གོམས་སོགས་ཆེ་བས་ཡིན། དེས་ན་ངེས་འབྱུང་སོགས་དང་པོ་བཅོས་མ་ལས་མི་འབྱུང་ཡང་། རིམ་བཞིན་གོམས་ན་ཉོན་མོངས་བཅོས་མིན་སྐྱེ་བ་ལྟར། བླང་བྱའི་ཕྱོགས་རྣམས་ལའང་བཅོས་མིན་གྱི་བློ་སྐྱེ་ངེས་པ་ཡིན། ལས་འབྲས་ལ་དབང་ཡོད་དང་། ཕོ་ཤེད་བྱེད་ས་མེད་པས་རང་གིས་རང་ལ་ལེགས་པར་བསམས་ནས་རབ་ཉེས་ལྟུང་གིས་མ་གོས་པ། གོས་ཀྱང་ཉེས་ལྟུང་དང་ཞག་ཏུ་མི་འགྲོགས་ཤིང་བཤགས་པས་དག་པ་རེ་བྱུང་ན་ཕོ་རབ་ཡིན། ལྷ་གཅིག་ཇོ་བོ་ལྟ་བུ་དགོས། རང་རེས་སྡོམ་པ་གསུམ་མ་བླངས་བསམ་པ་གཅིག་མེད་པ་འདི་ལུགས་གཅིག་ཏུ་ལེགས་ཀྱང་། བསྲུང་རྒྱུ་སྣ་གཅིག་མེད་སོང་བ་འདི་ནི་རང་གི་རྐང་པ་ལ་རང་གིས་ཐག་པ་བཏགས་པ་ཡིན་པས་ཕན་དུ་རེ་ན་རྒྱུད་དག་པ་རེ་གལ་ཆེ། ལ་ལས་སྔགས་སྡོམ་ཁོག་ཡངས་པར་འདོད་ཀྱང་། ཐ་མལ་གྱི་རྟོག་པ་སྐད་ཅིག་ཙམ་ཤར་ན་སྔགས་སྡོམ་ལ་སྐྱོན་ཞུགས་པ་ཡིན། ༼རྣམ་སྨིན་གྱི་ཡོན་ཏན་བརྒྱད་ནི་སྔོན་གྱི་འཕེན་པ་བཞིན་ཚེ་རིང་དུ་གནས་པ་རང་དང་། གཞན་གྱི་དོན་དུ་ཡུན་རིང་པོར་དགེ་བ་རྒྱ་ཆེན་པོ་གསོག་པར་བྱེད་པ་དང་༡། གཟུགས་བཟང་བས་མཐོང་བ་ཙམ་གྱིས་གདུལ་བྱ་དགའ་ནས་འདུ་ཞིང་དེའི་ཚིག་ཉན་པ་དང་། རིགས་མཐོན་པོར་སྐྱེས་པས་གཞན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་ཇི་ལྟར་བསྒོ་བ་ལས་མི་འདའ་བར་སྒྲུབ་པ་དང་། ལོངས་སྤྱོད་དང་གཉེན་འཁོར་རྒྱ་ཆེ་བ་སྦྱིན་པས་སེམས་ཅན་རྣམས་འཁོར་དུ་བསྡུས་ཏེ་སྨིན་པར་བྱེད་པ་དང་༣། ཚིག་བཙུན་པས་སྙན་པར་སྨྲ་བ་སོགས་ཀྱིས་སེམས་ཅན་སྡུད་ཅིང་སྨིན་པར་བྱེད་པ་དང་༥། ཡོན་ཏན་དང་ལྡན་ཞིང་


MLP014_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྣམས་ཀྱི་མཆོད་གནས་སུ་གྱུར་པས་གཞན་གྱི་བྱ་བ་ཐམས་ཅད་ཀྱི་གྲོགས་བྱས་པས་དྲིན་གཟོའི་ཕྱིར་བསྒོ་བ་མྱུར་དུ་ཉན་པ་དང་། ༦སྐྱེས་པར་གྱུར་པས་ཡོན་ཏན་ཐམས་ཅད་ཀྱི་སྣོད་དང་འཁོར་དུ་མི་འཇིགས་པས་ཡོན་ཏན་ཅན་མང་པོ་དང་ལྷན་ཅིག་འགྲོ་བའམ་དབེན་པར་གནས་པ་ལ་གེགས་བྱེད་མེད་པ་དང་། ༧རང་བཞིན་གྱིས་གནོད་པ་ཆུང་ཞིང་ནད་མེད་ལ་ཚེ་འདིར་དོན་གང་བརྩམ་འགྲུབ་པའི་རྐྱེན་ལས་སྤྲོ་བ་ཚང་བའི་ལུས་སེམས་ཀྱི་སྟོབས་ཐོབ་པས་རང་གཞན་གྱི་དོན་གང་ལའང་མི་སྐྱོ་ཞིང་སྤྲོ་ཤུགས་ཆེ་ལ་བརྟན་པའི་དབང་གིས་ལུས་སེམས་ལས་རུང་དང་མངོན་ཤེས་མྱུར་དུ་འགྲུབ་པ་རྣམས་སོ། ༽༼རྣམ་སྨིན་གྱི་རྒྱུ་བརྒྱད་ལས་དང་པོ་ནི། གཞན་གྱི་སྲོག་ལ་གནོད་པ་བྱེད་པ་དང་མི་མཛའ་བ་ཤི་བ་ལ་དགའ་བ་སོགས་ཚེ་ཐུང་བའི་རྒྱུ་རྣམས་སྤང་ཞིང་། སེམས་ཅན་ལ་སྙིང་བརྩེ་བའི་བསམ་པས་བཀྲེན་པ་ལ་ཟས་སྦྱིན་པ་དང་གསོད་པར་ཚུད་པའི་སྲོག་སྐྱོབ་པ་སོགས་ཚེ་རིང་བའི་རྒྱུ་རྣམས་བསྒྲུབ་པའོ། །གཉིས་པ་ནི། གཞན་ལ་གཟུགས་ཀྱི་སྐྱོན་བརྗོད་པ་དང་དཀོན་མཆོག་གི་རྟེན་བཞེངས་པའི་བར་ཆད་བྱེད་པ་སོགས་འགལ་རྐྱེན་སྤང་བ་དང་། བཟོད་པ་བསྒོམ་ཞིང་དེ་བཞིན་གཤེགས་པའི་སྐུ་དང་མཆོད་རྟེན་བཞེངས་པ་དང་། དཀོན་མཆོག་ལ་མཆོད་པ་འབུལ་བ་དང་། གཞན་ལ་མར་མེའི་སྣང་བ་དང་གོས་གསར་པ་དང་རྒྱན་ཆ་སྦྱིན་པ་སོགས་གཟུགས་མཛེས་པའི་རྒྱུ་རྣམས་ལ་ནན་ཏན་བྱ་བའོ། །གསུམ་པ་ནི། རིགས་ངན་དུ་སྐྱེ་བའི་རྒྱུ་ང་རྒྱལ་བསྐྱུངས་ནས་རིགས་དང་ན་སོ་དང་ཡོན་ཏན་གྱིས་རྒན་པ་དང་བླ་མ་དང་མཆོག་གསུམ་ལ་ཤིན་ཏུ་གུས་པ་བྱ་བའོ། །བཞི་པ་ནི། སེར་སྣ་དང་མ་བྱིན་ལེན་དང་ཕྲ་མ་སོགས་འགལ་རྐྱེན་སྤང་ཞིང་སློང་བ་ལ་ཟས་སོགས་སྦྱིན་པ་དང་། ཕ་མ་ལ་སོགས་པ་ཕན་འདོགས་པའི་ཞིང་དང་། ནད་པ་དང་བཀྲེན་ཕོངས་དང་བཤུལ་ཐག་རིང་པོ་ནས་ཡོང་བ་སོགས་སྡུག་བསྔལ་བའི་ཞིང་དང་། ཆོས་སྨྲ་བ་དང་བྱང་སེམས་དང་བླ་མ་སོགས་ཡོན་ཏན་གྱི་ཞིང་རྣམས་ལ་ཡོ་བྱད་གང་མཐོང་སྦྱིན་པའོ། །ལྔ་པ་ནི། རྫུན་སོགས་ངག་གི་མི་དགེ་བ་བཞི་སྤོང་བ་དང་། བདེན་ཚིག་དང་འཁོན་པ་འདུམ་པའི་ཐབས་སོགས་སྨྲ་བའོ། །དྲུག་པ་ནི་ཚེ་རབས་ཕྱི་མ་རྣམས་སུ་རང་རྒྱུད་ལ་ཡོན་ཏན་སྣ་ཚོགས་འབྱུང་བར་སྨོན་ལམ་འདེབས་ཤིང་། དཀོན་མཆོག་གསུམ་དང་ཕ་མ་དང་ཉན་རང་དང་བླ་མ་ལ་གུས་པས་མཆོད་པར་བྱེད་པའོ། །བདུན་པ་ནི་ཡུལ་ཁྱད་པར་ཅན་ལ་བརྙས་ཐབས་ཀྱིས་བུད་མེད་ཀྱི་མིང་གིས་འབོད་པས། ཕྱུགས་ཀྱི་བྱ་བ་བྱེད་པ་སོགས་བུད་མེད་དུ་སྐྱེ་བའི་རྒྱུ་སྤང་བ་དང་། སྐྱེས་པའི་ཡོན་ཏན་ལ་དགའ་ཞིང་བུད་མེད་ལ་མི་དགའ་བར་ཉེས་དམིགས་སུ་བལྟ་བ་དང་བུད་མེད་ཀྱི་ལུས་འདོད་པ་རྣམས་འདུན་པ་བཟློག་པ་དང་། ཕོ་དབང་གཅོད་པ་རྣམས་ཐར་པར་བྱེད་པ་དང་། ཡེ་ཤེས་བླ་མ་འོད་ཀྱི་ཏོག །དེ་བཞིན་སྨོན་ལམ་བློ་གྲོས་དང་། །དབང་པོ་ཚང་དང་འཇམ་དབྱངས་ལ། །བདག་ནི་གུས་པར་ཕྱག་འཚལ་ལོ། །ཞེས་བྱང་སེམས་ཆེན་པོ་དེ་རྣམས་ཀྱི་མཚན་བརྗོད་པ་སྟེ་སྐྱེས་པར་འགྱུར་བའི་རྒྱུ་རྣམས་ལ་བསླབ་པའོ། །བརྒྱད་


MLP014_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། གཞན་ལ་བརྡུང་བརྡེག་བྱེད་པ་དང་། མི་མཛའ་བ་ན་བ་ལ་དགའ་བ་དང་། དཀོན་མཆོག་གི་རྟེན་ལ་དུད་པས་བདུག་པ་སོགས་ནད་མང་བའི་རྒྱུ་རྣམས་སྤང་ཞིང་། བཀྲེས་པ་ལ་བཟའ་བཏུང་སྦྱིན་པ་དང་ནད་པའི་ནད་གཡོག་དང་སྨན་ཉིད་སྦྱར་བ་སོགས་ནད་མེད་པའི་རྒྱུ་སྒྲུབ་པ་དང་། རིན་ཆེན་ཕྲེང་བར། བུ་རམ་ཞུན་མར་སྦྲང་རྩི་ཏིལ་མར་ལན་ཚ་སྟེ་སྙིང་པོ་ལྔ་བྱིན་པ་དང་། སྐྲག་པ་རྣམས་ལ་མི་འཇིགས་པ་བྱིན་པས་སྟོབས་པོ་ཆེར་འགྱུར་བར་གསུངས་པའོ། །མཆན༽ འཁོར་བའི་ཉེས་དམིགས་གང་ལས་བློ་ལྡོག་ན། འཁོར་བའི་ཕུན་ཚོགས་ལྷ་མིའི་བདེ་འབྲས་དོན་གཉེར་གྱི་བསམ་པ་ལས། གང་གིས་ན། འཁོར་བའི་སྡུག་བསྔལ་བསམ་པས། ཇི་ལྟར་ན། འཁོར་བའི་སྡུག་བསྔལ་སྤྱི་དང་། བྱེ་བྲག་རིགས་དྲུག་སོ་སོའི་སྡུག་བསྔལ་བསམ་པའི་སྒོ་ནས། འཁོར་བ་ཞེས་ཤིང་རྟའི་འཕང་ལོ་དང་། ཟོ་ཆུན་ལྟར་སྲིད་པ་འདིར་མཐོ་དམན་མ་ངེས་པར་ཉེར་ལེན་གྱི་ཕུང་པོ་ཡང་ནས་ཡང་དུ་ལེན་པ་ལ་འཁོར་བ། དེ་ལྟར་འཁོར་མཁན་གྱི་གང་ཟག་ལ་འཁོར་བ་པ། དེ་འདྲའི་ལུས་ཞིག་བླངས་ནས་བཟུང་ཉེས་པའི་རང་བཞིན་ཡིན་ལུགས་རྣམས་ཤེས་ནས་བསམ་པ་ལ་འཁོར་བའི་ཉེས་དམིགས་སྒོམ་པ་ཟེར། སྤྱིའི་སྡུག་བསྔལ་ནི། སྡུག་བསྔལ་གསུམ། སྡུག་བསྔལ་དེ་དུད་འགྲོ་ལྟ་བུའི་རྨོངས་པ་ཞིག་གིས་མྱོངས་ཀྱང་སྡུག་བསྔལ་དུ་ཤེས་པ་ལུས་མཚོན་གྱིས་བཅད་པ་ལྟ་བུ་ནི་སྡུག་བསྔལ་གྱི་སྡུག་བསྔལ། མྱོང་ཙམ་ནས་ངོ་མི་ཤེས་ཀྱང་། བདེ་བ་ལྟར་སྣང་བ་དེ་ཉིད་ཤུགས་ཇེ་ཆེར་སོང་བ་ན་མཐར་སྡུག་བསྔལ་ཡིན་པར་ཤེས་འོང་བ་གྲང་བས་ཉི་མ་ལ་བསྲོ་བ་ལྟ་བུར་དེ་ལ་འགྱུར་བའི་སྡུག་བསྔལ་ཟེར། མཐར་བསྲེགས་པ་ན་སྡུག་བསྔལ་དང་པོ་ཡིན། སྲིད་པའི་གནས་རིས་ཀུན་ལ་ཆེ་ཆུང་མེད་པ་ཁྱབ་བྱེད་དུ་འཇུག་པ། འདུ་བྱེད་ལས་ཉོན་གྱི་གཞན་དབང་དུ་གྱུར་ནས་རང་དབང་སྤུ་ཙམ་མེད་པ་ནི། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། དེ་དག་མྱོང་མཁན་གྱི་གཙོ་བོ་དང་པོ་ངན་སོང་གསུམ། འདོད་པའི་ལྷ་མི། གཉིས་པ། འདོད་པའི་ལྷ་མི། གསུམ་པ་སྲིད་རྩེ་ནས་མནར་མེད་པར་ཆེ་ཆུང་མེད། སོ་སོའི་སྡུག་བསྔལ། དྲན་ཉེ་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཉམས་པས་ཉམས། །ལྷ་རྣམས་བག་མེད་


MLP014_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས་ཉམས། །ཞེས་སྡུག་བསྔལ་གྱི་གཙོ་བོ་ཙམ་ཡིན། ཁམས་གོང་མ་གཉིས། ཏིང་ངེ་འཛིན་ལ་དང་པོར་འཇུག་དུས་དེ་ལས་གཏན་དུ་མི་ལྡང་བསམ་ནས་མཉམ་པར་བཞག་ཀྱང་། འདུ་བྱེད་ལས་ཉོན་གྱི་གཞན་དབང་ཅན་ཡིན་པས་སྔར་གྱི་རྒྱུའི་ནུས་པ་ནམ་ཟད་པ་ན་གནས་རིས་འོག་མར་ལྟུང་། མདའ་ནམ་མཁའ་ལ་འཕངས་པ་ཤུགས་ཟད་དུས་སླར་ས་ལ་ལྷུང་བ་ལྟ་བུ་ཡིན། ཁྲིད་ཕལ་ཆེར་འཕོ་ལྟུང་གི་སྡུག་བསྔལ་མེད་པ་ལྟ་བུར་གསུངས་པ་ནི་རང་གི་སས་བསྡུས་ཀྱི་སྡུག་བསྔལ་མེད་ལ། འཆི་ཁར་འོག་མའི་སེམས་མངོན་དུ་གྱུར་ནས་འཕོ་ལྟུང་གི་སྡུག་བསྔལ་མྱོང་བ་ཡིན་པས་དེར་དགོངས། ཁྱད་པར་ལྷའི་གནས་ལུས་ལོངས་སྤྱོད་ཐམས་ཅད་བདེ་བ་ཁྱད་པར་ཅན་སྐྱེད་ནུས་པ་ཡིན་པས་བསྐལ་པ་མང་པོ་མྱོང་ཡང་རྨི་ལམ་ཐུན་གཅིག་གི་ཡུན་ལས་མེད། རྒྱུ་ཟག་བཅས་ཡིན་མིན་ཙམ་ལས་བདེ་བ་ཅན་གྱི་སྣོད་བཅུད་དང་གཞན་འཕྲུལ་དབང་བྱེད་ལྷ་ལ་ཁྱད་མེད་པ་ཙམ་ཡོད་ཀྱང་འཆི་ཁར་འོག་མའི་གནས་རིས་མངོན་ཤེས་ཀྱིས་མཐོང་བས། ལུས་ལྷ་ཡུལ་ན་ཡོད་ཀྱང་འཆི་ལྟས་བྱུང་ཚེ་སེམས་ངན་སོང་དུ་ལྷུང་ཚར་བ་དང་འདྲ། བསད་ལ་ཁད་ཀྱི་བཙོན་པ་ལྟ་བུ་ཡིན། སྔར་གྱི་བདེ་བ་སྟོབས་ཆེ་བས་གཅེར་བུ་ཚེར་དོང་དུ་ལྷུང་བ་ལྟ་བུའི་སྡུག་བསྔལ་ཡོད། སྡུག་བསྔལ་མྱོང་མཁན་སེམས་ཡིན་པས་ལུས་ཚོར་ཁོ་ནའི་རྗེས་སུ་མི་འགྲོ་བས་ལྷ་རྣམས་འཆི་ལྟས་ཀྱི་སྡུག་བསྔལ་ལྟ་བུ་ནི་དམྱལ་བའི་སེམས་ཅན་ལའང་མེད་པར་གསུངས། མཐོ་རིས་ཟག་བཅས་ཀྱི་བདེ་བ་ངན་སོང་ལས་མཚང་ཆེ་བ་ཤེས་དགོས་ཏེ། དོན་མ་ཡིན་པའི་བྱ་བ་ཁོ་ནས་གཡེངས་ཤིང་དལ་རྟེན་སྟོང་ཟད་དུ་གཏོང་བ་དང་། ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་འབྱུང་བའི་རྒྱུ་ཡིན་པས། ལུས་ལོངས་སྤྱོད་རྣམས་རང་ཉིད་ཕུང་བའི་རྒྱུ་ཁོ་ན་ཡིན། བདེ་བ་ལྟར་སྣང་ཙམ་ལས་དོན་ལ་བདེ་བ་མེད། དེ་ལ་ཅི་ཙམ་སྤྱད་ཀྱང་ངོམ་རྒྱུ་གཏན་མེད་པས་ཡིད་སྨོན་བྱེད་པ་དོན་མེད། ད་དུང་འདོད་པ་ཇེ་འཕེལ་གྱི་རྒྱུར་འགྲོ། དུད་འགྲོ་གཅིག་ལ་གཅིག་ཟ་དང་། བཀོལ་སྤྱོད་ཀྱིས་རྟག་པར་མནར། རང་ནད་ཀྱིས་ཤི་བ་ནི་སྲིད་མཐའ་ཙམ་ཡིན་པས། ད་ལྟ་གསོན་བཞིན་པའི་སྐབས་ན་རྐང་ལག་ཐག་པས་བཀྱིག་ནས་ལྤགས་དམར་བཤུས་


MLP014_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ནས་དུད་འགྲོ་ལྟར་གསོད་པ་དང་། མི་ཁྱོགས་བཞིན་དུ་ཁུར་ཆེན་ཁྱེར་ནས་ཐག་རིང་པོར་ངལ་བསོ་མི་ཆོག་པར་འགྲོ་དགོས་ན་ཅི་འདྲ་ལ་བསམ། ཡི་དྭགས་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་ལ་དཔག་ན་ཉིན་གཅིག་འཚོ་མི་ནུས་པར་ལྟོག་གྲིར་ཤི་ངེས་ཀྱང་། ལས་དབང་གིས་ཤི་མི་ཐུབ་པར་ལོ་ཟླ་མང་པོའི་བར་དུ་མྱོང་དགོས་པས་ད་ལྟར་ཇ་འཐུང་སྔ་ཕྱི་ལ་ཡིད་མི་བདེ་གྲོགས་ལ་ཚིག་པ་ཟ་བ་སོགས་འབྱུང་བ་ལ་དཔག་ན་བཟོད་ཨི་ཐུབ། དམྱལ་བར་སྐྱེ་བའི་ལས་ཚབ་ཆེ་བས། ལུས་གཅིག་ལ་སྡུག་བསྔལ་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཡོད་པ་དང་། ཤ་རུས་སོ་སོར་འཐོར་བའི་ཚལ་པ་དང་རྣག་ཁྲག་གི་རྒྱུན་ཚུན་ཆད་སེམས་ཀྱིས་བཟུང་ནས་ཚོར་བ་མྱོང་དགོས། དམྱལ་བའི་སྡུག་བསྔལ་ཆ་ཙམ་ལས། དངོས་དྲན་ཉེར་མ་བསྟན་པར་གསུངས། བསམ་པའི་གོ་རིམ་བློ་ལ་གོམས་ཆ་ཅུང་ཟད་ཐོན་ཚེ་དམྱལ་བ་ནས་ཡས་རིམ་ལ་མི་བསམ་པར། གཟུགས་མེད་ནས་དམྱལ་བའི་བར་སྡུག་བསྔལ་ཇེ་ཆེ་ཡིན་པ་ལ་རིམ་བཞིན་བསམ་ན་ངེས་འབྱུང་མྱུར་དུ་སྐྱེ། འདི་དག་སྒྲུང་ཉན་པ་ལྟ་བུར་མ་སོང་བར་རང་ཐོག་བླངས་ནས་དངོས་སུ་བབས་པའི་ཚུལ་གྱིས་བསམ་དགོས། ཁ་ཅིག་གིས་དམྱལ་བ་རང་སྣང་ཙམ་ཡིན་པས་དོན་ལ་མེད་ཟེར་ཡང་དམྱལ་བ་རང་སྣང་ཡིན་པར་མ་ཟད་སྣོད་བཅུད་འདི་དག་དང་། དེས་བསྐྱེད་པའི་ན་ཚ་སྡུག་བསྔལ་སོགས་རང་སྣང་རྨི་ལམ་དང་འདྲ་བར་ཁྱད་མེད་ཀྱང་། སྲ་ཞིང་འཐས་པ་ལྟར་སྣང་ཞིང་ཚོར་བ་དངོས་སུ་མྱོང་དགོས་པ་ལ་ཁྱད་མེད་ཕྱིར་རང་སྣང་ཡིན་པས་ཕན་པ་མེད། དེ་ལྟར་ཡང་ཡང་བསམ་པས་བརྒྱ་བྱིན་གྱི་འབྱོར་བ་ཐོབ་ནའང་ཤིན་ཏུ་འབར་བའི་མེར་ཚུད་པ་ལྟ་བུའི་འདུ་ཤེས་ནམ་སྐྱེས་ཚེ། ངེས་འབྱུང་རྒྱུད་ལ་སྐྱེ་བའི་སྣེ་ཟིན་པ་ཡིན། དམིགས་སྐོར་བཞི་པ་དེ་ལ་བཞི། རྒྱུ་གང་གིས་སྐྱབས་སུ་འགྲོ་བ། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ། སྐྱབས་སུ་སོང་ནས་བཟླས་པར་བྱ་བའི་རིམ་པའོ། །ཁྲིད་གཞན་འགར་སྐྱབས་འགྲོ་ནས་མདོ་དང་ཐུན་མིན་ཀྱི་སྔོན་འགྲོ་བཤད་ཅིང་སྐྱབས་འགྲོ་ཡང་སྔགས་ལུགས་གཙོར་འདོན་དང་། འདིར་མདོ་དང་ཐུན་མོང་བ་གསུངས་


MLP014_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྱིར་བཏང་དབང་བཙན་མཛད་པ་ཡིན། གང་ལྟར་ཐེག་པ་ཆེ་ཆུང་གི་ཉམས་ལེན་ཐམས་ཅད་སྐྱབས་འགྲོའི་ར་བ་ལས་འདའ་མི་རུང་ཞིང་སངས་མ་རྒྱས་བར་མཁོ་བ་ལས་ཐུན་མགོ་དུམ་གཅིག་ལྟ་བུའམ་ཚིག་ཤར་འདོན་ཙམ་གྱི་ནི་སྐྱབས་འགྲོ་མིན། དང་པོ་ནི། བི་མ་ལའི་ཡན་ལག་དྲུག་པར། འཇིགས་དང་ཡོན་ཏན་དྲན་པས་འགྲོ། །ཞེས་རྒྱུ་གཉིས་ལས། དང་པོ། ཁམས་གསུམ་འཁོར་བའི་ཉེས་དམིགས་དྲན་ནས་འཇིགས་སྐྲག་གི་བློ་དང་། གཉིས་པ་དེ་ལས་སྐྱོབ་ངེས་པ་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པའི་སྒོ་ནས་ཡིད་ཆེས་པའི་བློ། དེས་ན་ངེས་འབྱུང་སྐྱེ་བ་ལ་འཁོར་བ་ལས་ཐར་འདོད་དང་། ཐར་པ་ཐོབ་འདོད་ཀྱི་བློ་གཉིས་ཚོགས་དགོས་པས་ཕྱི་མ་ལ་ཐར་པ་ངོ་མ་ཞིག་ཐོབ་ནུས་སུ་མ་ཤེས་ན་ཐོབ་འདོད་སྐྱེ་བ་མེད་པས་བདག་མེད་རྟོགས་པ་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་དེ་ཡིན། རང་མཉམ་དང་དམན་པ་ལ་སྐྱབས་སུ་འགྲོ་བས་སྐྱོབ་མི་ནུས་ཕྱིར་ཡུལ་ཁྱད་པར་ཅན་ལ་བརྟེན་དགོས་པ། དཔེར་ན་ད་ལྟ་མི་ཉམ་ཆུང་འཇིགས་པས་མནར་བ་ཞིག་གིས་སྐྱབས་འཚོལ་ན། སྐྱོབ་ནུས་པའི་དཔོན་བརྟེན་པ་ལྟ་བུ་ལའང་རྒྱུ་འདི་གཉིས་ཚང་དགོས་པ་བཞིན་ནོ། །སྐྱོབ་ནུས་པའི་ཡོན་ཏན་ནི། སངས་རྒྱས་རང་གཞན་དོན་གཉིས་མཐར་ཕྱིན་པས་རང་འཇིགས་པ་ལས་གྲོལ་བའི་ཕྱིར་གཞན་སྐྱོབས་པའི་ཐབས་སྟོན་ནུས། ཆོས་ལུང་གི་ཆོས་ཐོས་བསམ་དང་། རྟོགས་པའི་ཆོས་སྒོམ་སྒྲུབ་བྱས་པས་སྒྲུབ་པ་པོ་དེ་ཉིད་འཁོར་བའི་འཇིགས་པ་ལས་དངོས་སུ་སྐྱོབ་ནུས། དགེ་འདུན་འགྲོགས་ན་རང་རྒྱུད་སྔར་ལས་སྐྱོན་ཇེ་འགྲིབ་དང་། ཡོན་ཏན་གསར་དུ་འགོ་ནུས་པ་རྣམས་ལ་དེ་དང་དེར་ཡིད་ཆེས་པས་སྐྱབས་སུ་འགྲོ་དགོས། རྒྱུ་འདི་གཉིས་མ་ཚང་ན་སྐྱབས་འགྲོ་ཁ་ཙམ་ཡིན། གཉིས་པ་ཡུལ། སངས་རྒྱས་བྱང་སེམས་སོགས་ཀྱི་སྐུ་གཟུགས་བྲིས་འབུར་དང་གླེགས་བམ་ལྟ་བུའི་འདུན་བཞག་གི་རྟེན་ཙམ་ཡུལ་དུ་བཟུང་བའམ། རྒྱ་གར་དུ་བྱོན་པའི་སངས་རྒྱས་དངོས་སམ། དེའི་དུས་ཀྱི་ཆོས་དང་། ཤཱ་རིའི་བུ་སོགས་ཀྱི་དགེ་འདུན་ལྟ་བུ་ལ་མཐོ་སྙེགས་བྱེད་པ་ཁོ་ནར་མ་སོང་བར། ད་ལྟ་རང་ཉིད་འཁོར་བ་ལས་ཐར་བའི་ཐབས་སྟོན་པ་


MLP014_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་སངས་རྒྱས། རང་རྒྱུད་འཁོར་བ་ལས་གྲོལ་བྱེད་ཀྱི་རྒྱུར་འགྲོ་བའི་སྒྲ་ཚིག་གི་ལུང་དང་། དེའི་དོན་ནི་རྟོགས་པའི་ཆོས། རང་དེ་དང་འགྲོགས་ན་རྒྱུད་ཇེ་བཟང་དུ་འགྲོ་བ་ལས་ཆུད་ཟོས་མི་བཏང་མཁན། རང་ཉིད་ལྟར་ལམ་ཞུགས་ཀྱི་གང་ཟག་བཟང་པོ་རྣམས་དགེ་འདུན་ཡིན། ཀུན་མཁྱེན་ཆེན་པོས་རྒྱུ་ལམ་བྱེད་མདོ་ལུགས་ཀྱི་སྐྱབས་ཡུལ་རྒྱུ་སྐྱབས་དང་། འབྲས་བུ་ལམ་བྱེད་སྔགས་ལུགས་ཀྱི་སྐྱབས་ཡུལ་ལ་འབྲས་སྐྱབས་སུ་གསུངས་པ་སྔགས་ཐུན་མིན་གྱི་ལུགས་ཡིན་པས། སྤྱི་བཏང་གཞན་རྒྱུད་ལ་བྱོན་ཟིན་པའི་སྐྱབས་གསུམ་ལ་རྒྱུའི་སྐྱབས་ཡུལ་དང་། མ་འོངས་པ་ན་རང་རྒྱུད་ལ་འགྲུབ་རུང་གི་མཆོག་གསུམ་ནི་འབྲས་བུའི་སྐྱབས་ཡུལ་ཡིན། དེས་ན་འབྲས་སྐྱབས་དེ་འགྲུབ་པའི་ཕྱིར་གཞན་རྒྱུད་ལ་བྱོན་ཟིན་པའི་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན། གསུམ་པ་སྐྱབས་སུ་འགྲོ་ཚུལ། ཡུལ་དེ་དག་སངས་རྒྱས་ལ་ཐར་ལམ་སྟོན་མཁན། ཆོས་སྒྲུབ་རྒྱུའི་ལམ་དངོས། དགེ་འདུན་ལམ་གྱི་གྲོགས་སུ་རེ་ལྟོས་སྙིང་ནས་བཅའ་ཞིང་། དེ་ལས་སྐྱབས་གནས་གཞན་མི་འཚོལ་བར་སྐྱབས་ཡུལ་གྱི་ཕྱོགས་སུ་སེམས་འགྲོ་བའམ། དེའི་རྗེས་སུ་སེམས་སྙེགས་པ་ལ་སྐྱབས་འགྲོ་ཟེར། བསམ་པ་འདི་ཡོད་ན་ཚིག་འདོན་པ་དང་ཐལ་མོ་སྦྱར་བ་ཡན་ཆད་སྐྱབས་འགྲོ་རྣམ་དག་ཏུ་འགྲོ། བཞི་པ་བསླབ་བྱ་མང་ཡང་། མདོར་བསྡུས་ཙམ། སྐྱབས་ཡུལ་ལ་གསུམ་ཡོད་པ་ལྟར་བསྲུང་བྱའང་གསུམ། སངས་རྒྱས་ལ་སྐྱབས་སུ་སོང་ནས་དགེ་བའི་བཤེས་གཉེན་རྣམ་དག་རེ་བསྟེན། ཆོས༴འཁོར་བའི་འཇིགས་སྐྲག་ལས་ཐར་བའི་ཐབས་སྤང་བླང་ལ་བརྩོན། དགེ་འདུན༴ཡོན་ཏན་འགོ་ནུས་པའི་གྲོགས་བཟང་པོ་རྙེད་ན་འགྲོགས། མེད་ན་མཁའ་འགྲོ་དང་དཀར་ཕྱོགས་པ་རྣམས་འགོ་བས་དེས་རུང་། མདོར་ན་བླ་མ་ལ་སོགས་གསུངས་བ་ལྟར། ཐུགས་སྐྱོན་ཟད་ཡོན་རྫོགས་སངས་རྒྱས། གསུང་བརྗོད་བྱ་རྗོད་བྱེད་ལུང་རྟོགས། སྐུ་སྙིགས་མའི་གདུལ་བྱར་བཤེས་གཉེན་ཚུལ་བཟུང་བ་དགེ་འདུན། མཆོག་གསུམ་ཀུན་འདུས་ཡིད་བཞིན་ནོར་བུ་ཡིན་པ་སྟོན་པ་དངོས་དང་འདྲ་བ་ལ་བསམ་སྦྱོར་དག་པས་བསྟེན་ནས་ཅི་གསུང་


MLP014_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ན་དེས་ཆོག །དེས་ན་མཆོག་གསུམ་གང་ཟག་གསུམ་ལྟ་བུ་ཐ་དད་དུ་འཛིན་མི་རུང་། སྐྱབས་སྡོམ་མེད་ན། བར་སྣང་གི་ཁང་ལས་ལྟར་དགེ་བསྙེན་གྱི་སྡོམ་པ་ཙམ་ཡང་སྐྱེ་ཐབས་མེད། དེས་ན་སྡོམ་པ་ཐོབ་དགོས་པ་ཐོབ་ནས་བསྲུང་མི་དགོས་པའི་སྡོམ་པ་ཞིག་ནི་ཡོད་མི་སྲིད་པས་ཐ་ནའང་འདི་གསུམ་མ་བསྲུང་ཐབས་མེད། དཔེར་ན་ནད་པ་ནད་ཀྱིས་ཉེན་པ་ལ་སྨན་པ་མཁས་པ། སྨན་བཅོས་ནད་གཡོགས་བཞིན། སྤྱིར་སྟོན་པ་ཐུགས་རྗེ་ཅན་གྱིས་གདུལ་བྱའི་རྒྱུད་ཚོད་ལ་ལྟོས་པའི་ཆོས་སྒོ་གྲངས་མེད་གསུངས་པས་མི་གཅིག་གིས་ཐམས་ཅད་ཉམས་སུ་ལེན་དགོས་པའི་དོན་མིན་པས་རང་ཉམས་ལ་དཔག་པའི་ཆོས་ཞུ་བ་ལས། དམ་སྡོམ་ཁས་ལེན་མང་མི་རུང་། ཁས་བླངས་ནས་བཟུང་བླ་མའི་མདུན་ནས་ཁས་བླང་པ་ལྟར་མ་སྒྲུབ་ན་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་མནར་མེད་ཀྱི་རྒྱུར་འགྲོ་ངེས་པས། ཆོས་དེ་དང་པོ་ཉན་ལུགས། བར་དུ་བསམ་ལུགས། ཐ་མ་སྒྲུབ་ལུགས་ལེགས་ན་འཚེངས། ནུས་པ་མེད་བཞིན་འཇུག་ཉེས་ན་ཕན་མི་ཐོགས་པའི་སྟེང་དུ་ངན་སོང་གི་རྒྱུ་ཡིན། དེས་ན་བླ་མའི་བཀའ་བཞིན་སྒྲུབ་ན་རྔ་མ་བརྡུང་། དུང་མ་བུས་ཀྱང་མཁའ་འགྲོ་ཆོས་སྐྱོང་ལུས་དང་གྲིབ་བཞིན་འཁོར་ནས་སྡོང་གྲོགས་མཛད། བཀའ་ལས་འདས་ཤིང་སྡོམ་པ་ཉམས་ན་སྣོད་བཅུད་གཏོར་མར་བཤམས་ནས་བསྒྲུབས་ཀྱང་མཁའ་རྒྱུའི་ཡི་དྭགས་ཕྲ་མོ་འདྲ་མ་གཏོགས་སྐྱབས་ནུས་པའི་ལྷ་ཡེ་ཤེས་པ་ནི་ཐག་ཇེ་རིང་ལ་འགྲོ་བའི་རྒྱུར་གསུངས་པས་བདག་ལེགས་སུ་འདོད་ན་སྐྱབས་སུ་སོང་བ་ལས་བསླབ་བྱ་བསྲུང་བ་གལ་ཆེ། སྐྱབས་ཡུལ་གསལ་འདེབས་སྐབས། དབུས་སུ་བླ་མ་དང་གུ་རུ་གཉིས་མོས་གུས་གང་ལ་ཆེ་བའི་རྣམ་པ་དང་། མདུན་དུ་ཁྱད་པར་གྱི་སངས་རྒྱས་ཞེས། ཡི་དམ་གྱི་ལྷ་ནི་སྔགས་ཐུན་མིན་གྱི་སངས་རྒྱས་ཡིན་པས་ཐོད་ཕྲེང་རྩལ་ལྷ་བསྐྱེད་སྐབས་ལྟར། བྱང་སེམས་ཀྱི་གཙོ་བོ་སྤྱན་གཟིགས་སྒོམ་པ་ནི། ཁ་བ་ཅན་པ་ལ་འབྲེལ་ཆེ་བས་ཡིན། ཆོས་སྐྱོང་གཙོ་བོ་གཏེར་སྲུང་ཞལ་བཞི་པ། རིགས་དྲུག་གི་སེམས་ཅན་དལ་འབྱོར་མི་ལུས་ཀྱི་རྣམ་པ་ཅན་བསྒོམ་པ་ནི་སྐྱབས་འགྲོའི་རྣམ་འགྱུར་འོང་དགོས་ཆེད་ཡིན། ཐུན་མགོར་རྣལ་དབབ་ནས་བློ་ལྡོག་བཞི། མཐར་ངོ་བོ་བྱིན་རླབས་


MLP014_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པ་འོད་ཟེར་དཀར་པོ་འཕྲོས་པས་བདག་གཞན་རྣམས་ལ་ཕོག །སྒྲིབ་པ་བྱང་ནས་ཚོགས་ཞིང་ལ་ཐིམ་པ་ནི་དག་ཞིང་སྐྱེ་བའི་དོན་ཚང་། ཚོགས་ཞིང་བསྡུས་ནས་གཙོ་བོར་རང་ལ་བསྟིམ། བསྔོ་སྨོན། ཐུན་མཚམས་ཚོགས་ཞིང་སྔར་ལྟར་གསལ་ནས་རྒྱུ་གཉིས་དྲན། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད། གོས་གསར་པ་སོགས་ཀྱང་མཆོད་ནས་དངོས་གྲུབ་ཞུ། འགྲོ་དུས་ཕྲག་གཡས་ཐད་དམིགས་ན་བསྐོར་བ་ཡིན། ཉལ་དུས་སྔས་མགོར་དམིགས་ནས་དྲན་བཞིན་གཉིད། ནང་པར་ལངས་མ་ཐག་གསལ་ཐེབས་ངེས་བྱ། རྒྱུན་དུ་ཉི་མ་དྲོ་བ་ཙམ་བྱུང་ཡང་དཀོན་མཆོག་གི་བཀའ་དྲིན་དུ་བསམ། ཚིག་མི་སྙན་པ་ཐོས་ཀྱང་ལས་ངན་ཟད་པའི་ཕྱིར་དཀོན་མཆོག་གི་ཕྲིན་ལས་ཡིན་སྙམ། སྐྱིད་སྡུག་གང་བྱུང་དང་། ཁྱད་པར་སྡུག་བསྔལ་ལམ་ཁྱེར་བྱས་པས་འཆི་ཁའི་ཉམ་ཐག་ལམ་ཁྱེར་ནུས་པ་དང་དཀོན་མཆོག་དྲན་པའི་རྒྱུར་འགྲོ་བ་སོགས་ཡོན་ཏན་མང་ངོ་། །དམིགས་སྐོར་ལྔ་པ་སེམས་བསྐྱེད། སྐྱབས་འགྲོ་སོང་མ་ཐག་ཡོད་དགོས་པའི་གནད་བླ་མ་བསྟེན་ནས་བཀའ་བཞིན་སྒྲུབ་དགོས་པ་ལ། བསྒྲུབ་རྒྱུ་སྤང་བླང་གཉིས་སུ་འདུས། དེ་དག་མཐར་ཕྱིན་པ་ལ། དགེ་བ་རྒྱ་ཆེན་པོ་ཞིག་སྒྲུབ་དགོས་པས་དགེ་བ་རྒྱ་ཆེན་པོར་འགྱུར་བྱེད་ཀྱི་ཐབས་ནི་སེམས་བསྐྱེད་ཡིན། དེས་ན་དེ་སྒྲུབ་པ་པོའི་རྟེན་དང་སྒྲུབ་རྒྱུའི་དགེ་བ་ཆེ་ཆུང་གིས་མ་ཡིན་ཞིང་བསམ་པ་ཀུན་སློང་རྒྱ་ཆེ་ཆུང་དབང་གིས་ཡིན། རང་རེས་དབང་ཞིག་ཞུས་ནས་ཡི་དམ་སོགས་མང་པོ་ལ་བརྩོན་པ་མདོ་སྔགས་ཀྱི་ཉམས་ལེན་ཁ་ཚང་ལྟ་བུར་འདུག་རུང་། མཐོ་རིས་ཀྱི་རྒྱུ་ཙམ་མམ། རང་ཉིད་ཐར་འདོད་ཙམ་ལས་མེད་ན་ཐེག་ཆེན་གྱི་དྲི་མི་བྲོ་བས། ཟན་གོང་གཅིག་སྟེར་བ་ཡན་ཆད་ལ་རང་འདོད་སྐད་ཅིག་ཙམ་མེད་པའི་བསམ་པ་འདི་འདྲ་བསམ་ན་ཐམས་ཅད་མཁྱེན་པའི་རྒྱུར་འགྲོ། སེམས་ཅན་གྱི་དོན་དུ་རང་ཉིད་སངས་རྒྱས་སྒྲུབ་པ་འདི་རང་དོན་འདྲ་ཞིག་ཡོད་ཀྱང་། དོན་ལ་རང་ངོས་ནས་སེམས་ཅན་གཅིག་གི་སྡུག་བསྔལ་བསལ་བ་ལ་མནར་མེད་དུ་བསྐལ་མང་གནས་དགོས་ཀྱང་སྤྲོ་བས་འཇུག་ནུས་པ་ལ་གཞན་ངོས་ནས་ཤིན་ཏུ་རིངས་པར་སངས་རྒྱས་འདོད་པ་ཞིག་


MLP014_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ་སངས་རྒྱས་ཐོབ་ན་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བྱེ་བྲག་སྐད་ཅིག་ལ་མཁྱེན། དེ་འདུལ་བའི་ཐབས་མཁྱེན། དེ་དུས་ལས་མི་ཡོལ་བར་འཇུག་ནུས་པའི་ཕྱིར། སེམས་ཅན་ལ་མཐའ་མེད་པས་ཁ་མི་བྲི་བ་ལྟར་སྣང་ཡང་སངས་རྒྱས་རྣམས་ཀྱིས་སྤྱན་འབྱེད་བཙུམ་གཅིག་གི་ཡུན་ལའང་སེམས་ཅན་གྲངས་མེད་ཐར་ལམ་ལ་བཀོད་པ་ངེས་དོན་གྱི་སྡེ་སྣོད་དུ་མར་གསུངས་པ་ལྟ་བུའི་གཞན་དོན་ནི་རྒྱུན་མཐའི་སེམས་དཔས་ཀྱང་མི་ནུས་པ་རྒྱ་མཚོ་དང་བ་གླང་གི་རྨིག་རྗེས་ཀྱི་ཆུ་ཙམ་དུ་ཁྱད་ཡོད་པའི་ཕྱིར་བྱང་ཆུབ་ཆེན་པོ་སྒྲུབ་དགོས་ཤིང་། དེ་ལ་ཐོག་མར་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེ་བ་གལ་ཆེ། འདི་མ་སྐྱེས་པའི་དགེ་བ་རྒྱ་ཆེན་ལོ་ཟླ་མང་པོ་སྒྲུབ་པ་ལས་འདི་དང་ལྡན་པའི་དགེ་བ་སྐད་ཅིག་ཙམ་སྒྲུབ་པ་རྒྱ་ཆེ་ཞིང་། སེམས་ཅན་དམན་པ་སུའི་རྒྱུད་ལ་སེམས་འདི་སྐྱེས་ཀྱང་ཁམས་གསུམ་གྱི་མཆོད་གནས་སུ་འགྱུར་ལ། དེ་འདྲའི་སེམས་ཅན་ངོས་བཟུང་ན། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ནི་སྨོན་སེམས། དེའི་ཆེད་དུ་དགེ་བ་རྒྱ་ཆེར་སྒྲུབ་པ་ལ་འཇུག་འདོད་ནི་འཇུག་སེམས། དེ་ཡང་དམིགས་ཡུལ་སེམས་ཅན་ཚད་མེད་ལ་དམིགས་པས་ཡུལ་གྱི་སྒོ་ནས་དང་། སྐྱོན་ཟད་ཡོན་ཏན་ཀུན་རྫོགས་སངས་རྒྱས་ཀྱི་ཤེས་རབ་ཕུང་པོ་ལྟ་བུ་གཅིག་ལའང་ཚད་བཟུང་དུ་མེད་པས་ཐོབ་བྱའི་སྒོ་ནས་སེམས་འདི་རྒྱ་ཆེ་བ་ཡིན། དེ་རང་རྒྱུད་ལ་མ་སྐྱེས་པ་སྐྱེ་བའི་རྒྱུ་དང་། སྐྱེས་པ་གོང་འཕེལ་དུ་འགྲོ་བའི་བོག་འདོན་གཉིས་ཀ་ཚད་མེད་བཞི་ལ་བློ་སྦྱོང་དགོས་པས། དང་པོ་སྦྱང་ལུགས། ཚད་མེད་ཅེས་གསུངས་པས་ཕ་མ་ལྟ་བུ་རིས་ཆད་མ་ཡིན་པར་སེམས་ཅན་ཐམས་ཅད་ལ་དགྲ་གཉེན་རིས་སུ་མ་ཆད་པ་སེམས་སྙོམས་དགོས། རྒྱུ་མཚན་རང་ངོས་ནས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཐམས་ཅད་མཉམ། རང་ངོས་ནས་སྤྱིར་དགྲ་གཉེན་བར་མ་ཡོད་པ་ལྟར་སྣང་ཡང་། བརྟགས་ན་ཚེ་སྔ་ཕྱི་ཙམ་མ་ཟད། ལོ་ཟླའི་སྟོད་སྨད་ལའང་དགྲས་གཉེན། གཉེན་གྱིས་དགྲ་བྱེད་པ་སོགས་བློས་འཛིན་ཚུལ་ཙམ་མ་གཏོགས་དོན་ལ་ངེས་པ་མེད་ཐག་ཆོད་ནའང་། ད་དུང་མི་འདི་ནི་དགྲ་འདི་ནི་གཉེན་ཞེས་བཟང་མདོག་བྱས་པས་


MLP014_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྡང་སོགས་ལས་ངན་བསོགས་པའི་སྐྱོན་མ་གཏོགས་དགོས་པ་མེད་ངེས་ཡིན་པས་ཐམས་ཅད་ལ་མཉམ་པའི་བློ་ཨི་སྐྱེ་བལྟ། དང་པོ་བར་མ་ཞིག་ལ་བློ་སྦྱོང་ན་སྐྱེས་སླ། མཐར་སེམས་ཅན་ཐམས་ཅད་ལ་བློ་སྦྱོང་ནས་ཚད་མེད་ཕྱི་མ་གསུམ་ལ་གོ་རིམ་མཐའ་གཅིག་ཏུ་མ་ངེས། བདེ་བ་དང་མི་ལྡན་པའི་སེམས་ཅན་ལ་དམིགས་ནས་བདེ་བ་རྒྱུ་འབྲས་དང་ལྡན་ན་སྙམ་པ་བྱམས་པ། སྡུག་བསྔལ་ཅན་རྣམས་སྡུག་བསྔལ་རྒྱུ་འབྲས་དང་འབྲལ་འདོད་སྙིང་རྗེ། ད་ལྟར་བདེ་བ་རྒྱུ་འབྲས་ལ་སྤྱད་དུ་ཡོད་པ་ལ་དམིགས་ནས་དགའ་བ་བསྒོམས། སྒོམ་ལུགས་ད་ལྟའི་མ་འདི་རང་ལ་ཆེས་ཡིད་དུ་འོང་ཞིང་བློ་འདི་དག་ངམ་ངམ་ཤུགས་ཀྱིས་འབྱུང་བས་སེམས་ཅན་ཐམས་ཅད་ལའང་རང་གི་མ་ཡིན་པ་དང་། དེ་དག་དྲིན་ཆེ་བ་དང་། དྲིན་ལན་བསབ་དགོས་པར་བསམ་ན་ཚད་མེད་སྐྱེས་སླ། མ་ཡིན་ཚུལ་ཤེས་པ་ལ། རང་གི་སྐྱེ་བ་ལ་ཐོག་མ་མེད་པས་གྲངས་མ་མཆིས། དེ་དག་གི་སྐྱེ་བ་ཕལ་ཆེ་བ་མངལ་སྒོང་ཡིན་པས་ཕ་མ་ལ་བརྟེན། ཕ་མ་གཅིག་ཁོ་ན་ལན་གྲངས་བརྒྱུད་ནས་བྱེད་མི་ཤེས་པས་ཕ་མ་ལ་གྲངས་བཟུང་དུ་མེད་པ་ཤེས་དགོས། འདི་ལ་ཡིད་མི་ཆེས་པ་སྐྱེ་བ་འདིའི་ཕ་མ་ནི་འདིའོ་ཞེས་རང་ཅག་གིས་མ་གོ་བས་ཡིན་མོད། ཕ་མ་ཙམ་མ་ཟད་སེམས་ཅན་གཅིག་གི་ཁམས་དབང་བསམ་པ་ཅིག་ཆར་ཐམས་ཅད་མཁྱེན་པ་དེས་ལན་དུ་མར་སྡེ་སྣོད་རྣམས་སུ་གསུངས་པ་ལ་ཡིད་ཆེས་བསྐྱེད། རང་མགོ་རང་གཡོགས་ཀྱིས་ཐེག་ཆེན་པར་འགྱུར་དཀའ་བས་འདི་དག་ཞིབ་ཏུ་སྦྱངས་ནས་བསམ། དྲིན་དྲན་པ། བུའི་ཆེད་དུ་ཁྲེལ་སྡིག་གཏམ་ངན་ལ་མ་འཛེམ་པར་ཟས་གོས་ནོར་རང་གིས་སྤྱད་མི་བྲ་བ་དག་ཀྱང་བུ་རྒྱུད་ཀྱི་ལག་པར་སྟེར་བ་ལ་ཕངས་སེམས་སྤུ་ཙམ་མི་བྱེད་དེ་ད་དུང་འདི་ལས་ཆེ་བ་ཞིག་རྙེད་ཀྱང་སྟེར་སྙམ་པ་དང་། གཅན་ཟན་གདུག་པ་ཅན་གྱི་རིགས་ཡིན་ཀྱང་རང་གི་ཤེས་ནུས་ཅི་ཡོད་ཀྱིས་ཕན་མ་བཏགས་པ་གཅིག་ཀྱང་མེད། དྲིན་གཟོ་བ། དྲིན་ལན་མ་སོད་ན་ཆོས་སུ་མ་ཟད་འཇིག་རྟེན་ན་ཡ་རབ་ཀྱི་ལུགས་ཙམ་ཡང་མི་འགྱུར། དྲིན་གསོ་ལུགས་ཀྱང་། སྡིག་ཟས་ཀྱིས་མཚོར་འཇུག་པ། ཕ་མའི་ཆེད་དུ་རང་གི་ཆོས་སྐལ་བཅད་པ་སོགས་ཀྱི་དྲིན་ལན་ལོག་འཇལ་ལག་སྦྲེལ་གཡང་མཆོང་དང་


MLP014_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། སྟོན་པ་ཉན་ཐོས་ཀྱི་འཁོར་དང་བཅས་པ་སུམ་ཅུ་རྩ་གསུམ་ན་དབྱར་ཟླ་གསུམ་དུ་ཆོས་གསུངས་པ་མ་ལ་དྲིན་ལན་བསབས་པ་ཁོ་ནའི་ཆེད་ཡིན་པས། འཁོར་བའི་བདེ་བས་ཕན་ཐོགས་ན་བཅོམ་ལྡན་འདས་རྒྱལ་སྲིད་བཟུང་ནས་ཕ་མ་བསྐྱང་རིགས་ཀྱི་རབ་ཏུ་བྱུང་མི་རིགས། དེས་ན་ཕར་ལ་ཡང་ཤེས་ནུས་ཅི་ཡོད་ཀྱིས་ཕན་བཏགས་དགོས་དུས། ད་ལྟར་ལུས་རྟེན་དང་སེམས་རྟེན་གཉིས་ཀ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ནུས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ནས་ཡོད་པའི་སྐབས་འདིར་ཕན་བྱེད་ཀྱི་ཐབས་མཆོག་ཏུ་གྱུར་པ་སྒྲུབ་ན་ལེགས། དེ་ཡང་ཆོས་སྒྲུབ་ཙམ་ནས་ཟས་གོས་སྟེར་བ་ལྟ་བུ་དངོས་སུ་ཕན་མི་ནུས་ཀྱང་། ཕ་མ་ལ་འབྲེལ་ཤིན་ཏུ་ཆེ་བའི་ཕྱིར་སངས་རྒྱས་ཐོབ་པ་ན་འབྲེལ་གང་ཆེ་སྔོན་དུ་གདུལ་བྱར་འགྱུར་བ་ཡིན། དེ་ལྟར་སྦྱངས་པས་སེམས་ཅན་རྣམས་གཅེས་པ་ལ་འཕང་པའི་རྣམ་པ་ཅན་དུ་མཐོང་བའི་ཡིད་འོང་བྱམས་པ་རྒྱུད་ལ་སྐྱེས་པ་དེའི་ཚེ་བྱམས་སྙིང་སོགས་ལ་བློ་སྦྱོངས་དགོས། དེའི་ཚུལ་ཡང་། ཕན་བྱེད་བདེ་བ་རྒྱུ་འབྲས། གནོད་བྱེད་སྡུག་བསྔལ་རྒྱུ་འབྲས་ཡིན་པས་བདེ་བ་དང་ལྡན་འདོད། སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་དང་། དེའི་ཐབས་རང་གིས་བྱ་བསམ་པའི་འདུན་པ་ནི་བྱམས་སྙིང་རྗེ་གཉིས་ཡིན་པས་དགྲ་གཉེན་གང་རུང་གི་སེམས་བྱེ་བྲག་པ་དམིགས་ཡུལ་ཟུར་དུ་བཀར་ནས། མི་དགེ་བ་བཅུ་སོགས་དང་འབྲས་བུ་མནར་མེད་ནས་ཤེས་སྒྲིབ་ཕྲ་བ་དང་། ཡིད་འདུས་བར་སྡུག་བསྔལ་རྒྱུ་འབྲས་ཕྲ་རགས་དང་། དགེ་བ་ཕྲ་མོ་དང་། ཡིད་བདེ་ཙམ་ནས་ཟག་མེད་ཀྱི་དགེ་བ་དང་། སངས་རྒྱས་ཀྱི་བདེ་བའི་བར་བདེ་བ་རྒྱུ་འབྲས་ཕྲ་རགས་རྣམས་འདི་དང་འདི་ཞེས་ངོས་བཟུང་བའི་སྒོ་ནས་བསྒོམ། དེ་བསྒོམ་པས། དང་པོ་འདུན་པ་ཙམ་རེ་འབྱུང་། དེ་ནས་ཉེས་བྲལ་ལེགས་འབྱུང་དེ་བདག་གིས་བྱའོ་སྙམ་པ་དང་། མཐར་གཞན་ལ་མི་ལྟོས་རང་ཉིད་གཅིག་པུས་སྒྲུབ་སྙམ་པའི་བློ་བཅོས་མིན་སྐྱེས་འོང་དེ་ལ་ནི་ལྷག་བསམ་ཟེར། བློ་དེ་འབྱོངས་ཚེ་དེ་འདྲའི་ནུས་པ་ད་ལྟ་རང་ལ་མེད་པ་དང་། སངས་རྒྱས་ལ་ཡོད་པར་མཐོང་ནས་གཞན་དོན་སངས་རྒྱས་ཐོབ་འདོད་ཀྱི་སྨོན་སེམས་བསྐྱེད། དེའང་རྒྱུ་མེད་རྐྱེན་མེད་ལས་མི་སྐྱེ་ཞིང་། བསགས་


MLP014_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་རྒྱ་ཆེན་པོ་ལ་འཇུག་དགོས་པར་ཤེས་པས་འཇུག་སེམས་བསྐྱེད། སྔར་སྐྱབས་ཡུལ་མ་བསྡུས་པ་འམ་བསྡུས་ཀྱང་སེམས་བསྐྱེད་ཀྱི་དཔང་པོ་སྐྱབས་ཡུལ་ལྟར་གསལ་ནས་སེམས་དེ་གཉིས་ལ་བསླབ་ཅེས་དམ་བཅའ་བ་ནི་སྡོམ་བཟུང་དང་བྱང་ཆུབ་ཀྱི་སེམས་ཆོ་གས་བཟུང་བ་ཡིན། སེམས་བསྐྱེད་འདི་ནི་ཡིད་འཁུལ་བ་གལ་ཆེ་ཕྱིར་བློ་༼སྦྱང་༽བ་ལས་འདོན་པ་གྲངས་གསོག་པ་གལ་ཆུང་། ཇོ་བོའི་རྣམ་ཐར་ལས་བླ་མ་གསེར་གླིང་པའི་བསྟོད་བསྔགས་གསུངས་པ་ལྟར་རང་རེ་རྣམས་ཀྱི་རྒྱུད་ལ་དང་པོ་ནས་མཐོན་པོ་མ་སྐྱེ་མ་ཐུབ་ཀྱང་། ཆོས་ཀྱི་རྩ་བ་བསམ་པ་བཟང་པོ་ཡིན། ཆོས་ཀྱི་འཇུག་སྒོ་རྣམ་དག་ཐོས་པ་ཡིན། སོགས་ལྟར་བསམ་པ་བཟང་པོ་སྣ་རེ་སྐྱེ་བ་གལ་ཆེ། དེ་ལའང་རྒྱ་ཆེ་ཆུང་མང་བས། ཁྱིམ་དང་གྲོགས་སོགས་རིས་སུ་ཆད་པའི་བསམ་བཟང་ནི་ཆགས་སྡང་ཡིན་པས། སྙིང་རྗེ་དང་ཆགས་པ། དད་པ་དང་དགའ་བ་རྣམས་བློའི་རྣམ་པ་ཙམ་འདྲ་བས་ནོར་པས་ཆེ། བསམ་པ་བཟང་པོ་སྣ་གཅིག་མ་སྐྱེས་བཞིན་བྱང་སེམས་དུ་ཁས་འཆེ་བ་ནི་ཕོ་ཤེད་ཀྱི་བྱང་ཆུབ་སེམས་དཔའ་ཡིན། བྱང་ཆུབ་སེམས་རྒྱུད་ལ་སྐྱེས་པའི་རྗེས་ཚད་མེད་བཞི་ལ་བློ་སྦྱོང་ན་གོང་འཕེལ་དུ་འགྲོ་བས་བདེ་སྡུག་གཏོང་ལེན་ལ་བསླབ། འདི་ལ་བྱམས་དང་སྙིང་རྗེའི་ཉམས་ལེན་གྱི་གནད་ཚང་བ་ཡིན་ལ། དེའི་ཚུལ། འཇིག་རྟེན་འདིར་སྡིག་དང་སྡུག་བསྔལ་སོགས་མི་ཉན་སྣ་དགུ་ཐམས་ཅད་ང་ཞེས་བདག་གཅེས་པར་འཛིན་པའི་བློ་ལས་འབྱུང་། བདེ་སོགས་ལེགས་དགུ་ཐམས་ཅད་སེམས་ཅན་གཅེས་པར་འཛིན་པ་ལས་འབྱུང་བ་ནི། སྟོན་པ་སངས་རྒྱས་ཐོག་མར་རང་རེ་རྣམས་དང་ཁྱད་མེད་པ་ལ་རང་ཅག་གིས་རང་གཅེས་འཛིན་དོར་མ་ཐུབ་པས་ད་དུང་འཁོར་བ་ལས་མ་ཐར་ཞིང་སྡུག་བསྔལ། སྟོན་པས་རང་ཡལ་བར་དོར་ཏེ་སེམས་ཅན་གཅེས་འཛིན་ལ་བསླབ་པས་ཐམས་ཅད་ཀྱི་སྐྱབས་གནས་སུ་གྱུར་པ་ཡིན། རང་རེས་གཅེས་འཛིན་བྱས་པའི་ཡུན་ཙམ་དུ་སེམས་ཅན་ལ་སྤོ་ཐུབ་ན་གནའ་སྔ་ནས་སངས་རྒྱས་ཚར་ངེས། དེ་འདྲའི་ཕན་ཉེས་ལ་བསམ་ནས་བློ་སྦྱོང་དགོས། གཏོང་ལེན་དབུགས་འཇུག་དང་སྦྱར་བ་འདི་བྱམས་པ་སྙིང་རྗེ་སོ་སོར་མྱོང་བ་ཐོན་ནས་གོམས་པས་དབུགས་ཐེངས་རེ་ལ་ཉམས་


MLP014_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ཚར་རེ་འགྲོ་བའི་ཆེད་ཡིན་པས། ལས་དང་པོ་པས་མོས་པ་ཙམ་ཡིན། དེའི་ཚུལ་དབུགས་ཕར་གཏོང་དུས་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་བཅས་དབུགས་དང་འགྲོགས་ནས་སེམས་ཅན་ཐམས་ཅད་ལ་ཕོག །རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་བདེན་མཐུས་སེམས་ཅན་རེ་རེ་བཞིན་བདེ་བ་རྒྱུ་འབྲས་གང་དང་གང་གིས་ཕོངས་པ་དག་ཟག་བཅས་ཟག་མེད་ཀྱི་བདེ་བ་མཐའ་ཡས་ཐོབ་པར་བསམ། ཚུར་རྔུབ་དུས། སྡུག་བསྔལ་ཕྲ་རགས་རྒྱུ་འབྲས་དང་བཅས་པ་རང་ལ་ཐིམ་པས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་སོང་སྙམ་པའི་དགའ་བ་བསྒོམ་སྦྲག་མ་ལན་ཉེར་གཅིག་ཡན་ཆད་ཅི་ལྕོག་བྱ། མཐར་མི་དམིགས་པར་བཞག །ཐུན་མཚམས་རྫོགས་བྱང་ཐོབ་འདོད་ཀྱི་བློ་དང་མི་འབྲལ་ཞིང་། སེམས་ཅན་གང་མཐོང་དམིགས་ཡུལ་བཟུང་བའི་བྱམས་སྙིང་རྗེ་བསྒོམ། གསོག་པ་སྡིག་ཕྱོགས་སུ་གཏོགས་པ་སོགས་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་རྣམས་ལ་ལྷག་པར་བློ་སྦྱོང་། བདེ་བ་སྣ་གཅིག་ཡོད་པ་ལ་དགའ་བ་བསྒོམ་པ་སོགས་མི་བརྗེད་པར་བྱ། ཐུན་རེའམ་ཉིན་རེ་བཞིན་སྤང་བླང་གནད་སོང་མ་སོང་བརྟག །བསླབ་བྱ་ཡང་རྩ་བའི་བསླབ་བྱ་མ་ཉེས་ན་ཉེས་པ་གཞན་ཁེག་སླ་བས། སྨོན་སེམས་དངོས་སུ་བཏང་བའམ། སེམས་ཅན་གང་རུང་བློས་བཏང་བ་སྤང་། ཁམས་གསུམ་གྱི་སེམས་ཅན་དུས་གཅིག་དུ་བསད་པ་ལས་སྨོན་སེམས་བཏང་བའི་ཉེས་པ་ལྕི་བ་གསུངས་པས་གཟབ། སྤྱོད་པའི་གཙོ་བོ་ཕྱིན་དྲུག་ཉམས་ལེན་བྱ་བ་སྟེ། དེ་ཡང་རྫོགས་བྱང་གི་རྒྱུར་འགྲོ་བའི་དགེ་བ་གང་བྱས་ལ་ཕྱིན་དྲུག་ཚང་དགོས། ཕྱག་འཚལ་བ་ལྟ་བུ་ལ་མཚོན་ན། མཇུག་གི་བསྔོ་བ་དང་། བླ་མས་གསུངས་པ་ལྟར་བསྒྲུབ་པ་བཀའ་བཞིན་སྒྲུབ་པའི་མཆོད་པ་སྟེ་སྦྱིན་པའི་མཆོག །བསམ་སྦྱོར་གཉིས་ཀར་ལོག་པའི་སྐྱོན་རྣམས་སྤོང་བའི་སེམས་པ། དཀའ་ཚེགས་འདི་དོན་དང་ལྡན་ནོ་སྙམ་དུ་མི་བཟོད་པ་སྤང་བ་སྤྲོ་བཞིན་པས་འཇུག་པ། དཀོན་མཆོག་གི་ཡོན་ཏན་སྙིང་ནས་དྲན་པ་ལ་སེམས་རྩེ་གཅིག་ཏུ་གཏད་ཅིང་ལུས་ངག་དེའི་རྗེས་སུ་འགྲོ་བ། དེ་དག་བདག་མེད་རྟོགས་པའི་ཤེས་རབ་འཁོར་གསུམ་རང་ངོས་ནས་མ་གྲུབ་ཀྱང་མེད་བཞིན་སྣང་བ་ལ་བློ་བཞག་པའམ། སྤང་བླང་གི་མཚམས་ཕྱེད་


MLP014_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཚོལ་བ་ཤེས་རབ་སྟེ། དེ་དག་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ན་ཕ་རོལ་ཕྱིན་དྲུག་མཚན་ཉིད་པ་ཡིན་པས། མ་ཎི་རྡོག་གཅིག་འདོན་པ་ཡན་ཆད་ལ་ཚང་དགོས། ཐུན་མིན་གྱི་སྔོན་འགྲོ། མདོ་དང་ཐུན་མིན་སྔོན་འགྲོ་ལ་གསུམ་ལས་དམིགས་སྐོར་དང་པོ་ནི། སྐྱབས་འགྲོའི་ཉམས་ལེན་བསགས་སྦྱང་གཉིས་སུ་འདུ་བའི་ཐོག་མར་སྒྲིབ་སྦྱང་གཙོ་ཆེ་སྟེ། རང་གི་སེམས་འདི་ཚེ་འདི་སྣང་ཕྱོགས་ལ་བསྐོར་ན། ཤེས་སླ་འགྲུབ་སླ། དཀའ་ཚེགས་མེད་ཅིང་། དགེ་བའི་ཕྱོགས་ལ་བསྐོར་ན་ཆོས་ལན་བརྒྱར་ཞུས་ཀྱང་གོ་ལོ་ཐོས་ལོ་ཙམ་ལས། ཉན་ན་མི་གོ །བསམ་ན་མི་ཤེས། བསྒྲུབ་ན་མི་འགྲུབ་པ་འདི་ཚོ་སྒྲིབ་པ་ཆེ་བའི་སྐྱོན་ཡིན་པས། དེ་སྦྱོང་དགོས། བཅུད་བླུག་པ་ལ་སྣོད་བཀྲུ་བཤལ་དང་འདྲ། དེ་ལ་གསུམ་ལས་སྦྱང་བྱ་ལ་སྡིག་ལྟུང་སྒྲིབ་པ་གསུམ་ཡོད་པའི་སྡིག་པ་ནི་སུས་སྤྱད་ཀྱང་ངན་སོང་གི་རྒྱུར་འགྲོ་བ་མི་དགེ་བཅུ་ལྟ་བུ། ལྟུང་བ་སྡོམ་ལྡན་གྱིས་སྤྱད་ན་ཉེས་པར་འགྱུར་བ། ཕྱི་དྲོའི་ཁ་ཟས། ཆོས་གོས་འབྲལ་ལྟུང་ལྟ་བུ། བྱང་སྔགས་གཉིས་ཀྱང་དེས་འགྲེས། སྒྲིབ་པ་ལ་གཉིས། གཙོ་བོ་ཐར་པ་ལ་བར་དུ་གཅོད་པའི་གེགས་ཉོན་སྒྲིབ། རྩ་བ་བདག་འཛིན་དང་དེ་ལས་བྱུང་བའི་རྩ་ཉོན་དང་ཉེ་ཉོན་ལྟ་བུ། གཙོ་བོ་ཐམས་ཅད་མཁྱེན་པ་ལ་གེགས་བྱེད་ཤེས་སྒྲིབ་གཟུང་འཛིན་གཉིས་སུ་སྣང་བ་དང་། གཉིས་སུ་འཛིན་པའི་རྟོག་པ་ཐམས་ཅད་དང་། དེ་དག་ཕྲ་རགས་ས་བོན་དང་བཅས་པ། སྦྱོང་བྱེད་ཀྱི་གཉེན་པོའི་ཐབས། སྟོབས་བཞིའི་བཤགས་སྡོམ་ལ་འདུ་བས་དང་པོ་གསུམ་སྔར་བྱས་ཀྱི་ཉེས་ལྟུང་དག་བྱེད་དང་། བཞི་པ། ཕྱིན་ཆད་ཉེས་པས་མི་གོས་པའི་ཐབས། དེ་ལས་ཀྱང་། དང་པོས་སྡིག་པའི་འཕེལ་སྐྱེད་བཅད་ཅིང་མགོ་སྨད། ཕྱི་མ་གཉིས་ཀྱིས་ཉེས་ལྟུང་དངོས་རྩར་ནས་འདག་པར་བྱེད། རྟེན་སྟོབས་གཉེན་པོ་ཀུན་སྤྱོད་ནང་འདུས་ཀྱང་ཟུར་དུ་བགྲང་བའི་དགོས་པ་འདི་མེད་ན་བྱིན་རླབས་མཐུ་ནུས་ཆུང་ཞིང་ཡོད་ན་གཉེན་པོ་སྟོབས་ལྡན་དུ་བྱེད་པ་ཡིན། སྟོབས་བཞི་ནི། སུན་འབྱིན་པའི་སྟོབས་ནི། ཐོག་མེད་ནས་བསགས་པའི་ཉེས་པ་གྲངས་མེད་ཅིང་ཚེ་འདིར་ཡང་བརྩི་མི་ཤེས་པ་ཞིག་བསགས་ཚར་བས་སྡིག་ལྟུང་སྣ་གཅིག་ལ་སྤྱད་པའི་འབྲས་བུ་ལ་བསམ་ན་ངན་སོང་


MLP014_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མེད་དུ་སྐྱེ་བའི་རྒྱུ་ཤ་སྟག་ཡིན་པ། ཀླུ་ཨེ་ལའི་འདབ་མ་ཅན་གྱི་གཏམ་རྒྱུད་ལྟ་བུའོ། །དེ་འདྲའི་ཉེས་པ་རྣམས་རྐྱེན་དང་སྟབས་ལེགས་ཉེས་ཀྱིས་སྒྲུབ་རྒྱུར་མ་སོང་ན་ལེགས། དེ་མིན་མ་བྱས་པ་སྣ་གཅིག་མེད་པ་འདི་མ་རུང་སྙམས་པའི་འགྱོད་པ་ཤུག་དྲག་བསྐྱེད་པ། རྟེན་གྱི་སྟོབས། སྐྱབས་སེམས་གཉིས་ཏེ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཉེས་ལྟུང་དག་པའི་སྐྱབས་བླ་མ་རྡོར་སེམས་དབྱེར་མེད་ལ་ཞུ་བ་དང་དགེ་རྩ་རྒྱ་ཆེར་གཏོང་བྱེད་སེམས་བསྐྱེད་ཀྱིས་ཟིན་པ་གཉེན་པོ་ཀུན་སྤྱོད་ཀྱི་སྟོབས། སྤྱི་བོར་རྡོར་སེམས་སྔགས་ཕྲེང་དང་བཅས་པ་གསལ་བཏབ། ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་མཐར་བདུད་རྩི་འབེབས་སྦྱོང་བྱ་བ། ཕྱིན་ཆད་སྡོམ་པའི་སྟོབས། འདི་མེད་ན་སྔར་བྱས་དག་ཀྱང་ཕྱིས་འབྱུང་ཉེ་བས་ད་ནི་ཉེས་པ་ལ་ཉེས་པ་མཐོང་བས་རགས་པ་དངོས་སུ་སྤྱད་པ་ལྟ་ཞོག །ཕྲ་བ་ཀུན་སློང་ཙམ་ཡང་མི་སྐྱེ་སྙམ་པའི་ཁ་ཙམ་མ་ཡིན་པའི་དམ་བཅའ་བརྟན་པོ་འགྱུར་ལྡོག་མེད་པ་ཞིག་བཟུང་བ་དེ་ལ་ཟེར། སྒྲིབ་སྦྱོང་སྡིག་ལྟུང་གི་གཉེན་པོར་འགྲོ་བའི་རེ་བ་ཡོད་ན་འདི་བཞི་མ་ཚང་ཐབས་མེད་ཡིན། སྦྱོང་ཚུལ་བསྒོམ་བཟླས། གདན་ཡན་ཆད་ལ་མཚོན་དོན་མེད་ན་བསྐྱེད་རིམ་གྱི་དྲི་མི་བྲོ་བས་སྤྱི་ལྟར་ལ། ཁྱད་པར། ཆོས་སྐུ་མཚོན་བྱེད་ཞལ་གཅིག །ཐབས་ཤེས་ཀྱི་ཕྱག་གཉིས། དེའི་རང་རྟགས་རྡོར་དྲིལ། ཞབས་གཡས་ཅུང་ཟད་བརྐྱང་པ་སེམས་སྐྱིལ། བླ་མའི་ཐུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡུམ་གྱི་རྣམ་པར་ཤར་བ་སྙེམས་མ་དཀར་མོ། སྲིད་རྩ་གཅོད་བྱེད་གཡས་གྲི་གུག །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བྱེད་གཡོན་ཐོད་པ་བདུད་རྩི། སྙིང་ཁའི་རྡོ་རྗེ་ནས་ཙམ་དང་། ཧཱུྃ་ཡིག་ཡུངས་འབྲུ་ཙམ་གསུངས་ཀྱང་གསལ་ཅི་ཐེབས་དེ་ཉིད་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་མཚོན། ཡིག་བརྒྱ་སྦྲུལ་འཁྱིལ་ལྟར་གཡོན་བསྐོར་དུ་བཀོད་པ་རང་སྒྲ་བཅས། འབེབས་སྦྱང་སྔགས་བརྒྱ་སྐོར་རེའམ་ཐུན་མཐར་མགོ་མཇུག་མཉམ་དུ་དལ་བར་གཡས་སུ་འཁོར་ཞིང་། མཐར་མྱུར་དུ་འཁོར་བས་ངོ་བོ་ཐུགས་རྗེའི་ཡེ་ཤེས་ལ་རྣམ་པ་བདུད་རྩིའི་ཆུ་རྒྱུན་འོད་ཟེར་གྱི་རྣམ་པར་འཕྲོས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཞུགས་པས་སྒྲིབ་སྦྱོང་གི་དམིགས་པ་བྱེད་བཞིན་


MLP014_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། མཐར་རང་ལ་བསྟིམ་ནས་སྦྱང་བྱའི་སྡིག་པ། སྦྱོང་བྱེད་རང་ཉིད། སྦྱོང་ཚུལ་གསུམ་མི་དམིགས་པར་བཞག །སྤྱིར་ཐུན་མཐའ་ཐམས་ཅད་དུ་མི་དམིགས་པར་བཞག་ཅེས་པ་སྔར་ཡོད་ཕྱིས་མེད་དུ་བསམ་པ་ལ་མི་གོ །ལྟ་བའི་རང་ས་ཟིན་ནས་མཉམ་པར་བཞག་པའི་ཚེ་རྟོག་པའི་དམིགས་པ་མེད་པ་ཟེར་དེ་འདྲའི་མཛུབ་མོ་འཛུགས་ས་རེ་ཡོད་ན་དེ་ལ་བཞགམེད་ན་རྗེས་སེམས་དངས་གསལ་མི་རྟོག་པའི་ངང་ལ་ཅི་གནས་རེ་བཞག་ན་དོན་དམ་རྟོགས་པའི་རྒྱུར་འགྲོ་ཞིང་། སེམས་ལས་སུ་རུང་བས་ཏིང་འཛིན་འགྲུབ་པའི་རྒྱུར་ཡང་འགྲོ་བ་ཡིན། ཐུན་མཚམས་སྤྱི་བོར་བླ་མ་བསྒོམ་བཞིན་པས་ཡིག་བརྒྱ་བཟླ་བའོ། །མཚན་འབུམ་རྒྱས་པའམ། བསྡུས་པ་གང་ལྕོག །སཙྪ་འདེབས་པ་སོགས་དགེ་བ་གང་བྱས་སྡིག་སྦྱོང་དུ་དམིགས་པ་ཐུན་དངོས་གཞིའི་བོག་འདོན་དུ་འགྲོ་བའི་ཐབས་ལ་འབད། དམིགས་སྐོར་གཉིས་པ་མཎྜལ། ཚོགས་བསོག་གི་སྒོ་ཁྱད་པར་ཅན་ཡིན་པས་འབུལ་ཡུལ་སྐྱབས་འགྲོའི་སྐབས་ལྟར་གསལ། སྒྲུབ་པའི་མཎྜལ་བཤམས་ན་ཚོམ་བུ་ལྔ་བཀོད་པ་དེར་དམིགས། མེད་ཀྱང་རུང་། མཎྜལ་གྱི་རྒྱུ་དང་། ཚོམ་བུ་རིན་ཆེན་སྨན་འབྲུ། དབྱར་ཁའི་མེ་ཏོག་སོགས་འབྱོར་བ་དང་བསྟུན། འབྲུ་སྨན་རིགས་གུར་གུམ། རྒ་སེར་ལྟ་བུ་ཚོན་གྱིས་བསྒྱུར། ལག་ཏུ་བཟུང་རྒྱུ་མ་འབྱོར་ན་ས་གཞི་བྱི་དོར་བྱས་པར་མེ་ཏོག་སོགས་བཀྲམ་པས་ཀྱང་དམིགས་རྟེན་རུང་། ཆག་ཆག་གི་རྒྱུ། བ་དམར་སེར་གྱི་མགྲིན་པར་དག་བྱེད་ཀྱི་རྫས་ཡོད་པར་གྲགས་པས་རི་མཐོ་ས་གཙང་གི་སྨན་རྩྭ་ཟོས་པའི་གཤང་གཅི་གཉིས། འོ་ཞོ་མར་དང་ལྔ་ལ་བ་བྱུང་དང་། ག་བུར་གུར་གུམ་སོགས་དྲི་བཟང་གི་རིགས་འདུ་བྱ། འབུལ་དུས་ཁ་ལག་དག་པར་དཀྲུས་ནས་མཎྜལ་ལག་གཡོན་གྱིས་བཟུང་བ། གཡས་པའི་མཁྲིག་མས་ཕྱི་བ་ནི་དེར་མངོན་ཤེས་འཆར་བའི་རྩ་ཡོད་པ་དག་ནས་ཁ་ཕྱེ་བས་མངོན་ཤེས་སོགས་ཡོན་ཏན་སྐྱེ་བའི་དགོས་པ་ཡོད། ཕྱི་དུས་ཆོས་ཀྱི་འགལ་རྐྱེན་སྤྱི་དང་ཁྱད་པར་སེམས་ཀྱི་གནས་ལུགས་བླ་མར་ངོ་སྤྲོད་ཀྱི་དོན་ལ་དོགས་པ་སྒྲིབ་བྱེད་ཀྱི་དྲི་མ་དག་པར་བསམ། དང་པོ་བ་བྱུང་དང་དེ་ནས་དྲི་བཟང་བྱུག །རྒྱས་པ་ཚོམ་བུ་སོ་བདུན། འབྲིང་ཉེར་གསུམ་ཆུང་བ་


MLP014_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་མ་ལས་འདིར་རྒྱས་བསྡུས་གཉིས་འབུལ་བའི་སྲོལ་ཡོད་པ། རི་རབ་ཀྱི་ངོས་དང་བང་རིམ་རྣམས་སུ་ལྷའི་གྲོང་ཁྱེར་འབྱོར་པ་དང་བཅས་པ་བསམ་ལས་འདས་པ། བྱང་གསེར། གླིང་བཞི་ཟླ་གམ། སོག་ཁ། ཟླུམ་པོ། གྲུ་བཞིའི་དབྱིབས། ལྷ་དང་མིའི་དཔལ་འབྱོར་སོགས་ཀྱི་སྐབས་ཚོམ་བུ་ཆེན་པོ་ཞིག་སྤུངས་དུས་སུམ་ཅུ་རྩ་གསུམ་གྱི་སྣོད་བཅུད་དང་མཚམས་རྣམས་སུ་ནོར་བུའི་རི། བདུད་རྩིའི་མཚོ། སྐྱེད་མོས་ཚལ་གྲངས་མེད་ཀྱིས་གཏམས་པ། དེ་དག་ད་ལྟར་དངོས་སུ་སྣང་བ་ལྟར་གྱི་སྣོད་བཅུད་ངན་པ་མ་ཡིན་པར་ལྷ་དང་མིའི་ཁྱད་པར་ས་དང་ནམ་མཁའ་ལ་གནས་པའི་ཁྱད་ཙམ་མ་གཏོགས་ལོངས་སྤྱོད་འབྱོར་བ་ལ་ཁྱད་མེད་ཅིང་བདེ་བ་ཅན་གྱི་སྣོད་བཅུད་ལྟ་བུས་གང་བར་བསམ་ཏེ་འབུལ། བསྡུས་པ་ལ། ཚོམ་བུ་བདུན་འགོད་པ་ཙམ་ལས་དམིགས་པ་ལ་རྒྱས་བསྡུས་མེད། དེ་དག་རྣམ་པ་ལྷ་མིའི་ཡོ་བྱད་ལ་ངོ་བོ་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྣམས་ཡིན་པ་ངེས་པར་བསམ་དགོས། མཆོད་པ་ཐམས་ཅད་ལས་མཆོག་ཡིན་པའི་གནད་འདི་ལ་ཕལ་པོ་ཆེ་ལས་གསུངས་པའི་བླ་ན་ཡོད་མེད་གཉིས་དང་། སྤྱོད་འཇུག་ལས་བསྟན་པའི་བདག་པོས་ཡོངས་སུ་བཟུང་མ་བཟུང་གཉིས། ལུས་འབུལ་བ། བསྟོད་པ་དབྱངས་ཀྱི་མཆོད་པ་སོགས་ཐམས་ཅད་ཚངས་བས་ཡིན། བླ་མེད་ཀྱི་མཆོད་པ་སྤྲོ་ཚུལ། ཚོགས་ཞིང་རེ་རེའི་མདུན་དུ་ཡང་ཞིང་ཁམས་ཀྱི་བཀོད་པ་གྲངས་མེད་སྤྲུལ་ནས་འབུལ་དགོས་པ་ཡིན། དེ་ནི་ཕྱི་སྤྲུལ་སྐུའི་མཎྜལ། ལོངས་སྐུའི་མཎྜལ་ནི། ཚངས་པ་རྔ་སྒྲ་ཞེས་མི་མཇེད་ཀྱི་འཇིག་རྟེན་དང་བདེ་བ་ཅན་ཟེར་བ་ལྟ་བུའི་ལོངས་སྐུའི་ཞིང་གི་མིང་ཡིན་ལ་མདོ་ལས་སྟོང་གསུམ་གྱི་གྲངས་རྒྱ་ཇེ་ཆེར་བརྩི་ཚུལ་མང་དུ་ཡོད། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་ཐུགས་ཡེ་ཤེས་རང་སྣང་གི་ཞིང་ཁམས་གཞལ་ཡས། སྟོན་འཁོར། མཆོད་སྤྲིན་འདོད་རྒུ་འབྱུང་བ་རྣམས་ཐིག་ལེ་ཐིན་ཕྲན་ཞེས་རྒྱུ་མིང་འབྲས་བཏགས་མཛད་པའི་དགོས་པ་ལམ་པའི་ཉམས་ལེན་གྱི་འོད་གསལ་གྱི་སྣང་ཆ་གོང་དུ་འཕེལ་ནས་དེ་དང་དེར་རྫོགས་པ་ལ་དགོངས། ཆོས་སྐུའི་མཎྜལ། དབྱིངས་ཀ་དག་སྟོང་པ་ཆེན་པོ་དང་། ཡེ་ཤེས་དྲི་བྲལ་གྱི་རིག་པ་ཟུང་དུ་འཇུག་པ་དེ་ཉིད་སྒྲིབ་པ་ཡེ་བྱང་། ཡོན་ཏན་ཡེ་ཆུབ། བེམ་སྟོང་


MLP014_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་མ་ཡིན་པས་སེམས་ཞེས་གསུངས། དེ་ལ་ཞིང་གི་མིང་འདོགས་པ་ནི་སངས་རྒྱས་ཐམས་ཅད་གཞུགས་གནས་ཀྱི་སྙིང་པོ་དེའི་ངང་ལས་དུས་གསུམ་ཆ་གཡོས་མི་གཡོ་གཡོ་བར་མི་འགྱུར་བའི་ཕྱིར་རོ། །འབུལ་ཚུལ་ཀ་དག་ཅེས་འཁོར་གསུམ་གྱི་དམིགས་པ་ཡེ་ནས་མ་གྲུབ་ཅིང་ལམ་པའི་གང་ཟག་གིས་གསར་དུ་རྩོལ་རྟོག་མེད་པར་ཡེ་དག་ཡེ་གྲོལ་གྱི་དགོངས་པ་ཀློང་གཅིག་ཏུ་མཉམ་པར་བཞག་པའི་སྒོ་ནས་འབུལ་བ། འདི་གསུམ་རེས་འཇོག་མ་ཡིན་པ་ནི་དཔལ་སྤྲུལ་རིན་པོ་ཆེས། སྣང་ཚུལ་སྤྲུལ་སྐུའི་མཎྜལ། གནས་ཚུལ་ལོངས་སྐུའི། ཁྱབ་བྱེད་ཆོས་སྐུའི་མཎྜལ་ཞེས་རྡོ་རྗེའི་གསུང་སྟེ། དང་པོ། སེམས་ཅན་སྤྱི་མཐུན་གྱི་སྣང་བ་ལྟར་གཙོར་བཟུང་ནས། རི་གླིང་སོགས་མང་པོར་སྤྲུལ་ནས་འབུལ། གཉིས་པ་དེ་དག་ལ་ལོངས་སྐུའི་བཀོད་པས་མ་ཁྱབ་པ་སྐྲའི་རྩེ་མོ་ཙམ་མེད་པས་སྣང་དུས་ནས་གར་ཡང་མ་སོང་། གཞི་གཅིག་ལ་འདུ་ཡང་གོ་ས་ན་མི་ཤོང་བའང་མེད་པའི་གནས་ཚུལ་ཤེས་ནས་དེ་འབུལ་བ་ཡིན། གསུམ་པ། ཁྱབ་བྱེད་ཅེས། རིག་པ་བྱང་ཆུབ་ཀྱི་སེམས་དེ་ཉིད་འཁོར་འདས་ཐམས་ཅད་ཀྱི་སྲོག་གམ་རང་བཞིན་ཡིན་པས་གནས་སྣང་གཉིས་ཀའི་ངོ་བོ་དབྱིངས་རིག་ཟུང་འཇུག་གི་ངང་ལས་ཅུང་ཟད་འདའ་མ་མྱོང་བས་དེའི་ཚུལ་རྟོགས་ནས་འབུལ་བའོ། །དེ་དག་ཀྱང་དཔེར་ན་ཆུ་གཅིག་ལ་མཐོང་ཚུལ་སྣ་ཚོགས་སྣང་ཡང་བདུད་རྩི་མཐོང་ཚེ་ཆུ་མེད། ཆུ་མཐོང་ཚེ་གཞན་ག་ཤེད་ན་སོང་བ་མིན་ཡང་རང་རང་གི་སྣང་ཚུལ་གོ་མ་འགགས་པ་ཡོད་ཆོག་པ་ལྟ་བུའོ། །སྤྱིར་མཎྜལ་འདི་ཞིང་སྦྱོང་གི་ཉམས་ལེན་ཡིན་པས། དང་པོ་སྤྲུལ་སྐུའི་མཎྜལ་ལ་བརྩོན་ན་སྒྲིབ་པ་དག་རིམ་བཞིན་དག་སྣང་ཇེ་འཕེལ་འགྲོ་བ། བླ་མ་གོང་མ་རྣམས་ཀྱིས་ཞིང་ཁམས་མང་པོ་གཟིགས་པའི་ལོ་རྒྱུས་བཞིན། དེ་ལ་མཎྜལ་སྐུ་གསུམ་གྱི་ཚུལ་དུ་ཕུལ་བས། མ་འོངས་པ་ན་སྐུ་གསུམ་གྱི་ཞིང་ལ་དབང་བའི་རྒྱུར་འགྲོ་བ་འོད་དཔག་མེད་པས་ལམ་དུས་སུ་ཞིང་སྦྱོང་མཛད་པ་ལྟ་བུ་ཡིན། མཐར་ཚོགས་ཞིང་བསྡུས་ནས་ཧཱུྃ་ཡིག་རྣམ་པ་རང་ལ་བསྟིམ་པ་ནི། ཧཱུྃ་ཡིག་དེ་བསྡུ་བའི་ཡི་གེ་ཡིན་པ་དང་། ཐུགས་ཀྱི་ས་བོན་ཡིན་པས་ཚོགས་ཞིང་གི་ཐུགས་རྒྱུད་ཀྱི་བྱིན་རླབས་རང་ལ་བསྡུ་བའི་དོན་ཡིན། ཐུན་མཚམས་ཚོགས་


MLP014_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ལ་གཙོ་བོར་བཟུང་། དེའི་སྒོ་ཤིན་ཏུ་མང་བས་མཆོད་པ་འབུལ་བ་སོགས་གང་ཡང་ཚོགས་ངན་གྱི་རྒྱུར་མི་འགྲོ་ཞིང་ཚོགས་རྫོགས་པའི་ཐབས་ལ་སྒོ་ཀུན་ནས་འབད། སྤྱི་སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་བ་ལའང་དགེ་རྩ་ཚད་མེད་པ་སྙིང་རྗེ་པད་དཀར་ལས་གསུངས་པས་ན། དཔེར་ན་ཞིང་ས་བཟང་པོ་ལོ་གཅིག་རྨོ་མ་གྲུབ་ན་བློ་འགྱོད་ཚར་བྱེད་དགོས་ནའང་གྱོང་ཆུང་ལ། ཚོགས་ཀྱི་ཞིང་ཡོད། ཚོགས་བསགས་པའི་སྒོ་ཚང་། ལུས་རྟེན་དང་ཡོ་བྱད་འཛོམ་པའི་དུས་འདིར་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་ལྟ་བུ་འབྱུང་བའི་ཞིང་ཁྱད་པར་ཅན་ལ་ཚོགས་བསགས་བྱེད་པའི་སྒོ་ནས་བེད་མ་ཆོད་ན་གྱོང་ཤིན་ཏུ་ཆེ་བ་ལ་གཟབ་དགོས་ཚོད་འདུག་རུང་། འབྲུག་པ་ཀུན་ལེགས་ཀྱིས་ཆུ་ཆེ་ཆུང་ལ་ལྷམ་ཕུད་ཚུལ་གྱི་ལོ་རྒྱུས་ལྟར་རང་རེའི་བསམ་སྤྱོད་ཐམས་ཅད་གོ་ལོག་ནས་དོན་ཆེ་ཆུང་ནོར་འདུག་པས། ཟས་གོས་ལ་བག་མེད་དུ་སྤྱོད་པ་ནི་ཁེ་ཆུང་ལ། ལུས་ལོངས་སྤྱོད་བསགས་སྦྱང་གིས་བེད་ཆོད་ན་སྙིང་པོ་མེད་པ་ལ་སྙིང་པོ་ལེན་པ་ཡིན་པས་ཆུད་ཟོས་སུ་མ་སོང་བ་ལ་གཟབ། དམིགས་སྐོར་གསུམ་པ་བླ་མའི་རྣལ་འབྱོར་ལ། ངག་འདོན་ལ་གསོལ་འདེབས་ཙམ་ལས་མ་གསུངས་ཀྱང་། བླ་རྣམ་བྱིན་རླབས་ཆར་འབེབས་འདི་ཐུགས་ཐིག་གི་ཆར་གཏོགས་ཡིན་པ་དང་། ལེའུ་བདུན་གྱི་རྟེན་བསྐྱེད་ལ་འགྲོ་བས་དེ་ལྟར་བཤད་པ་ལ། དེ་ལ་གོམ་དགོས་པའི་རྒྱུ་མཚན། སྒོམ་ཚུལ་དངོས་ལ་རྟེན་བསྐྱེད། མཆོད་པ། གསོལ་འདེབས། དབང་བཞི་ལེན་པ་དང་ལྔ་ལས། དང་པོ་རྒྱུ་མཚན་ནི། མཐའ་གཅིག་ཏུ་བླ་མའི་རྣལ་འབྱོར་ལ་བརྩོན་དགོས་པའི་རྒྱུ་མཚན། རང་རྒྱུད་ལ་མདོ་སྔགས་ཀྱི་ལམ་གང་བསྒོམས་ཀྱང་ལམ་གྱི་ཡོན་ཏན་དད་སོགས་ཆེ་ཆུང་ཅི་སྐྱེ་བ་ཐམས་ཅད་བླ་མའི་བྱིན་རླབས་སེམས་ལ་ཞུགས་པའི་མཐུ་ཉག་གཅིག་ཡིན་པ་དང་། ལམ་གང་ཡང་སེམས་ཀྱི་གནས་ལུགས་དྲི་མ་མེད་པ་དེ་དངོས་སམ་བརྒྱུད་ནས་རྟོགས་པའི་ཐབས་ཁོ་ན་ཡིན་པས། དེ་བཅོས་མ་མ་ཡིན་པ་རྟོགས་པ་ལ་བླ་མའི་ཐུགས་ཀྱི་དགོངས་པ་རང་ལ་འཕོ་ཐུབ་མི་ཐུབ་ལ་རགས་ལས་པའི་ཕྱིར་དང་། གཞན་


MLP014_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སེམས་ཅན་གྱི་རྒྱུད་ལ་དགེ་སེམས་སྐད་ཅིག་མ་སྐྱེ་བ་ཡན་ཆད་སངས་རྒྱས་ཀྱི་ཕྲིན་ལས་ཡིན་དགོས་ན། རྫིང་ཆུ་ཞིང་ལ་དྲང་བའི་ཡུར་བ་ལྟ་བུའི་མཚམས་སྦྱོར་ནི་བླ་མ་ཁོ་ན་ལ་ལྟོས་དགོས་པས་ཀྱང་ཡིན་ནོ། །དེ་ལ་བླ་མ་ལ་མ་བསྟེན་ཡང་དད་དང་སྙིང་རྗེ་སོགས་དགེ་སེམས་ཅན་ཡོད་པས་མ་ངེས་སོ་སྙམ་ན། དགེ་སྡིག་གང་ཡང་བག་ཆགས་གོམས་ཆེ་ཆུང་ལས་འབྱུང་བ་ལ་ཚེ་རབས་སྔ་མ་རྣམས་སུ་བླ་མ་རེ་ལ་བསྟེན་ནས་དེ་དང་དེ་ལ་གོམ་པའི་ཤུགས་ཡིན་པ་ཤེས་དགོས། ཁྱད་པར་གསང་སྔགས་ཀྱི་ལམ་སྤྱི་དང་ཡང་སྒོས་ཐེག་མཆོག་ཨ་ཏི་ཡོ་གའི་གནས་ལུགས་སེམས་ཀྱི་གནད་གསང་རྟོགས་པ་ལ་ནི་བླ་མ་ལ་མོས་གུས་སྦྱངས་པས་དོན་བརྒྱུད་དགོངས་པའི་བྱིན་རླབས་འཕོས་པ་ལས། གཞན་མཚན་ཉིད་ཀྱི་གྲལ་དུ་ལོ་མང་སྦྱང་པ། ཚེ་གཅིག་འདག་སྦྱར་གྱི་གླེན་སྒོམ། ཡི་དམ་གྱི་ལྷ་ལྟ་བུ་བསྒྲུབས་ནས་རྟོགས་ཐབས་མེད་པ་ནི་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་ལ་བལྟས་ན་ཤེས། སོ་སྐྱེས་ཐ་མལ་པ་དང་། ལམ་དུས་སུ་མ་ཟད་བྱང་ཆུབ་མངོན་བརྙེས་པས་ཀྱང་བརྟེན་ཚུལ་མཛད་པ་སྟེ། ལྷ་བསྐྱེད་རྗེས་དབང་ལྷས་དབང་བསྐུར་ནས་རིགས་བདག་གིས་དབུ་བརྒྱན་པས་ཀྱང་ཤེས་སོ། །གཉིས་པ་རྟེན་བསྐྱེད་ནི། རང་ཉིད་ཐ་མལ་དུ་གནས་པའི་ས་ཕྱོགས་བདེ་ཆེན་ཞིང་གི་བཀོད་པ་ལྟ་བུའི་དབུས་སུ། རང་གི་མདུན་གྱི་ནམ་མཁར་ངོ་བོ་ཡེ་ཤེས་ལྔ་ལ་རྣམ་པ་འོད་ལྔའི་གུར་ཁྱིམ་འཁྲིགས་པའི་ཀློང་། མི་འཇིགས་བཞི་ཐོབ་པའི་སེང་གེ་བརྒྱད་ཀྱིས་བཏེགས་པའི། འདོད་རྒུ་འབྱུང་བའི་རིན་ཆེན་ཁྲི་ལ། འཁོར་བའི་ཉེས་སྐྱོན་གྱིས་མ་གོས་པ་པདྨ། ཐབས་ཤེས་ཀྱི་ཉི་ཟླ་བརྩེགས་པའི་སྟེང་། ཆ་ལུགས་བླ་མ་དངོས་སམ་དེ་ཉིད་གུ་རུ་དང་དབྱེར་མེད་ཡིན་པའི་གནད་ཀྱིས་སློབ་དཔོན་ཆེན་པོ་བསྒོམ་པར་གསུངས། འཁོར་བའི་ཉེས་པས་མ་གོས་པ་མཚོན་བྱེད་སྐུ་མདོག་དཀར་ལ། སྙིང་རྗེས་སྲིད་པ་མི་གཏོང་བའི་ཆགས་པ་མཚོན་བྱེད་དམར་མདངས་ཆགས་པ༡། གཡས་གསེར་གྱི་རྡོ་རྗེ། གཡོན་བདུད་རྩིའི་ཐོད་པ། ༢གྲུ་གཡོན་ཁ་ཊཾ་རྩེ་གསུམ་མི་མགོ་གསུམ་སྣ་ཚོགས་རྡོ་རྗེས་ཁ་བཅད་པའི་བུམ་པ། དར་དཔྱང་། ཅང་ཏེའུ། དྲིལ་གཡེལ་བཅས༣། དབུ་ལ་ཤེའུའི་མཉེན་ཞུ་ཞེས་པད་ཞྭ་འདབ་མ་ལྔ་ལྡན་སྒྲོ་དར་


MLP014_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྱེད་པས་མཚན་པ་བཞི་གུ་རུའི་ཐུགས་རྒྱུད་ལ་བུམ་གསང་ཤེར་ཚིག་བཞི་ཡོངས་སུ་རྫོགས་པའི་བརྡ་དང་། རྗེས་འཇུག་གི་དོན་མཛད་ཚུལ་གྱི་དབང་དུ་ན། རྡོ་རྗེས་དངོས་གྲུབ་སྒྲུབ་པའི་བར་ཆད་སེལ། ཐོད་པས་བདེ་སྟོང་དབྱེར་མེད་ཀྱི་བྱིན་རླབས་སྩོལ་བ་མཚོན། ཟ་ཧོར་རྒྱལ་ཁམས་རྗེས་སུ་བཟུང་ཕྱིར་གསོལ་བའི་རྒྱལ་པོའི་ཆས་གསང་གོས་དཀར་པོ། འདུང་མ་དམར་པོ། སྔགས་ཀྱི་ཆས་ཕོད་ཁ་སྔོ་འབྱམས། རབ་བྱུང་ཆས་སྣམ་སྦྱར་དམར་པོ་གསེར་གྱི་མེ་ཏོག་བཀྲ་བ། ཟ་འོག་གི་སེར་སྨུག་ཟླ་གམ་དུ་གྲགས་པ་རྣམས་ལ་འདོད་རྒུར་བསྒྱུར་བའི་ཆ་ལུགས་ཞེས་གྲགས། སྐུའི་ཆ་ལུགས་འདྲ་མིན་མང་ཡང་དབུ་ལ་པད་ཞྭ་ཁོ་ན་གསོལ་བ་པདྨའི་རིགས་ཡིན་པས་རིགས་རྟགས་ཀྱི་ཅོད་པཎ་ཡིན། གདུལ་བྱ་རྗེས་སུ་འཛིན་པའི་ཞལ་འཛུམ། སྤྱན་གྱིས་ལྟ་སྟངས་བཅས་པས་རང་ལ་གཟིགས་པ། རྡོར་སྐྱིལ་མཐའ་གཉིས་ལ་མི་གནས་པ་མཚོན། སྤྱི་བོ་དུང་ཁང་དབུས་ༀ་དཀར་པོ། མགྲིན་པའི་ལྕེ་རྩར་ཨཱཿདམར་པོ། ཐུགས་དབུས་ཧཱུྃ་མཐིང་ག །ངོ་བོ་སྐུ་གསུང་ཐུགས་རྡོ་རྗེ་འདུས་པའི་བདག་ཉིད་དུ་བསྒོམ། འདི་མེད་ན་ལྷ་ཅི་བསྐྱེད་སྲོག་མེད་པའི་རོ་དང་འདྲ། དབུ་གཙུག་ནས་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་སྣང་མཐའི་བར་རྒྱན་ཆས་མ་འདྲེས་པར་བསྒོམ། མཐར་སྐོར་ཐོད་ཕྲེང་གིས་གཙོས་པའི་ཡི་དམ་རྒྱུད་སྡེ་དྲུག །དེའི་ཕྱི་རོལ་དུ་བདག་ཅག་གི་སྟོན་པ་སོགས་ཕྱོགས་དུས་ཀྱི་སངས་རྒྱས། དེའི་ཕྱིར་སྤྱན་གཟིགས་གཙོས་བྱང་སེམས། དེའི་ཕྱིར་ཉན་རང་། དེའི་ཕྱིར་ཞལ་བཞི་གཙོས་སྲུང་མ་ཡེ་ཤེས་པ། དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱང་སྐུ་མཚན་དཔེའི་གཟི་མདངས་ཅན། གསུང་ཆོས་ཀྱི་སྒྲ་གདངས་ཅན། ཐུགས་ཏིང་འཛིན་ལ་མཉམ་པར་བཞག་པ་འོད་དང་འོད་ཟེར་གྱི་ཕུང་པོ་དུ་མ་འཕྲོ་བས་ཡིད་འཕྲོག་ནུས་པ། གཙོ་འཁོར་གྱི་རྣམ་པ་ཙམ་དུ་ཤར་ན་ཡང་། བླ་མའི་ཐུགས་དགོངས་དང་དབྱེར་མེད་པས་དོན་ལ་མཐོ་དམན་དང་ཐ་དད་མེད་པ་མཉམ་ཉིད་རོ་གཅིག་ཏུ་བསྒོམ། གསུམ་པ་མཆོད་པ་ནི། གོང་གི་མཎྜལ་གྱིས་སྤྱིར་འཐུས་ཀྱང་། འདིར་ཡང་དགོས་པའི་དབང་གིས། ངོ་བོ་ལུས་ལོངས་སྤྱོད་དགེ་ཚོགས་བཅས་རྣམ་པ་ཕྱི་ནང་གསང་བ་དེ་ཉིད་ཀྱི་མཆོད་པ་བཞི་སྤྲོ་བའི། དང་པོ། རང་གི་


MLP014_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ག་ནས་ཉེར་སྤྱོད། འདོད་ཡོན་རྫས་རྟགས་སོགས་མཆོད་པར་འོས་པའི་ལྷ་མིའི་འབྱོར་བ་རྣམས་ཕྱག་ན་ཐོགས་པའི་ལྷ་མོ་གྲངས་མེད་སྤྲོས། ཚོགས་ཞིང་རེ་རེའི་མདུན་མཆོད་རྫས་ཐོགས་པའི་ལྷ་མོ་ཆ་ཚང་རེས་མེ་ཏོག་དབུ་ལ་འབུལ་བ་སོགས་མཆོད་པས་མཉེས་པར་བྱ། མཐར་ལྷ་མོ་རྣམས་ཀྱང་གནས་དེ་དང་དེར་བསྟིམ་པར་བསམ་ནས་ཀུན་བཟང་སྒྱུ་འཕྲུལ་སོགས་ཀྱང་བརྗོད། འདི་ནི་ཕྱི་འཇིག་རྟེན་གྱི་ཉེར་སྤྱོད་དང་མཚུངས་པས་ཕྱི་མཆོད་ཅེས་གྲགས། གཉིས་པ། ཡང་རང་གི་སྙིང་ཁ་ནས་ངོ་བོ་དབྱིངས་རིག་དབྱེར་མེད་བྱང་ཆུབ་སེམས་ལ་རྣམ་པ་རྡོ་རྗེ་རྣལ་འབྱོར་མ་དཀར་མོ་རུས་རྒྱན་ཅན་གྲི་ཐོད་འཛིན་པ་ཞིག་སྤྱི་བོ་ནས་རྒྱང་ངེ་ཐོན། དེས་རང་ལུས་ཀྱི་སྨིན་མཚམས་ནས་གྲི་གུག་ཚད་པས་ཐོད་པ་བྲེག །རྒྱ་ཁྱོན་ཚད་ལས་འདས་པར་གྱུར་ནས་རང་བྱུང་གི་མི་མགོ་གསུམ་གྱི་སྟེང་བཙུག །ལུས་ཆེ་ཚོ་སྣུམ་བརྗིད་དང་ལྡན་པར་བསམས་ལ་གྲི་གུག་གིས་ཐོད་པའི་ནང་ཏུ་གཏུབ་ཅིང་སྤུང་། འོག་གི་ཡཾ་ལས་རླུང་གཡོས་ཤིང་རཾ་ལས་མེ་འབར་བས་ཐོད་པ་དྲོས་ཤ་ཁྲག་རུས་གསུམ་འོད་དུ་ཞུ་བའི་རླངས་པ་འོད་ཟེར་ལྔ་ལྡན་ཞིང་ཁམས་ཀུན་ལ་སྤྲོས་པས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་བདུད་རྩི་ལྔའི་རྣམ་པར་བསྡུས་ནས་བསྟིམས་ལ་འབྲུ་དྲུག་ལན་མང་བརྗོད་པའམ་དམིགས་པས་ཀྱང་ཆོག །དེ་ནས་རྣལ་འབྱོར་མ་གྲངས་མེད་དུ་སྤྲོས་པའི་ཕྱག་གཡོན་ཐོད་པས་བདུད་རྩི་བཅུས་ཤིང་ཚོགས་ཞིང་ལ་ཕུལ་བས། མཉེས་པར་བསམ་ནས་རང་རིག་སོགས་བརྗོད། མཐར་རྣལ་འབྱོར་མ་མི་དམིགས་པའི་ངང་ལ་བཞག །འདི་ནི་རང་ལུས་ཀྱི་མཆོད་པ་ཡིན་པས་ནང་མཆོད་གསུངས། གསུམ་པ། ཐུགས་ཀ་ནས་ངོ་བོ་སེམས་ཀྱི་རང་བཞིན་དབྱིངས་སྟོང་ཉིད་ལ་རྣམ་པ་ཤེས་རབ་མ་གཟུགས་དང་ལང་ཚོ་རྫོགས་པ་མཆོད་ཡུལ་གྲངས་མཉམ་སྤྲོས་ནས་འཁྲིལ་སྦྱོར་མཛད་པས་དགའ་བཞིའི་རོས་མཉེས་པར་བསམ་ལ་བརྒྱད་གཉིས་ལང་ཚོའི་སོགས་བརྗོད། བཞི་བ། གོང་གི་མཆོད་པའི་སྐབས་ཀྱི་འཁོར་གསུམ་ག་རང་སེམས་དབྱིངས་རིག་དབྱེར་མེད་ཀྱི་ཀློང་ན་མ་གྲུབ་བཞིན། རྣམ་པ་གོ་མ་འགགས་པར་སྣང་བའི་ཚུལ་ལ་བློ་བཞག་ནས། མཆོད་བྱ་མཆོད་བྱེད་སོགས་བརྗོད། མཆོད་པ་ཐམས་ཅད་ཀྱི་སྙིང་


MLP014_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཐར་ཐུག་ཡིན་པས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཞེས་གསུངས། འདིར་མཆོད་པ་རྒྱས་པར་བཤད་པ་ནི་གཞུང་གཞན་གྱི་རྒྱས་འགེབ་ལྟ་བུར་འགྱུར་བས་དགོས་པ་མེད་དོ་སྙམ་ན། དགོས་པ་སོ་སོར་ཡོད་དེ། སྤྱིར་དབང་མཚན་ཉིད་དང་ལྡན་པ་ཐོབ་ན་མ་མཐའ་དབང་སོ་སོའི་ལྟ་བ་ལ་གོ་བ་རྣམ་དག་ངེས་པར་སྐྱེ་དགོས་ལ། དེས་ན་དབང་བཞི་ལ་རྟོགས་པ་ཁྱད་པར་ཅན་མི་འདྲ་བ་བཞི་རང་རྒྱུད་ལ་སྐྱེ་དགོས་པས། བུམ་དབང་གི་རྟོགས་པ་ཁྱད་པར་ཅན་རང་རྒྱུད་ལ་སྐྱེ་བའི་འགལ་རྐྱེན་གྱི་གེགས་ཞི་བ་དང་། མཐུན་རྐྱེན་གྱི་དཔུང་བསྐྱེད་པའི་ཕྱིར་ཕྱིའི་མཆོད་པ། དེ་བཞིན་དུ་གསང་དབང་བ་ནང་མཆོད། ཤེར་དབང་ལ་གསང་མཆོད། དེ་ཁོ་ན་ཉིད་ལ་མཆོད་པ་ཕུལ་བའོ། །བཞི་པ་གསོལ་བ་འདེབས་པ་ལ་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པ་དང་། དེ་ལྟར་དྲན་པའི་སྒོ་ནས་གསོལ་འདེབས་དངོས་དང་གཉིས། དང་པོ་ལའང་། རང་གི་རྩ་བའི་བླ་མའི་ཡོན་ཏན་དང་བཀའ་དྲིན་དྲན་པ། གུ་རུ་སོགས་བརྒྱུད་པའི་བླ་མའི་བཀའ་དྲིན་དྲན་པ། དེ་ལྟར་དྲན་པའང་བླ་མའི་བཀའ་དྲིན་དྲན་པ་ཁོ་ནར་འགྲོ་ཚུལ་ཤེས་པ་དང་གསུམ། དང་པོ་ལའང་། ཡོན་ཏན་དྲན་པ། བཀའ་དྲིན་དྲན་པ་གཉིས་ལས། དང་པོ་ནི། བླ་མ་དཀོན་མཆོག་ཀུན་འདུས་ཡིན་ཚུལ་སྐྱབས་འགྲོའི་སྐབས་ནས་བསྟན། རྩ་གསུམ་ཀུན་འདུས་ཡིན་ཚུལ་ལ། གདུལ་བྱའི་རྒྱུད་བྱིན་གྱིས་རློབས་པ་པོ་ནི་བླ་མ། མཆོག་ཐུན་དངོས་གྲུབ་སྟེར་མཁན་ནི་ཡི་དམ། ལམ་གྱི་འགལ་རྐྱེན་སེལ་བ་དང་མཐུན་རྐྱེན་སྒྲུབ་པ་པོ་ནི་མཁའ་འགྲོ་ཡིན་པས་བླ་མའི་བྱིན་རླབས་ནི་ཉེ་རིང་དང་ཕྱོགས་རིས་མེད་པར་འཇུག་པ་ཞིག་ཡིན། དེས་ན་གདུལ་བྱ་རང་ངོས་ནས་སྐལ་བ་མ་ཆད་ན་རྩ་བའི་བླ་མའི་ངོས་ནས་བྱིན་གྱིས་རློབས་པའི་ནུས་པ་ཡོད་པས་ཕྱོགས་རིས་མེད་ལ། དེ་ཞུགས་ན། བླ་མ་ཐམས་ཅད་ཀྱི་བྱིན་རླབས་དུས་གཅིག་ཏུ་ཞུགས་པ་ཡིན་ཚུལ་རིགས་པས་གྲུབ། མདོར་ན་ཕྱོགས་དུས་ཀྱི་བླ་མ་ཐམས་ཅད་ངོ་བོ་ཐ་དད་མེད་པར་ཐུགས་རྒྱུད་གཅིག་ཡིན་པར་ཐག་བཅད། འཇུག་རྒྱུའི་བྱིན་རླབས་ལའང་། མངོན་ཤེས་གྲུབ་རྟགས་འདྲེ་འདུལ་སོགས་ཕལ་པ་ཡིན། རང་སེམས་སྔར་དང་


MLP014_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲ་བ་འགྱུར་ནས་བློ་ཆོས་ལ་མོས་པ་དང་། ཉོན་མོངས་ཤུགས་ཆུང་བ་སོགས་ནི་མཆོག་ཡིན་པས་དེ་ནི་རང་གི་བླ་མ་ལ་བརྟེན་ན་འབྱུང་ནུས་པས་བྱིན་རླབས་ཀྱི་མཆོག་སྩོལ་བ་ཡིན། དངོས་གྲུབ་ཅེས་མཆོག་ཐུན་གཉིས་ལས་རང་སེམས་སངས་རྒྱས་ཀྱི་ངོ་བོར་ཡེ་ནས་གནས་པ་དེ་རང་མགོ་རང་གཡོག་ཙམ་མིན་པ་ད་ལྟ་ནས་མངོན་སུམ་དུ་མཇལ་བ་ནི་བླ་མ་ཁོ་ནའི་ཐུགས་རྗེ་ལ་ལྟོས་པ་མཆོག་གི་དངོས་གྲུབ་དང་། ཐུན་མོང་ཕྲིན་ལས་བཞི་ལའང་། ནད་གདོན་ཞི་བ། ཚེ་བསོད་རྒྱས་པ། ཕ་རོལ་དབང་དུ་བསྡུ་བ། དགྲ་བགེགས་ཚར་བཅད་པ་སོགས་ནི་ཐབས་ཕྲན་ཚེགས་ཀྱིས་ཀྱང་འགྲུབ་པས་ཕལ་པ་ཡིན་ལ། གཙོ་བོ་འགྲུབ་དཀའ་བ་ནི། ཐོག་མེད་ནས་གོམས་པའི་བདག་འཛིན། དེས་དྲངས་བའི་ཉོན་མོངས་ཤུགས་དྲག་རྣམས་དང་། རྟག་འཛིན་གཅེས་འཛིན་ལ་སོགས་ཕྱིན་ཅི་ལོག་གི་བློ་ཐམས་ཅད་ཞི་བ། ཐུན་མོངས་ཐེག་པའི་དལ་འབྱོར་རྙེད་དཀའ་ནས་གསང་སྔགས་རྫོགས་པ་ཆེན་པོའི་བར་ལམ་གྱི་རྟོགས་པ་ཡོན་ཏན་ཚད་མེད་པ་རྒྱས་པ། རང་སེམས་སྐད་ཅིག་ཀྱང་མི་སྡོད་པར་གཞན་དབང་དུ་ཤོར་ནས་ཡོད་པ་འདི་དགེ་བ་ལ་བཀོལ་ནས་རང་དབང་དུ་འདུས་པ། གཉེན་པོས་ཐུལ་དཀའ་ཞིང་དཔུང་ཆེ་བའི་ཉོན་མོངས་དྲག་པོ་རྣམས་ཀྱང་གདོང་བཟློག་ཏུ་ཚར་བཅད་ནུས་པས་དྲག་པོའི་ལས་དང་བཞི་ཀ་བླ་མའི་ཐུགས་རྗེ་ལས་འབྱུང་། ལས་འདི་དག་འགྲུབ་ན་ཡི་དམ་གྱི་ལྷ་འགྲུབ་ཚར་བ་ཡིན་གྱི། འདི་དང་འགལ་བ་ཉོན་མོངས་རང་གཟུགས་སུ་ཤར་བའི་ཁ་གདངས་མིག་བགྲད་དང་། ཁྲ་ཁྲ་ཤིག་ཤིག་སོགས་ཞི་ཁྲོ་མང་པོ་མཐོང་ཡང་དགོས་པ་མེད། བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རང་ལ་ཞུགས་ན་བྱིན་རླབས་ལྷའི་རྣམ་པར་ཤར་བ་དེ་འགྲུབ་པས་དེས་འཚེངས། གལ་སྲིད་ཡི་དམ་གྱི་ལྷ་རེ་བསྒྲུབ་ནའང་བླ་མའི་ངོ་བོར་ཤེས་དགོས་ཏེ། སྔོན་གཉག་གིས་སློབ་དཔོན་ཆེན་པོ་ལ་དབང་ཞུས་པའི་ལོ་རྒྱུས་བཞིན་ལྷ་དང་བླ་མ་བཟང་ངན་ཐ་དད་དུ་བཟུང་ན་བསྐལ་པར་བསྒྲུབས་ཀྱང་ལྷ་དངོས་མི་འགྲུབ། ད་ལྟ་ཡི་དམ་སྣ་མང་པོ་ལ་འབད་འདོད་པ་བླ་མའི་ངོ་བོར་མ་ཤེས་པའི་སྐྱོན་དང་། ལྷ་གཅིག་གིས་བསམ་པ་མི་བདེ་བར་ལྷ་རེས་ལས་རེ་སྒྲུབ་རྒྱུ་རེ་ནས་ཞི་དྲག་མང་པོ་


MLP014_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་ནི་ངོ་བོ་ཐ་དད་དུ་བཟུང་བའི་སྐྱོན་ཡིན། དེ་ལས་ཀྱང་ཁྲོ་བོ་སྒྲུབ་པ་རྣམས་ཕལ་ཆེར་ཚེ་འདིའི་ཆེད་དུ་དམིགས་པ་མང་བས་དེས་ཡེ་ཤེས་ཀྱི་ལྷ་ནི་གཏན་ནས་མི་འགྲུབ། དེས་ན་བློ་སྣ་མི་མང་བར་ཡི་དམ་རེ་ཟུང་ལ་བརྟེན་པ་དེའང་ངོ་བོ་རྩ་བའི་བླ་མ་ཡིན་པ་ཐག་ཆོད་དགོས། ཁྱད་པར་དབང་མ་ཐོབ་བཞིན་སྒྲུབ་པ་ནི་དམྱལ་བའི་རྒྱུ་ཡིན། བསྒྲུབས་ནས་བཟུང་སྤང་ལེན་མི་བྱ་བར། འདི་ནས་བྱང་ཆུབ་མ་ཐོབ་བར་དུ་ཡི་དམ་དེ་ལ་བརྟེན་པའི་དམ་བཅའ་དང་མོས་པ་བརྟན་པོ་ངེས་པར་དགོས། རྣལ་འབྱོར་པའི་འགལ་རྐྱེན་བསལ། མཐུན་རྐྱེན་སྒྲུབ་པ་པོ་དེ་ལ་ནི་དཔའ་བོ་མཁའ་འགྲོ་དང་ཆོས་སྐྱོང་སྲུང་མ་ཟེར་བ་ཡིན་པས། ཆོས་སྐྱོང་གང་ལ་བསྟེན་ཀྱང་། ཕྲིན་ལས་དེ་དག་བསྒྲུབ་པའི་ཆེད་དུ་བླ་མ་དེ་དང་དེའི་རྣམ་རོལ་དུ་བསྟན་པ་ཤེས་བཞིན་པས་བསྒྲུབ་ན་ཤིན་ཏུ་མྱུར་བས་ཐམས་ཅད་བླ་མའི་ངོ་བོ་ཡིན། དེ་ལྟར་མ་ཤེས་ནས་ཡི་དམ་དཔོན་དང་། ཆོས་སྐྱོང་བྲན་གཡོག་ལྟ་བུར་རང་རྒྱུད་པར་བཟུང་ན་མི་འགྲུབ་ཅིང་། འགྲུབ་ནའང་ལོག་པ་ཁོ་ནར་འགྲོ། མདོར་ན་རྩ་བའི་བླ་མ་གཅིག་པུ་ལ་བརྟེན་ནས་བཀའ་བཞིན་བསྒྲུབས་ན་བྱིན་རླབས་དངོས་གྲུབ་ཕྲིན་ལས་ཐམས་ཅད་འགྲུབ་ངེས་པས་རྩ་གསུམ་ཀུན་འདུས་ཡིན་པར་ཐག་བཅད། གཉིས་པ་ནི། རང་རེས་ད་ལྟར་བླ་མ་ལ་ཆོས་ཞུས་པས་ཁ་རྗེ་མཐོ་བ་དང་། ལོངས་སྤྱོད་ཆེ་བ་སོགས་བླ་མའི་བཀའ་དྲིན་ཞེས་བསྔགས་འདུག་པ་འདི་ནི་བཀའ་དྲིན་དངོས་མ་ཡིན་པས་གཙོ་ཕལ་ནོར་བ་ཡིན། གཙོ་བོ་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །སོགས་ཀྱི་གསོལ་འདེབས་ལྟར། དལ་འབྱོར་ནས་ཨ་ཏིའི་བར་ལམ་ཡོངས་རྫོགས་དང་། ཁྱད་པར་རང་ལ་ཡེ་ནས་གནས་ཤིང་ཀུན་གྱིས་ཤེས་འདོད་ཡོད་ཀྱང་ཐབས་གཞན་གྱིས་རྟོགས་མི་ནུས་པ་གབ་པའི་གསང་བས་ཆོད་པའི་གནས་ལུགས་ཅེར་མཐོང་དུ་ངོ་སྤྲད། དང་པོ་ལུས་མི་གཟུགས་ཙམ་ཡིན་པ་མ་གཏོགས་སེམས་དུད་འགྲོ་དང་ཁྱད་མེད་པ་སྤང་བླང་སྣ་གཅིག་མི་ཤེས་རྒྱུ་འབྲས་འཆོལ་ཉོག་བྱུང་རྒྱལ་དུ་སྤྱད་པས་ཤི་མ་ཐག་ངན་སོང་དུ་འགྲོ་ངེས་ཐག་ཆོད་ནས་ཡོད་པའི་སྐབས་ན། ལམ་ལ་རིམ་པ་བཞིན་ཁྲིད་པ་བུ་ཆུང་མས་གསོས་པ་ལྟར་ཐབས་མཁས་ཐུགས་རྗེའི་བྱིན་རླབས་


MLP014_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྒྱུད་ཆུད་ཟོས་སུ་མ་བཏང་བར་གཟུངས་འཛིན་འཁྲུལ་བས་བསྐྱེད་པའི་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་རང་སངས་རང་གྲོལ་དུ་དེངས། རང་སེམས་ཆོས་སྐུའི་ངོ་བོར་མངོན་དུ་གྱུར་ནས་ཚེ་ལུས་འདི་ལ་སངས་རྒྱས་པར་མཛད་པའི་བཀའ་དྲིན་ཡང་ཡང་བསམ་དགོས་ཏེ། འཇིག་རྟེན་ན་ལྟོག་དུས་ཟས་ལན་གཅིག་སྦྱིན་པ་ལའང་དྲིན་ཆེན་དུ་བལྟས་ནས་ཡུན་རིང་བརྗེད་མི་རུང་ན་བླ་མའི་བཀའ་དྲིན་བསམ་ལོས་དགོས། སྟོང་གསུམ་ནོར་གྱིས་བཀང་ནས་རང་ལ་བྱིན་པ་ལས་མི་རྟག་པ་ལྟ་བུའི་གདམས་ངག་སྣ་གཅིག་བྱིན་པའི་རིན་ཆེ། དེ་ལྟར་ཡོན་ཏན་དྲན་པས་རེ་ལྟོས་བཅའ་དགོས་པར་ཤེས། བཀའ་དྲིན་དྲན་པས་བླ་མ་ཁོ་ན་ལ་གསོལ་བ་བཏབ་པས་འཚེང་བར་ཤེས། གཉིས་པ་ནི། བརྒྱུད་པའི་བླ་མ་རྣམས་ཀྱི་རྣམ་ཐར་ལ་བལྟ། ཁྱད་པར་རང་རེ་གསང་སྔགས་རྙིང་མ་བ་དང་ཆོས་འདིའི་དབང་དུ་ན་གུ་རུའི་བཀའ་དྲིན་དང་ཡོན་ཏན་དྲན་དགོས་པས། ཡོན་ཏན་མདོ་མཚོན་ཕྱོགས་དུས་ཀྱི་སངས་རྒྱས་རྒྱལ་བ་ཞི་ཁྲོ་དཀོན་མཆོག་ཀུན་འདུས་ཡིན་ཚུལ་ཆོས་དབང་གསང་འདུས་ལས། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ། །ང་མཐོང་སངས་རྒྱས་ཐམས་ཅད་མཐོང་། །ང་ནི་བདེ་གཤེགས་འདུས་པ་ཡིན། །ཞེས་དང་། བཀའ་ཐང་ལས། །སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད། །རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས། །དྷ་ན་ཀོ་ཤར་པདྨ་འབྱུང་གནས་གསུམ། །མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང་། །དོན་ལ་དབྱེར་མེད་སོ་སོར་ཐ་མི་དད། །ཆོས་དབྱིངས་གནས་སུ་ཀུན་དུ་བཟང་པོ་དང་། །སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ། །རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད། །གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ། །འགྲོ་དོན་ཀུན་ལས་བྱིན་རླབས་རྨད་པོ་ཆེ། །ཞེས་པདྨ་ང་ཡིན་སོགས་ཞལ་གྱིས་བཞེས་པ་རྣམས་ལ་ཡིད་ཆེས་བསྐྱེད། བཀའ་དྲིན་དྲན་ཚུལ་བཞི་ལས། དང་པོ། གདུལ་བྱ་དུས་སུ་བབས་ན་སྐད་ཅིག་ཀྱང་མི་གཡེལ་བར་ཐུགས་རྗེ་ཉེ་རིང་མེད་པར་འཇུག་པས་སྤྱིར་ཁམས་གསུམ་གྱི་སེམས་ཅན་ལ་དྲིན་ཆེ། གཉིས་པ་སྟོན་པ་མཆོག་དང་། འཁོར་སྟོན་པ་དང་ངོ་མཉམ་པ་སྐར་ཚོགས་༼ལྟ་བུ་རྣམས་༽བྱོན་


MLP014_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མྱུར་ལམ་གསང་སྔགས་ཀྱི་ཆོས་ནི་ཨིནྡྲ་བྷུ་ཏི་སོགས་སྐལ་ལྡན་འགའི་སྤྱོད་ཡུལ་ལས་ཁྱབ་བདལ་དུ་སྤེལ་བར་མ་མཛད། གུ་རུས་གླིང་འདིས་མཚོན་ལྷ་ཀླུ་མིའི་འཇིག་རྟེན་ཀུན་དུ་སྔགས་ཀྱི་ཆོས་དར་ཞིང་རྒྱས་པར་མཛད། སྣོད་དང་མི་ལྡན་པ་རྣམས་ཀྱང་ཐབས་དང་ཐུགས་རྗེས་སྣོད་ལྡན་དུ་བྱིན་གྱིས་བརླབས་ནས་བཏང་སྙོམས་སུ་མ་བཞག་པས། ཟ་ཧོར་ཡུལ་གྱི་སྲོག་ཆགས་ཕྲ་མོ་ཡན་ཆད་རིག་འཛིན་གྱི་ཁྱུ་ཚོགས་སུ་བྱིན་གྱིས་རླབས་པས་མཚོན། མདོར་ན། སེམས་ཅན་མ་སྨིན་པ་ནི་གཅིག་ཀྱང་མེད༔གསུངས་པ་ལྟར་འཛམ་གླིང་འདི་ལ་བཀའ་དྲིན་ཆེ། གསུམ་པ། ཁ་བ་ཅན་པ་ལ་བཀའ་དྲིན་ཆེ་ཚུལ་ནི། ཞིང་འདི་དང་པོ་མི་མིན་གྱིས་བཟུང་ཞིང་ནག་ཕྱོགས་སྡིག་ལ་དགའ་བ་མི་དང་ལྷ་འདྲེ་ཤན་མི་ཕྱེད་པ་ལྟ་བུའི་མཐའ་འཁོབ་ཏུ་གྱུར་པས། སྔོན་དུ་ཆོས་དར་བའི་རྟེན་འབྲེལ་ཙམ་རེ་ལས་སྤེལ་མ་ནུས་པར། བསྟན་པ་ཉི་མ་ལྟར་གསལ་བར་མཛད་པའི་ཚུལ་ནི། ཆོས་རྒྱལ་དང་མཁན་ཆེན་ཞལ་འཛོམས་ནའང་གཙུག་ལག་ཞིག་ཀྱང་མ་འགྲུབ་ནས་གུ་རུ་ལ་གསོལ་བ་བཏབ་པས་བོད་འདིར་སེམས་ཅན་བདེ་སྐྱིད་འབྱུང་བ་ལ་སངས་རྒྱས་ཀྱི་བསྟན་པ་ཚུག་དགོས་པར་མཁྱེན། དེའི་འགལ་རྐྱེན་ཚར་བཅད། མཐུན་རྐྱེན་འདུ་མཛད། བསྟན་པ་ཉིད་གསལ་བར་མཛད་ཚུལ་གསུམ་གྱི་སྒོ་ནས་བསྟན་པ་བཙུགས། དང་པོ་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས། བོད་འདིར་དེ་དུས་ཡོད་པ་དང་། མཐའ་འཁོབ་གཞན་ན་ཡོད་པའི་བསྟན་པའི་གནོད་བྱེད་ཐམས་ཅད་ཐབས་ཀྱིས་བཏུལ། མ་འོངས་པར་བསྟན་པའི་འགལ་རྐྱེན་མཐའ་དམག་སོགས། ཚར་གཅོད་བྱེད་དྲག་སྔགས་མང་པོ་གཏེར་དུ་སྦས། གཉིས་པ། བསམ་ཡས་ཀྱིས་མཚོན་པའི་གཙུག་ལག་ཁང་མང་པོ་དང་། སྐུ་གསུང་ཐུགས་རྟེན་ཚད་མེད་བཞེངས་རབ་གནས་མངའ་གསོལ་མཛད་ནས་མཐོང་ཐོས་དྲན་རེག་གི་རྒྱུད་ལ་ཐར་པའི་ས་བོན་འཇོག་ནུས་པར་མཛད། རི་བྲག་མཚོ་གླིང་ཐམས་ཅད་ལ་ཞབས་ཀྱིས་བཅག་སྒྲུབ་པ་མཛད། གཏེར་སྦས་པ་སོགས་ཀྱིས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དང་ཁྱད་མེད་པའི་གནས་ཁྱད་པར་ཅན་དུ་བྱིན་གྱིས་བརླབས། ཁྱད་པར་རྗེས་འཇུག་རྣམས་ལ་ཆོས་ཀྱི་ཆ་རྐྱེན་ཚེ་ནོར་སྒྲུབ་པ་སོགས་གཏེར་དུ་སྦས། གསུམ་


MLP014_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ། བཻ་རོ་སོགས་རྗེ་འབངས་ཐམས་ཅད་ལ་ལམ་ཐུན་མོང་ནས་རྫོགས་ཆེན་གྱི་བར་དབང་བསྐུར་རྒྱུད་བཤད། མན་ངག་གནང་བའི་སྒོ་ནས་རྗེས་སུ་བཟུང་སྟེ་ཚེ་འདིར་གུ་རུ་དང་ངོ་མཉམ་པའི་རྟོགས་པ་སྐྱེས་གྲུབ་པའི་རྟགས་ཐོན་པ་གྲངས་མེད་བྱུང་བས་ལུང་རྟོགས་ཀྱི་བསྟན་པ་དར་རྒྱས་སུ་མཛད། བཞི་པ། ལྷག་པར་དུས་སྙིགས་མའི་འགྲོ་བ་ལ་བཀའ་དྲིན་ཆེ་ཚུལ་ནི། སྙིགས་མའི་སེམས་ཅན་ལ་ནི་མ་དང་འདྲ་བ་བཀའ་དྲིན་ཆེ་ཚུལ། གསོལ་འདེབས་བསམ་པ་ལྷུན་འགྲུབ་ལས། དུས་ངན་སྙིགས་མའི་མཐའ་ལ་སོགས་ལྟར་ལྔ་བརྒྱ་ཐ་མ་པ་རྣམས་ཉོན་མོངས་ཤུགས་ཆེ། ལས་ངན་པས་རྒྱལ་བ་གཞན་སུས་ཀྱང་མ་ཐུལ། སངས་རྒྱས་དང་དེའི་རྗེས་འཇུག་སངས་རྒྱས་དང་འདྲ་བ་རྣམས་ཀྱི་ཞབས་མ་ཟིན་ནས་འཁོར་བར་ལུས་ཡོད་པ་རྣམས་ལ་ནི། གུ་རུ་རིན་པོ་ཆེ་སྔོན་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་མཐུས་དུས་ཇེ་སྙིགས་བཞིན་ཐུགས་རྗེ་ཇེ་ཆེ། ལས་ཇེ་ངན་བཞིན་ཕྲིན་ལས་ཇེ་མྱུར། སྐུ་དངོས་མཇལ་བའི་སྐལ་བ་མེད་པ་རྣམས་ལ་བཀའ་གཏེར་གསར་རྙིང་གི་ཆོས་སྒོ་འབྱེད་པའི་བླ་མ་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་ནས་སྤྲུལ་པ་རྒྱུན་ཆད་མེད་པ་བྱོན་ཏེ་སྐུ་རྔ་ཡབ་གླིང་ན་བཞུགས་ཀྱང་ཐུགས་རྗེ་བོད་ཁམས་ཀྱི་སེམས་ཅན་ལ་གཟིགས་པ་སྐད་ཅིག་ཀྱང་མི་ཡོལ་བར་བཞུགས། དེ་ཡང་བོད་ཀྱི་རྗེ་འབངས་རྣམས་ལ་གཟིགས་པ་མི་འདོར་བའི་དབུ་བསྙུང་བཞེས་པ་ཡིན་པས་ཡིད་ཆེས་དགོས། ཁྱད་པར་ཟབ་གཏེར་སྦ་བའི་ཕྲིན་ལས་མཛད་པ་འདི་ནི་སྙིགས་མའི་སེམས་ཅན་རྗེས་སུ་བཟུང་བའི་ཐབས་མཁས་ཆེ་ཤོས་ཞིག་ཏེ། དེ་ཡང་གདུལ་བྱ་ལ་དགོངས་ནས་བོད་གསར་ངས་ཆེ་བ་མི་གཤིས་ཡིན་པ་དང་། ཆོས་ལ་དགོངས་ནས་རྙིང་པ་རྣམས་ཉམས་སུ་ལེན་པ་པོས་དམ་ཚིག་མི་ཐུབ་པས་སེལ་ཞུགས། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་ལྷད་མེད་ཆད་ནས་གཟུགས་བརྙན་དུ་སོང་། རང་བཟོའི་བསྲེ་བསླད་བྱས་པས་བྱིན་ནུས་ཡལ་བ་ལ། སྨོན་ལམ་དུས་སུ་སད་པའི་ཟབ་གཏེར་རྣམས་ལ་དེ་ལས་ལྡོག་པའི་ཡོན་ཏན་ཡོད་པས་སྒྲུབ་པའི་དངོས་གྲུབ་མྱུར་དུ་ཐོབ་པ་ལ་དགོངས་ནས་སྐལ་ལྡན་གྱི་རྗེ་འབངས་སོ་སོར་དུས་དེ་དང་དེར་ཕན་ཐོགས་པའི་བཀའ་གཏད། དབང་བསྐུར་སྨོན་ལམ་དང་བཅས་


MLP014_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གཏེར་དུ་སྦས་པ་བཞིན་དུས་སུ་ལོངས་སྤྱད་དུ་ཡོད་པས་ད་ལྟ་བསྟན་པའི་མཐའ་ལ་ཐུག་དུས་ཀྱི་སྙིགས་མར་སོང་ཡང་། ལས་ཅན་གྱི་གདུལ་བྱ་རྣམས་ཆོས་འབྲས་བུའི་བསྟན་པ་ལ་ལོངས་སྤྱོད་དུ་ཡོད་པ་ནི་གུ་རུ་ཁོ་ནའི་བཀའ་དྲིན་ཡིན། དེར་མ་ཟད་རང་རེ་ཆོས་སྒོར་ཞུགས་འདོད་རྣམས་ལ་གུ་རུ་ཉིད་དགེ་བའི་བཤེས་གཉེན་རྣམ་ཀྱི་ཚུལ་བཟུང་ནས་ལ་ལས་དབང་བསྐུར། ལ་ལས་ཁྲིད་བཏབ་པ་སོགས་བསྡོམས་པས་མངོན་མཐོ་ངེས་ལེགས་ཀྱི་ཡོན་ཏན་ཡོངས་རྫོགས་རྒྱུད་ལ་སྟེར་བར་མཛད་པ་སོགས་རྒྱས་པ་བཀའ་ཐང་རྣམས་སུ་གསལ་བ་ལ་བལྟ། ཐུགས་བསྐྱེད་ལ་ལྟོས་པའི་མཛད་རྣམས་ཀྱང་རྒྱ་ཆེ་བས་སོ་སྐྱེས་བློ་གྲོས་ཆུང་བའི་ཁབ་མིག་ཏུ་ཤོང་དཀའ་བ་ཡིན། དེས་ན་བོད་དུ་བྱོན་པའི་ས་དགེ་ཀར་འབྲུག་གི་སྐྱེས་ཆེན་སུའི་རྣམ་ཐར་ལ་ཇི་ཙམ་བལྟས་ཀྱང་གུ་རུ་ཉིད་ཀྱི་ཡོན་ཏན་དང་བཀའ་དྲིན་རྗེས་དྲན་གྱི་གསོས་སུ་འགྲོ་བ་ནི་ང་འདྲ་བ་ལ་ཡང་འདུག་པས་རང་རེ་སྔོན་གྱི་ལས་འཕྲོ་དང་འཕྲལ་རྐྱེན་བཟང་པོ་འཛོམ་ནས་སྔ་འགྱུར་རྙིང་མའི་ཆོས་སྒོར་ཞུགས། གུ་རུའི་བསྟན་པའི་སྙིང་པོ་དང་མཇལ་བའི་དུས་འདིར། ཆོས་ལ་བརྟག་དཔྱད་ཀྱིས། གང་ཟག་ལ་དག་སྣང་སྦྱོངས་ཞེས་གྲགས་པ་ཚིག་རྩ་ཆེ་བས་རང་ལུགས་ཉམས་ལེན་གྱི་སྙིང་པོ་གསང་སྔགས་སྔ་འགྱུར་བའི་ཟབ་ཆོས་རེ་ལ་མཐའ་གཅིག་ཏུ་བློ་ཕུགས་གཏད་དགོས་ཀྱི་ཉ་དང་ཉུང་མ་བསྲེ་བ་ལ་དགོས་པ་མེད་ཀྱང་། བསྟན་འཛིན་སྤྱི་དང་བྱེ་བྲག་ལ་དག་སྣང་ཕྱོགས་མེད་དུ་སྦྱོང་དགོས་ཀྱི་བློ་མིག་ཞར་བས་ཡིན་མིན་ཕྱོགས་རིས་སུ་བཟུང་བ་ནི་གུ་རུ་ཉིད་ལ་དད་ལོག་ཏུ་འགྲོ་བ་སྔར་བཤད་པའི་རྒྱུ་མཚན་གྱིས་ཤེས་པས་འདི་གནད་ཆེ། སྤྱིར་ཡང་གསར་རྙིང་གི་མཁས་པ་རྒྱུ་མཚན་ཤེས་ཤིང་ཐུགས་གཟུ་བོར་གནས་པའི་ཆེན་པོ་རྣམས་ནི་གུ་རུ་རིན་པོ་ཆེ་ཚད་མར་མི་འཛིན་མཁན་སུ་ཡང་མེད་པའི་ཚུལ། འཇམ་མགོན་ས་པཎ་གྱིས། བརྟུལ་ཞུགས་གྲུབ་པ་པདྨ་སཾ་བྷ་ཝ་ཞེས་སོགས་དང་། ཇོ་བོ་རྗེ་ལྷ་གཅིག་གིས། ད་ལྟ་བོད་ན་བསྟན་པ་ཡོངས་སུ་རྫོགས་པ་དུས་གཅིག་ཏུ་དར་བ་འདི་ལྟ་བུ་ནི་རྒྱ་གར་ནའང་མ་བྱུང་ལ་དེ་གུ་རུ་པདྨའི་བཀའ་དྲིན་ཉག་གཅིག་རེད་སོགས་དང་། རྗེ་བདག་ཉིད་ཆེན་པོའི་བྱང་ཆུབ་ལམ་


MLP014_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱི་དབུར། པདྨ་སཾ་བྷ་ཝ་ཆེན་པོས་བོད་དུ་བསྟན་པ་ཡོངས་སུ་རྫོགས་པའི་སྲོལ་བཙུག་ནས་ཞེས་སོགས་གུ་རུ་རིན་པོ་ཆེས་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་ཉི་འོད་ལྟར་གསལ་བར་མཛད་པ་ཞལ་གྱིས་བཞེས་པ་ལས། གུ་རུའི་དྲིན་ལ་མ་ལྟོས་པར་རང་སྟོབས་ཀྱིས་བསྟན་པ་རྒྱ་ཆེར་གསལ་བར་རྒྱས་པ་ཡིན་ཞེས་གསུངས་མཁན་སུ་ཡང་མེད། རྒྱུ་མཚན་མི་ཤེས་པས་དང་། བློ་འཁྱོགས་པོར་སོང་བའི་གང་ཟག་ཕལ་པས་རང་ཕྱོགས་ལ་ཡིན། གཞན་ཕྱོགས་ལ་མིན་ཞེས་སྡང་ཞེན་ཁོ་ནས་སྨྲ་བ་ནི་རང་གཞན་སུ་ལའང་མང་བ་ཚང་མར་མི་རུང་སྟེ་དགག་གིས་ཀྱང་མི་ལོང་བས་དེ་དག་གི་ལད་མོ་བྱ་བ་སྐྱུར་ན་ལེགས། དེ་ལྟར་གུ་རུའི་ཡོན་ཏན་དང་བཀའ་དྲིན་དྲན་པའང་རང་གི་བླ་མའི་བཀའ་དྲིན་དྲན་པར་འགྲོ་ཚུལ་ཤེས་དགོས། གང་དྲན་ཀྱང་གནད་གཅིག་ཏུ་འགྲོ་བས་རྒྱུད་ཐ་དད་པར་བཟུང་མི་རུང་། དེ་ལྟ་བུའི་སྒོ་ནས་མོས་གུས་ཀྱི་གསོལ་འདེབས་ཉམས་ལེན་མཐིལ་དུ་བཟུང་ན་ལམ་གོལ་ས་དང་ནོར་འཆུག་མེད་པས་རང་རེའི་ལྷག་པར་བརྩོན་དགོས། གཉིས་པ་དེ་ལྟར་དྲན་པའི་སྒོ་ནས་གསོལ་བ་འདེབས་པ་དངོས་ནི། དེ་ཡང་དོན་མ་ཡིན་པ་ཞིག་ལ་གསོལ་བ་འདེབས་པ་ཐག་མཁན་རྐང་ལག་བརྒྱད་པའི་རྣམ་ཐར་ལྟ་བུ་དང་ཤིན་ཏུ་སྣེ་མང་པོ་བསང་འབོད་བྱེད་པ་ལྟ་བུ་གཉིས་ཀས་མི་འོང་བས། དོན་གྱི་གནད་གསུམ་དུ་བསྡུ་ནས་གསོལ་བ་ནི་ཞུ་བ། འདེབས་པ་ནི་འབུལ་བ་སྟེ་ཞུ་བ་འབུལ་དགོས། དེ་ནི་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར་དུ་བླ་མ་ཁྱེད་དང་འབྲལ་བ་མེད་པ་དང་། དེ་ལ་བརྟེན་ནས་དལ་འབྱོར་རྙེད་དཀའ་ནས་བཟུང་སྟེ། ཐེག་མཆོག་ཨ་ཏི་ཡོ་གའི་བར་ལམ་ཡོངས་རྫོགས་ཀྱི་རྟོགས་པ་རྒྱུད་ལ་སྐྱེ་བ་དང་། ཁྱད་པར་སེམས་ཀྱི་གནས་ལུགས་རྗེེན་པར་མཐོང་བ་ལ་ཐུགས་ཀྱི་དགོངས་པ་འཕོ་བ་ཁོ་ན་ལ་ལྟོས་པས་དོན་བརྒྱུད་ཀྱི་རྟོགས་པ་ཁྱད་པར་ཅན་དེ་ཉིད་སྟན་ཐོག་འདི་རུ་ད་ལྟ་ཉིད་དུ་འཕོ་བར་ནུས་པར་མཛད་དུ་གསོལ་ཞེས་ཞུ་ཞིང་། གསོལ་འདེབས་ཀྱི་ཚིག་ལེའུ་བདུན་༼མ་༽འདོན་པ་ལ་སྤྱི། བྱེ་བྲག་གཉིས་ལས། དང་པོ་སྐུ་གསུམ་གསོལ་འདེབས་བླ་མ་ནམ་དྲན་དུས་འདོན་རྒྱུ་གསུངས་པ་དང་། བྱེ་བྲག་ཏུ་སྤྲོ་ཞིང་ནུས་ན་ཉིན་མཚན་དུས་དྲུག་སོ་སོར། ཐོ་རངས་ཀྱི་དུས་


MLP014_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྔ་ཡབ་དཔལ་རིའི་ཞིང་དང་སྟོན་འཁོར་བརྒྱའི་ཡོན་ཏན་དྲན་བཞིན་པས་འདི་ནས་ཉི་མ་ལྷོ་ནུབ་མ་མཚོ་རྒྱལ་ལ་གདམས་པ་དང་། སྔ་དྲོ་བརྒྱུད་པའི་བླ་མ་དང་གུ་རུ་དབྱེར་མེད་དྲན་བཞིན། སྤྲོས་བྲལ་བདེ་ཆེན་མ་ནམ་སྙིང་ལ་གདམས་པ། ཉིན་གུང་གུ་རུ་ཉིད་ཡིད་བཞིན་ནོར་བུ་ལྟར་འདོད་རྒུ་ཐམས་ཅད་འབྱུང་བར་ཤེས་པས། གུང་ཐང་རྒྱལ་པོ་དང་བོད་འབངས་སྤྱི་ལ་གདམས་པའི་བསམ་ལྷུན། ནུབ་མོ་རྒྱ་བོད་ཀུན་ཏུ་སྐུ་གཅིག་ལ་མཚན་བརྒྱད་དུ་གྲགས་པ་སོགས་མཛད་པའི་གཙོ་བོ་རྣམས་ཡོད་པའི་གུ་རུའི་རྣམ་ཐར་དྲན་པས་སྔགས་པ་རྡོ་རྗེ་བདུད་འཇོམས་ལ་གདམས་པའི་ལྷོ་ནུབ་རྔ་ཡབ་མ། སྲོད་ལ་གུ་རུ་ཉིད་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཡིན་པར་ཡིད་ཆེས་པས་རྒྱལ་པོ་ཁྲི་སྲོང་ལ་གདམས་པའི་སངས་རྒྱས་བསྟན་པ་རྨད་བྱུང་མ། ནམ་ཕྱེད་གུ་རུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཡོན་ཏན་དྲན་པས་ལྷ་སྲས་ལ་གདམས་པའི་སིནྡྷུ་རྒྱ་མཚོ་ཆུང་བ་ཞེས་ནུབ་ཕྱོགས་བདེ་བ་རྣམས་དང་། དེ་ཙམ་དཀའ་ན། སྔ་དྲོ་ཉི་མ་ལྷོ་ནུབ་མ་དང་སྤྲོས་བྲལ་བདེ་ཆེན་གཉིས། ཉིན་གུང་བསམ་ལྷུན་ཕྱི་དྲོ་ལྷོ་ནུབ་རྔ་ཡབ་མ། སྲོད་ལ་སངས་རྒྱས་བསྟན་པ། སིནྡྷུ་རྒྱ་མཚོ་ཆུང་བ་གཉིས་སྦྲེལ་བ་ཐུན་བཞི་བྱ་བའི་ཁོངས་མཆོད་པའི་འཕྲོར་སྐུ་གསུམ་གསོལ་འདེབས་དང་བྱེ་བྲག་སོ་སོ་འཛུད་པའམ་དེ་ཙམ་མ་ཁོམས་ན་ལེའུ་བདུན་པ་སྦྲེལ། གང་ལྟར་ཡང་མཐར། ཚིག་བདུན་གསོལ་འདེབས་མ་མཐའ་བརྒྱ་རེ་ཡན་གྲངས་གསོག །སྤྱིར་ན་ངག་འདོན་ཐམས་ཅད་ཀྱི་དུས་དང་ཁྱད་པར་གསོལ་འདེབས་སྐབས་ཚིག་ཙམ་མང་ཉུང་ལ་མ་ལྟོས་པར་སེམས་གཏད་པ་གལ་ཆེ་བ་གཞིར་བཞག་ནས་འདོན་ལུགས་ཀྱང་། པི་ཝཾ་གླིང་བུའི་གདངས་ལྟར་ཞེས་སོགས་ལྟར་དབྱངས་ཀྱི་གདངས་དང་བཅས་མ་སྟོར་བའི་བུ་ཕྲུག་གིས་སྨྲེ་སྔགས་འབོད་པའམ་ལོང་ཁྲིད་སྟོར་བའི་ལོང་བས་བོས་པ་ལྟར་སྐད་ལ་ཉམ་ཐག་པའི་ཉམས་ཆགས་པ་ཞིག་དགོས། ཚིག་བདུན་མ་འདི་རྡོ་རྗེའི་གསུང་བྱིན་རླབས་ཅན་གཏེར་ཆོས་ཐམས་ཅད་ལ་འབྱུང་བས་གསོལ་འདེབས་གཞན་ལས་ཤིན་ཏུ་ཟབ། དེས་ན་འདིིའི་དོན་བཀྲལ་བ་ལ། ཞིབ་ཏུ་ན་འཇམ་མགོན་མི་ཕམ་རིན་པོ་ཆེའི་འགྲེལ་བཤད་ལྟར་ཤེས་དགོས་ཀྱང་གོ་སླ་ཉན་


MLP014_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

༼བདེ་༽ཙམ་འགྲེལ་ན། ཧཱུྃ༔ཞེས་དོན་ཞུ་བའི་ཐོག་མར་སྙན་གསན་དབབ་ནས། གླིང་འདིའི་ཕྱོགས་སོ་སོར་ཤར་འཇམ་དཔལ་གྱི་གནས་རི་བོ་རྩེ་ལྔ། ལྷོར་ཐུགས་རྗེ་ཆེན་པོའི་བཞུགས་གནས་གྲུ་འཛིན། ནུབ་དཔའ་བོ་མཁའ་འགྲོ་འདུ་བའི་ཨོ་རྒྱན་གྱི་ཡུལ། བྱང་རིགས་ལྡན་སྤྲུལ་པའི་གདུལ་ཞིང་ཤམ་བྷ་ལ་སྟེ་ས་སྤྱོད་ཀྱི་ཞིང་ཁམས་ངོ་མཚར་བ་བཞི་ཡོད་པའི་ནུབ་ཕྱོགས་ཨོ༵་རྒྱ༵ན་ཡུལ༵་གྱི༵་ཐད་ནས་གཞལ་བའི་ནུབ༵་བྱང༵་མཚ༵མས་ན་དྷ་ན་ཀོ་ཥའི་མཚོ་ཆེན་པོ་ཡོད་ལ། མཚོ་དེའི་གླིང་མེ་ཏོག་པདྨ་རབ་ཏུ་མང་པོ་ཡོད་པའི་དབུས་ཀྱི་མེ་ཏོག་གི་ཟེའུ་འབྲུའམ་གེ༵་ས༵ར་ཤིན་ཏུ་རྒྱས་པའི་སྡོང༵་པོ༵་ལ༵། སྐུ་བརྫུས་སྐྱེས་སུ་འཁྲུངས་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱིས་དབང་བསྐུར། ལྷ་དང་ལྷ་མོས་བསྟོད་བསྔགས་བརྗོད། དཔའ་བོ་མཁའ་འགྲོས་བྱིན་རླབས་མཛད། མི་དང་མི་མིན་གྱི་འགྲོ་བས་ཕྱག་འཚལ་ཞིང་མཆོད་པ་སོགས་ཡ༵་མཚ༵ན་གྱི་ལྟས་དཔག་མེད་པ་དང་བཅས་པས་འཁྲུངས་སོ། །དོན་དུ་ལམ་མས་སྦྱང་ཞིག་མ་ཡིན་པར་བསྐལ་པ་མང་པོའི་གོང་རོལ་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ངོ་བོར་བྱང་ཆུབ་མཆོ༵ག་གི༵་དངོ༵ས་གྲུབ༵་དམ་པ་བརྙེས༵་སུ་ཟིན་ཀྱང་སྙིགས་དུས་ཀྱི་གདུལ་བྱ་འདུལ་བའི་ཕྱིར་དུ་སླར་ཡང་བྱོན་པ་ལ་མཚན་པ༵དྨ་འབྱུང༵་གན༵ས་ཞེས༵་གསུང་པདྨའི་རིགས་ཡིན་པ་དང་། པདྨ་ལས་འཁྲུངས་པས་དེ་སྐད་དུ་ཞིང་ཁམས་ཐམས་ཅད་ན་ཡོངས་སུ༵་གྲག༵ས་སོ། དང་པོ་རྒྱ་གར་གྱི་ཡུལ་དང་དེ་ནས་བོད་ཀྱི་འགྲོ་བ་རྣམས་ཀྱི་དོན་མཛད་ནས་མཐར་རྔ་ཡབ་གླིང་གི་ལྟེ་བ་མཐིང་ཞུན་རྒྱ་མཚོའི་དབུས་སུ་དཔལ་རིའི་རྩེ་མོར་པདྨ་འོད་ཀྱི་གཞལ་མེད་ཁང་ངོ་མཚར་བའི་ནང་ན་འཁོ༵ར་དུ༵་དཔའ་བོ་དང་མཁ༵འ་འ༵གྲོ་མ༵ང་པོ༵ས་ཡོངས་སུ་བསྐོ༵ར་ནས་ཐུགས་རྗེས་བོད་ཀྱི་སེམས་ཅན་ལ་དགོངས་བཞིན་ད་ལྟར་ཡང་དངོས་སུ་བཞུགས་པ་དེ་ལ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་མོས་གུས་དྲག་པོ་བསྐྱེད་ལ། ཁྱེ༵ད་ཀྱི༵་རྗེས༵་སུ༵་ཞུགས་ནས་བསྐྱེད་རྫོགས་སོགས་ལམ་མཐོན་པོ་བློར་མ་ཚུད་ཀྱང་གསོལ་འདེབས་ཀྱི་སྒོ་ནས་བད༵ག་གིས་སྒྲུབ༵་པར་བྱེད་ཀྱི༵། ཐུགས་བརྩེ་བས་དགོངས་ཏེ་བདག་གི་ཆོས་ཀྱི་འགལ་རྐྱེན་མཐའ་དག་ཞི་བ་དང་། མཐུན་རྐྱེན་ལེགས་ཚོགས་འཕེལ་ཞིང་བསམ་ཚད་ཆོས་དང་མཐུན། བྱེད་


MLP014_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཆོས་ལ་འགྱུར་བར་བྱིན༵་གྱིས༵་རླབ༵ས་པའི་ཕྱིར༵་གཤེག༵ས་སུ༵་གསོ༵ལ་ཞེས་པའོ། གུ༵་རུ༵་ནི་ལྕི་བའི་དོན་ཏེ་བླ་མའི་ཐུགས་ཡོན་ཏན་གྱིས་ལྕི་བས་དེ་སྐད་བརྗོད། པདྨ༵་ནི་མཚན་གྱི་ཆ་ཤས་ནས་བོས་ཏེ་སིདྡྷི་ནི་དངོས་གྲུབ་སྟེ་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ཧཱུ༵ྃ་ཞེས་སྩོལ་ཅིག་གི་དོན། དེ་ཡང་སྔོན་གུ་རུའི་ཐུགས་རྗེ་ཉེ་རིང་མེད་པས་སྤྱན་གྱིས་མ་གཟིགས་ཐུགས་ཀྱིས་མ་དགོངས་ནས་དོར་སོང་བ་མ་ཡིན་ཀྱང་རང་ངོས་ནས་ཁ་ཙམ་མ་ཡིན་པའི་སྙིང་ཐག་པ་ནས་གསོལ་འདེབས་མ་ཐུབ་པས་བྱིན་རླབས་རུང་བའི་ཡུལ་དུ་མ་གྱུར་ལ། ད་ལྟ་དེ་འདྲའི་ཕན་ཉེས་ཤེས་ནས་རྒྱུ་རྐྱེན་འཛོམས་ན་ཉམས་རྟོགས་ཡོན་ཏན་ཐམས་ཅད་དབྱར་མཚོ་ལྟར་རྒྱས་པ་ཐེ་ཚོམ་མེད་པ་ལ་བློ་བཞག །འཇིག་རྟེན་ན་ཡ་རབ་ཏུ་གྲགས་པ་ལའང་རེ་ལྟོས་སྙིང་ནས་བཅས་ན་ཕན་ཐོགས་དུས་འདི་ཕྱིའི་དོན་ཐམས་ཅད་སྒྲུབ་ནུས་པའི་བླ་མ་གུ་རུ་རིན་པོ་ཆེ་ལ་བརྟེན་ན་ཕན་ཐོགས་ངེས་པ་ལ་ཡིད་གཉིས་ཐེ་ཚོམ་མེད་པས་ཐག་ཆོད་པའི་ཡིད་ཆེས་དང་བློ་གཏད་ལིང་བསྐྱུར་དགོས་ཀྱི། བྱིན་རླབས་ཀྱི་སྒོ་བཀག་བྱེད་ཐེ་ཚོམ་འདི་ཡིན་པས་ནམ་ཡང་སྤངས་ནས་གསོལ་བ་བཏབ་ན་འདོད་དོན་ཇི་བཞིན་འགྲུབ་པའི་གེགས་སྔོན་ལས་ངན་པ་ཞི། འཕྲལ་གློ་བུར་གྱི་རྐྱེན་བཟློག་ངེས་པ་ཡིན། ད་ལྟ་ནད་མེད་ཤེས་པ་གསལ། བསམ་མནོ་གཏོང་ཐུབ་པའི་དུས་འདིར་གསོལ་འདེབས་ལ་བརྩོན་ནས་བྱིན་རླབས་རྒྱུད་ལ་ཞུགས་པའི་རྟགས་མཚན་ཞིག་ངེས་པར་མཐོང་དགོས་པས་ད་ནས་བཟུང་ཉིན་རེ་བཞིན་མ་ཆག་པར་འདྲིས་སུ་བཅུག་དགོས་ཀྱི། སྡུག་ཧུར་ཐུག་དུས་ཤི་ཁ་མ་ཎི་ཚ་འདོན་བྱེད་པས་ནི་གནད་དུ་འགྲོ་དཀའ་བར་ངེས། གོམས་འདྲིས་བཏང་ལུགས་དེའང་འགྲོ་ཞོར་འདུག་ཞོར་དང་འདི་སྣང་གྱི་བྱ་བ་དང་བསྒྲག་ནས་རང་མགོ་རང་གཡོག་གི་དགོས་པ་མེད་པས་གནས་དབེན་པ་ཁོ་ནར་བརྟེན། དེའང་ལུས་དབེན་ཙམ་མ་ཡིན་པར་སེམས་ཆགས་སྡང་རྨོངས་གསུམ་སོགས་ཀྱི་དབང་དུ་མ་སོང་བར་གསོལ་འདེབས་ཁོ་ནའི་རྗེས་སུ་འགྲོ་བ་ལ་ཡང་ཡང་བསླབ་ནས་འདྲིས་སུ་བཅུག །དུས་དེ་ཙམ་ན་ཟས་གོས་ཀྱི་ཕོངས་པ་གཏམ་སྙན་གྲགས་ཉམས་པ་སོགས་སྐྱིད་སྡུག་ཅི་ལྟར་བྱུང་ཡང་བློ་རྐྱེན་དབང་དུ་མི་ཤོར་བའི་ཐབས་


MLP014_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རེ་དོགས་མེད་པའི་སེམས་རྒྱ་ཆེན་པོ་བསྐྱེད། ཆོས་ཀྱི་བར་ཆད་དང་གེགས་ཐམས་ཅད་རེ་དོགས་འདི་ལ་ཐུག་པས་རྦད་ཀྱིས་བཅད། རྗེ་མི་ལས་རྩམ་པ་ཁལ་གསུམ་བསྣམས་ནས་བྲག་དཀར་རྟ་སོ་ལ་ལོ་དགུ་བཞུགས་པའི་དམ་བཅའ་མཐར་ཕྱིན་པས་ཡུལ་ཀུན་ཏུ་མཚན་སྙན་པས་ཁྱབ་པ་བྱུང་། སྐྱིད་གསོག་ནས་བཞུགས་ཡོད་ན་ད་ལྟ་སུ་ཡིན་ཡང་མི་ཤེས་པའི་ཕལ་པ་ཞིག་ཡིན་ཚུལ་སོགས་ལ་བསམ་ནས་སྔོན་གྱི་སྡུག་ཐམས་ཅད་དོན་མེད་དུ་སོང་བས་ཚེ་ལྷག་ཅུང་ཟད་ཡོད་པ་འདིར་ན་ན་ན་གོ་ཆོད་པ། ཤི་ན་ཤི་གོ་ཆོད་པ་ཞིག་བྱ་སྙམ་པའི་བློ་ཐག་ཆོད་དགོས། དེས་ན་ཆེ་བཞག་ཆུང་བསྐྱུར་གྱི་གསོལ་འདེབས་ལ་མོས་གུས་ཆིག་དྲིལ་དུ་བརྩོན་པས་རང་ཡིད་རང་ལ་ཆེས་པ་ཞིག་མ་འོང་བར་ཕོ་ཨི་རྒོད་མི་རྒོད་བློ་ཨི་རྣོ་མི་རྣོ་ལྟ་ས་འདི་ཡིན། སྐབས་རེར་གློ་བུར་དུ་དད་མོས་དྲག་པོ་སྐྱེ་བ་མིག་མཆི་མ་འཁྲུག་ཙམ་རེ་འབྱུང་ན་ཡང་རྒྱུན་མ་བརྟན་ན་དེ་མོས་གུས་སྐྱེས་པ་མི་ཟེར། སྐྱིད་སྡུག་ཟ་ཉལ་འགྲོ་འདུག་ཀུན་ཏུ་ཆུ་བོའི་རྒྱུན་ལྟ་བུ་ཞིག་སྐྱེས་ཙ་ན་མོས་གུས་བཅོས་མིན་ཡིན་པས་གོམས་པའི་རྟག་དུ་གཟུང་། དེ་ལྟར་ལོ་ཟླ་མང་པོར་འབད་པས་ད་དུང་མོས་གུས་མ་སྐྱེ་ན། རང་གཏེར་མཚོ་རྒྱལ་སྙན་བརྒྱུད་ནས་གསུངས་པ་ལྟར་བོག་འདོན། རི་ཤིན་ཏུ་མཐོན་པོའི་རྩེ། ཐང་ཡངས་པའི་དཀྱིལ། མི་མེད་ཀྱི་ལུང་སྟོང་རྣམས་སུ་ཕྱིན་ནས་གཅིག་པུར་འདུག་ཏེ་འཁོར་བའི་ཉེས་དམིགས་དྲན་པས་སེམས་སྐྱོ་སེང་ངེ་བ་འབྱུང་། དུས་དེར་ཡོན་ཏན་དང་བཀའ་དྲིན་སྙིང་ནས་དྲན་པའི་གསོལ་འདེབས་ཤུགས་དྲག་བྱས་ན་གནད་དུ་འགྲོ་བ་དཔེར་ན་བུ་ཆུང་དེར་བཞག་ན་ཁྱིམ་དྲན་ལ་མི་མང་གསེབ་ཏུ་བཞག་ན་གཡེངས་ནས་དྲན་མི་ཤེས་པ་ལྟ་བུ་ཡིན་གསུངས། གསོལ་འདེབས་དེ་ཡང་སྐད་དྲག་ཏུ་འབོད་ལ་མགོ་བོ་འགས་པའི་ཚོད་ཙམ་དུ་སྙིང་ཐག་པ་ནས་བྱ། དེའི་ཚེ་བསམ་རྒྱུ་བླ་མ་ལས་མེད་པ། ཕར་ཐིམ་ཕོད་པ། ཚུར་འབྲལ་མི་ཕོད་པ་ལྟ་བུའི་དབང་མེད་དུ་བློ་སྣ་འགྱུར་བ་བྱུང་ན་དེ་དུས་སེམས་ལྷོད་ཕབ་ནས་རང་བབས་སུ་བཞག་པས་མོས་གུས་ཀྱི་བློ་མ་འགགས་བཞིན་སེམས་གཤིས་ཐོག་ཏུ་ཕེབས་པ་དེ་ལ་བླ་མ་ཆོས་སྐུར་བལྟ་བའི་མོས་གུས་ཞེས་བྱ། དེ་ལྟར་བརྩོན་པ་རེས་མོས་བྱས་པས་


