cover

སྔ་འགྱུར་སྨིན་གླིང་དཔེ་ཚོགས།

པོད་ཉེར་བཞི་པ།

རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།

འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་ཡིག་བཀླགས་པས་ཀུན་ཤེས། ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་ཡིག་བཀླགས་པས་ཀུན་ཤེས་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་ཡིག་བཀླགས་པས་ཀུན་ཤེས་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་ར་ཡ། འདིར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་པ་ཇི་ལྟར་བྱ་བའི་རིམ་པ་ནི། གནས་དབེན་ཞིང་ཡིད་དང་མཐུན་པའི་གནས་ཇི་སྲིད་མཚམས་ཀྱི་བྱ་བ་མ་རྫོགས་ཀྱི་བར་དུ་མཚམས་གློ་བུར་དུ་གྲོལ་དགོས་པའི་རྐྱེན་མི་འབྱུང་བའི་སར་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། དང་པོར་ཞག་འགའི་རིང་མཚམས་ཀྱི་ཁྲིགས་ཁ་དམ་པོ་མིན་ཙམ་གྱིས། སྐྱབས་སེམས། ཡིག་བརྒྱ། ཕྱག་མཆོད་བླ་མའི་རྣལ་འབྱོར་སོགས་ཀྱི་ཆོས་སྤྱོད་ཅི་འགྲུབ་རེ་ཉི་མ་གཉིས་གསུམ་སོགས་ལོང་སྐབས་དང་སྦྱར་བ་དང་། གཞན་ཡང་བླ་མ་དང་དཀོན་མཆོག་ལ་མཆོད་འབུལ་དང་། དགེ་འདུན་སོགས་ལ་བསྙེན་བཀུར་ཚོགས་བསག་གི་སྟོན་མོ་དང་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་གསོལ་འདེབས་དང་སྨོན་ལམ་གདབ་པ་ཡང་བྱ་ཞིང་། དེ་ནས་བདག་ཉིད་རྟ་མགྲིན་དུ་གསལ་བཏབ་དེའི་བཟླས་པ་ཅི་ནུས་བྱས་ནས། ས་གཞིའི་བདག་པོ་ལ་གཏོར་མ་ཕུལ་ཏེ་ས་བསླང་བ། ས་གཞིར་དྲི་ཆུ་འཐོར་ཞིང་སྦྱང་བ། བགེགས་བསྐྲད་པ། རྒྱལ་ཆེན་གྱི་ཐོ་བརྩིག་པ། དམ་སྲི་མནན་པ། སྒོ་བྱང་གདགས་པ། ཁྲོ་བཅུའི་ཕུར་གདབ་རྣམས་འབྱོར་ན་དབང་ཆོག་གི་དཀྱུས་བཞིན་བྱ། དེ་ཙམ་མ་འབྱོར་ན་གཞི་བགེགས་ལ་གཏོར་མ་བཏང་ནས་འཕྲིན་ལས་བཅོལ་བ་དང་གཞན་དུ་བསྐྲད་རྗེས། ཐོ་བརྩིག་ལྷར་བསྐྱེད་བསྟིམ་འཕྲིན་ལས་བཅོལ་བརྟན་བཞུགས་བྱ། དེ་ཕྱིན་ཆད་མཚམས་ཐོའི་ཕྱིར་མི་འགྲོ། དེ་ནས་སྒྲུབ་ཁང་གི་ནུབ་ངོས་སུ་ཤར་དུ་བལྟ་བའི་སྟེགས་བུ་གྲུ་བཞི་པ་ཁྱད་པར་གྱི་རྫས་ཀྱིས་ཆག་ཆག་བཏབ་སྟེ་ཁར་རྡུལ་ཚོན་གྱིས་དཀྱིལ་འཁོར་དབང་ཆོག་ལྟར་བྲིས་པའམ། ཡང་ན་སྟེགས་བུ་ཁེབ་


MLP024_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀབ་པའི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་འགྲམ། དེའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དང་ལྡན་པའི་ཁར་ཐོད་པ་དུམ་བུ་གཅིག་པའི་ནང་ལ་ཁྱད་པར་གྱི་རྫས་ཀྱིས་ཆོས་འབྱུང་བསྣོལ་མ་ལྟེ་བ་པད་འདབ་བཞི་མུ་ཁྱུད་དང་བཅས་བྲིས་པའི་ལྷ་གནས་སུ་སོ་སོའི་སྔགས་དང་ཆོས་འབྱུང་གི་ཟུར་དྲུག་ལ་གཡུང་དྲུང་བྲིས་པའི་ནང་དུ་རྫས་ཀྱི་རིལ་བུས་གང་བའམ། མ་འབྱོར་ན་རིན་ཆེན་འབྲུ་སྨན་དྲི་བཟང་རྫས་སྣ་ཚོགས་ཀྱིས་བཀང་བའི་དབུས་སུ་རྫས་ཀྱི་རིལ་བུ་བརྒྱ་ཕྲག་ལས་མི་ཉུང་བ་དར་དམར་པོས་གྲིལ་བ་སྙིང་པོར་གཞུག ཐོད་པའི་ཁ་དར་དམར་གྱིས་བཀབ་པའི་ཁར་མེ་ལོང་ལ་སིནྡྷུ་རའི་མནྜལ་གཡོན་པའི་མཐེབ་སྲིན་གྱིས་ཐོད་པའི་མནྜལ་ལྟར་བྲིས་པ་བཞག དེ་རྣམས་ཀྱི་སྟེང་ནས་སྨྱུག་མའི་སྒྲོམ་ལ་བརྟེན་པའི་དར་དམར་པོའི་ལྡིང་གུར་ཕུབ། དཀྱིལ་འཁོར་གྱི་ཤར་དུ་སྨན་རཀ་གཏོར་གསུམ་དང་མཐའ་མཆོད་པས་བསྐོར། དཀྱིལ་འཁོར་ལ་ཕྱོགས་པར་རང་གི་ཁ་ནུབ་ཏུ་བལྟ་བའི་སྟན་ནང་ཚངས་ཅན་བཏིང་བའི་འོག་ཏུ་གཡུང་དྲུང་བྲི། མདུན་དུ་རྡོ་དྲིལ་ནང་མཆོད་སོགས་ཉེར་མཁོ་རྣམས་ཚོགས་པར་བྱས། གསང་རྟེན་གྱི་འཁོར་ལོ་ལུས་ལ་བཅང་བ་སོགས་གཤོམ་རྣམས་ལེགས་པར་ཚང་བར་བྱས་ནས། དགོང་ཐུན་གྱི་ཆ་ཉི་མའི་ཕྱི་དྲོར་བབས་པ་ན་སྟན་ལ་འཁོད་དེ་ཐོག་མར་བགེགས་གཏོར་བཤམས་བྱིན་གྱིས་བརླབས་ནས་ལས་བྱང་བཞིན་ཕྱིར་བཏང་ལ་ཏིང་ངེ་འཛིན་གྱི་ངར་དང་ལྡན་པས་དྲག་སྔགས་བཟླ་ཞིང་ཐུན་བྲབ་གུ་གུལ་གྱིས་བདུག་པ་སོགས་བུངས་བསྐྱེད་དེ་བྱ། དེ་ནས་ང་ནི་བདེ་གཤེགས་སོགས་ཀྱིས་མཚམས་གཅོད་སྲུང་བའི་འཁོར་ལོ་ནན་ཏན་དུ་བསྒོམས་ལ་སྲུང་འཁོར་གྱི་སྔགས་ཉིད་ཅི་ནུས་སུ་བཟླ་ཞིང་། རྡོ་རྗེའི་ས་གཞི་ལ་སོགས་པ་མི་ཕྱེད་ཅིང་རབ་ཏུ་བརྟན་པས་ཕྱོགས་ཀུན་བཅིངས་པར་བསམ། དེ་ནས་མཚམས་དམ་དུ་བཅད་ལ་ཉེར་མཁོ་མཚམས་འོག་ཏུ་ཐོག་མ་ནས་བཅུག་པ་རྣམས་མ་གཏོགས་མི་གསར་དང་མི་འཕྲད། དངོས་སྤྱད་གསར་པ་ནང་དུ་མི་གཏོང་བ་སོགས་སྤྱི་ལྟར་བྱའོ། །དེ་ནས་སྔར་གྱི་སྲུང་འཁོར་གྱི་རྗེས་དེ་མ་ཐག་པར་ཐུན་མོང་གི་སྔོན་འགྲོས་བློ་སྦྱངས་ནས་སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས་བསྒོམ་


MLP024_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། མཎྜལ། བླ་མའི་རྣལ་འབྱོར་དབང་ལེན་པའི་བར་སྔོན་འགྲོའི་མན་ངག་བཞིན་བྱས་ལ། དེ་ནས་ལས་བྱང་གི་བཤགས་པ། བྱིན་དབབ། མཆོད་རྫས་བརླབ་པ་རྣམས་བྱ། དེ་ནས་དངོས་གཞིའི་ཏིང་འཛིན་གསུམ་ནས་བཟུང་མདུན་གྱི་སྒྲུབ་རྟེན་དང་བདག་ཉིད་དབྱེར་མེད་གཅིག་ཏུ་བྱས་ནས་དམ་ཚིག་གི་འཁོར་ལོ་བསྒོམ་པ། གནས་གསུམ་བྱིན་བརླབ། དབང་བསྐུར། སྤྱན་འདྲེན། བཞུགས་གསོལ། ཕྱག་མཆོད་བསྟོད་པ་རྣམས་ཚིག་ཤར་ཙམ་དུ་མ་སོང་བར་དེ་དང་དེའི་དོན་བསྒོམ་པ་ལ་ནན་ཏན་དུ་བསྒྲིམས་ཏེ་འཇུ ར་བར་བྱ། དེ་ནས་བདག་ཉིད་ལྷའི་རྣམ་པར་གསལ་བ་དང་ང་རྒྱལ་ཤུགས་དྲག་ཏུ་བསྒོམ་པ་ལ་བསླབས་ནས། སྙིང་གར་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་བྱེ་བ་གེ་སར་ཟི་ཕོལ་དང་བཅས་པའི་ལྟེ་བར་ཉི་ཟླ་བརྩེགས་པ་སྲན་མ་ཕྱེད་གཤགས་ཙམ་གྱི་ལྟེ་བར་ཧྲཱིཿདམར་པོ་སྤུས་བྲིས་པ་ལྟར་ཕྲ་བ་མར་མེ་ལྟར་འབར་ཞིང་གསལ་བའི་མཐར་སྔགས་ཀྱི་ཡིག་འབྲུ་རྣམས་ཤིན་ཏུ་ཕྲ་བས་བསྐོར་བ་དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་སྣང་གྲགས་ལྷ་སྔགས་ཀྱི་རོལ་པར་གསལ་བས་བཟླས་པ་བྱ་སྟེ། གཙོ་སྔགས་ཉིད་ཅི་ནུས་དང་འཁོར་སྔགས་རྣམས་བདུན་གྱིས་ཉུང་མཐའ་བྱས་པ་རེ་བཟླ། ཡིག་བརྒྱ་ཡང་ཅི་རིགས་བཟླས་ནས། རྗེས་སུ་ཕྱི་ནང་སྣོད་བཅུད་ཀུན༔ ཅེས་པའི་དོན་བཞིན་རྗེས་བསྡུ་བྱས་ནས་ཐུན་མཚམས་ཀྱི་ལྷར་ལངས་ནས་སྤྱོད་ལམ་ལ་འཇུག དེ་ནི་དགོང་ཐུན་ཐོག་མ་ཡིན་ལ། དེ་ནས་སྲོད་ཐུན་ལ་སྔོན་འགྲོ་མདོར་བསྡུས་ཙམ་དང་། དངོས་གཞི་སྔར་བཞིན་བཟླས་པའི་མཐར་ཐུག་པ་བྱས་ནས། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ་དང་། ཚོགས་མཆོད་སོགས་རྒྱས་པར་བྱས་ནས་ཐུན་གྱི་རྗེས་བསྡུ་སྤྱོད་ལམ་ལ་འཇུག་པ་དང་ཉལ་བའི་རྣལ་འབྱོར་གྱིས་ཉལ་ལོ། །མཚམས་ལ་གཞུག་པའི་ཉིན་གྱི་ཐུན་གཉིས་སོ། །དེ་ནས་སང་ཞོགས་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས་ཆོ་གའི་ཁྲིགས་གཞན་སྔར་བཞིན་ལས་ཐོག་མར་ཐུན་མོང་སྔོན་འགྲོས་རྒྱུད་སྦྱང་བ་སྐྱབས་སེམས། རྡོར་སེམས་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར་དབང་ལེན་པའི་བར་སྔོན་འགྲོའི་མན་ངག་བཞིན་གྱི་རྗེས་སུ་མཚམས་གཅོད་སྲུང་འཁོར་ལ་ནན་ཏན་དང་། བཤགས་


MLP024_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་བཟླས་པའི་བར་སྔར་བཞིན་གྱི་རྗེས་སུ་ཐུན་བསྡུ། ཐུན་མཚམས་ཀྱི་དགེ་སྦྱོར་ཆག་མེད་སོགས་ཀྱི་ཁྲིགས་ཡོད་ན་བྱ། ཐོར་ཐུན་ནོ། །དེ་ནས་སྔོན་འགྲོ་སྔར་གྱི་སྲོད་ཐུན་བཞིན་བསྡུས་པ་བྱས་ནས་དངོས་གཞི་བཟླས་པའི་མཐར་རྗེས་བསྡུ་དང་གུང་ཚིགས་སོགས་བྱེད། སྔ་ཐུན་ནོ། །དེ་ནས་དགོང་སྲོད་ཀྱི་ཐུན་གཉིས་རེ། གང་ལྟར་ན་ཡང་ཐོར་ཐུན་གྱི་འགོར་སྔོན་འགྲོ་རྒྱས་པ་དང་། སྲོད་ཐུན་གྱི་རྗེས་སུ་རྗེས་ཆོག་གཏོར་བསྔོ་སོགས་རྒྱས་པར་བྱ་སྟེ་ཐུན་གྱི་ཐོག་མཐའ་དེ་གཉིས་ཡིན་པས་སོ། །འོན་ཀྱང་དེ་ལྟ་བུས་མཚམས་དངོས་གཞིའི་ཡུན་དང་སྦྱར་ཏེ་ཞག་གསུམ་མམ་བདུན་ཙམ་གྱི་རིང་བཟླས་པའི་གྲངས་འགྲོ་མ་བརྩིས་པར་བསྒོམ་བཟླས་ཅི་འདྲེས་སུ་བཅུར་ནས་བློ་ལང་དུ་མ་སོང་བར་བྱ་ཞིང་། ཐུན་ཧ་ཅང་གི་རིང་བ་ཡང་མི་བྱེད་པར་ལྷོད་ཅིང་སྙོམས་པར་བྱའོ། །དེ་ནས་ཐུན་ཇེ་རིང་ལ་བཏང་ནས་གཞན་སྔར་དང་འདྲ་བ་ལས་བཟླས་དམིགས་ཀྱི་ཚེ། ཐུགས་ཀའི་ཧྲཱིཿལས་ཇི་ལྟར་བཟླ་བའི་སྔགས་ཀྱི་ཕྲེང་བ་གཅིག་རྗེས་གཅིག་སྣོན་དུ་བར་མ་ཆད་པར་བྱུང་བ་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་པདྨོར་སོན། རང་གི་རྡོ་རྗེའི་ལམ་ནས་ཞུགས། སྐུའི་དབྱིབས་བརྒྱུད། སླར་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་ལྟ་བུའི་སྤྲོ་བསྡུ་བར་མ་ཆད་པའི་ངང་ནས་བཟླས་པ་བྱ་སྟེ། གཙོ་སྔགས་ཡི་གེ་བཅུ་པ་ཉིད་གཙོ་བོར་བཟླ་ཞིང་། རྗེས་སུ་རྟ་མགྲིན་དང་ཡུམ་སྔགས་ཀྱང་སྟོང་ཚོ་བརྒྱ་རྩ་སོགས་གཙོ་སྔགས་ལས་བཅུ་ཆ་རེ་བཟླ་ཞིང་འཁོར་སྔགས་དང་དབང་སྡུད་ཀྱི་སྔགས་ཀྱང་ཉེར་གཅིག་བདུན་སོགས་སྐབས་སྦྱར་ཏེ་བཟླའོ། །དེ་ལྟ་བུས་གྲངས་བསྙེན་གཙོ་བོ་ལ་འབུམ་ཚོ་བཅུ། རྟ་མགྲིན་དང་ཡུམ་ལ་འབུམ་ཚོ་རེ། འཁོར་རྣམས་ལ་ཁྲི་ཚོ་གསུམ་རེ། ལས་སྔགས་ཁྲི་ཚོ་གཅིག་གོ །དུས་བསྙེན་ནི་ཟླ་བ་དྲུག་ནས་གཅིག་གིས་མཐའ་བརྟེན་པ་ཡན་ཆད། མཚན་མའི་བསྙེན་པ་ལ་ཞག་གྲངས་ཀྱི་རྩིས་གདབ་མེད། དེའི་རྗེས་སུ་བདུན་ཕྲག་གཅིག་ཙམ་རེ་གཞན་སྔར་དང་འདྲ་བ་ལས་གཅེས་གནད་མན་ངག་ཏུ་གསུངས་པ་བཞིན་ཡབ་སྔགས་ཡི་གེ་དྲུག་པའི་ཤམ་དུ་ར་ཙ་ཧྲཱིཿཡཿཞེས་བཏགས་པ་ལྔ་ཆ་གསུམ་དང་། ཡུམ་སྔགས་ཡི་གེ་དགུ་པའི་ཤམ་དུ་ཧ་རི་ནི་ས་བཏགས་པ་ལྔ་ཆ་གཅིག གཉིས་


MLP024_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་སྦྲེལ་བའི་ཤམ་དུ་པ་ཤཾ་ཀུ་རུ་བཏགས་པ་ལྔ་ཆ་གཅིག་ཙམ་རེ་བཟླའོ། །ཡང་ན་ཧྲཱིཿལས་སྔགས་ཕྲེང་བྱུང་། རང་གི་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཐོན། ཡུམ་གྱི་པདྨ་ནས་ཞུགས་ཡུམ་གྱི་སྐུའི་དབྱིབས་བརྒྱུད་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཿལ་ཐིམ་པར་བསྒོམས་ཀྱང་རུང་སྟེ། དེ་ཡང་སྔ་མས་བྱིང་བ་སེལ། ཕྱི་མས་རྒོད་པ་སེལ་ཞིང་དམིགས་པ་སྔ་མས་རོ་སྟོད་ན་བ་དང་། དབུགས་འཚང་བ། ཤེས་པ་འཕྱོ་བ་སོགས་བྱུང་ན་ཕྱི་མ་འདི་གེགས་སེལ་དུ་ཡང་འགྲོའོ། །རྒྱུན་གྱི་བསྙེན་པའི་ཚེ་ཡིག་འབྲུའི་མདོག་གཙོ་བོའི་སྐུ་མདོག་དང་མཚུངས་ཤིང་། མྱུར་དལ་རན་པ་ཡིད་ལ་འཆར་བདེ་བ་བྱས་པས་ཁྱབ་ལ༑ ལས་སྦྱོར་གྱི་ཚེ་དུས་གནད་ངེས་པ་དག་ལ་ནི་སྐབས་དེ་དང་དེར་ཁྱད་པར་གསུངས་པ་བཞིན་ནོ། །བཟླས་པ་ལ་རྣམ་གྲངས་མང་ཡང་། གཙོ་བོར་དོ་ལིའམ་འཁྱོགས་ཀྱི་བཟླས་པ་སྟེ། བཤད་མ་ཐག་པ་ཉིད་དོ། །གང་ལྟར་སྔགས་འཁོར་བའི་ཚེ་ཡིག་འབྲུ་རེ་རེ་བཞིན་རང་རང་གི་སྒྲ་རྒྱུན་མི་ཆད་པར་སྒྲོག་པར་འབྱུང་བ་དང་། གཙོ་འཁོར་ཐམས་ཅད་དང་། སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱང་རང་ལ་བྱིན་གྱིས་བརླབ་པའི་དོན་དུ་མདུན་གྱི་ནམ་མཁར་བཞུགས་ནས་བཟླས་པ་མཛད་པར་མོས་པ་བྱའོ། །ཐུན་མཚམས་སུ་ངག་བཅད་མ་གྲུབ་ཀྱང་དགག་ཆ་ཆུང་ཞིང་ཐུན་སྒང་ལ་ནི་བཟླ་བྱའི་སྔགས་ཉིད་ལས་སྨྲ་བརྗོད་གཞན་གྱིས་བར་མ་ཆོད་པར་བྱ་བ་གལ་ཆེ་ཞིང་། ཐུན་མཚམས་རེ་རེ་བཞིན་མཆོད་གཏོར་སོགས་མ་གྲུབ་ཀྱང་སྲོད་ཐུན་གྱི་མཐར་ངེས་པར་བྱ། ཟས་རྣམས་ཟ་བ་ན་ཕུད་མཆོད་པའི་ཚུལ་དུ་འབུལ་བ་དང་། རང་ལྷར་གསལ་བའི་ནང་གི་སྦྱིན་སྲེག་གིས་ཟས་ལ་ལོངས་སྤྱད་ཐུན་མཚམས་སུ་དགོས་མེད་ཀྱི་གཏམ་མི་སྨྲ་ཞིང་ལྷ་སྐུར་ལམ་གྱིས་ལངས་ནས་སྔགས་ཡང་ཡང་བཟླ་ངག་ནུས་བསྐྱེད་པ་དང་། བྱིན་རླབས་རྒྱུན་ཆགས་སུ་འབྱུང་བའི་དགོས་པ་ཡོད་ཅིང་། བསྙེན་པའི་གྲངས་ལ་ནི་མི་བརྩིའོ། །སྔགས་བརྒྱ་སྟོང་ཙམ་གྱི་མཐོ་དམན་ལ་སྒྲིགས་ངེས་བཟུང་རང་མེད་པའི་ངོས་ནས་གང་འགྲོ་བྱ། ཐུན་གྲངས་ནི་བཤད་ཚོད་ཐུན་བཞི་མ་ཡིན་པ་བཞིན་ཕྱག་ལེན་ཡང་དེ་ལྟར་མཛད་ལ། དེའི་ཚེ་ན་ཐོ་རངས་ནས་ནམ་སེང་


MLP024_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཐོར་ཐུན། དེ་ནས་གུང་ཡན་ལ་སྔ་ཐུན། གུང་རྗེས་ནས་ས་སྲོས་ཡན་དགོང་ཐུན། ས་སྲོས་ནས་སྲོད་ཡན་ལ་སྲོད་ཐུན་ནོ། །གཉིས་མའི་ཚེ་ན། ཐོ་རངས་ནས་ཉི་ཕྱེད་ཡན་སྔ་ཐུན། ཕྱི་དྲོ་ནས་སྲོད་ཡན་ཕྱི་ཐུན་དུ་བྱ་སྟེ། གཉིས་བྱེད་པ་སྔགས་འགྲོ་ཆེ་བ་ཡིན་གསུངས་ཏེ་དེ་ལྟར་ཡང་རུང་ངོ་། །མདོར་ན་ཡིད་མི་བདེ་སྐྱེས་ན་བློ་དཔང་བསྟོད། འཇིག་རྟེན་གྱི་རྣམ་རྟོག་ལ་གཡེངས་ན་དགོས་མེད་ཀྱི་དྲན་པ་བསྟེན། ཡི་དམ་གྱི་ལྷ་ཉིད་མྱུར་དུ་འགྲུབ་པར་བྱ་སྙམ་པའི་འདུན་པ་ཤུགས་དྲག་པོ་བྱ་བ་གནད་ཆེའོ། །དེ་ལྟར་ཐོག་མཐའ་ཐམས་ཅད་ལ་ཤེས་པར་བྱས་ནས་ཕྱི་སྒྲུབ་རྫོགས་རྒྱུའི་སྔ་ཐུན་དེ་ལ་མཆོད་པ་ཁ་གསོ་ཞིང་བཟླས་པའི་འགོར་འཛབ་བསྐུལ་དང་བཟླས་པའི་མཐར་རང་ཉིད་གཙོ་བོ་ལས་ལོགས་སུ་ཕྱེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་བཤགས་ནས། ༀ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག༔ ཅེས་སོགས་ཀྱིས་དངོས་གྲུབ་བླང་། མཆོད་ཅིང་བསྟོད་ནས་ཚོགས་མཆོད་སོགས་རྒྱས་པར་བྱ་ཞིང་རྗེས་བསྡུ་བྱའོ། །དེ་ནི་ཕྱི་སྒྲུབ་ཀྱི་རིམ་པའོ། །གཉིས་པ་ནང་སྒྲུབ་ལ། ཕྱི་དཀྱིལ་རས་བྲིས་ཉིད་མེད་ཀྱང་ཆོག་མོད། འོན་ཀྱང་གཅེས་གནད་དུ་ཆིག་སྒྲིལ་སྦགས་སྒྲུབ་དང་སྦྱར་ཏེ་གསུངས་པའི་དགོངས་པ་བཞིན་གཤོམ་བཀོད་སྔར་གྱི་དེ་ཉིད་ལས་སླར་ཡང་མཆོད་གཏོར་སོགས་རྒྱས་པར་གསོས་ལ། མཚམས་གཅོད་སྲུང་འཁོར་ནས་བཟུང་སྔོན་འགྲོ་སྔར་བཞིན་ལས། དངོས་གཞིའི་སྐབས་རྒྱུ་ཏིང་ངེ་འཛིན་གསུམ་གྱི་རྒྱུའི་ཏིང་ངེ་འཛིན་ཧྲཱིཿཡིག་བསྒོམ་པ་ནས་པདྨ་དང་ཉི་གདན་ལ་ཧྲཱིཿལས་ཐུགས་རྗེ་ཆེན་པོ་གཙོ་བོ་ཡབ་ཡུམ་གྱི་སྐུར་ལས་བྱང་བཞིན་བསྒོམ་སྟེ་རང་ལུས་གདོད་ནས་གྲུབ་པའི་གཞལ་ཡས་ཁང་གི་ངོ་བོ་ཅན་ནོ། །དེའི་སྤྱི་བོར་པད་ཟླའི་གདན་ལ་རིགས་བདག་འོད་དཔག་མེད་བླ་མ་ཀུན་འདུས་ཀྱི་ངོ་བོར་བསྒོམ། སྙིང་གར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཉི་མ་དང་རོའི་གདན་ལ་རྟ་མགྲིན་ཡི་དམ་ཀུན་འདུས་སུ་བསྒོམ། ལྟེ་བར་ཆོས་འབྱུང་དམར་པོའི་དབུས་སུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཁའ་འགྲོ་ཀུན་འདུས་སུ་བསམ། གསང་གནས་སུ་པདྨ་འདབ་བཞི་ལ་རིགས་བཞིའི་མཁའ་འགྲོ་ཡུམ་དང་བཅས་པ་བསྒོམ། དཔུང་


MLP024_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིགས་ཆེན་གཉིས་དང་། པུས་མོའི་ཚིགས་ཆེན་གཉིས་ཏེ་བཞིར་ཕྲ་མེན་བཞི་རྣམས་གསལ་བར་བསྒོམས་ལ་གནས་གསུམ་བརླབ། དབང་བསྐུར། སྤྱན་འདྲེན། མཆོད་བསྟོད་སོགས་སྔར་དང་འདྲ་བ་ལས། བཟླས་པའི་ཚེ། སྙིང་གའི་རྟ་མགྲིན་གྱི་ཐུགས་ཀར་ཧྲཱིཿཡིག་ལ་སྔགས་འཕྲེང་གིས་བསྐོར་བ། ལྟེ་བའི་ཆོས་འབྱུང་གི་ནང་གི་འོག་ཏུ་གཏུམ་མོ་ཨ་ཤད་མེའི་རང་བཞིན་འབར་ཞིང་གསལ་བར་བསྒོམ་ལ། རླུང་འབྱུང་འཇུག་དང་དམིགས་པའི་སྤྲོ་བསྡུ་སྦྱར་ཏེ། རླུང་ཕྱིར་འགྲོ་བ་ན་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་བརྟན་གཡོ་སྣོད་བཅུད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཕོག རླུང་ནང་དུ་འོང་བ་ན་འོད་ཀྱི་རྣམ་པར་དབང་དུ་བསྡུས་སྣ་བུག་གི་ལམ་བརྒྱུད་བྱང་སེམས་ཀྱི་ངོ་བོར་ཞུ་བ་ཆོས་འབྱུང་ནང་གི་མེ་ལ་བསྟིམ། སྡོང་རྩ་མར་ཁུས་བརླན་པ་བཞིན་གཏུམ་མོའི་མེ་ཧར་གྱིས་འབར། བདེ་བ་ཆེར་གཡོས་པ་ན་སྟོང་ཉིད་ཀྱི་ངང་དུ་བཞག བདེ་སྟོང་དབྱེར་མེད་ཀྱི་ངང་གདངས་བསྐྱང་ཞིང་རླུང་བུམ་པ་ཅན་དང་སྦྱར་ནས་རླུང་སྔགས་དབྱེར་མེད་མི་ཕྱེད་པའི་བཟླས་པ་ལ་གཙོ་བོར་བྱ་སྟེ། ཡབ་ཀྱི་འབྲུ་བཅུ། རྟ་མགྲིན་གྱི་བཅུ་དྲུག་པ། ཡུམ་གྱི་འབྲུ་དགུ། འཁོར་གྱི་བཅོ་ལྔ་པ་རྣམས་སྦྲེལ་བའི་རྗེས་སུ་དབང་སྡུད་བཞི་བཅུ་རྩ་དྲུག་པ་ཉིད་བཏགས་པ་ཁོ་ན་བཟླ་ཞིང་། ཐུན་རྗེས་སུ་ལུས་ལ་བཀོད་པའི་ལྷ་རྣམས་རང་རང་གི་གནས་སུ་འོད་དུ་ཞུ་བ་མཁའ་ལ་སྤྲིན་དེངས་པ་བཞིན་མི་དམིགས་པའི་ངང་ལ་མཉམ་པར་བཞག་ནས་གནས་ལུགས་སྐྱོང་བ་ལ་ཡུན་བསྲིང་། ཐུན་བཞིར་བྱེད་ཚུལ་ཕྱི་སྒྲུབ་དང་འདྲ། དེ་ལྟ་བུས་གྲངས་འབུམ་ཕྲག་གཅིག དུས་ཟླ་བ་གཅིག མཚན་མ་ལ་རྩིས་མེད། དེ་ལྟར་ནང་སྒྲུབ་སོང་བའི་རྗེས་འབྲེལ་དུ་གཅེས་གནད་ལས་གསུངས་པ་བཞིན་བདུན་ཕྲག་གཅིག་ཙམ་བཟླས་བསྒོམ་གཞན་སྔར་དང་འདྲ་བ་ལས་ཐུན་རེ་རེ་བཞིན་གྱི་བཟླས་པ་རྫོགས་མཚམས་སུ་སྙིང་གའི་ས་བོན་ལས་སྔགས་འོད་ལྕགས་ཀྱུའི་རྣམ་པ་ཅན་མེ་ལྟར་ཚ་ཞིང་རྣོ་བ་འཕྲོས་པས་གང་འདོད་ཀྱི་བརྟན་གཡོ་སྣོད་བཅུད་ཉིད་དབང་དུ་བསྡུས་ནས་སྙིང་གའི་ས་བོན་དང་། སྒྲུབ་རྫས་རིལ་བུ་ལ་ཐིམ་པར་བསམ་ལ་རྩ་སྔགས་སྔ་མའི་ཤམ་དུ། ཨ་ནྲྀ་ཏྲི་སོགས་ཡིག་འབྲུ་ཞེ་བརྒྱད་པ་ཉིད་


MLP024_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་བརྒྱ་རྩ་སོགས་བཟླས་ལ་རིལ་བུ་ལ་ཧས་འདེབས། རིལ་བུ་འཕེལ་ཞིང་སྒྲ་འོད་འབྱུང་བ་ཚད་ཡིན། དེ་ནས་ནང་སྒྲུབ་རྫོགས་རྒྱུའི་སྔ་ཐུན་ལ་མཆོད་པ་ཁ་གསོ་ཞིང་། ཐུན་རྗེས་སུ་ཚོགས་མཆོད་སོགས་རྒྱས་པར་བྱ་ཞིང་དངོས་གྲུབ་ལེན། རྗེས་སུ་རྫོགས་རིམ་བྱ། དེ་ནི་ནང་སྒྲུབ་ཀྱི་རིམ་པའོ། །གསུམ་པ་གསང་སྒྲུབ་ལ། གོང་གི་སྒྲུབ་རྫས་ཀྱི་གཤོམ་བཀོད་དེ་ཉིད་ལས། ནང་སྒྲུབ་སོང་མ་ཐག་པའི་ཕྱི་དྲོའི་ཐུན་དེ་ཉིད་ལ་སྔར་བཞིན་མཆོད་གཏོར་རྣམས་ཁ་གསོ། མཚམས་གཅོད་སྲུང་འཁོར་སོགས་སྔོན་འགྲོ་རྣམས་རྒྱས་པར་བྱ། དངོས་གཞི་ལ་ཏིང་འཛིན་གསུམ་གྱི་ཧྲཱིཿལས་བདག་ཉིད་གསང་སྒྲུབ་ཐུགས་རྗེ་ཆེན་པོ་རྟ་མགྲིན་ཡབ་ཡུམ་གྱི་སྐུར་བསྒོམས་པའི་སྐུ་ལ་རྩ་གསུམ་འཁོར་ལོ་ལྔ་འཁོར་ལོའི་གནས་རྣམས་སུ་ལྷ་རྣམས་བསྒོམས་པའི་ཡབ་ཐམས་ཅད་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྟ་མགྲིན་དང་། ཡུམ་རྣམས་ཀྱི་ཐུགས་ཀར་ཕག་མོ་བསྒོམ། རང་གི་སྤྱི་བོར་རིགས་བདག་འོད་དཔག་མེད་གསལ་བཏབ། དེ་ལྟར་གསལ་ཐེབས་པ་དང་གནས་གསུམ་བྱིན་གྱིས་བརླབས་དབང་བསྐུར། ཡེ་ཤེས་པ་སྤྱན་དྲངས། བསྟིམས་ནས་གཉིས་མེད་དུ་བསྲེས་ལ། སླར་ཡང་བཤང་སྒོར་རླུང་དཀྱིལ་ལྗང་གུ་ཡཾ་གྱིས་མཚན་པ་ཡང་ཞིང་གཡོ་བ། དབུ་མའི་མར་སྣར་ཨཾ་དམར་པོ་འབར་ཞིང་གསལ་བ༑ སྤྱི་བོར་ཧཾ་དཀར་པོ་འཁྱིལ་ཞིང་འཛག་པ་ལྟ་བུ་རྣམས་གསལ་བཏབ་རླུང་རོ་དགུ་ཕྲུགས་སུ་ཕྱིར་བསལ། འོག་རླུང་གྱེན་དུ་འཐེན་པའི་རྐྱེན་གྱིས་བཤང་སྒོའི་རླུང་གཡོས་གསང་གནས་ཀྱི་འཁོར་ལོའི་ལྷ་རྣམས་བདེ་བ་ཆེར་གཡོས་པའི་རྐྱེན་གྱིས་གཏུམ་མོའི་མེ་སྦར་འཁོར་ལོ་བཞིའི་ལྷ་རྣམས་བདེ་བ་ཆེན་པོར་འབར་ཞིང་འཕར་བའི་དྲོད་ཀྱིས་སྤྱི་བོའི་ཧཾ་ཞུ་ཞིང་བབས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་སྤྱི་བོའི་རྩ་འཁོར་གང་བའི་དགའ་བ་ལ་སེམས་བཟུང་ཡིད་བཟླས་བྱ། དེ་བཞིན་དུ་མགྲིན་པའི་རྩ་འཁོར་གང་བའི་མཆོག་དགའ་ལ་སེམས་བཟུང་ཡིད་བཟླས་བྱ། དེ་བཞིན་དུ་སྙིང་གའི་རྩ་འཁོར་གང་བའི་ལྷན་སྐྱེས་ཀྱི་དགའ་བ་ལ་སེམས་བཟུང་ཡིད་བཟླས་བྱ། སླར་ཡང་ལྟེ་བའི་རྩ་འཁོར་གང་བའི་ཁྱད་དགའ་ལ་སེམས་བཟུང་


MLP024_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཟླས་བྱ། སླར་ཡང་རླུང་ཕྱིར་བསལ་བ་ན་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་བརྟན་གཡོ་སྣོད་བཅུད་འཁོར་འདས་ཀྱི་དངོས་པོ་ཐམས་ཅད་རླུང་རྔུབ་པ་དང་ལྷན་ཅིག་ཏུ་བསྡུས་བག་ཆགས་དངོས་འཛིན་ཐམས་ཅད་གཏུམ་མོའི་མེས་བསྲེགས། རླུང་སེམས་དྭངས་མའི་ཐིག་ལེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ངང་ལ་མ་བཅོས་རང་སོར་བཞག་ནས་ཡིད་བཟླས་བྱ༑ ཐུན་རྗེས་ཐམས་ཅད་དུ་གང་འདོད་ཀྱི་བསྒྲུབ་བྱ་མདུན་དུ་བཀུག་པ་ཐུགས་ཀའི་འོད་ཀྱིས་གདུངས་པས་གཟི་བརྗིད་མ་བཟོད་པར་ཉི་མས་མར་བཞུ་བ་བཞིན་བྱང་སེམས་དཀར་མར་གྱི་ངོ་བོར་ཞུ་བ་སྒྲུབ་རྫས་དང་། རང་གི་གསང་བའི་ལམ་ནས་ཐུགས་ཀའི་ཧྲཱིཿལ་ཐིམ་པར་བསམ་ཞིང་། ཐུན་བསྡུ་བ་ནང་སྒྲུབ་དང་འདྲ། བཟླ་བྱའི་སྔགས་ནི། ཡི་གེ་བཅུ་པ། བཅུ་དྲུག་པ། དགུ་པ། བཅོ་ལྔ་པ་སྟེ་གཙོ་འཁོར་གྱི་སྔགས་རྣམས་ཡིན་ལ། ཐུན་རྗེས་དབང་སྡུད་ཀྱི་ཚེ་སྔགས་དེ་དག་གི་གཤམ་དུ་ཨ་ནྲྀ་ཏྲི་པ་ཤཾ་ཀུ་རུ་སོགས་འབྲུ་སོ་ལྔ་པ་གཅེས་གནད་དུ་གསུངས་པ་ཉིད་བཟླའོ། །ཐུན་གྱི་ཐོག་མཐའ་དང་ཐུན་མཚམས་སོགས་ནི་སྔར་དང་འདྲ་ཞིང་། ཁྱད་པར་ཐུན་རྗེས་མ་ལ་དངོས་གྲུབ་ལེན་པ་ནང་སྒྲུབ་བཞིན་ནོ། །བཞི་པ་ཡང་གསང་སེམས་ལ་བཀོད་ནས་སྒྲུབ་པ་ནི། ཕྱི་ནང་གསང་བ་གསུམ་ཀའི་སྒྲུབ་ཐབས་ལ་སྤྱིར་གཅེས་པའི་གསང་གནད་ཡིན་པས་ཐུན་ཐམས་ཅད་ཀྱི་མཇུག་ཏུ་ནན་ཏན་བསྒོམ་ཞིང་། དེ་ནས་ཐུན་སྒང་དང་ཐུན་མཚམས་ཀྱི་སྤྱོད་ལམ་དང་:སྤྱི་༼ཅི་༽ འདྲེས་སུ་སྦྱང་ངོ་། །དེ་ནས་གསང་སྒྲུབ་གྲོལ་རྒྱུའི་སྔ་དྲོའི་ཐུན་འགོར་མཆོད་གཏོར་ཁ་གསོ་བ་དང་མཇུག་ཏུ་ཚོགས་མཆོད་གཏོར་འབུལ་སོགས་རྒྱས་པར་བྱ་ཞིང་། འདི་རྫོགས་རིམ་གྱི་སྒྲུབ་པ་ལྟ་བུ་ཡིན་པས་ཡུན་རིང་བཞིན་ཕུན་སུམ་ཚོགས་མོད། གཞན་ཟླ་ཞག་སྔགས་ཀྱི་གྲངས་སོགས་ལ་ཚད་རྩིས་གདབ་མེད་དོ། །དེ་ལྟར་བསྒྲུབས་པའི་དྲོད་རྟགས། དེ་ཉིད་ལམ་དུ་ལེན་ཚུལ་སོགས་ནི་རྩ་བའི་གཞུང་དུ་བལྟའོ། །མ་གྲུབ་ན་གནད་དབབ་གསུངས་པ་ཟླ་དྲུག་ཚུན་ལ་བྱར་མི་རུང་། ལོ་སྒྲུབ་སོགས་ལ་རྟགས་མ་བྱུང་ན་གནད་ཤེས་པར་བྱའོ། །དབང་གི་སྦྱིན་སྲེག་ནི། གསང་སྒྲུབ་སྔ་ཐུན་ལ་གྲོལ་བའི་རྗེས་ཀྱི་ཕྱི་དྲོ་དེ་ཉིད་རང་ལ་བྱ་ཞིང་། ཁ་


MLP024_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྐོང་གི་སྦྱིན་སྲེག་དང་མཁའ་འགྲོ་ཆོས་སྐྱོང་ལ་གཏང་རག་གི་མཆོད་གཏོར་འབུལ་བ་ཡང་དཀྱུས་ཐོག་དེ་ཉིད་ལ་བྱ་བ་གཞན་གྱིས་བར་མ་ཆོད་པར་བྱེད་པ་ནི་དངོས་གྲུབ་མྱུར་བའི་གནད་དམ་པའོ། །བསྙེན་པ་མ་གྲོལ་བར་ལྷ་གང་གི་བསྙེན་པ་ཡིན་སུས་ཀྱང་མ་ཤེས་པ་བྱ་སྟེ་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་བའི་དགོས་པ་ཡོད་དོ། །རྗེས་ཐོ་འགྲོལ་བ་དང་བག་གསེང་ཞིང་གནས་སྲུང་བ་སོགས་སྤྱི་དང་འདྲའོ། །རེ་ཞིག་དེ་ཙམ་མོ། །ཞེས་པ་མཆོག་སྤྲུལ་བླ་མ་ཆོས་ཀྱི་བདག །ལམ་འདི་སྒྲུབ་ལ་རྩེ་གཅིག་འཇུག་དགོངས་ཚེ། །གསུང་གིས་བསྐུལ་ངོར་བཛྲ་ཨཀྵ་རས། །སྦྱར་བའི་ཡིག་མཁན་བློ་གསལ་རྒྱ་མཚོའོ།། །།

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་ཡིག་ཟུར་འདེབས་སྐྱུད་བྱང་དུ་བྱས་པ། ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་ཡིག་ཟུར་འདེབས་སྐྱུད་བྱང་དུ་བྱས་པ་བཞུགས་སོ། །བླ་མ་དང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་ཡིག་རྗེ་གཏེར་ཆེན་བླ་མས་མཛད་པ་བཀླགས་པས་ཀུན་ཤེས་ཉིད་ཅུང་ཟད་ཚིག་སྣ་ཐུང་པས་བློ་དམན་རྣམས་ཀྱིས་གོ་དཀའ་བའི་ཆར་གྱུར་པ་རྣམས་གསུང་རྒྱུན་ལྟར་བསྙེན་ཡིག་ཉིད་ལ་ཟུར་འདེབས་ལྷན་ཐབས་ཀྱི་ཚུལ་དུ་སྦྱར་ཆོག་པའི་སྐྱུད་བྱང་ཐོ་རེ་ལོང་དུ་སྤེལ་བ་ལ། ཐོག་མར་སྔོན་འགྲོ་བླ་མ་དང་དཀོན་མཆོག་མཆོད་པ་སོགས་རྒྱབ་རིམ་གྱི་དཔུང་རྣམས་གནས་ཁང་གཞན་དུ་བྱས་ཀྱང་རུང་ལ། སྐྱབས་སེམས་སོགས་ལམ་གྱི་སྔོན་འགྲོ་རྣམས་ལོང་སྐབས་ཀྱིས་ལྕོགས་ན་རེ་རེ་ནས་རྟགས་ཐོན་ཐོན་སྦྱོང་དགོས་པས་གནས་ཁང་དེ་ཉིད་དམ་གཞན་དུའང་བཀག་པ་མེད་མོད། ཐ་ནའང་ཕྱི་མཚམས་བཅད་ནས་ཞག་འགའ་ཡར་མཛད་སྲོལ་ལ་ཞག་བདུན་ཙམ་ལོང་མེད་ན་སྔོན་འགྲོ་གཞན་རྣམས་ཅི་ནུས་སྐབས་དང་སྦྱར་ནས་རྡོར་སེམས་སྒོམ་བཟླས་ལ་ཐུན་གྱི་གཞི་བཟུང་ནས་གཙོ་བོར་འདོན་པ་ཡིན་གསུང་། དེ་ནས་སྤྲོས་པ་ལ་དགའ་ན་དབང་ཆོག་ལྟར་ས་ཆོག་རྒྱས་པར་བྱ་བར་གསུངས་པ་ནི། དཀྱིལ་ཆོག་ལྷན་ཐབས་སྙིང་པོའི་མཛེས་རྒྱན་བཞིན་ཤེས་པར་བྱ། དེ་ཙམ་མ་འབྱོར་ན་རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀར་བསྐྱེད་ལ་བཟླས་པ་ཅུང་ཟད་སྔོན་དུ་འགྲོ་བས་ཕྱི་རྒྱུད་པ་དང་གཞི་བགེགས་ལ་གཏོར་མ་བཏང་། བཀའ་བསྒོ་ཚམ་རྔམ་དང་བཅས་པས་དཀར་ཕྱོགས་རྣམས་


MLP024_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཕྲིན་ལས་འཆོལ་ཞིང་ནག་ཕྱོགས་རྣམས་བསྐྲད་དེ། སྒོ་དྲུང་དུ་ཐོ་བརྩིགས་པ་རྒྱལ་པོ་ཆེན་པོ་བཞིར་བསྐྱེད་བསྟིམ། མཆོད་བསྟོད་འཕྲིན་བཅོལ་བརྟན་བཞུགས་རྣམས་བྱས་པས་སྒྲུབ་ཁང་གི་ཕྱོགས་སོ་སོར་རང་རང་གི་རྒྱལ་ཐབས་ཀྱི་དཔུང་དང་བཅས་ཏེ་བསྲུང་བར་བསམ། དེ་ནས་རང་རྟ་མགྲིན་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལས་རྡོ་རྗེ་དང་རྡོ་རྗེའི་མཚོན་ཆ་ཕྲ་མོ་འབར་བའི་མེ་དང་བཅས་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། རྡོ་རྗེ་རྣམས་ཞུ་ལུགས་སུ་འབྲེལ་བ་རྡོ་རྗེ་སྔོན་པོ་འབའ་ཞིག་གི་འོག་རྡོ་རྗེའི་ས་གཞིར་བརྡལ་བ། ལོགས་རྡོ་རྗེ་གྱེན་ལངས་ཀྱི་རྭ་བ་ཟླུམ་པོ་མཐོ་ཞིང་ཡངས་པ། དེ་སྟེང་རྡོ་རྗེའི་གུར་ཟླུམ་པོ་མཐའ་བག་གིས་བཞོལ་བས་བཀབ་པའི་རྭ་གུར་སྦྲེལ་མཚམས་ནང་དུ་རྡོ་རྗེའི་བླ་བྲེ་དང་། གུར་གྱི་མཐའ་ཕྱིར་འཕྱང་བའི་སྣེ་ལས་རྡོ་རྗེའི་དྲྭ་བ། རྭ་བའི་སྐེད་པར་རྡོར་འཕྲེང་གིས་བཅིངས་ཤིང་། གུར་གྱི་རྩེར་རྡོ་རྗེ་ཕྱེད་པའི་ཏོག་གིས་བརྒྱན་པ། དེ་ལས་ཁྲོ་ཆུང་མཚོན་ཆའི་སྤྲིན་འཕྲོ་བ། དེ་ཐམས་ཅད་ལས་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འབར་བས་ཅིས་ཀྱང་མི་ཤིགས་པར་བསམས་ལ་ལས་བྱང་གི་སྲུང་འཁོར་འདོན། འདི་ནི་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་འགོ་ཐམས་ཅད་དུའང་གསལ་འདེབས་པར་བྱ་སྟེ་བར་ཆད་མི་འཇུག་པའི་དགོས་པ་ཡོད་གསུངས། དེ་ལྟར་ནང་མཚམས་བཅད་ནས་སྒྲུབ་ཁང་གི་ནུབ་ངོས་སུ་སྟེགས་བུ་བྱ་བར་གསུངས་པ་ནི། སྐུ་རྟེན་བྲིས་སྐུ་རབ་གནས་ཅན་བཀྲམ་པའི་མདུན་དུ་བཤམས་ཏེ། སྟེགས་བུའི་རྒྱུ་ཕོ་མོ་དར་མ་ཉལ་པོ་བྱས་མ་ཐག་གི་ས་དྲོད་མ་ཡལ་བ་རྙེད་ན་རབ། མ་རྙེད་ན་ཉལ་པོ་བྱས་ནས་ཞག་གཅིག་ལས་རིང་བ་མ་སོང་བའི་ས་བསླངས་ཏེ་རོ་རྣམས་བསལ་བ་ལ་སྟེགས་བུ་གྲུ་བཞི་པ་མདའ་གང་ཚད་ལས་མི་ཆུང་བ་ངོས་འཇམ་ཞིང་འཐས་པ། དབུས་ཅུང་མཐོ་ཞིང་ཤར་དང་བྱང་གཉིས་ཡིད་ཙམ་གཞོལ་བ་བརྩིགས་ལ་སིནྡྷུ་ར་དང་མཚལ་སོགས་ཀྱིས་ཁ་དོག་དམར་པོར་བསྒྱུར་དེ་ལ་སྐྱེས་བུ་དང་ན་ཆུང་སྦྱོར་བ་བྱས་པའི་ཁུ་ཁྲག་མངལ་ནས་ཕྱིར་ལྷུངས་པ་རྙེད་ན་རབ། མ་རྙེད་ན་སྐྱེས་པ་དང་བུད་མེད་གཙང་མའི་ས་བོན་གཅིག་ཏུ་བསྲེས་པ་ལ་ཅུ་གང་དང་སིནྡྷུ་རས་བོངས་བསྐྱེད་པའི་ཁྱད་པར་གྱི་


MLP024_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཀྱིས་ཁྱེམ་མེད་པར་ཆག་ཆག་གདབ། དེའི་ཁར་དཀྱིལ་ཆོག་ལྟར་ཐིག་ཚོན་བྱིན་གྱིས་བརླབས་ནས་རྡུལ་ཚོན་གྱིས་དཀྱིལ་འཁོར་བྲི་བའམ། ཡང་ན་སྔར་གྱི་སྟེགས་བུའི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་ཚད་ལྡན་དགྲམ། དེའི་དབུས་སུ་མཉྫིའི་ཁར་བུམ་པ་དམར་པོ་མཚན་ལྡན་ཡུངས་ཐུན་གྱིས་བྲབ་ཅིང་། གུ་གུལ་གྱིས་བདུག་ལ་དར་སྣ་ལྔའམ་དམར་པོས་མགུལ་བཅིངས་པའི་ཕྱོགས་བཞིར་རིགས་ཀྱི་ཕྱག་མཚན་དང་ཤར་གྱི་སྟེང་དུ་ཨུཏྤལ་དམར་པོ་རྣམས་བྲི་བའམ་གདགས། འབྲས་བུ་དང་བཅས་པའི་ཤིང་ཁ་དོག་དམར་པོས་ཁ་བརྒྱན་པའི་ནང་དུ་བདུད་རྩི་ལྔའམ། འབྱོར་ན་བུམ་རྫས་སོ་ལྔ་དང་བཅས་པའི་དྲི་བཟང་གི་ཆུས་བུམ་པའི་སུམ་གཉིས་ཁེངས་པར་བཀང་བ་བཀོད། དེའི་སྟེང་དུ་ནང་རྟེན་ཐོད་པ་དུམ་བུ་གཅིག་པའི་ནང་ལ། ག་པུར། གུར་གུམ། གི་ཝང་། ཙན་དན། ཕོ་མོ་གཙང་མའི་ཁུ་རྡུལ་ཏེ་རྫས་སྣ་དྲུག་གིས་ཨུཏྤལ་དམར་པོའི་ཕྲེང་བས་ཟླུམ་པོར་བསྐོར་བའི་ནང་དུ་ཆོས་འབྱུང་བསྣོལ་མའི་ལྟེ་བར་པད་འདབ་བཞི། ཆོས་འབྱུང་གི་ཟུར་དྲུག་ལ་གཡུང་དྲུང་གཡོན་འཁོར་རེ་བྲིས་པའི་ལྟེ་བར་གཙོ་བོ་རྟ་ཡུམ་དང་བཅས་པའི་སྔགས་དང་། ཐོད་པའི་དཔྲལ་བའི་ཕྱོགས་ཤར་དུ་བརྩིས་པའི་འདབ་མ་བཞི་ལ། ༀ་བཛྲ་དྷཱ་ཀ་དྷཱ་ཀི་ཧ་ར་ས་མ་ཡ་ཧཱུྃ། ཞེས་སོགས་རིགས་བཞི་ཡབ་ཡུམ་གྱི་སྔགས་རྣམས་བྲིས་པ་བཀོད། དེའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། བཟང་དྲུག འབྲས་གསུམ། དཀར་མངར། རིན་ཆེན། འབྲུ། སྨན། དྲི་བཟང་པོ། གྷི་ཝཾ༑ སིནྡྷུ་ར་སོགས་ཀྱི་རྫས་བཏགས་བཙགས་ཀྱིས་བཏུལ་བ་ལ་འབྲས་ཕྱེས་བོངས་བསྐྱེད། ཆང་བཟང་པོ་དང་། ཁྱེའུ་དང་བུ་མོའི་ཁུ་རྡུལ་གཙང་མ་རྣམས་དང་སྦྱར་བའི་ལྡེ་གུ་གོང་མའི་སྒྲུབ་རྫས་རིལ་བུའི་ཕབས་རྒྱུན་དང་ལྡན་པ་ལ་རིལ་བུ་རྒྱ་ཤུག་གི་འབྲུ་ཙམ་མཚལ་གྱིས་ཁ་དོག་བསྒྱུར་བ་བརྒྱ་ཕྲག་ལས་མི་ཉུང་བ་དར་དམར་གྱིས་གྲིལ་བ་བླུག་ལ། དེས་ཐོད་པ་མ་ཁེངས་ན་རིན་ཆེན་འབྲུ་སྨན་དྲི་བཟང་སོགས་ཀྱིས་མཐའ་གཅེར། དར་དམར་གྱི་ཞལ་ཁེབས་བཀབ་པའི་སྟེང་དུ་འཁོར་བའི་མེ་ལོང་གི་ངོས་ལ་བདུད་རྩིས་སྙོམས་པར་བརླན་པའི་ཁར། གཞོན་ནུ་མའི་རྡུལ་གྱིས་སྦགས་པའི་དར་རམ་རས་ཀྱི་འཚག་སྣོད་དུ་བླུག་པའི་སིནྡྷུ་ར་གཡོན་