MLP014_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲིབ་ཚན་པོ་ཆེ་རྣམས་ཀྱང་མྱུར་དུ་དག་འགྲོ་བར་གསུངས། དེང་སང་དད་པ་མོས་གུས་འདི་ཁྱིམ་པ་ཕོ་མོའི་ཆོས་སྐལ་ལྟ་བུ་དང་ལམ་ཞུགས་ལ་དེ་བས་དྲག་ཞིག་ཡོད་ཁུལ་བྱེད་ནས་རྩིས་མེད་བཏང་བ་མང་ཡང་། ལམ་ཉམས་ལེན་གྱི་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་ས་ར་ཧས། དོན་དམ་ལྷན་ཅིག་སྐྱེས་པའི༴གསུངས་པ་སོགས་ལ་བསམ་ནས་གནས་ལུགས་རང་ངོ་ཨི་འཕྲོད་ཀྱི་རེ་བ་ཡོད་དེ་རྗེན་ཅེར་དུ་རྟོགས་པའི་ཐབས་མཆོག་བོར་ནས་གཞན་ཡན་ལག་ཕལ་པ་ཞིག་ལ་བརྩོན་མདོག་བྱེད་པ་དོན་མེད། འདི་ནི་ཀུན་གོ་གཅིག་གིས་ཆོད་པ་ཡིན་ཚུལ། བླ་མའི་སྐུའི་རྣམ་པ་ལ་གསལ་སྣང་བཏོན་པས་བསོད་ནམས་ཀྱི་ཚོགས་རྫོགས། གཟུགས་སྐུའི་ཉེ་རྒྱུ་བསྐྱེད་རིམ་དུ་འགྲོ། དབང་བཞིའི་མཐར་རིག་ངོ་བསྐྱང་བས་ཡེ་ཤེས་ཀྱི་ཚོགས་རྫོགས། ཆོས་སྐུའི་ཉེ་རྒྱུ་རྫོགས་རིམ་གྱི་གནད་ཚང་བས་བསྐྱེད་རྫོགས་གཉིས་དང་། སྤྱི་བོའི་བླ་མ་ལ་གསོལ་འདེབས་བྱ་བ་བསྙེན་པ༵། དེས་བྱིན་རླབས་ཞུགས་ནས་བླ་མའི་ཐུགས་དང་རོ་གཅིག་ཏུ་སྒྲུབ་པ་ལ་སྒྲུབ༵་པ༵། དེའི་མཐུས་བྱ་བ་གང་བརྩམ་གཞན་དོན་བསྟན་འགྲོ་འབའ་ཞིག་གི་དོན་དུ་འགྲོ་བས་ལས་སྦྱོར་དང་གསུམ་ཡང་ཚང་། ཡང་གསོལ་འདེབས་བསྙེན༵་པ༵། རྟགས་མཚན་མཐོང་བ་ཉེ༵་བསྙེན༵། བྱིན་རླབས་ཞུགས་ནས་རང་སེམས་དང་དབྱེར་མེད་དུ་སྒྲུབ༵་པ༵། སྒྲུབ་འབྲས་མངོན་དུ་ཐོབ་པ་སྒྲུབ༵་ཆེ༵ན་ཏེ་ཡན་ལག་བཞི་ཀ་ཚང་། ཐུན་མོང་གི་ལས་རབ་འབྱམས་གང་སྒྲུབ་དགོས་ཀྱང་སེམས་ཉིད་ངལ་གསོའི་བླ་རྣམ་སྐབས་ཀྱི་རྩ་འགྲེལ་ལས་གསུངས་པ་ལྟར། ཚོགས་ཞིང་སྐུ་མདོག་དང་འོད་ཟེར་ལས་མདོག་སྤྲོ། སིདྡྷི་བཟླས་མཐར་ཤིནྟཾ་ཀུ་རུ་སྭཱ་ཧཱ་སོགས་བཏགས་པ་བཟླ་ཚེ་དཀར་སེར་གྱིས་ཞི་རྒྱས་འོད་དམར་ལྕགས་ཀྱུའི་དབྱིབས་ཀྱིས་དབང་། འོད་ཟེར་སྔོན་པོའི་ཀློང་ནས་མཚོན་ཆ་སྤྲོས་པས་དྲག་པོའི་ལས་སྒྲུབ་ཚུལ་ཡོད་པས་ལས་གང་དགོས་བླ་མ་ལ་བརྟེན་ནས་སྒྲུབ་པ་བཟང་ལ་མྱུར། སྣ་མང་པོ་ལ་ཞུགས་པས་འགྲུབ་དུས་མི་འོང་སྟེ། ཉམས་ལེན་གཅིག་གིས་ཀུན་གོ་མ་ཆོད་ན་རྣམ་མཁྱེན་གྱི་རྒྱུར་ཡང་མི་འགྲོ། དེ་ནས་ཚིག་བདུན་མཐར། བརྒྱུད་འདེབས་རྗེས་སིདྡྷི་ཅི་ནུས་བཟླ།


MLP014_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་དབང་བཞི་ལེན་པ་ནི། དབང་གནང་བར་བསྐུལ་བའི་ཁྱད་པར་གྱི་གསོལ་འདེབས་སྐུ་བཞིའི་དབང་ཕྱུག་བརྗོད་སྐབས་འཁོར་གྱི་ལྷ་དང་བརྒྱུད་རིམ་རྣམས་འོད་དུ་ཞུ་ནས་བླ་མ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་གུས་བཟོད་མེད་ཀྱིས་དབང་ལེན་དགོས། དབང་གི་སྒྲ་དོན་གཏོར་བླུག་ལ་འཇུག་པས་དྲི་མ་རེ་སྦྱངས་ཤིང་སྔར་མེད་ཀྱི་ནུས་པ་གསར་བ་རེ་བཞག་པ་ལ་ཟེར། དེས་ན་དབང་ཞེས་པའང་དབང་བཞི་སོ་སོའི་ཡེ་ཤེས་དེ་དང་དེར་མངོན་སུམ་དུ་རྟོགས་པའམ་གོ་བ་རྣམ་དག་མ་སྐྱེས་ན་ཐོབ་པའི་དོན་མེད་དོ། སྔར་གསལ་བའི་སྤྱི་བོའི་ༀ་ལས་འོད་དཀར་ཆུ་ཤེལ་ཞུ་བ་ལྟ་བུ་མང་པོ་འཕྲོས་པའི་རྩར་ཁྲོ་བོའི་ལྷ་སྐུ་ཆེ་ཆུང་གྲངས་མེད་པ་བཅས་རང་གི་སྤྱི་བོར་ཐིམ། གདན་གསུམ་ལྷ་ཡི་འཁོར་ལོར་རྟོགས་པའི་སྒོ་ནས་བུམ་དབང་ཐོབ། དེ་ཐོབ་ནས་བཟུང་བསྐྱེད་རིམ་ལ་རྒྱུན་དུ་ཉམ་ལེན་དགོས་ཤིང་མ་ཐུབ་ན་དམ་ཚིག་དང་འགལ། དབང་དེ་ཐོབ་ནས་བསྐྱེད་རིམ་སྒོམ་པ་ལ་དབང་ཞིང་། མ་ཐོབ་ན་དེ་ལ་མི་དབང་བས་དབང་ཡང་ཟེར། ལུས་ཀྱི་སྒོ་ནས་བསགས་པའི་སྲོག་གཅོད་སོགས་གསུམ་གྱིས་མཚོན་པ་དང་། ཁྱད་པར་བླ་མའི་སྐུའི་དམ་ཚིག་ཉམས་ཆགས་ཉེས་ལྟུང་རྣམས་དག་པར་མོས། མ་འོངས་པ་ན་སངས་རྒྱས་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བའམ་ནུས་པ་ཁྱད་པར་ཅན་སེམས་ལ་བཞག་པར་བསམ་མོ། །བུམ་པ་མགོ་ཐོག་བཞག་ནས་བུམ་ཆུ་འཐུང་བ་སོགས་ནི་མཚོན་བྱེད་ཙམ་ཡིན་གྱི་དབང་དངོས་མ་ཡིན། མགྲིན་པའི་ཨཱཿལས་འོད་ཟེར་པད་རག་ལྟར་དམར་བ་འཕྲོས་པའི་སྣེར་དབྱངས་ཡིག་དམར་པོ་གསལ་བྱེད་དཀར་པོ་གྲངས་མེད་རྩ་སྔགས་བཛྲ་གུ་རུ་རྣམས། མགྲིན་པར་ཐིམ་པས། གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་སྒོ་ནས་གསང་དབང་ཐོབ། ཉམས་ལེན་རྩ་རླུང་བསྒོམ་པ་ལ་དབང་། ངག་གི་ལས་བཞི་དང་བླ་མའི་གསུང་གི་དམ་ཚིག་སྐོང་། འབྲས་བུ་ལོངས་སྐུའི་ནུས་པ་བཞག །ཐུགས་ཀའི་ཧཱུྃ་ལས་འོད་སྔོན་བཻཌཱུཪྱའི་མདོག་གི་སྣ་ལ་རིགས་ལྔ་སོགས་ཀྱི་ཕྱག་མཚན་གྲངས་མེད་བཅས་སྙིང་ཁར་ཐིམ་པས། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་སྐྱེས་པས་ཤེར་དབང་ཐོབ། ཐིག་ལེ་བསྒོམ་པ་ལ་དབང་། ཡིད་ཀྱི་ལས་


MLP014_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་བླ་མའི་ཐུགས་ཀྱི་དམ་ཚིག་སྐོང་། འབྲས་བུ་ཆོས་སྐུ་ཐོབ་པའི་ནུས་པ་བཞགསླར་ཡང་འོད་ཟེར་གསུམ་དུས་ཅིག་ཆར་སྤྲོས་པ་གནས་གསུམ་དུ་ཐིམ་པས། རིག་སྟོང་གི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྒོ་ནས་དབང་བཞི་པ་ཐོབ། ཀ་ལྷུན་བསྒོམ་པ་ལ་དབང་། སྣང་གསུམ་གི་བག་ཆགས་ཞེས་པ་འཆི་བའི་ཚེ་སྣང་མཆེད་ཐོབ་གསུམ་འོད་གསལ་བར་ལུགས་འབྱུང་དུ་འགགས་ཀྱང་སླར་ལུགས་ལྡོག་ཏུ་ལྡང་བས་འཁྲུལ་བ་ཡིན། དེས་ན་ལུགས་ལྡོག་ཏུ་འབྱུང་བའི་ནུས་པ་སེམས་སྟེང་ན་ཡོད་པ་དེ་བཅོམ་པ་ན་སངས་རྒྱས་པ་ཡིན་པས་བཞི་པའི་དབང་གི་སྦྱང་བྱ་ནི་དེ་ཡིན། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་ནུས་པ་ཁྱད་པར་བ་རྒྱུད་ལ་བཞག་པར་མོས། སླར་ཡང་སྙིང་ཐག་པ་ནས་གསོལ་བ་དྲག་ཏུ་བཏབ་ཅིང་ངག་ཏུ་སྐྱབས་གནས་ཀུན་གྱི་ལན་གསུམ་མཐར་བླ་མའི་འོད་ཀྱི་སོགས་གོང་བུ་རང་ལ་བསྟིམ་པ་དང་སྙིང་ཁར་ཞུ་བའི་ལུགས་གཉིས་འདམ་ཁ་ཡིན་པས་རྗེས་མ་ལྟར་དེའི་རྐྱེན་གྱིས་བླ་མ་ཉིད་སྐུ་ཇེ་ཆུང་སོགས་རིམ་གྱི་གཟི་བྱིན་ཇེ་ཆེ་རེ་སོང་བ་མདུན་གྱི་ནམ་མཁའ་ནས་སྤྱི་བོར་བྱོན། ཚངས་བུག་ཁ་ཕྱེ་དབུ་མ་ནས་བརྒྱུད། སྙིང་པད་མ་དམར་པོ་འདབ་མ་བརྒྱད་པ་ཁ་འབུས་ཀྱི་ཟེའུ་འབྲུར་བཞུགས་པ་བསམ་ལ་ཤེས་པ་རྩེ་གཅིག་པའི་གསལ་སྣང་ཡུན་རིང་དུ་སྦྱོང་། མཚམས་དེར་མཆོད་བསྟོད་ཀྱི་ཚུལ་དུ་སིདྡྷི་ཅུང་ཟད་བཟླས་ན་གསང་འདུས་ལས་གསུངས་པ་ལྟར་སྒྲུབ་པར་འགྲོ། མཐར་བླ་མ་འོད་དུ་ཞུ་ནས་རང་སེམས་དང་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བསམ་ནས་རིག་ངོ་བསྐྱང་། ཐུན་བསྡུ་བ་ན། ཉམས་ལེན་གྱི་ཐུན་འདིས་མཚོན་པའི་རང་གཞན་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་སེམས་ཅན་གྱི་དོན་དུ་ལམ་ཟབ་མོ་འདི་ལ་བརྟེན་ནས་བླ་མ་སངས་རྒྱས་ཀྱི་གོ་འཕང་ཚེ་འདིར་འགྲུབ་པའི་རྒྱུར་བསྔོ་ཞིང་། དེའི་མཐུས་སངས་རྒྱས་ནས་མཁའ་ཁྱབ་ཀྱི་སེམས་ཅན་རང་ཉིད་གཅིག་པུའི་མཐུས་བླ་མ་མཆོག་གི་གོ་འཕང་ལ་བཞག་ནུས་པར་ཤོག་ཅིག་སྙམ་པའི་སྨོན་ལམ་བཏབ། གོང་གི་གསོལ་བ་འདེབས་རྒྱུའི་དོན་དང་བསྔོ་སྨོན་གྱི་འདུན་ཡུལ་ཕྱོགས་འདྲ། དགེ་བ་འདི་ཡིས་སོགས་བརྗོད། ཐུན་མཚམས། སྤྱི་བོའི་ཚོགས་ཞིང་གསལ།


MLP014_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་གསོལ་འདེབས་རེ་དང་། ནམ་དྲན་དུས་སྐུ་གསུམ་གསོལ་འདེབས་སམ་ཚིག་བདུན་མ། སིདྡྷི་ཚར་རེ་ཡན་འདོན་ནས་མོས་གུས་བྱ། སྐྱིད་སྡུག་སོགས་ཅི་བྱུང་ཡང་ལམ་དུ་ཁྱེར། སྐྱིད་ན་བླ་མའི་བཀའ་དྲིན་དང་། སྡུག་ན་འཁོར་བ་འདི་ལ་སྡུག་བསྔལ་མ་གཏོགས་མེད་པས་དེའི་ཉེས་དམིགས་སེམས་ལ་དེ་ལས་ཐར་བའི་ཐབས་ལམ་ཟབ་འདི་ལ་བརྩོན་ནས་ལུས་བོར་མ་ཐག་རྔ་ཡབ་དཔལ་རིའི་ཞིང་དུ་འགྲོ་གྲབ་ཀྱིས་ཞེས་གདམས་པའི་བརྡ་རེད་སྙམ་དུ་བསམ། ཐུན་བཞི་སོགས་གཅོད་ན། ཐུན་དང་པོ་རྣལ་དབབ་ནས་སྔོན་འགྲོ་ངག་འདོན་གཤར་སྒོམ་མཐར་ཆགས་རེ་དང་རྗེས་མ་རྣམས་ལ་རྣལ་དབབ་རྗེས་སྐྱབས་སེམས་ནས་བླ་རྣམ་ལ་འཇུག །འདི་ལ་བརྟེན་ནས་འཕོ་བ་སྤྱོངས་འདོད་ན། གོང་དུ་དབང་བཞི་རྫོགས་ནས་སྐྱབས་གནས་ཀུན་འདུས་མའི་མཐར། སླར་ཡང་བླ་མའི་ཐུགས་ཀ་ནས་ངོ་བོ་བྱིན་རླབས་ལ་རྣམ་པ་ཐུགས་རྗེ་ཆགས་པའི་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་དྲོད་དང་བཅས་པ་སྤྲོས། རང་གི་སྙིང་དབུས་རེག་མ་ཐག་སྒོ་གསུམ་གྱི་སྙིགས་མ་སྦྱང་། དྭངས་མ་སྲན་ཕོད་ཙམ་དཀར་ལ་དམར་མདངས་ཆགས་པ་ཞིག་ཏུ་གྱུར་ནས་འོད་དེས་མྱུར་བར་དྲངས་ཐུགས་ཀར་ཐིམ་པས་བླ་མའི་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བསམ། ཡང་སྐྱབས་ཀུན་མའི་གསོལ་འདེབས་ནས་དབྱེར་མེད་དུ་བསྲེ་བའི་བར་བདུན་ཡན་ཆད་ཅི་ནུས་སུ་སྦྱངས་བའི་མཐར་བླ་མ་སྤྱི་བོར་དྲངས་ནས་སྙིང་དབུས་བསྟིམ་པ་སོགས་སྔར་ལྟར། འདིས་ལུས་སེམས་ཁ་མ་ཕྲལ་བས་འཕོ་རབ་ཚེ་ཐུང་བའི་ཉེས་པའང་མེད། ཉལ་བའི་དུས་སེང་གེའི་ཉལ་སྟབས་སུ་བྱས་ནས། སྔར་གྱི་ཚོགས་ཞིང་བླ་མ་ལ་བསྡུ་བླ་མ་སྤྱི་བོ་ནས་སྙིང་དབུས་བྱོན་འོད་ཀྱི་གོང་བུའི་ཀློང་ན་བཞུགས་པར་བསམ། སྐུ་དེ་ལས་འོད་ཟེར་དཔག་མེད་འཕྲོས། རང་ལུས་འོད་ཀྱིས་གང་། དེ་ལས་ཕྱིར་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་འོད་དུ་ཞུ་བ་རང་གི་ལུས་ལ་ཐིམ། ལུས་ཞུ་བ་བླ་མ་ལ་ཐིམ་པས་བླ་མ་ཇེ་ཆུང་ལ་སོང་ནས་སྐྲ་རྩེ་ཙམ་འོད་ཀློང་བཞུགས་པ་ལ་སེམས་གཏོད་བཞིན་གཉིད་ལོག་ན་གཉིད་འོད་གསལ་གྱི་འཁོར་ལོར་སྦ་པའི་ཐབས་མཆོག་ཅིག་ཡིན། ཤིན་ཏུ་ཕྲ་བ་


MLP014_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསལ་ན་ཡུངས་འབྲུ་འམ་ཚོན་གང་ཙམ་གང་བདེ་གསལ། སད་དུས་རྟོག་པ་རྒྱ་འབྱམས་མི་གཏོང་བར་དམིགས་པ་སྔ་མའི་འཕྲོ་མཐུད་ལ་གཉིད། དེས་རྨི་ལམ་གྱི་བག་ཆགས་སྦྱངས། ཐོ་རངས་སད་མ་ཐག་ཚངས་བུག་ནས་བྱོན་མདུན་མཁར་དགྱེས་བཞིན་བཞུགས་པར་བསམ་ལ་ལངས་ནས་རྣལ་དབབ་སོགས་སྔོན་འགྲོའི་ཉམས་ལེན་ནས་སྔར་ལྟར་བསྐྱང་། མདོར་ན། ལས་དང་པོ་པས་གང་ཤར་གདོང་དེད་ཀྱིས་ཅི་ཡང་མི་འོང་བས་ཉམས་ལེན་གང་བྱེད་ཐུན་དང་ཐུན་མཚམས་ཀྱི་ངེས་པ་བཟུང་ནས་ཐུན་ལ་ངག་འདོན་སོགས་མ་མཐའ་གཤར་གོམ་རེ་ཚང་བ་དང་མྱོང་ཁྲིད་ཀྱི་བརྒྱུད་པ་ཡོད་ན། བསམ་མནོ་བཏང་བའི་འགག་རེ་ལའང་དོན་གནད་མང་པོ་ཚང་བས་ཉམས་ལེན་རྒྱུད་ཐོག་ཏུ་འགེལ་བ་ལ་གལ་ཆེ་ཐུན་གྱི་ཉམས་ལེན་དང་སྔགས་སོགས་གང་འདོན་ཐུན་མཚམས་ལའང་བརྩོན་དགོས་པ་ཡིན་ཀྱང་། ཟ་ཞོར་འགྲོ་ཞོར་གྱི་སྔགས་བཟླས་དེ་རྩ་བའི་གྲངས་སུ་བརྩི་མི་རུང་ཞིང་། རྒྱུན་གྱི་ཉམས་ལེན་གང་ཡང་ལུས་མལ་སར་བསྡད་ནས་བྱ་བ་ལས། མི་མང་ཁྲོད་དང་། བཤད་ཞོར་བརྩོན་པ་ལྟ་བུས་ནི་དགེ་སྦྱོར་ལ་སྐྱེད་མེད་ཅིང་ལད་འགྲོ་བས་གཟབ། སྔོན་འགྲོའི་ཆོས་རྣམས་ལ་རྐང་མ་ཚུགས་ན་གཞན་ལམ་མཐོ་སྙེགས་ལ་དགའ་ཆེ་བ་ནི་རང་ཉིད་ཕུང་བའི་རྒྱུ་ཡིན་ཞིང་། ཁྱད་པར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་འདི་ནི་སྤྱིར་ཆོས་སྒོར་ཞུགས་པ་སྒོས་ཐེག་མཆོག་ཨ་ཏི་ལ་མོས་པ་རྣམས་ཀྱི་འཆུག་མེད་ཀྱི་ཉེ་ལམ་ཡིན་པ་དང་ཁོ་བོའི་བློ་རྩ་འདུན་པ་གཏོད་ས་ནི་འདི་ཉིད་ཡིན། ཁྱེད་རྣམས་ལ་བསྐྱེད་རྫོགས་ཀྱི་རྟོགས་པ་མཐོན་པོ་ཡོད་ན་ཅི་བཤད། དེ་འདྲ་མེད་བཞིན་ལམ་གནད་རེ་ཨེ་ཉན་གྱི་རེ་བ་རྣམ་དག་གིས་ཉམས་ལེན་གྱི་རྩ་བ་འདི་ཉིད་བཟུང་ན་འཕྲལ་ཡུན་ཀུན་ཏུ་བདེ་ལེགས་རྒྱ་ཆེར་འབྱུང་ངེས་པ་ཡིན་ནོ་ཞེས་ངག་ལ་ཉན་འདོད་པ་རྣམས་ཀྱིས་སེམས་ལ་ནན་དུ་ཞོག །ཅེས་སོགས་རྒྱ་ཆེར་གསུངས་པ་ཤ་ཟིན་སྤུ་ཟིན་དུ་བྲིས་པ་ལགས། །མཁྱེན་ནོར་གསུངས་པ་སྐྱེ་མེད་ནས་བྲིས་སོ། །

འཇམ་དཔལ་སྨྲ་སེང་གི་བསྙེན་པའི་དམིགས་རིམ་དོན་གསལ་ཤེལ་གྱི་མེ་ལོང་།


MLP014_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྨྲ་སེང་གི་བསྙེན་པའི་དམིགས་རིམ་དོན་གསལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །མཁན་ཆེན་མཁྱེན་བརྩེ་ནོར་བུ།


MLP014_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྨྲ་སེང་གི་བསྙེན་པའི་དམིགས་རིམ་དོན་གསལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །བླ་མ་དང་ལྷག་པའི་ལྷ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་རང་བྱུང་ཡེ་ཤེས་འཇམ་པའི་དཔལ། །རྣམ་ཀུན་མཆོག་ལྡན་རྡོ་རྗེའི་བཙུན་མོ་དང་། །མི་ཕྱེད་བསྡོམ་པའི་ཕྱག་རྒྱ་བླ་མ་རྗེར། །དངོས་ཀུན་དབྱེར་མེད་མཉམ་པའི་ཕྱག་གིས་འདུད། །འདིར་སྲིད་པ་དང་ཞི་བའི་དཔལ་ལས་ཡིད་འབྱུང་ཞིང་། འབྲས་བུའི་ཐེག་པའི་ཟབ་ལམ་ལ་ཡིད་ཆེས་ཀྱི་ངེས་པ་རྐྱེན་གཞན་གྱིས་མི་ཚུགས་པ་དང་། མཆོག་ཐུན་གྱི་གྲུབ་གཉིས་དོན་དུ་གཉེར་བའི་གང་ཟག་རྒྱལ་བ་དམ་པའི་སྤྱོད་ཡུལ་ལ་འཇུག་འདོད་པ་དག་གིས། དང་པོ་ཉིད་ནས་བདག་རྐྱེན་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་མདུན་དུ་ལམ་གྱི་སྔོན་འགྲོ་ཐོས་བསམ་གྱི་སྣང་བ་རིས་སུ་མ་ཆད་པ་དང་། ཁྱད་པར་དུ་བླ་ན་མེད་པའི་སྨིན་གྲོལ་གྱི་གདམས་པ་ཟབ་མོ་ནོད་དེ། གཟོད་ལམ་གྱི་རིམ་པ་ངེས་རྫོགས་ལྟར་འཇུག་པར་བྱ་བ་ཡིན་མོད། འོན་ཀྱང་མོས་སྒོམ་ལྟར། ལམ་རིམ་དུས་གཅིག་ཏུ་ཉམས་སུ་བླངས་པས་ཀྱང་བསྒྲུབ་བྱའི་ཡོན་ཏན་མི་ཐོབ་པ་མིན་པའི་ཕྱིར། འདིར་ཕྱི་མ་ལྟར་བསྐྱེད་རྫོགས་ཀྱི་ཆོ་གའི་བསྡུས་དོན་ཙམ་བཀོད་པར་བྱའོ། །དེ་ལ་གསུམ་ཏེ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། ལུགས་གཉིས་ཀྱི་ལོ་རྒྱུས་མཆོག་ཏུ་ཤིས་པའི་གནས་སྤྱི་དང་ཁྱད་པར་གྱི་མཚན་ཉིད་དང་ལྡན་པའི་བདག་དབང་བར་ཆད་མེད་པའི་སར། དམ་ཚིག་རྟེན་ལྷ་སྐུ་བྲིས་འབུར་གང་རུང་བཀོད་པའི་མདུན་དུ། སྟེགས་བུའི་ཁར་རང་གཞུང་ནས་བཤད་པའི་དཀྱིལ་འཁོར་བྲིས་ལ་ཕྱི་ནང་


MLP014_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཆོད་རྫས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་འདུ་བྱས་ཏེ། ཐོག་མར་ཐུན་མོང་གི་སྔོན་འགྲོའི་ལས་རིམ་ནི། རང་ཉིད་ལྷག་པའི་བསམ་པ་དང་བཅས་བདེ་བའི་སྟན་ལ་འདུག་པའི་མདུན་གྱི་ནམ་མཁར་ཚོགས་ཞིང་གི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་མོས་པས། སྐྱབས་གནས་གྱི་ཡོན་ཏན་ཡིད་ལ་བྱེད་བཞིན་རང་གཞན་ཀུན་འཇིགས་པ་གསུམ་གྱི་གཡེང་པ་ལས་སྒྲོལ་ཕྱིར་སྐྱབས་སུ་འགྲོ་བ་དང་། དེ་ནས་མཁའ་མཉམ་གྱི་ཡིད་ཅན་ཐུགས་རྗེས་ཡོངས་སུ་མི་འདོར་བའི་ཐུན་མོང་པའི་སེམས་བསྐྱེད་དེ། སྐབས་ཀྱི་སྒྲུབ་བྱའི་ལམ་དང་འབྲེལ་བའི་སྨོན་འཇུག་གི་སེམས་རང་རྒྱུད་ལ་བཟུང་བའི་འདུན་པས་སེམས་བསྐྱེད་ལ། སླར་ཡང་སྒོ་གསུམ་འཇུག་པ་གཅིག་པས། ཕྱག་འཚལ་བ་སོགས་གཞུང་གི་དངོས་བསྟན་ལྟར་ཡན་ལག་བདུན་པས་ཚོགས་བསགས་པའི་མཐར་ཕྱག་རྒྱ་བཞིས་ཚོགས་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པས་ཡུལ་གྱི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་ཤེས་པས་རང་བཞིན་གནས་ལུགས་ཀྱི་ངང་བརྐྱངས་བ་དང་། ཁྱད་པར་གྱི་སྔོན་འགྲོ་ནི། སྐད་ཅིག་གིས་རང་ཉིད་འཇམ་དཔལ་ཁྲོ་བོར་རྫོགས་ཚུལ་གྱིས་བསྐྱེད་ནས་བགེགས་གཏོར་བརླབས་ཏེ་བགེགས་བཀུག་ལ་སྒྲུབ་པའི་བཀའ་ཉན་པར་བསྒོས་ཤིང་། གལ་ཏེ་ཕྱིར་བཞིན་ཐོ་འཚམས་པའི་རིགས་ལ་སྤྲུལ་པའི་འཕྲུལ་འཁོར་སྤྲོ་བ་དང་དྲག་སྔགས་སོགས་ཀྱིས་ཕྱིར་བསྐྲད་པར་བྱས་ནས། སླར་ཡང་དེ་དག་ཚུར་འདུས་པ་ལས་སྲུང་བའི་འཁོར་ལོ་མི་ཤིགས་པས་མཚམས་བཅད་པར་མོས་ཏེ། དོན་དུ་ན་རང་རིག་པའི་ཡེ་ཤེས་དེ་གཉིས་འཛིན་རྣམ་རྟོག་གི་བདུད་སྡེས་གླགས་འཚོལ་བའི་སྐབས་མི་རྙེད་ཅིང་། སྣང་སྲིད་ཀྱི་ཆོས་སུ་སྣང་བའི་རྟོག་པ་ཀུན་འཛིན་བྲལ་ཡེ་ཤེས་ཀྱི་ཀློང་ལས་འདའ་དཀའ་བར་ཤེས་པའོ། །དེ་དག་ནི་འགལ་རྐྱེན་སེལ་བའི་ཆོ་ག་ཡིན་ལ། དེའི་རྗེས་སུ་མཐུན་རྐྱེན་སྒྲུབ་པ་ནི། རང་བཞིན་ཡེ་ཤེས་པའི་རྡོ་རྗེ་གསུམ་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་རྣལ་འབྱོར་པས་མོས་གདུང་རྩེ་གཅིག་པའི་རྐྱེན་གྱིས་བསྐུལ་བའི་མཐུས། ཐམས་ཅད་མཚན་མའི་རྟགས་ཀྱི་རྣམ་པས་བདག་གནས་ཡོ་བྱད་ཀུན་ལ་ཐིམ་པར་བསམས་ནས་ཧཱུྃ་གསུམ་གྱིས་བྱིན་བསྡུས་ལ་ཐུགས་དམ་བསྐུལ་


MLP014_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། མི་རྟོག་པའི་དབྱིངས་ལས་མཆོད་རྫས་རྣམས་འཛད་མེད་ཀུན་བཟང་གི་རོལ་མོ་མཁའ་ཁྱབ་ཏུ་མཉམ་པར་སྤྲོས་པས་བྱིན་གྱིས་བརླབས་པ་སྟེ། དོན་དུ་ན་ལམ་ཉམས་སུ་ལེན་ཚུལ་གྱིས་བཞག་པའི་མཐར་ཕྱིན་འབྲས་བུའི་ཆོས་རྣམས་གཞི་ཤེས་བྱའི་སྙིང་པོ་དང་དབྱེར་མེད་དུ་རྟོགས་ཤིང་། སྣང་སྤྱོད་དུ་ཤར་བའི་དངོས་པོ་མཆིས་སོ་ཅོག་ཀུན་མཆོད་སྤྲིན་གྱི་སྣང་བ་མུ་མེད་པར་ཤེས་པའོ། །གཉིས་པ་དངོས་གཞི་ལ་གསུམ། སྐུ་ཕྱག་རྒྱའི་དང་། གསུང་བཟླས་པའི་དང་། ཐུགས་འོད་གསལ་གྱི་རྣལ་འབྱོར་བཤད་པའོ། །དང་པོ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གཟོད་ནས་མ་སྐྱེས་པ་སྤྲོས་བྲལ་ཡེ་དག་གཉུག་མའི་རང་ཞལ་བསལ་བཞག་མེད་པར་ལྟ་བ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ་ལྷག་པ་དོན་དམ་བདེན་པ་དང་། དེ་ལྟར་མ་རྟོགས་པས་དབྱིངས་ཀྱི་རྩལ་སྣང་ལ་གཉིས་ཆོས་སུ་བཟུང་བའི་མཐུས་དུཿཁའི་རྒྱུ་འབྲས་ལ་ཁོར་མོར་སྤྱོད་པའི་ཡིད་ཅན་ཀུན་གཉིས་མེད་ཀྱི་ས་ལ་སྐྱེལ་བའི་ཕྱིར་འཛིན་མེད་སྒྱུ་མའི་སྙིང་བརྩེ་རིས་མེད་དུ་བསྒོམ་པ་ནི་ཀུན་སྣང་གི་ཏིང་ངེ་འཛིན་ཏེ་ལྷག་པ་ཀུན་རྫོབ་བདེན་པ་དང་། དེ་གཉིས་ཟུང་དུ་འཇུག་པ་ལས་རང་རིག་དྷིཿཡིག་དམར་སེར་གསལ་བརྟན་གྱི་ཚད་དང་ལྡན་པ་བྱང་ཆུབ་སེམས་ཀྱི་རྟེན་དུ་གྱུར་པ་བརྟན་གཡོའི་དྭངས་མའི་སྲོག་ཏུ་བསྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ཏེ་ལྷག་པའི་བདེན་པ་དབྱེར་མེད་དོ། །དེའི་འོད་ཟེར་ལས་སྣང་གྲགས་ཀྱི་ཆོས་ཀུན་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་དབྱིངས་ཀྱི་རང་བཞིན་དུ་སྦྱངས། སླར་ཡང་དེ་ལས་བྷྲུཾ་ཁ་དོག་ལྔ་ལྡན་ཆད་པ་འོད་དུ་ཞུ་བ་ལས། གཞི་ཚད་མེད་པའི་རྡོ་རྗེའི་ས་གཞིར་པདྨ་ལ་གནས་པའི་ཉི་མའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་མེད་ཁང་གྲུ་བཞིའི་དབྱིབས་ཅན་སྒོ་བཞི་སྒོ་ཁང་དང་རྒྱུ་འབྲས་ཀྱི་རྟ་བབས་བརྒྱད་བརྒྱད་ཀྱིས་བརྒྱན་ཅིང་། རྩིག་པ་ལྔ་སྦྲགས་སུ་བྱས་པའི་ཕྱི་མའི་འགྲམ་རྨང་ནས་འདོད་སྣམ་དང་། རྩིག་སྟེང་དུ་ཕ་གུ་དང་བྲེ་སྤུངས་སོགས་ཕྱི་རོལ་དུ་དང་། ནང་དུ་ཀ་བ་བརྒྱད་ཀྱིས་བཏེགས་པའི་གདུང་བཞི་བསྣོལ་མའི་དབུས་ཕྱུར་བུར་གྱི་རྩེར་རྡོ་རྗེའི་རིན་པོ་ཆེའི་ཏོག་


MLP014_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མཛེས་པ་སོགས་མདོར་ན་གཞལ་ཡས་ཁང་གི་མཚན་ཉིད་ཡོངས་སུ་རྫོགས་པའི་རྒྱན་དང་བཀོད་པའི་བྱེ་བྲག་མཐའ་ཡས་པ་དེ་དག་ཀྱང་གཅིག་གིས་གཅིག་མ་སྒྲིབ་པར་ཕྱི་ནང་ཟང་ཐལ་དུ་གསལ་བ་དེའི་ལྟེ་བར་ཆུ་སྐྱེས་སམ་པདྨ་དམར་པོ་འདབ་བརྒྱར་བཞད་པ་དང་། ཉི་ཟླའི་དཀྱིལ་འཁོར་གྱི་རིམ་པ་བརྩེགས་པའི་གདན་ལ་སྔར་གྱི་རྒྱུའི་ཡི་གེ་དབྱིངས་ནས་བབས་པ་ཉིད་ཐབས་ཤེས་མཚོན་བྱེད་ཧྲཱིཿདྷིའི་ཡི་གེ་གཉིས་སུ་སྣང་བ། སླར་ཡང་དེ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཏེ་འདུས་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་པཎ་ཆེན་བི་མ་ལ་མི་ཏྲ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་དང་། ཞབས་ཟུང་རྡོར་སྐྱིལ་ཅན་ལ་པཎྜི་ཏའི་ཆ་ལུགས་རྫོགས་པར་བསྒོམ་པའི་ཐུགས་ཀར་པད་སྡོང་རྒྱས་༼རྣམ་པར་ཤེས་པ་ཚོགས་བརྒྱད་༽པའི་སྟེང་དུ་༼འདིར་ཀུན་འདུས་ནོར་བུའི་ལུགས་བླ་མའི་རྣལ་འབྱོར་དང་འབྲེལ་བ་བསྒོམ་པའི་ཚུལ་ཏེ་ངོ་བོ་རང་གི་རྩ་བའི་བླ་མ་ལ་རྣམ་པ་རང་གི་སྒྱུ་ལུས་འདི་ཉིད་༽༼རང་གི་ཤེས་རིག་ངོ་བོ་༽འཇམ་དཔལ་དམར་སེར་པོད་རལ་འཛིན་པ་བཞེངས་སྟབས་ཀྱིས་༼འདི་མན་མ་ཧཱའི་རྫོགས་རིམ་ཀྱི་མན་ངག་དང་བསྡུས་པའི་གནད་༽བཞུགས་པའི་སྤྱི་མགྲིན་སྙིང་ཁ་ལྟེ་བ་སྟེ་གནས་ཀྱི་འཁོར་ལོ་བཞིར་སྨྲ་སེང་རིགས་བཞི་ཞེས་པས་སྤྱིར་འཇམ་དཔལ་དབྱངས་ལས་རིགས་སུ་བསྡུས་པ་ལྟར་རམ། འོན་ཀྱང་གཙོ་བོ་ཐུགས་རིགས་སུ་འཇོག་པ་གང་ལྟར་ཡང་། གཙོ་བོ་མ་གཏོགས་པའི་རིགས་གཞན་རིགས་བཞིའི་འཇམ་དཔལ་རྩ་འཁོར་བཞི་པོའི་དབུས་སུ་བཞི་དང་། དེ་དག་གི་གཡོན་ཕྱོགས་ནས་ཡུམ་རྡོ་རྗེ་དབྱངས་ལྡན་མའི་ཚོགས་ལྔ་པོ་ཡབ་ལ་འཁྲིལ་ཚུལ་གྱིས་བཞུགས་པའི་ཡབ་ཡུམ་དེ་དག་ཀྱང་རིམ་བཞིན་ལོངས་སྐུའི་ཆས་བཅུ་གསུམ་དང་། ཕྱག་རྒྱ་ལྔའི་རྒྱན་གྱིས་སྤྲས་པ་ཐམས་ཅད་ཞི་ཚུལ་དགུས་མཛེས་ཤིང་། མདོར་ན་ལྷ་རྟོག་མི་ཕྱེད་པའི་རང་ལུས་རྡོ་རྗེ་ཕུང་པོའི་གྲོང་གི་རྩ་རིགས་དག་པ་ཡབ་འཇམ་དཔལ་དཔའ་བོ་དང་། རླུང་ཐིག་དག་པ་༼ལུང་ཨ་ནུ་ཡོ་གའི་མན་ངག་ཟབ་མོའི་ལམ་དང་འབྲེལ་བ་༽ཤེས་རབ་དབྱངས་ཅན་མའི་རང་བཞིན་དུ་ཤེས་པས་རྣམ་པ་གདན་གསུམ་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ཏིལ་གོང་ཁ་ཕྱེ་བ་བཞིན་གསལ་གདབ་པ་སྟེ། མན་ངག་རྫོགས་པ་ཆེན་པོའི་གནད་དང་བསྟུན་ན། དོན་དུ་སྣོད་བཅུད་རྒྱུད་གསུམ་


MLP014_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྡུས་པའི་ཆོས་རྣམས་གདོད་ནས་རྟེན་དང་བརྟེན་པའི་ཀློང་རོལ་དུ་གྲུབ་པ་དག་མཉམ་གྱི་དོན་ལ་ཡུལ་མེད་རང་གསལ་དུ་སྒོམ་བྱེད་ཀྱི་བློས་མ་བཅོས་པར་འཇོག་པའོ། །དེ་ལྟར་བསྒོམ་པའི་གཙོ་འཁོར་ཀུན་གྱི་གནས་གསུམ་དུ་ཁྱབ་བྱེད་རྡོ་རྗེ་གསུམ་གྱི་ས་བོན་གསལ་བ་ལས་འོད་ཟེར་རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཀུན་ལ་འཕྲོས་པས། དེར་བཞུགས་དུས་གསུམ་གྱི་རྒྱལ་བ་རྣམས་མཉམ་པའི་ཀློང་ནས་ད་ལྟ་བསྐྱེད་པའི་གཟུགས་ལྟ་བུའི་རྣམ་པར་སྤྱན་དྲངས་ལ་མདུན་མཁར་སད་པར་མོས་ཏེ་སྤོལ་རོལ་བྱ་ཞིང་དད་ཡིད་རྩེ་གཅིག་པས་སྤྱན་འདྲེན་གྱི་ཚིག་དབྱངས་རྟར་བཅུག་པ་བཅས་བརྗོད་མཐར་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་དང་དབྱེར་མེད་དུ་བརྟན་པར་བསམ་ནས་བཞུགས་སུ་གསོལ་བ་སྟེ། དོན་དུ་ན་ཆོས་ཉིད་དོན་གྱི་ལྷ་རང་སྣང་གི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ་གཞན་ནས་སྤྱན་འདྲེན་བྱར་མ་དམིགས་ཤིང་། དེའང་རང་སེམས་དང་ལྷ་རྒྱུད་ཐ་དད་མེད་པར་རྟོགས་པའོ། །དེ་ནས་གཉིས་མེད་ཀྱི་དཀྱིལ་འཁོར་ལ་རང་གི་སྒོ་གསུམ་འདུད་པས་ཕྱག་འཚལ་ཞིང་བརྡ་དང་བརྡ་ལན་བྱ་བ་དང་། ཐུགས་ཀ་ནས་སྤྲོས་པའི་ལྷ་མོའི་སྤྲིན་གྱིས་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་སོགས་ཕྱིའི་ཉེར་སྤྱོད་དང་། དབང་ལྔའི་ཡུལ་དུ་བདེ་བ་སྐྱེད་བྱེད་གཟུགས་སོགས་ཀྱིས་མཆོད་པ་ནང་གི་འདོད་ཡོན་དང་། ཁྱད་པར་བླ་མེད་གསང་བའི་དམ་རྫས་སྨན་རཀ་གཏོར་གསུམ་རྣམས་ཕུལ་བས་ལྷ་རྣམས་དགྱེས་པར་བསམ་ཞིང་། དེ་རྗེས་དཀྱིལ་འཁོར་པའི་རང་བཞིན་གྱི་ཆེ་བའི་ཡོན་ཏན་ལ་དྭངས་བའི་ཡིད་དང་བཅས་ཏེ་རྡོ་རྗེའི་གླུས་བསྟོད་པ་སྟེ། དོན་དུ་ན་དབྱིངས་ཡེ་གཉིས་མེད་མཉམ་པའི་ངང་དུ་ལྷ་བདག་དབྱེར་མེད་དུ་རྟོགས་པའི་སྒོ་ནས་འདྲེས་པ་ནན་ཏན་གྱི་ཕྱག་བྱ་ཞིང་། དོན་དེས་ཅིར་སྣང་ཀུན་བཟང་སྤྱོད་པའི་ཕྱག་རྒྱ་ཟུང་འཇུག་བདེ་བ་ཆེན་པོར་རོ་མཉམ་པས་མཆོད་པ་དང་། རང་སེམས་གཉུག་མའི་གཤིས་སུ་འབྲས་ཆོས་ཀྱི་ཡོན་ཏན་ལྷུན་གྲུབ་ཏུ་རྫོགས་པ་ལ་འཁོར་གསུམ་དམིགས་བྲལ་གྱིས་བསྟོད་པའོ། །གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ནི། འདིར་སྤྲུལ་པ་དང་སྤྲུལ་གཞིའི་དབང་


MLP014_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རང་ཉིད་དམ་ཚིག་པ་བི་མ་ལར་བསྒོམ་པའི་ཐུགས་ཙིཏྟ་རིན་པོ་ཆེ་འོད་ཀྱི་རང་བཞིན་མཆོང་གུར་ཕུབ་པ་ལྟར་ཕྱི་ནང་གསལ་སྒྲིབ་དང་བྲལ་བའི་ནང་དུ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་དཔའ་བོ་གསལ་བའི་སྙིང་དབུས་ཟླ་གདན་སྲན་མ་བཀས་པ་ཙམ་གྱི་ལྟེ་བར་ཏིང་འཛིན་སེམས་དཔའ་དྷཱིཿཡིག་དམར་སེར་བཀྲག་ཅིང་འཚེར་བ་སྒྲིགས་སྟབས་སུ་ལྷའི་ཞལ་བསྟན་ཕྱོགས་ལྟར་གནས་པའི་མཐར་བཟླས་སྔགས་འབྲུ་བདུན་པོ་རྣམས་སྔགས་ངོ་ཕྱིར་བསྟན་ལ་བཀོད་ཚུལ་གཡོན་སྐོར་གྱི་ཕྱོགས་ཕྲེང་བར་བསྒྲིགས་པའི་མགོ་མཇུག་གི་ཡིག་འབྲུ་ཐུག་པར་བསྒོམ། དེ་ལ་གསལ་སྣང་ཐེབས་ཚེ་ལྷ་རྣམས་ཀྱི་ཞལ་ན་སྔགས་སྒྲ་སྒྲོགས་པ་དང་ཡིག་འབྲུ་རྣམས་ཀྱང་གདན་ལས་ཅུང་ཟད་འཕར་ཏེ་ཐོག་མར་འོད་ཟེར་འཁོར། དེ་ནས་སྔགས་ཕྲེང་ཉིད་རིམ་གྱིས་གཡས་སུ་འཁོར་བ་ལས་མུ་མེད་པའི་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ཞིང་ཁམས་ཀུན་ལ་འཕྲོས་པས། ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་གཟི་བྱིན་འུབ་ཀྱིས་བསྡུས་ནས་སླར་རང་སྲོག་སྔགས་ཕྲེང་དང་བཅས་པ་ལ་བསྟིམས་པས། སྣང་གྲགས་རིག་པའི་འཁོར་ལོ་ཐམས་ཅད་དཀྱིལ་འཁོར་པའི་རྡོ་རྗེ་གསུམ་གྱི་རོལ་མོ་འབའ་ཞིག་ཏུ་སད་པར་མོས་ཏེ་བཟླས་སྐྱོན་བཅུ་སྤངས་ནས་བཟླ་བ་སྟེ། དོན་དུ་ན་ཟིན་མ་ཟིན་སོགས་ཕྱི་ནང་གི་སྒྲར་སྣང་བའི་རྟོག་པ་ཀུན་ཡེ་ནས་གྲགས་སྟོང་སྐྱེ་མེད་རྒྱལ་བའི་གསུང་ནཱ་དའི་དབྱངས་ཆེན་པོར་དག་པའོ། །འདིར་སྔགས་ཀྱི་ནུས་པས་འདོད་བྱའི་ལས་ཚོགས་བསླུ་མེད་དུ་འགྲུབ་པའི་འཐད་པ་ནི། སྤྱིར་ཆོས་ཐམས་ཅད་གདོད་ནས་རང་སྣང་རིས་མེད་ཀྱི་ལྷར་སངས་རྒྱས་ཤིང་། དེ་ཡང་མིང་ཚིག་ཡི་གེས་བཏགས་པའི་རྣམ་འཕྲུལ་ཉག་གཅིག་ཏུ་གནས་ལ་དག་པའི་ལྷ་དང་དེའི་མཛད་པ་སྒྲུབ་པའི་ཡི་གེ་དེ་ལ་སྔགས་ཀྱི་ཡི་གེ་ཞེས་བྱ་སྟེ། ཚུལ་འདིས་ཆོས་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འདུ་ཞིང་དེའང་ཡི་གེ་འཁོར་ལོར་འདུ་བར་རྟོགས་ནས་སྒོམ་པ་དེའི་ཕྱིར། སྤྱིར་ཡི་གེ་རྣམས་ནི་སངས་རྒྱས་ཀུན་གྱི་གསང་བ་གསུམ་དབྱེར་མེད་པའི་རང་བཞིན་ཡིན་པ་དང་། བྱེ་བྲག་ཏུ་བཟླ་བྱའི་སྔགས་རྣམས་གྲུབ་པ་བཞིས་བྱིན་གྱིས་རླབས་པའི་ནུས་པ་མཐུ་


MLP014_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་གྱུར་པ་སོགས་བླ་མའི་དྲིན་ལས་བཤད་སྒོ་མི་དམན་ཙམ་ཡོད་དོ་ཞེས་ཞར་བྱུང་དུ་སྨྲས་སོ། །ཅི་ཙམ་བཟླས་པའི་ཚད་ནི། གཞུང་རྩ་བར་བསྟན་པ་ལྟར་རབ་མཚན་མའི་དང་། འབྲིང་དུས་ཀྱི་དང་། ཐ་མ་གྲངས་ཀྱི་བསྙེན་པ་གསུམ་གང་རུང་ཚད་དུ་ཕྱིན་པར་བྱ་ཞིང་། དེ་ལྟར་དད་མོས་རྩེ་གཅིག་པས་འབད་ཀྱང་འགྲུབ་པར་མི་འགྱུར་ན་ལྷ་གནད་དབབ་པའི་མན་ངག་དང་། གཞན་ཡང་སྡེབ་ཀྱི་ལག་ལེན་ངོ་མཚར་བའི་གཟེར་བུ་འགའ་ཞིག་ཀྱང་སྣང་སྟེ་བླ་མའི་ཞལ་ལས་ཤེས་སོ། །ཐུན་མཐར་གསོལ་བ་གདབ་ཅིང་འཇམ་དཔལ་སྒྱུ་དྲྭ་སོགས་ཟབ་མོའི་རྒྱུད་བཀླག་པའམ་བསྟོད་པའི་ཚོགས་ཅི་རིགས་འདོན་རྗེས། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བརྗོད་དེ་སྐུ་གསུང་ཐུགས་ཀྱི་དམ་ཚིག་འགལ་བ་དང་། སྔགས་ཆད་ལྷག་སོགས་ཉེས་པ་བསྐང་ཞིང་ནུས་པ་བརྟན་པར་བྱ་ལ་མཆོད་བསྟོད་ཀྱང་བྱའོ། །འདིར་མཇུག་ཆོག་གི་ཡན་ལག་ཏུ་ཚོགས་མཆོད་བྱ་བར་སྤྲོ་ན། ཕྱི་ནང་གསང་བའི་དམ་ཚིག་གི་རྫས་ཇི་ལྟར་འོས་པ་བསགས་ཏེ། རང་ཉིད་གཙོ་བོའི་ང་རྒྱལ་ལ་གནས་པའི་ཐུགས་ལས་བྱུང་བའི་ཡི་གེའི་འཕྲོ་འདུས་ཚོགས་ཀྱི་ཉེས་སྐྱོན་སྦྱངས་ནས་ཟག་མེད་བདེ་ཆེན་གྱི་བདུད་རྩིར་བརླབས་ལ། སྙིང་གའི་འོད་ཀྱིས་རང་བཞིན་སྤྲུལ་པའི་ཞིང་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་ཁྱབ་པ་ཙམ་སྤྱན་དྲངས། དེ་ནས་ཚོགས་ཕུད་གསུམ་དུ་སྤྲོས་པའི་དང་པོ་ཟག་མེད་འདོད་ཡོན་གྱི་བདུད་རྩི་མི་ཟད་པའི་སྤྲིན་དུ་སྤེལ་ལ་མཆོད། བར་པ་བདུད་རྩི་ལྔར་དམིགས་ཏེ་ཕུལ་བས་ཐུགས་དམ་བསྐང་ནས་ཉམས་ཆགས་དང་རྟོག་སྒྲིབ་བྱང་ཡེ་ཤེས་ཆེན་པོས་བྱིན་གྱིས་རླབས་པར་མོས་ལ་ཡིག་བརྒྱ་སོགས་བརྗོད། ཐ་མའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་གིས་རང་ལ་བསྡུས་པ་དེ་ཉིད་དམིགས་རྟེན་དུ་བྱས་ཏེ། རང་ཉིད་འཇམ་དཔལ་གཤིན་རྗེར་གསལ་བའི་ཐུགས་ལས་སྤྲུལ་པའི་ཕོ་ཉའི་ཚོགས་ཀྱིས་དམིགས་བྱ་དབང་མེད་དུ་བཀུག་པར་བསམ་ནས། དོན་སྟོངས་ཀྱི་སེམས་གཉིས་དང་བཅས་ཚེ་ཁྲུས་ཀྱི་དགོངས་པས་བརྟེན་པ་རྣམ་ཤེས་དབྱིངས་སུ་བསྒྲལ་ལ། རྟེན་གཞི་བག་ཆགས་ཀྱི་ཕུང་པོས་ལྷ་རྣམས་མཆོད་པས་ལྷག་མེད་དུ་རོལ་པར་དམིགས་ཏེ། ཚུལ་དེས་ནི་འཚེང་བ་གསུམ་ལྡན་དུའང་


MLP014_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ནས་ལས་ཀྱི་རྡོ་རྗེས་འདུས་པའི་གཙོ་བོར་ཐབས་ཤེས་ཀྱིས་རྫས་བརྡ་དང་བརྡའི་འབུལ་ལན་བྱ་བ་སོགས་སྔོན་དུ་འགྲོ་བས། སྤྱི་ཙམ་དུ་ཐ་མལ་གྱི་བདེན་ཞེན་སྤངས་ནས་དམ་རྫས་དངོས་གྲུབ་ཏུ་ཤེས་པས་དང་། ཁྱད་པར་རྒྱུད་ལུང་མན་ངག་གི་རོལ་ཚུལ་གསུམ་མམ། ཡང་ན་ནང་གི་སྦྱིན་སྲེག་གིས་ཚོགས་ལ་རོལ་བ་སྟེ། དོན་དུ་ན་ཚོགས་དྲུག་གིས་བསྡུས་པའི་ཡུལ་ཤེས་ཀུན་འཛིན་མེད་སྒྱུ་མ་ལྟ་བུར་རྟོགས་པའི་བརྟུལ་ཞུགས་ཀྱིས་གཙང་དམེའི་གཉིས་ཆོས་ཐམས་ཅད་རང་བཞིན་དག་མཉམ་ཆེན་པོའི་ཚོགས་འཁོར་དུ་རང་སྣང་བའོ། །དེ་ནས་ལྷག་གཏོར་བསགས་པ་སྔགས་རྒྱས་བརླབས་ཤིང་མགྲོན་རྣམས་བཀུག་ནས་སྔོན་དཔལ་ཆེན་པོའི་སྤྱན་སྔར་ཇི་ལྟར་ཁས་བླངས་པ་བཞིན་རྣལ་འབྱོར་པ་བདག་གི་ལས་རབ་འབྱམས་སྒྲུབ་པའི་ཕྲིན་བཅོལ་ལ་སྲིན་མོའི་ཟ་ལམ་སར་བསྐྱལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དབྱིངས་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་སྲུང་མའི་གཏོར་མ་འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ཏེ། མངགས་པ་ལས་ཀྱི་ཕོ་ཉའི་ཚོགས་རྣམས་ལས་ལ་རྣོ་མྱུར་དུ་གཟུད་པའི་ཕྱིར། རིག་འཛིན་བརྒྱུད་པའི་བཀའ་རྟགས་ཀྱི་ཐ་ཚིག་གཉན་པོ་བསྒྲགས་ནས་ཕྱིར་འབུལ། དེ་ནས་བཤལ་ཆུས་བྲན་ཞིང་གོང་ལྟར་བརླབས་པའི་བརྟན་གཏོར་བོད་ཁམས་སྐྱོང་བའི་གཙོ་མོ་བཅུ་གཉིས་འཁོར་སྨན་ཕྲན་འབུམ་དང་བཅས་པ་ལ་ཕུལ་ནས་གངས་ལྗོངས་མཐའ་དབུས་བདེ་བའི་ཕྲིན་ལས་བཅོལ། གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམིགས་བྱ་མནན་པ་རྡོ་རྗེས་རྒྱས་གདབ་ལ། སྣོད་བཅུད་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་བཞེངས་ནས་བྲོས་གཟིར་བས་ལས་གང་ཡིན་འགྲུབ་པར་མོས་ཏེ། དོན་དུ་ན་རང་སེམས་མ་བཅོས་པའི་གཤིས་ལས་སྣང་བའི་ཆོ་རོལ་ཀུན་གདན་གསུམ་སྒྱུ་འཕྲུལ་གྱི་འཁོར་ལོར་ཡོངས་སུ་གྲུབ་པས་ཞེན་རྟོག་མཚན་མའི་ཕྱོགས་ཀྱི་རང་ཚུགས་མི་ཐུབ་ཅིང་། ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་མི་འགྱུར་བའི་དམ་འབོགས་པ་དང་། དེས་རྟེན་འབྲེལ་བཅུ་གཉིས་མ་སྤངས་ལ་འཁོར་བ་ཀར་དག་པས་ཕྱི་རོལ་འཇིག་རྟེན་བརྟན་མའི་ཚོགས་རང་བཞིན་གྱིས་དབང་དུ་བསྒྱུར་ཞིང་། གཉིས་འཛིན་གྱི་བྲོ་རར་


MLP014_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ཀྱི་རྒྱས་བཏབ་པས་སྣང་སྲིད་འོད་གསལ་གྱི་རོལ་མོར་འཆར་བའོ། །འདིར་དངོས་གྲུབ་བླང་བ་ནི། སྤྱིར་བཏང་བསྙེན་སྒྲུབ་མཐར་ཕྱིན་པ་སོགས་ཀྱི་སྐབས་སུ་བྱ་བ་ཡིན་མོད། འོན་ཀྱང་དཀྱུས་ཙམ་དུ་ལས་གཞུང་གི་མཇུག་ཐོག་དེར། སྒྲུབ་གཏོར་ལྷར་གསལ་བའམ་ཐོད་པའི་ཛ་གད་ལྟ་བུ་བཀྲ་ཤིས་པའི་རྫས་ལ་བརྟེན་ཏེ་གྲུབ་པ་བརྒྱད་སོགས་ཐུན་མོང་དང་། ཁ་སྦྱོར་བདུན་སོགས་མཆོག་གི་གྲུབ་གཉིས་ཚེ་འདིར་ནོད་པའི་མོས་གདུང་རྩེ་གཅིག་པས་དང་། དོན་དམ་པར་རོ་མཉམ་གཉུག་མའི་རྗེན་ཞལ་མངོན་དུ་གྱུར་པ་ན། འདོད་བྱའི་ཡོན་ཏན་གཞན་འཚོལ་གྱི་བློ་ཞིག་པའི་སྒོ་ནས་ལེན་ཞིང་། དེ་ནས་གཏང་རག་གི་མཆོད་བསྟོད་བྱ་བ་དང་། འགྱོད་གདུང་དྲག་པོའི་སེམས་ཀྱིས་ལྟ་སྒོམ་སྤྱོད་པའི་གོལ་སྒྲིབ་ཏུ་གཏོགས་པའི་ནོང་པ་ཀུན་ཆོས་ཉིད་ཀྱི་ཀློང་དུ་འཆགས་པའོ། །གསུམ་པ་ཐུགས་འོད་གསལ་གྱི་རྣལ་འབྱོར་ནི། གོང་དུ་བཤད་པའི་ལྷ་སྔགས་ཀྱི་རྣལ་འབྱོར་ཉིད་ལ་ཅི་ནུས་སུ་བསླབ་ཅིང་མི་ནུས་པས་ན་བསྡུ་རིམ་བྱ་བ་སྟེ། དེ་ཡང་གཞུང་གི་དངོས་བསྟན་ལྟར་ཧཱུྃ་གསུམ་བརྗོད་པས་སྣོད་བཅུད་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་རིམ་གྱིས་འོད་དུ་ཞུ་ནས་མཐར་དམིགས་བསམ་སྤྲོས་བྲལ་ཀ་དག་གི་ཀློང་དུ་མཉམ་པར་བཞག་པ་རྗེས་གཞིག་གི་ཚུལ་ལམ། ཡང་ན་བསྐྱེད་རིམ་གྱི་སྣང་ཆ་ཀུན་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྐད་ཅིག་གིས་སྦྱངས་ནས་བདེན་གཉིས་དབྱེར་མེད་ལྷག་པ་ཆོས་སྐུ་ཆེན་པོའི་ངང་དུ་འཇོག་པ་རིལ་འཛིན་ཞེས་པ་སྟེ་གཉིས་པོ་རིམ་བཞིན་སྔར་གྱི་བསྐྱེད་རིམ་སྐབས་གྱ་ནོམ་ལྷ་ཞེན་གྱི་རྟོག་པ་ཡོད་མེད་ལ་བྱ་བ་གསུངས་སོ། །སླར་ཡང་ཕཊ་གསུམ་བརྗོད་པའི་རྐྱེན་གྱིས་སྟོང་གསལ་གྱི་ངང་ལས་རང་ཉིད་འཇམ་དཔལ་གྱི་སྐུར་ལམ་གྱིས་གསལ་བཏབ་ནས། འདི་ལྟར་ཕུང་སོགས་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པར་སྐྱེ་མེད་ཆོས་སྐུའི་རང་བཞིན་ལ། ཀུན་རྫོབ་ཏུ་གཞལ་ཡས་ཁང་དང་ལྷ་དང་ལྷ་མོའི་རང་བཞིན་བདེན་པ་དབྱེར་མེད་ཆོས་ཉིད་ལ་ཆོས་ཉིད་ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ཟ་ཉལ་འགྲོ་འདུག་སོགས་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པར་བྱ་སྟེ། དོན་དུ་ན་


MLP014_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་རང་བྱུང་གི་ཡེ་ཤེས་གཉུག་མ་དེ་ཁོ་ན་ཉིད་ཀྱི་དབྱིངས། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་རང་བཞིན་རྫོགས་པ་ཆེན་པོའི་དོན་བསལ་བཞག་དང་བྲལ་བའི་རང་ཞལ་རྗེན་པར་བསྐྱངས་པས། བསྐྱེད་བསྡུར་སྣང་བའི་འཛིན་རྩོལ་ཀུན་རོ་སྙོམས་ཀ་དག་གི་ཀློང་དུ་ལ་བཟླ་བའོ། །སྐབས་འདིར་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ཉམས་སུ་ལེན་པ་ལ་མེད་དུ་མི་རུང་བའི་དོན་གྱི་མདོ་འགག་ཅུང་ཟད་བཤད་དུ་ཡོད་ཀྱང་རེ་ཞིག་དེ་ཙམ་དུ་བྱ་ཞིང་། ཕྱོགས་ཙམ་ནི་གོང་དུ་བསྐྱེད་ཆོག་གི་རིམ་པ་དང་སྦྱར་ཏེ་མན་ངག་གི་སྲོག་སོ་སོར་བསྟན་པ་ལས་ཤེས་སོ། །གཞན་དུ་ལམ་ངེས་རྫོགས་ལྟར་ན་བསྐྱེད་རྫོགས་ཆ་གཉིས་དང་། དེ་ལ་སློབ་ཚུལ་ཡང་གང་ཟག་གི་ཁྱད་པར་གྱིས་དང་པོ་ནས་བསྐྱེད་རྫོགས་ཟུང་འབྲེལ་དུ་དང་། སྔ་མ་མཐར་ཕྱིན་ནས་གཟོད་ཕྱི་མར་འཇུག་པའི་ཚུལ་སོགས་ཀྱང་རིམ་གྱིས་སྤྲོས་པས་ཆོག་གོ ། གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཚུལ་བཞིན་སློབ་པའི་དགེ་བས་མཚོན་ཏེ། རང་གཞན་གྱི་རྒྱུད་ལ་གནས་པའི་དུས་གསུམ་བསགས་ཡོད་ཀྱི་རྣམ་དཀར་སྲིད་དོ་ཅོག་མཐའ་དག་གཅིག་ཏུ་བསྡོམས་པའི་མཐུས་སྐྱེ་བཞིའི་བསྡུས་པའི་ཡིད་ཅན་ཀུན། མཐའ་གཉིས་ལ་མི་གནས་པའི་རྣམ་མཁྱེན་སངས་རྒྱས་ཀྱི་འབྲས་བུ་ཚེ་འདིར་ཐོབ་པའི་རྒྱུར་བསྔོ་ཞིང་། ལྷག་པའི་སེམས་ཀྱིས་རྒྱལ་སྲས་ཀྱི་དགོངས་སྤྱོད་རླབས་པོ་ཆེ་བདག་གིར་སྤྱད་ནས། དོན་གཉིས་རྒྱ་ཆེན་པོར་འགྱུར་བའི་དོན་དུ་སྨོན་པ་དང་། མདུན་མཁར་རྩ་གསུམ་གྱི་ལྷ་ཚོགས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཞུགས་པ་དེ་དག་གིས་ཤིས་པའི་བདེན་ཚིག་རྡོ་རྗེའི་གླུས་བརྗོད་ཅིང་མེ་ཏོག་འཐོར་བ་དང་མཉམ་དུ་སྒྲུབ་པ་པོ་རང་གིས་ཀྱང་དེ་དང་མཐུན་པར་བྱས་པས་འཕྲལ་ཡུན་གྱི་དགེ་མཚན་ཡིད་བཞིན་དུ་འགྲུབ་པར་མོས་ནས་བཀྲ་ཤིས་པར་བྱ་བ་སྟེ། དོན་དུ་ན་ཆོས་ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པར་རྟོགས་པས་བསྔོ་བྱ་སྔོ་བྱེད་སོགས་འཁོར་གསུམ་བདེན་ཞེན་གྱིས་སྤྲོས་མཚན་མི་དམིགས་ཤིང་། ཚུལ་དེས་གཞི་འབྲས་དབྱེར་


MLP014_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ངོ་བོར་རང་བཞིན་གྱིས་ཕྱིན་པར་སྨོན་པ་དང་། དེའི་ཚེ་གང་ཤར་ཡེ་ཤེས་ཀྱི་གྲོགས་སུ་འཆར་བས་སྤྱོད་ཡུལ་ཐམས་ཅད་ཟག་མེད་ཀྱི་བདེ་བས་ཀུན་ཏུ་ཤིས་པའོ། །དེ་ལྟར་ན་སྤྱིར་སྟན་ཐོག་གཅིག་ཏུ་སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་ག་མོས་༼སྒོམ་༽ཙམ་ཉམས་སུ་བླངས་པས་ཀྱང་། བསྐལ་པ་གཅིག་གི་ཚོགས་འདུམ་པ་སོགས་ངེས་གསང་ཐབས་ཀྱི་ཆེ་བའི་ཕན་ཡོན་མཐའ་ཡས་སོ། །སྤྱིར་སྔགས་བླ་མེད་ཀྱི་ཕྱོགས་སུ་གྲགས་པའི་རྒྱུད་གསུམ་གྱི་རྣམ་བཞག་ལྟར་ན། དེ་ཡང་འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཡེ་དོན་འཇམ་དཔལ་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་དངོས་པོ་ཀུན་གྱི་ཁྱབ་བྱེད་དུ་གནས་པ་ཉིད། དབུལ་པོའི་ཁྱིམ་འོག་གི་གཏེར་ལྟར་རང་གནས་རང་གིས་མ་རྟོགས་པས། སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོའི་གཟེབ་ཏུ་ཆུད་ཅིང་ཉམས་ཐག་པར་གྱུར་པའི་ཚུལ་ཚིག་གི་གོ་ཡུལ་ཙམ་དུ་མ་སོང་བར་ཚུལ་བཞིན་དུ་གཏན་ལ་ཕབ་ནས་ཤིན་ཏུ་རྣམ་དག་འབྲས་བུའི་གནས་སྐབས་དང་རྣམ་པ་མཐུན་པའི་རིམ་གཉིས་ལམ་གྱི་འཇམ་དཔལ་རང་རྒྱུད་ལ་བརྟེན་ཅིང་ཉམས་སུ་བླངས་པའི་མཐུས། སྦྱང་བྱ་གློ་བུར་གྱི་དྲི་མ་རྣམས་རིམ་གྱིས་བསལ་ཏེ། གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པའི་གོ་འཕང་ཁ་སྦྱོར་ཡན་ལག་བདུན་གྱི་བདག་ཉིད་འབྲས་བུ་ལྷུན་གྲུབ་ཀྱི་འཇམ་དཔལ་ཁྱབ་བདག་གདོད་མའི་མགོན་པོའི་རྒྱལ་སར་མངའ་དབང་འབྱོར་བ་སྟེ། དེའི་ཕྱིར་གཞི་ལམ་འབྲས་གསུམ་དང་འབྲེལ་ཞིང་རྒྱུན་ཆགས་པ་སོགས་རྒྱུད་ལུང་མན་ངག་དུ་མར་གྲགས་ཤིང་གྲུབ་པའི་འཐད་པ་དང་བཅས་པའོ། །དེས་ན་འདི་ལྟ་བུའི་རྣལ་འབྱོར་ལ་བརྩོན་པ་ཤུགས་དྲག་ཏུ་བྱེད་པའི་བློ་ལྡན་རྣམས་ནི། ཀུན་གཟིགས་འཇམ་དཔལ་དཔའ་བོའི་བྱིན་རླབས་ཐུགས་རྗེའི་ཉི་མ་སྙིང་ལ་ཟུག་པའི་མཐུས། ཐོས་བསམ་སྒོམ་གསུམ་གྱི་སྣང་བ་མུ་མེད་དུ་འབར་བས་ཀུན་རྨོངས་མུན་པའི་དཔུང་ལས་རིང་དུ་བྱས་ཏེ། འཆད་རྩོད་རྩོམ་པའི་འདབ་སྟོང་ཀུན་ནས་འཛུམ་ཞིང་། རྒྱལ་བསྟན་བདུད་རྩིའི་དགའ་སྟོན་འཛིན་པར་འགྱུར་བས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཀུན་གྱི་


MLP014_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གཞིར་ངེས་པ་ཡིན་ནོ། །འདིར་སྨྲས་པ། འདིར་འབད་རྣམ་དཀར་དྲི་མེད་འོད་ཀྱི་ཏོག །ལེགས་སྨོན་པདྨའི་ལྡུམ་རར་ཞུགས་པའི་མཐུས། །ཟབ་མོའི་སྒྱུ་རྩལ་དམན་པའི་ཡིད་ཅན་རྣམས། །ཡེ་ཤེས་མཆོག་གི་བདུད་རྩིར་སྤྱོད་གྱུར་ཅིག །ཅེས་འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་སྐུ་གསུམ་གླིང་པའི་ཟབ་གཏེར་ལས་བྱུང་བའི་འཇམ་དབྱངས་སྨྲ་བའི་དབང་པོའི་བསྙེན་པའི་དམིགས་རིམ་དོན་གསལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་འདིའང་ཉེ་བར་རྣམ་དཔྱོད་ཀྱི་འཇུག་པ་མ་སྨད་པ་བློ་གསལ་གཞོན་ནུ་བཤད་སྒྲུབ་ཉི་མས་ནན་གྱིས་བསྐུལ་བ་དོན་ཡོད་པར་བྱ་བ་དང་། ཁྱད་པར་རང་རེ་ཐོས་བསམ་པ་རྣམས་ཀྱི་ཉམས་ལེན་དུའང་སྨན་པའི་བློས་ཀུན་ནས་བསླངས་ཏེ་སྨྱོས་ཀྱི་བཙུན་གཟུགས་མཁྱེན་བརྩེ་ནོར་བུས་དྲིན་ལྡན་བླ་མའི་མན་ངག་གི་ནོར་བུ་སྙིང་ལ་བཅང་བཞིན་རང་གནས་བསམ་གཏན་གྱི་སྤྱིལ་ཆུང་དུ་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཡེ་ཤེས་རྒྱ་མཚོས་མཛད་པ་འདིས་ཀྱང་དགེ་བར་གྱུར་ཅིག །འདིར་བསྐྱེད་རིམ་གྱི་ཆིངས་སྤྱིར་བཏང་རྣམས་ལོགས་སུ་མ་བཤད་པས་གཞན་ལས་ཤེས་པར་བྱོས་ཤིགལྷ་དང་བླ་མ་དབྱེར་མེད་རྟོགས་པའི་བློས། །ཟབ་ཆོས་འདི་འདྲ་ཉམས་སུ་ལེན་པ་ལས། །མི་ཚེའི་ལྷག་མ་ཅུང་ཟད་ཡོད་རིང་ལ། །དོན་མེད་ངང་དུ་མ་སྡོད་སྙིང་གི་བུ། །ཞེས་པའང་འཇམ་དབྱངས་ལ་གདམས་པའོ། །༈ ཁོ་བོའི་བླ་མས་ངོ་སྤྲོད་དུས་ཀྱི་ཚིག་ལ་དཔག་ཏེ་གནས་ལུགས་ཀྱི་འཇོག་མཚམས་འདི་འདྲ་ཞིག་ཡིན་ནམ་སྙམ་སྟེེ། སྤྱིར་ཨ་ཏིའི་བསྒོམ་པ་སེམས་རིག་ཤན་ཕྱེས་ནས་རིག་པའི་རང་ངོ་སྐྱོང་བ་ལ་གསུངས་པས་རིག་པའི་དོན་གནས་ལུགས་ལྟར་གོ་ཡུལ་ཏུ་ངོས་ཟིན་པ་ཞིག་ངེས་པར་དགོས། དེ་ཡང་ལས་དང་པོ་བས་སེམས་ཀྱི་ཡིན་ལུགས་ལ་བརྟགས་དཔྱད་མང་པོ་བཏང་དུས་ནམ་ཞིག་ཡོད་མེད་གང་དུའང་བརྗོད་མི་ཤེས་པ་ཐ་སྙད་ལ་མི་མཁས་པས་ངོ་བོ་ཟེར་བ་ལྟ་བུའི་མིང་འདོག་མི་ཤེས་པས་ཅི་ཟེར་ཆ་མེད་པའི་བབ་སོ་བཅོས་བསྒྱུར་


MLP014_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕན་གནོད་བཟང་ངན་སོགས་གང་ཡང་བྱ་ཐབས་མེད་པ་ཞིག་སེམས་ཀྱི་ཁོང་ནས་བརྙེས་རྒྱུ་ཡོད་དུས་མེ་ཡི་རང་བཞིན་བཙལ་བས་ཚ་བ་ཤེས་པ་ལྟར་ཆོས་ཀུན་གྱི་གནས་ལུགས་སམ་རིག་པ་ཞེས་པ་དེ་ཡང་ཆེད་དུ་ལྟ་མི་དགོས་པར་དོན་གྱིས་མཐོང་ནས་ཡོད་པའམ་ཡེ་ནས་ཡོད་པས་རིག་པ་ཞེས་བརྗོད་ཀྱི་རྟོགས་པས་གསར་དུ་གསལ་བ་ཞིག་འདོན་དགོས་པ་མིན། གསལ་རིག་ཅན་གྱི་ཤེས་པ་འདི་ལ་སེམས་ཞེས་བྱ། སེམས་དེ་གནས་ལུགས་མིན་ཡང་གནས་ལུགས་ལས་གཞན་དུ་གྱུར་པ་མེད། དེས་ན་ལས་དང་པོ་བས་རང་ངོ་སྐྱོང་དུས་རྟོག་མེད་ཀྱི་ཤེས་པའི་སྣང་ཆ་ལ་བདག་བཟུང་མི་བྱ་རྟོག་པའི་འཕྲོ་འདུའི་རྗེས་མི་གཅོད་པར་བཟོ་མེད་དུ་འཇོག་དགོས། དེ་ལྟར་བཞག་པས་ཡུལ་སེམས་ཀྱི་ཤར་ཆ་མ་སྤངས་ཀྱང་རིག་པའི་རང་ཚུགས་མི་ཤོར་བར་བར་མེད་གཉུག་མའི་དྲན་པས་གང་བྱས་ཉམས་ལེན་གྱི་སྒྲོམ་ལས་འདའ་བ་མེད་པ་ཞིག་ཏུ་འགྲོ། འདི་ཐུན་མོང་གི་གཞུང་རྣམས་སུ་སོ་སྐྱེའི་སར་དངོས་སུ་བསྟན་པའི་ཐབས་གསུངས་པ་མེད་ལ། བླ་མེད་ཀྱི་གཞུང་ཐབས་ལམ་ལྟ་བུ་ལས་བསྟན་མོད་ཀྱང་ཐད་ཀའི་རིག་པ་འདི་དགོངས་པ་ཅན་གྱི་སློབ་དཔོན་གྱིས་ཚིག་གིས་ངོ་སྤྲད་ནས་མངོན་སུམ་མཐོང་བ་འདི་ནི་ཨ་ཏིའི་ཁྱད་ཆོས་བླ་ན་མེད་པའོ། །ཉམས་མྱོང་བྲལ་བའི་བསྒོམ་བཤད་འདི། །རྡོ་རྗེའི་མཆེད་གྲོགས་རྣམས་ལ་འབུལ། །ལེགས་ན་གསུང་གིས་གཟེངས་བསྟོད་དང་། །ཉེས་ན་ཐལ་ཁྲོད་འགོད་པར་འཚལ། །རང་གིས་དཔྱད་པའི་རྙེད་དོན་འདི། །རྩ་བའི་བླ་མའི་དྲུང་དུ་འབུལ། །ལེགས་ན་མཆོད་པའི་སྤྲིན་དུ་འབུལ། །ཉེས་ན་དབྱུག་གུའི་ཕྱག་འབེབ་ཞུ། །མཁྱེན་ནོར་པས་བྲིས། ༈ སེམས་ཁྲིད་ཟེར་བ་དེ་གྲགས་ནི་ཆེན་པོ་ཞིག་རེད་ཀྱང་དོན་དུ་ད་ལྟའི་ཤེས་པ་སྤུ་མ་རྗེས་མདོག་མ་བསྒྱུར་བ་འདི་གའི་ངོ་བོ་དེ་ཅི་འདྲ་ཞིག་རེད་ལྟོས་དང་འདི་དང་འདི་ཡིན་ཞེས་བརྗོད་རྒྱུ་ནི་མ་རྙེད་པ་ཡོད་ནི་འཁོར་འདས་གང་གི་ཚེ་ཡང་བཟང་ངན་དུ་མ་སོང་བར་ཡོད་མཁན་དེ་ངོ་བོ་ཡིན། དེའི་ངང་ལས་རྟོག་པ་བཟང་ངན་གང་ཤར་ཡང་རུང་མ་ཤར་ཡང་


MLP014_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཡོད་ལ་མི་འགོག་མེད་པ་ཨེ་སྐྱེ་མི་ལྟ་བར་སེམས་ལ་བཟོ་བཅོས་མེད་པར་བསྐྱུར་ནས་ཞོག་དང་ཚོགས་དྲུག་གི་སྣང་བ་འདིས་རིག་པ་ཚུར་མི་བསླུ་རིག་པས་སྣང་བ་ལ་རྩིས་གདབ་མ་བྱས་པས། རིག་པ་ཡུལ་ལ་ཞེན་ནས་ཡུལ་རྗེས་སུ་མི་འཁྲུལ་བར་ཡུལ་རིག་གཉིས་གཅིག་གིས་གཅིག་ལ་མི་གནོད་པ་ཞིག་བསྒོམ་མི་བསྒོམ་ཀུན་གྱི་ཚེ་ཡོད་པ་དེའི་ངང་བཟོ་མེད་ཀྱི་དྲན་པས་སྐྱོངས་ནས་སྡོད་དང་། ལྷ་དེ་ཡིན་བླ་མ་དེ་ཡིན། ལྟ་བསྒོམ་སྤྱོད་འབྲས་ཚང་མ་དེ་ཡིན། ང་འགྲོ་ཡང་འདི་ལས་ཟེར་རྒྱུ་མེད་ཤི་ཡང་འདི་ལས་ཟེར་རྒྱུ་མེད་ཉམས་སུ་ལེན་མིན་ཁྱོད་ལ་རག་ལས། ༈ བྱ་རྒྱུ་གང་ཡང་མེད་པའི་ཅོག་བཞག་གི་ཀློང་ནས། །མཐོང་རྒྱུ་ཅི་ཡང་མེད་པའི་རང་ངོ་ལ་བལྟས་ཚེ། །རྗེན་སངས་བརྗོད་དུ་མེད་པའི་ལྟ་སྒོམ་གྱི་རོ་བཅུད། །ཆེད་དུ་ལེན་པ་མེད་ཀྱང་མྱོང་རྒྱུ་ཞིག་ཡོད་སྐད། །དམིགས་གཏད་བཅོས་མའི་སེམས་འཛིན་རང་དེངས་ལ་སོང་ཚེ། །གང་ཤར་ཆོས་དབྱིངས་བདེ་བའི་ཡོ་ལང་དུ་གྱུར་ནས། །མི་བདེ་མི་མགུ་མེད་པའི་གུ་ཡངས་ཀྱི་སྐྱེས་བུ། །མཁའ་ལ་ཁྱུང་ཆེན་ལྡིང་ལྟར་ཐེག་རྩེ་ལ་ཆས་འགྲོ། །རྟོག་པའི་ཀུན་གཞི་ཤུན་པ་རྗེས་མེད་དུ་ཡལ་དུས། །ལྷ་དང་བླ་མའི་འཛུམ་ཞལ་རྗེན་པ་རུ་མཐོང་ནས། །ཡ་མཚན་སྒྲུབ་པའི་འབྲས་བུ་རང་མལ་ནས་བརྡོལ་ཚེ། །ཀུན་བཟང་དགོངས་པའི་རྒྱལ་སྲིད་ཟིན་པ་རང་ལགས་སོ། །མཁན་ཆེན་མཁྱེན་བརྩེ་ནོར་བུས་གསུངས་པའོ། །༈ ༼མགོ་མ་ཚང་༽མཐར་ཐུག་གི་གྲོལ་ཚུལ་རྣམས་མ་བཤད། ཡང་གསང་བླ་མེད་དུ་གཞི་གདོད་མའི་གནས་ལུགས། ལམ་ལྟ་སྒོམ་སྤྱོད་གསུམ། འབྲས་བུ་མཐར་ཐུག་གི་གྲོལ་ཚུལ་དང་བཅས་པ་རྒྱས་པར་བསྟན་པའོ། །ཡང་གསང་བླ་ན་མེད་པའི་རྒྱུད་ཀྱི་རྣམ་གྲངས་མདོར་བསྟན་ནི། ཐེག་མཆོག་མཛོད་ལས། བརྗོད་བྱ་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བར་སྟོན་པ་རིག་པ་རང་ཤར་གྱི་རྒྱུད། ཉི་མ་ལྟར་གསལ་བར་སྟོན་པ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་


MLP014_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད། ཐེག་པ་འོག་མ་རྣམས་ཟིལ་གྱིས་གནོན་པར་སྟོན་པ་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད། མི་འགྱུར་བའི་ཆོས་ཉིད་སྟོན་པ་རི་རྒྱལ་ལྟ་བུའི་རྒྱུད་དཔལ་ཡི་གེ་མེད་པ། འཁྲུལ་བའི་འཁོར་ལོ་གཅོད་པ་སྟོན་པ་འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། སྡེ་སྣོད་ཀུན་གྱི་སྒོ་འབྱེད་པར་སྟོན་པའི་ལྡེའུ་མིག་ལྟ་བུའི་རྒྱུད་སྒྲ་ཐལ་འགྱུར། གོལ་ས་གཅོད་པར་སྟོན་པ་རལ་གྲི་ལྟ་བུའི་རྒྱུད་ཀུན་རྫོབ་ཐུགས་ཀྱི་མེ་ལོང་། སྒྲོན་མའི་སྣང་བ་སྟོན་པར་བྱེད་པའི་གསལ་ཤིང་ལྟ་བུའི་རྒྱུད་སྒྲོན་མ་འབར་བ། ཚིག་དོན་གསེར་ལ་གཡུས་སྤྲས་པ་ལྟར་སྟོན་པས་གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་ཕྲ་བཀོད། ཡིད་ཆེས་ངེས་པའི་ཚིག་གིས་བར་མ་དོ་ལ་གསལ་འདེབས་པས་མ་བུ་འབྲེལ་བ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། མེ་ལོང་གི་ནང་དུ་གཟུགས་བརྙན་བསྟན་པ་ལྟ་བུར་དཔེ་དོན་སྦྱར་ཏེ་སྟོན་པས་མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲོས་པ། མུ་ཏིག་གི་ཕྲེང་བ་བརྒྱུད་ལེགས་པ་ལྟར་མན་ངག་ཁྲིགས་ཆགས་སུ་སྟོན་པ་མུ་ཏིག་ཕྲེང་བའི་རྒྱུད། སྦྲུལ་གྱི་མདུད་པ་ལྟར་གཞུང་ཚིག་རང་གྲོལ་དུ་སྟོན་པ་སྦྲུལ་མདུད་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ཁྱུང་ཆེན་པོ་ནམ་མཁའ་ལ་རྩོལ་སྒྲུབ་མེད་པར་འགྲོ་བ་ལྟ་བུ་ལྟ་བུའི་རྒྱུད་ཀུན་རྫོབ་ཐུགས་ཀྱི་མེ་ལོང་གི་རྒྱུད། དབང་དང་བྱིན་རླབས་ཆུ་བོའི་རྒྱུན་བཞིན་སྟོན་པས་ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་། རྒྱལ་པོའི་གསུང་མི་འགྱུར་བས་རྒྱལ་ས་ཟིན་པ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ། ཕྱུག་པོའི་བང་མཛོད་གང་འདོད་འབྱུང་བ་ལྟ་བུའི་རྒྱུད་རིན་པོ་ཆེ་སྤུང་བ། སྤུ་གྲི་ངར་མས་གང་ལ་རེག་པ་གསོད་པ་ལྟར་འགལ་བྱེད་ཆམ་ལ་འབེབས་པས་སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ་དང་བཅོ་བརྒྱད་དོ། །དེའང་ནག་མོ་ཁྲོས་མ་ནི་བསྟན་པ་བསྲུང་བའི་ཕྱིར་རྒྱུད་ལས་འཕྲོས་པ་ཡིན་ལ། གཞན་བཅུ་དྲུག་སྒྲ་ཐལ་འགྱུར་གྱི་རྩ་བ་ལས་འཕྲོས་པ་ཡིན་ཏེ། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། འོད་ཀྱི་ཡང་ཞུན་བཅུ་བདུན་བཤད། །རང་ཤར་བ་དང་རང་གྲོལ་དང་། །རང་བྱུང་ཉིད་དང་རྩལ་རྫོགས་དང་། །མཛེས་ལྡན་དག་དང་ཕྲ་བཀོད་དང་། །མུ་ཏིག་ཕྲེང་དང་ཡི་གེ་མེད། །དབྱིངས་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ངམ་དང་ཐུགས་ཀྱི་མེ་ལོང་དང་། །ཉི་ཟླ་ཁ་སྦྱོར་ངོ་སྤྲོད་སྤྲས། །སྐུ་གདུང་འབར་དང་


MLP014_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྤུངས། །སྒྲོན་མ་འབར་དང་ཀློང་ཆེན་དྲུག །དེ་ལྟར་བཅུ་དྲུག་རིམ་པ་རྣམས། ཐལ་འགྱུར་ལས་ནི་ངེས་འཕྲོས་ནས། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །དགོས་ཆེད་རྒྱས་པར་བཤད་པ་དང་། གོ་རིམ་ངེས་པས་མཇུག་བསྡུ་བ། ཐེག་མཆོག་མཛོད་ལས་ཤེས་པར་བྱའོ། ། ༈ ལགས། གུ་རུའི་སྒྲ་ལྕི་བ་ལ་འཇུག་པས། རྟག་པར་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པ་དང་འདུ་འབྲལ་མེད་པར་རོ་གཅིག་ཏུ་བཞུགས་པའི་སངས་རྒྱས་ཡོན་ཏན་ཀུན་གྱི་གཏེར་དུ་གྱུར་པ་དེ་ལ་གུ༵་རུ༵་ཞེས་བརྗོད། དེ་ཉིད་ཀྱི་ཐུགས་རྗེ་ཡོངས་སུ་རྫོགས་པ་འགྲོ་བ་ཕལ་མོ་ཆེར་ནི་འཇུག་པའི་སྐབས་མི་སྲིད་ཀྱང་སེམས་ཅན་རང་རང་གི་སྐལ་པའི་ཁྱད་པར་ཙམ་ལས་ཕྲིན་ལས་ཇི་ལྟར་འཇུག་པ་བཞིན་སྣང་བའི་གོ་སྐབས་ཤིན་ཏུ་སྟོན་དཀོན་པའི་རྒྱུ་མཚན་གྱིས། རི༵ན་པོ༵་ཆེ༵་ཞེས་བརྗོད། རང་ཅག་རྣམས་ཇི་སྲིད་བླ་མ་སངས་རྒྱས་དེ་འདྲའི་ཕྲིན་ལས་དང་། དེ་ཉིད་གང་ལས་བྱུང་བའི་གཞིའི་གནས་ཚུལ་མ་ཤེས་པས་དེ་སྲིད་དུ་བླ་མ་ཉིད་རྒྱང༵་རིང་ན་ཡོད་པ་ཡིན། ནམ་ཞིག་ཆོས་ཀུན་གྱི་རང་རང་གི་རང་བཞིན་ཇི་བཞིན་སྟོན་པའི་སྒོ་ནས་སྣང་སྲིད་བླ་མའི་རོལ་པར་འཆར་བའི་རྟེན་འབྲེལ་ཀྱི་རྒྱུ་ཐབས་མངོན་དུ་གྱུར། ཡོན་ཏན་ཤེས་པ་དང་། བཀའ་དྲིན་དྲན་པ་ལ་ཁབ་མིག་གི་ནང་ནས་ནམ་མཁའ་ངོ་སྤྲོད་བྱེད་དགོས་པ་ལྟ་བུའི་གུ་དོག་གི་འཛིན་སྟངས་རྗེས་མེད་དུ་སངས་ནས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་དཔལ་ལྡན་བླ་མ་ཉག་གཅིག་གི་ཡོན་ཏན་དང་བཀའ་དྲིན་དྲན་པའི་ཡུལ་དུ་ཤར་ཚེ་གྲུབ་པ་མཆོག་གི་འབྲས་བུ་ལ་ཐག་ཤིན་ཏུ་ཉེ་བ་ནི་འབོ༵ད་པའི་དོན་ཡིན་པར་བསམ། པདྨ་བསམ་གཏན་ནས་གུ་རུའི་བླ་མ་རྒྱང་འབོད་འབྲི་དགོས་ཟེར་བ་ལྟར་མཁྱེན་ནོར་པས་བྲིས། སྤྱིར་བླ་མ་རྒྱང་འབོད་ཅེས་པ་དེ་འདོན་རྒྱུ་ཞིག་ལ་འཛིན་དགོས་པའི་ངེས་པ་མེད་ལགས། །

འཆི་ཁའི་མན་ངག་ཉམས་ངའི་གདུང་སེལ།


MLP014_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་ཁའི་མན་ངག་ཉམས་ངའི་གདུང་སེལ་ཞེས་བྱ་བ་བཞུགས་སོ། །སྐུ་སྐྱེ་འཆི་བྲལ་བའི་སངས་རྒྱས་དངོས། །མགོན་རིགས་བརྒྱའི་བདག་པོ་པད་འབྱུང་གིས། །སྡུག་འཆི་ཁ་སླེབས་པའི་ཉམ་ཐག་རྣམས། །ཐུགས་བརྩེ་བའི་ཕྱག་གིས་བཟུང་དུ་གསོལ། །དེ་ཡང་རང་གི་སྲོག་ལ་རྒོལ་བའི་དགྲ་ཞིག་ལོ་ཁ་ཤས་ཚུན་འོང་ནི་ངེས་ལ་འོན་ཀྱང་དེ་ཚུན་ཆད་ཞག་དུས་ནམ་འོང་ལ་ངེས་པ་ཆེར་མེད་ན་རང་ཡང་དེའི་རིང་ལྷོད་པོར་འདུག་པས་མི་ཡོང་། དགྲ་ད་ལྟར་ཐོན་ཀྱང་དེ་ཕན་བྱ་རྒྱུ་མེད་པའི་ཚད་ཀྱིས་གཞན་ལ་དཔུང་རོགས་བཅོལ་བ་དང་། རང་གིས་གོ་མཚོན་སོགས་འདུ་བྱས་ཏེ་དགྲ་དང་འཐབ་མ་རག་ཏུ་གནས་དགོས་པ་ལྟར། རང་ཅག་ལའང་འཆི་བདག་གི་དགྲ་འདི་མི་རིང་བར་འོང་ངེས་ཤིང་། དེ་ཡང་ནམ་འོང་ལ་ངེས་པ་མེད་པར་མ་ཟད་ཕལ་ཆེར་མྱུར་དུ་རང་འོང་བ་ཤས་ཆེ་བ་ལྟར་འདུག་ན། ད་དུང་རང་གིས་རང་བསླུས་ཏེ་བདེ་བར་འདུག་པ་ནི་ཆེས་ཤིན་ཏུ་མི་རིགས་པའི་གནས་སུ་བལྟས་ལ། ད་ལྟ་ནས་ངེས་འབྱུང་གི་བློ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྒོ་ནས་སྐྱབས་གནས་ཀུན་འདུས་གུ་རུ་ཡིད་བཞིན་ནོར་བུ་འདི་ཕྱིའི་རེ་ལྟོས་འཆའ་ཡུལ་གཅིག་ཆོག་ཏུ་བཟུང་ནས་འདོད་དོན་ལ་གསོལ་བ་སྙིང་ཐག་པ་ནས་འདེབས་པ་དང་། འདོད་དོན་ཇི་བཞིན་འགྲུབ་པའི་འགལ་རྐྱེན་གྱི་གེགས་སྦྱོང་ཞིང་མཐུན་རྐྱེན་གྱི་ཚོགས་སྒོ་ཀུན་ནས་སྤེལ་བ་དང་། འདོད་དོན་ཇི་བཞིན་འགྲུབ་པའི་སྨོན་ལམ་ཡང་ཡང་འདེབས་པ་རྣམས་བྱ་བའི་གནད་གལ་བོ་ཆེར་བཟུང་ཏེ་ནུས་རྩལ་ཅི་ཡོད་ཀྱིས་ཉིན་རེ་བཞིན་རང་བློ་ལ་གོམས་འདྲེས་སུ་བྱའོ། །དེས་ན་རྒྱུན་དུ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པའི་སྐབས་ལྟ་བུ་ལ་མཚོན་ན།


MLP014_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཉིད་ནས་ཀུན་སློང་སྐྱོན་ཅན་དུ་མ་སོང་བར་འཁོར་བ་སྤྱི་དང་བྱེ་བྲག་ཚེ་འདི་སྣང་ལ་སྐྱོན་དུ་ལྟ་བའི་བློ་སྣ་རྒྱས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡིད་འོང་གི་རྣམ་པར་བལྟས་ལ་རང་ཉམས་ལ་དཔག་པས་དེ་དག་རྒུད་པ་ལས་འདྲེན་འདོད་ཀྱི་སྙིང་རྗེའི་བློ་སྣ་རྒྱས་པར་བྱ་བ་གཉིས་ཀྱིས་ངེས་འབྱུང་དང་བྱང་སེམས་བསྒྲུབ། བློ་དེ་གཉིས་ཀྱིས་ཟིན་པའི་སྒོ་ནས་བླ་མའི་རྣལ་འབྱོར་སྒོམ་པ་སོགས་ལ་འཇུག་དགོས་ཏེ། གཞན་དུ་ན་སྲིད་པ་གཡོ་བའི་སྲེད་ལེན་གྱི་དབང་གིས་སྐྱེ་འཆིའི་དགྲ་ཁ་ལས་ཐར་དཀའ་ཞིང་། ཡོན་ཏན་མ་མཐོང་བའི་ཁ་ཙམ་གྱིས་དོན་གཉེར་གྱི་འདོད་བྱའི་གོ་འཕང་མཆོག་ཀྱང་འཐོབ་དཀའ་བའི་ཕྱིར་རོ། །དངོས་གཞི་འདོད་དོན་ལ་གསོལ་བ་འདེབས་རྒྱུ་དེ་ཡང་ཐག་མཁན་རྐང་ལག་བརྒྱད་པའི་རྣམ་ཐར་ལྟར་མ་སོང་བར། མདོ་དོན་སྙིང་པོ་གཅིག་ལ་བློ་གཏད་དགོས་པས། ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པའི་ངང་ནས་སྐྱབས་གནས་ཀུན་འདུས་གུ་རུའི་བྱིན་རླབས་རང་རྒྱུད་ལ་ཞུགས། རང་གི་སྒོ་གསུམ་བླ་མ་དང་འདྲེས་ནས། བླ་མའི་འོད་གསལ་ཐུགས་ཀྱི་ཐིག་ལེར་ཚེ་འདིར་མངོན་པར་བྱང་ཆུབ་པར་མཛད་པ་ཞིག་དང་། གལ་ཏེ་ཚེ་འདིར་བཙན་ས་མ་ཟིན་ན་འཆི་ཁར་རང་དབང་འཕྲོག་པའི་གནད་གཅོད་ཀྱི་སྡུག་བསྔལ་དང་། ཆགས་སྡང་གི་ཡུལ་རྐྱེན་ངན་པ་སོགས་མི་འབྱུང་བར་རང་སེམས་བླ་མ་ལ་བསྲེ་བའི་ཏིང་ངེ་འཛིན་ལྷག་པར་ལས་སུ་རུང་སྟེ་འཆི་བ་འོད་གསལ་ལ་བརྟན་པ་ཐོབ་པ་དང་། དེ་མ་ཐོབ་པར་སྲིད་པ་བར་དོར་འབྱམས་ན་དེར་བླ་མ་རྗེས་སུ་དྲན་ཞིང་གསོལ་འདེབས་ལ་བརྩོན་པའི་མཐུས་སྐད་ཅིག་ལ་བླ་མའི་སྐུའི་སྣང་བ་དང་མཇལ་ནས་པདྨ་འོད་གླིང་སོགས་རིག་འཛིན་གྱི་ཞིང་ཁྱད་པར་ཅན་དུ་ཁྲིད་དེ་ལམ་གྱི་འཕྲོ་རྫོགས་པར་བྱེད་ཅིང་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་ནས་འཚང་རྒྱ་བ་ཞིག་བླ་མ་ཁྱེད་རང་མཁྱེན་ནོ་ཞེས་གསོལ་བ་གདབ་པ་ཡིན་ནོ། །དེ་ལྟར་གསོལ་བ་བཏབ་པ་ལྟར་འདོད་དོན་རང་རྒྱུད་ལ་འབྱོར་བའི་དཔུང་བསྐྱེད་ཅིང་གེགས་བསལ་བ་ནི་བླ་མའི་རྣལ་འབྱོར་སྐབས་ཀྱི་མཆོད་པ་དང་། དབང་བཞི་ལེན་ཚུལ་གྱི་སྐོར་རྣམས་ཚིག་ཙམ་དུ་མ་སོང་བར་དམིགས་འོག་ཏུ་ཚུད་ངེས་བྱས་པ་ལ་མ་ཚང་བ་མེད་


MLP014_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྟག་པར་བླ་མ་མཉེས་པའི་སྒོ་ཀུན་ནས་བསྒྲུབ་པ་དང་། དམ་སྡོམ་སྤྱི་དང་བྱེ་བྲག་བླ་མའི་དམ་ཚིག་ལས་མི་འདའ་ཞིང་ཅུང་ཟད་ཉམས་པ་རྣམས་ཀྱང་དེ་མ་ཐག་ཏུ་གསོ་བ་དང་། ཁྱད་པར་དུས་ཆེན་རྣམས་སུ་ཚོགས་འཁོར་རྒྱ་ཆེར་བྱ་བ་ཡང་གནད་དེ། དོན་དེར་སྨོན་ལམ་འདེབས་པ་ཡང་དགེ་རྩ་གང་བསྐྱེད་སྔར་གསོལ་བཏབ་ཀྱི་སྙིང་པོ་དེ་ཁོ་ན་འགྲུབ་པའི་རྒྱུར་བསྔོ་ཞིང་སྨོན་པའོ། །དེ་ནས་དགྲ་དངོས་སུ་འོང་དུས་དེ་མ་ཐག་གོ་མཚོན་བླངས་ཏེ་འཐབ་དགོས་པ་ལྟར་ནམ་ཞིག་བཟློག་ཏུ་མེད་པའི་འཆི་བ་འོང་ལ་ཉེ་བའི་ཚེ། སྔར་ངེས་འབྱུང་གི་བསམ་པ་བསྒྲུབ་པའི་སྐབས་ལྟར་འཁོར་བ་སྤྱི་དང་ཁྱད་པར་ཚེ་འདིར་ལུས་ལོངས་སྤྱོད་གཉེན་གཤེས་ལ་ཆགས་ཞེན་བཀག་པ་གལ་ཆེ་སྟེ། དུས་དེར་དེ་དག་དང་འབྲལ་བར་ཤེས་ནས་ཆགས་ཞེན་དྲག་པོ་འབྱུང་ངེས་ཤིང་། དེས་ཡང་སྲིད་ཕྱི་མ་ཉེ་བར་ལེན་པའི་ས་བོན་མཐུ་ཅན་དུ་བྱེད་པའི་ཕྱིར་རོ། །དེས་ན་འདི་ལྟར་ལུས་ལོངས་སྤྱོད་གཉེན་བཤེས་རྣམས་མཐར་འདོར་བའི་ཆོས་ཅན་དུ་གནས་པ་འཇིག་རྟེན་སྤྱིའི་ཆོས་ཉིད་ཡིན་པ་བཞིན་དེ་དག་འདོར་བའི་རེས་མོ་རང་སྟེང་དུ་བབ་པ་ལ་མི་དགའ་བ་བྱ་དོན་མེད་པར་མ་ཟད་ཚེ་འདི་ཚོ་མིན་པར་སྔར་ཡང་དེ་འདྲ་ལན་མང་ཐོབ་ཅིང་ཐོབ་པ་དེ་དག་གིས་བསླུས་ནས་འཕྲལ་ཕུག་གི་དོན་ཆེན་ལས་མ་ཉམས་པའི་སྐབས་ཀྱང་མ་བྱུང་བས་ཕན་འདོགས་པའི་ཟོལ་ཀྱིས་གནོད་པ་བྱེད་པ་ལ་ཆགས་དོན་ཅི་ལ་ཡོད། ད་རེས་སྐྱབས་གནས་བཟང་པོ་འདི་འདྲ་བ་ལ་སྐྱབས་བཅོལ་བའི་སྐལ་བཟང་རྙེད་དུས་ཐེ་ཚོམ་མེད་པའི་གསོལ་འདེབས་ཡིད་ཚིམ་ངེས་ཤིག་བྱས་ཏེ་རབ་འཆི་བ་ལ་བརྟན་པ་ཐོབ་པ་ཞིག་དང་། དེ་ཙམ་མ་བྱུང་ཡང་བར་དོ་ནས་རྔ་ཡབ་དཔལ་རིའི་ཞིང་དུ་བུ་ཕ་ཁྱིམ་དུ་འགྲོ་བ་ལྟར་སྤྲོ་བཞིན་ཕྱིན་ནས་ཞིང་དེར་རིག་འཛིན་གྱི་ལམ་ཟབ་མོ་ཉམས་སུ་བླངས་ཏེ་རང་གཞན་གཏན་དུ་འཚོ་བའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པ་ཞིག་བྱ་སྙམ་པས་འཆི་བ་ལ་ཞེ་འཚེར་མེད་པར་རིག་པ་གཟེངས་བསྟོད་དེ་སྤྲོ་སེང་ངེ་བྱས་ལ། རང་ལ་ཡོད་པའི་ལོངས་སྤྱོད་ཀུན་སེར་སྣ་མེད་པར་བླ་མ་དངོས་སུ་བཞུགས་ན་དེར་འབུལ་བའམ། མིན་ཀྱང་ཚོགས་འཁོར་ལྟ་བུའི་རྒྱུར་བཏང་ནས་དྲན་པ་དང་མི་དྲན་པའི་དམ་སྡོམ་ཉམས་


MLP014_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསོ་ཞིང་ཕྱིན་ཆད་མི་བྱེད་པའི་དམ་བཅའ་ལེན་པ་སོགས་ཀྱིས་བསག་སྦྱང་ལ་སྒོ་ཀུན་ནས་འབད། སྔར་ཕན་ཆད་ཀྱི་དགེ་སྦྱོར་ཅི་ལྟར་བྱས་པ་ཡིད་ལ་བྱས་ཏེ་རློམ་སེམས་དང་བྲལ་བའི་ཡི་རང་མང་དུ་བསྒོམ་ཞིང་། དེ་ལྟར་སྒྲུབ་པའི་དགེ་རྩ་དེ་རྣམས་ཀྱང་གཞན་དོན་དུ་རབ་འཆི་དུས་ཀྱི་འོད་གསལ་ངོས་ཟིན་ནས་ཚེ་འདིར་འཚང་རྒྱ་བ་དང་། མིན་ཀྱང་བར་དོར་བླ་མ་དང་མཇལ་ནས་རིག་འཛིན་གྱི་ཞིང་དུ་ལམ་གྱི་འཕྲོ་སྦྱངས་ཏེ་མཁའ་མཉམ་འགྲོ་བའི་དཔུང་གཉེན་གཅིག་པུར་འགྱུར་བའི་རྒྱུར་བསྔོ་ཞིང་སྨོན་ལམ་ཤུགས་དྲག་ཏུ་བཏབ། དེ་ནས་འཆི་ཁ་དངོས་ལ་བབས་པའི་ཚེ་སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་མདུན་མཁར་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་རྣམ་པ་གུ་རུ་པདྨ་འབྱུང་གནས་སྐུ་དགྱེས་པའི་གཟི་མདངས་ཅན། ཞལ་རང་ལ་ཕྱོགས་ནས་ཐུགས་བརྩེ་བས་རྡོ་རྗེའི་གསུང་གིས་བུ་ཁྱེད་འཆི་བ་ལ་མ་འཇིགས་ཤིག །ཁྱོད་བདེ་བའི་ལམ་དུ་བདག་གིས་འདྲེན་པ་ཡིན་ནོ་ཞེས་དབུགས་དབྱུང་མཛད་པ་དྲན་པ་ཙམ་གྱིས་འཇིགས་སྐྲག་དང་འཁྲུལ་སྣང་རང་འགགས་སུ་འགྲོ་བ་ཞིག་བསྒོམ། དེ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ཐག་བཅད་ལ་བློ་སྣ་མི་མང་བར་གོང་གི་སྨོན་ལམ་ཇི་ལྟར་བཏབ་པའི་དོན་དེ་ཁོ་ན་བཞིན་འགྲུབ་པའི་གསོལ་འདེབས་མགོ་བོ་འགས་པའི་ཚོད་ཙམ་བྱ། དེའི་མཐུས་བླ་མའི་སྐུ་ལས་ངོ་བོ་བྱིན་རླབས་ལ་རྣམ་པ་བདུད་རྩིའི་འོད་ཟེར་ཁ་དོག་ལྔ་ལྡན་ཉི་མ་བྱེ་བའི་འོད་ཀྱིས་ཀྱང་མཚོན་པར་དཀའ་བ་ཞིག་བུན་ཟེར་རེ་རེ་འཕྲོས་པ་རང་ལུས་ལ་ཐིམ་པ་དང་དེའི་རྐྱེན་གྱིས་རང་ལུས་འོད་དུ་ཞུ་བའི་དྭངས་མ་རླུང་སེམས་ཀྱི་རྟེན་ཐིག་ལེ་དཀར་ལ་དམར་བའི་མདངས་ཅན་སྣུམ་ལ་འདྲིལ་བ། དྭངས་ཤིང་གསལ་ལ་འོད་ཟེར་ཁ་དོག་ལྔ་འབར་བ་ཆེ་ཆུང་སྲན་མ་ཙམ་དུ་འདར་ལིང་ངེ་བྱེད་པ་ཞིག་ཏུ་གྱུར། དེ་ཉིད་གྱེན་དུ་མདའ་འཕང་བ་ལྟར་སོང་ནས་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ་པས་རང་གི་སྒོ་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས། དེ་ནས་བླ་མ་ཡང་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་ནམ་མཁའ་དང་ཁྲིག་གེར་འདྲེས་པའི་ངང་ལ་ཤེས་པ་ཁོང་གློད་དེ་རིག་ངོ་བསྐྱང་བཞིན་འཆིར་གཞུག །ད་དུང་མ་ཤི་ན་ཡང་སྔར་གྱི་གསོལ་


MLP014_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་མན་བསྐྱར་བ་ཡིན་ནོ། །ཉམས་ལེན་དེ་རྣམས་དུས་མཚམས་སོ་སོར་མི་འཆུག་པར་ལག་ཏུ་ལོན་པའི་གྲོགས་སུ་འཕེན་པ་གཉིས་གཏོང་བ་ཡང་གལ་ཆེ་སྟེ། དེ་ཡང་དང་པོ་ནི་ད་ལྟ་ནས་ཐུན་དང་ཐུན་མཚམས་ཀྱི་དུས་རིས་སུ་ཆད་པ་མེད་པར། ད་གཟོད་རང་ཉིད་འཆི་ཁ་རུ་མཚམས་སྦྱོར་གྱི་རྣམ་རྟོག་ངན་པ་མི་རྒྱུ་བར་འདི་སྣང་ལ་ཆགས་ཞེན་འགོག་པ་དང་འཆི་བ་ལ་བྲོད་པ་བསྐྱེད་པ་སོགས་སྔར་གྱི་ཉམས་ལེན་རྣམས་ལ་བློ་རྩེ་གཅིག་ཏུ་དྲིལ་ནས་འཇུག་པར་བྱའོ་སྙམ་པའི་འཕེན་པ་ཡང་ཡང་གཏོང་བ་དང་། གཉིས་པ་ནི། ད་ལྟར་མ་ཟད་འཆི་ཁར་ཡང་བདག་གིས་འཆི་བ་འོད་གསལ་དེ་སྔར་འདྲིས་ཀྱི་མི་བཞིན་ངོས་ཟིན་ནས་བརྟན་པ་ཐོབ་པ་དང་། མིན་ཀྱང་བར་དོར་བླ་མ་ལ་གསོལ་བ་བཏབ་ནས་འདོད་དོན་ལས་མི་ཉམས་པ་ཞིག་ཅིས་ཀྱང་བྱའོ་སྙམ་པའི་འཕེན་པ་ཤུགས་དྲག་གཏོང་བ་སྟེ་འདི་ནི་གཉིད་ལས་ལྡང་བའི་འདུ་ཤེས་ཀྱི་སྐབས་སུ་ནང་དུས་སྔ་མོ་ནས་སད་པར་བྱའོ་སྙམ་པའི་འཕེན་པ་གཏོང་བ་དང་འདྲའོ། །འཆི་ཁའི་གདམས་ངག་འདི་རྣམས་ཐོས་པ་ཙམ་གྱིས་མི་ཕན་ཏེ། ནམ་ཞིག་ཐོག་བབས་སུ་འཆི་བའམ། འཆི་ནད་ཀྱིས་གཅུར་བས་འདུ་ཤེས་འཁྲུག་ཅིང་རང་དབང་དང་བྲལ་བའི་ཚེ་དེ་འདྲའི་ཉམས་ལེན་ལ་རྩོལ་བ་བྱེད་སྙིང་མི་འདོད་ཅིང་། བྱས་ཀྱང་བསམ་དུ་མི་བཏུབ་པས་ཅི་ཡང་བྱར་མེད་པའི་ཕྱིར་རོ། །དེས་ན་ད་ལྟ་ཁམས་དྭངས་བློ་གསལ་རང་དབང་ཡོད་དུས་ལེགས་པར་སྦྱངས་ནས་གདེངས་ཐོབ་པར་བྱ་བ་ནི་བདག་ལ་ཕན་པར་འདོད་པ་དག་གི་ལས་ཀྱི་གཙོ་བོ་གལ་པོ་ཆེ་ཡིན་པར་ཤེས་པར་བྱའོ། །སྨྲས་པ། ཀྱེ་མ་ཐུབ་པའི་བསྟན་པ་ཉམས་དམའ་ཞིང་། །བསྟན་འཛིན་སྐྱེས་ཆེན་ཕལ་ཆེར་གཤེགས་ཟིན་པའི། །དུས་ངན་འདི་འདྲར་སྐྱེས་པའི་ལས་ངན་བདག །དབུགས་འབྱིན་འདྲེན་པའི་སྐྱབས་དེ་གང་ན་བཞུགས། །རང་སྐྱོན་འཁྲུལ་རྟོག་ངན་པའི་རང་གཟུགས་ནི། །སྣང་བ་དགྲ་རུ་ཤར་བའི་མཐོང་སྣང་བརྒྱ། །མ་གྲུབ་གྲུབ་འདྲའི་རྫུན་གྱི་འཇའ་རིས་འདི། །འགེབ་པའི་འཕྲུལ་ཆེན་ད་ནི་རྙེད་དཀའ་མཐོང་། །དལ་འབྱོར་དོན་ཆེན་བསྟན་པའི་གདམས་ངག་ལ། །བདག་ཡིད་སོམ་ཉིར་གྱུར་པ་མ་ལགས་ཀྱང་། །ལས་སྣང་འདི་འདྲ་སྤྱོད་པའི་ལུས་


MLP014_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས། །སྐྱེས་བུའི་འདོད་དོན་འཚོལ་བའི་རེ་བ་ཕྲ། །སྣོད་ཀྱི་རྒུད་པས་སྐྱེ་འགྲོའི་བདེ་རྩ་འཕྲོག །བཅུད་ཀྱི་རྒུད་པས་རྒྱལ་ཁམས་མི་དགེར་སྦྱོར། །སྣོད་བཅུད་གཉིས་ཀས་དཀར་པོའི་མཐུ་བཅོམ་ནས། །དུས་ངན་ནན་གྱིས་འདྲེན་འདིས་སྣང་བ་སྐྱོ། །ཆོས་ལྡན་རྒྱལ་པོའི་ཁྲིམས་ཀྱི་ལམ་སྲོལ་ཞིག །སྡིག་སྤྱོད་སྐྱེ་བོའི་མགོ་འཕང་དགུང་བས་མཐོ། །བདེན་རྫུན་གོ་ནོར་ཉམས་ཆུང་བརླག་བྱེད་པའི། །ཡུལ་ཚུལ་འདི་ལ་བསམ་བཞིན་ཞེ་རེ་སྐྱོ། །བཤད་སྒྲུབ་དགོས་ཟེར་བཤད་སྒྲུབ་ཟོལ་གྱིས་སྒྲིབ། །བསྟན་དོན་ཁ་ཁྱེར་རང་དོན་ཞོར་ནས་བསྒྲུབ། །ཚུལ་ལྡན་ལ་སྨོད་གཡོག་ཅན་རྒྱལ་འཇུག་པའི། །དགོན་གྱི་གཙོ་བོ་མཐོང་ནས་ཡི་རེ་མུག །ངོ་བསྟོད་ལ་མཁས་འདུལ་ཁྲིམས་རྩ་བཞིན་དོར། །ཟུར་ཟ་ཆེ་ལ་ཕྲ་མའི་འཕྲུལ་འཁོར་བསྐོར། །སློབ་དཔོན་སྨོད་ཅིང་མགུ་བའི་དུས་མེད་པའི། །དགོན་གྱི་གྲྭ་པ་མཐོང་ནས་བདག་ཡིད་སྐྱོ། །བསླབ་སྡོམ་མནོས་ཚད་དམ་སྡོམ་ཉམས་པའི་རྒྱུ། །ཐོས་པ་བསགས་ཚད་ཆོས་སྤང་འཕེལ་བའི་གྲོགས། །བཤེས་གཉེན་བསྟེན་པའང་སྐུར་པའི་གཞིར་མཐོང་ནས། །བདག་ནི་རིང་པོ་འཚོ་ལ་སྤྲོ་བ་ཉམས། །བླ་མ་ལྷ་དང་མཆེད་ལ་ཡིད་ལོག་ཅིང་། །དྲིན་ལྡན་འགྲོ་དོན་སྤོང་བ་མ་ལགས་ཀྱང་། །རང་ཉམས་གཞན་ཕུང་འདི་འདྲས་སྐྱོབ་དཀའ་བར། །ཤེས་ནས་དྲང་པོར་བརྗོད་ལ་ནོངས་པ་ཅི། །དེ་ཕྱིར་གདམས་ངག་འདི་ལ་གོམས་པའི་མཐུས། །རིང་མིན་སྣོད་བཅུད་དག་པའི་ཞིང་གཞན་དུ། །སྐྱེ་བའི་རྟེན་འབྲེལ་བདག་ལ་མངོན་གྱུར་ནས། །དོན་ཆེན་དུས་གཅིག་འགྲུབ་པའི་སྨོན་ལམ་འདེབས། །དེ་ཚེ་ཐབས་ལ་མཁས་པའི་སྤྱོད་པ་ཡིས། །དམ་པའི་མགོན་རྣམས་མཉེས་པ་བསྒྲུབ་པ་དང་། །ཉམ་ཐག་འགྲོ་བ་དུ་མ་དབུགས་དབྱུང་བའི། །གཞན་དོན་བརྩོན་པའི་ལས་ལ་སྐྱོ་མེད་ཤོག །ཅེས་པ་འདི་ཉེར་གནས་ལྷ་དཔལ་དང་སངས་ཆོས་ཟུང་གིས་ནན་དུ་བསྐུལ་བའི་ངོར་འབྲི་ཡུལ་པདྨ་རྫོང་ཞེས་པའི་བྲག་རི་རིན་ཆེན་བརྩེགས་པ་འདྲ་བའི་མགུལ་ནས་ཆོས་མེད་མཁྱེན་ནོར་པས་སྨྲས་རིམ་བཞིན་བུ་སྨྱོན་ཨོ་རྒྱན་བསམ་འགྲུབ་ཀྱིས་ཡི་གེར་བྲིས་པ་དགེ་ལེགས་འཕེལ།

སྡིག་སྦྱོང་བདུད་རྩིའི་ཐིག་པ།


MLP014_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྦྱོང་བདུད་རྩིའི་ཐིག་པ་བཞུགས་སོ། །རང་གི་སྤྱི་བོར་པད་ཟླའི་གདན་ལ་འཇམ་དཔལ་དཀར་པོ་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལའི་སྡོང་པོ་ཐུགས་ཀར་འཛིན་པ་གེ་སར་སྙན་གྱི་ཐད་དུ་གྲོལ་བའི་རྩེ་མོར་རྡོ་རྗེས་མཚན་པ་ཞི་བའི་རྒྱན་གྱིས་སྤྲས་པ་ཞིག་བསྒོམ། རང་གིས་སྔར་བྱས་ཀྱི་སྡིག་ལྟུང་ལ་འགྱོད་སེམས་དྲག་པོས་ཡིག་བརྒྱ་བཟླ་བཞིན་གསོལ་བ་རྩེ་གཅིག་ཏུ་བཏབ་པས་འཇམ་དཔལ་གྱི་སྐུ་ལས་འོད་ཟེར་ཆུ་ཤེལ་གྱི་མདོག་ལྟར་འཚེར་བ་ཞིག་བྱུང་ནས་རང་གི་ལུས་ལ་ཐིམ་པས་སྡིག་ལྟུང་ཐམས་ཅད་དག་པར་བསམ། སླར་སྐུ་དེ་ཡང་འོད་དུ་ཞུ་སྟེ་རང་ལ་ཐིམ་པར་མོས་ནས་དབྱེར་མེད་དུ་འཇོག་གོ །རྟགས་ནི་སྤྱི་ལྟར་རོ། །ཞེས་པ་འདིའང་རང་གི་སློབ་བུ་འགའ་ཞིག་ལ་ཕན་པའི་བསམ་པས་སྡོམ་ཁྲལ་པས་ཉེར་དགུའི་མཚན་མོའི་གུང་ལ་བྲིས་སོ། །༈ ཀུན་མཁྱེན་བླ་མའི་ཐུགས་བརྒྱུད་བསྐུལ་བའི་གསོལ་འདེབས་བྱིན་རླབས་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །བརྗོད་མེད་བློ་ལས་འདས་པའི་ཡེ་ཤེས་ནི། །རང་བྱུང་གསང་བའི་ཚིག་ཏུ་རང་ཤར་བའི། །དོན་བརྒྱུད་བསྟན་པའི་སྟོན་པ་ཀློང་ཆེན་པའི། །ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་བདག་ལ་དགོངས། །རྒྱལ་བའི་དགོངས་པ་རྒྱལ་བས་འགྲེལ་མཛད་པའི། །གང་གི་ཆོས་མཛོད་ཐེག་མཆོག་རྫོགས་པ་ཆེའི། །བསྟན་པའི་སྙིང་པོར་འཕེལ་འགྲིབ་མི་མངའ་ཡང་། །བདག་འདྲའི་བློ་ལ་ལྐོག་གྱུར་འདི་མཐོང་ནས། །དད་གུས་གདུང་བའི་དབྱངས་ཀྱིས་གསོལ་འདེབས་ན། །ད་ལྟ་བྱིན་གྱིས་རློབས་ཤིག་ཀུན་མཁྱེན་རྗེ། །ཐེག་པ་རྒྱ་མཚོར་སྣང་བའི་ཡོན་ཏན་ཀུན། །རིག་པའི་རྩལ་དུ་རྫོགས་པའི་མཁྱེན་པ་ལ། །ཀུན་མཁྱེན་དགོངས་པ་ཡིན་ཞེས་གསུངས་ན་ཡང་། །བདག་འདྲའི་བློ་ནི་བྱིས་པའི་མལ་ན་ལུས། །དད་གུས༴ད་ལྟ༴ཚེ་འདིའི་སྣང་ཞེན་ཅི་ཡང་མ་ལོག་པར། །གང་གི་རྗེས་སུ་ཞུགས་


MLP014_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཁས་འཆེ་ཞིང་། །ཀློང་ཆེན་མཁའ་ལྟར་ཡངས་པའི་དགོངས་པ་ལ། །ཡིད་དཔྱོད་འཇུར་བུས་བཅིངས་པ་འདི་མཐོང་ནས། །དད་གུས༴ད་ལྟར༴སེམས་རིག་ཁྱད་པར་ཞིབ་ཏུ་མ་ཕྱེས་པར། །རྟོག་མེད་ཤེས་པར་གནས་པའི་གསལ་ཆ་ལ། །ལྷག་མཐོང་རིག་པའི་རང་བཞིན་ཡིན་སྙམ་གྱིས། སྲིད་པའི་བསམ་གཏན་སྒྲུབ་ལ་ཞུགས་མཐོང་ནས། །དད་གུས༴ད་ལྟར༴སྣང་རིག་གཅིག་གོ་གཅིག་གིས་མ་བཀག་ཀྱང་། །མ་བཙལ་རིག་པའི་རང་ཚུགས་མ་ཞིག་པའི། །རང་གྲོལ་མཉམ་པའི་གནད་འདི་མ་རྟོགས་པར། །འགྱུ་ཚད་གྲོལ་བར་རློམས་པ་འདི་མཐོང་ནས། །དད་གུས༴ད་ལྟར༴རིག་གདངས་ལྷུན་གྱིས་གྲུབ་པའི་སྣང་ཆ་ཀུན། །རིག་སྟོང་ཆོས་སྐུའི་དབྱིངས་དང་རོ་མཉམ་པར། །རྗེན་ནེར་སྐྱོང་བའི་ཚུལ་འདི་མ་ཤེས་པར། །འཁྲུལ་སྣང་ལམ་དུ་བྱེད་པ་འདི་མཐོང་ནས། །དད་གུས༴ད་ལྟར༴བརྒྱུད་པའི་བྱིན་རླབས་སྙིང་ལ་སིམ་པའི་མཐུས། །ཉམས་དང་རྟོགས་པའི་ལང་ཚོ་མ་རྒྱས་པ། །རྟེན་འབྲེལ་རླུང་སེམས་འདུས་པའི་འཆར་སྒོ་ལ། །ལམ་གྱི་དྲོད་རྟགས་འཛིན་པ་འདི་མཐོང་ནས། །དད་གུས༴ད་ལྟར༴བློས་རྒྱས་བཅོས་པའི་སེམས་འཛིན་ཇི་སྙེད་པ། །ཀློང་ཡང་ངང་དུ་ལྷོད་ཚུལ་འདི་བོར་ནས། །རྒྱུ་འབྲས་ཁྱད་དུ་གསོད་པའི་སྨྱོ་སྤྱོད་ཀྱིས། །རྒྱལ་བསྟན་རྨིང་ནས་བཤིག་པ་འདི་མཐོང་ནས། །དད་གུས༴ད་ལྟར༴ཕྱི་རྒྱུད་དུས་འདིར་སྐྱེས་པའི་ལས་ངན་བདག །མགོན་ཁྱོད་མཇལ་བའི་སྐལ་བཟང་མི་ལྡན་ཡང་། །གང་གི་རྣམ་ཐར་ཆ་ཙམ་ཐོས་པའི་མོད། །དད་གུས་གདུང་བའི་སེམས་ཀྱིས་མཆི་མ་ཤོར། །ཁྱབ་བདག་གདོད་མའི་སངས་རྒྱས་ཁྱེད་ཀྱིས་ཀྱང་། །སྒྲུབ་པའི་གནས་འདིར་སྒྲུབ་ལ་ཐུགས་གཞོལ་ན། །གང་གི་རྗེས་སུ་དོན་གྱིས་ཞུགས་འདོད་རྣམས། །མི་ཚེ་སྒྲུབ་པས་མི་སྐྱེལ་ཇི་ལྟར་རིགས། །ཀྱེ་མ་ཀུན་མཁྱེན་བླ་མ་གང་དུ་བཞུགས། །ཐེག་མཆོག་ཨ་ཏིའི་བསྟན་པ་གང་དུ་གནས། །ཟབ་དོན་རོ་བཅུད་སུ་ཡིས་མྱོང་སྙམ་ཚེ། །སྡོད་ཚུགས་མེད་ཅིང་དྲན་པ་གཏིང་ནས་འཕྱོ། །གསོལ་བ་སྙིང་ནས་འདེབས་སོ་ཀུན་མཁྱེན་རྗེ། །ད་ལྟ་བྱིན་གྱིས་རློབས་ཤིག་ངག་གི་དབང་། །འདི་ནས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །འབྲལ་མེད་རྗེས་སུ་ཟུངས་ཤིག་བླ་མ་མཁྱེན། །


MLP014_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདི་འང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྒྲུབ་གནས་གངས་རི་ཐོད་དཀར་གྱི་མགུལ་རང་བྱུང་རྡོ་རྗེ་གསང་བའི་ཀེའུ་ཚང་ནས་ཆོས་མེད་མཁྱེན་བརྩེའི་ནོར་བུས་བུ་སློབ་བཤད་སྒྲུབ་ཉི་མས་བསྐུལ་བའི་ངོ་མ་ལྡོག་པར་གང་དྲན་ཡི་གེར་བྲིས་པ་དགེ ། ༈ སྲིད་པའི་འགྲོ་ལ་བྱམས་བརྩེའི་ཕྱག་བརྐྱང་ནས། །ལེགས་པར་སྟོན་པའི་གསུང་གིས་དབུགས་དབྱུང་བཞིན། །བདེ་ནས་བདེ་བའི་གནས་སུ་ཁྲིད་མཛད་པའི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཕགས་པའི་ཐུགས་རྗེས་གདུལ་བར་མི་གཡོ་བའི། །དུས་མཐར་སྐྱེས་པའི་སྐྱེ་བོ་བདག་འདྲ་དང་། །གང་གི་དྲིན་གྱིས་རྟག་ཏུ་འཚོ་མཛད་པའི། དཔལ་ལྡན་བླ་མའི༴གཞན་གྱི་གཡམ་དང་ལན་མོར་མ་སོང་བར། །ཆོས་ཀྱི་རྒྱུ་མཚན་ངེས་པ་ལ་བརྟེན་ནས། །ཆོས་ལ་འཇུག་པ་ཡིན་ཞེས་གདམས་མཛད་པའི། །དཔལ་ལྡན་བླ་མའི༴གང་བཤད་སེམས་ཀྱི་གཉེན་པོར་མཐོང་ནས་སུ། །ཆོས་ལ་ཕྱོགས་ཞེན་ངང་གིས་ཞི་བའི་ཚེ། །ཐོས་བསམ་གནད་དུ་སོང་ཞེས་གདམས་མཛད་པའི། །དཔལ་ལྡན༴དོན་མེད་འཁོར་བའི་ལས་ལ་ཡིད་སྐྱོ་ཞིང་། །དོན་ཆེན་བྱང་ཆུབ་སེམས་ལ་བློ་སྦྱངས་ནས། །ཕར་ཕྱིན་སྤྱོད་ལ་སློབས་ཞེས་གདམས་མཛད་པའི། དཔལ་ལྡན༴ལོག་འཚོ་སྤངས་ནས་ལོངས་སྤྱོད་ཀྱི་ནས་འཚོ། །ཕ་ཡུལ་སྤང་ནས་མི་མེད་ནགས་ཚལ་དུ། །སྒྲུབ་པའི་རྒྱལ་མཚན་ཚུགས་ཞེས་གདམས་མཛད་པའི། །དཔལ་ལྡན་བླ་མའི༴དྲན་ཤེས་ལྕགས་ཀྱུས་ཟིན་པའི་སེམས་ཀྱི་གླང་། །ཆོས་བརྒྱད་རྒུན་ཆང་བཏུང་བས་མ་མྱོས་པར། །ལང་ཚོ་ཡོལ་བར་བགྱིས་ཞེས་གདམས་མཛད་པའི། །དཔལ་ལྡན༴དེས་ན་ལས་ངན་སྐྱེ་བོ་བདག་འདྲ་བར། །རྗེ་བཙུན་ཉིད་ལས་མགོན་སྐྱབས་གཞན་མེད་པས། །ཐུགས་རྗེའི་སྟོབས་དང་ཕྲིན་ལས་སྣ་ཚོགས་ཀྱིས། །སྐྱེ་བ་ཀུན་ཏུ་རྗེས་སུ་བཟུང་དུ་གསོལ། ཅེས་པ་འདི་ཡང་གོ་འཇོ་བ་ཆོས་ཀྱི་ཉི་མ་ནས་ཁྱེད་རང་ལ་གསོལ་འདེབས་ཞིག་རྩོམ་རོགས་ཞེས་པ་ཡང་ཡང་བསྐུལ་ངོ་མ་ལྡོག་པར་བཙུན་གཟུགས་མཁྱེན་བརྩེ་ནོར་བུས་བྲིས་པ་སྟེ་ཁོ་བོ་གསོལ་འདེབས་ཀྱི་ཡུལ་དུ་འོས་པ་ཞིག་ཡིན་ན་མིང་མ་སྨོས་པ་དང་འདི་གས་ཆོག་པ་ལགས་སོ། །


MLP014_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤཱཀྱ་ཐུབ་པའི་དུས། གསང་ཆེན་རྡོ་རྗེ་ཐེག་པ་སྟོན་པའི་དཔལ། །སྐྱེ་འཆི་མི་མངའ་འཇའ་ལུས་རྡོ་རྗེའི་སྐུ། །མཚོ་སྐྱེས་པདྨ་འབྱུང་གནས་ཞེས་བྱར་འབྱུང་། །མི་འགྱུར་བརྡ་རྟགས་རྒྱན་དང་ཆ་ལུགས་སོགས། །རྫུ་འཕྲུལ་མཁའ་འགྲོས་གནས་འདིར་རི་མོར་བྲི། །༠༠༠འབྱོར་ཡོད། །འདྲ་སྐུ་རང་བྱོན་དེ་ཡི་ཐུགས་ཀ་དང་། །བྱང་ཕྱོགས་དར་ཆེན་གནམ་དུ་འཕྱར་འདྲ་དང་། །ཤར་ཕྱོགས་མཆོད་རྟེན་བརྩེགས་པ་འདྲ་བ་དང་། །ཁྱད་པར་ལྷོ་ཕྱོགས་ནོར་བུ་སྤུང་འདྲའི་རྩེར། །གཞུ་འདོམ་ཉེར་ལྔ་འཇལ་བའི་ནམ་མཁའ་རུ། །བྲག་ངོགས་གོང་འོག༠༠༠། །༠༠༠ལྡན་ངང་ནས་གཏེར་དུ་བཞག །སྒོ་གསུམ་རྫུ་འཕྲུལ་སྟོབས་ཀྱིས་ལེགས་ཕྱུང་ཤིང་། །ཟབ་གསང་གཏེར་མཛོད་གཏེར་སྒོ་གོང་མ་ལ། །མི་འགྱུར་བརྡ་རྟགས་རྡོ་རྗེའི་རྒྱ་གྲམ་གཏབ། །ཟབ་གསང་གཏེར་མཛོད་གཏེར་སྒོ་བར་མ་ལ། །འགྱུར་མེད་༠༠་ལྕགས་སྡིག་སྲིན་བུ་གདབ། །ཟབ་གསང་གཏེར་མཛོད་གཏེར་སྒོ་འོག་མ་ལ། །འཁྲུལ་མེད་བརྡ་རྟགས་གཡུང་དྲུང་གཡས་འཁྱིལ་ལ། །ཕྱོགས་བཞིར་བརྡ་ཡིག་ཧ་རི་ནི་ས་བཀོད། །དེ་བཞིན་རྒྱ་དགུ་རིམ་པའི་ཐ་རམ་མོ། །གནས་བདག་གཏེར་སྲུང་རྣམས་ལ་བཅོལ་ནས་གཏད། །ཕྱི་སྲུང་དཔལ་མགོན་སྡེ་བརྒྱད་ཚོགས་ལ་གཏད། །ནང་སྲུང་ཞིང་སྐྱོང་མཁའ་འགྲོའི་ཚོགས་ལ་གཏད། །གསང་བ་ཆོས་སྐྱོང་དགོངས་འདུས་ཚོགས་ལ་གཏད། །དུས་བབ་ང་སྤྲུལ་དམ་པ་འབྱུང་བའི་དུས། །ཕ་ནོར་བུ་ཡི་ལག་ཏུ་གཏད་ཤེས་གཅེས། །དེ་ལྟར་སྤྱོད་པ་མཛད་ཅིང་གཏེར་ལ་སྦས། །དུས་གསུམ་དགེ་ཕྱིར་བཀྲ་ཤིས་སྨོན་ལམ་བཏབ། །༈ ཡུལ་མ་གྷ་དྷ་ཡི་བྱང་ཕྱོགས་ན། །ལྷ་ཐུགས་རྗེ་ཆེན་པོས་བཟུང་བའི་ཞིང་། །བོད་གངས་ཅན་ལྗོངས་སུ་གྲགས་པ་ཡི། །གནས་དེ་ན་སུ་བཞུགས་སུ་མ་བཞུགས། །གནས་དེ་ན་འཇམ་དཔལ་སྙིང་པོ་ཡི། །རྒྱལ་ཚབ་ཀྱི་དམ་པར་དབང་བསྐུར་ཞིང་། །ཐུབ་པའི་རིང་ལུགས་སྐྱོངས་མཛད་པའི། །རྗེ་བླ་མ་བཀའ་དྲིན་ཅན་དེ་བཞུགས། །མཚན་བརྗོད་ན་ལྷུན་གྲུབ་བརྩོན་འགྲུས་ཞུ། །མཁྱེན་རབ་ནི་ཟབ་རྒྱས་ཆོས་ལ་རོལ། །ཐུགས་བརྩེ་ནི་དམན་པའི་འགྲོ་ལ་


MLP014_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག །ཕྲིན་ལས་ཀྱིས་རྒྱལ་བསྟན་སྐྱོང་བཞིན་པར། །ཡབ་ཇོ་འབྲོམ་བརྒྱུད་པའི་ལྟ་སྤྱོད་ཀྱི། །རྣམ་ཐར་གཙང་མ་བཟུང་ནས་ཡོད། །ལུང་སྡེ་སྣོད་ཀྱི་བདུད་རྩིར་རོལ་རོལ་ནས། །ཆོས་མངོན་རྟོགས་ཀྱི་ལང་ཚོ་ཆེས་དར་བའི། །འཁོར་བུ་སློབ་ཚོགས་པའི་འདུ་བ་ནི། །པད་ཚལ་ལ་བུང་བ་འཁོར་བ་བཞིན། །ཞབས་ཤིས་པའི་རི་མོ་བཀྲ་བ་དེ། །རྟེན་འཇིགས་མེད་ཆོས་ཀྱི་ཁྲིར་བཀོད་ནས། །གསུང་ལེགས་པར་བཤད་པའི་དགའ་སྟོན་ནི། །དུས་རྒྱུན་ཆད་མེད་པར་སྩོལ་བཞིན་བཞུགས། །གསུང་བཅུད་དེ་ལན་འགར་མྱང་བས་ཀྱང་། །བློ་ཆོས་ལ་འཁུལ་ལུགས་དེ་འདྲ་བ། །ཆོས་སྡེ་སྣོད་འཛིན་པ་ཕལ་ཆེར་གྱིས། །དུས་རིང་མོར་བསྟན་ཡང་དཀའ་བར་སེམས། །མགོན་ཁྱེད་ཀྱི་མཛད་པའི་རྣམ་ཐར་དེ། །ཆོས་བྱང་ཆུབ་ལམ་གྱི་རིམ་པ་ཡི། །དོན་གསལ་བྱེད་ཀྱི་འགྲེལ་བར་འཇོག་རུང་བ། །དམན་བདག་ལྟས་བསམ་ཀྱང་ཕྱོགས་ཙམ་ངེས། །ལས་ངན་པའི་སྐྱེ་བོ་བདག་འདྲ་ཡང་། །ཚུལ་ཐབས་ལ་མཁས་པའི་མཛད་སྤྱོད་ཀྱིས། །འཁོར་མཁས་མང་འདུས་པའི་ཆོས་གྲལ་དུ། །འཁོད་རུང་བའི་སྐལ་བ་བཟང་པོར་མཛད། །ཐུགས་དམན་ལ་བརྩེ་བའི་ཤུགས་ཕྱུངས་ནས། །ཞལ་དགྱེས་པའི་མདངས་ཀྱིས་མདུན་བསུས་ཏེ། །གསུང་གདམས་པའི་བདུད་རྩིས་བསྐྱང་བསྐྱང་བའི། །བཀའ་དྲིན་དེ་བརྗེད་མེད་ཡིད་ལ་འཁོར། །སྐུ་མིག་གིས་མཐོང་བའི་སྐལ་བཟང་དང་། །གསུང་རྣ་བར་ལྷུང་བའི་དགའ་སྟོན་གཉིས། །དུས་ད་ལྟ་བདག་ལ་ཉམས་པ་དེ། །ལས་ངན་པ་ཅི་ཞིག་བྱས་པས་ཡིན། །སྟེང་ཉིི་གཞོན་སྤྲིན་གྱི་བླ་གོས་ཅན། །ཟེར་འཛུམ་པས་པདྨའི་དོན་བྱེད་བཞིན། །ལམ་མཁའ་ལས་འགྲོ་འོང་བྱེད་པ་འདི། །མཐོང་རེས་བཞིན་ཆོས་རྗེ་བླ་མ་དྲན། །བྱེའུ་འཇོལ་མོ་གཡུ་ཡི་འདབ་གཤོག་ཅན། །ངག་སྙན་མོའི་མགྲིན་གླུ་ལེན་པ་ཡིས། །སྐྱབས་བླ་མ་བྲལ་བའི་གདུང་བ་ཡིས། །ཡིད་སྐྱོ་བ་གསོ་ལ་བརྩོན་པ་བཞིན། །ཟས་མི་གཙང་ཟོས་པའི་ཁེངས་པ་ཡིས། །བྱ་ཁྭ་ཏ་ང་རོ་འབྱིན་པ་ཡིས། །ཕ་བླ་མ་བྲལ་བའི་དྭ་ཕྲུག་གི །།མཚང་རིག་ནས་ཆེད་དུ་བརྙས་པ་འདྲ། །ཤིང་ཙན་དན་གྱི་དྲི་ངད་དང་འགྲོགས་པའི། །རླུང་སེར་བུས་ལུས་ལ་ཁྱབ་པ་འདིས། །རྗེ་བྲལ་བའི་གདུང་བ་ཆེས་ལྕི་བས། །ཁམས་


MLP014_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ནན་གྱིས་གསོ་བ་བཞིན། །དགུང་ཟླ་བ་ཤར་ལ་འཇའ་ཡོད་ཀྱང་། །ནུབ་ཕྱོགས་སུ་མི་རིང་གཞོལ་བ་དེ། །བུ་ཕ་ཡི་དྲུང་དུ་སྙོགས་དགོས་པའི། །བརྡ་གསལ་བར་སྟོན་ཕྱིར་འོང་པ་སྙམ། །བདེ་སྐྱིད་ལ་སྡུག་གིས་རྟག་དེད་པས། །མིང་དོན་མཐུན་ཉག་ཞེས་གྲགས་པ་འདིར། །འབངས་གྱེན་ལོག་གི་ཚུལ་དེ་མཐོང་མཐོང་ནས། །བློ་ལྷག་མེད་བླ་མའི་ཕྱོགས་སུ་ཤོར། །གནས་གྲོགས་དུས་གང་ལ་བརྟགས་ཀྱང་རུང་། །ཕ་རྗེས་དྲན་གྱིས་གསོལ་འདེབས་ཁོ་ན་རུ། །གྱུར་ཆེས་པས་གདུང་ཡུས་སྦྲང་མའི་གླུ། །ལེན་བསམ་པ་མེད་ཀྱང་ཁ་ནས་ཤོར། །ཨ་ལ་དེ་འདི་འདྲ་ཀུ་རེ་ཡིན། །ཕ་ཇོ་བོ་ཆེན་པོའི་བཀའ་བརྒྱུད་ལས། ལམ་བློ་སྦྱོངས་ཞེས་པའི་ཉམས་ལེན་ཡོད། །རྐྱེན་ངན་པའི་ཡོ་ལང་ཅི་བདོ་ཡང་། །ཞི་བདེ་བ་ཞིག་ལས་ཡོང་དོགས་མེད། །ཚིག་སྙན་པོ་མེད་པའི་གླུ་ཆུང་འདི། །མི་འགྲོ་ས་མེད་པའི་ནགས་ཁྲོད་ནས། །སྤྲང་ཆོས་མེད་མཁྱེན་ནོར་འབོད་པ་དེས། །ལག་འདུག་ཚུགས་མེད་ནས་བྲིས་པ་ཡིན། །ཧ་ཧ་ཧ། ༈ གདམས་ཟབ་བདུད་རྩིའི་ཐིག་པ་བཞུགས། སྲིད་ལམ་དུཿཁས་དུབ་པའི་འགྲོ་ཁམས་ཀྱི་ཚོགས་རྣམས། །བརྩེ་ཆེན་བྱམས་པས་དྲང་པའི་འོད་ཞགས་དེས་བཟུང་ནས། །སྨིན་གྲོལ་གདམས་ཟབ་བདུད་རྩིའི་དགའ་སྟོན་ལ་སྦྱོར་མཛད། །མཚུངས་མེད་རྒྱལ་བའི་རྒྱལ་ཚབ་དྲིན་ཆེན་རྗེ་མཁྱེན་ནོ། །ལེགས་ལེགས་སྤྱོད་པ་བཟང་འདྲའི་རིན་ཆེན་ཀྱི་སྣོད་དེ། །མང་མང་ཉེས་སྤྱོད་དུ་མའི་མི་གཙང་གིས་གཏམས་ནས། །སྙན་སྙན་ཚིག་གིས་འདོད་པའི་བཟའ་བ་རུ་སྟོན་ཀྱང་། །མཁས་མཁས་ཤེས་ལྡན་སུས་ཀྱང་ཡིད་རྟོན་ནི་མི་རུང་། །ཀ་ཡེ་རང་ཅག་འཁོར་བའི་འབྲོག་དགོན་གྱི་གནས་འདིར། །སྔོན་ཆད་ཉེས་པའི་ཁུར་ཆེན་བླངས་བ་འདིས་ཆོག་གི །རང་བརླག་ཕུང་ཁྲོལ་བསྐྱེད་པའི་འཇིག་རྟེན་གྱི་ལས་ལ། །སླན་ཆད་བསམ་བཞིན་འཇུག་པས་དགོས་པ་ཅི་མཆིས་སམ། རྟེན་ཅན་ཀིམ་པའི་འབྲས་འདྲའི་བདེ་བ་ལ་འདུན་ནས། །དོན་མེད་ཚེ་ཡི་གཡེང་བར་རྟག་པ་རུ་སྤྱོད་བཞིན། །ཕྱི་མའི་འདུན་མ་འགོག་


MLP014_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་ཤེས་ཅན་ཁྱེད་ཅག །འཆི་ཚེ་འགྱོད་གདུང་མ་བྱེད་རང་ལས་ལ་སོམས་ཤིག །རྒ་བའི་རྒུད་པས་མ་བཅོམ་འབྱུང་ལུས་ཀྱི་མེ་ཏོག །ཕྱི་རོལ་བགོ་བའི་འདབ་ནས་ཕང་ཕུང་དུ་བརྒྱན་ནས། །ལེགས་མཛེས་འཕྱོར་ཏེ་རང་ཉིད་མགུ་བྱེད་ལ་སེམས་འདི། །ཉོན་མོངས་རྟོག་པ་འཕེལ་བའི་རྩ་བ་རང་ཡིན་འདུག །ཕྱུགས་ལྟར་རང་བཞིན་ངོ་ཚ་ཁྲེལ་ཡོད་ལས་འདས་ཤིང་། །ལེགས་པར་སྤྱོད་ལ་མི་མོས་ཀྱ་ཀྱུ་ཡི་བློ་ཅན། །མི་དགེའི་ལས་ལ་དགྱེས་པའི་ལྟར་སྣང་གི་གྲོགས་ཀྱིས། །ནམ་ཞིག་ཕན་དུ་མ་སེམས་ད་ལྟ་ནས་བྱོལ་ཅིག །ལང་ཚོའི་པདྨོ་དགོད་པའི་རྣམ་འགྱུར་དང་ལྷན་ཅིག །བརྩེ་བའི་བཞིན་བཟང་སྟོན་དང་ངག་སྙན་གྱི་སྦྱོར་བས། །དབང་མེད་གཏན་ཡིད་འཕྲོག་པའི་བུད་མེད་ཀྱི་གཡེམ་ལ། །མ་སྤྱོད་འདི་ཕྱི་ཀུན་གྱི་སྐྱོན་ཡོན་ལ་སོམས་ཤིག །མི་རྟག་སྙིང་པོས་སྟོང་པའི་འབྱུང་འདུས་ཀྱི་ཕུང་པོ། །མི་གཙང་རྫས་ཀྱིས་སྦགས་པའི་ངན་སྣོད་ཀྱི་གོང་བུར། །མི་ཤེས་གཙང་བར་འཛིན་པའི་བློ་སྣ་དེ་བོར་ལ། མི་སྡུག་ཀེང་རུས་སྒོམ་པའི་རྣལ་འབྱོར་ལ་འབུངས་ཤིག །ཆེ་བཙུན་མིང་རྟགས་ཙམ་གྱི་ཚངས་སྤྱོད་དེ་དོར་ནས། ཕྲ་ཞིབ་བསླབ་པའི་གནད་ལ་གུས་སྦྱོར་གྱི་བརྩོན་པས། །འཆི་ཚེ་འགྱོད་པ་མེད་པའི་འདུལ་སྡོམ་ཀྱི་ཁྲིམས་ལ། །སྲོག་བཞིན་མངོན་ལྐོག་སྤོང་ལ་དུས་ཀུན་དུ་གནས་མཛོད། །བཤད་སྒོམ་མེ་ཆུ་ལྟ་བུའི་སྤང་འགལ་དུ་རྟོག་ཅིང་། །འདི་སྣང་ཞེན་པས་བསླད་པའི་ཆོས་མིན་ལ་སྤྱོད་བཞིན། །བཟླས་བརྗོད་བགྲང་ཕྲེང་ཟད་ཟད་མི་ཚེའི་མཐར་གཏུགས་ནས། །འབྲས་བུ་ཆེ་རུ་རེ་བའི་ངལ་བ་དེ་སྤོངས་ཤིག །བརྒྱ་ཕྲག་གཞུང་གི་ཟབ་བཅུད་མྱོང་བ་དེ་བོར་ནས། །གདམས་གཞན་འཚོལ་དུ་རེ་བའི་དཀའ་ཚེགས་ལ་སྤྱོད་འདི། །རྒྱ་མཚོ་དྲུང་ན་མཆིས་བཞིན་སྐོམ་གདུང་གི་གནོད་པས། འཆི་བའི་ཉེན་དུ་གྱུར་བའི་གནས་སྐབས་དང་མཚུངས་སོ། །ཀྱེ་མ་སྲིད་པའི་ཆོས་ཀྱི་མཚན་ཉིད་ལ་བསམ་ཚེ། །རང་མལ་བདེ་བར་འདུག་པའི་ལོང་སྐབས་ནི་ཅི་འཚལ། །བརྣག་དཀའ་སྡུག་བསྔལ་དྲག་པོའི་སྐྱོ་སེམས་ཤིག་བསྐྱེད་ནས། །དཀོན་མཆོག་རིན་ཆེན་གསུམ་པོ་སྐྱབས་གནས་སུ་བསྟེན་མཛོད། །ཉི་ཚེའི་བསམ་པས་མ་གོས་ལྷག་བསམ་གྱི་ཟླ་བས། འགྲོ་ཀུན་དྲིན་ལྡན་ཕ་མའི་རང་བཞིན་དུ་ཤེས་


MLP014_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པས། །གཞན་དོན་སྙིང་པོར་ལེན་པའི་བླ་མེད་ཀྱི་སེམས་བསྐྱེད། །མི་གཏོང་འཇམ་མགོན་གཞོན་ནུའི་རྣམ་ཐར་ལ་སློབ་མཛོད། །ཆོས་ཀུན་སྒྱུ་མ་སྤྲུལ་པའི་རྟ་གླང་གི་འཕྲུལ་བཞིན། །སྣང་དུས་ཉིད་ནས་བདེན་མེད་རྟེན་འབྲེལ་དུ་རྟོགས་པས། །ལྷན་སྐྱེས་བདག་ལྟའི་མྱུ་གུ་རྩ་བ་ནས་ཕྱུང་སྟེ། །ཀུན་མཁྱེན་ཡོན་ཏན་རྒྱ་མཚོའི་ཕ་རོལ་ལ་སྙེགས་མཛོད། །མདོར་ན་རང་ཉིད་བག་ཡོད་སྤྱོད་པ་ལ་ཞུགས་ཏེ། །རྟག་པར་སེམས་ཀྱི་གནས་སྐབས་ཅི་བཞིན་དུ་གནས་ཞེས། །ཡང་ཡང་བརྟགས་ཤིང་མ་ནོར་འཇུག་ལྡོག་ལ་བརྩོན་ནས། །ཅི་ནུས་རང་རྒྱུད་ཆོས་དང་འདྲེས་པ་ཞིག་མཛད་འཚལ། །ཅེས་པ་འདིའང་དགེ་ཚུལ་འཇམ་དབྱངས་ནས་སྔ་ཕྱི་ཡང་ཡང་བསྐུལ་ངོ་མི་ལྡོག་ཙམ་དུ་བན་གཟུགས་རྨོངས་པ་མཁྱེན་བརྩེ་ནོར་བུས་རང་ལ་མྱོང་བ་མེད་པའི་གདམས་ངག་ཡི་གེར་ཐོན་བྱུང་དུ་བྲིས་པའོ། །སརྦ་མངྒ་ལམ། །༈ ཕན་པའི་གཏམ་ཟུག་ངུའི་མགྲིན་གླུ་ཞེས་བྱ་བ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །བདག་འདྲ་རྨོངས་པའི་མུན་དུ་ལུས་སྐྱེས་ཤིང་། །བླང་དོར་འབྱེད་པའི་ཤེས་རབ་མིག་ཟུམ་པ། །ཆོས་མིན་སྤྱོད་ཀྱི་བརྟུལ་ཞུགས་བ་ལྟ་བུས། །གདམས་པའི་བདུད་རྩི་ཁྱོད་ལ་ཇི་ལྟར་སྨྲ། །དེ་ལྟ་ནའང་རང་ལ་མོས་པའི་བུར། །གང་ཤེས་གནད་རྣམས་བསྡུས་པའི་ངག་ཅུང་ཞིག །སྡེབ་ལེགས་ཚིག་གི་སྙན་འགྱུར་ཀུན་སྤང་ནས། གོ་བདེ་ཕན་པའི་གདམས་ངག་འདི་ལྟར་སྨྲ། རང་ཅག་འཁོར་བའི་བདེ་བར་སེམས་གཡེང་ཞིང་། །འདོད་པའི་མེ་ཚོགས་སྙིང་ལ་འབར་བ་དང་། །མི་དགེ་སྤྱོད་ལ་ཞུགས་པའི་རྩ་བ་ཡང་། རང་སེམས་འདི་ཀ་ལགས་པ་ཐུབ་པས་གསུངས། དེ་ཕྱིར་རྟག་པར་དྲན་པའི་ལྕགས་ཀྱུ་འདི། རང་སེམས་གླང་བོའི་རྣ་བ་ནས་བཟུང་སྟེ། །ཉོན་མོངས་གདུག་པའི་གྲོགས་སུ་མི་གཏོང་བར། །ཡང་ཡང་བརྟགས་ཤིང་དཔྱད་པའི་བྱ་ར་མཛོད། །སྒྱུ་མ་ལྟ་བུའི་ནོར་དང་གཉེན་བཤེས་དང་། །འདུ་འཛིའི་གྲོགས་དང་འཇིག་རྟེན་ཆོས་བརྒྱད་དང་། །འདྲེས་པའི་དགེ་སྦྱོར་བཅོས་མའི་ལྟར་སྣང་ལ། །སྙིང་པོ་མེད་པའི་ཆགས་ཞེན་སྤོངས་ཤིག་བུ། །ཡར་འགྲོ་མར་འགྲོའི་ས་མཚམས་ལུས་རྟེན་


MLP014_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །ཐོབ་དུས་རང་གར་འདུག་པས་མི་ཕན་པས། །སྤྱོད་ལམ་ཀུན་ཏུ་ཕྱི་མར་ཕན་པའི་ལམ། །སྒྲུབ་པའི་དམ་བཅའ་མ་གཏོང་སྙིང་གི་བུ། །ཅིས་ཀྱང་སེམས་ལ་ཕན་གནོད་མི་འགྲོ་བའི། ཚེ་འདིའི་དོན་དང་འདྲེས་པའི་དགེ་སྦྱོར་དང་། ཕྲེང་བའི་རྩིས་བགྲང་བྱེད་པའི་དགེ་སྦྱོར་གྱིས། །རང་མགོ་རང་གིས་མ་སྐོར་སྙིང་གི་བུ། །འདི་ཕྱི་ཀུན་དུ་རང་ཉིད་སྐྱོབས་པའི་མགོན། །བླ་མ་མཆོག་དང་དཀོན་མཆོག་གསུམ་པོ་ལ། །བློ་གཏད་རེ་ལྟོས་གཅིག་ཏུ་སེམས་བྱས་ཏེ། །དད་པས་སྐྱབས་སུ་འགྲོ་ཞིང་ཕྱག་ཀྱང་འཚལ། །སྡིག་ལྟུང་དག་བྱེད་རྡོར་སེམས་སྒོམ་བཟླས་དང་། །ཚོགས་གཉིས་རྫོགས་ཕྱིར་མཎྜལ་འབུལ་བ་དང་། །བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་རྣམས། །རིམ་བཞིན་སྒོམ་པའི་བརྩོན་པ་མ་དོར་ཀྱེ། །མདོར་ན་ཁྱོད་ལ་དགེ་ཆོས་ཅུང་བསྒྲུབ་པའི། །ད་སྐབས་རང་དབང་རང་ལ་ཡོད་དུས་འདིར། །དོན་མེད་ལེ་ལོའི་དབང་གིས་མ་སྡོད་པར། །སྒྲུབ་པའི་རྒྱལ་མཚན་ཚུགས་ཤིག་སྙིང་གི་བུ། །ཞེས་པ་འདིའང་རང་གི་རྗེས་སུ་འཇུག་པའི་སྙིང་གི་བུ་འཇམ་དབྱངས་བཟོད་པ་ལ་ཤེས་མེད་སྡོམ་མེད་མཁྱེན་ནོར་པས་ཁ་ཏ་བགྱིས་པའོ། །༈ དམ་ཆོས་སྒྲུབ་པའི་ཡན་ལག་ཚོགས་དུས་འདིར། །དོན་མེད་ཚེ་འདིའི་བྱ་བས་མ་གཡེང་པར། །ཉིན་མཚན་ཀུན་ཏུ་བརྩོན་པའི་གོ་བགོས་ཏེ། །སྙིང་ནས་ལྷ་ཆོས་སྒྲུབ་པའི་དུས་ལ་བབ། །ཆོས་འདིའི་སྒྲུབ་ལུགས་ཚུལ་བཞིན་མ་ཤེས་ན། །ལྟར་སྣང་དགེ་བས་མི་ཚེ་འཕུལ་སྲིད་པས། །བཤེས་གཉེན་དམ་པ་རྒྱུན་དུ་བསྟེན་ནས་སུ། །མི་ཟད་གསུང་གི་བདུད་རྩི་མྱོང་ན་ལེགས། །རང་གི་དོན་ཆེན་རང་གིས་མ་སྒྲུབ་ཀྱང་། །ཁྱོད་ནི་བདེ་བའི་གནས་སུ་འཁྲིད་བྱེད་པའི། སྐྱབས་དེ་སྲིད་པ་མེད་པའི་ཚུལ་བསམ་ལ། །བློ་སྣ་ཆོས་འབའ་ཞིག་ལ་དྲིལ་ན་ལེགས། །གཙང་མའི་རྟེན་བཟང་འདི་འདྲ་ཐོབ་དུས་སུ། །བློ་ཆེན་མི་ཡི་གོ་ས་མི་འཛིན་པར། །བླུན་པོ་ཕྱུགས་ཀྱི་གྲལ་ན་རྒྱུ་བ་དེ། །རང་གི་རང་ཉིད་ཕུང་བའི་སྔ་ལྟས་ལགས། །དུས་ངན་འདི་ལྟར་སྐྱེས་པའི་མི་རྣམས་ཀྱིས། །མི་ཚེ་འདི་ནི་རྩ་མགོའི་ཟིལ་པ་བཞིན། །མྱུར་བར་ནུབ་


MLP014_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བའི་ཚུལ་རིག་ནས། །ཆོས་ལ་སྙིང་རུས་སྐྱེད་པའི་དུས་སྐབས་ལགས། །སྙིང་ནས་བདེ་བ་གཅིག་པུ་བསྒྲུབ་འདོད་ན། །ལྷ་ཆོས་དམ་པ་ཞིག་ནི་སྒྲུབ་པར་འོས། །སྡུག་བསྔལ་བཟོད་པའི་སྙིང་སྟོབས་འདུག་གྱུར་ན། །ཁྱེད་ཅག་ཡིད་བདེ་ཁོ་ནར་བརྟེན་པར་མཛོད། །ཅེས་པ་འདི་འང་བཙུན་མ་ཞིག་གི་ངོར་མཁྱེན་བརྩེའི་ནོར་བུས་བྲིས། །༈ བཤད་སྒྲུབ་ཉི་མ་ལ་གདམས་པ་བཞུགས། བུ་དལ་གཅིག་མ་ཡེངས་བདག་ལ་གསོན། །ཆོས་རྣམ་དག་ཞིག་ཚེ་འདིར་སྒྲུབ་དགོངས་ན། །འཇིག་རྟེན་གྱི་མི་ལུགས་རྒྱབ་དུ་བོར། །དམ་པའི་རྣམ་ཐར་གྱི་རྗེས་སུ་སློབས། །བློ་སྣ་དེ་བླ་མའི་ལག་ཏུ་གཏོད། །གདམས་ངག་གི་སྙིང་པོ་སེམས་ལ་ཞོག །སྐྱིད་སྡུག་ཀུན་རྨི་ལམ་ལྟ་བུར་ལྟོས། །རང་སེམས་ལ་བརྟག་དཔྱད་ཡང་ཡང་མཛོད། །ལར་ད་ལྟའི་མི་ལ་ཡིད་རྟོན་མེད། །འདྲིས་ཆེ་ན་མཐའ་མ་ཀུན་དང་འགྲས། །མ་བསྟུན་རང་ཚུགས་བཟུང་ཙ་ན། །ཀུན་གྱིས་ཁ་ཟེར་རྒྱུན་ཆད་མེད། །སྒྲུབ་ན་རང་ཚུགས་ཤོར་དུ་ཟེར། །བཤད་ན་མདོ་ཤོར་ཁ་མཁས་ཟེར། །ཐབས་ཇི་ལྟར་བྱས་ཀྱང་བསྟེན་དཀའ་བས། །ས་ཐག་རིང་སར་བཞག་ན་དགའ། །འདུག་ན་དབེན་པའི་རི་ལ་སྡོད། །བསམ་ན་བླ་མའི་དྲིན་ལ་སོམས། །སྒྲུབ་ན་ཆོས་ཀྱི་སྙིང་པོ་ལོངས། །ཚུལ་དེ་ལྟར་མཛད་ན་སྐྱིད་པ་ལགས། །འཆི་བ་ནམ་འོང་ཆ་མེད་པས། །མི་ཚེ་རིང་པོའི་འདུག་གྲབ་དང་། །དོན་མེད་གཏམ་གྱི་བཤད་བཤད་ཀྱིས། རང་མགོ་མ་སྐོར་སྐུ་ཚེ་རིང་། །སྙིང་པོ་མེད་པའི་ནོར་རྫས་ལ། །ཆགས་པས་བསགས་བསྲུང་མི་རིགས་ཀྱང་། །སྟོན་པས་གནང་བའི་ལོངས་སྤྱོད་རྣམས། །རན་པར་སྤྱོད་ཅིག་བྱ་བྲལ་ལགས། །རང་སྐྱོན་རང་གིས་མི་མཐོང་ན། །གཞན་སྐྱོན་རང་གིས་ཅི་ལ་རིག །དེས་ན་ཕྱོགས་རིས་མེད་པ་ཡི། །དག་སྣང་འབའ་ཞིག་ཉམས་ལེན་མཛོད། །དེང་སང་སྙིགས་མའི་དུས་འདི་ལྟར། །རང་རེས་མི་གྲལ་སྙེགས་དཀའ་ཡང་། །དམ་པ་ལྷ་གྲལ་འཛིན་ནུས་པས། །སྐྱོ་བ་མི་དགོས་བློ་བདེ་མཛོད། །ཕ་རྒན་འགྲོ་ཁའི་ཁ་ཆེམས་རྣམས། །ལྷག་ལུས་མེད་པར་བུ་ལ་གདམས། །ཟ་རྒྱུ་མེད་ཀྱང་མྱོང་རྒྱུ་ཡོད། །མ་


MLP014_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་སེམས་ལ་ཡང་ཡང་ཞོག །བྱེས་པ་ལམ་ཡག་བཀྲ་ཤིས་ཤོག །གཞི་མ་བདེ་བའི་བཀྲ་ཤིས་ཤོག །བླ་སློབ་འཛོམ་པའི་བཀྲ་ཤིས་ཤོག །ཆོས་ལ་སྤྱོད་པའི་བཀྲ་ཤིས་ཤོག །མཁྱེན་ནོར་བའི་སྨྱོ་གཏམ་མོ། །༈ ཟིན་མེད་འཁོར་བའི་ལས་ལ་ཚར་དུས་ནི་མི་འདུག །འདོད་མང་བློ་ཁ་འདི་ལ་རྫོགས་དུས་ནི་མི་འདུག །སྡིག་གྲོགས་བྱིས་པའི་སེམས་ལ་མགུ་དུས་ནི་མེད་པས། །ད་ནི་དབེན་པའི་རི་ལ་བྲོས་པ་རང་ལེགས་སྙམ། །ཐོག་མེད་དུས་ནས་ཡ་ངའི་འཁོར་བ་འདིར་གནས་ཀྱང་། །སྐྱོ་སུན་ཡིད་ལ་མེད་པའི་མདོ་མེད་ཀྱི་སྡུག་རྒན། །བློ་བསམ་ནང་དུ་བསྐོར་ནས་རང་ལས་ལ་སོམས་དང་། །ད་ནི་འདི་ཕྱིའི་དོན་རྣམས་པང་བ་ནས་ཤོར་འདུག །ཀྱེ་མ་མི་ཚེའི་ཟླ་བ་ནུབ་པ་དང་ཉེ་ཞིང་། །འཇིགས་རུང་ངན་འགྲོའི་མུན་ནག་འཇུག་པ་ལ་བབས་ཀྱང་། །རང་སྙིང་རང་ལ་རྗེ་བའི་སེམས་ཙམ་ཡང་མེད་པར། །ད་དུང་ལྷོད་པོར་ཉལ་བའི་དྲེགས་མཁན་ལ་ལྟོས་དང་། །ཕ་གཅིག་བླ་མ་མཆོག་གི་གདམས་ངག་དེ་ཁྱེར་ནས། །མི་མེད་ལུང་སྟོང་རྣམས་སུ་སྡུག་རྒུར་རང་བྱེད་བཞིན། །ཆོས་བརྒྱད་ཆུ་ལ་བསྐུར་བའི་སྙིང་ཁམས་དང་བཅས་ཏེ། །འཆི་བ་སྒུག་རྒྱུ་བྱུང་ན་དགའ་བ་ཞིག་གདའ་ལགས། །ཞེས་པའི་སྐྱོ་གླུ་འདིི་ཡང་མཁྱེན་ནོར་པས་བྱང་ཕྱོགས་ཧོར་ཡུལ་དུ་བསྐྱོད་པའི་ལམ་ཁར་བརྗོད་པའོ། །༈ བྱས་བྱས་མང་པོའི་དཔལ་ཁ་ཐོབ་འདོད་ནི་མེད་ཀྱང་། །བསྟན་པའི་ཁུར་ཆེན་འདི་ཡང་ཐེག་ཚད་ཅིག་ཁྱེར་ཡོད། །འདོད་ཆེན་ཁ་མཁས་ཐུ་བའི་ལག་རྗེས་ནི་མེད་ཀྱང་། དྲང་སྲོང་བླ་མའི་ཐུགས་ལ་ཁྲེལ་བ་ནི་མེད་སྙམ། །ཧ་ཧ། བགྲང་བྱའི་ཁུར་ཀྱིས་དུབ་པའི་དྲིན་ཆེན་གྱི་མ་རྒན། །འཁྱར་འཁྱོར་ལུས་ཀྱི་འཁྲི་ཤིང་འཁར་བ་ལ་བརྟེན་བཞིན། །འབྲལ་གདུང་ངག་ནས་འཐོན་པའི་སྡུག་ཟད་ཀྱི་གླུ་ཡིས། །ཨོ་ལོའི་སྙིང་གི་ཆ་ཤས་ཕྱེ་མ་རུ་གཏོར་སོང་། །སྐྱབས་གཅིག་བླ་མའི་ཞབས་པད་དགའ་ལྡན་གྱི་གསེར་ཁྲིར། །འཁོད་ནས་མི་འཇིགས་ཆོས་རྔ་