MLP024_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐེབ་སྲིན་གྱིས་མཉེས་པས་འཁོད་མཉམ་པར་བཀྲམ་པ། གཡོན་པའི་མཐེབ་སྲིན་གྱིས་བཟུང་བའི་གསེར་ཐུར་གྱིས་ཐོད་པའི་མཎྜལ་ཇི་ལྟ་བ་བྲིས་པ་བཀོད། དེ་རྣམས་ཀྱི་སྟེང་ནས་དར་དམར་པོའི་ལྡིང་གུར་ཕུབ་པ་མདུན་ཕྱོགས་སུ་སྒོ་བསལ་ཏེ་བཞག གསང་རྟེན་ནི། བྲི་གཞི་མོ་གསར་གྱི་ཕྲུ་མ་ཤ་རོ་རྣམས་ཕྲལ་ནས་བརྒྱངས་པའམ། མ་འབྱོར་ན་གྲོ་གའི་ཤུན་པ་དང་རྒྱ་ཤོག་གང་རིགས་ལ། བྲི་རྫས་ཁུ་ཁྲག་དང་མཚལ་སྦྱར་བས་འཁོར་ལོ་རྩིབས་བཞི་པ་ལ་ཕྱིར་མུ་ཁྱུད་ཀྱིས་བསྐོར་བ་ཆེ་ཆུང་ཁྱད་མེད་པ་གཉིས་བྲིས་པའི་ཕོ་འཁོར་གྱི་ལྟེ་བར་ཧྲཱིཿའི་མཐར་གཙོ་སྔགས་ཡིག་བཅུ་དང་བཅུ་དྲུག་པ། རྩིབས་བཞིར་རིགས་བཞི་མཁའ་འགྲོའི་སྔགས་ལྷོ་བྱང་གི་ལྷ་གཉིས་གོ་ས་སྤོས་ཏེ་གཡོན་འཁོར་གྱི་ཚུལ་དུ་བྲིས་པ། མོ་འཁོར་གྱི་ལྟེ་བར་ཧྲཱིཿའི་མཐར་ཡུམ་སྔགས་འབྲུ་དགུ་པ་རྩིབས་བཞིར་རིགས་བཞི་མཁའ་འགྲོ་མའི་སྔགས་གཡས་སྐོར་དུ་བྲིས་པ། གཉིས་ཀའི་མུ་ཁྱུད་ལ་དབང་སྡུད་ཀྱི་སྔགས་མཐར་ཕོ་འཁོར་ལ་དཔའ་བོས། མོ་འཁོར་ལ་དཔའ་མོས། ཞེས་པ་སོ་སོའི་མཇུག་ཏུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧཱུྃ་ཛཿཞེས་པ་ལྟ་བུ་གང་འདོད་པའི་དབང་སྡུད་ཀྱི་སྤེལ་ཚིག་སྦྱར་ཏེ་བྲིས་ལ་ཐོད་འཁོར་གྱི་རྫས་སྣ་དྲུག་གིས་ཁྱབ་པར་བྱུག དེ་ལྟར་བྲིས་ཚར་ནས་བདག་གི་རྣལ་འབྱོར་དང་ལྡན་པས་འཁོར་ལོ་སྦྱངས་ཁྲུས་སྔོན་དུ་འགྲོ་བས་བསངས་སྦྱངས། སྟོང་པའི་ངང་ལས་ཕོ་འཁོར་ཐུགས་རྗེ་ཆེན་པོ་ཡབ་ལ་རིགས་བཞིའི་དཔའ་བོ་དང་། མོ་འཁོར་ཡུམ་ལ་རིགས་བཞིའི་མཁའ་འགྲོ་མས་བསྐོར་བ་བསྐྱེད་དེ། ཡེ་ཤེས་དགུག་བསྟིམ་མཆོད་བསྟོད་བྱས་ལ། བདག་དང་འཁོར་ལོའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་དཔག་མེད་འཕྲོས། ཁམས་གསུམ་གྱི་སྐྱེ་འགྲོ་ཆེ་བཙན་སོགས་གང་འདོད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་འུབ་ཀྱིས་བསྡུས་ཏེ་འཁོར་ལོ་ལ་ཐིམ་པར་བསམས་ལ། གཙོ་འཁོར་གྱི་སྔགས་ལ་དབང་སྡུད་ཀྱི་སྔགས་སྦྲེལ་བ་བཟླས་ནས་འཁོར་ལོ་ལ་བཏབ་ཅིང་། རྟེན་འབྲེལ་སྙིང་པོའང་ཅི་རིགས་བཟླས་ནས་མེ་ཏོག་གཏོར། དེ་ནས་འཁོར་ལོ་གཉིས་ཁ་སྦྱར་ལ་བལྟབས་པ་དར་དམར་གྱིས་བཏུམས་


MLP024_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཟངས་སམ། ཙནྡན་དམར་པོའི་གའུར་དབུ་ཞབས་མ་ལོག་པར་བཅུག་ནས་སྒྲུབ་པ་པོའི་མགུལ་དུ་བཏགས། དཀྱིལ་འཁོར་གྱི་མདུན་དུ་ཐོད་པ་དུམ་བུ་བཞི་པར་ཤ་ལྔ་བདུད་རྩི་ལྔ་དང་ཁ་ཟས་བཟང་དགུས་བརྒྱན་པའི་སྒྲུབ་གཏོར་ནང་དུ་འདོད་དོན་གྱི་གསོལ་བྱང་བཅུག་པ་དེའི་གཡས་གཡོན་དུ་ཐོད་པ་མཚན་ཉིད་དང་ལྡན་པར་བདུད་རྩི་རིལ་བུ་དང་རཀྟ་སོ་ལྔའི་ཕབས་སྦྱར་བའི་སྨན་རཀ་མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ་ཇི་ཙམ་འབྱོར་ཚད་དང་། ཁྱད་པར་གྱི་རྫས་ཚིལ་ཆེན་གྱི་སྤོས་རེང་། ཞུན་ཆེན་གྱི་མར་མེ། རྐང་གླིང་དང་ཐོད་རྔ་རྣམས་ཀྱང་བཤམས། ཇི་ལྟར་རིགས་པར་སྲུང་མ་སྤྱི་དང་། བྱེ་བྲག་ཟངས་གཞོང་དུ་བཀའ་སྲུང་དང་གཏེར་སྲུང་གི་མཆོད་གཏོར། ཐོད་པ་མཚན་ལྡན་དུ་ཟས་བཟང་དགུ་ལས་ནུབ་རེ་བཞིན་བཤམ་པའམ། གསོས་ཆོག་པའི་མཁའ་འགྲོའི་ཕྲལ་གཏོར། གཞན་ཡང་ཚོགས་ཀྱི་ཡོ་བྱད་དང་། རྟེན་དང་ཁ་སྤྲོད་ཀྱི་ཚུལ་དུ་རང་གི་སྟན་འོག་ཏུ་འབྲུ་དཀར་པོའི་གཡུང་དྲུང་བྲིས་པ་བཤམས་པའི་མདུན་ནམ་གཡས་ལྟ་བུར་ནང་མཆོད་རྡོར་དྲིལ་སོགས་ཡོ་བྱད་ཐམས་ཅད་ཚང་བར་བསགས་ཏེ། དེ་དག་ནི་བཅས་གཤོམས་ཀྱི་ཟུར་འདེབས་ལྷན་ཐབས་སོ། །ཨཐྎ། ༈ ན་མོ་གུ་རུ་ཝེ། ཕྱི་སྒྲུབ་བསྙེན་པའི་ཡན་ལག་གི་ཟུར་འདེབས་ནི། བཅས་བཤམས་ཚར་བ་དང་རང་ཉིད་བདུད་རྩི་ལྔས་ཁ་ལག་དག་པར་བཀྲུས་ཏེ་དྲི་ཞིམ་པོས་ལུས་བཀྲུས་ལ་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་སྟེ་ཐོག་མའི་དགོང་ཐུན་ལ་བགེགས་གཏོར་བཏང་ནས་སྲུང་འཁོར་བསྒོམ་པ་དང་དགོང་ཐུན་དེ་དང་ཉིན་གཉིས་པ་མན་ཆད་ཀྱི་ཐོར་ཐུན་ལ་སྔོན་འགྲོ་རྒྱས་པ་དང་། ཕྱི་ཐུན་རྣམས་ལ་སྔོན་འགྲོ་བསྡུས་པ་སྲུང་འཁོར་སྐྱབས་སེམས་ཡན་ལག་བདུན་པ་ཙམ་བྱ་བ་སྲོད་ཐུན་གྱི་མཇུག་ཏུ་ཆོས་སྐྱོང་གི་གཏོར་འབུལ་དང་ཚོགས་མཆོད་རྗེས་བསྡུ་བྱ་བར་གསུངས་པ་སོགས་ཐུན་བཞིའམ་གཉིས་མ་ལ་ཇི་ལྟར་བྱ་བའི་ཆོ་གའི་ཆིངས་རྣམས་བསྙེན་ཡིག་ཏུ་གསལ་ཞིང་། འདིར་དམིགས་པའི་མདོ་འགག་གལ་ཆེ་བ་འགའ་ཞིག་བཤད་ན་ཐུན་མོང་གི་སྔོན་འགྲོའི་དམིགས་པ་རྣམས་ཁྲིད་ཡིག་ཏུ་གསལ་ཞིང་། བློ་བཅོས་པའི་སྐབས་རྙེད་དཀའ་འཇིག་སླའི་རྟེན་ལ་བསམས་ནས་ཚེ་འདིའི་བྱ་བ་


MLP024_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བློས་ལིང་གིས་འདོར་ཏེ། ཆོས་མིན་པ་བྱ་རྒྱུ་མེད་པར་བློ་ཐག་རྦད་ཀྱིས་བཅད། རྐྱེན་ཅི་བྱུང་ཡང་སྒྲུབ་པ་འདི་རྐྱེན་དབང་དུ་མི་གཏོང་། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་མི་ལུས་ཐོབ་པ་ཕལ་ཆེར་དོན་མེད་དུ་སོང་བ་ལ། ད་རེས་སྒྲུབ་པ་ཟབ་མོ་འདི་ལྟ་བུ་ཉམས་སུ་བླང་དུ་ཡོད་པ་འདི་སྐལ་བ་བཟང་སྙམ་དུ་ཞེ་བཅད་དྲག་པོས་སྒྲུབ་པ་མཐར་སྐྱེལ་བ་ལ་བློ་རྩེ་གཏད་དགོས། བློ་དེ་ལྟར་བཅུན་པས་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་འ ཐོབ་པའི་དགོས་པ་ཡོད་གསུངས། ཁྱད་པར་གྱི་སྔོན་འགྲོའི་སྐབས་སུ་བགེགས་གཏོར་ནི་ཚུགས་པའི་དགོང་ཐུན་དང་པོ་དེ་ལ་མ་གཏོགས་གཏོང་མི་དགོས་པས། སྲུང་འཁོར་ནས་འགོ་འཛིན་ཅིང་དམིགས་པ་ནི་སྔར་སོང་། བཤགས་ཡུལ་ནི་ར་གུར་གྱི་ནང་གི་མདུན་མཁར་སྤྱན་འདྲེན་པ་ཡིན། བྱིན་འབེབས་ཀྱི་དུས་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་འགེངས་པ་ཙམ་དུ་བྱོན་ནས་གནས་ཡོ་བདག་གསུམ་ཀ་ལ་བསྟིམས་པས་བྱིན་གྱིས་བརླབ་པར་བསམ། མཆོད་རློབ་ཀྱི་དམིགས་པ་གཞན་རྣམས་སླ་ལ། འོན་ཀྱང་བདུད་རྩིའི་སྐབས་སུ་ཐོད་པའི་ནང་དུ་དབུས་སུ་མི་ཤ་དང་དྲི་ཆེན་ཧྲཱིཿཔཾ་གྱིས་མཚན་པ། ཤར་དུ་བ་གླང་གི་ཤ་དང་ཁུ་བར་ཧཱུྃ་ལཾ། ལྷོར་ཁྱི་ཤ་དང་ཤ་ཆེན་གྱི་དྭངས་མ་ལ་ཏྲཾ་མཾ། ནུབ་ཏུ་རྟ་ཤ་དང་རྡུལ་ལ་ༀ་མུྃ། བྱང་དུ་གླང་ཆེན་གྱི་ཤ་དང་དྲི་ཆུ་ལ་ཨཱ་ཏྃ་སྟེ་རིགས་ལྔའི་རང་བཞིན་དུ་བསྐྱེད་ལ་སྦྱངས་རྟོགས་སྤར་གསུམ་གྱིས་རློབ་ཅིང་། སྤྱིར་མཆོད་པ་ཐམས་ཅད་ཆོས་ཉིད་ཀྱི་རང་རྩལ་འགག་པ་མེད་པ་ལ་མཆོད་སྤྲིན་གྱི་རོལ་པ་ཅིར་ཡང་འཆར་བའི་ཡེ་ཤེས་སྒྱུ་མའི་སྣང་བ་རབ་འབྱམས་ལ་དབང་བསྒྱུར་བའི་དགོངས་པས་བརླབ་བོ། །དེ་ནས་དངོས་གཞིའི་སྐབས་སུ། དེ་ཏིང་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ཆེན་པོ་བསམ་བརྗོད་དང་བྲལ་བའི་ངང་དུ་མཉམ་པར་འཇོག་པ་དང་། ཀུན་སྣང་ནི། ཆོས་ཐམས་ཅད་ཀྱི་ཡིན་ལུགས་དེ་ལྟར་ཡིན་པ་ལ་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པ་དང་། རྒྱུ་ཏིང་ནི། དེ་གཉིས་ཟུང་དུ་འཇུག་པའི་རང་རིག་ཧྲཱིཿ དམར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་ཞིང་། སྤྲོ་ཞིང་ནུས་ན། ཏིང་


MLP024_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གསུམ་སོ་སོའི་མཐར་འཆི་བ་དག་པ་ཆོས་ཀྱི་སྐུ། བར་དོ་དག་པ་ལོངས་སྐུ། སྐྱེ་བ་དག་པ་སྤྲུལ་པའི་སྐུའོ། །ཞེས་གཞི་འབྲས་སྦྲེལ་བའི་ང་རྒྱལ་བྱ་ཞིང་འོག་ཏུ་རྟེན་དང་བརྟེན་པ་རྣམས་སོ་སོའི་ཐད་དུ་གཞི་འབྲས་སྦྲེལ་བའི་ང་རྒྱལ་གསལ་མ་ཐེབས་ནའང་ཕྱི་མ་འདིའི་ནང་དུ་འདུ་བའི་གནད་ཤེས་པར་བྱའོ། །དེ་ལྟར་རྒྱུ་ཏིང་ཧྲཱིཿལས་སྲུང་འཁོར་གྱི་ནང་དུ་ས་བོན་སྤྲོས་ཏེ་འབྱུང་ལྔ་རི་རབ་དང་བཅས་པ་བསྒོམས་པས་འབྱུང་ལྔ་དག་པ་རིགས་ཀྱི་ཡུམ་ལྔར་ང་རྒྱལ་བྱ། རྡོ་རྗེ་རྭ་བའི་ནང་དུ་རྡོ་རྗེའི་ས་རྡུལ་ཆགས་པའི་གཞི་ལ་དུར་ཁྲོད་བརྒྱད་དང་། དེའི་དབུས་སུ་རིན་པོ་ཆེའི་རང་བཞིན་ཅན་གྱི་པདྨ་འདབ་མ་གྱེས་པའི་ལྟེ་བར་ལེབ་ཆགས་ཀྱི་དབུས་སུ་གཞལ་ཡས་ཁང་གདན་དང་བཅས་པ་བློས་བསླང་གི་རྣམ་པ་ཡིད་ཡུལ་དུ་བྱས་ནས་བྷྲུཾ་གྱི་ས་བོན་ལས་ལེགས་པར་བསྐྱེད་ཅིང་། སེམས་ཅན་རྣམས་ཀྱི་ཡུལ་དང་ཁང་ཁྱིམ་གྱི་ཞེན་རྟོག་དག་པ་སངས་རྒྱས་རྣམས་ཀྱི་རྟེན་གནས་ཆོས་དབྱིངས་སྤྲོས་བྲལ་རང་བཞིན་གྱི་གཞལ་ཡས་ཁང་ངོ་ཞེས་ང་རྒྱལ་བྱ། དེ་ནས་རྒྱུའི་ཧྲཱིཿཡིག་གདན་སྟེང་བབས་པ་ལས་ཆོ་ག་གསུམ་གྱི་སྐྱེ་སྲིད་དག་པ་སྤྲུལ་སྐུ་ལམ་དུ་ཁྱེར་བས་གཙོ་བོ་ཡབ་ཡུམ་བསྐྱེད་ཅིང་། འཁོར་རྣམས་ས་བོན་མངལ་འབྱིན་གྱི་ཚུལ་གྱིས་ཏེ། བདག་དང་རྟེན་རྣམས་དབྱེར་མེད་དཀྱིལ་འཁོར་གྱི་འཁོར་ལོར་བསྐྱེད་ལ། རྡོ་རྗེ་གསུམ་བྱིན་གྱིས་རློབ་ཅིང་རིགས་བདག་གོ་འཕོའི་སྦྱོར་བས་དབང་བསྐུར་ནས། སྙིང་གའི་འོད་ཀྱིས་ཡེ་ཤེས་ཀྱིས་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ཆོས་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་སུ་གསོལ་བར་སྤྱན་དྲངས། གཉིས་མེད་དུ་བསྟིམས་ནས། བདག་ཉིད་གཙོ་བོའི་ཐུགས་ཀ་ནས་སྤྱན་རས་གཟིགས་ཕྱག་གཉིས་པའི་རྣམ་པར་འཐོན་པས་ཕྱག་དང་། འདོད་ཡོན་གྱི་ལྷ་མོའི་སྤྲིན་སྤྲོས་ཏེ་མཆོད་ཅིང་། ཁྱད་པར་ལྷ་རྣམས་སྙོམས་པར་འཇུག་པའི་ཁ་སྦྱོར་གྱིས་སྦྱོར་མཆོད། ཆོས་ཉིད་རང་སྒྲར་བསྒྲགས་པས་ཡོན་ཏན་བརྗོད་པར་བསམས་ཏེ། ལས་བྱང་གི་བསྟོད་པའི་བར་བྱས་ལ། དེ་ནས་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པའི་སྐབས་སུ་མདོ་འགག་ནི། ཐ་མལ་གྱི་སྣང་བ་ལྡོག་པའི་དོན་དུ་ལྷའི་རྣམ་པ་སྤྱི་བྱེ་བྲག་ལ་སེམས་འཛིན་པ། ཐ་མལ་གྱི་ཞེན་པ་


MLP024_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པའི་དོན་དུ་ལྷའི་ང་རྒྱལ་ལ་སེམས་འཛིན་པ། ལྷར་སྣང་དང་ང་རྒྱལ་དེའང་ཡང་དག་པའི་ཡེ་ཤེས་སུ་འཆར་བའི་དོན་དུ་དཀྱིལ་འཁོར་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སུ་མོས་པའི་དག་དྲན་དང་སྙོམས་འཇུག་གི་དམིགས་པས་ཞུ་བདེ་དྲངས་ཏེ། བདེ་བའི་ངང་ལས་ལྷའི་གསལ་སྣང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་རྩིས་བཏབ་ནས། དཀྱིལ་འཁོར་ཐམས་ཅད་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆོས་ཀྱི་སྐུའི་རོལ་པར་འཆར་བའི་ཏིང་ངེ་འཛིན་ལ་ཇི་སྲིད་མི་སྐྱོའི་བར་བསླབ་པར་བྱའོ། །སྒོམ་པས་སྐྱོ་ན་ངག་གི་ཞེན་པ་སྦྱོང་ཞིང་ལྷའི་ཐུགས་རྒྱུད་བསྐུལ་བའི་དོན་དུ་བཟླས་པ་བྱ་སྟེ། དེ་ལ་གཉིས་ལས། དང་པོ་སྤྲོ་བསྡུའི་བཟླས་པ་ནི། བཟླས་དམིགས་བསྙེན་ཡིག་ཏུ་གསལ་མོད། འོན་ཀྱང་སྤྲོ་ཞིང་ནུས་ན། ལྷ་རྣམས་ཀྱི་ཐུགས་ཀའི་པད་ཉི་ཟླ་སྟེང་རང་རང་གི་ས་བོན་གཙོ་བོ་ཡབ་ཡུམ་ལ་ཧྲཱིཿདམར། འཁོར་རྣམས་ལ་ཧ་རི་སོགས་དང་ཛ་སོགས་ལྷ་རང་རང་གི་རིགས་མདོག་ཅན་གྱི་མཐར་གཙོ་བོ་ཡབ་ཡུམ་ལ་བཟླ་བྱའི་སྔགས་དང་། འཁོར་གྱི་མཁའ་འགྲོ་ཡབ་ཡུམ་ལ་གསང་རྟེན་འཁོར་ལོ་རྩིབས་སྔགས། ཕྲ་མེན་བཞིར་ༀ་བཛྲ་ཨངྐུ་ཤ་ཛཿ ༀ་རཏྣ་པཱ་ཤ་ཧཱུྃ་སོགས་ཀྱིས་བསྐོར་བ་དང་། སྤྲོ་བསྡུ་དམིགས་པའི་ཚེ་ཡུམ་དང་འཁོར་རྣམས་ལ་གཙོ་བོའི་ཐུགས་ཀའི་འོད་ཀྱིས་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་རང་རང་གི་ཐུགས་ཀའི་སྔགས་འཕྲེང་ལས་སྤྲོ་བསྡུ་བྱེད་པ་ཡིན། དེ་ཡང་སྔགས་བཟླས་པའི་ཚེ་སོ་སོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། སངས་རྒྱས་སྲས་བཅས་མཆོད་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་དང་ཡིག་འབྲུ་ཕྱག་མཚན་ནམ་འོད་ཟེར་གྱི་རྣམ་པར་བདག་གི་སྒོ་གསུམ་ལ་ཐིམ་པས་སྒྲིབ་དག་ཚོགས་རྫོགས་དབང་བཞི་རྫོགས་སུ་ཐོབ་པར་བསམ་པ་ནི་བདག་དོན་བྱིན་རླབས་བསྡུ་བའི་བཟླས་པའོ། །ཡང་ཐུགས་ཀའི་འོད་ཀྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་འཕོག་པས་སྡིག་སྒྲིབ་སྦྱངས་ནས་རྡོ་རྗེ་གསུམ་གྱི་ངོ་བོར་སངས་རྒྱས་པར་བསམ་པ་ནི་གཞན་དོན་འཕྲིན་ལས་ཀྱི་བཟླས་པ་སྟེ། བསྙེན་ཡིག་ཏུ་དོན་གཉིས་བྱས་གསུངས་པ་དེ་ཡིན། བདག་གཞན་སྣོད་བཅུད་ཐམས་ཅད་སེམས་ཉིད་


MLP024_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རོལ་པར་ཐག་བཅད་ནས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟས་ལ་བཟླ་བ་ནི་བདག་གཞན་གཉིས་མེད་ཀྱི་བཟླས་པ་ཞེས་བྱ་ཞིང་། བློ་ཆེན་དམིགས་སྐོར་གསུམ་པོ་ཕྲུགས་གཅིག་དང་། མི་ནུས་ན་རེ་མོས་ཀྱིས་བྱས་པས་ཆོག གཉིས་པ་བདེ་ཆེན་གྱི་བཟླས་པ་ནི། དོ་ལི་ཞེས་འཁྱོགས་ཀྱི་བཟླས་པ་སྟེ་ཡབ་ཀྱི་ཞལ་ནས་སྔགས་ཕྲེང་ཕར་འཁོར་བ་དང་དེའི་གེགས་སེལ་ལ་ཚུར་འཁོར་བའི་ཚུལ་གྱིས་བཟླ་ལུགས་གཉིས་ཀྱི་དམིགས་གནད་བསྙེན་ཡིག་ཏུ་གསལ་ཞིང་། དམིགས་པ་གཉིས་པོ་འདི་ཐུན་སྤེལ་ནས་བསྒོམས་ན་སྔ་དྲོ་དང་སྲོད་ལ་ཚུར་འཁོར་བ་དང་། ཉིན་གུང་དང་ཕྱི་དྲོ་ཕར་འཁོར་བར་བསྒོམས་ན་ལེགས་ཞེས་ཀྱང་གསུངས། འཁོར་སྔགས་ལ་དོ་ལི་བྱེད་ན་སོ་སོ་རང་རིག་གི་དྲན་པའི་ཏིང་ངེ་འཛིན་རབ་འབྱམས་ལ་དབང་འབྱོར་བའི་བློ་ཆེན་རྣམས་ཀྱིས་ནི་རང་རང་གི་ཐུགས་ཀར་བཀོད་པའི་སྔགས་འཕྲེང་ཉིད་རིགས་བཞི་ལ་གཙོ་བོ་ལྟར་ཡབ་ཡུམ་གྱི་སྐུ་ལ་བསྐོར་ཞིང་། ཕྲ་མེན་རྣམས་རང་ཞལ་ནས་པདྨར་འཁོར་བའི་འཁྱོགས་ཀྱི་དམིགས་པ་དང་བསྟུན་ནས་བཟླ་བྱའི་སྔགས་ལས་བྱང་ལྟར་བཟླ་བ་ཡིན་ནའང་། བློ་ཆུང་སེམས་ལ་རྩེ་གཅིག་པའི་དྲན་པས་བཅུར་ནས་བཟླ་དགོས་པ་རྣམས་སྔགས་ཕྲེང་དང་བཟླ་བྱའི་སྔགས་གཉིས་མ་གཅིག་པས་དམིགས་པ་དཀའ་བའི་རིགས་བཟླ་བྱའི་སྔགས་ཉིད་གཙོ་བོ་ཡབ་ཡུམ་གྱི་སྐུ་ལ་འཁོར་བ་ལས་འོས་མེད་ཅིང་། བསྙེན་ཡིག་ཏུའང་དམིགས་པ་གཙོ་བོ་དོ་ལི་ལ་བྱེད་པར་གསུངས་པས་སྔགས་ཐམས་ཅད་བཟླ་དགོས་པ་འདྲ་ཞིག་བྱུང་ཡང་ད་ལྟ་ཕྱག་བཞེས་སུ་མཛད་པ་ལ་ཐུན་རེའི་ནང་དུའང་། སེམས་ཀྱི་དྲན་རྟོགས་ཆོས་སྐུའི་ངང་། །ཞེས་པ་ཡན་གྱི་སྤྲོ་བསྡུའི་དམིགས་པ་གསལ་བཏབ་ནས། གཙོ་འཁོར་བྱིན་བསྡུ་བཅས་པ་འགྲོས་བརྩིས་ནས་བཟླས་རྗེས། ཁྱད་པར་སྙིང་གའི་འཁོར་ལོ་ལས་ཞེས་སོགས་ཀྱིས་དོ་ལིའི་དགོངས་པ་གསལ་བཏབ་ནས་གཙོ་སྔགས་ཡིག་བཅུ་ཇི་ལྟར་རིགས་པ་ཙམ་བཟླ་བར་མཛད། འོན་ཀྱང་སོ་སོའི་བློ་ནུས་དང་སྦྱར་ནས་བཟླས་པས་ཆོག་གི་མཐའ་གཅིག་པའི་ངེས་པ་འཆའ་མི་དགོས་སོ། །གང་ལྟར་བསྙེན་པའི་དུས་ཐུན་ཐམས་ཅད་ལ་རྒྱུན་དུ་འཛབ་བསྐུལ་མི་དགོས་པས། འཛབ་དགོངས་གསལ་བཏབ་རྗེས་


MLP024_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་ལ་བཅུག་པས་ཆོག་ཅིང་། ཐུན་རེ་རེའི་ནང་དུ་སྔགས་ཀྱི་འགྲོས་རྩི་ལུགས་ནི། ཡིག་བཅུ་སྟོང་ཕྲག་གཅིག་གི་ཚེ། རྟ་ཡུམ་གཉིས་ལ་བརྒྱ་རེ། འཁོར་སྔགས་སུམ་ཅུ་བྱིན་བསྡུ་བཅུ་རེ་སྟེ། དེ་ལྟར་བྱས་པས་ཁྱོན་ཡིག་བཅུ་ལ་འབུམ་ཕྲག་བཅུ་ཡིན་པ་སོགས་བསྙེན་ཡིག་ཏུ་གསལ་ཞིང་། འབུམ་རྗེས་ཁྲི་དང་ཁྲི་རྗེས་སུ་སྟོང་སྟེ་རང་གི་བཅུ་ཆ་རེ་ཁ་སྐོང་དུ་བཟླ་བའང་སྤྱི་དང་མཐུན། ཛཔ྄་དགོངས་གསལ་བཏབ་རྗེས་ཕྲེང་བ་ཧྲཱིཿལས་ཐུགས་རྗེ་ཆེན་པོར་བསྐྱེད་པ་ཞུ་བ་ལས་ཕྲེང་བའི་རྣམ་པར་བསྒྱུར་བས་བྱིན་གྱིས་བརླབས་ཏེ། ལག་གཡས་པའི་སོར་མོ་བཞི་སྦྱར་བའི་མཛུབ་མོའི་སྟེང་དུ་བཞག་ནས་མཐེ་བོང་གིས་བགྲང་བའམ། གཡོན་པའི་མཐེབ་སྲིན་སྦྱར་བས་བགྲང་བ་གང་བདེ་བྱ་ཞིང་། གང་ལྟར་ཡང་མྱུར་བུལ་ཆད་ལྷག་སོགས་ཀྱི་སྐྱོན་དང་བྲལ་བར་བཟླ་བ་ཡིན་ལ་དེའི་ཚེ་སོ་སོའི་ཐུགས་ཀའི་འཁྱོགས་ཀྱི་སྔགས་འཕྲེང་ཕྲ་ཞིང་གསལ་བ་མར་མེ་ལྟར་འབར་བ་ལས་ཀྱང་སྔགས་ཀྱི་རང་སྒྲ་བུང་བ་ཚང་ཞིག་པ་ལྟར་སྒྲོག་ཅིང་། གཙོ་འཁོར་ཐམས་ཅད་དང་ནམ་མཁའ་གང་བའི་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱིས་ཀྱང་སྔགས་ཟློས་པར་བསམ་པ་དང་ལས་དང་པོ་པས་ཐོག་མ་ནས་སྔགས་ཕྲེང་ལ་སེམས་གཏད་ནས་སྔགས་དལ་བུས་བཟླ། རྟག་ཏུ་ལྷའི་གསལ་སྣང་དང་ལྷ་དངོས་ཡིན་སྙམ་པའི་ང་རྒྱལ་གྱི་རྩི་དང་མ་བྲལ་བ་དགོས། ཁྱད་པར་སྔགས་ཕྲེང་སྐོར་རེ་སོང་མཚམས་སུ་ལྷར་ལམ་གྱིས་གསལ་འདེབས་བསྐྱར་མ་རེ་བྱེད། བླ་མ་དང་ལྷ་ལ་མོས་གུས་དང་། སེམས་ཅན་ལ་སྙིང་རྗེ་དུམ་པ་རེའང་ངེས་པར་དྲན་པ་གནད་ཆེ་གསུངས། བཟླས་པས་སྐྱོ་ན་ཐུན་མཇུག་གི་མཆོད་བསྟོད་དཀྱིལ་ཆོག་ལྷན་ཐབས་སུ་གསུངས་པ་ལྟར་དང་། དེ་རྗེས་ཡིག་བརྒྱ་དང་། ཧོཿ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར། །སོགས་ཀྱི་བཤགས་པ་འདི་ཐུན་ཐམས་ཅད་ཀྱི་མཇུག་ཏུ་བྱས་ཀྱང་རུང་མ་བྱས་ཀྱང་སྐྱོན་མེད། སྲོད་ཐུན་གྱི་རྗེས་བསྡུའི་དུས་སུ་བྱ། གང་ལྟར་ཡང་མཐར་རྫོགས་རིམ་ནི། འདུ་བྱེད་ཀྱི་མཐའ་མ་འཇིག་ཅིང་སླར་ཡང་ལྡང་བ་སྦྱོང་། སངས་རྒྱས་ཀྱི་སྤྲུལ་པའི་སྣང་བའང་ཆོས་དབྱིངས་སུ་རོ་གཅིག་པས་དེར་ཐིམ་ཞིང་། དེ་ལས་ལྡང་བ་མཚོན་པ་སྟེ། རྗེས་སུ་ཕྱི་ནང་སྣོད་བཅུད་