MLP014_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས་པ་དང་བཅས་ཏེ། །བསྐལ་བརྒྱར་རྡོ་རྗེའི་ཆོས་ལྟར་གཡོ་མེད་དུ་བཞུགས་པའི། སྐལ་བཟང་དེ་ཡང་གེགས་མེད་འགྲུབ་པ་རང་ཤོག་ཅིག །ལྟོ་གོས་བཟང་མང་རྙེད་ཀྱང་སྡུག་བསྔལ་གྱི་སྣོན་པ། །ཕུ་ནུ་མཛའ་བཤེས་མང་ཡང་ཞེ་གཅོད་ཀྱི་རྩ་བ། །ཆོས་མེད་བན་གཟུགས་འདི་ཡང་སྙིང་རྗེ་ཡི་རང་བཞིན། །དགོས་མེད་བློ་སེམས་མང་ཡང་འགྲུབ་དུས་ནི་ཅི་ཡོད། །འཆི་བདག་རང་སར་འབྱོར་བའི་ཕོ་ཉ་ཞིག་འབྱོར་ཡང་། །ཤི་གསོན་མགོ་བོ་སྐོར་བའི་བྱ་བ་ལ་གཡེང་ནས། །དལ་རྟེན་རྦབ་ལ་གཏོང་བའི་མདོ་མེད་ཀྱི་བཙུན་གཟུགས། །སྙིང་མེད་བདག་གི་སྤྱོད་ཚུལ་འདི་འདྲ་ལ་ལྟོས་དང་། །ཀྱེ་མ། གང་དྲན་ལག་ཏུ་ལེན་མིན་རང་སེམས་ལ་དབང་བས། །ཨ་རོག་གྲོགས་ཀྱི་རྣ་བར་འབབས་པ་རང་མེད་ན། །རང་མཚང་མི་ལ་སྟོན་པའི་དགོས་མེད་ཀྱི་ཅུས་ལབ། །མགྲིན་པའི་ཕུགས་སུ་སྦས་ན་ལེགས་པ་ཅིག་གོ་བྱུང་། །དཀོར་ནག་དུག་གི་འབྲས་བུའི་འཚོ་བ་རང་བསྟེན་བཞིན། །གཏན་གྱི་དོན་ཆེན་ཕུང་བའི་བྱ་བ་ལ་གཡེང་ནས། །མི་ཚེའི་ཉི་མ་འཕུལ་པ་སྙིགས་དུས་ཀྱི་གྲྭ་གཟུགས། །བདག་དང་བདག་འདྲའི་སྣང་ཚུལ་འདི་འདྲ་ལས་སྐྱོ་བ། །༈ ཆོས་མིན་མ་ཡིན་ཆོས་བཞིན་སྤྱོད་པའང་མིན། །དཔོན་ཆེན་མ་ཡིན་ཕྱི་མའི་བླ་མའང་མིན། །མི་དོན་མ་ཡིན་ཕུགས་ཀྱི་དོན་མིན་པས། །མི་ཚེ་འདའ་དགོས་འདིས་ཀྱང་སྣང་བ་སྐྱོ། །ཞིམ་པའི་ཟས་ཀྱིས་ལྟོ་བ་འགེངས་པ་དང་། ལྷན་གཅིག་མུ་ཅོར་སྨྲ་བ་འཕེལ་བ་འདི། དབྱར་སྐྱེས་སྤྲིན་གྱི་བླ་བྲེ་ལྡིང་བ་དང་། །རྨ་བྱ་དགའ་བའི་མགྲིན་གླུ་ལེན་པ་བཞིན། །༈ ཉེས་མང་འདུ་བའི་ལུས་རྒོག་ཆུ་ཤིང་དང་འདྲ་འདི། །དགྲ་གཉེན་བསམ་པ་རྫོགས་ཕྱིར་རང་མལ་དུ་བཞག་ནས། །ཡིད་ཀྱི་ཁྱེའུ་ཆུང་ལྷོ་ནུབ་ནམ་མཁའ་ཡི་ལམ་ནས། །ཕ་གཅིག་པདྨའི་དྲུང་དུ་འགྲོ་བ་ལ་ཉེ་བྱུང་།


MLP014_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྐུ་ཆས་ན་བཟའ་མཛེས་པའི་བླ་མ་དང་གཅིག །ཁྱིམ་གྱི་ལ་རྒྱ་འཛིན་པའི་གཙོ་བོ་དང་གཉིས། །དགོན་རྒོག་ཁ་འཛིན་དགོས་པའི་དཔོན་པོ་དང་གསུམ། །མདོ་མེད་ཁོ་བོའི་སྙིང་ལ་འདོད་པ་ཞིག་མི་སྣང་། །རང་མཚངས་མི་ལ་སྟོན་པའི་ཁ་དད་དང་ག །ཅིག །ཚུལ་བཞིན་ཉན་མཁན་མེད་པའི་ཆོས་བཤད་དངགཉིས། །དཀྱིལ་འཁོར་བཅའ་བཤམ་མཛེས་པའི་དབང་བསྐུར་དང་གསུམ། །མདོ་མེད༴སྒར་ཆས་མ་ཚང་མེད་པའི་བླ་ཆེན་དང་གཅིག །གདངས་རོལ་ཁྲོལ་པའི་གྲོང་ཆོག་སྙིང་པོ་དང་གཉིས། དཀོར་ནག་མང་པོར་སྤྱོད་པའི་གཞན་དོན་དང་གསུམ། །མདོ་མེད༴དྲན་ཚད་ངག་དུ་འདོན་པའི་བཤད་ཡམ་དང་གཅིག །རྨོངས་ཞེན་ཁོ་ནས་གྲུབ་མཐའ་འཛིན་ལུགས་དང་གཉིས། །ཡོན་ཏན་ཁོང་ན་མེད་པའི་ཆེ་འགྱིངས་དང་གསུམ། །མདོ་མེད༴ཆོས་ཟད་ཁོ་ནར་ཞེན་པའི་ཁ་ལྟ་དང་གཅིག །གླེན་པ་བཟང་ངན་མེད་པའི་འཁྲུལ་ཞིག་དང་གཉིས། །བཟླས་བརྗོད་གྲངས་ལ་དངོས་གྲུབ་རེ་བ་དང་གསུམ། །མདོ་མེད༴རྒྱུ་འབྲས་ཁྱད་དུ་གསོད་པའི་སྨྱོ་སྤྱོད་དང་གཅིག །བདག་ལྟའི་རང་ངོ་སྐྱོང་བའི་བསྒོམ་པ་དང་གཉིས། ལམ་གཞན་མེད་པར་ལྟ་བའི་ལོག་ལྟ་དང་གསུམ། མདོ་མེད༴ཕན་གནོད་ངོ་མི་ཤེས་པའི་མཁས་པ་དང་གཅིག །གྲོགས་ལ་འགྲན་སེམས་འཚོལ་བའི་མཆེད་གྲོགས་དང་གཉིས། །ཕན་ལན་ལོག་པར་འཇལ་བའི་མཛའ་བོ་དང་གསུམ། །ད་ནི་རིང་བ་ཞིག་དུ་འཇོག་སྙིང་རང་འདོད་བྱུང་། །༈ སྐུ་གསུམ་གཤིས་ལ་བཞུགས་པའི་རིག་སྟོང་གི་རང་ཞལ། །རང་སེམས་རང་སོར་བཞག་པའི་གུ་ཡངས་ཀྱི་ཀློང་ནས། །མ་མཐོང་མཐོང་བ་ཆེན་པོ་ཡང་ཡང་དུ་མཇལ་ན། །བར་མེད་བདེ་བའི་འོད་གསལ་རྗེན་པ་ཞིག་འཆར་སྐད། །འདི་བྱ་འདི་བསྒོམ་སྙམས་པའི་དམིག་གཏད་ཞིག་འདུག་ན། །རྣལ་འབྱོར་བློ་ཡི་སྤྲོས་པ་རང་མལ་ན་ཡོད་པས། །ཤེས་རློམས་རང་སེམས་སྐྱིད་པོའི་སྣང་བ་དེ་བཏང་ནས། །ཡེངས་མེད་དྲན་པའི་ངང་ནས་བར་མེད་དུ་སྒོམས་མཛོད། །སྣང་རིག་སྟོང་གསུམ་རོ་མཉམ་ཁྱབ་བརྡལ་གྱི་ཀློང་ནས། གང་ཤར་རང་སར་གྲོལ་བའི་


MLP014_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་ཆེན་དེ་བརྙེས་ནས། །རྣལ་འབྱོར་རིག་འཛིན་ཞིག་པོའི་མཚན་སྙན་གྱི་ཅོད་པཎ། །བཟུང་བར་གྱིས་ཤིག་ཕ་རྒོད་བླ་མ་ཡི་བུ་དག །ལས་ངན་བཟོད་པར་ནུས་པའི་སྙིང་སྟོབས་ཅན་བདག་ནི། །ཆོས་འདི་ཐོས་པས་ཆོག་པའི་བློ་ངན་ཞིག་སྐྱེ་ན། །རྟོགས་པའི་ནོར་གྱིས་སྟོང་བའི་ལུས་རྒོག་འདི་འཁྱེར་བཞིན། །ཐག་རིང་གྲོང་མཐའ་བསྐོར་བའི་ལྟད་མོ་ལ་ཆས་འགྲོ། །ཞེས་པ་འདིའང་རྡོ་རྗེའི་མཆེད་པོ་བཤད་སྒྲུབ་ཉི་མ་དང་དགེ་འདུན་ཟུང་གིས་བསྐུལ་ངོར་མཁྱེན་ནོར་པས་བྲིས་པ་དགེ །༈ མགོན་དམ་པའི་རྗེས་ཀྱང་མ་ཟིན་ཞིང་། །བློ་ཤེས་པའི་ནུས་པ་སྟོབས་ཆུང་བས། །ཡིད་ཐེ་ཚོམ་ལམ་དུ་བྱིང་བ་ཡི། །དམན་བདག་འདྲའི་ཉམ་ཐག་འདི་ལ་གཟིགས། །སྔོན་བསོད་ནམས་ཟོང་གིས་བསྒྲུབས་པའི་ལུས། དུས་འདི་འདྲ་ལན་གཅིག་ཐོབ་མོད་ཀྱང་། །ནོར་རིགས་པའི་སྙིང་པོ་མ་ལོན་བར། །ལོ་ན་ཚོད་རྒས་དུས་ཡིད་རེ་ཕམ། །ཕ་དེད་དཔོན་འདྲ་བ་བསྟེན་པའི་མཐར། །གཞུང་བཟང་པོ་རྒྱ་མཚོ་ལྟ་བུ་ལས། །དོན་རིགས་པའི་ནོར་མ་རྙེད་པ་འགའ། །མཐོང་མཐོང་བ་འདིས་བྱས་ཡིད་རེ་ཕམ། །རྗེ་མཁས་པའི་ལེགས་བཤད་མཐོང་བའི་ཚེ། །ཡིད་དཔྱོད་པའི་གནད་གསང་མཐོང་དཀའ་ཞིང་། །ཚིག་སྤྱི་ཙམ་རག་རིམ་ཤར་བ་དང་། སླར་བརྗེད་ངས་འཕྲོག་འདིས་ཡིད་རེ་ཕམ། །ཚིག་བཤད་པའི་རི་མོར་གསལ་བ་བཞིན། །དོན་ཚོན་གྱིས་རང་སེམས་མ་བསྒྱུར་བར། །དཔེ་དཔེ་ཅན་ལྡོག་ཏེ་སྦྱོར་བ་ལ། །བློ་གོམས་པ་འདིས་ཀྱང་ཡིད་རེ་ཕམ། །གཞུང་ཟབ་མོར་ཞིབ་ཏུ་མ་སྦྱངས་ཤིང་། །སེམས་རྣམ་གཡེང་ཁོ་ནར་འཁྱམས་པ་བདག །ནོར་རིགས་པ་བྲལ་བའི་གདུང་བ་དེ། །དུས་ཀུན་ཏུ་སེལ་ཐབས་མི་འདུག་ན། །ཕ་དྲིན་ཆེན་བླ་མ་ཆོས་ཀྱི་རྗེ། །དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཅན། །བུ་འདུལ་བའི་བརྩོན་འགྲུས་ཤུགས་བསྐྱེད་ལ། །ཡིད་གདུང་བ་འདི་ལས་དབྱུང་དུ་གསོལ། །ཅེས་པ་འདིའང་གཞུང་ཆེན་འགའ་ཞིག་གི་འགྲེལ་པ་མཇལ་དུས་བརྡ་དོན་ཚུལ་བཞིན་མ་མཇལ་བའི་རྐྱེན་ལས་གློ་བུར་དུ་བླ་མ་དྲན་བཞིན་ཡོད་པའི་སྐབས། རང་ལ་མོས་པའི་བུ་བཤད་སྒྲུབ་ཉི་མས་རྩོམ་པ་ཞིག་དགོས་ཟེར་བ་གཉིས་དུས་མཚུངས་པ་ལྟར་འཕྲལ་དུ་རྨོངས་ལས་ཆེས་རྨོངས་མཁྱེན་ནོར་པས་ཡིག་ལམ་དུ་སྤེལ་བ་དགེ །


MLP014_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༈ བདག་འདྲའི་གདུལ་དཀའི་སྙིགས་མའི་སེམས་ཅན་རྣམས། །གང་གི་ཐབས་མཁས་ཐུགས་རྗེའི་ཕྲིན་ལས་ཀྱིས། །སྐད་ཅིག་ཉིད་ལ་ལེགས་པར་གདུལ་མཛད་པའི། །དྲིན་ཆེན་བླ་མའི་ཞབས་ལ་གུས་བཏུད་ནས། །སྣ་ཚོགས་འཇིགས་པའི་འབྱུང་གནས་འཁོར་བ་ཡི། །རང་བཞིན་མཐོང་ནས་སྐྱོ་བས་བསྐུལ་བའི་གཏམ། སྡེབ་ལེགས་ངག་གི་རྒྱན་འདི་མཐོང་བའི་མོད། སླར་ཡང་དྲང་པོའི་ཚིག་གིས་ལན་འདི་ཞུ། །སྤྱིར་ན་སྔོན་གྱི་བཟང་པོའི་ལས་དབང་དང་། །བླ་མའི་གསུང་དང་ལེགས་བཤད་དམ་པའི་ཆོས། །ཐོས་དང་མཐོང་བའི་རྐྱེན་ལས་གློ་བུར་དུ། །དགོས་མེད་ཐུང་ངུའི་བློ་འདི་སྐྱེ་བ་སྲིད། །བློ་འདི་ཆོས་ལ་འཇུག་པའི་གཞི་ལགས་ཀྱང་། །ཡུལ་དང་གྲོགས་ཀྱིས་བསྒྱུར་ཉེན་ཆེས་ཆེ་བས། །སྐྱེས་མ་ཐག་ནས་ཕྱི་ལ་མི་འདོན་པར། །ནང་གི་སེམས་ལ་ཡུན་དུ་འདྲིས་ན་ལེགས། །དེ་ལྟར་གོས་པས་ནམ་ཞིག་ཡུལ་རྐྱེན་རྣམས། །ངེས་འབྱུང་འཕེལ་བའི་གྲོགས་སུ་གྱུར་པའི་ཚེ། །ཕ་ཡུལ་སྤངས་ནས་མི་མེད་རི་སུལ་དུ། །གྲོགས་མེད་གཅིག་པུར་གཤེགས་པའི་དུས་ལ་བབས། །དེ་ཚེ་རྣམ་དག་རྒྱལ་བ་དགྱེས་པའི་ལམ། །སྐལ་ལྡན་སྐྱེས་བུ་དམ་པ་འཇུག་པའི་སྒོ། །དྲི་མེད་བརྒྱུད་པའི་གདམས་ངག་རིན་པོ་ཆེ། །ཚུལ་བཞིན་ཉམས་སུ་ལེན་པའི་གནས་སྐབས་ལགས། །དེས་ན་བློ་འདིར་མྱོང་བ་མ་ཐོན་པར། །མ་གྱུར་ཆོས་པའི་ལས་ལ་འཇུག་མྱུར་ན། །ལྟར་སྣང་ཆོས་དེས་རང་ཚུགས་མི་ཟིན་པར། །ནམ་ཞིག་གྲོང་དང་ལྷག་པར་ཆེ་བ་འབྱུང་། །མ་ཕྱི་མ་ཕྱི་ངེས་འབྱུང་བློ་འདི་སྦྱོངས། །མ་སྔ་མ་སྔ་བྱ་བཏང་མཛད་མ་སྔ། །ཤེས་མེད་སྡུག་རྒན་ཁོ་བོའི་ངག་འདི་ལ། །ཡིད་རྟེན་འདུག་གམ་ཆོས་པ་རྣམ་ལ་དྲིས། །ཁོ་བོ་ཚེ་འདིའི་ལས་ལ་ཆེར་གཡེང་པས། །འཚེར་མེད་མི་ཚེ་འདི་ཡང་ཟད་ནས་ཐལ། །ད་ནི་དགོས་པའི་ཆོས་ཀྱིས་ཕོངས་བཞིན་དུ། །འོག་ནས་འོག་ཏུ་བལྟ་བར་འགྲོ་ལ་ཉེ། །བདག་ལ་ཕན་པ་འདོད་པའི་ཤེས་ལྡན་ཁྱོད། །ཡིད་བཞིན་ནོར་ལས་ལྷག་པའི་རྟེན་འདི་ལ། །བསླུ་མེད་དམ་པའི་ཆོས་ཀྱི་ཟོང་སྒྲུབ་ཏེ། །སླད་མའི་གནས་སུ་སྤྲོ་བཞིན་འདོང་བར་མཛོད། །སྙིགས་མའི་སྐྱེ་བོ་ཆོས་ལ་སྡང་བ་རྣམས། ཆོས་བཞིན་སྤྱོད་ལ་ཁྲོ་ཞིང་འཚེ་མོད་ཀྱང་། ཡེ་ཤེས་སྤྱན་ལྡན་དྲང་སྲོང་


MLP014_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་རྣམས་ཀྱིས། །སྲས་བཞིན་དགོངས་པས་སེམས་ལས་ཆུང་བར་མཛོད། །དྲིན་ཆེན་བླ་མས་དྲིན་གྱིས་བསྐྱང་ན་ཡང་། །ཉམས་ལེན་དཔེ་ལ་ལུས་པའི་སྐལ་ངན་བདག །འཆི་བའི་གནས་སུ་བགྲོད་ལ་ཉེ་བའི་ཚེ། །ཆོས་འདི་འགྱོད་པ་འཕེལ་བའི་སྣོན་མ་ལགས། །ཉམས་ལེན་མ་ཚང་མེད་པ་བླ་མའི་གསུང་། །མ་ཚང་མེད་པར་དོན་གཅིག་ལ་དྲིལ་ཏེ། །རྣམ་གཡེང་མེད་པར་ཉམས་སུ་ལོངས་ཤིག་དང་། །བསླུ་མེད་འབྲས་བུ་ཚེ་འདིར་འབྱུང་བར་ངེས། །དེ་སྐད་ཤིན་ཏུ་བརྩེ་བའི་ངག་འདི་ནི། །ཤིན་ཏུ་རྨོངས་པ་མཁྱེན་བརྩེའི་ནོར་བུའི་སྡེས། ཁྲིམས་ཀྱི་ནོར་ལྡན་བཤད་སྒྲུབ་ཉི་མ་ལ། ལྷག་པའི་བསམ་པ་བཟང་པོས་གདམས་པའོ། །བཀྲ་ཤིས། ༈ བྱ་རྒྱུ་གང་ཡང་མེད་པའི་ཅོག་བཅག་གི་ཀློང་ནས། །མཐོང་རྒྱུ་ཅི་ཡང་མེད་པའི་རང་ངོ་ལ་བལྟས་ཚེ། །རྗེན་སངས་བརྗེད་དུ་མེད་པའི་ལྟ་སྒོམ་གྱི་རོ་བཅུད། །ཆེད་དུ་ལེན་པ་མེད་ཀྱང་མྱོང་རྒྱུ་ཞིག་ཡོད་སྐད། །དམིགས་གཏད་བཅོས་མའི་སེམས་འཛིན་རང་དེང་ལ་སོང་ཚེ། །གང་ཤར་ཆོས་དབྱིངས་བདེ་བའི་ཡོ་ལང་དུ་གྱུར་ནས། །མི་བདེ་མི་མགུ་མེད་པའི་གུ་ཡངས་ཀྱི་སྐྱེས་བུ། །མཁའ་ལ་ཁྱུང་ཆེན་ལྡིང་ལྟར་ཐེག་རྩེ་ལ་ཆས་འགྲོ། །རྟོག་མེད་ཀུན་གཞིའི་ཤུན་པ་རྗེས་མེད་དུ་ཡལ་དུས། །ལྷ་དང་བླ་མའི་འཛུམ་ཞལ་རྗེན་པ་རུ་མཐོང་ནས། །ཡ་མཚན་སྒྲུབ་པའི་འབྲས་བུ་རང་མལ་ནས་བརྟོལ་ཚད། །ཀུན་བཟང་དགོངས་པའི་རྒྱལ་སྲིད་ཟིན་པ་རང་ལགས་སོ། །༈ སྐྱབས་དྲིན་ཆེན་བླ་མའི་བཀའ་དྲིན་ལས། །ཆོས་ཟབ་མོ་ཐོས་པའི་ལས་ཅན་བདག །ན་ཚོད་ཀྱི་འབྲས་བུ་སྨིན་ལགས་ཀྱང་། །དོན་བསྒོམ་པའི་ཉམས་མྱོང་བྲལ་ཏེ་མཆིས། །བཤད་བཤད་ཀྱིས་མི་ཚེ་འཕུལ་ལགས་ཀྱང་། །གཞན་རྒྱུད་ལ་ཡོན་ཏན་སྐྱེ་བ་མེད། །ལྟར་སྣང་གི་དམ་ཆོས་སྒྲུབ་སྒྲུབ་པོ། །འདི་སྣང་གི་དོན་ལས་འདའ་བ་མེད། །མི་ཚེ་འདིའི་ཆ་གཉིས་ཟད་ནས་ཐལ། །ཆ་གཅིག་ད་དུང་ལུས་ནས་ཡོད། །སྔོན་བྱས་ཀྱི་ལས་ཀུན་དོན་རེ་ཆུང་། །


MLP014_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ད་མི་ཤེས་མུན་པ་སེམས་ལ་འཁྲིགས། །ལུས་ལང་ཚོ་རྒུད་པས་ནད་ཟུང་ལྡང་། །གྲྭ་སློབ་ཀྱི་ངོ་བསྲུང་བྱེད་རྒྱུས་དཀའ། །དཀོར་མང་པོ་བསྡུ་བསོག་དགོས་པས་ངལ། །མི་སྙན་པའི་གཏམ་གྱིས་རྣ་བ་གཙེས། །མ་བྱས་ལྐོག་བཤད་ཀྱི་མི་ཁ་ཟུག །ཕྱི་དགྲ་མགོ་ནང་ལ་འཛིན་དུས་འདིར། །ལས་ཇི་ལྟར་བྱས་ཀྱང་ཞེ་རེ་སྐྱོ། །མར་འཁོར་བའི་ལས་ལ་མཐའ་མེད་པས། །ཞེ་སྐྱོ་བས་ཕན་པ་ཅི་ལ་ཡོད། །སླད་མི་ཆོས་ཀྱི་ལུགས་དང་མ་མཐུན་ཡང་། །ལྷ་ཆོས་དང་རང་སེམས་མཐུན་ན་སྙམས། །བགྲང་ཕྲེང་གིས་བཟླས་བརྗོད་མ་ནུས་ཀྱང་། །རླུང་གནད་ལ་རང་དབང་ཐོབ་ན་སྙམས། །གླེགས་བམ་གྱི་བཞུགས་བགྲང་མ་ཤེས་ཀྱང་། །ཉམས་ལེན་གྱི་གནད་གསང་ཟིན་ན་སྙམ། །འཁྲུལ་སྣང་གི་མཐོང་རྒྱ་མི་ཆེ་ཡང་། །རང་སེམས་ཀྱི་སངས་རྒྱས་མཇལ་ན་སྙམ། །བསྲུང་མཚམས་ཀྱི་སྤྲོས་པ་མ་ཤེས་ཀྱང་། །གཞན་ཕན་གྱི་བློ་འདི་སྐྱེ་ན་སྙམས། །ཁ་དྲག་གི་དབང་ཆེན་མ་གྱུར་ཀྱང་། །ཉེས་ལྟུང་གི་རང་མགོ་ནོན་ན་སྙམ། །ཆགས་སྡང་གི་གནས་འདིར་སྡོད་པ་ལས། །ཆོས་མཐུན་གྱི་ཡུལ་དུ་འགྲོ་ན་སྙམ། སྒྲིག་ལམ་ལ་ཞུ་དག་བྱེད་རྒྱུ་ལས། །རང་སེམས་ལ་བརྟགས་དཔྱད་བཏང་ན་སྙམ། །མི་ཁོ་བོའི་བསམ་པ་དེ་ག་ཡིན། །འགྲུབ་མི་འགྲུབ་རང་གི་ལག་ན་ཡོད། །ཕ་དྲིན་ལྡན་བླ་མའི་བཀའ་དྲིན་ལས། །ཉམས་ལེན་གྱི་ཆོས་ལ་འཕོངས་པ་མེད། །སྒྲུབ་མི་སྒྲུབ་མཁྱེན་བརྩེའི་ནོར་བུས་ཤེས། །བསྒྲུབ་ཀྱང་རང་གི་དོན་ཡིན་པས། །བྱས་ཡུས་ནི་བཤད་པ་སུ་ལ་ཡོད། །ཚིག་དེ་སྐད་བརྗོད་པར་མ་བསམ་ཡང་། །འགའ་ཞིག་ནས་ཅི་མཛད་དྲིས་ལན་དང་། །སྐྱོ་སེམས་ཀྱིས་ཡང་ཡང་བསྐུལ་བ་ལས། །དབང་མེད་ཡིག་ལམ་དུ་མྱུར་བར་བྲིས། །མངྒ་ལཾ། །༈ ཁམས་གསུམ་འཁོར་བའི་འགྲོ་རྣམས་སྐྱོབས་པའི་མགོན། །ཁ་བ་ཅན་གྱི་འདྲེན་པ་ཐུགས་རྗེ་ཅན། །དུས་ངན་འགྲོ་བའི་བླ་མ་གཅིག་གྱུར་པ། །གུ་རུ་པདྨའི་ཞབས་ལ་གསོལ་བ་འདེབས། །ལས་ངན་སྙིགས་དུས་སྐྱེས་པའི་འགྲོ་ཚོགས་ལ། །བརྩེ་ཆེན་ཡེ་ཤེས་གཟིགས་པ་ཆེར་བསྐྱེད་དེ། །གང་གི་རྣམ་པར་དཀར་བའི་ཕྲིན་ལས་ཀྱི། །དཔལ་ཀུན་ཡིད་ལ་འཇོ་


MLP014_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱིན་གྱིས་རློབས། །ཆོས་མིན་བསམ་པ་སྐད་ཅིག་མི་སྐྱེ་ཞིང་། །ཆོས་ལྡན་བྱ་བ་ངང་གིས་འཕེལ་བ་དང་། །དུས་རྣམས་ཀུན་ཏུ་ཨོ་རྒྱན་པདྨ་རྗེ། །སྙིང་ནས་བརྗེད་པ་མེད་པར་བྱིན་གྱིས་རློབས། །སྔོན་གྱི་ལས་དང་འཕྲལ་རྐྱེན་ངན་པ་ལས། །བྱུང་བའི་ཆོས་ཀྱི་བར་གཅོད་ཅི་མཆིས་ཀུན། །གང་གི་མཐུ་སྟོབས་ནུས་པའི་གཟི་བྱིན་གྱིས། །མྱུར་བར་ཞི་ཞིང་བཟློག་པར་བྱིན་གྱིས་རློབས། །ཞལ་བཞེས་དམ་བཅའ་བསྐུལ་བའི་གསོལ་འདེབས་དང་། །ཐུགས་རྗེའི་འཇུག་པ་མྱུར་བུལ་འགྲན་པ་བཞིན། །གྱུར་ནས་བསམ་པའི་རེ་བ་མ་ལུས་པ། །ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །རང་བྱུང་པདྨ་དོན་གྱི་བླ་མ་རྗེའི། །འཛུམ་ཞལ་ལྷུག་པར་སྟོན་དང་ཆབ་གཅིག་པར། །ཉམས་རྟོགས་ཉི་མ་སྙིང་ལ་ཆེར་རྒྱས་ཏེ། །བློ་མུན་རང་སར་གྲོལ་བར་བྱིན་གྱིས་རློབས། །ཞེས་པ་འདིའང་སྤྲང་བན་མཁྱེན་ནོར་པས་ཆུ་ལུག་དབོ་ཟླའི་ཚེས་གཅིག་གི་མཚན་མོའི་ཐུན་གསེང་ཞིག་ཏུ་གསོལ་བ་བཏབ་པ་དགེ །

སྐུ་བཞིའི་བདག་ཉིད་གདོད་མའི་མགོན་པོ་དང་སོགས་མགུར།


MLP014_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྐུ་བཞིའི་བདག་ཉིད་གདོད་མའི་མགོན་པོ་དང་། །དབྱེར་མེད་ཆོས་ཀྱི་རྒྱལ་པོ་སྐུ་གསུམ་གླིང་། །དྲིན་ཆེན་བླ་མ་རྡོ་རྗེ་འཛིན་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐར་དཀའ་འཇིགས་རུང་སྲིད་པའི་རྒྱ་མཚོ་ཆེའི། །བཟོད་མེད་སྡུག་བསྔལ་དྲག་པོར་ཡིད་འབྱུང་ནས། །སྐྱབས་གཞན་འཚོལ་བའི་བསམ་པ་ཀུན་བཏང་སྟེ། །མགོན་ཁྱེད་སྐྱབས་ཀྱི་དམ་པར་མཐོང་བར་ཤོག །དགོས་མེད་ཚེ་འདིའི་བྱ་བའི་བསླུ་ཁྲིད་ཀྱི། །སྒྱུ་མའི་ལྟད་མོ་ཆེད་དུ་མི་གཉེར་བར། །དོན་ཆེན་ཐབས་མཁས་རྒྱལ་བའི་རྣམ་ཐར་བཞིན། །བྱང་ཆུབ་སེམས་ཀྱིས་རང་རྒྱུད་འདུལ་བར་ཤོག །རིན་ཆེན་ནོར་གྱིས་མི་རྙེད་གདམས་པའི་བཅུད། །ཟོལ་མེད་དད་པའི་ཞིང་སར་དྲངས་པ་ལས། །རང་བཞིན་ཁམས་ཀྱི་ནུས་པ་རབ་སད་དེ། །རྫོགས་སྨིན་སྦྱོང་བའི་ལམ་བཟང་མཐར་ཕྱིན་ཤོག །མཉེས་གསུམ་བྱ་བ་སྒྲུབ་ལ་མི་ངལ་ཞིང་། །གང་འདུལ་མཛད་པ་རིས་སུ་མི་འབྱེད་པར། །དད་གུས་དག་པས་ཁྱོད་ཞབས་བསྟེེན་པ་ལ། །རྒྱལ་སྲས་རྟག་ངུའི་སྤྱོད་དང་མཚུངས་པར་ཤོག །དཔུང་བཞི་བསགས་


MLP014_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྟོབས་གཉིས་བསྐྱེད་པ་ཡིས། །སྦྱིན་སོགས་ཕ་རོལ་ཕྱིན་པའི་འཇུག་ངོགས་ལ། །ཆོས་བརྒྱད་རྟོག་པའི་དྲི་མ་ཀུན་བསལ་ཏེ། །གཏད་ས་བཞི་ཡིས་རང་རྒྱུད་འདུལ་བར་ཤོག །སེམས་ཀྱི་རང་བཞིན་འོད་གསལ་རྫོགས་པ་ཆེ། །བགྲང་ཡས་དུས་གསུམ་རྒྱལ་བའི་དགོངས་པ་སྟེ། །དེ་ཡང་ཡིད་དཔྱོད་བློ་ཡིས་མ་བསྐྱོད་བར། །མ་བཅོས་མཉམ་པར་བཞག་པས་མཐོང་གྱུར་ཅིག །མདོར་ན་བདག་སོགས་ནོངས་པའི་ལས་དབང་དང་། །སྲིད་འདིར་སྐྱེ་བའི་གནས་སྐབས་ཀུན་ཏུ་ཡང་། །མགོན་པོ་ཁྱེད་དང་ནམ་ཡང་མི་འབྲལ་ཞིང་། །ཚད་མེད་ཐུགས་རྗེའི་སྣང་བས་བསྲུང་གྱུར་ཅིག །ཅེས་པའི་གསོལ་འདེབས་སྨོན་ཚིག་དང་འབྲེལ་བ་འདིའང་རྗེ་གང་ལ་མི་ཕྱེད་པའི་དད་པ་ཅན་སྡོམ་བརྩོན་ཚུལ་ཁྲིམས་ཞེས་པས་བསྐུལ་ངོར་སྤྲང་བཙུན་མཁྱེན་བརྩེ་ནོར་བུས་བྲིས་པའོ། །

སྙིང་གི་བུ་སློབ་ལ་འགྲོ་ཁར་གདམས་པ་བླང་དོར་མིག་གི་ཐུར་མ། འགྱུར་མེད་འཇམ་དཔལ་ཆོས་གྲགས།


MLP014_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་བུ་སློབ་ལ་འགྲོ་ཁར་གདམས་པ་བླང་དོར་མིག་གི་ཐུར་མ་ཞེས་བྱ་བ་བཞུགས་སོ། །འགྱུར་མེད་འཇམ་དཔལ་ཆོས་གྲགས།


MLP014_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་བུ་སློབ་ལ་འགྲོ་ཁར་གདམས་པ་བླང་དོར་མིག་གི་ཐུར་མ་ཞེས་བྱ་བ་བཞུགས་སོ། །འགྱུར་མེད་འཇམ་དཔལ་ཆོས་གྲགས། གང་ཐུགས་མཁྱེན༵་བརྩེའི༵་ཉི་འོད་འབུམ་བརྡལ་བས། གང་གི་བློ་ཡི་མུན་སྟུག་རབ་བསལ་ནས། འདོད་འབྱུང་ནོར༵་བུའི༵་དཔལ་ལ་སྦྱོར་མཛད་པ། བླ་མ་མཆོག་གིས་བྱང་ཆུབ་བར་དུ་སྐྱོངས། ༡། གང་ལ་ཁྱེད་ཀྱིས་བདག་ལ་ཕན་པའི་ངག །བཤད་པར་གྱིས་ཞེས་ཡང་དང་ཡང་བསྐུལ་ཡང་། །རང་ལ་ལུགས་གཉིས་ཡོན་ཏན་ཡོད་དམ་མེད། །བརྟགས་པས་སྨྲ་བའི་སྤོབས་པ་དལ་གཅིག་ཞུམ། ༢། འོན་ཀྱང་རྣམ་འདྲེན་མི་ཡི་སེང་གེ་ཡིས། །གང་ཟག་མི་རྟོན་ཆོས་ལ་རྟོན་གསུངས་དང་། །བྱམས་པས་རྒྱུད་བླར་ཐར་ལམ་སྟོན་པའི་ངག །དྲང་སྲོང་ངག་བཞིན་སྤྱི་བོར་བླང་གསུངས་པས། ༣། དེ་ཡི་དོན་དེ་དེ་བཞིན་གང་ལ་ཡང་། །ལེགས་པར་བརྟགས་ནས་བླང་དོར་སྟོན་པའི་ཚིག །བདེན་སྨྲའི་གསེར་གྱི་ཐུར་མ་དེང་བསྒྲེང་བས། །མཁྱེན་སྤྱན་བག་ཡོད་མཛད་ཅིང་གསན་པར་འཚལ། ༤། དལ་རྟེན་འཛིན་མའི་ཁྱོན་གྱི་གཞི་ཡངས་པོར། །ལུགས་གཉིས་ས་བརྟོལ་ལྗོན་པའི་རྒྱན་སྤྲས་ཏེ། །ཆོས་སྲིད་གཉིས་ཀྱི་དཔལ་ལ་མངོན་མཐོ་བ། །ཚངས་དབང་ལྷ་ཡི་གཙུག་ཏུ་བཀུར་མིན་ནམ། ༥། དགེ་བཅུའི་ཁྲིམས་ཀྱི་སྟོབས་རྒྱས་གཉིས་འཐུང་གིས། །ངག་བཙུན་ཉེས་བྲལ་པདྨའི་སྐྱེད་ཚལ་ལ། །བརྟེན་ཅིང་དྲང་པོའི་སེམས་ཀྱི་སྤྱོད་པ་ཡིས། །རྐང་གཉིས་ལུས་ཅན་ཀུན་གྱི་སེམས་ལ་མཛེས། ༦། དུས་གསུམ་རྒྱལ་བའི་གཤེགས་ཤུལ་ཡངས་པའི་མཁར། །ཚུལ་གནས་ཐོས་བསམ་སྒོམ་པའི་ཚ་ཟེར་ཅན། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྣང་བའི་རྒྱུར། །ལེགས་པར་བརྩོན་


MLP014_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྟག་ཏུ་སྣང་བར་འཚལ། ༧། ཡོན་ཏན་ཀུན་གྱི་གཞི་མ་ཚུལ་ཁྲིམས་ཏེ། །དེ་ཡང་སོ་སོར་ཐར་དང་བྱང་ཆུབ་སེམས། །གསང་སྔགས་ཕྱི་ནང་ཐུན་དང་ཐུན་མིན་གྱི། །སྲུང་མཚམས་དམ་ཚིག་མིག་གི་འབྲས་ལྟར་སྲུངས། ༨། དེ་ཡང་ཤིན་ཏུ་ཕྲ་བའི་གནས་རྣམས་ནས། །ལེགས་པར་མ་སྲུང་རགས་པར་གཅེས་སྤྲས་ཀྱང་། ངན་འགྲོའི་རྒྱུར་འཚལ་ཨེ་ལའི་འདབ་ཀླུང་བཞིན། དེ་བས་ཕྲ་རགས་ཀུན་ལ་གཅེས་པར་མཛོད། ༡༠། སྔོན་ཆད་ཆོས་མིན་སྤྱོད་པས་སེམས་ཞུམ་སྟེ། །སྒྱིད་ལུགས་རློམ་པས་མི་དགེར་མི་སྤྱད་པར། །དེ་རིང་ཉིད་ནས་རྩེ་གཅིག་ཆོས་བརྩོན་ན། །དགོས་པ་འགྲུབ་པོ་དགའ་བོ་བདེ་བྱེད་བཞིན། ༡༡། ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་དབང་པོ་དང་། །གནས་དང་གནས་མ་ཡིན་དང་ཐེག་པ་དང་། །འདུས་བྱས་འདུས་མ་བྱས་དང་དུས་ཀྱི་ཚུལ། །༼མཁས་འཇུག་བཞིན་མཆན། ༽བདེན་གཉིས་བདེན་བཞིའི་གནས་ལ་ཐོས་པར་བརྩོན། ༡༢། དེ་ལ་མཁས་གྲུབ་དགོངས་པའི་ཆུ་བོའི་རྒྱུན། །སྣ་ཚོགས་རིགས་པའི་སྣང་ཚུལ་བགྲངས་ཡས་ཀྱང་། །ཟབ་རྒྱས་སྔ་འགྱུར་ཆོས་ཀྱི་རྒྱ་མཚོ་ཆེར། །མ་གཞོལ་གཞན་དུ་བསྟན་པ་འདི་ཡི་དགྲ། ༡༢། དེ་ཕྱིར་ཕྱོགས་རིས་རླབས་ཀྱིས་སྐྱོན་བྲལ་བའི། བཀའ་གདམས་མཛད་སྲོལ་དྭངས་མའི་རྫིང་བུ་རུ། ཤིན་ཏུ་བརྩོན་པའི་སྤྲོ་རྒྱས་ལུས་དཀར་ཅན། ངོམས་མེད་ཀློག་པའི་དགའ་བདེར་རྟག་རོལ་མཛོད། ༡༣། དྲི་མེད་མཁྱེན་གཉིས་ཡེ་ཤེས་ཆེན་པོ་ཡང་། །ལམ་མཆོག་འདི་ལ་བརྟེན་ནས་བྱུང་བ་དང་། །ཕུང་ཁྲོལ་ཀུན་གྱི་གཞི་མ་གཏི་མུག་ལ། །ཐུག་པར་བསམ་ནས་བརྩོན་པར་ཆེར་སྐྱེད་ཅིག༡༤། ཐོས་དོན་ཚིག་གིས་སྤྲོས་པའི་འོ་མཚོ་ལ། །བསམ་པའི་ངང་མོའི་རོ་དཀར་བཅུད་འཛིན་ན། །ངེས་ཤེས་སྟོབས་བཅུའི་ལུས་ཀྱི་རྩལ་རྫོགས་ཏེ། །ཤེས་བྱའི་མཁའ་ཁྱོན་ངང་གིས་གཞལ་བར་འགྱུར། ༡༥། དེ་ཡང་༼དོན་རྣམ་ངེས་དགོངས་པ་བཞིན། ༽ཤིང་འོན་ཞེས་པའི་ཚིག་གཅིག་དེ། །སྤྲོས་པའི་སྤྲོས་པས་ཤིན་ཏུ་དཔྱད་བཏང་ན། །སྐབས་དོན་སྙིང་པོ་མི་འཛིན་ཕྱིར་ཤོར་ཏེ། །གང་ལ་བརྗོད་པའི་དོན་ནི་མ་ངེས་བཞིན། ༡༦། དེ་བས་དྲང་ངེས་༼སེམས་ཉིད་ངལ་གསོས་དགོངས་པ་བཞིན། ༽ལྡེའུ་མིག་ལ་བརྟེན་ནས། །མདོ་རྒྱུད་ཆོས་ཀྱི་བང་མཛོད་སྒོ་ཕྱེས་ལ། །དཔྱད་གསུམ་ལུང་རིགས་དྲང་


MLP014_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ལེགས་བརྟགས་ཏེ། །ངེས་དོན་རིན་ཆེན་སྙིང་པོ་བླང་བར་རིགས། ༡༧། སྐྱོན་ལ་སེམས་ན་རྒྱལ་བའི་གསུང་ལ་ཡང་། །སྐྱོན་རྟོགས་རྣམ་སྨིན་མཐོང་ཆོས་ལྷས་སྦྱིན་བཞིན། །ཡང་དག་ཚད་མས་བཀའ་དང་དགོངས་འགྲེལ་གཞལ། །ངེས་ཤེས་རབ་རྙེད་རོང་ཟོམ་ཆེན་པོར་གཟིགས། ༡༨། དེ་ལྟར་ཐོས་བསམ་ཟུང་གིས་གཏན་དབབ་པའི། །བླང་དོར་གནས་རྣམས་གཞན་དྲིང་མི་འཇོག་པར། །ཕྲ་ཞིང་ཕྲ་བར་ཉམས་སུ་ལེན་པ་ནི། །རྒྱལ་སྲས་དམ་པའི་སྤྱོད་ལ་ཞུགས་པའོ། ༡༩། དེ་ལ་ལས་འབྲས་དད་དང་སྐྱབས་སུ་འགྲོ། ངེས་འབྱུང་རྟེན་འབྲེལ་བདག་མེད་བྱང་སེམས་དང་། །སྟོང་ཉིད་བསྐྱེད་རྫོགས་རྫོགས་ཆེན་མན་ངག་རྣམས། །སྒོམ་པས་རྟོགས་པ་དངོས་སུ་མྱོང་བར་མཛོད། ༢༠། དེ་ཡང་ཉམས་རྟོགས་ཡོན་ཏན་དང་ལྡན་པའི། །བླ་མ་མཆོག་དང་གྲོགས་ལ་ལེགས་བརྟེན་ནས། །རྟོགས་པའི་མན་ངག་རང་བཟོས་མ་སླད་པར། །དབེན་པའི་གནས་སུ་ཚེ་འདིར་སྒྲུབ་པར་སྐྱོལ། ༢༡། རྩེ་གཅིག་སྒྲུབ་པར་སྐྱེལ་བའི་འབྲས་བུ་ནི། །བདེ་ཆེན་ལྔ་ལྡན་ལོངས་སྐུའི་རྒྱལ་ས་འཛིན། །ཐོས་ཀྱང་མ་གྲུབ་ཡན་དུ་ཤོར་བ་ལ། །སྐྱབས་མེད་ངན་འགྲོའི་འཕྲང་ལ་འཁྱམས་ལས་ཅི། ༢༢། ཁྱད་པར་ཐེག་པའི་ཡང་རྩེ་རྫོགས་པ་ཆེ། །སྐད་ཅིག་རྫོགས་སངས་རྒྱས་པའི་ཟབ་མྱུར་ལམ། །ཡང་གསང་བླ་ན་མེད་པའི་གནད་འདི་ནི། །ད་ལྟའི་དུས་འདིར་བརྩོན་དང་མྱུར་བར་མཐོང་། ༢༣། དེ་ཡང་བླ་མར་ཡིད་ཆེས་དད་པ་ནི། །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས། །ཅི་གསུང་བཀའ་བཞིན་སྒྲུབ་པས་རབ་བརྟེན་ན། །སྐད་ཅིག་འབྲས་ཐོབ་པཎ་ཆེན་ན་རོར་ལྟོས། ༢༤། གཞི་དབྱིངས་མ་བཅོས་ཡེ་ནས་ཀུན་ཏུ་བཟང་། །གཞི་སྣང་མ་འགགས་འཁོར་དང་འདས་པ་གཉིས། །གཞི་ལས་མ་བྱུང་གཞི་རུ་མཉམ་རྟོགས་ན། །གཞི་ཀློང་མ་བཙལ་ཆོས་སྐུའི་རྒྱལ་ས་འཛིན། ༢༥། ཀྱེ་མ་དེང་དུས་སྒོམ་པར་ཁས་འཆེ་བ། །ཆོས་བརྒྱད་འདུ་འཛིར་གཡེངས་ལས་ཕལ་ཆེར་དཀོན། །འགའ་ཞིག་ཅི་ཡང་མི་དམིགས་གནས་སྐབས་ལ། །སྟོང་དང་ལྟ་བ་འཛིན་ནས་སྐད་ཆེན་འདོན། ༢༦། དེ་ཉིད་མ་རྟོགས་ཆད་ལྟར་རྒྱབ་བཅོལ་ནས། །ལས་འབྲས་ཁྱད་གསོད་ངེས་འབྱུང་བསམ་པས་དབེན། །


MLP014_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ད་དུང་བློ་འདས་རྫོགས་པ་ཆེན་པོར་རློམ། །དོན་ལ་མ་རེག་སྲིད་རྩེའི་མུན་ལས་ཅི། ༢༧། ལ་ལས་ཐེག་པ་གཞན་རྣམས་སྤོང་བར་བྱེད། །ཆོས་སྤོང་ལོག་ལྟ་གསང་སྒྲོགས་མི་དགེའི་འབྲས། །ཐར་པའི་རིགས་ཆད་རྡོ་རྗེའི་དམྱལ་བ་ལས། །བདག་གིས་ནམ་ཞིག་སྐྱབས་ཏེ་ཕན་གདགས་སྙམ། ༢༨། དེ་ལྟར་ལུགས་གཉིས་གཏམ་གྱི་ཐུར་མ་ཡིས། །ཁྱོད་ཐུགས་རྨོངས་པའི་སྤྲི་མ་རབ་བཅད་པས། །ཆོས་སྲིད་གྲོང་ཁྱེར་ཆེན་པོར་གཟིགས་པ་ལ། །ཆགས་ཐོགས་དྲི་མེད་དབང་པོ་དགྱེས་པར་མཛོད། ༢༩། འཕགས་པའི་ནོར་གྱིས་གཏམས་པའི་རིན་ཆེན་མཛོད། །ཟབ་རྒྱས་ཐུགས་ཀྱི་བ་གམ་ཆེན་པོ་རུ། །བསླབ་བྱ་བཱཻཌཱུའི་དོ་ཤལ་སླར་བཙུད་པས། །སྤྲོ་བའི་སྒོ་ཆེན་དེང་འདིར་དབྱེ་བར་རིགས། ༣༠། ཐོག་མར་དགེ་བའི་གཏམ་གྱིས་སྙིང་པོ་ཐོས། །བར་དུ་དགེ་བའི་ལས་ལམ་རྩེ་གཅིག་སེམས། །ཐ་མར་དགེ་བ་སྒོམ་པས་ཚེ་འདིར་སྐྱོལ། །བླ་སློབ་དགེ་བས་འདའ་བའི་ཤིས་པ་སྩོལ། ༣༡། ཁྱོད་ཀྱི་དད་པའི་ཡིད་ཀྱི་ཞིང་ས་རུ། །བདག་གིས་ཆོས་སྐྱེས་བདུད་རྩིའི་རྒྱུན་བབས་པས། །རྣམ་བྱང་ཞི་བའི་མྱུ་གུ་ལེགས་འཁྲུངས་ཏེ། །བདེ་བའི་འབྲས་བུར་སྤྱོད་པའི་བཀྲ་ཤིས་ཤོག༣༢། ཅེས་པ་འདིའང་གོ་དཔོན་བསླབ་གསུམ་འཕེལ་རྒྱས་དབུས་ཕེབས་ཁར་ལྷ་རྫས་ཀྱི་སྐྱེས་བཅས་གསུང་བསྐུལ་གནང་བ་ལྟར་མ་ལྡོག་པར། སྨྱོས་རིགས་རིག་འཛིན་བརྒྱུད་པའི་བཀའ་དྲིན་གྱིས་འཚོ་བ་སྨིན་གླིང་གྲྭ་ཤཱཀྱའི་དགེ་སློང་འགྱུར་མེད་འཇམ་དཔལ་ཆོས་གྲགས་པས། རྣམ་འཕྱང་བགྲང་བྱའི་ཟླ་༡བའི་ཚེས་ཀྱི་བསེ་རུར་ཉག་རོང་ཐུབ་བསྟན་བཤད་སྒྲུབ་གླིང་དུ་སྦྱར་བའོ། །

ཐུན་མོང་གི་སྔོན་འགྲོའི་ཆོས་བཤད་རིན་ཆེན་ཐེམ་སྐས།


MLP014_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་གི་སྔོན་འགྲོའི་ཆོས་བཤད་རིན་ཆེན་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ། ༈ ༀ་སྭ་སྟི། ཐུན་མོང་གི་སྔོན་འགྲོའི་ཆོས་བཤད་རིན་ཆེན་ཐེམ་སྐས་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདེ་ཆེན་ཞི་བའི་དབྱིངས་ལས་མི་གཡོ་ཡང་། །སྣ་ཚོགས་སྒྱུ་མའི་རོལ་གར་མཐའ་ཡས་པས། །ཕན་བདེའི་དངོས་ཀུན་སྩོལ་བའི་ཕྲིན་ལས་ཅན། །མཆོག་གསུམ་ངོ་བོ་བླ་མར་ཕྱག་བགྱིའོ། །སྲིད་པའི་གྲོང་ཁྱེར་ཉམ་ངའི་གཡང་ས་ལས། །རྣམ་གྲོལ་ཐར་པ་མཆོག་གི་གྲོང་ཁྱེར་དུ། །སྐལ་བཟང་མྱུར་བདེར་འཇུག་པ་རིན་ཆེན་གྱི། །ཐེམ་སྐས་ལམ་གྱི་རིམ་པ་འདིར་གསལ་བྱ། །དེ་ཡང་སྤྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་གདོད་མ་ནས་སངས་རྒྱས་སུ་གནས་པ་དེ་ཉིད་མངོན་དུ་བྱེད་པ་ལ། བློ་དམན་ཐོས་བསམ་རིམ་འཇུག་གི་ལམ་ལ་བརྟེན་པ་དང་། བློ་རབ་མོས་གུས་ཐོད་རྒལ་གྱི་ལམ་ནས་འཇུག་པའི་ཚུལ་གཉིས་ནི་མདོ་སྔགས་ཀྱི་བསྟན་པ་གཉིས་ཀའི་ཚུལ་ལ་ཡོད་ཅིང་དེ་ལས་དང་པོའི་དབང་དུ་བྱས་ན་མ་ཆགས་པ་གསུམ་ལ་བརྟེན་ནས་དོན་གཉེར་གསུམ་གྱི་བློ་སྐྱེ་བ་ལ་བསླབ་པར་བྱ་བ་ཡིན་ནོ། །དང་པོ་ནི་དལ་འབྱོར་རྙེད་དཀའ་བ་དང་། དེ་ཉིད་མི་རྟག་པར་བསམ་པ་ལས་ཚེ་འདིའི་ཆགས་ཞེན་གྲོལ་ནས་ཕྱི་མ་མཐོ་རིས་ཀྱི་བདེ་བ་དོན་གཉེར་གྱི་བློ་བཅོས་མིན་དུ་སྐྱེའོ། །གཉིས་པ་ནི། འཁོར་བའི་སྡུག་བསྔལ་དང་། ལས་རྒྱུ་འབྲས་བསམས་པས་འཁོར་བའི་ཆགས་ཞེན་བྲལ་ནས་རང་ཉིད་ཐར་པའི་ལམ་ངེས་ལེགས་དོན་གཉེར་གྱི་བློ་རྣལ་མ་སྐྱེའོ། །གསུམ་པ་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་རང་དོན་གྱི་ཆགས་ཞེན་བྲལ་ནས་གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་བློ་བཅོས་མིན་དུ་སྐྱེ་བར་འགྱུར་ཞིང་དེ་ལྟར་


MLP014_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་གསུམ་གྱི་བློ་རིག་དེ་ཤེས་པར་འགྱུར་ཐུབ་པ་མ་བྱུང་གི་བར་དུ་བསྒོམ་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ལ། འདི་གསུམ་རྒྱུད་ལ་མ་སྐྱེས་ན་ལྷ་བསྒོམ་སྔགས་བཟླ་སོགས་ཇི་ལྟར་བྱས་ཀྱང་གར་འགྲོའི་གཏད་སོ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་ནི་འདི་ལྟར་ཤེས་པར་བྱ་བ་ཡིན་ཏེ། དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། འཁོར་བའི་ཉེས་དམིགས་བསམ་པ། ལས་རྒྱུ་འབྲས་བསམ་པ་དང་བཞིའོ། །དང་པོ་ལ་དལ་འབྱོར་ངོས་བཟུང་བ། དེ་ཉིད་རྙེད་དཀའ་ཚུལ། དེ་དོན་ཆེ་བ་བསམ་པ་གསུམ་གྱི་དང་པོ་ནི། བཟོད་པར་དཀའ་བའི་སྡུག་བསྔལ་ཅན་གྱི་འཁོར་བ་འདིར་མི་སྐྱེ་བའི་ཐབས་ལ་འབད་དགོས་ཤིང་། དེ་ཉིད་སྒྲུབ་པའི་རྟེན་ཡང་དལ་འབྱོར་གྱི་ལུས་འདི་ཉིད་ཡིན་ཏེ། དེ་ཡང་ད་ལན་ཙམ་མ་གཏོགས་ཤིན་ཏུ་རྙེད་དཀའ་བས། ད་རེས་འདི་ལ་སྙིང་པོ་ལོན་པ་ཞིག་ཅི་ནས་ཀྱང་བྱེད་དགོས་སྙམ་པའི་འདུན་པ་རྩེ་གཅིག་ཏུ་བྱ་ཞིང་། དེ་ཡང་། བརྒྱད་སྟོང་འགྲེལ་ཆེན་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུག་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་ལྟར། ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་དོས་དྲག་ཅིང་། ལུས་རྟེན་ཤིན་ཏུ་ངན་པས་ཆོས་མི་ཁོམ། འདོད་ཁམས་ཀྱི་ལྷ་རྣམས་ནི་འདོད་ཡོན་ལ་ཆགས་པས་གཡེངས་ཤིང་སྐྱོ་ཤས་ཆུང་། གཟུགས་དང་གཟུགས་མེད་ཀྱི་ལྷ་ཕལ་ཆེར་ཡང་ཏིང་ངེ་འཛིན་གྱིས་རྟག་ཏུ་མྱོས་པས་ཆོས་མི་ཁོམ། སངས་རྒྱས་མ་བྱོན་པའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱིས་སྟོངས་པའི་སར་སྐྱེས་པའམ། བྱོན་ཡང་ཆོས་མ་དར་བའི་ས་ཕྱོགས་མཐའ་འཁོབ་ཀླ་ཀློར་སྐྱེས་པ་དང་། ཆོས་དར་བའི་སར་སྐྱེས་ཀྱང་ཚེ་སྔ་ཕྱི་དང་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་དང་། གླེན་ལྐུགས་སུ་གྱུར་ནས་བླང་དོར་གྱི་གནས་གང་ཡང་མི་གོ་བས་འཇུག་ལྡོག་གི་བསམ་པ་སྐྱེས་པ་མེད་པར་སྐྱེས་པ་རྣམས་ནི་མི་ཁོམ་པའི་གནས་བརྒྱད་ཡིན་ལ། དེ་ཡང་ངན་སོང་གསུམ་དང་ལྷ་ཚེ་རིང་པོ་ནི་མི་མ་ཡིན་པའི་མི་ཁོམ་པ་དང་། གཞན་བཞི་ནི་མིའི་


MLP014_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁོམ་པ་ཡིན་ནོ། །མི་ཁོམ་པའི་ལྷ་ནི་འདུ་ཤེས་མེད་པའི་ལྷ་ཉིད་ལ་ངོས་འཛིན་འཐད་པར་ཡང་བཤད་དོ། །དེ་ལྟ་མི་ཁོམ་པའི་གནས་བརྒྱད་དང་བྲལ་བ་ནི་དལ་བ་ཡིན་ཏེ། ནམ་མཁའ་རིན་པོ་ཆེའི་མདོ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་དལ་འབྱོར་ཇི་ལྟར་ལྟ་བ་བགྱི། བཀའ་སྩལ་པ། སེམས་རྣམ་པར་རྟོག་པས་དབྱེན་བཅོས་ཏེ་གཡེང་བ་ནི་བྲེལ་བ་ཞེས་བྱའོ། །སེམས་རྣམ་པར་རྟོག་པ་ཞི་ནས་རང་བཞིན་དུ་གནས་པ་ནི་དལ་བ་ཞེས་བྱའོ། །ཞེས་དང་། སྡུད་པར། མི་ཁོམ་བརྒྱད་སྤངས་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་གསུངས་པའོ། །འབྱོར་བའི་ཆོས་བཅུ་ལས་རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པས། དེ་ལ་བདག་གིས་སྤྱིར་མི་ལུས་ཐོབ། སྒོས་ཡུལ་དབུས་ཆོས་དར་བའི་སར་སྐྱེས། དབང་པོ་སྒོ་ལྔ་སོགས་ཚང་བས་བླང་དོར་ཤེས་སུ་རུང་། མཚམས་མེད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་ཆོས་ཐམས་ཅད་སྐྱེ་བའི་གནས་འདུལ་བ་ལ་དད་པ་སྟེ་སངས་རྒྱས་ཀྱི་གསུང་རབ་ལ་དད་པ་དང་ལྡན་པ་ཙམ་འདུག་སྟེ། ལྔ་པོ་ནི་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་རང་འབྱོར་ཞེས་བྱའོ། །དེ་ཡང་མི་ཁོམ་པ་བརྒྱད་ལས་ལྡོག་པའི་དལ་བ་དང་རང་འབྱོར་ལྔ་ནི་གནད་གཅིག་གོ །གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པས་སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་དམ་པའི་ཆོས་གསུངས་པ། དེའི་བསྟན་པ་མི་ནུབ་པར་གནས་པ། བསྟན་པ་ལ་རྗེས་སུ་འཇུག་པ་གཞན་ཡང་མང་དུ་ཡོད་པ། ཆོས་བྱེད་པ་རྣམས་ལ་གཞན་གྱིས་སྙིང་བརྩེ་བའི་སྒོ་ནས་ཟས་གོས་སོགས་མཐུན་རྐྱེན་སྦྱོར་བ་པོ་ཡང་མང་དུ་ཡོད་པའོ། །གཞན་བརྩེ་བ་ནི་དགེ་བའི་བཤེས་གཉེན་གྱིས་ཆོས་ལ་བརྩེ་བས་འདྲེན་པ་ཡིན་པར་བཤད་པ་ཡང་ཡོད་དོ། །དེ་ལྔ་ནི་གཞན་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་ན་གཞན་འབྱོར་རོ། །དེ་ཡང་མདོ་ལས། འབྱོར་པ་ནི་སེམས་ཀྱི་རང་བཞིན་ཤེས་པ་བློ་ཡང་དག་པའི་དོན་ལ་འབྱོར་པ་ཞེས་


MLP014_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཞེས་གསུངས་པས། དེ་ལ་དལ་བ་ནི་ངོ་བོ་ཡིན་ལ། འབྱོར་པ་ནི་དེའི་ཁྱད་པར་གྱི་ཆོས་ཏེ། དེ་ལྟར་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་འདི་ལྟ་བུ་ཤིན་ཏུ་རྙེད་པར་དཀའ་བས། ད་རེས་ཆོས་ལ་འབད་དགོས་པ་འདུག་སྙམ་བློ་རྩེ་གཅིག་ཏུ་དྲིལ་བར་བྱ་སྟེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དོ། །འདི་ལས་རྨོངས་པ་གཞན་མེད་དོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དེ་ཉིད་རྙེད་དཀའ་བའི་ཚུལ་ནི། སེམས་ཅན་གྱི་ནང་ནས་ངན་སོང་གསུམ་གྱི་འགྲོ་བ་ནི་ཤིན་ཏུ་མང་སྟེ་ས་ཆེན་པོའི་རྡུལ་བཞིན་མཐའ་མེད། མཐོ་རིས་ཀྱི་འགྲོ་བ་ནི་ཤིན་ཏུ་ཉུང་སྟེ་སེན་མོའི་སྟེང་གི་རྡུལ་ཙམ་དུ་གསུངས་ཤིང་། ངན་སོང་གསུམ་གྱི་ནང་ནས་ཉུང་ཤོས་དུད་འགྲོ་དང་། དེ་ཡང་བྱིངས་ནི་རྒྱ་མཚོ་ཆེན་པོར་གནས་ཤིང་བསམ་གྱིས་མི་ཁྱབ། ཁ་འཐོར་གྱིས་ཀྱང་ས་གཞི་རི་ཀླུང་བར་སྣང་ཐམས་ཅད་ཁེངས་པ་ཙམ། ལྷ་དང་མིའི་འགྲོ་བ་ནི་དེ་ལ་ལྟོས་ན་སྲིད་མཐའ་ཙམ་དང་། དེ་ལས་ཀྱང་སྤྱིར་མིའི་འགྲོ་བ་ཉུང་། སྒོས་འཛམ་བུའི་གླིང་པའི་མི་ཉུང་། ཡང་སྒོས་ཆོས་ལྡན་གྱི་མི་ལུས་ནི་སྲིད་མཐའ་ཙམ་སྟེ། དེ་ལྟར་ཉུང་བ་ཡང་སེམས་ཅན་གྱི་ནང་ནས་སྡིག་པའི་ལས་བྱེད་པ་ནི་ཆེས་མང་སྟེ་མཐའ་མེད། དགེ་བ་བྱེད་པ་ནི་ཅི་ནས་ཀྱང་ཉུང་ཞིང་། དེའི་ནང་ནས་ཀྱང་མི་ལུས་འཕེན་ཐུབ་པའི་ཚུལ་ཁྲིམས་བསྲུང་བ་ཤིན་ཏུ་དཀོན་པས་མི་ལུས་རྙེད་པ་དཀའ་བ་སྟེ། དབུ་མ་འཇུག་པར། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་མངོན་མཐོའི་རྒྱུ་ཚུལ་ཁྲིམས་ཁོ་ནར་ངེས་པ་དང་། དེ་ཉིད་དཀོན་པའི་དཔེ་ཡང་། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་འོ་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་པའི་དཔེས་ཀྱང་མཚོན་པར་བྱས་ནས་སྤྱིར་མི་ལུས་རྙེད་དཀའ་བ་དང་། ཁྱད་པར་ཆོས་ལྡན་གྱི་མི་ལུས་འདི་འདྲ་རྙེད་པ་ནི་བསོད་ནམས་མང་པོ་བསགས་པའི་མཐུ་ལས་བྱུང་བས་ན། ད་རེས་རྙེད་


MLP014_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཀའ་བའི་ལུས་རྟེན་ཕུན་སུམ་ཚོགས་པར་ཐོབ་པའི་དུས་འདིར་གཏན་གྱི་བདེ་བའི་ཕྱིར་དུ་ཆོས་རྣམ་དག་ཅིག་ཅི་ནས་ཀྱང་བསྒྲུབ་པར་བྱའོ་སྙམ་དུ་བསམ་པའོ། །གསུམ་པ་རྙེད་པ་དོན་ཆེ་བར་བསམ་པ་ནི། དེ་ལྟར་ཤིན་ཏུ་རྙེད་དཀའ་བའི་མི་ལུས་དེ་ཐོབ་པ་ལ་དགོས་པ་ཅི་ཡོད་སྙམ་ན་ཕན་ཡོན་ཤིན་ཏུ་ཆེ་སྟེ། གནས་སྐབས་སུ་སྐྱེ་བ་ནས་སྐྱེ་བར་མཐོ་རིས་ཀྱི་བདེ་བ་ལུས་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པའི་དངོས་པོ་མཐའ་དག་ཀྱང་བདེ་བླག་ཏུ་སྒྲུབ་ནུས། དེར་མ་ཟད་ཐེག་པ་འོག་མའི་མྱང་འདས་དང་། བླ་ན་མེད་པའི་བྱང་ཆུབ་ཀྱང་སྒྲུབ་ནུས་ཤིང་། འདི་མ་ཐོབ་ན་ཐར་པ་ལྟ་ཅི་སྨོས་འཁོར་བའི་བདེ་བ་ཙམ་ཡང་སྒྲུབ་པའི་ཐབས་མེད་པས། དེས་ན་ད་རེས་དལ་འབྱོར་ལ་སྙིང་པོ་ལོན་པ་ཞིག་མ་བྱས་ན་རིན་པོ་ཆེའི་གླིང་ནས་ལག་སྟོང་དུ་ལྡོག་པ་ལྟར་དོན་མེད་དུ་སོང་ན་འཕུང་ཚབས་ཤིན་ཏུ་ཆེ་སྟེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་ལྟར་འདོད་དོན་ཁྱད་པར་ཅན་འགྲུབ་ཏུ་རུང་བའི་རྟེན་ལན་གཅིག་ཐོབ་པ་དེ་ཉིད་སྔར་དོན་མེད་དུ་དེ་ཙམ་ཐལ། ད་ནི་ཅི་ནས་ཀྱང་དམ་པའི་ཆོས་ལ་རྩེ་གཅིག་ཏུ་འབད་པར་བྱའོ་སྙམ་པའི་བསམ་པ་སྙིང་ཐག་པ་ནས་དྲན་པར་བྱས་ནས་དལ་འབྱོར་དོན་མེད་དུ་མ་སོང་བ་གལ་ཆེའོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པ་ནི། མཐར་འཆི་བ་འོང་སྙམ་པ་ཐམས་ཅད་ལ་ཡོད་ཀྱང་། རེ་ཞིག་མི་འཆི་བར་རེ་བའི་བློ་དེ་འཆི་ཁ་ཚུན་ཆད་ལ་འབྱུང་། བློ་ངན་དེས་བསྒྲིབས་ནས་ཚེ་འདིའི་རྣམ་གཡེང་ལ་འབྱམས། ཕྱི་མའི་དོན་བསྒྲུབ་པ་ཕྱི་བཤོལ་ལེ་ལོའི་དབང་དུ་འགྲོ་བས་མི་རྟག་པ་བསྒོམ་དགོས། དེ་ལ་ངེས་པར་འཆི་བ་བསམ་པ། ནམ་འཆི་ཆ་མེད་པ། འཆི་བ་ལ་ཅིས་ཀྱང་མི་སྟོངས་པར་བསམ་པ་གསུམ་གྱི། དང་པོ་ངེས་པར་འཆི་བ་བསམ་པ་ནི། དལ་འབྱོར་གྱི་རྟེན་དེ་ཉིད་ཐོབ་ཟིན་ནས་མི་འཆི་བ་ཞིག་ཡིན་ན་དེ་ག་ཡིན་མོད། རྟག་པའི་ངེས་པ་ཅུང་ཟད་ཀྱང་མེད་དེ། ལུས་ཅི་འདྲ་ཞིག་བླངས་པ་དང་། གནས་གྲོགས་གང་ལ་བརྟེན་ཀྱང་འཆི་བ་ལས་མ་འདས། ས་སྟེང་གི་འགྲོ་


MLP014_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྔར་བྱུང་བ། ད་གཟོད་འབྱུང་འགྱུར། ད་ལྟ་དངོས་སུ་ཡོད་པ་འདི་ཐམས་ཅད་ཀྱང་འཆི་བ་ལས་མ་འདས། མདོར་ན་རང་རེ་བཙས་ནས་དེ་རིང་ཡན་ཆད་དུ་དགྲ་གཉེན་བར་མའི་འགྲོ་བ་ཇི་ཙམ་ཞིག་ཤི། དེས་ན་བདག་ལ་མི་འཆི་བའི་གདེང་ཅི་ཞིག་ཡོད་དེ། མདོ་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང་། །དེ་ཀུན་འཇིག་པ་མཁས་པས་རྟོགས་བགྱི་སྟེ། །ཆོས་ལ་གནས་བགྱི་ངེས་པར་སྤྱད་པ་སྤྱོད། །ཅེས་དང་། རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་། གང་དུ་ཕྱིན་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་ནའང་ཡོད་མ་ཡིན། །ནམ་མཁའ་ལ་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོ་ཀུན་གྱི་ཕུག་ཏུ་ཞུགས་ཀྱང་མེད། །ཅེས་གསུངས་པ་ལྟར་སྤྱིར་འཆི་བ་ལས་མ་འདས་ཤིང་། འོན་ཀྱང་ཚེ་རིང་པོར་འཚོ་བ་ཞིག་ཡིན་དུ་སྲིད་ཀྱང་། ལོ་དང་ཟླ་བ་ཞག་དང་ཟ་མ་སྐད་ཅིག་རེ་རེས་ཀྱང་སྡོད་པ་མེད་པར་འཆི་བ་ལ་ཇེ་ཉེར་སོང་བས་སྔར་དེ་ཙམ་ཞིག་འདས། ལྷག་མ་ཡང་བསྣོན་པ་མེད་ཅིང་བར་མ་ཆད་དུ་འགྲིབ་པ་ཡིན་ཏེ། རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུར་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་དང་། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོངས་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པས་དེས་ན་དང་པོར་གཞོན་པའི་དུས་སུ་ནི་བསམ་པ་མ་རྙེད་པས་ཆོས་མ་བྱུང་། མཐར་རྒས་ནས་ནི་ཆོས་བྱེད་ལོ་བྱས་ཀྱང་ལུས་སེམས་ཀྱི་སྟོབས་ཟད་པས་བོགས་བསྐྱེད་མི་འབྱུང་། དེའི་བར་གྱི་ཕྱེད་ནི་གཉིད་ཀྱིས་འདས། གཞན་ཡང་རྣམ་གཡེང་འགྲོ་འདུག་སོགས་དོན་མེད་སྣ་ཚོགས་ཀྱི་དབང་དུ་འགྲོ་བས་ཆོས་བྱེད་པའི་གནས་སྐབས་ཅུང་ཟད་ཙམ་ད་རེས་འདུག་པས་ཚེ་འདིའི་ཕུན་ཚོགས་དང་བསླུ་བྲིད་ཐམས་ཅད་རྨི་ལམ་ཐུན་གཅིག་གི་བདེ་བ་ལྟར་ངེས་ཤེས་བསྐྱེད་ནས་དམ་པའི་ཆོས་སྒྲུབ་པ་ལ་ནན་ཏན་དུ་


MLP014_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གཉིས་པ་ནམ་འཆི་ཆ་མེད་པར་བསམ་པ་ནི། མཐར་འཆི་ཡང་རེ་ཞིག་མི་འཆི་བས་དེ་ཙམ་དུ་རིངས་ཅི་དགོས་སྙམ་ན། སྤྱིར་སྒྲ་མི་སྙན་པ་མ་གཏོགས་པ་འགྲོ་བ་གཞན་གྱི་ཚེ་ལ་ངེས་པ་མེད་ཅིང་ཁྱད་པར་འཛམ་བུ་གླིང་པའི་ཚེ་ནི་ཤིན་ཏུ་མ་ངེས་པ་ཡིན་ཏེ། དང་པོར་ཚེ་ལོ་དཔག་མེད་ཐུབ་པའང་བྱུང་མོད། མཐར་ལོ་བཅུ་ལ་རིང་མཐའ་བྱེད་དགོས་ཤིང་ད་ལྟ་ཡང་རྒན་གཞོན་བར་མ་གང་ལ་ཡང་ནམ་འཆིའི་ངེས་བཟུང་མེད་དེ། མཛོད་ལས། འདི་ན་མ་ངེས་མཐའ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་སོ། །གལ་ཏེ་སྔོན་གྱི་ལེགས་བྱས་ཀྱིས་ཚེ་ལོ་དྲུག་ཅུ་བདུན་ཅུ་ཙམ་འཕངས་སུ་སྲིད་ཀྱང་། དེ་རིང་ནས་བརྩི་རྒྱུ་མིན་ཏེ། སྔར་དེ་ཙམ་འདས། ད་ཇི་ཙམ་ཐུབ་ཚོད་མི་དཔོགས། ཡང་སུམ་ཅུའམ་བཞི་བཙུ་ཙམ་ལས་མི་འཕངས་པའང་སྲིད། གང་ནའང་མཐོང་ཐོས་ཀྱི་འགྲོ་བ་གློ་བུར་དུ་ཤི་བ་རྣམས་ལ་བརྟགས་ན། རང་ཅག་ཀྱང་དེ་ལྟ་བུའི་ཆོས་ཅན་ལས་མ་འདས་ཏེ། ཀུན་མཁྱེན་ཆོས་རྗེས། ཚེ་འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་གང་འབྱུང་ངེས་པ་མེད་པས་ན། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར་སང་གནངས་དང་འོ་སྐོལ་གྱི་ཕྱི་མ་གང་སྔ་མི་ཤེས་པས་ཚེ་འདིའི་བྱ་བྱེད་ཐམས་ཅད་ཀྱི་འཁྲི་བ་རྦད་ཀྱིས་ཆོད་པར་བྱ་དགོས་ཏེ། ཀླུ་སྒྲུབ་ཀྱིས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པས་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་པ་ལྟར་ལུས་ནི་ཆུའི་ལྦུ་བ་ལྟར་ཉམ་ཆུང་། དབུགས་ནི་སྟོན་ཀའི་ན་བུན་བཞིན་ནམ་ཡལ་ཆ་མེད། རང་དབང་མ་ཐོབ་པའི་སེམས་ནི་གར་འགྲོའི་བརྟོལ་མ་མཆིས་ཏེ། ཇི་སྐད་དུ། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་དང་། ཀླུ་སྒྲུབ་ཀྱིས་ཀྱང་། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར། ཕྱིའི་རྐྱེན་མི་དང་དུད་འགྲོ་གདོན་བགེགས་ལ་སོགས་པས་འཚེ་བ་


MLP014_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དང་མེ་ཆུ་གཡང་ས་ལ་སོགས་པའི་འབྱུང་བའི་གནོད་པ། ནང་ལུས་ལ་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་མདོར་ན་འཆི་རྐྱེན་འདིས་མི་བྱེད་བྱ་བ་མེད་དེ། འཚོ་བའི་རྐྱེན་དུ་རེ་བའི་ཟས་གོས་དང་སྨན་སོགས་བསྟེན་པ་ཡང་འཆི་རྐྱེན་དུ་མི་འགྲོ་བའི་ཆ་མེད། དེས་ན་འཆི་བའི་རྐྱེན་ངན་བུ་ཡུག་འཚུབས་པ་ལྟ་བུའི་དབུས་ན་བདག་གནས་པ་ཡིན་ན། ནམ་འཆི་མེད་སྙམ་དུ་བསྒོམ་པར་བྱ་སྟེ། དམ་པས། ཡེངས་པའི་བར་ལ་འཆི་བདག་བདུད་ཀྱིས་འཛིན། །ད་ལྟ་ཉིད་ནས་སྒྲུབས་ཤིག་དིང་རི་བ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་འཆི་བ་ལ་ཆོས་མ་གཏོགས་ཅིས་ཀྱང་མི་ཕན་པར་བསམ་པ་ནི། དེ་ལྟར་འཆི་བའི་གནས་སྐབས་མངོན་དུ་གྱུར་པ་ན། བསགས་པའི་ནོར་རྫས་མང་ཡང་ཁྱེར་བའི་དབང་མེད་དེ་ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་འཇོག་དགོས། འགྲོགས་པའི་གཉེན་བཤེས་དང་འཁོར་གཡོག་བརྩེ་གདུང་ཆེ་བས་མཐའ་བསྐོར་ཡང་འཁྲིད་པའི་དབང་མེད། བརྩིགས་པའི་ཁང་ཁྱིམ་བཙན་ཡང་འཁྲི་ས་དང་སྡོད་དབང་མེད་པར་ཚེ་འདིའི་ཕུན་ཚོགས་ཐམས་ཅད་དང་བྱེ་བྲལ་བྱས་ནས་རྒྱུས་མེད་ཀྱི་ཕྱོགས་སུ་རང་དབང་མེད་པ་འགྲོ་བ་ལ། ཟས་ནོར་ཤེས་སྟོབས་རིག་སྔགས་རྟེན་འབྲེལ་གང་གིས་ཀྱང་མི་བཟློག་སྟེ། མདོ་ལས། རྒྱལ་པོ་ཆེན་པོ། ན་བས་ནི་ནད་མེད་པ་འཇོམས་ཤིང་འོང་། རྒ་བས་ནི་དར་བ་བབས་པ་འཇོམས་ཤིང་འོང་། རྒུད་པས་ནི་ཕུན་སུམ་ཚོགས་པ་འཇོམས་ཤིང་འོང་། འཆི་བས་ནི་སྲོག་འཇོམས་ཤིང་འོང་། དེ་དག་ལ་མགྱོགས་པར་འབྲོས་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་བྱ་སླ་བ་མ་ཡིན་ནོ། །ཞེས་དང་། ཞི་བ་ལྷས། གཤིན་རྗེའི་སྐྱེས་བུས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་གསུངས་པ་དང་། འོ་ན་དེ་དག་རྗེས་སུ་མི་འབྲང་ན་ཅི་ཞིག་འབྲང་སྙམ་ན། རང་གིས་བསགས་པའི་ལས་དགེ་སྡིག་གཉིས་པོ་རྗེས་སུ་འབྲངས་པ་ཡིན་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ནས་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས་པ་དང་།


MLP014_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཕྱི་ནང་སྣོད་བཅུད་ཀྱི་འགྱུར་བ་ཐམས་ཅད་རང་ལ་མི་རྟག་པ་སྟོན་པའི་བརྡར་ངེས་ཤེས་བསྐྱེད་ནས། ཚེ་འདིའི་བྱ་བྱེད་ཐམས་ཅད་ནི་ཟིན་ཚར་མེད་ཅིང་མདོ་དོན་ཆུང་། འཆི་དུས་ཕན་ཆད་རྒྱུན་ཆགས་སུ་ཕན་པ་ནི་དམ་པའི་ཆོས་ཁོ་ན་ཡིན་ན། ད་ལྟ་ཉིད་དུ་ཆོས་ལ་འབད་པར་བྱའོ་སྙམ་དུ་བསམ་པ་གལ་ཆེའོ། །དེ་ལྟར་ཡང་ཀླུ་སྒྲུབ་ཀྱིས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ལྡོག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། དེ་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་པ་དང་། དམ་པས། བྲེལ་དོན་ཚར་ནས་ཆོས་ལ་ཕྱིན་པ་མེད། །དྲན་པའི་ཚེ་ན་རྒྱུག་ཅིག་དིང་རི་བ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ་ལ་གསུམ། ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པ། མཐོ་རིས་ཀྱི་སྡུག་བསྔལ་བསམ་པ། སྡུག་བསྔལ་གསུམ་གྱི་རང་བཞིན་སྤྱིར་བསམ་པ་ལ། དང་པོ་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པ་ནི། དེ་ལྟར་ངེས་པར་འཆི་བས་ཚེ་འདིར་སྡོད་པའི་དབང་མེད་ཤི་བས་མི་ཆོག་སྐྱེ་བ་ལེན་དགོས། དེ་ཡང་བདེ་འགྲོ་དང་ངན་འགྲོ་གཉིས་ལས་མ་འདས། དེ་ཉིད་ལས་དཀར་ནག་གིས་འཕངས་པའི་རྗེས་སུ་འགྲོ་བ་ལས་རང་དབང་ཅན་མ་ཡིན་ན་བདག་གིས་ཀྱང་མི་དགེ་བའི་ལས་ཇི་སྙེད་ཅིག་བསགས་མོད། བདག་ངན་སོང་དུ་སྐྱེས་ན་སྡུག་བསྔལ་ཅི་འདྲ་ཞིག་མྱོང་བར་༼འགྱུར་༽སྙམ་དུ་བསམ་དགོས། དེ་ཡང་དཔལ་མགོན་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་ལྟ་ཞིང་དྲན་པར་བྱ། །དེའི་རྒྱུ་རྣམ་སྤོང་བདེ་རྒྱུ་སྤྱད། །ཅེས་གསུངས་པ་ལྟར། དང་པོ་དམྱལ་བའི་སྡུག་བསྔལ་བསམ་པ་ལ་བཞི་ལས། དང་པོ་ཚ་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། དེ་ལ་གནས་ཀྱི་ཁྱད་པར་ལྕགས་སྲེག་གི་ས་གཞི་རི་རོང་ངམ་གྲོག་ཅན། མེ་ལྕེ་ཁྲུ་གང་ཙམ་རྟག་ཏུ་འབར་ཞིང་ཟངས་ཞུན་དང་འགྱུར་བྱེད་ཀྱི་ཁུ་བ་འབབ་པ། ལྕགས་སྲེག་གི་སྡོང་པོ་མེ་འབར་བར་གཏམས་པ་གདུག་པའི་བྱ་


MLP014_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཅན་གཟན་དང་དམྱལ་སྲུང་གཤེད་མ་མི་བསྲུན་པ་དུ་མས་གང་བ། ལྕགས་སྲེག་གི་རྩིག་པ་དང་མེ་འོབས་ཀྱིས་ཀུན་ནས་བསྐོར་བ། དེ་ཡང་བསྐལ་པ་འཇིག་དུས་ཀྱི་མེ་ལས་ཚ་ཞིང་། དེ་བས་འོག་མ་འོག་མ་བཞི་འགྱུར་གྱིས་ཚ་བར་བཤད་དོ། །དེར་སྐྱེ་བའི་བར་དོ་རྣམས་ཆར་རླུང་གིས་དེད་པས་གྲང་བའི་རྣམ་པར་ཤར་བས་ཚ་དམྱལ་གྱི་གནས་མཐོང་སྟེ། དེ་དྲོ་བར་ཤེས་ནས་སྲེད་པས་རྒྱུགས་པས་དེར་ཚུད་པའི་སྐད་ཅིག་ལ་གཉིད་སད་པ་ལྟར་སྐྱེ་བ་ལེན་པར་འགྱུར་ཞིང་། དེ་ཡང་རིག་པ་ཚོར་ངེས་སྐྱེན་ཞིང་ལུས་འཇམ་ཞིང་མཉེན་པས་ལུས་སེམས་གཉིས་ཀའི་ཆ་ནས་བཟོད་བསྲན་ཆུང་བས་ཀྱང་སྡུག་བསྔལ་ལྷག་པར་ཆེའོ། །སྡུག་བསྔལ་གྱི་ཁྱད་པར་ནི། ཡང་སོས་པ་རྣམས་ལས་དབང་གིས་མཚོན་ཆ་སྣ་ཚོགས་ལག་ཏུ་བྱུང་སྟེ། ཕན་ཚུན་དགྲའི་འདུ་ཤེས་ཀྱིས་ཞེ་སྡང་དྲག་པོས་བསྣུན་རེས་བྱས་པས་ཤིན་ཏུ་སྡུག་བསྔལ་བས་བརྒྱལ་ཞིང་འགྱེལ་བ་ན་ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བའམ། རླུང་གྲང་མོ་ལངས་པས་སླར་ཡང་སོས་ཏེ་སྔ་མ་ལྟར་སྡུག་བསྔལ་དྲག་པོ་ལས་མ་ཟད་ཀྱི་བར་དུ་མྱོང་ངོ་། །ཐིག་ནག་པ་རྣམས་ཀྱི་ལུས་ལ་དམྱལ་སྲུང་རྣམས་ཀྱིས་ཐིག་བཞིའམ་བརྒྱད་ལ་སོགས་པ་དུ་མ་བཏབ་ནས་དེའི་སྟེང་དུ་སོག་ལེས་འདྲ་བ་དང་། སྟ་གྲི་ལ་སོགས་པས་གཤོག་ཅིང་གཅོད་པའི་སྡུག་བསྔལ་གྲུབ་ཟིན་མེད་པའོ། །བསྡུས་འཇོམས་པ་རྣམས་ཀྱི་ལུས་གཅིག་ཏུ་འདུས་པ་ན། དམྱལ་སྲུང་རྣམས་ཀྱིས་ལྕགས་ཀྱི་རི་ར་ལུག་དང་སྟག་སེང་ལ་སོགས་པའི་གདོང་པ་ལྟ་བུའི་བར་དུ་བཅུག་ནས་བཙིར་བས་བུ་ག་ཀུན་ནས་ཁྲག་གི་རྒྱུན་འབབ་པ་དང་། ཡང་འདུས་པ་ན་ལྕགས་ཀྱི་ཐོ་གཏུན་ཆེན་པོས་ཏིལ་བཞིན་དུ་འཚིར་བ་དང་། ལྕགས་སྲེག་གི་ཕ་བོང་ཆར་འབབ་པས་བརྡུང་ཞིང་འཇོམས་པར་འགྱུར་བའི་སྡུག་བསྔལ་དང་། ངུ་འབོད་པ་རྣམས་འཇིགས་སྐྲག་གིས་གནས་འཚོལ་བ་ན་ལྕགས་ཀྱི་ཁང་པ་མཐོང་སྟེ་དེར་ཞུགས་མ་ཐག་སྒོ་ཟུམ་ཞིང་ཕྱི་ནང་ཀུན་ཏུ་མེ་འབར་བས་བསྲེགས་པས་ངུ་ཞིང་འོ་དོད་འབོད་ཀྱང་སྐྱབས་མི་རྙེད་པའི་སྡུག་བསྔལ་དང་ངུ་འབོད་ཆེན་པོ་གཞན་སྔ་མ་དང་འདྲ་བ་ལས་ལྕགས་ཁང་ཉིས་རིམ་དུ་སྔར་བཞིན་བསྲེགས་པས་སྡུག་བསྔལ་ཤིན་ཏུ་དྲག་


MLP014_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མྱོང་བ་དང་། ཚ་བ་པ་རྣམས་ཀྱི་ལུས་ལྕགས་ཀྱི་ཕྲུ་བ་དཔག་ཚད་དུ་མ་མེ་འབར་བའི་ནང་ཉ་བཞིན་བསྲེགས་པ་དང་། ལྕགས་ཀྱི་གསལ་ཤིང་འབར་བས་བཤང་ལམ་ནས་སྤྱི་བོར་ཐལ་ཕྱུང་པས་ནང་འཁྲོལ་ཐམས་ཅད་འཚིག །བུ་ག་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་འབར་བ་དང་། ལྕགས་སྲེག་གི་ས་གཞི་ལ་བསྒྱེལ་ནས་ལྕགས་ཀྱི་ཐོ་བ་འབར་བས་རྡུང་བར་བྱེད་དོ། །རབ་ཏུ་ཚ་བ་པ་རྣམས་ཀྱི་ལུས་ལྕགས་ཀྱི་གསལ་ཤིང་རྩེ་མོ་གསུམ་པ་མེ་འབར་བས་བཤང་ལམ་ནས་སྤྱི་བོ་དང་ཕྲག་པ་གཉིས་སུ་ཕུག་པས་བུ་ག་ཐམས་ཅད་ནས་མེ་འབར་བ་དང་། ལྕགས་ལེབ་མེ་འབར་བས་ལུས་དཀྲི་ཞིང་། ལྕགས་ཟངས་འགྱུར་བྱེད་ཁོལ་མའི་ནང་དུ་སྤྱི་ཚུགས་སུ་འབྲས་བཞིན་བཙོས་པ་ཤ་ཁྲག་ཞིག་ནས་ཀེང་རུས་ཙམ་ལུས་པ་དང་། ལྕགས་ཀྱི་གཞི་ལ་བཀྲམ་པས་ཤ་ཁྲག་སྐྱེས་པ་ན་སླར་ཡང་འཚོད་པར་བྱའོ། །མནར་མེད་པ་རྣམས་ཀྱི་ལུས་ལ་ལྕགས་ཀྱི་ས་གཞི་ལས་ཕྱོགས་ཐམས་ཅད་ནས་མེ་རབ་ཏུ་འབར་བ་འོངས་ཏེ། དེས་པགས་པ་ཤ་རྒྱུས་པ་རུས་པ་རྐང་གི་བར་དུ་བསྲེག་ཅིང་མར་མེའི་སྙིང་པོ་བཞིན་དུ་ལུས་དང་མེ་དབྱེར་མི་ཕྱེད་པར་འབར་བས་སྨྲེ་སྔགས་འབྱིན་པ་ལས་སེམས་ཅན་དུ་མངོན་པ་ཙམ་དང་། ལྕགས་ཀྱི་ཞིབ་མར་མདག་མེ་འབར་བ་དང་ལྷན་ཅིག་རྔོད་པ་དང་། ལྕགས་སྲེག་གི་རི་ཆེན་པོ་ལ་འབབ་འཛེག་བྱེད་དུ་འཇུག་པ་དང་། ལྕེ་ཕྱུང་སྟེ་ལྕགས་སྲེག་གི་གཞི་ལས་བརྒྱངས་ནས་ཕུར་པས་འདེབས་པ་དང་། པགས་པ་བཤུས་ནས་ལྕགས་སྲེག་གི་གཞི་ལ་གན་རྐྱལ་དུ་འཇོག་པ་དང་། ཁ་འབྱེད་བྱེད་ཀྱིས་ཕྱེ་ནས་ལྕགས་ཀྱི་ཐོ་ལུམ་དང་ཟངས་ཞུན་བླུད་པས་ཁ་དང་ལྐོག་མ་དང་ནང་ཁྲོལ་ཐམས་ཅད་འཚིག་སྟེ་རོ་སྨད་ནས་ཕྱིར་ཐོན་པ་སོགས་སྡུག་བསྔལ་བཟོད་ཐབས་མེད་པ་ཡིན་ནོ། །ཚེ་ཚད་ཀྱི་ཁྱད་པར་ནི། མངོན་པ་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་དང་། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་གསུངས་པས། མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞི་པའི་ཞག་གཅིག །དེས་བརྩིས་པའི་རང་ལོ་ལྔ་


MLP014_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཐོབ། དེ་ཡོངས་རྫོགས་ཡང་སོས་པའི་ཞག་གཅིག་ཏུ་བྱས། དེའི་ལོ་ལྔ་བརྒྱ་ནི་ཡང་སོས་པའི་ཚེ་ཚད་ཡིན་ལ། འོག་མ་རྣམས་ལོ་གྲངས་ཉིས་འགྱུར་ཉིས་འགྱུར་དུ་འཕེལ་ཞིང་ཞག་གྲངས་ཀྱང་ཉིས་འགྱུར་ཉིས་འགྱུར་གྱིས་རིང་བས་གོང་མ་གོང་མའི་བཞི་འགྱུར་འོག་མ་འོག་མ་ལ་ཡོད་པར་ཤེས་པར་བྱའོ། །གཉིས་པ་གྲང་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། གནས་ཀྱི་ཁྱད་པར་ཉི་ཟླ་ལ་སོགས་པའི་སྣང་བ་མེད་པའི་མུན་ཁྲོད་གངས་དང་འཁྱག་པའི་གཅོང་རོང་རླུང་དང་བུ་ཡུག་ཤིན་ཏུ་གྲང་བས་ཀུན་ཏུ་ཁྱབ་པ་རྣམས་སུ་ལུས་དང་ངག་གི་སྒྲའི་དོན་དང་མཐུན་པར་གྲང་བའི་སྡུག་བསྔལ་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་གྲང་བར་བཤད། དེར་སྐྱེ་བའི་བར་དོ་རྣམས་མེ་ནང་དུ་འཚིག་པ་ལྟ་བུའི་སྣང་བ་ཤར་བས་གྲང་དམྱལ་གྱི་གནས་མཐོང་སྟེ། དེ་ལ་སྲེད་པས་རྒྱུགས་པས་དེ་ཉིད་དུ་སྐྱེ་བར་འགྱུར་ཞིང་། སྡུག་བསྔལ་གྱི་ཁྱད་པར་ནི། ཆུ་བུར་ཅན་ནི། རླུང་དང་བུ་ཡུག་གི་གྲང་བས་བཏབ་པས་ལུས་ཆུ་བུར་ཧྲམ་ཧྲམ་པས་གང་བས་འཁུམས་ཏེ་སྡུག་བསྔལ་བའོ། །ཆུ་བུར་རྡོལ་བ་ཅན་ནི། གྲང་དྲགས་པས་ཆུ་བུར་ཡང་བརྡོལ་ཏེ། དེའི་ནང་ནས་སྐྱེས་པའི་ལྕགས་ཀྱི་འབུ་མཆུ་རྣོན་གྱིས་པགས་པ་འདྲལ་ཞིང་། ཞག་དང་ཆུ་སེར་འཛག་པའང་འཁྱག་པར་འགྲོ་བས་སྡུག་བསྔལ་ལོ། །ཨ་ཆུ་ཟེར་བ་ནི། སྐད་ཤིབ་ཤིབ་པོར་འབྲུ་ངག་ཅན་ཅུང་ཟད་ཙམ་ཐོན་པས་སྨྲེ་སྔགས་འདོན་པའོ། །ཀྱི་ཧུད་ཟེར་བ་ནི། དེ་བས་ཀྱང་གྲང་བས་འབྲུ་ངག་མི་ཐོན་པར་ཉེན་སྐད་ཕྲ་མོ་ཤིབ་ཤིབ་པོས་འདོན་པའོ། །སོ་ཐམ་ཐམ་པ་ནི། དེ་བས་ཤིན་ཏུ་གྲང་བས་སྐད་མི་ཐོན་པར་ལུས་འདར་བས་དཀོས་ཐག་ཅིང་སོ་འདར་རྡེབ་པའོ། །ཨུཏྤལ་ལྟར་གས་པ་ནི། དེ་བས་ཀྱང་གྲང་བའི་ལྷགས་པའི་ཤུགས་ཀྱིས་པགས་པ་སྔོན་པོར་གྱུར་ཏེ་ཁ་ལྔའམ་དྲུག་ཏུ་གྱེས་ནས་གས་པ་དང་། པདྨ་ལྟར་གས་པ་ནི། སྔོ་བ་ལས་ཀྱང་ཐལ་བས་དམར་པོ་གྱུར་ཏེ་ཁ་བཅུའམ། དེས་བས་ཀྱང་མང་བར་གས་པའོ། །པདྨ་ལྟར་ཆེར་གས་པ་ནི། གྲང་བའི་མཐར་ཐུག་པས་པགས་པ་བཤུས་ནས་ཤིན་ཏུ་དམར་བ་ཁ་བརྒྱའམ་སྟོང་ལ་སོགས་པར་གས་ནས་སྡུག་བསྔལ་ལ་བཟོད་ཐབས་


MLP014_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡིན་ནོ། །ཚེ་ཚད་ཀྱི་ཁྱད་པར་ནི། མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་པས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་ཡིན། །གཞན་གྱི་ཚེ་ནི་ཉི་ཤུའི་འགྱུར། །ཞེས་བཤད་པས། མ་ག་ངྷའི་ཁལ་བརྒྱད་ཅུ་འགྲོ་བའི་སྣོད་སྦྱངས་ཞེས་པ་ཏིལ་གྱིས་ཕྱུར་བུར་བཀང་སྟེ། ལོ་བརྒྱ་བརྒྱ་ན་ཏིལ་འབྲུ་རེ་རེ་ཕྱུང་བས་ཏིལ་དེ་ཟད་པ་ཙམ་ཆུ་བུར་ཅན་གྱི་ཚེ་ཚད་དུ་བཤད། འོག་མ་རྣམས་ལ་ཉི་ཤུ་འགྱུར་གྱི་འགྲོས་རྩི་བ་ཡིན་ནོ། །གསུམ་པ་ཉེ་འཁོར་བའི་སྡུག་བསྔལ་བསམ་པ་ནི། མཛོད་ལས། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་པ་ལྟར། ཚ་དམྱལ་བརྒྱད་པོ་ཐམས་ཅད་ཀྱི་ཕྱོགས་བཞི་པོ་རེ་རེ་ན་ཡང་། མེ་མ་མུར་ལ་སོགས་པ་བཞི་བཞི་ཡོད་པས་བཅུ་དྲུག་སྟེ། ཚ་དམྱལ་དངོས་གཞི་ལས་ཐོན་པའམ། དེ་ཉིད་དུ་སྐྱེས་ཀྱང་རུང་། ཕྱོགས་གང་དུ་བྲོས་ཀྱང་མེ་མ་མུར་གྱི་འོབས་པུས་ནུབ་ཙམ་དུ་ཚུད་དེ། དེར་རྐང་པ་བཞག་མ་ཐག་ཤ་ལྤགས་ཐམས་ཅད་སྲེག་ཅིང་བཏེགས་མ་ཐག་འཚོ་བ་དང་། དེ་ལས་ཐར་ཡང་རོ་མྱགས་ཀྱི་འདམ་རྫབ་ཤིན་ཏུ་དྲི་ང་བར་ལུས་བྱིང་བ་ན་སྲིན་བུ་མཆུ་རྣོན་མོ་ཁབ་འདྲ་བས་ཤ་ལྤགས་རུས་པའི་བར་དུ་ཕུག་སྟེ་ཟ་བ་དང་། དེ་ལས་ཡང་སྤུ་གྲི་སོ་རྣོན་གཏམས་པའི་ལམ་ལ་སླེབས་ཏེ་རྐང་པ་བཞག་མ་ཐག་དུམ་བུར་གཅོད་ཅིང་བཏེགས་མ་ཐག་སོས་པར་འགྱུར་བ་དང་། སོགས་ཁོངས་ནས་བསྡུས་པ་ནི། དེ་ལས་ཐར་ནས་རལ་གྲི་ལོ་མའི་ནགས་ཚལ་དུ་སོང་། དེར་གྲིབ་མ་ལ་འཁོད་པ་ན་ལས་རླུང་གིས་བསྐྱོད་པས་རལ་གྲི་རྣམས་ཆར་ལྟར་བབས་པས་ལུས་ཐམས་ཅད་གཅོད་ཅིང་འགྱེལ་བ་ན་ཁྱི་རྣམས་ཀྱིས་རུབ་སྟེ་ཟ་བ་དང་། དེ་ལས་ཐར་ཡང་གཅན་གཟན་གདུག་པ་ཅན་མང་པོས་དེད་པས་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་མཐོང་ནས་དེར་བྲོས་ཏེ་འབབ་འཛེག་བྱས་པས། ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཡས་མན་དུ་བལྟ་བ་ལས་ལུས་ཁྲོལ་ཚགས་བཞིན་ཕུག་ནས་ཁྭ་ཏ་སོགས་བྱ་ལྕགས་མཆུ་ཅན་གྱིས་མིག་འབྲུ་ཞིང་ཤ་འཐོག་པ་སོགས་ཀྱིས་འཇིགས་པར་བྱེད་དོ། །དེ་ལས་ཐར་ཡང་ཚ་བས་གདུངས་པས་ཆུ་ཀླུང་འབབ་པ་མཐོང་སྟེ་རྒྱུགས་པ་ན་


MLP014_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བྱེད་ཀྱི་ཆུ་བོ་རབ་ཏུ་ཚ་བའི་ནང་དུ་ལྷུངས་ཏེ། གཏིང་སོང་བ་ན་ཤ་རུས་བྲལ་ནས་རུས་པ་དཀར་སིང་གིས་སོང་། སྟེང་དུ་ཐོན་ཚེ་ཤ་སྐྱེས་ནས་ཡང་ནུབ་པ་དང་། འབྲོས་པར་འདོད་ཀྱང་འགྲམ་གཉིས་ན་དམྱལ་སྲུང་མཚོན་ཆ་ཐོགས་པ་དག་གིས་འབྲོས་སུ་མི་སྟེར་བ་དང་། རེས་འགའ་ལྕགས་ཀྱུས་ཕྱིར་ཕྱུང་ནས་གན་རྐྱལ་དུ་བཞག་སྟེ་ཅི་འདོད་ཅེས་དྲིས་པ་ན། བདག་ཅག་གིས་ཅི་ཡང་མི་ཤེས་མི་མཐོང་མོད། འོན་ཀྱང་བཀྲེས་སྐོམ་མོ། །ཞེས་བརྗོད་པ་ན་ཐོ་ལུམ་འབར་བ་དང་ཟངས་ཞུན་ཁོལ་མ་ཁར་བླུགས་པ་ལ་སོགས་པའི་སྡུག་བསྔལ་ཡོད་དོ། །དེ་དག་ལས་སྤུ་གྲི་དང་། ནགས་ཚལ། ཤལ་མ་ལི་རྣམས་རིགས་གཅིག་ཏུ་བསྡོམས་པས་ཉེ་འཁོར་བ་བཞིའོ། །འདི་དག་ལ། ཚེ་ཚད་ངེས་བཟུང་མ་བཤད་ཀྱང་སོ་སོར་ལོ་བརྒྱ་སྟོང་དུ་གནས་དགོས་པས་སྡུག་བསྔལ་དོས་ནི་དྲག་ཡུན་ནི་རིང་ངོ་། །བཞི་པ་ཉི་ཚེ་བའི་སྡུག་བསྔལ་བསམ་པ་ནི། གནས་ནི། དམྱལ་བ་ངོས་གཞིའི་ཉེ་འཁོར་དང་། རྒྱ་མཚོའི་འགྲམ། ས་འོག་དང་། ས་སྟེང་གི་རི་ཐང་ཆུ་སོགས་ངེས་མེད་དུ་གནས། སྡུག་བསྔལ་ནི་མེས་སྲེག་པ་དང་། འཁྱགས་ཤིང་གས་པ་དང་། གཤེད་མས་གསོད་ཅིང་ཟ་བ་སོགས་དང་། ཉིན་མོ་བདེ་ཞིང་མཚན་མོ་སྡུག་བསྔལ་བ་དང་། དེ་ལས་གོ་ལྡོག་པ་སོགས་ཏེ་ཚེ་ཚད་ཀྱང་ངེས་པ་མེད་དེ། གྲོ་བཞིན་སྐྱེས་དང་། དགེ་འདུན་བསྲུངས་ཀྱི་རྟོགས་བརྗོད་ལས་འབྱུང་བ་ལྟ་བུའོ། །དེས་ན་དེ་དག་ཏུ། སྐྱེ་བའི་རྒྱུ་ནི་འཆད་འགྱུར་བཞིན་སྔར་ཡང་མང་དུ་བསགས། ད་དུང་གསོག་པར་འགྱུར་ན་ཚེ་འདི་དང་དམྱལ་བའི་བར་ན་དབུགས་གྱ་གྱུ་བ་འདི་ལས་མེད་ན་བདེ་བར་སྡོད་མི་རིགས་ཏེ། ཞི་བ་ལྷས། དམྱལ་བ་ཡི་ནི་ལས་བྱས་ནས། །ཅི་ཕྱིར་འདིར་ནི་བདེ་བར་གནས། །ཞེས་དང་། བཤེས་སྤྲིངས་ལས་ཀྱང་། སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གི །དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །


MLP014_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་དང་། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་མཆི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་དང་། དེ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་ནི། རང་གི་ཉེས་སྤྱོད་ཁོ་ན་ཡིན་པས་བསྒྲིམས་ཏེ་སྤང་བར་བྱའོ། །གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། ཕལ་ཆེར་འཛམ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡོད་ཅིང་། ཁ་འཐོར་བ་ནི། ས་གཞི་རི་ཀླུང་ཐམས་ཅད་ཁྱབ་པ་ལྟ་བུར་ཡོད་དོ། །དེ་ལའང་དྲན་པ་ཉེར་བཞག་ལས་རིགས་སོ་དྲུག་ཏུ་གསུངས་ཀྱང་། བསྡུ་ན་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་དང་གསུམ་ལས། ཕྱིའི་སྒྲིབ་པ་ཅན་ནི། བཀྲེས་སྐོམ་གྱིས་ཉེན་པས་ཁ་ལུས་ཐམས་ཅད་སྐམ་ཞིང་རིད་པ། མགྲིན་པ་དང་ཡན་ལག་ཕྲ་བ། སྐྲ་འཛིངས་པ་ཟས་སྐོམ་འཚོལ་ཕྱིར་ཀུན་ཏུ་རྒྱུགས་ཀྱང་མི་རྙེད་ཅིང་། གལ་ཏེ་རྒྱང་རིང་པོ་ནས་ཟས་ཀྱི་ཕུང་པོ་དང་། ཆུ་ཀླུང་དང་ལྗོན་ཤིང་འབྲས་བུ་ཅན་ལ་སོགས་པ་མཐོང་ཡང་། དེར་ཕྱིན་པ་ན་ཟས་རྣམས་ཤུལ་ཙམ་ཡང་མེད་པར་ཡལ། ཆུ་ཀླུང་རྣམས་བསྐམས་པའམ་རྣག་ཁྲག་ཏུ་འགྱུར། ལྗོན་ཤིང་རྣམས་འབྲས་བུ་མེད་པའི་སྡོང་དུམ་སྐམ་པོར་མཐོང་བ་དང་། དེ་ལྟར་མ་སོང་ཡང་སྐྱེས་བུ་མཚོན་ཆ་ཐོགས་པ་མང་པོས་འགོག་ཅིང་བསྲུང་བ་ལ་སོགས་པའི་སྡུག་བསྔལ་ཡོད་དོ། །ནང་གི་སྒྲིབ་པ་ཅན་ནི། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་གསུངས་པ་ལྟར་ཟས་སྐོམ་རྙེད་ཅིང་ཁར་མི་ཚུད་ཅིང་། ཚུད་ཀྱང་ཟས་རྣམས་འགྲམ་ཕུགས་སུ་སྟོར། སྐོམ་རྣམས་ཁ་དུག་གིས་སྐེམ། ཅུང་ཟད་མིད་ཀྱང་མགྲིན་པ་ནས་མི་ཐར། ཐར་ཡང་ལྟོ་བ་མི་ཁེངས་པ་སོགས་ཀྱིས་བཟའ་བཏུང་མི་ནུས་པས་སྡུག་བསྔལ་ལོ། །ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་ཁོང་དུ་སོང་ཚད་ཀྱང་མེ་འབར་བར་འགྱུར་ནས་ནང་ཁྲོལ་སོགས་སྲེག་པ་དང་། ལྗན་ལྗིན་ཟ་བ་ཞེས་བཤང་གཅི་དང་རྣག་ཁྲག་མཆིལ་སྣབས་སོགས་མི་གཙང་ཞིང་དྲི་ང་བ་དང་། དུག་


MLP014_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དང་མེ་མདག་སོགས་ངན་པ་དང་དུཿཁ་བསྐྱེད་པ་ཁོ་ན་ཟ་དགོས་པའོ། །དེ་ཐམས་ཅད་ཀྱང་སྤྱིར་དུས་རྟག་ཏུ་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་གླགས་མེད་ཅིང་། གོས་དང་བྲལ་བས་ཚད་པས་འཚིག་པ་དང་། གྲང་བས་སྦྲེབས་པ་དང་། སོས་ཀ་ཟླ་བས་ཀྱང་འཚིག་ཅིང་། དགུན་ཉི་མས་ཀྱང་གྲང་བར་བྱེད་པ་དང་། དབྱར་དུས་སྤྲིན་ཡང་མེ་ཆར་དུ་འབབ་པ་དང་། རྟག་ཏུ་འཚོལ་འགྲོས་ཀྱིས་ངལ་ཞིང་ཆད་པ་དང་། ཉམ་ཞན་པས་རུས་ཚིག་འཁྲོགས་ཏེ་མེ་འབར་བ་དང་། ཕན་ཚུན་དགྲར་གྱུར་པས་འཆིང་པ་དང་། བརྡེག་པ་དང་། གསོད་པའི་འཇིགས་པ་དང་། གཏད་ས་མེད་པར་འཇིགས་སྐྲག་ཆེན་པོས་འབྲོས་པ་སོགས་སྡུག་བསྔལ་དོས་དྲག་ཅིང་ཡུན་རིང་པོར་མྱང་དགོས་པའོ། །ཚེ་ཚད་ཀྱི་ཁྱད་པར་མཛོད་ལས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་པས་མིའི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་དང་། བཤེས་སྤྲིངས་ལས། ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་གསུངས་པས། ཡི་དྭགས་ལ་ལའི་ཚེ་ཚད་ལོ་ལྔ་སྟོང་དང་ཁ་ཅིག་གི་ལོ་ཁྲི་ཡིན་པར་བཤད་དོ། །དེ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་ནི་སེར་སྣ་འཇུར་གེགས་སོགས་ཡིན་པས་བསྒྲིམས་ཏེ་བག་ཡོད་པར་བྱའོ། །གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། བྱིངས་དང་ཁ་འཐོར་བ་གཉིས། བྱིངས་ན་གནས་པ་རྒྱ་མཚོ་ཆེན་པོ་ན་ཡོད། སྐྱོབ་པའི་རྟེན་དང་གནས་མེད་པས་རླབས་ཀྱིས་བདས་ཏེ་ངེས་མེད་དུ་འཁྱམས། ཕན་ཚུན་གཅིག་ལ་གཅིག་ཟ་སྟེ། ཆེ་བས་ཆུང་བ་མིད་པ་དང་། ཆུང་བས་ཆེ་བ་ལུས་ཕུག་སྟེ་ཟ་བ་དང་། ཀླུ་རྣམས་ནི་བྱེ་ཚན་གྱིས་ཉིན་རེ་བཞིན་བསྲེག་ཅིང་མཁའ་ལྡིང་གིས་ཟ་བ་སོགས་རྟག་ཏུ་དགྲ་བྱུང་གིས་དོགས་པའི་འཇིགས་སྐྲག་གི་སྡུག་བསྔལ་བཟོད་ཐབས་མེད། ཁ་འཐོར་ལྷ་དང་མིའི་ཡུལ་ན་ཡོད་པ་འདི་རྣམས་ཡིན། མིས་བདག་ཏུ་མ་བཟུང་བ་རྣམས་ནི་དགྲ་བྱུང་གིས་དོགས་པའི་འཇིགས་སྐྲག་གིས་རྟག་ཏུ་མནར་བའི་སེམས་ལ་བདེ་བ་མེད་ཅིང་ག །ཅན་གཟན་གྱིས་ཟ་བ་དང་། མི་རྣམས་ཀྱི་དབང་མེད་པར་གསོད་པ་དང་། བདག་ཏུ་བཟུང་བ་རྣམས་ཀྱང་སྤུ་འབྱིད་པ་དང་། སྣ་འབིགས་པ་དང་། བརྡེག་ཅིང་བསྐུལ་བ་དང་། ཁུར་ལྕི་བས་མནར་བ་དང་། ཤ་དང་ཁྲག་དང་པགས་པ་དང་རུས་པའི་ཕྱིར་གསོད་


MLP014_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གླེན་ཅིང་གཏི་མུག་པས་བླང་དོར་མི་ཤེས་པས་འཐོམས་ཏེ་སྡུག་བསྔལ་བ་དང་། གཞན་ཡང་བཀྲེས་སྐོམ་ཚ་གྲང་ངལ་དུབ་སོགས་དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་འདྲ་རུང་དུ་ཡོད་པའོ། །བཤེས་སྤྲིངས་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་མྱོང་། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་འབྱུང་། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕགས་དང་ལྕགས་ཀྱུ་རྣམས་ཀྱིས་བཏབ་སྟེ་བཀོལ། །ཞེས་བསུངས་སོ། །ཚེ་ཚད་ནི། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །ཞེས་ཚེ་རིང་བས་བསྐལ་པ་ཙམ་ཐུབ་ཅིང་། ཐུང་བ་ངེས་མེད་དུ་བཤད་དོ། །དེ་ལྟར་ངན་འགྲོའི་སྡུག་བསྔལ་བསམ་པ་ནི། ད་ལྟ་མེ་ནང་དུ་མཛུབ་མོ་བཅུག་ནས་ཞག་རེ་སྡོད་པ་དང་། དགུན་གྲང་སྒང་འཁྱགས་སྦུབས་སུ་གཅེར་བུར་སྡོད་པ་དང་། ཉིན་ཞག་ཁ་ཡར་བཟའ་བཏུང་མེད་པ་དང་། ལུས་ལ་སྦྲང་བུ་དང་ལྗི་ཤིག་གིས་སོ་བཏབ་པ་ཙམ་ཡང་བཟོད་པར་དཀའ་ན། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་ཇི་ལྟར་བཟོད་སྙམ་དུ་ད་ལྟའི་རང་ཉམས་ལ་དཔགས་ནས་འཇིགས་སྐྲག་གི་སྐྱོ་ཤས་དང་ངེས་འབྱུང་དྲག་པོས་བསྐུལ་ནས་དལ་འབྱོར་དོན་ཡོད་པར་བྱའོ། །གཉིས་པ་མཐོ་རིས་ཀྱི་ཉེས་དམིགས་བསམ་པ་ནི། བསོད་ནམས་ཆ་མཐུན་གྱི་དགེ་བའི་ལས་ལམ་ཆུང་འབྲིང་ཆེན་པོ་བསགས་པ་ལས་མི་དང་འདོད་ལྷ་དང་ཁམས་གོང་མའི་ལྷར་རིམ་པ་བཞིན་སྐྱེས་ནས་དེ་དང་དེའི་གནས་སྐབས་ཀྱི་བདེ་བ་ལ་སྤྱོད་དོ། །དེས་ན་ངན་སོང་ན་བདེ་བའི་སྐབས་མེད་པས་བདེ་འགྲོ་ཐོབ་པའི་ཐབས་ལ་འབད་པར་བྱའོ་སྙམ་ན། འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྙིང་པོ་མེད། ངན་འགྲོར་དེ་ལྟར་སྡུག་བསྔལ་བར་མ་ཟད། མཐོ་རིས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པར་བསམ་དགོས། དེ་ལ་མིའི་སྡུག་བསྔལ་བསམ་པ། ལྷ་མིན་གྱི་སྡུག་བསྔལ་བསམ་པ། ལྷའི་སྡུག་བསྔལ་བསམ་པ་དང་གསུམ་ལས། དང་པོ་མིའི་སྡུག་བསྔལ་བསམ་པ་ནི། དེ་ལ་སྤྱིར་སྐྱེ་


MLP014_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་མའི་མངལ་དོག་ཅིང་མུན་ནག་དྲི་ང་བ་ཚ་གྲང་གི་འགྱུར་ལྡོག་བཟོད་དཀའ་བ་དེར་ཟླ་བ་བགྲངས་ནས་སྡོད་དགོས། དེ་ནས་མགོ་མཇུག་ལྡོག་ནས་འཇུར་མིག་ནས་དྲངས་པ་ལྟ་བུ་དང་། རེག་པ་དང་ཚེར་ལྕག་བྲབས་པ་ལྟ་བུ་དང་། ལག་ཏུ་བླངས་ཚེ་བྱིའུ་ཁྲས་ཁྱེར་བ་ལྟ་བུའི་སྡུག་བསྔལ་ཡོད་པར་འདུག །དེ་ནས་རྒས་པའི་ཚེ་ཁ་དོག་ཉམས་པས་ལུས་ཀྱི་མདངས་མི་སྡུག་པས་སྔོ་ནག་ཐལ་ཁ། མགོ་དཀར། དབང་པོའི་བཀྲག་དབྱིབས་ཉམས་པས་སོ་གོག །ལུས་རྒུར་ཞིང་ཡན་ལག་འཁྱོགས། ཤ་བསྐམས། པགས་པ་ལྷོད། གདོང་བྱད་གཉེར་མས་གང་། མཐུ་ཉམས་པས་ལྡང་བ་དཀའ། འགྲོ་ན་འཁྱོར། འདུག་ན་བུབ། སྨྲ་ན་ལྡབ་ལྡིབ་ཏུ་འགྱུར། དབང་པོ་ཉམས་པས་མིག་མི་གསལ་ཞིང་རྣ་བ་འོན། ལོངས་སྤྱོད་ཉམས་པས་ཁ་ཟས་ཉུང་ན་བཀྲེས། མང་ན་མི་འཇུ་བ་སོགས་འདོད་ཡོན་ལ་སྤྱད་དུ་མེད་ཅིང་ཀུན་གྱི་ཡིད་དུ་མི་འོང་བའོ། །ཡང་སྔོན་ལས་འཕྲལ་རྐྱེན་གྱིས་འབྱུང་བཞི་འཁྲུག་པའི་ནད་ཀྱིས་བཏབ་པས་ཟུག་རྔུ་ལྡང་ཞིང་ལུས་རྒུད་འདོད་པའི་བཟའ་བཏུང་དང་གཉིད་སོགས་ལ་སྤྱོད་པའི་དབང་མེད་མི་འདོད་པའི་སྨན་དང་དཔྱད་སོགས་བསྟེན་ཅིང་འཆི་བར་དོགས་པའི་སྡུག་བསྔལ་མཐའ་མེད། འཆི་བའི་ཚེ་སྨད་དཔྱད་རིམ་གྲོ་ཅི་བྱས་ཀྱང་མི་ཕན་པར་སྔར་འབད་པས་བསྒྲུབས་པའི་ལོངས་སྤྱོད་དང་དབང་ཐང་འཁོར་གྲོགས་ཐམས་ཅད་ཕངས་ཤིང་སྡུག་པའི་ལུས་ཀྱང་བཞག་སྟེ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་དང་བཅས་ནས་འཆི་བར་འགྱུར་རོ། །སྡུག་བསྔལ་བཞི་པོ་དེ་མི་སྤྱི་མཐུན་དུ་མྱང་དགོས་པར་མ་ཟད་བྱེ་བྲག་གི་སྡུག་བསྔལ་ཡང་སྡུག་བསྔལ་བཞི་པོ་དེ་ཤས་ཆུང་བའི་བར་སྐབས་སུ་ཡང་ལོངས་སྤྱོད་མངའ་ཐང་སོགས་ཚེ་འདིའི་བདེ་འབྱོར་ཕྲ་མོ་སྒྲུབ་པའི་དོན་དུ་ལུས་སྲོག་ཐེད་ལ་བོར་ནས་དཀའ་བ་ཇི་སྙེད་ཅིག་བྱས་ཀྱང་འདོད་པའི་དོན་མ་འགྲུབ་པའི་སྡུག་བསྔལ། ཚ་གྲངས་བཀྲེས་སྐོམ་ནད་གདོན་དགྲ་ཇག་སོགས་ཡིད་དུ་མི་འོང་བའི་རྐྱེན་དང་ཕྲད་པའི་སྡུག་བསྔལ། གཉེན་གྲོགས་འཁོར་འདབ་ལོངས་སྤྱོད་སོགས་དགའ་བདེ་སྐྱིད་དཔལ་དང་བྲལ་བའི་སྡུག་བསྔལ། མདོར་ན་འབྱོར་ལྡན་རྣམས་འཁོར་དང་ལོངས་སྤྱོད་ཇི་ཙམ་ཆེ་བ་ལྟར་དེ་དག་བསྲུང་བའི་སྡུག་བསྔལ་


MLP014_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆེ་ལ། དབུལ་པོ་རྣམས་ཟས་གོས་སོགས་འདོད་པའི་ཡོ་བྱད་བཙལ་ཡང་མ་རྙེད་པས་ཕོངས་པའི་སྡུག་བསྔལ་དང་ལྡན་པ་སྟེ། སྐྱེས་རབས་ལས། གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་འཚོལ་བས་ཤ་ཐང་ངོ་། །ཕྱུག་གམ་ཡང་ན་དབུལ་ཡང་རུང་། །གང་ནའང་དགའ་བ་མེད་པར་འགྱུར། །ཞེས་དང་། བཞི་བརྒྱ་པ་ལས་ཀྱང་། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་སྐྱེས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་བཞིན་ནི་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་རང་ཅག་གི་མངོན་དུ་གྱུར་པ་འདི་གས་མཚོན་པའོ། །གཉིས་པ་ལྷ་མིན་གྱི་སྡུག་བསྔལ་བསམ་པ་ནི། དང་པོར་ལྷའི་ཕུན་སུམ་ཚོགས་པའི་དཔལ་རྣམས་མཐོང་བའི་ཚེ། དེ་ལ་ཕྲག་དོག་པས་ཡིད་ལ་མི་བཟོད་པའི་གདུང་བ་དྲག་པོ་རྟག་ཏུ་ཡོད་ཅིང་། དུས་དུས་ན་ལྷ་དང་འཐབ་པ་ལས། ལྷ་མིན་བསོད་ནམས་མཐུ་ཆུང་བས་གསོད་པ་དང་བརྡེག་པ་དང་ཡན་ལག་གཅོད་པ་དང་འདྲལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་འབྱུང་ཞིང་། དེའི་ཚེ་ལྷ་རྣམས་ནི་མགོ་བོ་དང་སྐེད་པ་མན་ཆད་ན་གནད་དུ་ཕོག་ཀྱང་སླར་འཚོ་ལ། ལྷ་མིན་རྣམས་ནི་མི་ལྟར་གནད་དུ་ཕོག་པ་ལས་འཆི་སྟེ། ཤི་བའི་གཟུགས་བརྙན་གསེར་གྱི་ས་གཞིའི་སྟེང་དུ་ཀུན་སྣང་ཞེས་པའི་མཚོ་ལ་ཤར་བས་དམག་མ་ལོག་པའི་གོང་ནས་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བར་བཤད་ཅིང་། ལྷ་མིན་ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་དགའ། འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་ཁྱད་པར་རྟོགས་པའི་སྐལ་བ་མེད་དོ། །གསུམ་པ་ལྷའི་སྡུག་བསྔལ་བསམ་པ་ལ་གཉིས། འདོད་པའི་ལྷ་དང་། ཁམས་གོང་མའོ། །དང་པོ་འདོད་པའི་ལྷ་རྣམས་ནི། སྔར་འདོད་ཡོན་ལ་བག་མེད་པར་སྤྱད་པའི་བདེ་བས་བྲིད་དེ། ཚེ་ཟད་པ་མ་ཚོར་བ་ལ་སོང་སྟེ་འཆི་འཕོ་བ་ན། ལུས་ཀྱི་མདོག་མི་སྡུག་པ་དང་། སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིང་པ་དང་། གོས་ལ་དྲི་མ་ནག་པོ་ཆགས་པ་དང་། ལུས་ལ་སྔོན་མེད་པའི་རྡུལ་འབྱུང་བ་སྟེ་འཆི་ལྟས་ལྔ་ལྷའི་ཞག་བདུན་གྱི་གོང་དུ་འབྱུང་བས་འཆི་འཕོའི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་


MLP014_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། དེའི་ཚེ་རང་གི་ལྷ་མོ་དང་འཁོར་རྣམས་ཀྱིས་ཀྱང་སྤངས་ཏེ་ལྷ་གཞན་གྱི་དྲུང་དུ་སོང་བས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཆེར་སྐྱེད་ཅིང་། ཁྱད་པར་ལྷའི་དཔལ་དང་འདོད་ཡོན་ལ་ཆགས་ཀྱང་དབང་མེད་དུ་འབྲལ་བར་ཤེས། ཤི་ནས་ཀྱང་ལྷར་སྐྱེ་བ་ནི་སྲིད་པ་ཙམ་སྟེ་མིར་སྐྱེ་བའང་ཉུང་། ཕལ་ཆེར་ངན་སོང་དུ་སྐྱེ་བས། དེའི་སྡུག་བསྔལ་བཟོད་དཀའ་བ་ཡུན་རིང་དུ་མྱང་དགོས་པར་ཤེས་ནས་འོག་ཏུ་ལྟུང་བའི་སྡུག་བསྔལ་བཟོད་གླགས་མེད་པར་འབྱུང་སྟེ། དྲན་ཉེ་ལས། ལྷ་ཡི་གནས་ནས་ལྷུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེ་ལ་སེམས་ཅན་དམྱལ་བ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་དང་། བཤེས་སྤྲིངས་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །སླར་ཡང་ལས་ཀྱི་དབང་གིས་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་པ་ལྟར་རོ། །གཞན་ཡང་ལྷ་བསོད་ནམས་ཆེ་བ་རྣམས་ཀྱིས་འདོད་ཡོན་གྱི་དཔལ་མཐོང་བ་ན། བསོད་ནམས་ཆུང་བ་རྣམས་སེམས་ཁོང་དུ་ཆུད་ནས་སྤ་བཀོང་བར་འགྱུར་བ་དང་། མཐུ་ཆེ་བས་ཆུང་བ་རྣམས་གནས་ནས་སྐྲོད་པའི་སྡུག་བསྔལ་དང་། ཁྱད་པར་རྒྱལ་ཆེན་བཞི་པའི་རིགས་དང་། སུམ་ཅུ་རྩ་གསུམ་པ་རྣམས་ལ་ལྷ་མ་ཡིན་དང་འཐབ་ཅིང་རྩོད་པ་དང་། ལུས་མཚོན་གྱིས་གཅོད་པ་དང་འདྲལ་བ་དང་གསོད་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ཡོད་དོ། །གཉིས་པ་ཁམས་གོང་མའི་སྡུག་བསྔལ་བསམ་པ་ནི། གཟུགས་དང་གཟུགས་མེད་པ་དག་ན། སྡུག་བསྔལ་གྱི་སྡུག་བསྔལ་མངོན་གྱུར་བ་མེད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པ་དང་། ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་པས་སོ་སྐྱེ་རྣམས་ཡོན་ཏན་གོང་འཕེལ་དུ་འགྲོ་བ་མེད་ཅིང་། ཏིང་ངེ་འཛིན་གྱི་རོ་མྱང་བས་རོ་མྱང་ཅན་གྱི་ཏིང་ངེ་འཛིན་དང་བྲལ་མི་ཕོད་ཅིང་། དེས་རང་རང་གི་ཏིང་ངེ་འཛིན་ཉམས་ནས་འཆི་བའང་ཡོད། སྒོས་སུ་དེར་གནས་པའི་སོ་སྐྱེ་རྣམས་སྔོན་ལས་ཀྱི་འཕེན་པ་ཟད་པ་ན་སླར་ཡང་འདོད་པའི་ཁམས་སུ་སྐྱེ་བ་ལེན་ཏེ། སྔོན་མའི་རྟེན་ལ་འཇིག་རྟེན་པའི་ཏིང་ངེ་འཛིན་བསྒོམས་པའི་སྐབས་


MLP014_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྐབས་དེར་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་ཉམས་བདེ་བདེ་འདྲ་བར་འདུག་ཀྱང་ཡིད་བརྟན་མེད་པར་ནམ་མཁར་འཕངས་པའི་མདའ་བཞིན་དུ་ཟག་བཅས་ཀྱི་བདེ་བའི་འཕེན་ཤུགས་ཟད་པ་ན་སླར་ངན་སོང་དུ་ལྟུང་བར་འགྱུར་ཏེ། བཤེས་སྤྲིངས་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་པ་ལྟར་རོ། །དེས་ན་མེ་ཆེ་ཆུང་ཅི་ཡང་ཚ་བ་ལས་མ་འདས་པ་ལྟར། ཁམས་གསུམ་འཁོར་བ་འདི་མཐོ་དམའ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། གནས་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་གང་ལ་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མ་འདས་ཏེ། རྒྱུད་བླ་ལས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མི་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་སྡུག་བསྔལ་གསུམ་གྱི་རང་བཞིན་བསམ་པ་ནི། སྤྱིར་འཁོར་བ་ལ་སྡུག་བསྔལ་ནི་རྒྱུ་འབྲས་གཉིས་ཏེ། དང་པོ་ནི། ལྷ་དང་མི། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང་བསམ་པ་མི་དགེ་བས་ཟིན་པ་སྦྱོར་བ་སྡིག་པ་ལ་སྤྱོད་པ་རྣམས་སོ། །གཉིས་པ་ནི། ངན་སོང་གསུམ་དང་། མཐོ་རིས་ཀྱི་བཀྲེན་ཕོངས་ཅན་དང་། ལུས་ནད་དང་། སེམས་མྱ་ངན་གྱིས་ཟིན་པ་སོགས་སོ། །སྡུག་བསྔལ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་མོ། །དང་པོ་ནི། དཔེར་ན་རྨ་ཁར་དུག་བཏབ་པ་བཞིན་ཚ་གྲང་བཀྲེས་སྐོམ་སོགས་ཚོར་བ་སྡུག་བསྔལ་ཐམས་ཅད་ཡིན་ཏེ། གཙོ་བོར་ངན་སོང་གསུམ་ནའོ། །གཉིས་པ་ནི། དཔེར་ན་གྲང་བའི་ཚེ་མེ་ལ་བསྟེན་པ་བཞིན། ཚེ་དང་ལོངས་སྤྱོད་སོགས་ཐ་ན་བསམ་གཏན་གྱི་བདེ་བ་ཚུན་ཆད་དེ་ཚོར་བ་བདེ་བ་ཐམས་ཅད་ཡིན་ཏེ་གཙོ་བོར་མི་དང་འདོད་པའི་ལྷ་རྣམས་སོ། །གསུམ་པ་ནི་དཔེར་ན་སྐོམ་ནད་ཅན་ལན་ཚྭའི་ཆུ་འཐུང་བ་བཞིན། སྡུག་བསྔལ་དེ་གཉིས་


MLP014_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་གཞི་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཙམ་འདི་སྡུག་བསྔལ་ཐམས་ཅད་ཀྱི་བསྐྱེད་གཞི་ཡིན་ཏེ། འདི་ལས་སྐྱེ་རྒ་སོགས་སྡུག་བསྔལ་ཐམས་ཅད་རིམ་ཅན་དུ་འབྱུང་ཞིང་འདི་ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་པའི་ཚེ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་མིང་ཐོབ་པ་ཡིན་ཏེ། གཙོ་བོར་བསམ་གཏན་བཞི་ནའོ། །དེ་ལྟར་ཡང་མདོ་ལས། ཚོར་བ་གང་ཅི་ཡང་རུང་བ་དེས་ན་ཐམས་ཅད་སྡུག་བསྔལ་བའོ། །ཞེས་གསུངས་པའང་དེ་ལ་དགོངས་པའོ། །འདི་ལས་མ་ཐར་ན་གཞན་གཉིས་ལས་ཐར་བ་མེད་དེ་ཤིང་སྡོང་གི་རྩ་བ་མ་བཅད་ན་ལོ་འདབ་བཅད་ཀྱིས་མི་ལང་བ་བཞིན་ཤེས་པར་བྱའོ། །བཞི་པ་ལས་རྒྱུ་འབྲས་བསམ་པ་ནི། ལས་འབྲས་སྤྱིར་བསམ་པ། བྱེ་བྲག་ཏུ་བསམ་པ། བདེན་བཞིས་འགག་བསྡུ་བའོ། །དང་པོ་སྤྱིར་བསམ་པ་ནི། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པས། དགེ་བའི་ལས་ཀྱི་འབྲས་བུ་བདེ་བ་དང་། མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་བསྔལ་ཏེ་དཀར་ནག་གི་ལས་འབྲས་སོ་སོར་སྨིན་ཚུལ་བསམ་གྱིས་མི་ཁྱབ་པར་གསུངས་པས་སྤང་བླང་བྱེད་དགོས། ལས་དགེ་སྡིག་གང་ཡིན་ཡང་རུང་། རྒྱུ་ལས་ཀྱི་དུས་ན་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྣམ་སྨིན་གྱི་དུས་ན་འཕེལ་ཏེ་ཆེ། འགྱུར་ཆེ་ཤོས་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ། འགྱུར་ཆེ་བ་ལ་ཚད་བཟུང་དུ་མེད་དེ། ནས་སོགས་འབྲུའི་ས་བོན་གྱི་འཕེལ་སྐྱེད་བཞིན་ནོ། །དེས་ན་རང་གིས་བསགས་པའི་ལས་གཉེན་པོས་མ་བཅོམ་ན། འབྲས་བུ་མ་སྨིན་གྱི་བར་དུ་ཆུད་འཛའ་བ་མི་སྲིད་པས་བླང་དོར་གྱི་གནས་ལ་གཟབ་པ་གལ་ཆེའོ། །གཉིས་པ་བྱེ་བྲག་ཏུ་བསམ་པ་ལ། མི་དགེ་བ་སྤང་བྱར་བསམ་པ། དགེ་བ་བསྒྲུབ་བྱར་བསམ་པ། ལུང་མ་བསྟན་དགེ་བར་བསྒྱུར་བའོ། །དང་པོ་ནི། དེ་ཡང་ལས་མི་དགེ་བ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་སུས་སྤྱད་ཀྱང་སྡིག་པར་འགྱུར་བ། དུག་གསུམ་དང་ཕྲག་དོག་སེར་སྣ་ལ་སོགས་པ་རྩ་ཉོན་དང་ཉེ་ཉོན་ཉེས་སྤྱོད་ཀུན་ནས་སློང་ནུས་པ་རྣམས་དང་། དེ་དག་


MLP014_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་མི་དགེ་བ་ཐམས་ཅད་དང་བཅས་པའི་ཁ་ན་མ་ཐོ་བ་གང་གིས་སྡོམ་པ་བླངས་པ་དེ་ལས་ལོག་པར་སྤྱད་ན་སྡིག་པར་འགྱུར་བ་རྣམས་སོ། །དེས་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱུ་མི་དགེ་བའི་ལས་ལས་བྱུང་མོད། མི་དགེ་བ་དེ་ལ་རྣམ་གྲངས་མང་ཡང་བླང་དོར་གྱི་གནས་ལ་གལ་ཆེ་བ་ཆེ་ལོང་ཙམ་དུ་བསྡུ་ན་བཅུ་སྟེ། མཛོད་ལས། དེ་ནས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་བཤད་དོ། །ཞེས་གསུངས་པས། དེ་ལ་ལུས་ཀྱི་ལས་གསུམ་ལས། སྲོག་གཅོད་པ་ནི། སྲོག་གཅོད་འདོད་ཀྱིས་གསད་བྱ་མ་ནོར་བར་བསད་པ། མ་ཤི་བར་དུ་གསོད་སེམས་ལས་མ་ལྡོག་པའོ། །མ་བྱིན་པར་ལེན་པ་ནི། གཞན་གྱི་ནོར་རང་ལ་མ་བྱིན་པར་འཕྲོག་པའམ་བརྐུས་པ་སོགས་གང་ཡིན་ཡང་རུང་སྟེ་རང་གིས་ཐོབ་བློ་སྐྱེས་པའོ། །འདོད་པས་ལོག་པར་གཡེམ་པ་ནི། ཡུལ་མ་ཡིན་པ་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད། བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ་དང་། གཞན་གྱི་གླ་རྔན་མ་སྦྱངས་པའི་སྨད་འཚོང་མ། ཕ་མ་རྒྱལ་པོ་སོགས་གཞན་གྱིས་བསྲུངས་པ། ཚངས་སྤྱོད་ཀྱི་སྡོམ་པས་བསྲུངས་པ་རྣམས་སོ། །དུས་མ་ཡིན་པ་ནད་བུ་ཅན་དང་། མྱ་ངན་ཅན་དང་། སྦྲུམ་མ་དང་། ཟླ་མཚན་འབབ་པ་དང་། ནམ་ཡང་འདོད་པས་མ་ངོམས་པ་སོགས་སོ། །གནས་མ་ཡིན་པ་མཆོད་རྟེན་དང་གཙུག་ལག་ཁང་དང་། གྱོ་མོ་མང་པོའི་དབུས་དང་བསྒྲོད་བྱ་ལ་གནོད་པའི་ས་གཞི་འབར་འབུར་སྲ་མཁྲེགས་ཅན་སོགས་སོ། །ལམ་མ་ཡིན་པ་སྐྱེ་གནས་ལས་གཞན་པའི་སྒོར་བསྟེན་པ་རྣམས་སོ། །དེ་དག་ནི་ཁྱིམ་པའི་དབང་དུ་བྱས་ཀྱི། ཚངས་སྤྱོད་རྣམས་ནི་མི་ཚངས་པར་སྤྱོད་པ་ཅི་འདྲ་ཞིག་བསྟེན་ཀྱང་ལོག་གཡེམ་མོ། །ངག་གི་ལས་བཞི་ལ་རྫུན་སྨྲ་ནི། བསླུ་སེམས་ཀྱིས་འདུ་ཤེས་བསྒྱུར་ནས། ཤེས་བཞིན་དུ་མི་བདེན་པར་སྨྲས་པ་ལ། ཕ་རོལ་པོས་དོན་གོ་བའོ། །འདི་ནི་ངག་གི་རིག་བྱེད་ཙམ་དུ་མ་ཟད། ལུས་ཀྱི་བརྡས་ཀྱང་དེར་འགྱུར་བ་ཡོད་དོ། །ཕྲ་མ་ནི། མི་མཐུན་པ་མེད་པའི་འགྲོ་བ་གཉིས་དབྱེ་འདོད་ཀྱིས་དཀྲུགས་ཀྱི་ཚིག་སྨྲས་ཤིང་ཕ་རོལ་གྱིས་དོན་གོ་བ་ནའོ། །ཚིག་རྩུབ་ནི། དངོས་སུ་ཐོས་པར་དེའི་སྐྱོན་བརྗོད་པ་སོགས་ཞེ་ལ་འཕོག་པའི་


MLP014_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྨྲས་ཤིང་དེས་གོ་བའོ། །ངག་འཁྱལ་ནི། དེ་གསུམ་མ་ཡིན་པ་གཞན་ཁ་གསག་གླུ་དང་ཟློས་གར་དམག་དང་ཚོང་དང་ཆགས་པའི་གཏམ་ལ་སོགས་པ་དང་། ལྟ་ལོག་གི་ཆོས་ཀྱི་གཏམ་སྨྲ་བ་སོགས་སོ། །ཡིད་ཀྱི་ལས་གསུམ་ལས་བརྣབ་སེམས་ནི། གཞན་གྱི་གནས་ཁང་ལོངས་སྤྱོད་འཁོར་གཡོག་ལ་སོགས་པ་རྣམས་རང་གིར་བྱེད་འདོད་པའི་བསམ་པ་གཏིང་ཚུགས་པར་བྱེད་པའོ། །གནོད་སེམས་ནི། གཞན་ལ་གནོད་པར་བྱེད་འདོད་པས་སྡུག་བསྔལ་འབྱུང་བར་གྱུར་ཅིག་སྙམ་པའི་བསམ་པ་གཏིང་ཚུགས་པའོ། །ལོག་ལྟ་ནི། ལས་འབྲས་མི་བདེན་པ་དང་། ཚེ་སྔ་ཕྱི་དང་། དཀོན་མཆོག་གསུམ་སོགས་མེད་པར་འཛིན་པ་དམ་པོ་འཆང་བ་ཡིན་ནོ། །དེ་ལྟར་བཅུ་པོ་ནི་ལས་ལམ་རྫོགས་པའི་དབང་དུ་བྱས་ཀྱི། བསམ་བཞིན་མ་ཡིན་པར་ནོར་ཏེ་བསད་པ་སོགས་བཅུ་པོའི་ཕྱོགས་མཐུན་ཐམས་ཅད་སྤོང་བ་ལ་ནན་ཏན་དུ་བསླབ་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་བཅས། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས་པ་ལྟར་རོ། །ད་ནི་མི་དགེ་བ་དེ་དག་གི་འབྲས་བུ་ནི་གསུམ་སྟེ། རྣམ་སྨིན་དང་། རྒྱུ་མཐུན་དང་། བདག་པོའི་འབྲས་བུའོ། །དང་པོ་ནི། མི་དགེ་བ་དེ་དག་ཀྱང་ཀུན་སློང་དྲག་ཞན་ལ་སོགས་པའི་བྱེ་བྲག་གིས་ཆེན་པོ་དང་འབྲིང་དང་ཆུང་ངུ་གསུམ་དུ་འགྱུར་ལ་དེ་ཡང་ཆེ་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་བས་དུད་འགྲོར་སྐྱེ་བ་ཡིན་ཏེ། སྔར་བཤད་པའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་བ་ཡིན་ནོ། །གཉིས་པ་མྱོང་བ་རྒྱུ་མཐུན་ནི། སྲོག་བཅད་པས་ཚེ་ཐུང་། བརྐུས་པས་ལོངས་སྤྱོད་ཆུང་། ལོག་གཡེམ་གྱིས་དགྲ་མང་། རྫུན་གྱིས་སྐུར་པ་མང་། ཕྲ་མས་གྲོགས་དང་འཁོན། ཚིག་རྩུབ་ཀྱིས་མི་སྙན་པ་ཐོས། ངག་འཁྱལ་གྱིས་ངག་མི་བཙན། བརྣབ་སེམས་ཀྱིས་རེ་བ་མི་འགྲུབ། གནོད་སེམས་ཀྱིས་འཇིགས་པ་བསྐྱེད། ལོག་ལྟས་གླེན་ཅིང་མུག་པར་འགྱུར་རོ། །བྱེད་པ་རྒྱུ་མཐུན་ནི། སྔར་ལས་དེ་དང་དེ་བྱས་པས་ཕྱིས་ཀྱང་དེ་དང་དེ་ལ་དགའ་བའོ། །གསུམ་པ་བདག་པོའི་འབྲས་བུ་ནི། ཕྱི་རོལ་ཡུལ་ལ་སྨིན་པར་འགྱུར་ཏེ། སྲོག་གཅོད་ཀྱིས་འབྲུ་དང་སྨན་སོགས་མཐུ་ཆུང་། བརྐུས་པས་ལོ་ཉེས། ལོག་གཡེམ་གྱིས་ས་ཕྱོགས་རྡུལ་དང་ཁུག་སྣ་རྡུལ་གྱིས་འཁྲིགས། རྫུན་སྨྲས་


MLP014_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པས་ས་ཕྱོགས་དྲི་ང་ཞིང་ལྗན་ལྗིན་གྱིས་གང་། ཕྲ་མས་ས་གཞི་གཡང་ས་དང་ངམ་གྲོག་རད་རོང་དུ་འགྱུར། ཚིག་རྩུབ་ཀྱིས་ཐང་སྐྱ་བོ་དང་ཚེར་མ་དང་ཚྭ་སྒོ་ཅན་དུ་འགྱུར། ཀྱལ་པས་ནམ་ཟླ་དུས་བཞི་ཚུལ་མིན་དུ་འགྱུར། བརྣབ་སེམས་ཀྱི་འབྲུ་ཕྲ་བ་དང་ངན་པར་འགྱུར། གནོད་སེམས་ཀྱིས་རོ་བཅུད་བཟང་པོ་རྣམས་ངན་པར་འགྱུར། ལོག་ལྟས་འབྲུ་རྣམས་ཉུང་ངུ་ནས་གཏན་མེད་ཀྱི་བར་དུ་འགྱུར་བ་སོགས་སོ། །དེ་ལྟར་རྒྱུ་མཐུན་དང་བདག་པོའི་འབྲས་བུ་འདི་རྣམས་སྐྱེ་བ་དེ་དང་ཕྱི་མའི་བར་སྐབས་མ་ངེས་པར་འབྱུང་བའོ། །གཉིས་པ་དགེ་བ་བསྒྲུབ་བྱར་བསམ་པ་ནི། སྤྱིར་གཉེན་པོ་བརྒྱད་ཁྲི་བཞི་སྟོང་སོགས་བསམ་གྱིས་མི་ཁྱབ་ཀྱང་། རགས་པ་ཆེ་ལོང་དུ་བསྡུས་ན་སྔར་བསྟན་པའི་མི་དགེ་བ་བཅུ་པོ་ཡིད་ཀྱིས་སྤངས་ནས་ལུས་ངག་གིས་སླར་ལོག་པའི་སྤོང་སེམས་སྤྱོད་ལམ་བཅས་པ་དེ་ཡིན་ན། བདག་འདི་ལ་རྟག་ཏུ་གནས་པར་བྱའོ་སྙམ་དུ་བསམ་ཞིང་། དེ་ལ་མི་དགེ་བཅུ་ཡིད་ཀྱིས་སྤངས་པའི་གོ་དོན་ནི། དེ་རྣམས་ཉེས་དམིགས་ཀྱིས་སྐྱོན་ཅན་དུ་ཤེས་ན་ནམ་ཡང་མི་འདོད་པ་ཡིན། ལུས་ངག་གིས་སླར་ལོག་པ་ནི། བཅུ་པོ་དེ་དག་རྒྱུན་དུ་མི་བྱ་བར་མ་ཟད། དེ་དག་བྱས་ན་གནས་སྐབས་སུ་ཁེ་ཆེ་ཞིང་འབད་མེད་དུ་བྱེད་ཐུབ་པའི་སྐབས་བྱུང་ཡང་ཡིད་ཀྱིས་སྤངས་པ་དེ་དྲན་པས་བྱ་བ་དེ་ལ་འཇུག་པར་མི་ནུས་པ་དེ། ལུས་ངག་གི་བདུན་པོ་ལ་ནི་འདི་གཉིས་ཀ་ཚང་དགོས་ལ། ཡིད་ཀྱི་གསུམ་ནི་ཡིད་ཀྱིས་སྤངས་པ་ཁོ་ནས་སོ། །མི་དགེ་བ་ལ་མི་རུང་བར་སེམས་པ་ནི་སྤོང་སེམས་ཡིན་ལ། དེ་ལྟར་ཤེས་པ་ནི་ཀུན་རྫོབ་ཤེས་པ་མ་འཁྲུལ་བ་ཡིན་པས་གཉེན་པོ་འགྱུར་ཞིང་ཚུལ་ཁྲིམས་ཀྱི་ངོ་བོའང་ཡིན་ནོ། །སྤོང་སེམས་འཕེན་ཤུགས་ཆེ་བ་ཡོད་ན། གཉིད་རྨུགས་དང་རྣམ་གཡེང་སོགས་ཀྱིས་བར་ཆོད་ཀྱང་། རྐྱེན་དེ་དམིགས་པའི་ཚེ་ཉེས་སྤྱོད་དུ་ཤེས་ནས་སྡོམ་པར་འགྱུར་རོ། །འདི་ནི་སྔར་གྱི་འཕེན་ཤུགས་དེའི་ས་བོན་གྱི་མཐུ་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་མི་དགེ་བཅུ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་དགེ་བ་བཅུའོ། །དེར་མ་ཟད་མདོར་ན་ལུས་ཀྱི་ལས་ཕྱག་སྐོར་མཆོད་པ་སེམས་ཅན་དང་ཆོས་ཀྱི་དོན་དུ་འགྲོ་འོང་། ངག་གི་ལས་བསྟོད་པ་བཟླས་བརྗོད་སེམས་ཅན་དང་


MLP014_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དོན་དུ་སྨྲ་བ་སོགས་དགེ་བས་ཀུན་ནས་བསླངས་པའི་ལུས་ངག་གི་བྱ་བྱེད་ཐམས་ཅད་དང་། ཡིད་ཀྱི་ལས་དད་གུས་ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་རང་བཞིན་གྱི་དགེ་སེམས་སུ་གྱུར་ཚད་ནན་ཏན་དུ་བསྒྲུབ་པར་བྱ་སྟེ། ཆགས་སྡང་གཏི་མུག་མེད་ལས་སྐྱེ། །དེས་བསྐྱེད་ལས་ནི་དགེ་བ་སྟེ། །ཞེས་པ་ལྟར་རོ། །ད་ནི་དགེ་བ་དེ་དག་གི་འབྲས་བུ་ཡང་གསུམ་སྟེ། རྣམ་སྨིན་དང་། རྒྱུ་མཐུན་དང་། བདག་པོའི་འབྲས་བུའོ། །དང་པོ་ནི། དགེ་བ་དེ་དག་ཀྱང་སྦྱོར་དངོས་མཇུག་གསུམ་ཐམས་ཅད་དགེ་སེམས་ཀྱིས་ཟིན་པ་དང་མ་ཟིན་པ་ལས་དགེ་བའི་སྟོབས་ཆེ་འབྲིང་ཆུང་གསུམ་དུ་འགྱུར་རོ། །ཆེན་པོས་ཁམས་གོང་མའི་ལྷ་དང་། འབྲིང་གིས་འདོད་པའི་ལྷ་དང་། ཆུང་ངུས་མིར་སྐྱེ་བ་ཡིན་ནོ། །དགེ་བ་ཡིན་ཡང་བསམ་པ་མ་དག་པ་སོགས་ཀྱིས་ནི་ལྷ་མིན་དུ་སྐྱེ་བར་མདོ་ལས་བཤད་དོ། །གཉིས་པ་རྒྱུ་མཐུན་བདག་པོའི་འབྲས་བུ་ནི། སྔར་མི་དགེ་བ་བཅུའི་སྐབས་སུ་བཤད་པ་དེ་ཉིད་འདིར་མཐུན་ཕྱོགས་སུ་གྱུར་པ་སྟེ། རིན་ཆེན་ཕྲེང་བ་ལས། ཚེ་རིང་འབྱོར་པ་དགྲ་སྤངས་དང་། །བསྟོད་དང་གྲགས་མང་སྙན་པའི་གཏམ། །ཚིག་བཙུན་བསམ་པ་འགྲུབ་པ་དང་། །ཡིད་བདེ་བ་དང་བློས་གྲོས་འཕེལ། །འདི་དག་དགེ་བའི་རྒྱུ་མཐུན་བཅུ། །མཐུ་ཆེ་ལོ་ལེགས་ཉམས་དགའ་བ། །མཐོ་དམན་སྙོམས་དང་ཞིང་ས་གཤིན། །རྩྭ་ཤིང་རྒྱས་དང་དུས་ཚིགས་རན། །འབྲུ་སྦོམ་རོ་ཞིམ་འབྲས་བུ་རྒྱས། །དགེ་བ་བཅུ་ཡི་བདག་འབྲས་ཡིན། །ཞེས་སོ། །དེ་ལྟར་དགེ་བ་བཅུ་ལ་གནས་པ་ནི་འདི་ཕྱི་ཀུན་ཏུ་བདེ་བའི་རྒྱུ་ཡིན་པས་ཅི་ནས་ཀྱང་བསྒྲུབ་པར་བགྱིའོ་སྙམ་དུ་བྱ་བ་གལ་ཆེའོ། །གསུམ་པ་ལུང་མ་བསྟན་པའི་ལས་ནི། ཀུན་སློང་དགེ་མི་དགེའི་བསམ་པ་གང་གིས་ཀྱང་མ་ཟིན་ཅིང་། འབྲས་བུ་བདེ་སྡུག་ལུང་བསྟན་དུ་མེད་པའི་ལས་ཟས་ཟ་བ་དང་འགྲོ་འཆག་ལ་སོགས་པའོ། །དེ་དག་གང་སྤྱད་ཀྱང་དོན་མེད་པ་ལ་དུས་འདའ་བའི་ཕྱིར་དགེ་བར་བསྒྱུར་བ་གལ་ཆེ་བས། བདག་གི་ཟ་བ་དང་འགྲོ་འཆག་ལ་སོགས་པ་འདི་དག་གིས་འབྲས་


MLP014_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མི་བསྐྱེད་ཅིང་འཁོར་བ་ལས་ཐར་པའི་རྒྱུར་མི་འགྲོ་བ་འདུག་དོན་མེད་དུ་དེ་ཙམ་ཟད་དུ་འཕངས། ད་ཅི་ནས་ཀྱང་དགེ་བར་བསྒྱུར་བར་བགྱིའོ་སྙམ་དུ་སྒོ་གསུམ་གྱི་བྱ་བྱེད་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་སྟེ། བཞི་བརྒྱ་པ་ལས། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེ་བའམ་གལ་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དགེའི་དབང་གྱུར་ཕྱིར། །ཞེས་དང་། སྤྱོད་འཇུག་ལས། དེང་ནས་བརྩམས་ཏེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར་ཁ་ཕྱིར་བལྟས་སུ་མ་སོང་བར་བློ་རྩེ་ནང་དུ་བཀུག་སྟེ་ཅི་བྱས་དགེ་བའི་ལས་ལམ་དོན་ཡོད་པ་ལ་མཐའ་བསྐྱང་བར་བྱའོ། །གསུམ་པ་བདེན་བཞིས་འགག་བསྡུ་བ་ནི། དེ་ཡང་བདེན་པ་ནི་མི་བསླུ་བའི་དོན་ཡིན་ལ་རྒྱུ་ལས་དང་ཉོན་མོངས་ཀྱི་རྟེན་འབྲེལ་ལས་འབྲས་བུ་ཁམས་གསུམ་དུ་སྣང་བ་ཡང་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་ལས་བྱུང་བ་སྟེ་བདེན་པ་དང་པོ་གཉིས་སོ། །རྒྱུ་བྱང་ཆུབ་ཀྱི་ཕྱོགས་ལ་འབད་པས་འབྲས་བུས་རྣམ་པར་གྲོལ་བའི་གནས་ཐོབ་པ་ཡང་མི་བསླུ་བ་ཉིད་ཀྱིས་བདེན་པ་སྟེ་འཕགས་པའི་བདེན་པ་ཞེས་བྱའོ། །དེས་ན་སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་པ་བཞིར་འདུས་པས་ཐར་འདོད་རྣམས་ཀྱི་ཉམས་སུ་བླང་བྱ་ཡང་བདེན་བཞིར་མ་འདུས་པ་མེད་དོ། །དེ་ཡང་ཀུན་འབྱུང་དང་། སྡུག་བསྔལ་དང་། ལམ་དང་། འགོག་པ་སྟེ་བཞིའོ། །དང་པོ་ཀུན་འབྱུང་གི་བདེན་པ་ནི། གཞིའི་གནས་ལུགས་སྨྲ་བསམ་བརྗོད་མེད་སྟོང་ཉིད་དུ་གནས་པ་ཉིད་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས། ཀུན་ཏུ་བཏགས་པའི་མ་རིག་པས་རིས་སུ་བཅད་ནས་ཕུང་པོ་ལ་བདག་ཏུ་བཟུང་བས་འཁྲུལ་ལོ། །ཕུང་པོ་ལ་བདག་འཛིན་ཞུགས་པས། ཡུལ་མཐུན་པ་ལ་བརྟེན་ནས་འདོད་ཆགས། མི་མཐུན་པ་ལ་བརྟེན་ནས་ཞེ་སྡང་། བར་མ་ལ་བརྟེན་ནས་གཏི་མུག་སྐྱེ། དུག་གསུམ་ལ་བརྟེན་ནས་དུག་ལྔ་སྐྱེ་སྟེ། དེ་


MLP014_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཀུན་ནས་ཉོན་མོངས་པའི་རྟེན་ཅན་གྱི་རྟོག་པ་ཞེས་བྱ་སྟེ། དཔེར་ན་དབྱར་གྱི་ས་གཞི་དང་འདྲ་སྟེ་ལས་ཐམས་ཅད་སྐྱེ་ཞིང་འགྲུབ་པར་བྱེད། ལས་ལ་རྣམ་གྲངས་མང་ན་ཡང་འཁོར་བར་འཕེན་བྱེད་ཀྱི་ལས་ནི་གསུམ་དུ་འདུས། བསོད་ནམས་མ་ཡིན་པའི་ལས། བསོད་ནམས་ཀྱི་ལས། མི་གཡོ་བའི་ལས་སོ། །དེ་གསུམ་གྱི་དང་པོས་ངན་འགྲོར་འཕེན། གཉིས་པས་འདོད་པའི་བདེ་འགྲོ་དང་། གསུམ་པས་ཁམས་གོང་མ་གཉིས་འཕེན་པར་བྱེད་དོ། །ལས་ཀྱི་དབྱེ་བ་ནི་གོང་དུ་བཤད་པ་བཞིན་ནོ། །དེས་ན་འཁོར་བའི་རྩ་བ་ཉོན་མོངས་པ་དེ་རང་རྒྱུད་ལ་ནམ་སྐྱེས་པ་ན་གཉེན་པོས་ཟིན་པར་བྱས་ནས་ལྡོག་པ་གལ་ཆེ་སྟེ། དམ་པས། ཉོན་མོངས་སྐྱེས་ཚེ་གཉེན་པོས་མ་སླེབས་ན། །ཆོས་ཀྱི་དགོས་པ་སྟོར་རོ་དིང་རི་བ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་སྡུག་བསྔལ་བདེན་པ་ནི། རྒྱུ་ཀུན་འབྱུང་སྟེ། ཉོན་མོངས་པ་དུག་གསུམ་དང་། དུག་ལྔ་ལས་འབྲས་བུ་ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་ཏེ་འགྲོ་བ་རིགས་དྲུག་གི་ལས་དང་སྡུག་བསྔལ་ལ་བར་མེད་དུ་སྤྱོད་པས་རྟག་ཏུ་མནར་ཞིང་ཉམ་ཐག་པ་སྟེ། རྒྱ་ཆེར་རོལ་བ་ལས། སྲེད་སྲིད་མ་རིག་དབང་གིས་འགྲོ་བ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་བསྐོར་བ་བཞིན། །ཞེས་དང་། སྲིད་གསུམ་རྒ་དང་ནད་ཀྱིས་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ཞིང་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་ཇི་བཞིན་ནོ། །ཞེས་དང་། མདོར་ན་སེམས་ཅན་གྱི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཡང་། གློ་བུར་གྱི་དྲི་མས་ཚུལ་བཞིན་མ་ཡིན་པ་ཡིད་བྱེད་ཀྱི་རྣམ་པར་རྟོག་པས་ཉོན་མོངས་པར་འགྱུར་ཞིང་། དེས་ཀུན་ནས་བསླངས་པའི་ཟག་པ་དང་བཅས་པའི་ལས་ལ་སྤྱད་པས་འཁོར་བའི་ཕུང་ཁམས་སྐྱེ་མཆེད་རྣམས་གྲུབ་པ་སྟེ། རྒྱུད་བླར། ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་སྐྱེ། །ལས་དང་ཉོན་མོངས་རྒྱུ་ལས་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་འབྱུང་། །ཞེས་དང་། དེས་


MLP014_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལས་མི་དགེ་དང་དགེ་བའི་ཁྱད་པར་ལས་ངན་འགྲོ་དང་བདེ་འགྲོའི་ཕུང་པོ་སོ་སོར་འགྲུབ་སྟེ། རིན་ཆེན་ཕྲེང་བར། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་བདེ་བ་དག །ཅེས་དང་། དེས་ན་སྔར་བཤད་པའི་འཁོར་བའི་ཉེས་དམིགས་ཀྱི་བསྐུལ་ནས་དགེ་བའི་ལས་ལ་སྤྲོ་ཤུགས་ཆེན་པོས་ཡིད་དྲངས་ཏེ་ཅི་ནུས་སུ་འབད་པར་བྱ་སྟེ། སྤྱོད་འཇུག་ལས། ཡིད་ལ་བསམ་པའི་དགེ་བྱས་པས། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་དགེ་བ་དེས། །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ལམ་གྱི་བདེན་པ་ནི། རྒྱུའི་རྐྱེན་ནི་རིགས་ཡིན་ལ། བདག་པོའི་རྐྱེན་ནི་བླ་མ་དམ་པ་སྟེ། དེས་བསྟན་པའི་དོན་ཉམས་སུ་བླངས་པ་ལས་འབྱུང་བའི་ཕྱིར་དང་། གཞི་ཇི་ལྟ་བ་བཞིན་རྟོགས་པ་བླ་མར་རག་ལས་པའོ། །ལམ་ཉམས་སུ་ལེན་པ་ནི། གང་ཟག་ལ་རག་ལས་ཤིང་། ལེན་བྱའི་ལམ་ནི་ཐབས་ཤེས་ཟུང་དུ་འབྲེལ་བའི་དགེ་བ་གང་ཞིག་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་སྟེ། མདོ་ལས། ཐབས་དང་བཅས་པའི་ཤེས་རབ་ནི་ལམ་མོ། །ཤེས་རབ་དང་བཅས་པའི་ཐབས་ནི་ལམ་མོ། །ཞེས་གསུངས་པ་དང་། ཆོས་མངོན་པ་ལས་ཀྱང་ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤོང་བ་དང་། འགོག་པ་མངོན་དུ་བྱེད་པ་དང་། ལམ་བསྒོམ་པ་སྟེ་འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཞེས་གསུངས་པ་དང་། དེས་ན་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ་གྱུར་པ་འདི་དག་གི་ལམ་གྱི་རིམ་པ་རྣམས་ལ་སོ་སོའི་དབང་པོ་དང་སྦྱར་ཏེ་ནན་ཏན་རྩེ་གཅིག་ཏུ་བསླབས་པ་ལས་རིམ་བཞིན་ཚོགས་སྦྱོར་མཐོང་སྒོམ་མཐར་ཕྱིན་པའི་ལམ་རྣམས་བགྲོད་པར་འགྱུར་ཏེ། འབྲས་བུ་ལག་ཏུ་ལོངས་པ་ཉམས་ལེན་ལ་རག་ལས་པའི་ཕྱིར་རོ། །བཞི་པ་འགོག་པའི་བདེན་པ་ནི། འཁོར་བའི་ཆོས་ཐམས་ཅད་གང་དུ་འགོག་པའི་གཞི་ནི་སྟོང་པ་ཉིད་ཡིན་ལ། དེ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་ཡོད་མེད་སོགས་སྤྲོས་པའི་མཐའ་ཐམས་ཅད་ལས་རྣམ་པར་གྲོལ་བ། ཆོས་ཉིད་སྟོང་པ་ཉིད་


MLP014_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཆོས་ཅན་ཐམས་ཅད་ལ་ཁྱབ་པས་ཐ་དད་མ་ཡིན་ཞིང་། ཆོས་ཉིད་འདུས་མ་བྱས་དང་། ཆོས་ཅན་འདུས་བྱས་རྣམས་མཚན་ཉིད་མི་མཐུན་པས་གཅིག་པའང་མ་ཡིན་པ། རྟག་ཆད་སོགས་ཀྱི་མཐའ་ལས་འདས་པའི་དབྱིངས་འགྱུར་བ་མེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་དེ། དེ་ཉིད་རྟོགས་བྱེད་ཀྱི་ལམ་ཉམས་སུ་བླངས་པས་ཀུན་འབྱུང་གི་བདེན་པ་དུག་གསུམ་དང་དུག་ལྔ། དེས་ཀུན་ནས་བསླངས་པའི་ལམ་རྣམས་འགོག །འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་དང་། དེ་ལ་བརྟེན་པའི་སྡུག་བསྔལ་རྣམས་འགོག་པ་སྟེ། མདོར་ན་རང་གི་རིག་པའི་སྟེང་གི་ཉོན་མོངས་པ་རྣམས་ས་བོན་དང་བཅས་པ་དབྱིངས་ནུབ་ཏུ་སྤངས་པ་ནི་འགོག་གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། འགོག་བདེན་ཁྱད་པར་ཅན་ཡིན་པས་ཐར་པ་དང་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱའོ། །དེས་ན་སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དང་། ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན། འགོག་ལམ་སྤངས་རྟོགས་ངོ་བོ་དབྱེར་མེད་དོ། །ཞེས་ཀྱང་གསུངས་སོ། །དེ་ཡང་དཔེར་མཚོན་ན། ནད་སྐྱེད་བྱེད་ཀྱི་ཟས་དང་། སྤྱོད་ལམ་བསྟེན་པ་ནི་ཀུན་འབྱུང་ངོ་། །དེས་ནད་ཀྱི་ཟུག་རྔུས་མནར་བ་ན་སྡུག་བསྔལ་ལོ། །དེ་ལ་སྨན་དཔྱད་དང་ཟས་སྤྱོད་ཀྱིས་སྐྱོང་བ་ནི་ལམ་བདེན་ནོ། །དེས་ནད་མེད་པར་སོར་ཆུད་པ་ནི་འགོག་བདེན་ནོ། །དཔེ་དེས་མཚོན་པ་ནི། སེར་སྣས་འཇུར་གེགས་བྱེད་པ་ནི་ཀུན་འབྱུང་། དབུལ་ཞིང་ཕོངས་པར་གྱུར་པ་ནི་སྡུག་བསྔལ། སྦྱིན་པ་གཏོང་བ་ནི་ལམ་བདེན། དེས་མ་འོངས་པ་ན་དབུལ་བའི་སྡུག་བསྔལ་སྤངས་པ་ནི་འགོག་པའི་བདེན་པའོ། །ཚུལ་དེས་རྒྱུ་འབྲས་ཀྱི་འགྲོས་ཤེས་པར་བྱའོ། །དེ་ལྟར་ཇི་སྐད་བཤད་པའི་དོན་རྣམས་ལ་ནན་ཏན་དུ་སློབ་པ་སྔོན་དུ་བཏང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ་པ་ཙམ་གྱི་བྱ་བ་ཁམ་པོ་ཆེ་རྩོམ་པ་ལ་སྐྱབས་ཁྱད་པར་ཅན་ཞིག་འཚོལ་དགོས་ཏེ། དེ་ཡང་དཀོན་མཆོག་གསུམ་པོ་ནི་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། སེམས་ཅན་ཐམས་ཅད་སྐྱོབ་པར་ནུས་པའི་མཐུ་དང་ལྡན་པས་དེ་ཁོ་ན་ལ་བརྟེན་ནས་བློ་གཏད་ལིང་བསྐྱུར་གྱི་སྐྱབས་འགྲོ་རེ་དོགས་དང་བྲལ་བར་བྱ་ཞིང་། དེ་ནས་ཡུལ་སེམས་ཅན་ཚད་མེད་པ་ལ་སྙིང་རྗེ་ལ་སོགས་པའི་བློའི་