MLP024_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ཞེས་སོགས་གསུངས་པ་ལྟར་དམ་ཡེ་དབྱེར་མེད་ཀྱི་བསྡུ་བྱའི་དཀྱིལ་འཁོར་གསལ་བཏབ། རང་གི་ཐུགས་ཀའི་འོད་ཀྱིས་ཕོག་པས་སྣོད་བཅུད་ཐམས་ཅད་སྦྱངས་ནས་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ། འཁོར་རྣམས་བྱང་གི་སྒོ་མ་ནས་རིམ་པར་གཡོན་སྐོར་གྱི་གཙོ་བོ་ཡབ་ཡུམ་ལ་ཡུམ་ཡབ་ལ། ཡབ་ཡེ་ཤེས་སེམས་དཔའ་ལ། དེ་ཐུགས་སྲོག་ཧྲཱིཿལ། དེའང་གྱེན་རྫོགས་མི་དམིགས་པའི་དབྱིངས་སུ་ཐིམ་པའི་ངང་ལ་བཞག་པས་སྣང་རིག་ངོས་བཟུང་དང་བྲལ་བའི་རྗེན་ནེ་བ་དེ་ཀ་རང་བྱུང་གི་ཡེ་ཤེས་ཏེ་ལྟ་བ། དེ་གའི་རང་ལུགས་སུ་བསལ་བཞག་མེད་པར་སལ་ལེ་ཡེ་རེ་བསྐྱང་བ་ལ་ཡུན་བསྲིང་བ་སྒོམ་སྤྱོད། དེ་ལ་བརྟན་པ་ཐོབ་པ་འབྲས་བུ་སྟེ། དེ་ཉིད་རྟག་ཆད་མཐའ་ལས་འདས༔ ཞེས་སོགས་ཀྱི་དོན། དེའི་ངང་ལས་ཡིག་བཅུས་ཐུན་མཚམས་ཀྱི་ལྷར་ལངས་ཏེ་བསྔོ་སྨོན་བྱའོ། །དེ་ལྟར་དུས་དང་གྲངས་ཀྱི་བསྙེན་པ་གང་ཡིན་ཡང་རུང་སྟེ། ཕྱི་སྒྲུབ་ཀྱི་བསྙེན་པ་སོང་བའི་རྗེས་སུ་གཅེས་གནད་ལས་གསུངས་པའི་སྔགས་ཀྱི་ལྡེའུ་གདགས་པ་ལ་ཡུན་བསྙེན་ཡིག་ཏུ་བདུན་ཕྲག་གཅིག་ཙམ་རེ་བྱ་བར་གསུངས་པ་ནི་མོས་སློབ་ཀྱི་དུས་ལ་དགོངས་པ་སྟེ། གཞན་དུ་ན་དུས་བསྙེན་ཟླ་དྲུག་མ་ལྟ་བུའམ། གྲངས་བསྙེན་ཉིས་འགྱུར་ཙམ་བཟླས་ཀྱང་རྟགས་མ་མཐོང་ན་འདོགས་པ་ལྟ་བུ་སྨིན་སློབ་ཀྱི་དུས་དང་། ཕྱི་སྒྲུབ་ཙམ་ལས་གཞན་མི་བྱེད་ན་མཚན་མ་རབ་འབྲིང་ཐ་གསུམ་གང་རུང་རེ་མ་མཐོང་གི་བར་བཟླ་དགོས་པ་སོགས་གནད་ཤེས་པར་བྱ་ཞིང་། འདི་ལ་བཟླས་གྲངས་ཀྱི་ལྔ་ཆ་བརྩི་བར་གསུངས་པ་ནི། ཡབ་སྔགས་ཡིག་དྲུག་ལ་ཕོ་སྲོག་འབྲུ་བཞི་བཏགས་པ་ཐུན་རེར་སྟོང་ཕྲག་གསུམ་ཙམ་བཟླས་ན། ཡུམ་སྔགས་ལ་མོ་སྲོག་འབྲུ་བཞི་བཏགས་པ་དང་། དེ་གཉིས་ཀའི་ཤམ་བུར་ལས་སྔགས་འབྲུ་དྲུག་པ་བཏགས་པ་གཉིས་སྟོང་ཕྲག་རེ་རེ་ཙམ་འགྲོས་བརྩིས་ཏེ་བཟླའོ། །དེ་ལྟར་ཕྱི་སྒྲུབ་རྫོགས་པའི་ནུབ་ཐ་མའི་སྔ་ཐུན་དེ་ལ་མཆོད་པ་ཁ་གསོ་ཞིང་ཐུན་འགོར་མཚམས་གཅོད་དང་བྱིན་འབེབས་སོགས་ནན་ཏན་དུ་བྱའོ། །བཟླས་པའི་འགོར་དཀྱུས་ལྟར་ཛཔ྄་སྐུལ་ཡང་སྦྱར། བཟླས་པ་སོང་མཚམས་རང་ཉིད་གཙོ་བོ་ལས་ལོགས་སུ་ཕྱེ་བ་དངོས་གྲུབ་ལེན་པ་པོར་བྱས་ཏེ་དཀྱིལ་


MLP024_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ལྷ་ལ། ༀ། ཡོན་ཆབ་དང་ནི་སོགས་དང་། མཛེས་པའི་གཟུགས་སོགས་ཀྱི་མཐར་སྨན་གཏོར་རཀྟ་སྦྱར་བས་མཆོད་ཅིང་། ལེགས་སོ་ལེགས་སོས་བསྟོད། བདེ་གཤེགས་དཀྱིལ་འཁོར་སོགས་ཀྱིས་བཤགས། དཀྱིལ་འཁོར་པའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པར་བསམས་ལ་ལྷ་སོ་སོའི་སྔགས་མཐར། ༀ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཏགས་ལ་མང་དུ་བཟླས་པས། དངོས་གྲུབ་བསྐུལ་ཞིང་། ༀ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག །ཅེས་སོགས་ཀྱིས་གསོལ་བ་བཏབ་མཐར་ལྷ་ཛཔ྄་ཤམ་བུ་ཅན་སྔར་ལྟར་བཟླས་པས་དངོས་གྲུབ་བླངས་རྗེས་ཚོགས་གཏོར་སོགས་རྗེས་ཆོག་རྣམས་བྱ་བ་ཡིན་ནོ། །དེར་མ་ཟད་རྒྱུན་དུའང་ཐུན་མཚམས་ཀྱི་རྣལ་འབྱོར་གྱི་ནང་ཚན་ལས་སྒྲུབ་པའི་བར་ཆ ད་ཞི་བའི་ཕྱིར་སྲོད་ལ་མཁའ་འགྲོའི་གཏོར་མ་གཏང་བ་ནི། སྲོད་ཐུན་མ་བསྡུས་པར་གཏོང་ན་གཙོ་བོའི་ཐུགས་ཀ་ནས་ལས་ཀྱི་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པའི་རྣམ་པར་ཐོན་ནས་དཀྱིལ་འཁོར་གྱི་ཁོར་ཡུག་གི་དུར་ཁྲོད་དུ་སོང་བར་མོས་ནས་གཏོང་བའམ། སྲོད་ཐུན་བསྡུས་ནས་གཏོང་ན་ཐུན་མཚམས་ཀྱི ལྷར་ལངས་པ་དེ་ཁས་དུར་ཁྲོད་དུ་ཕྱིན་པར་མོས་ནས་གཏོར་ཞིང་། སྤྱིར་སྲོད་ཐུན་ལ་སྤྱི་བྱེ་བྲག་གི་སྲུང་མའི་གཏོར་འབུལ་བྱེད་པའང་དེ་དང་འདྲ། འོན་ཀྱང་གཉིད་དགེ་བར་བསྒྱུར་བའི་ཕྱིར་ཉལ་བའི་རྣལ་འབྱོར་ལ་འཇུག་པ་ན། གཏོར་མ་སོགས་བདག་བསྐྱེད་མ་བསྡུས་པར་བཏང་ཚར་ཚེ་ཉེར་བསྡུའི་རྣལ་འབྱོར་དང་སྦྲེལ་ཞིང་བསྡུས་ནས་བཏང་ན་ཐུན་མཚམས་ཀྱི་ལྷའི་སྐུ་དེའང་མི་དམིགས་པའི་ངང་དུ་བསྡུས་ལ་བསམ་མེད་ཀྱི་ངང་ནས་གཉིད་དུ་འགྲོ་བར་བྱ། དེར་གཉིད་མ་བྱུང་ན་ཡང་ཡང་བསྐྱར་བས་ཆོག་ཅིང་ནངས་པར་ལྡང་བའི་རྣལ་འབྱོར་ནི། ནམ་མཁར་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཌཱ་མ་རུ་དང་སྔགས་ཀྱི་སྒྲས་བསྐུལ་བས་གཉིད་སད་དེ་སྣང་བ་ཐམས་ཅད་ལྷར་ལམ་གྱིས་བསྒོམ། གཉིད་སད་ལ་ཁད་དུ་དེ་ལྟར་གསལ་འདེབས་མི་ནུས་ན་ནི། གཉིད་སད་མ་ཐག་ད་དུང་འོད་གསལ་ལས་མ་ལངས་པར་མོས་ཏེ་བསྐུལ་བས་སད་པར་བསམས་ལ་སྣང་བ་ལྟར་བསྒོམ། ཟས་ཀྱི་བྱ་


MLP024_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསོད་ནམས་ཀྱི་ཚོགས་སུ་བསྒྱུར་བའི་ཕྱིར་ཁ་ཟས་ཀྱི་རྣལ་འབྱོར་ནི། ཁ་ཟས་བདུད་རྩིར་སྦར་ལ་ལྟེ་བའི་ཐབ་ཁུང་དུ་གཏུམ་མོའི་མེས་སྦྱངས་པའི་དྭངས་མས་རང་ལྷར་གསལ་བའི་སྐུའི་ནང་དུ་དཔའ་བོ་མཁའ་འགྲོ་ཏིལ་གྱི་གང་བུ་ལྟར་བཞུགས་པ་རྣམས་ཚིམ་ཞིང་སྙིགས་མ་ཐལ་བར་སྦྱངས་པར་བསམས་ལ་རླུང་ཁ་སྦྱོར་དུ་འཆིང་། ཐོག་མཐའ་མ་གཏོགས་པའི་རྒྱུན་དུའང་ཐུན་མཚམས་ཐམས་ཅད་སྲོད་ཐུན་གྱི་མཐར་ཚོགས་འཁོར་འབྱོར་ན་བྱ་ཞིང་། མ་འབྱོར་ན་ཁ་ཟས་ཀྱི་རྣལ་འབྱོར་འདི་ཙམ་གྱིས་གོ་ཆོད་དོ། །མདོར་ན་སྤྱོད་པ་རྣམ་པར་དག་པའི་ཕྱིར་ཐུན་མཚམས་ཀུན་ཏུའང་སྣང་གྲགས་འགྱུ་གསུམ་ལ་ལྷ་སྔགས་ཡེ་ཤེས་འཁོར་ལོས་རྒྱས་ཅི་ཐེབས་ལ་བསླབ་པར་བྱའོ། །གལ་ཏེ་ནང་གསང་གི་སྒྲུབ་པ་གཉིས་དུས་དེ་ཉིད་དུ་མ་ཁོམ་པས་ཕྱིས་སྒྲུབ་པའམ་ལར་ནས་ཕྱི་སྒྲུབ་ཙམ་ལས་གཞན་གཉིས་མི་བྱེད་པ་གང་ཡིན་ཡང་རུང་སྟེ། བཅས་གཤོམས་ཀྱི་དུས་སུ་ནང་གསང་གི་ཁྱད་པར་གྱི་སྒྲུབ་རྫས་སེར་བྱེད་བྱས་པ་རྣམས་བཤམ་མི་དགོས་ཤིང་། དངོས་གྲུབ་ལེན་ཚེ། ༀ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག །ཅེས་པའི་རྗེས་ཀྱི་ལྷ་འཛབ་དང་འབྲེལ་བར་བུམ་ཆུ་མྱང་ཞིང་ཁྲུས་བྱ། གཏོར་ཟན་ནས་ཀྱང་དངོས་གྲུབ་ཀྱི་རྗེས་སུ་རོལ། སང་ཉིན་མཁའ་འགྲོ་ཆོས་སྐྱོང་ལ་གཏང་རག་གི་གཏོར་མ་དང་། དོ་ནུབ་ནས་ཁ་སྐོང་གི་ཞི་བའི་སྲེག་བླུགས་བསྙེན་གྲངས་ཀྱི་བཅུ་ཆའི་ཚད་ལོངས་ནས་བསགས་རྗེས་ཐོ་འགྲོལ་བ་སོགས་ཀྱི་བྱ་བ་རྣམས་ལྷག་པོར་བསྒྲུབ་པར་བྱ་བ་ཡིན་ནོ། །ཕྱི་སྒྲུབ་ཀྱི་ཟུར་འདེབས་ལྷན་ཐབས་སོ། །ཨཐྎ། ༈ ན་མ་ཨཱཪྱ་ལོ་ཀེ་ཤྭ་ར་ཡ། ནང་སྒྲུབ་བསྒྲུབ་པའི་ཡན་ལག་གི་ཟུར་འདེབས་ནི། ཕྱི་ནང་གསང་གསུམ་སྟན་ཐོག་གཅིག་ཏུ་བྱེད་པའི་དབང་དུ་བྱས་ཏེ། ཕྱི་སྒྲུབ་སྔ་ཐུན་ལ་གྲོལ་བའི་ཉིན་དེ་ཁའི་དགོང་ཐུན་ནམ། དེ་ཉིན་ངལ་བསོས་ནས་སང་གི་དགོང་ཐུན་ནས་བརྩམས་ཀྱང་རུང་སྟེ་མཆོད་གཏོར་ཁ་གསོ་བ་སོགས་བྱས་ལ། སྔོན་འགྲོ་རྣམས་ཐུན་འགོ་སོ་སོར་རྒྱས་བསྡུས་བྱེད་ལུགས་ཕྱི་སྒྲུབ་ལྟར་དང་། དངོས་གཞི་ལ་ཏིང་འཛིན་གསུམ་སྔོན་དུ་འགྲོ་བས་རང་གནས་དག་པའི་ཞིང་དུ་མོས་པར་པད་ཉི་ཟླ་བའི་གདན་སྟེང་རྒྱུའི་ཧྲཱིཿཡིག་བབས་


MLP024_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆོ་ག་གསུམ་གྱིས་ཐུགས་རྗེ་ཆེན་པོ་ཡབ་ཡུམ་རིགས་བདག་རང་ཆས་ཅན་དུ་བསྒོམས་པའི་ཡབ་ཀྱི་སྐུའི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བ་འོད་ཀྱི་རང་བཞིན་ཅན་གྱི་སྤྱི་བོར་པད་ཟླ་ལ་ཧཾ་ཡིག་བདེ་བ་ཆེན་པོའི་རང་བཞིན་ཉིད་རྣམ་པ་རིགས་བདག་འོད་དཔག་མེད་བླ་མ་ཀུན་འདུས་ཀྱི་ངོ་བོ་དང་། སྙིང་གར་གཙོ་བོའི་སྙིང་རྗེ་རྣམ་པ་བཞི་དང་ཡན་ལག་ཚད་མེད་པ་བཞི་སྟེ་བརྒྱད་མཚོན་པའི་པད་འདབ་བརྒྱད་ཀྱི་དབུས་སུ་ཐབས་ཡེ་ཤེས་སྙིང་པོའི་ཐིག་ལེ་ཉིད་རྣམ་པ་རྟ་མགྲིན་ཡི་དམ་ཀུན་འདུས་ཀྱི་ངོ་བོ་དང་། ལྟེ་བར་མཁའ་ཁམས་རྣམ་དག་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་རྣམ་ཐར་སྒོ་བཞི་མཚོན་པའི་ཆོས་འབྱུང་རྐྱང་པ་རྩ་བ་ཕྲ་བ་ཐུར་དང་གདེངས་ཀ་རྒྱས་པ་གྱེན་བསྟན་གྱི་ཟུར་གསུམ་ལྟེ་ཁུང་གི་ཐད་ཀྱི་མདུན་དང་གཡས་གཡོན་ལ་ཟུག་པ། དེའི་ནང་ཆོས་འབྱུང་གི་ཁམ་མཚམས་ལ་ཉེ་བའི་ནང་གི་བར་སྣང་ལ་པད་ཉིའི་གདན་སྟེང་ཤེས་རབ་དམར་ཆ་ཉིད་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཁའ་འགྲོ་ཀུན་འདུས་ཀྱི་ངོ་བོ་དང་། གསང་གནས་སུ་འབྱུང་བཞིའི་རྩ་ཁམས་དག་པ་ཡེ་ཤེས་བཞི་མཚོན་པའི་པདྨ་འདབ་བཞི་གྱེས་པའི་གེ་སར་གྱི་དབུས་སུ་ལྟེ་བའི་ཆོས་འབྱུང་རྩ་བ་ཕྲ་བ་ཐུར་བསྟན་དེ་ཟུག་ཅིང་། འདབ་བཞིར་པད་ཉི་ལ་འབྱུང་བཞིའི་རླུང་ཐིག་གི་རང་བཞིན་རིགས་བཞིའི་མཁའ་འགྲོ་ཡབ་ཡུམ་རྣམས་ཀྱང་མཁའ་འགྲོ་ཀུན་འདུས་ཀྱི་ནང་དུ་འདུ་ཞིང་། དཔུང་པ་གཉིས་དང་པུས་མོ་གཉིས་ཏེ་ཡན་ལག་གི་ཚིགས་ཆེན་བཞི་ལ་པད་ཉིར་སྐྱོད་བྱེད་ལས་ཀྱི་ཐིག་ལེ་ཉིད་ཕྲ་མེན་བཞི་བཀའ་སྡོད་དམ་ཅན་ཀུན་འདུས་ཀྱི་ངོ་བོར་བསྒོམ། དེ་ལྟར་གཞི་ལུས་ཀྱི་ལྷ་དང་། ལུས་དཀྱིལ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་བརླབས། དབང་བསྐུར། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པའི་བར་དེ་ངེས་པར་བྱ་ཞིང་། མཆོད་བསྟོད་ནི་བྱས་ཀྱང་རུང་ཞིང་མ་བྱས་ཀྱང་ཆད་པའི་སྐྱོན་མེད་གསུང་། དེ་དག་གསལ་འདེབས་ཀྱི་ངག་འདོན་ནི། ༀ། འཁོར་འདས་ཆོས་ཀུན་གདོད་མ་ནས༔ ཞེས་པ་ནས། སྤྲུལ་སྐུ་རྒྱུ་ཡི་ཐིག་ལེ་ཆེ༔ ཞེས་པའི་བར་སོང་རྗེས། དེ་ལས་པད་ཉི་ཟླ་བ་ཡི། །གདན་སྟེང་ནམ་མཁའི་ཧྲཱིཿཡིག་བབས། །ཨུཏྤལ་དམར་པོ་ཧྲཱིཿས་མཚན་གྱུར། །ཅེས་པ་ནས། ཞབས་གཉིས་


MLP024_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་འཁྱུད་མཉམ་པར་སྦྱོར། །སྤྱི་བོར་རིགས་བདག་འོད་དཔག་མེད། །སྤྲུལ་སྐུའི་ཆ་བྱད་ཚེ་བུམ་འཛིན། །ཡབ་ཀྱི་སྐུ་ཡི་ཆ་ཤས་ཀྱི། །སྤྱི་བོའི་ནང་དུ་འོད་དཔག་མེད། །ཆ་ལུགས་སྔར་འདྲ་ཚེ་བུམ་འཛིན། །ཀུན་འདུས་བླ་མའི་ངོ་བོར་བཞུགས། །སྙིང་གར་པདྨ་འདབ་བརྒྱད་སྟེང་། །པད་ཉི་རོ་སྟེང་རྟ་མཆོག་དཔལ། །སྐུ་མདོག་དམར་པོ་པད་ཕྲེང་དང་། །པདྨ་འཛིན་པ་ཁྲོ་གཏུམ་གཟུགས། །ཀུན་འདུས་ཡི་དམ་ངོ་བོར་བཞུགས། །ལྟེ་བར་ཆོས་འབྱུང་དམར་པོའི་དབུས། །པད་ཉིར་བདེ་ཆེན་དྷཱ་ཀི་མ། །གསང་བ་ཡེ་ཤེས་དམར་གསལ་མདངས།། གཅེར་བུ་ཅང་ཏེའུ་ཐོད་པ་འཛིན། །ཞབས་གཉིས་ཕྱེད་ཀྲུང་གར་སྟབས་ཚུལ། །ཀུན་འདུས་མཁའ་འགྲོའི་ངོ་བོར་བཞུགས། །གསང་གནས་པདྨ་འདབ་བཞི་ལ། །མདུན་ནས་གཡས་བསྐོར་པད་ཉིའི་སྟེང་། །ཤར་དུ་རྡོ་རྗེ་མཁའ་འགྲོ་ཡབ། །ཅེས་པ་ནས། གྲི་གུག་ཐོད་པ་འཛིན་པའོ། །དཔུང་གཡས་རྡོ་རྗེ་ཕྲ་མེན་མ། །དཀར་མོ་ཁྭ་གདོང་ལྕགས་ཀྱུ་འཛིན། །དཔུང་གཡོན་རིན་ཆེན་ཕྲ་མེན་མ། །སེར་མོ་ཕག་གདོང་ལྕགས་ཀྱུ་འཛིན། །རྐང་གཡོན་རྡོ་རྗེ་ཕྲ་མེན་མ།། དམར་མོ་ཁྱི་གདོང་ལྕགས་ཀྱུ་འཛིན། །རྐང་གཡས་ལས་ཀྱི་ཕྲ་མེན་མ། །ལྗང་ནག་འུག་གདོང་ལྕགས་ཀྱུ་འཛིན། །ཀུན་ཀྱང་གཡོན་པ་ཁ་ཊྭཱཾ་འཛིན། །གཅེར་བུ་བདེ་བའི་གར་སྟབས་སྒྱུར།། ཞེས་པའི་རྗེས་སུ། དེ་ལྟར་ལྷ་ཚོགས་ཐམས་ཅད་ཀྱི། །སྤྱི་བོར་ༀ་དཀར་སྐུ་རྡོ་རྗེ། །ཞེས་པ་ནས། གཉིས་སུ་མེད་པར་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛ་ལྷན། ཞེས་པའི་བར་ལས་བྱང་ལྟར་བརྗོད་པས་གསལ་བཏབ་ནས་ལུས་དཀྱིལ་གྱི་ལྷ་ལ་དམིགས་པའི་གསལ་སྣང་དང་ང་རྒྱལ་བརྟན་པོས་སྒྱུ་མ་ལྟ་བུ་འཆར་བའི་ལྷའི་སྣང་ཞེན་ལ་བསླབ་ཚུལ་ཕྱི་སྒྲུབ་ཏུ་བཤད་པ་ལྟར་ཇི་སྲིད་མི་སྐྱོའི་བར་དུ་བསྒོམ་དེས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། བསྙེན་ཡིག་ཏུ་སྐུ་བཞིའི་བཟླས་དམིགས་གཅིག་ཏུ་དྲིལ་བ་ལ་སྤྱི་ཁྱབ་དབང་གི་བཟླས་དམིགས་ནི་གནད་དོན་ལ་ཚང་བའི་དབང་དུ་མཛད་ནས། ཡིད་བཟླས་གསུངས་ནའང་། ལས་དང་པོ་པ་རྣམས་ལ་དམིགས་སྐོར་ལྔ་པོ་རེ་མོས་ཀྱིས་ཉམས་སུ་བླངས་ན་བདེ་བར་མ་ཟད་གསུང་རྒྱུན་དྲི་མ་མེད་པ་ལས་ཀྱང་སོ་སོར་བྱས་ན་ལེགས་གསུངས་པ་བཞིན་དུ་གབ་སྦས་མེད་པར་


MLP024_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་ན། དམིགས་སྐོར་ལྔ་ལས་དང་པོ་ལྟེ་འོག་སོར་བཞིའི་ཐད་ཀྱི་ཆོས་འབྱུང་ནང་དུ་མེའི་རང་བཞིན་ཅན་གྱི་ཨ་ཤད་དམ་ཨཾ་ཡིག་དམར་པོ་གང་ཡིད་ལ་འཆར་བདེ་བ་ཞིག་སྒོམ་པ་ལས། མེ་ལྕེ་ཕྲ་ཞིང་འཚེར་བ་སོར་དོ་ཙམ་འབར་བ་ལ་སེམས་གཏད་དེ་རླུང་ཕྱིར་དབྱུང་བ་རྣམས། གཏུམ་མོའི་མེ་དེས་ཡུམ་གྱི་སྐུ་ལ་རེག་པའི་རྐྱེན་གྱིས་བསྐུལ་བས་ཡུམ་གྱི་སྐུའི་རྣམ་པ་ལྷའི་ངོ་བོ་མེའི་རང་བཞིན་ཅན་དེ་ལས་ཀྱང་འོད་དམར་བྲེང་གིས་འཕྲོས་རྟ་མགྲིན་ལ་ཕོག་པས་དེའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་རླུང་དང་འདྲེས་ནས་ཕྱིར་སོང་། བློས་འཁྱུད་ཚད་ཀྱི་ནམ་མཁའི་ཁམས་ཁེངས་པས་བརྟན་གཡོའི་ཆོས་གང་དབང་དུ་བསྡུ་རྒྱུ་རྣམས་རང་དབང་མེད་པར་བསྡུས་པ་བྱང་སེམས་དཀར་དམར་གྱི་རྣམ་པར་ལྟེམ་གྱིས་ཞུ། དེ་ཉིད་རླུང་ནང་དུ་འཇུག་པ་དང་མཉམ་དུ་སྣ་སྒོ་ནས་ཞུགས་ཏེ་ལྟེ་འོག་གི་གཏུམ་མོའི་མེ་ལ་བསྟིམ། འཁོར་འདས་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པར་བསམ་ཞིང་དེའི་ངང་བསྐྱངས་ཏེ་རླུང་འཛིན་པ་ནི་བདེ་ཆེན་རྡོ་རྗེའི་བཟླས་པ་སྟེ་དམིགས་སྐོར་གཅིག་གོ །གཉིས་པ་སྔར་བཞིན་ཐུགས་ཀའི་འོད་རླུང་དང་འདྲེས་ཏེ་ཕྱིར་སོང་བས་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ལྷའི་འཁོར་ལོར་སྦྱངས། རླུང་འཇུག་པའི་ཚེ་འཁོར་འདས་གཉིས་མེད་སངས་རྒྱས་ཚད་མེད་པའི་རྣམ་པར་བཞེངས་པ་དེ་ཐམས་ཅད་སྤྱན་དྲངས་ནས་ཞུ་བ་ཆོས་འབྱུང་གི་མེར་བསྟིམས་པས་དབང་བཞི་རྫོགས་སུ་ཐོབ་བདེ་ཆེན་གྱི་ཡེ་ཤེས་སྐྱེས་པར་མོས་ལ། དེའི་ངང་བསྐྱང་ཞིང་རླུང་འཛིན་པ་ནི་ལོངས་སྐུ་རྡོ་རྗེའི་བཟླས་པ་སྟེ། དམིགས་སྐོར་གཅིག་གོ །གསུམ་པ་སྔར་བཞིན་རླུང་འབྱིན་པ་དང་མཉམ་དུ་ཐུགས་ཀའི་འོད་ཕྱིར་སོང་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡུག་བསྔལ་བསལ། ཐམས་ཅད་ཕ་མར་ཤེས་པས་མེད་སྣང་སྒྱུ་མ་ལྟ་བུའི་འཁོར་བ་ན་ཉམ་ཐག་པ་ལ་བཟོད་མེད་ཀྱི་སྙིང་རྗེས་དྲངས་ཏེ་ཞུ་བ་རླུང་འཇུག་པ་དང་མཉམ་དུ་འོངས་པས་མེར་ཐིམ་ཞིང་བྱང་ཆུབ་ཀྱི་སེམས་དྲག་ཏུ་བསྒོམ་པའི་འགྲོ་འདུལ་གྱི་ཕྲིན་ལས་མ་འགགས་པར་འཆར་བར་བསམས་ལ་རླུང་འཛིན་པ་སྤྲུལ་སྐུ་རྡོ་རྗེའི་བཟླས་པ་སྟེ་དམིགས་སྐོར་གཅིག་གོ །བཞི་པ་རེས་མཁའ་ལྟར་ཟབ་མོའི་


MLP024_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མེད་པའི་ངང་དུ་ཆམ་གྱིས་བསྒྱུར་ལ་རླུང་འཛིན་པ་ནི་ཆོས་སྐུ་རྡོ་རྗེའི་བཟླས་པ་སྟེ་དམིགས་སྐོར་གཅིག་གོ །དེ་ལྟར་དམིགས་སྐོར་བཞི་པོ་དེ་ལ་སྐུ་བཞི་རྡོ་རྗེའི་བཟླས་པ་ཞེས་བྱ་ཞིང་བཞི་ཀ་རླུང་བུམ་ཅན་སྦྱོར་བ་བཞི་ལྡན་དང་སྦྱར་ནས་བྱེད་པ་ཡིན་མོད། འོན་ཀྱང་ལས་དང་པོ་པ་རླུང་མ་བྱང་བས་ནི་རླུང་བུམ་ཅན་གྱི་སྟེང་ནས་བྱེད་པ་དཀའ་ཞིང་། ཁྱད་པར་ཐོག་མར་རྩ་ལམ་མ་སྦྱངས་པར་བུམ་ཅན་དྲག་པོ་འཛིན་པའང་མི་རུང་པས། རེ་ཞིག་མོས་སྒོམ་ཙམ་དུ་དབུགས་འགྲོ་འོང་རང་བབས་སམ། འགྲོ་འོང་གཉིས་ཀ་དལ་བུས་བྱེད་པ་དང་སྦྱར་ནས་སྦྱངས་རྗེས་བུམ་ཅན་འཇམ་པོ་སྟེང་རླུང་སྣ་སྒོར་བསྟེན་ཙམ་གྱི་ངང་ནས་བྱས་པས་ལེགས་པོར་འོང་ཞིང་། བུམ་ཅན་བྱང་བའི་གང་ཟག་གིས་ནི་དམིགས་པ་བཞི་ཀ་ལ་བུམ་ཅན་དགང་ནས་ཁ་སྦྱོར་གཡོ་མེད་དུ་གཞིལ་བའི་ཚེ་དམིགས་སྐོར་ལྔ་པར་འཆད་འགྱུར་ལྟར་སྔགས་དྲིལ་བ་ལ་ཡིད་བཟླས་བྱས་ན་ཤིན་ཏུ་ལེགས་གསུང་། གལ་ཏེ་ཡིད་བཟླས་མི་ནུས་ནའང་རླུང་ཉིད་སྐབས་འདིའི་བཟླས་པ་ཡིན་པས་ཆད་པའི་སྐྱོན་མེད་དོ། །ལྔ་པ་སྤྱི་ཁྱབ་དབང་གི་བཟླས་པ་ནི། རྡོར་བཟླས་ཀྱིས་སྐྱོ་ན་ངག་བཟླས་ལ་འཇུག་སྟེ་སྙིང་གའི་རྟ་མགྲིན་གྱི་ཐུགས་ཀའི་ཧྲཱིཿཡིག་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་དམར་པོ་ཚ་ཞིང་རྩུབ་ལ་རྣོ་བ་ལྕགས་ཀྱུ་ལྟ་བུའི་ཚོགས་སྤྲོས་གང་འདོད་ཀྱི་བསྒྲུབ་བྱ་དམིགས་སུ་གསལ་བའམ། སྤྱི་ཙམ་དུ་སེམས་ཅན་ཐམས་ཅད་ཀྱི་སྙིང་ག་ནས་བཟུང་བ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་ཚུར་བསྡུས་ནས་འོད་དུ་ཞུ། དེ་ཉིད་ཐུགས་ཀའི་ཧྲཱིཿལ་ཐིམ་པར་བསམ་པའི་སྤྲོ་བསྡུའི་དམིགས་པ་དང་སྦྱར་ཏེ། ལས་བྱང་ལས་གསུངས་པའི་གཙོ་འཁོར་སྒྲིལ་བའི་སྔགས་གཤམ་དུ་དབང་སྡུད་ཞེ་དྲུག་པ་བཏགས་ལ་བཟླས་པ་བྱ་སྟེ། དུས་གྲངས་ཀྱི་ཚད་སོགས་བསྙེན་ཡིག་ལྟར་རོ། །དེ་ལྟར་ལྷ་སྔགས་ཀྱི་རྣལ་འབྱོར་ལ་ཇི་སྲིད་མི་སྐྱོའི་བར་བསླབས་རྗེས་ལུས་ལ་བཀོད་པའི་ལྷ་རྣམས་རང་རང་གི་གནས་དེ་ཉིད་དུ་འོད་དུ་ཞུ་བ་གཞི་ལུས་ཀྱི་ལྷ་དང་བཅས་ཏེ་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་བསྡུས་ལ་གསལ་སྟོང་དམིགས་གཏད་བྲལ་བའི་དབྱིངས་རང་སངས་རང་རིག་མ་བཅོས་པའི་ངང་དེར་སོ་ཁད་དེ་


MLP024_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག རྟོག་པ་འཕྲོ་ན་གང་སྐྱེས་ཀྱི་ངོ་བོ་ལ་གསལ་ཆེ་རེ་བ་བལྟས་པས་གང་དུའང་ངོས་བཟུང་མེད་ཅིང་། རང་རིག་རང་གསལ་བློ་འདས་སྤྲོས་དང་བྲལ་བར་འཆར་བས་ངང་བསྐྱང་། ལྡང་པ་ན་གཙོ་བོ་ཡབ་ཡུམ་གྱི་སྐུར་ལངས་ཏེ་བསྔོ་སྨོན་བྱ། དེ་ལྟར་ལེགས་པར་བསྒྲུབས་ཀྱང་རྟགས་མ་མཐོང་ན། མཚན་མ་མཐོང་མཐོང་གི་བར་དུའམ་ཐ་ནའང་བདུན་ཕྲག་གཅིག་ཙམ་གྱི་བར་དུ་སྤྱི་ཁྱབ་དབང་གི་བཟླས་དམིགས་བཤད་མ་ཐག་པ་ལྟར་ལས། ཁྱད་པར་ཚུར་བསྡུས་པ་རང་གི་ཐུགས་ཀ་དང་སྒྲུབ་རྫས་ཀྱི་རིལ་བུ་གཉིས་ཀ་ལ་ཐིམ་པར་བསམ་པ་དང་སྦྱར་ཏེ་ཡབ་སྔགས་ཡིག་དྲུག་དང་ཡུམ་སྔགས་འབྲུ་དགུ་པ་སྔར་ལྟར་ཕོ་སྲོག་མོ་སྲོག་སྦྲེལ་བའི་ཤམ་བུར་ཨ་ནྲྀ་ཏྲི་མ་བྷི་སོགས་ལས་སྔགས་ཞེ་བརྒྱད་པ་བཏགས་ནས་བཟླས་མཐར་རིལ་བུ་ལ་ཧ་འདེབས་པའམ། དེ་ལག་ལེན་ལ་མི་བདེ་ན། རིལ་བུར་གཟུངས་ཐག་བཏགས་ནས་བཟླ་བ་ཡིན་ནོ། །གཞན་ཡང་ཐུན་གཅོད་ཚུལ་ཐུན་མཚམས་ཀྱི་བྱ་བ། སྲོད་ལ་སྤྱི་བྱེ་བྲག་དང་ཁྱད་པར་མཁའ་འགྲོ་གཏོར་མ་ཟས་དང་ཉལ་ལྡང་གི་རྣལ་འབྱོར། ནང་སྒྲུབ་རྫོགས་པའི་ནུབ་ཐ་མའི་སྔ་ཐུན་ལ་དངོས་གྲུབ་ལེན་པ་རྣམས་ཕྱི་སྒྲུབ་ལྟར་ཤེས་པར་བྱའོ། །ནང་སྒྲུབ་ཀྱི་ཟུར་འདེབས་ལྷན་ཐབས་སོ། །ཨཐྎཿ ༈ ན་མཿཤྲཱི་པདྨ་ནཏྟེ་ཤྭ་རཱ་ཡ། གསང་སྒྲུབ་ལས་སྦྱོར་གྱི་ཡན་ལག་གི་ཟུར་འདེབས་ནི། ཐོག་མ་ཐུན་གང་ནས་འཛུགས་པ་དང་། མཆོད་གཏོར་ཁ་གསོ་ཞིང་སྔོན་འགྲོ་རྒྱས་བསྡུས་སོགས་སྔར་ལྟར་ལས། དངོས་གཞི་ལ་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་བསྒོམ། སྟོང་ཉིད་ལས་མངོན་པར་བྱང་ཆུབ་པ་ཆོས་དབྱིངས་ཡེ་ཤེས། དེའི་ངང་ལས་པད་ཟླ་ཉི་མའི་གདན་བསྒོམས་པ་གདན་ཉི་ཟླ་ལས་བྱང་ཆུབ་པ་མེ་ལོང་ཡེ་ཤེས། གདན་སྟེང་ས་བོན་ཧྲཱིཿ བསམ་པ་གསུང་ཡིག་འབྲུ་ལས་བྱང་ཆུབ་པ་མཉམ་ཉིད་ཡེ་ཤེས། ཧྲཱིཿཡིག་པདྨ་དམར་པོ་ཧྲཱིཿས་མཚན་པར་གྱུར་པ་ཉིད་ཐུགས་ཕྱག་མཚན་ལས་བྱང་ཆུབ་པ་སོར་རྟོག་ཡེ་ཤེས། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བདེ་གཤེགས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་གསང་སྒྲུབ་རྟ་མགྲིན་དམར་པོ་ཞབས་མཐིལ་གཉིས་ཀ་གདན་ལ་བཞག་པའི་གཡོན་བརྐྱང་བའི་


MLP024_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་ཚུལ་ཏེ་དོར་སྟབས་སུ། ཡུམ་གསང་བ་ཡེ་ཤེས་ཞབས་གཡས་བརྐྱང་བས་འཁྱུད་པ་རིན་པོ་ཆེའི་རུས་རྒྱན་དུར་ཁྲོད་ཀྱི་ཆས་ཀྱིས་སྤྲས་པའི་སྐུར་གྱུར་པ་ནི་སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་བྱ་གྲུབ་ཡེ་ཤེས་ཏེ་མངོན་བྱང་ལྔ་བསྐྱེད་དོ། །ཡང་ཆོ་ག་གསུམ་བསྐྱེད་ལ་མོས་ན། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་ཉིད་དང་དེའི་རང་གདངས་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་བ་ལས། རང་རིག་ཧྲཱིཿདམར་པོར་གསལ་བ་ཉིད་པདྨ་དམར་པོ་ཧྲཱིཿས་མཚན་པ་ཡོངས་སུ་གྱུར་པ་ལས་ལྷའི་སྐུར་བསྐྱེད་དོ། །གང་ལྟར་ཡང་བདག་རྟ་མགྲིན་ཡབ་ཡུམ་དུ་བསྒོམས་པའི་ཡབ་ཀྱི་སྐུའི་ནང་སྣང་སྟོང་བདེ་ཆེན་སྒྲིབ་ཐོགས་དང་བྲལ་བ་འོད་ཀྱི་རང་བཞིན་ཅན་གྱི་དབུས་རྩ་དབུ་མ་སྦོམ་ཕྲ་སྦ་ལྕག་ཙམ་པ་ཕྱི་དཀར་ལ་ནང་དམར་བ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་ཚངས་བུག་ནས་གསང་གནས་ཀྱི་བར་དྲང་པོར་གནས་པ། དེའི་གཡས་སུ་རོ་མ་དམར་པོ་དང་། གཡོན་དུ་རྐྱང་མ་དཀར་པོ་གཉིས་དབུ་མ་ལས་ལྡབ་འགྱུར་གྱིས་ཕྲ་བ་སྤྱི་བོ་ནས་གསང་བའི་འཁོར་ལོའི་བར་སོང་བ་ལས། ཡས་སྣ་གཉིས་ཐུར་དུ་སྣ་བུག་ལ་ཟུག་ཅིང་། མས་སྣ་གསང་གནས་ཀྱི་འཁོར་ལོའི་ལྟེ་བའི་འོག་ནས་རྩ་གསུམ་འདྲེས་ཏེ། དབུ་མ་གཡས་དང་རོ་མ་གཡོན་དུ་སོང་བ་གཉིས་མདུན་དུ་འཁྱོགས་ཏེ་གསང་གནས་དང་། རྐྱང་མ་རྒྱབ་ཏུ་འཁྱོགས་ཏེ་བཤང་སྒོར་ཟུག་པ་འཁོར་ལོ་སོ་སོའི་ཐད་དུ་རོ་རྐྱང་དབུ་མ་ལ་ཐིམ་སྟེ་མི་མངོན་པ་དེ་ལ་བརྟེན་པའི་འཁོར་ལོ་ནི། སྤྱི་བོར་དབུ་མའི་ཡས་སྣ་ནས་མར་སོར་གང་བཞག་མཚམས་ན་བདེ་ཆེན་འཁོར་ལོ། ཕྲག་པ་སྐྱེ་མཚམས་ཀྱི་ཐད་དུ་ལོངས་སྤྱོད་འཁོར་ལོ། ནུ་ཕྲག་གི་དབུས་ཐད་དུ་ཆོས་ཀྱི་འཁོར་ལོ། ལྟེ་ཁུང་གི་ཐད་སྤྲུལ་པའི་འཁོར་ལོ། དེ་ནས་སོར་བརྒྱད་ཙམ་གཞལ་བ་རྒྱུ་ཞབས་ཀྱི་ཐད་དུ་གསང་བའི་འཁོར་ལོ་སྟེ། དེ་ཡང་འཁོར་ལོའི་ལྟེ་བ་དབུ་མ་ནས་ཕྱོགས་རེར་རྩ་རེ་གྱེས་པ་འདབ་མ་བཞི་ནི་གསང་གནས་ཀྱི་འཁོར་ལོ། སྙིང་གར་དེ་ལས་གཉིས་རེ་གྱེས་པས་བརྒྱད། མགྲིན་པར་དེ་ལས་ཀྱང་གཉིས་གཉིས་གྱེས་པ་བཅུ་དྲུག སྤྱི་བོར་དེ་ལས་གཉིས་གཉིས་གྱེས་པས་སོ་གཉིས། ལྟེ་བར་སྙིང་ག་ལྟར་དུ་གྱེས་པའི་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་


MLP024_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། དེ་ལྟར་གཉིས་རེ་གྱེས་པའི་བརྒྱད་ལས་ལྔ་ལྔ་དང་མ་གྱེས་པའི་བཞི་ལས་དྲུག་དྲུག་གྱེས་པའི་དྲུག་ཅུ་རྩ་བཞི་སྟེ། རྩ་འཁོར་ཐམས་ཅད་ཀྱང་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་སྦུ་གུ་རྣམས་དབུ་མ་ལ་འབྲེལ་བར་བསྒོམ། དེ་ལྟར་རྩ་འཁོར་ལྔའི་ལྟེ་བ་དབུ་མའི་ནང་དུ་ཕུང་ལྔ་དང་འབྱུང་ལྔ་དག་པ་ཡེ་ཤེས་ལྔའི་ངོ་བོ་སྤྱི་བོར་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་དཀར་པོ། མགྲིན་པར་པདྨ་མཁའ་འགྲོ་ཡབ་ཡུམ་དམར་པོ། སྙིང་གར་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་མཐིང་ག ལྟེ་བར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་པོ། གསང་བར་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་གུ། ཡབ་ལྔ་རང་རྟགས་དང་དུང་ཁྲག ཡུམ་རྣམས་གྲི་ཐོད་ཅན་འཁྲིལ་སྦྱོར་དུ་བཞུགས་ཤིང་། རྒྱན་ཆས་སོགས་ལས་བྱང་ལྟར་གསལ་བཏབ། འཁོར་ལོ་རྩ་འདབ་རྣམས་ལ་རང་རང་གི་རླུང་ཐིག་རྣམ་པར་དག་པས་ངོ་བོ་རྩ་འདབ་དང་གྲངས་མཉམ་པའི་རྣལ་འབྱོར་མ་རང་རང་གི་གཙོ་བོ་ཡབ་ཡུམ་གྱི་མདོག་ཅན། གཡས་རང་རྟགས་དང་གཡོན་ཐོད་ཁྲག་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་གཙོ་བོ་ལ་ཞལ་ཕྱོགས་པར་བཞུགས་པ་དེ་ལྟར་བསྐྱེད་པས་གཙོ་བོ་ཡབ་ལྔའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྟ་མགྲིན་དང་། ཡུམ་ལྔ་དང་འཁོར་གྱི་རྣལ་འབྱོར་མ་རྣམས་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་གསང་ཡེ་ཕྱག་གཉིས་མ་ཞབས་གཡས་བརྐྱང་བའི་ཕྱེད་ཀྲུང་ཅན་རེ་དང་། བདག་ཉིད་གཞི་ལུས་ཀྱི་རྟ་མགྲིན་གྱི་སྤྱི་བོར་རིགས་བདག་འོད་དཔག་མེད་རྣམས་སྒོམ་ཞིང་། ལྷ་ཚོགས་དེ་ཐམས་ཅད་ཀྱི་གནས་གསུམ་བརླབ། དབང་བསྐུར་བསྐྱེད་བསྟིམ་རྣམས་ལས་བྱང་ལྟར་བྱ། དེ་དག་གསལ་འདེབས་ཀྱི་ངག་འདོན་ནི། སྟོང་པའི་ངང་ལས་པད་ཟླ་དང༔ ཞེས་པ་ནས། ཡུམ་རྣམས་ཐུགས་ཀར་ཕག་མོ་བསྒོམ༔ ཞེས་པའི་བར་རྩ་སྒྲུབ་ལྟར་བཏོན་པའི་མཇུག་ཏུ། རང་གི་སྤྱི་བོར་འོད་དཔག་མེད༔ སྤྲུལ་སྐུའི་ཆ་བྱད་ཚེ་བུམ་འཛིན༔ ཞེས་སྦྲེལ་རྗེས། དེ་ལྟར་ལྷ་ཚོགས་ཐམས་ཅད་ཀྱི༔ སྤྱི་བོར་ༀ་དཀར་སྐུ་རྡོ་རྗེ༔ ཞེས་པ་ནས། གཉིས་སུ་མེད་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛ་ལྷན༔ ཞེས་པའི་བར་ལས་བྱང་ལྟར་གསལ་བཏབ་ནས་ལྷའི་སྣང་


MLP024_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་ལ་བསླབ་པ་ནི། འཁོར་ལོའི་ལྷ་ལ་དམིགས་པའི་ཁྱད་ཙམ་ལས་གཞན་ཕྱི་སྒྲུབ་ལྟར་རྣམ་པ་གསལ་བ་ང་རྒྱལ་བརྟན་པ་དེའང་བདེ་གསལ་སྟོང་པ་ཉིད་ཀྱི་རོལ་པར་འཆར་བ་ལས་ཇི་སྲིད་མི་སྐྱོའི་བར་བསླབ་བོ། །དེས་སྐྱོ་ན་བཟླས་པ་ལ་འཇུག་སྟེ་དེའང་རྩ་བར། སྐབས་དེར་བདག་བསྐྱེད་དང་འབྲེལ་བ་ལམ་སློང་ཉི་ཟླ་ཁ་སྦྱོར་གྱི་བཟླས་པ་དང་། འཁོར་འདས་འོད་གསལ་དུ་སྦྱོང་བ་བསྡུ་ཞུའི་བཟླས་པ་གཉིས་བྱས་རྗེས། མདུན་གྱི་སྒྲུབ་རྫས་རྣམས་ལྷར་བསྐྱེད་བསྟིམ་ཆོ་ག་སྔ་མ་ཇི་ལྟ་བས་མདུན་བསྐྱེད་བསྒྲུབས་ནས། བདག་མདུན་གཉིས་ཀ་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་ལས་སྦྱོར་གྱི་བཟླས་པ་བྱ་བར་གསུངས་པ་ལྟར་རམ། ཡང་ན་བདག་སྒྲུབ་རྫས་གཉིས་ཀ་སྔར་དབྱེར་མེད་དུ་ལྷར་བསྐྱེད་ཅིང་ཡེ་ཤེས་པ་བསྟིམས་ནས། བདག་བསྐྱེད་དང་འབྲེལ་བའི་བཟླས་པ་གཉིས་སོང་མཚམས། བདག་ཉིད་ལྷར་གསལ་བ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ངོ་བོ་སྒྲུབ་རྫས་ཉིད་རྣམ་པ་མདུན་བསྐྱེད་ཀྱི་ལྷའི་འཁོར་ལོ་ལྔའི་ལྷ་རྒྱན་ལྷ་དང་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པར་མོས་ལ། བདག་མདུན་གཉིས་ཀ་དང་འབྲེལ་བའི་བཟླས་པ་བྱེད་པ་གང་བདེ་སྟེ། ད་ལྟ་ཕྱག་ལེན་དུ་ཕྱི་མ་ལྟར་མཛད་པ་དོན་ལ་གནད་གཅིག་ཅིང་གནས་སྐབས་སུ་འཇུག་པ་བདེ་བ་དང་དམིགས་པའང་སླ་ཞིང་ཆུན་ཆེ་བ་ཡིན་ནོ། །གང་ལྟར་ཡང་དང་པོ་བདག་བསྐྱེད་དང་འབྲེལ་བའི་བཟླས་པ་ལའང་གཉིས་ལས་ཉི་ཟླ་ཁ་སྦྱོར་འཁོར་ལོ་ལྷའི་བཟླས་པ་ནི། བསྙེན་ཡིག་ཏུ་སླར་ཡང་བཤང་སྒོར་རླུང་དཀྱིལ་ལྗང་གུ་སོགས་ཀྱིས་གསལ་བར་གསུངས་པ་ལྟར་ཏེ། དེའང་བཤང་སྒོའི་རླུང་གི་གསང་གནས་ཀྱི་ལྷ་ཚོགས་གཙུབས་ཏེ་མེ་འབར་བས་ལྟེ་འོག་འདུས་མདོའི་གཏུམ་མོ་སྦར། དེས་འཁོར་ལོ་བཞིའི་ལྷ་རྣམས་རིམ་གྱིས་གཙུབས་ཤིང་སྦར་བས་ལུས་ནང་ཐམས་ཅད་དམར་ལྷག་གེ་གསལ་ཞིང་དྲོད་ཚ་འུར་གྱིས་བྱུང་བར་མོས། དེས་སྤྱི་བོའི་ཧཾ་ཞུ་བའི་འབར་འཛག་གིས་སྤྱི་བོ་ལ་སོགས་པའི་འཁོར་ལོ་བཞི་རིམ་པར་གང་བས་དགའ་བ། མཆོག་དགའ། ཁྱད་དགའ། ལྷན་སྐྱེས་ཀྱི་དགའ་བ་རྣམས་སྐྱེས་པར་མོས་ལ་སེམས་བསྲེས་ནས། འཁོར་ལོ་རེ་རེ་ལ་བུམ་ཅན་བདུན་ནམ་ཉེར་


MLP024_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སོགས་ཅི་ནུས་དང་སྦྱོར་ཞིང་དགའ་བ་བཞི་རེ་རེ་ལ་སེམས་བཟུང་ནས་ཡིད་བཟླས་བྱ་བར་གསུངས་པའང་རླུང་བྱང་ཞིང་དམིགས་པས་ཆུན་ན་ལེགས་པས་གཙོ་འཁོར་གྱི་སྔགས་ལ་བྱིན་བསྡུ་སྦྲེལ་བའི་ཡིད་བཟླས་བྱ་བ་ཡིན་ནོ། །གཉིས་པ་བསྡུས་ཞུའི་བཟླས་པ་ནི། བསྙེན་ཡིག་ཏུ་སླར་ཡང་རླུང་ཕྱིར་བསལ་བ་ན་ཞེས་སོགས་གསུངས་པ་ནི། ཉི་ཟླ་ཁ་སྦྱོར་གྱི་བཟླས་པ་སོང་བ་དང་སླར་ཡང་འཁོར་ལོའི་རླུང་ཐིག་རྣམས་ལྷའི་སྐུར་བསྒྱུར་ཏེ་སྔར་ལས་ཀྱང་གཟི་འོད་འབར་བར་བལྟས་ལ། རླུང་ཕྱིར་དབྱུང་བའི་ཚེ་ཐུགས་ཀའི་ཧྲཱིཿའི་འོད་ཟེར་སྣ་སྒོ་ལས་ཕྱིར་སོང་ནམ་མཁའི་ཁམས་ཁེངས། རླུང་ནང་དུ་རྔུབ་པའི་ཚེ་སངས་རྒྱས་ཐམས་ཅད་དང་རིགས་སུ་མ་ཆད་པའི་སེམས་ཅན་མ་ལུས་པ་འོད་ཟེར་དང་འགྲོགས་ནས་སྣ་སྒོ་ལས་ཞུགས་ཏེ་ལྟེ་བའི་ཨཾ་ལ་བསྟིམ། བུམ་ཅན་དགང་སྟེ་གཡོ་མེད་དུ་གཞིལ་བའི་ཚེ་གཏུམ་མོའི་མེས་འཁོར་འདས་སོ་སོར་ཞེན་པའི་གཉིས་སྣང་གི་རྟོག་པ་ཉོན་མོངས་པ་ཕྲ་རགས་ཐམས་ཅད་སྦྱངས་ཏེ་སེམས་འོད་གསལ་སྟོང་པ་ཉིད་གང་དུའང་མ་གྲུབ་ཅིང་། སྤྱིར་ཡང་མ་འགགས་པའི་གདངས་སྙིང་རྗེ་ཆེན་པོའི་རོལ་པར་འཆར་བ་ཟུང་འཇུག་གི་ངང་དེར་རང་བབས་སུ་སོ་ཁད་དེ་གློད་ལ་ནུས་ན་སྔར་བཞིན་ཡིད་བཟླས་བྱ་བའོ། །གཉིས་པ་བདག་མདུན་གཉིས་ཀ་དང་འབྲེལ་བའི་བཟླས་པ་ནི། བསྙེན་ཡིག་ཏུ་ཐུན་རྗེས་ཐམས་ཅད་དུ་ཞེས་སོགས་གསུངས་པ་སྟེ། མདུན་བསྐྱེད་སྒྲུབ་པའམ། ཛཔ྄་ཁང་དབྱེ་བ་གང་བདེ་བྱས་པའི་རྗེས་སུ། རླུང་ཕྱིར་དབྱུང་བའི་ཚེ། བདག་དང་མདུན་བསྐྱེད་ཀྱི་ལྷ་གཉིས་ཀའི་ཧྲཱིཿལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་ཚ་ཞིང་རྣོ་བ་གློག་གི་མེ་ལྟར་འཁྱུག་གེ་སོང་། དེས་དམིགས་བྱ་ཕོའི་སྙིང་དང་མོའི་གསང་གནས་ནས་བཟུང་སྟེ་མདུན་དུ་རང་དབང་མེད་པར་བཀུག་པ། ཐུགས་ཀའི་འོད་ཀྱིས་བརྡུངས་པས་མྱོས་ཏེ་བྱང་སེམས་དཀར་དམར་གྱི་ངོ་བོར་ལྟེམ་གྱིས་ཞུ། དེ་ཉིད་རླུང་ནང་དུ་རྔུབ་ཚེ་རྡོ་ཁབ་ལེན་གྱི་ལྕགས་ཕྱེ་བསྡུས་པ་ལྟར་བདག་མདུན་གྱི་ལྷ་རྣམས་ཀྱི་གསང་གནས་སུ་ཧྲིལ་གྱིས་བསྡུས་ཏེ་བསྟིམ་པའི་སེམས་ཀྱིས་དྭངས་མ་ཐུགས་ཀའི་ཧྲཱིཿ ལ་འདུས་པར་བསམས་ལ། རླུང་གང་བདེ་གཡོ་མེད་དུ་བཅིངས་ལ་བཟོད་མེད་ཀྱི་བྱམས་