MLP014_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཚད་མེད་པ་བཞི་བསྒོམ་པ་རྟེན་དུ་བྱས་ནས། བརྟེན་པ་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སྨོན་པ་དང་། དེ་ཉིད་མངོན་དུ་བྱེད་པའི་ལམ་འཇུག་པ་སྟེ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པར་བྱ་ཞིང་། དེ་ཡང་སྨོན་འཇུག་གི་བློའི་རྣམ་པ་ལ་བྱང་ཆུབ་ཀྱི་སེམས་དང་། ཆོ་ག་ལ་བསྐྱེད་པའི་ཐ་སྙད་དུ་བྱ་ཞིང་། སེམས་གཉིས་པོ་དེ་བློ་དང་འདྲེ་ངེས་སུ་བསྒོམས་པའི་མཐར་སེམས་རྩ་བྲལ་དུ་འཇོག་པ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཉིད་ཆོ་ག་ལས་བསྐྱེད་པའི་ཚུལ་ནི། རྣམ་སྣང་མངོན་བྱང་གི་རྒྱུད་དང་། འཕགས་མཆོག་ཀླུ་སྒྲུབ་ཀྱི་གཞུང་ལས་ཀྱང་འབྱུང་བ་བཞིན་ནོ། །དེས་ན་བཤད་མ་ཐག་པའི་ལམ་དེ་དག་ཐུན་མོང་དང་ཁྱད་པར་གྱི་ལམ་རིམ་གང་ལ་བརྟེན་ནས་འཁྲིད་པ་དེ་དང་དེའི་གཞུང་བཞིན་དུ་བསྟན་པ་ལས་དགོས་པ་འགྲུབ་པའི་ཕྱིར་འདིར་རེ་ཞིག་དེ་ཙམ་མོ། །དེས་ན་འདི་ལྟ་བུའི་གནད་དང་མ་བྲལ་ན་ཉམས་ལེན་དོན་དུ་འགྲིལ་བ་ཞིག་འོང་ཞིང་། དེ་བས་ན་ཆོས་འདི་ཆགས་སྡང་གི་བསྣོན་མར་མ་སོང་བར་རང་རྒྱུད་ལ་ཅི་འབྱོར་དུ་བསླབ་པའི་ཉམས་ལེན་ལ་འབད་པར་བྱའོ། །རང་གཞན་དོན་ཆེ་བསྒྲུབ་ལ་བསྐུལ་བའི་གཏམ། །དྲི་མེད་ལུང་དོན་བླ་མའི་གསུང་ངག་གིས། །ཇི་ལྟར་འདོམས་བཞིན་ཅུང་ཟད་བཤད་པ་ལས། །རྒྱ་ཆེའི་ཕ་མཐའ་སུ་ཡིས་བརྗོད་པར་ནུས། །འོན་ཀྱང་ཆུ་གཏེར་ཆེ་ལས་ཐིགས་པ་ཙམ། །བླངས་པ་ཡིས་ཀྱང་གདུང་སེལ་བྱེད་པ་བཞིན། །ལམ་གྱི་འཇུག་སྒོ་ཕྱོགས་ཙམ་ཤེས་པས་ཀྱང་། །བླང་དོར་གནས་ལ་བསླུ་མེད་གདེང་ཐོབ་འགྱུར། །དེ་ལས་དགེ་བའི་གྲུ་ཆེན་རྨད་བྱུང་བ། །ལྷག་བསམ་རླུང་གི་བགྲོད་པས་བསྐྱོད་བྱས་ཏེ། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་ཆེན་པོ་ལས། །རྣམ་གྲོལ་རིན་ཆེན་གླིང་དུ་བགྲོད་གྱུར་ཅིག །དེ་ལྟར་ཐུན་མོང་གི་སྔོན་འགྲོའི་རིམ་པ་གསལ་བར་བྱེད་པ་རིན་ཆེན་ཐེམ་སྐས་ཞེས་བྱ་བ་འདི་ནི་དང་པོའི་ལས་ཅན་རྣམས་འཇུག་པ་བདེ་བའི་ཆེད་དུ་སྙོམས་ལས་པ་འགྱུར་མེད་རྡོ་རྗེས་ཡི་གེར་སྤེལ་བའོ། །

སྔོན་འགྲོ་འདོན་སྒོམ་ཟུང་འབྲེལ་བྱ་ཚུལ་ཉུང་ངུ་། མཁན་ཆེན་མཁྱེན་བརྩེ་ནོར་བུ།


MLP014_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་འདོན་སྒོམ་ཟུང་འབྲེལ་བྱ་ཚུལ་ཉུང་ངུ་། མཁན་ཆེན་མཁྱེན་བརྩེ་ནོར་བུ། རང་ཅག་གཉིས་ལྟ་བུའི་རྨོངས་པ་རྣམས་ཀྱིས་སྔོན་འགྲོ་འདོན་སྒོམ་ཟུང་འབྲེལ་འདི་ལྟར་བྱ། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་ཉིད་སློབ་དཔོན་ཆེན་པོའི་སྐུའི་རྣམ་པས་བཞུགས་པར་གྱུར། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི༴བླ་མ་མཁྱེན། བདག་གིས་ཆོས་སྒྲུབ་པའི་ལུས་རྟེན་ཁྱད་པར་ཅན་འདི་འདྲ་ཞིག་ཐོབ་ཀྱང་ཡུན་རིང་པོར་མི་འགོར་བར་མྱུར་དུ་འཆི་བར་ངེས། ཚེ་འདིར་སྡིག་པ་བསགས་པ་ནི་ཚད་མེད། དགེ་བ་རྣམ་དག་ནི་སྣ་གཅིག་ཀྱང་མ་འགྲུབ་པས་ཤི་བའི་རྗེས་སུ་ངན་སོང་གསུམ་པོ་གང་རུང་ཞིག་ཏུ་ནི་འགྲོ་བར་ཐག་ཆོད། དེ་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་བཟོད་དཀའ་བར་མ་ཟད་བདེ་འགྲོའི་གནས་སུ་སྐྱེས་ནས་བདེ་བ་ལ་ལོངས་སྤྱོད་རྒྱུ་བྱུང་ཡང་རྟག་པ་མེད་པས་མཐར་ངན་སོང་དུ་འགྲོ་དགོས་པའི་དུས་ཤིག་ནི་འོང་། དེས་ན་འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་བའི་རང་བཞིན་ལས་མི་འདུག །རང་སྡུག་བསྔལ་བ་བཞིན་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་བ་ལ་ནི་ཁྱད་པར་མེད། དེ་དག་སྔར་རང་གི་ཕ་མར་མ་གྱུར་པ་དང་དྲིན་མི་ཆེ་བ་ཡང་མེད་པས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་བའི་དོན་དུ་སྐྱབས་གནས་ཀུན་འདུས་བླ་མ་ཡིད་བཞིན་ནོར་བུ་ལ་འདི་ཕྱིའི་བློ་གཏད་གཅིག་ཆོག་ཏུ་བཟུང་ནས་སྐྱབས་སུ་འགྲོ་བར་བགྱིའོ། །ན་མོ་བླ་མ་ལ་སྐྱབས་སུ་མཆིའོ། །སོགས་སྐྱབས་འགྲོ་བཞི་སྐོར་གང་མང་བརྗོད། ཀྱེ་མ་སྡུག་བསྔལ་གྱིས་རྟག་པར་མནར་བའི་སེམས་ཅན་དེ་དག་གི་དོན་དུ་བདག་གིས་བླ་མ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་བསགས་སྦྱང་གཉིས་དང་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ་བརྩོན་པར་བགྱིའོ། །ཞེས་ལན་གསུམ་བརྗོད། བདག་གི་སྐྱེ་བ་སྔོན་མ་རྣམས་སུ་མི་དགེ་བ་ལ་གོམས་


MLP014_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་གིས་ཚེ་འདིར་ཡང་དགེ་བ་མ་འགྲུབ་པའི་སྟེང་དུ་མི་དགེ་བའི་ལས་ངན་སོང་དུ་སྐྱེ་ངེས་མང་པོ་བྱས་ཚར་བ་འདི་ཤིན་ཏུ་མ་ལེགས། ད་ཕྱིན་ཆད་ནག་པོའི་ལས་རྣམས་མི་བགྱིད་ངེས་པ་ལགས་ན་སྔར་བསགས་ཟིན་གྱི་སྡིག་ལྟུང་དེ་དག་འདག་པའི་སྐྱབས་བླ་མ་དང་རྡོར་སེམས་དབྱེར་མེད་ཀྱིས་མཛད་དུ་གསོལ། ༀ་བཛྲ་སཏྭ་སོགས་ཡིག་བརྒྱ་ཅི་མང་བཟླ། བདག་གི་ལུས་ལོངས་སྤྱོད་དགེ་རྩ་སྟེ་བདག་ཏུ་འཛིན་པའི་གཞི་གསུམ་པོ་རི་གླིང་ཉི་ཟླ་སོགས་སྣོད་བཅུད་ཀྱི་འབྱོར་པ་ཡིད་དུ་འོང་བའི་རྣམ་པར་མོས་ཏེ་དེ་དག་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དཔལ་ལྡན་བླ་མའི་སྤྱན་སྔར་འབུལ་བ་ལགས་ན། རང་གཞན་གྱི་རྒྱུད་ལ་ཚོགས་གཉིས་རྒྱ་ཆེན་པོ་རྫོགས་པར་མཛད་དུ་གསོལ། ས་གཞི་སྤོས་ཆུས་སོགས་གང་མང་བརྗོད། བླ་མ་རིན་པོ་ཆེ་ཁྱེད་ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་དང་དགོངས་པ་མཉམ་པར་བཞུགས་ཀྱང་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ཆེས་ཆེར་ལྷག་པས་ཁྱེད་ཉིད་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་མོས་ཏེ་རེ་ལྟོས་གཞན་འཚོལ་མེད་པར་བློ་གཏད་ལིང་སྐྱུར་གྱིས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་ན་བདག་གི་རྒྱུད་མ་རུང་བ་འདི་ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། ཧཱུྃཿཨོ་རྒྱན་ཡུལ་གྱི༴སོགས་ཚིག་བདུན་གསོལ་འདེབས་ཅི་མང་མཐར། བཛྲ་གུ་རུ༴གྲངས་བསགས་རྗེས། བླ་མའི་སྐུ་ལས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་ཐོན། རང་གི་ལུས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས། རང་ལུས་འོད་དུ་ཞུ་བའི་དྭངས་མ་འོད་དམར་སྲན་འབྲུ་ཙམ་དུ་གྱུར་པ་དེ་རྒྱངས་སེ་སོང་བླ་མའི་ཐུགས་ཀར་ཐིམ། བླ་མ་ཡང་བར་སྣང་ནས་ཇེ་མཐོར་སོང་བ་མཐར་ནམ་མཁའ་དང་ཁྲིག་གེ་འདྲེས་པར་གྱུར། ཞེས་པའི་མཐར་ཀ་དག་གི་ངང་ལ་མཉམ་པར་བཞག་དེ་ནས་དགེ་བ་འདི་ཡིས་མྱུར༴ཅེས་བསྔོ་སྨོན་བྱའོ། །བྱང་དུ་དགེ་བསྙེན་རྒན་པོ་ངག་དབང་ཆོས་ལྡན་ཞེས་པའི་དོན་དུ་མཁྱེན་ནོར་པས་བྲིས།

སྐྱབས་འགྲོ་ཡན་ལག་དྲུག་པའི་བསྐྱུད་བྱང་ཟིན་མ་ཊཱིཀ ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་ཡན་ལག་དྲུག་པའི་བསྐྱུད་བྱང་ཟིན་མ་ཊཱིཀ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། ན་མོ་རཏྣ་ཏྲ་ཡཱ་ཡ། རྒྱ་གར་ནུབ་ཕྱོགས་གླང་པོ་སྒང་དུ་སྐུ་འཁྲུངས་པའི་པཎྜི་ཏ་ཆེན་པོ་བི་མ་མི་ཏྲས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ་འཆད་པ་ལ་གསུམ་སྟེ། ཀླད་དང་། གཞུང་དང་། མཇུག་གི་དོན་ནོ། །དང་པོ་ལ། ཕྱག་དང་དམ་བཅའ་བའོ། །དང་པོ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པའི་སྐབས་སུ་བྱེད་པའི་མུ་བཞི་དང་སྦྱར་ན། ཕྱག་གང་གིས། གང་ལ། ཚུལ་ཇི་ལྟར། དགོས་ཆེད་ཅིའི་ཕྱིར་བཙལ་བའོ། །དང་པོ་གང་གིས་ན། པཎ་ཆེན་བི་མ་ལས་བོད་དུ་བསྟན་བཅོས་རྩོམ་པའི་ཐོག་མར་རོ། །གང་ལ་ན། གཞུང་གི་བརྗོད་བྱ་དང་བསྟུན་ཏེ་དཀོན་མཆོག་གསུམ་ལའོ། །ཚུལ་ཇི་ལྟར་ན། སྒོ་གསུམ་གུས་པའི་ཚུལ་གྱིས་སོ། །དགོས་ཆེད་ཅིའི་ཕྱིར་ན། རང་ཉིད་ཡ་རབས་ཀྱི་ཚུལ་དང་མཐུན་ཞིང་། རང་གཞན་གྱི་རྒྱུད་ལ་ཕན་ཡོན་ཁྱད་པར་ཅན་ཐོབ་པའི་ཆེད་དུའོ། །གཉིས་པ་ནི། སྐྱབས་འགྲོ་ཡན་ལག་དྲུག་པ་བཤད། །ཅེས་པའི་སྐབས་སུའང་། གང་གིས་ན། བི་མ་ལས། གང་འཆད་ན། སྐྱབས་འགྲོའི་རང་བཞིན་དང་བསླབ་བྱ་རྣམས། ཇི་ལྟར་ན་ཡན་ལག་དྲུག་གི་སྡོམ་དུ་བསྡུས་ནས་འཆད་བཞེད་པས། ཅིའི་ཕྱིར་ན། བརྩམ་པ་མཐར་ཕྱིན་པར་བྱ་བའི་ཆེད་དུའོ། །གཉིས་པ་ལ། ས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། ཚིག་དོན་བཀྲལ་བའི་སྒོ་ནས་རྒྱ་ཆེར་བཤད་པའོ། །དང་པོ་ནི། ཅི་འགྲོ་དགོས་དང་ཡུལ་དུས་དང་། །ཕན་ཡོན་བསླབ་བྱ་བླང་བ་རྣམས། །རྩ་བའི་སྡོམ་དུ་བཤད་པ་ཡིན། །ཞེས་པས་དྲུག་སྟེ། ཅིའི་ཕྱིར་སྐྱབས་སུ་འགྲོ་བའི་དགོས་པ། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། ཇི་ཙམ་སྐྱབས་སུ་འགྲོ་བའི་དུས། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན། གང་ལ་སྐྱབས་སུ་སོང་བའི་བསླབ་བྱ། ཇི་ལྟར་སྐྱབས་


MLP014_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བླང་བའི་ཆོ་གའོ། །གཉིས་པ་ལ། སྤྱིར་སྐྱབས་འགྲོའི་ངོ་བོ་ནི། ཡུལ་མཆོག་ལ་བརྟེན་པར་ཁས་ལེན་པའི་སེམས་པ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། ཤ་ར་ཎ་གཙྪ་མི། ཞེས་བྱ་བ་སྐྱོབ་པས་ན་སྐྱབས། དེ་ལ་བརྟེན་པར་བསྙེན་པས་ན་འགྲོ་བའོ། །དབྱེ་ན། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་གཉིས། དང་པོ་ལ། བློ་འཇིག་རྟེན་པ་དང་། ཡུལ་འཇིག་རྟེན་པ་གཉིས། གཉིས་པ་ལ། ཐེག་པ་ཆུང་ངུ་དང་། ཆེན་པོ་གཉིས་ཏེ་བཞིའོ། །དེ་དག་གཏན་ལ་དབབ་པ་ལ་དྲུག་ལས། དང་པོ་ཅིའི་ཕྱིར་སྐྱབས་སུ་འགྲོ་བའི་དགོས་པ་ནི། འཇིགས་དང་ཡོན་ཏན་དྲན་པས་འགྲོ། །ཞེས་པའི་སྐབས་སུ། སྐྱབས་སུ་འགྲོ་བའི་རྒྱུ་འཇིགས་པས་ཉེན་པ་སྟེ། རང་ལ་འཇིགས་སྐྲག་གང་ཡང་མེད་ཅིང་། རང་དབང་ཐོབ་པར་ཡོད་ན་སུ་ལའང་སྐྱབས་འཚོལ་མི་དགོས་པའི་ཕྱིར། འཇིགས་པ་ལས་སྐྱོབ་པའི་ཆེད་དུ་སྐྱོབ་ནུས་པའི་ཡོན་ཏན་དྲན་པས་འགྲོ་བའོ། །དེ་ལའང་གང་ཟག་གི་རིགས་གསུམ་སྟེ། ཆུང་ངུ་ནི་ངན་སོང་ལ་འཇིགས་ནས་མཐོ་རིས་ཀྱི་བདེ་འབྲས་འདོད་པས་སྐྱེལ་མ་ལྟ་བུའི་ཚུལ་གྱིས་འགྲོ། །འབྲིང་ནི་འཁོར་བས་སྐྲག་ནས་རང་དོན་དུ་ཞི་བདེ་འདོད་པས་འགྲོ། ཆེན་པོ་ནི་སྲིད་ཞིའི་འཇིགས་པས་ཉེན་ནས་མི་གནས་པའི་མྱང་འདས་འདོད་པའི་ཕྱིར་འགྲོ་བའོ། །དང་པོ་ནི། རྒྱུ་འཇིགས་པ་དང་འདོད་པ་གཙོ་ཆེ་བའི་གང་ཟག་གྲུབ་མཐའ་ལ་མ་ཞུགས་པ་དང་། ཞུགས་ནའང་ཕྱི་རོལ་པ་དང་ནང་པའི་ཁོངས་སུ་གཏོགས་ཙམ་གྱི་རིགས་ཅན་ནོ། །གཉིས་པ་ནི། རྒྱུ་སྔ་མ་གཉིས་ཀྱི་སྟེང་དུ་དད་པ་གཙོ་ཆེ་བའི་ཉན་རང་གི་རིགས་ཅན་ནོ། །གསུམ་པ་ནི། རྒྱུ་སྔ་མ་གསུམ་གྱི་སྟེང་དུ་སྙིང་རྗེ་གཙོ་ཆེ་བའི་ཐེག་ཆེན་གྱི་རིགས་སོ། །དེ་ལྟར་ཡང་ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལྡོག་དེ་དག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སོ། །གཉིས་པ་


MLP014_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་འགྲོ་བའི་ཡུལ་ནི། གནས་གསུམ་བསྟན་པའི་ཡུལ་དེ་ལ། །ཞེས་པའི་སྐབས་སུ། ཡུལ་གྱི་ཁྱད་པར་ལ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་གཉིས། དང་པོ་ལ། ཡུལ་དམན་པ་དང་། མཆོག་གཉིས། དང་པོ་ནི། རི་དང་རྫོང་ལ་སོགས་པ་སེམས་མེད་དང་། ལྷ་མཐུ་བོ་ཆེ་ལ་སོགས་ཏེ་མི་མ་ཡིན་དང་། རྒྱལ་པོ་སོགས་མིའི་འགྲོ་བ་ཁ་དྲག་པ་རྣམས་སོ། །དེ་དག་གིས་འཁོར་བ་ལས་སྐྱོབ་མི་ནུས་པས་ན་འཇིག་རྟེན་པ་སྟེ། རང་ཉིད་ཀྱང་འཁོར་བའི་བཙོན་ར་ནས་མ་ཐར་བའི་ཕྱིར། དེ་ལྟར་ཡང་མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ལྗོན་ཤིང་དག་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་དག་ལ་བརྟེན་ནས་ནི། །འཇིགས་པ་ཀུན་ལས་ཐར་མི་འགྱུར། །ཞེས་སོ། །གཉིས་པ་ནི། འཇིགས་སྐྱོབ་དང་ལེགས་སྨོན་ཙམ་ལ་བརྟེན་པ་བློ་འཇིག་རྟེན་པས་ཡུལ་དུ་བཞག་པའི་དཀོན་མཆོག་གསུམ་ལྟ་བུའོ། །གཉིས་པ་ནི། རྣམ་གྲོལ་དོན་གཉེར་གྱི་སྐྱབས་ཡུལ་དཀོན་མཆོག་གསུམ་སྟེ། གནས་སྐབས་འཁོར་བའི་འཇིགས་པ་ལས་བསྐྱབས་ནས། མཐར་ཐུག་ངེས་ལེགས་ལ་འགོད་ནུས་པས་བསླུ་བ་མེད་པའི་སྐྱབས་ཡིན་པའི་ཕྱིར་ཏེ། སློབ་དཔོན་ཆེན་པོས། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ༔སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད༔ཅེས་གསུངས་པའི་ཕྱིར། འགྲོ་ཚུལ་ཡང་། ཉན་ཐོས་པས་དགེ་འདུན་གྱིས་གཙོ་བྱས་པའི། རང་རྒྱལ་གྱིས་ཆོས་ཀྱི་གཙོ་བྱས་པའི། ཐེག་ཆེན་ནི་སངས་རྒྱས་ཀྱིས་གཙོ་བྱས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །ཐེག་པ་ཆེ་ཆུང་གཉིས་སྐྱབས་ཡུལ་གྱི་ངོས་འཛིན་ལུགས་ཀྱང་མི་འདྲ་སྟེ། ཐེག་དམན་གྱི་ལུགས་ནི། སངས་རྒྱས་སུ་བྱེད་པའི་ཆོས་ཐེག་ཆེན་མི་སློབ་པའི་ལམ་བདེན། དགེ་འདུན་དུ་བྱེད་པའི་ཆོས་ཐེག་ཆེན་སློབ་པ་དང་ཐེག་དམན་མི་སློབ་པའི་ལམ་བདེན། ཆོས་མྱང་འདས་ཀྱིས་བསྡུས་པའི་འགོག་བདེན་ཏེ། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་སོ། །དེ་ལའང་བྱེ་བྲག་ཏུ་སྨྲ་བ་ལྟར་ན། སངས་རྒྱས་དང་དགེ་འདུན་གཉིས་ཀྱི་རྟེན་


MLP014_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྐུ་སྐྱབས་གནས་སུ་མི་འདོད། མདོ་སྡེ་པ་བརྟེན་པ་ལམ་བདེན་རྟེན་གཟུགས་སྐུ་དང་བཅས་པ་སྐྱབས་གནས་སུ་འདོད་དོ། །ཐེག་པ་ཆེན་པོ་ལའང་བཞེད་ལུགས་ཐ་དད་པ་ཡོད་ཀྱང་། འདིར་སྤྱི་ཐུན་མོང་བའི་དབང་དུ་བྱས་ན། མདོ་སྔགས་གཉིས་འདྲ་བ་ཡིན་ཏེ། དེ་ལ་གསུམ། མངོན་པར་རྟོགས་པའི་ཡུལ། མདུན་བཞག་གི་ཡུལ། དེ་ཁོ་ན་ཉིད་ཀྱི་ཡུལ་ལོ། །དང་པོ་ནི། སངས་རྒྱས་དཀོན་མཆོག་ནི་སྐུ་གསུམ་གྱི་བདག་ཉིད་དག་པ་གཉིས་ལྡན་མཐར་ཐུག་པ་དོན་གཉིས་ཕུན་སུམ་ཚོགས་པའོ། །ཆོས་དཀོན་མཆོག་ལ། རྟོགས་པའི་དམ་ཆོས་ངོ་བོ་སྨྲ་བསམ་བརྗོད་མེད། རང་བཞིན་སངས་རྒྱས་སུ་འགྲོ་བའི་ལམ། རྣམ་པ་འགོག་ལམ་གྱི་མཚན་ཉིད་ཅན་ནོ། །ལུང་གི་དམ་ཆོས་ནི། རྟོགས་པའི་དམ་ཆོས་བརྗོད་བྱར་སྟོན་པའི་རྣམ་དཀར་གྱི་ལེགས་བཤད་མིང་ཚིག་ཡི་གེར་སྣང་བའི་རྣམ་པ་ཅན། དགེ་འདུན་ནི། ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་དང་། རྗེས་མཐུན་ཐེག་ཆེན་ཚོགས་སྦྱོར་ལ་གནས་པ་དང་། ཐེག་ཆུང་གི་གང་ཟག་ཟུང་བཞི་ཡ་བརྒྱད་རྣམས་སོ། །གཉིས་པ་ནི། སྐུ་གཟུགས། གླེགས་བམ། སོ་སྐྱེའི་དགེ་འདུན་ཁྲིམས་ལྡན་རྣམས་དཀོན་མཆོག་གསུམ་དངོས་ཡིན་པར་མོས་པའོ། །གསུམ་པ་ནི། སངས་རྒྱས་ཁོ་ན་མཐར་ཐུག་གི་སྐྱབས་ཡིན་གྱི། གཞན་གཉིས་ནི་མ་ཡིན་ཏེ། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་སོ། །སངས་རྒྱས་ཀྱང་ཆོས་སྐུ་ཁོ་ན་ཡིན་ཏེ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོ། །ཆོས་སྐུ་དེ་ཡང་གཞན་རྒྱུད་ལ་བྱོན་ཟིན་པ་ནི་རྒྱུའི་སྐྱབས་ཡིན་ལ། འབྲས་བུའི་སྐྱབས་ནི། རང་གི་སེམས་ཀྱི་ཆོས་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གནས་པ་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་སོ། །དཀོན་མཆོག་གི་སྒྲ་དོན་ནི། རཏྣ་ཞེས་པའི་སྒྲ་ལས། རིན་


MLP014_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་དང་ཆོས་མཐུན་པ་དྲུག་གིས་དཀོན་མཆོག་ཏུ་བཞག་སྟེ། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་སོ། །གསུམ་པ་ཇི་ཙམ་སྐྱབས་སུ་འགྲོ་བའི་དུས་ནི། འདི་ནས་བྱང་ཆུབ་ཐུག་བར་དུ། ཞེས་པའི་སྐབས་སུ། སྤྱིར་དུས་ཀྱི་ཁྱད་པར་ནི། འཇིག་རྟེན་པ་ཚེ་འདི་ཕྱིའི་རང་དོན་ཕྲ་མོ་མ་ཐོབ་ཀྱི་བར་དང་། ཉན་རང་གཉིས་ཚེ་ཇི་སྲིད་འཚོའི་བར་དུ་འགྲོ་བར་འདོད། འདིར་ཐེག་པ་ཆེན་པོ་ནི། བྱང་ཆུབ་མ་ཐོབ་ཀྱི་བར་དེ་སྲིད་དུ་འགྲོ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཞེས་སོ། །བཞི་པ་སྐྱབས་སུ་སོང་བའི་ཕན་ཡོན་ནི། མུ་སྟེགས་སྤྱོད་ལས་ལོག་པ་ཡི། །གསུམ་དུ་མི་སྐྱེ་རྟེན་དུ་འགྱུར། །བར་ཆད་མེད་ཅིང་ནད་ཉུང་རིང་། །འབྱང་ཞིང་བསགས་པའི་ཕན་ཡོན་ནོ། །ཞེས་པས་བདུན་ཏེ། ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པ། ངན་སོང་དུ་མི་ལྟུང་བ། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ། མི་དང་མི་མ་ཡིན་གྱི་བར་ཆད་ཀྱིས་མི་ཚུགས་པ། ནད་ཉུང་ཞིང་ཚེ་རིང་བ། སྔར་བྱས་ཀྱི་ལས་སྒྲིབ་འབྱང་བ། རྒྱུ་ཚོགས་གཉིས་རྫོགས་པས་མྱུར་དུ་འཚང་རྒྱ་བའོ། །དང་པོ་ནི། ཚངས་པ་དང་བརྒྱ་སྦྱིན་ལ་སྐྱབས་འཆའ་བ་སོགས་མུ་སྟེགས་ཀྱི་སྤྱོད་པ་ལས་ལོག་ནས། དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་པས་ཏེ་ཕྱི་ནང་སྐྱབས་འགྲོས་འབྱེད་པར་མཁས་པ་རྣམས་བཞེད་པའི་ཕྱིར་རོ། །གཉིས་པ་ནི། ལྷའི་བུ་ཕག་ཏུ་སྐྱེ་བར་འགྱུར་བ་སྐྱབས་འགྲོ་བྱས་པས་ལྡོག་པར་གསུངས་པ་བཞིན་ཏེ། ཕག་གི་རྟོགས་བརྗོད་ལས། གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །ཞེས་སོགས་གསུངས་སོ། །གསུམ་པ་ནི། སྐྱབས་འགྲོས་སྡོམ་པའི་རྒྱུ་མྱང་འདས་ཀྱི་བསམ་པ་བརྟན་པར་བྱེད་པའི་ཕྱིར་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་སོ། །བཞི་པ་ནི། མདོ་ཉི་མའི་སྙིང་པོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཞེས་སོ། །ལྔ་པ་ནི། མདོ་སྡེ་རྒྱན་ལས། ཉེས་པར་སྤྱོད་པ་ཐམས་ཅད་དང་། །


MLP014_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རྒ་ན་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབ། །ཅེས་སོ། །དྲུག་པ་ནི། སྔོན་བསགས་ཀྱི་ལས་སྒྲིབ་རྣམས་བསྲབས་ཤིང་ཟད་པར་འགྱུར་བའི་ཕྱིར་རོ། །བདུན་པ་ནི། མྱང་འདས་ལས། གསུམ་ལ་སྐྱབས་སུ་འགྲོ་བ་གང་། །བསོད་ནམས་ཡེ་ཤེས་དམ་པའི་ཚོགས། །འཇིག་རྟེན་རྒྱལ་བའི་ཆོས་འཕེལ་བས། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཞེས་སོ། །མདོར་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་རིམ་པ་ལྟར། མཐར་ཐུག་སངས་རྒྱས་འགྲུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཕྱིར་མི་ལྡོག་པའི་དགེ་འདུན་འདུ་བའི་རྟེན་འབྲེལ་དུ་འགྱུར་བ་ཡིན་ནོ། །ལྔ་པ་གང་ལ་སྐྱབས་སུ་སོང་བའི་བསླབ་བྱ་ལ་གཉིས། ཐུན་མོང་མ་ཡིན་པའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱའོ། །དང་པོ་ལ། དགག་པ་དང་། སྒྲུབ་པའི་བསླབ་བྱའོ། །དང་པོ་ནི། སྐྱབས་གསུམ་དང་པོའི་བསླབ་བྱ་ནི། གནོད་སྦྱིན་མི་བསྟེན་ཕྱག་མི་འཚལ། །གཉིས་པ་སེམས་ཅན་ཐམས་ཅད་ལ། །འཚེ་བ་སྤང་ཞིང་བརྩེ་བར་བྱ། །གསུམ་པ་བདག་དང་གཞན་གྱི་ཡུལ། །སྡིག་པ་ཅན་དང་འགྲོགས་པ་མིན། །ཞེས་པ་སྟེ། སངས་རྒྱས་ལ་སྐྱབས་སུ་སོང་ནས། འཇིག་རྟེན་ལྷ་ལ་རེ་ལྟོས་བཀལ་ནས་སྐྱབས་སུ་མི་བསྟེན་ཅིང་ཕྱག་མི་འཚལ་ཏེ། གནས་སྐབས་ཆོས་ལྡན་གྱི་བྱ་བ་འགའ་ཞིག་འཚོལ་བའི་ཕྱིར་ཕྱག་མཆོད་བྱས་པ་ཙམ་ལ་ནི་འགལ་བ་མེད་དོ། །ཆོས་ལ་སྐྱབས་སུ་སོང་ནས། སེམས་ཅན་ལ་བརྡེག་པ་དང་འཆིང་བ་སོགས་གནོད་འཚེའི་བསམ་སྦྱོར་སྤངས་ཏེ་བརྩེ་བར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས། གྲོགས་མུ་སྟེགས་ཅན་དངོས་སམ། ནང་པར་རློམ་ནའང་དཀོན་མཆོག་གསུམ་ལ་ཡིད་མི་ཆེས་པའི་སྡིག་ལྟ་ཅན་དང་འགྲོགས་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ཡང་། མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་སོ། །གཉིས་པ་ནི། སྐུ་གཟུགས་ཚིགས་སུ་བཅད་པ་དང་། །ལྷན་པ་སེར་པོ་བཏབ་པ་ལ། །དད་མོས་སྒོ་ནས་སྟོན་པར་བལྟ། །


MLP014_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ནས་གསུངས་པ་མཐའ་དག་ལ། །སྐུར་པ་མི་གདབ་སྤྱི་བོར་བླང་། །གང་ཟག་དག་དང་མ་དག་ལ། །དམ་པར་བལྟ་བར་བྱ་བ་ཡིན། །ཞེས་པ་སྟེ། ཐ་ན་སྐུ་གཟུགས་ཀྱི་ཆག་དུམ་ཙམ་དང་། གསུང་རབ་ཚིགས་སུ་བཅད་པ་གཅིག་ཙམ་དང་། དགེ་འདུན་གྱི་ན་བཟའ་ལྷན་པ་སེར་པོ་བཏབ་པ་ཙམ་ལའང་གུས་པར་བྱ་དགོས་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་སངས་རྒྱས་ལ་སྐྱབས་སུ་སོང་ནས་སྐུ་གཟུགས་ལེགས་ཉེས་ཅི་འདྲ་ཞིག་ལའང་མི་གུས་པ་དང་བརྙས་པ་སྤངས་ནས་སྟོན་པ་ལྟར་བཀུར་བའི་ཞིང་དུ་གཟུང་བར་བྱ་སྟེ། བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་སོ། །ཆོས་ལ་སྐྱབས་སུ་སོང་ནས་བཀའ་དགོངས་འགྲེལ་དང་བཅས་པའི་གླེགས་བམ་ཐམས་ཅད་ལ་སྐུར་འདེབས་ལ་སོགས་པའི་ལས་སྤངས་ནས་གུས་པར་བྱ་བ་སྟེ། སྙན་གྱི་གོང་རྒྱན་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་སོ། །དགེ་འདུན་ལ་སྐྱབས་སོང་ནས་གང་ཟག་དག་པ་སྡོམ་བརྩོན་དང་། སྡེ་སྣོད་འཛིན་པ་རྣམས་སུ་མ་ཟད། ཐ་ན་རབ་བྱུང་གི་རྟགས་ཙམ་འཛིན་པའི་གང་ཟག་མ་དག་པ་ཡན་ཆད་ལ་ཡང་བརྙས་པ་དང་རིས་སུ་གཅོད་པ་སོགས་སྤངས་ནས་དགེ་འདུན་དངོས་ཀྱི་འདུ་ཤེས་བསྐྱེད་ནས་གུས་པར་བྱ་སྟེ། ལྷག་བསམ་བསྐུལ་བའི་མདོ་ལས། ཡོན་ཏན་འདོད་པ་ནགས་ན་གནས་པ་ཡིས། །ཕ་རོལ་དག་གི་སྐྱོན་ལ་བརྟག་མི་བྱ། །བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ། །རྒྱགས་འདི་བག་མེད་ཀུན་གྱི་རྩ་བ་སྟེ། །དགེ་སློང་དམན་ལ་བརྙས་པར་ཡོངས་མི་བྱ། །ཞེས་སོ། །གཉིས་པ་ཐུན་མོང་གི་བསླབ་བྱ་ལ་བཞི་སྟེ། ཁེ་ཇི་ལྟར་ཆེ་ཡང་དཀོན་མཆོག་མི་སྤང་བ། ཅི་ལ་ཐུག་ཀྱང་སྐྱབས་གཞན་ནས་མི་འཚོལ་བ། རྟག་ཏུ་ཡོན་ཏན་དྲན་ཞིང་མཆོད་པ། ཕན་ཡོན་དྲན་པས་དུས་དྲུག་ཏུ་སྐྱབས་འགྲོ་བྱ་བའོ། །དང་པོ་ནི། ལུས་སྲོག་གཙིགས་དང་བྱ་དགའི་ཕྱིར། །དཀོན་མཆོག་གསུམ་པོ་མི་སྤང་ངོ་། །ཞེས་པ་སྟེ། འདུལ་བ་ལུང་ལས། ཁྱོད་ཀྱི་སྲོག་དང་། རྒྱལ་


MLP014_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དང་། ཐ་ན་བཞད་གད་ཀྱི་ཕྱིར་དུའང་དཀོན་མཆོག་གསུམ་སྤང་བར་མི་བྱའོ། །ཞེས་སོ། །གཉིས་པ་ནི། དུས་འདིར་རྐྱེན་རྣམས་ཅི་བྱུང་ཡང་། །མགོན་སྐྱབས་གཞན་དུ་བཙལ་བ་མིན། །ཞེས་པས་ནད་དང་སྡུག་བསྔལ་སོགས་རྐྱེན་ཅི་བྱུང་ཡང་དཀོན་མཆོག་གསུམ་ལ་བློ་གཏོད་པ་ལས་འཇིག་རྟེན་པའི་ཐབས་གཞན་མི་འཚོལ་བའོ། །འོ་ན་ནད་ཀྱིས་བཏབ་པའི་རིམ་གྲོར་སྔགས་བཟླ། ཀློག་འདོན། སྨན་དཔྱད་སོགས་ཀྱང་བྱར་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། དེ་དག་ཆོས་དཀོན་མཆོག་གི་ཡན་ལག་ཡིན་པའི་ཕྱིར་སྐུར་པ་མི་གདབ་པར་འབད་པར་བྱའོ། །གསུམ་པ་ནི། ཆེ་བའི་ཡོན་ཏན་ཟས་དག་གིས། །རྟག་ཏུ་དྲན་ཞིང་མཆོད་པ་ཡིན། །ཞེས་པས། གཉིས་ཏེ། དུས་རྟག་ཏུ་ཡོན་ཏན་དྲན་པར་བྱ་བ་དང་། ཟས་ཀྱིས་མཆོད་པའོ། །དང་པོ་ལ། དཀོན་མཆོག་གསུམ་ལས། སངས་རྒྱས་ཀྱི་ཡོན་ཏན་ནི། མདོ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སོ། །ཞེས་སོ། །ཆོས་ཀྱི་ཡོན་ཏན་ནི། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། ཞེས་སོ། །དགེ་འདུན་གྱི་ཡོན་ཏན་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི། ལེགས་པར་བཞུགས་པ། དྲང་པོར་བཞུགས་པ། རིག་པར་བཞུགས་པ། མཐུན་པར་བཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཞེས་སོགས་གསུངས་སོ། །དེ་ལྟར་དྲན་པའི་སྒོ་ནས་བྱ་བ་ཅི་དང་ཅི་བྱེད་ཀྱང་། དཀོན་མཆོག་གསུམ་གྱི་ཞབས་ཏོག་ལ་བསླབ་པ་དང་། གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ་བ་སོགས་ལ་འབད་དོ། །གཉིས་པ་ནི། བཀའ་དྲིན་རྗེས་སུ་དྲན་པས་རྟག་ཏུ་མཆོད་ཅིང་། ཐ་ནའང་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་ལ་བསླབ་པར་བྱའོ། །བཞི་པ་ནི། རྒྱུན་གྱི་སྐྱབས་འགྲོ་བརྗོད་བྱ་བ། །


MLP014_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དྲུག་རྒྱུན་གྱི་བསྐུལ་མ་ཡིན། །ཞེས་པས་ཕན་ཡོན་དྲན་པའི་སྒོ་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་འགྲོ་བྱ་ཞིང་། ཉེ་འབྲེལ་འཁོར་གཡོག་དང་བཅས་པ་ཐམས་ཅད་ཀྱང་ཅི་ནུས་ཀྱིས་སྐྱབས་སུ་འགྲོར་གཞུག་པའོ། །དྲུག་པ་སྐྱབས་འགྲོ་བླང་བའི་ཆོ་ག་ནི། བླང་བྱ་དང་པོར་ཤེས་བྱ་བ། །དག་པའི་ཡུལ་ལས་བླང་བར་བྱ། །འཇིགས་པ་བྱུང་ཚེ་བསྐུལ་མ་ཡིན། །ཞེས་པས། ཐོག་མར་དག་པའི་ཡུལ་དགེ་བའི་བཤེས་གཉེན་ལས་བླང་དགོས་པས་དེ་ལ་གསོལ་བ་གདབ། དེས་ཀྱང་ཁས་བླངས་ཏེ། དཀོན་མཆོག་གི་རྟེན་གྱི་དྲུང་དུ་མཆོད་པ་བཤམས། མདུན་བཞག་གི་ཡུལ་ལ་དཀོན་མཆོག་དངོས་ཀྱི་འདུ་ཤེས་བསྐྱེད་ནས་ཕྱག་མཆོད་བྱེད་དུ་བཅུག་ལ། དགོངས་གསོལ་སྔོན་དུ་འགྲོ་བས། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་བརྗོད་དུ་གཞུག་གོ །དེ་ནི་བརྡ་ལས་ཐོབ་པ་ཀུན་རྫོབ་ཏུ་དམིགས་པ་དང་བཅས་པ་རྒྱུའི་སྐྱབས་འགྲོའོ། །དེའི་རྗེས་སུ། འགྲོ་བྱ། འགྲོ་བྱེད་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ། སེམས་ཉིད་གང་དུའང་མི་དམིགས་པ་སྤྲོས་པ་དང་བྲལ་བའི་ངང་ལ་བཞག་པས་སྐྱེ་མེད་ཀྱི་དོན་ཁོང་དུ་ཆུད་པ་ནི་དོན་དམ་པའི་སྐྱབས་འགྲོ་སྟེ། ཆོས་ཉིད་ཀྱིས་ཐོབ་པ་སྨོན་པ་མེད་པ་འབྲས་བུའི་སྐྱབས་འགྲོའོ། །དེ་ལྟར་ཡང་ཡུམ་བར་མ་ལས། རབ་འབྱོར། གང་ལ་སངས་རྒྱས་ཀྱང་མི་དམིགས་ལ། ཆོས་དང་དགེ་འདུན་ཡང་མི་སེམས་ན། འདི་ནི་ཡང་དག་པའི་སྐྱབས་འགྲོའོ། །ཞེས་སོ། །དེའང་དང་པོར་ཡུལ་དགེ་བའི་བཤེས་གཉེན་ལས་བླངས་ལ། ཕྱིས་འཇིགས་པས་བསྐུལ་མ་བྱས་ཏེ་གློ་བུར་དུ་བླང་བ་དང་། དུས་དྲུག་ཏུ་བླང་བ་རྣམས་ནི་ཡུལ་རང་བློས་བསམ་པའི་མདུན་དུ་བླང་ངོ་། །གསུམ་པ་མཇུག་གི་དོན་ལ་བཞི། མཛད་བྱང་སྨོས་པ། ལོ་ཙཱ་བ་ལ་གཏད་པ། དགེ་བ་བསྔོ་བ། མཐར་ཕྱིན་པའི་བྱ་བ་རྫོགས་བྱང་ངོ་། །དང་པོ་ནི། རྒྱུད་ལ་ཤེས་བྱ་མང་མཆིས་ཀྱང་། །རྒྱལ་བློན་ཡིད་ཆེས་མ་གྱུར་ནས། །སྐྱབས་འགྲོའི་ཆོ་ག་བདག་གིས་བཤད། །ཅེས་པས། སློབ་དཔོན་ནི་


MLP014_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལྔ་རིག་པའི་པཎ་ཆེན་ཡིན་པའི་ཕྱིར། ཐུགས་རྒྱུད་ལ་ཤེས་བྱ་མང་དུ་བཞུགས་མོད་ཀྱང་། འདིར་རྒྱལ་བློན་རྣམས་ཕྱི་ནང་གི་པཎྜི་ཏ་གང་ཡིན་ནམ་སྙམ་དུ་ཐེ་ཚོམ་བསལ་བའི་ཆེད་དུ། རེ་ཞིག་འདི་ཙམ་ཞིག་བཤད་ཅེས་པའོ། །གཉིས་པ་ནི། ལེགས་པར་བྲིས་ཤིག་ཀུ་མཱ་ར། །ཞེས་པས་གཉགས་ལོ་ཆེན་པོ་ལ་གཏད་ཅིང་། དེས་ལེགས་པར་བསྒྱུར་ནས། རྒྱལ་བློན་རྣམས་ལ་བསྟན་ཏེ་ཐེ་ཚོམ་བསལ་ལོ། །གསུམ་པ་ནི། བསོད་ནམས་འགྲོ་བ་ཡོངས་ལ་བསྔོ། །ཞེས་པས་ཐེག་ཆེན་གྱི་སྐྱེས་བུའི་སྤྱོད་པ་ལས་མི་འདའ་བའི་ཕྱིར་བརྩམས་པའི་དགེ་བ་གཞན་དོན་དུ་བསྔོ་བར་མཛད་པའོ། །བཞི་པ་ནི། སྐྱབས་འགྲོ་ཡན་ལག་དྲུག་པ་རྫོགས་སོ། །ཞེས་པ་ནི། རེ་ཞིག་དེ་ཙམ་གྱིས་རྫོགས་པས་བཤད་དུ་མེད་པའི་དོན་ནོ། །དེ་ལྟར་པཎ་ཆེན་བི་མ་ལས་བོད་དུ་བསྟན་བཅོས་མཛད་པའི་ཐོག་མ་སྐྱབས་འགྲོ་ཡན་ལག་དྲུག་པ་ཞེས་བྱ་བའི་གཞུང་དོན་རང་བློས་གང་སྤོབས་བཀྲལ་ནས་ཚོགས་ཆོས་སུ་བཤད་པའི་ཚེ་བརྗེད་ཐོའི་ཟིན་བྲིས་སུ་སྤེལ་བ་སྟེ་དྷརྨ་ཤྲཱིས་སོ། །ཤུ་བྷཾ།། །།

ཐུན་དྲུག་ཏུ་སྡོམ་གསུམ་གྱི་བསླབ་བྱ་སྐྱོང་ཚུལ་གྱི་ཡི་གེ


MLP014_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་དྲུག་ཏུ་སྡོམ་གསུམ་གྱི་བསླབ་བྱ་སྐྱོང་ཚུལ་གྱི་ཡི་གེ་བཞུགས་སོ། །ན་མོ་གུ་རུ་སརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿམི་འགྱུར་བྱང་སེམས་རྩ་བ་བརྟན། །བླ་མེད་ཚོགས་གཉིས་ཡལ་འདབ་རྒྱས། །སྐུ་བཞི་རྡོ་རྗེའི་འབྲས་བུས་དུད། །བླ་མ་དཔག་བསམ་ལྗོན་པ་རྒྱལ། །རྣམ་དག་ལེགས་ལམ་སྡོམ་གསུམ་ལ། །ནན་ཏན་སྙིང་པོར་བསླབ་འདོད་པའི། །སྐལ་བཟང་དང་པོའི་ལས་ཅན་ཆེད། །ཐུན་དྲུག་ཉམས་ལེན་ཆོ་ག་བཤད། །འདིར་རང་གཞན་གྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ནི། སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སྡོམ་པ་གསུམ་གྱི་བསླབ་པ་ལ་ནན་ཏན་སྙིང་པོར་བྱེད་པ་ཉིད་ཡིན་ལ། དེའི་ཕྱིར་སྐལ་ལྡན་ལས་དང་པོ་པ་རྣམས་ཀྱི་ཉམས་སུ་བླང་བྱའི་གྲངས་དང་རིམ་པ་ནི་འདི་ཡིན་ཏེ། རྙེད་དཀའ་དལ་འབྱོར་ལ་མི་རྟག་པའི་དྲན་ཤེས་དང་། འཁོར་བའི་སྡུག་བསྔལ་བཟོད་གླགས་མེད་པར་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས་གནས་ཁང་དག་པའི་ཞིང་དུ་མོས་ཏེ། མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་བཏབ་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན། ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཞེས་སོགས་ཀྱིས་ཞེ་ཐག་པ་ནས་སྐྱབས་འགྲོ་བྱ་སྟེ། འདི་ནི་སྐྱབས་འགྲོའི་བསླབ་བྱ་ཕན་ཡོན་དྲན་པས་ཉིན་མཚན་དུས་དྲུག་ཏུ་སྐྱབས་འགྲོ་བྱ་བར་བཤད་པ་དང་། རིགས་ལྔ་སོ་སོའི་དམ་ཚིག་ལས། དེ་བཞིན་རིགས་རྣམ་སྣང་གི་དམ་ཚིག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་གསུངས་པ་དེ་སྐྱོང་བའི་ཐབས་ཡིན་ནོ། །དེ་ནས་འགྲོ་དྲུག་དྲིན་ཅན་གྱི་མར་ཤེས་པའི་བྱམས་པ་དང་། དེ་རྣམས་སྡུག་བསྔལ་གྱིས་ཉམ་ཐག་པ་ལ་ཚུགས་ཐབས་མེད་པའི་སྙིང་རྗེས་ཡིད་དྲངས་ཏེ།


MLP014_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་འགོད་པར་བྱ་སྙམ་དུ་ཚད་མེད་བཞི་བསྒོམ་པར་བྱ་སྟེ། འདི་ནི་རིན་པོ་ཆེའི་རིགས་ལ་སྦྱིན་པ་རྣམ་བཞི་སྟེར་བར་ཁས་བླངས་པའི་ནང་གི་བྱམས་པའི་སྦྱིན་པ་དང་། བཏང་སྙོམས་ཚད་མེད་པས་མི་འཇིགས་པའི་སྦྱིན་པ་གཏོང་བའི་དམ་ཚིག་སྐྱོང་བ་དང་། བླ་ན་མེད་པའི་ཁྱད་པར་གྱི་དམ་ཚིག་ཉི་ཤུ་རྩ་བརྒྱད་ལས་རྩ་བའི་དམ་ཚིག་གསུམ་གྱི་སྐུའི་དམ་ཚིག་གི་ནང་ཚན་སྤྱི་རིང་ཉེ་འདྲེས་ཀྱི་མཆེད་བཞི་ལ་བྱམས་པར་བྱ་བ་དང་། རྩ་ལྟུང་བཅུ་བཞི་ལས། གསུམ་པ་རྡོ་རྗེའི་སྤུན་ལ་ཁྲོས་པ། བཞི་པ་སེམས་ཅན་ལ་བྱམས་པ་སྤོང་བ། བཅུ་པ་ཐ་མལ་གྱི་བྱམས་པས་འདུལ་ནུས་ནའང་ཡལ་བར་དོར་བ། བཅུ་གཉིས་པ་དད་པ་ཅན་གྱི་སེམས་སུན་འབྱིན་པ། བཅུ་བཞི་པ་བུད་མེད་ལ་སྨོད་པ་དང་ལྔ་པོ་སྤོང་བ་རྣམས་ཀྱི་སྲུང་ཐབས་དང་། སེམས་བསྐྱེད་ཀྱི་སྔོན་འགྲོར་ཚད་མེད་ལ་བློ་སྦྱོང་བའང་ཡིན་ནོ། །དེ་ནས་མཐའ་ཡས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པའི་སེམས་བདག་གིས་རྫོགས་བྱང་མ་ཐོབ་ཀྱི་བར་དེ་སྲིད་དུ་མི་བཏང་བར་བྱའོ་སྙམ་དུ་དམ་འཆའ་བ་ནི་སྨོན་པའི་སེམས་བསྐྱེད་མི་འཆོར་བའི་ཐབས་དང་། བྱང་སེམས་དབང་རྟུལ་རྣམས་ལ་རྩ་ལྟུང་གཅིག་ཏུ་བསྟན་པའི་སྨོན་འཇུག་ཐུན་མོང་གི་བསླབ་བྱ་དེ་སྐྱོང་བའི་ཐབས་སོ། །དེ་ནས་དུས་དྲུག་ཏུ་རེ་རེའི་ཆ་ལས་ཡན་ལག་ཅུང་ཟད་ཉམས་པ་རྣམས་གསོ་ཞིང་མ་ཉམས་ཀྱང་སྤེལ་བའི་ཆེད་དུ། གཞན་དོན་དུ་རྫོགས་བྱང་ཐོབ་འདོད་དང་། དེའི་ཐབས་བྱང་སེམས་ཀྱི་སྤྱོད་པ་མཐའ་དག་སློབ་པར་འདོད་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མངོན་སུམ་ལྟ་བུར་དམིགས་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས་སོགས་སྨོན་འཇུག་སེམས་བསྐྱེད་སྟབས་ཅིག་ཏུ་བླངས་ཏེ། འདིར་ནི་རྣམ་སྣང་གི་དམ་ཚིག་ཏུ་སྨོན་འཇུག་གི་སེམས་བསྐྱེད་ནས་ཚུལ་ཁྲིམས་གསུམ་འཛིན་པར་གསུངས་པ་དང་། རྩ་ལྟུང་བཅུ་བཞི་ལས། ལྔ་པ་བྱང་ཆུབ་ཀྱི་སེམས་སྤོང་བ་བསྲུང་བའི་བསླབ་བྱ་སྐྱོང་ཐབས་


MLP014_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །མཇུག་ཏུ་དེང་དུས་བདག་ཚེ་སོགས་དགའ་བ་བསྒོམ་པའི་དོན་ཡིད་ལ་དྲན་བཞིན་པར་བརྗོད་པས་ཉིན་མཚན་དུས་དྲུག་ཏུ་སེམས་བསྐྱེད་ཀྱི་ཕན་ཡོན་བསམ་པར་གསུངས་པའི་བསླབ་བྱ་སྐྱོང་ཐབས་སོ། །དེ་ནས་སྲས་བཅས་སངས་རྒྱས་ཐམས་ཅད་དང་། །ཞེས་སོགས་རིགས་ལྔའི་སྡོམ་བཟུང་ཆོ་གའམ་ཡང་ན། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་། །སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་བཟུང་བར་བགྱི། །ཞེས་པས་སྔར་དབང་དུས་སུ་མནོས་པའི་སྡོམ་པ་བཟུང་བ་སྟེ། ཉིན་མཚན་གྱི་ཐུན་རེ་རེའི་ཆ་ལ་ཡན་ལག་ཅུང་ཟད་ཉམས་པ་རྣམས་གསོ་ཞིང་མ་ཉམས་ཀྱང་གོང་དུ་སྤེལ་བའི་ཐབས་སོ། །དེ་བས་རང་ཉིད་གཉུག་མའི་ལྷ་ཡི་དམ་གང་རུང་ཝལ་གྱིས་བསྒོམས་པའི་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་མཐོ་ཞིང་ཡངས་པའི་སྟེང་དུ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་གསང་འདུས་རྡོ་རྗེ་སེམས་དཔའ་མཐིང་གའི་རྣམ་པ་ཅན་རྩ་གསུམ་ཀུན་འདུས་ངོ་བོར་བཞུགས་པར་མོས་ལ་རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པའི་ངང་ནས། མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་ཕྱག་དང་། སྣོད་བཅུད་ཀྱི་འཇིག་རྟེན་བདག་གཞན་གྱི་ལུས་དང་ལོངས་སྤྱོད་དུས་གསུམ་དགེ་རྩ་དང་བཅས་པ་མཆོད་སྤྲིན་མཐའ་ཡས་པར་སྤྲོས་ཏེ། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །ཀུན་བཟང་མཆོད་སྤྲིན་ཆེར་སྤེལ་ནས། །བླ་མ་རྒྱལ་བ་སྲས་བཅས་མཆོད། །ཅེས་འབུལ་ཏེ། འདིས་ནི་ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། མཆོད་པའི་ལས་ཀྱང་ཅི་ནུས་སུ་བསྒྲུབ་པར་ཁས་བླངས་པའི་དམ་ཚིག་སྐྱོང་བ་མཆོག་ཡིན་ནོ། །དེ་ནས་བླ་མའི་སྐྱོན་དང་ཡོན་ཏན་ལ་རྟོག་པའི་ཉེས་དམིགས་དང་ཕན་ཡོན་ཤེས་པས། ཕྱིན་ཆད་བླ་མའི་སྐྱོན་ཅུང་ཟད་ཀྱང་རྟོག་པར་མི་བྱའོ་སྙམ་པའི་སྡོམ་སེམས་དྲག་པོ་དང་། ཅི་མཛད་འགྲོ་བ་འདུལ་བའི་ཕྲིན་ལས་དང་། ཅི་གསུང་ཚད་མར་


MLP014_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་དག་སྣང་སོགས་ཡོན་ཏན་དྲན་པའི་དད་པ་དྲག་པོས། བ་སྤུ་གཡོ་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱིས་ཚིག་བདུན་གསོལ་འདེབས། བླ་མ་སྐུ་གསུམ་མ། དུས་གསུམ་སངས་རྒྱས་ལ་སོགས་གསོལ་འདེབས་ཀྱི་རིམ་པ་ཁ་ཏོན་དུ་བྱ་ཞིང་། བཛྲ་གུ་རུའི་འཛབ་ཀྱང་བཟླས་ནས་ཏིང་ངེ་འཛིན་གྱིས་དབང་བཞི་ཡང་བླངས་ཏེ། མཐར་བླ་མ་རང་གི་སྤྱི་བོའི་སྟེང་གི་ནམ་མཁར་སྤྱན་དྲངས་པ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་ཐིམ་པས་བླ་མ་དང་རང་སེམས་དབྱེར་མེད་ཀྱི་ངང་ལ་མཉམ་པར་འཇོག །མཚན་མོ་ཉལ་དུས་ཀྱང་བླ་མ་སྤྱི་བོ་ནས་བྱོན་པས་སྙིང་ནང་དུ་སྐུ་ཕྲ་ཞིང་འབར་བ་ལ་སེམས་བཟུང་སྟེ་ཉལ་བས་འཁྲུལ་བའི་རྨི་ལམ་འོད་གསལ་དུ་འཆར་བའི་དགོས་པ་ཡོད་དོ། །འདིས་ནི་ཐུན་དྲུག་མཉམ་པར་འཇོག་ཏུ་བླ་མའི་རྣལ་འབྱོར་བསྒོམ་པར་གསུངས་པ་དང་། དབང་བླང་བ་དང་། སྔར་རྒྱུ་དུས་སུ་ཐོབ་པའི་དབང་གི་ཆུ་བོ་མི་ནུབ་པར་གོམས་པར་བྱེད་པའི་ཐབས་ལམ་དུས་ཀྱི་དབང་སྐྱོང་བའང་ཡིན་ལ། རིགས་ལྔའི་དམ་ཚིག་ཀྱང་། སློབ་དཔོན་དག་ཀྱང་བཟུང་བར་བགྱི། །ཞེས་པའི་དམ་ཚིག་སྐྱོང་ཐབས་ཀྱང་ཡིན་ཞིང་། དེར་མ་ཟད་དམ་ཚིག་ཉེར་བརྒྱད་ལས་སྐུའི་དམ་ཚིག་གི་ནང་ཚན། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་སྟོན་སློབ་དཔོན་དྲུག །ཅེས་པའི་སློབ་དཔོན་བཀུར་བའི་དམ་ཚིག་དང་། རྩ་ལྟུང་བཅུ་བཞི་ལས། དང་པོ་བླ་མ་བརྙས་པ་སྤོང་བ་དང་། ཅི་གསུང་ཚད་འཛིན་གྱི་ཐབས་ཀྱིས་གཉིས་པ་བདེ་གཤེགས་བཀའ་འདས་སྤོང་བ། དེའི་རིགས་སུ་འདུས་པ་དྲུག་པ་རང་གཞན་གྱི་གྲུབ་མཐའ་ལ་སྨོད་པ་སྤོང་བ་རྣམས་ཀྱིས་བསླབ་བྱ་སྲུང་ཚུལ་ཡང་ཡིན་ནོ། །དེ་ནས་གཟུང་འཛིན་དང་བྲལ་བའི་རྣམ་པར་མི་རྟོག་པ་བློ་བྲལ་གྱི་ཡེ་ཤེས་རང་གསལ་རྗེན་པར་མཐོང་བའི་རྣལ་འབྱོར་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་ཀྱི་ངང་ལ་དར་ཅིག་མཉམ་པར་བཞག་པར་བྱ་སྟེ། འདིས་ནི་དམ་ཚིག་ཉེར་བརྒྱད་ལས། རྩ་བའི་ཐུགས་ཀྱི་དམ་ཚིག་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཟུང་འཇུག་གི་ཡེ་ཤེས་རྟོགས་གོམས་ཀྱིས་སྐྱོང་བ་དང་། ཡན་ལག་ཤེས་པར་བྱ་བ་ལྔ་དང་། བསྒྲུབ་པར་བྱ་བ་ལྔ། རྩ་ལྟུང་བཅུ་བཞི་


MLP014_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དགུ་པ་རང་བཞིན་དག་པའི་ཆོས་ལ་སོམ་ཉི་ཟ་བ། བཅུ་གཅིག་པ་མིང་སོགས་བྲལ་བའི་ཆོས་ལ་དེར་རྟོག་པ། བརྒྱད་པ་ཕུང་པོ་སངས་རྒྱས་:མངའ་༼ལྔ་༽བདག་ལ་བརྙས་པའི་ལྟུང་བ་རྣམས་ཀྱིས་མི་གོས་པའི་ཐབས་སོ། །དེ་ནས་ཡི་དམ་གྱི་ལྷ་གང་ཡང་རུང་བའི་བསྐྱེད་རིམ་གྱི་རྣལ་འབྱོར་བསྒོམ་ཞིང་བཟླས་པ་ཅི་རིགས་བྱ་སྟེ། འདི་ནི་རིགས་ལྔའི་དམ་ཚིག་ལས། རྡོ་རྗེའི་རིགས་ལ་རྡོར་དྲིལ་ཕྱག་རྒྱའི་དམ་ཚིག་གསུམ་འཛིན་པར་བཤད་པ་དང་། འདི་དང་གོང་མ་གཉིས་ཀྱི་དམ་ཚིག་ཉེར་བརྒྱད་ལས། རྩ་བའི་གསུང་གི་དམ་ཚིག་སྔགས་རྒྱ་རྒྱུན་མི་ཆད་པ་དང་། དེ་དག་གི་རྗེས་སྤྱོད་དང་འབྲེལ་བར་གསང་བའི་དོན་ཕྱིར་མི་སྨྲ་བ། ཡན་ལག་སྤྱད་པར་བྱ་བ་ལྔ། དང་དུ་བླང་བ་ལྔ་རྣམས་དང་། རྩ་ལྟུང་བཅུ་བཞི་ལས། བདུན་པ་གསང་སྒྲོག །བཅུ་གསུམ་པ་དམ་ཚིག་གི་རྫས་མི་བསྟེན་པ་གཉིས་སྤོང་ཚུལ་རྣམས་ཀྱི་སྐྱོང་ཐབས་སོ། །མཉམ་བཞག་དེ་ལས་ལངས་རྗེས། དང་པོ་འདུལ་བའི་གཞིས་བསྡུས་ཀྱི་བསླབ་བྱ་རགས་པ་དང་། ལྟུང་བའི་འབྱུང་ཉེ་རྣམས་དང་། རྣམ་འབྱེད་ཀྱི་སྡོམ་གྱིས་བསྡུས་པའི་ལྟུང་བ་རྣམས། ཐ་ན་སྡོམ་ཚིག་ཙམ་ལ་བརྟེན་པ་དང་། བྱང་སེམས་ཀྱི་ཚུལ་ཁྲིམས་གསུམ་གྱི་བསླབ་བྱ་རྣམས་དང་། སྔགས་ཀྱི་སྡོམ་པ་སྦྲགས་བཟུང་ནས་འབྱུང་བའི་རིགས་ལྔའི་སྡོམ་པ་དང་། རྩ་བ་ཡན་ལག་གི་ཉེས་ལྟུང་སོགས་ཏེ། མདོར་ན་སྡོམ་པ་གསུམ་སོ་སོའི་ཉེས་ལྟུང་རྣམས་རྐང་གྲངས་ཙམ་ཡིད་ལ་དྲན་པའི་སྒོ་ནས་ངོ་བགྲང་གསི་རང་རྒྱུད་ལ་གོས་སམ་མ་གོས་བརྟག་དཔྱད་ལེགས་པར་བྱས་ལ་མ་གོས་པར་འདུག་ན་དགའ་བ་བསྒོམ། གོས་འདུག་ན་གནོང་འགྱོད་ཀྱི་སེམས་དྲག་པོས་མྱུར་དུ་ཕྱིར་འཆོས་པའི་འདུན་པ་དང་། སྔར་གོས་མ་གོས་གང་ལྟར་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་གོས་པར་བྱའོ་སྙམ་དུ་སྡོམ་སེམས་དྲག་པོ་བསྒོམ་པར་བྱའོ། །རྡོ་རྗེ་རྩེ་མོའི་རྒྱུད་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ཡང་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པས། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཞེས་སྔགས་ཀྱི་དམ་ཚིག་བསྲུང་མཚམས་རྣམས་ཡིད་ལ་བཞག་སྟེ་ཐུན་དྲུག་ཏུ་བསྔོ་བགྲང་བྱ་བར་གསུངས་པ་ལྟར། སོ་བྱང་གཉིས་ལའང་འགྲུབ་ན། སྲུང་བའི་གནད་མཆོག་ཏུ་གྱུར་


MLP014_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །སྤྱིར་ཉེས་ལྟུང་འབྱུང་བའི་རྒྱུའང་སྡོམ་པའི་རྒྱུད་ལས། མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་དང་། །བརྗེད་ངས་དྲན་པ་མི་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །ཞེས་རྒྱུ་དྲུག་གསུངས་པ་ལས། དེ་དག་གི་གཉེན་པོ་བསྟེན་ཚུལ་ཡང་། མི་ཤེས་པའི་གཉེན་པོར་བླང་དོར་གྱི་མཚམས་ཤེས་པའི་བསླབ་བྱ་ལ་སློབ་པ་དང་། མ་གུས་པའི་གཉེན་པོར་ཕན་ཡོན་ལ་བྲོད་པ་དང་བཅས་ཏེ་བསྲུང་བ་དང་། བག་མེད་ཀྱི་གཉེན་པོར་དམིགས་པ་ལ་འཇིགས་པས་བསྒྲིམ་སྟེ་བསྲུང་བ་དང་། ཉོན་མོངས་པ་མང་བ་ལ། ཉོན་མོངས་པ་གང་སྐྱེས་ལ་གཉེན་པོ་བསྐྱེད་ནས་བསྲུང་བ་དང་། བརྗེད་ངས་ཀྱི་གཉེན་པོར་གནང་བཀག་གི་མཚམས་རྣམས་ཉིན་མཚན་དུས་དྲུག་ཏུ་དྲན་པར་བྱས་ཏེ་བཤགས་སྡོམ་བྱེད་པ་དང་། དྲན་པས་མི་བསལ་བའི་གཉེན་པོར་ཤེས་བཞིན་གྱི་བྱ་ར་འཛུགས་པའི་སྒོ་ནས་བསྲུང་ཞིང་། དེ་ཡང་ཉེས་ལྟུང་སྟོབས་ལྡན་རེ་རེ་ཙམ་ལ་སྤྱད་ན་དེའི་གཉེན་པོར་བཤགས་སྡོམ་ལ་འབད་དུ་ཟིན་ཀྱང་རྒྱུད་ཉེས་པས་ཐར་པ་ཐོབ་པ་ལ་ཡུན་རིང་འགྱངས་ཤིང་ཐོགས་པར་བྱེད་དེ། སྤྱོད་འཇུག་ལས། དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱིས་འདྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། །ཞེས་གསུངས་པའི་བསླབ་བྱ་ཕྲ་ཞིབ་ནས་མིག་གི་འབྲས་བུ་ལྟར་གཅེས་སྤྲས་ཀྱིས་བསྲུང་བ་ལ་འབད་ཅིང་། རང་ཉིད་བསླབ་བྱའི་གནས་ལ་བརྩོན་པར་མ་ཟད། གཞན་རྗེས་སུ་འཛིན་པའི་ཡན་ལག་ཏུ་དམ་པའི་ཆོས་མ་ལུས་པ་བཤད་སྒྲུབ་ཀྱི་སྒོ་ནས་བཟུང་བར་བྱའོ་སྙམ་དུ་དམ་འཆའ་བ་སྟེ། འདི་ནི་རིགས་ལྔ་ལས་པད་རིགས་ཀྱི་དམ་ཚིག་སྐྱོང་ཐབས་ཀྱང་ཡིན་ལ། ཆོས་སྤོང་གི་ལས་སྒྲིབ་ཀྱང་སྲབ་པར་འགྱུར་ཞིང་དགེ་བའི་ཆོས་མང་པོའང་སྡུད་པ་ཡིན་ནོ། །དེ་ལྟར་བསྒྲུབས་པས་མཚོན་ཏེ་བདག་གི་ལུས་ལོངས་སྤྱོད་དུས་གསུམ་བསགས་ཡོད་ཀྱི་དགེ་ཚོགས་རྣམས་སེམས་ཅན་ཐམས་ཅད་ལ་ལྟོས་མེད་དུ་བཏང་ལ་བསྔོ་བར་བྱ་སྟེ། དེ་ལྟར་དེ་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་གང་བསགས་པ། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་


MLP014_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕོངས་པ་མེད་པར་གཏང་བར་བྱ། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ཀྱང་ཉེར་འཚོའི་གཞིར་ཡང་ཤོག །ཅེས་པ་ལ་སོགས་ཇི་ལྟར་རིགས་པའི་བསྔོ་སྨོན་གྱི་དོན་ཡིད་ལ་བསམ་ཞིང་བརྗོད་པར་བྱ་སྟེ། རིམ་ལྔ་ལས། རིན་ཆེན་རིགས་ལ་སྦྱིན་པ་རྣམ་བཞི་སྟེར། གསུངས་པའི་ནང་ནས། བྱམས་པ་དང་མི་འཇིགས་པའི་སྦྱིན་པ་གཉིས་སྔར་སོང་བས། འདིར་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་གཉིས་སྟེར་བས་དམ་ཚིག་སྐྱོང་བའི་ཐབས་སུ་འགྱུར་ཞིང་། ལྷག་བསམ་སྦྱོང་བ་དང་། ཐེག་ཆེན་གྱི་བསྔོ་བའང་ཡིན་ནོ། །གཞན་ཡང་ཐུན་དྲུག་པོ་རེ་རེའི་མགོར་ཕུང་པོ་གསུམ་པའི་མདོ་ཚར་རེ་ཁ་ཏོན་ཏུ་བྱས་ན། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་གསུངས་པའི་ཉམས་ལེན་དུའང་འགྱུར་རོ། །དེ་ལྟར་སྐྱབས་འགྲོ་ནས་བསྔོ་བའི་བར་འདི་ནི་ཉིན་ཞག་ཕྲུགས་གཅིག་ལ་ཉིན་ཆ་གསུམ་མཚན་ཆ་གསུམ་སྟེ། ཐུན་དྲུག་ཏུ་བཅད་ནས་ཉམས་སུ་བླངས་པས་སྡོམ་པ་གསུམ་གྱི་བསླབ་བྱ་རྣམས་ཉིན་རེ་བཞིན་ལན་དྲུག་ཏུ་བཟླ་བར་གསུངས་པའི་ལག་ལེན་རྒྱུད་ཐོག་ཏུ་ཁེལ་བར་འགྱུར་བ་ཡིན་ནོ། །ཞེས་པ་འདིའང་རྣལ་འབྱོར་པ་བློ་གྲོས་ཀྱི་མཐུ་མངའ་བའི་སྡོམ་བརྩོན་རིག་པ་འཛིན་པ་པདྨ་དབང་འདུས་ཀྱི་ཞལ་ངོར། རྗེ་གཏེར་ཆེན་བླ་མའི་བཀའ་དྲིན་གྱིས་འཚོ་བ་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཅུའི་ཉིན། སྟན་ཐོག་གཅིག་ཏུ་སྤེལ་བའི་ཡི་གེ་པ་ནི་འགྱུར་མེད་ཚུལ་ཁྲིམས་སོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེ་རྒྱུན་མི་ཆད་པ་འབྱུང་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཟིན་བྲིས། ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཟིན་བྲིས་ཉུང་གསལ་སྙིང་པོར་དྲིལ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། ༀ་སྭསྟི། མི་འགྱུར་བདེ་ཆེན་དབྱིངས་ལས་ཐུགས་རྗེའི་འཕྲུལ། །འཇིག་རྟེན་དབང་ཕྱུག་སྲོང་བཙན་པདྨ་འབྱུང་། །རྣམ་གསུམ་དབྱེར་མེད་རྡོ་རྗེ་སློབ་དཔོན་ལ། །ཕྱག་བྱས་སྐུ་གསུམ་སྙིང་པོའི་དོན་ཁྲིད་བརྩམ། །འདིར་གངས་ཅན་གྱི་ལྷ་གཅིག་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་ལས་འབྱུང་བའི་སྐུ་གསུང་ཐུགས་བསྐྱེད་བཟླས་འོད་གསལ་དང་འབྲེལ་བའི་ཁྲིད་ལ་དོན་གསུམ་སྟེ། ཀ༽སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། ཐུན་མོང་མ་ཡིན་པ་དངོས་གཞི་དང་འབྲེལ་བར་འབྱུང་བས། འདིར་ཐུན་མོང་པ་སྟེ། ཁྲིད་གསར་པ་ཡིན་ན། དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་པ། ལས་འབྲས་སྨིན་ཚུལ། འཁོར་བའི་ཉེས་དམིགས་བསམ་པ་རྣམས་རྒྱུད་ལ་སྐྱེས་སྐྱེས་སུ་བསྒོམ་དུ་འཇུག་དགོས་མོད། འདིར་བློ་ཅུང་ཟད་འབྱོངས་ཟིན་པའི་དབང་དུ་བྱས་ནས། དམིགས་རྐང་བཞི་པོ་དེ་གསལ་འདེབས་ཀྱི་ཆེད་གཅིག་ཏུ་དྲིལ་ན། བདག་གིས་ད་རེས་རྙེད་དཀའ་ན་དོན་ཆེ་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་རྟེན་ཕུན་སུམ་ཚོགས་པ་མི་ལུས་རིན་པོ་ཆེ་ཐོབ་པའི་སྐབས་འདིར་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་ལྟར། དལ་འབྱོར་ལ་སྙིང་པོ་ལེན་པའི་ཆོས་གཤའ་མ་ཞིག་བྱེད་དགོས་པར་འདུག་དེ་ཡང་ནམ་འཆི་ཆ་མེད་པས་ཕྱི་བཤོལ་དུ་མ་ལུས་པར་འཕྲལ་རང་དུ་བྱེད། འཆི་བའི་ཚེ་གནས་ལུས་དབང་ཐང་སོགས་གང་ཡང་རྗེས་སུ་མི་འབྲང་བས་ཚེ་འདིར་ལྟོས་ཀྱི་བཙན་ཕྱུག་ལོངས་སྤྱོད་སོགས་གང་ལའང་སྙིང་པོ་སྤུ་ཙམ་མེད། དགེ་སྡིག་གཉིས་པོ་ནི་ཤི་ནས་ཀྱང་ངེས་པར་རྗེས་


MLP014_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབྲང་། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། དགེ་བ་རང་གིས་མ་བྱས་པར་འཁྱེར་རྒྱུ་ནི་མེད། ལས་ཀྱི་དབང་གིས་ཁམས་གསུམ་འཁོར་བ་འདི་གང་དུ་སྐྱེས་ཀྱང་རྒྱལ་པོའི་བཙོན་དོང་དུ་ཆུད་པ་ལྟར་སྡུག་བསྔལ་འབའ་ཞིག་མ་གཏོགས་སྐྱིད་མེད། ཁྱད་པར་ངན་སོང་དུ་སྐྱེས་ན་ཅི་ཙུག་བྱེད། མི་སྐྱེ་བའི་གདིང་ནི་མེད། མཐོ་རིས་སུ་སྐྱེས་ཀྱང་སྤྲིན་བར་གྱི་ཉི་མ་འདྲ་སྟེ་འགྱུར་ཞིང་འགྲོ་བའི་ཕྱིར་སྙིང་པོ་མེད་པས། དེང་ཕྱིན་ཆད་སྡིག་པ་སྲོག་ལ་བབས་ཀྱང་མི་བྱེད། དགེ་བ་ལ་ནན་ཏན་དུ་བསྒྲུབ་པར་བྱ་སྙམ་ཞེ་དམ་དྲག་པོ་བྱ། དེས་ན་དམ་པའི་ཆོས་ལས་གཞན་པའི་བྱ་བྱེད་ཐམས་ཅད་བྱས་པ་དོན་མེད་སྡུག་བསྔལ་གྱི་འཁོར་ལོར་ཤེས་པས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བདེ་འབྱོར་ཡང་གྲོག་མའི་ཚང་དང་འདྲ་བར་མཐོང་ནས། འཁོར་བའི་བྱ་བ་ལ་སྐྱུག་གཤའ་མར་ལོག་པ་ཞིག་བྱུང་ན་སྔོན་འགྲོ་གནད་དུ་ཐེབས་པ་ཡིན་ནོ། །ཁ༽དེ་ལྟར་རྒྱུད་འབྱོངས་ནས་སྐྱབས་འགྲོ་ལམ་དུ་བཏང་སྟེ། འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་པ་བླ་མ་དཀོན་མཆོག་མ་གཏོགས་གཞན་མེད་པས། དེ་ལ་སྐྱབས་དང་ར་མདའ་ཞུ་སྙམ་དུ་བསམས་ནས། རང་གི་མདུན་གྱི་ནམ་མཁར་འཇའ་ཚོན་ཁ་དོག་སྣ་ལྔའི་གུར་ཁྱིམ་གྱི་ནང་དུ་ཁྲི་སྟན་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་རྩ་བའི་བླ་མ་དང་ཐ་མི་དད་པའི་འཕགས་པ་ཐུགས་རྗེ་ཆེན་པོ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཞུགས་པའི་སྤྱན་སྔར། དགྲ་གཉེན་ཕྱོགས་རིས་མེད་པའི་སེམས་ཅན་གྱིས་ས་ཆེན་པོའི་དྲེག་པ་ལྟར་གང་བའི་བྱང་རང་གིས་དྲངས་ཏེ། ཅི་བྱེད་ཁྱེད་ཤེས་ཀྱི་བློ་ལྟོས་ལིང་བསྐྱུར་གྱིས། བླ་མ་བདེ་གཤེགས་འདུས་པའི་སྐུ། ཞེས་སོགས་ལྟ་བའི་སྐྱབས་འགྲོ་དང་། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱང་རང་ཉིད་ཀྱི་ཚེ་རབས་ཀྱི་ཕ་མ་ཡིན། འདི་ཐམས་ཅད་སྡུག་བསྔལ་གྱིས་མནར། བདེ་བའི་ཐབས་ནི་མི་ཤེས། བདེ་བ་འདོད་ཀྱང་སྡུག་བསྔལ་སྒྲུབ་པས་སྨྱོན་པ་དང་། འདི་རྣམས་སྡུག་བསྔལ་ལས་དྲངས་ཏེ་བདེ་བ་བླ་ན་མེད་པའི་བྱང་ཆུབ་ལ་འགོད། དེའི་ཆེད་དུ་ལམ་ཟབ་མོ་བསྒོམ་པར་བྱའོ་སྙམ་པས། སེམས་


MLP014_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་འགྲོ་བ་ཀུན་དོན་དུ། །ཞེས་སོགས་ཀྱིས་སེམས་བསྐྱེད་ནས། མཐར་སྐྱབས་ཡུལ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་དག་པའི་ཞིང་དུ་འུར་དིང་གིས་སོང་བར་མོས་ལ། སྐྱབས་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་དབྱེར་མི་ཕྱེད་པར་བལྟས་ལ་དགེ་བ་བསྔོའོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། སྐུ་བསྐྱེད་རིམ་གྱི་ཁྲིད། གསུང་བཟླས་པའི་ཁྲིད། ཐུགས་འོད་གསལ་གྱི་ཁྲིད་དོ། །དང་པོ་ལ་གསུམ། སྐུ་ཁྲིད་དང་འབྲེལ་བའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང་། དངོས་གཞི་སྣང་སྟོང་སྐུའི་ཁྲིད། མཐར་ཡུངས་འབྲུའི་ཚུལ་དུ་འཕོ་བའོ། །དང་པོ་ལ་སྤང་བླང་གཉིས་ལས་སྤང་བྱ་ནི། སྐུ་རྡོ་རྗེ་ལ་སྒྲིབ་པར་བྱེད་པ་ལུས་ཀྱི་མི་དགེ་བའི་ལས་སྲོག་གཅོད་པ། མ་བྱིན་པ་ལེན་པ། འདོད་པས་ལོག་པར་གཡེམ་པ་སྔར་བྱས་ལ་འགྱོད་པ་དྲག་པོས་བཤགས་ཤིང་ཕྱིན་ཆད་མི་བྱ་བར་བསྡམ། བླང་བྱ་སེམས་ཅན་གྱི་སྲོག་སྐྱོབ་པ། མ་ཆགས་པར་སྦྱིན་པ་གཏོང་བ། ཚུལ་ཁྲིམས་ལ་གནས་པ་སྟེ་ལུས་ཀྱི་དགེ་བ་གསུམ་ལ་བསླབ་པའོ། །གཉིས་པ་ནི། ལུས་གནད་ཆོས་བདུན་བཅས་ལ། རང་ལུས་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ལྷའི་སྐུ་ཡིན་པ་ལ། སྭ་བྷཱ་ཝའི་སྔགས་ཀྱིས་ཡིན་པར་ངེས་པའི་བློས་སད་པར་བྱས་ཏེ། སྟོང་པའི་ངང་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་ཤེལ་ཕྲེང་དང་། གཡོན་འོག་མ་པདྨ་དཀར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རྒྱས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། སྐུ་ལས་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་འཕྲོ་བ་ཞིག་རིམ་གྱིས་གསལ་གདབ། ཡིད་ཡུལ་དུ་ལེགས་པར་གསལ་བ་དང་། བསྐྱེད་རིམ་བསྒོམས་ན་བར་སྣང་འཇའ་ལ་ལྟོས་ཞེས་གསུངས་པ་ལྟར། ལྷ་སྐུའི་རྣམ་པ་དེ་ཡང་སྣང་བ་གཟུགས་སུ་གྲུབ་ལ། འཛིན་པ་གཟུགས་སུ་མ་གྲུབ་པ། བར་སྣང་གི་འཇའ་ཚོན་ནམ་མེ་ལོང་གི་གཟུགས་བརྙན་གྱི་དཔེ་དང་བསྲེ་ཞིང་བསྒོམས་པས་གསལ་


MLP014_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཞེན་བྲལ་གྱི་ཉམས་བཟང་པོ་འཆར་རོ། །གསུམ་པ་ནི། རང་ཉིད་ལྷར་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་ཡར་སྣ་ཚངས་བུག་ཏུ་ཧ་རེ་ཡོད་པ། སྙིང་གི་ཐད་ཀྱི་དབུ་མའི་ནང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་འོད་ཀྱི་གང་བུ་ཅན། སྤྱི་བོའི་ཐད་ཀྱི་ནམ་མཁའ་ལ་བླ་མའི་ངོ་བོ་འོད་དཔག་མེད་ལྷའི་བུ་དང་བུ་མོའི་ཚོགས་ཀྱིས་བསྐོར་བ་གསལ་བཏབ་པ་ལ་མོས་གུས་དུང་བ་བྱས་པས་སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་། ཡེ་ཤེས་སེམས་དཔའ་ལ་ཕོག་པས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་ཡེ་ཤེས་སེམས་དཔའ་དེ་དབུ་མའི་ལམ་བརྒྱུད། སྤྱི་བོ་ནས་རྒྱངས་ཀྱིས་ཐོན་ཏེ། བླ་མ་འོད་དཔག་མེད་ཀྱི་ཐུགས་ཁར་སིབ་ཀྱིས་ཐིམ། འོད་དཔག་མེད་ཀྱང་འཇའ་འོད་ཀྱི་ལམ་ནས་བདེ་བ་ཅན་དུ་གཤེགས་པར་མོས་ལ། རང་ལྷ་སྐུའི་སྣང་ཆ་ཡང་མི་དམིགས་པའི་ངང་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན་རང་ཉིད་ཇོ་བོའི་སྐུར་ལྷག་གིས་ལངས་ལ་བསྔོ་བ་བྱའོ། །གཉིས་པ་གསུང་བཟླས་པའི་ཁྲིད་ལའང་གསུང་ཁྲིད་དང་འབྲེལ་བའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང་། དངོས་གཞི་གྲགས་སྟོང་གསུང་གི་ཁྲིད། མཐར་གསུང་ཡིག་འབྲུའི་ཚུལ་དུ་འཕོ་བའོ། །དང་པོ་ལ་སྤང་བླང་གཉིས་ལས། སྤང་བྱ་ནི། གསུང་རྡོ་རྗེ་ལ་སྒྲིབ་བྱེད་ངག་གི་ལས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་ལ་བཤགས་སྡོམ་བྱ། བླང་བྱ་བདེན་པར་སྨྲ་བ། མི་མཐུན་པ་བསྡུམ་པ། གཞན་གྱི་ཡོན་ཏན་བརྗོད་པ། ཞི་ཞིང་དེས་པར་སྨྲ་བ་ལ་བསླབ་བོ། །གཉིས་པ་ནི། རང་ཇོ་བོའི་སྐུར་གསལ་བས། ངག་གདོད་ནས་གྲགས་སྟོང་འགགས་མེད་ལྷའི་གསུང་ཡིན་པ་ལ་ཡིན་པར་ངེས་པའི་བློས། བུང་བའི་ཚང་བཤིག་པའི་སྒྲ་ལྟར་རྩི་ཤིང་རི་བྲག་ས་རྡོ་འཐབ་པ་སོགས་བརྟན་གཡོ་སྣོད་བཅུད་ཀྱི་སྒྲར་གྲགས་ཚད་ཡི་གེ་དྲུག་གི་སྒྲར་གྲགས་པ་མོས་ལ། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བར་མ་ཆད་པ་བྲག་ཅའི་དཔེ་དང་བསྲེས་ཤིང་བཟླས་པས་སྒྲ་ཐམས་ཅད་གྲགས་སྟོང་དུ་འཆར་བའི་ཉམས་བཟང་པོ་འབྱུང་ངོ་། །གསུམ་པ་ནི། ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་རིག་པ་བྱང་ཆུབ་སེམས་ཀྱི་རྟེན་ཧྲཱིཿ


MLP014_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དཀར་པོ་སྲན་རྡོག་ཙམ་ཞིག་དང་། སྤྱི་བོའི་མཁའ་ལ་བླ་མ་འོད་དཔག་མེད་སྔར་ལྟར་བསྒོམས་ལ་དེའི་ཐུགས་ཀའི་ཟེར་ཐིག་གིས་ལྟེ་བའི་ཧྲཱིཿཡིག་དབུ་མའི་ལམ་ནས་དྲངས། སྤྱི་བོ་ནས་རྒྱངས་ཀྱིས་ཐོན་ཏེ་བླ་མའི་ཐུགས་ཀར་ཐིམ། བླ་མ་འོད་ཀྱི་འཇའ་ལམ་ལས་བདེ་བ་ཅན་དུ་གཤེགས་པར་བསམས་ནས་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ ། གསུམ་པ་ཐུགས་འོད་གསལ་གྱི་ཁྲིད་ལའང་། ཐུགས་ཁྲིད་དང་འབྲེལ་བའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང་། དངོས་གཞི་རིག་སྟོང་ཐུགས་ཀྱི་ཁྲིད། མཐར་ཐུག་འོད་གསལ་དུ་འཕོ་བའོ། །དང་པོ་ལ་སྤང་བླང་གཉིས་ལས། སྤང་བྱ་ནི་ཐུགས་རྡོ་རྗེ་ལ་སྒྲིབ་བྱེད་ཡིད་ཀྱི་ལས་བརྣབ་སེམས། གནོད་སེམས། ལོག་ལྟ་རྣམས་ལ་བཤགས་སྡོམ་དང་། བླང་བྱ་ནོར་ལ་ཆོག་ཤེས་པ། བྱམས་པ་བསྒོམ་པ། ལས་འབྲས་ལ་ཡིད་ཆེས་བསྐྱེད་པར་བྱའོ། །གཉིས་པ་ནི། སེམས་ཉིད་གདོད་ནས་ཆོས་ཀྱི་སྐུར་བཞུགས་པ་ལ་ཡིད་ཆེས་བསྐྱེད་དེ། ལུས་གནད་ཆོས་བདུན་བཅའ་ཞིང་མིག་ཧད་དེ་བཞག །ངག་རླུང་རང་སོར་གློད། སེམས་གནད་ལྷ་སྔགས་ཀྱིས་མཚོན་སྣང་བ་ཐམས་ཅད་རང་སེམས་སུ་ཐག་བཅད། དེའི་རང་ངོ་ལ་ཆེར་རེ་བལྟས་པས། སྐྱེ་འགག་གནས་གསུམ་དབྱིབས་དང་ཁ་དོག་ལ་སོགས་པའི་ངོ་བོ་གང་དུའང་མ་གྲུབ་པར་ཝལ་པོ་རྗེས་མེད་དུ་ཡལ་བའི་ངང་ལ་ཆེད་འཛིན་མི་བྱ་བར། གསལ་ལ་ཡེངས་པ་མེད་པ་ཐིམ་ལ་མ་རྨུགས་པ་གྲིམ་ལ་གཉེན་པོས་མ་བསླད་པ། རིག་ལ་རྟོག་པར་མ་འགྱུས་པར་སྟོང་གསལ་ཡུལ་མེད་དུ་ལྷོད་དེ་ཤིག་གེར་མཉམ་པར་འཇོག །དེས་གང་ཤར་རང་གྲོལ་དུ་གྱུར་ནས་རྣམ་རྟོག་སྒོམ་གྱི་གྲོགས་སུ་འཆར། གལ་ཏེ་རྣམ་རྟོག་གིས་གནོད་ན་རྟོག་པ་དེ་ཉིད་ལ་མ་ཡེངས་པར་ཅེར་ཅེར་ལྟོས། དེས་རྣམ་རྟོག་གཞི་མེད་རྩ་བྲལ་དུ་ཤེས་པའི་ཐག་ཆོད་སྐྱེ་ཞིང་། དགེ་སྦྱོར་རྐྱེན་ཐུབ་སྐྱོང་བདེ་མོར་འགྲོ་བ་ལ་ཚེགས་མེད་དོ། །གསུམ་པ་ནི། འཕོ་བྱ་མ་དམིགས་ཏེ། རང་རིག་འོད་གསལ་དྲི་མ་དང་བྲལ་བའོ། །འཕོ་ཡུལ་མ་དམིགས་ཏེ། ཡུལ་བཟང་ངན་གྱི་བློ་ལས་འདས་པའོ། །འཕོ་བྱེད་མ་དམིགས་ཏེ། རྩོལ་རྟོག་གི་བློས་མ་བསླད་པའོ། །དེ་ལྟར་ཉམས་སུ་བླངས་པས་འོད་གསལ་མ་བུ་འཕྲོད་དེ་འཚང་རྒྱ་བའོ། །


MLP014_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྗེས་གནས་སྐབས་ཀྱི་ཉམས་ལེན་ལ་ཉིན་མཚན་གྱི་རྣལ་འབྱོར་གཉིས་ཀྱི་ཉིན་མོའི་རྣལ་འབྱོར་ཁྱེར་སོ་གསུམ་ལས། དང་པོ་སྐུའི་ཁྱེར་སོ་ལ་ཡར་སྣང་བ་ལམ་དུ་ཁྱེར་བ་དང་། མར་དག་པའི་སྣང་བ་སྦྱང་བའོ། །དང་པོ་ནི། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ཇོ་བོའི་སྐུ་གསལ་སྟོང་འཛིན་མེད་དུ་ལྷག་ལྷག་འཆར་བར་མོས་ལ་ལམ་དུ་ཁྱེར་རོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཐུགས་རྗེ་ཆེན་པོ་ཡིན་སྙམ་དུ་སྦྱོང་ངོ་། །གཉིས་པ་གསུང་གི་ཁྱེར་སོ་ལའང་གཉིས་ཏེ། སྒྲ་སྐད་ཐམས་ཅད་ཡིག་དྲུག་གི་སྒྲ་གྲགས་སྟོང་ལམ་དུ་ཁྱེར་བ་དང་། སྒྲ་གྲགས་ཐམས་ཅད་ཡེ་ནས་གྲགས་སྟོང་གཞོམ་མེད་འཕགས་པའི་གསུང་དུ་དག་གོ་སྙམ་དུ་སྦྱོང་ངོ་། །གསུམ་པ་ཐུགས་ཀྱི་ཁྱེར་སོ་ལ་གསུམ་སྟེ། ཡུལ་ཁྱད་པར་ཅན་མཐོང་ན་དད་པ། དམན་པ་མཐོང་ན་སྙིང་རྗེ། ཐད་སོར་གནས་ན་རང་ངོ་ལ་བལྟ་ཞིང་གཞི་མེད་རྩ་བྲལ་གྱི་ངང་བསྐྱང་ངོ་། །གཉིས་པ་མཚན་མོའི་རྣལ་འབྱོར་ལ་གཉིས་ལས། རྨི་ལམ་ལྷར་སྦྱོང་བ་ནི། གཉིད་དུ་འགྲོ་ཁར་རང་ཐུགས་རྗེ་ཆེན་པོར་བསྒོམས་པའི་སྙིང་ཁར་བླ་མ་འཕགས་པའི་རྣམ་པར་གསལ་ལ་ས་ལེར་མཉམ་པར་བཞག་ནས། གཉིད་དང་རྨི་ལམ་གྱི་བར་རྟོག་པས་མ་ཆོད་པས་འདུན་པ་དུང་ངེ་བའི་ངང་ལ་ཉལ་བས་རྨི་ལམ་རང་ཤུགས་ལ་ཟིན་ནས་ལྷའི་སྐུར་འཆར་བར་འགྱུར་རོ། །འོད་གསལ་ནི། ཉལ་བའི་ཚེ་སྣོད་བཅུད་འོད་དུ་ཞུ་ནས་མེ་ལོང་གི་རླངས་པ་ཡལ་བ་ལྟར་བསྡུས་པའི་ངང་ལ་སེམས་གཏད་མེད་དུ་ཆད་དེ་མཉམ་པར་བཞག་པས་གཉིད་འོད་གསལ་དུ་འཆར་རོ། །གཞན་ཡང་བཟའ་བཏུང་དང་གོས་དང་གནས་ཁང་སོགས་གང་ལ་ལོངས་སྤྱོད་ཀྱང་རང་དང་ཇོ་བོའི་སྐུར་བསྒོམས་ནས་སྤྱད་བྱ་རྣམས་ལྷའི་གོས་དང་དག་པའི་ཞིང་བཟང་པོར་བྱིན་གྱིས་བརླབས་ཏེ་ལོངས་སྤྱོད་ཅིང་གནས་སྐབས་ཐམས་ཅད་དུ་ཚོགས་དྲུག་གི་ཡུལ་གང་སྣང་ལ་འཛིན་མེད་སྒྱུ་མ་ལྟ་བུའི་རྒྱས་བཏབ་སྟེ་ལམ་དུ་ཁྱེར་བས་ཀུན་ཏུ་དོན་ཡོད་པ་ལ་བསླབ་པར་བྱའོ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེའི། །ཁྱེར་སོ་གསུམ་གྱི་ཉམས་སུ་ལེན་པའི་ཐབས། །ཉུང་གསལ་སྙིང་པོར་དྲིལ་ལས་འགྲོ་ཀུན་གྱིས། །


MLP014_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །ཅེས་པ་འདི་ཡང་རྒྱལ་མེ་ཏོག་ཐང་གི་མཁན་པོ་ཀུན་སྤངས་པ་བཤེས་གཉེན་ངག་དབང་དཔལ་མགོན་གྱིས་གསུང་ངོར་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཟིན་བྲིས་སུ་སྤེལ་བའོ། །དགེའོ།། །།

རྟེན་གྱི་དྲུང་དུ་བསྙེན་གནས་རང་གིས་བླངས་པའི་ཆོ་ག ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་དྲུང་དུ་བསྙེན་གནས་རང་གིས་བླངས་པའི་ཆོ་ག །ལོ་ཆེན་དྷརྨ་ཤྲཱི། ༈ དོན་ཞགས་ཀྱི་རྟོག་པ་ལས་གསུངས་པ་ལྟར། རྟེན་གྱི་དྲུང་དུ་བསྙེན་གནས་རང་གིས་བླངས་པའི་ཆོ་ག་ནི། སྔ་བར་ལངས་ལ་ཁྲུས་བྱས། རྟེན་གྱི་དྲུང་དུ་མཆོད་པ་བཤམས། རང་ཉིད་ལྷམ་ཕུད། རྟེན་ལ་ཕྱག་གསུམ་བྱས་ནས་པུས་བཙུགས་ཐལ་མོ་སྦྱར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ཞེས་ལན་གསུམ་བརྗོད་རྗེས། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ནི་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །


MLP014_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་འཐོབ་པར་ཤོག །སྡུག་བསྔལ་མང་འཁྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གཅིག་བརྗོད་པར་བྱས་ལ། མཇུག་ཏུ་རྟེན་ལ་གཏང་རག་གི་ཕྱག་གསུམ་འཚལ་ཞིང་། དེ་ཉིན་རྩ་བཞི་ཆང་དང་སྒེག་འཆོས་ཕྱི་དྲོའི་ཁ་ཟས་རྣམས་དྲན་ཤེས་བག་ཡོད་དང་ལྡན་པས་བསྲུང་བ་དང་། ཁ་ཏོན་ཕྱག་སྐོར་སོགས་སྒོ་གསུམ་དགེ་བ་ལ་འབད་པར་བྱའོ། །ཤུབྷཾ།

བླ་མ་གསང་བ་འདུས་པའི་ལས་བྱང་སྙིང་པོ་རབ་གསལ་གྱི་འགྲེལ་བཤད་ནོར་བུའི་ཕྲེང་བ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ།


MLP014_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གསང་བ་འདུས་པའི་ལས་བྱང་སྙིང་པོ་རབ་གསལ་གྱི་འགྲེལ་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ༀ་སྭ་སྟི། དུས་གསུམ་ཀུན་མཁྱེན་པདྨ་འབྱུང་། །གང་དང་གཉིས་མེད་བླ་མ་ལ། །བཏུད་ནས་དེ་སྒྲུབ་གསང་འདུས་ཀྱི། །འགྲེལ་བཤད་མཆོད་སྤྲིན་འདིར་སྤྲོ་བྱ། །དེ་ཡང་ཇི་སྐད་དུ། རྡོ་རྗེའི་གསུང་བཀའ་རྩིས་དགྱེས་དབྱངས་ལས། བླ་མའི་སྒྲུབ་ཐབས་དགོས་དགུ་ཆོས་མང་གིཿརང་དང་དབྱེར་མེད་སྒྲུབ་པ་འདི་ན་མཆིསཿདེ་གང་ཞེ་ན་བླ་མ་གསང་འདུས་སྐོརཿམཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངསཿཞེས་དང་། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབཿང་མཐོང་སངས་རྒྱས་ཐམས་ཅད་མཐོངཿང་ནི་བདེ་གཤེགས་འདུས་པ་ཡིན། །ཞེས་གསུངས་པ་ལྟར་གུ་རུ་རིན་པོ་ཆེ་ཉིད་སྒྲུབ་ཅིང་མཆོད་པས་རྒྱལ་བ་ཐམས་ཅད་སྒྲུབ་ཅིང་མཆོད་པའི་བསོད་ནམས་ཐོབ་པར་འགྱུར་ལ། དེ་ཉིད་མཆོད་པའི་དུས་ཀྱི་ཁྱད་པར་ནི་ཚེས་བཅུ་ཁོ་ན་ཡིན་ཏེ། སྤྱིར་བདེ་མཆོག་སོགས་རྣལ་འབྱོར་མ་རྒྱུད་རྣམས་ནས་སྡིག་སྒྲིབ་སྦྱོང་བ་དང་དངོས་གྲུབ་སྒྲུབ་པའི་དུས་ཁྱད་པར་ཅན་དུ་གསུངས་པའང་འདི་ཁོ་ན་ཡིན་པར་ངེས་ཏེ། བདེ་མཆོག་རྩ་བའི་རྒྱུད་ལས། རང་འདོད་ལས་ལ་རྣལ་འབྱོར་པས། །ཆོ་ག་ཇི་བཞིན་སྦྱིན་པ་བྱ། །ཡར་གྱི་ངོ་ཡི་ཚེས་བཅུ་དང་། །ཟླ་བ་མར་ངོ་གང་གྱུར་ལ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །ཞེས་གསུངས་པ་དང་། །དེ་ཡང་ཐོག་མར་རྩོམ་གཞི་དགུན་ཟླ་འབྲིང་པོའི་ཚེས་བཅུ་ཞིག་ནས་མགོ་རྩོམ་དགོས་པའང་ཡིན་ཏེ། རྣལ་འབྱོར་མ་ཀུན་སྤྱོད་ལས། དགུན་འབྲིང་ལ་སོགས་ཟླ་བ་ཡི། །ཟླ་བཅུ་ལ་ནི་རབ་ཏུ་མཆོད། །ཅེས་པའི་དགུན་འབྲིང་གི་རྒྱལ་གྱི་ཟླ་བ་སྟེ། རྒྱལ་གྱི་ཟླ་བ་ནས་བརྩམ་པའི། །བཅུ་པ་ལ་ནི་སྒྲུབ་


MLP014_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཆོད། །ཅེས་པའང་དུས་དེ་ཉིད་ལོའི་ཐོག་མར་བཞག་པའི་དབང་གིས་ཏེ། མཁའ་འགྲོ་རྒྱ་མཚོར། མ་རིག་ཆུ་སྲིན་རོ་ཧི་ཏ། ཞེས་ཆུ་སྲིན་གྱི་ཁྱིམ་ནས་རྟེན་འབྲེལ་བཅུ་གཉིས་ཀྱི་དང་པོར་བརྩི་བའི་ཕྱིར་རོ། །དེས་ན་དུས་ཀྱི་ཐོག་མ་དེ་ཉིད་ནས་སོགས་ཁོངས་ཀྱི་འདྲེན་ཚིག་གིས་ཟླ་བ་གཞན་ཐམས་ཅད་ལ་ཡང་མཆོད་པར་གསུངས་པ་ཡིན་ཏེ། རྡོ་རྗེའི་གསུང་ལས། དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ། །དབང་བསྐུར་མཆོད་བསྟོད་ལ་སོགས་དགེ་བའི་ལས། །བྱས་ན་བརྒྱ་སྟོང་ཁྲི་དང་འབུམ་འགྱུར་འབྱུང་། །པདྨ་ང་ཉིད་འབྱོན་པའི་ཚེས་གྲངས་ཡིན། །ཞེས་དང་། ཀུན་མཁྱེན་ཆོས་རྗེས་ཀྱང་། ཚེས་བཅུ་ཡར་ངོའི་ཉིན་དང་མར་ངོའི་མཚན། བསྙེན་སྒྲུབ་ཚོགས་མཆོད་བསྐང་བཤགས་འབད་བར་བྱ། ཞེས་གསུངས་པས་དུས་དེ་དག་ཏུ་ཕྱིའི་གནས་ཡུལ་དུ་མ་མོ་མཁའ་འགྲོ་རྣམས་རྒྱུ་ཞིང་། ནང་དུ་རྩ་རླུང་ཁྱད་པར་ཅན་རྣམས་འདུ་བས་ཉེ་བའི་འདུ་བ་ཞེས་བྱ་བ་ཡིན་ལ། དེ་ཡང་ཡར་ངོའི་ཉིན་མོ་དང་མར་ངོའི་མཚན་མོ་ཁྱད་པར་དུ་ཡང་དངོས་གྲུབ་མྱུར་བས་དུས་དེར་བསྙེན་སྒྲུབ་བསྐང་བཤགས་སོགས་ལ་འབད་པར་བྱ་ཞིང་མཆོད་ཚུལ་ཡང་། ཀུན་སྤྱོད་ལས། དམ་པའི་སྐྱེ་བོ་ཀུན་འདུས་ལ། །དངོས་པོ་དམ་པ་ཐམས་ཅད་དབུལ། །ཞེས་སོགས་རྒྱ་ཆེར་གསུངས་པར་མ་ཟད། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་དེ་ཉིད་ཀྱིས་ཞིང་འདིར་ངོ་མཚར་མཛད་པའི་གཙོ་བོ་རགས་པ་རྣམས་བསྟན་པའི་དུས་ཆེན་ཀྱང་འདི་རྣམས་ཡིན་ལ། ཚེས་བཅུའི་མཆོད་པ་བཟུང་བའི་ཕན་ཡོན་དང་བསོད་ནམས་ཀྱང་ཚད་ལས་འདས་པ་སྟེ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་པདྨ་གླིང་པ་དང་། རྒོད་ཚང་སྣ་ཚོགས་རང་གྲོལ་གྱི་གསུང་ལས། དེ་ཡང་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ལས། རྒྱལ་གྱི་ཉ་བའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་ལ། གུ་རུ་རིན་པོ་ཆེ་ཉིད་ཨོ་རྒྱན་གྱི་རྒྱལ་པོ་ཨིནྟྲ་བོ་དྷིའི་སྲས་སུ་མངའ་གསོལ་རྒྱལ་སྲིད་ཆོས་བཞིན་དུ་བསྐྱང་བའི་དུས་ཆེན་འདི་ཉིད་ཀྱི་མཆོད་པ་བཟུང་ན། ཞི་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་འགྱུར་ལ། མཆུའི་ཉ་བ་ཧོར་ཟླ་དང་པོའི་ཚེས་བཅུ་ལ། རྒྱལ་སྲིད་ཐབས་ཀྱི་སྤངས་ནས་དུར་ཁྲོད་བསིལ་བ་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གཤེགས་


MLP014_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤནྟ་རཀྵི་ཏར་མཚན་གསོལ་བའི་དུས་ཆེན་ཉིད་མཆོད་པ་བཟུང་ན། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་ནས། རྡོ་རྗེའི་སྐུའི་དངོས་གྲུབ་ཐོབ་པར་འགྱུར་ལ། དབོས་ཉ་བ་ཧོར་ཟླ་གཉིས་པའི་ཚེས་བཅུ་ལ། ཟ་ཧོར་གྱི་ཡུལ་དུ་སློབ་དཔོན་པྲ་བྷ་ཧསྟིའི་སྤྱན་སྔར་བསྟན་པའི་སྒོར་ཞུགས་ཏེ་རྣལ་འབྱོར་ཡོ་གའི་ཆོས་ལ་སྦྱངས་པ་མཛད་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན། ཚེ་ལ་དབང་བའི་རིག་འཛིན་གྱི་ས་མཆོག་ཐོབ་པར་འགྱུར་ལ། ནག་པས་ཉ་བའི་ཧོར་ཟླ་གསུམ་པའི་ཚེས་བཅུ་ལ། ཟ་ཧོར་རྒྱལ་ཁམས་འདུལ་དུ་གཤེགས་པའི་ཚེ་ན་ཆོས་རྒྱལ་གཙུག་ལག་འཛིན་གྱི་གསོན་བསྲེགས་བྱས་པས་མ་ཚིག་པར་ཡ་མཚན་རྨད་དུ་བྱུང་བའི་རྫུ་འཕྲུལ་བསྟན་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་འབད་མེད་དུ་ཐོབ་པར་འགྱུར་ལ་ས་གས་ཉ་བའི་ཧོར་ཟླ་བཞི་པའི་ཚེས་བཅུ་ལ། ཨཽ་ཌི་ཡ་ནའི་ཡུལ་གདུལ་བྱའི་ཞིང་དུ་གཟིགས་ནས་གུ་རུ་ཡབ་ཡུམ་བསོད་སྙོམས་ལ་བྱོན་པ་ན་ཨོ་རྒྱན་གྱི་རྒྱལ་པོས་ཡབ་ཡུམ་ལྷན་ཅིག་ཏུ་ཞུགས་ཀྱི་ཕུང་པོར་སྦར་བས་གནོད་པ་མེད་པར་པདྨའི་སྦུབས་ནས་ཟུང་འཇུག་བདེ་བ་ཆེན་པོའི་སྐུ་བསྟན་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན། ངག་གི་སྒྲིབ་པ་མཐའ་དག་བྱང་ནས་ཚངས་པའི་གསུང་གི་དངོས་གྲུབ་ཐོབ་པར་འགྱུར་ལ། སྣྲོན་གྱིས་ཉ་བའི་ཧོར་ཟླ་ལྔ་བའི་ཚེས་བཅུ་ནི། རྒྱ་གར་ལྷོ་ཕྱོགས་མཐའ་སྐྱེས་ཀྱི་གྲོང་ཁྱེར་དུ་མུ་སྟེགས་སྟོན་པ་ལྔ་བརྒྱ་དུས་གཅིག་ཏུ་བཏུལ་ཅིང་བདུད་འདུལ་མཁའ་འགྲོའི་བྱིན་རླབས་ཀྱི་ནུས་པས་ངན་སྔགས་ཀྱི་བདག་པོ་མཐུ་ཆེན་རྣམས་ཐོག་གིས་བསྒྲལ་བའི་དུས་ཆེན་འདིའི་མཆོད་པ་བཟུང་ན། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་མཆོག་ཐོབ་པར་འགྱུར་ལ། ཆུ་སྟོད་ཀྱིས་ཉ་བ་ཧོར་ཟླ་དྲུག་པའི་ཚེས་བཅུ་ནི། གུ་རུ་ཉིད་ཨོ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་དུ་རང་བྱུང་པདྨའི་སྦུབས་ལས་བརྫུས་ཏེ་སྐུ་འཁྲུངས་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན། ཁམས་གསུམ་དབང་དུ་སྡུད་པའི་དབང་གི་ཕྲིན་ལས་འགྲུབ་པའི་དངོས་གྲུབ་ཐོབ་པར་འགྱུར་ལ། གྲོ་ཞུན་གྱིས་ཉ་བའི་ཧོར་ཟླ་བདུན་པའི་ཚེས་བཅུ་ནི། ཟངས་གླིང་གི་ཡུལ་དུ་མུ་སྟེགས་ཀྱི་


MLP014_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་གུ་རུ་ཉིད་ཟངས་ཁ་སྦྱོར་དུ་བཅུག་ནས་ཆུ་ཀླུང་ཆེན་པོར་བསྐུར་བས་རྫུ་འཕྲུལ་གྱིས་སློབ་དཔོན་ཉིད་མཁའ་ལ་གཤེགས་ཤིང་ཆུ་བོ་གྱེན་དུ་འཁྱིལ་ནས་རྒྱལ་པོའི་ཕོ་བྲང་འཇིགས་པར་ཉེ་བའི་ཚེ། བཟོད་པར་གསོལ་ནས་སྐྱབས་ཞུས་ཏེ་ནང་པའི་བསྟན་པ་ལ་འཇུག་པར་མཛད་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན་ཡིད་ཀྱི་སྒྲིབ་པ་མཐའ་དག་བྱང་ནས་མི་འགྱུར་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ལ། ཁྲུམས་ཀྱིས་ཉ་བའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ནི། མུ་སྟེགས་རྣམས་ཀྱིས་ཟས་དུག་ཅན་དང་། མཐོང་རེག་གི་རྩི་དུག་སོགས་དུག་སྦྱོར་སྣ་ཚོགས་པས་གུ་རུའི་སྐུ་བཤིགས་པར་འདོད་ཀྱང་། འཆི་མེད་རྡོ་རྗེའི་སྐུ་ལ་མི་གནོད་པར་མ་ཟད་སྔར་ལས་ཆེས་ཆེར་གཟི་མདངས་རྒྱས་པར་བསྟན་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན་རྣམ་པར་སྨིན་པའི་རིག་འཛིན་གྱི་ས་མཆོག་ཐོབ་པར་འགྱུར་ལ། ཐ་སྐར་གྱིས་ཉ་བའི་ཧོར་ཟླ་དགུ་པའི་ཚེས་བཅུ་ནི། བལ་ཡུལ་ཡང་ལེ་ཤོད་དུ་བདེ་ཆེན་མཆོག་གི་དངོས་གྲུབ་སྒྲུབ་པའི་ཚེ་ན་བོད་ཀྱི་ལྷ་སྲིན་ཀུན་ཀྱིས་བར་གཅོད་རྩོམ་པ་ལ། རྡོ་རྗེ་ཕུར་པའི་སྒོ་ནས་དམ་ལ་བཏགས་ཤིང་བཀའ་སྲུང་དུ་བསྐོས་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན། ལོག་པར་འདྲེན་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་དབང་མེད་དུ་ཚར་གཅོད་པའི་ཕྲིན་ལས་མཐར་ཕྱིན་པར་འགྱུར་ལ། སྨིན་དྲུག་གིས་ཉ་བའི་ཧོར་ཟླ་བཅུ་པའི་ཚེས་བཅུ་ནི། གུ་རུ་ཉིད་བོད་ཡུལ་ཕྱོགས་སུ་ཞལ་གཟིགས་ཏེ་ཐོན་པའི་ཚེ། བོད་ཁམས་ཀྱི་ལྷ་སྲིན་གདུག་པ་ཅན་ཐམས་ཅད་འཁྲུགས་ཏེ་ཐོ་འཚམས་པ་ན་སྣང་སྲིད་ཟིལ་གནོན་གྱི་དགོངས་པས་ཐོག་མར་དམ་ལ་བཞག་པའི་དུས་ཆེན་འདིའི་མཆོད་པ་བཟུང་བས་ཉོན་མོངས་པ་དང་ཤེས་བྱའི་སྡིག་པ་མཐའ་དག་བྱང་ནས་ཡོན་ཏན་ཕྲིན་ལས་ཟད་མི་ཤེས་པའི་དངོས་གྲུབ་ཐོབ་པར་འགྱུར་ལ། མགོས་ཉ་བའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་ནི། བསམ་ཡས་མཆིམས་ཕུར་ཡོན་མཆོད་བཀའ་བགྲོས་ནས་གངས་ཅན་བོད་ཀྱི་ཡུལ་འདིའི་མཐའ་དབུས་ཐམས་ཅད་མ་འོངས་པའི་རྗེས་འཇུག་རྣམས་ཀྱི་དོན་དུ་ཟབ་གཏེར་བྱེ་བ་ཕྲག་བརྒྱས་ཡོངས་སུ་གཏམས་པའི་དགོངས་པ་དང་སྟ་གོན་མཛད་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན།


MLP014_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་མཆོག་ཐོབ་པར་འགྱུར་ལ། དེའི་ནང་ནས་ཀྱང་ཁྱད་པར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་ཞིང་འདིར་ངོ་མཚར་མཛད་པའི་གཙོ་བོ་རྣམས་བསྟན་པ་དང་རྗེས་འཇུག་གི་གདུལ་བྱ་རྣམས་ལ་ཐུགས་རྗེའི་གཟིགས་པ་ཁྱད་པར་དུ་འཇུག་པར་ཞལ་གྱིས་བཞེས་པའི་དུས་ཆེན་ཁྱད་པར་དུ་གྱུར་པ་ནི་སྤྲེའུ་ཟླ་བའི་ཚེས་བཅུ་འདི་ཁོ་ནས་ཡིན་ཏེ། ཇི་སྐད་དུ། དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་། དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔མི་ཚེ་བླ་མ་སྒྲུབ་པ་ལ༔བསྐྱལ་ན་ཚེ་ཡི་དུས་བྱས་ཚེ༔ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ༔ཞེས་དང་། སྒྲུབ་ཐབས་གང་བྱེད་བསྐྱེད་རིམ་ནི༔གསལ་བར་སྒོམ་པའི་དུས་ན་ཡང༔ང་ཉིད་དེ་ཡི་དྲུང་ན་གནས༔མཎྜལ་མཆོད་རྫས་གཏོར་མ་ཡི༔བཅའ་གཞི་བཤོམ་པའི་དུས་ནའང༔ང་ཉིད་ཐེ་ཚོམ་མེད་པར་བྱོན༔ཞེས་དང་། ཤ་མེད་འོད་ཀྱི་གཟུགས་ཅན་ནི༔པདྨ་འབྱུང་གནས་སྐུ་རུ་སྒོམ༔དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ༔བྲག་ཁ་དག་ནས་ཆུ་འབབ་བཞིན༔དྲག་པོར་བར་མཚམས་མེད་པར་དྲོངས༔ང་ཉིད་རང་དབང་མེད་པར་བྱོན༔ཞེས་དང་༔ཨོ་རྒྱན་པདྨ་བདག་ཉིད་ལ༔མོས་གུས་གདུང་ཤུགས་དྲག་པོ་ཡིས༔གསོལ་བ་དྲག་ཏུ་བཏབ་པའི་ཚེ༔ང་ཉིད་དེ་ཡི་དྲུང་དུ་འབྱོན༔ཞེས་དང་། ལེགས་ཉེས་སྐྱིད་སྡུག་མཐོ་དམན་དང་༔གཤིན་གསོན་ཚེ་འདི་ཕྱི་མ་སོགས༔གནས་སྐབས་མཐར་ཐུག་ཐམས་ཅད་དུ༔སྐྱིད་སྡུག་རེ་ལྟོས་ཁྱོད་ཤེས་པས༔བདག་ལ་རེ་ས་གཞན་ན་མེད༔ཨོ་རྒྱན་མཁྱེན་ནོ་སྙམ་པ་ཡི༔བློ་ནི་ཡང་ཡང་གཏད་པར་བྱ༔ཞེས་སོགས་རྒྱ་ཆེར་གསུངས་པ་མ་ཟད་ལྷག་པར་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ནི་གུ་རུ་ཉིད་སྐུ་འཁྲུངས་པ་དང་། མང་ཡུལ་གུང་ཐང་ལ་ཐོག་ནས་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་ཐེག་པའི་དུས་ཆེན་གཙོ་ཆེ་བ་ཡང་ཡིན་པ་དང་། སྤྱིར་ཚེས་བཅུ་བྱུང་ངོ་ཅོག་ལ་དུས་མཆོད་ཚེས་བཅུ་བྱེད་པ་ཀུན་གྱི་བར་གུ་རུ་རིན་པོ་ཆེ་ཉིད་ངེས་པར་འབྱོན་པར་ཐེ་ཚོམ་མེད་དོ། །ཞལ་གདམས་ལས། ནང་རེ་དགོང་རེ་བོད་ཀྱི་དོན་ལ་སོགས་དངོས་སུ་བྱོན༔ ཞེས་ཞལ་ཀྱིས་འཆེས་པའི་དུས་བཟང་ཚེས་བཅུའི་


MLP014_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ལ་བརྩོན་པར་བྱེད་པ་ནི་འདི་ཕྱིའི་ཕན་བདེ་ཐམས་ཅད་ཀྱི་རྩ་བའམ་གཞིར་གྱུར་པ་སྟེ། ཉིད་ཀྱི་རྡོ་རྗེའི་གསུང་ལས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ པདྨ་ང་ཉིད་མཆོད་དང་སུས་བསྒྲུབ་པ༔ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ལས། དགོས་འདོད་ཐམས་ཅད་ངང་གིས་འབྱུང་བ་བཞིན༔རྒྱལ་བ་རྒྱལ་མཚོ་བྱིན་རློབས་བུ་བཞིན་བསྲུང༔དམ་ཅན་མཁའ་འགྲོ་དངོས་གྲུབ་ཆར་ལྟར་འབེབས༔སྣང་སྲིད་དྲེགས་པས་ཅི་བཅོལ་ལས་རྣམས་བསྒྲུབ༔ཕྲིན་ལས་ལྷུན་གྲུབ་མཐའ་ཡས་སེམས་ཅན་སྒྲོལ༔དེ་ལྟར་ཐམས་ཅད་བདག་ཉིད་བརྟེན་ལས་འབྱུང༔ཞེས་གསུངས་པའི་ཕན་ཡོན་ཁྱད་པར་ཅན་དང་ལྡན་པའི་དུས་ཆེན་ཚེས་བཅུ་ཆེན་མོའི་སྐབས་འདིར། དེ་ཡང་སློབ་དཔོན་དཔའ་བོས། དམ་པ་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་ལ་དགའ་བ་བསྐྱེད། ཅེས་དང་། དམ་པ་རྣམས་ནི་ལེགས་བཤད་སྐྱེས་ཀྱིས་མཆོད། །བླུན་རྣམས་ཟང་ཟང་དངོས་པོས་མགུ་བ་བསྐྱེད། །ཅེས་གསུངས་པ་ལྟར། ཡ་རབས་མཁས་པ་རྣམས་དགྱེས་པ་བསྐྱེད་པར་བྱེད་པའི་མཆོད་པའི་མཆོག་ནི་ལེགས་པར་བཤད་པ་ཁོ་ན་ཡིན་ཏེ། ཇི་སྐད་དུ། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་སྟེ། །བླུན་པོ་རྣམས་ཀྱིས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཅེས་གསུངས་པ་ལྟར། འདིར་སྟོན་པ་ཐུབ་པའི་དབང་པོའི་རྒྱལ་ཚབ་བསྟན་པ་དམ་པའི་ཆོས་ཀྱི་འབྱུང་གནས། བསྟན་འཛིན་དགེ་འདུན་མ་ལུས་པའི་གཙུག་གི་རྒྱན་གཅིག །རིག་པའི་གནས་ལྔ་སྨྲ་བ་ལ་གངས་རིའི་ཁྲོད་འདིར་འགྲན་ཟླ་དང་བྲལ་བའི་རྗེ་བདག་ཉིད་ཆེན་པོ་ཁྲི་རིན་པོ་ཆེ་དང་། ཡོངས་ཀྱི་བཤེས་གཉེན་མཁན་རིན་པོ་ཆེའི་ཞལ་སྔ་ནས་འདུས་པ་ཐམས་ཅད་ཀྱི་གདན་ཀྱི་གཙོ་བོར་བཞུགས་ཤིང་གང་གི་སྙན་པའི་དྲི་བསུང་གྲགས་པའི་དྲི་གཞོན་གྱིས་བསྐུལ་བ་ལ་བརྟེན་ནས་ཆོས་གྲྭ་ཆེན་པོ་འདིར་འདུས་པ་དག་ལ་བཤད་པ་ལེགས་བཤད་ཉི་མའི་འོད་ཟེར་གྱིས་མ་རིག་རྨོངས་པའི་མུན་པ་ཕ་མཐར་བྱས་ཏེ་བློ་གྲོས་པདྨོའི་འདབ་བརྒྱ་རྣམ་པར་བཞད་པ་ལ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་


MLP014_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཀེ་ས་རའི་དྲི་བསུང་མངར་པོས་ཡོངས་སུ་གཏམས་པར་མཛད་ལ། རྩོམ་པ་ལུང་རིགས་རྡོ་རྗེའི་ཕ་ལམ་རྩེ་བརྒྱ་པས་རྒོལ་ངན་ལོག་ལྟ་ལྷ་མིན་གྱི་དཔུང་ཚོགས་ཕྱེ་མར་འཐག་ཅིང་། རྩོད་པ་སྙན་ངག་བཻཌཱུཪྱའི་རྒྱུད་མངས་དབྱངས་ཅན་སྒེག་མོའི་འཕང་འགྲོ་འཁྲོལ་བས་བློ་གསལ་གཞོན་ནུའི་ཡིད་དབང་འཕྲོག་པའི་རྩེ་དགའི་རོལ་རྩེད་ཀྱི་དགའ་སྟོན་བསྐྱེད་པར་མཛད་པའི་སློབ་དཔོན་དང་ལས་ཆེན་པ་སོགས་ལུང་རིགས་སྨྲ་བའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་དབུ་མཛད། འཕགས་པའི་དགེ་འདུན་ཚུལ་ཁྲིམས་རྣམ་པར་དག་པའི་གེ་སར་ངུར་སྨིག་གི་འདབ་སྟོང་རྣམ་པར་གྲོལ་བའི་འདུལ་བའི་དྭངས་ཚུགས་ཀྱིས་མཛེས་ཤིང་། ཐེག་པ་ཆེན་པོའི་སྒོར་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་ཡོངས་འདུའི་ལྗོན་པ་མཆོག་ཏུ་བརྟན་པའི་བྱང་སེམས་ཆེན་པོ་མདོའི་ཆ་འཛིན་དང་། དེ་ལས་ཀྱང་རྡོ་རྗེ་ཐེག་པ་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ་ཟབ་ལམ་མན་ངག་རྒྱ་མཚོས་ཐུགས་རྒྱུད་ཡོངས་སུ་སྨིན་པའི་འདོད་དགུའི་འབྲས་བཟང་གཡུར་དུ་ཟ་བས་སྔགས་ཀྱི་ཆ་འཛིན་དུའང་བཞུགས་པའི་རིག་འཛིན་འདུས་པའི་ཚོགས་ཏེ་ཡུལ་དམ་པ་རྣམས་གདན་མངོན་པར་འཛོམ་པའི་མདུན་སར་ལེགས་བཤད་ཀྱི་མཆོད་པ་ཅུང་ཟད་ཅིག་འབུལ་བར་བྱ་བ་སྐབས་སུ་བབས་པ་ལགས་ཤིང་། དེ་ལའང་སྤྱིར་རྙེད་པར་དཀའ་བའི་དལ་འབྱོར་ཀྱི་མི་ལུས་རིན་པོ་ཆེ་གྲུ་གཟིངས་ལྟ་བུ་ཐོབ་པའི་དུས་འདིར། དགེ་བའི་བཤེས་གཉེན་ཀྱི་དེད་དཔོན་ལ་བརྟེན་ནས། འཁོར་བའི་རྒྱ་མཚོའི་ཕ་མཐར་བསྒྲལ་ཏེ་རྣམ་གྲོལ་ཡིད་བཞིན་གྱི་ནོར་བུ་ལེན་པ་ལ་འབད་པར་རིགས་ཞེས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལས་བྱུང་ཞིང་། ཚུལ་དེ་ལ་བདག་ཅག་ཀྱང་ངེས་ཤེས་བརྟན་པོ་ཐོབ་སྟེ། བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་ཐོས་བསམ་སྒོམ་གསུམ་ལ་སློབ་འདོད་ཀྱི་འདུན་ཤུགས་ཅུང་ཟད་ཅིག་སྐྱེས་ཤིང་། དེ་ལ་ཡང་ཐོས་བྱུང་གི་ཤེས་རབ་རྣམ་པར་དག་པ་ཞིག་སྐྱེ་བ་ལ། བདག་རྐྱེན་སློབ་དཔོན་མཁས་པ། དམིགས་རྐྱེན་གཞུང་ལུགས་དག་པ། སྐྱེས་སྟོབས་ཤེས་རབ་ཆེ་བས་སྦྱོར་བྱུང་ནན་ཏན་ལ་བརྩོན་པ་ཞིག་དགོས་པར་གསུངས་ནའང་། བདག་དེ་རྣམས་ཀྱི་ནང་ནས་བཤེས་གཉེན་མཁས་པའི་ལམ་


MLP014_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་གྱིས་གཞུང་ལུགས་བདེ་བའི་ལམ་ལ་ཁྲིད་པར་མཛད་ཀྱང་། བདག་རང་སྐྱེས་སྟོབས་ཤེས་རབ་ཀྱི་མིག་མ་རིག་ལིང་ཏོག་གིས་བསྒྲིབས་ཤིང་། སྦྱོར་བྱུང་བརྩོན་པའི་ཡན་ལག་སྙོམས་ལས་དང་ལེ་ལོའི་ལྕགས་སྒྲོག་གིས་བཅིངས་པར་གྱུར་པས་འཆད་བྱེད་ཚད་ལྡན་གྱིས་སར་ཕྱིན་པར་མ་གྱུར་ཀྱང་། གསེར་གྱི་རི་ལ་གནས་པ་ཡི། །འདབ་ཆགས་རྣམས་ཀྱང་གསེར་དུ་སྣང་། །ཞེས་པ་ལྟར་ཡོངས་འཛིན་དམ་པ་བཀའ་དྲིན་མཚུངས་མེད་གང་གི་ཞལ་ལུང་བདུད་རྩིའི་རྒྱུན་བཟང་བདག་བློའི་ཡོལ་གོར་རྟག་ཏུ་འཁྱིལ་བའི་དམ་པའི་ཆོས་ཀྱི་ཚིག་དོན་ཅི་རིགས་བློ་ཡུལ་དུ་བཟུང་བ་རྣམས་ལ་བརྟེན་ནས། མགོན་པོ་ཀླུ་སྒྲུབ་ཀྱིས། ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། ཞེས་གསུངས་པ་ལྟར་འདིར་བླ་སྒྲུབ་ཀུན་གྱི་སྙིང་པོ་བླ་མ་གསང་བ་འདུས་པའི་ལས་བྱང་སྙིང་པོ་རབ་གསལ་འདི་ཉིད་ལ་འབྲུ་འགྲེལ་གྱིས་བཤད་པའི་རྣམ་གྲངས་ཅུང་ཟད་ཅིག་སྨྲ་བའི་བརྟུལ་ཞུགས་བཟུང་ནས་མགྲིན་པ་འདེགས་པར་འདོད་པའི་རྨོངས་པ་བདག་ལྟ་བུ་ཅུང་ཞིག་འོས་སུ་གྱུར་པ་མིན་ནའང་། སློབ་དཔོན་ཙནྡྲ་གོ་མིས། སེམས་དགེ་བ་ལ་ཉེས་པ་མེད། །གསུངས་པ་ལྟར་མངོན་པའི་ང་རྒྱལ་སྤངས་ཏེ། རང་ཉིད་ཀྱི་བསོད་ནམས་མངོན་པར་འདུ་བྱ་བའི་ཕྱིར་དུ་མཁས་མང་འདུས་པའི་ཚོགས་ལ་ཐོས་པའི་སྐྱེས་འབུལ་འདོད་ཀྱི་དད་པ་དང་མོས་པའི་དབང་གིས་ཚིག་དོན་ཅུང་ཟད་བརྗོད་པ་ནི། ཇི་སྐད་དུ། སྤྲིན་ཆེན་འབྲུག་སྒྲས་གང་ན་ཡང་། །ཆར་སྡོད་བྱེའུ་ཅ་ཅོ་སྒྲོགས། མཛངས་པའི་ཚིག་ནི་མི་ཤེས་ཀྱང་། །བྱིས་པ་མ་ཡི་གམ་ན་སྨྲ། །ཞེས་པ་ལྟར། མཁས་པའི་དབང་པོ་གཞན་དག་གི་གོ་བཀག་སྟེ་བདག་ལྟ་བུས་སྨྲས་པ་ལ་ཉེས་པར་མི་འགྱུར་རམ་སྙམ་ན། དེ་ནི་མ་ཡིན་ཏེ། ཇི་ལྟར་ཙན་དན་ཤིང་ལ་འཁྲི་ཤིང་ལྟར། །དམ་པ་བརྟེན་པས་རང་ཉིད་དམ་པར་འགྱུར། །ཞེས་པ་ལྟར་ཙན་དན་ལྗོན་པའི་ཤིང་གི་དྲི་བསུང་ཞིམ་པོ་དག །དེ་དང་ཉེ་བའི་ལྗོན་ཤིང་རྒྱུ་ངན་པ་དག་ལའང་འགོ་བ་བཞིན་དུ། ཀློག་པ་ཐོས་བསམ་གྱི་ཆོས་གྲྭར་ཞུགས་པ་ཙམ་གྱིས་ལེགས་པའི་ཡོན་ཏན་རང་བཞིན་གྱི་རྒྱུད་ལ་ཕྱུག་


MLP014_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་ཡིན་མོད། །འོན་ཀྱང་བློ་དམན་བདག་ལྟ་བུ་རྣམ་དཔྱོད་དང་མི་ལྡན་བཞིན་དུ་བཤད་པའི་ཁུར་ཆེན་ཁྱེར་བ་ཅི་ཞེ་ན། ངང་པའི་རྒྱལ་པོ་གྲགས་ལྡན་རྣམས། །ཆུ་མཚོར་མགྲིན་པའི་རྫ་རྔ་བརྡུང་། འོན་ཀྱང་ཆུ་སྐྱར་གཞོན་ནུ་རྣམས། །གླུ་དབྱངས་སིལ་སིལ་ཁྲོལ་བར་བྱེད། །ཅེས་པ་ལྟར་བློ་གྲོས་ཆུང་ངུས་ཇི་ལྟར་རྟོགས་པའི་དོན་རང་ནུས་ཀྱིས་གང་སྤོབས་མཆོད་སྤྲིན་དུ་སྤྲོ་བར་གཞན་གྱི་ཀླན་ཀ་མི་འཇུག་གམ་སྙམ་དུ་དད་པ་ཆེན་པོས་ཀུན་ནས་བསླངས་ཏེ་དམ་པ་གོང་མ་རྣམས་ཀྱི་གསུང་རབས་ཀྱི་ལུགས་སྲོལ་དང་མཐུན་པར་འབུལ་བར་བྱེད་པ་ཡིན་ལ། དེ་ཡང་མདོ་ལས། རྣམ་དཀར་ལས་རྣམས་གང་བྱེད་ཀྱང་། །དེ་ཡི་སྔོན་དུ་རྒྱལ་བ་མཆོད། །ཅེས་གསུང་པ་ལྟར། ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་པ་ཅུང་ཟད་ཅིག་བགྱིད་ན། དེ་ཡང་ཇི་སྐད་དུ། རབ་འབྱམས་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་མཆོག །སྣང་སྲིད་ཟིལ་གནོན་མཚོ་སྐྱེས་རྡོ་རྗེ་དང་། །དབྱེར་མེད་གཏེར་ཆེན་བླ་མ་སྤྱི་བོས་མཆོད། །ཅེས་སྨོས་ཏེ། སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་མི་འགྱུར་རྡོ་རྗེའི་དམ་བཅའ་སྟོབས་སུ་གྱུར་པའི་སྙིགས་དུས་འགྲོ་བའི་བླ་མ། བཀའ་གཏེར་བསྟན་པའི་བདག་པོ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག །ཟབ་མོ་གཏེར་གྱི་བཀའ་བབས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་དང་དབྱེར་མ་མཆིས་པ་འགྲོ་འདུལ་རིག་པ་འཛིན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའམ། མཚན་གཞན་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ཞེས་སྙན་པའི་བ་དན་སྲིད་རྩེར་བསྒྲེང་བ་གང་གི་ཞབས་ཀྱི་པདྨོ་དྲི་མ་མེད་པའི་ཕྲེང་བ་ལ་བླུན་པོ་བདག་ལུས་ངག་ཡིད་གསུམ་གུས་པས་འདུད་དོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་ལེགས་པར་བཤད་པའི་རྣམ་དཔྱོད་བློ་གྲོས་ཀྱི་སྤོབས་པ་བདག་ལ་སྩལ་ཏུ་གསོལ། དེའི་འོག་ཏུ་བརྒྱུད་པའི་བླ་མ་རྣམས་ལ་མཆོད་བརྗོད་བྱ་བ་ནི། སྣང་བ་མཐའ་ཡས་ཐུགས་རྗེ་ཆེན་པོ་པདྨ་འབྱུང་གནས་མཚོ་རྒྱལ་ཡུམ། །མངའ་བདག་ཁྲི་སྲོང་ཆོས་ཀྱི་དབང་ཕྱུག་མི་བསྐྱོད་རྡོ་རྗེ་ནས་བཟུང་སྟེ། །ཕྲིན་ལས་ལྷུན་གྲུབ་འགྱུར་མེད་


MLP014_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རིན་ཆེན་ཕྱོགས་ལས་རྣམ་པར་རྒྱལ། །ཡབ་སྲས་བར་དུ་རིམ་བྱོན་བརྒྱུད་པའི་བླ་མ་རྣམས་ལ་གུས་པས་འདུད། ཅེས་སྨོས་ཏེ། བླ་སྒྲུབ་ཐམས་ཅད་ཀྱི་ཡང་གསང་སྙིང་པོའི་ཐིག་ལེ་ཟབ་པ་ལས་ཆེས་ཟབ་པའི་གདམས་པ་བླ་མ་གསང་བ་འདུས་པའི་དབང་ལུང་མན་ངག་གསུམ་གྱི་བརྒྱུད་པའི་བཀའ་སྲོལ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པར་དགོངས་བརྡ་སྙན་དུ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པའི་ཕྲེང་བ་ལ། བླུན་པོ་བདག༴སོགས། དེའི་འོག་ཏུ་རང་ཉིད་ལ་བཀའ་དྲིན་ཆེ་བ་རྣམས་ལའང་མཆོད་པར་བརྗོད་པ་རིགས་ཏེ། དེ་ཡང་། བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་རློབས་པའི། །ཡོངས་འཛིན་དམ་པ་ཉི་ཟླ་ཟུང་འབྲེལ་དང་། །འཕགས་ཆེན་རིག་འཛིན་འདུས་པ་རྒྱ་མཚོར་བཅས། །བདེ་ཆེན་འཁོར་ལོའི་རྒྱན་དུ་གུས་པས་མཆོད། །ཅེས་སྨོས་ཏེ། དེ་ཡང་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་ཞལ་གྱི་དཀྱིལ་འཁོར་མཐོང་ཞིང་གསུང་གི་བདུད་རྩི་མྱོང་བའི་དྲིན་ཅན་བླ་མ་དམ་པ་རྣམས་དང་། ཐོས་བསམ་སྒོམ་པའི་ལམ་བཟང་ལ་ཁྲིད་པར་མཛད་པའི་སུམ་ལྡན་འདུས་པའི་ཚོགས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པའི་ཕྲེང་བ་ལ། བླུན་པོ་བདག་ལུས་ངག་ཡིད་གསུམ་གུས་པས་འདུད་དོ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་ལེགས་བཤད་འཆད་པའི་རྣམ་དཔྱོད་བློ་གྲོས་ཀྱི་སྤོབ་པ་བདག་ལ་སྩལ་ཏུ་གསོལ། །དེ་ལྟར་འདོད་པའི་དོན་ལ་གསོལ་བ་གདབ་པའི་རིམ་པ་དེ་ཙམ་ཞིག་ཞུས་ནས། འདིར་ལས་སུ་བྱ་བ་རྩ་བའི་གཞུང་དོན་ཉིད་འཆད་པར་བྱེད་པ་ལ། དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལ། འདིར་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་ལྡན་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་བླ་མ་གསང་བ་འདུས་པའི་ལས་བྱང་སྙིང་པོ་རབ་གསལ་ཞེས་བྱ་བ་འདི་ཉིད་འཆད་པར་བྱ་བ་སྐབས་སུ་བབས་པ་ཡིན་ཞིང་། དེ་ཡང་བཀའ་མ་རྣམས་སུ་༼ཆད་༽དབང་གིས་རིམ་པར་ནུབ་ཅིང་འཆལ་བའི་ཚེ། ལས་འཕྲོ་སད་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་གཏེར་ཆོས་ཀྱིས་འདུལ་བ་ལ་དགོངས་ནས། རྒྱུད་ལུང་མན་ངག་གི་བཅུད་ཐམས་ཅད་གངས་


MLP014_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་ཕྲེང་བས་བསྐོར་བའི་ལྗོངས་བོད་ཡུལ་གྱི་རི་བྲག་མཚོ་གསུམ་གཙུག་ལག་ཁང་སོགས་སུ་མི་འཇིགས་པའི་ཕྱག་རྒྱས་བཏབ་ནས་གཏེར་དུ་སྦ་བར་མཛད་པའི་དགོངས་པ་ནི། ཞལ་གདམས་གསལ་སྒྲོན་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམསཿསྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དངཿསྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བསཿམཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞགཿལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབཿགདམས་པ་སྣ་རེས་གང་ཟག་གྲོལ་བར་ངེསཿདེ་བས་མ་༼ཟད་༽སྐལ་ལྡན་སྦྱངས་བ་ཅནཿའཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངསཿཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམསཿཞེས་གསུངས་པ་ལྟར། བོད་དང་བོད་ཆེན་པོའི་ཡུལ་འདིར་རྒྱུ་བའི་སྐྱེ་དགུ་རྣམས་ཀྱི་ཕན་བདེའི་རྩ་ལག་དུས་བབས་ཀྱི་ཟབ་གཏེར་ལ་རགས་ལས་པ་ཡིན་ལ། དེ་ཉིད་སྤྱན་འདྲེན་པ་པོ་ཡང་སྔོན་གྱི་ལོ་པཎ་དང་རྒྱལ་བློན་ས་ཆེན་པོ་ལ་བཞུགས་པའི་འཕགས་ཆེན་རྣམས་གང་འདུལ་གྱི་སྤྲུལ་པའི་སྣང་བརྙན་གཏེར་སྟོན་དུ་བསྟན་ནས་འབྱོན་པ་ཐང་ཡིག་ཏུ་སངས་རྒྱས་བླ་མ་ནས་བདེ་ཆེན་གླིང་པའི་བར་སོ་སོའི་དུས་རྟགས་དང་བཅས་ལུང་བསྟན་པ་ལས། འདི་ནི་སྤྲུལ་པའི་གཏེར་སྟོན་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནམ་སྐས་བྲག་ནས་སྤྱན་དྲངས་པ་སྟེ། ཇི་སྐད་དུ། ཐུགས་གཏེར་གཅིག་ནི་ལྷོ་བྲག་གནམ་སྐས་ཅན་ལ་སྦོས༔ཁྱད་པར་འཕགས་པ་བླ་མའི་སྒྲུབ་སྐོར་ཡིན༔མངའ་བདག་གསུང་གི་སྤྲུལ་པས་འདོན་པར་འགྱུར༔ཞེས་གསུངས་པ་ལྟར། སྤྱིར་བླ་སྒྲུབ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་འདི་ཉིད་ཡིན་ཏེ༔བཀའ་ཆེམ་ལས། བླ་མའི་སྒྲུབ་ཐབས་མོས་གུས་ཆོས་མང་གིས༔རང་དང་དབྱེར་མེད་སྒྲུབ་པ་འདི་ན་མཆིས༔དེ་གང་ཞེ་ན་བླ་མ་གསང་འདུས་སྐོར༔མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངསཿཞེས་གསུངས་པ་ལྟར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་ཞེས་བྱ་བ་དེ་ཉིད་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཀུན་བཟང་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་སངས་རྒྱས་ནས་ལོངས་སྤྱོད་རྫོགས་སྐུ་སྣང་བ་མཐའ་


MLP014_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ལ་སོགས་པའི་རྣམ་པར་བཞུགས་པ་ལས་ཞིང་འདིའི་གདུལ་བྱའི་འགྲོ་བ་རྣམས་ཀྱི་དོན་དུ་སྤྲུལ་པའི་སྒྱུ་འཕྲུལ་མཐའ་ཡས་པར་སྣང་བར་མཛད་ཅིང་། ཁྱད་པར་རྒྱ་གར་དང་ཨོ་རྒྱན་བོད་ཡུལ་ལ་སོགས་པར་ཐུབ་པའི་དབང་པོའི་བསྟན་པ་ལ་སྟོན་པ་ཉིད་དང་རྣམ་དབྱེར་མེད་པའི་འཕྲིན་ལས་རྣམ་པ་བཞིའི་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པས་འཁོར་བ་ཇི་སྲིད་བར་བཞུགས་ནས་ཡིད་བཞིན་ཀྱི་ནོར་བུ་རིན་པོ་ཆེ་ལྟ་བུས་དོན་ལྷུན་གྲུབ་ཏུ་མཛད་པ་ཡིན་ཏེ། བཀའ་ཐང་ལས། དུས་གསུམ་མཁྱེན་པའི་སློབ་དཔོན་པདྨ་འབྱུང༔ཕྱི་རྒྱུད་དག་པས་སྤྲུལ་སྐུའི་བསྟན་པ་འཛིན༔ནང་རྒྱུད་དག་པས་ལོངས་སྐུའི་བསྟན་པ་སྐྱོངས༔གསང་རྒྱུད་དག་པས་བསྐྱེད་རྫོགས་ངང་ལ་བཞུགས༔འགྲན་གྱི་དོ་མེད་སངས་རྒྱས་འདི་ཡིན་པས༔དུས་གསུམ་འཇིག་རྟེན་ཁམས་འདིར་མཚུངས་མེད་རྗེ༔རྒྱལ་བའི་བཀའ་ལས་རྩོད་མེད་སྤྲུལ་སྐུར་གྲགས༔སྐྱོན་སྤང་ཡོན་ཏན་ཡིད་བཞིན་ནོར་བུ་འདྲ༔ཞེས་གསུངས་པ་དེ་ལྟ་བུའི་གུ་རུ་རིན་པོ་ཆེ་ཉིད་སྒྲུབ་ཅིང་མཆོད་པས་རྒྱལ་བ་ཐམས་ཅད་སྒྲུབ་ཅིང་མཆོད་པའི་བསོད་ནམས་ཐོབ་པར་འགྱུར་ལ། དེ་ཉིད་སྒྲུབ་པའི་ཚུལ་ནི། གསང་འདུས་རྩ་བའི་སྒྲུབ་གཞུང་ལས། གུ་རུ་པདྨ་འབྱུང་གནས་ཀྱི༔ཐུགས་སྒྲུབ་གསང་བ་འདུས་པ་བསྟན༔དེ་ལ་སྤྱི་སྡོམ་རྣམ་པ་བཞི༔སྦྱོར་བ་དངོས་གཞི་མཇུག་དོན་དང༔སྒྲུབ་པའི་མན་ངག་ལྷན་ཐབས་སོ༔ཞེས་པ་ལྟར་སྦྱོར་བ་དངོས་གཞི། མཇུག་དོན་ལྷན་ཐབས་དང་བཞི་ལས་དང་པོ་སྦྱོར་བའི་ཆོས་དྲུག་གི་རྣམ་བཞག་དེ་འཆད་པར་བྱེད་པ་ནི། རྟེན་མཆོད་བཤམས་ཤིང་མཚམས་ཀྱང་བཅད༔སྡིག་པ་བཤགས་ཤིང་བླ་མ་མཆོད༔གསོལ་བ་གདབ་ཅིང་དབང་བསྐུར་ཞུ༔ཞེས་པའི་གཞུང་འདི་བྱུང་། དེའི་དོན་བཤད་པ་ལ་དོན་ཚན་དྲུག་ཡོད་པའི། དང་པོ་རྟེན་མཆོད་བཤམས་པ་ནི། དུར་ཁྲོད་གཡའ་རི་གངས་བྲག་སོགས༔ཉམས་དགའ་དབེན་པའི་ས་ཕྱོགས་སུ༔ཞེས་པ་ལྟར་གྱི་གནས་ཁང་མཚན་ཉིད་དང་ལྡན་པ་རྒྱལ་མཚན་འཕན་གདུགས་བླ་བྲེ་ལ་སོགས་པ་མཛེས་པར་བརྒྱན་པའི་དབུས་སུ་རབ་གནས་དང་ལྡན་པའི་སྐུ་རྟེན་དགྲམ་པ་སྟེ། མདུན་དུ་པདྨ་ང་ཡི་སྐུཿརབ་གནས་ལྡན་པ་བཞུགས་སུ་གསོལཿ ཞེས་གསུངས་


MLP014_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར། རྟེན་རྫས་དཀྱིལ་འཁོར་གྱི་དབུས་སུ་བུམ་པ་བཅུད་ལྡན་དེའི་སྟེང་དུ་ཐོད་པ་དུམ་གཅིག་འབྲུའི་བཀང་བ་ལ་དམ་ཚིག་བྲིས་སྐུ་བཀོད། དེའི་མདུན་དུ་གཏོར་མ་རིན་ཆེན་འབར་བ་བཟའ་བཅས་བརྒྱན་པའི་གཡས་གཡོན་དུ་སྨན་དང་རཀྟ། གཞན་ཡང་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་ཚོགས་བཟང་ཞིང་བཀོད་ལེགས་པ་མ་ཚང་བ་མེད་པར་བཤམས་ནས་ཆོ་ག་དངོས་ལ་འཇུག་པ་སྟེ། གཉིས་པ་མཚམས་བཅད་པ་ནི། རང་ཉིད་སྐད་ཅིག་གིས་གཉུག་མའི་ཧེ་རུ་ག་དཔའ་བོ་རྟ་མགྲིན་ཡུམ་དང་བཅས་པའི་སྐུར་གསལ་བས། གཏོར་སྣོད་བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་རྫས་འདོད་ཡོན་སྣ་ལྔའི་བཅུད་ཀྱིས་ཁེངས་པར་བསམ་ནས་འབྲུ་གསུམ་སྔགས་རྒྱ་དང་བཅས་པས་ཟག་མེད་ཀྱི་བདུད་རྩིར་གྱུར་པ་བགེགས་ལ་ཚིམ་པར་བསྔོས་ནས་བཀའ་བསྒོ་བ་ནི། བླ་མ་རྣམས་ཀྱི་བྱིན་རླབས་དང༔སོགས་ཀྱིས་རྩ་བ་གསུམ་གྱི་མཐུ་རྩལ་ནུས་པའི་གཟི་བྱིན་གྱིས་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་དང་། གསང་སྔགས་ཟབ་མོའི་ལྟ་སྤྱོད་ལ་ལོག་པར་འདྲེན་པའི་བདུད་རིགས་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག་ཅེས་བདེན་པའི་ཚིག་གིས་བསྐྲད་ནས་མཚམས་གཅོད་པ་དངོས་ནི། ཧཱུྃང་ནི་ཡེ་ནས་ངང་གིས་ཁྲོཿསོགས་ཏེ་དེ་ཡང་ཧཱུྃ་ནི་རྡོ་རྗེ་རྩེ་མོ་ལས། ཡི་གེ་ཧཱུྃ་ནི་ཅི་ཞིག་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་བྱེད་དང་། །སྲིད་པའི་འཇིགས་པ་འཇོམས་པར་བྱེད། །གདུག་པ་དངངས་ཤིང་གསོད་བྱེད་པ། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་པས་གདུག་པ་ཅན་རྣམས་དངངས་ཤིང་སྐྲག་པར་བྱེད་པའི་ཡི་གེའི་མགོ་དྲང་བ་ཡིན་ལ། ང་ནི་ཡེ་ནས་ངང་གིས་ཁྲོ་བ་སྟེ། མ་རིག་ལོག་རྟོག་འཇོམས་པའི་གཉེན་པོ་སེམས་ཡེ་ནས་རང་བྱུང་གི་ཡེ་ཤེས་ངང་གིས་ཁྲོ་བ་སྟེ། ཐབས་ཞགས་ལས། མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་ཁྲོ་མཛད་ལ་ཕྱག་འཚལ་ལོ། །ཁྲོ་བས་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར། གདུལ་བྱ་གདུགས་ཅན་རྣམས་ཀྱི་ངོར་ཡེ་ཤེས་རང་སྣང་གི་ཁྲོ་བོ་འཆོལ་བའི་ཚོགས་ཀྱིས་ནམ་མཁའ་ཁེངས་པས་གདོན་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད་དེ་རྡོ་རྗེ་ཁྲོ་བོའི་རོལ་མཚམས་ཀྱི་གུར་ཁང་ལ་སུ་ཡང་འདའ་བར་མི་ནུས་པར་རྒྱས་འདེབས་པ་ཡིན་ལ། གསུམ་པ་བཤགས་པ་འབུལ་བ་ནི། ཕོ་བྲང་དབུས་ཀྱི་རྟེན་དེ་


MLP014_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད༔ སོགས་ཀྱིས་ཚོགས་རྟེན་གསལ་གདབ་པ་སྟེ། དེ་ཡང་ཡེ་ཤེས་རང་སྣང་ལས་གྲུབ་པའི་བདེ་བ་ཆེན་པོའི་ཕོ་བྲང་གི་དབུས་སུ་སྒྲུབ་རྟེན་ཉིད་ངོ་བོ་དཀོན་མཆོག་ཀུན་འདུས་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་བླ་མ་རྡོ་རྗེ་སེམས་དཔའ་གསང་འདུས་རྒྱལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་གྱུར་པར་བསམ་ལ། རང་གཞན་སེམས་ཅན་ཐམས་ཅད་དུས་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས། ན་མོ། །བླ་མ་བདེ་གཤེགས་འདུས་པའི་སྐུཿསོགས་ཀྱིས་སྐྱབས་འགྲོ་དང་། མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པའི་དོན་དུ་བླ་མ་སངས་རྒྱས་སྒྲུབ་པའི་སེམས་བསྐྱེད་རྒྱ་ཆེན་པོས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔སོགས་ཀྱིས་སེམས་བསྐྱེད་སྔོན་དུ་འགྲོ་བས། བཤགས་པ་དངོས་ནི། སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དང་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་ངང་ནས་ཉམས་ཆགས་སྒྲིབ་པའི་ཚོགས་ལ་མཐོལ་བཤགས་འབུལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་དགོངསཿསོགས་ཀྱིས་ཏེ། ཧེ་རུ་ཀ་གལ་པོ་ལས། མི་དགེ་སྡིག་པའི་བག་ཆགས་རྣམས། །གདུང་བའི་གླུ་དང་བཅས་པས་བཤགས། །ཞེས་གསུངས་པ་ལྟར་རོ། །བཞི་པ་མཆོད་པ་ནི། མཎྜལ་གྱི་མཆོད་པ་བཤམ་ལ། སྣོད་བཅུད་ཀྱི་བཀོད་པར་དམིགས་ནས་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་རྒྱ་མཚོ་དང་བཅས་པའི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་རྣམ་རོལ་ཏུ་སྤེལ་ནས་མཆོད་པ་ནི། བདག་གི་ལུས་དང་ལོངས་སྤྱོད་དང་། །སོགས་ཀྱིས་འཁོར་གསུམ་མི་རྟོག་པའི་དབྱིངས་སུ་མཆོད་པར་བྱའོ། །ལྔ་པ་གསོལ་བ་གདབ་པ་ནི། བླ་མ་ལ་ཡིད་ཁྱེད་ཤེས་ཀྱི་མོས་གུས་གདུང་ཤུགས་དྲག་པོས། ཀྱེ་ཀྱེ་བླ་མ་རིན་པོ་ཆེཿསོགས་ཀྱིས་རེ་ལྟོས་ལིང་སྐྱུར་གྱིས་གསོལ་བ་འདེབས་པ་སྟེ། ཇི་སྐད་དུ། ལེགས་ཉེས་སྐྱིད་སྡུག་མཐོ་དམན་དང་། གཤིན་གསོན་ཚེ་འདི་ཕྱི་མ་སོགསཿགནས་སྐབས་མཐར་ཐུག་ཐམས་ཅད་དུཿསྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པསཿབདག་ལ་རེ་ས་གཞན་ན་མེདཿཨོ་རྒྱན་མཁྱེན་ནོ་སྙམ་པ་ཡིཿབློ་ནི་ཡང་ཡང་གཏད་པར་བྱཿཞེས་པ་ལྟར་རོ། །དྲུག་པ་དབང་བླང་བ་ནི། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་སྒོ་ནས་དབང་བཞི་ཡོངས་རྫོགས་ཐོབ་པའི་འོད་ཟེར་སྤྲོ་བསྡུའི་དམིགས་གཏད་དང་སྦྱར་ཏེ་སྙིང་པོའི་ཛཔ྄་སྔགས་བཟླ་བས་ཐུགས་རྒྱུད་བསྐུལ་ནས། སླར་ཡང་། བླ་མ་ཡབ་ཡུམ་


MLP014_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་གནས་བཞི་ནསཿསོགས་ཀྱིས་དབང་བཞི་ཅིག་ཆར་དུ་ཐོབ་ནས་རྒྱུད་བྱིན་གྱིས་བརླབས་པར་བསམ་པའོ། །དེ་ལྟར་སྔོན་འགྲོ་འཇུག་ལྡོག་གི་སྦྱོར་བ་རྣམས་ཀྱིས་སྦྱང་བྱ་འཁོར་བའི་དུས་སུ་ཇི་ལྟར་འདོད་པའི་སྲིད་པར་འཇུག་པ་ལ་སྐྱེ་གནས་ཀྱི་སྐྱོན་དང་ཕྱི་མའི་གནས་ལུས་ལོངས་སྤྱོད་ཀྱི་འགལ་རྐྱེན་རྣམས་བསྲུང་ཞིང་སྦྱོང་བ་དང་། མཐུན་རྐྱེན་བསོད་ནམས་ཆ་མཐུན་གྱིས་ལས་གསོག་པ་རྣམས་སྦྱོང་བར་བྱེད་ཅིང་། སྦྱང་འབྲས་དངོས་གཞི་སངས་རྒྱས་ཀྱི་མཛད་པ་ལ་བར་དུ་གཅོད་པས་བདུད་བཞི་བཅོམ་པ་དང་ཚོགས་གཉིས་གསོག་ཅིང་། འོད་ཟེར་ཆེན་པོའི་དབང་བསྐུར་བ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་ལ་སོགས་པ་དང་མཐུན་པར་འབྲས་བུ་རྫོགས་པར་བྱེད་ཅིང་། སྦྱོང་བྱེད་སྔོན་འགྲོ་འདི་དག་གིས་རྩ་རླུང་ཐིག་ལེའི་གེགས་དང་གོལ་ས་ཆོད་ཅིང་ཉམས་རྟོགས་ཀྱི་རྩལ་ཁ་བསྐྱེད་པའི་ཐབས་སུ་འགྱུར་བས་རྫོགས་རིམ་ཀྱི་སྨིན་བྱེད་དུའང་འགྲོ་བ་ཡིན་ནོ་ཞེས་འཆད་པར་བྱེད་པ་ནི། རྟེན་མཆོད་བཤམས་ཤིང་མཚམས་ཀྱང་གཅདཿསྡིག་པ་བཤགས་ཤིང་བླ་མ་མཆོདཿགསོལ་བ་གདབ་ཅིང་དབང་བསྐུར་ཞུཿཞེས་པའི་གཞུང་འདི་འབྱུང་། དེས་སྔོན་དུ་འགྲོ་བའི་ཆོས་དྲུག་བཤད་པ་དེ་སོང་ནས། གཉིས་པ་དངོས་གཞིའི་ཆོས་དྲུག་གི་རྣམ་བཞག་དེ་ཉིད་འཆད་པར་བྱེད་པ་ནི། སྐུ་བསྐྱེད་སྒྲུབ་པའི་སྙིང་པོ་བཟླཿཕྲིན་ལས་སྒྲུབ་ཅིང་དགོངས་པ་བསྐྱངཿརྟགས་བྱུང་དངོས་གྲུབ་བླང་བའོཿཞེས་པའི་གཞུང་འདི་བྱུང་། དེའི་དོན་བཤད་པ་ནི། དང་པོ་སྐུ་བསྐྱེད་པ་དངོས་དང་། དེའི་རྗེས་འབྲེལ་གཉིས་ལས། དང་པོ་སྐུ་བསྐྱེད་པ་ལ་ཏིང་ངེ་འཛིན་གསུམ་གྱི་ཁོག་ཕུབ་བས་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ༀ། ཆོས་སྐུ་མི་འགྱུར་རྡོ་རྗེ་སེམསཿཔདྨ་རྒྱལ་པོ་འདི་སྐད་སྨྲཿཞེས་སོགས་ཏེ། འདི་ལྟར་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ཤེས་ཆོས་སྐུ་འགྱུར་བ་མེད་པ་རིག་པ་རང་བྱུང་རྡོ་རྗེའི་སེམས་སུ་རྣམ་པར་དག་པའོ་ཞེས་པདྨ་རྒྱལ་པོ་ང་ཉིད་སྨྲའོ་ཞེས་པའི་དོན་ནི། སྒྱུ་འཕྲུལ་རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་དང་། བརྟན་གཉིས་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་


MLP014_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། ཅེས་དང་། གསང་བ་སྙིང་པོ་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་གསུངས་པ་ལྟར། ཆོས་ཐམས་ཅད་དམིགས་མེད་བསམ་བརྗོད་ལས་འདས་པའི་སྟོང་ཉིད་སྤྲོས་བྲལ་གྱི་ངང་ལ་འཇོག་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པ། བློ་བྲལ་ཆོས་སྐུ་དེ་བཞིན་ཉིད་མ་རྟོགས་པའི་སེམས་ཅན་ཀུན་ལ་དམིགས་མེད་ཀྱི་བརྩེ་བའི་སྙིང་རྗེ་ཆེན་པོ་སྒོམ་པ་ནི་སྣང་བའི་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ལས་འགྲོ་དོན་དཔག་ཏུ་མེད་པ་བྱེད་པའི་སླད་དུ་རང་རིག་གསེར་གྱི་རྡོ་རྗེར་འགྱུར་པ་རྒྱུའི་ཏིང་ངེ་འཛིན་ཏེ། དེ་ལས་འོད་འབར་བས་པདྨ་རིན་ཆེན་འབར་བའི་གཞལ་ཡས་ཁང་འཇའ་ཚོན་འོད་ལྔ་འཁྲིགས་པའི་དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་བདུད་བཞི་བཅོམ་པའི་བརྡར་རུ་ཏྲ་ཕོ་མོ་བསྣོལ་བའི་གདན་ལ་རྒྱུའི་རྡོ་རྗེ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། བདག་ཉིད་ཆུ་ལས་ཆུ་བུར་རྡོལ་བ་བཞིན་སྐད་ཅིག་དྲན་རྫོགས་སུ་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་འབུམ་གྱི་གཟི་བྱིན་འབར་བ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་དབུ་གཙུག་ན་རྟ་མགོ་ལྗང་ཞུར་ཁམས་གསུམ་ཟིལ་གནོན་གྱི་རྟ་སྐད་ཕྱོགས་བཅུར་སྒྲོགས་པ། ཕྱག་གཡས་དྲེགས་པ་ཅན་རྣམས་དབང་སྡུད་ཀྱི་གྲི་གུག་འཕྱར་བ། ཕྱག་གཡོན་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཞལ་དུ་གསོལ་བ། རུས་པའི་ཕྱག་རྒྱ་དྲུག་སོགས་དཔལ་གྱི་ཆས་གོས་རྣམས་ཀྱིས་བརྒྱན་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གིས་འགྱིང་སྟབས་སུ་བརྗིད་ཅིང་དཔའ་བས་བདུད་བཞི་བརྫིས་པ། དེའི་གཡོན་ཕྱོགས་ན་ཡུམ་རྡོ་རྗེ་ཕག་མོ་ཆ་ལུགས་ཡབ་དང་འདྲ་བ་དགྱེས་པའི་ཉམས་དང་ལྡན་པས་མགུལ་ནས་འཁྱུད་པ་སྤྱི་གཙུག་ནས་ཕག་ཞལ་མཐིང་ནག་སྟོང་ཉིད་ཀྱི་ངུར་སྒྲ་སྒྲོགས་པ། གཞོན་ནུའི་ཚུལ་གྱི་ནུ་མ་དང་བྷ་ག་རྒྱས་པ་བདེ་སྟོང་ཟུང་འཇུག་གིས་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་སྐུ་ལས་འོད་ཟེར་རྡོ་རྗེའི་མེའི་ཚྭ་ཚྭ་འཕྲོ་བ། དེ་ཉིད་ཀྱི་སྤྱི་གཙུག་ཏུ་ཉི་ཟླའི་