MLP024_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྙིང་རྗེ་བསྒོམ་ཞིང་། དེ་ཉིད་ཀྱི་གཤིས་འཛིན་མེད་སྟོང་ཉིད་ཀྱི་ངང་བསྐྱངས་ལ། གཙོ་འཁོར་གྱི་སྔགས་གཤམ་ལ་དབང་སྡུད་ཀྱི་སྔགས་སྦྲེལ་ནས་ཡིད་བཟླས་བྱ་ཞིང་། དེས་སྐྱོ་ན་རླུང་དང་མ་སྦྱར་བར་སྤྲོ་བསྡུའི་དམིགས་པ་དང་སྔགས་རྣམས་སྔར་ལྟར་སྦྲེལ་བས་ངག་བཟླས་བྱ་བ་སྟེ། དེ་ཡང་རླུང་དང་སྦྱར་བའི་ཡིད་བཟླས་དང་། མ་སྦྱར་བའི་ངག་བཟླས་གཉིས་པོ་དེ་རེས་འཇོག་གི་ཚུལ་གྱིས་ཉམས་སུ་བླང་ངོ་། །དུས་བསྙེན་ནི་ཞག་ཉེར་གཅིག་གིས་ཉུང་མཐའ་བྱས་པ་ཙམ་དང་། མཚན་བསྙེན་ལ་རྩིས་གདབ་མེད་དོ། །དེ་ལྟར་ལྷ་སྔགས་ཀྱི་རྣལ་འབྱོར་གྱིས་སྐྱོ་ན་འཁོར་ལོའི་ལྷ་རྒྱན་ལྷ་དང་བཅས་པ་རྣམས་རང་རང་གི་གནས་དེ་ཉིད་དུ་འོད་དུ་ཞུ་ནས་ཐིམ་ཞིང་གཞི་ལུས་ཀྱི་ལྷའང་མེ་ལོང་གི་རླངས་པ་ཡལ་བ་ལྟར་བསྡུས་ནས་རྣམ་པར་མི་རྟོག་པའི་ངང་ལ་ཅི་གནས་མཉམ་པར་བཞག ལྡང་བ་ན་གཙོ་བོ་ཡབ་ཡུམ་གྱི་སྐུར་ལངས་ཏེ་བསྔོ་བ་བྱ་ཞིང་། སྣང་བ་ཐམས་ཅད་ལྷར་བལྟས་ལ་སྤྱོད་ལམ་བསྐྱང་ངོ་།། དེ་ལྟར་ལེགས་པར་བསྒྲུབས་ཀྱང་རྟགས་མ་མཐོང་ན། བདག་མདུན་གཉིས་ཀ་དང་འབྲེལ་བའི་བཟླས་དམིགས་བཤད་མ་ཐག་པ་དེ་དང་སྦྱར་ཏེ། གཅེས་གནད་དུ་གསུངས་པའི་སྔགས་ཀྱི་མདེའུ་ཡབ་སྔགས་ཡིག་དྲུག་དང་ཡུམ་སྔགས་འབྲུ་དགུ་པར་སྔར་ལྟར་ཕོ་སྲོག་མོ་སྲོག་སྦྲེལ་བའི་ཤམ་བུར། ཨ་ནྲྀ་ཏྲི་པཱ་ཤཾ་ཀུ་རུ་སོགས་ལས་སྔགས་སོ་ལྔ་པ་བཏགས་པ་བཟླ་ཞིང་། དུས་ནི་མཚན་མ་རབ་འབྲིང་ཐ་གསུམ་གང་རུང་སྟེ་མཐོང་མཐོང་གི་བར་རམ། ཐ་ནའང་ཞག་བདུན་ཙམ་བཟླ་དགོས་མོད། འོན་ཀྱང་བསྙེན་ཡིག་ཏུ་ཐུན་རྗེས་དབང་སྡུད་ཀྱི་ཚེ་སྔགས་དེ་དག་གི་གཤམ་དུ་ཞེས་སོགས་གསུངས་པ་ལྟར་གྲངས་བསྙེན་ཕྱི་སྒྲུབ་གཙོ་བོར་བྱེད་པའི་མོས་སློབ་ཙམ་འདི་ཉིད་གསང་སྒྲུབ་ཀྱི་ཐུན་གཤམ་རྣམས་སུ་ཅུང་ཟད་རེ་སྦྲེལ་ནས་བཟླ་བ་ལས་ལོགས་སུ་བཟླ་བའི་ཕྱག་ལེན་མི་མཛད་ཅིང་། སྨིན་སློབ་ཚེ་ཡང་ལེགས་པར་བསྒྲུབས་ཀྱང་རྟགས་མ་མཐོང་ན་བདག་སྣང་ལྷ་གསུམ་གནད་དུ་དབབ་པར་གསུངས་པའི་དུས་དང་ལག་ལེན་གྱི་གནད་རྣམས་རྩ་བ་དང་བསྙེན་ཡིག་བླ་མའི་གསུང་ངག་རྣམས་ལས་ཤེས་པར་བྱས་ཏེ་འདི་འདིར་མ་སྤྲོས་སོ། །གཞན་ཡང་ཐུན་གཅོད་ཚུལ་དང་ཐུན་མཚམས་


MLP024_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱ་བ་ཚོགས་གཏོར་ཟ་ཉལ་ལྡང་གི་རྣལ་འབྱོར་རྣམས་དང་། གསང་སྒྲུབ་ཀྱི་ནུབ་ཐ་མའི་སྔ་ཐུན་ལ་དངོས་གྲུབ་ལེན་པའང་ཕྱི་སྒྲུབ་ལྟར་རྒྱས་པར་བྱ་ཞིང་། དེ་རྗེས་ཚོགས་གཏོར་རྒྱས་པ་དང་གཏང་རག་གི་མཆོད་བསྟོད་བཟོད་གསོལ་རྣམས་བྱས་ལ་རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ། ཡང་ན་བྲིས་སྐུ་ལ་བསྟིམས་ནས་སམ་རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ནའང་རུང་སྟེ་བརྟན་བཞུགས་དང་། དམ་ཚིག་པ་བདག་ཉིད་དང་གཉིས་སུ་མེད་པར་བལྟས་ལ་ཉེར་བསྡུ་བྱ་ཞིང་། ཐུན་མཚམས་ཀྱི་ལྷར་ལྡང་དེ་ནས་ཐོད་པའི་རིལ་བུ་ལས་ཚོ་གཅིག་ཟུར་དུ་ཕྱུང་སྟེ་དར་དམར་གྱིས་གྲིལ་ནས་གསང་རྟེན་གྱི་འཁོར་ལོ་དང་མཉམ་དུ་ལུས་ལ་བཅང་ངོ་། །མེ་ལོང་གི་སིནྡྷུ་ར་མཐའ་ནས་དབུས་སུ་འཕྱགས་ཏེ་དཔྲལ་བ་ལ་སོགས་གནས་ལྔར་ཐིག་ལེ་བྱ་ཞིང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ། བུམ་ཆུ་གོང་དུ་དངོས་གྲུབ་ལེན་པའི་མཐའ་དེ་ཉིད་དུ་མྱང་ཡང་རུང་མོད། འོན་ཀྱང་ལག་ལེན་ལ་སྐབས་འདིར་བདེ་བས་དངོས་གྲུབ་ཀྱི་དོན་དུ་མྱང་ཞིང་ཁྲུས་བྱ། རིལ་བུ་དང་སིནྡྷུ་ར་ཅུང་ཟད་བདུད་རྩི་དང་སྦྱར་བ་དང་གཏོར་ཟན་ནས་ཀྱང་དངོས་གྲུབ་ཀྱི་དོན་དུ་རོལ་བར་བྱ་ཞིང་བསྔོ་སྨོན་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་གསང་སྒྲུབ་སྔ་ཐུན་ལ་གྲོལ་བའི་དགོང་ཁའི་དུས་སུ། དབང་གི་སྲེག་རྫས་སྤྱི་དང་ཁྱད་པར་སྒྲུབ་རྫས་ཀྱི་རིལ་བུ་གཏོར་ཟན་ནས་ཀྱང་སྲེག་བླུགས་ཀྱི་རྫས་སུ་ཕུལ་ཏེ། ལས་མཐའ་དབང་གི་སྦྱིན་སྲེག་ཚུལ་བཞིན་བྱ་ཞིང་ཐལ་བ་ཆུ་བོ་ཆེན་པོའི་གཞུང་ལ་བསྐྱལ། དེའི་སྲོད་ལ་གཏང་རག་གི་དོན་མཁའ་འགྲོའི་གཏོར་མ་དང་། ནངས་པར་སྔ་དྲོ་ཆོས་སྲུང་སྤྱི་བྱེ་བྲག་རྣམས་ལ་གཏོར་མ་རྒྱས་པར་འབུལ། དེའི་སྲོད་ལྟ་བུ་ནས་བརྩམས་ཏེ་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་བསག་ཅིང་། སྔར་ཚོགས་མཆོད་བྱས་པའི་ལྷག་མ་རྣམས་བསགས་ནས་ཡོད་ན་སྲེག་རྫས་ལྷག་མ་དང་མཆོད་པའི་རས་མ་ཕྱག་དར་དང་བཅས་པ་རྣམས་དང་ལྷན་ཅིག་ཏུ་བྱས་ཏེ་ལྷག་མའི་ཆོ་ག་སྐབས་འདིར་བཏང་ཡང་རུང་། གོང་དུ་དངོས་གྲུབ་བླངས་རྗེས་ཀྱི་ཚོགས་མཆོད་དང་སྦྲེལ་ནའང་རུང་ངོ་། །དེ་རྗེས་ཐོའི་ཡེ་ཤེས་ལ་


MLP024_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་བྱས་ནས་གཤེགས་སུ་གསོལ་ཏེ་ཐོ་འགྲོལ་དེ་ནས་ཀྱང་བག་བསེང་བ་དང་གནས་བསྲུང་བ་སོགས་གསང་བ་སྤྱིའི་འགྲོས་ལྟར་ཤེས་པར་བྱའོ། །གསང་སྒྲུབ་ཀྱི་ཟུར་འདེབས་ལྷན་ཐབས་སོ། །ཨཐྎཿ ༈ ན་མཿཨ་དྷི་བི་ཤུདྡྷ་སྭ་ཡཾ་བྷཱུ་ཛྙཱ་ན་ཡ། ཡང་གསང་གི་སྒྲུབ་པ་ནི། བསྙེན་ཡིག་ཏུ་ཡང་གསང་སེམས་ལ་བཀོད་ནས་སྒྲུབ་པ་ནི་ཕྱི་ནང་གསང་གསུམ་ཀའི་སྒྲུབ་ཐབས་ལ་སྤྱིར་གཅེས་པའི་གནད་གསང་ཡིན་གྱིས་ཐུན་ཐམས་ཅད་ཀྱི་མཇུག་ཏུ་ནན་ཏན་བསྒོམ་ཞིང་སྤྱོད་ལམ་དུ་ཅི་འདྲེས་སུ་སྦྱང་ངོ་། །ཞེས་གསུངས་པ་རྟོག་ཚོགས་གདོད་མ་ནས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་དག་པ་ཡེ་ཤེས་ལ་ངེས་ཤེས་ཀྱི་མོས་པ་དྲངས་ནས་ངོ་སྤྲོད་པ་སྟེ། སྒྲུབ་ཚུལ་གསུམ་ཀའི་ལྷའི་སྣང་ཞེན་ལ་བསླབ་པའི་སྐབས་དང་ཐུན་མཇུག་རྫོགས་རིམ་དང་སྦྱོར་ཞིང་། རྗེས་ཐོབ་ཀྱི་སྤྱོད་ལམ་ཀུན་ཏུའང་རྒྱས་བཏབ་སྟེ་དག་སྣང་ལམ་དུ་ཁྱེར་བ་ལས་ལོགས་སྒྲུབ་མི་མཛད་ཅིང་། ཞིབ་པར་བླ་མའི་གསུང་ངག་ལ་བསྟེན་པ་ལས་ཡི་གེས་མི་མཚོན་པའི་ཕྱིར་ཟུར་འདེབས་ཀྱི་ལྷན་ཐབས་རྒྱས་པར་མི་འདྲི་ལ། འོན་ཀྱང་ས་ཁོངས་འཛིན་བྱེད་ཙམ་དུ་གནད་ཅུང་ཟད་བསྟན་ན། གོ་དོན་གཞི་ལུས་དང་ཕུང་ཁམས་སོགས་རྟོག་ཚོགས་ཀྱི་རྒྱུན་དེ་ཀ་སྤོང་འགེབས་ཀྱིས་མི་སྦྱོང་བར། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་གདོད་ནས་རྣམ་པར་དག་པའི་དོན་ཤེས་རབ་ཀྱིས་ངེས་པར་བྱས་ཏེ་བསྒོམས་པས། འཁོར་བའི་ཆོས་མེད་སྣང་སྒྱུ་མ་ལྟ་བུའི་སྣང་ཆ་དང་འཛིན་ཞེན་གྱི་ཆ་དེ་རང་སངས་སུ་སོང་ནས་བདེ་གསལ་སྟོང་པ་ཉིད་ཀྱི་ལྷ་སྐུ་རང་ཤར་དུ་འབྱུང་བའི་ཕྱིར་ན། རང་ལུས་གཞལ་ཡས་ཁང་དང་རྟོག་ཚོགས་ལྷ་སྐུར་དག་པ་ལས་དཀྱིལ་འཁོར་གྱི་འཁོར་ལོར་གཞན་ནས་བཙལ་དུ་མེད་པར་ཐག་གཅོད། རྒྱུ་མཚན་གཉུག་མའི་སེམས་རང་བཞིན་གྱིས་རྣམ་པར་དག་པའི་སྙིང་པོ་རིས་མེད་དེ། རྟོག་ཚོགས་ཆོས་ཅན་སོ་སོ་ལ་ཆོས་ཉིད་སོང་བའི་ལྡོག་ཆས་སྦྱང་བྱ་རྟོག་ཚོགས་དང་རིགས་འདྲའི་སྦྱོང་བྱེད་ཀྱི་ལྷ་སྐུ་དེ་དང་དེ་བསྒོམས་པས་སྦྱང་གཞིའི་ཡོན་ཏན་མངོན་དུ་འགྱུར་བ་ཡིན་ནོ། །ཇི་ལྟར་སྒོམ་ཚུལ་གྱི་མདོ་འགག་ནི། རྟོག་ཚོགས་ཐམས་ཅད་རང་


MLP024_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རྩལ་སྣང་ཙམ་སྟེ། སེམས་ཉིད་གདོད་མ་ནས་ལྷ་སྐུར་དག་པས། རང་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད། ལྷ་སྤངས་པའི་ཕ་རོལ་ན་སེམས་མེད་དེ། སེམས་དང་ལྷ་སྐུ་ཟུང་འཇུག་གསལ་སྟོང་ཞེན་བྲལ་དུ་རྗེན་ལྷག་གི་ཤེས་པའི་མོས་པ་བརྟན་པོ་ལ་རྩེ་གཅིག་མཉམ་པར་འཇོག་པ་ཡིན་ལ། དེའང་སྔར་ལྷའི་རྣམ་པ་ལ་གསལ་སྣང་ཐོབ་ཟིན་པ་ཡིན་ན་སྐབས་འདིར་ཞལ་ཕྱག་སོགས་ཀྱི་རྣམ་པ་ཆེད་དུ་མ་བསྐྱེད་ཀྱང་། སྨན་པ་མཁས་པ་ནགས་སུ་ཞུགས་པས་ཅི་མཐོང་སྨན་དུ་ཤེས་པ་ལྟར། གང་སྣང་རྟོག་ཚོགས་ཀྱི་ལྡོག་ཆ་སོ་སོ་ལྷ་དེ་དང་དེའི་རང་བཞིན་ཅན་དུ་ཤེས་པའི་མོས་པས་ལྷའི་གསལ་སྣང་རང་ཤར་དུ་འདྲེན་ནུས་ཤིང་། གཞན་དུ་སྔར་བསྐྱེད་རིམ་ལ་གསལ་སྣང་མ་ཐོན་ན་མཉམ་བཞག་གི་དུས་སུ་མ་ཟད། རྗེས་ཐོབ་ཀྱི་གནས་སྐབས་ཀུན་ཏུའང་གང་ཤར་གྱི་སྣང་བ་དེ་ཀ་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པར་བསྒོམ་ལ་དག་སྣང་ལམ་དུ་ཁྱེར་བའི། སྣང་བ་ཐམས་ཅད་རང་ཤར་རང་སྣང་ཐམས་ཅད་བདེན་མེད་སྒྱུ་མའི་ངོ་བོ་ལ་དག་པ་རབ་འབྱམས་ཀྱི་འཁོར་ལོར་འཆར་ཞིང་མོས་པ་བརྟན་པོ་བྱུང་ན་གོམས་པའོ། །དེ་བཞིན་དུ་ཟིན་པའི་དང་མ་ཟིན་པའི་སྒྲ་གང་ལྟར་སྣང་ཡང་། ཐམས་ཅད་གྲགས་སྟོང་ཞེན་བྲལ། དེ་ཀ་རླུང་སྔགས་གཞོམ་མེད་ཡི་དམ་གྱི་གསུང་། གསུང་སྔགས་ཀྱི་འཁོར་ལོ་བརྗོད་མེད་ཀྱི་རང་སྒྲ་རྣམ་པ་ཐམས་ཅད་པའི་སྒྲ་སྐད་དུ་ཤེས་པའི་མོས་པས་ལམ་དུ་ཁྱེར་ཞིང་། ཡིད་ལ་དྲན་རྟོག་ཅི་འགྱུ་ཡང་། དེ་ཀའི་རང་ཞལ་ལ་ཆེ་རེ་བལྟས་པས་གསལ་རིག་ངོས་བཟུང་དང་བྲལ་བའི་ཟུང་འཇུག དེ་ཀ་ཡི་དམ་གྱི་ཐུགས་གཉིས་མེད་རང་བྱུང་གི་ཡེ་ཤེས་ཏེ། ཡེ་ཤེས་དེའང་མཁྱེན་པ་གཉིས་ལྡན་དུ་ཤེས་པའི་མོས་པ་བརྟན་པོས་རང་གསལ་འཛིན་མེད་ཀྱི་ངང་དེར་ཆམ་ཆམ་བསྒྱུར་ནས་བསྲེ་བ་ཡིན་ནོ། །མདོར་ན་མཉམ་རྗེས་ཀུན་ཏུ་ཅི་སྣང་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་ཤེས་པས་རང་སེམས་ལས་ལོགས་སུ་མི་བཙལ་ཞིང་། སེམས་དང་ལྷ་སྐུ་དབྱེར་མེད་གསལ་སྟོང་བདེ་ཆེན་རང་ཤར་ལ་བསླབ་པར་བྱ་བ་ཡིན་ནོ། །དེ་ལྟར་ཡང་གསང་གི་ཕྱག་རྒྱ་ལས་མི་འདའ་བས་ཕྱི་ནང་གསང་གསུམ་གྱི་སྒོ་ནས་བསྙེན་སྒྲུབ་ལས་


MLP024_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཐར་ཕྱིན་པ་བསྒྲུབས་རྗེས། སྤྲོ་ཞིང་ནུས་ན་བཀའ་སྲུང་གི་བསྙེན་སྒྲུབ་སོགས་ཀྱང་སྟན་ཐོག་དེ་ཀར་སྦྲེལ་ནས་བསྒྲུབས་ན་དངོས་གྲུབ་མྱུར་བ་ཡིན་ཞེས་གསུངས་སོ། །དེ་ལྟར་བསྙེན་ཡིག་གི་ཞབས་ཏོག་ཏུ་འགྱུར་རེས་ཁ་སྐོང་ཟུར་འདེབས་དགོས་པ་རྣམས་གསུང་རྒྱུན་བཞིན་ཟིན་ཐུན་ཐོ་རེ་ལོང་དུ་སྤེལ་བ་འདི་ནི་བདེ་གཤེགས་ཀུན་འདུས་འཕགས་མཆོག་འཇིག་རྟེན་དབང་ཕྱུག རྣམ་པ་བླ་མ་དམ་པའི་ཚུལ་བཟུང་བ་བཀའ་དྲིན་མཉམ་མེད་སྐྱབས་མཆོག་སྤྲུལ་པའི་གཏེར་སྟོན་ཆེན་པོའི་དཔལ་གྱི་མགུར་ལས་དགྱེས་བཞིན་པའི་བཀའི་གནང་བ་ཐོབ་ཅིང་། དེའི་ཞབས་མཐུད་དུ་བསྙེན་སྒྲུབ་བྱེད་པར་འདུན་པའི་དད་བརྩོན་ཅན་བི་མུཀྟས་རྣམ་གྲོལ་དོན་གཉེར་ཆེན་པོས་བསྐུལ་བ་ལྟར་སྨྱོས་བཙུན་དྷརྨ་ཤྲཱིས་ས་ཡོས་ཀྱི་ལོ་དབོ་ཟླའི་དཀར་པོའི་ཚེས་བཅུ་ལ་ཚར་བར་སུག་ལས་སུ་བསྟར་བ་སྟེ། ཉམས་སུ་ཚུལ་བཞིན་ལེན་པའི་སྒྲུབ་པ་པོས་ས་སྟེང་ཐམས་ཅད་གང་ཞིང་རྒྱས་པར་གྱུར་ཅིག ཉམས་སུ་ལེན་པའི་བསམ་པ་མེད་པའི་དཔེ་བཤུ་ལུང་ཐོབ་རེ་ཙམ་བྱེད་པ་ལ་ཁྱབ་གདལ་དུ་སྤེལ་བར་མི་བྱའོ། །ཨཐྎཿ དགེའོ།། །།

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་བསྙེན་ཐབས།


MLP024_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཀའ་སྲུང་ལྷ་ཆེན་གྱི་བསྙེན་ཐབས་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། ༁ྃ༔ དབང་གི་བདག་ཉིད་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་བཀའི་སྲུང་མ་ལྷ་ཆེན་གྱི་བསྙེན་པ་བྱ་བའི་མན་ངག་ནི༔ སྒྲུབ་པའི་གང་ཟག་དམ་ཚིག་དང་བརྟུལ་ཞུགས་ལྡན་པས་དཔྱིད་ཟླ་ར་བའི་བརྒྱད་དམ་བཅོ་ལྔ་དང༔ ཉི་ཤུ་གསུམ་དང་༔ ལྔ་ལ་སོགས་པ་རྒྱལ་དང་ཕུར་བུ་འཛོམ་པའི་དུས་སུ༔ རི་བོ་ཕན་བཟང་ནགས་ཚལ་རྒྱས་པ་སོགས་དབང་གི་གནས་སུ་འོས་པ་བཙལ་ལ་གཞི་བདག་ལ་གཏོར་མ་བཏང་བཀའ་བསྒོ༔ བར་ཆད་གཟིར་མནན་དང་ཚོགས་བསགས་ཅི་ནུས་བྱས་ལ༔ མ་དྷལ་བཅའ་བ་ནི༔ རྒྱལ་པོའི་མཛོད་དང་དགེ་འདུན་གྱི་ཐབས་ཚོང་འདུས་ཚོགས་པའི་ས་རྣམས་ལ་སྟེགས་བུ་ཁྲུ་གང་པ་གཅིག་བརྩིགས༔ ན་ཆུང་གི་རཀྟ་གྷི་ཧཾ་རྒྱ་སྐྱེགས་མྱོས་བྱེད་ཀྱི་ཁུ་བ་རྣམས་ཀྱིས་ཆག་ཆག་གདབ༔ དེ་ལ་ཟླ་གམ་སྒོ་གཅིག་ནུབ་ཏུ་བསྟན་པའི་ནང་དུ་པད་འདབ་བཞི༔ ཕྱིར་པདྨའི་ལུ་གུ་རྒྱུད་དང་ལྕགས་ཀྱུ་དང་ཞགས་པ་དང་འོད་ཀྱིས་བསྐོར་བ་བྲི༔ མེ་ཏོག་དམར་པོའི་ཚོམ་བུ་བཀྲམ༔ དེའི་ཁར་ཟངས་གཞོང་དུ་འབྲུ་སྣ་དང་རཏྣ་སྣ་ཚོགས་ཀྱིས་གང་བའི་ཁར་སྐུ་རྟེན་བཙུགས༔ དར་དམར་པོས་གཡོག༔ མདུན་དུ་འབྲས་སོགས་འབྲུ་སྣ་གཙང་མའི་ཕྱེ་ལ་སྨན་དང་སྤོས་དང་མངར་གསུམ་བསྲེས༔ སྦྲང་རྩིས་སྦྲུས་པའི་གཏོར་མ་རཏྣའི་སྙེ་མ་ལྟ་བུ་ལ་ཤ་དང་ཆན་དང་མེ་ཏོག་དང་ཁུ་བ་དང་ལ་དུ་དང་མྱོས་བྱེད་ཀྱི་འབྲས་བུ་དང་ཞོ་དང་མར་ལ་སོགས་པས་བརྒྱན་པ་དང༔ བཏུང་བའི་སྣོད་མེ་ཏོག་དམར་པོ་དང་ཏིལ་གྱི་སྒྲོན་མེ་དང༔ ཙནྡན་གྱི་ཆུ་རྣམས་མཆོད་པར་བྱ༔ དེ་ནས་སྲུང་བའི་ཙཀྲ་བསྒོམས་པ་དང་གོང་གནོན་གྱི་


MLP024_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་དུམ་གཅིག་བྱས་ནས༔ མདུན་གྱི་རྟེན་ཟླ་གམ་དམར་པོ་སྒོ་གཅིག་པའི་ནང་དུ་པདྨ་དང་ཉི་མའི་དབུས་སུ་ཨཾ་དམར་པོ་འབར་བ་ཞིག་བསམ༔ དེ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་འཛུམ་ཁྲོ་མཆེ་བ་བཙིགས་པ་པདྨ་རཱ་ག་ལྟར་དམར་ཞིང་ཆགས་ཉམས་རྒྱས་པ༔ རལ་པ་ལ་ཟླ་ཚེས་ཤར་བ༔ ལིངྒ་བསྒྲེངས་པ༔ གཡས་པ་ལྕགས་ཀྱུ་དང༔ གཡོན་རླུང་གི་ཞགས་པ་འཛིན་པ༔ དར་དང་རཏྣས་བརྒྱན་པ་ཞབས་གཡོན་བརྐྱང་གཡས་བསྐུམ་པ༔ གཡོན་དུ་ལྷ་མོ་ཨུ་མ་དམར་གསལ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་དར་དང་མེ་ཏོག་དམར་པོས་བརྒྱན་པ་བཞེངས་པའི་སྟབས་ཅན༔ འདབ་མ་བཞི་ལ་གསང་བའི་དྷཱ་ཀི་འགུགས་བྱེད་མ་འཆིང་བྱེད་མ་རྨོངས་བྱེད་མ་མྱོས་བྱེད་མ་བཞི་ནི་བིནྟུ་ཀའི་མདོག་ཅན་ལྕགས་ཀྱུ་དང་ཞགས་པ་འཛིན་པ་ཆགས་པའི་ཉམས་གསལ་བ་བཞི་བསྒོམ༔ དེ་རྣམས་ཀྱི་གནས་གསུམ་དུ་ༀ་ཨཱཿཧཱུྃ་དང་སྙིང་གར་སོ་སོའི་ས་བོན་བསྐྱེད༔ དེའི་འོད་དང་བདག་གི་ཐུགས་ཀའི་འོད་ཀྱིས་ཚངས་པའི་གནས་དང་ཏི་སེ་དང་རྒྱ་མཚོའི་འགྲམ་སོགས་ནས་སྤྱན་དྲངས་པར་དམིགས་ལ༔ ༀ་མ་ཧཱ་དེ་ཝཱ་ཨ་ཀཪྵ་ཡ་ཛཿཛཿ ཞེས་མང་དུ་བཟླ་ཞིང་ཙནྡན་དང་ག་པུར་དང་སི་ལ་དང་གུར་གུམ་སྤང་སྤོས་དང་ཏང་ཀུན་རྣམས་སྦྱར་བ་བསྲེག༔ དེ་དུས་ལྷ་ཆེན་འཁོར་བཅས་ནམ་མཁའ་ལ་ཕུང་སེ་བྱོན་པར་བསམ༔ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ མདུན་གྱི་རྟེན་ལ་ཐིམ་པར་བསམ༔ བཛྲ་ས་མ་ཡ་རཀྵ་ཧཱུྃ༔ ཏྲི་ཤུ་ལའི་ཕྱག་རྒྱ་བསྟན་པས་དམ་ཚིག་གི་བཀའ་བླང་བར་བྷེཾ༔ མཆོད་པ་སོགས་བྱས་ནས་བཟླས་པ་ལ་འཇུག༔ བདག་གི་ཐུགས་ཀ་ནས་འོད་དམར་པོའི་ཚུལ་གྱི་སྔགས་འཕྲོས་པ་བྲིས་སྐུ་ལྷར་གསལ་བའི་ཐུགས་ཀའི་སྔགས་ལ་ཕོག་པས་སྲོག་རྒྱུད་བསྐུལ་ཏེ་འཇིག་རྟེན་ཐམས་ཅད་དབང་དུ་བསྡུས་ནས་དངོས་གྲུབ་ཏུ་སྟེར་བར་བསམ་ཞིང༔ ༀ་མ་ཧཱ་དེ་ཝ་ས་མ་ཡ་ཧྲིཾ་ཛ༔ ཞེས་འབུམ་ཕྲག་གསུམ་རྫོགས་པར་བཟླའོ༔ སྔགས་སྟོང་སྟོང་གི་མཚམས་སུ་མཆོད་པ་བྱའོ། །ཐུན་ནི་བཞིར་བཟུང་ངོ༔ མཚམས་སུ་མེ་ཏོག་དམར་པོ་དང་སྤོས་སྦྱར་བ་དང་ཙནྡན་གྱི་ཆུ་དང་ཏིལ་གྱི་སྒྲོན་མེ་དང་མྱོས་བྱེད་ཀྱི་འབྲས་བུའི་ཟས་དང་གྷ་ནའི་མཆོད་པ་རྣམས་སོ༔ རྟགས་