MLP014_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་སྟེང་ན་པདྨ་གེ་སར་རྒྱས་པའི་སྙིང་པོ་ལ་རང་གི་རིག་པ་ཡེ་ནས་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་ངོ་བོར་གནས་པ་རྣམ་པ་རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་སྐུ་གཅེར་བུ་བདེ་བའི་རྣམ་པ་དང་ལྡན་པ་སྤྱན་གསུམ་པ་རུས་པའི་ཕྱག་རྒྱ་དྲུག་གིས་མཛེས་ཤིང་། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུ་ལ་བརྟེན་པ་ཡུམ་ལ་འཁྱུད་པའི་ཚུལ་ཀྱིས་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། དེའི་འཕང་བ་གཡོན་དུ་རང་སྣང་གི་རིག་མ་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་གཅེར་བུ་བཅུ་དྲུག་ལོན་པའི་གཞོན་ཚུལ་དང་ལྡན་པ་ཤིན་ཏུ་ཆགས་པའི་ཉམས་ཀྱི་རྣམ་འགྱུར་པདྨའི་མདོག་ཅན་ནུ་འབུར་དང་བྷ་ག་མཆོག་ཏུ་རྒྱས་པས། རིན་ཆེན་རུས་རྒྱན་དང་དར་གྱི་ཅོད་པན་བཅིང་པས། ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབས་པའི་ཚུལ་དུ་འཛིན་པ། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། སྐུ་མདོག་དཀར་ལ་དམར་པ་ཤིན་ཏུ་འཛུམ་པའི་མདངས་དང་ལྡན་པ། དབུ་སྐྲ་སིལ་བུར་རྒྱབ་ཏུ་གྲོལ་ཞིང་བདེ་སྟོང་གཉིས་སུ་མེད་པའི་ངོ་བོ་འོད་ལྔ་འབར་བའི་ཀློང་ན་བཞུགས་པ། དེའི་ཕྱོགས་བཞིར་རྡོ་རྗེ་རིན་ཆེན་པདྨ་ལས་ཏེ་རིགས་བཞིའི་ཐོད་ཕྲེང་རྩལ། སྐུ་མདོག་དཀར་སེར་དམར་ལྗང་མདངས་དང་ལྡན་པའི་མདོག་ཅན་དུ་ཞི་རྒྱས་དབང་དྲག་གི་ཕྲིན་ལས་བཞི་ཐོགས་མེད་དུ་འགྲུབ་ཕྱིར་མངོན་སུམ་ལྟ་བུར་བཞུགས་པའི་མོས་པ་བསྐྱེད་ལ། ཁོར་ཡུག་ཐམས་ཅད་འཇའ་འོད་སྣ་ལྔའི་དྲྭ་བས་ཁྱབ་པར་གྱུར་པའི་ཕྱོགས་མཚམས་རིན་ཆེན་ཟུར་བརྒྱད་འཛོམ། སྟེང་གི་བར་སྣང་འཇའ་ཚོན་འཁྲིགས་པའི་ཀློང་ན་སྤྲུལ་པའི་གུ་རུ་མཚན་བརྒྱད་དྭངས་མའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་གསལ་བར་བསྒོམ་ཞིང་། ཕོ་བྲང་གི་ཕྱོགས་བཞིར་པདྨའི་འདབ་མ་ལས་བཞིའི་མདངས་ཅན་གྱི་རིན་ཆེན་ཟེའུ་འབྲུ་ཚར་དུ་དངར་བའི་ནང་ཁོངས་ཞིང་ཆེན་གྱི་གདན་ལ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ་རྣམས་སྐུ་མདོག་སོ་སོའི་རིགས་ཀྱི་ཁ་དོག་ཅན་ལ་ཕན་ཚུན་འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་ཐམས་


MLP014_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཙོ་བོ་རྟ་ཕག་ཡབ་ཡུམ་གཉིས་ཇི་ལྟ་བར་བཞུགས་པའི་ཕྱི་རོལ་སྣ་ཚོགས་པདྨའི་ཕྲེང་བ་ལ་བདག་ཅག་སྒྲུབ་པ་པོ་རྣམས་བསྲུང་ཞིང་སྐྱོབས་པའི་ལྷ་དང་། རིག་འཛིན་དང་། རིགས་འདུས་མཁའ་འགྲོ་དང་། དམ་ཅན་ཆོས་སྐྱོང་སྲུང་མ་རྣམས་དངོས་གྲུབ་སྟེར་ཞིང་བར་ཆད་སེལ་བའི་ཚུལ་དུ་གསལ་བར་བསྒོམས་པའི་བར་མཚམས་ཐམས་ཅད་གླུ་དབྱངས་སྙན་པར་ལེན་ཅིང་འཇོ་སྒེག་གི་རྣམ་འགྱུར་ཆགས་པའི་ལུས་ཀྱི་གར་སྟབས་བསྒྱུར་ཞིང་རོལ་མོ་སྣ་ཚོགས་འཁྲོལ་བ་དང་ལྷན་ཅིག་འདོད་ཡོན་སྣ་ལྔའི་མཆོད་སྤྲིན་སྟོབས་པའི་ལྷ་དང་ལྷ་མོ་བསམ་གྱིས་མི་ཁྱབ་པས་ཆར་སྤྲིན་གཏིབ་པ་ལྟ་བུར་གང་བར་བསྐྱེད་ཅིང་དུ་མར་སྣང་བ་དེ་ཀུན་ཀྱང་རང་གི་རིག་པའི་རང་རྩལ་དུ་རོ་གཅིག་པར་བསམ་པ་ནི་སྐུ་བསྐྱེད་པ་ཡིན་ལ། དེའི་རྗེས་འབྲེལ་ནི། ལྷན་ཐབས་ལས་བྱང་ལེའུ་བརྒྱད་མའི་ལེའུ་གསུམ་པ་དང་བཞི་པ་སྦྱོར་བའི་དང་པོ་ལ་གསུམ་གྱི་སྤྱན་དྲང་བ་ནི། རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ། རྔ་ཡབ་གླིང་ཕྲན་སྲིན་པོའི་རྒྱལ་ཁམས་ཟངས་མདོག་དཔལ་ཀྱི་རི་བོ་ངེས་པ་ལྔ་ལྡན་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ནས་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་འཁོར་དུ་སྤྲུལ་པའི་གུ་རུ་མཚན་བརྒྱད། གྲུབ་པའི་རིག་འཛིན་མང་པོ། །ཡི་དམ་རྟ་ཕག་ཡབ་ཡུམ། མཁའ་འགྲོ་རིགས་ལྔ། དཔའ་བོ་གིང་བཞི། གནས་གསུམ་གྱི་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ་སྤྲིན་གྱི་ཕུང་པོ་གཏིབ་པའམ། ཁ་ཆར་དང་བུ་ཡུག་འཚུབ་པ་བཞིན་དུ་ཁྲ་ཕུང་ངེ་བྱིན་ཐིབས་ཀྱིས་བྱོན་པར་བསམ་ལ། ཧཱུྃཿསྔོན་གྱི་བསྐལ་པ་དང་པོ་ལཿསོགས་ཀྱིས་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཡེ་ཤེས་རང་སྣང་གི་ཕོ་བྲང་ཡིད་དུ་འོང་ཞིང་ཉམས་དགའ་བའི་གནས་མཆོག་དམ་པར་བཞུགས་སུ་གསོལ་བ་ནི། ཧཱུྃཿརིན་ཆེན་ཕོ་བྲང་ཉམས་རེ་དགའཿསོགས་ཀྱིས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་འཛིན་པའི་རྟོགས་པ་བྲལ་ཏེ་དབྱེར་མེད་དུ་ཐིམ་པར་བསམ་ནས་དོན་དམ་ལྟ་བ་མཇལ་བའི་ཕྱག་གནས་ལུགས་རང་རིག་དོན་གྱི་ལྷ་ལ་ཕྱག་འཚལ་བ་ནི། ཨེ་མ་ཧོཿསྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགསཿ སོགས་ཀྱིས་ཕྱག་བྱ་བ་རྣམས་ནི་དོན་ཚན་དང་པོ་གསུམ་ཡིན་ལ།


MLP014_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་མཆོད་པ་བྱིན་གྱིས་རློབས་པ་དང་ཕུལ་བ་གཉིས་ལས། དང་པོ་བྱིན་གྱིས་རློབས་པ་ནི། སྭ་བྷ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ང་རྒྱལ་བཟུང་ལ། མཆོད་རྫས་རྣམས་ཀྱི་མཚན་འཛིན་ཀྱི་རྟོག་པ་ཐམས་ཅད་མི་དམིགས་པར་སྦྱོང་བ་དང་འབྲུ་གསུམ་གྱིས་སྦྱང་རྟོགས་སྦར་གསུམ་བགྱིས་ནས་མཁའ་ཁྱབ་ཏུ་སྤེལ་ཏེ། བདུད་རྩི་རིགས་ལྔ་ཡབ་ཡུམ་གྱི་བྱང་སེམས་དང་། གཏོར་མ་འདོད་ཡོན་དྲུག་ལྡན་གྱི་ཕུང་པོ་དང་། རཀྟ་ཁམས་གསུམ་བདེ་བ་ཆེན་པོར་བྱིན་གྱིས་རློབས་པ་དང་། མཆོད་སྔགས་རྣམས་ཀྱིས་ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་རྣམ་རོལ་ནམ་མཁའི་མཐའ་ཀླས་པར་གང་བར་དམིགས་ནས་འབུལ་བ་ལ། སྤྱི་དང་བྱེ་བྲག་ཁྱད་པར་འབུལ་ཚུལ་གསུམ་གྱི། དང་པོ་ལ་ཕྱི་ཡི་མཆོད་པ་ནི། ཧྲཱིཿབླ་མ་ཡི་དམ་མཁའ་འགྲོ་ལཿལྷ་རྫས་ཕྱི་མཆོད་སོགས་ཀྱིས་ཏེ། རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཛེས་པའི་མེ་ཏོག །དྲི་ཞིམ་བདུག་སྤོས། སྣང་གསལ་མར་མེ། རེག་བདེའི་དྲི་ཆབ། རོ་བརྒྱའི་ཞལ་ཟས། སྙན་པའི་རོལ་མོ་རྣམས་སྤྱན་ཤངས་ཐུགས་ཀ་སྐུ་ལུས་ཞལ་དང་སྙན་གྱི་གནས་སོ་སོར་ཚིམ་པར་སྟོབས་པའོ། །ནང་མཆོད་ནི། རང་བྱུང་ནང་མཆོད་སོགས་ཀྱིས། དབང་པོའི་མེ་ཏོག །གསུར་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་སྣང་གསལ། དྲི་ཆུའི་བྱུག་པ། དྲི་ཆེན་གྱི་ཞལ་ཟས། རྐང་གླིང་དང་ཐོད་པའི་རྔ་ཆེན་རྣམས་ཀྱིས་མཚོན་བྱེད་དུ་བྱས་ནས་དུག་གསུམ་སྐུ་གསུང་ཐུགས་དང་། དུག་ལྔ་ཡེ་ཤེས་ལྔར་རྒྱས་འདེབས་པའི་མཆོད་སྤྲིན་སྣང་སྲིད་ཕྱག་རྒྱ་བཞི་རྫོགས་སུ་གསལ་བའི་ངང་ནས་མཆོད་པ་སྟེ། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། ཞེས་སོ། །གསང་མཆོད་ནི། གཉིས་མེད་གསང་མཆོད་སོགས་ཀྱིས། ལྷ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་སྙོམས་པར་ཞུགས་པའི་བྱང་སེམས་ལུགས་འབྱུང་ལུགས་ལྡོག་གིས་དགའ་བཞིའི་རོ་ཉམས་བདེ་སྟོང་གི་ངོ་བོར་མཆོད་པའོ། །གཉིས་པ་ལ། སྨན་མཆོད་ནི། དུག་ལྔ་སེལ་ཕྱིར་ཡེ་ཤེས་ལྔ་རྫོགས་རྫསཿདམ་རྫས་བདུད་རྩི་སོགས་ཀྱིས་ཏེ། དེ་ཡང་བདུད་རྩིའི་གཞི་མ་ནི། ཛ་གད་དཔའ་བོ་ཞེས་ཆང་རྣམ་པ་ལྔ་ཡིན་


MLP014_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ནས་འབྲས་གྲོ་དང་རྒུན་ཆང་དང་། །མེ་ཏོག་ཆང་སྟེ་རྣམ་པ་ལྔ། །ཞེས་པ་ལྟར་ཡིན་ལ། དེ་ལ་བསྲེ་བའི་རྫས་ནི་བདུད་རྩི་ཨ་མྲྀ་ཏ་སྟེ། སྤྱིར་བདུད་རྩི་ལ། ཆོས་བདུད་རྩི། དོན་བདུད་རྩི། སྔགས་བདུད་རྩི། དམ་རྫས་བདུད་རྩི། སྨན་བདུད་རྩི་དང་ལྔ་ལས། འདིར་ཕྱི་མ་གཉིས་ཏེ་དེ་ལ་དམ་རྫས་བདུད་རྩི་ནི། རང་བྱུང་ལུས་ཀྱི་བདུད་རྩི་ཆེ་ཆུང་གཉིས། བྱང་སེམས་ཐབས་ཤེས་གཉིས། ཤ་ཆེན་གྱི་དྭངས་མ་སྟེ། དེ་ལྔ་ནི་རྩ་བའི་བདུད་རྩི་ལྔ་ཡིན་ལ། དེའི་སྐྱོབས་དང་འཕྲད་དུ་གྱུར་པ་རྣམས་ལ་ནི་སྨན་བདུད་རྩི་ཞེས་གསུངས་ཏེ། དེ་ནི་སྔོན་དཔལ་ཆེན་པོས་རུ་ཏྲ་བརྟུལ་བའི་ཚེ་ཟག་པ་རྒྱ་མཚོར་ལྷུང་བ་བདུད་རྩིའི་ཤིང་དུ་སྐྱེས་པ་ནི། རྩ་བ་མཱུ་ལ་བྷ་དྲ། སྡོང་པོ་ཙན་དན་སྨུག་པོ། ཡལ་ག་ལི་ཤི། ལོ་མ་གྷནྡྷ་བྷ་དྲ། མེ་ཏོག་གུར་གུམ། འབྲས་བུ་ཛ་ཏི། སྙིང་པོ་ག་བུར། ཤུན་པ་ཤིང་ཚ་སྟེ་བརྒྱད་ཡིན་ལ། དེ་ལྟར་རྩ་བརྒྱད་དང་ཡན་ལག་སྟོང་སྦྱར་ཚོགས་པར་སྦྱར་བ་ནི་རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏར་འབོད་པ་སྟེ། དེ་ཡང་རྩ་བ་བརྒྱད་ནི། ཉང་གཏེར་འགྲོ་འདུལ་ལས། མངོན་པ་ཕྱི་ཡི་རྩ་བ་བཞིཿསྦས་པ་ནང་གི་རྩ་བ་བཞིཿཞེས་སོགས་གསུངས་པ་ལྟར་ཕྱིའི་རྩ་བ་བརྒྱད། ནང་གི་རྩ་བ་བརྒྱད། གསང་བའི་རྩ་བ་བརྒྱད། དེ་ཁོ་ན་ཉིད་ཀྱི་རྩ་བ་བརྒྱད། ཟུག་པ་རྩ་བའི་བདུད་རྩི་བརྒྱད། འདྲིལ་བ་སྡོང་པོའི་བདུད་རྩི་བརྒྱད། གྱེས་པ་ལོ་འདབ་ཀྱི་བདུད་རྩི་བརྒྱད། སྨིན་པ་འབྲས་བུའི་བདུད་རྩི་བརྒྱད་དོ། །ཡན་ལག་སྟོང་དུ་ཚང་བ་ཚུལ་བཞིན་དུ་སྦྱར་ནས་བསྒྲུབ་པ་དེ་ལ་སརྦ་པཉྩ་ཨ་མྲྀ་ཏ་ཞེས་བོད་སྐད་དུ་འཆི་བ་མེད་པའི་བདུད་རྩི་ཞེས་བྱ་སྟེ། དེ་ལ་ནུས་པའི་ཡོན་ཏན་ཡང་སློབ་དཔོན་ཆེན་པོས། བླ་མ་མཆོད་ན་བྱིན་རླབས་འབྱུངཿཡི་དམ་མཆོད་ན་དངོས་གྲུབ་སྟེརཿམཁའ་འགྲོ་མཆོད་ན་ལུང་ཡང་སྟོནཿསྒྲུབ་པ་པོའམ་སུས་བརྟེན་ཀྱངཿཕྱི་ཡི་ནད་གདོན་སྡིག་སྒྲིབ་སེལཿནང་གི་བསྐྱེད་རིམ་ཏིང་འཛིན་གསལཿགསང་བ་རང་རིག་ཆོས་སྐུར་རྟོགསཿདམ་ཚིག་ཉམས་ཆགས་ཐམས་ཅད་སྐོངཿབཅིང་པས་དུས་མིན་འཆི་བ་བཟློགཿགདུག་པའི་དུག་ཀྱང་འཇིལ་བར་ནུསཿབསྲེགས་པས་གདོན་བགེགས་ཐམས་ཅད་སྐྲོདཿབྱུག་པས་ནད་གདོན་མ་ལུས་འཇོམསཿཞེས་གསུངས་པ་ལྟར་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་བདུད་རྩི་སྨན་གྱི་མཆོད་པ་དེ་ཉིད། བླ་མ་བརྒྱུད་པ། ཡི་དམ་


MLP014_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ། མཁའ་འགྲོ་དམ་ཅན། ཆོས་སྐྱོང་སྲུང་མ་སོགས་མཆོད་འོས་ཐམས་ཅད་ལ། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རམ་ཁཱ་ཧིཿསོགས་ཀྱིས་རྐང་ཐོན་དུ་འབུལ་བ་ཡིན་ལ། རཀྟའི་མཆོད་པ་ནི། བདེ་མཆོག་བདེ་བྱེད། སོགས་ཀྱིས་ཏེ། དེ་ཡང་འདོད་ཆགས་ནི་མའི་མངལ་ཁྲག་སྟེ་དེ་འཁོར་བའི་ས་བོན་བྱས་ནས་ཁམས་གསུམ་དུ་ཞེན་ཅིང་ཆགས་པའི་རྒྱུ་བྱེད་ལ། དེ་གནས་སུ་དག་པ་ཤེས་རབ་རང་བྱུང་པདྨའི་རཀྟ་ཞེན་ཆགས་རྟོག་པ་ཐམས་ཅད་རྣམ་པར་བསྡུས་ནས་ཆགས་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རིགས་དྲུག་ཏུ་འཁོར་བའི་རྒྱུད་དྲུག་གི་རྩ་བ་དབྱིངས་སུ་བསྒྲལ་བའི་དགོངས་པས་དུག་གསུམ་སྐུ་གསུམ་གྱི་རིགས་སུ་དག་པར་བྱས་པ་སྟེ། དེ་ལ་སྤྱི་ཙམ་དུ་ངོ་བོ། ངེས་ཚིག །དབྱེ་བ་གསུམ་དུ་ཕྱེ་ན། རཀྟའི་ངོ་བོ་ལ་ལྔ་སྟེ། སྲིད་པ་གཞིའི་རཀྟ། སྣང་བ་བརྡའི་རཀྟ། འགྱུར་མེད་དོན་གྱི་རཀྟ། འཁོར་བ་རྒྱུའི་རཀྟ། འབྲས་བུ་ཆེན་པོའི་རཀྟ་རྣམས་སུ་བཤད་ལ། ངེས་ཚིག་ནི། ཁ་དོག་དམར་པོ། བྱེད་ལས་ཆགས་པ། དངོས་པོ་ཁྲག་རྣམས་ཀྱི་དོན་ལ་འཇུག་ཅིང་། དབྱེ་ན་རྩ་བ་བརྒྱད་དང་། ཡན་ལག་སུམ་ཅུ་རྩ་ལྔ་སྟེ། དེ་ལ་རྩ་བ་བརྒྱད་ནི། ཡབ་ཀྱི་སྣ་གཡས་པའི་ཁྲག །ཡུམ་གྱི་པདྨའི་རཀྟ། སྲིད་པ་ཆགས་པའི་ལྟེ་ཁྲག །གཡུལ་དུ་བསད་པའི་དཔའ་བོའི་སྙིང་ཁྲག་སྟེ་ནང་གི་བཞི་དང་། སྟག་གཟིག་སོགས་གཅན་གཟན་གྱི་ཁྲག །བྱ་རྒོད་སོགས་འདབ་ཆགས་ཀྱི་ཁྲག །རྟ་བོང་སོགས་རྨིག་ཟླུམ་གྱི་ཁྲག །གཡག་སོགས་རྨིག་པ་ཁ་བྲག་གི་ཁྲག་སྟེ་ཕྱིའི་རྩ་བ་བཞི་རྣམས་བསྡོམས་པར་རཀྟ་རྩ་བ་བརྒྱད་དོ། །ཡན་ལག་སུམ་ཅུ་རྩ་ལྔ་ནི། སའི་རཀྟ་ལྔ། ཤིང་གི་རཀྟ་ལྔ། རྡོ་རྗེའི་རཀྟ་ལྔ། མེ་ཏོག་གི་རཀྟ་ལྔ། འབྲས་བུའི་རཀྟ་ལྔ། རྩིའི་རཀྟ་ལྔ། རྩ་བའི་རཀྟ་ལྔ་རྣམས་སོ། །སྐབས་འདིར་ནི། མ་ཧཱ་རཀྟ། མཱུ་ལ་རཀྟ། གུ་ཧྱ་རཀྟ་གསུམ་ལ་བཤད་ཅིང་། དང་པོ་གདུག་པ་བསྒྲལ་བའི་ཁྲག་ཆེན། གཉིས་པ་ནི་སྣོད་བཅུད་ཆགས་པའི་རྒྱུའི་རྩ་བ་ལ་འཇུག་པའི་ཕྱིར་གོང་དུ་བཤད་པའི་སྨན་རྫས་རྣམས་ཆུ་གཙང་མ་ལ་བཏབ་ནས་བྱིན་གྱིས་རློབས་ཅིང་སྒྲུབ་པ་དང་། གསུམ་པ་ནི་མཚན་ལྡན་མ་གྲོང་བའི་ཆོས་ཀྱིས་མ་གོས་པའི་པདྨའི་བཅུད་ལ་བཤད་པ་སྟེ། དེ་ལྟར་མ་ཧཱ་རཀྟ་དགྲ་བགེགས་


MLP014_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བའི་ཁྲག །མཱུ་ལ་རཀྟ་རང་བྱུང་པདྨའི་ཁྲག །ཆུ་དང་མ་འདྲེས་དྭངས་མའི་ཁྲག་གི་མཚོ། །ཞེས་གསུངས་པ་ལྟར་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་སྙིགས་མ་ལས་འདོད་ཡོན་གྱི་ལྷ་མོའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བས་མཆོད་པའོ། །གཏོར་མའི་མཆོད་པ་ནི། སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུཿསོགས་ཀྱིས་ཏེ། འདི་ལ་ཕྱི་ནང་གསང་གསུམ་ལས། ཕྱི་ལྟར་ན། སྣོད་ཀྱི་འཇིག་རྟེན་ཡངས་པའི་གཏོར་གཞོང་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་གཏོར་མ། དེའི་ཡོན་ཏན་ཉི་ཟླ་སོགས་གཏོར་རྒྱན་དུ་བྱས་པ་རི་རྒྱལ་བས་དཔང་མཐོ་བ། གླིང་བཞི་གླིང་ཕྲན་བས་ཡང་ཤིང་རྒྱ་ཆེ་ཞིང་བཀོད་ལེགས་པའི་གཏོར་མའི་ལྟེ་བ་རི་རབ། ལོགས་ཀྱི་པད་འདབ་རྣམས་སུམ་ཅུ་རྩ་གསུམ་སོགས་འདོད་ལྷའི་ཁམས། སྟེང་གི་ནོར་བུ་རྣམ་པར་རྒྱལ་བའི་ཁང་བཟང་དང་བཅས་པ་མཚོན་བྱེད་ཡིན་ལ། ནང་ལྟར་ན། རྩ་བའི་པད་འདབ་རྔ་ཡབ་གླིང་ཕྲན། གཏོར་མའི་སྙིང་པོ་ཟངས་མདོག་དཔལ་གྱི་རི་བོའོ། །སྟེང་གི་ནོར་བུ་གུ་རུ་པདྨ་འབྱུང་གནས་ལོགས་རྒྱན་རྣམས་རིག་འཛིན་མཁའ་འགྲོ་རྒྱ་མཚོ་སོགས་པདྨ་འོད་ཀྱི་ཞིང་ཁམས་མཚོན་པའི་རང་བཞིན་དུ་གནས་པ་ཡིན་ལ། གསང་བ་ལྟར་ན། གཏོར་མའི་སྙིང་པོ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དང་། རྩ་བའི་པད་འདབ་རྣམས་དམ་ཅན་ཆོས་སྐྱོང་སྲུང་མ། ལོགས་རྒྱན་རྣམས་སྒྲུབ་པ་སྡེ་བརྒྱད་ཀྱི་ལྷ་ཚོགས། སྟེང་གི་ནོར་བུ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་གུ་རུ་མཚན་བརྒྱད་ཀྱིས་བསྐོར་བའི་རྣམ་པར་གནས་པ་དེ་ཉིད་དོན་ལ་དབྱིངས་རང་བཞིན་གྱིས་དག་པའི་གཏོར་གཞོང་དུ་རང་བྱུང་ཆོས་སྐུའི་དཔལ་བཤོས་ལ། ཡེ་ཤེས་ལྔའི་ཐེབ་ཀྱུ། སྐུ་གསུམ་ཀྱི་བདུད་རྩི། མཉམ་ཉིད་ཀྱི་རཀྟ། གསལ་སྟོང་འཛིན་མེད་ཀྱི་དཀར་རྒྱན། སྐྱེ་འགག་འགྱུར་མེད་ཀྱི་དམར་རྒྱན་རྣམས་ཀྱིས་སྤྲས་པའི་ཏིང་འཛིན་ཟབ་མོའི་དགོངས་ཀློང་དག་པས་བྱིན་གྱིས་བརླབས་པ་བདུད་རྩིར་གྱུར་པའི་གཏོར་མ་འདོད་ཡོན་ལྔ་ལྡན་གྱི་མཆོད་སྤྲིན་ཆེན་པོ་དེས། རྡོ་རྗེ་སློབ་དཔོན་ཐུགས་དམ་སྐོངས་གྱུར་ཅིགཿསོགས་ཀྱིས་རྐང་ཐོན་དུ་འབུལ་བ་ཡིན་ནོ། །གསུམ་པ་ཁྱད་པར་གྱི་མཆོད་པ་ཚོགས་འཁོར་ནི། སྤྱིར་ཚོགས་ལ། སྐལ་ལྡན་མི། དགྱེས་


MLP014_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལྷ། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་རྣམས་སུ་གསུངས་པས་ལས། འདིར་བཟའ་བཏུང་ཤ་ཆང་ལ་སོགས་པའི་ཐབས་ཤེས་ཀྱི་རྫས་ཁྱད་པར་ཅན་མ་ཚང་བ་མེད་པའི་ཡོ་བྱད་རྣམས་འདུ་བྱས་ལ། རང་ཉིད་ལྷ་ཡི་ཐུགས་ཀ་ནསཿསོགས་ཀྱིས་སྦྱང་རྟོགས་སྦར་གསུམ་བགྱིས་ནས་ཟག་མེད་བདུད་རྩིའི་རང་བཞིན་ཚོགས་ཀྱི་འཁོར་ལོའི་མཆོད་པས་སྐལ་ལྡན་མི་དང་། དགྱེས་ལྡན་ལྷའི་ཚོགས་ཚིམ་ཞིང་མཉེས་པར་བྱས་པས་བདག་གཞན་གྱི་ཚོགས་གཉིས་རྫོགས་པར་བྱེད་པ་སྟེ། དེ་ལ་ཐོག་མར་ལས་ཀྱི་རྡོ་རྗེས་ཚོགས་རྫས་རྣམས་སློབ་དཔོན་ལ་ཕྱོགས་པས་བཟུང་ནས། གཟིགས་ཤིག་མཚན་ལྡན་སོགས་ཀྱིས་གཙང་དམེ་མེད་པར་རོ་གཅིག་པར་གསོལ་བ་ལ། རིན་ཐང་མེད་ལས་སོགས་ཀྱིས་ངོ་མཚར་དུ་འཛིན་ཅིང་དང་དུ་བླང་བ་རྣམས་སྔོན་དུ་འགྲོ་བ། ཚོགས་ཕུད་ཆ་གསུམ་དུ་བྱས་ལ། དང་པོ་མཆོད་པ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདསཿསོགས་ཀྱིས་འདོད་ཡོན་སྣ་ལྔའི་མཆོད་སྤྲིན་མཁའ་རུ་དམིགས་ནས་འབུལ་བའོ། །བར་པ་བཤགས་པ་ནི། སྔོན་བྱུང་དུས་ནས་ད་ལྟའི་བརཿསོགས་ཀྱིས་ཟག་པ་མེད་པའི་དམ་རྫས་རྒྱ་ཆེན་པོས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཀྱི་ཚོགས་ལ་བཤགས་པ་འབུལ་བའོ། །ཐ་མ་བསྒྲལ་བསྟབ་བྱ་བ་ནི། ཚོགས་ཟན་ནམ་གཟུགས་བརྙན་ལ་དམིགས་བྱ་བསྟིམ་ནས། ཆེ་མཆོག་པདྨ་ཐོད་ཕྲེང་རྩལཿསོགས་ཀྱིས་གསལ་བ་གསུམ་དང་ལྡན་པའི་ངང་ནས་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ་བྱའི་གཟུགས་ཕུང་རྟེན་དང་བརྟེན་པ་ཐམས་ཅད་ཆོས་དབྱིངས་སུ་བསྒྲལ་ཏེ་དུག་གསུམ་ཤ་ཁྲག་རུས་པ་བདུད་རྩི་ཆེན་པོར་བྱིན་གྱིས་བརླབས་པར་འབུལ་བ་རྣམས་དངོས་གཞིའི་དོན་ཚན་དང་པོ་སྐུ་བསྐྱེད་པ་ཡིན་ལ། དོན་ཚན་གཉིས་པ་བསྒྲུབ་པའི་སྙིང་པོ་ཛབ་བཟླ་བ་ལ་དངོས་དང་དེའི་རྗེས་འབྲེལ་གཉིས་ལས། དང་པོ་ནི། སྣང་སྲིད་གཞལ་ཡས་བླ་མ་ལྷཿསོགས་ཀྱིས་སྣོད་ཀྱི་འཇིག་རྟེན་པདྨ་འོད་ཀྱི་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་ཐམས་ཅད་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུ་སྣང་སྟོང་གི་བདེ་བ་ཆེན་པོར་ཆུ་ཟླའམ་འཇའ་ཚོན་བཞིན་ཡམ་ཡམ་ཤིག་ཤིག་ཏུ་གསལ་བཏབ་ནས། ཐོག་མར་སྤྱི་བོའི་བླ་མ་ཡབ་ཡུམ་ལ་གསོལ་འདེབས་དང་དབང་བཞི་བླང་བའི་དམིགས་གནང་


MLP014_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྱར་ཏེ་བཛྲ་གུ་རུའི་ཛབ྄་དང་། བླ་མ་རང་ལ་བསྟིམ་ནས་རང་ཉིད་ཐོད་ཕྲེང་རྩལ་གྱི་སྐུའི་གསལ་སྣང་དང་ང་རྒྱལ་བརྟན་པོས་སྒྲུབ་སྔགས་ཀྱི་ཛབ྄་བཟླ་བ་སྟེ། ཤ་མེད་འོད་ཀྱི་གཟུགས་ཅན་ནིཿཔདྨ་འབྱུང་གནས་སྐུ་རུ་བསྒོམ། ཞེས་པ་ལྟར། དེ་ནས་རང་ཉིད་ཀྱི་ཐུགས་ཀའི་འོད་ཀྱིས་ཐོད་ཕྲེང་རིགས་བཞི་བསྐུལ་བས་དེ་ལས་རང་འདྲའི་སྤྲུལ་པ་མཁའ་ཁྱབ་ཏུ་སྤྲོས་པས་ཕྲིན་ལས་རྣམ་པ་བཞི་སྒྲུབ་པར་བསམ་ལ། ཧྲི་མ་ཧ་རི་ནི་ས་སོགས་ཀྱིས་ལས་སྦྱོར་གྱི་བཟླས་པ་བྱ་བ་རྣམས་ནི་སྒྲུབ་པའི་སྙིང་པོ་བཟླ་བའི་ཚུལ། དེའི་རྗེས་འབྲེལ་ཐུགས་དམ་བསྐང་བ་ལ་གསུམ་ལས། དང་པོ་ཕྱིའི་ཉེར་སྤྱོད་ལྔ་དང་། ནང་སྨན་རཀ་གཏོར་མ། གསང་བ་བདེ་ཆེན་དགའ་བཞིའི་མཆོད་པ་རྣམས་དང་། ཁྱད་པར་མར་མེ་བདུད་རྩི། ཐོད་རྔ་སོགས་ལག་ཏུ་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང་མཆོད་པ་ནི་སྐུ་ལ་བསྐང་བ། ཤིན་ཏུ་སྙན་པའི་གདུང་དབྱངས་ཀྱིས། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིརཿསོགས་ཀྱིས་གསུང་ལ་བསྐང་བ། ལྟ་བ་གནས་ལུགས་དེ་བཞིན་ཉིད། མ་བཅོས་གཉུག་མའི་ངང་ལ་མཉམ་པར་བཞག་ནས། ཀུན་གཞི་མ་བཅོས་ཀློང་ཡངས་ལསཿསོགས་ཀྱིས་ཐུགས་དམ་བསྐང་བ་རྣམས་བྱས་རྗེས། འདི་ལྟར་ཀུན་རྫོབ་མཚན་མར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་ཆོས་ཉིད་ལྷ་དང་གཞལ་ཡས་ཁང་དུ་ཡེ་ནས་རྫོགས་པའི་གནས་ལུགས་ཇི་བཞིན་པ་ཉིད་ཀྱི་རང་ངོ་ལ་བློ་བཞག་ནས་དགོངས་པ་བསྐྱང་བ་དང་། དེས་རྟགས་ཚད་ཀྱི་དྲོད་མཐར་ཕྱིན་པ་ན་མཆོག་ཐུན་ཀྱི་དངོས་གྲུབ་བླང་བ་འོག་ནས་འབྱུང་བ་ལྟར་གྱིས་དངོས་གྲུབ་ལེན་པ་རྣམས་ནི་དངོས་གཞིའི་ཆོ་གའི་རིམ་པ་སྟེ། དེ་རྣམས་ཀྱིས་སྦྱང་བྱ་འཆི་བར་སྐྱེ་གསུམ་གྱི་བག་ཆགས་སྦྱོང་ཞིང་། སྦྱོང་བྱེད་ཏིང་ངེ་འཛིན་གསུམ་དེ་རྣམས་ཀྱིས་ལྷ་སྐུའི་རྩལ་སྣང་གོང་འཕེལ་དུ་བྱེད་པ་དང་རྫོགས་རིམ་རྡོ་རྗེ་གསུམ་གྱི་གཞི་གདིང་བའི་སྨིན་བྱེད་དུའང་འགྲོ་ཞིང་། སྦྱངས་འབྲས་སྐུ་གསུམ་གྱི་མཛད་པ་ཕྲིན་ལས་དང་བཅས་པའི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད་པ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ནི། སྐུ་བསྐྱེད་སྒྲུབ་པའི་སྙིང་པོ་བཟླཿཞེས་སོགས་ཀྱིས་གཞུང་འདི་འབྱུང་། དེ་རྣམས་ཀྱིས་དངོས་གཞིའི་དོན་ཚན་དྲུག་བཤད་པ་དེ་སོང་ནས།


MLP014_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྗེས་ཀྱི་ཆོས་དྲུག་གི་རྣམ་བཞག་དེ་འཆད་པར་བྱེད་པ་ནི། དག་སྣང་བསྐྱེད་ཅིང་བསྟོད་པ་འབུལཿཉམས་ཆགས་བསྐང་ཞིང་ལས་ཚོགས་སྒྲུབཿགྲུབ་མཐའ་བཟུང་ཞིང་སྨོན་ལམ་གདབཿཅེས་པའི་གཞུང་འདི་བྱུང་། དེའི་དོན་བཤད་པ་ལས། དང་པོས་དག་སྣང་བསྐྱེད་པ་ནི། སྤྱི་བོའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ཅན་དུ་བཞུགས་པ་ལ་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་དྲག་པོ་བསྐྱེད་པ་ཡིན་ལ། གཉིས་པ་བསྟོད་པ་འབུལ་བ་ལ། སྔོན་དུ་མཆོད་པ་དང་། བསྟོད་བསྐུལ་དངོས། མཐའ་རྒྱས་གཞན་སྦྱར་བ་དང་གསུམ་ལས། སྔོན་དུ་མཆོད་པ་ནི། ཁྱད་པར་ནང་གི་མཆོད་རྫས་དྲག་པོའི་ཉེར་སྤྱོད་དང་སྨན་གཏོར་རཀྟ་སོགས་མ་དང་མཁའ་འགྲོ་མཉེས་ཕྱིར་རྐང་ཐོན་དུ་འབུལ་བ་ནི། ཧཱུྃཿདམ་རྫས་གཏོར་ཆེན་བཤམས་པ་ཡངཿསོགས་དང་། དེར་མ་ཟད་མདོར་ན་དམ་ཚིག་གི་རྫས་སུ་སྤྱད་བྱར་འོས་པའི་མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ་བ་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་རོ་མཉམ་པའི་ངང་དུ་ཕུལ་བ་བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས། འདོད་ཡོན་གྱི་ལྷ་མོ་རྣམས་ཀྱང་གནས་སོ་སོར་ཐིམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ་ཅིག །དམ་རྫས་མཆོད་པ་འདི་དག་ཀུནཿསོགས་ཀྱིས་མཆོད་ལ། བསྟོད་བསྐུལ་དངོས་ལ་བཞི་སྟེ། ཆོས་སྐུ་གནས་ལུགས་དོན་གྱི་བསྟོད་པ། ལོངས་སྐུ་འགག་མེད་ཡོན་ཏན་གྱི་བསྟོད་པ། སྤྲུལ་སྐུ་བརྡ་དོན་རྟགས་ཀྱི་བསྟོད་པ། ཕྲིན་ལས་སྣ་ཚོགས་འགྲོ་འདུལ་གྱི་བསྟོད་པ་དང་བཞི་ལས། དང་པོ་ནི། མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿསོགས་ཚིགས་བཅད་གཅིག་སྟེ། དེ་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་འདི་ཉིད་སྐུ་གསུམ་གྱི་བདག་ཉིད་དུ་བཞུགས་པའི་དོན་དུ། ཆོས་ཐམས་ཅད་ཀྱི་གནས་ལུགས་མ་བཅོས་སྤྲོས་པ་དང་བྲལ་བའི་རང་བཞིན་རང་བྱུང་གི་ཡེ་ཤེས་མི་འགྱུར་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆེན་པོ་ནི་ཆོས་ཀྱི་སྐུ་སྟེ། དེའི་ངོ་བོ་ལས་མི་གཡོ་བར་བཞུགས་པ་ནས། བླ་མ་ཆོས་ཀྱི་སྐུ་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་སྐུ་ལས་མ་གཡོས་བཞིན་དུ་འགག་མེད་རང་བྱུང་གི་རིག་པ་གསལ་སྟོང་བདེ་བ་ཆེན་པོའི་ཀློང་དུ་ཆོས་ཀུན་མ་འདྲེས་ཡོངས་རྫོགས་སུ་ལོངས་སྤྱོད་པའི་ཆེ་བའི་ཡོན་ཏན་ལ་མངའ་བརྙེས་པ་ལོངས་སྤྱོད་རྫོགས་པའོ། །དེའི་ངང་ལས་གང་འདུལ་ཐུགས་རྗེའི་རོལ་པ་ཞིང་ཁམས་བསམ་


MLP014_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་ཁྱབ་པར་སྣང་བར་མཛད་པ་ལས། ཁྱད་པར་མཐའ་འཁོབ་བོད་ཡུལ་མུན་པའི་གླིང་འདིའི་གདུལ་བྱ་ལ་དགོངས་ཏེ་དཔལ་ཧེ་རུ་ཀའི་གནས་བཅུའི་དབུས། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་གཙོ་བོ། རིག་པ་འཛིན་པའི་གསང་མཛོད། དཔལ་ཨོ་རྒྱན་གྱི་ཡུལ། དྷ་ན་ཀོ་ཤའི་མཚོ་གླིང་ལས། ཕོ་བྲང་ཐོར་ཅོག་ཅན་ཞེས་བྱ་བར། རང་བཞིན་དང་ཀུན་སྤྱོད་གཉིས་ཀྱིས་མ་རྨད་པའི་རྒྱལ་རིགས། ཨིནྟྲ་སྟེ་དབང་པོའི་བརྒྱུད་ལས་སྟོབས་ཀྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ། བཀའ་ཁྲིམས་ཀྱི་ལེགས་པར་གཟེངས་བསྟོད་པའི་ཡབ་རྒྱལ་པོ་གོ་ཤ་ཞེས་བྱ་བའི་བསོད་ནམས་གྱི་མཐུ་ལ། མངལ་གྱི་དྲིས་མ་གོས་པར་མེ་ཏོག་པདྨ་ལས་བརྫུས་ཏེ་སྐྱེས་པ་སྟེ། དེ་ཡང་ཕོ་བྲང་ཐོར་ཅོག་ཅན་ནས་ལྷོ་ཕྱོགས་ཀྱི་རྒྱུད་ཧ་ཅང་མི་རིང་བ་ཞིག་ན་མཚོ་མདངས་ལྡན་དྲི་མ་མེད་པ་ཞེས་བྱ་བ་ཞིག་ཡོད་པ་དེར། དུས་ནམ་ཞིག་གི་ཚེ་ན་རྒྱལ་པོ་ཉིད་ཀྱི་ཕྱི་འཁོར་རྣམས་ཀྱིས་མཚོ་དེའི་དབུས་པདྨའི་སྡོང་བུ་ལས་ཁྱེའུ་ཡིད་དུ་འོང་བ་ཞིག་གདའོ། །ཞེས་རྒྱལ་པོའི་སྙན་དུ་གསོལ་བ་ལས་ཕོ་བྲང་དུ་སྤྱན་དྲངས་ཏེ་སྲས་སུ་མངའ་གསོལ་ནས་ཤིན་ཏུ་གཅེས་པས་ཕྱི་རོལ་ཏུ་རྩེད་འཇོ་ལའང་གཏོང་མི་ཕོད་པར་ཡོད་པའི་ཚེ་ན། ཕྱག་ཁ་ཊྭཱཾ་ག་དང་ཌཱ་མ་རུ་གཏད་དེ་ཕོ་བྲང་སོ་ཕག་མཁར་རྩེར་ཡང་དུ་གནས་པའི་གཅིག་ནས་གཅིག་ཏུ་མཆོང་ཞིང་རྩེ་བའི་བར་དུ། ཇི་ཞིག་ན་ཁ་ཊྭཾ་ཀ་ཤོར་བའི་རྫུ་མཛད་དེ་རྒྱལ་པོའི་ནང་བློན་དབང་པོ་ཆེའི་བུའི་མགོར་ཕོག་ནས་ཚེའི་དུས་བྱས་པས། བློན་པོ་རྣམས་ཀྱིས་བཀའ་ཁྲིམས་དང་མཐུན་པའི་ཆད་པ་གཅོད་དགོས་པར་གླེང་ཞིང་བགྲོ་བ་ན། རྒྱལ་པོའི་སྲས་ཡིན་པས་གསལ་ཤིང་ལ་མ་སྐྱོན་པར་ས་མཐའ་ལ་སྤྱུག་པར་གྲོས་མཐུན་ཏེ། ཡབ་རྒྱལ་པོའི་སྙན་དུ་གསོལ་བ་ན། རྒྱལ་བུ་ལ་ཐུགས་བརྩེ་ཡང་བཀའ་ཁྲིམས་གཉན་པས་སྤྱན་ཆབ་ཕྱུང་ནས་རྒྱལ་བུའི་ལག་ནས་བཟུང་སྟེ་འདི་སྐད་ཅེས་གསོལ་བ། རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལས། །སྲས་ཀྱིས་ཕོང་ནས་རྒྱལ་བུ་ཁྱོད་བཙལ་ནའང་། །ལས་ཀྱི་དབང་གིས་གྲོགས་པོ་སྤྱུག་པར་སོང་། །བློན་པོ་རྣམས་ཀྱིས་བཀའ་ཁྲིམས་དང་སྦྱར་ནས། །སྡོད་པའི་དབང་མེད་ཁྱེད་རང་གང་བདེར་སོང་། །ཞེས་གསུངས་པས་རྒྱལ་བུས་ཀྱང་། འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཀྱང་། །ལྔ་ཕུང་ཙམ་གྱིས་བསྡུས་པའི་ཕུང་པོ་འདི། །ཐང་ཅིག་ཙམ་ཞིག་རྒྱལ་སྲིད་བཟུང་སྙམ་པས། །


MLP014_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་པའི་དབང་མེད་ད་ནི་གང་བདེར་འགྲོ། །ཞེས་གསུངས་ཏེ། ཡབ་ཀྱི་ཞབས་སྤྱི་བོར་བླངས་ཏེ་ཕྱག་བཙལ་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས་ཕྱིར་བྱུང་པའི་ལྷོ་ཕྱོགས་ཀྱི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་དེར་གཤེགས་ནས་ཡུལ་དེའི་མི་ཤི་བའི་གོས་རས་ཡུག་རེས་དྲིལ་ཏེ་རོ་ཟས་འབྲས་ཁལ་རེ་དང་ལྷན་ཅིག་དུར་ཁྲོད་དུ་སྐྱེལ་བའི་ལུགས་སྲོལ་ཡོད་པ་དེ་རྣམས་ལ་ཟས་གོས་མཛད་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་པས་མཚན་ཤནྟ་རཀྵིཏ་ཞེས་བྱ་བར་གྲགས། དེ་ནས་རྒྱ་གར་ཤར་ཕྱོགས་ཀྱི་རུང་དུ་བྱོན་ནས་བྲག་དམར་བྱ་ཁྱུང་ཅན་ཞེས་བྱ་བ་ན་སློབ་དཔོན་པྲ་བྷ་ཧསྟི་རྩལ་བཞུགས་པ་ལ་ལུས་ཀྱི་འཁོར་གསུམ་ཕུལ་ཏེ་རབ་ཏུ་བྱུང་། ཡོངས་སུ་རྫོགས་པའི་དགེ་སློང་དུ་གྱུར་ནས་མཚན་ཤཱཀྱ་སེང་གེ་ཞེས་བྱ་བར་གྲགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རིན་ཆེན་མང་གི་སྤྲུལ་པ་སློབ་དཔོན་ཀུ་ཀུ་ར་ཛཱའི་དྲུང་དུ་བྱོན་ཏེ་གདམས་པ་ཞུས་པས་ངས་འདུལ་བའི་དུས་ལ་མ་བབས་ཀྱིས་འདི་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་དགེ་སློང་མ་ཀུན་དགའ་མོ་ཞེས་བྱ་བ་ཞིག་ཡོད་དེ། དེར་སོང་ཞིག་པར་ལུང་བསྟན་པ་ལྟར་བྱོན་པས། དགེ་སློང་མ་ཀུན་དགའ་མོས་མཁྱེན་ནས་མདུན་བསུས་ཏེ་སློབ་དཔོན་ཉིད་ཡི་གེ་ཧཱུྃ་གཅིག་ཏུ་བསྒྱུར་ནས་ཞལ་དུ་གསོལ་ཞིང་འཁོར་ལོ་བཞི་རིམ་པར་བརྒྱུད་པའི་མཐར། གསང་བའི་པདྨ་ནས་ཕྱུངས་ཤིང་ནང་དང་གསང་བའི་དབང་ཡོངས་སུ་རྫོགས་པ་དུས་གཅིག་ཏུ་ཐོབ་པར་མཛད་ནས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྒྱུད་གདམས་ངག་དང་བཅས་པ་མ་ལུས་པ་གནང་ངོ་། །གཞན་ཡང་དུས་མ་ངེས་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་སྐུའི་རྒྱུད། ངག་གི་དབང་ཕྱུག་ལ་པདྨ་གསུང་གི་རྒྱུད། ཧཱུྃ་ཀཱ་ར་ལ་ཡང་དག་ཐུགས་ཀྱི་རྒྱུད། དྷ་ན་སཾ་སྐྲྀ་ཏ་ལ་ཕུར་པ་ཕྲིན་ལས་ཀྱི་རྒྱུད། རོཾ་བུ་གུ་ཧྱ་ཙན་ཏྲ་ལ་སྲིད་པ་མ་མོའི་རྒྱུད། ཤྲི་སེང་ཧ་ལ་མན་ངག་རྫོགས་པ་ཆེན་པོ་ཐམས་ཅད་ཞུས་ཤིང་། གང་གསན་པ་མཐའ་དག་ཚེགས་མེད་པར་མཁྱེན་པར་གྱུར་ནས་མཚན་བློ་ལྡན་མཆོག་སྲེད་དུ་གྲགས་ཤིང་། དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་སྨད་དུ་མུ་སྟེགས་སྟོན་པ་དྲུག་ཚར་བཅད་ཅིང་ནང་པའི་བསྟན་པ་ལ་བཙུད་པས་འཕགས་པ་སེང་གེ་སྒྲ་སྒྲོགས་སུ་སྙན་པར་གྲགས་སོ། །དེ་ནས་མ་ར་ཏི་ཀའི་དབེན་གནས་སུ་འཆི་མེད་ཀྱི་རིག་


MLP014_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྒྲུབ་པར་དགོངས་ཏེ་སྒྲུབ་པའི་གྲོགས་མཚན་ཉིད་དང་ལྡན་པ་ཞིག་བཙལ་བར་ཟ་ཧོར་གྱི་རྒྱལ་པོ་དཔལ་འཛིན་གྱི་བུ་མོ་མེ་ཏོག་མནྡ་ར་བ་ཞེས་བྱ་བ་པདྨ་ཅན་གྱི་རིགས་ཀྱི་མཚན་ཉིད་དང་ལྡན་པ་ཞིག་རྙེད་དེ། བྲག་ཕུག་མ་ར་ཏི་ཞེས་བྱ་བར་དུས་གསུམ་དུ་མེ་ཏོག་གི་ཆར་འབབ་ཅིང་རིགས་གསུམ་མགོན་པོས་བྱིན་གྱིས་བརླབ་པའི་གནས་དེར་ཡོ་བྱད་ལྔ་ལ་བརྟེན་ནས་བསྒྲུབ་པས། ཆོས་ཉིད་ཀྱི་བདེན་པ་གཟིགས་ཤིང་ཚེ་ལ་དབང་བའི་རིག་འཛིན་གྲུབ་སྟེ་སྐུ་སྐྱེ་ཤི་མེད་པ་རྡོ་རྗེའི་ལྟ་བུའི་སྐུ་བརྙེས་ནས་ཟ་ཧོར་གྱི་རྒྱལ་པོས་བུ་མོའི་གཏམ་དེ་ཐོས་པས་མཐའ་མི་ངན་པས་ངའི་བུ་མོ་བསླད་ཅིང་ཆུད་གསོན་པར་བྱས་པས་ཆད་པ་ཆོད་ཅིག་ཅེས་བསྒོ་བ་ན། ཡུལ་མི་རྣམས་ཀྱིས་ཙན་དན་གྱི་ཤིང་འགལ་པ་ཁུར་རེ་དང་ཏིལ་མར་ཕུལ་རེ་བསྡུས་ཏེ་ལུང་པའི་མདོར་ཤིང་ཁུར་ལྔ་བརྒྱའི་དབུས་སུ་བཅུག་ནས་མེ་ལ་བསྲེགས་པས། དུས་གཞན་གྱི་ཚེ་ཞག་གསུམ་ན་དུ་བ་ཆད་པ་ཡིན་ལ། དུས་དེའི་ཚེ་ན་ཞག་དགུའི་བར་དུ་དུ་བ་ཆད་པར་མ་གྱུར་པ་ལ་རྒྱལ་པོ་ཉིད་ཡ་མཚན་སྐྱེས་ཏེ་གཟིགས་སུ་བྱོན་པ་ན། གུ་རུ་ཉིད་ནི་ཞུགས་ཀྱི་ཕུང་པོ་རྒྱ་མཚོ་ཆེན་པོར་བསྒྱུར་ཞིང་དེའི་དབུས་སུ་པདྨའི་སྡོང་པོ་ལས་སྐུའི་ལྟེ་བ་ཡན་ཆད་ཐོན་ཏེ་ཕྲེང་བ་སྐུ་ལ་མ་རེག་ཙམ་དུ་ག་ཤལ་མཛད་ནས་ཕྱག་མཚན་པདྨའི་ལོ་མ་ལ་རྩེ་ཞིང་གཟི་བྱིན་མཚུངས་པ་མེད་པར་བཞུགས་པར་མཐོང་ནས་རྒྱལ་བློན་འབངས་འཁོར་ཐམས་ཅད་ངོ་མཚར་དུ་གྱུར་ནས་ཡི་རང་སྟེ་བསྟོད་པ་རྣམས་སྔོན་བྱུང་འགྲོ་བ་འདུལ་བའི་ལོ་རྒྱུས་ཀྱི་སྒོ་ནས་བརྗོད་པ་ནི་སྤྲུལ་པའི་སྐུའི་མཛད་པ་སྟེ། དེ་ལྟར་སྐུ་གསུམ་གྱི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་གི་ངོ་བོར་བཞུགས་པ་ལ་སྒོ་གསུམ་གུས་པས་བསྟོད་པ་ཡིན་ནོ། །སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུཿསོགས་ཀྱིས་སྐུ་གསུམ་སོ་སོ་ལ་བསྟོད་པ་ནི། དེ་ལྟ་བུའི་སྤྲུལ་པའི་སྐུ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་ཐུན་མོང་གདུལ་བྱའི་སྣང་ངོར་མཛད་པ་སྣ་ཚོགས་སུ་སྟོན་པ་ལ་དོན་ལ་རྡོ་རྗེའི་སྐུ་ནི་འཕོ་འགྱུར་བྲི་གང་མེད་པར་ཞིང་ཁམས་ཀུན་ཏུ་བཟང་པོའི་བཀོད་པར་བཞུགས་ནས་མ་འགགས་རང་བྱུང་རིག་པའི་གསུང་དབྱངས་ཐེག་པ་གསུམ་གྱི་ཆོས་སྤྲོས་མེད་མཉམ་ཉིད་ཁྱབ་བརྡལ་ཆེན་པོར་རང་སྣང་བས་འགྲོ་བ་མཐའ་དག་གི་དོན་མཛད་ཅིང་། ཐུགས་བདེ་སྟོང་གི་ངོ་བོ་ལས་མི་གཡོ་ཞིང་


MLP014_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རང་བཞིན་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་སྟེ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཛད་པ་ལ་སྐྱོན་གྱིས་མ་གོས་པས་པདྨ་ལྟ་བུ་དང་། སྣང་སྲིད་དབང་དུ་སྡུད་པའི་མཐུ་སྟོབས་དང་ལྡན་པར་རྒྱལ་པོ་སྟེ། དེ་ཉིད་ལ་དྭངས་བའི་བློས་བསྟོད་པ་ཡིན་ལ། དེ་ནས་འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེདཿསོགས་ཀྱིས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་སྒོས་གྱིས་བསྟོད་པ་ནི། དེ་ཡང་འགྲོ་བ་འདུལ་བའི་དོན་དུ་སངས་རྒྱས་སྣང་བ་མཐའ་ཡས་པདྨ་རིགས་ཀྱི་ཁྱབ་བདག་འོད་དཔག་ཏུ་མེད་པ་ཉིད་ཀྱི་ཐུགས་རྗེའི་སྐུ་ལ་བཀྲ་ཤིས་པའི་ཡོན་ཏན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་སྟེ། མངོན་རྟོག་རྒྱན་ལས། དཔལ་གྱི་བེའུ་བཀྲ་ཤིས་ནི། གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། སངས་རྒྱས་དཔེ་བྱད་བཟང་པོར་བཞེད། ཅེས་གསུངས་པ་ལྟར་ཐུགས་ཀ་དཔལ་གྱི་བེའུ་ནས་བཀྲ་ཤིས་པའི་ཡོན་ཏན་དུ་མ་མངའ་བའི་རྟགས་ཀྱིས་བརྒྱན་པའི་གུ་རུ་པདྨ་འབྱུང་གནས་ཞེས་མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་ཨོ་རྒྱན་གྱི་རྒྱལ་ཁམས་ལ་མངའ་དབང་བསྒྱུར་བའི་པདྨའི་རིགས་ཀྱི་རྒྱལ་པོའི་སྲས་སུ་མཛད་ནས་རྒྱལ་སྲིད་ཀྱིས་བྱ་བ་སྤངས་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པས་རྒྱལ་ཁམས་ཐམས་ཅད་བརྟུལ་ཏེ་འཁོར་བའི་གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་རྟགས་སུ་ཐོད་པའི་ཕྲེང་བ་རྒྱན་དུ་མཛད་པས་རྡོ་རྗེ་ཐོད་ཕྲེང་རྩལ་ཞེས་གྲགས་པ་དེ་ལ་ཡོངས་སུ་བསྟོད་པ་ཡིན་ཏེ། འཇམ་དཔལ་སྒྱུ་དྲྭ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་རྒྱལ། །ཞེས་སོ། །གཉིས་པ་ལོངས་སྐུ་འགགས་མེད་ཡོན་ཏན་གྱིས་བསྟོད་པ་ནི། ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལཿསོགས་ཀྱིས་ཡེ་ཤེས་ལྔའི་རང་མདངས་རིགས་ལྔ་ཐོད་ཕྲེང་རྩལ་དུ་རང་སྣང་བ་ལ་བསྟོད་པ་སྟེ། ནད་གདོན་བགེགས་དང་བར་ཆད་ཞི་བའི་ལས་མཛད་པའི་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་དཀར་པོ་དང་། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛད་པའི་རིན་ཆེན་ཐོད་ཕྲེང་རྩལ་སྐུ་མདོག་སེར་པོ་དང་། ཁམས་གསུམ་དང་སྲིད་པ་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་སྡུད་པར་མཛད་པའི་པདྨ་ཐོད་ཕྲེང་རྩལ་སྐུ་མདོག་དམར་པོ་དང་། ལོག་པར་ལྟ་བའི་དགྲ་བགེགས་


MLP014_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་རྣམས་དྲག་པོའི་སྒོ་ནས་ཚར་གཅོད་པར་མཛད་པའི་ཀརྨ་ཐོད་ཕྲེང་རྩལ་སྐུ་མདོག་ལྗང་གུ་དང་། ཕྲིན་ལས་རྣམ་པ་བཞི་ཐམས་ཅད་གཅིག་ཏུ་ལྷུན་གྱིས་གྲུབ་པའི་མཛད་པའི་བུདྡྷ་ཐོད་ཕྲེང་རྩལ་སྐུ་མདོག་སྨུག་པོ་སྟེ་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་ཀྱི་བདག་ཉིད་དུ་བཞུགས་པ་ལ་བསྟོད་པའོ། །གསུམ་པ་སྤྲུལ་སྐུ་བརྡའ་དོན་རྟགས་ཀྱི་བསྟོད་པ་ནི། ཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོདཿཅེས་པ་དེ་ཡང་ཆོས་སྐུ་སྐྱེ་བ་མེད་པའི་ཀློང་ནས་ལོངས་སྐུ་རིགས་ལྔའི་སངས་རྒྱས་སུ་སྣང་ཞིང་། རྒྱ་བོད་ཀུན་ཏུ་གང་འདུལ་མོས་ངོར་འཆར་བའི་སྤྲུལ་པའི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཞིང་ཁམས་སོ་སོར་བསྟན་ཀྱང་། རགས་པ་གཙོ་ཆེ་བའི་དབང་དུ་བྱས་ན། བསྟན་པའི་རྒྱལ་མཚན་འཛིན་པའི་ཆེད་དུ་ཕྱི་ལྟར་རབ་བྱུང་པཎྜི་ཏའི་ཆ་ལུགས། གསང་བ་སྔགས་ཀྱི་བརྟུལ་ཞུགས་མཐར་ཕྱིན་པའི་ཚུལ་དུ་ནང་ལྟར་རྣལ་འབྱོར་ཧེ་རུ་ཀའི་ཆ་ལུགས། གསང་བ་བསྐྱེད་རྫོགས་ཟབ་མོའི་ལམ་གྱིས་སྐུ་གསུམ་གྱི་དགོངས་པ་མཐར་སོན་པའི་རྟགས་སུ་སྣང་སྟོང་སྒྱུ་མའི་སྐུར་སྟོན་པ་སྟེ། པདྨ་བཀའ་ཐང་ལས། ཕྱི་རྒྱུད་དག་པས་སྤྲུལ་སྐུའི་བསྟན་པ་འཛིནཿནང་རྒྱུད་དག་པས་ལོངས་སྐུའི་བསྟན་པ་སྐྱོངཿགསང་རྒྱུད་དག་པས་བསྐྱེད་རྫོགས་ངང་ལ་བཞུགསཿཞེས་གསུངས་པ་ལྟར་རོ། གདུལ་བྱ་འདུལ་བའི་ཕྲིན་ལས་ཡོངས་སུ་རྫོགས་པའི་རྗེ་བཙུན་བླ་མ་དམ་པར་བསྟོད་པ་ཡིན་ལ། བཞི་པ་ཕྲིན་ལས་སྣ་ཚོགས་མཛད་པའི་མཚན་བརྒྱད་ལ་བསྟོད་པ་ནི། མ་ཆགས་སྐྱོན་གྱིས་མ་གོས་པའི༔སོགས་ཀྱིས་ཏེ། དེ་ཡང་འཁོར་བར་མ་ཆགས་ཤིང་འཁོར་བའི་སྐྱོན་གྱིས་མ་གོས་པའི་གུ་རུ་པདྨ་འབྱུང་གནས་དང་། སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་པའི་གུ་རུ་པདྨ་སཾ་བྷ་ཝ་དང་། ཇི་ལྟ་བ་ཇི་སྙེད་པའི་ཤེས་བྱའི་ཆོས་ཐམས་ཅད་ལ་མ་རྨོངས་པའི་གུ་རུ་བློ་ལྡན་མཆོག་སྲེད། ཁམས་གསུམ་དང་སྲིད་པ་གསུམ་གྱི་ཡོན་ཏན་ཐམས་ཅད་དབང་དུ་སྡུད་པའི་གུ་རུ་པདྨ་རྒྱལ་པོ་དང་། འགྲོ་བ་རྣམས་ལོག་རྟོག་གིས་ཉོན་མོངས་པའི་མ་རིག་རྨོངས་པའི་མུན་པ་ཐམས་ཅད་སེལ་བའི་གུ་རུ་ཉི་མ་འོད་ཟེར་དང་། ལོག་པར་འདྲེན་པའི་བདུད་བཞི་མ་ལུས་པ་འདུལ་བར་མཛད་པའི་གུ་རུ་ཤཱཀྱ་སེང་གེ་དང་། ལྟ་བ་ཕྱིན་ཅི་ལོག་པའི་གཟུགས་ཅན་མུ་སྟེགས་ཀྱི་ཚོགས་དང་། བར་གཅོད་དམ་སྲི་འབྱུང་པོ་གཟུགས་


MLP014_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡིད་ཀྱི་ལུས་ཅན་རྣམས་བརླག་པར་མཛད་པའི་གུ་རུ་སེང་གེ་སྒྲ་སྒྲོགས་དང་། འཇིག་རྟེན་གསུམ་གྱི་རིགས་དྲེགས་པ་ཅན་དགྲ་བགེགས་གདུག་པ་ཅན་མཐའ་དག་ཚར་གཅོད་པའི་མཐུ་སྟོབས་ཅན་གུ་རུ་རྡོ་རྗེ་གྲོ་ལོད་ཏེ། གྲུབ་པའི་གནས་བརྒྱད་དུ་དངོས་གྲུབ་བརྙེས་ཤིང་། ཆེ་བའི་ཡོན་ཏན་མཐའ་ཡས་པར་མངའ་བས་འགྲོ་བ་འདུལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་སྤྲུལ་པའི་མཚན་བརྒྱད་ལ་བསྟོད་པ་སྟེ། དེ་ལྟར་ཡང་། གར་དབང་ཐུགས་རྗེའི་སྒྱུ་འཕྲུལ་པདྨ་འབྱུང་། །གཅིག་ལས་དུ་མར་ཤར་བའི་མཚན་བརྒྱད་སྐུ། །མཐོང་ཐོས་དྲན་རེག་དོན་ལྡན་ལ་སྦྱོར་བ། །སྐལ་བཟང་སྙིང་ལ་དགའ་བདེ་བསྐྱེད་པའི་དཔལ། །ཞེས་སོ། །དེ་དང་རྗེས་འབྲེལ་དུ་དཔའ་བོ་མཁའ་འགྲོའི་ཚོགས་ལ་བསྟོད་པ་ནི། ཧྲཱིཿསྣང་བ་མ་འགགས་ཐུགས་རྗེ་ཆེན་པོའི་སྐུ༔སོགས་ཀྱིས་ཏེ། རང་རིག་རང་བྱུང་རང་གསལ་གྱི་རྩལ་སྣང་མ་འགག་པའི་ཡེ་ཤེས་ཀྱི་རང་མདངས་ཐུགས་རྗེ་ཆེན་པོའི་སྒྱུ་འཕྲུལ་པདྨ་ཧེ་རུ་ཀའི་སྐུར་ཤར་བ་རྟ་མགྲིན་དབང་ཆེན་རྒྱལ་པོ་དང་། ཆོས་སྐུ་སྐྱེ་བ་མེད་པའི་ཀློང་རྣམ་པར་དག་པའི་ཆོས་དབྱིངས་བདེ་བ་ཆེན་པོའི་ཡུམ་རྡོ་རྗེ་ཕག་མོ་དང་། ཆོས་དབྱིངས་སྐྱེ་བ་མེད་པ་དང་། རོལ་པ་འགག་པ་མེད་པར་གཉིས་སུ་དབྱེར་མེད་པའི་མཁའ་དབྱིངས་ལས་ཐུགས་རྗེའི་རང་རྩལ་སྣང་བ་མ་འགག་པར་སྣང་བའི་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་ལ་བསྟོད་པ་རྣམས་སོ། །དེ་ནས་འགྲོ་བའི་དོན་དུ་ཐུགས་རྗེའི་དམ་ཚིག་རྗེས་སུ་བསྐུལ་བ་ནི། ཧཱུྃཿམ་གཡེལ་མ་གཡེལ་རིག་འཛིན་ཚོགས༔སོགས་ཀྱིས་ཏེ། དེ་ཡང་མ་གཡེལ་མ་གཡེལ་ཞེས་ལན་གཉིས་ཟློས་ཏེ་བརྗོད་པ་ནི་ཆོས་སྐུ་མཉམ་པ་ཆེན་པོའི་ངང་ལས་མ་གཡེལ་བར་གཟུགས་སྐུ་གང་འདུལ་གྱི་ཕྲིན་ལས་དུས་ལས་མི་གཡེལ་བར་མཛོད་ཅིག་པའོ། །ཁྱད་པར་ལྷ་སོ་སོའི་རྐང་ཐོན་གྱི་མཚན་ནས་སྨོས་ཏེ། བླ་མས་བྱིན་གྱིས་རློབས། ཡི་དམ་གྱིས་དངོས་གྲུབ་སྩོལ། དཔའ་བོ་མཁའ་འགྲོས་བར་ཆད་སོལ། དམ་ཅན་རྣམས་ཀྱིས་ཕྲིན་ལས་སྒྲུབ་པའི་སྡོང་གྲོགས་མཛད་ནས་ལུས་ལ་སྐུ་ཡིས་བྱིན་གྱིས་རློབས། ངག་ལ་གསུང་གིས་བྱིན་གྱིས་རློབས། སེམས་ལ་ཐུགས་ཀྱིས་བྱིན་གྱིས་རློབས་པའི་ཕྲིན་ལས་འདོད་དོན་དུ་གསོལ་ནས། ཁྱད་པར་དུའང་། ཧཱུྃ་ཧཱུྃ། ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན༔སོགས་ཀྱིས་བོད་ཡུལ་


MLP014_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་རྡོ་རྗེ་གདན་གཉིས་པ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་འདི་ནས་བརྩིས་པའི་ལྷོ་ནུབ་རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་གནས་མཆོག་ཉམས་དགའ་བའི་ཕོ་བྲང་ཆེན་པོར་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་སྐྱེ་འཆི་མེད་པ་བདེ་བ་ཆེན་པོའི་སྐུར་བཞེངས་ནས་གདུལ་དཀའི་སེམས་ཅན་སྲིན་པོ་གདོང་དམར་རྣམས་ཐབས་ཀྱིས་འདུལ་ཞིང་། མཐའ་སྐོར་དུ་མཁའ་འགྲོ་སྡེ་ལྔའི་འཁོར་ཚོགས་སྤྲིན་ཕུང་ལྟ་བུར་འཁྲིགས་པ་དང་། གིང་ཆེན་སྡེ་བཞིའི་ཕོ་ཉ་གློག་འཁྱུགས་པ་ལྟར་བྲན་དུ་བཀོལ་ཞིང་ལྷ་སྲིན་སྡེ་བརྒྱད་ཀྱི་ཆོ་འཕྲུལ་འབྲུག་ལྟར་ལྡིར་བའི་གཙོ་འཁོར་དེ་ཐམས་ཅད་ཀྱང་། སྐུ་ལ་རིན་ཆེན་དང་རུས་པའི་རྒྱན་ཆ་མང་པོས་སྤྲས་པའི་ཉམས་འགྱུར་གླུ་གར་གྱི་རྩེད་འཇོ་ཡིད་དུ་འོང་བས་སིལ་སྙན་དང་རོལ་མོའི་བྱེ་བྲག་མང་པོ་རང་སྒྲ་དིར་དིར་ཁྲོལ་བས་བར་སྣང་ཐམས་ཅད་ཁེངས་བར་བསམ་ལ། དེ་རྣམས་ལ་མོས་གུས་གདུང་བའི་ཤུགས་ཀྱིས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞི་ཐོགས་མེད་དུ་འགྲུབ་པ་དང་། ལྷ་འདྲེ་མི་གསུམ་དབང་དུ་འདུ་བ། ལུས་ལ་འབྱུང་བཞི་འཁྲུགས་པའི་ནད་གདོན་བར་ཆད་ཀྱིས་མི་ཚུགས་པ། སེམས་རྒྱུད་ལ་ཉོན་མོངས་པ་དུག་ལྔའི་རྣམ་པར་རྟོག་པ་ཆགས་སྡང་རྨོངས་པ་སོགས་རྟོག་ཚོགས་ཐམས་ཅད་མི་རྟོག་པའི་དབྱིངས་སུ་ཞི་བའི་དངོས་གྲུབ་སྩོལ་བར་མཛོད་ཅིག་པར་བསྐུལ་བ་ཡིན། དེ་ནས་ལྷག་མ་གཏོང་བ་ནི། དཀྱིལ་འཁོར་གྱི་ཤར་ལྷོར་མཁའ་འགྲོ་རང་བཞིན་གྱིས་འདུ་བས་གནས་དེར་ཞིང་ལྤགས་ཀྱི་མཎྜ་ལའི་སྟེང་དུ་དྲི་དང་རཀྟའི་ཆག་ཆག་བཏབ་ལ་ཐལ་ཆེན་གྱི་ཚོམ་བུ་བཀོད་པའི་ཁར་སྣོད་བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་ལྷག་མ་ཕུད་དང་བཅས་པ་སྨན་རག་གི་གསོས་ལ་བཞག་པ་དེ་ཉིད་རྡོ་རྗེ་སློབ་དཔོན་གྱིས་རང་གི་ལྕེ་རྟ་མགྲིན་ཡབ་ཡུམ་དུ་བསྐྱེད་པའི་སྦྱོར་མཚམས་ནས་བྱང་སེམས་བབས་པར་མོས་ལ་བདུད་རྩིའི་ཁ་ཕྲུས་བཏབ་སྟེ་ལྷག་མའི་ཕུང་པོ་དེ་ཉིད་འབྲུ་གསུམ་གྱིས་སྦྱང་རྟོགས་སྦར་གསུམ་བགྱིས་ནས་འདོད་ཡོན་ལོངས་སྤྱོད་ཀྱི་གཏེར་དུ་བྱིན་གྱིས་རླབས་པ་ནི་དམ་ཚིག་སྟེ། བླ་མ་དགོངས་འདུས་ལས། དབུས་སུ་མཆིས་སྐལ་མི་ལྡན་གྱིས༔དཀྱིལ་འཁོར་མུ་རན་མཐའ་ལ་ཞོག༔ཕུད་ལ་འཚལ་སྐལ་མི་ལྡན་གྱིས༔ལྷག་མ་ཞལ་ཆབ་ངེད་ལ་ཞུ༔ཞེས་


MLP014_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་ཐ་ཚིག་དེ་དང་ལྡན་པའི་མཁའ་འགྲོ་རྣམས་ལ་བསྔོ་བ་ནི། དང་པོ་ཕུད་ཀྱིས་མི་མཆོད་དུ༔སོགས་ཀྱིས་སྔོན་གྱི་ཐུགས་དམ་རྗེས་སུ་བསྐུལ་བའི་ཕྲིན་ལས་གཉེར་དུ་གཏད་པས་དཔལ་ཆེན་པོ་པདྨ་ཧེ་རུ་ཀའི་སྤྱན་སྔར་ཞལ་གྱིས་བཞེས་པའི་དམ་བཅའ་དྲན་པའི་སྒོ་ནས་ཅི་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པ་ཡིན་ཏེ། གསང་བ་སྙིང་པོ་ལས། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་པ། །སེམས་ཀྱིས་བླངས་ནས་སྤྱི་བོ་ཡི། །གཙུག་ཏུ་བཞག་སྟེ་བཀུར་བར་བགྱི། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་ཆད་ཐོ་བྱ་བ་ནི། སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔སོགས་ཀྱིས་ཏེ། དེ་ཡང་འོག་མིན་ཆེན་པོའི་གནས་མཆོག་བདེ་བ་ཆེན་པོའི་ཕོ་བྲང་དུ་བཅོམ་ལྡན་འདས་དཔལ་ཆེན་པོ་པདྨ་ཧེ་རུ་ཀས་ཆོས་ཉིད་ཀྱི་རང་སྒྲ་རྟ་སྐད་དྲག་པོ་ཐེངས་གསུམ་གྱིས་སྣང་སྲིད་ཀྱི་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས་ནས་སྐུ་གསུང་ཐུགས་ཀྱི་དམ་ལས་མི་འདའ་བའི་ཐ་ཚིག་གསུམ་གྱིས་ཁས་བླངས་མནའ་བོར་བ་དང་། དེའི་འོག་ཏུ་བར་གྱི་བསྐལ་པ་དབུས་མ་ལ་བྲག་དམར་བསམ་ཡས་ཨཪྱ་པ་ལོའི་གླིང་དུ་གུ་རུ་ཡབ་ཡུམ་གྱིས་དབང་ཆེན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་བའི་ཚེ་ན། གདོད་ནས་གྲུབ་པའི་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་མཁའ་འགྲོ་སྡེ་ལྔ་དང་། དྲེགས་པ་ལྷ་སྲིན་སྡེ་བརྒྱད་མ་མོ་བརྟན་མ་བཅུ་གཉིས་རྣམས་དབང་དུ་བསྡུས་ཏེ་དམ་ལ་བཏགས་པ་དང་། དེ་འོག་ཏུ་བསྐལ་པ་ཐ་མའི་དུས་ཀྱི་ཚེ་ལྷོ་ནུབ་རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོར་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་དང་། རིག་འཛིན་ཆོས་དབང་། ལང་ཀའི་ཚོགས་ཀྱི་འཁོར་དང་བཅས་པས་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་པ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེ་བའི་ཚེ་ན། བསེ་ལང་མཁའ་འགྲོ་བཀའ་སྡོད་སྒྲོལ་གིང་དམ་ཅན་ཆོས་སྲུང་དང་བཅས་པ་རྣམས་ཀྱིས་རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཞག་པའི་ཐོག་མཐའ་བར་གསུམ་གྱི་སྲུང་མ་རྣམས་ལ་དམར་གྱི་གཏོར་མ་བདུད་རྩིའི་གཡོས་སུ་སྦྱར་བ་ཡོངས་སུ་ཚིམ་པར་བསྔོས་ན་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་པའི་ཕྲིན་ལས་མཛོད་ཅིག་པར་བསྐུལ་བ་ཡིན་ལ། དེའི་འོག་ཏུ་བརྟན་མ་བསྐྱང་བ་ནི།


MLP014_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་མ་སྐྱོང་མཛད་མ་དང་སྲིང༔སོགས་ཀྱིས་གངས་ཅན་བོད་ཀྱི་ཡུལ་བདག་ཆེན་མོ་བརྟན་མ་བཅུ་གཉིས་སོ་སོའི་མཚན་ནས་བོས་ཏེ་གཏོར་མ་ཟག་མེད་ཀྱི་བདུད་རྩིར་སྤར་ནས་ཕུལ་ཏེ་འགལ་རྐྱེན་མི་མཐུན་གནོད་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་པའི་ཕྲིན་ལས་གསོལ་བ་ཡིན་ལ། དེ་ནས་རྟ་བྲོ་བརྡུང་བ་ནི། རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔སོགས་ཀྱིས་གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་དགྲ་བགེགས་དམ་སྲི་བཀུག་པར་བསམས་ལ། བདག་ཉིད་དབང་ཆེན་འབར་བའི་ཏིང་ངེ་འཛིན་བརྟན་པོས། སྐུ་སྲིད་གསུམ་གང་བ་ཙམ་གྱི་དཔའ་གདེངས་བསྐྱེད་ནས་མཆེད་རྣམས་རྐང་པ་སྟངས་སྟབས་དང་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་བའི་དྲག་པོའི་ལས་ཀྱི་བྲོ་ར་བཅའ་བ་ནི། གཅན་གཟན་གྱི་འགྱིང་འགྲོས་སམ་ཁྱུང་ཆེན་གྱི་ལྡིང་འགྲོས་ཀྱིས་བྲོ་ར་གྲུ་གསུམ་དུ་བྱས་པ། སྣོད་ཀྱི་འཇིག་རྟེན་ཨེ་དབྱིངས་མཐིང་ནག་འབར་བའི་གཞལ་ཡས་ཁང་དུ་གྱུར་པ་ལ། བཅུད་ཀྱི་སེམས་ཅན་ཐམས་ཅད་དཔལ་ཆེན་པོ་པདྨ་ཧེ་རུ་ཀའི་ལྷ་ཚོགས་གཏུམ་ཆེན་རྔམས་སྒྲ་སྒྲོགས་པའི་ངོ་བོར་གསལ་ཞིང་དྲག་པོའི་བྲོ་གར་བསྐྱོད་པའི་འདུ་འཕྲོ་ནི། གླིང་བཞི་པའི་ས་གཞིའི་ཁྱོན་ཙམ་ཞབས་ཡ་གཅིག་གི་མཐིལ་གྱིས་ནོན་པར་མཛད་ཅིང་། ཞབས་བཏེགས་པའི་སྟངས་སྟབས་ཀྱི་མཐེ་བོང་གི་རྩེ་མོས་ཀྱང་ཚངས་པའི་ཡུལ་ས་སྟེ་སྲིད་པའི་རྩེ་མོ་ནས་གནོན་པར་མཛད་པ་ནི། འཇམ་དཔལ་སྒྱུ་དྲྭ་ལས། ནམ་མཁའ་ཁྱབ་པར་གར་བྱེད་ཅིང་། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་འཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། ཞེས་གསུངས་པ་དང་མཐུན་པའི་དྲག་པོའི་གར་སྟབས་དེ་ཉིད་གང་ལ་བྱ་བའི་ཡུལ་ནི། ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ༔ཞེས་པས། བསྒྲལ་བའི་ཞིང་བཅུ་ཚང་བའི་དགྲ་བགེགས་དམ་སྲིའི་ཚོགས་ཀྱི་རྣམ་ཤེས་མི་དམིགས་པ་ཆོས་ཀྱི་དབྱིངས་སུ་སྤར་ནས་གཟུགས་ཕུང་འཁོར་བའི་བག་ཆགས་ཀྱི་དངོས་འཛིན་དང་ཞེན་པ་སྦྱོང་བའི་ཕྱིར་ཁོག་པ་ལ་བྲོ་བརྡུང་བ་སྟེ། གསང་བ་འདུས་པའི་རྒྱུད་ལས། དགྲ་བགེགས་དམ་སྲིའི་ཕུང་པོ་ལ། །ཁྲག་འཐུང་དཔལ་གྱི་བྲོ་ར་བྱ། །འགྱུར་བ་མེད་པའི་དབྱིངས་སུ་མནན། །སྟོང་ཉིད་ལྟ་བའི་རྒྱ་ཡིས་གདབ། །ཅེས་གསུངས་ལྟར། ལས་ཇི་ལྟར་བྱ་བའི་ཚུལ་ནི། གཏུམ་ཆེན་རྔམས་


MLP014_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲ་སྒྲོག་ཅིང༔སོགས་ཀྱིས་ལོག་པར་འདྲེན་པའི་གདུག་པ་ཅན་རྣམས་ལ་ཐུགས་ཆེས་ཆེར་ཁྲོས་པའི་གཏུམ་ཆེན་རྔམས་པའི་རང་སྒྲ་དཔལ་གྱི་རྟ་སྐད་ཐེངས་གསུམ་འཚེར་བ་སྟེ། དང་པོས་སྣང་སྲིད་ཟིལ་གྱིས་མནན། གཉིས་པས་མ་མོ་དང་མཁའ་འགྲོ་དབང་དུ་སྡུད། གསུམ་པ་ཕོ་ཉ་དམ་ཅན་རྣམས་ལས་ལ་བཀོལ་ཞིང་ཁྲོ་ཚོགས་ནམ་མཁའ་གང་བའི་སྐུའི་གར་སྟབས་ཀྱིས་བྲོ་འུར་འུར་དུ་བརྡུང་བ། གསུང་དབྱངས་དཔལ་གྱི་རྟ་སྐད་འབྲུག་ལྟར་ལྡིར་བ། ཐུགས་བདེ་བ་ཆེན་པོར་རོལ་པའི་རྟ་བྲོ་ཆེམས་ཆེམས་ཀྱིས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ། གསང་བའི་བཤུག་པ་འཐོར་བྱེད་རླུང་གི་སྒྲ་གདངས་ཀྱུ་རུ་རུ་ལེན་པ། སྐུའི་གཟི་བྱིན་བསྐལ་པའི་མེ་འོད་ལྟ་བུ་གློག་དམར་བཞིན་འཁྱུག་པའི་ཀློང་ནས་རྡོ་རྗེའི་མཚོན་ཆ་འབར་བའི་ཐོག་ཆེན་ལམ་ལམ་འབེབ་པས། ཤངས་ཀྱི་ཧཱུྃ་སྒྲས་ཁམས་གསུམ་ཡོངས་ལ་དབང་བསྒྱུར་བ། ཕཊ་ཀྱི་རྐན་སྒྲས་འཇིག་རྟེན་ཁྱབ་པའི་སྤྲུལ་པ་འབྱེད་ཅིང་། རཾ་ལས་འབར་བའི་མེ་དཔུང་རབ་ཏུ་འཕྲོ་བས་ལོག་འདྲེན་ཐམས་ཅད་བསྲེག་པ། གཞན་ཡང་མངག་ཞུགས་ཀྱི་ཕོ་ཉ་གདོང་པ་ཅན་སྤྲིན་ལྟར་འཐིབས་པ་དང་གཤོག་པ་ཅན་མང་པོ་སྐར་ལྟར་འཁྲུག་པའི་དབང་ཆེན་འབར་བའི་ལྷ་ཚོགས་རྣམས་ཀྱིས་ཞབས་ཀྱི་བྲོ་གར་དང་ཞལ་གྱི་གླུ་ཚིག་གིས་གདུལ་བྱ་གདུག་པ་ཅན་རྣམས་འདུལ་བའི་སྔོན་གྱི་ཐུགས་དམ་ལས་བཞེངས་ནས། གནས་ལུགས་ཀུན་ཏུ་བཟང་པོའི་མཁའ་དབྱིངས་སུ་ཁམས་གསུམ་མ་ལུས་པ་ཡོངས་སུ་སྒྲོལ་བར་མཛད་པ་སྟེ། སྙིང་པོ་ལས། སེང་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ཐམས་ཅད་ཀུན་ལ་ཟ་བར་བྱེད། །རྡུལ་ཆ་ཙམ་ཡང་མེད་པར་བྱེད། །བཞད་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ཐམས་ཅད་མ་ལུས་འབྱིན་པར་བྱེད། །ཅེས་སོ། །དེ་ནས་སྤང་བྱ་མི་མཐུན་པའི་ཕྱོགས་རེ་རེའི་གཉེན་པོར་གཙོ་འཁོར་སོ་སོའི་བྲོ་གར་མཛད་པའི་ཚུལ་ནི། ཟ་བྱེད་ཆེན་པོའི་དཀྱིལ་འཁོར་དུ༔སོགས་ཀྱིས་ཁམས་གསུམ་ཟ་བར་བྱེད་པའི་དཀྱིལ་འཁོར་ཆེན་པོར་ཉོན་མོངས་དུག་ལྔ་འདུས་པའི་ཕུང་པོ་ལ། ཕོ་ཉ་གདོང་ཅན་རྣམས་ཀྱིས་བྲོ་བརྡུངས་པས་བདག་དང་གཞན་དུ་བལྟ་བའི་ཞེ་སྡང་བཅོམ། མ་ཧཱ་ཧེ་རུ་ཀའི་དཀྱིལ་འཁོར་ཆེན་པོར་འདོད་ཆགས་རཀྟའི་རྒྱ་མཚོ་འཁྱིལ་བ་ལ། མ་ཚོགས་མཁའ་འགྲོ་རྣམས་


MLP014_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བྲོ་བརྡུངས་པ་འཁོར་བའི་ཆོས་ལ་ཀུན་ཏུ་ཞེན་པའི་རྟོག་པ་བཅོམ། དྲག་པོའི་ལས་ལ་རྔམས་ཤིང་དཔལ་ཆེན་པོ་རྣམས་ཐུགས་འཁྲུགས་པའི་དཀྱིལ་འཁོར་དུ་གཏི་མུག་ཤ་ཆེན་རི་ལྟར་སྤུངས་པའི་ཕུང་པོ་ལ་ཕོ་ཉ་མཆུ་སྡེར་ཅན་རྣམས་ཀྱིས་བྲོ་བརྡུངས་པས་མི་ཤེས་རྨོངས་ཤིང་འཁྲུལ་བའི་ངོ་བོ་བཅོམ། ཁྲོ་བོ་གཏུམ་ཆེན་རྣམས་ཆེས་ཆེར་ཁྲོས་པའི་དཀྱིལ་འཁོར་དུ་དབང་པོ་སྒོ་ལྔ་དང་ཡན་ལག་ལྔ་རྫོགས་པ་ལ་ཕོ་ཉ་རྡོ་རྗེའི་གཤོག་པ་ཅན་རྣམས་ཀྱིས་བྲོ་བརྡུངས་པས་གནས་ལུགས་ཀྱི་དོན་ལ་བལྟ་བར་བློ་རྨོངས་པར་བྱེད་པའི་ཕྲག་དོག་བཅོམ། རང་ལུས་དབང་ཆེན་འཇིགས་བྱེད་ཆེན་པོའི་སྐུར་གྱུར་པའི་ཙིཏྟ་སྙིང་གི་དཀྱིལ་འཁོར་ཆེན་པོའི་དབུས་ན་ཨ་བ་དྷུ་ཏིའི་ཁྲི་རྐང་ཟླུམ་པོར་གནས་པའི་ཀློང་དུ་རིག་པའི་ཡེ་ཤེས་ཀྱི་ཐིག་ལེ་ཆོས་སྐུ་ཉག་གཅིག་བཞུགས་པ་དེ་ཉིད་ཁ་ནང་དུ་ཕྱོགས་ནས་རིག་སྟོང་སྤྲོས་བྲལ་གྱི་གནས་ལུགས་དེ་བཞིན་ཉིད་དུ་གསལ་འདེབས་པའི་རྡོ་རྗེ་ལྕེ་མཆུས་བྲོ་བརྡུང་ཞིང་གླུ་བླངས་པས་གཉིས་སུ་འཛིན་པའི་རྟོག་པ་ང་རྒྱལ་གྱི་རྩ་བ་བདག་འཛིན་བཅོམ་པ་སྟེ། བརྟག་གཉིས་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་པདྨ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་རྣལ་འབྱོར་བ་རྣམས་ཀྱིས་དུག་གསུམ་འཇོམས་པའི་རྟ་བྲོ་བརྡུང་བའི་ལས་བྱས་པས་དཔལ་ཆེན་པོ་རྣམས་མཉེས་ཏེ་སྔོན་གྱི་ཐུགས་དམ་རྗེས་སུ་སྙོགས་པ་དང་། མ་མོའི་ཚོགས་དང་ཌཱ་ཀི་སྡེ་ལྔའི་དཀྱིལ་འཁོར་དུ་ཏ་ན་སྦྱོར་བ་དང་ག་ཎ་སྒྲོལ་བའི་མཆོད་སྤྲིན་སྤྲོ་བའི་སྤྲུལ་པ་མང་པོ་འགྱེད་པའི་ལས་བྱས་པས། རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆགས་སྐོངས་བའི་ཆོ་ག་རྫོགས་པ་དང་། དབང་ཆེན་ཁྲོ་བོའི་ཟློས་གར་གྱིས་དཀྱིལ་འཁོར་དུ་རྣལ་འབྱོར་པ་ལ་བར་དུ་གཅོད་པའི་བདུད་བཞི་འཇོམས་པའི་ལས་བྱས་པས་ཁམས་གསུམ་སྐུ་གསུམ་དུ་བསྒྲལ་པའི་ཆོ་ག་རྫོགས་པ་དང་། བཀའ་སྡོད་ཕྱག་བརྙན་ཆེན་པོའི་དཀྱིལ་འཁོར་དུ་བཀའ་ལས་འདའ་བྱེད་སྡིག་ཅན་དམ་སྲི་འབྱུང་པོ་སྐྱེ་མེད་ཆོས་སྐུའི་ཀློང་དུ་ཐལ་བའི་རྡུལ་བཞིན་བརླག་པར་བསྒྲལ་བའི་ལས་བྱས་པས་རུ་ཏྲ་མནན་པའི་ཆོ་ག་ཡོངས་སུ་རྫོགས་པ་ཞེས་བྱ་བ་ཡིན་ལ། དེ་ལྟར་བྲོ་བརྡུང་གི་རིམ་པ་དེ་རྣམས་ཅུང་ཟད་སྤྲོས་ཏེ་


MLP014_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ནི་དཔལ་རྟ་མགྲིན་ཧེ་རུ་ཀའི་དྲག་པོའི་ལས་ཀྱི་གཙོ་བོ་རྟ་བྲོ་བརྡུང་བའི་ལས་ཁོ་ན་ཡིན་ལ། དེ་ལ་བརྟེན་ནས་པདྨ་གསུང་གི་དངོས་གྲུབ་ཐམས་ཅད་མྱུར་བ་ཉིད་དུ་ཐོབ་པར་རྟ་མཆོག་རོལ་པའི་རྒྱུད་སོགས་ནས་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་ནས་དངོས་གྲུབ་བླང་བ་ནི། གཏོར་མ་ལྷར་གསལ་བ་ལ་མཆོད་ཅིང་བསྟོད་ནས། ཛཔ྄་ཀྱིས་ཐུགས་དམ་བསྐུལ་ཏེ་བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔སོགས་ཀྱིས་བདེ་ཆེན་མཆོག་གི་དངོས་གྲུབ་བརྙེས་པས་ཐམས་ཅད་བདེ་བ་ཆེན་པོའི་ངང་ལ་ལོངས་སུ་སྤྱོད་པར་མཛད་པའི་ཐུགས་རྗེ་ཆེན་པོ་ནམ་མཁའི་དཀྱིལ་ལྟར་ཡངས་པའི་ངང་ནས། རྒྱལ་བའི་དཀྱིལ་འཁོར་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་བདག་ཉིད་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་མཉམ་པར་སྦྱོར་བའི་དངོས་གྲུབ་འདོད་འཇོའི་བུམ་པ་བཟང་པོ་དཔག་བསམ་གྱི་འཁྲི་ཤིང་། ཡིད་བཞིན་ནོར་བུ་ལྟ་བུའི་ཆོ་འཕྲུལ་དུ་ད་ལྟ་ཉིད་དུ་བདག་ལ་སྩལ་ཏུ་གསོལ་ཞིང་ཁྱད་པར་དུའང་། འགྱུར་མེད་སྐུ། འགག་མེད་གསུང་། འཁྲུལ་མེད་ཐུགས། ཡོན་ཏན་རེ་སྐོང་། ཕྲིན་ལས་འགྲོ་འདུལ། འཆི་མེད་ཚེ། འཛད་མེད་ནོར། ཐུན་མོང་ཡིད་བཞིན་ལྷུན་གྲུབ། བླ་མེད་མཆོག་གི་དངོས་གྲུབ་དཀའ་བ་མེད་པར་མྱུར་དུ་སྩལ་ཏུ་གསོལ། ཞེས་སྒྲུབ་གཏོར་གནས་བཞིར་གཏུག་ཅིང་། དེའི་ཚིག་གཏོར་མའི་ལྷའི་གནས་བཞིའི་ༀ་ཨཱཿཧཱུྃ་ཧྲཱིཿལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་དེ་འདྲ་བའི་ཡིག་འབྲུ་བཞི་འཕྲོས་པ་རང་གི་སྤྱི་མགྲིན་སྙིང་ལྟེའི་གནས་བཞིར་གསལ་བར་ཆགས་པར་བསམ་ཞིང་། ཚེ་རིལ་གཡས་སྐོར་དང་། ཚེ་ཆང་གཡོན་སྐོར་དུ་རོལ། སྤྲོ་ན་གནད་ཀྱི་ཤོག་གཅིག་མའི་དབང་བཀའ་བཞིན་བསྐུར་ནའང་ལེགས་པར་འགྱུར་རོ། །གསུམ་པ་ཉམས་ཆགས་སྐོང་བ་ནི། སྤྱི་བོའི་བླ་མ་ཉིད་རྡོ་རྗེ་སེམས་དཔའི་ངོ་བོར་བལྟས་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པས་ནོངས་པར་གྱུར་པ་རྣམས་ལ་མཐོལ་བཤགས་འབུལ་ཞིང་། དཀྱིལ་འཁོར་བསྡུ་བ་ནི། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔དགྱེས་པ་ཆེན་པོས་རང་ལ་ཐིམ༔སོགས་ཀྱིས། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་སྣང་ཆ་ཐམས་ཅད་འོད་དུ་ཞུ་ནས་སྤྱི་བོའི་


MLP014_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་འདུས་ཤིང་དེ་ཉིད་རང་ལ་བསྟིམས་ནས་གཉིས་མེད་སྤྲོས་བྲལ་བདེ་བ་ཆེན་པོ་བློ་འདས་ཀྱི་དགོངས་པ་བསྐྱང་ཞིང་། སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དྲན་རིག་མ་ཧཱ་གུ་རུའི་སྐུར་ལངས་ནས་སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་རྒྱས་གདབ་བོ། །འདི་རྣམས་ཀྱིས་སྤྱི་ཙམ་དུ་སྦྱར་བྱ་འདུ་བྱེད་ཀྱི་བྱ་བ་འཇིག་ཅིང་ལྡང་བ་དང་། དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་གཉིས་མེད་ཀྱི་བར་དུ་སྡུད་རིམ་གྱིས་འཁོར་བར་སྐྱེ་བ་ལས་སླར་ཡང་འཆི་དང་དེ་ལས་བར་སྲིད་དུ་སྐྱེ་བ་བཟུང་བ་རྣམས་སྦྱོང་། སྦྱང་འབྲས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་ཞིང་སླར་ཡང་རྒྱུན་མི་ཆད་དུ་སྤྲུལ་པའི་སྐུར་འཆར་བའི་རྟེན་འབྲེལ་བསྒྲིག །རྫོགས་རིམ་གྱི་དུས། དོན་གྱི་འོད་གསལ་བསྒྲུབས་ནས་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་གཞི་གདིང་ཞིང་སྨིན་བྱེད་དུའང་འགྲོའོ། །བཞི་པ་ལས་ཚོགས་སྒྲུབ་པ་ནི། མཚན་བརྒྱད་སྒྲུབ་པའི་མན་ངག་གུད་དུ་སྦས་པའི་བཀོལ་བྱང་ལས་ཤེས་པར་བྱའོ། །ལྔ་པ་གྲུབ་མཐའ་བཟུང་བ་ནི། ལམ་འདི་ཁོ་ན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་ངེས་པའི་གདེངས་ཚད་བཅའ་བ་ཉིད་ཡིན་ལ། དྲུག་པ་སྨོན་ལམ་གདབ་པ་ནི། ཨེ་མ་ཧོ༔བདག་གིས་འགྲོ་བ་ཀུན་དོན་དུ༔སོགས་ཀྱིས་ཏེ། བདག་གིས་ལྷག་པའི་བསམ་པ་རྣམ་པར་དག་པས་མཐའ་ཡས་པའི་འགྲོ་བ་ཀུན་གྱི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ཚུན་ཆད་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོའི་ཚོགས་དང་བཅས་པ་བསྒོམས་ཤིང་བསྒྲུབ་པ་དང་། མཆོད་ཅིང་བསྟོད་པ་དང་། སྐུའི་རྟེན་བྲིས་ཤིང་གསུང་རྟེན་བཀླག་པ་དང་། དེའི་ཚིག་དོན་རྣམས་བློ་ལ་བྱང་ཞིང་ཆུབ་པར་བགྱིས་ཏེ། ལྟ་བས་ཐག་བཅད་སྒོམ་པས་རྩལ་བཏོན་པ་སོགས་ཀྱིས་དགེ་བའི་ལས་ལམ་ལ་ཡོངས་སུ་སྤྱོད་པའི་འབྲས་བུ་ཉིད་དུ་སྨིན་པར་གྱུར་ནས་ཆོས་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ས་མཆོག་ཐོབ་པར་ཤོག་ཅིག་པ་དང་། གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་རྗེ་བཙུན་བླ་མ་དམ་པ་ཐམས་ཅད་ཀྱི་ཐུགས་དགོངས་རབ་ཏུ་རྫོགས་ཤིང་འདས་མ་འོངས་ད་ལྟར་ཕ་མས་སྣ་དྲངས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་


MLP014_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་ཤིང་ལུས་པ་མེད་པ། བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་རྗེས་སུ་བཟུང་ནས། ཡང་དག་རྡོ་རྗེ་སྙིང་པོའི་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་ཤོག་ཅེས་སྨོན་ལམ་དུ་གདབ་ཅིང་། དེ་དང་རྗེས་འབྲེལ་དུ་ཤིས་པ་བརྗོད་པ་ནི། ཤེས་བྱའི་དོན་ལ་མ་རྨོངས་པའི༔སོགས་ཀྱིས་ཏེ། དེ་ཡང་ཤེས་བྱའི་ཆོས་ཀུན་གྱི་ཟབ་མོའི་དོན་གཟིགས་པ་ལ་མ་རྨོངས་པའི་བླ་མ་དམ་པ་རྣམས་དང་། གང་ལ་བསམ་པའི་དོན་མ་ལུས་པ་འབད་མེད་དུ་འགྲུབ་པའི་དོན་ཀུན་འགྲུབ་པ་དང་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་བྷ་ག་ནས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་བཀྲ་ཤིས་པར་ཤོག་ཅེས་བདེ་ལེགས་ཀྱི་ཚིགས་སུ་བཅད་པས་མཐའ་བརྒྱན་པ་ཡིན་ཞེས་འཆད་པར་བྱེད་པ་ནི། དག་སྣང་བསྐྱེད་ཅིང་བསྟོད་པ་འབུལ༔ཉམས་ཆགས་བསྐང་ཞིང་ལས་ཚོགས་སྒྲུབ༔གྲུབ་མཐའ་བཟུང་ཞིང་སྨོན་ལམ་གདབ༔ཅེས་པའི་གཞུང་འདི་བྱུང་། དེས་ནི་བླ་མ་གསང་བ་འདུས་པའི་ལས་གཞུང་སྙིང་པོ་རབ་གསལ་ལ་རང་ནུས་དང་སྦྱར་བའི་འགྲེལ་བ་ནོར་བུའི་ཕྲེང་བ་མཆོད་རྫས་སུ་དམིགས་ནས་ཡུལ་དམ་པ་རྣམས་ཀྱི་སྤྱན་སྔར་ཚིག་དོན་ཕུན་སུམ་ཚོགས་པའི་གླུ་དབྱངས་སྤྲིན་པའི་རྫ་རྔ་འཁྲོལ་བའི་གཡར་ཁྲལ་ཙམ་ཕུལ་ཟིན་པ་ལགས་པས། ཞེས་སོ། །ཡང་ཡོངས་རྫོགས་མ་སོང་ན་ཚིག་སྒྲ་ལེགས་པ་ཞིག་ཏུ་བཞག་པའི། དེ་ལྟར་བཤད་པའི་རིམ་པ་དེ་ཙམ་ཞིག་ཞུས་ནས། ཞེས་བསྒྱུར། གང་ལྟར་ཡང་མཇུག་ཏུ། དེ་ལྟར་ལྷག་པའི་བསམ་པ་རྣམ་པར་དག་པས་གཞི་བཟུང་། ཐོས་པ་དང་བསམ་པ་ལ་རབ་ཏུ་གོམས་པའི་སྙིང་སྟོབས་ཆེན་པོས་ཟུར་བརྒྱན། སྦྱོར་བརྩོན་མ་སྨད་པའི་བྱ་བ་ལས་ཀྱི་འཁོར་ལོ་དུས་ལས་མི་གཡེལ་བའི་སྒོ་ནས་ལེགས་བཤད་སྨྲ་བའི་དགེ་བའི་རྩ་བ་རྒྱ་ཆེན་པོ་བདག་གིར་བགྱིས་པ་འདི་ཉིད་མཚོན་བྱེད་དུ་བྱས་ཏེ་དུས་གསུམ་དུ་བསགས་པའི་དགེ་ཚོགས་རྒྱ་མཚོ་དང་འདྲེས་ནས་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་འདུན་པས་བསྔོ་སྨོན་མཚོན་བྱེད་ཙམ་ཞིག་ཞུ་ན། བསོད་ནམས་འདི་ཡིས༴ཞེས་དང་། གཞན་ཡང་། དབང་གིས་སྨིན་ཅིང༴ཕུན་ཚོགས་མཐའ་དག་བར། རྒྱལ་བ་བདེན་པའི་ཚིག་གིས་གང་གསུངས་པ། །འགྲོ་ཀུན་དེ་ལྟར་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་གཉིས་མཐར་ཕྱིན་རྔ་ཡབ་དཔལ་གྱི་རིར། །ཨོ་རྒྱན་བླ་མའི་


MLP014_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གོ་འཕང་མྱུར་ཐོབ་ཤོག །ཅེས་བསྔོ་སྨོན་མདོར་བསྡུས་ཙམ་ཞིག་སོང་ནས། དེའི་འོག་ཏུ་བཀྲ་ཤིས་ནི། དེ་ལྟར་རྒྱལ་བའི་ཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་བདེན་པ་མི་བསླུ་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་པའི་རྒྱུ་ལས་ཐུབ་བསྟན་རིན་པོ་ཆེ་གསལ་བའི་ཉི་མ་ཡོངས་འཛིན་དམ་པ་དགེ་བའི་བཤེས་གཉེན། འགྲོ་བའི་དཔལ་མགོན་དུ་གྱུར་པའི་བླ་མ་དམ་པ་ཐམས་ཅད་ཞབས་པད་བཀྲ་ཤིས་ཀྱི་འཁོར་ལོ་མི་ཤིགས་གཡུང་དྲུང་གི་རང་བཞིན་དུ་བརྟན་ཅིང་། ཀློག་པ་ཐོས་བསམ་དང་སྒྲུབ་པ་བསམ་གཏན་ལ་སྙིང་པོར་མཛད་ཅིང་བཤད་སྒྲུབ་ཕྲིན་ལས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པའི་བསྟན་འཛིན་དགེ་འདུན་བྱང་སེམས་སྐྱེས་བུ་ཆེན་པོའི་ཚོགས་ཀྱིས་ས་སྟེང་ཡོངས་ལ་མ་ལུས་པར་ཁྱབ་ཅིང་། བསྟན་པ་བླ་ནས་བླར་མཆོད་པར་མཛད་པའི་བསྟན་པའི་སྦྱིན་བདག་ཆེན་པོ་གཏོང་བ་དང་དེས་པ་ལ་རབ་ཏུ་གོམ་པ་རྣམས་ཀྱང་སྐུ་ཚེ་དང་མངའ་ཐང་ཆབ་སྲིད་འཕོ་འགྱུར་མེད་པར་བརྟན་ཅིང་། མཐའ་བཞིའི་ལས་སྒོ་འདུ་བའི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་དབྱར་གྱི་ཆུ་བོ་བཞིན་རྒྱས་པ་རྣམས་ཀྱི་མཐུ་ལ་བརྟེན་ནས། ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་རིན་ཆེན་འདི་ཉིད་ལྷ་མིའི་བསོད་ནམས་ཀྱི་མཆོད་སྡོང་དུ་མི་ནུབ་པའི་ཉི་མ། མི་འགྲིབ་པའི་ཟླ་བ་ལྟར་ཡུན་རིང་བསྐལ་པའི་མཐའ་ལ་ཐུག་གི་བར་དུ་ལྷམ་མེར་གནས་ཤིང་རྟག་བརྟན་རྡོ་རྗེ་ཕ་ལམ་གྱི་ངོ་བོར་གསལ་བའི་གཟི་འོད་བཀྲ་ཤིས་ཀྱི་གཡང་དུ་འཁྱིལ་བའི་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་གྱི་པདྨོ་ཚར་དུ་བཞད་པ་ལ་མཐའ་ཀླས་པའི་སྐྱེ་རྒུ་མཐའ་དག་བག་ཡངས་སུ་སྤྱོད་པའི་བསྐལ་པ་བཟང་པོས་དུས་འདའ་བ་དང་། དེ་ལྟ་བུའི་དགེ་མཚན་མངོན་པར་འཛོམ་པའི་དུས་ཆེན་འདི་ཡང་། ཡང་ནས་ཡང་དུ་འབྱུང་བ་དང་ལེགས་བཤད་ཀྱི་མཆོད་པའི་མགྲིན་དབྱངས་རྒྱུན་མི་ཆད་དུ་ཞུ་ཆོག་པའི་སྭ་སྟིའི་སྒྲ་ལས་བདེ་ལེགས་ཀྱི་ཉི་མ་དགུང་ནས་འཆར་བས་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག་ཅེས་ཤིས་པ་བརྗོད་པའི་མཚོན་བྱེད་ཙམ་ཞིག་ཞུ་ན། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུའི་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་


MLP014_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །དེ་ལྟར་བླ་མ་གསང་བ་འདུས་པའི་ལས་བྱང་སྙིང་པོ་རབ་གསལ་གྱི་བཤད་སྦྱར་འདི་ནི་སྔ་དུས་ཚེས་བཅུའི་དུས་ཆེན་ལ་འགྲིག་པའི་རབ་འབྱམས་ཨོ་རྒྱན་ཆོས་གྲགས་ནས་མཛད་པའི་བཤད་པ་ལྡེལ་ཁོངས་བསྟོད་པ་ཡན་ཙམ་ཡོད་པ་ཞིག་འདུག་རུང་། དུས་ཕྱིས་ཚེས་བཅུ་ཞག་གྲངས་འཕར་བ་དང་། ཞལ་སྐྱེམས་ཀྱི་ལོངས་སྤྱོད་ཀྱང་འཕེལ་ཆེ་བ་བཅས་ལ་འཕྲལ་འཕྲལ་བཀའ་དྲིན་ཅན་གྱི་དགེ་རྒན་ལགས་མངྒ་ལའི་མཚན་ཅན་ནས་ཟིན་བྲིས་ཁ་སྐོང་སྐབས་སྦྱར་གསར་བཟོ་རེ་གནང་བས་ལོ་ལོ་བཞིན་འགྲིགས་པར་མཛད་མོད། འོན་ཀྱང་ཁྱོད་ནས་གཏན་ཆགས་ཀྱི་བཤད་སྦྱར་ཞིག་ཡི་གེའི་ལམ་དུ་སྤེལ་ཐུབ་ན་ནམ་ཕུགས་སུ་བློ་གསར་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོར་འགྱུར་ཞེས་བཀའ་གནང་དང་དུ་བླངས་ཏེ་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་དང་ཟིན་བྲིས་སོགས་གཞིར་བཟུང་ཚེས་བཅུའི་ཕན་ཡོན་རྣམས་ཀྱང་ཕྱོགས་གཅིག་ཏུ་བསྡུས་ནས་ཟུར་རྒྱན་བྱས་ཏེ་ལེགས་བཤད་ཀྱི་མཆོད་སྤྲིན་སྤྲོ་བ་ལ་སྨྲ་བའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་འགྲེལ་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི་རྨོངས་པའི་མཐར་ཐུག་མྱོས་བཙུན་ཨོ་ཌི་ཡཱ་ནས་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམས་ཆུང་ངོ་མཚར་ཀུན་གཟིགས་སུ་ཉིན་ཕུལ་གྱིས་ལག་བྲིས་སུ་བཏབ་པ་འདི་ལ་ནོངས་པ་མཆིས་ན་མཁས་པ་རྣམས་ཀྱི་བཟོད་པར་མཛད་དུ་གསོལ་ལོ། །འདིས་ཀྱང་རྗེ་བཙུན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བསྟན་པ་རིན་པོ་ཆེ་མཛེས་པའི་རྒྱན་དུ་གྱུར་ཅིག །མངྒ་ལ།ཾ།

ན་རགས་དོང་སྤྲུགས་ཀྱི་ཆོ་ག་འཁོར་བ་ཀུན་སྒྲོལ་གྱི་ཟུར་འདེབས་ལྷན་ཐབས་ངོ་མཚར་རིན་ཆེན་ཕྲེང་བ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ།


MLP014_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ན་རགས་དོང་སྤྲུགས་ཀྱི་ཆོ་ག་འཁོར་བ་ཀུན་སྒྲོལ་གྱི་ཟུར་འདེབས་ལྷན་ཐབས་ངོ་མཚར་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས། །ཨོ་རྒྱན་བསྟན་འཛིན་རྡོ་རྗེ། བླ་མ་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདིར་ཞི་ཁྲོ་དམ་པ་རིགས་བརྒྱའི་སྒྲུབ་ཐབས་ན་རག་དོང་སྤྲུགས་འཁོར་བ་ཀུན་སྒྲོལ་གྱི་ཆོ་གའི་ལྷན་ཐབས་ཅུང་ཟད་སྤྲོས་པ་ངོ་མཚར་རིན་ཆེན་ཕྲེང་བ་ཞེས་བྱ་བ་འདི་ལ་དོན་གསུམ། ཕྱག་རྒྱའི་མཆོད་པ་དང་། འཛབ་བཟླས་ཀྱི་བཅུ་ཆ་བརྩི་ཚུལ། གཞི་བསྟོད་བྱ་བ་དང་གསུམ། དང་པོ་ནི། ཕྱག་རྒྱའི་མཆོད་པའི་སྐབས་རྒྱས་པར་འདོད་ན་དཀྱིལ་འཁོར་འདིའི་ལྷ་གྲངས་དང་མཉམ་པའི་ཕྱག་རྒྱའི་མཆོད་པ་སྤྲོས་ཆོག་པར་གསུངས་པས། དེའི་ཕྱིར་དུ་ཆོ་ག་ཤིན་ཏུ་རྒྱས་པ་ལ་མོས་པ་དག་གི་བཞེད་པ་སྐོང་ཕྱིར་དུ་སྒྱུ་འཕྲུལ་དྲ་བ་ཞི་བ་འབྲིང་པོ་དང་ཁྲོ་བོ་བསྡུས་པའི་ལས་གཞུང་གཉིས་ལ་བསྟེན་པ་ཅུང་ཟད་འབྲི་བ་ལ་གཉིས། ཞི་བ་དང་ཁྲོ་བོའོ། །དང་པོ་ཞི་བའི་ཕྱག་རྒྱ་ལའང་། སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི། ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་རྡོ་རྗེ་དང་དྲིལ་བུ་བཟུང་ལ། ལག་པ་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེ་རྣམས་ཀྱི་སྟེང་དུ་ཧཱུྃ་ཨཱོཾ་སྭཱ་ཨཾ་ཧཱ་གཡོན་གྱི་སོར་མོའི་བྲེ་ཁ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་དེ་དག་གི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པར་གྱུར། ཧཱུྃསྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ །ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ༀ་དང་མཱུཾ་གཉིས་རྩེ་


MLP014_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །གཉིས་པ་ནི། དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །ཡུམ་གྱུར་མཉམ་རྫོགས་པདྨོའི་དཀྱིལ། །ཨ་ཨ་ཨ་བཛྲ་བྷ་ཏྲ་ས་མནྟ་ཨ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། ཧཱུྃ་བཛྲ་དྷྲྀཀ། འབྲུ་བཞི༴མཱུཾ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །མཱུཾ་དྷཱ་ཏཱི་ཤྭ་རཱི། འབྲུ་བཞི༴ༀ་སྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ་བཞི༴འཁྲིལ་བའི༴ༀ་ཛི་ན་ཛིཀ། འབྲུ་བཞི༴ལཱཾ་སྒྲེང་རྩེེ་མོར༴ཉི་མ༴བཏུད་དེ༴ལཱཾ་དྭེ་ཤྭ་ར་ཏཱི། འབྲུ་བཞི༴སྭཱ་བསྒྲེང་རྩེ་མོར་རིན་ཆེན་འབར། །ཟླ་བཏུལ༴འཁྲིལ་བའི༴སྭཱ་རཏྣ་དྷྲྀཀ྄། འབྲུ་བཞི་སྦས་ནས༴མཱཾ་བསྒྲེང་རྩེ་མོར༴ཉི་མ༴བཏུད་དེ༴མཱཾ་མོ་ཧ་ར་ཏཱི། འབྲུ་བཞི༴ཨཱཾ་བསྒྲེང་རྩེ་མོར་པདྨ་འབར། །ཟླ་བཏུལ༴འཁྲིལ་བའི༴ཨཱཾ་ཨ་རོ་ལྀཀ྄། འབྲུ་བཞི༴སཱཾ་སྒྲེང་རྩེ་མོར༴ཉི་མ༴བཏུད་དེ༴སཱཾ་ར་ག་ར་ཏཱི། འབྲུ་བཞི༴ཧཱ་སྒྲེང་རྩེ་མོར་རལ་གྲི་འབར། །ཟླ་བཏུལ༴འཁྲིལ་བའི༴ཧཱ་པྲཛྙཱ་དྷྲྀཀ྄། འབྲུ་བཞི༴ཏཱཾ་སྒྲེང་རྩེ་མོར་དྲིལ་བསིལ་འབར། ཉི་མ༴བཏུད་དེ༴ཏཱཾ་བཛྲ་རཱ་ཏི། ནང་སེམས་བཞི་ཡི་ཕྱག་རྒྱ་ནི། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་འབར། །ལས་ལ་འཁྲིལ་ཞིང་ཆོས་ལ་བརྟེན། །ནང་སེམས་ཡུམ་གྱི་ཕྱག་རྒྱ་ནི། །གཟུགས་མཛེས་རིན་ཆེན་ཕྲེང་བ་དང་། །པི་ཝཾ་གར་མཁན་མཆོག་ཉིད་དེ། །དབུ་རྣམས་འཇོ་ཞིང་འདུད་པའི་ཚུལ། །པདྨའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ། །ཨ་ལ་ལ་ཧོ། །ཕྱི་སེམས་བཞི་ཡི་ཕྱག་རྒྱ་ནི། །ཀླུ་ཤིང་ཡལ་ག་གླེགས་བམ་དང་། །རིན་ཆེན་སྙེ་མ་ཨུཏྤལ་འཛིན། །ལས་ལ་འཁྲིལ་ཞིང་ཆོས་ལ་བརྟེན། །ཕྱི་སེམས་ཡུམ་བཞིའི་ཕྱག་རྒྱ་ནི། །མེ་ཏོག་ཕྲེང་དང་སྤོས་མཆོད་མ། །མར་མེ་བྱུག་པ་ལ་སོགས་འཛིན། །དབུ་རྣམས་འཇོ་ཞིང་འདུད་པའི་ཚུལ། །པདྨའི་གདན་ལ༴མཆོད་བཞེས་


MLP014_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དམ་སྐོང་༴ཨ་ལ་ལ་ཧོ། ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །མདོར་བསྡུས་ཕྱག་རྒྱ་དྲུག་ཡིན་ནོ། །གསེག་པར་པི་ཝཾ་གོ་ཆ་པོད། །རིན་ཆེན་སྒྲོམ་བུ་མེ་ཆུ་འཛིན། །པདྨའི་གདན༴། མཆོད་བཞེས༴ཨ་ལ་ལ་ཧོ། སྒོ་བཞི་ཁྲོ་བོའི་ཕྱག་རྒྱ་ནི། །ནྲྀ་མགོ་གདེངས་དང་རྡོ་རྗེ་གནོན། །ཐོད་སྦྲུལ་ཆེན་པོ་གནོན་པ་དང་། །རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན། ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོཿ། འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས༴ཨ་ལ་ལ་ཧོ༔འདི་ནི་རྒྱལ་བ་ཐམས་ཅད་ཀུན། །དགྱེས་པ་ཆེན་པོ་བསྐྱེད་པའི་ཕྱིར། །ཕྱག་རྒྱའི་མཆོད་པ་ཆེན་པོ་ཡིན། །ཨ་ལ་ལ་སྟེ་མཆོད་པར་རོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །གཉིས་པ་ཁྲོ་བོའི་ཕྱག་རྒྱ་ལའང་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི། ཁྲག་འཐུང་རྒྱལ་པོ༴སྐུ༴སྐུ་ཡི༴ཕྱག༴གཉིས་པ་ནི། ཧཱུྃརྣམ་པར་གྲོལ་བ་མཚོན་པའི་ཕྱིར། །དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་རྩེ་ལྔ་འཛིན། །གཡོན་པ་དུང་དམར་ཡུམ་ལ་འཁྱུད། །དཔལ་ཆེན་ཆེ་མཆོག་ཐབས་ཀྱི་རྒྱ། །གནམ་ཞལ་དབྱིངས་ཕྱུག་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་ཤེས་རབ་ཐབས་ལ་བརྟེན། །གཡོན་པ་དུང་དམར་གཙོ་བོ་རྟེན། །ཀྲོ་དྷཱི་ཤྭཱ་རི་དབྱིངས་ཀྱི་རྒྱ། །འབར་བའི༴མཆོད༴ཨ་ལ་ལ་ཧོ༔རིགས་ཀྱི་ཁྲོ་བོའི་ཕྱག་རྒྱ་ལས། །བཛྲ་ཧེ་རུ་ཀའི་ཕྱག་རྒྱ་ནི། །མཐིང་ནག་རྡོ་རྗེ་དུང་དམར་འཛིན། །དཔལ་ཆེན་བཛྲ་ཐབས་ཀྱི་རྒྱ། །བུདྡྷ་ཧེ་རུ་ཀའི་ཕྱག་རྒྱ་ནི། །སྨུག་ནག་འཁོར་ལོ་དུང་དམར་འཛིན། །དཔལ་ཆེན་བུདྡྷ་ཐབས་ཀྱི་རྒྱ། །རཏྣ་ཧེ་རུ་ཀའི་ཕྱག་རྒྱ་ནི། །སེར་ནག་རིན་ཆེན་དུང་དམར་འཛིན། །དཔལ་ཆེན་རཏྣ་ཐབས་ཀྱི་རྒྱ། །པདྨ་ཧེ་རུ་ཀའི་ཕྱག་རྒྱ་ནི། །དམར་ནག་པདྨ་དུང་དམར་འཛིན། །དཔལ་ཆེན་པདྨ་ཐབས་ཀྱི་རྒྱ། །ཀརྨ་ཧེ་རུ་ཀའི་ཕྱག་རྒྱ་ནི། །ལྗང་ནག་རྒྱ་གྲམ་དུང་དམར་འཛིན། །དཔལ་ཆེན་ཀརྨ་ཐབས་ཀྱི་རྒྱ། །རཀྴ་ཧེ་རུ་ཀའི་ཕྱག་རྒྱ་ནི། །མཐིང་ནག་རྡོ་རྗེ་དུང་དམར་འཛིན། །དཔལ་ཆེན་རཀྴ་ཐབས་ཀྱི་རྒྱ། །ས་ནུ་ཧེ་རུ་ཀའི་ཕྱག་རྒྱ་ནི། །སེར་ནག་དགྲ་སྟ་དུང་དམར་འཛིན། །དཔལ་ཆེན་ས་ནུ་ཐབས་ཀྱི་རྒྱ། །གུ་ཡ་ཧེ་རུ་ཀའི་ཕྱག་རྒྱ་ནི། །དུད་ཁ་རལ་གྲི་དུང་


MLP014_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དམར་འཛིན། །དཔལ་ཆེན་གུ་ཡ་ཐབས་ཀྱི་རྒྱ། །ཡཀྴ་ཧེ་རུ་ཀའི་ཕྱག་རྒྱ་ནི། །ལྗང་ནག་བེ་ཅོན་དུང་དམར་འཛིན། །དཔལ་ཆེན་ཡཀྴ་ཐབས་ཀྱི་རྒྱ། །རིགས་ཀྱི་ཡུམ་རྣམས་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་རིགས་ཀྱི་མདོག །གཡས་པ་ཤེས་རབ་ཐབས་ལ་བརྟེན། །གཡོན་པ་དུང་དམར་གཙོ་ལ་སྟོབས། །ཀྲོ་དྷཱི་རིགས་རྣམས་དབྱིངས་ཀྱི་རྒྱ། །འབར་བའི༴མཆོད་པ༴ཨ་ལ་ལ་ཧོ༔གནས་མ་བརྒྱད་ཀྱི་ཕྱག་རྒྱ་ནི། གཽ་རི་བྷན་དམར་ཞིང་དབྱུག་སྔོ། །ཙཽ་རཱི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བེ་ཏ་བྱིས་ཟ་རྡོར་འཕྱར་ནག །པུཥྐ་དམར་སེར་རྒྱུ་འདྲེན་སེར། །གྷསྨ་དུང་དམར་དཀྲུག་འཐུང་ལྗང་། སྨ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙཎྜ་སེར་སྐྱ་མཆོག་ལུས་འདྲལ། །འབར་བའི༴མཆོད་བཞེས༴ཨ་ལ་ལ་ཧོཿཡུལ་མ་བརྒྱད་ཀྱི་ཕྱག་རྒྱ་ནི། །སེངྷ་ཁ་རོ་བསྣོལ་སེར་སིང་། །བྱ་གྷྲྀ་གནས་བལྟ་བསྣོལ་མ་སྟག །སྲི་ལ་ནག་མོ་བྱའི་ལྡག་ཝ། །ཤྭ་ན་འདྲལ་བལྟ་མཐིང་ག་སྤྱང་། །གྷྲྀ་དྷ་མགྲིན་དམར་རྒྱུ་འདྲེན་རྒོད། །ཀངྐ་རྐང་ཕྲག་སྣར་མགོ་རིང་། །ཀཱ་ཀ་ཁ་རོ་བྷན་གྲི་ནག །ཨུ་ལུ་ལྕགས་ཀྱུ་མཐིང་ཚོགས་འུག །འབར་བའི༴མཆོད་བཞེས༴ཨ་ལ་ལ་ཧོ༔སྒོ་མ་བཞི་ཡི་ཕྱག་རྒྱ་ནི། །རྟ་གདོང་སྔོན་པོ་ལྕག་ཀྱུ་འཛིན། །ཕག་གདོང་ནག་མོ་མཆེ་ཞགས་ཅན། །སེང་གདོང་དམར་མོ་ལྕགས་སྒྲོག་སྡོམ། །སྤྱང་གདོང་ལྗང་ནག་དྲིལ་འཁྲོལ་དགྱེས། །འབར་བའི༴མཆོད་བཞེས༴ཨ་ལ་ལ་ཧོ༔འཇིག་རྟེན་འདས་དང་མ་འདས་པའི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་མ་དམར་སེར་པདྨ་བསྣམས། །ལྷ་ཆེན་དཀར་ལྗང་ཏྲི་ཤུ་ལ། །རྟོག་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །བརྒྱ་བྱིན་དཀར་མོ་ཨནྟ་གདོང་། །རྡོ་རྗེ་སེར་མོ་ཙན་དན་འཐུང་། །བདུད་རྩི་དམར་མོ་པདྨ་བསྣམས། །ཟ་བ་དཀར་མོ་པུཎྜ་རཱི༔། བེ་ཅོན་ལྗང་ནག་དབྱུག་ཐོ་འཕྱར། །སྲིན་མོ་དམར་མོ་དུང་ཁྲག་འཐུངས། །ཟ་བ་ལྗང་ནག་བ་སུ་འདྲེན། །དགའ་བ་དམར་མོ་ཀ་དར་འཕྱར། །སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན། །རྡོ་རྗེ་སེར་མོ་སྤུ་གྲིས་གཅོད། །འདོད་པ་དམར་མོ་མདའ་གཞུ་འགེངས། །ནོར་


MLP014_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་དཀར་མོ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་བ་དན་འཕྱར། །གསོད་བྱེད་དཀར་མོ་རལ་གྲི་འཛིན། །མེ་ལོང་དམར་མོ་གསལ་ཤིང་འཕྱར། །ཕག་གདོང་ནག་མོ་མཆེ་ཞགས་ཅན། །རྒན་བྱེད་དམར་མོ་ཞིང་ཆུང་ཟ། །སྣ་ཆེན་དཀར་ལྗང་ཐོད་ཁྲག་འཐུང་། །ཆུ་ལྷ་སྔོན་མོ་སྦྲུལ་ཞགས་ཅན། །རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། །རྡོ་རྗེ་སེར་མོ་ར་མགོ་ཞགས། །རྡོ་རྗེ་དམར་མོ་ལྕགས་སྒྲོག་སྡོམ། །རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་དགྱེས། །འབར་བའི༴མཆོད་བཞེས༴ཨ་ལ་ལ་ཧོ༔འདི་ནི་རྒྱལ་བ་ཐམས་ཅད་ཀུན། །དགྱེས་པ་ཆེན་པོ་བསྐྱེད་པའི་ཕྱིར། །ཕྱག་རྒྱའི་མཆོད་པ་ཆེན་པོ་ཡིན། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཞེས་རིམ་པ་བཞིན་ལྷ་སོ་སོའི་ཕྱག་རྒྱ་བྱ་བ་སྟེ། དེ་ཡང་ཕྱག་རྒྱ་མདུན་ཏུ་བསྒྱུར་ནས་ཡབ་གཡོན་དང་ཡུམ་གཡས་སུ་འཁྲོལ། དེའི་ཚེ་ལྷ་གང་དང་གང་གི་སྐུ་སྒྱུ་མ་ལྟ་བུར་གསལ་བ་ཕྱག་ཆེན། ས་བོན་དང་མཆོད་པ་ཆོས་རྒྱ། བཅའ་བ་དམ་རྒྱ། དགྲོལ་བ་ལས་རྒྱ་སྟེ་ཕྱག་རྒྱ་བཞིའོ། །དེ་ཡང་ཇི་སྐད་དུ་གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། སྐུ་ཉིད་ཕྱག་རྒྱ་ཆེན་པོའོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། ཀུན་བཟང་སོགས་ཞི་བ་དང་། ཆེ་མཆོག་སོགས་ཁྲོ་བོ་སོ་སོའི་བསྐྱེད་སྔགས་རྣམས་གཙོ་འཁོར་གྱི་འགྲོས་སྲོལ་སྦྱར་ཏེ་ཇི་ལྟར་རིགས་པ་བཟླས་ནས། ཞེས་གསུངས་པ་ལ་བཟླས་པའི་གྲངས་ཀྱི་བཅུ་ཆ་གཅིག་ཚུལ་ནི། དཔེར་ན། བསྙེན་པ་ལྟ་བུའི་དུས་གཙོ་བོ་ཀུན་བཟང་ཡབ་ཡུམ་དང་། ཆེ་མཆོག་ཡབ་ཡུམ་རྣམས་འབུམ་ཚོ་རེ་རེ་ཙམ་ལ། རིགས་ལྔ་ཡབ་ཡུམ་དང་། ཁྲོ་བོ་ཡབ་ཡུམ་དགུ་ལ་ཁྲི་ཚོ་ཙམ་དང་། སེམས་དཔའ་བརྒྱད་ལ་སྟོང་ཕྲག་ལྔ་རེ། དེ་ཕྱིན་ཐམས་ཅད་སྟོང་ཕྲག་རེ། ཞི་ཁྲོ་སྤྱི་སྔགས་སོ་སོར་ཆིག་འབུམ་ཙམ་རེ་ཅི་ནུས་བཟླའོ། །ཡང་ཉིན་ཆོག་རྐྱང་པ་ལྟ་བུའི་སྐབས། གཙོ་བོ་ཡབ་ཡུམ་དང་། ཆེ་མཆོག་ཡབ་ཡུམ་བརྒྱ་རྩ་རེ། རིགས་ལྔ་དང་། ཁྲོ་བོ་དགུ་སུམ་ཅུ་རེ། སེམས་དཔའ་བརྒྱད་ཉི་ཤུ་རེ། དེ་ཕྱིན་ཐམས་ཅད་བཅུ་ཕྲག་ཏེ། ཞི་ཁྲོ་སྤྱི་སྔགས་ཅི་ནུས་པ་རེ་བཟླས་བརྗོད་བྱའོ། །གསུམ་པ་ནི། བཟླས་པའི་སྐབས་ཀྱི་མཇུག་བསྡུའི་བསྟོད་པ་ལ། ཡང་ན་ཞི་ཁྲོའི་གཞི་བསྟོད་གཉིས་སྦྲེལ་ནས་བྱ་ཞིང་གསུངས་པ་སྤྲོ་


MLP014_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོད་ན་དེ་ལ་གཉིས། ཞི་བ་དང་ཁྲོ་བོའོ། །དང་པོ་ནི། ཧཱུྃ། ཆོས་ཉིད་དྲིལ་སྟབས་སྟོང་པའི་ངང་ལས་མ་གཡོས་ཀྱང་། །ཆོས་ཉིད་པད་སྐོར་ཀུན་ཏུ་བཟང་པོ་འདུ་འབྲལ་མེད། །ཆོས་ཉིད་མཉམ་བཞག་ཁྱབ་བརྡལ་ཆེན་པོའི་ཡེ་ཤེས་ཀྱི། གར་ཐལ་ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །རྣམ་ཤེས་རྣམ་དག་བཅོམ་ལྡན་རྡོ་རྗེ་སེམས། །ཞེ་སྡང་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་། །མཐིང་ག་ས་གནོན་ཕྱག་ན་རྡོ་རྗེ་འབར་བ་བསྣམས། །ཐུགས་མཆོག་རྡོ་རྗེ་སེམས་ལ༴གཟུགས་ཕུང་རྣམ་དག་བཅོམ་ལྡན་རྣམ་སྣང་མཛད། གཏི་མུག་རྣམ་དག་མེ་ལོང་ཡེ་ཤེས་ངང་། །དུང་མདོག་རྣམ་སྣང་ཕྱག་ན་འཁོར་ལོ་འབར་བ་བསྣམས། །སྐུ་མཆོག་རྣམ་སྣང་མཛད་ལ༴ཚོར་བ་རྣམ་དག་བཅོམ་ལྡན་རིན་ཆེན་འབྱུང་། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང་། །གསེར་མདོག་མཆོག་སྦྱིན་ཕྱག་ན་རིན་ཆེན་འབར་བ་བསྣམས། །ཡོན་ཏན་རིན་ཆེན་འབྱུང་ལ༴འདུ་ཤེས་རྣམ་དག་བཅོམ་ལྡན་སྣང་མཐའ་ཡས། །འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་ངང་། །ལེ་བརྒན་མཉམ་བཞག་ཕྱག་ན་པདྨ་འབར་བ་བསྣམས། །གསུང་མཆོག་སྣང་མཐའ་ཡས་ལ༴འདུ་བྱེད་རྣམ་དག་བཅོམ་ལྡན་དོན་ཡོད་གྲུབ། །ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངང་། །ལྗང་ཁུ་སྐྱབས་སྦྱིན་ཕྱག་ན་རལ་གྲི་འབར་བུ་བསྣམས། །ཕྲིན་ལས་དོན་ཡོད་གྲུབ་ལ༴འབྱུང་བ་རྣམ་དག་རིགས་ཀྱི་ཡུམ་ཆེན་ལྔ། །ཀུན་བཟང་སྤྱན་མ་མ་མཱ་གོས་དཀར་སྒྲོལ། །ཐབས་ཀྱི་སྐུ་ལ་འཁྱུད་རྒྱ་ཤེས་རབ་དགྱེས་འཁྲིལ་མ། །རིགས་ཀྱི་ཡུམ་ཆེན་ལྔ་ལ༴བསྐལ་བཟང་བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ནི། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །ཡོན་ཏན་མི་བཟད་གཡས་སྐྱབས་སྦྱིན་སྤྲུལ་པ་བསམ་ཡས་པའི། །སེམས་དཔའ་ཆེན་པོ་བརྒྱད་ལ༴སྒེག་མོ་ཕྲེང་ཐོག་རིན་ཆེན་གླུ་གར་ཅན། །བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་གཡོན་སྐྱབས་སྦྱིན་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་བརྒྱད་ལ༴ཡེ་ཤེས་སྒོ་བ་ཆེན་པོ་ཡབ་ཡུམ་བརྒྱད། །གཤིན་རྗེ་སྟོབས་ཆེན་རྟ་མགྲིན་བདུད་རྩི་འཁྱིལ། །ལྕགས་ཀྱུ་ཞགས་པ་སྒོ་བཞིའི་ཕྱག་རྒྱ་ལྕགས་སྒྲོགས་དྲིལ་བུ་མ། །སྒོ་བ་ཡབ་ཡུམ་བརྒྱད་ལ༴ཡེ་ཤེས་བཞི་ལས་རིགས་བཞིའི་ཕྲིན་ལས་ཀྱིས། །འཇིག་


MLP014_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དྲུག་གི་བྱེ་བ་ཕྲག་བརྒྱ་རུ། །སྤྲུལ་པ་བྱེ་བ་སྤྱི་ཕྱག་ཕྲག་བརྒྱས་འགྲོ་དྲུག་གི །དོན་མཛད་ཐུབ་པ་དྲུག་ལ༴ཐལ་སྦྱར་ལྷུག་རྒྱལ་བ་སྲས་བཅས་བཞི་བཅུ་རྩ་གཉིས་ཀྱི། །ཆེ་བའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་། །ཡོན་ཏན་ཆ་ཤས་བརྗོད་པའི་བྱིན་རླབས་ཀྱིས། །རིག་འཛིན་སྔགས་འཆང་རྣལ་འབྱོར་བདག་ཅག་གི །ལས་དང་ཉོན་མོངས་བག་ཆགས་གཏན་སྦྱངས་ནས། །ཚེ་འདི་ཉིད་ལ་རིག་འཛིན་ས་ཐོབ་སྟེ། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །གཉིས་པ་ནི། ཧཱུྃཆོས་ཉིད་མི་འགྱུར་ཀུན་གཞིའི་ཡེ་ཤེས་སྐུ། །མི་ཤེས་གནས་གྱུར་ཆེ་མཆོག་ཧེ་རུ་ཀ། སྟོང་ཉིད་ཆོས་ཀྱི་དབྱིངས་ཕྱུག་གྲི་ཁུག་ཐོད་རྒྱ་གནམ་ཞལ་ཡུམ། །ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །དུས་གསུམ་མི་འགྱུར་རྣམ་ཤེས་རྡོ་རྗེའི་སྐུ། །ཞེ་སྡང་མཐར་ཕྱིན་བཛྲ་ཧེ་རུ་ཀ། དབྱིངས་ནས་རྒྱས་འདེབས་རྡོ་རྗེ་རྩེ་ལྔ་བཛྲ་ཁྲོས་པའི་ཡུམ། །བཛྲ་ཧེ་རུ་ཀ་ལ༴མ་འགགས་རང་གསལ་གཟུགས་ཕུང་ཆོས་ཀྱི་སྐུ། །གཏི་མུག་མཐར་ཕྱིན་བུདྡྷ་ཧེ་རུ་ཀ། །དབྱིངས་ནས་རྨོངས་འཁོར་ལོའི་རྒྱ་སེལ་བུདྡྷ་ཁྲོས་པའི་ཡུམ། །བུདྡྷ་ཧེ་རུ་ཀ་ལ༴ཟ་བྱེད་གཏེར་ཚོགས་ཚོར་བ་རིན་འབྱུང་སྐུ། །ང་རྒྱལ་མཐར་ཕྱིན་རཏྣ་ཧེ་རུ་ཀ། དབྱིངས་ནས་ཚེ་འཕེལ་རཏྣ་ཁྲོས་པའི་ཡུམ། །རཏྣ་ཧེ་རུ་ཀ་ལ༴ཆགས་མེད་དག་པ་འདུ་ཤེས་པདྨའི་སྐུ། །འདོད་ཆགས་མཐར་ཕྱིན་པདྨ་ཧེ་རུ་ཀ། དབྱིངས་ནས་རྫོགས་བྱེད་པདྨའི་རྒྱ་པདྨ་ཁྲོས་པའི་ཡུམ། །པདྨ་ཧེ་རུ་ཀ་ལ༴དོན་རྣམས་མཐར་ཕྱིན་འདུ་བྱེད་སྤྲུལ་པའི་སྐུ། །ཕྲག་དོག་མཐར་ཕྱིན་ཀརྨ་ཧེ་རུ་ཀ། དབྱིངས་ནས་རལ་གྲིའི་རྒྱ་ཟ་བྱེད་ཀརྨ་ཁྲོས་པའི་ཡུམ། །ཀརྨ་ཧེ་རུ་ཀ་ལ༴སྐྱེ་གནས་རྣམ་བཞིའི་རྟོག་པ་གནས་གྱུར་སྐུ། །ཉོན་མོངས་མཐར་ཕྱིན་ཁྲག་འཐུང་རྣམ་པ་བཞི། །དབྱིངས་ནས་གྲི་ཁུག་ཐོད་རྒྱ་འཛིན་ཞེན་འཇོམས་མཛད་དབྱིངས་ཕྱུག་ཡུམ། །ཧེ་རུ་ཀ་བཞིའི་སྐུ་ལ༴འཇིག་རྟེན་བཞད་པའི་དུར་ཁྲོད་གནས་བརྒྱད་ནས། །ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས། །ཐུགས་རྗེ་ཆེན་པོས་གཡས་སྐྱབས་སྦྱིན་རྣལ་འབྱོར་གྲོགས་མཛད་མ། །གནས་ཀྱི་གཽ་རཱི་བརྒྱད་ལ༴ཡོན་ཏན་རྟགས་ཀྱི་དུར་ཁྲོད་གནས་བརྒྱད་ནས། །འཇིགས་བྱེད་རྩལ་འཕགས་སེང་གདོང་ཕྲ་མེན་ཚོགས། །ཐུགས་རྗེ་ཆེན་པོས་གཡོན་སྐྱབས་སྦྱིན་རྣལ་འབྱོར་


MLP014_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྲེགས་མཛད་མ། །ཡུལ་གྱི་ཕྲ་མེན་བརྒྱད་ལ༴ཕྱིན་ཅི་ལོག་བཞི་དུར་ཁྲོད་གནས་བཞི་ནས། །ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པའི། །ལྕགས་ཀྱུ་སྒོ་བཞིའི་རྒྱ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །ཡེ་ཤེས་སྒོ་མ་བཞི་ལ༴ལྷ་ཆེན་རྣམས་ཀྱི་ཆུང་མ་དབང་པོའི་ཚོགས། །འཁོར་བའི་ཆོས་ལ་མངའ་བརྙེས་སྲིན་མོའི་གཟུགས། །མྱ་ངན་འདས་པའི་སྤྱི་ཕྱག་སྤྲུལ་སྐུ་མགོ་བརྙན་ཅན། །དབང་ཕྱུག་ཉི་ཤུ་བརྒྱད་ལ༴ཐལ་སྦྱར་ལྷུག་ཚིག་ཡེ་ཤེས་ཞི་བའི་ངང་ནས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་འབར་བའི་སྐུར་སྟོན་པ། །ཁྲག་འཐུང་རོལ་པའི་ལྷ་ཚོགས་ལྔ་བཅུ་བརྒྱད། །གདོད་ནས་མ་སྐྱེས་རང་བྱུང་གྲུབ་པའི་ལྷ། །ཚེ་རབས་སྔོན་ནས་བསྒྲུབ་པའི་འཕྲོ་མཆིས་ཀྱི། །ད་ལྟ་ཉིད་དུ་བདག་ལ་མངོན་གྱུར་ཅིག ། ད་ནི་གོང་དུ་བསྟན་པའི་ཕྱག་རྒྱ་དེ་རྣམས་བློ་རྨོངས་པ་བདག་དང་བདག་འདྲའི་ཚོགས་ཀྱིས་ཕྱག་རྒྱ་བཅའ་ཚུལ་ལ་ཐེ་ཚོམ་དུ་གྱུར་ན་དེ་བསལ་པའི་ཐབས་ཅུང་ཟད་ཕྱེ་ན། ལག་པ་གཡས་སོགས་ཀྱི་སྐབས་སོར་མོ་གཡས་པ་ལྔ་སྒྲེང་། ལག་པ་གཡོན་སོགས་ཀྱི་སྐབས་སོར་མོ་གཡོན་པ་ལྔ་སྒྲེང་། ཧཱུྃ་སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། སོགས་ཚིག་རྐང་བརྒྱད་པོར་ཐལ་མོ་སྦྱར་ལ་སོར་མོ་རྣམས་བསྣོལ་བ་ཁོ་ན་ཡིན། ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །ལ་དེའི་ངང་ནས་སྲིན་ལག་གཉིས་རྡོར་བསྡམས། གཡས་ཀྱི་གུང་མོ་དང་གཡོན་གྱི་མཛུབ་མོ་སྒྲེང་བར་རྩེེ་སྦྱར། གཡས་ཀྱི་མཛུབ་མོ་དང་གཡོན་གྱི་གུང་མོ་སྒྲེང་བ་རྩེ་སྦྱར། གཉིས་ཀའི་མཐེ་བོང་དང་མཐེ་ཆུང་སོ་སོར་རྩེ་སྤྲད་པ་བསྣོལ་ནས་ཐལ་མོའི་བར་དུ་སྦས་པ་སྟེ། རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཞེས་དོན་བསྒོམ་དེའི་ངང་ནས། དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ། །ཞེས་པ་ལ་སྔར་གྱི་རྒྱ་འགྲོལ་ནས། ལག་གཉིས་ཀྱི་སྲིན་ལག་གི་རྩ་བ་མཐེ་བོང་གིས་མནན་པ་སོར་མོ་གཞན་རྣམས་ཀྱིས་སྒྲིལ་བའི་ཁུ་ཚུར་སོ་སོར་བཅངས་པ་ཁ་སྦྱར་དཀུ་གཡོན་པར་བཞག་པ་ཕྱག་རྒྱ་འབྱུང་བའི་རྒྱུ་ཡིན། ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ལ་པད་སྐོར་ལས། ལག་གཡས་སྟེང་དུ་བྱས་པའི་མཉམ་བཞག་གི་རྒྱ་བཅའ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ་ལ་ཕྱག་རྒྱ་


MLP014_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་བཅས་པ་གཡོན་དུ་འགྲོལ་ཞིང་སེ་གོལ་གཏོགས། ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །ལ་ལག་གཉིས་ཁུ་ཚུར་ཁ་སྦྱར་དཀུ་གཡོན་དུ་བཞག །ཡུམ་གྱུར་མཉམ་རྫོགས་པདྨའི་དཀྱིལ། །ལ་ལག་གཉིས་གཡོན་སྟེང་དུ་བཞག་པའི་མཉམ་ཞག །ཨ་ཨ་ཨ་བཛྲ་བྷ་ཏྲ་ས་མནྟ་ཨཿལ་ཕྱག་རྒྱ་གཡོན་ཏུ་བཅས་པ་གཡས་སུ་འགྲོལ་ལ་སེ་གོལ་གཏོགས། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཐམས་ཅད་ལ་ལག་གཉིས་ཁུ་ཚུར་ཁ་སྦྱར་དཀུ་གཡོན་དུ་བཞག །ཧཱུྃ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ལ་ལག་གཡས་ཀྱི་ཁུ་ཚུར་བཏེག་པའི་གུང་མོ་སྙིང་གར་སྒྲེང་། ལག་གཡོན་དཀུར་བརྟེན་ཁོ་ན། ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །ལ་གཡས་སྔར་བཞིན་ནས་གཡོན་པས་དྲིལ་བུ་དཀྲོལ་ལ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཞེས་སྔར་ལྟར་དཀུར་བརྟེན། ཧཱུྃ་བཛྲ་དྷྲིཀ྄ལ་ཕྱག་རྒྱ་གཡས་སུ་བཅས་པ་གཡོན་དུ་འགྲོལ་ཞིང་སེ་གོལ་གཏོགས། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ལ་ཁུ་ཚུར་ཁ་སྦྱར་དཀུ་གཡོན་སྔར་བཞིན། མཱུཾ་སྒྲེང་རྩེ་མོ་དྲིལ་བསིལ་འབར། །ལག་གཡས་ཁུ་ཚུར་ཅུང་ཟད་ཁ་ཕྱེ་བ་དཀུ་གཡས་སུ་བརྟེན། གཡོན་ཁུ་ཚུར་ལས་གུང་མོ་སྙིང་གར་སྒྲེང་། ཚིག་རྐང་འོག་མ་གཉིས་ལ་རྒྱ་དེ་ཁ་མི་འགྲོལ། མཱུཾ་དྷཱ་ཏི་ཤྭ་རཱི་ལ་ཕྱག་རྒྱ་གཡོན་དུ་བཅས་པ་གཡས་སུ་འགྲོལ་ལ་སེ་གོལ་གཏོགས། དེ་བཞིན་ཏུ་རིགས་གཞན་བཞི་ལའང་ཐོག་མཐའ་རྣམས་དེ་དང་འདྲ་བ་ལས། ཁྱད་པར་ནི། ༀ་སྒྲེང་རྩེ་མོར་འཁོར་ལོ་འབར། །ལ་ལག་གཡས་ཁུ་ཚུར་གྱི་མཛུབ་མོ་སྙིང་གར་སྒྲེང་། མཱཾ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ལ་ལག་གཡོན་ཁུ་ཚུར་གྱི་མཛུབ་མོ་སྙིང་ཀར་སྒྲེང་། སྭཱ་སྒྲེང་རྩེ་མོར་རིན་ཆེན་འབར། ལ་གཡས་ཁུ་ཚུར་གྱི་སྲིན་ལག་སྙིང་གར་སྒྲེང་། མཱཾ་སྒྲེང་རྩེ་མོར་དྲིལ་བསིལ་གནས། ལ་གཡོན་པའི་ཁུ་ཚུར་གྱི་སྲིན་ལག་སྙིང་གར་སྒྲེང་། ཨཱཾ་སྒྲེང་རྩེ་མོར་པདྨ་འབར། ལ་གཡས་ཁུ་ཚུར་གྱི་མཐེ་བོང་སྙིང་གར་སྒྲེང་། པཾ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ལ་ལག་གཡོན་ཁུ་ཚུར་གྱི་མཐེ་བོང་སྙིང་གར་སྒྲེང་། སྭཱ་སྒྲེང་རྩེ་མོར་རལ་གྲི་འབར། །ལ་གཡས་ཁུ་ཚུར་གྱི་མཐེའུ་ཆུང་སྙིང་གར་སྒྲེང་། ཏཱཾ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ལ་གཡོན་པའི་ཁུ་ཚུར་གྱི་མཐེའུ་ཆུང་སྙིང་གར་བསྟན་པ་རྣམས་


MLP014_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས། ནང་སེམས་ཡུམ་བཞིའི་ཕྱག་རྒྱ་ནི། ལ་ལག་གཉིས་ཁུ་ཚུར་ཁ་སྦྱར་དཀུ་དཔྱད་གཡོན་དུ་བཞག །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀ། ར་པོ་རྡོ་རྗེ་འབར། །ལ་ལག་གཡས་ཁུ་ཚུར་དེ་ལས་མཛུབ་མོ་སྒྲེང་བ་ལ་མཐེ་བོང་སྦྱར་ནས་རིན་པོ་ཆེའི་མྱུ་གུ་སོགས་འཛིན་ཚུལ་སྙིང་གར་བཅའ། ལས་ལ་འཁྲིལ་ཞིང་། ལ་དྲིལ་བུ་དཀྲོལ་ཞིང་། ཆོས་ལ་བརྟེན། །ལ་གཡོན་དཀུར་བརྟེན། ནང་སེམས་ཡུམ་བཞིའི་ཕྱག་རྒྱ་ནི། ལ་པད་བསྐོར་བྱ། གཟུགས་མཛེས་རིན་ཆེན་ཕྲེང་བ་དང་། །པི་ཝཾ་གར་མཁན་མཆོག་ཉིད་ཏེ། །ལ་ལག་གཡོན་ཁུ་ཚུར་སྙིང་གར་ཁ་ཕྱེ་ནས་གུང་སྲིན་གཉིས་ཅུང་ཟད་ནང་དུ་བཀུག་པའི་རྩ་བར་མཐེ་བོང་སྦྱར་བ་མེ་ལོང་སོགས་འཛིན་ཚུལ་དང་ལག་གཡས་འཁྱུད་རྒྱ་བཅའ་ཞིང་། དབུ་རྣམས་འཇོ་ཞིང་འདུད་པའི་ཚུལ། །ཞེས་བསྒོམ། པདྨའི་གདན་ལ་བཞེངས་ནས་ཀྱང་། །ལ་པད་སྐོར་བྱ། མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ། །ལ་ཕྱག་རྒྱ་གཡས་སུ་བཅས་པ་གཡོན་ཏུ་འགྲོལ་ལ་སེ་གོལ་གཏོགས། ཕྱི་སེམས་བཞི་ཡི་ཕྱག་རྒྱ་ནི། སོགས་ལ་ཡབ་ཡུམ་ཐམས་ཅད་ནང་སེམས་བཞིས་རིགས་འགྲེ་ཤེས་པར་བྱས་ནས་དེ་ཁོ་ན་བཞིན་ཏུ་སྦྱར་རོ། །ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། ཁུ་ཚུར་ཁ་སྦྱར་དཀུ་གཡོན་དུ་བཞག །མདོར་བསྡུས་ཕྱག་རྒྱ་དྲུག་ཡིན་ནོ། །ལ་པད་བསྐོར་བྱ། གསེག་པར་པི་ཝཾ་གོ་ཆ་པོད། རིན་ཆེན་སྒྲོམ་བུ་མེ་ཆུ་འཛིན། །ལ་ལག་གཡས་ཐལ་མོ་ཕྱིར་བསྟན་སྐྱབས་སྦྱིན་དང་། གཡོན་དེའི་རྩར་ཐལ་མོ་གྱེན་བསྟན་གཉིས་སྙིང་གར་བཅའ། པདྨའི་གདན་ལ་བཞེངས་ནས་ཀྱང་། །ལ་པད་སྐོར་བྱ། མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ། ཨ་ལ་ལ་ཧོ༔ལ་ཕྱག་རྒྱ་གཡས་སུ་བཅས་པ་གཡོན་དུ་འགྲོལ་ཞིང་སེ་གོལ་གཏོགས། སྒོ་བཞི་ཁྲོ་བོའི་ཕྱག་རྒྱ་ནི། །ལ་ཁུ་ཚུར་ཁ་སྦྱར་དཀུ་གཡོན་དུ་བཞགནྲྀ་མགོ་གདེངས་དང་རྡོ་རྗེ་གནོན། །ཐོད་སྦྲུལ་ཆེན་པོ་གནོན་པ་དང་། །རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན། །ལ་ལག་གཡས་ཁུ་ཚུར་ལས་མཛུབ་མོ་དང་མཐེས་ཆུང་སྒྲེང་བའི་སྡིག་མཛུབ་གྱིས་ཐོད་དབྱུག་སོགས་དཔུང་པ་གཡས་པའི་ཐད་དུ་གདེངས་ཚུལ་དང་གཡོན་སྡིག་མཛུབ་ཕྱིར་བསྟན་སྙིང་གར་བཅའ། ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོ། །ལ་དགུག་གཞུག་བཅིང་དགྱེས་


MLP014_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱ་སྤྱི་ལྟར་བྱ། འབར་བའི་གདན་ལ་བཞེངས་ནས་ཀྱང་། ལ་པད་སྐོར། མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ། །ཨ་ལ་ལ་ཧོ༔ལ་གཡས་སུ་བཅས་པ་གཡོན་དུ་བཀྲོལ་ཞིང་སེ་གོལ་གཏོགས། འདི་ནི་རྒྱལ་བ་ཐམས་ཅད་ཀྱི། སོགས་ཚིག་རྐང་བཞི་ལ་པད་བསྐོར་ཚར་རེ། ཨ་ལ་ལ་སྟེ་དགྱེས་པར་མཛོད། །ལ་པད་སྐོར་མདུན་ཏུ་ཁ་ཕྱེ་ནས་ཐལ་མོ་སྙིང་གར་སྦྱར་རོ། །ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །ལ་ལག་གཉིས་ཁུ་ཚུར་ཁ་སྦྱར་དཀུ་གཡོན་ཏུ་བཞག །སྐུ་མདོག་ཞལ་ནི་རྣམ་པར་འགྱུར། །ལ་པད་བསྐོར་བྱ། སྐུ་ཡི་གར་སྟབས་གློག་འགྱུ་བ། ལ་ལག་གཡས་གཡོན་གཉིས་ཀྱི་ཐུགས་ཀར་རྡོ་རྗེ་དང་ཐོད་ཁྲག་སྟེང་འོག་ཏུ་འཛིན་ཚུལ་འོག་གི་ཆེ་མཆོག་བཞིན་བྱ། ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །ལ་ཕྱག་རྒྱ་གཡས་སུ་བཅས་པ་གཡོན་ཏུ་འགྲོལ་ལ་སེ་གོལ་གཏོགས། ཧཱུྃ། རྣམ་པར་གྲོལ་བ་མཚོན་པའི་ཕྱིར། དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །ལ་ཁུ་ཚུར་ཁ་སྦྱར་དཀུ་གཡོན་ཏུ་བཞག །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ལ་པད་བསྐོར། གཡས་པ་རྡོ་རྗེ་རྩེ་ལྔ་འཛིན། །ལ་རྡོ་རྗེ་སྙིང་ཀར་གདེངས་སྟབས་སུ་འཛིན། གཡོན་པ་དུང་དམར་ཡུམ་ལ་འཁྱུད། །ལ་གཡོན་ཁུ་ཚུར་སྙིང་གར་ཁ་བྱེ་བའི་མཐེ་བོང་ཅུང་ཟད་དགུག་པས་དུང་དམར་འཛིན་ཚུལ་བྱ། དཔལ་ཆེན་ཆེ་མཆོག་ཐབས་ཀྱི་རྒྱ། །ལ་གཡོན་དྲིལ་བུ་བསིལ་ཞིང་གཡོ་བ་རྡོ་རྗེའི་རྩེ་དེའི་ནང་ཕྱོགས་སུ་བསྐོར་བའི་ཕྱག་རྒྱ་བཅའ། གནམ་ཞལ་དབྱིངས་ཕྱུག་ཕྱག་རྒྱ་ནི། །ལ་ཁུ་ཚུར་ཁ་སྦྱར་དཀུ་གཡོན། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། ལ་པད་བསྐོར། གཡས་པ་ཤེས་རབ་ཐབས་ལ་བརྟེན། །ལ་གཡས་འཁྱུད་ཚུལ། གཡོན་པ་དུང་དམར་གཙོ་ལ་སྟོབས། །ལ་གཡོན་ཐོད་ཁྲག་ཞལ་དུ་སྟོབ་ཚུལ། ཀྲོ་དྷཱི་ཤྭ་རཱི་དབྱིངས་ཀྱི་རྒྱ། །ལ་དྲིལ་བུ་བསིལ་ཞིང་རྡོ་རྗེ་ནང་བསྐོར། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །ལ་པད་བསྐོར། མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ། །ཨ་ལ་ལ་ཧོ༔ལ་ཕྱག་རྒྱ་གཡས་སུ་བཅས་པ་གཡོན་དུ་འགྲོལ་ཞིང་སེ་གོལ་གཏོགས། རིགས་ཀྱི་ཁྲོ་བོའི་ཕྱག་རྒྱ་ལས། །བཛྲ་ཧེ་རུ་ཀའི་ཕྱག་རྒྱ་ནི། །ལ་ལག་གཉིས་ཁུ་ཚུར་ཁ་སྦྱར་དཀུ་གཡོན་ཏུ་བཞག་པ་ལས། མཐིང་ནག་རྡོ་རྗེ་དུང་དམར་


MLP014_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། ལ་གཡས་རྡོ་རྗེ་གདེངས་ཐབས་སུ་འཛིན་ཚུལ་དང་། གཡོན་ཁུ་ཚུར་སྙིང་གར་ཁ་ཕྱེ་བའི་མཐེ་བོང་ཅུང་ཟད་དགུག་པས་དུང་དམར་འཛིན་ཚུལ། དཔལ་ཆེན་བཛྲ་ཐབས་ཀྱི་རྒྱ། །ལ་དྲིལ་བསིལ་དང་རྡོ་རྗེ་ནང་བསྐོར་སྔར་བཞིན། དེ་བཞིན་ཏུ། བུདྡྷ་ཧེ་རུ་ཀའི་ཕྱག་རྒྱ་ནི། །ལ་ཁུ་ཚུར་ཁ་སྦྱར་དཀུ་གཡོན་ཏུ་བཞག །སྨུག་ནག་འཁོར་ལོ་དུང་དམར་འཛིན། །ལ་གཡས་འཁོར་ལོ་གདེང་ཚུལ་དང་། གཡོན་དུང་དམར་འཛིན་ཚུལ། དཔལ་ཆེན་བུདྡྷ་ཐབས་ཀྱི་རྒྱ། །ལ་དྲིལ་བསིལ་དང་རྡོ་རྗེ་ནང་བསྐོར། དེས་རིགས་འགྲེས་ཤེས་པར་བྱས་ལ། གཡས་པ། རིན་ཆེན། པདྨ། རྒྱ་གྲམ། དབྱུག་ཐོ། དགྲ་སྟ། རལ་གྲི། བེ་ཅོན་རྣམས་འཛིན་ཚུལ་བྱ་བ་ལས་གཞན་གོང་མ་བཞིན་སྦྱོར་རོ། །ཡུམ་རྣམས་ཀྱང་གཙོ་བོའི་ཡུམ་ཇི་ལྟ་བུ་བཞིན་ཤེས་པར་བྱའོ། །གནས་མ་བརྒྱད་ཀྱི་ཕྱག་རྒྱ་ནི། །ལ་ཁུ་ཚུར་ཁ་སྦྱར་དཀུ་གཡོན་ཏུ་བཞགགཽ་རཱི་བྷན་དམར་ཞིང་དབྱུག་སྔོ། །ལ་གཡས་སྡིགས་མཛུབ་ཀྱིས་ཞིང་དབྱུག་གདེངས་སྟབས་དང་། གཡོན་དུང་དམར་སྙིང་གར་འཛིན་ཚུལ་གོང་བཞིན། ཙཽ་རཱི་མདའ་གཞུ་འགེངས་མ་སེར། །ལ་ལག་གཡོན་ཁུ་ཚུར་ལས་མཛུབ་མོ་དང་མཐེའུ་ཆུང་ཅུང་ཟད་སྒྲེང་བས་དཔུང་པ་གཡོན་པའི་ཐད་གཞུ་འཛིན་ཚུལ། གཡས་ཕྱག་རྒྱ་དང་འདྲ་བས་སྙིང་ག་ན་གཡོན་ཕྱོགས་སུ་མདའ་འཕེན་ཚུལ། པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །ལ་ལག་ཐལ་མོ་རྡོར་བསྡམ་ལས་མཐེ་བོང་དང་མཐེའུ་ཆུང་གཉིས་སྦྱར་ནས་མཐུར་དུ་སྒྲེང་བ། བེ་ཏ་བྱིས་ཟ་རྡོར་འཕྱར་ནག །ལ་གཡས་རྡོ་རྗེ་དཔུང་གཡས་ཐད་དུ་གདེངས་ཚུལ་དང་། གཡོན་ཁུ་ཚུར་ལས་མཐེ་ཆུང་སྒྲེང་བས་བྱིས་པའི་རོ་བཟུང་ནས་ཞལ་ཏུ་གསོལ་ཚུལ། པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །ལ་ལག་ཁུ་ཚུར་གཉིས་ཀ་ཁ་ཕྱེ་བའི་མཛུབ་མོ་དང་མཐེ་བོང་རྩེ་སྤྲད་པ། གཡོན་པས་པུས་མོ་གཡོན་པའི་སྟེང་བྱིས་རོ་བཟུང་བའི་རྒྱུ་མ་གཡས་པས་གྱེན་དུ་སྒྲེང་ཚུལ། གྷསྨ་དུང་དམར་དཀྲུག་འཐུང་ལྗང་། །ལ་གཡོན་དུང་དམར་སྙིང་གར་འཛིན་ཚུལ་གོང་བཞིན་བཅས་པ་གཡས་པའི་རྡོ་རྗེས་དཀྲུགས་ནས་ཞལ་ཏུ་འཐུང་ཚུལ། སྨ་ཤ་མཐིང་ནག་བྱིས་སྙིང་ཟ། ལ་ལག་གཉིས་ཁུ་ཚུར་ཁ་ཕྱེ་བའི་གུང་སྲིན་མཐེ་བོང་གསུམ་རྩེ་ནང་བཀུག་པས་བྱིས་རོ་བཟུང་ནས་


MLP014_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཟ་ཚུལ་བྱ། ཙཎྜ་སེར་སྐྱ་མཆོག་ལུས་འདྲལ། །ལ་ལག་གཉིས་ཁུ་ཚུར་གྱིས་གཡོན་པས་ཞིང་ཆུང་བཟུང་བའི་མགོ་གཡས་པས་བཅད་ནས་ཟ་ཚུལ་གྱིས་གྱེན་དུ་འདྲེན། འབར་བའི་གདན་ལ་པད་སྐོར། མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ། །ལ་ཕྱག་རྒྱ་གཡོན་ཏུ་བཅས་པ་གཡས་སུ་འགྲོལ་ཞིང་སེ་གོལ་གཏོགས། ཡུལ་མ་བརྒྱད་ཀྱི་ཕྱག་རྒྱ་ནི། །ལ་ལག་གཉིས་ཁུ་ཚུར་ཁ་སྦྱར་དཀུ་གཡོན་ཏུ་བཞག །སིདྷ་ཁ་རོ་བསྣོལ་སེར་སེང་། །ལ་ལག་གཉིས་ཁུ་ཚུར་ཁ་ཕྱེ་བའི་གུང་སྲིན་ཅུང་ཟད་གུག་པའི་ཚིགས་གཉིས་བར་མཐེ་བོང་རྩེ་སྦྱར་བའི་མཁྲིག་མ་བསྣོལ་ནས་རོ་ཟ་ཚུལ། བྱཱ་གྷྲྀ་གནས་བལྟ་བསྣོལ་མ་སྟག །ལ་ལག་གཉིས་ཁུ་ཚུར་ཁ་ཕྱེ་བའི་མཁྲིག་མ་གཉིས་ཐུར་དུ་བསྣོལ་བ་བལྟ་ཚུལ། སྲྀ་ལ་ནག་མོ་བྱིས་ལྡག་ཝ། །ལ་གོང་གི་སྨེ་ཤ་ནི་སོར་བཞག་ཡིན། ཤྭ་ན་འདྲལ་བལྟ་མཐིང་ག་སྤྱང་། །ལ་ལག་གཉིས་ཐལ་མོ་ཁ་བྱེ་བའི་མཐེ་བོང་གཉིས་གུག་པ་ཁ་ཕྱིར་བསྟན་ནས་ཞིང་ཆུང་བཟུང་བ་འདྲལ་ཚུལ་བྱ་བ་ལ་བལྟ། གྷྲྀ་དྷ་མགྲིན་དམར་རྒྱུ་འདྲེན་རྒོད། །ལ་པུཀྐ་བཞིན་རྒྱུ་མ་འདྲེན་ཚུལ། ཀངྐ་རྐང་ཕྲག་སྣར་མགོ་རིང་། །ལ་ཞིང་ཆུང་ཕྲག་པར་ཁུར་བའི་མགོ་དང་རྐང་པ་གཉིས་ཁུ་ཚུར་གྱིས་བཟུང་བ་མདུན་ཏུ་སྣར་ཚུལ་བྱ། ཀཱ་ཀ་ཁ་རོ་བྷན་གྲི་ནག །ལ་གཡོན་བྷན་དྷ་སྙིང་ག་དང་། གཡས་རལ་གྲི་གདེངས་ཚུལ་སྔ་མ་བཞིན། ཨཱུ་ལུ་ལྕགས་ཀྱུ་མཐིང་ནག་འུག །ལ་གཡོན་སྡིགས་མཛུབ་ཀྱིས་མི་སྙིང་སྙིང་གར་འཛིན་ཚུལ་དང་། གཡས་ཁུ་ཚུར་ལས་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པ་གདེངས་སྟབས། འབར་བའི་གདན་ལ་བཞེངས་ནས་ཀྱང་། །ལ་པད་བསྐོར། མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ། །ཨ་ལ་ལ་ཧོཿལ་ཕྱག་རྒྱ་གཡོན་ཏུ་བཅས་པ་གཡས་སུ་འགྲོལ་ལ་སེ་གོལ་གཏོགས། །སྒོ་མ་བཞི་ཡི་ཕྱག་རྒྱ་ནི། །ལ་ཁུ་ཚུར་ཁ་སྦྱར། རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ལ་གཡོན་པའི་ཁུ་ཚུར་གྱི་མཐེའུ་ཆུང་གཡས་པའི་མཛུབ་མོས་དགུག་པ། ཕག་གདོང་ནག་མོ་མཆེ་ཞགས་ཅན། །ལ་ལག་གཉིས་ཁུ་ཚུར་བཅས་པ་རྒྱབ་སྤྲད་ཀྱིས་མཛུབ་མོས་གཡོན་གྱི་མཛུབ་མོ་དང་། གཡས་ཀྱི་མཐེའུ་ཆུང་གིས་གཡོན་ཀྱི་མཐེའུ་ཆུང་བཀུག་ནས་སྦྲེལ། སེང་གདོང་དམར་མོ་ལྕགས་སྒྲོགས་སྡོམ། །ལ་