MLP024_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དངོས་དང་ཉམས་དང་རྨི་ལམ་དུ་རིམ་པ་བཞིན་གཞན་གྱིས་རང་ལ་ཟས་ནོར་སྟེར་བ་དང༔ སྔར་མ་མཐོང་བའི་ཡུལ་མཁར་ལོངས་སྤྱོད་བཟང་པོ་མཐོང་བ་དང་༔ ཆས་གོས་དམར་པོ་གྱོན་པ་དང་ཉི་ཟླ་ཤར་བ་དང་མཚོན་ཆ་བཟང་པོ་ཐོགས་པ་དང་ཉམས་དགའ་ཞིང་ཡིད་ཆགས་པ་དང༔ ཟས་རྨེ་ཞིང་བདའ་བ་དང༔ མི་རྣམས་སྔར་བས་བྱམས་ཤིང་ཟས་ནོར་འབུལ་བ་དང་སྙན་པར་སྒྲོག་པ་སོགས་འབྱུང་ངོ༔ ཡང་གཟུགས་མི་སྡུག་པ་དང་ཐོག་ཚེག་པ་དང་མིང་ནས་འབོད་པ་དང༔ ཐུག་ཆོམ་དང་རྨི་ལམ་འཁྲུགས་པ་སོགས་རྩུབ་པའི་རྟགས་དང༔ དེ་ཚོ་གང་བྱུང་ཡང་ཆགས་ཞེན་བདེན་འཛིན་དང་བྲེད་འཇིགས་དུབ་པ་སྤངས་ཏེ་ཏིང་འཛིན་གསལ་ཞིང་སྔགས་དྲག་ཏུ་བཟླ༔ ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཐག་བཅད་ནས་སྤྲོས་པ་དང་བྲལ་བའི་ངང་ལ་གློད་དེ་བཞག་གོ༔ དེ་ནས་རྟགས་རྣམས་རྫོགས་པ་མཐོང་ནས་སིདྡྷི་ལེན་པར་བྱའོ༔ སྒྲུབ་རྫས་ནི་གཞན་གྱིས་མ་མཐོང་བར་གསང་ཞིང་སྦ་བར་གཅེས་སོ༔ ཐུགས་རྗེ་ཆེན་པོའི་བཀའི་སྲུང་མ་ལྷ་ཆེན་ལྕམ་དྲལ་གྱི་བསྙེན་པའི་གནད་གདམས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། །།

བ་ལམ་བདེ་གཤེགས་ཀུན་འདུས་ལས༔ རྫོགས་རིམ་ཡེ་ཤེས་སྙིང་པོ།


MLP024_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ རྫོགས་རིམ་ཡེ་ཤེས་སྙིང་པོ་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། ཨེ་མ་ཧོ༔ གར་གྱི་དབང་ཕྱུག་བདེ་བ་ཆེ༔ བདེ་ཆེན་ཡེ་ཤེས་མཆོག་ལས་བྱུང༔ དེ་སྟོན་མཛད་པ་བླ་མ་ལ༔ དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ༔ སྐལ་ལྡན་ཚེ་གཅིག་བྱང་ཆུབ་ཀྱི༔ གོ་འཕང་མཆོག་ལ་གནས་འདོད་ན༔ ཐབས་འདི་དེ་ཉིད་རྟོགས་པས་སྟོན༔ རྒྱལ་བ་རྣམས་ཀྱིས་བློ་རིམ་བཞིན༔ བསམ་ཡས་ཐེག་པའི་ཆོས་ཀྱི་སྒོ༔ ཇི་སྙེད་བསྟན་པ་ཐམས་ཅད་ཀྱང༔ འདིར་འཇུག་ལམ་སྟེ་འདི་ཉིད་ཀྱིས༔ གྲུབ་པའི་མཐའ་ཀུན་གཏན་ལ་འབེབས༔ དེ་ཕྱིར་འདི་ནི་ཆོས་ཀུན་གྱི༔ བླ་མ་ཉིད་དུ་ངེས་པའོ༔ དེ་ལ་རྣམ་པ་གསུམ་ཡིན་ཏེ༔ དང་པོ་དལ་འབྱོར་རྙེད་དཀའ་དང༔ མི་རྟག་འཆི་བ་ནན་ཏན་བསྒོམ༔ དཀར་ནག་ལས་ཀྱི་འབྲས་བུ་དང༔ འཁོར་བའི་ཉེས་དམིགས་དག་ལ་བསམ༔ ལོག་པའི་ལམ་ལས་ལྡོག་བྱའི་ཕྱིར༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ མཁའ་མཉམ་འགྲོ་ལ་ཚད་མེད་པའི༔ སྙིང་རྗེས་བྱང་ཆུབ་སེམས་བསྐྱེད་བྱ༔ སྒྲིབ་སྦྱོང་རྡོར་སེམས་བསྙེན་པ་དང༔ ཚོགས་བསག་བླ་མའི་རྣལ་འབྱོར་བསྒོམ༔ དབང་བླངས་རྒྱུད་སྦྱངས་ཟབ་མོའི་གནད༔ ས་མ་ཡ༔ གཉིས་པར་བསྐྱེད་དང་རྫོགས་པ་སྟེ༔ དང་པོར་རྒྱས་པའི་རིམ་པ་ལ༔ མོས་ན་དེ་ཡི་མན་ངག་རྣམས༔ སྒྲུབ་ཐབས་བཞིན་དུ་བསྒོམ་པར་བྱ༔ ཡང་ན་སྔོན་འགྲོ་མཐར་ཕྱིན་པས༔ སྟོང་ཉིད་ངང་ལས་སྐད་ཅིག་གིས༔ རང་ཉིད་ཇོ་བོ་སྤྱན་རས་གཟིགས༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་པ༔ གསལ་ལ་མ་འདྲེས་དམ་ཚིག་ལྷའི༔ ངོ་བོར་བསྒོམས་པའི་ལུས་ཀྱི་དབུས༔ དྷུ་ཏི་ཕྱི་དཀར་ནང་དམར་བ༔ དྭངས་གསལ་མི་གཡོའི་འགྲམ་གཉིས་ན༔ རོ་མ་དང་ནི་རྐྱང་


MLP024_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཉིས༔ ཁྲག་དང་ཁུ་བས་གང་བ་ཉིད༔ འཁོར་ལོ་བཞི་ཡི་ལྟེ་བ་རུ༔ ཐིམ་པའི་ཚུལ་དུ་མི་མངོན་པར༔ རོ་མ་ལས་ནི་རཀྟ་དང༔ རྐྱང་མ་ལས་ནི་ཤུ་ཀྲ་གཉིས༔ ལྷན་ཅིག་སྟེང་དང་འོག་དག་ནས༔ འཕྱུར་བ་ཆོས་ཀྱི་འཁོར་ལོར་སོན༔ དེ་གཉིས་ཟླ་བ་ཉི་མར་གྱུར༔ དེ་དབུས་རླུང་སེམས་དྭངས་མ་ཧྲཱིཿ གསུམ་ག་གཅིག་འདྲེས་དེ་ཉིད་ལས༔ འོད་འཕྲོས་ཚུར་འདུས་ཡོངས་གྱུར་པ༔ རང་ཉིད་ཅི་འདྲའི་ཡེ་ཤེས་སེམས༔ དྭངས་གསལ་འབར་བའི་འོད་འཕྲོ་བ༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་པ༔ སྙིང་གར་ཨུཏྤལ་དམར་པོའི་དབུས༔ ཏིང་འཛིན་ཧྲཱིཿཡིག་ཡུངས་འབྲུ་ཙམ༔ དེ་ལས་འོད་ཟེར་སོར་གཅིག་ཏུ༔ འཕྲོ་ཞིང་དེ་ནས་མི་མངོན་པར༔ བུན་བུན་ཡལ་བར་སྒོམ་བྱས་ལ༔ སེམས་བཟུང་ཡིད་ཀྱི་བཟླས་པ་བྱ༔ སླར་ཡང་ཧྲཱིཿལས་བགེགས་སྦྱོང་བའི་ཏིང༔ འོད་ཟེར་འཕྲོ༔ འོད་ཟེར་མཚོན་ཆ་འབར་བའི་མེ༔ སྤྲོས་པས་བགེགས་བསྐྲད་ཕྱོགས་མཚམས་ཀུན༔ སྲུང་བའི་འཁོར་ལོས་བརྟན་པར་བྱ༔ ཏིང་འཛིན་ཧྲཱིཿལས་ནད་སྦྱོང་བའི་ཏིང༔ མཚོན་ཆ་དང༔ འབར་བའི་མེ་ཡིས་རྩ་སྦུབས་གང༔ ནད་གདོན་བ་སྤུའི་ཁུང་བུ་ནས༔ ཕྱིར་དེད་དྲག་པོའི་མེ་ལྕེ་ཡིས༔ རབ་ཏུ་བསྲེགས་ཤིང་བཅོམ་པར་བསམ༔ ཧྲཱིཿལས་སྡིག་སྦྱོང༔ མེ་འོད་ཀུནྡ་ལྟར༔ དཀར་བ་སྤྲོས་པས་རང་རྒྱུད་ཀྱི༔ སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས༔ ལུས་ནང་གང་བའི་མེ་ལྕེ་རྣམས༔ བ་སྤུའི་སྒོ་ནས་ཕྱིར་སོང་བས༔ སྐྱེ་འགྲོའི་ལུས་ཞུགས་སྡིག་སྒྲིབ་རྣམས༔ བསྲེགས་སྦྱངས་འོད་ཀྱི་རྣམ་པར་ནི༔ ཏིང་འཛིན་ཧྲཱིཿལ་བསྟིམ་པར་བྱ༔ སླར་ཡང་ཧྲཱིཿམཐར་སྔགས་ཕྲེང་རྣམས༔ ཤིན་ཏུ་ཕྲ་བར་བསྒོམས་པ་ལས༔ འོད་འཕྲོས་དོན་བྱས་བདག་ལ་བསྟིམ༔ སྒྲུབ་དང་བདེ་ཆེན་བཟླས་པ་བྱ༔ གཉིས་པ་རྫོགས་པའི་རིམ་པ་ལ༔ མི་ཤིགས་གསུམ་འབྲས་ཡན་ལག་སྟེ༔ དང་པོ་ལུས་གནད་མི་གཡོར་བཅིངས༔ རྩ་གསུམ་གསལ་བཏབ་རོ་རྐྱང་ལས༔ ཤུ་ཀྲ་དང་ནི་རཱ་ཛ་ཏ༔ དྷུ་ཏིའི་ལམ་ནས་གཞའ་ཚོན་ལྟར༔ བཀྲ་བའི་རླུང་རྣམས་བྱུང་བ་གང༔ ལྟེ་བའི་འཁོར་ལོར་སོན་པ་ན༔ ཏི་ལ་དམར་སྐྱ་དྭངས་ཤིང་འཚེར༔ ཙ་ན་ཀ་ཡི་འབྲུ་ཡི་ཚད༔ དེ་དབུས་རང་སེམས་ཧྲཱིཿའི་རྣམ་པ༔ མི་ཤིགས་པ་ཡི་ངོ་བོ་ལ༔ རྩེ་གཅིག་མཉམ་བཞག་བརྟན་པར་བྱ༔ འཕྲོ་ན་ཐ་མལ་རྣམ་རྟོག་རྣམས༔ སྤངས་


MLP024_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྔར་བཞིན་ཡང་ཡང་བསྒོམ༔ དེ་བརྟན་ཐ་མལ་རྣམ་རྟོག་དང་༔ དབང་ཤེས་ནང་དུ་ལྡོག་ཉེའི་ལྟས༔ སྨིག་རྒྱུ་ལ་སོགས་རྟགས་ལྔ་འཆར༔ དེ་ཚེ་ཐིག་ལེའི་རྣམ་པ་ལས༔ ཡུལ་སྣང་གཞན་རྣམས་འགགས་གྱུར་པ༔ འདི་ཉིད་གོམས་པར་གྱུར་པའོ༔ གཉིས་པ་སྙིང་གི་ཆུ་སྐྱེས་ལ༔ ལྟེ་བའི་ཐིག་ལེ་དྲངས་པ་གང༔ པདྨའི་ཟེའུ་འབྲུར་བུང་བ་བཞིན༔ འདར་ཞིང་སྒྲ་འབྱིན་གནས་པར་བསམ༔ རླུང་བསལ་རང་བབས་རྒྱུ་བ་ལ༔ སེམས་གཏད་ཁུག་པ་ཉེར་གཅིག་བཟླ༔ མི་འཁྲུགས་རང་སོར་གནས་པར་འགྱུར༔ དེ་ནས་རླུང་ཕྱིར་འགྲོ་བ་ན༔ ཧཱུྃ་གདངས་བཅས་པས་སྙིང་ག་ཡི༔ ཐིག་ལེ་ཉིད་ལས་འོད་ཟེར་ལྔ༔ དྷུ་ཏི་ལས་འཐོན་སྣོད་བཅུད་ཁྱབ༔ དེ་སྦྱངས་ནང་དུ་འོང་བ་ན༔ སྣོད་བཅུད་འོད་ཀྱི་རྣམ་པར་བསྡུས༔ ༀ་གདངས་བཅས་པས་དྷུ་ཏི་ལས༔ སྙིང་གའི་ཐིག་ལེ་ཉིད་ལ་བསྟིམ༔ རླུང་གདངས་ཨཱཿཡིག་གནས་པར་བསམ༔ དེ་ལྟར་རྩེ་གཅིག་བསྒོམས་པ་ལས༔ མཉམ་རྒྱུར་རླུང་རྟགས་འབབ་པ་དང་༔ དེ་ནས་འབྱུང་འཇུག་གྲངས་ཚད་རྣམས༔ མ་བརྟགས་པར་གསལ་རྒྱུ་བ་དལ༔ ཕྲ་བར་གྱུར་ནས་ཨཱཿཡིག་གི༔ བཟླས་པ་ཉིད་ལ་རིང་དུ་སྦྱར༔ དེ་ཚེ་རླུང་འགག་ཐིག་ལེ་ལས༔ སྣང་བ་གཞན་ནུབ་སྤྲིན་མེད་ཀྱི༔ ནམ་མཁའ་ལྟ་བུའི་གསལ་སྟོང་འཆར༔ དེ་གོམས་རྡོ་རྗེའི་བཟླས་པ་ཡིས༔ སྔ་མའི་རྟགས་དང་ཁྱད་པར་དུ༔ དབུ་མར་རླུང་གནས་སྨིག་རྒྱུ་སོགས༔ མཚན་མ་བརྟན་པོ་རིམ་བཞིན་འབྱུང་༔ སྤྲིན་མེད་མཁའ་ཡི་མཚན་མ་ནི༔ མཐོང་ན་དེ་ཉིད་གོམས་པའོ༔ གསུམ་པ་སྙིང་གར་ཐིག་ལེ་སོགས༔ སྔར་བཞིན་བསྒོམས་ལ་ལྟེ་བ་རུ༔ རྡུལ་གྱི་ཐིག་ལེ་དམར་པོ་ནི༔ རབ་ཏུ་ཚ་ཞིག་ཕྲ་བ་བསྒོམ༔ རྡོ་རྗེའི་དེ་ནས་སྔར་ལྟར༔ བཟླས་པས་ལན་མང་དུ་བྱ༔ ཐིག་ལྟེ་བའི༔ ལེ་ལས༔ འོད་ཟེར་མེ་ལྕེ་ཕྲ་མོར་འབར༔ དྷུ་ཏི་ལས་བརྒྱུད་སྙིང་ག་ཡི༔ ཐིག་ལེར་རེག་པས་དེ་ཉིད་ལས༔ འོད་འཕྲོས་རང་ལུས་སྣོད་བཅུད་ཀུན༔ མུན་ནང་སྒྲོན་མེ་བཏེགས་པ་བཞིན༔ གསལ་བར་བྱས་ནས་གཉིས་པ་སྤྲོས༔ སྣོད་བཅུད་ཐམས་ཅད་བསྲེགས་ཤིང་བཞུ༔ གསུམ་པ་སྤྲོས་པས་བཞུ་བའི་བཅུད༔ ཐམས་ཅད་རང་གི་ལུས་ལ་ཞུ༔ དེ་ཉིད་ལུས་ནང་དྷུ་ཏི་ལ༔ དེ་ཡང་སྙིང་གའི་ཐིག་ལེར་ཐིམ༔ ཐིག་ལེ་ཧྲཱིཿལ་དེ་ཡང་༔ མི་དམིགས་སྟོང་པར་སྦྱངས༔ དེ་ཉིད་


MLP024_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་མཉམ་པར་བཞག༔ དེ་ལ་སྐད་ཅིག་དཀྱིལ་འཁོར་ལྷར༔ གསལ་བཏབ་སྡུད་དེ་ལྟར་ཡང་ཡང་གོམས་པས༔ ཚེ་དགའ་བཞི་དང༔ དབྱེར་མི་ཕྱེད་པའི་སྟོང་ཉམས་འཆར༔ སྟོང་ཉིད་ངང་དུ་མཉམ་བཞག་ཚེ༔ སྣང་མུན་ལ་སོགས་སྒྲིབ་བྱེད་ཀུན༔ བྲལ་བ་ནམ་མཁའ་ལྟ་བུའི་ཉམས༔ དེ་ནས་བདེ་བའི་ཉམས་སྣང་ལ༔ རྩོལ་མེད་ལྷ་སྐུ་གཞའ་ཚོན་ལྟར༔ འཆར་བ་ལྷ་སྐུ་ཡེ་ཤེས་ལ༔ མངོན་དུ་འགྱུར་བར་ཕྱོགས་པ་སྟེ༔ དེ་ནས་སྔར་ལྟར༔ རྡོ་རྗེའི་བཟླས་པ་བྱ༔ ཧཱུྃ་གིས་ཁམས་གསུམ་འོད་དུ་ཞུ༔ ༀ་གྱིས་བརྟན་གཡོ་དྷུ་ཏི་ལས༔ བརྒྱུད་ནས་སྙིང་གི་ཐིག་ལེར་ཐིམ༔ཨཱཿཡིས་དེ་ཉིད་སྟོང་པར་སྦྱངས༔ སྟོང་ཉིད་ངང་ལས་མཉམ་གཞག་བྱ༔ བདེ་དང་སྟོང་པའི་ཡེ་ཤེས་གང༔ ངོས་བཟུང་དཀྱིལ་འཁོར་འཁོར་ལོ་བསྐྱེད༔ དེ་ལྟར་འབད་པས་གོམས་གྱུར་ན༔ བདེ་རླུང་སེམས་ལས་ལྷ་ཡི་སྐུ༔ ཐ་མལ་རྟེན་ལ་འགྲུབ་གྱུར་ཏེ༔ དེ་ནས་ཕྱག་རྒྱའི་སྦྱོར་བ་ཡིས༔ ལྷན་སྐྱེས་ཡེ་ཤེས་གོམས་བྱས་པས༔ མཆོག་གི་དངོས་གྲུབ་ཉིད་ལ་སྦྱོར༔ ༁ྃ༔ དེ་ལྟར་རྣལ་འབྱོར་ཅན་རྣམས་ཀྱིས༔ ཞག་ནི་སུམ་ཅུ་ཕྲག་དྲུག་ཏུ༔ རྩེ་གཅིག་འབད་པས་བསྒོམས་གྱུར་ན༔ ལུས་འདི་ཉིད་ལས་རིག་འཛིན་གྱི༔ གཙོ་བོར་བྱང་ཆུབ་རྙེད་འགྱུར་ཞིང༔ འོན་ཏེ་ཚེ་འདིར་མ་འགྲུབ་ཀྱང་༔ བར་དོར་མཆོག་གི་དངོས་གྲུབ་འགྲུབ༔ གང་ཞིག་རྟོགས་པའི་ཡེ་ཤེས་ཆེ༔ ཚེ་འདིར་ཉམས་སུ་མ་ཆུག་ན༔ བཙན་ཐབས་འཕོ་བས་མཚམས་སྦྱོར་བྱ༔ དེས་ནི་འགྲུབ་འགྱུར་གདོན་མི་ཟ༔ རྒྱལ་བ་ཀུན་གྱི་དགོངས་ཉམས་བཅུད༔ རྣལ་འབྱོར་མཐར་ཐུག་ཟབ་མོའི་དོན༔ བསྐྱེད་རྫོགས་ཀུན་གྱི་བཅུད་དུ་དྲིལ༔ འདི་ནི་རྩ་བའི་མན་ངག་སྟེ༔ རྡོ་རྗེའི་ཚིག་གིས་ཡང་དག་བཤད༔ ཡན་ལག་དུམ་དུམ་ཁྲིགས་ཀྱི་སྐོར༔ གཅིག་ཏུ་དྲིལ་ནས་ཉམས་བླངས་ན༔ ལམ་འདིའི་ཆ་རྐྱེན་རྫོགས་པ་ཡིན༔ ཟབ་ལམ་བདེ་གཤེགས་ཀུན་འདུས་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྱི་ཁྲིད་རིམ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ། །དགེའོ།། །།

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཏུམ་མོའི་ལམ་རིམ་ཟབ་རྒྱ་བཅུ་གཅིག་པ།


MLP024_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ གཏུམ་མོའི་ལམ་རིམ་ཟབ་རྒྱ་བཅུ་གཅིག་པ་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། དཔལ་བདེ་ཆེན་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ གསང་སྔགས་རྡོ་རྗེ་ཐེག་པ་ལ༔ ཉོན་མོངས་ལམ་དུ་བྱེད་པའི་གནད༔ དངོས་གྲུབ་ཀུན་གྱི་གཞིར་གྱུར་པའི༔ གཏུམ་མོའི་མན་ངག་བསྟན་པར་བྱ༔ དེ་ལ་སྔོན་འགྲོ་དངོས་གཞི་དང༔ རྗེས་ཀྱི་རིམ་པ་གསུམ་དུ་ཡོད༔ དང་པོ་སྔོན་འགྲོས་རྒྱུད་སྦྱངས་ནས༔ ཁྱད་པར་ཅན་གྱི་སྔོན་འགྲོ་ལ༔ སྲུང་འཁོར་ཚོགས་བསག་སྦྱང་བ་བྱ༔ བདེ་བའི་གདན་ལ་ལུས་གནད་ཀྱིས༔ ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི༔ སྙིང་གར་ཟླ་སྟེང་རྡོ་རྗེ་ནི༔ དམར་པོ་འོད་ཟེར་འཕྲོ་བ་སྒོམ༔ རླུང་འབྱིན་ཚེ་ན་རྡོ་རྗེ་ལས༔ རྡོ་རྗེའི་འོད་ཚོགས་དཔག་མེད་འཕྲོས༔ སྣ་ཡི་སྒོ་ནས་ཕྱི་རོལ་གྱི༔ ནམ་མཁའི་ཁམས་ཀུན་གང་བར་བསམ༔ རླུང་ཕྱིར་འཛིན་ཚེ་རྡོ་རྗེ་རྣམས༔ ས་གཞི་རྭ་གུར་ཉིད་དུ་གྱུར༔ སྲ་མཁྲེགས་གཞོམ་དུ་མེད་པར་བསམ༔ ནང་དུ་རྔུབ་ཚེ་བར་སྣང་གི༔ རྡོ་རྗེའི་ཚོགས་ཀུན་སྣ་སྒོར་ཞུགས༔ རླུང་བཟུང་སྤྱི་ནས་རྐང་མཐིལ་བར༔ རྡོ་རྗེའི་རྭ་བས་བར་མེད་དུ༔ གཏམས་པས་གཞོམ་མེད་ཉིད་དུ་བསམ༔ སྲུང་བ་འཁོར་ལོའི་ཟབ་རྒྱའོ༔ ཚོགས་བསག་ཉམས་ཆག་བསྐང་བ་ནི༔ སྙིང་གར་ཉི་སྟེང་བླ་མ་དང་༔ དབྱེར་མེད་ཐུགས་རྗེ་ཆེན་པོ་བསྒོམ༔ དབུགས་ཕྱིར་འགྲོ་ཚེ་སྙིང་ག་ནས༔ རྡོ་རྗེ་རྒྱ་གྲམ་དམར་སྐྱ་ཞིག༔ སྣ་ཡི་སྒོར་ཐོན་སྤྱི་བོ་ཡི༔ ཁྲུ་གང་ཙམ་གྱི་མཁའ་ལ་འཁོད༔ ཕྱིར་འཛིན་དུས་སུ་བླ་མ་ཡང་༔ སྣ་སྒོ་ལས་ཐོན་སྤྱི་བོ་ཡི༔ རྒྱ་གྲམ་སྟེང་ན་བཞུགས་པར་བསམ༔ ནང་དུ་འཇུག་ཚེ་མི་རྒྱུ་བའི༔ སྣ་ཡི་སྒོ་ནས་སྙིང་གར་བྱོན༔ འཛིན་དུས་སྙིང་གི་ཐིག་ལེ་ལ༔ དགྱེས་འཛུམ་ཉམས་ཀྱིས་བཞུགས་པར་བསམ༔ རྩེ་


MLP024_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མོས་གུས་གདུང་ཤུགས་བྱ༔ ཚོགས་བསག་མན་ངག་ཟབ་རྒྱའོ༔ ལུས་སྦྱོང་རྣམ་སྣང་ཆོས་བདུན་བྱ༔ རླུང་ནི་ཁ་སྦྱོར་དྲག་ཏུ་འཆིང་༔ དེ་ནས་འོག་རླུང་རང་བབས་ལ༔ སྟེང་རླུང་གནོན་པའི་སྦྱོར་བ་ཅིག༔ དེ་སྐབས་ལག་གཉིས་འཕེན་སྟབས་དང༔ རྐང་པ་རེ་མོས་དཀྲུག་བྱ་ཞིང་༔ རོ་སྟོད་གཡས་གཡོན་བཅུ་ཞིང་དཀྲུག༔ མགོ་བོ་བསྐོར་ཞིང་ཕྱོགས་བཞིར་འཕང༔ དེ་རྗེས་ཁ་ནས་སྒྲ་བཅས་བཏང༔ ལུས་ནང་བཤལ་བ་བཞིན་དུ་བསྒོམ༔ དེ་ལྟར་སྤེལ་བ་ལན་བདུན་བྱ༔ རྩ་སྦྱང་རང་ལུས་ལྷ་ཡི་སྐུར༔ གསལ་བའི་དབུས་སུ་དྷུ་ཏི་ནི༔ དྭངས་གསལ་སྦུབས་སྟོང་ཀ་བའི་ཚུལ༔ ཕྲུ་མ་ཕུ་ཡིས་བཏབ་པ་ལྟར༔ དང་པོ་མདའ་སྨྱུག་ཙམ་དུ་བསྒོམ༔ དེ་ནས་སྦ་ལྕག་ཙམ་དུ་བསྒོམ༔ དེ་ན་ཇེ་ཆེར་ཇེ་ཆེར་སྤེལ༔ ལུས་ཀུན་དབུ་མར་འདྲེས་པར་བསམ༔ དེ་ནས་ནམ་མཁས་གར་ཁྱབ་ཏུ༔ དབུ་མས་ཀྱང་ནི་ཁྱབ་པར་བསྒོམ༔ སླར་ཡང་ཇེ་ཕྲར་གྱུར་པ་ལས༔ སྦ་ལྕག་ཙམ་དུ་གསལ་བར་བསྒོམ༔ ལུས་ནང་སྐྲ་རྩེའི་བར་དུ་ཡང༔ ཁོང་སྟོང་དྭངས་ཤིང་གསལ་བར་བསྒོམ༔ རླུང་སྦྱར་དྷུ་ཏིའི་གཡས་གཡོན་གྱི༔ རོ་རྐྱང་ཡར་སྣ་སྨིན་མཚམས་ནས༔ སྣ་ཡི་སྒོར་ཟུག་མར་སྣ་གཉིས༔ ལྟེ་འོག་སོར་བཞིར་དབུ་མར་ཞུགས༔ དྭངས་ཤིང་གསལ་སྒོམ་རླུང་རོ་ཕྱིར༔ བསལ་ཚེ་ནད་གདོན་སྡིག་སྒྲིབ་སྦྱངས༔ འཇུག་དུས་བརྟན་གཡོ་འཁོར་འདས་ཀྱི༔ དྭངས་མ་རླུང་གི་རྣམ་པ་ཅན༔ རོ་རྐྱང་ལས་བརྒྱུད་དབུ་མར་བཅུག༔ རང་བབས་འཇམ་ཞིང་དལ་བར་འཛིན༔ སྦྱང་བའི་མན་ངག་ཟབ་རྒྱའོ༔ དེ་ནས་གཏུམ་མོའི་རྣལ་འབྱོར་ལ༔ དྲོད་བསྐྱེད་དམ་ཚིག་གཏུམ་མོ་དང༔ བདེ་བ་ཆོས་ཀྱི་གཏུམ་མོ་དང་༔ བདེ་དྲོད་སྟོང་པར་རྒྱས་འདེབས་པ༔ ཡེ་ཤེས་གཏུམ་མོར་ཡང་དག་བཤད༔ ལུས་གནད་མེ་ཐབ་དྲུག་ཆིངས་ལ༔ ལུས་ནང་རྩ་གསུམ་གསལ་བ་ཡི༔ དབུ་མའི་ཡར་སྣར་ཧཾ་དཀར་པོ༔ འཚེར་ཞིང་སྣུམ་འདྲིལ་གསལ་ལ་དྭངས༔ ཐུར་ལྟ་དེ་སྟེང་བླ་མ་ནི༔ དཀར་དམར་བཀྲག་མདངས་གཟི་བྱིན་ཅན༔ ཡེ་ཤེས་མཁའ་འགྲོ་ཡུམ་དང་སྦྱོར༔ དགྱེས་ཤིང་འཛུམ་པའི་ཚུལ་ཅན་བསྒོམ༔ མར་སྣ་འདུས་མདོར་ཨཾ་དམར་པོ༔ མེ་ཡི་རང་བཞིན་ཚ་ལ་རྩུབ༔ གསལ་ཞིང་དྭངས་ལ་འབར་བར་བསྒོམ༔ དེ་ནས་རླུང་རོ་ཕྱིར་བསལ་ལ༔ སྟེང་རླུང་རྔུབ་པའི་སྦྱོར་