MLP014_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཉིས་ཁུ་ཚུར་གྱེན་བསྟན་གྱི་མཛུབ་མོ་གཉིས་དང་། མཐེ་ཆུང་གཉིས་སོ་སོར་སྦྲེལ་བ། སྤྱང་གདོང་ལྗང་ནག་དྲིལ་འཁྲོལ་དགྱེས། །ལ་ལག་གཉིས་ཁུ་ཚུར་གྱི་མཁྲིག་མ་གཉིས་རྒྱབ་སྤྲད་པ། འབར་བའི་གདན་ལ་བཞེངས་ནས་ཀྱང་། མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ། ཨ་ལ་ལ་ཧོ༔ལ་སྔར་བཞིན་པད་བསྐོར་དང་བཅའ་འགྲོལ་སེ་གོལ་གཡས་སུ་གཏོགས། འདི་ནས་རྡོར་དྲིལ་བཞག་ལ། འཇིག་རྟེན་འདས་དང་མ་འདས་པའི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །ལ་ལག་གཉིས་ཁུ་ཚུར་ཁ་སྦྱར་གཡོན་དུ་བཞག་ལ། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ལ་ལག་གཉིས་ཀའི་གུང་སྲིན་གཤིབས་ཕན་ཚུན་དུ་བསྣོལ་བའི་རྩ་བ་མཐེ་བོང་དང་མཛུབ་མོ་རྩེ་སྤྲད་པས་འཁྱུད་པ་མིག་དང་སྣ། མཐེ་ཆུང་གཉིས་སྦྱར་བས་ཁའི་ཚུལ་དུ་བྱས་པ་ཐོད་རློན་གྱི་རྒྱ་བཅའ། ཚངས་མ་དམར་མོ་པདྨ་བསྣམས། །ལ་ལག་གཉིས་པདྨ་ལྟར་ཐལ་མོ་ཁ་གྱེན་དུ་ཕྱེ་བ། ལྷ་ཆེན་དཀར་ལྗང་ཏྲི་ཤུ་ལ། །ལ་ལག་གཡས་ཁུ་ཚུར་གྱི་གུང་མཛུབ་སྲིན་ལག་རྩེ་གསུམ་གྱི་ཚུལ་དུ་སྒྲེང་བ། རྟོག་འདོད་སྔོན་མོ་འཁོར་ལོ་འཆང་། །ལ་ཐལ་མོ་གཉིས་རྒྱབ་སྤྲད། སོར་མོ་རྣམས་བསྣོལ་བ། གཞོན་ནུ་དམར་མོ་མདུང་ཐུང་འཕེན། །ལ་མདུང་ཐུང་འཕེན་ཚུལ་གོང་གི་ཙཽ་རཱི་མ་སོར་བཞག །བརྒྱ་བྱིན་དཀར་མོ་ཨནྟ་གདེངས། །ལ་གཡས་གཡོན་གཉིས་ཀའི་མཛུབ་མོ་དང་མཐེ་བོང་རྩེ་སྤྲད་པའི་ཐལ་མོ་གཡས་ཕྱིར་བསྟན་དང་། གཡོན་གྱེན་བསྟན། རྡོ་རྗེ་སེར་མོ་ཙན་དན་འཐུང་། །ལ་ཐལ་མོ་གཉིས་ཁ་ཕྱེ་བའི་མཛུབ་གུང་སྲིན་ཆུང་བཞི་ཕན་ཚུན་དུ་བསྣོལ། མཐེ་བོང་གཉིས་མཛུབ་མོའི་འགྲོ་དུ་གཉིས་སུ་སྦྱར་བས་ཐོད་པའི་རྒྱ་ནས་འཐུང་ཚུལ་བྱ། བདུད་རྩི་དམར་མོ་པདྨ་བསྣམས། །ལ་གོང་གི་ཚངས་མ་དང་རིགས་འགྲེ། ཟླ་བ་དཀར་མོ་པུཎྜ་རཱི། །ལ་གཡོན་གྱི་ཐལ་མོ་ཕྱིར་བསྟན་གྱི་སོར་མོ་རྣམས་ཡིད་ཙམ་ནང་དུ་རུབ་པའི་རྩ་བར་གཡས་ཀྱི་དེ་ཁ་ལྟར་བྱས་པ་གྱེན་བསྟན་དུ་སྦྱང་བ། བེ་ཅོན་ལྗང་ནག་དབྱུག་ཐོ་འཕྱར། །ལ་ལག་གཉིས་རྡོར་བསྡམས་ལས་གུང་མོ་གཉིས་སྦྲེང་བའི་རྩེ་སྦྱར་ནས་ཚིགས་ཅུང་ཟད་བཀུག་པ། སྲིན་མོ་དམར་མོ་དུང་ཁྲག་འཐུང་། །ལ་རྡོ་རྗེ་སེར་མོ་ཙཎྜ་སོར་བཞག །ཟ་བ་


MLP014_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་ནག་བ་སུ་འདྲེན། །ལ་གོང་གི་པུཀྐ་རྒྱུ་འདྲེན་སོར་བཞག །དགའ་བ་དམར་མོ་ཀ་དར་འཕྱར། །ལ་ཁུ་ཚུར་གཡས་ཀྱི་གུང་མཛུབ་གཤིབས་ནས་རལ་གྲི་ལྟར་སྒྲེང་བ། སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན། །ལ་ལག་གཡས་ཀྱི་གུང་མོའི་རྩེ་ཅུང་ཟད་བཀུག་པ་སྒྲེང་། དེའི་ཚིགས་དབུས་མར་མཛུབ་མོ་དང་སྲིན་ལག་གི་རྩེ་བཀུག་པ་སྦྱར་མཐེ་བོང་དང་མཐེ་ཆུང་ཀྱང་དེའི་གཡས་གཡོན་དུ་རྩེ་བཀུག་པ། རྡོ་རྗེ་སེར་མོ་སྤུ་གྲིས་གཅོད། །ལ་དགའ་བ་དཀར་མོ་སོར་བཞག །འདོད་པ་དམར་མོ་མདའ་གཞུ་འགེངས། །ལ་གོང་གི་ཙཽ་རཱི་མ་སོར་བཞག །ནོར་སྲུང་དཀར་མོ་བུམ་པ་འཛིན། །ལ་ལག་པ་གཉིས་གུང་སྲིན་གཤིབས་པ་ཕན་ཚུན་བསྣོལ་བ་མཐེ་བོང་གིས་མནན་མཛུབ་མོ་དང་མཐེའུ་ཆུང་སོ་སོར་རྩེ་སྦྱར་བ་སྒྲེང་། རླུང་ལྷ་སྔོན་མོ་བ་དན་འཕྱར། །ལ་གོང་གི་ལྷ་ཆེན་སོར་བཞག །གསོད་བྱེད་དཀར་མོ་རལ་གྲི་འཛིན། །ལ་དགའ་བ་དམར་མོ་སོར་བཞག །མི་མོ་དམར་མོ་གསལ་ཤིང་འཕྱར། །ལ་གཡས་ཁུ་ཚུར་གྱི་མཐེ་བོང་གྱེན་དང་མཛུབ་མོ་ཕྲེད་དུ་ཁ་ཕྱེ་ནས་སྒྲེང་བ། ཕག་གདོང་ནག་མོ་མཆེེ་ཞགས་ཅན། །ལ་ཁུ་ཚུར་གཉིས་ཁ་འགྲམ་གཡས་གཡོན་དུ་བཞག་པའི་མཐེའུ་ཆུང་མཆེ་བ་ལྟར་སྒྲེང་བ། རྒན་བྱེད་དམར་མོ་ཞིང་ཆུང་ཟ། །ལ་གོང་གི་སྨ་ཤ་ནི་སོར་བཞག །སྣ་ཆེན་དཀར་ལྗང་ཐོད་ཁྲག་འཐུང་། །ལ་རྡོ་རྗེ་སོར་མོ་ཙནྟན་སོར་བཞག །ཆུ་ལྷ་སྔོན་མོ་སྦྲུལ་ཞགས་ཅན། །ལ་གཡས་སྡིག་མཛུབ་ཀྱིས་བར་སྣང་ལ་སྦྲུལ་ཞགས་ཀྱིས་ཁྱོག་འགྲོས་འབྲི་ཚུལ་ཐུར་བསྟན་གཅིག་དང་གྱེན་བསྟན་ཀྱང་བྱ། རྡོ་རྗེ་ནག་མོ། སེར་མོ། དམར་མོ། ལྗང་ནག་བཞི་ལ་གོང་གི་སྒོ་མ་བཞིའི་ཕྱག་རྒྱ་སོར་བཞག་ལས་བསྒྱུར་ཁ་མེད། དབང་ཕྱུག་མའི་ཕྱག་རྒྱ་དེ་རྣམས་ཀྱི་སྐབས་ལག་གཡས་གཡོན་གཉིས་ཀས་ཕྱག་རྒྱ་བཅའ་དགོས་པ་རྣམས་ལ་དོགས་པ་མི་ཟ་ཡང་། ལག་གཡས་ཁོ་ནས་ཕྱག་རྒྱ་བཅའ་དུས་གཡོན་ཐོད་ཁྲག་སྙིང་གར་འཛིན་ཚུལ་ཀྱང་བྱ་དགོས་པ་ཡིན་ནོ། །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། སོགས་ལ་ཞི་བ་བཞིན་ཏུ་སྦྱར་རོ། །ཞེས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་འཁོར་བ་ཀུན་སྒྲོལ་གྱི་ལྷན་ཐབས་ངོ་མཚར་རིན་ཆེན་ཕྲེང་བ་ཞེས་བྱ་བ་འདི་ཡང་། མདོ་ཁམས་


MLP014_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ཆེན་དགོན་གྱི་མཆོག་སྤྲུལ་ཤེས་བྱ་ཀུན་ལ་མ་ཐོགས་པའི་མཁྱེན་པ་ཅན། པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་གྱིས་དུས་མཐའི་སེམས་ཅན་རྣམས་ལ་ཕན་པའི་ཐུགས་བསྐྱེད་རྣམ་པར་དག་པས། ལྷ་ཚོགས་རྣམས་ལ་ཕྱག་རྒྱའི་མཆོད་པས་དགྱེས་པ་བསྐྱེད་ཚུལ་དང་། ཆེ་བའི་ཡོན་ཏན་རྗེས་སུ་དྲན་པའི་གཞི་བསྟོད་རྒྱས་པར་བྱ་ཚུལ། བཟླས་བརྗོད་ཀྱི་ཐུགས་དམ་བསྐུལ་བའི་གྲངས་ཚད་སོགས་ལྷན་ཐབས་སུ་སྦྱར་ཆོག་པ་ཞིག་དགོས་པའི་བཀའ་ནན་ཡང་ཡང་ཕེབས་པའི་དགོངས་པ་སྐོང་ཕྱིར་རྨོངས་བརྟུལ་ཨོ་ཌཱི་ཡ་ནས་དམ་པ་གོང་མ་རྣམས་ཀྱི་གསུང་རབས་ལས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་ཞུ་དུས་ཕྱོགས་གཅིག་ཏུ་བཀོད་པ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །།

ཞི་བྱེད་སྔ་ཕྱི་བར་གསུམ་གྱི་ཁྲིད་ཡིག་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བདུད་རྩིའི་ཉིང་ཁུ། ལོ་ཆརྣ་དྷརྨ་ཤྲཱི།


MLP014_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བྱེད་སྔ་ཕྱི་བར་གསུམ་གྱི་ཁྲིད་ཡིག་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །ལོ་ཆརྣ་དྷརྨ་ཤྲཱི།


MLP014_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བྱེད་སྔ་ཕྱི་བར་གསུམ་གྱི་ཁྲིད་ཡིག་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །ༀ་སིདྡྷི་རསྟུ། རྒྱལ་བ་སྐུ་བཞིའི་མ་དྲོས་མཚོ་ཆེན་ལས། །བཀའ་བབས་རྣམ་བཞིའི་རྒྱུན་ཕབ་སྐལ་ལྡན་གྱི། །གདུང་སེལ་མཛད་པོ་བླ་མ་ལ་བཏུད་ནས། །སྡུག་བསྔལ་ཞི་བྱེད་བདུད་རྩིའི་ཉིང་ཁུ་བྲི། །འདི་ལྟར་འཁོར་བ་ཉིད་སྣང་དུས་ཉིད་ནས་ཡང་དག་ཏུ་མ་གྲུབ་པས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་། ཕྱིན་ཅི་ལོག་གི་རྟོག་པའི་རྐྱེན་ལས་སྡུག་བསྔལ་གྱིས་འཁོར་མོར་མནར་བས་ཉམ་ཐག་པར་གྱུར་པ་སྟེ། དེ་ལས་རྣམ་པར་གྲོལ་བར་བྱ་བའི་ཕྱིར། དམ་པའི་ཆོས་ཉམས་སུ་ལེན་དགོས་ལ། དེ་ཡང་གང་ཟག་གི་བློའི་རིམ་པ་ལ་དགོངས་ནས་སངས་རྒྱས་ཀྱིས་ཐེག་པའི་སྒོ་མཐའ་ཡས་པ་ཞིག་གསུངས་པ་ལས། ད་རེས་ཀྱི་ཆོས་འདི་ནི། རྗེ་བཙུན་དམ་པའི་ཞལ་ནས། འགྲོ་བ་སྡུག་བསྔལ་གདུངས་པ་ལ། །ཞི་བྱེད་བསིལ་ལྡན་དྲི་མེད་བཤད། །ཅེས་པ་ལྟར་དམ་པའི་ཆོས་སྤྱིའི་མིང་བྱེ་བྲག་ལ་བཏགས་ནས་གཅེས་མིང་སྒོས་སུ་ཐོབ་པའི་ཆོས་སྡུག་བསྔལ་ཞི་བྱེད་བྱ་བ་དེ་ལགས། འདི་ལའང་དམ་པ་རིན་པོ་ཆེ་བོད་དུ་ལན་གྲངས་མང་དུ་བྱོན་པའི་སྟོབས་ཀྱིས་བརྒྱུད་པ་སྔ་ཕྱི་བར་གསུམ་ལ་གདམས་པའི་མན་ངག་གི་བཀའ་སྲོལ་གསུམ་ལས། ཐོག་མར་བཀའ་བབས་དང་པོའི་ཁྲིད་ལ་བླ་མ་བརྒྱུད་པའི་རིམ་པ་དང་། དེ་ལས་བྱུང་བའི་གདམས་པའོ། །དང་པོ་ནི། ཐུབ་དབང་། ཕྱག་རྡོར། སྒྲོལ་མ། ཀླུ་སྒྲུབ། རྫུས་སྐྱེས་ཨཱཪྱ་དེ་བ། དམ་པ་སངས་རྒྱས། ཁ་ཆེ་ཛྙཱ་ན་གུ་ཧྱ། དབོན་པོ་དཔལ་ལྡན་ཤེས་རབ། དེ་གཉིས་ཀ་ལས་དབུས་པ་ལོ་སྟོན་བཙུན་ཆུང་གིས་གསན།


MLP014_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྲས་རྡོ་རྗེ་རྒྱལ་མཚན། ཆུས་པ་དར་མ་བརྩོན་འགྲུས། ཆུས་པ་དར་མ་སེང་གེ །རོག་ཤེས་རབ་འོད། ཐམས་ཅད་མཁྱེན་པ་བསོད་ནམས་དཔལ། རྒྱལ་སྲས་ཀུན་དགའ་སྐུ་མཆེད། རྒྱ་སྟོན་སྨོན་ལམ་ཤེས་རབ། ཀུན་མཁྱེན་སྐུ་མཆེད། རྒྱ་སྒོམ་རྡོ་རྗེ་གདན་པ། བྱང་སེམས་སྦྱིན་པ་རྒྱ་མཚོ། སྐུ་གསུམ་བདེ་ཆེན་ལྷུན་གྲུབ། མཁས་གྲུབ་ནམ་མཁའ་བཟང་པོ། འཇམ་དབྱངས་དཔལ་འབྱོར་ལྷུན་གྲུབ། ཁྱབ་བདག་དཔལ་འབྱོར་ཕུན་ཚོགས། ཀུན་སྤངས་བཀྲ་ཤིས་བཟང་པོ། རྗེ་བཙུན་བློ་གྲོས་བརྟན་པ། དེས་བདག་དྷརྨ་ཤྲཱི་ལའོ། །གཉིས་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ། དང་པོ་ལ་བཞི། དང་པོ་ཐར་ལམ་རྒྱུད་ལ་སྐྱེ་བའི་གོ་ཚེ་འདི་དང་འཁོར་བའི་ཞེན་འཁྲིས་ཀྱིས་བཀག་པ་ཡིན་པས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་འབྲས་སྨིན་ཚུལ་བསམ་པ་རྣམས་རྒྱུད་ལ་མྱོང་བ་སྐྱེས་སྐྱེས་སུ་སྒོམ་དུ་གཞུག །གཉིས་པ་གདམས་ངག་རྒྱུད་ལ་འཆར་བའི་གོ་ལས་ཀྱི་སྒྲིབ་པས་བཀག་པ་ཡིན་པས། དེ་སྦྱོང་བའི་ཕྱིར། སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་སྤྱི་བོར་པད་ཟླ་ལ་བཅོམ་ལྡན་འདས་མི་འཁྲུགས་པ་སྔོན་པོ་གཡས་ས་གནོན་དང་གཡོན་མཉམ་བཞག་གི་སྟེང་རྡོ་རྗེ་འཛིན་པ་ཚངས་པར་སྤྱོད་པའི་ཆས་ཅན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་ལས་འོད་ཟེར་འཕྲོས་པས་རང་གཞན་སེམས་ཅན་གྱི་ལས་སྒྲིབ་ཐམས་ཅད་སྦྱངས་བར་བསམ་ནས་ཀཾ་ཀ་ནིའི་བཟླས་པ་ཅི་ནུས་བྱས་མཐར་ལྷ་རང་ལ་བསྟིམ་མོ། །གསུམ་པ་ཉམས་དང་རྟོགས་པ་འཆར་བའི་གོ་དམ་ཚིག་ཉམས་ཆག་གིས་བཀག་པ་ཡིན་པས་དེ་སྦྱང་བའི་ཕྱིར་སྤྱི་བོར་པད་ཟླ་ལ་བླ་མ་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཅན། ཞབས་གཡས་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཧཱུྃ་ཡིག་དཀར་པོ། དེ་ལས་བདུད་རྩི་དཀར་པོའི་རྒྱུན་ཞབས་གཡས་པའི་མཐེ་བོང་ལས་བབས་པ་ཚངས་བུག་ནས་ཞུགས་ལུས་ཀྱི་ཕྱི་ནང་ཐམས་ཅད་ན་མར་ཤམ་ཤམ་སོང་བས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བཤང་གཅིའི་ལམ་དང་རྐང་སེན་ནས་ཉིལ་ཉིལ་སྦྱངས་པས་མཐར་ལུས་ནང་ཤེལ་སྒོང་ཕྱིས་པ་ལྟར་


MLP014_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བསམ་ལ། ཡིག་བརྒྱ་ཅི་ནུས་བཟླས་རྗེས་སྤྱི་བོའི་རྡོ་རྗེ་སེམས་དཔའ་རང་ལ་བསྟིམ་མོ། །བཞི་པ་ངེས་ཤེས་དང་བྱིན་རླབས་འཇུག་པའི་གོ་བླ་མ་ལ་ཚད་མར་མ་བཟུང་བས་བཀག་པ་ཡིན་པས། སྐྱབས་འགྲོ་དང་གསོལ་འདེབས་བྱ་སྟེ། རང་གི་སྤྱི་བོར་རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་རྗེ་བཙུན་དམ་པ་རྒྱ་གར་བ་ཞལ་འཛུམ་བག་དང་ལྡན་པ། དེའི་སྤྱི་བོར་འཇམ་དཔལ་སྨྲ་བའི་སེང་གེ །དེ་གཉིས་ཀའི་མཐའ་སྐོར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་ནམ་མཁའ་གང་བར་བསམ་ལ། རེ་ལྟོས་ལིང་བསྐྱུར་གྱི་མོས་གུས་དྲག་པོས། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་བླ་མ་རིན་པོ་ཆེ་མཁྱེན། བདག་ལ་རྟོགས་པ་མཆོག་ཏུ་གྱུར་པ་བསྐྱེད་དུ་གསོལ། ཞེན་འཁྲིས་མེད་པའི་ཕན་སེམས་དང་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། དག་པའི་སྣང་བ་སྣ་ཚོགས་འཆར་བར་མཛད་དུ་གསོལ། ཞེས་ཅི་ནུས་དང་། སྤྲོ་ན། ན་མོ་གུ་རུ། གནས་བྱ་རྒོད་ཕུང་པོའི་རི་བོ་རུ། ཞེས་སོགས་བརྒྱུད་འདེབས་ཀྱང་འདོན་ཞིང་། དེ་ལྟར་གསོལ་བ་བཏབ་པས་དེ་རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་དཀར་པོ་བྱུང་བ་རང་གི་སྤྱི་བོ་ནས་ཐིམ་པས་སྡིག་སྒྲིབ་ཐམས་ཅད་དག །བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། མཐར་རྟེན་རྣམས་ཚད་མེད་པའི་ཐུགས་རྗེས་འོད་དུ་ལྟེམ་གྱིས་ཞུ་ནས་རང་གི་སྤྱི་བོ་ནས་མར་ཐིམ་པས་བྱིན་གྱིས་བརླབས་པར་བསམ་པའོ། །གཉིས་པ་དངོས་གཞི་ནི། རྗེ་བཙུན་དམ་པས་གྲུབ་ཐོབ་ལྔ་བཅུ་རྩ་ལྔའི་གདམས་པ་རྣམས་གནད་ལྔར་བསྡུས་ནས་གསུངས་པ་སྟེ། དེས་ན་འདི་ན་དཔེ་ལྔས་མཚོན་པའི་དོན་གྱི་གདམས་པ་ལྔ་ལས། དང་པོ་མཚན་ཉིད་སྒྲ་དང་རིག་པའི་བརྒྱུད་པ་བཅུ་གཉིས་ཀླུ་སྒྲུབ་ལ་བརྒྱུད་དེ་ནམ་མཁའ་ལྟ་བུའི་གདམས་ངག་ལ་འདུས་པས། འདི་ལ་བཞི་སྟེ། ཀུན་རྫོབ་ལ་སློབ་པ། དོན་དམ་ལ་སློབ་པ། ཟུང་འཇུག་ལ་སློབ་པ། དེ་ཡང་རབ་ཏུ་མི་གནས་པའོ། །དང་པོ་ནི། ལས་དང་པོ་པས་ཕྱི་ནང་གི་སྣང་བ་ལ་ཞེན་པ་ལྡོག་པའི་ཕྱིར་བསྒོམ་པ་སྟེ། དབེན་


MLP014_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་སུ་སྟན་བདེ་བ་ལ་རྐང་པ་རྡོར་སྐྱིལ་དང་ལག་པ་མཉམ་བཞག་སོགས་ཆོས་བདུན་ལྡན་གྱིས་ལུས་གནད་བཅས་ལ་ཕྱི་ནང་དུ་སྣང་བའི་དངོས་པོ་འདི་དག་སྣང་བ་ལྟར་བདེན་བདེན་འདྲ་བ་འདུག་ཀྱང་། རང་སེམས་ཀྱི་འཁྲུལ་སྣང་དུ་ཤར་བ་ལས། དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པས། རྨི་ལམ་དང་འདྲ་ཞེས་འདུན་པ་ཡང་ཡང་སྦྱངས། དེ་ལྟར་བསྒོམས་པས་ཉམས་མྱོང་ནི། སྣང་བ་ལ་བདེན་ཞེན་གྱི་བློ་ལོག་སྟེ། གཟུགས་སྣང་ཚད་ཆུ་ཟླ་ལྟ་བུ། སྒྲ་གྲག་ཚད་བྲག་ཆ་ལྟ་བུ། དྲི་ཚོར་ཚད་དྲི་ཟའི་གྲོང་ཁྱེར་ལྟ་བུ། རོ་མྱོང་ཚད་སྒྱུ་མའི་ཁ་ཟས་ལྟ་བུ། རེག་མྱོང་ཚད་རྨི་ལམ་གྱི་སྒེག་མོ་དང་འགྲོགས་པ་ལྟ་བུའི་ཉམས་འཆར་རོ། །གཉིས་པ་ནི། དེ་ལྟར་སྣང་བ་ལ་ཞེན་པ་ལོག་ནས་དོན་དམ་སྐྱེ་མེད་ལ་འདྲིས་པར་བྱ་བའི་ཕྱིར་སྒོམ་པ་སྟེ། ལུས་གནད་སྔར་ལྟར་ལས། རང་སེམས་ཀྱི་ངོ་བོ་ལ་ཆེར་གྱིས་བལྟས་ཤིང་བཙལ་བ་ན། དབྱིབས་ཁ་དོག་སོགས་ངོ་བོ་གང་དུ་ཡང་མ་གྲུབ་པས་སྐྱེ་མེད་དུ་ཐག་བཅད་ནས། གདོད་ནས་རྣམ་པར་དག་པའི་རིག་པ་སྤྲོས་མེད་འོད་གསལ་གྱི་ངང་དུ་ལྷན་གྱིས་བཞག་གོ །དེ་ལྟར་བཞག་ཙ་ན། རྣམ་རྟོག་གི་འགྱུ་བ་ཆད་ནས། རིག་པ་གསལ་དྭངས་མི་གཡོ་བར་གནས་ཏེ། མུན་ཁུང་དུའང་སྣང་བ་འཆར་བ་དང་། ལུས་ཀྱི་རྩ་རྣམས་མཐོང་བ་དང་། རིག་པ་གང་ལའང་ཐོགས་པ་མེད་པ་འབྱུང་ཞིང་བྱིང་རྒོད་མེད་པར་ཡེ་རེ་སེང་ངེ་གནས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་ལུགས་སུ་སྐྱེའོ། །གསུམ་པ་ནི། རིག་པ་ལ་བཟླ་བའི་ཕྱིར་སྒོམ་པ་སྟེ། སྣང་བའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྣང་ཙམ་ཉིད་ན་རང་བཞིན་གྱིས་སྟོངས་པའི་ཕྱིར། ཀུན་རྫོབ་སྒྱུ་མ་ལྟ་བུ་དང་དོན་དམ་སྤྲོས་བྲལ་གཉིས་སོ་སོ་ཐ་མི་དད་པར་ཟུང་འཇུག་ཏུ་ཐག་བཅད་དེ་སྒོམ་མོ། །བཞི་པ་ནི། ཟུང་འཇུག་དེ་ཀའི་རང་ངོ་ལ་བལྟས་པས་གཏད་མེད་དུ་ཡལ་ནས་ཅི་ཡང་མ་མཐོང་བའི་བློའི་བྱ་བྱེད་ཡིད་ཀྱི་འགྲོ་འོང་ཆད་ནས་ཁས་ལེན་ཐམས་ཅད་དང་བྲལ་བའི་ངང་ལ་སོ་མར་འཇོག་པ་སྟེ། དབུ་མ་རབ་ཏུ་མི་གནས་པའོ། །གཉིས་པ་ཕ་རྒྱུད་བྱིན་རླབས་རླུང་གི་བརྒྱུད་པ་བཅུ་གཅིག་བུདྡྷ་ཛྙཱ་ན་ནས་བརྒྱུད་དེ་རྡོ་རྗེ་ལྟ་བུའི་གདམས་ངག་ཏུ་འདུས་པས། འདི་ལ་བཞི་སྟེ། ལུས་ཀྱི་འཁྲུལ་འཁོར་གྱིས་རླུང་


MLP014_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ། རྡོ་རྗེའི་བཟླས་པས་རླུང་བཟུང་བ། སེམས་ལ་གཏད་པས་རླུང་བཟུང་བ། དེ་ཡང་འོད་གསལ་དྲི་མ་མེད་པའོ། །དང་པོ་ནི། སྟན་བདེ་བ་ལ་རྐང་པ་རྡོར་སྐྱིལ། སྒལ་ཚིག་དྲང་པོར་བསྲངས། ལག་གཉིས་གཉའ་གོང་དུ་བཞག་ལ་སོག་པ་སྣ་སྤྲད། ཐོང་ཀ་སྒྱེད་ཅིང་མགོ་བཀུག་ལ་མནན། མིག་སྣ་རྩེར་ཕབ་ལ་ཉྭ་བཞི་བསྒྲིམས་པས་རླུང་རང་ཤུགས་ལ་ཟིན་པའོ། །གཉིས་པ་ནི། རང་ལུས་རྡོ་རྗེ་རྩེ་གསུམ་པ་སྦུབས་སྟོང་དུ་སྒོམ་པའི་ལྟེ་བར་རིག་པ་ཧཱུྃ་ཡིག་ཡུངས་འབྲུ་ཙམ་གཅིག་གསལ་བཏབ་རླུང་བུམ་པ་ཅན་དང་སྦྱར་ཏེ་རླུང་ཕྱིར་འཕང་བའི་ཚེ་ཧཱུྃ་ཡིག་དེ་རྡོ་རྗེ་མས་སྣའི་ལམ་ནས་མར་སོང་བས་རླུང་གི་དུག་དབྱུང་། རླུང་ནང་དུ་རྔུབ་པའི་ཚེ་རླུང་དེ་ཚངས་པའི་བུ་ག་ནས་ཡར་སོང་བས་ཡེ་ཤེས་ཀྱི་མཐོང་ཕྱེ་བའོ། །གསུམ་པ་ནི། རླུང་ནང་དུ་གནས་པའི་ཚེ་ཧཱུྃ་ཡིག་ལྟེ་བར་གནས་པ་ལ་སེམས་གཏད་དེ་བདེ་ལྷན་ནེའི་ངང་ལ་རིག་པ་སྐྱེ་མེད་དུ་སེང་ངེ་ཧྲིག་གེ་གཏད་དེ་སྒོམ་མོ། །བཞི་པ་ནི། དེ་ལྟར་ཡུན་ཇེ་རིང་དུ་གོམས་པས་རླུང་ཟིན་པའི་རྟགས་སུ། ས་རླུང་ཟིན་པས་མིག་སྒྱུ་ལྟ་བུ། ཆུ་རླུང་ཟིན་པས་དུ་བ་ལྟ་བུ། རླུང་གི་རླུང་ཟིན་པས་མར་མེ་ལྟ་བུ། ནམ་མཁའི་རླུང་ཟིན་པས་སྤྲིན་དང་མཁའ་སྣང་ལྟ་བུ་འབྱུང་སྟེ། འོད་གསལ་དྲི་མ་མེད་པའི་སྣང་བའོ། །གསུམ་པ་མ་རྒྱུད་བདེ་བ་ཉམས་ཀྱི་བརྒྱུད་པ་བཅུ་གཅིག་མཚོ་སྐྱེས་ནས་བརྒྱུད་དེ་པདྨ་ལྟ་བུའི་གདམས་ངག་ཏུ་འདུས་པས། འདི་ལ་བཞི་སྟེ། འོག་གི་བདེ་བ་སྦར་བ། སྟེང་གི་བདེ་བ་འཛག་པ། བསྐྱིལ་བཟློག་དགྲམ་གསུམ་གྱི་མན་ངག །དེ་ལ་སྐྱོན་གྱིས་མ་གོས་པའོ། །དང་པོ་ནི། སྟན་བདེ་བ་ལ་རྐང་པ་པད་སྐྱིལ་བཅའ། སྒལ་ཚིག་བསྲངས་ཏེ་སྐེད་པ་མཐེབ་མཛུབ་གཉིས་ཀྱིས་བསྡམས་ལ་སོར་མོ་བརྒྱད་ཀྱིས་ལྟེ་བའི་འོག་ཏུ་བཙིར། རང་ཉིད་གཤིན་རྗེའི་གཤེད་དུ་གསལ་བའི་ལུས་ཀྱི་དབུས་སུ་རྩ་གསུམ་བསྒོམས་པའི་དབུ་མའི་མས་སྣར་ཨ་ཤད་དམར་པོ་མེའི་རང་བཞིན། དེ་ནས་སྟེང་རླུང་མནན་རྩ་བཞི་སྒྲིམ་ལ་འོག་སྒོ་འབྱེད་འཛུམ་གྱིས་བདེ་བ་ནང་དུ་རྔུབ། དེས་ཙཎྜ་ལཱི་འབར་བས་རླུང་མེའི་དྲོད་ཅན་ཨ་བ་དྷུ་ཏི་ནས་ཡར་ཞུགས་ནས་ལུས་བདེ་དྲོད་དུ་འབར་བའོ། །གཉིས་པ་ནི། དངོས་རིག་གམ་ཡིད་རིག་


MLP014_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་ཡུམ་རྣལ་འབྱོར་མར་སྒོམ་པའི་ཐབས་ཤེས་ཀྱི་མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་ནས། གཏུམ་མོ་འབར་བའི་དྲོད་ཀྱིས་དབུ་མའི་ཡས་སྣ་ན་ཧཾ་ཡིག་བདུད་རྩིའི་རང་བཞིན་ཅན་གནས་པ་ཞུ་བའི་བྱང་སེམས་ཀྱི་རྒྱུན་འཛག་པས་བདེ་བའི་ཉམས་སྐྱེས་པའོ། །གསུམ་པ་ནི། བསྐྱིལ་བའི་ཐབས་ལ་མཁས་པ་བ་མོའི་ནུ་མ་ལྟ་བུ་སྟེ། ལུས་ཀྱི་ཀ་ར་ཎ་བཅིང་བ་ཞེས་མིག་གྱེན་ལ་ལྡོག །སྟེང་རླུང་བསལ་ཏེ་ལྟོ་བ་ཚིགས་པ་ལ་སྦྱར། ཡན་ལག་བཞི་བསྐུམ། ལྕེ་དྲིལ། འོག་རླུང་དྲག་ཏུ་གློད་ཅིང་། དབུ་མའི་སྤྱན་ལ་སེམས་བཟུང་ངོ་། །དེ་ནས་ལྡོག་པའི་ཐབས་ལ་མཁས་པ་ལྕགས་སྦུབས་ཀྱིས་ཆུ་འདྲེན་པ་ལྟ་བུ་ནི། དཔྱངས་ཐག་ཁོངས་འདྲེན་གྱི་རླུང་གནད་དང་འགྱུར་བཞིས་དྲང་ངོས། དགྲམ་པའི་ཐབས་ལ་མཁས་པ་དཔག་བསམ་གྱི་ཤིང་རྒྱས་པ་ལྟ་བུ་ནི། སེང་གེ་རྣམ་རོལ་གྱིས་ཁྱབ་པར་དགྲམ་མོ། །མཐར་བསྟིམ་པའི་ཐབས་ལ་མཁས་པ་མཁའ་ལ་སྤྲིན་དེངས་པ་ལྟ་བུ་ནི། བུམ་པ་ཅན་འགའ་ཞིག་སྒོམ་ཞིང་རྣམ་པར་མི་རྟོག་པའི་ངང་ལ་བཞག་པས་རླུང་གི་ཡོན་ཏན་སེམས་ལ་བསྟིམ་པའོ། །བཞི་པ་ནི། དེ་ལྟ་བུའི་ཐབས་ཀྱིས་ཟིན་ན་དངོས་རིག་བསྟེན་ཀྱང་འཁོར་བའི་སྐྱོན་གྱིས་མི་གོས་ཏེ། པདྨ་འདམ་ལ་གནས་ཀྱང་དེའི་སྐྱོན་གྱིས་མི་གོས་པ་བཞིན་ནོ། །བཞི་པ་ཕྱག་རྒྱ་ཆེན་པོ་བརྡའི་བརྒྱུད་པ་བཅུ་གཅིག་པ་ས་ར་ཧ་ནས་བརྒྱུད་དེ་བདུད་རྩི་ལྟ་བུའི་གདམས་ངག་འདུས་པས་འདི་ལ་བཞི་སྟེ། བརྡ་དབང་བསྐུར་བ། བརྡ་ངོ་སྤྲོད་པ། བརྡ་ལམ་དུ་ཁྱེར་བ། མ་སྐྱེས་པའི་འགྲེང་གཏམ་ཚིག་གཅིག་གོ །དང་པོ་ནི། ས་ཕྱོགས་དབེན་པར་སློབ་མ་རྣམས་མདུན་དུ་བཞག་ནས། མཎྜལ་སྔོན་འགྲོས་ལུས་གནད་བསྲངས་ཏེ། ལྟ་སྟངས་མི་འགྱུར་བས་རླུང་དང་ཤེས་པ་སོ་མར་གློད་དུ་བཅུག་ལ། བླ་མས་ཏིང་ངེ་འཛིན་གྱི་ངར་དང་ལྡན་པས། རྩ་བའི་སྤྱོད་ལམ་བཞི་པ་ཡན་ལག་ལྔ་ལྔ་ཕྱེ་བའི་བརྡ་ཉི་ཤུ་བསྒྱུར་ཏེ་རྡོར་སྐྱིལ། ཕྱེད་སྐྱིལ། ཙོག་པུ། བསྙེས་ཐབས། རྒྱལ་པོ་རོལ་པའི་འདུག་སྟངས་ཏེ་འདུག་པ་ལྔ། གཡས་ཉལ། གཡོན་ཉལ། གན་རྐྱལ། ཁ་སྦུབས། མགོ་བསྟུམས་ཏེ་ཉལ་


MLP014_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྔ། ལངས་ཀ། ཕྱེད་ལངས། ལངས་པ། གོས་གྱོན་པ། ལས་ཀ་བྱེད་པ་སྟེ་འཆག་པ་ལྔ། འགྲོ་བ། འགྲོ་འཕྲོ་ལ་འཆམས་པ། རྒྱུག་པ། རྒྱུག་འཕྲོ་ལ་འཆམས་པ། ངལ་གསོ་བ་སྟེ་འགྲོ་བ་ལྔ། དེ་ལྟར་ཉི་ཤུ་བསྒྱུར་བས་སྐལ་ལྡན་རྣམས་ལ་ཡེ་ཤེས་ཕེབས་པ་དང་ཤེས་རབ་ཟིན་པ་འོང་ངོ་། །གཉིས་པ་ནི། འདུག་པའི་བརྡ་ལྔ་མཉམ་བཞག་ལ་ངོ་སྤྲད་དེ། དེ་ལ་ཕྱིར་བཅུད་པ་ནི། སྒོ་ལྔའི་ཡུལ་དུ་གང་ཤར་ལ་ཆེ་རེ་བལྟས་ཏེ་དུས་གསུམ་གྱི་ཤེས་པ་བཅད་ནས་ཤེས་པ་སྐད་ཅིག་མ་དྭངས་སང་ངེ་བའི་ངང་ལ་བཞག་གོ །ནང་དུ་བཅུད་པ་ནི། རྣམ་རྟོག་ཕྲ་རགས་ཅི་སྐྱེས་དེ་ཀ་ཧྲིལ་གྱིས་སྒྲིམ་ལ་ཡེར་གྱིས་བཟུང་ནས་ཧྲིག་གེ་རྗེན་ནེ་པའི་ངང་ལ་དྭངས་སང་ངེ་སོ་མར་བཞག་གོ །སོར་བཞག་པ་ནི། རིག་པ་ཅུང་ཟད་དུབ་པ་དང་ལུས་གློད། དབུགས་འདོན་ཤེས་པ་ལྷོད་དེ་ཤིགས་སེ་གཟུང་འཛིན་དང་བྲལ་བ་བཞག་གོ །དེ་ལྟར་མཉམ་བཞག་གསུམ་ཉམས་སུ་བླངས་པས་བོགས་ཆུང་ན། ལུས་བསྒུལ་བ་དང་། ངག་ཧཱུྃ་དང་ཕཊ་བརྗོད་པའི་ལྕག་གཉིས་གདབ་སྟེ་གསལ་:བརྡོ་༼བདོ༽བ་ལ་བཤིག་པས་ཡུལ་རང་སྟོང་དང་། སེམས་ཉིད་རིག་སྟོང་དུ་ཤར་ནས་སྟོང་གསལ་བདེ་བའི་ཉམས་འཆར་རོ། །ཉལ་བའི་བརྡ་ལྔ་བསམ་གཏན་གཉིད་དང་བསྲེ་བ་སྟེ། མཚན་མོ་རྨི་ལམ་དུ་སྲོང་བའི་འདུན་པས་ཨ་ཡིག་ལ་སེམས་གཏད་དེ་ཉལ་བས་གཉིད་འོད་གསལ་དང་རྨི་ལམ་སྒྱུ་མར་འཆར་རོ། །འགྲོ་བའི་བརྡ་ལྔ་རྗེས་ཐོབ་དང་དེ་ཡང་འཆག་པའི་བརྡ་ལྔས་རོ་སྙོམས་ལ་ངོ་སྤྲད་དེ། འདི་ལ་གསུམ་ལས། སྙིང་པོ་བློས་མ་རིག་པའི་བརྡ་ནི། མཉམ་བཞག་གི་ཉམས་དེ་ད་དུང་བློ་ཡིན་པ་སྲིད་པས། དེ་བཤིག་ནས་རང་སོར་ལྷན་གྱིས་བཞག་ནས་བལྟས་པས། སྣང་བ་རང་སྟོང་། ཤེས་པ་རང་དག །སྣང་རིག་གཉིས་ཀ་རང་གྲོལ་དུ་སོང་ནས་རོ་སྙོམས་པའོ། །དོན་སྐྱེ་མེད་ཀྱི་བརྡ་ནི། དེའི་དུས་ན་སྤང་བྱ་རྟོག་པ་དང་། བསྒྲུབ་བྱ་ཡེ་ཤེས་གཉིས་ཀ་ལ་མ་རྙེད་དེ་རང་བཞིན་སྐྱེ་བ་མེད་པའོ། །མ་ཡེངས་པ་དྲི་མ་མེད་པའི་བརྡ་ནི། ཉམས་དེ་ལས་ཕྱིར་ལྟས་ལ་སྐད་ཅིག་ཀྱང་མ་ཤོར་ལ། བསྒོམ་བྱའི་བསྒྲུབ་བྱ་རྡུལ་ཙམ་ཡང་མེད་པའི་བློ་བྲལ་ཆུ་བོའི་གཞུང་ལྟ་བུ་རྗེས་ཐོབ་ཀྱི་གནས་སྐབས་ཀུན་ཏུ་ལམ་དུ་ཁྱེར་བའོ། །གསུམ་པ་ནི། སྤྱོད་ལམ་བཞི་དང་ཉམས་


MLP014_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་རྗེས་གཉིས་མི་འབྲལ་བར་ཡུལ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་དང་ལུང་མ་བསྟན་གསུམ་ཀ་ལ་དབང་པོ་བཅོལ་ནས་ཉམས་སུ་ལེན་པའོ། །བཞི་པ་ནི། བླ་མས་ཕྱག་མཛུབ་ནམ་མཁའ་ལ་སྦྲེངས་ཏེ། མ་ཡེངས་ཤིག །བརྡ་ཡོང་ངོ་ཞེས་བྱས་པས། སློབ་མའི་ཤེས་པ་ཅི་ལ་མི་བྱེད་པའི་ངང་དུ་ཅོན་ནེ་གནས་པ་དེ་ཀ་ཕྱག་རྒྱ་ཆེན་པོ་ཡིན་ནོ། །མ་ཡེངས་པར་དེ་ཀ་ངོས་བཟུང་ལ་སྐྱོངས་ཤིག་ཅེས་གདབ་བོ། །ལྔ་པ་མཁའ་འགྲོའི་བརྡ་དང་ཡེ་ཤེས་ཀྱི་བརྒྱུད་པ་བཅུ་གཅིག་ཡི་དམ་ལྷ་ནས་བརྒྱུད་དེ་འཁོར་ལོ་ལྟ་བུའི་གདམས་ངག་ཏུ་འདུས་པས། འདི་ལ་བཞི་སྟེ། མདའ་ལྟར་བསྲིང་བ། ཐོག་ལྟར་དབབ་པ། འཁོར་ལོ་ལྟར་བསྐོར་བ། མར་མེ་ལྟར་བཞག་པའོ། །དང་པོ་ནི། སྟན་བདེ་བ་ལ་རྐང་པ་རྡོར་སྐྱིལ་རྐེད་པ་བསྲངས། མིག་གྱེན་ལ་ལྡོག་སྟེ་ཤེས་པ་ཁར་འཕངས་ལ། རིག་པ་མདའ་ལྟར་བསྲིངས་ཏེ་རྒྱང་ངེ་ཆོད་དེ་རྟེན་མེད་དུ་བཞག་གོ །གཉིས་པ་ནི། དེ་ལས་འཕྲོ་ན་མིག་ཐུར་དུ་ཕབ། རིག་པ་ལྟེ་བའི་ནང་ལོག་ཙམ་དུ་སེང་ཡེར་གྱི་སྐྱེ་མེད་དུ་ངོ་སྤྲད་ལ་མཉམ་པར་བཞག་གོ །གསུམ་པ་ནི། དེས་བྱིང་ན། རིག་རྩལ་སྦྱོང་སྟེ། ནམ་མཁའ་ཙམ་དུ་སྐོར། ཡུངས་འབྲུ་ཙམ་དུ་བསྡུ། ཡར་རྒྱང་མར་རྒྱང་འཁོར་ལོ་ལྟར་དྲག་ཏུ་བསྐོར་རོ། །བཞི་པ་ནི། དེ་ལྟར་བཅུད་པས་རིག་ཐངས་ཕྱི་ནས་སོ་མར་སིང་ངེ་གནས་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་བཞག །དེ་ཡང་ཤེས་པ་སྔ་སོར་མ་ཤོར། ཕྱི་སོར་མ་འཕྱམས། ད་ལྟའི་རིག་པ་སྐད་ཅིག་མ་དྭངས་སིང་ངེ་བ་འདི་ཉིད་སྙིང་ཐད་ཙམ་དུ་ཡེར་གྱིས་གསལ་ངར་དང་བཅས་ཏེ་བཞག་པས་ལས་སུ་རུང་སྟེ། དེ་ཙ་ན་རྩ་བ་མཐོང་བ། དམིགས་པ་གསལ་བ། རྣོ་ལ་འཁྱུག་པ། བཏང་སར་འགྲོ། བཞག་སར་སྡོད། དགོས་དུས་སླེབ། གནད་དུ་ཚུད། བཀོལ་དུ་བཏུབ། རིག་པ་ལ་བྱན་ཚུད། སེམས་ལ་དབང་ཐོབ་སྟེ་མཆོག་ཏུ་གྱུར་པའི་ཡེ་ཤེས་གྲུབ་ནས། དེ་ལས་སྐུ་བཞིའི་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་བོ་གསུང་། གསུམ་པ་རྗེས་ལ། འཕྲོས་དོན་བར་དོའི་གདམས་པ་དང་། སྤྱིའི་སྤྱོད་འབྲས་བསྟན་པའོ། །དང་པོ་ནི། སྣང་བ་སྒྱུ་མའི་བར་དོ་ལ་དེ་ལྟར་ཉམས་སུ་བླངས་པས། རྨི་ལམ་བག་


MLP014_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱི་བར་དོ་ལ་རྟགས་འཆར། དེ་ཤར་ནས་འཆི་ཁ་སྡུག་བསྔལ་གྱི་བར་དོ་ལ་རྩལ་འབྱོངས། དེ་འབྱོངས་ན་སྲིད་པ་འཁྲུལ་པའི་བར་དོ་ལ་གྲོལ་ངེས་སོ། །གྲོལ་ལུགས་ནི། གང་གི་མཉམ་བཞག་གི་ཉམས་ཀྱིས་ཉོན་སྒྲིབ་དག་ནས་བདེན་ཞེན་གྱི་འཁྲུལ་པ་མེད་དེ། དེའི་གནད་ཀྱིས་ཁམས་གསུམ་ལས་འདས། རྗེས་ཐོབ་ཀྱི་ཉམས་ཀྱིས་ཤེས་སྒྲིབ་དག་ནས་སྣང་བ་ཙམ་གྱིས་འཁྲུལ་པ་མེད། དེའི་གནད་ཀས་ས་བཅུ་ལས་འདས་ནས་ཆོས་སྐུ་སྐྱེ་མེད་མངོན་སུམ་དུ་བྱེད་པར་འགྱུར་རོ། །གཉིས་པ་ལ་གྲོགས་སྤྱོད་པ་བསྟན་པ་དང་། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྟན་པའོ། །དང་པོ་ནི། སྡོམ་པ་གསུམ་གྱི་སྤྱོད་པ་དུས་ཚོད་དང་འབྲེལ་བར་སྤྱད་པས་བྱ་སྟེ། སོ་ཐར་གྱི་བསླབ་བྱ་གཞན་གནོད་གཞི་བཅས་སྤང་བ། བྱང་སྡོམ་གྱི་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞིས་གཞན་དོན་ལ་སྤྱོད་པ། སྔགས་སྡོམ་གྱི་བླ་མ་ལ་སངས་རྒྱས་དངོས་སུ་བལྟ་ཞིང་མ་དག་པའི་སྣང་ཞེན་ཐམས་ཅད་དག་པ་རབ་འབྱམས་སུ་བསྒྱུར་བ་ལ་བསླབ་པའོ། །གཉིས་པ་ནི། གནས་སྐབས་སུ་རྟོག་པ་སྤང་བླང་རོ་སྙོམས། གདོན་ཕོ་མོ་ལ་ཐོག་བརྫིས། ནད་འདུ་བ་བཞི་ལ་དབང་བསྒྱུར། མཚན་རྟོག་གིས་ཅིས་ཀྱང་མི་གནོད་པར་ཡེ་ཤེས་སྐྱེ་བའི་གྲོགས་བྱེད་པའོ། །མཐར་ཐུག་རང་དོན་དུ་ཆོས་སྐུ་ཐོབ་ནས། གཞན་དོན་དུ་གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་ནུས་པ་འབྱུང་བར་འགྱུར་རོ། །ཞི་བྱེད་ཀྱི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ལས། བཀའ་བབས་དང་པོ་སྒྲོལ་མ་གསུམ་གྱི་ཁྲིད་ཡིག་རྩ་བའི་ཡིག་རྙིང་ཇི་ལྟ་བ་ལ་ཞལ་ཤེས་ཀྱིས་བརྒྱན་ཏེ་བཤད་པའི་ལེ་ཚན་ནོ། །དར་རྒྱས་འཕེལ། ༈ ༀ་སྭ་སྟི། བཀའ་བབས་བར་པ་ལ་རྨ་སོ་ཀམ་གསུམ་ལས། དང་པོ་རྨའི་ཕྱག་རྒྱ་ཆེན་པོ་སྙན་བརྒྱུད་ཀྱི་གདམས་ངག་ཅེས་གྲགས་པའི་ཁྲིད་ལ། བླ་བརྒྱུད་དང་དེ་ལས་བྱུང་བའི་གདམས་པའོ། །དང་པོ་ནི། རྡོ་རྗེ་འཆང་། འཇམ་དབྱངས་སྨྲ་སེང་། རྗེ་དམ་པ་རྒྱ་གར། རྨ་


MLP014_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཆོས་ཀྱི་ཤེས་རབ། སོག་པོ་མདོ་སྡེ་གྲགས། གྲུབ་ཐོབ་རྒྱལ་བ་ཏེ་ནེ། རོག་ཤེས་རབ་འོད། ཞིག་པོ་ཉི་མ་སེང་གེ །ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་མན་ཆད་བཀའ་བབས་དང་པོ་ལྟར་རོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་ལ་སྦྱོར་དངོས་གཉིས་ལས། དང་པོ་ནི། ཚེ་འདི་དང་འཁོར་བ་ལ་བློ་ལྡོག་པའི་ཐབས་ཀྱིས་ཐར་ལམ་རྒྱུད་ལ་སྐྱེ་བའི་གཞི་ཐེངས་པར་བྱས་ནས། ལམ་གྱི་རྨང་རྡོ་སྐྱབས་སེམས་དང་བསག་སྦྱང་གི་ཁྲིད་ཅི་རིགས་སྙོམ་ཞིང་། ཁྱད་པར་བླ་མའི་རྣལ་འབྱོར་གྱི་དུས། ན་མོ་གུ་རུ། འོག་མིན་ཆོས་དབྱིངས་ཕོ་བྲང་དུ་སོགས་གསོལ་འདེབས་ཀྱང་འདོན་ནོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། དོན་གྱི་བརྒྱུད་པ་ལ་བརྟེན་ནས་ངོ་སྤྲད་པ་ལག་ཁྲིད་བཅུ་དྲུག་དང་། ཚིག་གི་བརྒྱུད་པ་ལ་བརྟེན་ནས་སྒྲོ་འདོགས་གཅོད་བྱེད་གནད་ཆེན་བཅུ་དྲུག་གོ །དང་པོ་ལ་ལྔ་སྟེ། བཅུད་ཀྱི་གདམས་པ་བཞིས་རང་རིག་པའི་ཡེ་ཤེས་ངོས་བཟུང་བ། ཐུན་གྱི་གདམས་པ་བཞིས་སྲང་དུ་གཞུག་པ། རྩལ་སྦྱང་བཞིས་བོགས་འདོན་པ། སོར་བཞག་གཉིས་ཀྱིས་ཕྱག་རྒྱ་ཆེན་པོ་ངོས་བཟུང་བ། ལ་ཟླ་བ་གཉིས་ཀྱིས་སྒོམ་དུ་མེད་པར་གཏན་ལ་དབབ་པའོ། །དང་པོ་ལ་བཞི་སྟེ། མཚན་བཅས། མཚན་མེད། ཤིན་ཏུ་མཚན་མེད། ལ་བཟླ་ནམ་མཁའ་ལམ་ཁྱེར་ལ་བཅུད་པའོ། །དང་པོ་མཚན་བཅས་ལ་བཅུད་པ་ལུས་ངག་སེམས་གསུམ་ལས། ལུས་བཅུད་ལ་བོར་བ། རྐང་པ་རྡོར་སྐྱིལ། ལག་པ་མཉམ་བཞགསྒལ་ཚིགས་བསྲང་། མགྲིན་པ་དགུ། ལྕེ་ཡར་རྐན་ལ་སྦྱར། མཆུ་དང་སོ་རང་མལ་དུ་འཇོག་སྟེ། ཆོས་བདུན་བཅས་ལ་སེམས་ནང་དུ་གཞུག་པའོ། །ངག་བཅུད་ལ་བོར་བ་ནི། སྟེང་རླུང་མནན། འོག་རླུང་འཐེན། ངག་གི་འགྱུ་བ་བཅད་པའོ། །སེམས་བཅུད་ལ་བོར་བ་ནི། ལུས་སེམས་གྲིམ་གྱིས་སྒྲིམ་ལ་ཤུགས་འདོན། ཞེས་ཤེས་པ་གཞི་ཐོག་ནས་ཡར་གྱིས་བསླང་། མིག་གི་དབང་པོ་མ་འགུལ་བར་ཧྲིག་གེ་སྒྲིག །གང་ལ་སེམས་འཛིན་པ་དེ་ལ་སློབ་ཀྱིས་བཞག་གོ །དེ་ཡང་དམིགས་རྟེན་ཕྱི་ནང་གཉིས་ལས། ཕྱི་ནི་དང་པོ་སློབ་པའི་དུས་སུ་བླ་མ་དང་


MLP014_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་རྟེན་ལ་བཅུད་རེ་བྱ་ཞིང་། ལམ་དུ་ཁྱེར་དུས་དམིགས་རྟེན་གང་རུང་ལ་བཅུད་དོ། །ནང་ནི་སྙིང་དཀར་ནག་གི་མཚམས་སུ་ཐིག་ལེ་ཡུངས་འབྲུ་ཙམ་ལ་དམིགས་པ་གཏད་ནས་བཅུད་དོ། །དེ་ཡང་སེམས་འཛིན་:རྡོ་༼བདོ་༽བ་ལ་ཤིགས་ཀྱིས་བཤིག་ལ་སྒོམ་བློ་བསམ་གཏན་གྱི་གཉེན་པོ་ཞིག་པས་རིག་པ་གཅེར་བུ་བློ་བྲལ་ཕྱག་རྒྱ་ཆེན་པོར་ངོ་སྤྲོད། དེས་སོ་སྐྱེའི་དངོས་ཞེན་དང་ཉན་རང་གཟུང་འཛིན་དོན་དམ་དུ་འཛིན་པ་གཅོད་དོ། །གཉིས་པ་མཚན་མེད་ལ་བཅུད་པ་ལའང་ལུས་ངག་སེམས་གསུམ་ལས་ལུས་བཅུད་པ་ནི། ནཱ་རོའི་ཆོས་བཞི་སྟེ། གླིང་བཞི་བསྡུ། རྒྱ་མཚོ་རི་རབ་ལ་སྦྱར། ལྕེ་དར་ཁུགས་སུ་གཞུག །བྱ་རྒོད་ཟུང་གཅིག་ནམ་མཁའ་ལ་སྤར་བའོ། །ངག་བཅུད་པ་ནི། འོག་རླུང་འཐེན། སྟེང་རླུང་མནན། འགྱུ་བ་རྦད་ཀྱིས་བཅད་པའོ། །སེམས་བཅུད་པ་ནི། གྲིམས་ཀྱིས་བསྒྲིམས། ཡེར་གྱིས་བསླང་། ཧྲིག་གིས་སྒྲིག །སྤོབ་ཀྱིས་བཞག །དེའང་བར་སྣང་སྟོང་པ་གཞུ་གང་ཙམ་དུ་རིག་པ་གཏད་ལ་སེམས་བཟུང་། གསལ་:རྡོ་༼བདོ་༽བ་ལ་ཤིག་གི་ངེས་ཤེས་བསྐྱེད་ཅིང་ངོ་སྤྲོད། དེས་སེམས་ཙམ་པ་རང་རིག་ཙམ་དུ་འཛིན་པ་གཅོད་དོ། །གསུམ་པ་ཤིན་ཏུ་མཚན་མེད་ལ་བཅུད་པ་ལའང་གསུམ་ལས། ལུས་བཅུད་པ་ནི། ཐབ་འགལ་གྱི་འདུག་སྟངས་ཏེ། རྐང་པའི་ལོང་རྩ་བསྣོལ་ལ་སྙིང་རྩ་མནན། མཐེ་བོང་བཀུག་པའི་ཁུ་ཚུར་གཉིས་མཆན་འོག་ཏུ་བཅུག་ལ་སྙིང་གི་ཨ་སོ་མནན། གྲུ་མོ་གཉིས་ཀྱིས་བརླའི་རྩ་བོ་ཆེ་གཉིས་མནན་ཏེ། ལུས་ཐབ་འགལ་བཅས་པས་རྩ་སྒོ་ཆེན་པོ་བཞི་ཕྱི་ནང་གཉིས་སུ་གནས་པའི་ཕྱིར་རླུང་དང་རྟོག་པའི་རྒྱུ་ལམ་གཅོད་པའོ། །ངག་བཅུད་པ་ནི། འོག་རླུང་འཐེན། སྟེང་རླུང་མནན། སྣ་བུག་གཡས་ནས་རླུང་རྔུབ་པ་མཆིལ་མའི་རྟ་ལ་བསྐོན་ཏེ་མིད། འགྱུ་བ་རྦད་ཀྱིས་བཅད་དོ། །དེ་ནི་དཔྱངས་རྡོ་ཐུར་ལ་སྐྱུར་བའི་གནད་ཡིན་ནོ། །སེམས་བཅུད་པ་ནི། ལུས་སེམས་གྲིམས་ཀྱིས་བསྒྲིམས་ལ། ཕཊ་ཅེས་རིག་པ་གཞི་ཐོག་ནས་ཡེར་གྱིས་བསླང་། མིག་འབྲས་མ་འགུལ་བར་ཧྲིག་གེ་སྒྲིག །རིག་པ་འདིར་གཏད་ཀྱི་ཡུལ་མེད་པར་སྤོབ་ཀྱིས་བཞག །གསལ་:རྡོ་༼བདོ་༽བ་ལ་བཤིག །ངེས་ཤེས་བསྐྱེད་ཅིང་ངོ་སྤྲད། དེ་དབུ་མ་པ་སྟོང་པ་ཙམ་དུ་ཞེན་ཅིང་འཛིན་པ་


MLP014_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་དོ། །བཞི་པ་ལ་བཟླ་ནམ་མཁའ་ལམ་ཁྱེར་ལ་བཅུད་པ་ནི། རླུང་དང་ཉི་ཟེར་གྱི་ཕྱོགས་སུ་ཁ་མི་བལྟ་བར་ལུས་གནད་ཅི་བདེར་འདུག །འདི་གཞི་ལམ་འབྲས་གསུམ་གྱི་ངོ་སྤྲོད་ཡིན་པས། གཞི་ནམ་མཁའ་ལ་འདུས་བྱས་འདུས་མ་བྱས་གཉིས་ལས་འདིར་འདུས་མ་བྱས་ཀྱི་ནམ་མཁའ་སྟེ། གཞི་འདུས་མ་བྱས་ཡིན་པས། ཕྱོགས་ཐམས་ཅད་དུ་བཙལ་བས་མ་རྙེད། སེམས་ཀྱི་གཞི་རྟེན་མེད་དུ་སོང་བའོ། །དེས་སེམས་ཉིད་ངོས་བཟུང་ལས་འདས་པར་རྟོགས། ལམ་རིག་པ་ནི། འཚོལ་མཁན་གྱི་རིག་པ་དེ་ཉིད་རྩད་བཅད་པས། ཅིར་ཡང་མ་གྲུབ་པར་མཐོང་སྟེ། འདི་ཞེས་བལྟས་པས་མ་མཐོང་། བཙལ་བས་མ་རྙེད་དེ། ངོས་བཟུང་མེད་པར་རྟོགས་པའོ། །འབྲས་བུ་རིག་པ་དང་ནམ་མཁའ་གཉིས་སུ་མེད་པ་ནི། རྟེན་མེད་ཀྱི་རིག་པ་དེ་གཞི་མེད་ཀྱི་ནམ་མཁའ་ལ་ཕཊ་ཅེས་རྒྱངས་ཀྱིས་བསྐྱུར་བས། གཉིས་སུ་མེད་པའི་ནམ་མཁའ་དང་འདྲེས་ཏེ། ཕྱེ་བས་མ་ཕྱེད། ཕྲལ་བས་མ་ཕྲོལ། གཞི་མེད་ཀྱི་ནམ་མཁའ་ལ་རྟེན་མ་བྱས་པས། རིག་མེད་ཀྱི་ནམ་མཁའ་ལ་བརྟེན་པ་མ་བཅོལ། གཉིས་མེད་ཀྱི་ནམ་མཁའ་ལམ་དུ་ཁྱེར་བས། ཆོས་ཐམས་ཅད་མཁའ་དཀྱིལ་ལྟར་མི་བསྒོམ་པའི་ཤེས་པ་རྟེན་མེད་དུ་འཆར་ཏེ། བསམ་གྱིས་མི་ཁྱབ་པ། རང་བྱུང་གི་ཡེ་ཤེས་འདུས་མ་བྱས་པའོ། །དེ་ལ་སྒོམ་མི་བསྒོམ་མེད། མཉམ་རྗེས་མེད། བྱས་མ་བྱས་མེད། བདེ་སྡུག་མེད། དགག་སྒྲུབ་མེད། བླང་དོར་མེད། རྩལ་གྱིས་བོགས་འདོན་དུ་མེད། ཉམས་རྟོགས་མེད། ཐུན་བཅུད་མེད། སེམས་བསྐྱེད་དང་ཁ་འཐོར་མེད། ཐམས་ཅད་དེའི་ནང་དུ་འདུས་པས་གྲུབ་མཐའི་མིང་འདོགས་དང་ཁས་ལེན་ཐམས་ཅད་མེད། དེ་ཙམ་ན་ཆོས་ཐམས་ཅད་ཞིག་པས་ཉམས་སུ་ལེན་མ་ཤེས། གང་ཟག་གི་བཅོས་མ་ཞིག །འདུ་ཤེས་ཀྱི་དྲན་པ་གཏོར། ད་སངས་རྒྱས་ལ་དོགས་པ་མི་གདའ། ཉམས་སུ་བླང་རྒྱུ་ཅི་ཡང་མི་གདའ། ཐ་མལ་ཡེངས་ཐོག་ཏུ་ཡེངས་ཀྱང་ཐབས་དྲག་པོས་བཅུད་མི་དགོས། དྲན་པ་ཙམ་གྱིས་རྩ་རྙེད་པའོ། །འདི་དང་འཆི་ཁ་བར་དོ་གསུམ་དུ་ལ་ཟློས་པས་ཕྱི་མར་ལུས་མི་ལེན། ད་འཁོར་བ་ལ་དོགས་པ་མེད། སངས་རྒྱས་ལ་རེ་འདོད་མེད། གང་ལའང་འདོད་པ་མེད་པར་རྟོགས་པས། སེམས་བསྐྱེད་དང་། སྟོང་


MLP014_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་དང་ཁ་འཐོར་དང་ཁར་འཕོག་ཐམས་ཅད་ཀྱང་རྩ་བ་དེར་འདུས། རོ་བརྒྱ་བཤལ་གཅིག་གིས་བཤལ། བྱ་བརྒྱ་འུར་རྡོ་གཅིག་གིས་དེད། དེ་ལྟར་རྩ་བ་གཅིག་ཏུ་སྡུད་ཤེས་པ་ནི། ཕ་འདྲའི་བུ། རྗེ་འདྲའི་འབངས། ས་བོན་འདྲ་བའི་མྱུ་གུ། སྔ་མ་གཤེགས་པ་ཕྱི་མའི་ལམ་ཡིན་གསུང་ངོ་། །དེ་ལྟར་ངོ་སྤྲོད་པའི་ཚེ། སྤྲད་བྱའི་གང་ཟག་འབྱུང་ལུས་དར་བ་ལ། ངར་འདོགས་རྩལ་གྱིས་གནད་ནས་བསྐུལ་ཏེ། བཅུད་དང་རྩལ་སྦྱོང་དྲག་པོ་ལ་གཞུག །ལུས་གུད་པ་ལ་གནས་ལུགས་རང་སོའི་གནད་ནས་བསྐུལ་ཏེ། སེམས་བསྐྱེད་ལ་བརྟེན་ནས་འཇམ་དྭངས་ཀྱིས་ངོ་སྤྲད། དྲན་རྟོག་རྒོད་ན་དམིགས་པ་གཅིག་ལ་དྲིལ་ཏེ། ངོ་སྤྲོད་སྣ་ཁ་མང་པོ་སྤངས་ནས་གཅིག་ལ་འཇུན་དུ་གཞུག །དམན་རྨོངས་གླེན་བླུན་ལ་ངེས་ཤེས་གཅིག་གིས་བསྐྱེད་དེ་སྤྲོས་པ་མང་པོ་མི་འཆད་པར་ཚིག་ཉུང་ངུས་ངོ་སྤྲད་ཐོས་བསམ་གྱིས་ཤེས་རབ་ཅན་རྣམས་སྣ་ཚོགས་ལམ་དུ་བཅུད་དེ། ཁོ་རང་གིས་ཤེས་པའི་ཚིག་ལ་བརྟེན་ནས་ངོ་སྤྲད། སྒོམ་ཆེན་པ་ལ་ཁོ་རང་སྔར་གོམས་ཀྱི་ཐོག་ཏུ་འཇུན་དུ་བཅུག་ལ། དེའི་གཉེན་པོ་བཤིག་པའི་རྗེས་ལ་ངོ་སྤྲད། སྡིག་པོ་ཆེ་ལ་བློ་ངོས་འབྲེལ་མེད་དུ་བསྟན་ཏེ། རིག་པ་གཅེར་བུ་ལ་དགེ་སྡིག་གིས་མ་གོས་པར་ངོ་སྤྲོད་དོ། །དེ་རྣམས་ཀྱི་བཅུད་ཀྱི་རང་རིག་ཡེ་ཤེས་ངོས་བཟུང་བ་ཞེས་བྱ་སྟེ། རྟ་རྒོད་འདུལ་བ། སེམས་རྒོད་འཇུན་པ། སྒྲིམ་སྒྲིམ་ནས་ཀློད་པ། བཀང་བཀང་ནས་འཕེན་པའི་གནད་ཡིན་ནོ། །གཉིས་པ་ཐུན་གྱིས་ཏིང་འཛིན་སྲང་དུ་གཞུག་པ་ལ་བཞི་ལས། དང་པོ་མཉམ་བཞག་རྩ་བ་ཟིན་༼ན་༽ཐུན་རིང་པོར་ཁྲིད་པ་ནི་ཟིན་རྟགས་དབང་པོ་ཟུང་ཐུབ། བཞིན་མདངས་གསལ། གོས་ཀྱི་ཆག་འདར་ན་མཉམ་བཞག་གནད་དུ་ཚུད་པ་ཡིན་པས་ཐུན་རིང་དུ་ཁྲིད་ལ་ངོ་སྤྲད་དོ། །གཉིས་པ་རྩ་བ་མ་ཟིན་ན་ཐུན་ཐུང་ངུར་ཁྲིད་པ་ནི། རྟགས་དེ་གསུམ་མ་བྱུང་བར་མི་འགུལ་སྣ་བུག་གཡོན་མཉམ་བཞག་མ་ཆུན་པས་བཤིག་ཀྱང་རྗེས་མི་མཐོང་སྟེ། ཐུན་ཐུང་ངུར་བཅད་ནས་ཁྲིད་དེ་དྲག་ཏུ་སྒྲིམ་ཞིང་མྱུར་དུ་གློད་དོ། །གསུམ་པ་སྤྱོད་ལམ་གྱི་དུས་སུ་ཐུན་དུམ་བུར་ཁྱེར་བ་ནི། འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་རྩ་བའི་ཉམས་དྲན་པས་


MLP014_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། ཕཊ་ཅེས་དུམ་བུར་བཅུད་ཀྱིན་རྗེན་རྟེན་མེད་དུ་ཁྱེར་ལ་སྤྱོད་ལམ་བྱའོ། །བཞི་པ་རྩལ་འབྱོངས་ནས་ཐུན་རྒྱུན་པར་ཁྱེར་བ་ནི། རྩ་བ་འབྱོངས། གཉེན་པོ་ཞིག །མཉམ་བཞག་འདྲེས་པའི་ཚེ་བཅུད་དང་རྩལ་སྦྱོང་ཐུན་དུ་གཞུག་མི་དགོས་ཏེ། མ་བཅོས་པའི་རང་ཉམས་ལ་རྒྱུན་པར་གནས་སོ། །དྲན་པས་ཟིན་ཙམ་ལས་བྱར་མེད། གལ་ཏེ་ཡེངས་ཀྱང་ཐབས་ཀྱིས་བཅུད་མི་དགོས་ཏེ། དྲན་པ་ཟིན་ཙམ་གྱིས་རྩ་བ་རྙེད་ནས་འོང་ངོ་། །དེ་ལྟར་ཐུན་དུ་འཇུག་པའི་ཚེ་ན། གསལ་:རྡོ་༼བདོ་༽བ་ལ་བཤིག །བཟང་:རྡོ་༼བདོ་༽བ་ལ་འཕྲོ་བཅད། འབད་:རྡོ་༼བདོ་༽བ་ལ་སྤྱོད་ལམ་དང་བསྲེ། གནས་པ་རྒྱུན་མི་བསྲིང་། ཉམས་ལེན་དུམ་བུར་ཁྱེར། རྗེས་ཐོབ་རྟེན་མེད་དུ་བསྐྱང་བར་བྱའོ། །གསུམ་པ་རྩལ་སྦྱོང་གིས་བོགས་འདོན་པ་ལའང་བཞི་ལས་དང་པོར་ཡར་རྩལ་སྦྱོང་བ་ནི། གཟུགས་དང་གཟུགས་མེད་ཀྱི་ཁམས་སུ་རིག་པ་འཕངས་ཏེ་རྩལ་སྦྱངས་ལྷ་གནས་ཐམས་ཅད་ལམ་ལམ་གསལ་བཏབ་ཅིང་བཅུད། རྗེས་གཉེན་པོས་བཤིག །དེས་མཐོ་རིས་ཀྱི་བདེ་བ་ལ་མི་ཞེན་ཏེ། ལྷ་ཡི་ལོངས་སྤྱོད་རྣམས་རང་བཞིན་སྤྲོས་བྲལ་དུ་འཆར་བའོ། །གཉིས་པ་མར་རྩལ་སྦྱང་བ་ནི། ངན་སོང་གསུམ་གསལ་བཏབ་ལ་རིག་པ་དཀྲུག་ཅིང་རྩལ་སྦྱང་། རྗེས་གཉེན་པོ་བཤིག །དེས་ངན་སོང་གི་སྡུག་བསྔལ་རྣམས་རང་བཞིན་སྤྲོས་བྲལ་རྟོགས་པས་ཉམས་མི་ང་བའོ། །གསུམ་པ་རིག་པ་ཕྱོགས་བཞི་མཚམས་བརྒྱད་དུ་རྩལ་སྦྱངས་པ་ནི། རིག་པ་སྐད་ཅིག་ཀྱང་མི་གནས་པར་ཡུལ་སྣ་ཚོགས་ལ་རྒྱུག་ཏུ་བཅུག་ཅིང་། རྗེས་གཉེན་པོ་བཤིག །དེས་མཚན་ཉིད་བསམ་མི་ཁྱབ་ཀྱི་ཉམས་སྐྱེ་བས་ཡུལ་སྣང་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པའོ། །བཞི་པ་རིག་པ་རྗེན་པར་རྩལ་སྦྱང་བ་ནི། རིག་པ་འདིར་གཏད་མེད་པར་ཡུལ་མེད་དུ་དཀྲུག །དམིགས་མེད་དུ་བསྒུལ་བའོ། །དེས་ཀྱང་རྩ་བ་མ་ཟིན་ན་རིག་པ་འཇུར་བཅད་པ་ལ་བཞི་ལས། སོ་གཟུག་པ་ནི། དར་ཅིག་བར་སྣང་སྟོང་པ་ལ་བཅུད་དོ། །དེ་ནས་གདོང་བཟློག་པ་ནི། འདིར་གཏད་མེད་པར་དྲག་ཏུ་བཀྲུག་གོ །དེ་ནས་བྱུང་ས་གདབ་པ་ནི། རིག་པ་ནམ་མཁའི་མཐའ་དང་མཉམ་པར་ཐང་གིས་རྒྱང་ངོ་། །དེའི་ངང་ལ་བློ་གོ་ར་


MLP014_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདའ་བ་ནི། ཤིགས་ཀྱིས་འཇོག་པའོ། །དེ་དག་གིས་ཕྱག་རྒྱ་ཆེན་པོའི་རླུང་ཐོག་བབས་སུ་ཚུད་པས་གཉུག་མའི་དོན་རྗེན་པར་རྟོགས་པའོ། །དེ་རྣམས་ནི་མཉམ་བཞག་ཏུ་རྩལ་སྦྱང་པའོ། །དེ་རྗེས་ཐོབ་ཏུ་རྩལ་སྦྱང་བ་ལ། གཞི་ལམ་འབྲས་གསུམ་ལས། གཞི་ངར་དང་བཅས་པ་ནི། དུས་གནས་ཐམས་ཅད་དུ་རིག་པ་ངར་དང་བཅས་པ། མདངས་དང་བཅས་པ། ཧྲིག་ཆགས་པར་བྱའོ། །ལམ་རྩལ་དང་བཅས་པ་ནི། འགྲོ་འདུག་ཉལ་སད་གང་གི་ཚེ་ཡང་རིག་པའི་ངར་མ་ཤོར་བར་བྱ། རིག་པ་གཡེར་ཞིང་དཀྲུག་པ་དར་རླུང་གིས་བསྐྱོད་པ་ལྟར་རོ། །འབྲས་བུ་བྱིན་རླབས་ཐུགས་རྗེ་རྣོ་ངར་དང་བཅས་པ་ནི། དམིགས་པ་རྣོན་པོ་མཚོན་ཆ་ལྟ་བུས། ནད་དང་གདོན་ཉོན་མོངས་པ་དང་རྣམ་རྟོག་གང་ལ་གཏད་པ་ཐམས་ཅད་རང་སར་གྲོལ་ཏེ་རང་བཞིན་སྤྲོས་བྲལ་དུ་ལྷག་ལྷག་འཆར་བས་ཡུལ་ལམ་དུ་ལོངས་ནས་གྲོགས་སུ་ཤར་བ་ཡིན་ནོ། །བཞི་པ་སོར་བཞག་དང་། ལྔ་པ་ལ་ཟླ་གཉིས་གཉིས་ཏེ་ཐུན་མོང་དུ་ཆོས་བཞི་ལས། དང་པོ་ཆུན་སར་འཇུག་པ་ནི། མཉམ་བཞག་ཏུ་བཅུད་ཀྱིས་ཆུན་པ་གལ་ཆེ་སྟེ། མ་ཆུན་ན་བཤིག་ཀྱང་རྗེས་མི་གསལ། གལ་ཏེ་བཅུད་ཀྱིས་རིག་པ་མ་ཆུན་ན་རྩལ་སྦྱོང་གིས་འཇུན་ཞིང་། ཆུན་ནས་ཀྱང་ཉམས་བོགས་དབྱུང་བའི་ཕྱིར་རྩལ་སྦྱང་ངོ་། །དེ་ལྟར་བཅུད་དང་རྩལ་སྦྱོང་གི་སེམས་རྒོད་འདུལ་བ་ནི། བཀང་བཀང་ནས་འཕེན་པའམ། སྒྲིམ་སྒྲིམ་ནས་གློད་པ་ལྟ་བུ་ཡིན་གསུང་ངོ་། །གཉིས་པ་ཤིགས་སར་བཤིགས་པ་ནི། བཅུད་དང་རྩལ་སྦྱོང་གི་འབར་:རྡོ་༼བདོ་༽བ་ལ་ཤིགས་ཀྱིས་བཤིག་པ་ཡིན་ནོ། །མཉམ་བཞག་གི་གཉེན་པོར་ཆགས་ན་སྒོམ་ཉམས་ཀྱིས་བཅིངས་ནས་གཤིས་མི་མཐོང་བས། ལུས་ཀྱི་རྩོལ་བ་འཁྲུལ་འཁོར་བཤིག །ངག་གི་རྩོལ་བ་ཕཊ་ཅེས་བཤིག །སེམས་ཀྱི་རྩོལ་བ་ལྷོད་ཀྱིས་ཀློད། ཤིགས་ཀྱིས་བཤིགས་ལ། བློ་བྲལ་རྟེན་མེད་དུ་བཞག་གོ །གསུམ་པ་ངོས་འཛིན་པ་ནི། གཉེན་པོ་བཤིགས་པའི་ཤུལ་དུ་རྗེས་ངོས་འཛིན་པ་ཡིན་ཏེ། འདིས་བཅུད་དང་རྩལ་སྦྱོང་གི་རྗེས་ཐམས་ཅད་དུ་ངོ་སྤྲོད་དོ། །དེ་ཡང་སྒོམ་བློ་བསམ་གཏན་གྱི་གཉེན་པོ་ཤིགས་ཀྱིས་བཤིགས་པའི་ཤུལ་དུ། འདས་པའི་


MLP014_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་གྱི་རིག་པ་སད་དེ། ལྷོད་དེ་བ། རང་དྭངས་སུ་རྗེན་ནེ་བ་འདི་རང་ཡིན་གསུང་ངོ་། །དེ་ཡང་ངོ་བོ་རིག་པ། རང་བཞིན་གསལ་བ། མཚན་ཉིད་བློ་བྲལ། རྗེན་པ། གཅེར་བུར་གནས་པ། འགྱུ་བ་ཆད་ནས་ཅི་སེམས་ཆ་མེད་པ། འདུས་མ་བྱས་ཀྱི་རིག་པ་མཁའ་དཀྱིལ་ལྟ་བུ། ཡིད་འགྱུ་བ་དང་བྲལ་བའི་སྒོམ་དུ་མེད་པ་དེ་ངོས་ཟིན་པའོ། །ལར་སྐབས་འདིར་དྲི་མ། རྣམ་པ། རྩ་བ་གསུམ་ངོས་ཟིན་དགོས་པས། དྲི་མ་ནི། ངན་རྟོག་སེམས་ཅན་གྱི་བློ་སྟེ། དེ་རྩལ་སྦྱོང་གིས་གཅོད། རྟོག་པ་གང་སྐྱེས་པ་བཅུད་པའོ། །རྣམ་པ་ནི། དེ་ལྟར་བཅུད་ཅིང་རྩལ་སྦྱོང་བའི་རྗེས་སུ་བཟང་རྟོག་ཉམས་ལ་ཞེན་ནས་སྟོང་མི་ཕོད་པ་སྟེ། དེ་ལས་ཕཊ་ཅེས་གཉེན་པོ་ཡང་གཞིག་གི་གདམས་པས་བཤིག་ལ་བློ་བྲལ་དུ་བཞག་གོ །རྩ་བ་ནི། ལྟ་སྒོམ་དང་ཉམས་མྱོང་གང་ལའང་ཕཊ་ཅེས་རིག་པ་རྗེན་པ་རྟེན་མེད་དུ་བཞག་སྟེ། དེས་ནི་རྩ་བའམ། གཤིས་སམ་ཡིན་ལུགས་ངོས་ཟིན་པའོ། །བཞི་པ་ལ་ཟློ་བ་ནི། སྔར་བསྟན་པའི་ནམ་མཁའ་ལམ་ཁྱེར་གྱི་བཅུད་ཀྱིས་འདིར་ངོ་སྤྲད་ལ། དེ་ཡང་ལ་བཟླ་བ་ལ་གསུམ། བཤིག་པ་ལ་བཟླ་བ་ནི། ཉམས་ཀྱི་ལ་བཟླ་སྟེ། མྱོང་བློ་ཐམས་ཅད་བཤིག་ལ་བཞག །གདམས་པས་ལ་བཟླ་བ་ནི། ནམ་མཁའ་ལམ་ཁྱེར་ཏེ། འདིར་ངོ་སྤྲད། རྟོག་པས་ལ་བཟླ་བ་ནི། རྩ་བའི་དོན་ལྟ་བུ་དེ་རྟོགས་ནས་དེ་ལས་མ་རྟོགས་པའི། ཡར་སངས་རྒྱས་ལ་འཐོབ་རྒྱུ་དང་མར་འཁོར་བར་ལྟུང་ས་མེད། ཡིད་ལ་བྱ་བའི་ཆོས་ཤིག་ཆེད་དུ་བྱས་པའི་ཐ་སྙད་གཏོར། འདུ་ཤེས་ཤིག །དྲན་པ་གཏོར། རྩ་བ་བྲལ། གཉེན་པོ་འགྱེལ། བློ་ཟད་ཆོས་ཟད་གཞི་ལ་སྤྲོས་པ་དང་བྲལ་བས་རྩ་བ་མེད། རྩ་བ་དམིགས་པ་དང་བྲལ་བས་སྒོམ་པ་མེད། དོན་དུ་རྣམ་པ་དང་བྲལ་བས་ཉམས་མྱོང་མེད། འཁྲུལ་མེད་རང་སར་གྲོལ་བས་རྗེས་ཐོབ་མེད། ཁ་ཡན་གོ་བྲལ། བློ་བྲལ། རྟེན་འབྲེལ་དུ་རྟོགས་པའོ། །དེ་ལྟར་ངོ་སྤྲད་པའི་འདི་སྐད་ཅེས་གདམས་ཏེ། མཉམ་བཞག་མ་ཆུན་པར་རྗེས་ཐོབ་ལ་ངོ་མི་སྤྲད། རྩལ་མ་འབྱོངས་པར་ལམ་ལ་མི་སྦྱར། ཐུན་དུ་མ་ཚུད་པར་བླ་མ་དང་མི་འབྲལ། ངོས་མ་ཟིན་གྱི་བར་ཁྲིད་འཕྲོ་མི་བཅད། རྟོགས་ཚོད་མ་སྐྱེས་ཀྱི་བར་དུ་ལ་མི་བཟླ། ཉམས་མ་རྫོགས་


MLP014_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་ཡི་གེ་མི་བསྟན། ཁྲིད་བྱེད་དུས་གཞུང་མི་བཤད། སློབ་དཔོན་མི་བྱེད་པ་ལ་གདམས་པའི་ཚད་མ་སྦྱིན་ཅིག །ཅེས་གསུངས་སོ། །དེ་རྣམས་ཀྱིས་དོན་རྒྱུད་ལ་བརྟེན་ནས་ལག་ཁྲིད་བཅུ་དྲུག་གིས་ངོ་སྤྲོད་པ་གདམས་ཚར་རོ། །གཉིས་པ་ཚིག་གི་བརྒྱུད་པ་ལ་བརྟེན་ནས་གནད་བཅུ་དྲུག་གིས་སྒྲོ་འདོགས་གཅོད་པ་ལ་དོན་ལྔ་སྟེ། སེམས་བསྐྱེད་ལམ་ཁྱེར་གྱིས་སེམས་ལམ་དུ་ཁྱེར་བ། སྟོང་ཐུན་གྱིས་གཞི་བཅའ་བ། ཁ་འཐོར་གྱི་དོན་གྱིས་མདོ་བཟུང་བ། ཁར་ཕོག་སྣར་ཕོག་གིས་གཏན་ལ་དབབ་པ། ཐ་མ་ཐ་རྒྱས་གཉིས་སུ་ཟླ་བའོ། །དང་པོ་ལ་བཞི་ལས། ལྟ་ཡུལ་ཤེས་པ་ནི། འཁྲུལ་མ་འཁྲུལ་གཉིས་ལ་བལྟ་བའོ། །ལྟ་ཐབས་ཤེས་པ་ནི་དེ་གཉིས་ཀྱི་སྟེང་དུ་ཐོག་བབས་སུ་བལྟ་བའོ། །མཐོང་ཚད་ཤེས་པ་ནི། ལྟ་བ་མཚན་ཉིད་བཞི་ལྡན་དུ་མཐོང་བའོ། །དཔེ་དང་ཕན་ཡོན་ཤེས་པ་ནི། དཔེ་ནོར་བུ་ཆུ་དྭངས་ལྟ་བུ་དང་། ཕན་ཡོན་སྒྱུ་མ་རྣམ་དག་ཏུ་གྲོལ་བའོ། །གཉིས་པ་ལ་བཞི་ལས། ཡོད་པའི་ཡོད་ལུགས་ནི། སེམས་ཉིད་གཉུག་མའི་དོན་དེ་ཐམས་ཅད་ལ་ཁྱབ་པར་ཡོད་པའོ། །ཡིན་པའི་ཡིན་ལུགས་ནི། ཅི་ཡང་མ་ཡིན་པས། ཅིར་ཡང་ཁས་བླང་དུ་མེད་པའོ། །སྣང་བའི་སྣང་ལུགས་ནི། རྟོགས་མ་རྟོགས་ཀྱིས་བྱེད་པས་འཁོར་འདས་གཉིས་སུ་སྣང་བའོ། །རྟོགས་པའི་རྟོགས་ལུགས་ནི། འཁོར་འདས་སྤང་བླང་མེད་པར་རྟོགས་པའོ། །གསུམ་པ་ལ་བཞི་ལས། ཤེས་བྱ་གཞི་མེད་ནི། གཤིས་གཞི་མེད་མཐའ་བྲལ་དུ་གནས་པའོ། །ངོ་བོ་རྟེན་མེད་ནི། བཅུད་དང་རྩལ་སྦྱོང་གི་ངོ་སྤྲད་པའི་རྗེས་བློ་བྲལ་རྟེན་མེད་དོ། །ཉམས་མྱོང་འགྱུར་མེད་ནི། རྗེས་ཤེས་སངས་རྒྱས་ཀྱི་ཐུགས་མཐོང་བས་ཉམས་མྱོང་ལ་འགྱུར་བ་མེད་པའོ། །མཚན་མ་རང་གྲོལ་ནི། སྣང་བ་ཐ་མལ་གྱི་རྟོག་པ་གང་སྐྱེས་རང་གྲོལ་བའོ། །བཞི་པ་ལ་བཞི་ལས། རང་སེམས་མགོ་མེད་མཇུག་མེད་ནི་སེམས་ཉིད་ངོས་བཟུང་མེད་པའོ། །རྣམ་རྟོག་བྲལ་མེད་འབྲང་༼མེད་༽ནི་སྣང་བ་ཐུག་མལ་གྱི་རྟོག་པ་གོ་རིམ་མེད་པར་


MLP014_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའོ། །གདམས་པ་ཁར་ཕོག་སྣར་ཕོག་ནི་རྟོག་པ་གང་སྐྱེས་ཀྱི་སྟེང་དུ་བཅུད་པའོ། །འཕོས་འགྱེལ་དུ་གཏོང་བའི་ལག་ལེན་ནི། དེས་རྟོག་པ་ཐམས་ཅད་ཆོས་ཉིད་དུ་འགྲོ་བའོ། །ལྔ་པ་མཐའ་རྒྱས་གཉིས་སུ་ལ་བཟླ་བ་ནི། ཁ་འཐོར་གྱི་ཁོངས་སུ་གཏོགས་ཀྱི་གནས་ལོགས་སུ་བགྲང་དུ་མེད་དོ། །རྨའི་ལག་ཁྲིད་ཚིག་བརྒྱུད་ཀྱི་གནད་དང་བཅས་པའི་ཁྲིད་ཡིག་རོག་བདེ་གཤེགས་ཆེན་པོའི་ཡི་གེ་ལྟར་ཟིན་ཐུན་དུ་བྱས་པ་དར་རྒྱས་འཕེལ། ༈ ༀ་སྭ་སྟི། བཀའ་བབས་བར་པའི་ནང་ཚན་གཉིས་པ་སོ་རིག་པ་གཅེར་མཐོང་གི་ཁྲིད་ལ། བླ་མ་བརྒྱུད་པའི་རིམ་པ་དང་། དེ་ལས་བྱུང་བའི་གདམས་པའོ། །དང་པོ་ནི། འཇམ་དཔལ་སྨྲ་སེང་། བིར་ཝ་པ། ཨཱཪྱ་དེ་བ། རྗེ་བཙུན་དམ་པ་སངས་རྒྱས། སོ་དགེ་འདུན་འབར། ཤ་མི་སྨོན་ལམ་འབར། འཁྲུལ་ཞིག་མེས་སྟོན་ནམ། ཡང་ན། ཤ་མི་ནས་ཆུས་པ་དར་བརྩོན། ཆུས་པ་བརྩོན་སེང་། དེ་དང་མེས་སྟོན་གྱིས་རོག་ཤེས་རབ་འོད། དེ་ནས་ཆོས་རྗེ་ཐམས་ཅད་མཁྱེན་པ་སོགས་བཀའ་བབས་དང་པོ་ལྟར་ལས། ཁྱབ་བདག་དཔལ་འབྱོར་ཕུན་ཚོགས་ལ། རྗེ་བློ་གྲོས་བརྟན་པས་གསན། དེ་ལས་བདག་གིས་ཐོབ། ཡང་སྐྱེས་མཆོག་པའི་ལུགས་ལྟར་ན། ཤ་མི་སྨོན་ལམ་འབར་ནས། ལྕེ་སྟོན་ཤེར་ཚུལ། བ་རི་སྒོམ་ཆེན། འཕྲང་ཁ་ཇོ་བཙུན། ཉང་པོ་བ་འབྱུང་གནས་ཡེ་ཤེས། སངས་རྒྱས་སྒོམ་པ། བྱང་ཆུབ་རྡོ་རྗེ། རྒྱ་བྲག་པ་ཡེ་ཤེས་གཞོན་ནུ། སྐྱེས་མཆོག་བསམ་གཏན་དཔལ། དེ་གཉིས་ཀས་སྨྲ་བཅད་པ་བསྟན་པའ་ིརྒྱལ་མཚན། དེས་ཀུན་མཁྱེན་བྱང་ཆུབ་བཟང་པོ། དེ་ནས་རྒྱ་སྒོམ་རྡོ་རྗེ་གདན་པ་མན་ཆད་འདྲའོ། །གཉིས་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི། དང་པོ་ལ་ཚོགས་བསགས། སྐྱབས་འགྲོ། མི་རྟག་སེམས་བསྐྱེད། བླ་མའི་རྣལ་འབྱོར། ཡི་དམ་གྱི་ལྷ་བསྒོམ་པ་དང་བཞིའོ། །མདུན་གྱི་ནམ་མཁར་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པའི་དབུས་སུ་སེང་ཁྲི་པད་ཉི་ཟླ་བའི་གདན་ལ་རྩ་བའི་བླ་མ་དང་། དབྱེར་མེད་


MLP014_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྗེ་བཙུན་དམ་པ་རྒྱ་གར་བ་གཅེར་བུ་རུས་པའི་རྒྱན་ཅན་རྡོར་དྲིལ་འཛིན་པ་གཟི་མདངས་རྒྱས་ལ་ཞལ་འཛུམ་པའི་ཉམས་དང་ལྡན་པ་དེའི་དབུ་ཐོག་ཏུ་འཇམ་དབྱངས་སྨྲ་སེང་དང་རྡོ་རྗེ་འཆང་། དམ་པའི་གཡས་སུ་བིར་ཝ་པ། གཡོན་དུ་ཨཱཪྱ་དེ་བ། མདུན་དུ་ཀླུ་སྒྲུབ། རྒྱབ་ཏུ་སུ་ཁ་སིདྡྷི། དེ་དག་གི་མཐའ་སྐོར་དུ་བརྒྱུད་པའི་བླ་མ། ཕྱོགས་བཅུའི་སངས་རྒྱས་དང་ཡི་དམ་བླ་མ། དམ་པའི་ཆོས་རྣམས་གླེགས་བམ་བརྩེགས་པའི་རྣམ་པ། དེ་མདུན་བྱང་སེམས་དང་ཉན་རང་འཕགས་པ། མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་བྱ་བྱེད་མཐུན་པར་འཁོད་པས་ཕྱི་ནང་གསང་བའི་མཆོད་པ་དངོས་འབྱོར་ཡིད་སྤྲུལ་དང་། བདག་པོས་བཟུང་མ་བཟུང་ཐམས་ཅད་བསྡུས་ཤིང་། ཁྱད་པར་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་བློས་བླངས་ནས་ཕུལ་བར་བསམ་ལ་མཆོད་པའི་ཚིག་ཅི་རིགས་པར་བརྗོད་ཅིང་ཁྱད་པར་མཎྜལ་ཕུལ་ནས། ཚོགས་ཞིང་དེ་དག་གི་སྤྱན་སྔར་ཅི་མཛད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་བསྐྱུར་གྱིས་རང་དང་སེམས་ཅན་ཐམས་ཅད་ཀྱིས་ཕྱི་ནང་གསང་བའི་སྐྱབས་འགྲོ་མགྲིན་གཅིག་ཏུ་བྱེད་པར་མོས་ལ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། དེང་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ་ལ་སྐྱབས་སུ་མཆིའོ། །ཞེས་བློ་དང་འདྲེས་ངེས་སུ་འབད་ནས། མཐར་སྐྱབས་ཡུལ་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་དཔག་མེད་བྱུང་། རང་གི་གནས་གསུམ་དུ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སྐྱབས་ཡུལ་རྣམས་ཀྱི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པའི་ངང་ལ་མཉམ་པར་བཞག་གོ །གཉིས་པ་ནི། རྗེ་དམ་པས་འཆི་བ་མི་རྟག་པ་བསམ་ཙ་ན་ཅི་ཡང་དགོས་པ་མི་གདའ། འཁོར་བའི་སྡུག་བསྔལ་བསམ་ཙ་ན་ཅི་ཡང་དགོས་པ་མི་གདའ། སེམས་ཅན་གྱི་འཁྲུལ་པ་ལ་བསམ་ཙ་ན་སྙིང་རྗེ་བཙན་ཐབས་སུ་སྐྱེ་བར་གདའ། ཞེས་གསུངས་པས་འདི་ལྟར་བསམ་


MLP014_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ག་རེ་བདག་གི་རྙེད་དཀའི་མི་ལུས་རིན་པོ་ཆེ་ཐོབ་ཏུ་ཟིན་ཀྱང་། སྐྱེས་པ་ན་འཆི་བ་ལས་མ་འདས། ཚེ་ཐར་དུ་ལུས་པ་ནི་སུ་ཡང་མི་འདུག་པས་ངེས་པར་འཆི། དེ་ཡང་འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བས་མྱུར་དུ་འཆི། ནམ་འཆི་ཆ་མེད་པས་དོ་ནུབ་ཤི་ན་ཅི་ཙུག་བྱེད། མི་འཆི་བའི་གདེང་ནི་མེད། ཤི་བའི་རྗེས་སུ་ལས་ཀྱི་དབང་གིས་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྐྱིད་མེད། དེས་ན་འཆི་བ་མི་རྟག་པ་དང་པོར་སྐྱེས་ན་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དྲན་ན་བརྩོན་འགྲུས་ཀྱི་ལྕག་བྱེད། ཐ་མར་དྲན་ན་མི་རྟག་པ་དྲན་པ་དང་ཆོས་ཉིད་དུ་གོ་བ་དུས་མཉམ་པ་ཡིན་གསུང་། དེ་ལྟར་འཆི་བ་མི་རྟག་པ་གཤའ་མ་ཞིག་དྲན་ན་སེམས་ཅན་ལ་སྙིང་རྗེ་བཅོས་མིན་དུ་སྐྱེ་སྟེ། མཁའ་ཁྱབ་ཀྱི་སེམས་ཅན་འདི་ཐམས་ཅད་ཀྱིས་བདག་གི་ཕ་མ་ལན་གྲངས་དཔག་ཏུ་མེད་པ་བྱས་པའི་དྲིན་ཅན་ཤ་སྟག་ཡིན་པ་ལ། འདི་ཐམས་ཅད་ཀྱང་འཆི་བ་མ་དྲན་པས། རང་རང་གི་ཚེ་འདི་ལྟོས་ཀྱི་འདུ་འཛི་ལ་གཡེངས་ནས། ཆོས་མི་དྲན་པ་འདི་དག་སྙིང་རེ་རྗེ། འདི་དག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ནས། བདེ་བ་དང་བདེ་བའི་རྒྱུ་ལ་བདག་ཉིད་ཀྱིས་འགོད། དེའི་ཆེད་དུ་བདག་གིས་དགེ་སྦྱོར་ལ་འབད་པར་བྱའོ་སྙམ་པས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་རིག་པ་དྲི་མ་མེད་པའི་དོན་བསྒོམ་པར་བྱའོ། །ཞེས་བརྗོད་ཅིང་དོན་བསམ་མོ། །གསུམ་པ་ནི། རྗེ་དམ་པས། གསོལ་བ་མོས་གུས་ཀྱིས་ཐོབ་ཅིག །བྱིན་རླབས་རང་འབར་དུ་འབྱུང་བའི་དགོས་པ་ཡོད། ཅེས་དང་། མོས་གུས་ཀྱིས་བྱིན་རླབས་ཆུན་ན་རྒྱུད་རང་གྲོལ་ལ་འགྲོ། ཞེས་དང་། བླ་མ་སངས་རྒྱས་སུ་མཐོང་བ་དང་བྱིན་རླབས་ཞུགས་པ་དུས་མཉམ་ཞེས་གསུངས་པས། རང་གི་སྤྱི་བོའི་ཐད་ཀྱི་མདུན་གྱི་ནམ་མཁར་སེང་ཁྲི་པད་ཉི་ཟླ་བའི་གདན་ལ་རང་གི་རྩ་བའི་བླ་མ་དེ་ཉིད་སྐུ་གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བ། སྐུ་གཟི་མདངས་རྒྱས་ཤིང་། ཞལ་འཛུམ་པ་དང་བཅས་པ། ཐུགས་འོད་གསལ་རྣམ་པར་མི་རྟོག་པའི་ངང་ནས་བྱིན་རླབས་འབད་རྩོལ་མེད་


MLP014_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྩོལ་བ་ཞིག་སྒོམ་ནས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྒྱུད་པའི་བླ་མ། སངས་རྒྱས་བྱང་སེམས། ཡི་དམ་ལྷ་ཚོགས། ཉན་རང་འཕགས་པ། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས་ནས་བསྟིམས་ཏེ། སྐྱབས་གནས་ཀུན་འདུས་སུ་བསྒོམ། དེ་ལ་རང་གིས་བྱང་དྲངས་ཏེ། སེམས་ཅན་ཐམས་ཅད་ཀྱིས་སྒོ་གསུམ་གུས་པས་ཅི་མཛད་ཁྱེད་ཤེས་ཀྱི་གསོལ་བ་འདེབས་པར་མོས་ལ། དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །རིག་པ་དྲི་མེད་དུ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ཅི་ནུས་དང་། སྤྲོ་ན། ན་མོ་གུ་རུ། བྲག་སེང་གེ་འདྲ་བའི་གནས་མཆོག་ཏུ། །ཞེས་སོགས་བརྒྱུད་འདེབས་ཀྱང་འདོན། མཐར་རྩ་བའི་བླ་མའི་གནས་གསུམ་ལས་འོད་ཟེར་དཔག་མེད་འཕྲོས། རང་གི་གནས་གསུམ་དུ་ཕོག་པས་སྡིག་སྒྲིབ་ཐམས་ཅད་དག །དབང་བཞི་ཐོབ། བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ་ཞིང་། བླ་མ་རང་ལ་བསྟིམས་ནས་འཛིན་མེད་བློ་བྲལ་གྱི་ངང་ལ་རང་ལུགས་སུ་མཉམ་པར་བཞག ། བཞི་པ་ནི། དམ་པས། རྒྱུད་མ་སྨིན་པའི་རྟེན་ལ་བྱིན་རླབས་ཀྱི་རྩི་མི་ཆགས་པས། ཐོག་མར་རྒྱུད་སྦྱོང་པ་འདི་ཌོམྦྷི་པའི་གདམས་ངག་ཡིན། ཞེས་དང་། རྒྱུད་ལ་ཚོགས་གཉིས་རྫོགས་པ་དང་། འབྲས་བུ་སྐུ་གསུམ་ཐོབ་པ་དུས་མཉམ། ཞེས་གསུངས་པས། འཇུག་སྒོའི་གཏོར་དབང་བསྐུར་ནས། སྟོང་པའི་ངང་ལས་པད་ཟླ་ལ་རང་ཉིད་ཇོ་བོ་སྤྱན་རས་གཟིགས་དཀར་པོ་ཕྱག་བཞི་པའི་རྣམ་པ་ཅན་དུ་བསྐྱེད་པ་ལ་ཡི་དམ་ཐམས་ཅད་སྤྱན་དྲངས་ལ་བསྟིམ། དབང་བསྐུར་བས་སྤྱི་བོར་རིགས་བདག་སྣང་བ་མཐའ་ཡས་རྩ་བའི་བླ་མ་དང་དབྱེར་མེད་སྒོམ། དེ་ཡང་རྣམ་པ་གསལ་ཞིང་ང་རྒྱལ་བརྟན་པས་བསོད་ནམས་ཀྱི་ཚོགས་རྫོགས། རྣམ་དག་དྲན་པས་ལྷ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་རྒྱས་བཏབ་སྟེ་གསལ་སྟོང་དུ་བསྒོམས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །དེ་ལྟར་ཟུང་འཇུག་ཏུ་ཤེས་པའི་ངང་ལ་མཉམ་པར་བཞག་པར་བྱའོ། །གཉིས་པ་དངོས་གཞི་ལ་གནད་གསུམ་སྟེ། བཅའ་བ་ལུས་ཀྱི་གནད། དགང་བ་རླུང་


MLP014_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནད། བཞག་པ་སེམས་ཀྱི་གནད་དོ། །དང་པོ་ནི། དམ་པས། ཉམས་མྱོང་སྐྱེ་བར་འདོད་ན་ལུས་ལ་རྟེན་འབྲེལ་སྒྲིགས། ཞེས་པས་ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན་ལས་མི་གཡོ་བར་འཆིང་སྟེ། བརྡ་བརྒྱུད་ལས། ཆོས་བདུན་ཚུལ་གྱིས་རླུང་སེམས་ཚང་དུ་གཞུག །ཅེས་གསུངས། ལྟ་སྟངས་ནི། དང་པོ་དམའ་བར་བྱ། དེ་ནས་ཇེ་མཐོར་བསླབ་པས་གེགས་ཆུང་ཞིང་ཡོན་ཏན་ཆེ། དེ་ཡང་སེམས་མ་ཟིན་གྱི་བར་ཉན་ཐོས་ཀྱི་སྤྱན་ཞི་བ་ཐུར་བལྟས་གྱིས་སེམས་བཟུང་། ཟིན་པ་དང་བྱང་སེམས་ཐད་ཀའི་ལྟ་སྟངས་ཀྱིས་སོ་མར་གློད། ཉམས་ལ་ཆགས་ན་ཁྲོ་བོའི་ལྟ་སྟངས་ཕྱོགས་བཅུར་བསྒྱུར་བས་རྗེས་ཤེས་ངོ་སྤྲད་དོ། །གཉིས་པ་ནི། དམ་པས། རྩ་བའི་རླུང་ལྔ་གཏོད་ལ་མནན་པས། ཡན་ལག་གི་རླུང་ལྔ་ལས་སུ་རུང་སྟེ། རྟེན་འབྲེལ་གྱི་འཆར་སྒོ་དུ་མ་རྟོགས་པ་འདི་ནི་ཀརྨ་བཛྲ་གྱི་གདམས་པ་ཡིན། ཞེས་གསུངས་པས་འབྱུང་འཇུག་གནས་གསུམ་སོ་མར་བཞག་པས་རླུང་བཅུ་དབང་དུ་འདུའོ། །གསུམ་པ་ལ། དབང་པོ་རབ་ཁྱབ་བརྡལ་ཆེན་པོའི་ངང་ལ་བཞག་པ། དབང་པོ་འབྲིང་གཅེར་མཐོང་ཐུགས་ཕྲད་ལ་བཞག་པ། དབང་པོ་ཐ་མ་བཅུན་ཐབས་སྣ་ཚོགས་ཀྱིས་བཅུན་ནས་བཞག་པ་དང་གསུམ་མོ། །དང་པོ་ནི། ལུས་གནད་བཅའ། སེམས་ཁོང་གློད་དེ། གང་ཡང་ཡིད་ལ་མི་བྱེད་པར་སོ་མ་ལྷུག་པ། མ་བཅོས་པར་རང་སོར་འཇོག །དམ་པས། མ་བཅོས་པ་ཅོག་གེ་བཞག་གོ །བཅོས་ན་རྟ་ལས་བབས་ནས་བོང་བུར་ཞོན་པ་འདྲ། ཞེས་གསུངས་པས། རྣམ་རྟོག་སྐྱེས་ན། དེ་ལ་ལྟ་ཡང་མི་ལྟ། རྗེས་སུ་ཡང་མི་འབྲང་། རང་སོར་མ་བཅོས་པར་བཞག །གསལ་:རྡོ་༼བདོ་༽བ་ལ་ཤིགས་སེ་བཤིག་སྟེ་རང་ལུགས་སུ་བཞག་གོ །གཉིས་པ་ནི། སྨྲ་སེང་གིས་དམ་པ་ལ་གསུངས་པ་ལས། གང་ཤར་ལ་ཆེར་གྱིས་ལྟོས། ཡིན་ཐོག་ཏུ་ལྷུན་གྱིས་ཞོག །ཟིན་ཙ་ན་བཤིག་ལ་བོར། དེ་ཉིད་ལ་རྩལ་སྦྱོངས། གང་བྱུང་ཐོག་ཏུ་ཁུར། ཞེས་གསུངས། འདི་ལ་གཉིས་ལས། ཕྱི་སྣང་བ་གང་ཤར་ཉམས་སུ་བླང་བ་ནི། དབང་པོ་མ་བཀག་པར་ཚོགས་དྲུག་གི་ཡུལ་དུ་གང་ཤར་དེ་ལ་གཅེར་གྱིས་བལྟས་ལ། རང་བཞིན་


MLP014_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་མཐོང་བ་དེའི་སྟེང་དུ་ལྷན་གྱིས་འཇོག །གསལ་:རྡོ་༼བདོ་༽བ་ལ་ཕཊ་ཅེས་བཤིག་ནས་ཐ་མལ་རང་སོར་བཞག །དེ་ལྟར་བཞག་པས། གདངས་མ་འགགས་ལ། གཤིས་ཅིར་ཡང་མ་གྲུབ་པའི་ཐལ་ལེ་བ། སྣང་སྟོང་དབྱེར་མེད་དུ་རྟོགས་པ་དེ་ལ་རང་བྱུང་གི་ཡེ་ཤེས་ཟེར་བ་ཡིན་པས་རྒྱུན་དུ་ཉམས་སུ་བླང་ངོ་། །ནང་རིག་པ་གང་ཤར་ཉམས་སུ་བླང་བ་ནི། ས་ར་ཧས་དམ་པ་ལ་གསུངས་པ་ལས། སེམས་ཉིད་མེ་ལོང་གཟུགས་བརྙན་ཤར་བ་དེ། །རྐྱེན་ཤར་ཡིན་གྱིས་དོན་ལ་མ་སྐྱེས་ཀྱཻ། །ཞེས་པས། སེམས་ལ་རྣམ་རྟོག་གང་ཤར་ཡང་ངོ་བོ་ཅིར་འདུག་ཅེར་གྱིས་ལྟོས། བལྟས་པས་རྣམ་རྟོག་སོགས་རགས་པ་རྣམས་སྣང་སྟོང་གྲག་སྟོང་དུ་འཆར། ཕྲ་བ་རྣམས་རང་དྭངས་རང་སྟོང་དུ་སིང་སིང་འགྲོ། དེའི་སྟེང་དུ་ལྷན་གྱིས་ཞོག །གསལ་སྟོང་དུ་བཤིག་ལ་རང་སོར་བཞག་གོ །བདེ་སྡུག་རྐྱེན་སྣང་ཅི་བྱུང་ཡང་དེ་ལྟར་ཉམས་སུ་བླང་ངོ་། །གསུམ་པ་ལ། མཚན་བཅས་དང་། མཚན་མེད་གཉིས། དང་པོ་ལ་གསུམ་ལས། སྣང་བ་གཙུབ་སྟན་ལྟ་བུ་ལ། རིག་པ་གཙུབ་ཤིང་ལྟ་བུས་རྣོ་བཏོན་ཏེ་རིག་པ་ཡེ་ཤེས་གཅེར་མཐོང་དུ་ངོ་སྤྲོད་པ་ནི། ཨིནྡྲ་བོ་དྷིས་དམ་པ་ལ་གསུངས་པའི་གདམས་པ་སྟེ། རང་གི་མདུན་དུ། ཤིང་བུའམ་རྡེའུ་ལྟ་བུ་དམིགས་རྟེན་གྱི་མཚན་མ་གཅིག་བཞག་ལ། དེ་ལ་ལྟ་སྟངས་དང་རིག་པ་བཅུན་ནས་ཐད་ཀར་གཏད། རིག་པ་ལ་ངར་བསྐྱེད། དབང་པོ་ལ་བཀྲག་བཏོན་ནས་ཧྲིག་གེ་བཞག །གསལ་:རྡོ་༼བདོ་༽ཙ་ན་ཤིགས་སེ་བཤིག་ལ་རང་སོར་བཞག་གོ །མཚན་མོ་སྙིང་འོད་ཀྱི་གོང་བུའི་ནང་དུ་བླ་མའི་སྐུ་ཆུང་ལ་དོད་པ་དགྱེས་པའི་ཞལ་མདངས་ཡལ་ལེ་བ། དེའི་ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་འབར་བ་ལ་ཡིད་གཏད་དེ་སྔར་བསྒོམ་པའོ། །ལྟ་སྟངས་ཀྱིས་རིག་པ་མགལ་མེ་ལྟར་བསྐོར་ནས་རིག་པ་ཡེ་ཤེས་གཅེར་མཐོང་དུ་ངོ་སྤྲད་པ་ནི། རྡོ་རྗེ་དྲིལ་བུ་པས་དམ་པ་ལ་གསུངས་པ་སྟེ། དྲག་རླུང་བཙན་ཐབས་སུ་བཟུང་། ལྟ་སྟངས་བཅུན། རིག་པ་མདུན་གྱི་ནམ་མཁར་མགལ་མེའི་འཁོར་ལོ་ལྟར་བསྐོར་བ་ལ་ཡིད་དྲག་ཏུ་གཏད། གསལ་:རྡོ་༼བདོ་༽བ་ལ་ཕཊ་ཅེས་བཤིག་ནས་ལྷོད་ཀློད་ལ་རང་སོར་བཞག་གོ །ལྟ་སྟངས་ཀྱིས་རིག་པ་མདུང་ཚུགས་སུ་ཉེ་རིང་གསུམ་ལ་གཏད་དེ་རིག་པ་ཡེ་ཤེས་གཅེར་


MLP014_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་དུ་ངོ་སྤྲད་པ་ནི། ཡན་ལག་མེད་པའི་རྡོ་རྗེས་དམ་པ་ལ་གསུངས་པ་སྟེ། རང་གི་མདུན་དུ་དམིགས་རྟེན་ཉེ་བ་ཁྲུ་དོ་ཙམ། བར་པ་ཁང་མཚམས་ཙམ། རིང་བ་རི་རྩེ་ལྟ་བུར་མཚན་མ་བྱས་པ་ལ། ལྟ་སྟངས་བཅུན་ནས་རིག་པ་མདུང་བཙུག་པ་ལྟར་གཏད་དེ། གསལ་:རྡོ་༼བདོ་༽བ་ལ་ཕཊ་ཅེས་བཤིག་ནས་རང་སོར་བཞག་གོ ། གཉིས་པ་མཚན་མེད་ལའང་གསུམ་ལས། སྟེང་དང་འོག་གི་ལྟ་སྟངས་ཀྱིས་རིག་པ་ཡེ་ཤེས་གཅེར་མཐོང་དུ་ངོ་སྤྲད་པའོ། །ཤེས་རབ་བཟང་པོའི་གདམས་པ་སྟེ། རང་ལུས་ཡི་དམ་གྱི་སྐུའི་རྣམ་པ་ལ། ནང་ཁོག་པ་སྟོང་སང་ངེ་བ་ཟོ་སྟོང་ཞབས་མེད་པ་ལྟ་བུར་བསམ་ལ། ལྟ་སྟངས་བཅུན་ཏེ་རིག་པ་ཚངས་བུག་ནས་ཡར་རྒྱངས་ཀྱིས་བཏོན་ཏེ་འོག་མིན་དུ་ཐལ་ལེ་བཏང་ལ་བཞག །གསལ་:རྡོ་༼བདོ་༽བ་ལ་ཕཊ་ཀྱིས་བཤིག་ནས་རང་སོར་བཞག །ཡང་རིག་པ་འོག་སྒོ་ནས་མར་རྒྱངས་ཀྱིས་བཏོན་ཏེ་གསེར་གྱི་ས་གཞིའི་བར་ཐལ་ལེ་བཏང་ལ་བཞགགསལ་:རྡོ་༼བདོ་༽བ་ལ་བཤིག་ནས་རང་སོར་བཞག །དེ་ཀ་ལ་སུ་ནི་བྷི་ཀ་མས། རིག་པ་བྱི་འཕུར་དུམ་བུའི་གནད། །ལྟ་སྟངས་འཇོག་དོར་རེས་མོར་གྱིས། །མི་རྟོག་ལྟེངས་པོ་བསྲུངས་ནས་ནི། །ཐ་མལ་དངོས་ཞེན་ལྡོག་པར་བྱ། །ཞེས་གསུངས་པ་ལྟར་རོ། །རིག་པ་འགྱུར་མེད་དུ་བཅིངས་ནས་གཅེར་མཐོང་དུ་ངོ་སྤྲད་པ་ནི། ཏོག་རྩེ་བའི་གདམས་པ་སྟེ། རིག་པ་ལ་ངར་བཏོན་ནས། མདུན་གྱི་ནམ་མཁར་ལྟ་སྟངས་ཀྱིས་རིག་པ་འགྱུར་མེད་དུ་གཏད། གསལ་:རྡོ་༼བདོ་༽བ་ལ་ཕཊ་ཅེས་བཤིག་ནས་བཞག །དེ་ལྟར་ཐུན་ཆུང་ལ་གྲངས་མང་བར་བསྒོམ། འཇམ་དཔལ་ཡེ་ཤེས་སེམས་དཔའི་ལྟ་སྟངས་ཀྱིས་མདའ་ལྟར་འཕངས་ཤིང་། གཞུ་ལྟར་བཀུག་ནས་ནམ་མཁའ་ལྟར་སྐྱེ་མེད་དུ་རིག་པ་ཡེ་ཤེས་ཅེར་མཐོང་དུ་ངོ་སྤྲད་པ་ནི། བིར་ཝ་པའི་གདམས་པ་སྟེ། རང་གི་མདུན་ན་ཕར་ལྟ་སྟངས་ཀྱིས་སེམས་མདའ་ལྟར་རྒྱངས་ཀྱིས་འཕངས་ནས་ནམ་མཁའ་དང་བསྲེས་ལ་རྒྱ་སྐྱེད་དེ་བཞག །གསལ་:རྡོ་༼བདོ་༽བ་ལ་བཤིག་ལ། ལྟ་སྟངས་ནང་དུ་བལྟ་ཞིང་སེམས་ཚུར་བཀུག་ལ་དེ་ཁའི་ངང་དུ་ལྷོད་ཀྱིས་ཀློད་དེ་མ་བཅོས་པར་བཞག །དེ་ལྟར་རེས་ཡུན་ཐུང་ལ་ཐུན་མང་བར་བསྒོམ། རེས་ཐུན་རིང་ལ་གྲངས་


MLP014_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་བར་བསྒོམ། དེ་ལྟར་དབང་པོ་དང་བསྟུན་ནས་ཉམས་སུ་བླངས་པས་རང་རིག་མཐའ་བྲལ་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་ཡེ་ཤེས་ལ་རྒྱུན་དུ་གནས་པ་འབྱུང་ན་ངོ་སྤྲད་པ་བྱ་སྟེ། དེ་ལ་ངོ་སྤྲད་པའི་ཐབས་གསུམ་སྟེ། དབང་པོ་རབ་ཡེ་ཤེས་བཙན་ཐབས་སུ་ངོ་སྤྲད། འབྲིང་དཔེ་དང་ཚིག་གིས་ངོ་སྤྲད། ཐ་མ་ཡིད་ཆེས་ཚིག་ལ་བརྟེན་ནས་ངོ་སྤྲད་པའོ། །དང་པོ་ནི། ལུས་གནད་བཅའ། རླུང་བཟུང་། རིག་པ་དཔངས་བསྟོད་ལ་ཤེས་པ་རང་སོར་བཞག་གོ །དེ་ལྟར་བཞག་པས་ཤེས་པ་མ་བཅོས་པའི་སོ་མ་འདི་ཀ་རང་རིག་དྲི་མེད་ཆོས་སྐུ་བྱ་བ་དེ་ཡིན་ནོ། །དེ་ཡང་སྔར་མ་རིག་པ་དེ་རིག་པས་རང་རིག་གཟུང་འཛིན་གང་གིས་ཀྱང་མ་གོས་པས་དྲི་མེད་སེམས་ཀྱི་ཡིན་ལུགས། ཡེ་གདོད་མ་ནས་དེ་ལྟར་རང་ཆས་སུ་གནས་པས་ཆོས་སྐུའོ། །དེ་ལྟར་ཡང་འཇམ་དཔལ་མཚན་བརྗོད་ལས། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་དང་། སྨྲ་སེང་གི་དོན་རྒྱུད་ལས། ཚོགས་བསགས་སྐལ་ལྡན་གང་ཟག་དང་། །བླ་མ་དམ་པ་འཕྲད་ཙ་ན། །བླ་མས་མཚན་ཉིད་ངོ་སྤྲད་པས། །ཆོས་ཉིད་ཡེ་ཤེས་སྒོམ་ཙ་ན། །སྒོམ་མ་མྱོང་ལ་འབྲལ་མ་མྱོང་། །མ་བསྒོམས་དོན་དང་མི་འབྲལ་བའི། །ཡེ་ཤེས་ཆེན་པོ་རྒྱུན་ཆད་མེད། །རྣལ་འབྱོར་མཆོག་གི་ཏིང་འཛིན་ཡིན། །དབང་པོ་རབ་ཀྱི་ངོ་སྤྲོད་དོ། །ཞེས་དང་། དམ་པས། རིག་པ་དྲི་མེད་སྒོམ་པ་ལ་བློས་སྒོམ་གྱི་ཞབས་ཏོག་མི་བྱ། ཞབས་འདྲེན་དུ་འགྲོ། ཞེས་གསུངས་སོ། །གཉིས་པ་ལ་གསུམ་ལས། དང་པོ་ཆུའི་ཆུ་ལྦུར་ལྟར་ངོ་སྤྲད་པ་ནི། ཆུའི་ཆུ་ལྦུར་དེ་བྱུང་ཡང་ཆུ་ལས་བྱུང་། གནས་ཀྱང་ཆུའི་ངོ་བོར་གནས། ཐིམ་ཡང་ཆུ་ལ་ཐིམ་པ་ལྟར། རང་གི་རྟོག་པ་ཏོལ་གྱིས་སྐྱེ་དུས་ཀྱང་། སེམས་གསལ་སྟོང་ཆོས་སྐུ་ལས་སྐྱེས། གནས་དུས་ཀྱང་གསལ་སྟོང་ཆོས་སྐུའི་ངོ་བོར་གནས། འགགས་དུས་ཀྱང་གསལ་སྟོང་ཆོས་སྐུའི་ངང་དུ་འགགས་པ་ཡིན་ནོ། །དམ་པས་འདས་པའི་རྟོག་པའང་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་གྲོལ། མ་འོངས་པའི་རྟོག་པའང་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་འཆར། ད་ལྟར་གྱི་རྟོག་པའང་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་གནས་པ་ཡིན། ཞེས་དང་། རིག་པ་ཅེར་མཐོང་གི་གདམས་པ་གང་ལགས་ཞུས་པས། ཏོལ་སྐྱེས་ཀྱི་ཤེས་པ་ངོས་བཟུང་


MLP014_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་དེ་ལ་ཟེར། ཞེས་གསུངས་སོ། །གཉིས་པ་སོས་ཀའི་མེ་ཏོག་ལྟར་ངོ་སྤྲད་པ་ནི། དཔེར་ན་སོས་ཀའི་མེ་ཏོག་ལ་མཚན་མོ་ཆར་བབས་ནས་སྔ་དྲོའི་ཉི་མའི་འོད་ཕོག་པ་དང་། མེ་ཏོག་ཁ་དོག་དྭངས་པ། གསལ་བ། དྭངས་གསལ་མི་ཕྱེད་པར་བཀྲ་བ། མདོག་གཞན་ཏུ་མི་འགྱུར་བ་ལྟར། རིག་པ་ལ་ངར་ཐོགས་པས་གསལ་བ་དྭངས་པ། གསལ་སྟོང་དབྱེར་མི་ཕྱེད་པ་ཁོའི་རང་བཞིན་འགྱུར་མེད་དུ་ཧྲིག་གིས་གནས་པ་དེ་ཀ་ཆོས་སྐུ་ཡིན་ཏེ། ཐ་མལ་གྱི་ཤེས་པ་སྒོམ་དུ་ཤར་བ་ཟེར་བ་ཡིན་ནོ། །སྨྲ་སེང་གི་དོན་རྒྱུད་ལས། དེ་ཉིད་གཉུག་མའི་ངང་ལ་དྭངས། དེ་ཉིད་གཉུག་མའི་ངང་ལ་གསལ། དེ་ཉིད་གཉུག་མའི་ངང་ལ་དབྱེར་མི་ཕྱེད། དེ་ཉིད་གཉུག་མའི་ངང་ལས་མི་འགྱུར་བ། ཐ་མལ་ཤེས་པ་རང་བཞིན་དུ་སྒོམ་ཤེས་པའོ། །ཞེས་སོ། །གསུམ་པ་ཚིག་གིས་ངོ་སྤྲད་པ་ནི། ད་ལྟར་གྱི་ཤེས་པ་སོ་མ། མ་བཅོས་པ། རྟག་ཆད་ཀྱི་མཐའ་དང་བྲལ་བ། དེ་ཀ་རང་རིག་དྲི་མེད་ཆོས་སྐུ་ཕྱག་རྒྱ་ཆེན་པོ་བྱ་བ་ཡིན་ཏེ། རྗེ་དམ་པས་རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས་པས་རྟག་པའི་མཐའ་དང་བྲལ། ད་ལྟར་གྱི་ཤེས་པ་སལ་ལེ། ཧྲིག་གེ་བ་དེས་ཆད་པའི་མཐའ་དང་བྲལ། རྟག་ཆད་གཉིས་དང་བྲལ་བ་དེ། སངས་རྒྱས་ཀྱི་དགོངས་པ་དེ་རང་ཡིན། ཞེས་གསུངས་སོ། །ངོ་མཚར་བརྒྱུད་པའི་བཀའ་བབས་ལས་ཀྱང་། ངོ་སྤྲོད་གཅིག་གི་ཡུལ་ལ་རྩ་བ་ཟིན་པས། ཟབ་མོའི་དོན་ཕྱོགས་མེད་དུ་མཐོང་བར་བྱེད། :འཚང་༼མཚང་༽རིག་པས་གོ་རྟོགས་ཀྱིས་གནད་ཟུངས་ཤིག །ཅེས་སོ། །དེས་ན་དབང་པོ་ཐ་མའི་ངོ་སྤྲོད་ནི། རང་གི་རིག་པ་སྔ་མ་འགགས་ཤིང་ཕྱི་མ་མ་སྐྱེས་པའི་ད་ལྟར་བ། སོ་མ་རང་རིག་པ་མ་བཅོས་མ་བསླད་པ་འདི་ཀ་སངས་རྒྱས་ཀྱི་དགོངས་པ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་བྱ་བ་ཡིན་ཏེ། དམ་པས་སོ་ཆུང་བ་ལ། ཁྱོད་རང་གི་མིག་གིས་ཐད་ཀའི་ནམ་མཁའ་ལ་ཅེར་རེ་ལྟོས་ལ་ལྟ་བྱེད་ཀྱི་ཤེས་པ་དེ་ཉིད་ལ་ལྟོས་དང་། དེའི་དུས་ན་རྣམ་པར་རྟོག་པ་ཐམས་ཅད་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པའི་ཉམས་ཤིག་འཆར། དེ་མ་ཤར་ན་ང་ལ་གདམས་ངག་གི་གནད་མེད་པ་ཡིན་ནོ། །ཞེས་དང་། ཏོལ་ཏེ་སྐྱེས་པའི་ཤེས་པ་ཅེར་རེ་བལྟས་པས་བུན་ཞིག་ནས། ལྷག་གིས་འཆར་བ་ཆོས་ཉིད་ཡིན། ཞེས་གསུངས།


MLP014_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདི་སྐད་དུ། གཞན་དག་སྟོང་པ་ལམ་དུ་བྱེད་དེ། ང་ཅག་རིག་པ་ལམ་དུ་བྱེད། ཅེས་དང་། གཞན་དག་མི་རྟོག་པ་ལམ་དུ་བྱེད་དེ། ང་ཅག་རྟོག་པ་ལམ་དུ་བྱེད། ཅེས་སོ། །གསུམ་པ་རྗེས་ལ་གཉིས་ཏེ། དྲོད་ཚད་བལྟ་ཞིང་གེགས་བསལ་བ་དང་། བོགས་འདོན་ཞིང་མན་ངག་གི་ཆིངས་བསྟན་པའོ། །དང་པོ་ལ་གཉིས་ལས་དྲོད་བལྟ་བ་ནི། བླ་མས་ངོ་སྤྲད་ཀྱང་མ་འཕྲོད་པར་ངེས་ཤེས་མ་སྐྱེས་ན་བོ་བའི་རྟགས། དང་པོ་ངེས་ཤེས་ཅུང་ཟད་སྐྱེས་ཀྱང་སྐྱོང་མ་ཤེས་ན་ཟགས། ཉམས་སུ་ལེན་ཤེས་ཀྱང་གཡེང་བས་མི་བསྐྱེད་པར་དྲེད་ན་ལྟེམས། སྐྱོན་ཡོན་ཡོད་བཞིན་དུ་ལོག་པར་འཛིན་པས་ཉམས་སུ་མི་ལེན་ན་ལོག་པ་ཡིན་པས་ངོ་ཤེས་པར་བྱས་ལ་འབད་པར་བྱ། གཉིས་པ་ལ་གེགས་བསལ་བ་ལ་བྱིང་རྒོད་གཉིས་ལས། བྱིང་བ་ནི། རིག་པ་རྨུགས་འཐིབས་སུ་སོང་བ་སྟེ། དེ་བསལ་བ་ལ་ཆུང་འབྲིང་ཆེ་གསུམ་གྱི། ཆུང་ངུས་ཉམས་དེ་ལ་ངོ་བོ་ཅི་འདུག་ཡང་ཡང་བལྟ་ཞིང་ཉམས་སུ་བླང་། འབྲིང་དེ་བྱུང་དུས་ཕཊ་སོགས་ལུས་ངག་གི་སྤྱོད་པ་སྣ་ཚོགས་བྱ་ཞིང་། རྗེས་ཀྱི་ཤེས་པ་ངོས་བཟུང་ལ་བསྒོམ། ཆེན་པོ་ནི། སྒོམ་བློ་ཕྱིར་བསལ་ཏེ། སྒོམ་ཁྱེད་རང་དེ་རིང་ཕན་ཆད། ང་ཅག་ལ་དཔག་ཚད་ཀྱི་ཕ་རོལ་དུ་སོང་ལ། ང་ཙ་ན་མ་འོང་ཞིག་བྱས་ལ་རྒྱངས་ཀྱིས་བསྐྱུར་ཏེ། གང་ཤར་དེ་ལ་རང་རྗེན་པར་ཁྲས་སེ་བཞག །དེ་ལྟར་ཡང་ཡང་བྱས་པས་རང་གསལ་འཛིན་མེད་དུ་འཆར། དེ་ཡང་བཤིག་ཅིང་བསྐྱང་ངོ་། །རྗེ་དམ་པས། རྫ་ཆུ་དྲག་པོ་བརྡབས་ཀྱིན་དྭངས། །དངུལ་དཀར་མེ་ལོང་ཕྱིས་ཀྱིན་གསལ། །རྣལ་འབྱོར་ཤེས་པ་བཤིག་ཀྱིན་བཟང་། །ཞེས་གསུང་ངོ་། །གཉིས་པ་ལ་གཉིས་ཀྱི་དང་པོ་ངོས་བཟུང་བ་ནི། སྤྱིར་རྣམ་པ་མང་ནའང་། རྒོད་པ་ནི། རྣམ་རྟོག་ཧྲགས་པོར་འཕྲོ་ཞིང་གནས་སུ་མ་གཏུབ་པ། འཕྲོ་བ་ནི། མི་དྲན་དགུ་དྲན། ཕྲ་བ། སྣ་ཚོགས་འཕྲོ་བ། འཐོར་བ་ནི། སྒོམ་པ་ཡིན་པ་ཙུག་འདུག་ཀྱང་ཤེས་པ་མ་ཆུན་པས་འཕྲོ་བ་ཆུ་ཟངས་ཀྱི་ཉ་ལྟ་བུ། ཡས་པ་ནི། གནས་པ་སྲབས་པས་ཆུ་ཟངས་ཀྱི་སྙེ་མ་ལྟ་བུ་སྟེ། རིགས་དང་ཡོན་ཏན་སོགས་ཀྱིས་དྲེགས་ཤིང་ང་རྒྱལ་བའི་འཕོ་བ་དང་། དེ་འདྲ་བས་ཆོས་འདི་ཉམས་


MLP014_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་ལོང་སྙམ་པ་ཞུམ་ཞིང་སྒྱིད་ལུགས་པའི་འཕྲོ་བའོ། །གཉིས་པ་གེགས་དེ་བསལ་ཚུལ་ནི། རིམ་བཞིན་ངོ་ཤེས་པས་ཀྱང་ཀུན་སེལ་མོད། འོན་ཀྱང་ཁྱད་པར་གྱི་གནད་ཡུལ་གང་ཡང་རུང་བ་ལ་ལྟ་སྟངས་བཅུན། སེམས་ཁོང་གློད། སྟོད་སྨད་ཀྱི་ཉྭ་བཞི་བསྒྲིམས་པས་སྔ་མ་གསུམ་སེལ་ལ། ཡས་པ་ནི་དེ་ཉིད་ལས་མ་ཡེངས་པར་རིག་པ་བཅུན་པས་སེལ་ཞིང་། རིགས་དང་ཡོན་ཏན་དེ་ཉིད་རྩ་བ་བཅད་དེ། རང་ལས་གཞན་སུ་ཡང་མེད་པའམ། ལྷག་པར་བློ་གདེང་ཐུབ་པ་ཅི་འདུག་བལྟ། གཞན་གྱི་ཡོན་ཏན་བསམ་ནས་མཉམ་པར་བཞག་གོ །ཞུམ་པ་ལ་བླ་མར་གསོལ་བ་བཏབ་ཅིང་རིག་པ་ལ་ངར་བསྐྱེད་པས་སེལ་ལོ། །གཉིས་པ་ལ་གཉིས་ཀྱི་དང་པོ་བོགས་འདོན་པ་ལ། དེ་ལྟར་གེགས་བསལ་ཞིང་ཉམས་སུ་བླངས་ཀྱང་བསྐྱེད་མེད་ན། ངོ་བོ། རང་བཞིན། མཚན་ཉིད་གསུམ་གྱིས་ངོ་སྤྲོད་ཅིང་བོགས་འདོན་ཏེ། དང་པོ་ངོ་བོ་ནི། ངོ་བོ་རང་རིག་གསལ་ལ་བརྟན་པ་དེ། གསལ་བའི་དཔེ་མེ་ཏོག་ཁ་ཕྱེ་བ་ལྟ་བུ་དང་ཆུ་རྙོག་པ་དྭངས་བ་ལྟ་བུ་དང་། བཅུ་དྲུག་གི་ནམ་ལངས་པ་ལྟ་བུའོ། །བརྟན་པའི་དཔེ་རུས་སྦལ་འཁར་གཞོང་དུ་བཞག་པ་ལྟ་བུ་ནི། ཞི་གནས་མཐུག་པས་ཉིན་མཚན་ངོ་མི་ཤེས་པའོ། །གར་སྤྱིན་ལ་སྦྲང་མ་འབྱར་བ་ལྟ་བུ་ནི། རྟོག་པའི་ཕུ་ཐག་ཆོད་ཀྱང་སངས་དྭངས་ནས་འཕྲོ་མ་ནུས་པ་ལྟ་བུའོ། །འདག་པ་སྨིན་པོ་ལ་རྡོ་རྒྱབ་པ་ལྟ་བུ་ནི། ཉམས་ཕྱི་བཤིག་ནང་བཤིག་ནས་བཞག་ནའང་གང་བཞག་ལ་སྡོད་པའོ། །རང་བཞིན་གསལ་བ་ཤེད་ཆེ་བའི་དཔེ། རིགས་དྲུག་གི་གཡང་ས་ལ་ཉམ་ང་དང་བྲལ་བ་ཁྱུང་ནམ་མཁའ་ལ་འཕྱོ་བ་ལྟ་བུ། ཐེག་པ་གཞན་ལ་ཉམ་ང་དང་བྲལ་བ་སེང་གེ་རྩལ་རྫོགས་པ་ལྟ་བུ། རིག་པ་རྐྱེན་གྱིས་བསླུར་མི་འདོད་པ་དར་ཆེན་རླུང་གིས་བསྐྱོད་པ་ལྟ་བུའི་ཉམས་འཆར་རོ། །མཚན་ཉིད་སྟོང་གསལ་དྭངས་པའི་དཔེ་ཀུན་ལ་ཁྱབ་ཅིང་མཐའ་དང་བྲལ་བ་ནམ་མཁའ་ལྟ་བུ། མཉམ་རྗེས་རྒྱུན་མི་ཆད་པར་ཡོང་བ་ཆུ་བོ་ཆེན་པོ་ལྟ་བུ། གཉེན་པོ་བཀོལ་དུ་བཏུབ་པ་ཤེལ་ཡུངས་འབྲུ་ཙམ་ལ་གཟུགས་བརྙན་འཆར་བ་ལྟ་བུའོ། །མདོར་ན། ངོ་བོ་མཉམ་བཞག །རང་བཞིན་རྗེས་ཐོབ། མཚན་ཉིད་མཉམ་རྗེས་ཟུང་འཇུག་གི་རྟོགས་པའོ། །ཡང་། དབང་པོ་རབ་ངོ་


MLP014_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོད་པ་ཙམ་གྱིས་རྟོགས་ཐོབ་དུས་གཅིག་ཏུ་གྲོལ་བ། འབྲིང་དྲན་པ་ཙམ་གྱིས་སྣང་རྟོག་ཐམས་ཅད་ཡེ་ཤེས་སུ་འཆར་བ། ཐ་མ་ལུས་གནད་ལྟ་སྟངས་ཀྱི་སྒོ་ནས་ཐུན་ཆུང་ལ་གྲངས་མང་བར་ཉམས་སུ་བླངས་པས་དབང་པོ་ཐ་མ་འབྲིང་དུ་འགྲོ། འབྲིང་རབ་ཏུ་འགྲོའོ། །གཉིས་པ་ལ་གཉིས་ཀྱི། དང་པོ་འགྱུར་མེད་ཐག་ཆོད་ལྟ་བ་མན་ངག་གི་ཆིངས་ནི། རང་རིག་དྲི་མེད་ཆོས་སྐུར་ཐག་ཆོད་པ་ན། མཁས་པ་ཤེས་རབ་ཅན་གྱིས་ཀྱང་། དེ་ཉིད་ལས་ལྷག་པའི་གྲུབ་མཐའ་བློས་དཔྱད་པས་མ་རྙེད་དེ། ཡིད་ཆེས་དད་གུས་ཀྱིས་འདི་ལྟར་སྒོམ་པས་དོན་རྟོགས་ནས་ཡིད་ཆེས་ཀྱི་ངེས་པ་རྙེད་པའོ། །གཉིས་པ་མྱུར་མགྱོགས་འཁྱོགས་མེད་སྒོམ་པ་མན་ངག་གི་ཆིངས་ནི། ཉམས་ལེན་དྲན་པའི་ལམ་གྱི་སྣང་རྟོག་ཐམས་ཅད་ཡེ་ཤེས་སུ་འཆར་བས་ན། འདི་ཉིད་སྒོམ་པས་འབྲས་བུ་ཚེ་གཅིག་གིས་ཐོབ་པས་མགྱོགས། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པའི་ལམ་ཡིན་པས་གཞན་དུ་འཁྱོགས་པ་མེད་པའོ། །གསུམ་པ་བརྟེན་པ་མཐར་ཕྱིན་འབྲས་བུ་མངོན་དུ་གྱུར་པའི་ཆིངས་ནི། རང་རིག་དྲི་མེད་ཆོས་སྐུར་ངོ་སྤྲད་པས། ཡིད་ཆེས་ནས་ཉམས་ལེན་མཐར་ཕྱིན་ཙ་ན། སངས་རྒྱས་གཞན་ནས་འཚོལ་མི་དགོས་པར་རང་ཡིན་པ་ན་མངོན་དུ་འགྱུར་བའོ། །བཞི་པ་གནས་སྐབས་བློ་ལྡོག་འབྱུང་བར་རོ་སྙོམས་ཀྱི་ཆིངས་ནི། གང་ཤར་དྲི་མེད་དུ་བསྐྱང་ཞིང་། ས་ཤས་ཆེ་ན་རླུང་གིས་རོ་སྙོམས་པ་སོགས་འབྱུང་བ་རོ་སྙོམས་དང་། དེ་ཡང་གནས། ལོངས་སྤྱོད། སྤྱོད་ལམ། ཁ་ཟས། གྲོགས། ཏིང་འཛིན་ཐམས་ཅད་ལ་ཆེད་འཛིན་སྤངས་ལ་རོ་སྙོམས་པའོ། །ལྔ་པ་དྲོད་ཚད་འཛིན་པ་སྨན་པ་མཁས་པ་ལྟ་བུའི་ཆིངས་ནི། ལས་དང་པོ་པས་ཐུན་ཆུང་ལ་གྲངས་མང་བར་བསྒོམ་ཞིང་། གོམས་པ་སྤྱོད་ལམ་དང་བསྲེ། སྨིན་ནས་གནས་གྲོགས་སྤྱོད་ལམ་ཐམས་ཅད་ངེས་མེད་དུ་བསྐྱང་ངོ་། །དེ་ཡང་ཕྱི་ནང་གི་ཆོས་ཐམས་ཅད་ཁྲོལ་ཤེས་པ་རྒྱ་འབག་གི་མིག་ལྟ་བུ་སྟེ། ཕྱི་ནང་གསང་བ་ན་ཚ་བདེ་སྡུག་ཐམས་ཅད་གང་ཤར་ཁོ་རང་གི་སྟེང་དུ་ཉམས་སུ་བླངས་པས་རང་རིག་དྲི་མེད་ཆུ་རྒྱུན་ལྟ་བུས་སྒྲིབ་གཉིས་བག་ཆགས་ཀྱི་དྲི་མ་དག་པའོ། །དྲུག་པ་ཉམས་རྟོགས་མཐར་ཕྱིན་གསེར་གླིང་དུ་ཕྱིན་པ་ལྟ་བུའི་ཆིངས་ནི། གསེར་གླིང་དུ་


MLP014_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་ཕལ་པ་མི་རྙེད་པ་ལྟར། རྣལ་འབྱོར་པ་ཉམས་རྟོགས་ཀྱི་རྩལ་རྒྱས་པ་ལ། སྣང་རྟོག་ཐམས་ཅད་ཆོས་ཉིད་སྐྱེ་མེད་དུ་ཉམས་སུ་མྱོང་ཞིང་། རྣམ་རྟོག་བཙལ་ཡང་མི་རྙེད་པར་ཆོས་ཉིད་དུ་མཐར་ཕྱིན་པར་འགྱུར་རོ། །བདུན་པ་དགོས་འདོད་འབྱུང་བ་ནོར་བུ་རིན་པོ་ཆེ་ལྟ་བུའི་ཆིངས་ནི། དེ་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་པ་དེ་ལ། ཟས་ནོར་དགོས་དགུ་གང་འདོད་འབྱུང་བ་ལྟ་ཅི་སྨོས། ལས་དང་སྒྲིབ་གཉིས་ཀྱི་དྲི་མ་སངས་ནས། ཐུན་མོང་དང་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་ཅིང་། སྐུ་གཉིས་ཟུང་འཇུག་གི་ཕྲིན་ལས་ཀྱིས་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའོ། །བརྒྱད་པ་དགའ་བྲོད་འཆི་ཁ་ཉམས་ལེན་གྱི་ཆིངས་ནི། ནམ་འཆི་བའི་ཚེ་གཉེན་ནོར་སོགས་གང་ལ་ཆགས་ཀྱང་འཆིང་བས། བདག་ཤི་ཕན་ཆོད་གཞན་གྱི་ནོར་ཡིན་པས་སུ་དགའ་གྱིས། གཉེན་ནོར་ལ་ཆགས་ཀྱང་ལས་ཟད་སྨོན་ལམ་གྱི་འཕེན་པ་རྫོགས་པས་སྐད་ཅིག་འགྲོགས་པའི་དབང་ནི་མེད། དེས་ན་གང་དགའ་གྱིས་སྙམ་དུ་ཞེན་ཆགས་ཐམས་ཅད་རྦད་ཀྱིས་བཅད། མགོ་བརྒྱའི་ནང་ནས་རང་མགོ་འདོན་པའི་དཔེ་ལྟར་ཉམས་ལེན་ལ་འབུང་གསུམ་འདོན། ཡེངས་མེད་དུ་བསྐྱང་། འཆི་ལྟས་རྣམས་ཤེས་པར་བྱས་ནས་བལྟ་ཞིང་། དེ་ཉིད་ལ་ཉམས་ལེན་འབྲལ་མེད་དུ་བྱའོ། །ལུས་ལ་ཞེན་པ་སྤང་ཞིང་ཡི་དམ་སྒོམ། སེམས་གང་ཤར་ངོ་ཤེས་འབྲལ་མེད་བསྟེན། ཞུམ་ན་རིག་པ་སྟོང་པ་ལ་འཆི་རྒྱུ་མེད། གང་སྣང་དྲི་མེད་ཆོས་སྐུ་ཡིན་པས་གཟེངས་བསྟོད། ད་མན་ངག་ཟབ་མོ་འདི་འདྲ་དང་འགྲོགས་ནས་འཆི་བས་འོད་གསལ་ཆོས་སྐུར་འཚང་རྒྱ་བ་ཡིན་པས་རེ་དགའ་སྙམ་དུ་ངར་བསྐྱེད་ལ། བྱིང་རྨུགས་སུ་མི་བཏང་། འཚེར་ངས་དང་འཇིགས་སྣང་བྱུང་ན། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་གསུངས་པས་ལུས་ལོངས་སྤྱོད་ཐམས་ཅད་རང་འདོད་ཀྱི་འཁྲི་བ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོ་ཆོས་སྲུང་ལ་ཕུལ་ནས་བླ་མ་སྤྱི་བོར་སྒོམ། རང་ཡི་དམ་དུ་གསལ་བཏབ་ནས། བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་ཁར་འོད་གསལ་ཆོས་སྐུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བར་དོའི་མ་དག་པའི་འཁྲུལ་སྣང་རྣམས་དག་པ་ལོངས་སྐུར་


MLP014_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ནས་ལོངས་སྐུར་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེ་བ་སྤྲུལ་སྐུར་ཤེས་བཞིན་དུ་སྐྱེ་བ་བླངས་ནས་སྐུ་གསུམ་དབྱེར་མེད་སངས་རྒྱས་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་དྲག་ཏུ་བཏབ་ནས། བདག་གིས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་པའི་མཐུ་དང་། གདམས་པ་ཟབ་མོ་ཉམས་སུ་བླངས་པས་མཚམས་སྦྱར་ནས་འཆི་ཁའམ་བར་དོའམ། སེམས་ཅན་གྱི་དོན་དུ་སྤྲུལ་སྐུར་སྐྱེ་བ་བླངས་ཏེ། གཞན་དོན་རླབས་ཆེན་བྱ་སྙམ་དུ་སེམས་བསྐྱེད་ནས་འཁྲུལ་སྣང་གང་གི་ཡང་རྗེས་སུ་མི་འབྲང་བར་ཡེངས་མེད་དུ་ཉམས་སུ་བླངས། དེ་ལྟར་ཉམས་སུ་བླངས་པས་སྔར་གྱི་འདུན་པ་དྲག་པོ་དང་ངོ་ཤེས་ཀྱིས་སྐྱེལ་མ་བྱས། རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པའི་འོད་གསལ་གྱིས་བསུ་མ་བྱས་ནས། སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན། ཐེ་ཚོམ་མེད་པར་མ་བུ་འཕྲོད་པའི་འོད་གསལ་དེ་ལས་ལྷག་པའི་རྟོགས་བྱ་གཞན་མེད་པས། དེ་ད་རེས་ཐོབ་པ་རེ་དགའ་སྙམ་དུ་བསམ་ལ། འཆི་རྟགས། ཐིམ་རྟགས། འོད་གསལ་རྣམས་འབྱུང་རིམ་ནས་ངོ་ཤེས་པར་བྱས་ནས་དེ་ཁའི་ངང་ལ་མ་བཅོས་པར་བསྐྱང་ངོ་། །འདི་ནི་འོད་གསལ་གྱི་འཕོ་བའམ། རབ་བླ་མའི་འཕོ་བ་བྱ་བ་མཆོག་ཏུ་གྱུར་པའོ། །གཉིས་པ་དེ་ལྟར་ཉམས་སུ་བླངས་པས་ཇི་ལྟར་གྲོལ་ཚུལ་ནི་དབང་རབ་ཚེ་འདིར་སངས་རྒྱས་པ་མུན་པས་བར་མ་ཆོད་པར་ཇེ་གསལ་ལ་འགྲོ་བ་ཚེས་བཅུ་དྲུག་གི་ནམ་ལངས་པ་ལྟ་བུར་སངས་རྒྱས་ཐོབ། འབྲིང་བར་དོར་འཚང་རྒྱ་བ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་ཆུ་ལ་འོར་པ་བརྒྱབ་པས་ཞིང་སྟེང་ཆུ་རྒྱུན་མ་ཆད་པར་འབྱུང་བ་ལྟར་སངས་རྒྱས་ཐོབ། ཐ་མ་སྐྱེ་བ་བླངས་ནས་འཚང་རྒྱ་བ། ངོ་སྤྲོད་ལ་ཡིད་ཆེས་བརྟན་ཅིང་གོམས་པས་རྒྱུན་མཐུད་ནས་བྱང་སེམས་ཤེས་བཞིན་དུ་སྐྱེ་བ་བླངས་ཏེ་སེམས་ཅན་གྱི་དོན་བྱེད་པ་ལྟར་སངས་རྒྱས་ཐོབ། དེས་ན་ཚེ་འདིའམ། འཆི་ཁའམ་བར་དོ། སྐྱེས་ནས་སངས་རྒྱས་མི་འཐོབ་པ་མི་སྲིད་པས་གདམས་པ་ཁྱད་པར་དུ་འཕགས་པ་ལ་ཡིད་ཆེས་པས་ཉམས་ལེན་ལ་བརྩོན་པ་གཅེས་སོ། །སོ་རིག་པ་གཅེར་མཐོང་གི་ཁྲིད་ཡིག་དིང་རི་བ་དཔལ་ལྡན་བསོད་ནམས་ཀྱི་ཡི་གེ་ལ་གཞི་


MLP014_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཁྱབ་བདག་དཔལ་འབྱོར་ཕུན་ཚོགས་ཀྱི་ཟིན་རིས་ནས་ལེགས་ཆ་བླངས་ཏེ་ཟིན་ཐུན་དུ་བྱས་པ་དར་རྒྱས་འཕེལ། ༈ ༀ་སྭ་སྟི། བཀའ་བབས་བར་པའི་ནང་ཚན་གསུམ་པ་སྐམ་ལུགས་ཤེར་ཕྱིན་སྙིང་པོ་དོན་གྱི་ཁྲིད་བྱ་བ་སྟེ། བླ་མ་སྔོན་མ་རྣམས་ཀྱི་ཕྱག་བཞེས་སུ་ཁྲིད་འདི་སྔོན་ལ་བཏང་ནས་སྐམ་ལུགས་ཀྱི་ཁྲིད་གཞན་རྣམས་མཛད་པ་ཡིན་ཡང་། ད་ལྟ་འདི་ཉིད་མ་གཏོགས་གཞན་རྣམས་ལ་ལུང་ཙམ་ལས་ཁྲིད་རྒྱུན་མ་བཞུགས་སོ། །འདི་ལ་གཉིས་ཏེ། བླ་མ་བརྒྱུད་པའི་རིམ་པ་དང་། དེ་ལས་བྱུང་བའི་གདམས་པའོ། །དང་པོ་ནི། ཐུབ་དབང་། བྱམས་པ། ཐོགས་མེད། དབྱིག་གཉེན། བྲམ་ཟེ་ཨཱཪྱ་དེ་བ། རྗེ་དམ་པ་སངས་རྒྱས། སྐམ་སྟོན་ཡེ་ཤེས་རྒྱལ་མཚན། ཁུ་སྟོན་དབང་ཕྱུག་བླ་མ། ཆག་སྟོན་རིན་ཆེན་གྲུབ། སྟོད་སྟོན་ཤཱཀྱ་སེངྒེ། ཞང་སྟོན་དར་མ་བསོད་ནམས། རྗེ་ཀོ་བྲག་པ། མཚན་ལྡན་རི་ཁྲོད་དབང་ཕྱུག །མཁན་ཆེན་དུས་གསུམ་སངས་རྒྱས། དྲིན་ཅན་སངས་རྒྱས་དབོན། ཀུན་མཁྱེན་སྐུ་མཆེད་མན་བཀའ་བབས་དང་པོ་དང་འདྲའོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་སྙིང་པོ་དོན་གྱི་ཁྲིད་ལ་དོན་དྲུག་སྟེ། གསོལ་བ་གདབ་པ། མོས་གུས་བྱ་བ། སྒྲིབ་པ་སྦྱོང་བ། ཚོགས་བསག་པ། བྱམས་སྙིང་རྗེ་བསྒོམ་པ། སེམས་བསྐྱེད་དོན་གྱི་ཁྲིད་དོ། །དང་པོ་ནི། རང་གི་མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླ་བརྩེགས་པའི་གདན་མཐོ་ཞིང་ཡངས་པ་ལ་རྩ་བའི་བླ་མ། དེའི་དབུ་ཐོག་ནས་ཡར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པའི་མཐའ་སྐོར་སངས་རྒྱས་བྱང་སེམས་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་མོས་ལ། མོས་གུས་དྲག་པོས་མཎྜལ་དང་མཆོད་པ་ཅི་རིགས་པ་འབུལ་བ་སྔོན་དུ་འགྲོ་བས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རིན་པོ་ཆེ་རྣམས་མཁྱེན། བདག་ལ་ཐེག་པ་ཆེན་པོའི་ཆོས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། རྟོགས་པ་ཕུན་སུམ་ཚོགས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ཅི་ནུས་དང་།


MLP014_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་ན། ན་མོ་གུ་རུ། བྱ་རྒོད་ཕུང་པོའི་རི་བོ་རུ། ཞེས་བརྒྱུད་འདེབས་ཀྱང་འདོན། དེ་ལྟར་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་སྟེ་རྩ་བའི་བླ་མ་ལ་ཐིམ་པར་བསམ་ལ་མཉམ་པར་བཞག་གོ ། གཉིས་པ་ནི། དེ་ལྟར་བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མ་ལ་བསྡུས་ནས། རྩ་བའི་བླ་མ་ཉིད་རང་གི་སྤྱི་བོར་པད་ཉི་ཟླ་བའི་གདན་སྟེང་བྱོན་ནས་བཞུགས་པར་བསམ་ལ། བླ་མ་དམ་པས་བདག་འཁོར་བའི་སྡུག་བསྔལ་ལས་དྲངས་ཏེ་ཐར་པ་མྱ་ངན་ལས་འདས་པའི་གོ་འཕང་ལ་འགོད་པར་མཛད་པ་ཡིན་པས་བཀའ་དྲིན་ཆེ་སྙམ་དུ་རེ་ལྟོས་ལིང་བསྐྱུར་གྱི་མོས་གུས་ཚད་མེད་པ་དུང་དུང་པ་བསྒོམ་པར་བྱའོ། །གསུམ་པ་ནི། བླ་མ་དེ་ཉིད་རང་གི་སྤྱི་བོ་ནས་མར་ཞུགས་ཏེ་སྙིང་འོད་ཀྱི་གུར་ཁང་གི་ནང་དུ་བཞུགས་པར་བསམ་ལ། མོས་གུས་དུང་པ་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་ཟེར་རེ་རེ་འཕྲོས། དེས་རང་གི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་རྣམས་དེད་དེ་བ་སྤུའི་ཁུང་བུ་ནས་དུད་པ་ལྟར་ཐོན་ཏེ་སོང་བ་རང་ལུས་ཤེལ་སྒོང་ཕྱིས་པ་ལྟར་དག་པར་བསམ་པའོ། །བཞི་པ་ནི། མདུན་གྱི་ནམ་མཁར་གཞལ་ཡས་ཁང་གདན་དང་བཅས་པ་མཛེས་ཤིང་ཡིད་དུ་འོང་བ་ཡངས་ཤིང་རྒྱ་ཆེ་བར་བསམ། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་ནས་བླ་མ་དང་དཀོན་མཆོག་སྤྱན་དྲངས་ནས་གཞལ་ཡས་ཁང་དུ་བཞུགས་པར་མོས། ཡང་འོད་ཟེར་འཕྲོས་པས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་ནས་སྔར་ལྟར་ཞུགས། ཡང་འོད་ཟེར་འཕྲོས་པས་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྱན་དྲངས་ནས་དེ་དག་གི་འཁོར་དུ་བཞུགས་པར་བསམ། ཡང་འོད་ཟེར་འཕྲོས་པས་རིགས་དྲུག་གི་སེམས་ཅན་རྣམས་བཀུག་པ་དང་། ཡང་འོད་ཟེར་གྱིས་གནོད་བྱེད་གདོན་བགེགས་རྣམས་བཀུག་སྟེ། གཞལ་ཡས་ཁང་གི་ཕྱིའི་ཁོར་ཡུག་ལ་རིམ་པར་འཁོད་པར་བསམ་མོ། །དེ་ནས་རང་གི་ལུས་འདི་ཆེ་ཞིང་ཚོ་ལ་སྣུམ་པ་གཞོན་མཛེས་ཡིད་དུ་འོང་བ་དེ་ཉིད་འོད་དུ་ལྟེམ་གྱིས་ཞུ་


MLP014_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རོ་མཆོག་བརྒྱ་པ་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བའི་མཆོད་རྫས་སུ་བྱིན་གྱིས་བརླབས་ཏེ། ཡར་བླ་མ་དཀོན་མཆོག་ཡི་དམ་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་རྣམས་ལ་རིམ་གྱིས་ཕུལ། མར་འགྲོ་དྲུག་གི་སེམས་ཅན་དང་གནོད་བྱེད་ལན་ཆགས་ཀྱི་མགྲོན་རྣམས་ལ་སྦྱིན་པས་ཐམས་ཅད་མཉེས་ཤིང་ཚིམས་པར་གྱུར་པ་ལ་དགའ་སྤྲོ་བསྒོམ་པར་བྱའོ། །ལྔ་པ་ནི། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་དེ་ཐམས་ཅད་སེམས་ཅན་གྱིས་གོ་མཚམས་མེད་པར་གང་བས་སེམས་ཅན་ལའང་མཐའ་མེད། སེམས་ཅན་དེ་ཐམས་ཅད་ཀྱིས་བདག་གི་ཕ་མ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས། བྱས་རེས་བཞིན་རང་གི་ཚེ་འདིའི་མས་ཇི་ལྟར་ཕན་གདགས་པ་བཞིན་དུ་དེ་ཐམས་ཅད་ཀྱིས་ཕན་ཚད་མེད་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་ཨང་སྙམ་དུ་བསམ་པ་ནི་བྱམས་པ་སྒོམ་པའོ། །དྲིན་ཅན་གྱི་ཕ་མ་འདི་རྣམས་མི་འདོད་བཞིན་དུ་འཁོར་བའི་གནས་སུ་སྡུག་བསྔལ་སྣ་ཚོགས་མྱོང་བས་ཉམ་ཐག་པར་མ་ཟད། ད་དུང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་ཚམ་ཚོམ་མེད་པར་འཇུག་པ་འདི་རྣམས་སྙིང་རེ་རྗེ། བདག་གི་ཕ་མ་སྡུག་བསྔལ་གྱི་རྒྱུ་འབྲས་ལ་སྤྱོད་པ་འདི་ཀུན་ཅི་ཙུག་རང་བྱ། ཞེས་སེམས་ཅན་སྡུག་བསྔལ་མྱོང་བ་ལ་མི་བཟོད་པའི་སེམས་སྙིང་གས་གས་སུ་ཅི་དྲག་གང་དྲག་གི་ཚུལ་དུ་བསམ་པ་སྙིང་རྗེ་སྒོམ་པའོ། །དེ་ལྟར་བྱམས་སྙིང་རྗེ་བསྒོམས་ཏེ་སྙིང་རྗེའོ་ཞེས་སྙིང་རྗེ་སར་བཞག་པས་མི་ཕན། འདི་དག་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ། ཐར་པ་བླ་ན་མེད་པའི་མྱང་འདས་མཆོག་ལ་དགོད་པར་བྱའོ་སྙམ་དུ་དྲག་ཏུ་སྒོམ་མོ། །དྲུག་པ་མཉམ་བཞག་དང་རྗེས་ཐོབ་གཉིས་ལས། དང་པོ་མཉམ་བཞག་ཏུ་རྣམ་པར་རྟོག་པ་བཙན་ཐབས་སུ་གཅོད་པ་ནི། སྟན་བདེ་བ་ལ་ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་སོ་མར་བཞག །སེམས་ཀྱི་གནད་འདས་མ་འོངས་ད་ལྟར་གྱི་རྟོག་པ་ཐམས་ཅད་རྦད་ཀྱིས་བཅད་ནས། ངོས་བཟུང་མེད་པའི་སེམས་གཏད་མེད་ཀྱིས་གཤིས་ལུགས་དེ་ཁའི་


MLP014_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལ་ས་ལེ་སེང་ངེ་མ་བཅོས་པར་བཞག །དེ་ལས་རྟོག་པ་གྱ་གྱུ་བ་འགྱུ་ན་རང་སར་རྦད་བཅད་ལ་རྟོག་མེད་དུ་སེང་ངེ་བཞག་གོ །གཉིས་པ་རྗེས་ཐོབ་ཏུ་རྣམ་པར་རྟོག་པ་ཆོས་ཉིད་དུ་ཁྱེར་བ་ནི། སྔར་རྟོག་མེད་དུ་བཞག་པའི་ཤེས་པ་དེ་དང་། ཕྱིས་ཡུལ་རྐྱེན་གྱིས་བསྐྱེད་པའི་རྟོག་པ་དེ་གཅིག་ཏུ་འདུག་གམ་ཐ་དད་དུ་འདུག་བརྟགས་པས། དེ་གཉིས་པོ་སོ་སོ་ཐ་དད་དུ་མི་འདུག་སྟེ། གཅིག་གི་ངོ་བོ་ལས་མ་འདས་པར་ཐག་བཅད་ནས་བསྐྱང་བར་བྱ་བ་གནད་དོ། །དེ་ལྟར་མཉམ་རྗེས་དབྱེར་མེད་དུ་གྱུར་མ་གྱུར་སོགས་བླ་མ་ཉམས་མྱོང་ཅན་བསྟེན་ནས་བློ་ཐག་གཅད་པར་བྱའོ། །སྐམ་ལུགས་དོན་གྱི་ཁྲིད་ཡིག་རྙིང་ལས་ཅུང་ཟད་གོ་བདེ་བར་བཅོས་པའོ། །ཞི་བྱེད་ཀྱི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ལས། བཀའ་བབས་བར་པ་རྨ་སོ་སྐམ་གསུམ་གྱི་ཁྲིད་ཡིག་བཤད་པའི་ལེ་ཚན་ནོ། །༈ ༀ་སྭ་སྟི། བླ་མ་དང་དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཞི་བྱེད་ཆོས་ཀྱི་རྩ་བ་བཀའ་བབས་ཕྱི་མ་ལས་བསྒོ་བའི་རྣལ་འབྱོར་བཞིའི་གདམས་པ་ལས། འདིར་བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའི་ལུགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་ངག །གསང་སྔགས་དང་རྗེས་སུ་མཐུན་པ། རྩ་བ་རྒྱུད་ལ་བསྐུར་བ་སྙིང་པོ་དོན་གྱི་ངོ་སྤྲོད། ཐབས་རྟེན་འབྲེལ་གྱི་ཆེ་བ་དུ་མས་བརྒྱན་ནས་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་གདན་གཅིག་གི་སྟེང་དུ་དུས་གཅིག་ལ་ཉམས་སུ་ལེན་པའི་མན་ངག །དྲི་མེད་ཐིགས་པ་ཕྱག་བཞེས་ཀྱི་སྐོར་ཞེས་བྱ་བ་འདི་འཆད་པ་ལ་དོན་ལྔ་སྟེ། ཡིད་ཆེས་བསྐྱེད་པ་བླ་མ་བརྒྱུད་པའི་ལོ་རྒྱུས། རྟེན་མ་སྨིན་པ་སྨིན་པར་བྱེད་པ་དབང་། ཉམས་མྱོང་མ་སྐྱེས་པ་སྐྱེ་བར་བྱེད་པ་ཁྲིད། རྟོགས་པ་མ་ཤར་བ་ཤར་བར་བྱེད་པ་བླ་མའི་བྱིན་རླབས། སྤྲོས་པ་མ་ཆོད་པ་ཆོད་པར་བྱེད་པ་ཚིག་ཚོགས་ཀྱི་དོན་རྣམས་སོ། །དང་པོ་ནི། ཆོས་སྐུ་རྡོ་རྗེ་འཆང་ཆེན། ལོངས་སྐུ་ལྷ་མོ་བདག་མེད་མ་ཐུགས་དམ་བདེ་གཤེགས་བཅུ་གཉིས། གནས་གསུམ་མཁའ་འགྲོ་ཉེར་བཞི། དཔལ་ལྡན་སུམ་ཅུ་རྩ་དྲུག །གྲུབ་ཐོབ་ལྔ་བཅུ་རྩ་ལྔ་ལ། རྗེ་བཙུན་དམ་པ་སངས་རྒྱས། སྐྱེ་མེད་བྱང་


MLP014_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀུན་དགའ། མཁས་བཙུན་སྤ་ཚབ་སྒོམ་པ། གྲུབ་ཐོབ་རྒྱལ་བ་ཏེ་ནེ། ཆོས་རྒྱལ་ཉི་སེང་སྐུ་མཆེད། ཐམས་ཅད་མཁྱེན་པ་བསོད་ནམས་དཔལ། རྒྱལ་སྲས་ཀུན་དགའ་སྐུ་མཆེད་ནས། མཚན་ལྡན་རི་ཁྲོད་དབང་ཕྱུག །མཁན་ཆེན་ཚུལ་ཁྲིམས་ཕན། དྲིན་ཅན་བསོད་ནམས་དབེན། ཡང་ན། རྒྱ་སྟོན་སྨོན་ལམ་ཤེས་རབ། དེ་གཉིས་ལ་ཆོས་རྗེ་ཀུན་མཁྱེན་སྐུ་མཆེད་ཀྱིས་གསན། དེ་ནས། རྒྱ་སྒོམ་རྡོ་རྗེ་གདན་པ། བྱང་སེམས་རྒྱ་མཚོ་སྦྱིན་པ། སྐུ་གསུམ་བདེ་ཆེན་ལྷུན་གྲུབ་བམ། ཡང་ན། ཀུན་མཁྱེན་བྱང་ཆུབ་བཟང་པོ་ནས། ཆོས་རྗེ་བློ་གྲོས་རྒྱ་མཚོ། རས་ཆེན་དཔལ་ལྡན་བསོད་ནམས། ཐུགས་སྲས་བསོད་ནམས་འོད་ཟེར། ལུང་ཆེན་པ་བསོད་ནམས་དཔལ་བཟང་། སྐུ་གསུམ་བདེ་ཆེན་ལྷུན་གྲུབ་བོ། །དེ་ནས། མཁས་གྲུབ་ནམ་མཁའ་བཟང་པོ། འཇམ་དབྱངས་དཔལ་འབྱོར་ལྷུན་གྲུབ། ཁྱབ་བདག་དཔལ་འབྱོར་ཕུན་ཚོགས། མཚུངས་མེད་བཀྲ་ཤིས་བཟང་པོ། དིང་རི་མཁས་གྲུབ་བློ་གྲོས་བརྟན་པ། དེས་བདག་དྷརྨ་ཤྲཱི་ལའོ། །དེ་རྣམས་ཀྱི་རྣམ་ཐར་ལོ་རྒྱུས་ནི་གཞན་ལས་ཤེས་པར་བྱའོ། །གཉིས་པ་ལ་བཞི་སྟེ། ལུས་སྨིན་བྱེད་བུམ་དབང་ནི། མཐོང་བས་ཆོག་པའི་རྩི་སྟེ། ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱིས་རྣམ་པར་དག་པ་ལ་བརྟེན་ནས་ཕྱི་ཡུལ་ལ་དག་སྣང་སྦྱོང་བར་བྱེད་པའི་གནད་དོ། །ངག་སྨིན་བྱེད་གསང་དབང་ནི། ཟིན་པས་ཆོག་པའི་རྩི་སྟེ། འཁོར་ལོ་བཞིའི་ཡིག་འབྲུ་ལ་བརྟེན་ནས་ནང་འཛིན་པ་ཡིད་སྒྲིབ་བམ་བག་ཆགས་སྦྱོང་བའི་གནད་དོ། །སེམས་སྨིན་བྱེད་ཤེར་དབང་ནི། ཤེས་པས་ཆོག་པའི་གནད་དེ། འཁྲུལ་འཁོར་བཞི་ལ་བརྟེན་ནས་ཡེ་ཤེས་བཞི་རྒྱུད་ལ་སྐྱེ་བར་བྱེད་པའི་གནད་དོ། །ཡིད་སྨིན་བྱེད་ཚིག་དབང་ནི། འཕྲད་པས་ཆོག་པའི་བརྒྱུད་པ་སྟེ། ཡིག་འབྲུའི་གནད་བཞི་ལ་བརྟེན་ནས་ས་ལམ་གཉེན་པོས་གཅོད་ཅིང་བགྲོད་པར་བྱ་བའི་གནད་ཡིན་ཏེ། དེ་རྣམས་དབང་ཆོག་ལས་ཤེས་པར་བྱའོ། །གསུམ་པ་ལ་བཞི་སྟེ། ལམ་དཀར་ཁྲིད་བློ་སྦྱོང་གཅིག་པུ་ལ་འབུང་བ་དང་། དམར་ཁྲིད་ལམ་ལྔའམ་ལམ་གསུམ་ཉམས་སུ་ལེན་པ། ནག་ཁྲིད་ཡི་གེ་རིགས་ལ་རྟོགས་པར་བྱེད་


MLP014_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེ་རྣམས་ཀྱང་དཀའ་ཐུབ་ཀྱིས་སྲང་ནས་འདོན་པའོ། །བཞི་པ་ལ་བཞི་སྟེ། དང་པོར་བླ་མ་ཆོས་སྐུར་གསོལ་བ་ཐེབས་ན་རྟོགས་པ་ཕྱོགས་མེད་དུ་འཆར། བར་དུ་བླ་མ་ལོངས་སྐུར་གསོལ་བ་ཐེབས་ན་ཡོན་ཏན་ཕྱོགས་མེད་དུ་འཆར། ཐ་མར་བླ་མ་སྤྲུལ་སྐུར་གསོལ་བ་ཐེབས་ན་འགྲོ་དོན་ཕྱོགས་མེད་དུ་འབྱུང་། རྗེས་ལ་བླ་མ་བདེ་བ་ཆེན་པོའི་སྐུར་གསོལ་བ་ཐེབས་ན་སངས་རྒྱས་ཀྱི་ཕྲིན་ལས་ཟད་འཕེལ་མེད་པར་འབྱུང་བ་ཡིན་ནོ། །ལྔ་པ་ལ་བཞི་སྟེ། མདོ་རྒྱུད་ཕྱག་ལེན་དང་བཅས་པ། བཀའ་བབས་སྙན་བརྒྱུད་དང་བཅས་པ། དྲི་མེད་ཕྲ་ཐིག་དང་བཅས་པ། དར་ཚགས་བཤད་འབུམ་དང་བཅས་པ་རྣམས་སོ། །དེ་དག་ལས་འདིར་གང་བཤད་པར་བྱ་བ་ནི། ཉམས་མྱོང་སྐྱེད་བྱེད་ཀྱི་སྐོར་ལས། དམར་ཁྲིད་ལམ་ལྔར་ཁྲིད་པར་བྱེད་པའི་སྐབས་ཡིན། དེ་ལ་གསུམ་སྟེ། གང་གིས་འཆད་པའི་བླ་མ། གང་ལ་འཆད་པ་སློབ་མ། ཇི་ལྟར་འཆད་པའི་གདམས་པའོ། །དང་པོ་ནི། མཚན་ཉིད་བཞི་ལྡན་ཏེ། ཚིག་གི་གདམས་པས་སྒྲོ་འདོགས་གཅོད་ནུས་པ། དོན་གྱི་ངོ་སྤྲོད་ཀྱིས་རྟོགས་པ་བསྐྱེད་ནུས་པ། བྱིན་རླབས་ཀྱིས་སྣང་བ་བསྒྱུར་ནུས་པ། མྱོང་བའི་མཚན་ཉིད་ཀྱིས་གེགས་སེལ་ནུས་པ་སྟེ། འདི་ལྟ་བུའི་བླ་མ་དེ་ཐག་ཉེ་རིང་དང་། ལུས་ངལ་དུབ་དང་། ནོར་ཟད་ཕངས་ལ་མི་ལྟ་བར་བཙལ་ལ། རྙེད་ནས་གཟུ་ལུམ་དང་རས་ཆོད་སྤངས་ཏེ། བསྙེན་བཀུར་ལ་ཚད་བཟུང་མེད་པའི་སྒོ་ནས་ལུས་དང་གྲིབ་མ་བཞིན་དུ་འབྲལ་མེད་དུ་བསྟེན་པར་བྱའོ། །དེ་ལྟར་ཡང་། སྡུད་པ་ལས། བླ་མ་མཁས་པ་རྣམས་ནི་རྟག་ཏུ་བསྟེན་བྱ་སྟེ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་སོ། །གཉིས་པ་ནི་ཆོས་གསུམ་ལྡན་ཏེ། རྒྱུད་དད་པའི་རླན་དང་མ་བྲལ་བ། གྲོགས་བརྩོན་འགྲུས་ཀྱི་ངད་ཆགས་པ། ངོ་བོ་ཤེས་རབ་ཀྱི་དབང་པོ་རྣོ་བའོ། །དེ་ལ་དད་པ་ནི་ཆོས་སྒོར་འཇུག་པ་ལ་མེད་ཐབས་མེད་དེ། ཐར་པའི་རྟེན་དུ་དད་པ་དགོས། ཡོན་ཏན་གྱི་གཞི་ཡང་དད་པས་བྱེད། བརྩོན་འགྲུས་ཀྱི་གྲོགས་ཀྱང་དད་པས་བྱེད། ཤེས་རབ་ཀྱི་མཛོད་ཀྱང་དད་


MLP014_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱེད། མན་ངག་གི་སྣོད་ཀྱང་དད་པས་བྱེད། དེས་ན་དཀར་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ། ཡོན་ཏན་ཐོབ་ཕྱིར་ཆོས་ཀྱི་གདུངས་པ་འདོད་པའི་དད་པས། ཆོས་བྱེད་ཀྱི་གང་ཟག་ལ་དང་བའི་དད་པ་དང་ལྡན་པ་ཞིག་དགོས་ཏེ། མདོ་ལས། རང་བྱུང་རྣམས་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་སོ། །དེ་ཡང་དད་པས་བློ་ཆོས་ལ་སོང་ཡང་། བརྩོན་འགྲུས་མེད་ན་ཆོས་ལམ་དུ་མི་ལོངས་པས་གྲོགས་བརྩོན་འགྲུས་ཀྱིས་ཟིན་པ་ཞིག་དགོས་ཏེ། སྦྱོར་བའི་བརྩོན་འགྲུས་ཀྱིས་ཆོས་ལ་ཕྱི་བཤོལ་མེད་པར་འཇུག །གོ་ཆའི་བརྩོན་འགྲུས་ཀྱིས་སྐྱོ་དུབ་མེད་པར་མཐར་སྐྱེལ། ཆོག་མི་ཤེས་པའི་བརྩོན་འགྲུས་ཀྱིས་ཆོས་ལ་ངོམས་པ་མེད་པར་སློབ་པའོ། །ཆོས་ལམ་དུ་ལོངས་ཀྱང་ཤེས་རབ་མེད་ན་ལམ་གྱི་འཁྲུལ་པ་སེལ་མི་ནུས་པས་ངོ་བོ་ཤེས་རབ་ཀྱི་དབང་པོ་རྣོ་བ་ཞིག་དགོས་ཏེ། ཐོས་པའི་ཤེས་རབ་ཀྱིས་ཆོས་སྤྱིའི་རྣམ་པ་ལ་སྒྲོ་འདོགས་གཅོད། བསམ་ཤེས་ཀྱིས་ཆོས་ལ་ངེས་ཤེས་བསྐྱེད། སྒོམ་པའི་ཤེས་རབ་ཀྱིས་དོན་རང་གི་མཚན་ཉིད་རྟོགས་ནུས་པ་ཡིན་ནོ། །དེ་ལྟར་ཡང་སྡུད་པ་ལས། ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་འདི་དག་གིས། །དམིགས་བུ་མེད་པས་བགྲོད་པར་ནུས་པ་མ་ཡིན་ནོ། །ཞེས་སོ། །གསུམ་པ་ལ་ལམ་གྱི་སྣོད་རུང་དུ་སྒྲུབ་པ་སྔོན་འགྲོ། དངོས་གཞི་ལམ་ལྔའི་དམར་ཁྲིད། ཞར་བྱུང་ཉེར་མཁོའི་ཐབས་ཀྱི་ཡན་ལག་གཞན་བཤད་པའོ། །དང་པོ་ལ། སྤྱིའི་སྔོན་འགྲོས་འཁོར་བའི་ཞེན་འཁྲིས་བཅད་པ་དང་། ཁྱད་པར་གྱི་སྔོན་འགྲོས་ལམ་གྱི་གཞི་གྲུབ་ཅིང་བསགས་སྦྱོང་བྱེད་པའོ། །དང་པོ་ལ་བཞི་ལས། དལ་འབྱོར་རྙེད་དཀའ་བསམ་པའི་ཁྲིད་ནི། འཇིགས་རུང་འཁོར་བའི་སྡུག་བསྔལ་ལས། ད་རེས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་པའི་སྐབས་འདིར་ཐར་བ་ཞིག་བྱ་དགོས། དེའི་རྒྱུ་མཚན་ཆོས་སྒྲུབ་པའི་རྟེན་འདི་ཁོ་ན་ལས་གཞན་མེད་ཅིང་། འདི་ནི་ཤིན་ཏུ་རྙེད་དཀའ་བ་ཨུ་དུམྦཱ་རའི་མེ་ཏོག་དང་འདྲ། རྙེད་ན་དོན་ཆེ་བས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བས། ཆོས་ཀྱི་རྟེན་མི་ལུས་གཙང་མ་ཐོབ་པའི་དུས་འདིར། གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་བཞིན་


MLP014_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ད་རེས་སྐྱེ་བ་གཏན་གྱི་སོ་ནམ་བསྟན་པའི་སྙིང་པོ་དྲི་མ་མེད་པ་འདི་ལ་འབད་པར་བྱ་དགོས་ཏེ། ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་དང་། རྗེ་བཙུན་དམ་པས། དལ་འབྱོར་མི་ལུས་རིན་ཆེན་གླིང་དང་འདྲ། །མདོ་མེད་སྟོང་ལོག་མ་བྱེད་དིང་རི་བ། །ཞེས་སོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པ་ནི། སྔར་བསགས་ཀྱི་དགེ་བའི་ལས་ཀྱིས་ཚེ་འདིར་མཐོ་རིས་ཀྱི་རྟེན་ཕུན་སུམ་ཚོགས་པའི་གནས་སྐབས་ཅུང་ཟད་ཐོབ་ཏུ་ཟིན་ཀྱང་། རྟག་པ་མ་ཡིན་ཏེ། ཚེ་སྟོན་ཀའི་ན་བུན་བས་ཡུན་ཐུང་། ལུས་ཆུ་ལྦུར་བས་འཇིག་སླ། ལོངས་སྤྱོད་སྒྱུ་མ་ལྟར་རྟག་མི་ཐུབ། གཉེན་འཁོར་སྲིན་བལ་གྱི་འདབ་མ་བས་གྱེས་སླ་བ་ཡིན་ཏེ། མདོ་ལས། ལང་ཚོ་རྣམས་ནི་རི་གཟར་ཆུ་ལྟར་འགྲོ། །སྐད་ཅིག་སྐད་ཅིག་ཡུད་ཙམ་ཤིན་ཏུ་མྱུར། །སྟོན་ཀའི་སྤྲིན་སྟུག་སྙིང་པོ་མེད་པ་དང་། །དབྱར་ཁའི་ཆུ་དྲག་ཡུན་དུ་མི་གནས་ལྟར། །ལོངས་སྤྱོད་མི་རྟག་སྙིང་པོ་མེད་པར་རྟོགས། །ཞེས་གསུངས། དེས་ན་སྐྱེས་ཕན་ཆད་ཚེ་ཐར་དུ་ལུས་པ་སུ་ཡང་མེད་པས་ངེས་པར་འཆི་ཞིང་། ཚེ་ལ་ལོང་མེད་པས་ནམ་འཆི་ཆ་མེད། འཆི་བའི་ཚེ་ཟས་ནོར་ལོངས་སྤྱོད་གནས་ལུས་དབང་ཐང་སོགས་གང་ཡང་རྗེས་སུ་མི་འབྲང་བས། ཚེ་འདི་ལྟོས་ཀྱི་བྱ་བྱེད་ལ་ཅིས་ཀྱང་དགོས་པ་མེད། འཆི་བའི་ནངས་པར་ཆོས་མིན་པ་གང་གིས་ཀྱང་མི་སྟོངས་པས། སྡར་མའི་པང་དུ་སྦྲུལ་ཞུགས་པའམ། སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར། ད་ལྟ་ཉིད་ནས་དམ་ཆོས་ལ་བརྩོན་འགྲུས་དྲག་པོས་འབད་དགོས་ཏེ། དམ་པས། ཡེངས་བའི་བར་ལ་འཆི་བདག་བདུད་ཀྱིས་འཛིན། །ད་ལྟ་ཉིད་དུ་སྒྲུབས་ཤིག་དིང་རི་བ། །ཞེས་སོ། །གསུམ་པ་རྒྱུ་འབྲས་ལ་བསམ་པ་ནི། དེ་ལྟར་ཤི་ནས་ཀྱང་གཏན་མེད་དུ་མི་འགྲོ་སྟེ། དགེ་སྡིག་གཉིས་པོ་ནི་ལུས་དང་གྲིབ་མ་བཞིན་དུ་ངེས་པར་རྗེས་སུ་འབྲང་། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། དགེ་བ་རང་གིས་མ་བྱས་པ་འཁྱེར་རྒྱུ་ནི་མེད། མི་དགེ་བའི་ལས་ཀྱིས་ངན་སོང་དུ་ལྟུང་ན་ཅི་ཙུག་བྱེད། དེར་མི་སྐྱེ་བའི་གདེང་ནི་མེད། གལ་ཏེ་མཐོ་རིས་སུ་སྐྱེས་སུ་ཟིན་ཀྱང་དེར་ཡང་སྡུག་བསྔལ་


MLP014_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆ་ཐམས་ཅད་མི་དགེ་བས་བསྐྱེད་པར་འདུག །དེས་ན་དེང་ཕྱིན་ཆད་སྡིག་པ་སྲོག་ལ་བབས་ཀྱང་མི་བྱེད། དགེ་བའི་ལས་ཕྲ་མོ་ཁྱད་དུ་མི་གསོད། རླབས་པོ་ཆེའི་དགེ་བ་ལ་དཔའ་མི་ཞུམས་པར། ལུས་ངག་ཡིད་གསུམ་བར་མཚམས་མེད་པར་དགེ་བའི་ལས་ལ་མགལ་མེའི་འཁོར་ལོ་ལྟར་སློབ་དགོས་པས་དགེ་སྡིག་ལ་སྤང་ལེན་ནན་ཏན་བྱའོ་སྙམ་དུ་ཞེ་དམ་འཆའ་སྟེ། དམ་པས། ལས་ཀྱི་རྣམ་སྨིན་རྒྱུ་འབྲས་བདེན་པར་ངེས། །མི་དགེ་སྡིག་ལ་འཛེམས་ཤིག་དིང་རི་བ། །ཞེས་སོ། །བཞི་པ་འཁོར་བའི་ཉེས་དམིགས་ལ་བསམ་པ་ནི། རང་ཅག་རྣམས་ལས་ཀྱི་དབང་གིས་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་མ་གཏོགས་བདེ་བའི་གོ་སྐབས་ནམ་ཡང་མེད་དེ། ལུས་ངག་ཡིད་གསུམ་འདོད་པའི་ནད་ཀྱིས་གདུངས། བདག་ཏུ་འཛིན་པའི་ལྕགས་སྒྲོག་གིས་བཅིངས། སྡུག་བསྔལ་སྣ་ཚོགས་ཀྱི་དྲ་བར་ཚུད། འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྐྱིད་མེད་དེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ། བྱོལ་སོང་གི་གནས་ན་གླེན་ལྐུགས་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ། བདེ་འགྲོ་ལྷ་མིའི་གནས་ཐོབ་ཀྱང་སྡུག་བསྔལ་གྱི་མཐའ་ལས་མ་འདས་ཏེ། འཁོར་བ་ནི་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པའམ་ནག་ཅན་བཙོན་དོང་དུ་ཚུད་པ་དང་འདྲ་བས། ད་རེས་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་བའི་སྐབས་འདིར་འཇིགས་རུང་འཁོར་བའི་གནས་ལས་ངེས་པར་ཐར་པ་ཞིག་བྱ་དགོས་ཏེ། རྗེ་དམ་པས། འཁོར་བའི་ཉེས་དམིགས་བསམ་ན་སྙིང་རླུང་ལྡང་། །འདི་ལ་གད་མོ་མི་བྲོ་དིང་རི་བ། །ཞེས་སོ། །དེ་ལྟར་བསམ་བྱ་རྣམ་པ་བཞིའི་སྒོ་ནས་ཚེ་འདིའི་ཆེ་ཐབས་ལ་བློ་ལོག་པར་གྱུར་ན་གཟོད་ཐར་ལམ་རྣལ་མ་ཞིག་རྒྱུད་ལ་སྐྱེ་བ་ཡིན་ནོ། །གཉིས་པ་ལ་ལྔ་སྟེ། ཐེག་པ་སྤྱིའི་རྨང་རྡོ་སྐྱབས་འགྲོ། ཐེག་ཆེན་གྱི་རྨང་རྡོ་སེམས་བསྐྱེད། མཐུན་རྐྱེན་ཚོགས་གསོག་མཎྜལ། འགལ་རྐྱེན་སྒྲིབ་པ་སྦྱོང་བྱེད་ཡིག་བརྒྱའི་སྒོམ་བཟླས། རྒྱུད་གྲོལ་བར་བྱེད་པའི་ཐབས་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ཐོག་མར་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྐྱབས་འགྲོའི་ཁྲིད་འདི་གལ་ཆེ་སྟེ། ལམ་ཉམས་སུ་ལེན་པའི་དུས་སུ་ཡང་སྐྱབས་འགྲོ་བྱས་པས་ལམ་གྱི་བར་ཆད་


MLP014_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སེལ། བསླབ་པ་ལེན་པའི་དུས་སུའང་སྐྱབས་འགྲོ་བྱས་པས་བསླབ་པའི་གཞི་འཛིན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་སུའང་སྐྱབས་འགྲོ་བྱས་པས་ཐེག་པ་ཆེན་པོའི་བློ་ཁྱད་པར་ཅན་དུ་བྱེད། དབང་བསྐུར་ཞུ་བའི་དུས་སུའང་སྐྱབས་འགྲོ་བྱས་པས་ཐ་མལ་གྱི་རྒྱུད་སྨིན། ཕྱི་ནང་གི་འཇིགས་པ་བྱུང་ནའང་སྐྱབས་འགྲོ་བྱས་པས་འཇིགས་པ་ཐམས་ཅད་སེལ། དེས་ན། རྗེ་དམ་པས། བློ་སྙིང་བྲང་གསུམ་དཀོན་མཆོག་ཕྱོགས་སུ་གཏོད། །བྱིན་རླབས་འབྱུང་བར་ངེས་ཀྱིས་དིང་རི་བ། །ཞེས་ཕན་ཡོན་དཔག་ཏུ་མེད་པར་གསུངས་པའི་ཕྱིར་དུས་རྟག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་གལ་ཆེ་བས། རང་གི་སྤྱི་བོའི་ཐད་ཀའི་མདུན་གྱི་ནམ་མཁར་སེང་ཁྲི་པད་ཉི་ཟླ་བའི་གདན་ལ་སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ཉིད་རྣམ་པ་རྡོ་རྗེ་འཆང་ཆེན་པོའི་ཆ་ལུགས་ཅན་དུ་བཞུགས་པའི་མཐའ་སྐོར་དུ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་པར་མོས་ནས་རང་གཞན་སེམས་ཅན་ཐམས་ཅད་རེ་ལྟོས་ལིང་བསྐྱུར་གྱིས་སྐྱབས་འགྲོ་བྱེད་པར་མོས་ལ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་ཅི་ནུས་བཟླས་མཐར་འཁོར་རྣམས་རྩ་བའི་བླ་མ་ལ་བསྡུས། དེ་ཉིད་རང་གི་སྤྱི་བོ་ནས་ཐིམ་པའི་ངང་ལ་ཅི་གནས་བཞག་གོ །གཉིས་པ་ནི། ཐོག་མར་བྱམས་སྙིང་རྗེ་སྒོམ་དགོས་ཏེ། རྗེ་དམ་པས། འགྲོ་དྲུག་སེམས་ཅན་དྲིན་ཅན་ཕ་མ་ཡིན། །བྱམས་དང་སྙིང་རྗེ་སྒོམས་ཤིག་དིང་རི་བ། །ཞེས་གསུངས་པ་ལྟར་དང་པོ་རང་གི་ཚེ་འདིའི་ཕ་མས་དྲིན་གདགས་ཚུལ་ལ་བསམ། དེ་བཞིན་དུ་སེམས་ཅན་ཐམས་ཅད་རང་གི་ཕ་མ་མ་གྱུར་པ་མེད་པས། དེ་ཐམས་ཅད་ཀྱིས་ཕ་མ་ལན་གྲངས་དཔག་མེད་བྱས་ནས། དེ་ལྟར་ཕན་བཏགས་པ་ཤ་སྟག་ཡིན་པ་ལ་འདི་རྣམས་བདེ་བ་དང་སྐྱིད་པ་ཁོ་ན་འདོད་ཀྱང་ཐབས་མི་མཁས་པས་རྟག་ཏུ་སྡུག་བསྔལ་སྣ་ཚོགས་མྱོང་བར་མ་ཟད། ད་དུང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་འཇུག་པ་འདི་རྣམས་སྙིང་རེ་རྗེ། འོ་ན་སྙིང་རྗེ་བའི་སར་བཞག་པས་མི་ཕན། འདི་ཐམས་ཅད་སྡུག་བསྔལ་གྱི་གནས་ནས་


MLP014_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཁོ་ནས་དྲངས་ནས་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་བྱ། དེའི་ཆེད་དུ་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་གོ་འཕང་སྒྲུབ་པར་བགྱིའོ་སྙམ་དུ་ཞེ་ཐག་པ་ནས་བསམ་ལ། ཤེས་རབ་སྙིང་རྗེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བགྱིས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །ཞེས་ལྷག་བསམ་དྲག་པོས་ཅི་ནུས་བསྒོམས་ནས། མཐར་ཡུལ་སེམས་ཅན་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ །གསུམ་པ་ལ་གཉིས་ལས། སྒྲུབ་པའི་མཎྜལ་ནི། རྒྱུ་གསེར་དངུལ་ལྟ་བུ་རིན་པོ་ཆེ་མཆོག་ཡིན་ན་སོར་བཞི་ལས་མི་ཆུང་བ་དང་། འཁར་བ་ལྟ་བུ་རིན་པོ་ཆེ་ཕལ་པ་ཡིན་ན་མཐོ་གང་ལས་མི་ཆུང་བའི་མཎྜལ་མཚན་ཉིད་ལྡན་པ་དྲི་བཟང་གི་ཆུས་ཆག་ཆག་གདབ། མཎྜལ་གཡས་པས་བཟུང་ལ་གཡོན་པས་ནང་སྐོར་དུ་ཕྱི་བཞིན་དུ་ༀ་བཛྲ་བྷུ་མི་ཨཱཿཧཱུྃ། ཞེས་པས་མཎྜལ་དེ་རིན་པོ་ཆེའི་འབྱུང་གནས་རྒྱ་མཚོ་ཆེན་པོར་གྱུར། དེ་མ་ཐག་དེ་ཉིད་དང་མ་འབྲལ་བཞིན་དུ་མཎྜལ་གྱི་མཐར་སྲིན་ལག་གིས་རེག་ཅིང་། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཞེས་པས་སྲུང་འཁོར་སྒོམ། དེ་ནས་ༀ་ན་མོ་རཏྣ་གུ་རུ་ཨཱཿཧཱུྃ་ཞེས་མཎྜལ་གྱི་དབུས་སུ་ཚོམ་བུ་གཅིགༀ་ན་མོ་རཏྣ་ཏྲ་ཡཱ་ཡ་ཨཱཿཧཱུྃ་ཞེས་མདུན་དུ་གཅིག །ༀ་ན་མོ་མཧཱ་ཤྲཱི་ཧེ་རུ་ཀཱ་ཡ་ཨཱཿཧཱུྃ། ཞེས་གཡས་སུ་གཅིག །ༀ་ན་མོ་བཛྲ་ཌཱ་ཀི་ནཱི་ཨཱཿཧཱུྃ། ཞེས་རྒྱབ་ཏུ་གཅིག །ༀ་ན་མོ་དྷརྨ་པཱ་ལ་ཨཱཿཧཱུྃ། ཞེས་གཡོན་དུ་ཚོམ་བུ་གཅིག་རྣམས་བཀོད་པས་ལྔ་ཀའི་གནས་སུ་པདྨའི་སྡོང་པོ་འདབ་མ་རྒྱས་པ་ཡངས་ཤིང་མཛེས་པ་རེ་རེར་གྱུར་པ་ལས། དབུས་ཀྱི་པད་སྡོང་གི་སྟེང་དུ་སེང་ཁྲི་པད་ཉི་ཟླ་བའི་གདན་ལ་རང་གི་རྩ་བའི་བླ་མ་བཞུགས་པའི་མཐར་མོས་གུས་ཀྱི་གནས་སུ་གྱུར་པའི་བླ་མ་ཐམས་ཅད་བཞུགས་པར་བསམ། དེ་བཞིན་དུ་མདུན་སྟེང་སེང་ཁྲི་ཡངས་པར་སྟོན་པ་ཐུབ་དབང་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་དང་། ཆོས་དཀོན་མཆོག་པུསྟི་བརྩེགས་པའི་རྣམ་པ། དགེ་འདུན་དཀོན་མཆོག་བྱང་སེམས་འཕགས་པ་ཉན་རང་རྣམས་བཞུགས་པ། གཡས་ཀྱི་རི་རབ་ཆུ་སྐྱེས་ཉི་ཟླ་འཇིགས་བྱེད་དུས་མཚན་གྱི་གདན་ཁར་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་རྒྱུད་སྡེ་བཞིའི་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། རྒྱབ་ཀྱི་སྟེང་


MLP014_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་བསྣོལ་མ་མི་རོའི་གདན་ཁར་རྡོ་རྗེ་རྣལ་འབྱོར་མ་ལ་ལས་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་བསྐོར་བ། གཡོན་སྟེང་དགྲ་བགེགས་ཀྱི་གདན་སྟེང་དུ་ཡེ་ཤེས་ཀྱི་མགོན་པོ་ཨ་གྷོ་ར་ལྕམ་དྲལ་ལ་དཔལ་མགོན་བདུན་ཅུ་རྩ་གཉིས་སོགས་ཆོས་སྐྱོང་སྲུང་མས་བསྐོར་བ་རྣམས་བཞུགས་པ། སླར་ཡང་གཡོན་དུ་སུཪྻཱ་ཡ་ཨཱཿཧཱུྃ། ཞེས་ཚོམ་བུ་གཅིག་བཀོད་པ་ཉི་གདན་དང་། གཡས་སུ་ༀ་ན་མོ་ཨ་ཙནྡྲ་ཡ་ཨཱཿཧཱུྃ། ཞེས་ཚོམ་བུ་གཅིག་བཀོད་པ་ཟླ་བའི་གདན་ཡངས་པ་གཉིས་ཀྱི་སྟེང་དུ་ཕྱོགས་བཅུའི་ཆོས་མཛད་སྒྲུབ་པ་པོ་ཐམས་ཅད་བཞུགས་པར་བསམ་ལ། མཎྜལ་དེ་ཉིད་མདུན་དུ་བཏེགས་ལ་བཀོད་དེ། དེའི་མདུན་མཆོད་པའི་མཎྜལ་ནི། རྒྱས་པ་ལ་ཚོམ་བུ་ཉེར་གསུམ། འབྲིང་ལ་བཅུ་གཅིགབསྡུས་པ་ལ་བདུན་བཤད་པ་ལས། ད་ལྟ་བསྡུས་པ་ཕྱག་ལེན་དུ་མཛད་པ་ལྟར་ན། རིན་པོ་ཆེའི་མཎྜལ་ལ་དྲིས་ཆག་ཆག་བཏབ་ལ་སྔགས་གཉིས་ཀྱིས་འཕྱི་བ་དང་སྲུང་འཁོར་སྒོམ་པ་སྔར་ལྟར་བྱས་རྗེས། དབུས་སུ་རི་རབ། ཕྱོགས་བཞིར་གླིང་བཞི། ཤར་ནུབ་གཉིས་ཀྱི་ནང་དུ་ཉི་ཟླའི་ཚོམ་བུ་སྟེ་བདུན་བཀོད་ལ་ངག་ཏུ། རིན་ཆེན་རི་རབ་གསེར་རི་རོལ་མཚོས་བརྒྱན། །ཤར་གླིང་ལུས་འཕགས་བུམ་པ་བཟང་པོས་མཛེས། །སྒྲ་མི་སྙན་གླིང་དཔག་བསམ་ལྗོན་པའི་ཤིང་། །བ་ལང་སྤྱོད་ནི་འདོད་འཇོའི་བས་བརྒྱན་ཅིང་། །འཛམ་གླིང་ཡིད་བཞིན་ནོར་བུས་ལེགས་པར་བརྒྱན། །གསལ་བྱེད་ཉི་ཟླ་ཟུང་ཞིག་སྐོར་བ་བྱེད། །བར་མཚམས་ཐམས་ཅད་རིན་ཆེན་བདུན་ལ་སོགས། །ལྷ་ཀླུ་མི་ཡི་མཆོད་རྫས་ཀྱིས་བཀང་བས། །བླ་མ་དཀོན་མཆོག་རྣམ་གསུམ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ༀ་ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སྣོད་བཅུད་ཀྱི་ཞིང་ཁམས་ལུས་ལོངས་སྤྱོད་དང་བཅས་པ་ཕུལ་བས། དེའི་ཚེ་སྟེང་ནས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། འོག་ནས་ཀླུ་རྣམས་ཀྱིས་རིན་པོ་ཆེའི་དབྱིག་ཕུལ། བར་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་ཕྱི་ཉེར་སྤྱོད་ལྔ། ནང་འདོད་ཡོན་ལྔ། གསང་བ་བདུད་རྩི་ལྔ་ལ་སོགས་པའི་མཆོད་སྤྲིན་དཔག་ཏུ་མེད་


MLP014_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕུལ་བར་བསམ་ཞིང་། དེ་ལྟར་མཎྜལ་ཅི་ནུས་དབུལ་ནས་མཐར་གསོལ་བ་གདབ་པ་ནི། དད་ཅིིང་གུས་པས་པུས་བཙུག་ཐལ་མོ་སྦྱར་ཏེ། རྗེ་བཙུན་བླ་མ་དམ་པ་རྣམས་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས། བདག་ལ་རྟོགས་པ་མཆོག་ཏུ་གྱུར་པ་བསྐྱེད་དུ་གསོལ། ཞེན་འཁྲིས་མེད་པའི་ཕན་སེམས་དང་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། དག་པའི་སྣང་བ་སྣ་ཚོགས་འཆར་བར་མཛད་དུ་གསོལ། ཅེས་ལན་གསུམ་མམ་བདུན་བརྗོད། དེ་ལྟར་གསོལ་བ་བཏབ་ནས་སྒྲུབ་པའི་མཎྜལ་གྱི་རྟེན་དེ་རྣམས་ཚད་མེད་པའི་ཐུགས་རྗེ་ཆེན་པོས་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་སིབ་ཀྱིས་ཐིམ་པར་བསམ་ཞིང་། ལག་གཡོན་གྱིས་ཟླ་བའི་ཚོམ་བུ་ནས་མས་ཡར་རིམ་པས་བསྡུས་པ་ཐལ་མོའི་བར་དུ་བཟུང་ནས་སྙིང་གར་བཅངས་པས་ཚོགས་ཞིང་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། ཡོན་ཏན་ཕྲིན་ལས་བྱེད་པ་དང་བཅས་པ་བདག་རྒྱུད་ལ་བརྟན་པར་བསམ་ལ་བསྔོ་སྨོན་བྱའོ། །བཞི་པ་ནི། རང་ལུས་ཐ་མལ་དུ་གནས་པའི་སྤྱི་བོར་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ། བླ་མ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རྒྱས་པ་གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་། དར་ཁྲའི་ཤམ་ཐབས་སོགས་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞབས་ཕྱེད་སྐྱིལ་དུ་བཞུགས་པའི་གཡས་པའི་མཐེ་བོང་རང་གི་ཚངས་བུག་ཏུ་རེག་གེ་བཞུགས་པར་བསམ་ལ། དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་རྣམས་ལ་འགྱོད་སྡོམ་དྲག་པོས་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། རྡོར་སེམས་ཀྱི་ཐུགས་ཀར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་ཚད་མེད་པའི་རང་བཞིན་ཧཱུྃ་ཡིག་དཀར་པོ་ལས་བདུད་རྩིའི་རྒྱུན་དངུལ་ཆུ་འདྲིལ་བ་ལྟར་དཀར་ནར་གྱིས་བྱུང་བ་ཞབས་གཡས་པའི་ལམ་ནས་བརྒྱུད་མཐེ་བོང་ལས་བབས་པ་རང་གི་སྤྱི་བོ་ནས་ལུས་ཀྱི་ཕྱི་ནང་ཐམས་ཅད་དུ་དཀར་འདུ་རུ་རུ་དཀར་ཤམ་ཤམ་བབས་པས་བདག་རྒྱུད་ཀྱི་སྡིག་


MLP014_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་ཐམས་ཅད་བཤང་ལམ་དང་ཆུ་ལམ་རྐང་སེན་གྱི་བར་སོགས་ནས་ནག་ཉིལ་ཉིལ་ཐོན་ཏེ་རང་ལུས་ཤེལ་སྒོང་ཕྱིས་པ་ལྟར་གཙང་སིང་གིས་སོང་། མཐར་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ། སྦྱང་བྱ་སྦྱོང་བྱེད་སྦྱོང་མཁན་ཐམས་ཅད་རྣམ་པར་མི་རྟོག་པའི་ངང་ལ་བསྐྱུར་ཏེ་མཉམ་པར་བཞག་ལ་བསྔོ་བ་བྱའོ། །ལྔ་པ་ནི། རང་རྒྱུད་གྲོལ་བར་བྱེད་པའི་བདག་རྐྱེན་བླ་མ་དམ་པ་ཁོ་ན་ལ་བརྟེན་དགོས་ཏེ། སྔོན་གྱི་སངས་རྒྱས་བྱང་སེམས་རྣམས་ཀྱང་དང་པོ་ལམ་ཉམས་སུ་ལེན་པའི་ཐོག་མར་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བླང་དོར་ཤེས་པ་ལ་འཇུག་དགོས་ཤིང་། བར་དུ་ལམ་གྱི་དངོས་གཞི་ཉམས་སུ་ལེན་པ་ཡང་བླ་མ་ལ་རག་ལུས་པའི་ཕྱིར། བླ་མའི་རྣལ་འབྱོར་ལ་བརྩོན་པས་སློབ་པ་གལ་ཆེ་སྟེ། བླ་མ་སངས་རྒྱས་སུ་མཐོང་བ་དང་རྟོགས་པ་རྒྱུད་ལ་ཤར་བ་དུས་མཉམ་པར་གསུངས་པའི་རྒྱུ་མཚན་གྱིས་སོ། །དེ་ལྟར་ཡང་། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། རང་གི་རིག་པ་ཡེ་ཤེས་ནི། །ཚིག་གི་ལམ་འདས་སྤྱོད་ཡུལ་ཉིད། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཞེས་སོ། །དེ་ལ་བླ་མའི་ཕྱག་བཞེས་སུ། རྟེན་འབྲེལ་གྱི་སྔོན་དུ་རྟེན་འབྲེལ་གྱི་བདག་པོ་གཏོད་བྱ་བ་ཡིན་གསུངས་ནས། འདིར་དམ་པ་ཕྱི་སྒྲུབ་དང་སྦྱར་ནས་མཛད་པ་ལའང་འགལ་བ་མེད་མོད་ཀྱི། འོན་ཀྱང་འདིར་གླེགས་བམ་ལས་འབྱུང་བ་ལྟར་སྔོན་འགྲོ་ཆོས་གསུམ་གྱི་ནང་གི་བླ་མའི་རྣལ་འབྱོར་ཉིད་སྦྱར་བ་འབྲེལ་བས་རང་ཡི་དམ་དུ་གསལ་བའི་སྤྱི་བོའི་ཐད་ཀྱི་མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེ་འོད་འབར་བའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ཡངས་པ་ལ། རང་གི་རྩ་བའི་བླ་མ་དེ་ཉིད་སྐུ་མཚན་དཔེས་སྤྲས་ཤིང་ཞལ་གཟི་མདངས་དང་ལྡན་པ། ཐུགས་བདག་ལ་དགྱེས་པའི་ཚུལ་གྱིས་བྱིན་གྱིས་བརླབས། ཆ་ལུགས་སྤྲུལ་སྐུ་རབ་བྱུང་གི་ཆས་སམ། ལོངས་སྐུ་འཁོར་ལོས་སྒྱུར་བའི་ཆས་སམ། ཆོས་སྐུ་ཆ་ལུགས་ཀྱི་འཛིན་པ་མེད་པ་གཅེར་བུ་ནམ་མཁའི་གོས་ཅན་རྣམས་གང་མོས་ཀྱི་རྣམ་པར་བཞུགས་པའི་མཐའ་སྐོར་དུ། མོས་གུས་བྱེད་ཚད་ཀྱི་བླ་མ་རྣམས་དང་། དཔའ་མོ་རྣལ་


MLP014_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མའི་ཚོགས་དཔག་མེད་སྤྲིན་ཕུང་གཏིབས་པ་ལྟ་བུ། སྐུ་ལས་ཚད་མེད་པའི་ཐུགས་རྗེ་དང་བྱིན་རླབས་ཀྱི་འོད་ཟེར་དཀར་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བསམ་མོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་བྱང་རང་གིས་དྲངས་ཏེ། ཐམས་ཅད་ཀྱང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་དང་། ཕྱི་ཉེར་སྤྱོད། ནང་འདོད་ཡོན། གསང་བ་བདུད་རྩི་ལྔ། ལུས་ལོངས་སྤྱོད་དང་བཅས་པས་མཆོད་པ་དང་། སྡིག་སྒྲིབ་འགྱོད་སྡོམ་གྱི་བཤགས་པ་དང་། རྨད་བྱུང་གི་མཛད་པ་ལ་རྗེས་སུ་ཡི་རང་བ་དང་། བླ་ན་མེད་པའི་ཆོས་འཁོར་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་རྣམས་ཚིག་ཇི་ལྟར་རིགས་པ་འབུལ་བ་སྔོན་དུ་བཏང་ནས། ལུས་གུས་པས་ཞབས་ལ་བཏུད་ཅིང་གདུང་ཤུགས་ཀྱི་མཆི་མ་འབུལ། ངག་སྙན་པའི་གདུང་དབྱངས་ཀྱིས། བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །དེ་ཁོ་ན་ཉིད་ཀྱི་རྟོགས་པ་མྱུར་དུ་འཆར་བར་བྱིན་གྱིས་རློབས་ཤིག །བླ་མ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །སྣང་བ་ཐམས་ཅད་དག་པ་རབ་འབྱམས་སུ་འཆར་བར་བྱིན་གྱིས་རློབས་ཤིག །བླ་མ་སངས་རྒྱས་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །གཞན་དོན་རླབས་པོ་ཆེ་འགྲུབ་པར་བྱིན་གྱིས་རློབས་ཤིག །ཅེས་ཅི་ནུས་དང་། སྤྲོ་ན། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། ཞེས་སོགས་བརྒྱུད་འདེབས་ཀྱང་འདོན། ཡིད་གུས་པས་ཅི་མཛད་ཁྱེད་ཤེས་ཀྱི་རེ་ལྟོས་བཀལ་ནས་གསོལ་བ་འདེབས། དེ་ལྟར་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཐག་པ་ནས་གསོལ་བ་བཏབ་ན་བྱིན་རླབས་བཙན་ཐབས་སུ་འཇུག་པ་ཡིན་ནོ། །མཇུག་ཏུ་བླ་མའི་སྤྱི་མགྲིན་སྙིང་གའི་གནས་གསུམ་ནས་ཚད་མེད་ཐུགས་རྗེ་ཆེན་པོའི་འོད་ཟེར་དཀར་དམར་སྔོ་གསུམ་གྱི་རྣམ་པར་འཕྲོས། རང་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་མགྲིན་སྙིང་གའི་གནས་གསུམ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཐིམ་པས་ལུས་ནང་ཐམས་ཅད་འོད་དེས་མེར་གྱིས་ཁེངས་པ་བདེ་བ་ཆེན་པོའི་ཡེ་ཤེས་སུ་ཕྲིལ་གྱིས་གྱུར་པར་བསམ། མཐའ་སྐོར་གྱི་བླ་མ་དཔའ་བོ་རྣལ་འབྱོར་མ་རྣམས་ཡུད་ཀྱིས་རང་བཞིན་གྱི་གནས་སུ་གཤེགས།


MLP014_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་བླ་མ་དེ་རང་གི་སྤྱི་བོར་བྱོན་ནས་བཞུགས་པར་བསམ་ལ། སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་ཡེངས་བ་མེད་པའི་མོས་གུས་དུང་དུང་པ་བྱའོ། །དེ་ལྟར་བླ་མའི་རྣལ་འབྱོར་ལ་འབད་ན། རྟོགས་པའི་ཡེ་ཤེས་མ་སྐྱེས་པ་བསྐྱེད། སྐྱེས་པ་འཕེལ། འཕེལ་བ་མཐར་ཕྱིན་པ་སོགས་ཡོན་ཏན་དཔག་མེད་འབྱུང་བས་ལམ་གྱི་ནང་ནས་མཆོག་ཏུ་གྱུར་པའི་མྱུར་ལམ་ཡང་དག་པ་ཡིན་ནོ། །ཐུན་བསྡུ་བ་ཐམས་ཅད་ཀྱི་མཇུག་ཏུ་དམ་པའི་སྨོན་ལམ་སུམ་ཅུ་མའམ། ཀུན་དགའི་སྨོན་ལམ་བཅུ་གསུམ་མ། ཡང་ན་སྨོན་ལམ་ཡེ་ཤེས་ནོར་བུ་ཞེས་རྡོ་རྗེའི་ཚིག་དྲུག་མ་འདི་འདོན་ཏེ། ན་མོ། བདག་དང་བདག་གི་རིགས་བདག་ལ་སོགས་པ། །མཐའ་ཡས་རྒྱུད་ཀྱིས་བསྡུས་པའི་འགྲོ་བ་རྣམས། །འདི་ནས་ཚེ་འཕོས་རིན་ཆེན་ཅན་གྱི་ཞིང་། །བྱང་སེམས་སྨོན་ལམ་གྲུབ་པས་དཀྲིགས་པའི་ནང་། །རྒྱན་གྱི་འཁོར་ལོ་ཕོ་བྲང་རྣམ་མཛེས་པ། །ཡོངས་བདག་གཞལ་མེད་ཁང་དུ་སྐྱེ་བར་ཤོག །ཅེས་ཀྱང་བརྗོད་དོ། །ལམ་གྱི་སྣོད་རུང་དུ་གྲུབ་པའི་སྔོན་འགྲོའི་ཆོས་རྣམས་ཡིག་རྙིང་གི་དོན་ལྟར་བཀོད་པ་ཡིན་ནོ། །གཉིས་པ་དངོས་གཞི་ལམ་ལྔའི་དམར་ཁྲིད་བཤད་པ་ལ་གསུམ་སྟེ། བྱ་བ་གཞིའི་རྣལ་འབྱོར། བྱེད་པ་ལམ་གྱི་རྣལ་འབྱོར། བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །དང་པོ་ནི། རྟེན་སྡོམ་པ་གསུམ་དང་ལྡན་ཞིང་རྣལ་འབྱོར་གྱི་རང་ས་དྲུག་མ་ཉམས་པར་བསྲུང་བའོ། །དེ་ལ་སྡོམ་པ་གསུམ་ནི། ལུས་ངག་ཡིད་གསུམ་གྱི་ཁ་ན་མ་ཐོ་བའི་སྡིག་པ་ཕྲ་ཞིང་ཕྲ་བ་ནས་འཛེམ་པ་ཉན་ཐོས་ཀྱི་འདུལ་ཁྲིམས། སེམས་ཅན་གྱི་དོན་ལ་ཆོག་མི་ཤེས་པར་འཇུག་པ་བྱང་སེམས་ཀྱི་བསླབ་པ། བླ་མ་ལ་སངས་རྒྱས་སུ་བལྟས་ནས་ཅི་གསུང་གི་བཀའ་སྒྲུབ་པ་གསང་སྔགས་ཀྱི་དམ་ཚིག་སྟེ། གཞིས་ཉན་ཐོས་ཀྱི་འདུལ་ཁྲིམས་དམ་པ། ནང་བྱང་སེམས་ཀྱི་སྡོམ་པ་ཡངས་པ། འབྲས་བུ་གསང་སྔགས་ཀྱི་དམ་ཚིག་གཙང་མ་ཞེས་ཀྱང་བྱའོ། །དེ་ལྟར་ཡང་། རྡོ་རྗེ་རྩེ་མོ་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །ཞེས་སོ། །རྣལ་འབྱོར་གྱི་རང་ས་དྲུག་བསྲུང་བ་ནི། འཇིག་རྟེན་པའི་ལྷ་ལ་གསོལ་བ་མི་འདེབས་ཏེ། ཀུན་བཏགས་ཡིན་པས་བསླུ་ཞིང་རྫུན་པ་ཉིད་ཀྱིས་བློ་ཕུག་མི་ཐུབ་པའི་ཕྱིར་རོ། །དེས་


MLP014_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ན་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ལས་རེ་ལྟོས་གཞན་དུ་མི་འཚོལ་ལོ། །དངོས་གྲུབ་འདྲེ་ལ་མི་ཞུ་སྟེ། རྣལ་འབྱོར་བདག་གིས་འབྱུང་པོ་སྒྲུབ་པའི་འདུ་ལངས་བར་ཆད་ཀྱི་གཡབ་མོས་ཐར་ལམ་ལ་གནོད་དེ། ཞོ་ལམ་དར་བས་འགགས་པ་ལྟར་རོ། །དེས་ན་ཉམས་ལེན་པ་ལྟོ་གོས་ལ་གྱོང་ཁུར་ཏེ་འཚོ་བ་གྱི་ན་ལ་བརྟེན་ཅིང་ཉམས་ལེན་མཐར་དབྱུང་ངོ་། །ཕོ་སྒོ་ཚེ་འདིར་མི་འབྱིན་ཏེ། ཚེ་འདིའི་ཆེ་ཐབས་ཐམས་ཅད་ནམ་ཞག་གཏན་གྱི་ཆུང་ཐབས་སུ་འདུག་པས། འདི་བས་ཕྱི་མ་ཤུལ་ཐག་རིང་བའི་ཕྱིར་འཇིག་རྟེན་གྱི་ཆེ་ཐབས་དང་། འདུན་མ་མི་བསྒྲུབ་པར་དམན་ས་བཟུང་ནས་ཐར་ལམ་ཁོ་ན་བཙལ་བར་བྱའོ། །སྣ་ཐག་མི་ལ་མི་གཏད་དེ། བྱ་བ་ངོ་དཀར་ཤོར་ན་ཆོས་ཀྱི་དགོས་པ་འཆོར་བས། རང་ཞེན་ནས་ཆོས་བྱེད་པའི་རང་དབང་རང་གིས་འཐོབ་པར་བྱའོ། །གསང་བ་མཆུ་སྒོར་མི་འདོན་ཏེ། རང་ལ་ཤར་བའི་ཉམས་རྟོགས་གཞན་ལ་བཤད་ན་ཉམས་རྟོགས་ཀྱི་འཕེལ་བ་ཆད་འགྲོ་བས། ཡོན་ཏན་གསང་ཞིང་སྤེལ་བར་བྱའོ། །ངོ་སོ་རྒྱལ་མཚན་གྱི་རྩེ་ལ་མི་འཕྱར་ཏེ། རྨིས་མཐོང་བྱིས་ཚོར་གྱི་ཉམས་ལེན་མངོན་མཚན་ཅན་ལ་བར་ཆད་ཀྱི་བདུད་འབྱུང་བས་གསང་སྤྱོད་ཀྱི་སྒོ་ནས་མཐར་ཕྱིན་པར་བྱའོ། །དེ་ཡང་རྒྱལ་པོ་ཟླ་བ་འོད་ཟེར་གྱི་ཞལ་ནས། རྣལ་འབྱོར་གྱི་རང་ས་མ་ཉམས་པ་ཆོས་མིན་ཡིད་ལ་མི་འགྱུ་བར་བྱེད། ལོག་པའི་ཤེས་པ་ཚར་གཅོད་པའི་གནད་ཡིན། ཞེས་བསྟན་ཏོ། །འདིར་རང་སའི་དྲི་མ་བཞི་ཡང་ཤེས་པར་བྱ་སྟེ། ཆོས་བརྒྱད་ཀྱི་ངད་ཆགས་ན་བོ་བའི་དྲི་མ་ཡིན་པས་ཆོས་བརྒྱད་མགོ་སྙོམས་པར་བྱ། སྤྱོད་ལམ་འཇིག་རྟེན་པ་དང་བསྟུན་ན། ཟགས་པས་རང་ཚུགས་ཐུབ་པར་བྱ། འཁོར་བར་བློ་མ་ལོག་ན་ལྟེམས་པས། འཁོར་བའི་རང་བཞིན་སྡུག་བསྔལ་དུ་བསམ། འཁོར་བར་ཡིད་མ་ལོག་ན་ལོག་པས་མི་རྟག་པར་ཤེས་པས་གཏན་འདུན་བསྒྲུབ་པར་བྱའོ། །གཉིས་པ་བྱེད་པ་ལམ་གྱི་རྣལ་འབྱོར་ལ། དངོས་དང་དེ་དཀའ་ཐུབ་གསུམ་གྱི་སྲང་ནས་འདོན་པའོ། །དང་པོ་བྱེད་པ་ལམ་གྱི་རྣལ་འབྱོར་དངོས་ལ་ལྔ་སྟེ་ཚོགས་ལམ་བློ་སྦྱོང་། སྦྱོར་ལམ་དཀའ་ཐུབ། མཐོང་ལམ་རྗེས། སྒོམ་ལམ་རོ་སྙོམས། མཐར་ལམ་བྱ་བྲལ་ལོ། །དང་


MLP014_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཚོགས་ལམ་བློ་སྦྱོང་ལ་གསུམ་སྟེ། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད། དངོས་གཞི་རྒྱུད་ལ་དབང་བསྐུར་ལུགས། རྗེས་ལམ་གྱི་ཚར་ཚད་བསླབ་བྱ་དང་བཅས་པའོ། །དང་པོ་ལ། རྟེན་བསྐྱེད་པ། ཚོགས་བསག་པ། ལམ་:བརྟན་༼བསྟེན༽པ་དང་གསུམ། དང་པོ་ལ་རྟེན་རྒྱས་འབྲིང་བསྡུས་གསུམ་ལས། རྟེན་རྒྱས་པར་བསྐྱེད་པ་ནི། རང་གི་སྤྱི་བོར་པདྨའི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པའི་དབུས་ཀྱི་པདྨ་འདབ་མ་ཁ་བྱེ་བ་ཡོངས་སུ་རྒྱས་པའི་ནང་དུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མ་ཟླ་བའི་གདན་ལ། དངོས་ཀྱི་བླ་མ་སྐུ་མཚན་དཔེ་དང་ལྡན་པ། ཞལ་གཟི་མདངས་དང་ལྡན་པ། ཐུགས་བདག་ཁོ་ན་ལ་དགྱེས་པས་རྗེས་སུ་འཛིན་པ་ཞིག་བཞུགས་པར་བསམ་མོ། །དེའི་དབུའི་སྟེང་དུ་པདྨའི་སྡོང་པོ་གཅིག་དྲིལ་གྱི་སྟེང་དུ་བརྒྱུད་པའི་བླ་མ་དྲུག་བརྩེགས་ལ་མས་ནས་རིམ་བཞིན་མཁས་གྲུབ་བློ་གྲོས་བརྟན་པ། མཚུངས་མེད་བཀྲ་ཤིས་བཟང་པོ། ཁྱབ་བདག་དཔལ་འབྱོར་ཕུན་ཚོགས། འཇམ་དབྱངས་དཔལ་འབྱོར་ལྷུན་གྲུབ། མཁས་གྲུབ་ནམ་མཁའ་བཟང་པོ། སྐུ་གསུམ་བདེ་ཆེན་ལྷུན་གྲུབ་དེའི་དབུའི་སྟེང་དུ་སྡོང་བུ་གཉིས་སུ་གྱེས་པའི་བླ་མ་གསུམ་བརྩེགས་ཀྱི་བྱང་སེམས་རྒྱ་མཚོ་སྦྱིན་པ། རྒྱ་སྒོམ་རྡོ་རྗེ་གདན་པ། མཁས་བཙུན་བསོད་ནམས་དཔལ་བཟང་། སྡོང་བུ་ཅིག་ཤོས་ལ་བླ་མ་བཞི་བརྩེགས་ཀྱི་སྙེ་ནང་ལུང་ཆེན་པ་བསོད་ནམས་དཔལ་བཟང་། ཐུགས་སྲས་བསོད་ནམས་འོད་ཟེར། རས་ཆེན་དཔལ་ལྡན་བསོད་ནམས། ཆོས་རྗེ་བློ་གྲོས་རྒྱ་མཚོ། དེ་གཉིས་ཀྱི་དབུའི་སྟེང་པད་སྡོང་གཅིག་ཏུ་དྲིལ་བར། ཀུན་མཁྱེན་བྱང་ཆུབ་བཟང་པོ། དེ་ཡི་སྟེང་སྡོང་བུ་གཉིས་སུ་གྱེས་པའི་གཅིག་ལ་རྒྱ་སྟོན་སྨོན་ལམ་ཤེས་རབ། ཅིག་ཤོས་ལ་དྲིན་ཅན་སངས་རྒྱས་དབོན། མཁན་ཆེན་ཚུལ་ཁྲིམས་ཕན། མཚན་ལྡན་རི་ཁྲོད་དབང་ཕྱུག་རྣམས་གསུམ་བརྩེགས་སུ་བཞུགས་པ། རྒྱ་སྟོན་དང་མཚན་ལྡན་པའི་དབུའི་སྟེང་དུ་སྡོང་པོ་གཉིས་ཀྱི་ས་ལ་རོག་རྒྱལ་སྲས་ཀུན་དགའ་བཟང་པོ་དང་ཀུན་དགའ་དོན་གྲུབ་སྐུ་མཆེད། དེ་གཉིས་ཀྱི་དབུ་སྟེང་སྡོང་བུ་གཅིག་ཏུ་དྲིལ་བ་ལ་རོག་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ། དེའི་དབུ་སྟེང་པད་སྡོང་རྩེ་


MLP014_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གསུམ་དུ་གྱེས་པའི་འདབ་མ་ལ་རོག་ཤེས་འོད། ཞིག་པོ་ཉི་མ་སེང་གེ །སྙེ་མདོ་སྨྲ་བའི་སེངྒེ་སྟེ་སྐུ་མཆེད་རིན་པོ་ཆེ་རྣམ་པ་གསུམ་གྲལ་འཕྲེང་དུ་བཀྲིག་གེ་བཞུགས་པ། དེ་དག་གི་དབུའི་སྟེང་པདྨའི་སྡོང་བུ་གཅིག་ཏུ་འདྲིལ་བའི་སྟེང་དུ་བླ་མ་བཞི་བརྩེགས་ལ་གྲུབ་ཐོབ་རྒྱལ་བ་ཏེ་ནེ། མཁས་བཙུན་སྦ་ཚབ་སྒོམ་པ། སྐྱེ་མེད་བྱང་སེམས་ཀུན་དགའ། རྗེ་བཙུན་དམ་པ་རྒྱ་གར་རིན་པོ་ཆེ་སྐུ་མདོག་སྨུག་ལ་དམར་བའི་མདངས་ཆགས་པ། དབུ་སྐྲ་ཡོ་འབོག་གི་སྡོང་པོ་ལྟར་གཟེངས་པ། སྐུ་ལ་རས་ཁྲ་བོའི་ཨང་རག་གསོལ་བ། སྣང་སྲིད་ཐམས་ཅད་མནན་ན་ནོན་པ། བཏེགས་ན་ཐེག་པ། ཕྱག་རྒྱ་རྩེ་བསྣོལ་དུ་བཞུགས་པར་བསམ་མོ། །དེ་དག་གི་དབུའི་སྟེང་དུ་པདྨའི་སྡོང་བུ་ཡལ་འདབ་ལྔ་བཅུ་རྩ་བཞིར་གྱུར་པ་ལ་ཐུན་མོང་མིའི་བླ་མ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་སྟེ། མདུན་དུ་ས་ར་ཧ་ཙཱཪྱ་པ། གུ་ཎ་ཏི། ཏོག་རྩེ་པ། ཀོ་ཥ་པ། ཤ་བ་ཏ། མཻ་ཏྲི་པ། སཱ་ག་ར་སིདྡྷི། ཉི་མ་སྦས་པ། ཨ་ཀ་ར་སིདྡྷི། རཏྣ་བཛྲ་རྣམས་སོ། །སོགས་ཕྱག་རྒྱ་ཆེན་པོ་བརྡའི་བླ་མ་བཅུ་གཅིག །གཡས་སུ་སངས་རྒྱས་གསང་བ་པདྨ་བཛྲ། ངག་གི་དབང་ཕྱུག །གོ་དྷ་རི། ཀརྨ་བཛྲ། ཛ་བ་ཏི། ཡེ་ཤེས་ཞབས། ཀླུ་བྱང་། ཨཱ་ནནྟཱ། ཀྲིཥྞ་བ། བ་སུ་དྷ་རི་རྣམས་སོ། །སོགས་ཕ་བརྒྱུད་གཡོ་བ་རླུང་གི་བླ་མ་བཅུ་གཅིག །གཡོན་དུ་མཚོ་སྐྱེས་རྡོ་རྗེ་ཨིནྡྲ་བྷུ་ཏི། ཌོམྦྷི་པ། རྡོ་རྗེ་དྲིལ་བུ་པ། ཏི་ལི་པ། ནག་པོ་ཞབས། སྒེག་པ་རྡོ་རྗེ། ལཱུ་ཨི་པ། བི་རཱུ་པ། ཀུན་སྙིང་། ཀུ་ཀུ་རི་པ་རྣམས་སོ། །མ་བརྒྱུད་བདེ་བ་ཉམས་ཀྱི་བླ་མ་བཅུ་གཅིགརྒྱབ་ཏུ་ཀླུ་སྒྲུབ་སྙིང་པོ་ཤེས་རབ་བཟང་པོ། ཡོན་ཏན་འོད། ཆོས་གྲགས། ཨཱ་ཀ་རི་སིདྡྷི། ཤངྐ་ར། ཡེ་ཤེས་སྙིང་པོ། ཐོགས་མེད། ཨཱཪྱ་དེ་ཝ། ཞི་བ་ལྷ། གསེར་གླིང་པ་རྣམས་སོ། །སོགས་མཚན་ཉིད་སྒྲ་དང་རིག་པའི་བླ་མ་བཅུ་གཅིག །མཚམས་རྣམས་སུ་ཌཱ་ཀི་སུ་ཁ་སིདྡྷི་རི་ཁྲོད་མ། པདྨོ་ཞབས། ཀུ་མུ་ད། བདེ་བའི་འབྱུང་གནས། གངྒཱ་བཟང་མོ། ཙི་ཏོ་མ། ལཀྵི་མ། ཤིང་ལོ་མ་རྣམས་སོ། །སོགས་མཁའ་འགྲོ་མ་རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུའོ། །དེ་དག་གི་སྟེང་དུ་པདྨའི་སྡོང་བུ་ཡལ་འདབ་སུམ་ཅུ་རྩ་དྲུག་ཏུ་གྱུར་པ་ལ། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་དཔལ་ལྡན་སུམ་ཅུ་རྩ་དྲུག་སྟེ། དེ་ཡང་རང་ས་སྟོན་པའི་རྒྱལ་པོ་དྲུག །བློ་སྦྱོང་སྟོན་པའི་བཙུན་མོ་དྲུག །དཀའ་ཐུབ་སྟོན་པའི་དྲང་སྟོང་དྲུག །རྗེས་སྟོན་པའི་བྲམ་ཟེ་དྲུག །རོ་སྙོམས་སྟོན་པའི་ཁྱིམ་བདག་དྲུག །བདག་གཏོད་སྟོན་པའི་དེད་དཔོན་དྲུག་རྣམས་སོ། །དེ་


MLP014_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་དབུའི་སྟེང་དུ་པད་སྡོང་ཡལ་འདབ་ཉི་ཤུ་རྩ་བཞིར་གྱུར་པ་ལ། བྱིན་རླབས་མཁའ་འགྲོ་མའི་བླ་མ་ཉི་ཤུ་རྩ་བཞི་སྟེ། དེ་ཡང་ས་འོག་སྤྱོད་པ་སྐུའི་མཁའ་འགྲོ་དཀར་མོ་བརྒྱད། ས་སྟེང་སྤྱོད་པ་གསུང་གི་མཁའ་འགྲོ་དམར་མོ་བརྒྱད། བར་སྣང་སྤྱོད་པ་ཐུགས་ཀྱི་མཁའ་འགྲོ་སྔོན་མོ་བརྒྱད་པོ་ཐམས་ཅད་ཀྱང་གྲི་ཐོད་ཁ་ཊྭཱཾ་ག་བསྣམས་པའོ། །དེ་དག་གི་དབུའི་སྟེང་དུ་པད་འདབ་བཅུ་གཉིས་སུ་གྱུར་པ་ལ། འཇམ་དབྱངས། སྤྱན་རས་གཟིགས། ཕྱག་རྡོར། སྒྲོལ་མ། ཁ་སཱཪྤ་ཎི། གཤིན་རྗེ་གཤེད། རང་བྱུང་རྒྱལ་མོ། སྒྲིབ་སེལ། འོད་ཟེར་ཅན་མ། ཀུན་བཟང་། ཕག་མོ། མི་གཡོ་བ་སྟེ་ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་བླ་མ་བཅུ་གཉིས། དེ་དག་གི་དབུའི་སྟེང་དུ་པད་འདབ་བཞིར་གྱུར་པ་ལ་སངས་རྒྱས་སྐུ་བཞིའི་བླ་མ་སྟེ། དེ་ཡང་ཆོས་སྐུ་རྡོ་རྗེ་འཆང་ཆེན་ཡུམ་བདག་མེད་མ་དང་ཞལ་སྦྱོར་དུ་བཞུགས་པ། ལོངས་སྐུ་རྣམ་པར་སྣང་མཛད། སྤྲུལ་སྐུ་ཤཱཀྱ་ཐུབ་པ། ངོ་བོ་ཉིད་སྐུ་གསང་བདག་ཕྱག་ན་རྡོ་རྗེ་རྣམས་བཞུགས་པར་བསམ་མོ། །རྟེན་འབྲིང་དུ་བསྐྱེད་ན། དངོས་ཀྱི་བླ་མ་རྗེ་བཙུན་དམ་པ་རྒྱ་གར་བའི་བར་སྔར་ལྟར་ལས། དམ་པའི་དབུ་ཐོག་ཏུ་བདག་མེད་མ་བསྒོམ་པའོ། །རྟེན་བསྡུས་པར་བསྒོམ་ན། རྩ་བའི་བླ་མ་གཅིག་པུ་བསྒོམས་པས་ཆོག་སྟེ། དེ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་བདག་ཉིད་སྐྱབས་གནས་ཀུན་འདུས་ཡིན་པའི་ཕྱིར་རོ། །དེ་ཡང་བྱིན་རླབས་ཀྱི་ཚན་ཆུང་། ཉམས་ཀྱི་བོགས་ཆུང་། དངོས་ཀྱི་བླ་མ་ལ་ཡིད་ཆེས་ཤས་ཆུང་ན་རྟེན་རྒྱས་པའི་ལུགས་སྒོམ། ཡང་བྱིན་རླབས་ཚན་ཆེ། དངོས་ཀྱི་བླ་མ་ལ་ཡིད་རབ་ཏུ་ཆེས་ན་བསྡུས་པའི་ལུགས་སུ་སྒོམ། དེ་དག་ཅི་རིགས་པ་ལ་འབྲིང་དུ་བསྐྱེད་པའི་ལུགས་སུ་བསྒོམ་མོ། །གང་ལྟར་ཡང་འདིར་བླ་མ་ཆོས་སྐུར་སྒྲུབ་པའི་སྐབས་ཡིན་པས་རྒྱན་གྱི་སྤྲོས་པ་མེད་པ་གཅེར་བུ་ནམ་མཁའི་ཆོས་གོས་ཅན་ནོ། །གཉིས་པ་ཚོགས་བསགས་པ་ལ་གསུམ་ལས། དང་པོ་མཎྜལ་གྱི་སྒོ་ནས་ཚོགས་བསགས་པ་ནི། རང་གི་མདུན་དུ་མཎྜལ་ཚོམ་བུ་བཞི་པ་ཞིག་བཤམས་པ་དེ་ཉིད་རིན་པོ་ཆེ་སྣ་ཚོགས་པའི་འབྱུང་གནས་སུ་གྱུར་པའི་རྒྱ་མཚོ་དྭངས་པའི་དབུས་རི་རབ་གླིང་བཞི་ཉི་ཟླ་མཐའ་ཁོར་


MLP014_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་དང་བཅས་པ་ལྷ་མིའི་མཆོད་རྫས་སྣ་ཚོགས་ཀྱིས་གང་བར་དམིགས་ཏེ། ༀ་ན་མོ་གུ་རུ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་ལན་ལྔའམ་གསུམ་གྱིས་འབུལ་ལོ། །གཉིས་པ་རང་ལུས་ཀྱི་སྒོ་ནས་ཚོགས་བསགས་པ་ནི། རང་གི་སྤྱི་བོར་ཡི་གེ་ཏྲཾ་སེར་པོ་གནས་པ་ཞུ་ནས་རང་ལ་ཐིམ་པས། རང་གི་ལུས་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཕུང་པོ་བླ་མ་ལ་མཁོ་བའི་ཡོ་བྱད་འདོད་རྒུ་སྣ་ཚོགས་པའི་འབྱུང་གནས་སུ་བསམ་སྟེ། ༀ་ན་མོ་གུ་རུ་ཏྲཱཾ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་ལན་གསུམ་གྱིས་འབུལ་ལོ། །གསུམ་པ་སྣ་ཚོགས་པའི་སྒོ་ནས་ཚོགས་བསགས་པ་ནི། བདག་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པའི་རྩེ་མོ་ལས་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས་མཆོད་རྫས་སྣ་ཚོགས་ཀྱི་སྤྲིན་སྤྲོ་བར་བསམ་སྟེ། ༀ་ན་མོ་གུ་རུ་སརྦ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་ལན་གསུམ་གྱིས་ཕུལ་བས་དགྱེས་མཉེས་ཚིམ་པར་བསམ་མོ། །གསུམ་པ་ལམ་བསྟེན་པ་ནི། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུ་ཡང་བླ་མ་དམ་པ་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུ་ཡང་ཡི་དམ་ལྷ་ཚོགས་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མཁའ་འགྲོ་མའི་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུ་ཡང་མཁའ་འགྲོ་མའི་ཚོགས་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་ཡི་དམ་མཁའ་འགྲོ་མའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་


MLP014_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བླ་མ་ལ་དབུལ་བར་བགྱིའོ། །བླ་མ་ལ་ཕུལ་བས་བླ་མ་རིན་པོ་ཆེ་རྣམས་ཀྱི་ཐུགས་དགོངས་ཁྱད་པར་ཅན་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་རྩ་བ་དེས་བདེ་བར་གཤེགས་པ་རྣམས་ཀྱི་སྤྱན་ལམ་དུ་མཆོད་པའི་བྱེ་བྲག་ནམ་མཁའ་དང་མཉམ་པ་འབྱུང་བར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པས་སེམས་ཅན་ཐམས་ཅད་འཁོར་བ་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་ཡང་བདག་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་མ་ལུས་པ་མཐའ་དག་གི་བླ་མ་བྱེད་པར་གྱུར་ཅིག །དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཅིག །ཅེས་མཆོག་ཏུ་གྱུར་པའི་སྐྱབས་འགྲོ། བླ་ན་མེད་པའི་སེམས་བསྐྱེད། ངོ་མཚར་ཅན་གྱི་མཆོད་པ། སེམས་ཅན་དང་མི་ཕྱེད་པའི་བསྔོ་བ། གཞན་དོན་དུ་འགྱུར་ངེས་ཀྱི་སྨོན་ལམ་དང་ལྔ་པོ་འདི་ལན་གསུམ་མམ་ལྔའམ་བདུན་སོགས་མདོར་ན་རང་རྒྱུད་ལ་དྲོད་ཆིལ་གྱིས་མ་ཕེབས་ཀྱི་བར་དུ་བྱ་སྟེ། རྒྱལ་པོ་སྟོབས་ལྡན་སྙིང་པོའི་ཞལ་ནས། སྐྱབས་གནས་ཀྱི་ཡུལ་བཅུད་ལ་བོར་བས། རྒྱུད་ལ་དངོས་གྲུབ་རྣམ་གཉིས་འཐོབ་པར་བྱེད། བྱིན་རླབས་བརྒྱུད་པའི་གནད་གོང་ནས་གོང་དུ་སྤོར་ཅིག །ཅེས་གསུངས་སོ། །གཉིས་པ་དངོས་གཞི་རྒྱུད་ལ་དབང་བསྐུར་ལུགས་ལ། གྲག་པ་སྒྲའི་བརྗོད་ཚུལ་ཡི་གེ་ལམ་ཁྱེར། དབང་བཞི་དམིགས་པའི་ཁྱད་པར་འཁོར་ལོ་བཞིའི་སྒོམ་ཐབས། རྩ་བ་ངོ་སྤྲོད་ཀྱི་ཁྱད་པར་མཉམ་རྗེས་གཉིས་ཀྱི་ལག་ལེན། རྗེས་གནང་ལུང་གི་ཁྱད་པར་བླ་མའི་ཐུགས་དམ་སྐུལ་ལུགས་སོ། །དང་པོ་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿཞེས་ལན་བཞི་བརྗོད་པའི་དང་པོ་མིག་ཡུལ་དུ་སྣང་ཚད་ཀྱི་གཟུགས་ཐམས་ཅད་རྣམ་པ་ཡི་གེ་ལ་ངོ་བོ་བླ་མའི་སྐུར་བསམ། གཉིས་པ་རྣ་བར་གྲག་ཚད་ཀྱི་སྒྲ་ཐམས་ཅད་རྣམ་པ་ཡི་གེ་ལ་ངོ་བོ་བླ་མའི་གསུང་། གསུམ་པ་དྲན་རྟོག་ཡིད་ལ་ཅི་འགྱུས་ཐམས་ཅད་


MLP014_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཡི་གེ་ལ་ངོ་བོ་བླ་མའི་ཐུགས། བཞི་པ་སྣང་གྲག་འགྱུ་གསུམ་བླ་མའི་སྐུ་གསུང་ཐུགས་སུ་ཤར་བ་དེ་ཐམས་ཅད་ཀྱང་རང་གི་སེམས་ཉིད་སྟོང་པའི་རང་རྩལ་ཙམ་དུ་ཤེས་པར་བྱའོ། །དེས་ནི་ཆེད་དུ་དྲན་པ་རྒྱུན་ཆགས་སུ་བསྟེན་མི་དགོས་པར་གསང་སྔགས་ཀྱི་བཟླས་བརྗོད་ཀུན་ཐེམས་ནས་ཡུལ་ལ་དག་སྣང་ཕྱོགས་མེད་དུ་འབྱོངས་པར་འགྱུར་ཏེ། བཙུན་མོ་ལྷ་དཔལ་འོད་ཟེར་གྱི་ཞལ་ནས། ངག་ནས་བྲེ་མོའི་གཏམ་བརྗོད་པས་སྔགས་ཀྱི་བཟླས་བརྗོད་ཐེམས་པར་བྱེད། ཨཱ་ལི་ཀཱ་ལི་གནད་འདི་ལྟར་རོ། །ཞེས་བསྟན་ཏོ། །གཉིས་པ་དབང་བཞི་དམིགས་པའི་ཁྱད་པར་འཁོར་ལོ་བཞིའི་སྒོམ་ཐབས་ནི། རང་གི་སྤྱི་བོར་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་བླ་མའི་སྐུའི་ས་བོན་ༀ་ཡིག་དཀར་པོ་བསམ་སྟེ། ཨ་བྷི་ཥིཉྩ་ༀ། ཞེས་བརྗོད་པས། ༀ་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དཀར་ནར་གྱིས་བབས་པས་ལུས་ཀྱི་ནང་དཀར་མེར་གྱིས་ཁེངས་པར་བསམ་མོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་བླ་མའི་གསུང་གི་ས་བོན་ཨཱཿཡིག་དམར་པོ། ཨ་བྷི་ཥིཉྩ་ཨཱཿཞེས་པས་ཨཱཿལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དམར་པོ་ལྷུག་ལྷུག་བབས་པས་ལུས་ཀྱི་ནང་ཐམས་ཅད་དམར་མེར་གྱིས་ཁེངས་པར་བསམ་མོ། །སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་བླ་མའི་ཐུགས་ཀྱི་ས་བོན་ཧཱུྃ་ཡིག་སྔོན་པོ། ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་ཧཱུྃ་ལས་བྱང་སེམས་ཀྱི་ཆུ་རྒྱུན་སྔོ་བྲེང་གིས་བྱུང་བས་རྡོ་རྗེ་ལུས་ཀྱི་དཔའ་བོ་དང་དཔའ་མོ་རྣམས་བསྐུལ་ཏེ། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད་པས་ལུས་ཐམས་ཅད་ཟག་མེད་ཀྱི་བདེ་བས་གང་བར་བསམ་མོ། །ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་རིན་པོ་ཆེ་ཟུར་བརྒྱད་པའི་ལྟེ་བར་བླ་མའི་ཡོན་ཏན་གྱི་ས་བོན་ཧྲཱིཿསེར་པོ། ཨ་བྷི་ཥིཉྩ་ཧྲཱིཿཞེས་པས་ཧྲཱིཿལས་བྱང་སེམས་ཀྱི་ཆུ་རྒྱུན་ཁ་དོག་སྣ་ཚོགས་པ་བྱུང་བས་ལུས་སེམས་སྣང་བའི་དངོས་པོ་ཐམས་ཅད་མཁའ་ལ་སྤྲིན་དེངས་པ་ལྟར་ཡལ་ནས་སྟོང་རྗེན་གྱིས་སོང་བར་བསམ་མོ། །དེས་ནི་ལུས་ཀྱི་ཆོས་བྱང་སེམས་རྩ་རླུང་དང་བཅས་པ་སྟེང་འོག་གི་སྒོ་ལ་མ་བརྟེན་པར་ལས་སུ་རུང་བར་འགྱུར་ཏེ། བཙུན་མོ་ཡེ་ཤེས་འོད་ཟེར་གྱི་ཞལ་ནས། རིང་ལམ་འཁོར་


MLP014_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་:བསྡུངས་༼བསྟུངས༽པས་རྟེན་སྨིན་པར་བྱེད་པ་དབང་བཞི་ལམ་ཁྱེར། བློ་སྦྱོང་གི་གནད་འདི་ལྟར་རོ། །ཞེས་བསྟན་ཏོ། །གསུམ་པ་རྩ་བ་ངོ་སྤྲོད་ཀྱི་ཁྱད་པར་མཉམ་རྗེས་ཀྱི་ལག་ལེན་ལ་གཉིས་ལས། དང་པོ་མཉམ་བཞག་ལ་ངོ་སྤྲད་པ་ནི། འཁྲུལ་འཁོར་གསུམ་ལ་བརྟེན་ནས་སེམས་ཀྱི་ངོ་བོ་ངོས་འཛིན་ཏེ། དེ་ལ་ལུས་ཀྱི་འཁྲུལ་འཁོར་ནི། རྣམ་སྣང་གི་ཆོས་བདུན་བཅའ་སྟེ། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བྱ། ལག་མཉམ་བཞག་གི་ཕྱག་རྒྱ་བཅའ། སྒལ་ཚིགས་དྲང་པོ་བསྲངས། མགྲིན་པ་ཡིད་ཙམ་དགུ། དཔུང་པ་རྒོད་གཤོག་ལྟར་བརྒྱང་། ལྕེ་ཡ་རྐན་ལ་སྦྱར་ཞིང་མཆུ་དང་སོ་རང་ལུགས་སུ་བཞག །ལྟ་སྟངས་རྫི་མ་མི་འཐབ་ཅིང་མིག་འབྲས་མི་འགུལ་བར་སྣ་རྩེ་ལ་ཕབ་སྟེ་བཞག་གོ །དེ་ཡང་རྒྱལ་སྲས་དྲི་མེད་གྲགས་པ་ཟླ་བ་སེང་གེའི་ཞལ་ནས། རྟེན་འབྲེལ་ལུས་ལ་སྒྲིག་པའི་ཆེ་བས་ཉམས་མྱོང་སེམས་ལ་འཆར་བར་བྱེད་པ་འཁྲུལ་འཁོར་འདུག་སྟངས་ཀྱི་གནད་འདི་ལྟར་རོ། །ཞེས་སོ། །ངག་གི་འཁྲུལ་འཁོར་ནི། རྩོལ་མེད་བྱང་ཆུབ་སེམས་ཀྱི་རླུང་བཟུང་བ་ཞེས་བྱ་སྟེ། རྩོལ་སྒྲུབ་མེད་པར་དབུགས་སོ་མར་བཞག་གོ །སེམས་ཀྱི་འཁྲུལ་འཁོར་ནི། ཡིད་མིག་སྣ་རྩེ་གསུམ་གཅིག་ཏུ་བསྒྲིལ་ཏེ། སེམས་བཟང་རྟོག་ངན་རྟོག་གང་གིས་ཀྱང་མ་བསླད་པར་རང་ལུགས་སུ་རྩེན་གྱིས་འཇོག་ཏུ་བཅུག །དེ་ལྟར་བཞག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གི་ངོ་བོ་དེ་རང་ལུགས་སུ་གནས་ཤེས་པ་འབྱུང་སྟེ། བཙུན་མོ་ལྷ་མོ་དཔལ་གྱི་སེང་གེའི་ཞལ་ནས། ངོ་བོ་སྦལ་པ་གསེར་གྱི་ཉི་མའི་འོད་ཕྱེ་བས། རྟོགས་པའི་ཡེ་ཤེས་ཕྱོགས་མེད་དུ་འཆར་བར་བྱེད། ཕྱག་རྒྱ་ཆེན་པོ་བརྡའི་གནད་རིག་པར་གྱིས་ཤིག །ཅེས་གདམས་སོ། །དེ་ཡང་ཐ་མལ་གྱི་ཤེས་པ་གདོད་ནས་སྟོང་པ་དེ་ངོ་ཤེས་པའི་ཕྱིར་རྩེན་གྱིས་འཇོག །དེ་ལ་གནས་སུ་མ་གཏུབ་ཅིང་སྟོང་པ་དེ་ངོས་མ་ཟིན་ན་རྟོག་པ་དེ་ཉིད་ལྷོད་ཀྱིས་གློད་དུ་གཞུག་སྟེ། དོ་ཧ་ལས། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་སོ། །གལ་ཏེ་སྟོང་པ་དེ་ངོས་ཟིན་ན་གསལ་:རྡོ་༼བདོ་༽བ་ལ་ཤིགས་ཀྱིས་བཤིག་ཅིང་བསྒོམས་པས་རྗེས་ཇེ་བཟང་དུ་འགྲོ་བ་ཡིན་ཏེ། དེད་དཔོན་དཔལ་གྱི་སྙིང་པོའི་ཞལ་ནས། མཉམ་བཞག་གསལ་


MLP014_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གདངས་ལ་བཤིག་པས་གནས་པའི་ཕྱིར་རྗེས་བཟང་བར་བྱེད་པས་ཐུན་ཐུང་ལ་གྲངས་མང་བས་བྱིང་རྒོད་ཀྱིས་མི་ཟིན་པའི་གནད་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ཐུན་ཆེ་ཆུང་དང་གྲངས་མང་ཉུང་ཁམས་ཚོད་དང་བསྟུན་ཅིང་། བྱིང་རྒོད་ཀྱི་དབང་དུ་མི་བཏང་བར་སྒྲིམ་གློད་རེ་མོས་སུ་ཉམས་སུ་བླངས་པས་རྟོག་པ་རྩ་བྲལ་དུ་གོ་ནས་གསལ་ལ་མི་རྟོག་པའི་ཡེ་ཤེས་ལ་གནས་པ་བྱུང་ན་ངོ་སྤྲད་པར་བྱ་སྟེ། དེ་ལ་གསུམ། ངོ་བོ་སྟོང་པ་ལ་ངོ་སྤྲད་པ། རང་བཞིན་གསལ་བ་ལ་གནས་ཤེས་པ། མཚན་ཉིད་འཕྲོ་བ་ལ་གྲོལ་ཤེས་པའོ། །དང་པོ་ངོ་བོ་སྟོང་པ་ལ་ངོ་སྤྲད་པ་ནི། འཁྲུལ་འཁོར་གསུམ་གྱིས་ཤེས་པ་རྟེན་མེད་དུ་འཇོག་ཏུ་བཅུག་པ། ངོ་སྤྲོད་ཚུལ་ལ་གསུམ་ལས་ཕྱིའི་སྒྲོ་འདོགས་བཅད་པ་ནི། ཕྱི་རོལ་གྱི་སྣང་བ་འདི་དག་ཇི་ལྟར་སྣང་ཇི་ལྟར་གསལ་ཡང་ཕྱི་རོལ་ན་བདེན་པར་གྲུབ་པ་མེད་དེ། རང་སེམས་འཁྲུལ་པའི་སྣང་བ་རྨི་ལམ་གྱི་ལྟད་མོ་ལྟ་བུའོ། །མདོ་ལས། འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་ལ་སོགས་མེད་སྣང་བཞིན། །ཞེས་སོ། །ནང་གི་སྒྲོ་འདོགས་བཅད་པ་ནི། སྣང་བ་རང་སེམས་ཀྱི་འཁྲུལ་སྣང་ཡིན་ན། སེམས་དེ་རང་ཇི་ལྟ་བུ་ཞིག་ཡོད་སྙམ་ན། སེམས་ཀྱིས་སེམས་ལ་བལྟས་པས། སེམས་དེ་ལ་སྐྱེ་བའི་རྒྱུ་མེད། གནས་པའི་གཞི་མེད། རང་གི་ངོ་བོ་ཅིར་ཡང་མ་གྲུབ་པ་ནམ་མཁའ་དྭངས་པ་ལྟ་བུའོ། །ཡུམ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། མདོ་སྡེ་རྒྱན་ལས། ཆོས་རྣམས་རང་གི་སེམས་སུ་བློས་རྟོགས་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་སོ། །བར་གྱི་སྒྲོ་འདོགས་བཅད་པ་ནི། སྣང་བ་རང་སེམས་ཀྱི་འཁྲུལ་སྣང་དང་། སེམས་ཉིད་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་ཡིན་ན། དེ་ལ་དྲན་རིག་སྣ་ཚོགས་འགྱུ་བ་འདི་ཅི་ཡིན་སྙམ་ན། འདི་སྟོང་པའི་རང་རྩལ་འགགས་མེད་ཤར་བ་བར་སྣང་གི་རླུང་ངམ། ཆུའི་ལྦུ་བ་ལྟ་བུ་ཞིག་ཡིན་ཏེ། དང་པོ་བྱུང་ས་མེད། ཐ་མར་འགྲོ་ས་མེད། བར་དུ་གནས་ས་མེད། རང་གི་ངོ་བོ་ཅིར་ཡང་མ་གྲུབ་པ་རྩལ་ཅིར་ཡང་མ་འགགས་པར་འཆར་བ་ཞིག་ཡིན་ཏེ། དོ་ཧ་ལས། གང་ཞིག་སེམས་ལས་


MLP014_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཕྲོས་པས། །དེ་ནི་མགོན་པོའི་རང་བཞིན་ཏེ། །ཆུ་དང་ཆུ་རླབས་གཞན་ཡིན་ནམ། །ཞེས་སོ། །གཉིས་པ་རང་བཞིན་གསལ་བ་ལ་གནས་ཤེས་པ་ནི། སྔར་སྒྲོ་འདོགས་ཆོད་དོན་ལ་གནས་ཤིང་གོམས་པར་བྱེད་པ་ཡིན་ཏེ། ཅེར་གྱིས་བལྟས་ལ་ཅིར་ཡང་མ་གྲུབ་པའི་ངང་ལ་བཞག །ལྷོད་ཀྱིས་ལྷོད་ལ་རྩོལ་སྒྲུབ་མེད་པའི་དོན་ལ་བཞག །ཤིགས་ཀྱིས་བཤིག་ལ་བྱ་རྩོལ་མེད་པའི་གཤིས་ལ་བཞག །དེ་ལྟར་བཞག་པས་ཉམས་གསུམ་འཆར་ཏེ། ཡུལ་རྗེས་མི་འབྲེང་རྟོག་པ་དང་བྲལ་བ། ཉམས་ལ་མ་ཞེན་འཛིན་པ་དང་བྲལ་བ། བསམ་དུ་མེད་དེ་སྒོམ་པ་དང་བྲལ་བའི་ཉམས་འཆར་རོ། །གསུམ་པ་མཚན་ཉིད་འཕྲོ་བ་ལ་གྲོལ་ཤེས་པ་ནི། དེ་ལྟར་བཞག་པའི་ངང་ལས་རྣམ་རྟོག་འཕྲོ་ན། ཇི་ལྟར་བྱ་སྙམ་ན། དེའི་ཚེ་རྟོག་པ་སྤང་མི་དགོས་ཏེ། རྟོག་པ་དེ་ཉིད་ལ་ཆེར་གྱིས་བལྟས་པས། ཅིར་ཡང་གྲུབ་པ་མེད་དེ། ཆུའི་རླབས་སམ། བར་སྣང་དྭངས་པའི་རླུང་བཞིན། འགྱུ་བ་རང་ཤར་སངས། གཅེར་མཐོང་གཅེར་གྲོལ་དུ་འགྲོ་བས། དེའི་ངང་ལས་མ་གཡོས་པར་མཉམ་པར་བཞག་གོ །གཉིས་པ་རྗེས་ཐོབ་ལ་ངོ་སྤྲད་པ་ནི། མཉམ་བཞག་ལས་ལངས་ནས་སྤྱོད་ལམ་བྱེད་པའི་ཚེ། གཟུགས་སུ་སྣང་ཚད་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་སྣང་སྟོང་ཞེན་བྲལ་དུ་ལྷག་གེ་བ། སྒྲ་གྲག་ཚད་སེ་གོལ་གྱི་སྒྲའམ་བྲག་ཆ་ལྟར་གྲག་སྟོང་དུ་ཝང་ངེ་བ། སེམས་ཀྱི་དྲན་རྟོག་ཐམས་ཅད་རྨི་ལམ་གྱི་ལྟད་མོ་གང་ལའང་བདེན་ཞེན་མེད་པར་རྗེན་ནེ་བ་རིག་སྟོང་དུ་ངོ་སྤྲོད་དོ། །དེ་ལྟར་ཆོས་ཐམས་ཅད་བདེན་ཞེན་ཟད་ཕྱིན་ཆད། ཡུལ་ལ་བརྟེན་ནས་སྐྱེ་བའི་ཀུན་འབྱུང་དུག་གསུམ་གྱི་ལས་མི་གསོག་ཅིང་། ལུས་ངག་ཡིད་གསུམ་ཆེད་དུ་བཅོས་པ་མེད་པར་ཐ་མལ་ལྟར་འདུག་ཀྱང་ཚོགས་གཉིས་ངང་གིས་རྫོགས་པར་འགྱུར་བ་ཡིན་ཏེ། དེད་དཔོན་ནམ་མཁའི་སྙིང་པོའི་ཞལ་ནས། སྒོ་གསུམ་ཐ་མལ་དུ་བསྡད་པས་རྒྱུད་ལ་ཚོགས་གཉིས་རྫོགས་པར་བྱེད། སྐམ་ཐག་ཆུ་ནང་ནས་ཆོད་པ་བྱ་ལོག་གི་གནད་འདི་ལྟོས་ཤིགཅེས་བསྟན་ཏོ། །བཞི་པ་རྗེས་གནང་ལུང་གི་ཁྱད་པར་བླ་མའི་ཐུགས་དམ་སྐུལ་ལུགས་ནི། རང་གི་སྤྱི་བོའི་སྟེང་དུ་རྟེན་རྒྱས་འབྲིང་བསྡུས་གསུམ་གང་མོས་བསྐྱེད་པའི་དངོས་ཀྱི་བླ་མའི་


MLP014_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཞིར་ༀ་ཨཱཿཧཱུྃ་ཧྲཱིཿརྣམས་གསལ་བཏབ་ལ། ༀ་ཨཱཿཧྲཱིཿགུ་རུ་སིདྡྷི་ཧཱུྃ། ཞེས་བློ་སྦྱོང་གི་སྙིང་པོ་འབྲུ་བརྒྱད་པ་འདི་བདག་ཉིད་ཀྱི་སྤྱི་བོའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོ་དང་བཅས་པས་བགྲང་ཞིང་གསོལ་བ་བཏབ་པས། དེ་བཞིན་དུ་རྟེན་རྒྱས་འབྲིང་གཉིས་བསྐྱེད་པ་ལྟར་ན། བླ་མ་འོག་མ་འོག་མས་གོང་མ་གོང་མ་ལ་རིམ་གྱིས་མོས་གུས་གདུང་ཤུགས་བཅས་པས་སྙིང་པོ་འདྲེན་ཅིང་བདག་གི་གྲོགས་མཛད་དེ་གསོལ་བ་མས་བཏབ་ཀྱི་ཚུལ་དུ་འདེབས་པར་བསམ་མོ། །དེ་ནས་བྱིན་རླབས་ཡས་ཞུའི་ཚུལ་དུ་གསོལ་བ་འདེབས་པ་ནི། དེ་ལྟར་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་གོང་མ་གོང་མ་རྣམས་ཀྱི་ཚད་མེད་པའི་ཐུགས་རྗེ་བྱིན་རླབས་ཀྱི་འོད་ཟེར་དུ་རིམ་པར་ཞུ་ནས་འོག་མ་འོག་མ་ལ་ཐིམ་པས་དངོས་ཀྱི་བླ་མའི་བར་དུ་བྱིན་རླབས་ཞུ་བར་བྱ་ཞིང་། དངོས་ཀྱི་བླ་མ་དེ་འོད་དུ་མ་ཞུ་བར་བརྒྱུད་པ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་མོས་གུས་གདུང་ཤུགས་དྲག་པོས་སྙིང་པོ་བགྲངས་པས། བླ་མའི་གནས་བཞི་ལས་ཚད་མེད་པའི་ཐུགས་རྗེ་དང་བྱིན་རླབས་ཆེན་པོའི་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་རྣམ་པར་བྱུང་སྟེ། རང་གི་གནས་བཞིར་ཆུ་ལ་ཆུ་བཞག་པ་ལྟར་ཐིམ་པས། སྒོ་གསུམ་ཆ་མཉམ་དང་བཅས་པའི་སྒྲིབ་པ་དག །སྐུ་གསུང་ཐུགས་སྣང་སྟོང་གྲགས་སྟོང་དྲན་སྟོང་གཉིས་སུ་མེད་པའི་བྱིན་རླབས་ཞུགས་ནས་ཉམས་དང་རྟོགས་པ་འར་འུར་དུ་འབར་བར་བསམ་མོ། །ཐུན་བསྡུ་བའི་ཚེ། དཔལ་ལྡན་བླ་མ་ཆོས་སྐུའི་བདག་ཉིད་ཅན་འགྲུབ་པར་གྱུར་ཅིག །ཅེས་བརྗོད་ཅིང་། སྤྱོད་ལམ་ཀུན་ཏུ་སྤྱི་བོའི་བླ་མ་དྲན་པར་བྱས་ལ་མོས་གུས་དུང་དུང་པ་བྱའོ། །འདིས་ནི་ཉོན་མོངས་པ་ཅན་གྱི་ཡིད་ལ་ཏིང་ངེ་འཛིན་གྱི་རྩལ་རྫོགས་པར་འགྱུར་ཞིང་སྔགས་གཅིག་གིས་དོན་ཕྱོགས་མེད་དུ་འགྲུབ་པ་ཞེས་བྱ་སྟེ། ཡང་དག་པའི་རྟོགས་པ་དང་ཉམས་མྱོང་མ་སྐྱེས་པ་སྐྱེ་བར་བྱེད། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་བྱེད། ཚེ་འདིར་རྟོགས་པ་དང་ཉམས་མྱོང་རྟགས་དང་ཡོན་ཏན་ཅི་ཡང་མེད་ཀྱང་བར་དོ་ན་ཇི་ལྟ་བ་འགྲུབ་པར་འགྱུར་ཏེ། བཙུན་མོ་ཡེ་ཤེས་འོད་ཟེར་གྱི་ཞལ་ནས། རིང་ལམ་འཁོར་ལོ་བརྡུངས་ཏེ་རྟེན་སྨིན་པས། ས་ལམ་ཆིག་རྫོགས་སུ་གཅོད་པར་བྱེད་པ། དབང་


MLP014_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལམ་ཁྱེར་བློ་སྦྱོང་གི་གནད་འདི་ལྟར་རོ། །ཞེས་བསྟན་ཏོ། །གསུམ་པ་རྗེས་ལམ་གྱི་ཚར་ཚད་བསླབ་བྱ་དང་བཅས་བཤད་པ་ལ་གཉིས་ཏེ། དྲི་མ་བཞི་བསྲུང་བའི་བསླབ་བྱ་བཤད་པ་དང་། ཚར་བའི་ཚད་བཞི་བསྟན་པའོ། །དང་པོ་ནི། བོ་ཟགས་ལྟེམ་ལོག་གི་དྲི་མ་བཞི་བསྲུང་ལུགས་ཏེ། བློ་སྦྱོང་གི་དུས་འདིར་བླ་མར་མ་གུས་པའི་བློ་ཤོར་ན་བོ། སེམས་ཅན་ལ་བྱམས་པའི་བློ་སྤངས་ན་ཟགས། དོན་མེད་པའི་སྤྱོད་པ་བཞི་དང་བཅས་པ་མ་སྤངས་ན་ལྟེམ། རོ་མ་མྱོང་བར་སྟན་ལས་འཕགས་ན་ལོག་པའི་དྲི་མར་ཤེས་པར་བྱས་ལ་བསྲུང་དགོས་པས། བོ་ན་དགང་སྟེ། བླ་མའི་ཡོན་ཏན་དང་བཀའ་དྲིན་བསམ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། ཟགས་ན་བསྡམས་ཏེ། སེམས་ཅན་ལ་བྱམས་སྙིང་རྗེ་ཚད་མེད་སྒོམ། ལྟེམ་ན་བསྲང་སྟེ། སྐྱོ་ཤས་དྲག་པོས་ཚེ་འདིའི་བྱ་བ་སྤངས་ནས་དགེ་སྦྱོར་ལ་འབུངས་པ་འདོན། ལོག་ན་བཟུང་སྟེ། གདམས་པ་ཟབ་མོ་ལ་ངེས་ཤེས་བསྐྱེད་ནས་ས་སྡེ་གཟུག་པར་བྱའོ། །གཉིས་པ་ལ། ངོ་བོའི་ཚར་ཚད། རྟགས་ཀྱི་ཚར་ཚད། ཡོན་ཏན་གྱི་ཚར་ཚད། གྲངས་ཀྱི་ཚར་ཚད་དང་བཞི་ལས། དང་པོ་ནི། ཆོས་ཐམས་ཅད་སེམས་སུ་ཤེས་པས་གང་ལའང་བདེན་ཞེན་མེད་ཅིང་སེམས་ཀྱི་ངོ་བོ་སྟོང་ཉིད་བརྗོད་བྲལ་དུ་ཤེས་པའི་དོན་ནང་ནས་འཆར་བའོ། །གཉིས་པ་ལ་རྒྱུ་ལམ་འབྲས་བུའི་རྟགས་གསུམ་ལས། རྒྱུ་སྒྲིབ་པ་དག་པའི་རྟགས་ནི། སྐྱུགས་པ་དང་། འཆུགས་པ་དང་། ལུས་ལ་རྣག་ཁྲག་ཟགས་ཤིང་སེམས་ཅན་འཐོན་པ་དང་། གོས་གསར་པ་གྱོན་པ་དང་། ཁྲུས་བྱས་པ། ཆུ་བོ་ལས་བརྒལ་བ་སོགས་འབྱུང་ངོ་། །ལམ་རླུང་ལྔ་ཟིན་པའི་རྟགས་ནི། གྱེན་རྒྱུའི་༼ས་༽རླུང་ཟིན་པས་སྨིག་རྒྱུ་ལྟར་དཀར་བྲེང་བྲེང་ལ། སྲོག་འཛིན་ཆུ་རླུང་ཟིན་པས་དུ་བ་ལྟར་སྔོ་བུན་བུན་པ། ཐུར་སེལ་རླུང་གི་རླུང་ཟིན་པས་སྲིན་བུ་མེ་ཁྱེར་ལྟར་དམར་ཙིག་ཙིག་པ། མཉམ་གནས་མེ་རླུང་ཟིན་པས་མར་མེ་ལྟར་དམར་ཏལ་ལེ་བ། ཁྱབ་བྱེད་ནམ་མཁའི་རླུང་ཟིན་པས་སྤྲིན་མེད་ཀྱི་ནམ་མཁའ་ལྟར་ཅིར་ཡང་ཐོགས་པ་མེད་པའི་སྣང་བ་འཆར་རོ། །འབྲས་བུ་དག་སྣང་ཤར་བའི་རྟགས་ནི།


MLP014_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསུམ་མཐོང་བ། ཉི་ཟླ་རང་ལ་ཤར་བ། མཁའ་ལ་འཕུར་བ་སོགས་ཕལ་ཆེར་རྨི་ལམ་དུ་འབྱུང་ངོ་། །གསུམ་པ་ནི། ཡོངས་སུ་གྲགས་པའི་རྟགས་ཚོགས་ལམ་གྱི་ཡོན་ཏན་གསོ་སླ་ཞིང་དགང་སླ་བ་སོགས་འབྱུང་ངོ་། །བཞི་པ་ནི། ཆུ་ཀླུང་ཆེན་པོའི་རྒྱུད་ལས། གསང་བའི་སྙིང་པོ་བླ་མ་སྒྲུབ་པའི་སྔགས། །ས་ཡ་གཅིག་གིས་རིག་འཛིན་གནས་སུ་སྐྱོལ། །ཞེས་པས་བློ་སྦྱོང་གི་སྙིང་པོ་འདི་གྲངས་བྱེ་བ་སྔོན་དུ་བཏང་བའི་ས་ཡ་གཅིག་དང་དུས་ཟླ་བ་དྲུག་གིས་ཐེམས་པར་གསུངས་སོ། །དེ་ལྟར་ཚར་ཚད་བཞི་ལས། ངོ་བོས་ཐེམས་ན་ཚེ་འདིར། རྟགས་ཀྱིས་འཆི་ཁར། གྲངས་ཀྱིས་བར་དོར། ཡོན་ཏན་གྱིས་སྐྱེ་བ་བརྒྱུད་ནས་གྲོལ་ཞེས་གོང་མ་རྣམས་གསུང་བ་ཡིན་ནོ། །ཚོགས་ལམ་བློ་སྦྱོང་གི་ཁྲིད་ཡིག་གོ ། གཉིས་པ་སྦྱོར་ལམ་དཀའ་ཐུབ་ལའང་གསུམ་སྟེ། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད། དངོས་གཞི་ཉམས་སུ་བླངས་ཚུལ། རྗེས་བསླབ་བྱ་ཚར་ཚད་དང་བཅས་པའོ། །དང་པོ་ལའང་གསུམ་ལས། རྟེན་པ་བསྐྱེད་པ་ནི། རྒྱས་འབྲིང་བསྡུས་གསུམ་གང་བསྐྱེད་ཀྱང་ལོངས་སྐུ་དག་པའི་མཚན་དཔེ་དང་། ཆ་ལུགས་ཕུན་སུམ་ཚོགས་པ་འབའ་ཞིག་ཏུ་བསྐྱེད་པར་བྱ་སྟེ། འདིར་བླ་མ་ལོངས་སྐུ་སྒྲུབ་པའི་དུས་ཡིན་པའི་ཕྱིར་རོ། །གཉིས་པ་ཚོགས་བསག་པ་དང་། གསུམ་པ་ལམ་བསྟེན་པ་སྔར་དང་འདྲའོ། །གཉིས་པ་དངོས་གཞི་ལ་བཞི་ལས། དང་པོ་གྲགས་པ་སྒྲའི་བརྗོད་ཚུལ་ཡི་གེ་ལམ་ཁྱེར་ནི། དབྱངས་གསལ་ལན་བཞི་བརྗོད་པའི། དང་པོ་གཟུགས་སུ་སྣང་ཚད་རྣམ་པ་ཡི་དམ་གྱི་ལྷ་རིགས་ལྔའི་སྐུ་ལ་ངོ་བོ་བླ་མའི་སྐུ། གཉིས་པ་སྒྲར་གྲག་ཚད་རྣམ་པ་སྔགས་ཀྱི་རང་སྒྲའམ་སྙིང་པོ་འབའ་ཞིག་པ་ལ་ངོ་བོ་བླ་མའི་གསུང་། གསུམ་པ་ཡིད་ལ་འགྱུ་ཚད་རྣམ་པ་མངོན་ཤེས་དང་ཡེ་ཤེས་ལ་ངོ་བོ་བླ་མའི་ཐུགས། བཞི་པ་དེ་ཐམས་ཅད་ཀྱང་རང་སེམས་ཀྱི་འཆར་ལུགས་ཙམ་དུ་ཤེས་པར་བྱའོ། །གཉིས་པ་དབང་བཞི་དམིགས་པའི་ཁྱད་པར་འཁོར་ལོ་བཞིའི་སྒོམ་ཐབས་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་བླ་མའི་སྐུའི་ས་བོན་ༀ་ཡིག་དཀར་པོ། ཨ་བྷི་ཥིཉྩ་ༀ། ཞེས་པས་ༀ་འོད་དུ་ཞུ་བ་ལས། རྣམ་སྣང་དཀར་པོ་བྱང་


MLP014_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་མཆོག་གི་ཕྱག་རྒྱ་ཅན་སྤྱན་མ་དང་འཁྲིལ་སྦྱོར་དུ་བཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་ཆུ་རྒྱུན་དཀར་ནར་གྱིས་བབས་པས་ལུས་གང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་བླ་མའི་གསུང་གི་ས་བོན་ཨཱཿདམར་པོ། ཨ་བྷི་ཥིཉྩ་ཨཱཿཞེས་པས་ཨཱཿའོད་དུ་ཞུ་བ་ལས་འོད་དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན་གོས་དཀར་མོ་དང་འཁྲིལ་སྦྱོར་དུ་བཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་ཆུ་རྒྱུན་དམར་ལྷུག་ལྷུག་འབབ་པ་སོགས་འདྲ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་བླ་མའི་ཐུགས་ཀྱི་ས་བོན་ཧཱུྃ་སྔོན་པོ། ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་ཧཱུྃ་འོད་དུ་ཞུ་བ་ལས་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་བཞག་ཅན་དབྱིངས་ཕྱུག་མ་དང་འཁྲིལ་བའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་ཆུ་རྒྱུན་སྔོ་བྲེང་གི་བྱུང་བ་སོགས་འདྲ། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་བླ་མའི་ཡོན་ཏན་གྱི་ས་བོན་ཧྲཱིཿསེར་པོ། ཨ་བྷི་ཥིཉྩ་ཧྲཱིཿཞེས་པས་ཧྲཱིཿའོད་དུ་ཞུ་བ་ལས་རིན་འབྱུང་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་མ་མཱ་ཀི་དང་འཁྲིལ་བའི་སྦྱོར་མཚམས་ནས་བྱང་སེམས་ཁ་དོག་སྣ་ཚོགས་པ་འབྱུང་བ་སོགས་འདྲ། ལྷ་དེ་དག་སྐུ་ཚོན་གང་ལ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་རྒྱན་བརྒྱད་དེ་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་བརྒྱན་པ། པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །གསུམ་པ་རྩ་བ་ངོ་སྤྲོད་ཀྱི་ཁྱད་པར་ལ་མཉམ་རྗེས་གཉིས་ལས། མཉམ་བཞག་ལ་ལུས་ཀྱི་གནད་ཆོས་བདུན་སྔར་ལྟར་འདྲ། ངག་གི་གནད་འོག་རླུང་འཐེན། སྟེང་རླུང་དྲག་ཏུ་མནན། དབུགས་ཀྱི་འགྱུ་བ་བཅད། སེམས་ཀྱི་གནད་རང་བཞིན་སྣ་ཚོགས་སུ་སྣང་བ་ལ་རྩལ་སྦྱང་བའི་ཕྱིར། ཕྲ་རགས་ཀྱི་རྟོག་པ་སྣ་ཚོགས་ལ་སྤྱན་ལྔས་བལྟ་བར་བྱ་སྟེ། དེད་དཔོན་རིན་པོ་ཆེའི་ཞལ་ནས། འགྱུ་བའི་འཕྲེང་བ་བཙན་ཐབས་སུ་བཅད་པས། རླུང་སེམས་གཉུག་མའི་གནས་འོད་གསལ་དུ་འཆིང་བར་བྱེད། སྤྱན་ལྔའི་ལྟ་སྟངས་ཀྱི་གནད་འདི་ལྟར་རོ། །ཞེས་སོ། །དེ་ཡང་རྟོག་པ་འགྱུར་ཚོར་མི་ཚོར་དེ་ལ། རུས་སྦལ་ལྟ་བུའི་སྤྱན་མིག་ལྤགས་འབྱར་ཙམ་དུ་བཙུམ་ནས་བལྟ་སྟེ། རླུང་དང་རྟོག་པའི་འགྲོ་འོང་བཅད་དེ། འཆུན་:རྡོ་༼བདོ་༽བ་ལ་ཕཊ་ཅེས་ཤིགས་ཀྱིས་བཤིག་པའི་བློ་བྲལ་དུ་ཁྲེས་སེ་བཞག་གོ །རྟོག་པ་ཚོར་ཙམ་ལ་


MLP014_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་བུ་ལྟ་བུའི་སྤྱན་བག་ཙམ་བཙུམ་ལ་བལྟ། ཐ་མལ་གྱི་རྟོག་པ་དང་རང་དགར་འགྱུར་ན་ཟླ་ཚེས་ལྟ་བུའི་སྤྱན་གྱིས་ཅུང་ཟད་ཕྱེ་ལ་བལྟ། རྟོག་པ་ཅུང་ཟད་རགས་པ་ལ་མཁས་པ་ལྟ་བུའི་སྤྱན་གྱིས་ཅུང་ཟད་དཔངས་བསྟོད་ལ་བལྟ། ཉོན་མོངས་པའི་རྟོག་པ་གཉེན་པོ་མེད་པར་སྐྱེ་བ་ཤིན་ཏུ་རགས་པར་འགྱུར་བ་ལ་ཟླ་བ་ཉ་གང་བའི་སྤྱན་གྱིས་བར་སྣང་ལ་བགྲད་དེ་བལྟ། དེ་ཐམས་ཅད་འཆུན་:རྡོ་༼བདོ་༽བ་ལ་བཤིག་ཅིང་རྗེས་བློ་བྲལ་གྱི་ངང་ལ་མ་བཅོས་པར་སལ་ལེ། རྗེན་ནེ། ཁྲེས་སེ། དྭངས་སེ་བཞག །དེ་ཡང་ངོ་བོ་སྟོང་པ། རང་བཞིན་གསལ་བ་མཚན་ཉིད་བློ་བྲལ་དུ་གནས་པའི་དོན་སྔར་བློ་སྦྱོང་དུ་ངོ་སྤྲད་པ་དེ་འདིར་གོམས་པར་བྱས་ལ། དྭངས་མའི་ཤེས་པ་རྒྱུན་མཐུད་ཅིང་མཉམ་རྗེས་བསྲེས་ནས་ཟུང་འཇུག་མངོན་དུ་གྱུར་པར་བྱའོ། །རྗེས་ཐོབ་སྤྱོད་ལམ་གྱི་དུས་ཐམས་ཅད་དུ། གཟུགས་རྣམས་སྣང་ཙམ་ནས་བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུ། སྒྲ་རྣམས་གྲགས་ཙམ་ནས་བདེན་པར་མ་གྲུབ་པ་བྲག་ཆ་ལྟ་བུ། དྲན་རྟོག་རྣམས་རྗེས་མེད་དྲན་སྟོང་ཆུའི་ལྦུ་བ་ལྟར་བསྐྱང་བར་བྱའོ། །བཞི་པ་རྗེས་གནང་ལུང་གི་ཁྱད་པར་བླ་མའི་ཐུགས་དམ་སྐུལ་ལུགས་ནི། ༀ་ཨཱཿཧྲཱིཿགུ་རུ་སིདྡྷི་ཕ་ལ་ཧཱུྃ། ཞེས་དྲོད་ཀྱི་ཡེ་ཤེས་བཙན་ཐབས་སུ་སྐྱེ་བར་བྱེད་པ་སྒྲུབ་པ་གནད་ཀྱི་སྙིང་པོ་འབྲུ་བཅུ་པ་འདི་སྔར་ལྟར་གསོལ་བ་མས་གདབ་དང་། བྱིན་རླབས་ཡས་ཞུའི་ཚུལ་གྱིས་བགྲང་བར་བྱ་ཞིང་། ཐུན་བསྡུ་བའི་ཚེ། དཔལ་ལྡན་བླ་མ་ལོངས་སྐུའི་བདག་ཉིད་ཅན་འགྲུབ་པར་གྱུར་ཅིག །ཅེས་བརྗོད་དོ། །གསུམ་པ་ལ་གཉིས་ལས། བསླབ་བྱ་བོ་ཟགས་ལྟེམ་ལོག་གི་ལམ་གྱི་དྲི་མ་བསྲུང་ལུགས་ནི། དཀའ་ཐུབ་པས། གཞན་དོན་སྔས་ན་བོ་བའི་དྲི་མ་ཡིན་པས་དེའི་བར་དུ་ཆོས་མི་འཆད། སྲུང་བ་དང་བྱིན་རླབས་མི་བྱའོ། །བསྙེན་བཀུར་ཟོས་ན་ཟགས་པས་རང་རྫས་གཞན་ལ་མི་སྟེར། གཞན་གྱི་རྫས་རང་གིས་མི་སྤྱོད། བསྲུང་སྡོམ་ལྷོད་ན་ལྟེམ་པས་སྐྲ་སེན་མི་འབྲེག །ཁྲུས་མི་བྱ། གོས་གདན་མི་སྤྲུག །མལ་མི་སྤོ། ངག་གི་སྨྲ་བ་བཅད་དོ། །ཆོས་བརྒྱད་དྲན་ན་ལོག་པས་ཚེ་འདིའི་སྙན་གྲགས་རྒྱབ་དུ་དོར་བར་བྱའོ། །གཉིས་པ་ཚར་ཚད་ལ་བཞི་ལས། ངོ་བོ་


MLP014_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ན་སླར་བློ་སྦྱོང་དུ་སེམས་ངོ་བོ་སྟོང་པར་ཤེས་པའི་སྟེང་དུ་འདིར་རང་བཞིན་གསལ་བའི་དེར་འཛིན་དང་བྲལ་བས། དྲན་རྟོག་ཅི་སྐྱེས་ལམ་དུ་ཁྱེར་ཤེས་པའོ། །རྟགས་ཀྱི་ཚར་ཚད་སྔར་གྱི་རྒྱུ་ལམ་འབྲས་བུའི་རྟགས་རྣམས་འདིར་ཉམས་སྣང་གི་ཡུལ་མངོན་དུ་འཆར་རོ། །ཡོན་ཏན་གྱི་ཚར་ཚད་ཕྱི་ནང་གི་སྲོག་ཆགས་ཀྱིས་མི་འཚེ་བ་སོགས་སོ། །གྲངས་ཀྱི་ཚར་ཚད་བྱེ་བ་ཕྲག་ལྔ་དང་དུས་ཟླ་བ་གསུམ་མོ། །སྦྱོར་ལམ་དཀའ་ཐུབ་ཀྱི་ཁྲིད་ཡིག་གོ ། གསུམ་པ་མཐོང་ལམ་སྤྱོད་པ་རྗེས་ཀྱི་ཁྲིད་ལ་གསུམ་སྟེ། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད། དངོས་གཞི་ཉམས་སུ་བླངས་ཚུལ། རྗེས་བསླབ་བྱ་ཚར་ཚད་དང་བཅས་པའོ། །དང་པོ་ལ་གསུམ་ལས། རྟེན་བསྐྱེད་པ་ནི། རྒྱས་འབྲིང་བསྡུས་གསུམ་གང་བསྐྱེད་ཀྱང་འདིར་བླ་མ་སྣང་སྟོང་དབྱེར་མེད་རྡོ་རྗེའི་སྐུར་སྒྲུབ་པའི་སྐབས་ཡིན་པས། བླ་མ་སྐུ་གཅེར་བུ་ལ་རུས་པའི་རྒྱན་དང་ལྡན་ཞིང་སྐུ་མདོག་མཐིང་ག་འབའ་ཞིག་ཏུ་སྒོམ་པ་ཡིན་ནོ། །གཉིས་པ་ཚོགས་བསག་པ་དང་། གསུམ་པ་ལམ་བསྟེན་པ་སྔར་དང་འདྲའོ། །གཉིས་པ་དངོས་གཞི་ལ་བཞི་ལས། དང་པོ་གྲགས་པ་སྒྲའི་བརྗོད་ཚུལ་ཡི་གེ་ལམ་ཁྱེར་ནི། དབྱངས་གསལ་ལན་བཞི་བརྗོད་པའི། དང་པོ་གཟུགས་སུ་སྣང་ཚད་ངོ་བོ་རྣམ་པ་ཡི་དམ་གྱི་ལྷ་རིགས་ལྔའི་སྐུར་གསལ་བ་དེ་ཡང་དང་པོ་སྐྱེ་བ་མེད། བར་དུ་གནས་པ་མེད། ཐ་མར་འགགས་པ་མེད། བདེན་པའི་དངོས་པོར་གྲུབ་པ་མེད་དེ་གཟུགས་སྣང་སྟོང་དུ་ཤེས་པར་བྱའོ། །གཉིས་པ་སྒྲར་གྲགས་ཚད་ངོ་བོ་བླ་མ་ལ་རྣམ་པ་ཡི་དམ་རིགས་ལྔའི་གསུང་སྔགས་ཀྱི་རང་སྒྲར་གྲགས་པ་དེའང་དང་པོ་སྐྱེ་བ་མེད། བར་དུ་གནས་པ་མེད། ཐ་མར་འགག་པ་མེད། བདེན་པའི་དངོས་པོར་གྲུབ་པ་མེད་དེ་སྒྲ་གྲགས་སྟོང་དུ་ཤེས་པར་བྱ། གསུམ་པ་སེམས་ཀྱི་དྲན་རྟོག་འགྱུ་ཚད་ངོ་བོ་བླ་མ་ལ་རྣམ་པ་ཡི་དམ་རིགས་ལྔའི་ཐུགས་ཡེ་ཤེས་སུ་གསལ་བ་དེའང་། དང་པོར་སྐྱེ་མེད། བར་དུ་གནས་མེད། ཐ་མར་འགག་མེད། བདེན་དངོས་སུ་གྲུབ་པ་མེད་དེ་ཡིད་དྲན་སྟོང་དུ་ཤེས་པར་བྱ། བཞི་པ་སྣང་གྲགས་འགྱུ་གསུམ་ཐམས་ཅད་ཀྱང་རང་གི་སེམས་ངོ་བོ་བླ་མ་ལ་རྣམ་པ་ཡི་དམ་རིགས་ལྔའི་སྐུ་གསུང་ཐུགས་


MLP014_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གནས་པ་དེའང་། དང་པོར་སྐྱེ་མེད། བར་དུ་གནས་མེད། ཐ་མར་འགག་མེད། བདེན་དངོས་སུ་གྲུབ་པ་མེད་དེ། སེམས་བདེ་སྟོང་གཉིས་མེད་དུ་ཤེས་པར་བྱའོ། །གཉིས་པ་དབང་བཞི་དམིགས་པའི་ཁྱད་པར་འཁོར་ལོ་བཞིའི་སྒོམ་ཐབས་ནི། རྩ་འཁོར་ལོ་བཞིའི་དབུས་སུ་བླ་མའི་རྡོ་རྗེ་བཞིའི་ས་བོན་ༀ་ཨཱཿཧཱུྃ་ཧྲཱིཿགནས་པ་རྣམས་ཨ་བྷི་ཥིཉྩ་ༀ་སོགས་སྔགས་བཞིས་རིམ་པར་རིགས་བཞིའི་བདེ་བར་གཤེགས་པ་ཡབ་ཡུམ་གྱི་སྐུར་བཞུགས་པར་གསལ་བཏབ་ལ། སྐུ་བཞི་ཀའང་སྐྱེ་མེད་གནས་མེད་འགག་མེད་དངོས་མེད་དོ། །ཞེས་བརྗོད་པས་མཚན་ཉིད་བཞི་ལྡན་གྱི་རྒྱས་གདབ་བོ། །གསུམ་པ་རྩ་བ་ངོ་སྤྲོད་ཀྱི་ཁྱད་པར་ལ་གཉིས་ལས། མཉམ་རྗེས་རྩ་བའི་ལམ་ཁྱེར་ནི། ངོ་བོ་སྟོང་པ། རང་བཞིན་གསལ་བ། མཚན་ཉིད་གཉིས་སུ་མེད་པར་གྲོལ་བར་བྱ་བའི་ཕྱིར་ལྟ་སྟངས་ལྔ་བསྒྱུར་བར་བྱ་སྟེ། འཁོར་བ་དང་ངན་སོང་དུ་འཁྱམས་ཤིང་ལྟུང་བའི་དོགས་པ་གཅོད་པའི་ཕྱིར་ཉན་ཐོས་ཞི་བའི་ལྟ་སྟངས་ཐུར་དུ། མཐོ་རིས་དང་ཐར་པ་འཐོབ་འདོད་ཀྱི་རེ་བ་གཅོད་པའི་ཕྱིར་མུ་སྟེགས་ཚངས་པའི་ལྟ་སྟངས་གྱེན་དུ། ཞེ་སྡང་གི་རྟོག་པ་གཅོད་པའི་ཕྱིར་སེམས་དཔའི་ལྟ་སྟངས་གཡས་སུ། འདོད་ཆགས་ཀྱི་རྟོག་པ་གཅོད་པའི་ཕྱིར་སེམས་མའི་ལྟ་སྟངས་གཡོན་དུ། བསྒོམ་བྱ་སྒོམ་བྱེད་ཀྱི་རྟོག་པ་ཅན་བསམ་གཏན་འཆིང་བ་གཅོད་པའི་ཕྱིར་བདེ་བར་གཤེགས་པའི་ལྟ་སྟངས་ཐད་ཀར་བསྒྱུར་བར་བྱ་སྟེ། བྲམ་ཟེ་གསེར་གྱི་སྐ་རགས་ཅན་གྱིས། ཤེས་རབ་ཀྱི་གཅོད་ཐབས་ལམ་དུ་ཁྱེར་བས། གཉིས་མེད་ལམ་དུ་སློང་པར་བྱེད། དེས་ན་ཟུང་འཇུག་རྒྱུད་ལ་སྐྱེ་བར་བྱེད་པའི་གནད་ཡིན། ཞེས་སོ། །དེ་དག་གི་དུས་ཐམས་ཅད་དུ་ལུས་ངག་གི་འཁྲུལ་འཁོར་དང་སེམས་སྒྲིམ་གློད་ཀུན་དཀའ་ཐུབ་དང་མཚུངས་མོད། འདིར་དཀའ་ཐུབ་ཀྱི་རྗེས་ལ་སེམས་ཀྱི་གཤིས་རྩ་བའི་དོན་ཇི་ལྟར་འབྱོངས་པ་དེ་ལ་སྤྱོད་ལམ་བཞིར་དྲན་པས་བཟུང་ནས་ཉམས་ཡེངས་མེད་དུ་བསྐྱང་བ་ཡིན་ནོ། །རྗེས་སྤྱོད་ལམ་གྱི་དུས་ཐམས་ཅད་དུ་གཟུགས་སུ་སྣང་ཚད་ཡང་དག་པར་མ་གྲུབ་སྟེ། རང་བཞིན་གྱིས་སྟོང་ཞིང་། དེ་ཡང་གནས་སྐབས་རྟེན་འབྲེལ་གྱི་སྣང་བ་མ་འགགས་པར་གཟུགས་སུ་སྣང་ལ། སྣང་ཙམ་ཉིད་ན་ངོ་བོ་སྟོང་པ་ཉིད་ལས་མ་གཡོས་


MLP014_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པར། གཟུགས་སྟོང་པ་ལས་གཞན་མ་ཡིན་ཞིང་། ངོ་བོ་སྟོང་པ་ཉིད་ལས་མ་གཡོས་བཞིན་དུ་རྩལ་གཟུགས་སུ་མ་འགགས་པར་སྣང་བས། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ཏེ། དེ་ལྟ་བུའི་མཚན་ཉིད་བཞི་ལྡན་དུ་འཆར་བས་ན། རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་ལ་དེ་བཞིན་དུ་འགྲེ་ཤེས་པར་བྱའོ། །བཞི་པ་རྗེས་གནང་ལུང་གི་ཁྱད་པར་བླ་མའི་ཐུགས་དམ་སྐུལ་ལུགས་ནི། ༀ་ཨཱཿཧཱུྃ་ཧྲཱིཿགུ་རུ་ཛི་ན་མི་ཏྲ་ཧཱུྃ། ཞེས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཅིག་ཅར་དུ་འཆར་བར་བྱེད་པ་རྟོག་པ་རྗེས་ཀྱི་སྙིང་པོ་འབྲུ་བཅུ་པ་འདི་སྔར་ལྟར་གསོལ་བ་མས་གདབ་དང་། བྱིན་རླབས་ཡས་ཞུའི་ཚུལ་གྱིས་བགྲང་ཞིང་། ཐུན་གཏོང་བའི་ཚེ། དཔལ་ལྡན་བླ་མ་སྣང་སྟོང་དབྱེར་མེད་རྡོ་རྗེའི་སྐུ་གྲུབ་པར་གྱུར་ཅིག །ཅེས་བརྗོད་དོ། །གསུམ་པ་ལ་གཉིས་ལས། བསླབ་བྱ་ལམ་གྱི་དྲི་མ་བསྲུང་ལུགས་ནི། རྗེས་ཀྱི་དུས་འདིར་གཞི་ལ་གཡའ་ཆགས་ན་གཤིས་ཐོག་དུ་བོ་བས་སོ་མའི་མལ་༼འདི་ནས་ཚིག་ཁ་ཤས་ཆད་དམ་བརྟག༽རྗེས་གཉེན་པོའི་བྱ་ར་མ་འགྱེལ་ན་ཉམས་ཐོག་ཏུ་ཟགས་པས་ཉམས་མྱོང་གཤིས་ཐོག་ཏུ་གཞིག །རང་ལྟ་ལ་མཆོག་ཏུ་ཞེན་ན་གོ་ཐོག་ཏུ་ལྟེམས་པས་ཡང་དག་པའི་དོན་ལ་འདི་ཡིན་དུ་མི་བཟུང་། གྲུབ་མཐའི་འདོད་པ་མ་ཞིག་ན་ཚིག་ཐོག་ཏུ་ལོག་པས་གང་དུའང་ཁས་མི་བླང་ངོ་། །གཉིས་པ་ཚར་ཚད་ལ་བཞི་ལས། ངོ་བོས་ཚར་ན་གཉིས་མེད་བློ་བྲལ་རང་གི་མཚན་ཉིད་དུ་རྟོགས། རྟགས་ཀྱིས་ཚར་ན་རྒྱུ་ལམ་འབྲས་བུའི་རྟགས་རྣམས་འདིར་མངོན་སུམ་དུ་འཆར། ཡོན་ཏན་གྱིས་ཚར་ན་སངས་རྒྱས་བརྒྱའི་ཞལ་མཐོང་ཞིང་ཁམས་བརྒྱ་གཡོ་བའི་ནུས་པ་སོགས་འབྱུང་། གྲངས་ཀྱིས་ཚར་ན་བྱེ་བ་ཕྲག་ཕྱེད་དང་གསུམ། དུས་ཟླ་བ་ཕྱེད་དང་གཉིས་སོ། །མཐོང་ལམ་རྗེས་ཀྱི་ཁྲིད་ཡིག་གོ ། བཞི་པ་སྒོམ་ལམ་སྤྱོད་པ་རོ་སྙོམས་ཀྱི་ཁྲིད་ལ་གསུམ་སྟེ། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད། དངོས་གཞི་ཉམས་སུ་བླང་ལུགས། རྗེས་བསླབ་བྱ་ཚར་ཚད་དང་བཅས་པའོ། །དང་པོ་ལ་གསུམ་ལས། རྟེན་བསྐྱེད་པ་ནི། འདིར་བླ་མ་བདེ་བ་ཆེན་པོ་མཉམ་པ་ཉིད་ཀྱི་སྐུར་སྒྲུབ་པའི་དུས་ཡིན་པས་རྟེན་རྒྱས་བསྡུས་གང་ལྟར་ཡང་སྐུ་ཆ་ལུགས་ལ་ངེས་པ་མེད་པ་གང་


MLP014_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མོས་སུ་བསྒོམ་པར་བྱ། གཉིས་པ་ཚོགས་བསགས་པ་དང་། གསུམ་པ་ལམ་བསྟེན་པ་སྔར་དང་འདྲའོ། །གཉིས་པ་དངོས་གཞི་ལ་བཞི་ལས། དང་པོ་གྲགས་པ་སྒྲའི་བརྗོད་ཚུལ་ཡི་གེ་ལམ་ཁྱེར་ནི། དབྱངས་གསལ་གྱི་ཡི་གེ་རྣམས་མས་ནས་ལུགས་ལྡོག་ཏུ་ལན་བཞིར་བརྗོད་པའི་དང་པོ་གཟུགས་སུ་སྣང་ཚད་བླ་མ་ཡི་དམ་གྱི་སྐུ་དང་ཐ་མལ་གྱི་ལུས་སུ་སྣང་བ་ལ་བཟང་ངན་གྱི་ཁྱད་པར་ཅུང་ཟད་ཀྱང་མེད་དེ་སྣང་སྟོང་། གཉིས་པ་སྒྲར་གྲགས་ཚད་བླ་མ་ཡི་དམ་གྱི་གསུང་དང་སེམས་ཅན་གྱི་སྐད་དུ་སྣང་བ་ལ་བཟང་ངན་མེད་དེ་གྲགས་སྟོང་། གསུམ་པ་དྲན་རྟོག་ཐམས་ཅད་བླ་མ་ཡི་དམ་གྱི་ཐུགས་དང་སེམས་ཅན་གྱི་ཡིད་དུ་སྣང་བར་བཟང་ངན་མེད་དེ་བདེ་སྟོང་གཉིས་མེད། བཞི་པ་དེ་ཐམས་ཅད་ཀྱང་རང་སེམས་སྐྱེ་མེད་ལ་བཟང་ངན་དང་གོ་རིམ་སྤང་བླང་མེད་དེ་གཉིས་མེད་དུ་འཛིན་པ་ཙམ་དུའང་མི་བྱ་བར་ཐམས་ཅད་མཉམ་པ་ཉིད་དུ་རྒྱས་གདབ་བོ། །གཉིས་པ་དབང་བཞི་དམིགས་པའི་ཁྱད་པར་འཁོར་ལོ་བཞིའི་སྒོམ་ཐབས་ནི། སྙིང་ལྟེ་མགྲིན་དཔྲལ་གྱི་འཁོར་ལོ་བཞིར་ཧཱུྃ་ཧྲཱིཿཨཱཿༀ་སྒོམ་པ་རྣམས། ཨ་བྷི་ཥིཉྩ་ཧཱུྃ་སོགས་ཀྱིས་འཁོར་ལོ་བཞིར་བདེ་བར་གཤེགས་པ་བཞི་གོ་རིམ་མ་ངེས་པར་གསལ་གདབ་ཅིང་། དབང་ཡང་གོ་རིམ་མ་ངེས་པར་བླང་བར་བྱའོ། །གསུམ་པ་རྩ་བ་ངོ་སྤྲོད་ཀྱི་ཁྱད་པར་ལ་གསུམ་ལས། རྩ་བ་དོན་གྱི་ལམ་ཁྱེར་དུ། སྔར་གྱི་མཚན་ཉིད་གཉིས་མེད་བློ་བྲལ་གྱི་རྟོགས་པ་ཕྱིན་ཅི་མ་ལོག་པ་དེ་སྤྱོད་ལམ་གྱི་དུས་དང་བདེ་སྡུག་གི་རྐྱེན་གང་ལའང་ཁྱད་མེད་དུ་བསྲེ་ཞིང་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བྱེད་པ་སྟེ། བདག་ཉིད་ཆེན་པོ་ཀ་མ་ལ་ཤྲཱི་བཛྲ་གྱི་ཞལ་ནས། ལམ་ལ་གང་ཕན་གྲོགས་སུ་བསྟེན་པས་ཨ་འཐས་ཀྱི་དངོས་འཛིན་འཇིག་པར་བྱེད། གྲལ་རིམ་འགྱེལ་བ་རྒྱ་ཡན་གྱི་གནད་ཡིན། ཞེས་བསྟན་ཏོ། །དེ་ཡང་སྔར་གྱི་རྟེན་འབྲེལ་གྱི་བརྡ་སྤྱན་ལྟ་སྟངས་ལྔ་པོ་དེ་དག་སྤྱོད་ལམ་བཞི་དང་བསྲེས་ནས་ཉམས་སུ་ལེན་པ་སྟེ། དེས་ན་རྩ་བའི་སྤྱོད་ལམ་བཞི་ལས་ཡན་ལག་གི་སྤྱོད་ལམ་ཉི་ཤུར་ཕྱེ་ལ་ཉམས་སུ་བླང་ངོ་། །དེ་ཡང་འདུག་པའི་སྤྱོད་ལམ་ལྔ་ནི། རྟེན་འབྲེལ་དག་པ་རྡོ་རྗེ་སྐྱིལ་ཀྲུང་། ཕྱེད་


MLP014_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ། ཙོག་པུ། སྙེས་པ། རྒྱལ་པོ་རོལ་པའི་འདུག་སྟངས་སོ། །ཉལ་བ་ལྔ་ནི། གཡས་ཉལ། གཡོན་ཉལ། གན་རྐྱལ། ཁ་སྦུབས། མགོ་བསྟུམ་བརླ་སྒྲིམ་མོ། །ལངས་པ་ལྔ་ནི། ལངས་ཀ། ཕྱེད་ལངས། ལངས་པ། གོས་ཚགས་བྱེད་པ། གོམ་པ་འདོར་བའོ། །འགྲོ་བ་ལྔ་ནི། འགྲོ་བ། འགྲོ་འཕྲོ་ལ་འཆམས་པ། རྒྱུག་པ། རྒྱུག་འཕྲོ་ལ་འཆམས་པ། ངལ་གསོ་བའོ། །སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །ཞེས་པས་བྱེ་བྲག་གི་སྤྱོད་ལམ་ཉི་ཤུ་པོ་རེ་རེ་ལའང་ལྟ་སྟངས་ལྔ་ལྔ། དེ་རེ་རེ་ལའང་སྤྱན་ལྔ་ལྔ་སྦྱར་ནས་མཉམ་བཞག་གི་དུས་སུ་བལྟས་ནས་རྗེས་གློད་པ་སྟེ། ཏིང་ངེ་འཛིན་ལྔ་བརྒྱ་ཕྲག་གཅིག་ཏུ་སྒྲིམ་གྱེན་གློད་པ་ནི་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །གང་ལྟར་སྒོམ་ཡང་། འོག་རླུང་འཐེན། སྟེང་རླུང་མནན། རླུང་འགྱུ་བ་བཅད་དེ། འཆུན་རྡོ་ལ་ཤིགས་ཀྱིས་བཤིག་ཅིང་རྗེས་སེམས་གང་དུའང་མ་བཅོས་པར་ལྷོད་དེ་ཁྲས་སེ། རྟོག་མེད་རང་དྭངས་སུ་རྗེན་ནེ་བཞག་གོ །ལར་སྤྱོད་ལམ་གྱི་དུས་ཐམས་ཅད་དུ་རྩ་བའི་ཉམས་མྱོང་དང་མ་བྲལ་བར་བྱ་ཞིང་། བདེ་སྡུག་གི་རྐྱེན་གང་ལ་རང་རིག་པ་ཐོག་རྡུགས་མེད་པ་ཆམ་ཆམ་པ་ཡེད་ཡེད་པ། བུན་ལོང་ལོང་བ་ལམ་དུ་ཁྱེར་ཞིང་བསྐྱང་བར་བྱ་སྟེ། བྲམ་ཟེ་ཡེ་ཤེས་སྙིང་པོའི་ཞལ་ནས། རིག་པ་ལ་སེང་ཡེར་གྱིས་ཧྲིག་བཏོན་པས་རྣོ་ངར་གྱི་རྩི་ཆགས་པར་བྱེད། བྱིང་རྨུགས་ཀྱི་གདན་འཇིག་པའི་གནད་ཡིན་ནོ། །ཞེས་སོ། །རྗེས་སྤྱོད་ལམ་གྱི་དུས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་རྣམ་དག་ཆེན་པོའི་འགྲེས་རྐང་དང་བསྟུན་ཅིང་མ་ཡེངས་པར་བསྐྱང་སྟེ། འདིར་ལྟར། ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པས། གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པས། བདག་རྣམ་པར་དག་པ། དེ་ལྟར་གཟུགས་རྣམ་པར་དག་པ་དང་། བདག་རྣམ་པར་དག་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དེ་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་པ་གྲགས་པའི་སྒྲ་དང་། དྲན་པའི་སེམས་ལའང་མཐུན་པར་བསྐྱར་རོ། །བཞི་པ་རྗེས་གནང་ལུང་གི་ཁྱད་པར་བླ་མའི་ཐུགས་དམ་བསྐུལ་ལུགས་ནི། ༀ་ཨཱཿཧྲཱིཿགུ་རུ་པྲ་མ་ཎ་ཡེ་ཧཱུྃ།


MLP014_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རོ་སྙོམས་ཆེན་པོའི་རྟོགས་པ་རྒྱུད་ལ་སྐྱེ་བར་བྱེད་པའི་འབྲུ་བཅུ་པ་འདི་སྔར་ལྟར་གསོལ་བ་མས་གདབ་དང་། བྱིན་རླབས་ཡས་ཞུའི་ཚུལ་དུ་བགྲང་ཞིང་། ཐུན་བསྡུ་བ་ན། དཔལ་ལྡན་བླ་མ་བདེ་བ་ཆེན་པོ་མཉམ་པ་ཉིད་ཀྱི་སྐུ་འགྲུབ་པར་གྱུར་ཅིག །ཅེས་བརྗོད་དོ། །གསུམ་པ་ལ་གཉིས་ལས། བསླབ་བྱ་དྲི་མ་བཞི་བསྲུང་ལུགས་ནི། རོ་སྙོམས་པས་དུས་འདིར། བདག་འཛིན་གྱི་ཁ་མ་ཐེངས་ན་རང་ཐོག་ཏུ་བོ་བས་ངས་བྱས་ཀྱི་ངོ་སོ་མི་བྱ། འཁོན་འཛིན་རྒྱུད་ལ་བསྟེན་ན་གཞན་ཐོག་ཏུ་ཟགས་པས་གཞན་གྱིས་བརྙས་པ་ལ་ཀོ་ལོང་མི་བྱ། གཉིས་སྣང་གི་མཐའ་མ་ཁྲོལ་ན་གོ་ཐོག་ཏུ་ལྟེམས་པས། བདག་གཞན་གཉིས་སུ་མི་བཟུང་། ཟགས་པའི་འཕན་ལངས་ན་འཁྲུལ་ཐོག་ཏུ་ལོག་པས་ཆགས་སྡང་གི་རྗེས་མི་བཅད་དོ། །གཉིས་པ་ཚར་ཚད་ལ་བཞི་ལས། ངོ་བོས་ཚར་ན་ཡུལ་ལ་སྤང་བླང་མེད་ཅིང་སྤྱོད་ལམ་ལ་ཁྱད་པར་མེད་པར་མཚན་ཉིད་བློ་བྲལ་གྱི་རྟོགས་པ་ཆུ་བོ་རྒྱུན་གྱི་རྣམ་ཐར་དུ་འཆར་རོ། །རྟགས་ཀྱིས་ཚར་ན་རྒྱུ་ལམ་འབྲས་བུའི་རྟགས་རྣམས་སྔར་ལས་འཕེལ་ཞིང་གསལ་བརྟན་དུ་འགྱུར་རོ། །ཡོན་ཏན་གྱིས་ཚར་ན་སྔར་མཐོང་ལམ་གྱི་ཡོན་ཏན་ལས་མང་པོར་འཕེལ་ལོ། །གྲངས་ཀྱིས་ཚར་ན་འབུམ་ཚོ་ཕྱེད་དང་བཅུ་གསུམ། དུས་ཟླ་བ་གཅིག་གོ །སྒོམ་ལམ་རོ་སྙོམས་ཀྱི་ཁྲིད་ཡིག་གོ ། ལྔ་པ་མཐར་ལམ་བྱ་བྲལ་གྱི་ཁྲིད་ལ་གསུམ་སྟེ། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད། དངོས་གཞི་ཉམས་སུ་བླང་ལུགས། རྗེས་བསླབ་བྱ་ཚར་ཚད་དང་བཅས་པའོ། །དང་པོ་ལ་གསུམ་ལས། རྟེན་བསྐྱེད་པ་ནི། རྒྱས་བསྡུས་གང་ལྟར་བསྒོམས་ཀྱང་འདིར་བླ་མ་སྤྲུལ་པའི་སྐུར་སྒྲུབ་པའི་དུས་ཡིན་པས་མཆོག་གི་སྤྲུལ་སྐུ་དགེ་སློང་གི་ཆ་བྱད་ཅན་ནོ། །གཉིས་པ་ཚོགས་བསགས་དང་། གསུམ་པ་ལམ་བསྟེན་པ་སྔར་དང་འདྲའོ། །གཉིས་པ་དངོས་གཞི་ལ་བཞི་ལས། དང་པོ་གྲག་པ་སྒྲའི་བརྗོད་ཚུལ་ཡི་གེ་ལམ་ཁྱེར་ནི། ཨཀྵ་ལྔ་བཅུ་པོ་མས་ནས་ཨ་ཡིག་འབའ་ཞིག་ཏུ་ལན་བཞི་བརྗོད་པའི་དང་པོ་གཟུགས་སུ་སྣང་ཚད་རང་སྣང་ལ་སྣང་བ་མེད་པ་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་ཐིམ་པ་ལས། གཞན་


MLP014_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལ་སངས་རྒྱས་སྤྲུལ་པའི་སྐུའི་སྐུར་སྣང་བས་ཕྲིན་ལས་རྒྱུན་མི་ཆད་པར་གྱུར། གཉིས་པ་སྒྲར་གྲགས་ཚད་རང་སྣང་ལ་སྣང་བ་མེད་པ་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་ཐིམ་པ་ལས། གཞན་སྣང་ལ་སངས་རྒྱས་སྤྲུལ་པའི་སྐུའི་གསུང་དུ་སྣང་བས་ཕྲིན་ལས་རྒྱུན་མི་ཆད་པར་གྱུར། གསུམ་པ་འགྱུ་བྱེད་དྲན་རྟོག་ཐམས་ཅད་རང་སྣང་ལ་སྣང་བ་མེད་པ་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་ཐིམ་པ་ལས། གཞན་སྣང་ལ་སངས་རྒྱས་སྤྲུལ་པའི་སྐུའི་ཐུགས་སུ་སྣང་བས་ཕྲིན་ལས་རྒྱུན་མི་ཆད་པར་གྱུར། བཞི་པ་དེ་ཐམས་ཅད་རང་སེམས་སུ་ཐག་བཅད་ཅིང་། དེའང་རང་སྣང་ལ་སྣང་བ་མེད་པར་ནམ་མཁའ་ལ་སྤྲིན་དེངས་པའམ། རྒྱ་མཚོ་ལ་འཁྱགས་པ་ཞུ་བ་ལྟར་ཆོས་ཉིད་ལ་ཡང་དག་ཏུ་འཛིན་པའི་རྟོག་པའང་བློ་བྲལ་གྱི་དབྱིངས་སུ་ཐིམ་པ་ལས། གཞན་སྣང་ལ་སྤྲུལ་པའི་སྐུའི་ཌཱ་ཀི་མ་བཞིར་སྣང་བ་འགྲོ་དོན་ལ་བསྐུལ་བས་ཕྲིན་ལས་རྒྱུན་མི་ཆད་པར་མཛད་པར་བསམ་མོ། །གཉིས་པ་དབང་བཞི་དམིགས་པའི་ཁྱད་པར་འཁོར་ལོའི་བསྒོམ་ཐབས་ནི། བོ་དྷི་ཙིཏྟ་ༀ། ཞེས་པས་བདེ་ཆེན་འཁོར་ལོའི་རྣམ་སྣང་ཡབ་ཡུམ་དུ་གསལ་བའི་ཡབ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཞུ་ནས་ཡུམ་ལ་ཐིམ་པས། ཡུམ་ཉིད་གཞན་དོན་གྱི་ཕྲིན་ལས་སྒྲུབ་ཕྱིར་སངས་རྒྱས་མཁའ་འགྲོ་དཀར་མོ་འཁོར་ལོ་དང་ཐོད་ཁྲག་བསྣམས་པར་གྱུར་ཏེ་གཞན་སྣང་ཟིལ་གྱིས་གནོན་པར་གྱུར། བོ་དྷི་ཙིཏྟ་ཨཱཿས་ལོངས་སྤྱོད་འཁོར་ལོའི་འོད་དཔག་མེད་བྱང་སེམས་སུ་ཞུ་ནས་ཡུམ་ལ་ཐིམ་པས་ཡུམ་ཉིད་ཕྲིན་ལས་སྒྲུབ་ཕྱིར་པདྨ་མཁའ་འགྲོ་དམར་མོ་པདྨ་དང་ཐོད་ཁྲག་བསྣམས་པར་གྱུར་ཏེ། གཞན་སྣང་བདག་གི་དབང་དུ་སྡུད། བོ་དྷི་ཙིཏྟ་ཧཱུྃ་གིས་ཆོས་ཀྱི་འཁོར་ལོའི་མི་བསྐྱོད་པ་བྱང་སེམས་སུ་ཞུ་ནས་ཡུམ་ལ་ཐིམ་པས་ཡུམ་ཉིད་ཕྲིན་ལས་སྒྲུབ་ཕྱིར་རྡོ་རྗེ་མཁའ་འགྲོ་སྔོན་མོ་རྡོ་རྗེ་དང་ཐོད་ཁྲག་བསྣམས་པར་གྱུར་ཏེ་དབང་དུ་འདུས་པའི་གདུལ་བྱ་རྣམས་བདག་ལ་དད་ཅིང་འདུན་པར་བྱས། བོ་དྷི་ཙིཏྟ་ཧྲཱིཿས་སྤྲུལ་པའི་འཁོར་ལོའི་རིན་འབྱུང་བྱང་སེམས་སུ་ཞུ་ནས་ཡུམ་ལ་ཐིམ་པས་ཡུམ་ཉིད་ཕྲིན་ལས་བསྒྲུབ་ཕྱིར་རིན་ཆེན་མཁའ་འགྲོ་སེར་མོ་རིན་པོ་ཆེ་དང་ཐོད་ཁྲག་བསྣམས་པར་གྱུར་ཏེ་དད་


MLP014_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་བའི་གདུལ་བྱ་རྣམས་དམ་པའི་ཆོས་ཀྱིས་རང་རང་གི་བསམ་པ་ཚིམ་པར་བྱེད་པ་སྟེ། ཌཱ་ཀི་བཞི་ཀའང་ཞལ་གཅིག་ཕྱག་གཉིས་པ་གཡས་རང་རྟགས་ནམ་མཁར་འཕྱར་སྟབས་དང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་སྟབས་སོ། །གསུམ་པ། རྩ་བ་ངོ་སྤྲོད་ཀྱི་ཁྱད་པར་ལ་གཉིས་ལས། རྩ་བ་དོན་གྱི་ལམ་ཁྱེར་དུ། མཉམ་རྗེས་གཉིས་སུ་མེད་པར་འདྲེས་ཕྱིན་ཆད་ནས། ལྟ་སྒོམ་གྱི་འཛིན་པ་ཐམས་ཅད་བཤིག་ལ། ཀྱེ་མ་ཆོས་ཐམས་ཅད་སྟོང་པའི་ངོ་བོར་ཡང་མ་གྲུབ་པར་འདུག་པས། ད་ཕྱིན་ཆད་སེམས་ཅན་གྱི་དོན་ལས། རང་དོན་དུ་བལྟ་རྒྱུ་མི་འདུག་སྟེ། མི་བལྟ། བལྟ་རེ་ཤི། བལྟས་ནའང་ང་ལ་སྡིག །མི་བསྒོམ། སྒོམ་རེ་ཤི། བསྒོམ་ནའང་ང་ལ་སྡིག །མི་སྤྱོད། སྤྱོད་རེ་ཤི། སྤྱོད་ནའང་ང་ལ་སྡིག །མི་བསྒྲུབ། སྒྲུབ་རེ་ཤི། བསྒྲུབ་ནའང་ང་ལ་སྡིག་སྙམ་དུ། རང་དོན་དུ་རང་ལ་འཁྲིས་པའི་གཉེན་པོ་བཤིག་ནས་ཞེ་མནའ་བསྐྱལ། བློ་ཐག་བཅད་ལ་གཞན་དོན་དུ་ཅི་འགྱུར་བྱ་སྟེ། བདག་ཉིད་ཆེན་པོ་རཏྣ་བཛྲ་གྱི་ཞལ་ནས། འཆིང་བའི་གྲོགས་སུ་ཆོས་མ་བཏང་བས། དེས་ལྷ་བདུད་དུ་མི་འབབ་པར་བྱེད། དེས་ཐར་ལམ་འབྲས་བུའི་གྲོགས་སུ་འགྲོ་བའི་གནད་ཡིན། ཞེས་བསྟན་ཏོ། །རྗེས་སྤྱོད་ཀྱི་དུས་སུའང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་བྱམས་སྙིང་རྗེས་ཀུན་ནས་བསླངས་ཏེ། ཐ་ན་དུད་འགྲོའི་རྣ་བར་ཀཾ་ཀ་ནིའི་གཟུངས་སྒྲོག་པ་དང་། གཞན་སྐྱབས་སེམས་དང་དབང་ཆོག་སྟེར་བ་སོགས་གང་འཚམས་ཀྱི་སྒོ་ནས་ཀུན་གཞི་ལ་ཐར་པའི་ས་བོན་འཇོག །ད་ལྟ་དངོས་སུ་ཕན་མ་ཐོགས་པ་རྣམས་ཀྱང་ནམ་ཞིག་བདག་གི་གདུལ་བྱར་སྨོན་ལམ་གདབ་པར་བྱའོ། །བཞི་པ་རྗེས་གནང་གི་ཁྱད་པར་བླ་མའི་ཐུགས་དམ་བསྐུལ་ལུགས་ནི། ༀ་ཨཱཿཧྲཱིཿགུ་རུ་བྷུ་ཧུ་ཀུ་རུ་ཧཱུྃ། ཞེས་གཞན་དོན་ཕུན་ཚོགས་སྒྲུབ་པའི་ལས་སྦྱོར་སྒོམ་པ་བདག་གཏོད་ཀྱི་སྙིང་པོ་འབྲུ་བཅུ་པ་འདི་གསོལ་བ་མས་གདབ་དང་བྱིན་རླབས་ཡས་ཞུའི་ཚུལ་དུ་བགྲང་ཞིང་། ཐུན་བསྡུ་བ་ན་དཔལ་ལྡན་བླ་མ་སྤྲུལ་སྐུའི་བདག་ཉིད་ཅན་གྲུབ་པར་གྱུར་ཅིག །ཅེས་བརྗོད་དོ། །


MLP014_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ་གཉིས་ལས། བསླབ་བྱ་དྲི་མ་བཞི་བསྲུང་ལུགས་ནི། བདག་གཏོད་བྱ་བྲལ་གྱི་དུས་འདིར། འབྲས་བུའི་སྒྲུབ་བློ་མ་དག་ན་རེ་བའི་ཐོག་ཏུ་བོ་བས་རང་དོན་དུ་སངས་རྒྱས་འཐོབ་འདོད་སྤངས། འཁོར་བ་སྤང་བྱར་མཐོང་ན་དགོས་སྟེང་དུ་ཟགས་པས་འཁོར་བ་མ་སྟོངས་བར་འཁོར་བར་གནས་ནས་སེམས་ཅན་གྱི་དོན་བྱེད་པའི་གོ་ཆ་བགོ །གཉིས་འཛིན་གྱི་བློ་མ་དག་ན་བྱས་པའི་དགེ་བ་ལ་ཞེན་འཁྲིས་ཀྱིས་ལྟེམས་པས་ཅི་བྱེད་གཞན་དོན་བྱ། སྤྱོད་ལམ་ཐ་མལ་དུ་ཤོར་ན་ཆོས་བརྒྱད་དུ་འཆོར་བས་ལོག་པའི་དྲི་མ་ཡིན་པས་ཚེ་འདིའི་ཞེན་འཁྲིས་སྤངས་ནས་མི་ཚེ་སྒྲུབ་པ་ལ་བསྐྱལ་ལོ། །གཉིས་པ་ཚར་ཚད་ལ་བཞི་ལས། ངོ་བོས་ཚར་ན་དྲན་པས་བཟུང་མི་དགོས་པར་བློ་རྟོག་ཐམས་ཅད་གཉུག་མ་ཆོས་དབྱིངས་སུ་ཐིམ་ནས་དགེ་སྦྱོར་དང་འབྲལ་བ་མེད་པ་འབྱུང་། རྟགས་ཀྱིས་ཚར་ན་རྒྱུ་ལམ་འབྲས་བུའི་རྟགས་རྣམས་ཤིན་ཏུ་གསལ་བརྟན་དུ་འགྱུར། ཡོན་ཏན་གྱིས་ཚར་ན་སངས་རྒྱས་པའི་ཡོན་ཏན་གྱི་ཆོས་དངོས་སུ་ཐོབ་པ་ལ་རེག་པའོ། །གྲངས་ཀྱིས་ཚར་ན་བདུན་འབུམ་དང་། དུས་ཟླ་བ་ཕྱེད་དོ། །མཐར་ལམ་བདག་གཏོད་བྱ་བྲལ་གྱི་ཁྲིད་ཡིག་གོ ། གཉིས་པ་དེ་དཀའ་ཐུབ་གསུམ་གྱི་སྲང་ནས་འདོན་པ་ལ་གསུམ་ཚན་བཞི་ལས། དང་པོ་དཔེ་གསུམ་གྱི། དཔེ་དང་པོ། དཔོན་ལ་ལྟོས་ཤིང་སྒྲོ་འདོགས་གཅོད་པ་ཉན་ཐོས་ལྟ་བུའི་དཀའ་ཐུབ་ནི། མོས་གུས་ཀྱིས་བླ་མ་གནད་ལ་བོར་ཏེ་ཕྱག་བཞེས་ཀྱི་ཁྲིད་ལེགས་པར་ཞུས་ནས་ཤེས་པར་བྱེད་པའོ། །དཔེ་གཉིས་པ་རང་གཅིག་པུར་སྒྲུབ་པ་ཉམས་སུ་ལེན་པ་རང་རྒྱལ་ལྟ་བུའི་དཀའ་ཐུབ་ནི། དབེན་པར་དག་སྣང་གིས་ཡི་དམ་ལ་ས་སྡེ་བཙུགས་དངོས་གྲུབ་ཚེ་འདིར་འཐོབ་པར་བྱེད་པའོ། །དཔེ་གསུམ་པ་རང་དོན་མཐར་ཕྱིན་ནས་གཞན་དོན་བྱེད་པ་དཔའ་ཆེན་བྱང་སེམས་ཀྱི་དཀའ་ཐུབ་ནི། ཕྲིན་ལས་ཀྱི་རྟེན་འབྲེལ་འགྲིག་པའི་གནས་རྣམས་སུ་མཁའ་འགྲོ་ལས་ལ་བཀོལ་ཏེ་གཞན་དོན་འབའ་ཞིག་ལྷུར་ལེན་པའོ། །གཉིས་པ་གང་ཟག་གསུམ་ནི། འཇིག་རྟེན་གྱི་བྱ་བ་སྤངས་པ་རབ་ཏུ་བྱུང་བའི་ཕྱོགས། འཇིག་རྟེན་གྱི་བྱ་བ་པང་དུ་ལེན་པ་ཁྱིམ་པའི་ཕྱོགས། སྤྱོད་ལམ་སྦྱངས་པའི་ཡོན་ཏན་ལ་གནས་པས་ཡོ་བྱད་


MLP014_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་འཇོག་མེད་པ་ལྡོམ་བུ་པའི་ཕྱོགས་སོ། །གསུམ་པ་དུས་གསུམ་ནི། གང་ཟག་གསུམ་པོ་རེ་རེ་ལའང་རིང་ཐུང་གསུམ་སྟེ། རབ་བྱུང་ལ་རང་རྒྱལ་ལྟ་བུའི་དཀའ་ཐུབ་ཀྱི་བོགས་རབ་ལོ་བཅུ་གཉིས། འབྲིང་ལོ་དྲུག །ཐ་མ་ལོ་གསུམ། ཁྱིམ་པར་རབ་ཟླ་བ་གསུམ། འབྲིང་ཟླ་བ་གཉིས། ཐ་མ་ཟླ་བ་གཅིག་གོ །ལྡོམ་བུ་བ་རབ་ཞག་གསུམ། འབྲིང་ཞག་གཉིས། ཐ་མ་ཞག་གཅིག་གོ །བཞི་པ་བསྐུར་ལུགས་གསུམ་ནི། རབ་བྱུང་རྐྱང་པ་ཞེས་བྱ་སྟེ། ལམ་སྔ་མ་སྔ་མ་མཐར་མ་ཕྱིན་པར་ཕྱི་མ་མི་སྦྱིན་ཞིང་ཉམས་སུ་ལེན་དུ་མི་འཇུག་པས་མཐར་ཆགས་ཀྱི་ལམ་མཐར་ཕྱིན་པ་ལ་སྦྱོར་བའོ། །ཁྱིམ་པ་གུག་པ་ཞེས་བྱ་སྟེ། ཟླ་བ་གཅིག་སོགས་ཇི་ཙམ་ཁོམ་པ་དེ་སྲིད་དུ་ལམ་ལྔ་ཆར་རྫོགས་པ་དང་། ཡང་ཕྱིས་ཇི་ཙམ་ཁོམ་པ་དེ་ལ་སྔ་མ་བསྐྱར་ཏེ་ལམ་མཐར་ཕྱིན་པར་འཇུག་པའོ། །ལྡོམ་བུ་བ་ལ་སྦྲགས་མ་ཞེས་བྱ་སྟེ་ཞག་གཅིག་གམ་ཐུན་གཅིག་གི་ནང་དུ་ལམ་ལྔ་ཆར་རྫོགས་པར་ཉམས་སུ་ལེན་དུ་འཇུག་པའོ། །དེ་ལྟར་བསྐུར་ལུགས་གསུམ་དུ་ཕྱེ་བས་གང་ཟག་ཕྱོགས་གསུམ་ཆར་གྱིས་སྒྲུབ་པའི་དམ་བཅའ་མ་ཉམས་པར་མཐར་ཕྱིན་པར་འགྱུར་བ་ཡིན་ཏེ། དྲང་སྲོང་བདེ་བའི་གོ་ཆའི་ཞལ་ནས། དཀའ་ཐུབ་ཀྱི་སྲང་རིམ་པ་གསུམ་དུ་ཕྱེ་བས་སྒྲུབ་པ་པོ་ཟག་ལ་མི་འགྲོ་བར། དྲི་མ་ངོས་འཛིན་བསྲུང་སྡོམ་གྱི་གནད་ཟུངས་ཤིག །ཅེས་བསྟན་ཏོ། །གསུམ་པ་བྱ་བྲལ་འབྲས་བུའི་རྣལ་འབྱོར་ནི། རང་གི་སེམས་ཀྱི་ངོ་བོ་རང་བཞིན་གྱི་རྣམ་པར་དག་པ་དེ་ཉིད་ལམ་གྱི་རྩོལ་བ་དང་བླ་མའི་བྱིན་རླབས་ཀྱིས་མངོན་དུ་གྱུར་ནས་གློ་བུར་གྱི་དྲི་མ་རྣམ་པར་དག་པ་མཐར་ཐུག་པས་དབྱིངས་ཀྱི་ངང་དུ་རིག་པའི་ཡེ་ཤེས་གྲོལ་བ་ཆོས་ཀྱི་སྐུ་དང་། དེའི་སྟེང་ནས་རང་བཞིན་གསལ་བའི་རྩལ་ཕྱོགས་མེད་དུ་རྫོགས་ཤིང་རིག་པ་ལ་དབང་ཐོབ་པས་དག་པའི་སྐུ་མཚན་དཔེས་བརྒྱན་པ་གདུལ་བྱ་དག་པའི་ངོར་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེའི་སྟེང་ནས་སེམས་ཀྱི་མཚན་ཉིད་སྣང་སྟོང་དབྱེར་མེད་ཀྱི་ངང་ལས་ཐབས་མཁས་ཀྱི་མཛད་པ་གང་ལ་གང་འདུལ་དུ་སྣང་བ་ནི་སྤྲུལ་པའི་སྐུ་དང་། སྐུ་གསུམ་པོ་དེ་དག་ཀྱང་དབྱེར་མེད་དུ་གྱུར་པ་ནི་བདེ་བ་ཆེན་པོའི་སྐུ་སྟེ། དེ་ལྟར་


MLP014_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བཞི་བརྙེས་ནས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱ་འདུལ་བའི་ཕྲིན་ལས་ཕྱོགས་རིས་མེད་པར་ཁྱབ། འཁོར་བ་མ་སྟོངས་ཀྱི་བར་དེ་སྲིད་དུ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །ཐོབ་པའི་དུས་ནི་རབ་ཀྱིས་མཐོང་བའི་ཆོས་ཚེ་འདི་ཉིད་ལ། འབྲིང་གིས་འཆི་ཀར། ཐ་མས་བར་དོ་ལས་མི་འགྱངས་པར་འཐོབ་པར་འགྱུར་ཏེ། དེ་ཡང་ངོ་བོས་ཚར་ན་ཚེ་འདི་ཉིད་ལ། རྟགས་ཀྱིས་འཆི་ཁར། གྲངས་ཀྱིས་བར་དོར་ངེས་པར་འགྲུབ། ཡོན་ཏན་གྱིས་སྐྱེ་བ་བརྒྱུད་ནས་འབྱུང་བ་ཡིན་ཞེས་འབྱུང་ངོ་། །དེ་དག་གིས་དངོས་གཞི་ལམ་ལྔའི་དམར་ཁྲིད་ཀྱི་ཁྲིད་ཡིག་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་གྱིས་མཛད་པ་ལ་གཞི་བྱས་ཏེ་ཁ་འགེངས་དགོས་པ་རྣམས་ནག་འགྲོས་བཀླགས་ཆོག་མར་བཀོད་པ་ཚར་རོ། །གསུམ་པ་ཞར་བྱུང་ཐབས་ཀྱི་ཡན་ལག་གཞན་བཤད་པ་ལ་གསུམ་སྟེ། གེགས་བསལ་བ། བོགས་འདོན་པ། སྒྲུབ་པ་ཇི་ལྟར་བྱ་བའི་གནད་ཀྱི་སྒོ་བསྟན་པའོ། །དང་པོ་ལ། འབྱུང་བ་ཆ་མ་མཉམ་པའི་གེགས་སེལ། ཐབས་ཤེས་ཀྱི་འབྱམས་གཅོད། ལམ་སོ་སོའི་དྲི་མ་བསལ་ཚུལ་ལོ། །དང་པོ་ནི། སྒྲུབ་པ་པོ་མེ་ཤས་ཆེ་བས་ཉམས་རྒོད་ཅིང་ཚིག་པ་ཟ་ན། ཟླ་བ་ཚེས་པ་ལྟ་བུའི་སྤྱན་གྱིས་སེམས་གཞི་ཐོག་ལ་གློད་ལ། ༀ་ཨུ་ཨཱུ་པ་ཕ་བ་བྷ་མ་ཝ་ཧ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་བགྲངས་པས་རིག་པ་རང་གནས་སུ་ཆགས་པར་འགྱུར་རོ། །རླུང་ཤས་ཆེ་བས་རིག་པ་འཕྲོས་ནས་མི་གནས་ན་ཉ་ལྟ་བུའི་སྤྱན་གྱིས་རིག་པ་ཡུལ་ལ་གཏོད་ཅིང་། ༀ་ཨོ་ཨཽ་ཏ་ཐ་ད་དྷ་ན་ལ་ས་སྭཱ་ཧཱ། ཞེས་བཟླས་པས་རིག་པ་གནས་པར་འགྱུར་རོ། །ས་ཤས་ཆེ་བས་ལྕི་ཤིང་འཐིབས་ན། མཁལ་མ་ལྟ་བུའི་སྤྱན་གྱིས་རིག་པ་ངར་བསྐྱེད་ཅིང་སེངས་ཏེ་བར་སྣང་ལ་གཏད་ནས། ༀ་ཨི་ཨཱི་ཙ་ཚ་ཛ་ཛྷ་ཉ་ཡ་ཤ་སྭཱ་ཧཱ། ཞེས་བཟླས་པས་ཉམས་དང་རིག་པ་རྣོ་ངར་དང་ལྡན་པར་འགྱུར་རོ། །ཆུ་ཤས་ཆེ་བས་ཉམས་འདར་ཞིང་འཐིབས་ན་ཟླ་བ་ཉ་གང་བ་ལྟ་བུའི་སྤྱན་གྱིས་རིག་པ་དཔངས་བསྟོད་དེ། ༀ་ཨེ་ཨཻ་ཊ་ཋ་ཌ་ཌྷ་ཎ་ར་ཤ་སྭཱ་ཧཱ། ཞེས་བཟླས་པས་ཉམས་རིག་པ་རྣོ་ངར་དང་ལྡན་པར་འགྱུར་རོ། །གཉིས་པ་ནི། ཤེས་རབ་ཀྱི་རིག་པ་བརྟག་དཔྱད་ལ་འབྱམས་ན། རུས་སྦལ་གྱི་ལྟ་སྟངས་ཀྱིས་རིག་པ་གཞི་ཐོག་


MLP014_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གློད་ལ། ༀ་དང་སྭཱ་ཧཱའི་བར་དུ་གསལ་བྱེད་སོ་བཞི་བཅུག་ནས་བཟླས་པས་ཉམས་ཀྱི་རྩི་དང་ལྡན་པར་འགྱུར་རོ། །ཐབས་ཀྱི་རིག་པ་ཉམས་ལ་འབྱམས་ཤིང་ལྟེམས་ན་ལྟ་སྟངས་ཕྱོགས་མེད་དུ་བསྒྱུར་ཞིང་། རྀ་རཱྀ་ལྀ་ལཱྀ་བཞི་སྤངས་པའི་དབྱངས་བཅུ་གཉིས་ༀ་དང་སྭཱ་ཧཱའི་བར་དུ་བཅུག་ནས་བཟླས་པས་རིག་རྩལ་ཕྱོགས་མེད་དུ་འཆར་རོ། །ཐབས་ཡ་བྲལ་དུ་གྱུར་ན། ལྟ་སྟངས་འབག་གི་མིག་བཞིན་བསྐོར་ཏེ། ༀ་རྀ་རཱྀ་ལྀ་ལཱྀ་སྭཱ་ཧཱ། ཞེས་བཟླས་པས་ཟུང་འཇུག་གི་རྟོགས་པ་སྐྱེ་བར་འགྱུར་རོ། །གསུམ་པ་ནི། རང་སའི་བོ་ཟགས་ལྟེམ་ལོག་བཞི་ལ་རིམ་པར། ཨ་ཀ་ན་དྷཱི་མ་ཧཱ་ཀ་ན་དྷི་སྭཱ་ཧཱ། ཨ་ཀ་ན་ཏ་པ་ར་ནི་དྷི་སྭཱ་ཧཱ། ཨི་སུ་མ་བ་ར་ཏི་ན་ལ་སྭཱ་ཧཱ། ཨཱི་ན་ར་སི་པ་ཏ་ལ་སྭཱ་ཧཱ། ཞེས་དྲི་མ་གང་བྱུང་གི་སྔགས་ཁྲི་ཕྲག་རེ་བཟླས་པས་སེལ་ཞིང་། རྫས་ཀྱི་རྟེན་འབྲེལ་ནི། ཕྱི་བ་དང་གྲུམ་པའི་སྡེར་མོ། ཁྱི་གུའི་མིག་དང་འཁྲིག་མ་བཞི་དྲི་མ་གང་བྱུང་གི་རིམ་པ་ལྟར་ལུས་ལ་བཅངས་པས་སེལ་ལོ། །བློ་སྦྱོང་གི་དྲི་མ་བཞིའི་སྔགས་རྫས་ཀྱི་རྟེན་འབྲེལ་ནི། ཨུ་ཧུ་ཏ་མ་ཀུ་ལུ་ཛི་མ་སྭཱ་ཧཱ། ཨཱུ་མེ་སུ་ར་ཏྲི་པ་ཏི་ལེ་སྭཱ་ཧཱ། རྀ་པྲ་ཙ་རི་ཧ་རི་ལི་ཏ་སྭཱ་ཧཱ། རཱྀ་དོ་ཧ་བྷ་ཏོ་ལ་ཧྲཱི་ཧྲཱིཿསྭཱ་ཧཱ། ཞེས་བགྲང་ཞིང་། མུ་ཏིག །གསེར། གདུང་ཤ་རཱི་རམ། བླ་མའི་ཐུགས་དམ་སྙིང་པོ་རྣམས་བཅང་ངོ་། །དཀའ་ཐུབ་ཀྱི་དྲི་མ་བཞིའི་སྔགས་རྫས། ལྀ་ཤོ་བ་ར་གུ་དྷི་ཧྲི་ཏ་སྭཱ་ཧཱ། ལཱཾ་བྷ་ལ་བྷི་སུ་མ་ཧྲི་དྷ་བ་ར་སྭཱ་ཧཱ། ཨེ་ཀུན་དྷ་ལི་ཏ་ན་ས་རི་སྭཱ་ཧཱ། ཨཻ་བྷ་ར་བྷ་རི་ཧཱུྃ་ཛ་ལ་སྭཱ་ཧཱ། ཞེས་བཟླ་ཞིང་སྤྲེའུའི་སྲིན་ལག །དབྱིའི་སེན་མོ། བའི་ནུ་མ། བུད་མེད་ཀྱི་རྐང་སེན་རྣམས་ལུས་ལ་བཅང་ངོ་། །རྗེས་མཐོང་ལམ་གྱི་དྲི་མ་བཞིའི་སྔགས་རྫས། ༀ་ཧ་ཀུ་ཧ་ན་པ་ད་ས་སྭཱ་ཧཱ། ཨཽ་མ་ཧཱ་ཀུན་དྷི་ཧ་ཧེ་ལ་སྭཱ་ཧཱ། ཨཾ་མ་གྷུ་དྷེ་བི་ཤི་ལེ་རེ་སྭཱ་ཧཱ། ཨཿདེ་ལ་ར་མེ་ན་ཧ་ད་སྭཱ་ཧཱ། ཞེས་བཟླ་ཞིང་། ཕག་པ་དང་རའི་རྣ་བ། ཤ་བ་དང་། གཡག་རྒོད་ཀྱི་ར་རྩེ་ལུས་ལ་བཅང་ངོ་། །རོ་སྙོམས་ཀྱི་དྲི་མ་བཞིའི་སྔགས་རྫས། ཀ་ཨ་ན་ཙ་མ་དྷ་ལ་ན་སྭཱ་ཧཱ། ཁ་ཧི་སཾ་བུདྡྷི་བི་ཤ་ན་སྭཱ་ཧཱ། ག་དྷརྨ་ལུ་ཧཱུྃ་ཧྲི་པ་ར་སྭཱ་ཧཱ། གྷ་མ་ཧཱ་ཏེ་སེ་རི་ས་རི་སྭཱ་ཧཱ། ཞེས་བཟླ་ཞིང་། ཕག་སྣ། གླ་བའི་མཆེ་བ། རྨ་བྱའི་མདོངས། ཀཪྴ་པ་ཎ་རྣམས་ལུས་ལ་བཅང་ངོ་། །མཐར་ལམ་གྱི་དྲི་མ་བཞིའི་


MLP014_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྫས། ད་བི་མ་ཏི་པྲ་མ་ཧ་རི་ཏི་སྭཱ་ཧཱ། ཙ་ཏོ་མ་ཏི་ཀུ་རུ་དྷ་ནི་སྭཱ་ཧཱ། ཚ་ཏི་ལ་མ་ཏི་གྷ་ཤ་མ་སྭཱ་ཧཱ། ཛ་ཧ་ར་ཧ་ར་པྲ་ག་ཤི་སྭཱ་ཧཱ། ཞེས་བཟླ་ཞིང་། སྤྲེའུ། ཁྱིའུ། མགར་བ། རྐུན་མོ་བཞིའི་སྲིན་ལག་ལུས་ལ་བཅང་ངོ་། །ལམ་རེ་རེ་ལའང་སྔགས་རྫས་བཞི་བཞི་ལ་ཡོད་པ་བོ་ཟགས་ལྟེམ་ལོག་བཞི་ལས་གང་བྱུང་ལ་སེལ་ཐབས་གོ་རིམ་དུ་སྦྱར་བར་བྱའོ། །གཉིས་པ་བོགས་འདོན་ལ། བླ་མ་ལ་མོས་གུས་ཀྱིས་བསྐུལ་བ་དང་། མཁའ་འགྲོའི་གསང་ཚིག་སྒྱུ་རྩལ་གྱི་གནད་བཞིས་བོགས་འདོན་པའོ། །དང་པོ་ནི། སྙིང་པོ་དོན་གྱི་ལམ་འདིའི་ལུགས་ལ་བླ་མའི་མོས་གུས་ཁོ་ནས་བོགས་འདོན་ཞིང་ལམ་གྱི་ཡོན་ཏན་རྫོགས་པར་འདོད་དེ། བླ་མའི་ཐུགས་དམ་བསྐུལ་བ། ཤིན་ཏུ་བསྐུལ་བ། གནད་ནས་བསྐུལ་བའི་སྔགས་དམིགས་རྣམས་འཇུར་པོར་བྱེད་པ་ཁོ་ན་སྟེ། དེ་ལམ་ལྔ་ཀའི་ཐུགས་དམ་བསྐུལ་བ་ཁྲིད་ཡིག་གི་དཀྱུས་སུ་སོང་བས། འདིར་ཤིན་ཏུ་དང་གནད་ནས་བསྐུལ་བ་གཉིས་བྲི་བར་བྱའོ། །བསྐུལ་བ་གསུམ་པོ་སྔ་མ་སྔ་མ་ལ་ལམ་རྟགས་མ་རྫོགས་ན་ཕྱི་མ་ཕྱི་མ་ལ་སྦྱོར་བ་ཡིན་ནོ། །དེ་ལ་བློ་སྦྱོང་གི་ཤིན་ཏུ་བསྐུལ་བ་ནི། རང་གི་སྤྱི་བོར་འཁོར་ལོ་རྩིབས་བརྒྱད་དཀར་པོའི་དབུས་སུ་བླ་མའི་སྐུའི་རང་བཞིན་ༀ་དཀར་པོ་དང་། རྩིབས་བརྒྱད་ལ་སྐུ་བསྐུལ་བའི་སྔགས་ༀ་ཨཱཿཧྲཱིཿགུ་རུ་སིདྡྷི་ཧཱུྃ་ཞེས་པ་ཁ་དོག་དཀར་པོས་བསྐོར་བར་བསམ་ལ། ཐུན་དང་པོ་ལ་བླ་མའི་སྐུ་བསྐུལ་བའི་མོས་པས་སྤྱི་བོའི་སྔགས་ཕྲེང་ཀློག་པའི་ཚུལ་དུ་བཟླའོ། །དེ་བཞིན་ཐུན་ཕྱི་མ་གསུམ་ལ་རིམ་པ་ལྟར། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད། སྙིང་གར་དཔལ་བེའུ་རྩེ་བརྒྱད་པ་ཁ་དོག་ལྔ་ལྡན། ལྟེ་བར་རིན་པོ་ཆེ་ཟུར་བརྒྱད་སེར་པོ་རྣམས་ཀྱི་དབུས་སུ་རིམ་བཞིན་གསུང་གི་ས་བོན་ཨཱཿདམར། ཐུགས་ཧཱུྃ་མཐིང་། ཡོན་ཏན་ཕྲིན་ལས་ཀྱི་ས་བོན་ཧྲཱིཿལྗང་སེར་གསུམ་ལ་རང་མདོག་དང་མཚུངས་པའི་བློ་སྦྱོང་གི་སྔགས་འབྲུ་བརྒྱད་པས་བསྐོར་བར་བསམ་ནས། གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྐུལ་བའི་མོས་པས་ཐུན་གསུམ་པོ་རེ་རེ་ལ་མགྲིན་སྙིང་ལྟེ་བའི་སྔགས་ཕྲེང་ཀློག་པའི་ཚུལ་གྱིས་བཟླའོ། །གནད་ནས་བསྐུལ་བ་ནི། སྤྱི་བོའི་བླ་མའི་རྩ་འཁོར་བཞིའི་གནས་སུ་ཡང་བདག་ཁོ་ན་བཞིན་དུ་སྒོམ་


MLP014_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཐུན་དང་པོ་བླ་མའི་སྐུ་བསྐུལ་བའི་མོས་པས། རང་གི་སྤྱི་བོའི་ཡིག་འབྲུ་ཀློག་པའི་ཚུལ་དུ་བཟླས་པས་ཡིག་འབྲུ་རྣམས་ལས་འོད་ཟེར་དཀར་པོ་བཀྲག་མེད་མི་གསལ་བའི་རྣམ་པར་རང་གི་སྣ་བུག་ནས་ཐོན། བླ་མའི་ཤངས་བུག་ནས་ཞུགས་ནས་སྤྱི་བོའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་སྐུ་བསྐུལ་ནས། སྐུའི་བྱིན་རླབས་ཡིག་འབྲུ་རྣམས་ལས་འོད་ཟེར་ཤིན་ཏུ་གསལ་ཞིང་བཀྲག་དང་ལྡན་པ་བླ་མའི་ཤངས་བུག་ནས་ཐོན་པ་རང་གི་སྣ་བུག་ཏུ་ཞུགས་ནས་སྤྱི་བོའི་ཡིག་འབྲུ་ལ་ཐིམ་པས་བུམ་དབང་ཐོབ། ལུས་སྒྲིབ་སྦྱངས། སྐུའི་དངོས་གྲུབ་ཐོབ་ནས་རང་ལུས་རྡོ་རྗེའི་སྐུར་གྱུར་པར་བསམ། དེ་བཞིན་དུ་ཐུན་གཉིས་པ་ལ་གསུང་གནད་ནས་བསྐུལ་བ་སོགས་རིགས་འགྲེ་ཤེས་པར་བྱའོ། །དཀའ་ཐུབ་ཀྱིས་ཤིན་ཏུ་བསྐུལ་བ་ནི། རང་དང་བླ་མའི་གནས་བཞིའི་རྩ་འཁོར་ལ་བླ་མའི་རྡོ་རྗེ་བཞིའི་རང་བཞིན་རྣམ་སྣང་སོགས་རིགས་བཞི་ཡབ་ཡུམ་གྱི་རྣམ་པར་བཞུགས་པའི་ཡབ་ཀྱི་ཐུགས་ཀར་རིམ་བཞིན་འཁོར་ལོ་རྩིབས་བརྒྱད། པད་འདབ་བཅུ། དཔལ་བེའུ་རྩེ་བརྒྱད། རིན་ཆེན་ཟུར་བརྒྱད་རྣམས་ཀྱི་ལྟེ་བར་ས་བོན། མགྲིན་པར་མ། གཞན་གསུམ་གྱི་ས་བོན་གྱི་གཡས་གཡོན་དུ་གུ་རུ་དང་། ལྷག་མ་ༀ་ཨཱཿཧྲཱིཿསིདྡྷི་ཕ་ལ་ཧཱུྃ་རྣམས་རྩིབས་སོགས་ལ་བཀོད། མགྲིན་པར་གུ་རུའང་དཀྱུས་ལྟར་བཀོད་ནས། ཐུན་བཞི་ལ་རིམ་བཞིན་གནས་བཞིའི་ཡིག་འབྲུ་རྣམས་རང་དང་བླ་མའི་སྔགས་ཕྲེང་ལ་རེ་མོས་ཀྱིས་ཀློག་པའི་ཚུལ་དུ་བཟླས་པས་བསྐུལ་ལོ། །གནད་ནས་བསྐུལ་བ་ནི། རང་གི་ཡིག་འབྲུ་ཀློག་པའི་ཚུལ་དུ་བཟླས་པའི་འོད་ཟེར་གྱིས་སྤྱི་བོའི་བླ་མ་བསྐུལ་ཏེ་དེ་ལས་སྐུའི་བྱིན་རླབས་བསྡུས་པས་དབང་ཐོབ་པ་སོགས་བློ་སྦྱོང་ལྟར་སྦྱར་བར་བྱ་སྟེ། གནས་བཞིར་རིགས་བཞིའི་ལྷ་བསྒོམ་པའི་ཁྱད་པར་ཙམ་མོ། །རྗེས་ཀྱི་ཤིན་ཏུ་བསྐུལ་བ་ནི་རང་དང་བླ་མའི་གནས་བཞིར་བླ་མ་རིགས་བཞིའི་རྣམ་པར་བཞུགས་པའི་ཐུགས་ཀར་འཁོར་ལོ་སོགས་ལ་ཡིག་འབྲུ་བཀོད་པ་དཀའ་ཐུབ་དང་འདྲ་བ་ལས། ཁྱད་པར་དེ་ལ་སྐྱེ་མེད་སོགས་ཀྱི་རྒྱས་འདེབས། དེ་ནས་ཐུན་བཞིར་རེས་ཀློག་གི་ཚུལ་ཡང་འདྲའོ། །གནད་ནས་བསྐུལ་བ་དང་། དེ་ལས་འོད་ཟེར་སྤྲོ་བསྡུས་ཐུན་བཞིར་དབང་ཐོབ་པ་སོགས་སྔར་དང་


MLP014_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའོ། །རོ་སྙོམས་ཀྱི་ཤིན་ཏུ་བསྐུལ་བ་ནི། རང་དང་བླ་མའི་གནས་བཞིར་བླ་མ་རིགས་བཞིའི་ངོ་བོར་བཞུགས་པའི་ཐུགས་ཀར་འཁོར་ལོ་སོགས་ལ་ཡིག་འབྲུ་རྣམས་དཀའ་ཐུབ་ལྟར་ལས། འདིར་གོ་རིམ་ངེས་མེད་དུ་གསལ་འདེབས་ཤིང་། ཐུན་བཞིའང་ངེས་མེད་དུ་ཀློག་པའི་ཚུལ་དུ་བསྐུལ་ལོ། །གནད་ནས་བསྐུལ་བའང་། དེ་ལས་འོད་ཟེར་སྤྲོ་བསྡུས་བསྐུལ་ཞིང་བྱིན་རླབས་བསྡུ་བའང་གཞན་འདྲ་བ་ལས་འདིར་གོ་རིམ་ངེས་མེད་དུ་བྱེད་པ་ཙམ་ཁྱད་པར་རོ། །བྱ་བྲལ་གྱི་ཤིན་ཏུ་བསྐུལ་བ་ནི། རང་དང་བླ་མའི་གནས་བཞིར་མཁའ་འགྲོ་མ་བཞི་བཞུགས་པའི་ཐུགས་ཀར་འཁོར་ལོ་སོགས་ལ་ཡིག་འབྲུ་སྔར་ལྟར་བསྒོམ་ལ། ཐུན་བཞིར་རེས་ཀློག་གིས་ཚུལ་གྱིས་བསྐུལ་ལོ། །གནད་ནས་བསྐུལ་བ་ནི་སྔར་ལྟར་འོད་ཟེར་སྤྲོ་བསྡུས་ཐུན་བཞིར་གནད་ནས་བསྐུལ་བའོ། །དེ་ལྟར་ཐུགས་དམ་བསྐུལ་བ་ཁོ་ནས་ལམ་རྟགས་རྫོགས་ན་དེས་ཆོག་མོད། མ་རྫོགས་ན་བསྐུལ་བ་ཕྱི་མ་གཉིས་རྟགས་དང་སྦྱར་ཏེ་བཟླས་པས་རྟགས་དང་ཡོན་ཏན་མི་རྫོགས་མི་སྲིད་དོ་ཞེས་གསུང་ངོ་། །ཐུགས་དམ་བསྐུལ་བ་གསུམ་ཡོང་བའི་རྒྱུ་མཚན་ཡང་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ལ་ཞུགས་ནས། མྱུར་དུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་ཐོག་མར་བླ་མ་བསྟེན་པར་བྱ། མཉེས་པར་བྱ། བསྙེན་བཀུར་བར་བྱའོ། །ཞེས་གསུངས་པའི་དོན་དུ་བཞེད་དོ། །གལ་ཏེ་བསྐུལ་བ་གསུམ་ལ་འབད་ཀྱང་དེས་འགའ་ཞིག་ལམ་རྟགས་མི་རྫོགས་པ་སྲིད་ན། དམ་པའི་ཞལ་ནས། ཚོགས་བསགས་པ་ལ་སྒོམ་གཏད་མེད་དུ་སྐྱེ། ཞེས་གསུངས་པས་ཐུགས་དམ་བསྐུལ་བའི་གནད་བླ་མ་མཆོད་པ་གང་འགྲུབ་ཕུལ། དེས་མཉེས་ནས་བྱིན་རླབས་ཀྱིས་རྟོགས་པ་འཆར། ཤིན་ཏུ་བསྐུལ་བའི་གནད་འབུལ་རྒྱུའི་རྫས་བླ་མ་ལ་མཁོ་མཉེས་འདྲའམ་རང་ལ་མཁོ་བ་དེ་ཕུལ་བའི་སྟོབས་ཀྱིས་རྟོགས་པ་འཆར། གནད་ནས་བསྐུལ་བའི་ཐབས་རང་ལ་མཁོ་སྤྱད་ཅི་འདྲའང་བླ་མ་གང་མཉེས་ཀྱི་རྫས་ལྟོས་པ་མེད་པར་ཕུལ་བས་དེའི་སྟོབས་ཀྱིས་རྟོགས་པ་སྐྱེ་བ་ཡིན་ནོ། །གཉིས་པ་སྒྱུ་རྩལ་གྱི་གནད་བཞི་བོགས་འདོན་པ་ལ་བཞི་ལས། དང་པོ་ངག་ཏུ་ཅི་སྨྲས་


MLP014_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཀྱི་བཟླས་བརྗོད་དུ་འགྲོ་བའི་གནད་ནི། འཁོར་ལོ་འགྲིབ་མཚམས་ཞེས་དགོང་ཞོགས་ལག་རིས་མཐོང་མི་མཐོང་གི་མཚམས་ཏེ། དེ་ཡང་སྔ་དྲོ་དང་པོ་བྱ་རོག་གི་སྐད་མ་བསྒྲགས་ཤིང་སྨྲ་བ་གཞན་མ་ལབ་པའི་གོང་དུ། ༀ་གྱིས་མགོ་དྲངས་པའི་ཨཱ་ལི་བཅུ་དྲུག་ཚར་གསུམ་འདོན། དགོང་བྱིའུའི་སྐད་ཆག་ནས་ཉལ་དུས་སྭཱ་ཧཱས་མཐའ་བརྟེན་པའི་ཀཱ་ལི་སོ་བཞི་ཚར་གསུམ་འདོན། དེས་ཉིན་ཞག་ཕྲུག་ག །ཅིག་ལ་ངག་ཅི་སྨྲས་སྔགས་སུ་གྱུར་ནས་ཅི་བསྒྲུབ་ཀྱང་ནུས་པ་ཐོགས་མེད་དུ་འབྱུང་ངོ་། །གཉིས་པ་ལུས་ཐ་མལ་དུ་བསྡད་པས་རྒྱུད་ལ་ཚོགས་གཉིས་རྫོགས་སུ་འགྲོ་བའི་གནད་ནི། མཚན་མོ་གཉིད་ལོག་དུས་གཞོགས་གཡས་ཕབ་ལ། ཀཱ་ལི་ཚར་གསུམ་བརྗོད་པས་འགྱུ་བྱེད་ཀྱི་རྟོག་པ་ཐམས་ཅད་སེམས་ཉིད་སྟོང་པའི་རང་རྩལ་དང་། སེམས་སྐྱེ་མེད་ནམ་མཁའ་ལྟ་བུར་རྒྱས་བཏབ་ནས་ཉལ་ལོ། །ནངས་པར་གཉིད་སད་པའི་ཚེ་ཨཱ་ལི་ཚར་གསུམ་བརྗོད་པས་ཕྱི་ཡུལ་སྣང་ཐམས་ཅད་རང་སེམས་ཀྱི་འཆར་སྒོར་མ་འགགས་པར་སྣང་བ་སྒྱུ་མ་ལྟ་བུར་རྒྱས་བཏབ་བོ། །དེས་ནི་ལུས་ངག་ཐ་མལ་དུ་བསྡད་ཀྱང་ཚོགས་གཉིས་མ་བཙལ་བར་ངང་གིས་རྫོགས་པར་འགྱུར་རོ། །གསུམ་པ་ཉོན་མོངས་པ་ཅན་གྱི་ཡིད་ལ་ཏིང་ངེ་འཛིན་གྱི་རྩལ་རང་རྫོགས་སུ་འགྲོ་བའི་གནད་ནི། ཉོན་མོངས་པ་སེམས་ཀྱི་རང་རྩལ་ཡིན་པས་སྤངས་ཀྱང་མི་སྤང་སྟེ། ཐབས་ཁྱད་པར་ཅན་གྱིས་ལམ་དུ་བྱེད་པའོ། །དེ་ཡང་རྣལ་འབྱོར་པ་ལ་འདོད་ཆགས་ཀྱི་རྟོག་པ་ཤར་ན། འདོད་ཆགས་རང་གི་ངོ་བོ་ལ་ཅེར་གྱིས་བལྟས་པས་རྩ་བྲལ་དུ་སོང་། དེའི་ངང་དུ་ༀ་པ་ཕ་བ་བྷ་མ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཱཿསྭཱ་ཧཱ། ཞེས་བརྒྱའམ་ཉེར་གཅིག་བཟླས་པས་ཉོན་མོངས་པ་དེ་ཉིད་རང་བཞིན་སྟོང་པའི་དབྱིངས་སུ་ཐིམ་པས་འདོད་ཆགས་སོར་རྟོག་ཡེ་ཤེས་སུ་འཆར་རོ། །དེ་བཞིན་དུ་སྦྱར་ཏེ་ཞེ་སྡང་སྐྱེས་ན་སྔར་ལྟར་ངོས་བཟུང་སྟེ། ཊ་སྡེ་དང་དབྱངས་བཅུ་གཉིས་བཟླས་པས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འཆར་རོ། །ཕྲག་དོག་སྐྱེས་ན་ངོས་བཟུང་ལ་ཙ་སྡེ་དང་དབྱངས་བཅུ་གཉིས་བཟླས་པས་བྱ་གྲུབ་ཡེ་ཤེས་སུ་འཆར་རོ། །ང་རྒྱལ་གྱིས་ཁེངས་ན་ངོས་བཟུང་ནས། ཀ་སྡེ་དང་དབྱངས་བཅུ་གཉིས་བརྗོད་པས་མཉམ་ཉིད་ཡེ་ཤེས་


MLP014_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཆར་རོ། །གཏི་མུག་གིས་རྨོངས་ན་ངོས་བཟུང་ལ་ཏ་སྡེ་དང་དབྱངས་བཅུ་གཉིས་བཟླས་པས་ཆོས་དབྱིངས་ཡེ་ཤེས་སུ་འཆར་རོ། །དེ་ཡང་ལམ་གྱི་ཆ་རྐྱེན་ཡུལ་གྱི་བྱེད་པས་ཡུལ་གང་དང་གང་ལ་ཉོན་མོངས་པ་སྐྱེས་པ་དེ་ཀ་ལ་དཔང་པོ་བཅོལ་ནས་ཉམས་སུ་ལེན་པ་སྟེ། ཉོན་མོངས་པ་གང་སྐྱེས་ལ་ཆེར་གྱིས་བལྟས་པས་ཁོ་རང་རང་ཚུགས་མ་ཐུབ་པར་རྩ་བྲལ་དུ་གྲོལ། དེའི་ངང་བསྐྱང་ཞིང་བརྟན་བྱེད་དུ་སྔགས་སོ་སོ་བཟླ་བ་ཡིན་ནོ། །བརྡ་རྒྱུད་ཀྱི་འགྲེལ་པ་དང་ཁྲིད་ཡིག་རྙིང་པར་དེ་ཙམ་ལས་མི་འབྱུང་མོད། འོན་ཀྱང་ལུས་གནད་ལྟ་སྟངས་བསྒྱུར་ལུགས་བླ་མས་མཛད་པ་མཐོང་བ་ལ། ལུས་གནད་སྤྱིར་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་དང་ལུས་དྲང་པོར་བསྲང་ནས། བྱེ་བྲག་ཏུ་ཞེ་སྡང་ལ་ལག་གཉིས་སོར་བསྣོལ་བརྐྱང་བས་པུས་མོ་གཡོན་ལ་འཁྱུད་ཅིང་ལྟ་སྟངས་གཡས་སུ་གཅུན། འདོད་ཆགས་ལ་དེ་ལས་ལྡོག་སྟེ་ལག་གཉིས་པུས་མོ་གཡས་ལ་འཁྱུད་ཅིང་ལྟ་སྟངས་གཡོན་དུ་གཅུན། གཏི་མུག་ལ་ལག་གཉིས་མཐེ་བོས་སྲིན་ལག་བསྡམས་པའི་མཉམ་བཞག་དང་ལྟ་སྟངས་སྣ་རྩེར་ཕབ། ཕྲག་དོག་ལ་ལག་གཉིས་གྲུ་མོ་ཅུང་ཟད་བརྒྱངས་པའི་ཐལ་མོ་ཕྱེད་བསྣོལ་པང་དུ་བཞག་ཅིང་ལྟ་སྟངས་མདུན་དུ་ཐད་ཀར་གཅུན། ང་རྒྱལ་ལ་ལག་གཉིས་ས་གནོན་དང་མིག་གྱེན་དུ་གཅུན་པར་མཛད་དོ། །བཞི་པ་སྟེང་འོག་གི་སྒོ་ལ་མ་བརྟེན་པར་རྩ་རླུང་ལས་སུ་རུང་བའི་གནད་ནི། དགེ་སྦྱོར་གང་བྱེད་ཀྱང་ཐུན་མགོར་རང་གི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་ཀྱི་དབུས་སུ་བླ་མའི་སྐུའི་ས་བོན་ༀ་དང་འདབ་མ་ལ་གསལ་བྱེད་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་གསུང་གི་ས་བོན་ཨཱཿདང་རྩ་འདབ་ལ་དབྱངས་ཡིག་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་དབུས་སུ་ཐུགས་ཀྱི་ས་བོན་ཧཱུྃ་དང་འདབ་མར་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་སུ་ཧྲཱིཿདང་འདབ་མ་ལ་གསལ་བྱེད་སུམ་ཅུ་སོ་གཉིས་ཚར་གཉིས་གཡས་སྐོར་གཡོན་སྐོར་དུ་གསལ་བཏབ། དེ་ཡང་རྩ་དཔའ་མོ་ལ་ཡིག་འབྲུ་དཔའ་བོའི་ཚུལ་ལོ། །དེ་ལྟར་ཐུན་མགོར་ཡི་གེ་རྣམས་ལན་རེ་བརྗོད་ཅིང་ཡས་རིམ་གྱིས་གསལ་བཏབ་ནས་ཐུན་


MLP014_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག །ཐུན་ཐོན་པ་དང་ཡིག་འབྲུ་རྣམས་ལན་གསུམ་གསུམ་བརྗོད་པས། ཡི་གེ་རྣམས་ཐིག་ལེ་བྱང་ཆུབ་ཀྱི་སེམས་སུ་རིམ་པར་ཞུ་ནས་དྷུ་ཏིའི་ནང་དུ་ཞུགས་ཏེ་ཐིམ་པས་ཆོས་ཐམས་ཅད་ཁམས་དྭངས་མ་བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲོས་བྲལ་ནམ་མཁའ་ལྟ་བུར་རྗེན་སངས་ཀྱིས་སོང་བར་བསམ་ལ་མ་བཅོས་པའི་ངང་ལ་བཞག་གོ །དེ་ཡང་ཐབས་ཡིག་འབྲུ། རྩ་ཤེས་རབ། ཡིག་འབྲུ་དྷཱུ་ཏིར་འབབ་པས་ཁམས་ཀྱི་དྭངས་མ་ཞུ་ནས་བདེ་བ་ཆེན་པོར་འབར་བ་ཟུང་འཇུག །དེས་ཕྱི་ནང་གི་དཔའ་བོ་མཁའ་འགྲོ་མ་རྣམས་མཉེས་ནས་རྩ་རླུང་ལས་སུ་རུང་བར་འགྱུར་བས་རང་གཞན་གྱི་དོན་ཀུན་འགྲུབ་པར་གསུངས་སོ། །གསུམ་པ་སྒྲུབ་པ་ཇི་ལྟར་བྱ་བའི་གནད་ཀྱི་སྒོ་བསྟན་པ་ནི། བརྡ་རྒྱུད་ལས། གཅིག་ལ་གཅིག་དང་གཅིག་གསུམ་གཅིག་ལ་གཅིག །ཅེས་གསུངས་པའི་གཅིག་ལ་གཅིག་ནི་བློ་སྦྱོང་གི་དུས་ཏེ། རང་གིས་ཆིག་རྐྱ་མ་ཐུབ་བར་དུ་བླ་མའི་དྲུང་དུ་འདུག་ནས་རྟག་ཏུ་ངུས་ཆོས་འཕགས་བསྟེན་པ་ལྟར། ལུས་ལོངས་སྤྱོད་ཀྱིས་བླ་མ་ཅི་མཉེས་སྒྲུབ་ཅིང་བློ་སྦྱོང་གི་བསྙེན་པ་བྱེད་པའོ། །གཅིག་གསུམ་ནི། དཀའ་ཐུབ་རྗེས་རོ་སྙོམས་གསུམ་མོ། །དེ་ཡང་བློ་སྦྱོང་མཐར་ཕྱིན་པ་དེས་བློ་སྦྱོང་གི་དབང་ནོས་ནས། ནམ་ཟླ་དྲོད་ཕེབས་པའི་དུས་སུ་རྩ་རླུང་གནད་དུ་ཕེབས་པས། དེ་དུས་བླ་མས་གནས་དབེན་པར་ཁྲིད་དེ། ཚོགས་ཀྱི་འཁོར་ལོས་མཁའ་འགྲོ་མཉེས་པར་བྱས་ནས། སློབ་བུའི་ལུས་པོ་རང་གི་ཆུས་བཀྲུས་ཏེ། ཏིལ་མར་དང་འབྲུ་མར་གྱིས་བཀུ་མཉེ་བྱས་ལ་རྩ་རླུང་གཉེན་ལྡབས་ཀྱིས་གཏང་། དེ་ནས་གནས་ཡངས་པར་བླ་མས་ལྟ་སྟངས་བཅོ་ལྔ་བསླབ་ཅིང་དྲོད་ཚད་བལྟ། རྩ་བ་ཟིན་ཅིང་ལྟ་སྟངས་འབྱོངས་ནས་བླ་མ་ལ་གཏང་རག་ཕུལ་ཏེ་དཀའ་ཐུབ་ལ་ཞུགས་པས་ཆོག་གསུངས། དེ་ལ་ཐོག་མར་གང་དུ་སྒྲུབ་པའི་གནས་དབེན་པར། ཡར་ངོའི་གཟའ་སྐར་དགེ་བ་ལ་རྟེན་འབྲེལ་ཁང་པའི་ནང་གི་ཞིང་ལ་འདོམ་གང་དང་དཀྱུས་ལ་འདོམ་ཕྱེད་ཡོད་པ་བརྩིགས་ལ་རྩིག་པའི་གསེབ་ཏུ་རིན་པོ་ཆེ་འབྲུ་སྨན་དར་སྣ་སོགས་བཀྲ་ཤིས་པའི་རྫས་ཅི་འབྱོར་གཞུག །ཤར་ཕྱོགས་ལ་སྒོ་བསྟན། ཕྱོགས་གཞན་གསུམ་ལའང་ནང་དུ་སྒོའི་དབྱིབས་སམ་རི་མོ་ལྟ་བུ་དང་ཕྱིར་དཀར་


MLP014_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་ཆུང་ངུ་རེ་བཏོན། ནང་ཞལ་གྱི་འཇིམས་པ་ལ་སྨན་སྣ་ཚོགས་བསྲེ་བའམ་ཆག་ཆག་འདེབས་ཤིང་ཐོག་ལེགས་པར་ཕུབ། དེའི་ནང་སྟེང་དུ་རྒྱལ་བ་ཡུམ་གྱི་བླ་རེ་ཕུབ། འོག་ཏུ་སའི་ལྷ་མོའི་དཀྱིལ་འཁོར་བྲི། སྒོ་བཞི་ལ་ཨེ་ཝཾ་མ་ཡ། གྲུ་ཆད་བཞི་ལ་མ་མ་ཁ་ལ་ཝོ། ལོག་ལ་བུ་མོ་གཙང་མའི་སོ་སེན་ལ་བྲིས་པའི་ཨཀྵཿརྣམས་དགྲམ། འཕང་ལོ་ཕྱོགས་བཞིར་གདགས། སྒོ་རྒྱབ་བཞིར་རྒྱ་མདུད་ཀྱི་རི་མོ་ཡང་བྱ། དེ་ལ་རབ་གནས་ནི། སྔར་རང་གི་ཁང་འཇུག་ཐོབ་པའི་བླ་མ་བཞུགས་ན་སྤྱན་དྲངས་ལ་རབ་གནས་ཞུ། མ་བཞུགས་པའམ་ས་ཐག་རིང་བས་སྤྱན་མ་འདྲོངས་ན། སྔར་ཁང་འཇུག་བྱས་པའི་མེ་ཏོག་ཡོད་ན་གཏོར་བས་ཁྱབ། མེད་ན་དགེ་སློང་བཞི་ལ་བཤོས་དྲངས་ནས་རབ་གནས་ཞུ་བའམ། ཡང་ན་རང་གི་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་ནས། འབྲུ་ལ་རྟེན་འབྲེལ་སྙིང་པོ་བཟླས་པ་གཏོར་ཞིང་། མཇུག་ཏུ་རབ་ཏུ་གནས་པར་གྱུར་ཅིག །བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་པས་རབ་གནས་སུ་འགྲོ་བ་ཡིན་ནོ། །དེ་ལྟར་ཁང་པ་དངོས་གྲུབ་ན་ལེགས། མ་གྲུབ་ནའང་ཁང་འཇུག་གི་དབང་ཐོབ་ཕྱིན་ཁང་པ་རུང་མཐུན་ལ་དེ་ཡིན་པར་མོས་ནས་སྔར་ལྟར་མེ་ཏོག་གཏོར་ནས་རབ་གནས་བྱས་པས་ཆོག་གསུངས། དེར་ཞུགས་ནས་སྒྲུབ་པ་བྱེད་པ་ལ། ལམ་ལྔ་སྟན་གཅིག་ཏུ་བྱེད་ན་དེར་ཟད། དེ་མིན་དཀའ་ཐུབ་རྗེས་རོ་སྙོམས་གསུམ་བྱ་སྟེ། དེ་ལ་ཐོག་མར་ཆ་རྐྱེན་གསུམ་བསགས་པ་ནི། འཚོ་བའི་རྐྱེན་ཁམས་དང་མཐུན་པའི་སྨན་དང་ཁ་ཟས་ལྡབ་ཐང་དུ་བསོགགྲོགས་ཀྱི་རྐྱེན་གཡོག་ཡིད་དུ་འོང་བ་བསྟེན། རྟེན་འབྲེལ་རྫས་ཀྱི་ཆ་རྐྱེན་དཀའ་ཐུབ་ཀྱི་གྲོགས་སུ་འགྲོ་བ་བསྟེན་ནོ། །རྒྱུ་གསུམ་སྤངས་ཏེ། རྫས་ཀྱི་རྟེན་འབྲེལ་ཉམས་པའི་རྒྱུ་རང་གི་ཟས་གོས་མི་ལ་མི་སྦྱིན་ཞིང་མིའི་ཟས་གོས་རང་མི་བསྟེན། ལུས་ཀྱི་རྟེན་འབྲེལ་ཉམས་པའི་རྒྱུ་སྐྲ་སེན་མི་འབྲེག །གཞན་ལ་བྱིན་རླབས་མི་བྱ། མཆིལ་སྣབས་མི་འདོར། ཁྲུས་མི་བྱ། གོས་སྟན་མི་སྤྲུག་གོ །ངག་གི་རྟེན་འབྲེལ་ཉམས་པའི་རྒྱུ་ཆོས་མི་འཆད། སྔགས་མི་རྒྱགས། ཉམས་རྟོགས་མི་སྨྲ། རྟགས་མཚན་མི་བཤད་དོ། །བྱིན་རླབས་གསུམ་བྱ་སྟེ། ལུས་ཐ་མལ་གྱི་རྟོག་པ་སྤངས་ཏེ་ལྷར་བརླབ། ངག་སྨྲ་བ་བཅད་ལ་སྔགས་བགྲང་། སེམས་ལྟ་


MLP014_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་ཀྱིས་གཅུན་ནས་རྟོག་པ་སྔ་ཕྱིའི་རྒྱུན་མི་མཐུད་དོ། །སྦྱོར་བ་གསུམ་མངོན་དུ་གཏོང་བ་ནི། གནས་ཀྱི་སྦྱོར་བ་ཕྱགས་བརྡར་དང་མཎྜལ་རྐྱང་ནུལ་བྱ། རྟེན་གྱི་སྦྱོར་བ་བླ་མ་དཀོན་མཆོག་གི་རྟེན་དགྲམ། གཏོར་མ་གཏའ་གཏོར་ཆེ་བ་ཞིག་གཏའ་མར་བཟུང་ལ་ཆོས་སྐྱོང་ལ་ཁས་བླང་། རྒྱུན་གཏོར་ཅི་འབྱོར་གཏོང་ལ་གཏོར་མ་ཕྱིར་མི་དབྱེ་བར་སྣོད་དུ་བསགས། འཇུག་དུས་གདོན་བགེགས་ལ་བརྔན་བྱིན་ལ་བཀའ་བསྒོ་ཞིང་བསྐྲད། གཞི་བདག་ལ་གཏོར་མ་བསྔོས་ལ་གནས་པོ་བཅོལ་ནས་རོགས་དན་ཞུ། བརྡའ་རྒྱུད་ལས། ཚང་སྤོས་རྨ་བྱའི་ཕྲུ་གུ་སྨིན་མི་བྱེད། ཅེས་པས་རོ་སྙོམས་མ་ཐེམས་ཀྱི་བར་སྒྲུབ་གནས་མི་སྤོ། སྒྲུབ་པའི་དམ་བཅའ་ཡུན་ཐུང་ངུ་བླངས་ཏེ་བར་མ་ཆད་པར་ཡུན་བསྲིངས་ནས་སྒྲུབ་པས་བར་གཅོད་མི་འབྱུང་ཞིང་དངོས་གྲུབ་ཐོབ་པའི་དགོས་པ་ཡོད། སྔར་གྱི་བསྲུང་བྱ་ཕལ་ཆེར་དཀའ་ཐུབ་བར་པ་རང་རྒྱལ་གྱི་དུས་འདིར་བསྲུང་ཞིང་ཁྱད་པར་སྦྱོར་ལམ་གྱི་དུས་སུ་ཤིན་ཏུ་དམ་པར་བསྲུང་དགོས་སོ། །གང་ལྟར་ཡང་། ཚེ་འདི་ལྟོས་ཀྱི་འདོད་པའི་བདག་འཛིན་གྱི་བློའི་ཞེན་འཁྲིས་རྦད་བཅད་ནས་རྟེན་སྡོམ་པ་གསུམ་དང་ལྡན་ཞིང་། རྣལ་འབྱོར་གྱི་རང་ས་དྲུག་མ་ཉམས་པའི་སྒོ་ནས་སྒྲུབ་པ་བོ་ཟགས་ལྟེམ་ལོག་གི་དྲི་མས་མ་གོས་པར་སྒྲུབ་ཅིང་། གོས་ན་རང་རང་གི་བསལ་ཐབས་སོགས་ལམ་གྱི་གེགས་སེལ་བོགས་འདོན་རྣམས་སྔར་བཤད་པ་ལྟར་བཀའ་བབས་སུ་སྦྱར་ནས་ལམ་གྱི་ཚར་ཚད་མཐར་མ་ཕྱིན་གྱི་བར་དུ་ས་སྡེ་བཙུགས་ལ་བསྒྲུབ་པར་བྱའོ། །དེ་ནས་གཅིག་ལ་གཅིག་ནི་དཔའ་ཆེན་གྱི་དུས་བདག་གཏོད་ཀྱི་སྒྲུབ་པ་མཐར་ཕྱིན་ནས་གཞན་དོན་ལ་འཇུག་པའོ། །ཡང་རྟེན་འབྲེལ་མི་འཆར་ཞིང་སྒྲུབ་པ་བོ་ཟགས་སུ་སོང་བ་དང་། དྲི་མས་ཐེམས་པ་ལ་སོགས་པའི་དུས་སུ་རང་ཁྲུས་བྱས་ནས་རྟེན་འབྲེལ་ཁང་པར་ཞུགས་ལ། དཀོན་མཆོག་ལ་མཆོད་པ་ཕུལ། བླ་མ་ལ་གསོལ་བ་གདབ། དེ་ནས་ཐུན་ལ་ཞུགས་ནས་ལམ་ལྔ་ལམ་གསུམ་གང་བྱེད་ཀྱང་། ལམ་ལྔ་གསོ་བའི་སྔགས་དང་རྟེན་འབྲེལ་འཆར་བྱེད་ཀྱི་སྔགས་ཅི་རིགས་པ་དང་། སྐབས་སྐབས་སུ་རྟེན་འབྲེལ་སྙིང་པོ་དང་། མུ་ནེའི་སྙིང་པོ་ཡང་བཟླ་ཞིང་། དེའི་དུས་སུ་སྟོན་པའི་སྐུའམ་མུ་ནེའི་སྔགས་རྩིག་ལྡེབས་ལ་འབྲི་


MLP014_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཤད་ལ། ཁང་པའི་ནང་དུ་མི་གཞན་མི་གཏོང་ངོ་། །ཞི་བྱེད་ཀྱི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ལས་བཀའ་བབས་ཕྱི་མ་ལམ་ལྔའི་ཁྲིད་ཡིག་འཕྲོས་དོན་དང་བཅས་པ་བཤད་པའི་ལེ་ཚན་ནོ། །ཞེས་ཞི་བྱེད་བཀའ་བབས་གསུམ་གྱི་ཁྲིད་རྒྱུན་གང་བཞུགས་ཕྱོགས་གཅིག་ཏུ་བསྡེབས་ནས་བཀླགས་ཆོག་ཏུ་བཀོད་པའི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་འདི་ཡང་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཉིས་བྲིས་སྤངས་ཏེ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་ཟིན་ཐུན་དུ་སྤེལ་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་བླ་ན་མེད་པའི་རྒྱུར་གྱུར་ཅིག །དར་རྒྱས་འཕེལ།། །།

ཕྱག་ཆེན་གའུ་མའི་ཁྲིད་སྙིང་པོར་དྲིལ་ནས་ཉམས་སུ་ལེན་ཚུལ། །ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་གའུ་མའི་ཁྲིད་སྙིང་པོར་དྲིལ་ནས་ཉམས་སུ་ལེན་ཚུལ། ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་གའུ་མའི་ཁྲིད་སྙིང་པོར་དྲིལ་ནས་ཉམས་སུ་ལེན་ཚུལ། །ༀ་སྭ་སྟི། ཕྱག་ཆེན་གའུ་མའི་ཁྲིད་སྙིང་པོར་དྲིལ་ནས་ཉམས་སུ་ལེན་ཚུལ་ལ། སྔོན་འགྲོ་རང་བབས་རྣམ་གསུམ། དངོས་གཞི་སྐྱོན་བཞི་རང་གྲོལ། རྗེས་སྐུ་གསུམ་རང་ཤར་རོ། །དང་པོ་ལ། རྒྱུད་སྦྱོང་བ་དང་། བཞག་ཐབས་དངོས་གཉིས། དང་པོ་ནི། རྙེད་དཀའི་དལ་འབྱོར་ལ་མི་རྟག་པའི་དྲན་ཤེས་དང་། འཁོར་བའི་སྡུག་བསྔལ་བཟོད་གླགས་མེད་པར་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས། གནས་ཁང་དག་པའི་ཞིང་དུ་མོས་ཏེ། མདུན་མཁར་སེང་ཁྲི་པད་ཉི་ཟླ་བའི་གདན་ལ། བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་སུ་མོས་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན། ཅི་མཛད་བླ་མ་རིན་པོ་ཆེ་མཁྱེན་སྙམ་པས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ཞེས་ཅི་ནུས་བརྗོད་དེ། བླ་མ་རང་ལ་བསྟིམས་ནས་གཏད་མེད་ཀྱི་ངང་ལ་བཞག །དེ་མཐར་སེམས་ཅན་ཐམས་ཅད་དྲིན་ཅན་གྱི་མར་ཤེས་པའི་སྒོ་ནས། དེ་རྣམས་སྡུག་བསྔལ་གྱིས་ཉམ་ཐག་པ་ལ་ཚུགས་ཐབས་མེད་པའི་སྙིང་རྗེས་ཡིད་དྲངས་ཏེ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །ཞེས་བརྗོད་ཅིང་དོན་བསམ། ཆོས་དྲུག་སྔོན་དུ་སོང་ན་འདི་མི་དགོས་གསུངས། དེ་ནས་དག་བྱེད་ཨའི་སྟོང་ར་ནི། རང་གི་སྤྱི་བོར་གདན་བཞི་བརྩེགས་ཀྱི་སྟེང་དུ། བླ་མ་རྡོ་རྗེ་འཆང་གི་རྣམ་པར་བསྒོམས་ལ། མོས་གུས་དྲག་པོས། བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་


MLP014_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས། བླ་མ་རང་གི་སྤྱི་བོ་ནས་ཐིམ་པས་ཀླད་པ་གཏི་མུག་གི་རང་བཞིན་སྦྱངས། ཐོད་པ་འཇའ་འོད་ཀྱི་གུར་ཁྱིམ་ལྟར་སྒྲིབ་ཐོགས་དང་བྲལ་བའི་ནང་དུ་འོད་ཀྱི་ཆོས་འབྱུང་དཀར་པོ་ཁོང་སྟོང་གི་ནང་དུ། བླ་མ་དང་རང་སེམས་དབྱེར་མེད་ཨ་ཡིག་དཀར་པོ་རང་སྣང་བ་ལ་སལ་ལེ་མཉམ་པར་བཞག་ཅིང་། ཨ་ཡིག་ཉེར་གཅིག་ཙམ་ཤུབ་བུར་བཟླས་པས། ཨ་ལས་བདུད་རྩིའི་རྒྱུན་དྭངས་གསལ་ཅན་ལུས་ཀྱི་ཕྱི་ནང་ཀུན་ཏུ་བབས་པས། སྡིག་སྒྲིབ་ནད་གདོན་ཐམས་ཅད་རྣག་ཁྲག་དང་། སྲོག་ཆགས་ཕྲ་མོ། དུད་ཁུའི་རྣམ་པར་ནག་བུན་བུན་ཕྱི་ན་མར་ཐོན། རང་ལུས་ཁོང་སྟོང་ཤེལ་སྒོང་ཕྱིས་པ་ལྟར་བསམས་ལ། སྦྱང་བྱའི་ངོ་བོ་ལ་ཅེ་རེ་བལྟས་ཏེ་གཏད་མེད་དུ་རྗེན་ནེ་བཞག་གོ ། གཉིས་པ་བཞག་ཐབས་དངོས་ལ། ཐོག་མར་སྤྱི་བོར་གདན་བཞི་བརྩེགས་ལ་བླ་མ་རྡོ་རྗེ་འཆང་གི་རྣམ་པར་བསྒོམ་ལ། བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱིས། བླ་མ་རིན་པོ་ཆེ་བདག་འཛིན་བློ་ཡིས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ། ཅེས་གསོལ་བ་ཅི་མང་བཏབ་པས་ཐེབས་པའི་མཚན་མ་ཅི་རིགས་བྱུང་བ་དང་། ལུས་གནད་ལག་བཉིས་ཁུ་ཚུར་པུས་མོ་ལ་བཀབ་ས་གནོན་དང་བཅས་པའི་རྣམ་སྣང་གི་ཆོས་བདུན་དྲང་པོའི་ངང་ནས་ཉྭ་བཞི་དང་རྩ་བཞི་ལ་གྲིམས་ཆ་མི་འདོན་པར་ལྷོད་ཀྱིས་གློད་ལ་བཞག་པ་ནི་ལུས་རང་བབས། མཆུ་སོ་ལ་འཕར་ཅུང་ཟད་བཞག་ལ་མཆུ་འབྱེད་འཛུམ་མེད་པར་རླུང་འགྲོ་འོང་སོ་མར་འཇོག་པ་ནི་ངག་རང་བབས། མིག་གླང་པོ་ཆེ་ཆང་གིས་བཟི་བ་ལྟར་ཧད་དེ་གང་ལའང་ཆེད་འཛིན་མེད་པའི་ངང་ནས། ཡིད་དུས་གསུམ་གྱི་སྤྲོ་བསྡུ་དང་བསྒོམ་འདོད་ཀྱི་བློ་དང་ཕྲལ་ཏེ་བཟོ་མེད་དུ་ཆད་དེ་གློད་ནས་འཇོག་པ་ནི་སེམས་རང་བབས་སོ། །དེ་ལྟར་དམིགས་པའི་རྩ་བ་རང་བབས་གསུམ་ལ་བསྒྲིལ་ནས་གང་ལའང་ཆེད་འཛིན་མེད་པར་གཏད་མེད་དུ་ཆད་དེ་མཉམ་པར་འཇོག །


MLP014_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་ཡན་ལག་ལ། སྤོགས་ཆོག་དང་། བོགས་འདོན་གཉིས་ལས། དང་པོ་ལའང་། རྟེན་བཅས་དང་། རྟེན་མེད་ལ་བསླབ་པ་གཉིས། དང་པོ་རྟེན་བཅས་ལ། ཐོག་མར་མཉམ་བཞག་དང་མཐུན་པ་བཞི། བར་དུ་བྱིང་རྒོད་ཀྱི་སྐྱོན་སེལ་བ་གསུམ། ཐ་མ་རྗེས་ཐོབ་དང་འབྲེལ་བ་བཞིའོ། །དང་པོ་བཞི་ནི། རང་བབས་ཀྱི་ངང་ནས། བུམ་པ་ལྟ་བུ་དངོས་པོ་རགས་པ་གཅིག་ལ་ལྟ་སྟངས་ཅེ་རེ་གཏད། གང་སྣང་གི་སྟེང་དུ་སེམས་ཀྱི་སྤུ་རིས་མི་འབྱེད་པར་ཤེས་པ་བཟོ་མེད་དུ་བཞག་པས་བུམ་སྣང་མ་འགགས་ལ་དེར་འཛིན་གྱི་བློའི་དྲི་མ་མེད་པར་འཆར་བས་དེའི་ངང་བསྐྱང་ངོ་། །དེ་བཞིན་དུ་ཤིང་བུ་རྡེའུ་ལྟ་བུ་དངོས་པོ་ཕྲ་བ་ལ་བསླབ་པ་དང་། སྤྱིལ་བུའི་དཀར་གསལ་ལྟ་བུ་ཐག་ཉེ་བ་དང་། རི་རྩེ་ལྟ་བུའི་ཐག་རིང་བའི་ཕྲ་རགས་གང་རུང་ལ་བསླབ་པ་སྟེ་བཞིའོ། །བར་དུ་བྱིང་རྒོད་ཀྱི་སྐྱོན་སེལ་བ་གསུམ་ནི། ཤེས་པ་བྱིང་ཞིང་འཐིབས་ན་ལྟ་སྟངས་གྱེན་ལ་གཏོད། རིག་པ་གཡེར་བཏོན་ནས་འཇོགཤེས་པ་འཕྲོ་ཞིང་རྒོད་ན། ལྟ་སྟངས་སྨད་དེ། ཞེ་གློད་ནས་འཇོག །བྱིང་རྒོད་རེ་མོས་སུ་བྱུང་ན་ལྟ་སྟངས་ཐད་ཀར་གཏོད། དངོས་པོ་གང་རུང་གི་སྟེང་དུ་ཤེས་པ་གྲིམས་ལྷོད་རེས་འཇོག་ཏུ་བསླབ་པ་དང་གསུམ་མོ། །ཐ་མ་རྗེས་ཐོབ་དང་འབྲེལ་བ་བཞི་ནི། ཤེར་སྙིང་ལྟ་བུ་མདོ་བྱང་བ་འདོན་ཅིང་རང་བབས་གསུམ་དང་བསྲེ། དེ་བཞིན་དུ་མ་ཎི་ལྟ་བུ་སྔགས་བགྲང་བདེ་བ་བཟླ་ཞིང་བསྲེ་བ་དང་། རང་གིས་གཏམ་གལ་ཆུང་བ་སྨྲ་བའམ། གཞན་ངེས་མེད་སྨྲ་བའི་གསེབ་ཏུ་བསྡད་ལ་གཏམ་དང་བསྲེ། སྤྱོད་ལམ་རྣམ་བཞིས་ས་བདེ་བར་བསྐོར་བ་སོགས་འཆག་པ་དང་། བཤང་གཅི་འདོར་སྐབས་ངོ་ཚ་དང་ཡ་ང་མེད་པར་བསྲེ་བ་དང་། ཉལ་བ་དང་བཟའ་བཏུང་ལ་སྤྱོད་པ་སོགས་སྤྱོད་ལམ་ཐམས་ཅད་རང་བབས་གསུམ་དང་བསྲེས་ཏེ་བསྐྱང་བའོ། །གཉིས་པ་རྟེན་མེད་ལ་བསླབ་པ་ནི། རང་བབས་རྣམ་གསུམ་གྱི་ངང་ནས་སྨིན་མཚམས་ཀྱི་བར་སྣང་སྟོང་པའི་དཀྱིལ་ལ་ལྟ་སྟངས་ཧད་དེ་བཞག་ལ། ཡུལ་ཕ་ག་ན་ཡོད་པར་མི་དཔྱད། རང་ཚུ་ག་ན་ཡོད་པར་མི་བསམ། ངོས་གང་དུའང་མི་བཟུང་། མ་བཅོས་བཟོ་མེད་དུ་གློད་ནས་ཤེས་པ་གསལ་ལ་རྟོག་མེད་ཀྱི་ངང་ལ་ཆད་དེ་བསྐྱང་ངོ་། །མདོར་ན་ཚོགས་དྲུག་


MLP014_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡུལ་གང་ལའང་གཏད་མེད་ངོས་བཟུང་མེད་པར་གསལ་རིག་ཏུ་འཆར་ན། ངའི་སྔོན་འགྲོ་རང་ཤར་ནས་འདུག་སྙམ་དུ་ངོས་བཟུང་ལ། འཛིན་མེད་དུ་ཁྲོལ་ལེ་བཞག་གོ །གཉིས་པ་བོགས་འདོན་ལ། མོས་གུས། སྙིང་རྗེ། ཐབས་ལམ་ལ་བརྟེན་པ་དང་གསུམ་ལས། མོས་གུས་ནི། བླ་མ་ལ་གསོལ་བ་བཏབ་ལ། མོས་གུས་དུང་དུངས་པའི་རིག་པའི་འཆར་སྒོ་མ་འགགས་ལ། གཤིས་འཛིན་མེད་དུ་ཆད་དེ་བསྐྱང་བའོ། །སྙིང་རྗེ་ནི། རང་ངོ་མ་ཤེས་པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད་དེ། རང་གདངས་མ་འགགས་པའི་གཤིས་འཛིན་མེད་དུ་ཆད་དེ་སྐྱུར་ལ་འཇོག་གོ །ཐབས་ལམ་ལ་གསུམ་ལས། ལྷ་སྐུ་གསལ་སྟོང་དུ་བསྒོམ་པ་ལ་འཇམ་རླུང་དང་བསྲེ་བ། ཐ་མལ་གྱི་ཤེས་པ་རང་བབས་ཕྱག་རྒྱ་ཆེན་པོའི་ངང་ནས་རླུང་ཅུང་ཟད་འཛིན་པ་ཐ་མལ་གྱི་ཤེས་པ་རླུང་དང་བསྲེ་བ། ཟུང་འཇུག་གི་ལྷ་སྐུ་འཇམ་རླུང་དང་བསྲེ་བ་སྟེ་སྒོམ་པ་གསུམ་མོ། །དམིགས་པ་དེ་རྣམས་གནད་དུ་གང་འགྲོ་ལས། འགྲིགས་ཆགས་སུ་དགོས་པའི་ངེས་པ་མེད་དོ། །མདོར་ན་སྔོན་འགྲོའི་ཚད་ནི། མ་བཅོས་པར་ཐ་མལ་གྱི་ཤེས་པ་རང་ཤར། དེ་བརྟན་པའི་ཚད་ལུས་ངག་གི་བྱ་བས་མི་འཕྲོག་པའོ། །གཉིས་པ་དངོས་གཞི་སྐྱོན་བཞི་རང་གྲོལ་ནི། རང་བབས་རྣམ་གསུམ་གྱི་ངང་ནས་བཟོ་མེད་དུ་གློད། འཛིན་མེད་དུ་བཤིག་སྟེ་བཞག་པས། རང་སེམས་གཟུང་འཛིན་རྟོག་པའི་སྒྲིབ་གཡོགས་དང་བྲལ་བ། སྟོན་ཁའི་བར་སྣང་སྤྲིན་བྲལ་ལྟར་སྣང་རིག་ངོས་བཟུང་མེད་པར་རྗེན་ལྷང་གིས་འཆར་བ་ནི་ཐ་མལ་གྱི་ཤེས་པ་ཡིད་བྱེད་དང་བྲལ་བ་སྟེ། གཉུག་སེམས་གསལ་སྟོང་འཛིན་མེད་རང་ངོ་ཤེས་པས་ཉེ་དྲགས་པས་མ་མཐོང་བའི་སྐྱོན་ལས་གྲོལ། རང་སེམས་འོད་གསལ་ཆོས་སྐུར་ཐག་ཆོད་པས་སླ་དྲགས་པས་ཡིད་མ་ཆེས་པའི་སྐྱོན་ལས་གྲོལ། ཐ་མལ་གྱི་ཤེས་པ་ཡིད་བྱེད་དང་བྲལ་བ་དེ་མ་ཡེངས་པའི་དྲན་པས་བཟུང་བས་ཐབས་དྲགས་པས་ངོས་མ་ཟིན་པའི་སྐྱོན་ལས་གྲོལ། ཐ་མལ་གྱི་ཤེས་པ་ཡུལ་མེད་རང་གསལ་དེ་ཆོས་སྐུར་ངེས་ཤེས་སྐྱེས་པས་བཟང་དྲགས་པས་བློར་མ་ཤོང་བའི་སྐྱོན་ལས་གྲོལ་བ་ཡིན་ནོ། །གསུམ་པ་རྗེས་སྐུ་གསུམ་རང་ཤར་ནི། གསལ་ལ་འཛིན་པ་དང་བྲལ་བའི་རྟོག་མེད་དེ་


MLP014_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ། དེ་ཉིད་བདེ་བའི་རང་གདངས་སུ་ཤར་བ་དེ་ལོངས་སྐུ། སྣ་ཚོགས་སུ་གསལ་བ་དེ་སྤྲུལ་སྐུ། དེ་གསུམ་རང་བཞིན་དབྱེར་མི་ཕྱེད་པས་མཐར་ཐུག་བདེ་བ་ཆེན་པོའི་སྐུའོ། །མདོར་ན་ཡིད་བྱེད་དང་བྲལ་བའི་ཐ་མལ་གྱི་ཤེས་པ་རང་ཤར་དེ་ཀ་དུས་གསུམ་སངས་རྒྱས་ཀྱི་དགོངས་པ། རང་སེམས་སྐྱེ་མེད་ཆོས་ཀྱི་སྐུར་ངོས་བཟུང་བ་ལ། མཐར་ཐུག་གི་སྐྱེལ་ས་འདི་ལས་མེད་པར་ཐག་བཅད་ཅིང་ངེས་ཤེས་བསྐྱེད་དེ་ཡེངས་མེད་དུ་བསྐྱང་བར་བྱ་བ་ཡིན་ནོ། །ཕྱག་ཆེན་གའུ་མའི་དམིགས་རྐང་ཟིན་ཐུན་བརྗེད་བྱང་དུ་སྤེལ་བ་ཤུ་བྷ་མསྟུ། དྷརྨ་ཤྲཱིས་སོ།། །།

སྦྱོར་བ་ཡན་ལག་དྲུག་གི་ཟིན་བྲིས་བརྗེད་བྱང་དུ་བཀོད་པ། ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པའི་གསུང་གི་བདུད་རྩི་ཟབ་མོ་སྦྱོར་བ་ཡན་ལག་དྲུག་གི་ཟིན་བྲིས་བརྗེད་བྱང་དུ་བཀོད་པ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པའི་གསུང་གི་བདུད་རྩི་ཟབ་མོ་སྦྱོར་བ་ཡན་ལག་དྲུག་གི་ཟིན་བྲིས་བརྗེད་བྱང་དུ་བཀོད་པ་བཞུགས་སོ། །བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །འདིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་མྱུར་ལམ་རྫོགས་རིམ་མཐར་ཐུག་ཡིད་ཆེས་གསུམ་ལྡན་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཉམས་སུ་བླང་བའི་རིམ་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི། སྔོན་འགྲོ་ལའང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ཀྱི། ཐུན་མོང་བ་ནི། རྙེད་དཀའི་དལ་འབྱོར་ཐོབ་ཀྱང་མི་རྟག་པའི་དྲན་ཤེས་དང་། ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་ཤིང་། འཁོར་བའི་སྡུག་བསྔལ་བཟོད་གླགས་མེད་པར་བསམ་པའི་སྐྱོ་ཤས་དྲག་པོས་བློ་སྦྱངས་ཏེ་དམིགས་ཐུན་ལྔ་ལས། དང་པོ། སྐྱབས་འགྲོ་ནི། གནས་ཁང་དག་པའི་ཞིང་དུ་མོས་པའི་དབུས་སུ། དཔག་བསམ་གྱི་ཤིང་གི་རྩེ་མོར་སེང་ཁྲི་པད་ཉི་ཟླ་བའི་གདན་ལ། རྩ་བའི་བླ་རྡོ་རྗེ་འཆང་གི་རྣམ་པ་ལ་བརྒྱུད་པའི་བླ་མ་དང་། ཡི་དམ་ལྷ་ཚོགས་རྣམས་ཀྱིས་བསྐོར་བ། ཤིང་གི་རྩ་བར་མཁའ་འགྲོ་ཆོས་སྐྱོང་། བླ་མའི་ཕྱོགས་བཞིའི་མཁའ་ལ་སེང་ཁྲི་པད་ཉི་ཟླ་བའི་གདན་རེ་རེར། མདུན་ཕྱོགས་སུ་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། རྒྱབ་ཏུ་དམ་པའི་ཆོས་པུསྟི་གླེགས་བམ། གཡས་སུ་འཇམ་དཔལ་སོགས་ས་ཆེན་པོ་ལ་བཞུགས་པའི་བྱང་སེམས། གཡོན་དུ་ཤཱ་རིའི་བུ་སོགས་ཉན་རང་འཕགས་པ་རྣམས་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན། ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པའི་རེ་ལྟོས་བཅའ་བའི་བློ་ལིང་སྐྱུར་གྱི་སྒོ་ནས། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་


MLP014_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་དྲུག་སྐོར་མ་ཅི་རིགས་བྱ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། གཉིས་པ་སེམས་བསྐྱེད་ནི། འགྲོ་དྲུག་དྲིན་ཅན་གྱི་མར་ཤེས་པའི་སྒོ་ནས་ཚུགས་ཐབས་མེད་པའི་སྙིང་རྗེ་དྲག་པོས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་མྱུར་དུ་འགོད་པར་བྱ། དེའི་ཆེད་དུ་བདག་གིས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱིའོ། །ཞེས་པ་གསུམ་གྱིས་སེམས་བསྐྱེད། དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཞེས་སོགས་ཚད་མེད་བཞི་བརྗོད་ཅིང་དོན་བསམ་པ་སྤྱི་དང་འདྲ། གསུམ་པ་རྡོར་སེམས་བསྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླར་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཐིམ་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་པའི་ཡུམ་ལ་འཁྱུད་ཅིང་རྡོ་རྗེའི་སྐྱིལ་ཀྲུང་། ཡུམ་སྙེ་མ་དཀར་མོ་གྲི་ཐོད་འཛིན་པ་པད་སྐྱིལ་ཅན་གྱིས་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་བཞིར། ༀ་ཨཱཿཧཱུྃ་ཧོཿཐུགས་ཁའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས་ཏེ། ཛ་ཧཱུྃ་བྃ་ཧོཿསྟིམ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་བྱང་བར་མཛད་དུ་གསོལ་སྙམ་པའི་སྒོ་ནས། ༀ་ཤྲི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ནས་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་


MLP014_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཧཱུྃ་ཕཊ། ཅེས་པའི་ཧེ་རུ་ཀའི་ཡིག་བརྒྱ་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་མི་ཤེས་སོགས་ཀྱིས་གསོལ་བ་བཏབ་མཐར། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་སྟེ་རང་ལ་སྟིམ། བཞི་པ་མཎྜལ་ནི། མདུན་གྱི་ནམ་མཁར་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་ལ། ཕྱག་དང་སྐྱབས་འགྲོ་སྔོན་དུ་འགྲོ་བས། གང་གིས་དྲིན་གྱི་བདེ་ཆེན་སོགས་ཀྱི་ཕྱག་དང་། དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད། མཆོད་པའི་མཎྜལ་ལ་དྲི་དང་བ་བྱུང་གིས་ཆག་ཆག་བཏབ་པར། ཚོམ་བུ་དགུ་བཀོད་ནས་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་ལྷ་མིའི་མཆོད་རྫས་བཟང་ཞིང་རྒྱ་ཆེ་བས་ཕྱུར་བུར་བཀང་སྟེ་ཕུལ་བར་བསམ་ལ། ༀ་བཛྲ་བྷུ་མི་ཨཱ་ཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། བྱང་སྒྲ་མི་སྙན། ནུབ་བ་གླང་སྤྱོད། སྒྲ་ཅན། ཉི་མ། ཟླ་བ། དུས་མེ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ས་གཞི་སྤོས་ཆུས་སོགས་དང་། བདག་གཞན་ལུས་ངག་ཡིད་གསུམ་སོགས་ཀྱིས་ཚིགས་བཅད་དང་བཅས་པས་ཅི་ནུས་སུ་ཕུལ་ཏེ། མཆོད་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་སྟིམ། ལྔ་པ་བླ་མའི་རྣལ་འབྱོར་ནི། གནས་ཁང་དག་པའི་ཞིང་དུ་མོས་པའི་མདུན་གྱི་ནམ་མཁར། སེང་ཁྲི་པདྨ་ཉི་ཟླའི་གདན་ལ། བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་སུ་གསལ་བའི་མཐར་བརྒྱུད་པའི་བླ་མ། ཡི་དམ། སངས་རྒྱས། བྱང་སེམས། ཉན་རང་། ཆོས་སྐྱོང་རྣམས་བསྒོམ་པའམ་བསྡུ་ན་རྩ་བའི་བླ་མ་ག །ཅིག་པོ་ལ་རེ་ལྟོས་བཅས་ཏེ། བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པའི་མོས་གུས་ཀྱིས་རྒྱུན་བཤགས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་


MLP014_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས་སོ། །སྐུ་བཞིའི་བདག་ཉིད་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །སྐྱབས་མཆོག་མཚུངས་མེད་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །འདྲེན་མཆོག་མཚུངས་མེད་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཐར་པའི་ལམ་སྟོན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དངོས་གྲུབ་འབྱུང་གནས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་རིག་མུན་སེལ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། བདག་རྩེ་གཅིག་སྒྲུབ་པ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། སྒྲུབ་པ་ལ་བར་ཆད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། སྒྲུབ་པ་སྙིང་པོ་ཉམས་སུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། སྒྲུབ་པ་རབ་ཀྱི་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཅི་མང་དུ་བཏབ་པའི་མཐར་བླ་མའི་གནས་བཞིར། ༀ་ཨཱཿཧཱུྃ་ཧོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་བཞིའི་ངོ་བོར་བཞུགས་པ་ལས། འོད་ཟེར་དཀར་དམར་མཐིང་སེར་བཞི་འཕྲོས། རང་གི་གནས་བཞིར་རིམ་པར་ཐིམ་པས། ལུས་ངག་ཡིད་ཀྱི་སྒྲིབ་པ་དང་། ཆགས་ཐོགས་ཀྱི་བག་ཆགས་དག །དབང་བཞི་ཐོབ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། མཐར་འཁོར་རྣམས་རྩ་བའི་བླ་མར་བསྡུས། བླ་མ་རང་གི་སྤྱི་བོར་བྱོན་པ་འོད་དུ་ཞུ་སྟེ་རང་ལ་ཐིམ་པས། བླ་མ་དང་རང་སེམས་དབྱེར་མེད་ཀྱི་ངང་ལ་ཅུང་ཟད་མཉམ་པར་འཇོག ། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། རྫོགས་རིམ་གྱི་རྟེན་བསྐྱེད་རིམ་དང་། རྫོགས་རིམ་གྱིི་ཉེར་བསྡོགས་ཁྱད་པར་ཅན་གཉིས་ལས། དང་པོ་ནི། སྐྱབས་སེམས་སྔོན་


MLP014_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས། ༀ་ཤུ་ནྱ་ཏའི་སྔགས་ཀྱིས་སྦྱངས་ཏེ། སྟོང་པའི་ངང་ལས་འབྱུང་བཞིའི་རི་རབ་པད་ཟླ་ཉི་སྒྲ་བརྩེགས་པའི་གདན་ལ། བདག་ཉིད་དུས་འཁོར་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་དམར་པོ་བརྐྱང་བས་འདོད་ལྷ་དམར་པོ་དང་། གཡོན་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོའི་སྙིང་ཁ་མནན་པ། རལ་པའི་ཐོར་ཚུགས་དང་། ཡིད་བཞིན་གྱི་ནོར་བུ་དང་། ཟླ་ཕྱེད་ཀྱིས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་དང་། སྟག་གཤམ། ཕྱག་སོར་རྣམས་ཁ་དོག་ལྔ་དང་། སོར་ཚིགས་རྣམས་ཁ་དོག་གསུམ་པ། རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང་། ཁྲོ་ཆགས་འདྲེས་པའི་ཉམས་ཅན། མེ་རི་ཁ་དོག་ལྔའི་དབུས་ན་བཞུགས་པ། དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་འཛིན་ཞིང་། ཞབས་གཡས་སྐུམ། གཡོན་བརྐྱང་བས་ཡབ་ལ་འཁྱུད་པ། གཅེར་བུ་སྐྲ་ཕྱེད་གྲོལ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གཉིས་ཀའི་དཔལ་མགྲིན་སྙིང་གསང་གཙུག་ཏོར་རྣམས་སུ། ༀ་ཨཱཿཧཱུྃ་སྭཱ་ཧཱཿམཚན་པ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷར་སྦྱངས། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ལྷ་སྐུ་གསལ་སྟོང་དེ་ལ་ཅི་ནུས་སུ་མཉམ་པར་བཞག །བཟླས་པ་བྱ་བར་འདོད་ན། ༀ་ཧཾ་སྭཱ་ཧཱ། ཞེས་ཅི་རིགས་བཟླས་མཐར། ལྷ་སྐུ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས་ཏེ་དགེ་བ་བསྔོ། གཉིས་པ་རྫོགས་རིམ་གྱི་ཉེར་བསྡོགས་ཁྱད་པར་ཅན་ནི། ཐོག་མར་རྫོགས་རིམ་གྱི་ཡེ་ཤེས་མ་སྐྱེས་པ་སྐྱེས་པའི་དོན་དུ། མཆོག་དབང་གོང་མ་སྔར་མ་ཐོབ་ན་སྐབས་འདིར་བསྐུར་བར་བྱ་ཞིང་། འགྲེལ་ཆེན་ལས། སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཞེས་སོགས་གསུངས་པ་ལྟར། བསྒོམ་བྱའི་རྣམ་དག་ལེགས་པའི་ལམ་དེ། གང་ལས་གསལ་བར་གསུངས་པའི་རྒྱུད་ལ་ཡིད་ཆེས་པ་དང་། དེའི་དོན་རང་གིས་ལེགས་པར་མཁྱེན་ཅིང་གཞན་ལ་སྟོན་པར་མཛད་པས་བླ་མ་ལ་ཡིད་ཆེས་པ་དང་། དེས་ཇི་ལྟར་བསྟན་པ་བཞིན་དུ་སྒོམ་པས་ཉམས་མྱོང་ཁྱད་པར་ཅན་རང་རྒྱུད་ལ་སྐྱེ་


MLP014_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བས་བདག་ཉིད་ལ་ཡིད་ཆེས་པ་སྟེ། དེ་ལྟར་ཡིད་ཆེས་གསུམ་ཚང་བའི་སློབ་མས། ལུས་ངག་སེམས་ནི་དབེན་པ་ལས། །མི་རྟོག་ཏིང་འཛིན་སྐྱེ་བར་ངེས། །མི་རྟོག་ཏིང་འཛིན་སྐྱེས་པ་ཡིས། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པས། ལུས་དང་། ངག་དང་། ཡིད་དང་། འཕྲོ་བའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་སྟེ། ལྟོས་མེད་བཞི་ལྡན་ནམ། ལུས་བྱ་བྱེད། ངག་སྨྲ་བརྗོད། ཡིད་རྣམ་རྟོག་གིས་དབེན་པ་སྟེ། དབེན་པ་གསུམ་བསྟེན་པར་བྱ་དགོས་པས། དེའི་གནས་ནི། སྤྱིར་དགྲ་ཀུན་གྱི་འཚེ་བ་དང་། ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ། མཚན་མོ་སྒྲའི་གླང་རྩེར་མེད་ཅིང་། ས་ཆུ་ལུས་ལ་འཕྲོད་པ། ཁྱད་པར་མུན་ཁང་དངོས་སམ། རྗེས་མཐུན་གྱི་མུན་པ་ཤིན་ཏུ་ནག་པ་ཞིག་ཏུ། བསམ་གཏན་གྱི་འབོལ་ཆུང་བཏིང་བའི་ཁར། ལུས་ཀྱི་གནད་རྐང་པ་རྡོ་རྗེ་དཀྱིལ་ཀྲུང་། ལག་པ་ཁུ་ཚུར་ཁ་སྤུབ་པ་བརླའི་རྩ་བར་མནན་ལ། ལག་ངར་བསྲངས་པ་རྩིབས་ལོགས་སུ་སྦྱར་ཞིང་། རྒལ་ཚིགས་དང་ལྟག་པ་བསྲངས། རོ་སྟོད་བཀྱེད། ལྐོག་མས་ཨོལ་མདུད་ནོན་ཙམ་གྱི་མགྲིན་པ་ཅུང་ཟད་གུག །སོ་མཆུ་རང་སར་བཞགལྕེ་རྩེ་རྐན་ལ་སྦྱར། མིག་ཧ་ཅང་མ་ཕྱེ་ཧ་ཅང་མ་བཙུམ་པའི་ངང་ནས། སྣ་རྩེ་ནས་སོར་བཅུ་དྲུག་ནམ་མཁའ་ལ་ལྟ་བའི་ཚུལ་གྱི་གྱེན་དུ་སྒྲིལ་ལ་གཡོ་མེད་དུ་བཞག །ངག་གི་གནད་རླུང་རོ་ལན་གསུམ་སྣ་སྒོ་ནས་བསལ་ལ། དབུགས་རང་བབས་སུ་བཞག །སེམས་ཀྱི་གནད་དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་ཏེ། ལྟ་སྟངས་གང་དུ་གཏད་པའི་ནམ་མཁའ་ནག་ཐིང་ངེ་བ་དེ་ལ་མི་འཕྲོ་བའི་རྟེན་ཙམ་བྱས་ཏེ། ཧ་ཅང་མ་སྒྲིམ། ཧ་ཅང་མ་གློད་པར་བཟོ་མེད་དུ་ཤིགས་སེ་མཉམ་པར་བཞག །དེ་ལྟར་བསྒོམས་པས་ཉམས་མཐོ་དམན་གང་བྱུང་ཡང་དེ་ཀ་བྱུང་རྒྱལ་ལྷུག་པར་བསྐྱང་བར་བྱ་སྟེ། གང་ལ་ཡང་སྐྱོན་དུ་མི་ལྟ་ཞིང་། །ཅི་ཡང་མ་ཡིན་ཉམས་སུ་བླངས། །དྲོད་རྟགས་ལ་སོགས་འདོད་མི་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དངོས་གཞི་ལ། ཡན་ལག་དྲུག་སྟེ། སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་གྱི་ཡན་ལག་གོ །དང་པོ་ནི། དབང་ལྔ་ཡུལ་ལྔ་ལ་འཇུག་


MLP014_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་སོ་སོར་སྡུད་པར་བྱེད་པ་སོར་སྡུད་ཀྱི་ཡན་ལག །མཚན་མོ་གསེང་མེད་ནམ་མཁའི་རྣལ་འབྱོར་དང་། ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་རོ། །དང་པོ་མཚན་མོའི་རྣལ་འབྱོར་ནི། ཤ་བ་རི་པའི་གཞུང་ལས། མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷུ་ཏིར་རླུང་ཅུང་ཆུད་གྱུར་པས། །ཕྱི་ནང་རྟོག་འགག་རྟགས་བཅུ་འབྱུང་། །སོ་སོར་:བཅོད་༼སྡུད་༽པའི་ཡན་ལག་ཡིན། །ཞེས་གསུངས་པ་ལྟར། ལུས་ངག་སེམས་ཀྱི་གནས་དབེན་གསུམ་གྱི་སྐབས་སུ་བསྟན་པ་བཞིན་དུ། མི་གཡོ་བ་གསུམ་ལྡན་ལ་གནས་པའི་མིག་ཡིད་རླུང་གསུམ་གཙུག་ཏོར་ཐད་ཀྱི་ནམ་མཁའི་མུན་པ་དང་དབྱེར་མེད་དུ་བསྲེས་ནས་ཅི་ཡང་ཡིད་ལ་མི་བྱེད་པར་སེམས་མ་བཅོས་གཉུག་མའི་ངང་དུ་འཇོག་པ་ནི། བསམ་མེད་ཀྱི་རྣལ་འབྱོར་ཞེས་བྱ་སྟེ། དཔེར་ན་ལྷ་ཁང་ནང་གི་ལྡེར་བཟོ་ལྟ་བུའོ། །དེས་སེམས་བྱིང་བའི་སྐྱོན་བྱུང་ན། ལྟ་སྟངས་ཀྱི་ལམ་ནས་དྲངས་ཏེ། སེམས་ནམ་མཁའི་དབུས་སུ་ཐིམ་འགྲོ་བ་ལྟར་ཤེས་པ་དྲག་ཏུ་གཏོད་ཅིང་། རིག་པ་ཧུར་བྱུང་ལ་སྒྲིམས་ནས་སྒོམ་པ་ནི། རྩེ་གཅིག་གི་རྣལ་འབྱོར་ཞེས་བྱ་སྟེ། སྤྲེའུ་སྒོ་གཅིག་ཏུ་བཏགས་པ་ལྟ་བུའོ། །དེས་རླུང་སྟོད་དུ་འཚང་བ་དང་། ཟུག་གཟེར་{སོར་}སོགས་ཀྱིས་སེམས་མི་གནས་ན། སེམས་འདས་མ་འོངས་ཀྱི་རྟོག་པ་སྤངས་ནས། ད་ལྟར་གྱི་ཤེས་པ་ལ་བཟོ་བཅོས་མི་བྱ་བར། རང་བབས་ཀྱི་ངང་ལ་མ་ཡེངས་པར་འཇོག་པ་ནི། རང་གྲོལ་གྱི་རྣལ་འབྱོར་ཞེས་བྱ་སྟེ། སྤུན་བར་མ་དང་འགྲོགས་པ་ལྟ་བུའོ། །གྲིམས་ཆས་ཤེས་པ་གཡེར་ཞིང་། འཕྲོ་རྒོད་དུ་གྱུར་པས་མི་གནས་ན། མ་ཡེངས་དྲན་པའི་བྱ་ར་ཙམ་བཞག་ནས། གང་ཡང་མི་སྒོམ་པར་ལྷོད་ཀྱིིས་གློད་ལ་གུ་ཡངས་སུ་འཇོག་པ་ནི། རྩོད་བྲལ་གྱི་རྣལ་འབྱོར་ཞེས་བྱ་སྟེ། རྔ་མོང་:རྟགས་༼བཏགས་༽གྲོལ་ལྟ་བུའོ། །གཉིས་པ་ཉིན་མོའི་རྣལ་འབྱོར་ནི། སྤྲིན་དང་བསེར་བུ་མེད་ཅིང་། ནམ་མཁའ་དྭངས་པའི་སྐབས་སུ། ལུས་དང་མིག་ལ་ཉི་འོད་མི་འཕྲོ་བ་བྱས་ལ། སྔ་དྲོ་ཁ་ནུབ་དང་། ཕྱི་དྲོ་ཁ་ཤར་དུ་ཕྱོགས་པའི་ལུས་ངག་གི་གནད་དང་། སེམས་ཀྱི་འཇོག་ཚུལ་སྔར་ལྟར་ལས་ལྟ་སྟངས་ཀྱི་གནད་མིག་ཤིན་ཏུ་གདངས་ཏེ་འབུར་ཚུགས་སུ་ལྟ་བས། ནམ་མཁའ་སྔོ་སང་ངེ་བ་དང་རང་སེམས་དབྱེར་མེད་དུ་གསལ་ལ་རྟོག་པ་མེད་


MLP014_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ་པའོ། །ཉིན་མཚན་གྱི་རྣལ་འབྱོར་གང་གི་ཚེ་ཡང་། བྱིང་བ་ཤས་ཆེ་ན། དཀྱིལ་ཀྲུང་ལག་གཉིས་པུས་མོར་བཀབ་ལ་རླུང་ཅུང་ཟད་བཟུང་བ་ཁ་སྣ་གཉིས་ཀ་ནས་ཕྱིར་དྲག་ཏུ་དབྱུང་། འཕྲོ་རྒོད་ཤས་ཆེ་ན། ལུས་འོད་ཀྱི་གོང་བུར་བྱས་ནས། དེ་ཡང་ཇེ་ཆུང་ཇེ་ཕྲས་མི་དམིགས་པ་ལ་འཇུག་པས་སེལ་ལོ། །དེ་ལྟར་ཉིན་མཚན་གྱི་རྣལ་འབྱོར་གཉིས་གཅིག་ཏུ་བསྒྲིལ་ནས་བསྒོམས་པས་རླུང་སེམས་ཨ་བ་དྷུ་ཏིར་ཞུགས་ཏེ་འགགས་པ་ལས། རྟགས་བཅུ་མངོན་དུ་གྱུར་ཏེ། རྀ་གི་ཨ་རལླི་ལས། སེམས་པ་ཐམས་ཅད་ཡོངས་སྤངས་ནས། །དབང་པོ་ཐམས་ཅད་བཟློག་པར་བྱ། །དགོན་པ་དབེན་པའི་ཕྱོགས་སུ་ནི། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །མིག་དག་སྟེང་དུ་བཟློག་ནས་ནི། །སྨིན་མའི་དབུས་སུ་སེམས་བྱས་ན། །མི་ཟད་མུན་པ་ལྟ་བུ་ནི། །སྒྲུབ་པོས་དང་པོར་མཐོང་བར་འགྱུར། །ཞེས་པ་ལྟར་ཐོག་མར་ཤེས་རབ་ཀྱི་ཕྱོགས་མཚན་རྟགས་ལྔ་ནི། ས་རླུང་དབུ་མར་འདུས་པས་དུ་བ་ལྟ་བུ། ཆུ་རླུང་འདུས་པས་སྨིག་རྒྱུ་ལྟ་བུ། མེ་རླུང་འདུས་པས་སྲིན་བུ་མེ་ཁྱེར་ལྟ་བུ། རླུང་གི་རླུང་འདུས་པས་མར་མེ་འབར་བ་ལྟ་བུ་བཞི་དང་། དེའི་སྟེང་འོག་ནས་འབྱུང་བའི་ཐིག་ལེ་ནི། ཁམས་ལྔའི་རླུང་འདུས་པ་སྟེ་ཤེས་རབ་ཀྱི་ཕྱོགས་ཡིན་པས་ལྔའོ། །དེ་བཞིན་དུ་ཐབས་ཀྱི་ཕྱོགས་ལ་ཉིན་རྟགས་ལྔ་ནི། རླུང་མེ་ཆུ་ས་ནམ་མཁའི་རླུང་ལྔ་ནི་དབུ་མར་འདུས་པ་ལས། རིམ་པར་སེར་པོ་འབར་བའི་རྣམ་པ་ལྷབ་ལྷབ་འབར་བ་དང་། དཀར་པོ་འབར་བ་ཞེས་ཟླ་བའི་རྣམ་པ་དང་། དམར་པོ་འབར་བའི་རྣམ་པ་ཉི་མ་ལྟ་བུ་དང་། ནག་པོ་འབར་བ་སྒྲ་ཅན་གྱི་ཉམས་དང་། མཆོག་གི་ཆ་ཞེས་པ་གློག་འོད་ཀྱི་རྣམ་པ་ཅན་དང་ལྔའོ། །ནམ་མཁའ་སྤྲིན་མེད་ལྟ་བུའི་རྟགས་འབྱུང་བར་གསུངས་པ་ནི། ཉིན་རྟགས་རྣམས་ཀྱི་འཆར་གཞི་ཡིན་པས། རྟགས་བཅུའི་ནང་དུ་ལོགས་སུ་མི་བགྲང་ཞིང་། དེ་ལས་གཞན་དུ་རྣམ་པ་མ་ངེས་པའི་རྟག་མཐའ་ཡས་པ་ཞིག་འཆར་བའང་བཅུ་པོ་དེ་དག་གང་རུང་རེའི་ཁོངས་སུ་གཏོགས་པ་ཡིན་ནོ། །སྟོང་གཟུགས་རྣམས་མཐོང་བའང་། ཤའི་མིག་ལ་བརྟེན་ནས་དབང་པོའི་མངོན་སུམ་གྱིས་མཐོང་བ་ཡིན་ཞིང་། གཞན་ཡང་། ལུས་ཉམས། ངག་ཉམས། སེམས་ཉམས། རྨི་


MLP014_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྣམས་ཀྱང་དུ་མ་འབྱུང་བ་ཉམས་མྱོང་ཅན་གྱི་ཞལ་ལས་རྟོགས་པར་བྱའོ། །གཉིས་པ་བསམ་གཏན་གྱི་ཡན་ལག་ནི། སྔར་སོར་སྡུད་ཀྱི་ཚེ་མཐོང་བའི་སྟོང་གཟུགས་ལ་སེམས་རྩེ་གཅིག་ཏུ་གནས་པར་བྱེད་པ་སྟེ། དམིགས་པ་ལ་སེམས་གཡོ་བ་མེད་པའི་དོན་ནོ། །དེ་ལ་ལུས་གནད་དང་ངག་གནད་སོར་སྡུད་ལྟར་དང་། སེམས་གནད་ཀྱང་མི་གཡོ་བར་འཇོག་ཚུལ་འདྲ་བ་ལས། འདིར་ཁྱད་པར་ནི་སོར་སྡུད་ཀྱི་དུས་སྟོང་གཟུགས་མཐོང་མ་མཐོང་གང་གི་ཚེ་ཡང་ནམ་མཁའ་ཁོ་ན་ལ་སེམས་གཏད་དེ་འཇོག་པ་ཡིན་ལ་འདིར་ཉིན་པར་མཐོང་བའི་སྟོང་གཟུགས་ཀྱི་སྣང་བ་ལ་སོར་སྡུད་དུ་བཤད་པའི་ལྟ་སྟངས་ཉིད་ཀྱིས་གཡོ་མེད་དུ་ལྟ་ཞིང་། སེམས་ཀྱང་སྟོང་གཟུགས་དེ་ཀ་ལ་ཆེ་རེ་གཏད་ཅིང་། འདི་ཡིན་འདི་མིན་སོགས་བློས་བྱས་ཀྱི་བཟོ་བཅོས་མི་བྱེད་པར། སྟོང་གཟུགས་དེ་ཀའི་རང་ཞལ་ལ་རིག་གེ་བལྟས་པས། སྣང་བ་མ་འགགས་ལ། ཡུལ་དུས་རང་བཞིན་འདི་ལྟ་བུ་ཞེས་བརྗོད་དུ་མེད་ཅིང་། སྤྲོས་པ་དང་བྲལ་བ་དེ་ངོས་ཟིན་ཅིང་རིག་པར་བྱ་བ་དེ་ཉིད་ཤེས་རབ་ཀྱི་ཡན་ལག་ཡིན་ཞིང་། དེ་ལས་རྟགས་སྣང་རང་སེམས་སུ་མྱོང་བའི་རྟོགས་པ་དང་། དེ་ཉིད་མཚན་མ་དང་བྲལ་བར་རིག་པའི་སྤྱོད་པ་དང་། དེ་ལ་བརྟེན་ནས་ལུས་སེམས་ལ་དགའ་བ་ཁྱད་པར་ཅན་དང་། ཡུལ་ཡུལ་ཅན་དབྱེར་མེད་དུ་འདྲེས་པའི་བདེ་བའི་ཤིན་ཏུ་སྦྱངས་པ་སྟེ། རྒྱུད་ལས། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་དཔའ་ལའོ། །ཞེས་གསུངས་པ་ལྟར། བསམ་གཏན་ཡན་ལག་ལྔ་པོ་རིམ་གྱིས་སྐྱེ་བར་འགྱུར་རོ། །གལ་ཏེ་སྟོང་གཟུགས་ལ་བརྟན་པ་མ་ཐོབ་ན། མཉམ་བཞག་ཏུ་སོར་སྡུད་ཉིད་སྒོམ་ཞིང་། ཐུན་མཚམས་སུ་བྱེད་བཅིང་ཕལ་ཆེར་ཕྱོགས་འདྲ་བ་བྱས་ནས། ཐ་མལ་ལས་སྣང་གི་སྟེང་དུ་ཆེ་རེ་ལྟ་ཞིང་། དེའི་རང་བཞིན་གསལ་ལ་ངོས་བཟུང་མེད་པ་དེ་རང་ངོ་ཤེས་ཙམ་བྱས་ཏེ་བསྐྱང་། མཉམ་རྗེས་དེ་ཉིད་གོམས་པ་ལས་བསམ་གཏན་གྱི་ཡན་ལག་མྱུར་དུ་སྐྱེ་བར་འགྱུར་ལ། ཡང་སྟོང་གཟུགས་བརྟན་པོར་གྱུར་ཀྱང་། མིག་བཙུམ་ཚེ་སྟོང་གཟུགས་མི་གསལ་ན། ཉིན་མོའི་རྣལ་འབྱོར་གྱི་དུས་སྟོང་གཟུགས་མཁའ་ལ་ཤར་བ་རིམ་གྱིས་ཕབ་སྟེ། ལས་སྣང་


MLP014_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་པོ་གང་རུང་གི་ཐོག་ཏུ་ལྟ་སྟངས་གཏད་དེ་སེམས་བཟུང་བས། ཇི་ཞིག་ན་ལས་སྣང་འགགས་ནས། རྟགས་སྣང་དང་འདྲེས་ཏེ། མཐར་འོད་གསལ་གྱི་སྣང་བ་རབ་འབྱམས་འཆར་བར་འགྱུར་ཞིང་། མིག་བཙུམ་པའི་སྟོང་གཟུགས་གསལ་ན། རྩ་གསུམ་འདུས་མདོ་དབུ་མའི་ནང་དུ་སེམས་བཟུང་བས། ཁྱད་པར་དུའང་སེམས་གནས་ཆ་བརྟན་པ་དང་། སྣ་སྒོར་འོད་གསལ་བཟུང་བས་རླུང་ལྔའི་ཁ་དོག་མཐོང་ཞིང་། མཚན་མོ་སྔས་མཐོ་བར་བྱས་ལ། ལུས་གནད་སེངྒེའི་ཉལ་སྟབས། ངག་གནད་རླུང་རང་སོ། སེམས་གནད་མི་རྟོག་པའི་ངང་ནས་གཉིད་དུ་འགྲོ་བར་བྱས་པས། རྨི་ལམ་ཅི་ཡང་མེད་ཅིང་། སད་རྗེས་སེམས་གསལ་སྟོང་དུ་གནས་པ་བྱུང་ན། འོད་གསལ་འཐུག་ཟིན་དང་། ཡང་གཉིད་ཤིན་ཏུ་སྲབ་པས་མུན་ཁང་གི་ནང་སྐྱ་ཧོལ་ལེ་བ་ལ། སྟོང་གཟུགས་ཀྱི་རྣམ་པ་མཐོང་ཞིང་། སད་རྒྱུ་ཡོད་པ་ཞིག་འབྱུང་ངོ་། །དེ་ལྟར་འབད་པས་མཉམ་རྗེས་རིམ་གྱིས་འདྲེ་བར་འགྱུར་ཞིང་། སོར་སྡུད་ཀྱི་དུས་ལས་རྟགས་སྣང་རྣམས་གསལ་ལ་རྒྱ་ཆེ་བ་དང་། སྟོང་པའི་སྒྲ་བརྙན་དང་དྲི་བརྙན་ལ་སོགས་པ་སྣང་ཞིང་། ཐིག་ལེ་ཡང་འོད་སྣ་ཚོགས་འཕྲོ་བ་ཕྲ་འཚེར་འདིར་བ་ཞིག་དཀའ་བའི་ཆོས་ལྔ་ལྡན་དང་། དེའི་དབུས་སངས་རྒྱས་ཀྱི་སྐུ། ཡུལ་ངེས་པ་ཐིག་ལེའི་དབུས། དུས་ངེས་པ་མཉམ་རྗེས་ཀུན་ཏུ། རྣམ་པ་ངེས་པ་མཚན་དཔེ་ཡོངས་སུ་རྫོགས་པ་སྟེ་ངེས་པ་གསུམ་ལྡན། རེ་ཁ་དང་བཅས་པར་སྣང་ཞིང་། ལྷའི་མིག་དང་། རྣ་བ་སོགས་མངོན་ཤེས་ལྔ་ཡང་ཐོབ་པར་འགྱུར་རོ། །གསུམ་པ་སྲོག་རྩོལ་གྱི་ཡན་ལག་ནི། རོ་རྐྱང་གཉིས་ནས་འབབ་པའི་རླུང་བཀག་ནས། དབུ་མར་འཇུག་པའི་རིམ་པ་རྩོལ་བ་སྟེ། དང་པོ། རྡོ་རྗེའི་བཟླས་པས་རྩ་ལམ་སྦྱོང་བ་ནི། ལུས་ཀྱི་བྱེད་བཅིངས་གཞན་འདྲ་བ་ལ། ལྟ་སྟངས་ཐད་ཀ་ལས་ཅུང་ཟད་གྱེན་དུ་ཕྱོགས་པ། སྨིན་མཚམས་སུ་ཧྲིག་གེ་བལྟ། རླུང་རོ་བསལ་ལ། རླུང་འཇུག་གནས་ལྡང་གསུམ་ལ་སེམས་མ་འཁྲུལ་བར་གཏད་དེ། རླུང་ནང་དུ་འཇུག་པའི་ཚེ་ༀ། ནང་དུ་གནས་པའི་ཚེ་ཧཱུྃ། ཕྱིར་ལྡང་བའི་ཚེ་ཨཱ་ཞེས་པའི་སྒྲ་གདངས་ཡིད་ལ་དྲན་པས་བགྲང་ཞིང་། དེ་ལྟར་འབད་པས་རླུང་འཇམ་


MLP014_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་གྱིས་སོང་ནས་འགགས་པ་ལ་ཕྱོགས་པའམ། གལ་ཏེ་འགགས་ན་ཐབས་ཀྱིས་སློང་ཞིང་། དེས་རྒྱུ་བ་གསལ་བ་དང་རླུང་ལྔའི་ཁ་དོག་མཐོང་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །གཉིས་པ་འཇམ་རླུང་དགང་གཏོང་གིས་སྲོག་དབུ་མར་ཞུགས་པ་ནི། རླུང་གང་ནས་རྒྱུ་བལྟས་ཏེ། སྣ་བུག་གཡས་ནས་རྒྱུ་ན། ལག་པ་གཡོན་པའི་ཐལ་མོས། ནུ་མ་གཡས་མནན་ཏེ། མཆན་ཁུང་དུ་བཅུག་པ་བར་ལྷུ་གཡས་པས་མནན་ལ་རླུང་རོ་བསལ། གདོང་དང་མིག་གཡོན་དུ་བལྟས་ཏེ། གཡས་པའི་མཛུབ་མོས་སྣ་བུག་གཡོན་བཀག །སྣ་བུག་གཡས་ནས་རླུང་ཤུགས་ཆེ་ལ་རིང་བར་རྔུབས་ཏེ་ལྟེ་བར་མནན། ཅུང་ཟད་བསྡམས་ནས་མི་ཐུབ་པ་དང་། གདོང་མིག་གཡས་སུ་བསྒྱུར་ཞིང་། ལག་པ་གཡས་གཡོན་པའི་མཆན་དུ་བཅུག་ནས། གཡོན་པའི་མཛུབ་མོས་སྣ་གཡས་བཀག་སྟེ། གཡོན་ནས་རླུང་དྲག་ཏུ་འབུད། དེ་བཞིན་སྣ་བུག་གཡོན་ནས་རྒྱུ་ན། གཡོན་པས་བཀག་སྟེ་གཡས་ནས་གཏོང་བའི་ལག་ལེན་ལག་པ་གཡས་གཡོན་པའི་མཆན་དུ་བཅུག་ལ་བྱེད་པ་སོགས་སྔ་མ་ལས་གོ་བསྒྱུར་ནས་འཛིན་གཏོང་ཤེས་པར་བྱའོ། །དེ་ལྟར་རེ་མོས་ཀྱིས་ལན་འགའ་རེ་བསྐྱར་བས་རླུང་མཉམ་རྒྱུར་ནམ་སོང་བའི་ཚེ་བུམ་པ་ཅན་ཁ་སྦྱོར་དུ་བསྒོམ་ཞིང་། འདི་ནི་ཚེ་རིང་པོ་སྒྲུབ་པ་ལ་མཆོག་ཏུ་བསྔགས་སོ། །གསུམ་པ་རྩུབ་རླུང་བུམ་པ་ཅན་གྱི་སྲོག་དབུ་མར་འཆིང་བ་ནི། རླུང་མཉམ་རྒྱུར་འབབ་ན་ལེགས། གཡས་གཡོན་གང་རིགས་ནས་རྒྱུ་ན་ཡོན་པོ་སྲོང་བའི་རླུང་སྦྱོར་བཤད་མ་ཐག་པ་དེས་མཉམ་རྒྱུར་བཏང་སྟེ། གཡས་གཡོན་དབུས་གསུམ་ནས་རླུང་རོ་དགུ་ཕྲུགས་སུ་བསལ་རྗེས། འོག་རླུང་ཅུང་ཟད་བསྡམས། སྟེང་རླུང་མྱུར་བར་རྔུབས་ཏེ། ལྟེ་བར་སྐྱུར་ཐབས་སུ་མནན་པ་དང་ལྷན་ཅིག་ཏུ་མཆིལ་མ་མིད། འོག་རླུང་དྲག་ཏུ་སྐུམ་སྟེ་ཁ་སྦྱོར་ལྟེ་བར་ཐུབ་ཚད་བཟུང་། མི་ཐུབ་པ་འདྲ་ན་རྔུབ་ཆུང་ལན་གསུམ་གྱིས་མནན། དེ་ནས་ཀྱང་མི་ཐུབ་ན་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱིས་མཐར་བསྲངས་ཏེ་འབུད་དོ། །འདིར་པུས་མོ་ལ་ཐལ་མོ་ལན་རེ་བསྐོར་ནས་སེ་གོལ་ག །ཏོག་པའི་ཡུན་ཚད་སུམ་ཅུ་རྩ་དྲུག་དང་། བདུན་ཅུ་དོན་གཉིས་དང་། བརྒྱ་རྩ་བརྒྱད་ཐུབ་པ་བུམ་ཅན་ཆུང་འབྲིང་རབ་ཀྱི་ཚད་དུ་གྲགས་སོ། །འདི་དག་ལ་


MLP014_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་སྟོང་གཟུགས་དང་། རླུང་གི་རེག་བྱ་ཉམས་སུ་མྱོང་བའི་ཤེས་པ་གཅིག་ཉིད་རང་གི་རིག་པའི་ཚུལ་གྱི་མཉམ་པར་འཇོག་སྟེ། ཅུང་ཟད་སྒོམ་ནས་རླུང་ཕྱིར་འགྲོ་དུས་སྟོང་གཟུགས་ཉིད་ལ་སྒྲིམ་པའི་ཚུལ་གྱིས་བསྒོམ། ནང་དུ་འཇུག་པའི་སྐབས། གཟུགས་སྣང་ཉིད་སེམས་ཀྱི་ངོ་བོར་མྱོང་བར་བྱས་ནས་སེམས་ཉིད་ལ་མཉམ་པར་བཞག །ནང་དུ་གནས་པའི་སྐབས་རླུང་དང་། སྟོང་གཟུགས་སེམས་གསུམ་ཆ་མཉམ་པར་བཞག་པ་ལས། མྱོང་བ་པོའམ། ཚོར་བ་པོའམ། རིག་པ་པོའམ། མཐོང་བ་པོ་དབྱིངས་སུ་ཡལ་བའི་ངང་ལ་རྩོལ་མེད་དུ་བཞགདེ་ལྟར་སྡོམ་འབྱུང་ལས། བདག་ཉིད་རིག་པས་རྐང་མཐིལ་བར། །ཐམས་ཅད་རླུང་གིས་ཀུན་བཀང་སྟེ། །བུམ་པ་ཅན་ལ་བརྟེན་བྱས་ནས། །དབྱེ་བ་གསུམ་གྱིས་གཞོམ་པར་བཤད། །ཅེས་འབྱུང་། སྲོག་རྩོལ་འདི་རྣམས་ཀྱང་ཇི་སྲིད་མགོ་བོ་ན་ཞིང་སྙིང་ཁར་འཚང་བ་དང་། འོད་ཀྱི་འཁོར་ལོ་ལྟ་བུའི་རྟགས་མཐོང་ནས། དེ་ཉིད་སྟེང་གི་ཕྱོགས་མཐོན་པོར་སོང་བའི་ཉམས་བྱུང་ན། རེ་ཞིག་ཐུན་མཚམས་བྱ་བའམ། ཡང་ན་སོར་བསམ་དག་བསྒོམ་པར་བྱ་ཞིང་། སྲོག་རྩོལ་སྒོམ་པའི་ཐུན་མཚམས་རྣམས་སུ། སེམས་རྣམ་པར་མི་རྟོག་པ་དང་། ངག་རླུང་བུམ་པ་ཅན་གྱི་ངང་ནས། ལུས་སྦྱོངས་དང་པོར་དལ་བུ་དང་། ཕྱིས་དྲག་ཅིང་ཤུགས་ཆེ་བ་ཡང་ཡང་བྱ། ཧ་རིང་ཧ་ཐུང་དང་འབེབས་ཆེ་ཆུང་ཡང་ཇི་ལྟར་རིགས་པར་བྱའོ། །དེ་ལྟར་འབད་པས་གཡས་གཡོན་གྱི་རླུང་བཅུ་དབུ་མར་འགགས་པའི་མཐུ་ལས་ལུས་ཉམས། ངག་ཉམས། སེམས་ཉམས། མཐོང་ཉམས། རྨི་ཉམས་རྣམས་རྒྱ་ཆེར་འབྱུང་ཞིང་། དེ་དག་ཀྱང་ཡིད་ཀྱི་མངོན་སུམ་གྱི་ཚད་མས་མཐོང་བར་འགྱུར་རོ། །བཞི་པ་འཛིན་པའི་ཡན་ལག་ནི། སྲོག་རྩོལ་གྱི་སྲོག་ཐུར་འདྲེས་ཟིན་པའི་རླུང་དེ་ཉིད་བུམ་པ་ཅན་གྱི་སྦྱོར་བས། རླུང་སེམས་དབུ་མའི་ཐིག་ལེར་བཅིངས་ནས་འཛིན་པར་བྱེད་པ་སྟེ། འདིར་ཡང་ལྟ་སྟངས་སྲོག་རྩོལ་དང་འདྲ་ལ། ཐོག་མར་ལྟེ་བའི་བུམ་ཅན་ནི། འོག་རླུང་ཅུང་ཟད་བསྡམས། སྟེང་རླུང་རྫོགས་པར་བཅུག་སྟེ། ལྟེ་འོག་དུ་མནན་རྗེས་འོག་རླུང་དྲག་ཏུ་བསྡམས་པས་ལྟེ་བར་དྲིལ། སྟེང་རླུང་མནན་ཙམ་ལས་དྲག་ཏུ་མི་གནོན་ཞིང་། རླུང་རྣམས་


MLP014_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བའི་ཐིག་ལེ་ལ་ཐིམ་པའི་མོས་པ་བྱེད། དེ་བཞིན་དུ་སྙིང་ཁའི་བུམ་ཅན་ནི་ཕལ་ཆེར་དེ་དང་འདྲ་བ་ལས་ལྟེ་བར་བུམ་ཅན་བཅས་ཟིན་མཚམས་ནས། སྙིང་གར་འདྲེན་པ་དང་། ལག་གཉིས་རྒྱབ་བསྣོལ་གྱི་རྡོར་དཀྱིལ་གྱི་མཐེ་བོང་གཡས་གཡོན་ཐེན་ཏེ་བྲང་ཐེར་གྱི་ཡོང་བ་བྱས། མགྲིན་བུམ་ནི། སྐྱིལ་ཀྲུང་བཅས་ཏེ་པུས་མོའི་ནང་ཁུངས་སུ་གྲུ་མོ་བཙུག །ལག་སོར་མོ་བསྣོལ་བས་ལྟག་པ་ནས་མནན་ཏེ། མགོ་སྒྱུར་རླུང་ཁ་ནས་རྔུབས་ཏེ། ལྟག་པའི་ཐད་གར་ཤུགས་སྐྱིལ་ལ་ལྐོག་མས་ཨོལ་མདུད་མནན། ཐུར་སེལ་མགྲིན་པའི་ཐད་ཀར་འཕུལ་ལོ། །དཔྲལ་བའི་བུམ་ཅན་ནི། ཕལ་ཆེར་དེ་དང་འདྲ་བ་ལ་ལག་གཉིས་སྔར་བཞིན་ལས་སྤྱི་བོ་ནས་ཐེན། རླུང་ཡང་ཁ་ནས་རྔུབས་པ་རྐན་ཕུགས་སུ་སྐྱིལ་བ་ཙམ་ཁྱད་པར་རོ། །གཙུག་ཏོར་གྱི་བུམ་ཅན་ཡང་དམིགས་པ་གཙུག་ཏོར་གྱི་འཁོར་ལོར་བྱེད་པའི་ཁྱད་པར་མ་གཏོགས་དེ་དང་འདྲའོ། །གསང་བའི་བུམ་ཅན་ནི། རྟིང་པ་གཅིག་གིས་བཤང་སྒོ་བརྟེན། གཅིག་གིས་གསང་གནས་མནན། ལག་གཉིས་གཞུག་ཆུང་ནས་ཕར་འཁྱིད་གང་ཙམ་གཞལ་བའི་སར་བཙུགས། གདོང་གྱེན་དུ་ཕྱོགས་པའི་རླུང་དྲག་ལ་རིང་བ་མནན། བཤང་གཅིའི་ལམ་གཉིས་ཀ་ནས་ཐུར་སེལ་ལན་མང་དུ་དྲངས་པ་དང་། སྟེང་རླུང་རྒྱུ་ཞབས་ཀྱི་འོག་ཏུ་མནན་པ་གཉིས་ཁ་སྦྱར་ཏེ་བཞག །དེ་ཐམས་ཅད་ལ་འཁོར་ལོ་རང་རང་གི་ལྟེ་བའི་ཐིག་ལེ་ལ་རླུང་རྣམས་ཐིམ་པས། རྩ་འཁོར་སོ་སོའི་ཐད་དུ་ན་བུན་ཆགས་པ་ལྟར་གནས་པའི་མོས་པ་ཡང་ཡང་བྱ་བ་གནད་ཆེ། དེ་ཡང་ཁམས་ཚོད་བཟུང་གིན་མ་བསྒོམས་ན། བགེགས་ཆེ་བས། ལས་དང་པོ་པས་ལྟེ་བའི་བུམ་ཅན་ཉི་ཤུ་ཙམ་རེའི་མཐར། སྙིང་ཁའི་བུམ་ཅན་ལན་གཅིག་གམ་གཉིས་རེ་བསྒོམ། དེ་འདྲ་བ་ལན་གཉིས་ཀྱི་མཐར། མགྲིན་པའི་བུམ་ཅན་ལན་གཅིག་རེ་བསྒོམ་པ་སོགས་རིམ་གྱིས་ཆ་བརྩིས་ནས་བསྒོམ་ཞིང་དེ་ལྟར་འཁོར་ལོ་ལྔའི་མཐར། གསང་བུམ་ལན་གཅིག་བསྒོམ་པ་རྣམས་བྱ། མགྲིན་པ། དཔྲལ་བ། གཙུག་ཏོར་གསུམ་ལ་སྙིང་ཁའི་བུམ་ཅན་ཡར་དྲངས་ཏེ་མི་འཛིན་ཡང་། རླུང་གཏོང་ཁར་སྙིང་ཁ་ཡན་ཆད་ཀྱི་བུམ་ཅན་རྣམས། ལྟེ་བར་ཕབ་ནས་གཏོང་དགོས་ཤིང་བཏང་རྗེས་སོར་བསམ་ལྟར་སྤྲོས་མེད་ཀྱི་ངང་ནས་བསྐྱངས་


MLP014_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ངལ་གསོ་བའང་གནད་ཆེ། རླུང་རོ་འཁྱིམས་ཀྱི་དོགས་ན། སྙིང་ཁའི་བུམ་ཅན་མཐར་རོ་སྟོད་བཅུད་ཅིང་ཧ་འདོན། མགྲིན་པའི་མཐར་ཁ་བཙུམ་ནས་མགྲིན་རླུང་དྲངས་ཏེ་འབུད། དཔྲལ་བ། གཙུག་ཏོར་གྱི་མཐར་སྣ་མཛུབ་མོས་བཀག་ནས། ཐོད་པའི་རླུང་དྲངས་ཏེ་འབུད། དེ་ནས་སྲོག་རྩོལ་དང་། འཛིན་པ་གཉིས་ཐུན་མོང་གི་བོགས་འདོན་དུ་ཧཱུྃ་རིང་དྲག་པོས་ཐུར་སེལ་གྱེན་དུ་དྲངས་ཤིང་། ཧཱུྃ་ཐུང་གི་སྟེང་རླུང་རྔུབས་ནས་ཀྱང་ཐུར་སེལ་འདྲེན་པ་བསྟུད་མར་ལན་མང་དུ་བསྒོམ། ལུས་གནད་འཕོངས་སྟེང་བཙུད་ལ་ཙོག་བུ་བྱ། ལག་པ་བརླ་ནང་ནས་རྒྱུད། རྐང་པའི་ངར་གདོང་ནས་འཐེན་པའོ། །ཡང་རླུང་ཕྱིར་བཟུང་བའི་ངང་ནས། ཧཱུྃ་རིང་གིས་དྲངས་ཏེ་འོག་སྒོ་གཉིས་སུ་རེ་མོས་ཀྱིས་དྲག་ཏུ་བསྡིགས། ཡང་ཕྱིར་བུས་ནས་ཀྱང་འོག་སྒོ་གཉིས་སུ་ཤུགས་ཡང་ཡང་བཅུག་གོ །འདི་ལ་ལུས་གནད་སྔར་ལྟར་རམ་ཡང་ན་སྒྱིད་པ་གཉིས་བར་ལྷུ་ལ་བཀལ་ཏེ། ལག་པའི་ཤུགས་ཀྱིས་བྱིན་པ་གཉིས་གྱེན་ལ་འདེགས། འདི་གཉིས་ཀ་ལ་མ་ནིང་གི་རླུང་ཤུགས་བསྐྱེད་པའི་ངང་ནས་འོག་སྒོ་བསྡམས་གློད་དྲག་པོ་མང་དུ་བྱེད་པ་དང་། སྟེང་རླུང་ཁ་དང་སྣ་རེ་མོས་ནས་རྔུབས་ཏེ། མགྲིན་པར་མིད་ནས་ལྟེ་བར་འཕུལ་བ་དང་། སྒྲེགས་པ་འདོན་པ་ཡང་ཡང་བྱའོ། །རླུང་སྦྱོར་གསུམ་པ་འདི་ནི། ཤིན་ཏུ་རྣོ་བས་གཡས་གཡོན་སྲོག་ཐུར་རྣམས་བསྲེ་ནུས་པ་ལ་ཚེགས་མེད་དེ། ཧཱུྃ་ཕཊ་སྦྱོར་བའི་མན་ངག་དང་གནད་གཅིག་པ་ལས། ད་དུང་འདི་ཟབ་ཅེས་གསུང་། ཐུན་མཚམས་རྣམས་སུ་ལུས་སྦྱོང་ལ་འབད་པར་བྱ་ཞིང་། སྲོག་རྩོལ་གྱིས་གཡས་གཡོན་སྟེང་འོག་གི་རླུང་རྣམས་རོ་གཅིག་ཏུ་འདྲེས་པ་དེ་ཉིད་འཛིན་པས་དབུ་མར་ཐིམ་པ་ལས། བདེ་དྲོད་ཀྱི་ཉམས་དང་གཞོམ་མེད་ཀྱི་སྒྲ་དང་། སྲིད་གསུམ་གྱི་སྣང་བརྙན་རབ་འབྱམས་འབྱུང་སྟེ། དགྱེས་པ་རྡོ་རྗེ་ལས། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་ལྷན་ཅིག་ཐབས་དང་བཅས། །ཐབས་དང་ཤེས་རབ་རང་བཞིན་ལས། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཞེས་གསུངས་སོ། །ལྔ་པ་རྗེས་དྲན་གྱི་ཡན་ལག་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་རྗེས་སུ་དྲན་པས་ཡང་


MLP014_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྒོམ་ཞིང་དྲག་ཏུ་རྩོལ་བའི་སྒོ་ནས་ཞུ་བདེ་འཛག་མེད་སྒྲུབ་པ་སྟེ། འདིར་ཡང་ལུས་གནད་གཞན་འདྲ་བ་ལས། ལག་གཉིས་ཁུ་ཚུར་སྙིང་ཁར་སྣོལ། ལྟ་སྟངས་ཐད་ཀར་གཡོ་མེད་དུ་ལྟ། རང་ཉིད་དུས་འཁོར་ལྷན་སྐྱེས་ཡབ་ཡུམ་དུ་གསལ་བཏབ། སྟོང་གཟུགས་ཀྱི་སྣང་མདངས་ལྷ་སྐུར་སྣང་བ་སྟོང་གཟུགས་ཀྱིས་ཁྱབ་པར་བྱས་ལ་ཅུང་ཟད་མཉམ་པར་བཞགསྟོང་གཟུགས་ཀྱི་སྣང་བ་དེ་ལྟར་འདྲེན་མི་ཐུབ་ན། ལྷ་སྐུ་གསལ་སྟོང་ལ་དམིགས་ཏེ་ཅུང་ཟད་བཞག །ལྷ་ཡབ་ཡུམ་གྱི་གནས་དྲུག་ཏུ་ༀ་ཨཱཿཧཱུྃ་ཧཱོ་སྭཱ་ཧཱཿརྣམས་དཀར་དམར་ནག་སེར་སྔོ་ལྗང་གི་ཁ་དོག་ཅན་གྱི་རྒྱས་བཏབ། ཡུམ་གྱི་མཁའ་པདྨ་དམར་པོ་འདབ་བརྒྱད་ལྟེ་བར་རྡོ་རྗེ་སྔོན་པོ་ཕྲ་མོས་མཚན་པ། ཡབ་ཀྱི་གསང་གནས་རྡོ་རྗེ་རྩེ་ལྔ་པ་ལྟེ་བའི་ནང་དུ་པདྨ་དམར་པོ་འདབ་བརྒྱད་ཕྲ་མོས་མཚན་པ་གསལ་བཏབ། དེ་ནས་རྗེས་ཆགས་ཀྱི་སྤྱོད་པས་སྙོམས་པར་ཞུགས་པར་བསམས་ནས། ལྟེ་བར་རླུང་ཁ་སྦྱར། དྷུ་ཏིར་ཡེས་ཤེས་ཀྱི་རླུང་གཡོ་མེད་དུ་བཟུང་། ལྟེ་བའི་ཧོ་ཡིག་འབར་བས་གཙུག་ཏོར་གྱི་ཧཾ་ཡིག་ཞུ་ནས་དཔྲལ་བའི་འཁོར་ལོ་ཡན་ཆད་གང་བར་མོས་ལ་སྟོང་གཟུགས་དང་བསྲེ། ལུས་གནད་དེ་ཁའི་སྟེང་ནས་གཙུག་ཏོར་དང་། དཔྲལ་བའི་བུམ་ཅན་ཡུན་ཐུང་ངུ་རེ་འཛིན། དགའ་བའི་སྐད་ཅིག་མའོ། །ཐིག་ལེའི་རྒྱུན་དེ་ཉིད་ཆེར་རྒྱས་ཏེ་ཞུ་བས། མགྲིན་པ་དང་སྙིང་ཁའི་འཁོར་ལོ་ཡན་གང་སྟོང་གཟུགས་དང་བསྲེ། མགྲིན་སྙིང་གི་བུམ་ཅན་ཚར་རེ་སྔར་ལས་ཡུན་རིང་ཙམ་རེ་བཟུང་། མཆོག་དགའི་སྐད་ཅིག་མའོ། །ཡང་བྱང་སེམས་སྔ་མའི་རྒྱུན་ཆེར་རྒྱས་ཏེ་ཞུ་བས། ལྟེ་བ་དང་གསང་གནས་ཀྱི་འཁོར་ལོ་ཡན་ཆད་གང་སྟོང་གཟུགས་དང་བསྲེ། ལྟེ་གསང་གི་བུམ་ཅན་ཡུན་རིང་བ་རེ་བསྒོམ་ཁྱད་དགའི་སྐད་ཅིག་མའོ། །ཡང་བྱང་སེམས་འཕེལ་བའི་རྒྱུན་གསང་བ་རྡོ་རྗེ་ནོར་བུའི་བར་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་མོས་ལ། སྟོང་གཟུགས་ལ་རིང་དུ་མཉམ་པར་འཇོག་བཞིན་པའི་བུམ་ཅན་སྦྱོར་བ་གཅིག་དང་། དེ་ནས་སྲོག་ཕྱིར་གསལ་ཞིང་། ཐུར་སེལ་དྲག་ཏུ་གློད་པས་རྩ་ལྟེམ་པར་འགྱུར། མ་ནིང་གི་རླུང་ཤུགས་དང་ལྡན་པས་རླུང་ལྡོག་པར་འགྱུར་ལ། ནང་གི་བརྟུན་བརྡུང་གི་སྦྱོར་བས་རྦ་རླབས་ཞི་བར་འགྱུར་ཏེ། དེ་


MLP014_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལུས་ངག་འདྲེས་པའི་གནད་གསུམ་དང་། སེམས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་བཞག་པའི་རྣལ་འབྱོར་པའི་གནད་བཞི་ལྡན་གྱིས་བཟུང་བས་ཕྱིར་འཕྲོ་བ་འགགས་ཏེ། བྱང་སེམས་རྡོ་རྗེ་ནོར་བུར་ཁྱིལ་ལི་ཁྱིལ་ལི་འཁྱིལ་བར་བསམ། ལྷན་སྐྱེས་དགའ་བའི་སྐད་ཅིག་མའོ། །དེ་ནས་ཙོག་པུ་རྟིང་པ་ཏེག་པ་བྲང་ང་ཙིག་བཀུར་རྡོ་རྗེ་ཁུ་ཚུར་བསྣོལ་ནས། ཧིང་དང་ཧུར་དང་ཧག་དང་ཧིག་རྣམས་ཀྱི་ལྟེ་སྙིང་མགྲིན་གཙུག་རྣམས་སུ་རིམ་གྱིས་དྲངས། སེངྒེ་རྣམ་རོལ་ལ་སོགས་པས་རྩ་མིག་ཏུ་འགྲེམ། དེ་རྗེས་བུམ་པ་ཅན་ཅི་རིགས་བསྒོམས་པས་རླུང་དང་བསྲེ་ཞིང་། ཞུ་བདེའི་ཉམས་དང་འོད་གསལ་རྟགས་སྣང་ལ་དམིགས་ནས་མི་གཡོ་གསུམ་ལྡན་གྱི་ངང་བསྐྱང་བའི་ཡེ་ཤེས་ཆེན་པོར་བསྐྱལ་བའི་གནད་དོ། །དེ་ལྟར་འཁོར་ལོ་སོ་སོར་དབབ་པའི་དུས་ནས་བཟུང་བཟློག་ཁྱབ་པའི་གནད་རེ་ཚང་བར་བྱས་པའི་གནད་དུ་འགྲོ་བ་ཡིན་ནོ། །འདི་ལ་འབད་པས་སྟོང་གཟུགས་དང་སེམས་གནས་མྱུར་དུ་བོགས་ཐོན་པར་འགྱུར་ཞིང་། དེ་དག་གི་ཚེ་ཉམས་གང་སྐྱེས་བྱུང་རྒྱལ་དུ་བསྐྱངས་པས། བགེགས་དང་གོལ་ས་རྣམས་ལས་གྲོལ་ཏེ། ཡོན་ཏན་གོང་འཕེལ་དུ་འགྱུར་རོ། །དྲུག་པ་ཏིང་ངེ་འཛིན་གྱི་ཡན་ལག་ནི། ཡུལ་སྟོང་གཟུགས་དང་ཡུལ་ཅན་བདེ་བའི་སེམས་གཅིག་ཏུ་འདྲེས་པས་འཕོ་མེད་ཀྱི་བདེ་བ་ཐོབ་ཅིང་། འོད་གསལ་སྟོང་གཟུགས་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ཏེ། དེའི་རང་བཞིན་སྟོང་གཟུགས་ཕྱག་རྒྱ་ཆེན་མོས་ཞུ་བདེ་དྲངས་པ་ན་མི་རིང་བར་མི་འགྱུར་བའི་བདེ་བ་ཞེས་པ་རྗེས་ཆགས་ཀྱི་ཐིག་ལེའི་འགྲོས་ལས་ཤར་བའི་ལྷན་སྐྱེས་དང་། སྟོང་གཟུགས་ངོ་བོ་གཅིག་ཏུ་འགྱུར་ཏེ། ཟུང་འཇུག་དེའི་ངོ་བོ་ལ་དབྱེ་བ་མེད་ཀྱང་། ལམ་པའི་བློས་རྟོགས་ཚུལ་ལ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་དབྱེ་བས། མི་འགྱུར་བའི་བདེ་བའང་དེ་སྙེད་དུ་འགྱུར་ཞིང་འཁོར་ལོ་དྲུག་ཏུ་རླུང་འཕོ་བ་བཅུ་གཉིས་སྟོང་བརྒྱད་བརྒྱ་རེའི་གྲངས་སུ་འགགས་པས་འཁོར་ལོ་རེའི་གནས་རེར། ས་གཉིས་གཉིས་ཐོབ་སྟེ་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་འགྱུར་བ་དང་། དམར་ཆའི་དྭངས་མ་གཙུག་ཏོར་ནས་ནོར་བུའི་བར་དུ་ཆ་བཅུ་གཉིས་སུ་བརྟན་པས། བདེན་དོན་རྣམ་པ་བཅུ་


MLP014_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་། དཀར་ཆའི་དྭངས་མ་ནོར་བུ་ནས་གཙུག་ཏོར་གྱི་བར་དགའ་བ་བཅུ་དྲུག་གི་རིམ་པར་བརྟན་པས། དེ་ཉིད་རྣམ་པ་བཅུ་དྲུག་མངོན་དུ་གྱུར་ཏེ། མདོར་ན་ཁུ་རྡུལ་རླུང་སེམས་བཞི་དག་པས་རྡོ་རྗེ་བཞི་དང་། མི་ཕྱེད་པའི་བདག་ཉིད་རྡོ་རྗེ་འཆང་ཆུང་ངུའི་གནས་ཐོབ་ནས་རྡོ་རྗེ་སེམས་དཔའ་ཞེས་ཐ་སྙད་འདོགས་ཏེ། དེ་ལྟར་ཡང་། ཡན་ལག་བཅུ་གཉིས་འགགས་པ་ཡིས། །དུས་སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་བྱ་བ། །གནས་ལ་སོགས་པ་དོན་དམ་པའོ། །ཞེས་དང་། མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་ཡོངས་རྫོགས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །ཞེས་གསུངས་པ་ལྟར་རོ། །ཏིང་ངེ་འཛིན་གྱི་རང་བཞིན་དེ་ལྟར་ཡིན་ཡང་། ལས་དང་པོ་པས་སྒོམ་ཙམ་དུ་ཉམས་སུ་ལེན་ན། ལུས་གནད་གཞན་སོར་བསམ་ལྟར་ལས། ལྟ་སྟངས་མིག་སྣ་རྩེར་ཕབ། ངག་རླུང་རྡོར་བཟླས་དང་། བར་རླུང་འཛིན་པ་མ་ནིང་གི་རླུང་སྦྱོར་ཙམ་ལས་གཞན་མི་བྱ། སེམས་གནད་སོར་སྡུད་དུ་མཐོང་བའི་ཡུལ་འོད་གསལ་སྣང་སྟོང་། སྲོག་རྩོལ་དུས་ཤར་བའི་ཤེས་པ་གསལ་སྟོང་། རྗེས་དྲན་གྱི་དུས་ཉམས་སུ་མྱོང་བའི་བདེ་སྟོང་ཟུང་འཇུག་ལ་མཉམ་རྗེས་མེད་པར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་རྩེ་གཅིག་ཏུ་བསྒོམས་པ་སྟེ། བསྒོམ་པ་དམིགས་བཅས་སྟོང་གཟུགས་དང་། །དམིགས་མེད་བདེ་བ་རོ་མཉམ་པ། །སེམས་ནི་མི་གཡོ་བརྟན་པར་གནས། །དངོས་པོ་ཐམས་ཅད་བདེ་བར་འཆར། །ཞེས་སྙན་རྒྱུད་ལས་གསུངས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཉམས་མྱོང་རིམ་པར་སྐྱེས་པའི་རྟགས་ཚད་ཇི་ལྟར་ཉམས་སུ་མྱོང་བའི་དོན་ངོ་སྤྲོད་ཅིང་། གེགས་སེལ་བོགས་འདོན་དང་བཅས་པའི་གདམས་ངག་མཐའ་རྒྱས་སུ་གདབ་པར་བྱ་བའོ། །དེ་ལྟར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་མན་ངག་སྙིང་པོར་དྲིལ་ནས་ཉམས་སུ་ལེན་པའི་འཁྲིད་དམིགས་སྐྱུད་བྱང་དུ་བཀོད་པ་འདི་ཡང་། འོ་དེ་གུང་རྒྱལ་གྱི་ལྷ་གཞོལ་བསམ་གཏན་དང་རྗེས་སུ་འབྲེལ་བའི་དབེན་རིར་ཟབ་མོའི་དོན་ལ་ཐུགས་གཞོལ་བའི་དགེ་སློང་དགེ་བའི་བཤེས་གཉེན་སྤོང་བ་པ་ཡོན་ཏན་


MLP014_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དར་རྒྱས་དང་། དེའི་ཉེ་བར་གནས་པ་བསྟན་འཛིན་འཕྲིན་ལས་ཟུང་གི་སྙེལ་ཐོར། སྨྱོས་ཀྱི་དགེ་སློང་རྒན་པོ་དྷརྨ་ཤྲཱིས་སྤེལ་བ་སྟེ། ཚུལ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་བླ་ན་མེད་པའི་རྒྱུར་གྱུར་ཅིག། །།

ཡང་ཏིག་གཅེས་སྒྲོན་གྱི་ཁྲིད་རྒྱུན་བཀྲ་བཟང་ལུགས་ཀྱི་ཆོས་ཐུན་རྐང་གྲངས། རིག་འཛིན་འགྱུར་མེད་རྡོ་རྗེ།


MLP014_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཏིག་གཅེས་སྒྲོན་གྱི་ཁྲིད་རྒྱུན་བཀྲ་བཟང་ལུགས་ཀྱི་ཆོས་ཐུན་རྐང་གྲངས་བཞུགས་སོ། རིག་འཛིན་འགྱུར་མེད་རྡོ་རྗེ། །ༀ་བླ་མ་ལ་ཕྱག་འཚལ་ལོ། །དེ་དང་གཉིས་སུ་མེད་པའི་རང་སེམས་གདོད་མའི་མགོན་པོ་ལ་ཡང་ཕྱག་འཚལ་ལོ། །ཡང་ཏིག་གཅེས་སྒྲོན་གྱི་ཁྲིད་རྒྱུན་བཀྲ་བཟང་པའི་ལུགས་ཀྱི་ཆོས་ཐུན་རྐང་གྲངས་ནི། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་སྔོན་འགྲོ་རྩ་བར། ཨེ་མ་ཕྱིན་ཆད་ང་ཡི་རྗེས་འཇུག་རྣམས༔སོགས་ཚིག་དྲུག །རིན་པོ་ཆེ་གནད་ཀྱིས་གཟེར་ལྔས་ཆོས་ཀྱི་སྒོ་དབྱེ་བ་ལ། ༼༡༽ལམ་ལོག་པ་ལས་ལྡོག་ཕྱིར་སྐྱབས་འགྲོ། ༼༢༽ལམ་དམན་པ་ལས་ལྡོག་ཕྱིར་སེམས་བསྐྱེད། ༼༣༽ཚོགས་བསགས་པ་མཎྜལ་ཕྱི་ནང་གསང་གསུམ། ༼༤༽སྡིག་པ་སྦྱོང་བ་རྡོར་སེམས་ཡིག་བརྒྱའི་སྒོམ་བཟླས། ༼༥༽འཁོར་བ་ལས་ངེས་པར་ཕྱུང་བ་མི་རྟག་བསྐུལ་འདེབས་དང་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་གྱི་རིམ་པ་རྣམས་སོ། །དོན་གཉིས་པ་དངོས་གཞི་ལ། བསྐྱེད་རིམ་དང་རྫོགས་རིམ་གཉིས་ཀྱི། ༼༦༽དང་པོ་ལུས་ལྷ། ༼༧༽ངག་སྔགས། སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་སྟོན་པ་དང་གསུམ། དང་པོ་ལུས་ལྷའི་དཀྱིལ་འཁོར་དུ་སྟོན་པ་ལ། རྩ་བར། མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ང་ཡི་སྐུ་འཚོབ་ཡིན་པས་གསལ་བར་སྒོམ༔ཧཱུྃ་གི་སྒྲ་གདངས་ཀྱིས་ལྷའི་དཀྱིལ་འཁོར་དུ་བསྐྱེད་པ། ༼༨༽རྣམ་པ་སྤྱི་ལ་སེམས་འཛིན། ༼༩༽བྱེ་བྲག་ལ་སེམས་འཛིན། ༼༡༠༽དག་དྲན་ལ་སེམས་འཛིན། ༼༡༡༽ང་རྒྱལ་ལ་སེམས་འཛིན་པ་རྣམས་སོ། །གཉིས་པ་ངག་སྔགས་ཀྱི་དཀྱིལ་འཁོར་ལ། ཡང་ཏིག་དཔའ་བོ་འབྲུ་གཅིག་སྔགས་ཀྱི་འབྲུ༔ང་ཡི་གསུང་འཚོབ་ཡིན་པས་རྒྱུན་དུ་ཟློས༔༼༡༢༽བསྙེན་པ། ༼༡༣༽སྒྲུབ་


MLP014_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པ། ༼༡༤༽སྒྲུབ་ཆེན། ༼༡༥༽ལས་སྦྱོར་དང་བཞིའོ། །༼༡༦༽གསུམ་པ་ཐུགས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་བལྟ་བ། སྔ་མའི་རྗེས་འབྲེལ་དུ་སྐབས་འདིར། ལུས་དཀྱིལ་སྟོན། ༼༡༧༽དོན་གཉིས་པ་རྫོགས་པའི་རིམ་པ་ལ། ༼༡༨༽བསམ་གཏན་གྱི་གཞི་བཅའ་བ། ལུས་ཀྱི་གནད་ནི་མཉམ་བཞག་དྲང་པོར་བསྲང་༔སོགས་ཚིག་ལྔ། ༼༡༩༽རང་སེམས་བླ་མར་བསྲེ་བ། ཐོ་རེངས་དུས་ནས་ཧཱུྃ་གི་སྣང་གླུ་བླང་༔སོགས་ཚིགས་དྲུག །དེའི་གེགས་སེལ་བཞི་ལས། དང་པོ་གཏི་མུག་གི་བྱིང་བ་སེལ་བ། དེ་ལ་སྒོམ་གྱི་རྐྱེན་ལྔ་བསལ་བ། བྱིངས་ཤིང་འཐིབ་ན་གཏི་མུག་ལས་ངན་སློང་༔སོགས་བཞི། ༼༢༠༽གནས་སོགས་ཀྱིས་སེལ་བ། ༼༢༡༽དམིགས་པས་སེལ་བ། གུ་རུ་དམར་སྨུག་མདངས་ལྡན་བདག་ལ་བསྟིམ༔སོགས་གསུམ། ༼༢༢༽གཉིས་པ་ཞེ་སྡང་གི་རྒོད་པ་སེལ་བ། རྣམ་རྟོག་རྒོད་ཅིང་ཧྲག་ན་ཞེ་སྡང་སློང་༔སོགས་དགུ། གསུམ་པ་འདོད་ཆགས་ཀྱི་རྒོད་པ་སེལ་བ། ཤེས་པ་རྗེ་འཁོར་སོགས་གཉིས། ༼༢༣༽གཏུམ་མོས་སེལ་བ། ལྟེ་བའི་འོག་ནས་མེ་བྱུང་སོགས་བཞི། ༼༢༤༽དམིགས་པས་སེལ་བ། གུ་རུ་མཐིང་ནག་སོགས་གསུམ། ༼༢༥༽བཞི་པ་དུག་གསུམ་ཆ་མཉམ་གྱི་གེགས་སེལ་བ། གཏད་མེད་བསྒོམ་དང་ཤེས་པ་རྗེ་འཁོར་ནས་སོགས་བཅུ་བཞི། ༼༢༦༽འཁྲུལ་སྣང་སྟོང་པར་བལྟ་བ་དང་། མན་ཤེལ་སོགས་ཀྱིས་སེལ་བ། ནམ་མཁའ་མན་ཤེལ་དག་ལ་ཤེས་པ་གཏད༔སོགས་གསུམ། ༼༢༧༽ཞི་གནས་ཀྱི་བསྒོམ་གྱི་གཞི་བཅའ་བ། གུ་རུ་འོད་ཟེར་ལྔ་ལྡན་བདག་ལ་བསྟིམ༔སོགས་བཅུ་གཉིས། ༼༢༨༽ལྷག་མཐོང་གིས་རྩལ་སྦྱང་བ། དེ་ལ་ཞེན་ནས་རིག་པ་འཐས་པ་ན༔སོགས་ཚིག་ཞེ་བདུན། ༼༢༩༽སེམས་ཀྱི་བྱུང་ས་བལྟ་བ། དེ་ནས་རྣལ་འབྱོར་སེམས་ཀྱི་སོགས་བཞི། ༼༣༠༽གཟུགས་སོགས་ལ་བལྟ་བ། ༼༣༡༽སེམས་ཀྱི་འགྲོ་ས་བལྟ་བ། དེ་ནས་ཞག་གསུམ་སེམས་ཀྱིས་འགྲོ་ས་སོགས་བཞི། ༼༣༢༽གནས་ལུགས་རྟོགས་ནས་མཉམ་བཞག་བྱ། ངེས་པར་རྟོགས་ནས་སེམས་ཀྱི་ངོ་བོ་འདི༔སོགས་བཅོ་བརྒྱད། དོན་གསུམ་པ་རྗེས་ཀྱི་རིམ་པ་ལྔ་ལས། ༼༣༣༽དང་པོ་ནམ་མཁའ་དཔེས་ངོ་བོ་ཉིད་དུ་ངོ་སྤྲོད་པ། རིགས་ཀྱི་བུ་སྣང་སྲིད་འཁོར་འདས་སོགས། གཉིས་པ་མན་ཤེལ་གྱིས་མདངས་འགགས་མེད་དུ་ངོ་སྤྲོད་པ། རིགས་ཀྱི་བུ་ཉོན་ཅིག་སོགས། གསུམ་པ་སྙིང་གར་མཛུབ་མོ་བཙུགས་པའི་དཔེས་རང་སེམས་གདོད་མའི་མགོན་པོར་ངོ་སྤྲོད་པ། རིགས་ཀྱི་བུ་ལུས་མཉམ་པར་ཞོག་སོགས། མཐའ་བརྟེན་དུ་ཕྱི་གཟུང་ཡུལ་དང་


MLP014_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ནང་འཛིན་སེམས་གཞི་མེད་རྩ་བྲལ་དུ་དག་པ། ད་ཕྱི་གཟུང་བའི་ཡུལ་ཇི་ལྟར་དག་ན་སོགས། བར་དུ་འོད་གསལ་མ་བུ་སྤྲོད་པ། བར་དུ་འོད་གསལ་མ་བུ་འཕྲོད་པ་རང་ངོ་ཤེས་པ་སོགས་ཨོ་རྒྱན་པདྨ་འབྱུང་གནས་བདག་སོགས་སོ། །རྗེས་གཏད་རྒྱས་གདབ་པའོ། །དེ་ལྟར་དམིགས་རིམ་གྱི་ས་བཅད་དཀྱུས་དང་། གཞུང་རྣམས་མཆན་དུ་བཀོད་པ་བཀྲ་བཟང་པའི་ལུགས་སོར་བཞག་དང་ནུབ་དགོན་པའི་ལུགས་ལ་བསྐྱེད་རིམ་གྱི་སྐབས་སུ་རྗེས་གཞིག་དང་རིལ་འཛིན་གྱི་དམིགས་སྐོར་བརླན་པར་བྱས་པ་ཡིན་ནོ། །ཞེས་པའང་འགྱུར་མེད་རྡོ་རྗེས་སོ།། །།

གསང་ཆེན་བཀའ་མའི་བསྟན་བཅོས་རྣམས་ཀྱི་དཀར་ཆག་ནོར་བུའི་དོ་ཤལ། །ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆེན་བཀའ་མའི་བསྟན་བཅོས་རྣམས་ཀྱི་དཀར་ཆག་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། གསང་ཆེན་བཀའ་མའི་བསྟན་བཅོས་རྣམས་ཀྱི་དཀར་ཆག་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དགོངས་འགྲེལ་གྱི་བསྟན་བཅོས་རྒྱ་འགྱུར་སྐོར་ལ་གཉིས་ཀྱི། དང་པོ་ཐོས་པའི་ཤེས་རབ་ལ་བརྟེན་ཏེ་རྒྱུད་དྲང་ཐད་དུ་གཏན་ལ་འབེབས་པའི་མན་ངག་འགྲེལ་བཤད་དང་སྤྱི་དོན་གྱི་སྐོར་ལ། རྩ་རྒྱུད་ལ། སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པའི་ཊཱི་ཀ་རིན་ཆེན་སྤར་ཁབ༵། བི་མ་ལའི་པཎྜིརྠ༵། ཉིན་བྱེད་སེང་གེའི་རྒྱ་ཆེར་འགྲེལ༵། སངས་རྒྱས་གསང་བའི་རྣམ་དབྱེ་འགྲེལ། པདྨའི་རྣམ་བཤད་ཆེན་མོ། ཙནྡྲ་གོ་མིའི་རྒྱ་མདུད་འགྲེལ། ལེའུ་ཉེར་བཞི་པའི་རྒྱ་འགྲེལ་དོན་གསལ་བར་བྱེད་པ་ཞེས་འདི་ཁ་ཆེ་ཨ་ནནྟའི་ཡིན་ཡང་ཟེར་རོ། །བྱ་བ། བཤད་རྒྱུད་ལ། བི་མ་ལའི་སྒྲུ་འཕྲུལ་བླ་མའི་འགྲེལ་པ་མུན་སེལ་སྒྲོན་མ། ལེ་ལག་གི་སྤྱན་རྣམ་པར་འགྲེལ་པ། བརྒྱད་ཅུ་པའི་བསྡུས་འགྲེལ་ཆ་མཐུན་གྱི་རྒྱུད། ཐབས་ཞགས་པདྨའི་ཕྲེང་བ། པདྨ་འབྱུང་གནས་ཀྱིས་དོན་བསྡུས་པའི་འགྲེལ་པ་དང་། བི་མ་ལའི་འགྲེལ་པ་རྣམས་སོ། །རྒྱུད་ཀྱི་སྤྱིའི་དོན་ཁོག་དབུབ་ཀྱི་སྐོར་ལ། སྒེག་པའི་སྒྱུ་འཕྲུལ་གྱི་སྤྱི་གཅོད་ཐུགས་ཀྱི་ཐིག་པ༵། བི་མ་ལའི་ཁོག་གཞུང་གས༵ལ་སྒྲོན། ཁོག་གཞུང་གསལ་སྒྲོན་བྱེ་བྲག་ཏུ་བསྟན་པ་ལས༵། སྒྱུ་འཕྲུལ་དྲྭ་བ་རིན་པོ་ཆེ་འོད་ཀྱི་སྣང་བ༵། སྒྱུ་འཕྲུལ་དྲྭ་བ་གསལ་བའི་མེ་ལོང་རྣམས་སོ། །གཉིས་པ་སྒོམ་པའི་ཤེས་རབ་ལ་བརྟེན་ནས་རྒྱུད་མངོན་རྟོགས་སུ་བརླབ་ཅིང་ཉམས་སུ་ལེན་པའི་མན་ངག་ནི། ཡོངས་ཤེས་ཀྱི་དངོས་པོ་ཁ་ཡར་:ལ༼པ་༽སྟོན་པ་ནས་བསྟན་བཅོས་ཕྲ་མོའི་སྐོར་རྣམས་ཏེ། དེ་ཡང་བཅུ་ལས། དང་པོ་ལྟ་བ་གཙོ་བོར་སྟོན་པའི་མན་ངག་


MLP014_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སློབ་དཔོན་བཞད་པ་རྡོ་རྗེས་མཛད་པའི་ལ་ཤན་ལྟ་བའི་སྒྲོན་མ་རྩ༵་འགྲེ༵ལ། འཇམ་དཔལ་བཤེས་གཉེན་གྱི་ལྟ་བ་རྣམ་བཀོད། ཀླུ་སྒྲུབ་ཀྱི་གཡུ་གདངས་སྤྲས་ད༵གུ། པདྨའི་མན་ངག་ལྟ་ཕྲེང་རྩ་ཕྲེ༵ང་། ཤྲཱི་སིངྷའི་ཐུགས་ཀྱི་སྒོ་ལྕག༵ས། བདེ་བ་གསལ་མཛད་ཐེག་ཆེན་ཤེས་རབ་ཀྱི་རིམ་པ། དྷརྨ་བོ་དྷིའི་ཤེས་རབ་སྒྲོན་མེ་དང་བཀོལ་མདོ་རྣམས་ཏེ། འདི་དག་ནི། ཐེག་པ་ཐམས་ཅད་ཀྱི་ལྟ་གྲུབ་སྟོན་པས་སྤྱི་ལ་ཁྱབ་པའི་མན་ངག་ཅེས་ཀྱང་གདགས་སོ། །བྱེ་བྲག་གི་སྐོར། བི་མ་ལའི་རང་སྤྱི་གཏན་ལ་འབེབས་པ་མཚན་ཉིད་སྒྲོན་མེ༵། ཐེག་པའི་བརྡར་ཤ་གཅོད་པ་ཐུགས་ཀྱི་སྒྲོན་མ། ངེས་དོན་གྱི་ལྟ་བ་བཙལ་བ་ཡང་དག་སྒྲོན་མེ། གཏན་ཚིག་སྒྲོན་མེ་རྩ་འགྲེལ། ཤེས་རབ་སྤྱན་འབྱེད་རྣམ༵ས་སོ། །གཉིས་པ། སྤྱོད་པ་གཙོ་བོར་སྟོན་པའི་མན་ངག་ནི། སྤྱོད་བསྡུས་སྒྲོན་མ་དང་། རྡོ་རྗེ་འཇམ་མགོན་ནོ། །གསུམ་པ་དཀྱིལ་འཁོར་ནི། ལྷག་པ་གཟུགས་བརྙན་གྱི་དབང་དུ་བྱས་ཏེ། སངས་རྒྱས་གསང་བའི་ཞུ་བའི་ཐོག་མར། དཀྱིལ་འཁོར་ཆོས་དོན། བི་མ་ལའི་ཐིག་གི་པཎྜིརྠ༵། འདི་སངས་རྒྱས་གསང་བའི་ཡིན་ཟེར་རོ། །བཞི་པ་དབང་གཙོ་བོར་སྟོན་པའི་མན་ངག་ནི། བི་མ་ལའི་བསྲེ་བའི་ལས་རིམ་དང་། བསྲེ་བའི་ཐོ་བྱ༵ང་། སངས་རྒྱས་གསང་བའི་ཞི་བ་རྡོ་རྗེ་ལས་རིམ་དངོས་པོ་གཉིས་པ༵། དེའི་འགྲེལ་པ་བི་མ་ལས་མཛ༵ད་པ། སངས་རྒྱས་གསང་བའི་ཁྲོ་བོ་རྡོ་རྗེའི་ལས་རི༵མ། དེས་མཛད་པའི་དབང་གི་ངེས་པར་འབྱེད་པ། དབང་གི་གལ་པོ་རྩ་འགྲེལ། རྡོ་རྗེ་གྲོ་ལོད་ཀྱིས་མཛད་པའི་གལ་པོའི་འགྲེལ་པ་མི་འཇིགས་ཕྲེང་བ། སྒེག་རྡོར་གྱི་ཐུགས་ཀྱི་ཐིག་པ་རྩ་འགྲེལ། ཛི་ན་མི་ཏྲ་ཐུགས་ཐིག་གི་འགྲེལ་བ་རིན་པོ་ཆེ་སྣང་བ། སྒེག་རྡོར་གྱི་སྒྱུ་འཕྲུལ་དྲྭ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་བ། བི་མ་ལའི་སྒྱུ་འཕྲུལ་འཇམ་ཐི༵ག །ཐུགས་ཐིག །གསང་ཐིག་རྩ་འགྲེ༵ལ། དབང་ཅིག་ཅར་འཇུག་པ་མན་ངག །དབང་རྒྱུད་རྩ་འགྲེལ། རྣ་བརྒྱུད་རྡོ་རྗེ་ཟམ་པ། བརྒྱུད་པ་སྙིང་གི་སྒྲོན་མེ། རང་ལུས་ཐབས་ལྡན། གཞན་ལུས་ཤེས་རབ་འཁོར་ལོ༵།


MLP014_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་ཕྱག་རྒྱའི་མན་ང༵ག །གཏུམ་མོའི་མེ་དབང་ཆེ་ཆུང་། སྒྲོལ་མ་རླུང་གི་མན་ངག་རྣམས་བི་མ་ལས་མཛད་པ། ཨིནྡྲ་བོ་དྷིའི་རིན་ཆེན་འཁོར་ལོ། ཡེ་ཤེས་ཞབས་ཀྱི་ཡེ་ཤེས་སྣང་བ། རིན་ཆེན་ཕྲེང་བ་རྣམས་སོ། །ལྔ་པ་དམ་ཚིག་སྟོན་པའི་མན་ངག་ནི། བསྲུང་བྱའི་དམིགས་པ་གཙོ་བོར་སྟོན་པ་དམ་ཚིག་རྡོ་རྗེ་གསལ་བཀྲ༵། རྣམ་གྲངས་གཙོ་བོར་སྟོན་པ་ཕྲ་རྒྱས༵། བཤགས་པ་གཙོ་བོར་སྟོན་པ་རྒྱུན་བཤགས་གསུམ་སྒེག་པ་རྡོ་རྗེས་མཛད་པ། སྠི་ར་མ་ཏིས་མཛད་པའི་དམ་ཚིག་ཉི་ཤུ་རྩ་བརྒྱད་པ་རྩ་འགྲེལ། དམ་ཚིག་རིན་ཆེན་གཏེར། བི་མ་ལའི་མཆོད་རྟེན་རིས། མིག་མང་རིས། ཤེལ་སྒོང་རིས། ཤེལ་གྱི་སྐྲས་ཆེན། ཁྲུས་ལུང་རྒྱལ་མཚན་རྣམས་དང་། ཀུན་སྙིང་གི་གཅན་འཕྲང་ཆེན་པོ་རྣམས་སོ། །དྲུག་པ་ཕྲིན་ལས་གཙོ་བོར་སྟོན་པའི་མན་ངག་ནི། དུར་ཁྲོད་བདེ་བའི་དཔེ་ཆུང་རང་གན༵ས། དེའི་འགྲེལ་པ་བི་མ་ལས་མཛ༵ད་པ། དུར་ཁྲོད་བདེ་བའི་གནས་ཀྱི་མདོ་བྱང་། བི་མ་ལའི་ཚིག་རྐང་བཅུ་ད༵གུ་པ། དཀྱིལ་འཁོར་རྒྱན་གྱི་ལུང་ཕྲ༵ན། བུམ་པའི་ལུང་ཕྲ༵ན། རྣམ་ཤེས་དགུག་པ་གཏན་ཚིག་གི་ལུང་ཕྲ༵ན། ཐུགས་རྗེ་ཆེན་པོ་སྦྱང་བའི་ལུང་ཕྲ༵ན། ཐབས་ཤེས་མདའ་གཞུའི་ལུང་ཕྲ༵ན། མཆོད་རྟེན་གདབ་པ་རུས་ཆོག་གི་ལུང་ཕྲན༵། ཧཱུྃ་ཉིད་རིང་པོར་སྤར་བའི་ལུང་ཕྲ༵ན་རྣམས་བི་མ་ལས་མཛད་པ། གཤིན་བླ་བབ་པ༵། རྟོག་པ་གྲི་འདུལ༵། སྦུག་འཇུག་བཤིག་པ་རྣམས་པདྨས་མཛ༵ད་པ། བི་མ་ལའི་རོ་བསྲེག་གལ་ཕྲ༵ང་། སྲེག་ཆོག་གེགས་སེ༵ལ། རོ་བསྲེག་མདོར་བསྡུས། དུར་ཁྲོད་བདེ་བའི་ཕྲིན་ལས་རོལ་པའི་སྒྲུབ་ཐབས། ཡེ་ཤེས་མཚོ་ཆེན། དྲག་པོ་འདུལ་བྱེད་རྣམས་དང་། བི་མ་ལའི་སྦྱིན་སྲེག་གི་རིམ་པ་མདོར་བསྡུས་པ༵། ཧོམ་གྱི་ལས་རི༵མ། ལུ་གུ་རྒྱུད་ཀྱི་ལས་རི༵མ། རྫས་ཀྱི་ལས་རིམ། གནས་སྲེག་ཐུན་མོང་པ། རབ་གནས་ལས་རི༵མ། སྐུ་གདུང་ལས་ཕྲ༵ང་། རྒྱལ་བཟང་གི་རབ་གནས་རྩ་བ༵་རྣམས་སོ། །བདུན་པ་སྒྲུབ་པ་གཙོ་བོར་སྟོན་པའི་མན་ངག་ནི། སངས་རྒྱས་གསང་བའི་ལམ་རྣམ་


MLP014_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཀོད་པ་ཞེས་བྱ་བ་ལམ་རིམ་ཆེ༵ན་མོ། ཨིནྡྲ་བོ་དྷིའི་མན་ངག་རྣམ་པར་བཀོད་པ༵། སྒེག་པ་རྡོ་རྗེའི་རི༵མ་དྲུག །དེའི་འགྲེལ་པ་རིན་ཆེན་ཕྲ་བཀོད་བི༵་མ་ལས་མཛད་པ། སངས་རྒྱས་གསང་བའི་ལམ་རིམ་ཆུང་བ་ལམ་བཤད་པ་ཞེས་བྱ་བ༵། བི་མ་ལའི་རིམ་པ་གསུམ་པ༵། དེའི་འགྲེལ་པ༵། སྒྱུ་འཕྲུལ་མེ་ལོང་འོ༵ད་ལྡན་བི་མའི་གསུང་། ཨིནྡྲ་བོ་དྷིའི་རིམ་པ་གཉི༵ས་པ། སངས་རྒྱས་གསང་བའི་ཞི་ཁྲོའི་བསྐྱེད་རྫོགས་ཀྱི་མན་ངག་སྒྱུ་འཕྲུལ་འོད་ཕྲེང་། སྒྱུ་འཕྲུལ་དོན་སྙིང་གསང་བ་རྣམས་ཀྱི་བསྐྱེད་རྫོགས་གཉིས་ཀ་སྟོན་པའི་གཞུང་དང་། བི་མ་ལའི་ཞི་བ་རྟོག་པ༵་ལྷ་རྒྱུད་དང་། ཁྲོ་བོ་རྟོག་པ་ལྷ་རྒྱུད༵་གཉིས་འགྲེ༵ལ་པ་དང་བཅས་པ། ཆོ་ག་བསྡུས་པའི་སྒྲོན་མ། སྒྱུ་འཕྲུལ་ཚོགས་ཀྱི་འཁོ༵ར་ལོ་རྣམས་ནི་ཞི་ཁྲོ་ཐུན་མོང་པའོ། །བི་མ་ལའི་ཞི་བ་རྒྱས་པའི་སྒྲུབ་ཐབས་འོད་ཀྱི་རིམ་པ༵། འབྲིང་པོ་རིན་ཆེན་དྲྭ་བ༵། མེ་ལོང་ལྟ་བུའི་སྒྲུབ་ཐབ༵ས། ཛི་ནའི་རྒྱུད་དོན་གསལ་བྱེད། སངས་རྒྱས་གསང་བའི་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་དྲྭ་ཆུ༵ང་། དེའི་འགྲེལ་པ་བི་མ་ལས་མཛད་པ། རྒྱལ་བཟང་གིས་བསྡུས་པའི་སྒྲུབ་ཐབས་འོད་ཀྱི་ཕྱག༵་རྒྱ་རྣམས་ནི་ཞི་བའི་ལས་རིམ་མོ། །ཁྲོ་བོ་ལ། བི་མ་ལས་མཛད་པའི་རྒྱས་པའི་སྒྲུབ་ཐབས་ཧེ་རུ་ཀ་གལ༵་ཕྲེང་། འབྲིང་པོའི་སྒྲུབ་ཐབས་ཁྲོ་བོ་ཡང་དག་སྒྲོན་མ༵། བསྡུས་པ་སྒྲུབ་ཐབས་ཤེས་རབ་སྒྲོན་མ། སངས་རྒྱས་གསང་བའི་ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་སྣང་བ་དམ་པ༵་རྒྱན། དེའི་འགྲེལ་པ་བི་མ་ལས་མཛད་པ་རྣམས་སོ། །བརྒྱད་པ་ཏིང་ངེ་འཛིན་གཙོ་བོར་སྟོན་པའི་མན་ངག་ནི། བི་མ་ལའི་ཕྱག་རྒྱ་བསམ་གཏན། ལྷ་སྐུ་མངོན་སྣང་། ཕྱག་རྒྱ་བཞི་པའི་བས༵མ་གཏན། ཁྲོ་བོ་ཕྱག་རྒྱ་གཅིག་པ་ཆེ་ཆུང་། སངས་རྒྱས་གསང་བའི་ཧེ་རུ་ཀ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས། ཁྲོ་བོ་ཕྱག་རྒྱ་བསམ་གཏན། བི་མ་ལའི་རྩེ་གཅིག་བསྡུས་པ་རྣམས་ནི་མཚན་བཅས་གཙོ་བོར་སྟོན་པའོ། །བི་མ་ལའི་སྤྱོད་ཡུལ་ཞི་བའི་བསམ་གཏན། སྤྱོད་ཡུལ་སྦྱོང་བའི་བསམ་གཏན། རྣམ་པར་མི་རྟོག་པའི་སྒོམ་ལུགས། ཏིང་འཛིན་སྒྲོལ་མའི་བསམ་གཏན། རིག་པ་སྒྲོལ་མའི་བསམ་གཏན། ཡང་དག་ཞི་བའི་བསམ་གཏན། ཧཱུྃ་གི་རོལ་པའི་མན་ངག །སངས་རྒྱས་གསང་བའི་སེམས་དོན་བསྡུས་


MLP014_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་གཏན། སེམས་དོན་རབ་འབྱེད། པདྨའི་འཕྲུལ་གྱི་མེ་ལོང་། དུར་ཁྲོད་བདེ་བའི་རྨི་ལམ་གྱི་མན་ངག་བྲི་དོན་རྣམ་པར་སྦྱོང་བ་རྣམས་ནི་མཚན་མེད་གཙོ་བོར་སྟོན་པའི་ཏིང་ངེ་འཛིན་ནོ། །དགུ་པ་མཆོད་པ་གཙོ་བོར་སྟོན་པའི་མན་ངག་ནི། སངས་རྒྱས་གསང་བའི་རྣལ་འབྱོར་གཏོར་མའི་རིམ་པ། སློབ་དཔོན་པདྨའི་ཟ་ཚོ༵གས། དུར་ཁྲོད་བདེ་བའི་ཟ་ཚོགས་གཏོར༵་ལུང་། ཧེ་ཆེན། ཧེ་ཆུང་། གཡོས་ཡིག་ཆེ་ཆུང་། བི་མ་ལའི་ཐབས་མཆོག་དཔག་གིས་མི་ལང་བ། ཐབས་མཆོག་དབྱིག་གི་སྒྲོན་མ་རྣམས་སོ། །བཅུ་པ་སྔགས་དང་ཕྱག་རྒྱ་ལ་མན་ངག་གི་ཡི་གེ་ཟུར་པའི་རྒྱ་འགྱུར་མེད་གསུངས་སོ། །ཡང་རྒྱ་འགྱུར་དང་བཀའ་བཙན་མི་བཙན་འདྲ་བའི་བོད་ཀྱི་བསྟན་བཅོས་ལ། རྒྱུད་ཀྱི་འགྲེལ་སྐོར། རྨ་རིན་ཆེན་མཆོག་གི་བཤད་ཐབས་བཅུ་པ། ལོ་ཆེན་བཻ་རོས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ། བརྒྱད་ཅུ་པའི་གནུབས་སངས་རྒྱས་ཡེ་ཤེས་ཀྱི་མངོན་རྟོགས་འགྲེལ། ཕྲ་མོའི་ནང་མཚན་ལྟ་བ་ལ། བཻ་རོའི་བསྟན་པའི་སྙིང་པོ༵། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་སྣང་བ་བཅུ་བདུན་མ༵། ཛྙཱ་ནའི་འཕྲུལ་གྱི་མེ་ལོང་དགུ་བསྐོར་རྩ༵་འགྲེ༵ལ། འདི་ད་ལྟའི་དཔེ་རྒྱུན་ལ་བི་མ་ལའི་ཡིན་ཟེར་ཡང་དཀར་ཆག་རྙིང་པ་རྣམས་ན་ཛྙཱ་ནའི་ཡིན་པར་བཤད། གཉན་དཔལ་དབྱངས་ཀྱིས་མཛད་པའི་ཐུགས་ཀྱི་སྒྲོན་མ༵། ལྟ་བ་ཡང་དག་སྒྲོན་མ༵། མཐའི་མུན་སེལ་སྒྲོན་མ༵། ཐབས་ཤེས་སྒྲོན་མ༵། རྣལ་འབྱོར་སྤྱོད་པའི་ལུགས་ངེས་དོན་ལ་ཇི་བཞིན་སྒོམ་ཐབ༵ས། ལྟ་བ་རིན་ཆེན་སྒྲོན་མ་སྟེ་སྒྲོན་མ་དྲུག་གོ༵། དབང་ལ། རྨ་རིན་ཆེན་མཆོག་གི་ངེས་འབྱེད་ཆེ་བ། དམ་ཚིག་ལ་དར་རྗེའི་ཁྲུས་ལུང་། ཕྲིན་ལས་ལ་གཉགས་ཛྙཱ་ནའི་ས་ལམ་ལུང་ཕྲན་དང་། བཅོལ་དང་བསྐང་བའི་ལུང་ཕྲན། གནས་ཀྱི་གེགས་སེལ་བཅོ་བ༵རྒྱད་རྣམས་སོ། །སྒྲུབ་པ་ལ། ནམ་སྙིང་གི་ཞི་ཁྲོ་ལས་ཀྱི་གལ་ཕྲེང་། ཏིང་འཛིན་ལ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པ་རྣམས་ཏེ། གཞན་ཟུར་ཆེ་ཆུང་གི་བསྟན་བཅོས་རྣམས་དེ་དང་འདྲ་མོད་ཀྱང་། འདྲི་བར་མ་ནུས་སོ། །


MLP014_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལུང་ཨ་ནུ་ཡོ་ག་འདུས་པ་ཆེན་པོ་མདོའི་སྐོར་ལ། རྒྱལ་པོ་ཛཿས་མཛད་པའི་སྤྱི་མདོའི་འགྲེལ་པ་ལུང་བསྟན་མར་གྲགས་པ། མདོ་འགྲེལ་སྨན་པ་ལྕགས་འགྲོལ་དང་། ཡེ་ཤེས་སྣང་བ་དམ་པ་རྒྱན། དྷརྨ་བོ་དྷིའི་མདོའི་དོན་བསྡུས༵། སྠི་ར་མ་ཏིའི་སྐབས་འགྲེལ་རྣམ་པར་བཤད་པ། སྐབས་འགྲེལ་བྱེ་བྲག་ཏུ་བཤད་པ༵། མདོའི་དཀའ་གཅོད། ཐེག་པ་གསལ་བྱེད་སྒྲོན་མེ། ཧཱུྃ་ཀ་རའི་རྒྱ་མདུད་འགྲེལ་དང་། མདོ་འགྲེལ་རྣལ་འབྱོར་པ་སྒྲོན་མེ། བདེ་བ་གསལ་མཛད་ཀྱི་རྣལ་འབྱོར་རིམ་པ་དང་། ཐེག་ཆེན་སྒྲོན་མེ། ཤནྟ་རཀྵི་ཏའི་སེར་ཀ་ཡིག་ཆུང་། རྡོ་རྗེ་བཞད་པའི་མདོའི་མན་ངག །བོད་དུ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་མདོའི་འགྲེལ་པ་མུན་པའི་གོ་ཆ༵། དཀའ་གཅོད་སྨྲ་བའི་མཚོན་ཆ། སྐ་བ་དཔལ་བརྩེགས་ཀྱི་མདོའི་དཀའ་འགྲེལ་མི་ཤེས་མདུད་འགྲོལ་རྣམས་བཞུགས་སོ། །འདི་མཁན་ཆེན་ལོ་ཙ་བ་དྷརྨ་ཤྲཱིས་སྒྱུ་འཕྲུལ་ཕྲ་མོའི་སྐོར་གྱི་དཀར་ཆག་དུ་མཛད་པ་ལགས་ཀྱང་ད་དུང་འདིར་མ་འཁོད་པའང་དུ་མ་ཡོད་པར་སེ་སྟོན་དཀར་ཆག་སོགས་སུ་གསལ། གོང་གི་ཟླ་ཚེས་རྟགས་ཅན་རྣམས་དེང་སང་དཔེ་བཞུགས་པ་རྣམས་ཡིན། འདིར་འཁོད་རྟགས་མེད་རྣམས་རྙིང་བསྟན་འཛིན་པའི་སྐྱེས་བུ་རྣམས་ཀྱིས་དཔེ་བཙལ་ཐུགས་བརྩོན་མཛད་པར་ཞུའོ།