MLP024_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡི༔ རོ་རྐྱང་ལས་བརྒྱུད་ཨཾ་ལ་འཕོག༔ མེ་ལྕེ་ཕྲ་ལ་ཚ་ཞིང་རྣོ༔ དམར་གསལ་འུར་གྱིས་འབར་བ་ཡིས༔ ལུས་ནང་རྩ་ཀུན་གང་བར་བསམ༔ འོག་རླུང་སྐུམ་སྟེ་ཁ་སྦྱོར་འཆིང་༔ རེས་འགའ་དམར་བྲེང་ཟངས་ཁབ་བཞིན༔ ཕྲ་ཞིང་དྭངས་པར་འབར་བ་དང༔ རེས་འགའ་ཅི་ཡང་མི་དམིགས་པའི༔ ངང་གདངས་བསྐྱང་ཞིང་མཉམ་པར་བཞག༔ ཀུན་ལ་རླུང་གནད་རེ་དང་སྦྱར༔ གསལ་ཞིང་དྲག་ལ་ཡུན་ཐུང་བ༔ གཏུམ་མོའི་སྦྱོར་བ་དག་ལ་བསླབ༔ དམིགས་པ་འཛིན་དུས་རླུང་མི་འཇུག༔ གསལ་ཐེབས་ཚེ་ན་ཁ་སྦྱོར་འཆིང༔ བཙན་ཐབས་དྲོད་སྐྱེད་ཟབ་རྒྱའོ༔ དེ་ཉིད་བདེ་བར་རྒྱས་འདེབས་པ༔ ལྟེ་བའི་ཨཾ་ལས་འབར་བའི་མེས༔ དྷུ་ཏི་བརྒྱུད་ནས་སྤྱི་བོ་ཡི༔ ཧཾ་ལ་རེག་པའི་བདེ་དྲོད་ཀྱིས༔ བླ་མ་དགྱེས་ཚིམ་བདུད་རྩིར་ཞུ༔ ཧཾ་ལ་ཐིམ་པས་དེ་ཉིད་ལས༔ བྱང་སེམས་བ་ཐག་ལྟ་བུའམ༔ མུ་ཏིག་ལྟ་བུར་བབས་པ་གང་༔ ལྟེ་བའི་ཨཾ་ལ་ཐིམ་པ་ཡིས༔ སྡོང་བུ་མར་ཁུས་བརླན་པ་བཞིན༔ མེ་ཡི་གསོས་བྱས་ཆེར་འབར་བས༔ ཟླ་བ་བདུད་རྩིར་ཞུ་བ་ཡི༔ དྭངས་མས་ལུས་ཀུན་གང་བ་ལས༔ བདེ་བའི་རོ་ཡིས་ཁྱབ་པར་བསམ༔ རླུང་དང་སྦྱར་ཏེ་འབར་འཛག་བྱ༔ ངང་གདངས་བསྐྱང་ཞིང་མཉམ་པར་བཞག༔ བདེ་བར་ཤར་ཚེ་ཧཾ་ཡིག་ལས༔ བབས་པའི་ཐིག་ལེ་ལྟེ་བའི་བར༔ སྐུད་པ་བཞིན་དུ་བྲེང་ངེ་བསྒོམ༔ བདེ་བ་རྩོལ་མེད་ཡུན་དུ་གནས༔ བདེ་བར་རྒྱས་འདེབས་ཟབ་རྒྱའོ༔ བདེ་དྲོད་དབྱེར་མེད་སྟོང་ཉིད་དུ༔ རྒྱས་འདེབས་ནམ་མཁའ་སྟོང་པ་ལ༔ སྨིན་མཚམས་དག་ནས་ཁྲུ་གང་ཙམ༔ འགྱུར་མེད་དྲག་པོའི་མིག་གིས་བལྟ༔ སེམས་ཀྱང་རེས་བསྒྲིམས་རེས་འགའ་གློད༔ ཐུན་ཆུང་ཐུན་གྲངས་མང་བ་གཅེས༔ རང་བབས་ངང་ལ་ངལ་ཡང་བསོ༔ དུ་བ་ལ་སོགས་རྟགས་ལྔ་འབྱུང༔ བརྟན་ན་མིག་འབྲས་བསྒྱུར་བ་དང༔ བར་ཐག་རིང་ཐུང་མ་ངེས་པའི༔ རྟགས་སྣང་རྣམས་ལ་མ་ངེས་བསྒོམ༔ སྟེང་འོག་མ་ངེས་ཤུགས་ཕྱུང་བས༔ འོད་ཀྱིས་ཐིག་ལེས་བོགས་འབྱིན་བྱེད༔ འཇིག་རྟེན་ཁམས་མང་མཐོང་བར་འགྱུ ར༔ སྟོང་ཉིད་འོད་གསལ་ཟབ་རྒྱའོ༔ དེ་ལྟར་གསུམ་གྱི་དང་པོ་ལ༔ མེ་ཐབ་དྲུག་ཆིངས་ལུས་ཀྱི་གནད༔ ཕྱི་མ་གཉིས་ལ་ཆོས་བདུན་ནོ༔ རླུང་ནི་བུམ་ཆེན་སྦྱོར་བ་གཅེས༔ དེ་ལྟར་བསྒོམས་པས་ཉམས་


MLP024_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འོང༔ དང་པོར་རང་བཞིན་གྱི་ནི་ཉམས༔ བདེ་བས་རྣམ་རྟོག་ཁ་འཁྱིལ་ནས༔ ཤིན་ཏུ་བྱིང་བར་འགྱུར་བ་ཡིན༔ རྟོགས་པའི་ཉམས་ཞེས་བྱ་བ་ནི༔ རྣམ་རྟོག་རགས་ཤིང་བདེ་བའི་ཉམས༔ འོད་གསལ་བ་ཡི་ཉམས་ཞེས་པ༔ བདེ་གསལ་མི་རྟོག་རང་བཞིན་ཅན༔ འདི་ནི་སྒོམ་ཉམས་མཐར་ཐུག་གོ༔ བྱིང་ན་ཤེས་པ་ཧུར་ཕྱུང་སྟེ༔ སྣ་ཚོགས་ཡུལ་གྱི་བདུད་རྩི་བསྟེན༔ ཉམས་སྣང་གཏན་འབེབས་ཟབ་རྒྱའོ༔ གཏུམ་མོ་སྒོམ་པའི་རྣལ་འབྱོར་ལ༔ གེགས་སེལ་གནད་ཀྱི་མན་ངག་གཅེས༔ རླུང་ལོག་སེལ་བའི་མན་ངག་ནི༔ སྙིང་གའི་ཐད་ཀྱི་མདུན་རྒྱབ་ཏུ༔ བུ་ག་ཧར་རེ་དོད་པ་ལ༔ རླུང་ནི་ཉི་ཟེར་རྡུལ་བཞིན་དུ༔ བུན་བུན་འགྲོ་བ་ཉིད་དུ་བསམ༔ ཐོག་མར་ཕྱི་རུ་དྲོད་བྱུང་ན༔ ལྡེང་པོ་ཙམ་ལས་བོགས་མི་འབྱུང་༔ ཐོག་མར་སྙིང་གར་དྲོད་བྱུང་ན༔ མྱུར་དུ་མི་གནས་ཡལ་བར་འགྱུར༔ དེ་ལ་སྡུད་དང་འབེབས་པ་བྱ༔ སྲིན་ཞལ་འབྱེད་འཛུམ་མང་པོ་བྱ༔ ལྟེ་བར་ཁ་སྦྱོར་དྲག་པོ་བསྒོམ༔ སྟོ ང་ཉམས་སྐྱེས་ནས་སྐྲག་པ་སྙམ༔ སྣ་རྩེར་ཉི་མ་བསྒོམས་པས་སེལ༔ གནས་སུ་དྲོད་འབེབས་ཟབ་རྒྱའོ༔ རགས་པའི་རླུང་ནི་རྣམ་ཤེས་དང༔ བསྲེ་བའི་མན་ངག་འདི་ལྟར་བསྒོམ༔ སྤྱི་བོ་བདེ་ཆེན་འཁོར་ལོ་ནི༔ གཞའ་ཚོན་ལྟ་བུར་དྭངས་པར་བསམ༔ བུམ་ཅན་ཁ་སྦྱོར་སྤྱི་བོར་སྡིག༔ གེགས་སེལ་འབེབས་སོགས་ལན་འགའ་བྱ༔ འདར་དང་འཁོར་དང་འབིགས་པ་ཡི༔ རྟགས་གསུམ་བྱུང་ན་དམིགས་པ་བསྒྱུར༔ རྩ་འཁོར་དང་ནི་དབང་པོའི་སྒོ༔ གཞན་ལའང་དེ་བཞིན་ཤེས་པར་བྱ༔ འདི་ལ་གོམས་པ་མཐར་ཕྱིན་ན༔ རླུང་རྣམས་གར་བཟུང་ཟིན་པ་དང༔ གང་འདོད་སྒོ་ནས་འགྲོ་འོང་ནུས༔ དེ་ནས་བདེ་བའི་རླུང་དང་བསྲེ༔ དྷུ་ཏིའི་འོད་ཀྱི་སྣང་བ་ཡིས༔ ལུས་ནི་གཞའ་ལུས་བདེ་བར་བསྒོམ༔ རླུང་ནི་དྲག་ཏུ་བཀག་པ་ཡིས༔ བདེ་བས་གཉིས་སྣང་འདྲེས་པའི་རྟགས༔ རྡོས་བཅས་ཀུན་ལ་ཐོགས་མེད་འགྱུར༔ བསྲེ་བའི་མན་ངག་ཟབ་རྒྱའོ༔ འབྱུང་བཞི་ཆ་ནི་མ་སྙོམས་ན༔ འབྱུང་བ་རོ་སྙོམས་བསྒོམ་པར་བྱ༔ ས་རྒྱས་ལུས་སེམས་ལྕི་བ་ལ༔ རླུང་དཀྱིལ་སྟེང་དུ་རྐང་པ་བཞག༔ བ་དན་གཡོ་བས་འདེགས་པར་བསམ༔ རླུང་རྒྱས་ཡེད་ཡེད་འགྲོ་འདོད་ན༔ ལྟེ་བར་ས་དཀྱིལ་ཆེར་མཆེད་ནས༔ སྣང་རིག་གསེར་དུ་གྱུར་པར་བསྒོམ༔ ཆུ་


MLP024_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དྲོད་ཆུང་གྲང་ཤུམ་བྱེད༔ གསང་བར་མེ་དཀྱིལ་བསྒོམས་པས་སེལ༔ མེ་རྒྱས་ཚ་བ་འཕེལ་བ་ན༔ སྙིང་གར་ཆུ་དཀྱིལ་བསིལ་བ་ལས༔ མཆེད་ནས་སྣང་སྲིད་ཆུ་རུ་བསྒོམ༔ འགྱུར་བ་བགེགས་ལ་གཟེར་བཞི་བསྒོམ༔ ལུས་གནད་སྐྱིལ་ཀྲུང་རྐང་སེན་དབུགས༔ རྡོ་རྗེ་ཁུ་ཚུར་གཡས་འཕྱར་ཞིང༔ གཡོན་པ་ཕྱིར་ལོག་ལྟེ་བར་བརྟེན༔ མིག་གཉིས་སྟེང་བགྲད་འོག་སྒོ་གློད༔ སྟེང་རླུང་དྲག་ཏུ་བསྡིགས་པ་དང༔ ཐུར་སེལ་འཐེན་པ་རེས་འགའ་བྱ༔ སེམས་གནད་ནམ་མཁའི་དབྱིངས་སུ་འཕང༔ དངུལ་ཆུ་སྦྱངས་དང་ག་བུར་བསྲེས༔ ཛ་དངུལ་སྦྱངས་སོགས་སྣ་ནས་བསྟེན༔ འབྱུང་བཞི་རོ་སྙོམས་ཟབ་རྒྱའོ༔ གང་ཞིག་བགེགས་ཀྱི་བར་ཆད་ཀྱིས༔ ཏིང་འཛིན་ལས་སུ་མི་རུང་ན༔ ལྟེ་བར་རླུང་མེ་བརྩེགས་པ་ལ༔ རཾ་མཚན་བ་དན་བསྐྱོད་པ་ཡིས༔ རཾ་ལས་མེ་འབར་ལུས་ཀུན་ཁེངས༔ གདོན་གྱི་ངོ་བོ་སྙིང་གར་ཏྲི༔ ནག་པོར་གནས་པ་མེས་བསྲེགས་སྦྱངས༔ ཐལ་བའང་ཕྱི་རོལ་གཏོར་བར་བསམ༔ རླུང་འབྱིན་དྲག་པོ་འབར་བའི་མེས༔ བགེགས་རྣམས་སྐྲག་ཅིང་འབྱར་བར་བསམ༔ སྡིག་སྒྲིབ་སྦྱོང་ན་པཾ་དམར་པོ༔ སྔར་བཞིན་བསྒོམས་ལ་སྦྱང་བར་བྱ༔ གེགས་སེལ་མན་ངག་ཟབ་རྒྱའོ༔ དེ་ལྟར་གདམས་པའི་ངོ་བོ་རྣམས༔ དང་པོའི་ལས་ཅན་རྣམས་ཀྱིས་ནི༔ ཉིན་མཚན་ཐུན་དྲུག་བསྒོམ་པར་བྱ༔ ཉིན་མཚན་གཉིས་ལ་སྔ་ཐུན་རེ༔ ཕྱི་ཐུན་གཉིས་གཉིས་དག་ཏུ་བྱ༔ ཁ་ཚང་དོན་འདྲིལ་ཟབ་མོའི་གནད༔ གཏུམ་མོའི་མན་ངག་སྙིང་པོ་འདི༔ གསང་བ་ཡེ་ཤེས་དྷཱ་ཀི་མས༔ པདྨ་འབྱུང་གནས་བདག་ལ་གཏད༔ བདག་གིས་མ་འོངས་དོན་ཕྱིར་དུ༔ ལས་ཅན་རྗེ་འབངས་རྣམས་ལ་གཏད༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན༔ སྐལ་ལྡན་གཅིག་གི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ༔ དགེའོ༔

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཐབས་ལམ་བདེ་ཆེན་སྙིང་པོ།


MLP024_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཐབས་ལམ་བདེ་ཆེན་སྙིང་པོ་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། གར་གྱི་དབང་ཕྱུག་བདེ་བ་ཆེ༔ བདེ་སྩོལ་བདེ་བའི་བདག་ཉིད་ཅན༔ དེ་ལ་གུས་པས་ཕྱག་བཙལ་ནས༔ མགྱོགས་བྱེད་ཕོ་ཉའི་ཟབ་མོའི་ལམ༔ སྐལ་ལྡན་དོན་དུ་བཤད་པར་བྱ༔ གསང་སྔགས་བདེ་བ་ལམ་བྱེད་ནི༔ དྲི་མས་དྲི་མ་བཀྲུ་བ་བཞིན༔ རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དང་༔ སྲིད་པ་ཉིད་ཀྱིས་སྲིད་པ་སྦྱོང༔ ཇི་ལྟར་མེ་ཡིས་འཚིགས་པ་ལ༔ མེ་ཡིས་ཡང་ནི་གདུང་བར་བྱ༔ དེ་བཞིན་འདོད་ཆགས་མེས་འཚིགས་པ༔ འདོད་ཆགས་མེ་ཡིས་གདུང་བར་བྱ༔ འོན་ཀྱང་ཟབ་མོའི་གདམས་པ་འདི༔ བློ་ངན་རྣམས་ལ་བསྟན་མི་བྱ༔ དཔེར་ན་སེངྒེའི་འོ་མ་དེ༔ ཕལ་པའི་སྣོད་དུ་བླུག་པ་ན༔ སྣོད་ཆག་བཅུད་ཀྱང་འབོ་བ་བཞིན༔ དོན་མེད་གནོད་པ་ཆེན་པོར་འགྱུར༔ རིན་ཆེན་སྣོད་དུ་བླུག་ན་ནི༔ དྲི་ཞིམ་རོ་མཆོག་ལྷག་པར་འཕེལ༔ བསྟེན་ན་རྩལ་སྟོབས་རྒྱས་པར་འགྱུར༔ དེ་བཞིན་ཕོ་ཉའི་ལམ་མཆོག་འདི༔ ལམ་དུ་ལོངས་ན་འཆི་མེད་སྟེར༔ དུས་གསུམ་རྒྱལ་བའི་ཡེ་ཤེས་ཀྱང༔ ལྷན་སྐྱེས་བདེ་བ་ཆེ་ལས་བརྙེས༔ དེ་ཕྱིར་ཟབ་མོའི་གདམས་པ་ནི༔ སྐལ་ལྡན་རྣམས་ལ་སྤེལ་བར་བྱ༔ འདི་ལ་སྔོན་འགྲོ་དངོས་གཞི་རྗེས༔ རྣམ་པ་གསུམ་གྱིས་བསྡུས་པ་སྟེ༔ དང་པོ་སྔོན་འགྲོའི་རིམ་པ་ནི༔ ཚོགས་བསགས་སྲུང་འཁོར་ལུས་སྦྱོང་རྣམས༔ གཞན་ལས་འབྱུང་བ་བཞིན་དུ་བྱ༔ ལམ་དངོས་ལ་ཡང་སྦྱོར་བ་དང༔ དངོས་གཞིའི་རིམ་པ་གཉིས་སུ་བཤད༔ དང་པོ་སྦྱོར་བ་རྣམ་པ་བདུན༔ རླུང་སྦྱང་བ་དང་ཡིད་རིག་སྒོམ༔ རིག་མ་བརྟག་པ་འགུགས་པ་དང༔ ཁམས་གསོ་རྩ་རླུང་སྒྱུ་མར་སྦྱང་༔ དང་པོ་གཏུམ་མོ་སྔོན་འགྲོ་བས༔ གཡས་གཡོན་


MLP024_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་གསུམ་གསུམ་འབུད༔ སྲོག་ཐུར་ལྟེ་བར་ཁ་སྦྱར་ནས༔ སྐེད་པ་གཡས་སྐོར་གཡོན་སྐོར་བྱ༔ རོ་སྟོད་གཅུ་ཞིང་མགོ་བོ་བསྐོར༔ ལག་སྤྲུག་རྐང་པ་བརྐྱང་བསྐུམ་བྱ༔ ལག་གཉིས་འཕྱར་ཞིང་ཐུར་ཕབ་ནས༔ འབེབས་པའི་སྦྱོར་བས་འཕོངས་ཉིད་བརྡབ༔ དྲོད་སྐྱེད་གཙུབ་ཤིང་གཙུབ་སྟན་བྱ༔ ཐིག་ལེ་འཛིན་པར་བྱ་བའི་གནད༔ རླུང་ནི་ཕྱི་རུ་རྫོགས་པར་བུས༔ ཐུབ་ཚད་འདར་སྟོན་ཕྱི་རུ་མནན༔ ལག་གཉིས་ཁ་སྦུབ་ཕྱིར་ལ་བཀན༔ འཆུན་རྩལ་མདུན་དུ་ཐུབ་ཚད་འཕུལ༔ ཡང་རྔུབ་དེ་འཕྲལ་འབུད་པའི་ཚེ༔ ཧཱུྃ་རིང་ཉེར་གཅིག་འཁྱོལ་ཚད་བུས༔ སླར་ཡང་རྐང་བརྐྱངས་མཐེ་བོང་ནས༔ ལག་གཉིས་ཀྱིས་འཐེན་མགོ་བཀུག་ལ༔ རྒྱབ་ཤེད་ཅི་ཡོད་ཕྱི་རུ་འཐེན༔ འདི་ལ་སྡོད་དང་ལྡང་བ་གཉིས༔ དེ་ནས་སེང་གེ་རྣམ་རོལ་བྱ༔ ཡང་ནི་རྣམ་སྣང་ཆོས་བདུན་ལ༔ རྔུབ་ཐེངས་གཅིག་ལ་འབུད་ཐེངས་གསུམ༔ ཕྱིར་བཟུང་ཤེས་པ་མཁའ་ལ་འཕང༔ སླར་ཡང་དབུགས་གཅིག་རྔུབ་ཐེངས་གསུམ༔ མནན་ཅིང་འོག་སྒོ་དྲག་ཏུ་གློད༔ དེ་རྗེས་སྤྲུག་རྩལ་ཧལ་ཞེས་འབུད༔ དེ་ལྟར་ཉེར་གཅིག་ཙམ་དུ་བསྐྱར༔ དེ་རྗེས་རྣམ་རོལ་བཅུ་ཙམ་བྱ༔ བཟུང་ལྡོག་དགྲམ་པའི་རླུང་སྦྱོར་ཀུན༔ འབད་པས་ཉམས་འོག་ཆུག་པར་སྦྱང༔ གཉིས་པ་ཡིད་རིག་བསྟེན་པ་ནི༔ དངོས་སུ་བཤད་པའི་ལས་རིམ་རྣམས༔ དམིགས་པས་སྒོམ་པ་མ་གཏོགས་པ༔ གཞན་ནི་ཁྱད་པར་ཡོད་མིན་པས༔ འོག་ནས་འབྱུང་བ་ཇི་བཞིན་དུ༔ མ་ཡེངས་རྩེ་གཅིག་དམིགས་པ་ཡིས༔ ཡེ་ཤེས་ཕྱག་རྒྱའི་སྦྱོར་བ་ལ༔ བྱང་སེམས་དབབ་བཟུང་ལྡོག་དང་དགྲམ༔ རླུང་བསྲེ་ཡེ་ཤེས་ཆེན་པོར་སྐྱེལ༔ འདི་མ་གོམས་ན་གཞན་ལུས་ཀྱི༔ བདེ་བ་ལམ་དུ་མི་འགྱུར་བས༔ དེ་ཕྱིར་འདི་ནི་ནན་ཏན་བྱ༔ གསུམ་པ་རིག་མ་བརྟག་པ་ནི༔ མཚན་ཉིད་ལྡན་པའི་ཕྱག་རྒྱ་གང༔ ན་ཚོད་བཅུ་གཅིག་བཅུད་ལེན་དོན༔ བཅུ་གཉིས་ཐུགས་ལ་བཅུ་དྲུག་གསུང༔ ཉི་ཤུ་སྐུ་ལ་ཉེར་ལྔ་སྤྱི༔ དང་པོ་ལང་ཚོ་མ་སྨིན་ཅིང༔ གཞན་ཡང་ཕྱི་མ་ཕྱི་མ་མཆོག༔ གར་སྡོད་ས་ལ་ཕྱག་མཚན་བྲི༔ དཔྲལ་བར་རི་མོ་གཅིག་འབྲི་ཞིང༔ ནུ་དབྲག་ལྟེ་འོག་རི་མོ་གསུམ༔ སོ་ལེགས་སོ་ཞོ་ཅུང་ཟད་ཅན༔ བོངས་མཉམ་ཁ་དོག་སྔོ་བསངས་སམ༔ དཀར་དམར་མིག་འབྲས་ནག་ལ་སྣུམ༔ མིག་ཡངས་སྐྲ་བཟང་སྐད་ཕྲ་ལ༔ སྨད་ཀྱི་


MLP024_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་རྒྱས་ཟླུམ་ཞིང་འཇམ༔ བྷ་ག་ཟླུམ་ཞིང་མཐོ་བ་ལ༔ མཐོང་ངམ་སྐད་ཐོས་ལུས་རེག་པས༔ བདེ་བ་སྐྱེད་བྱེད་མཆོག་ཏུ་བཤད༔ དཔའ་བོའི་ང་རྒྱལ་བརྟན་ལྡན་པས༔ སྔགས་བཟླས་ཆགས་པའི་ལྟ་སྟངས་ཀྱིས༔ བལྟས་ན་མིག་ཞུམ་བག་ཡངས་པ༔ རྩ་ཁ་ཕྱེད་པ་བསྟེན་དུ་རུང༔ དེ་ལས་ལྡོག་ན་སྤང་བར་བྱ༔ ཁྱད་པར་གོ་ལྡོག་ལྟ་བ་དང༔ ཁུ་བྱུག་སྐད་བཞིན་བདེ་བའི་སྒྲ༔ སྐྱེ་གནས་རི་མོ་གསུམ་དབྱེ་བས༔ ཆགས་ཚེ་བཞིན་མདོག་དམར་པོར་འགྱུར༔ འདི་ནི་ཕོ་ཉ་མཆོག་གི་རིགས༔ གཞན་ཡང་དཀར་བ་བུདྡྷའི་རིགས༔ དཀར་ལ་དམར་བ་པདྨའི་རིགས༔ ཁ་དོག་དམར་བ་རིན་ཆེན་རིགས༔ ལས་ཀྱི་རིགས་དང་རྡོ་རྗེའི་རིགས༔ གཉིས་ཀ་སྔོ་བསངས་ཅན་དུ་འབྱུང་༔ པདྨ་ཅན་དང་གླང་སྣ་མ༔ དུང་ཅན་སྣ་ཚོགས་ཅན་མ་རྣམས༔ རབ་འབྲིང་ཐ་མའི་དབྱེ་བ་བརྟག༔ རྡོ་རྗེའི་རིགས་ནི་བདེ་བ་བུལ༔ རཏྣ་དེ་བཞིན་འཛིན་པ་སླ༔ པདྨའི་རིགས་ནི་བདེ་བ་མྱུར༔ ལས་རིགས་བདེ་བ་བརྟན་པ་ཡིན༔ རྡོ་རྗེའི་རིགས་ནི་གསལ་ལ་དྭངས༔ འདི་ལྟར་རྣལ་འབྱོར་ཅན་རྣམས་ཀྱིས༔ ཤེས་རབ་བརྟན་པས་བརྟག་པར་བྱ༔ བཞི་པ་རིག་མ་འགུགས་པ་ནི༔ བསྙེན་པ་སྔོན་དུ་སོང་བ་ཡིས༔ སྒྲུབ་རྫས་རིལ་བུ་སིནྡྷུ་ར༔ རྒོད་བྲུན་བྱང་བསྟན་ཕུག་པའི་རྩྭ༔ རྩེ་མོ་ལྷོར་བསྟན་ཕྱེ་མ་རྣམས༔ བྱང་སེམས་དྲི་ཆུས་རིལ་བུར་དྲིལ༔ དར་དམར་ཁུད་དུ་དྲིལ་ལ་བསྲེ༔ དེ་བཞིན་གཏུམ་མོའི་ཨ་ཤད་ལ༔ དམིགས་བྱ་བསྟིམ་ནས་བྱང་སེམས་བཞུ༔ ཨ་ལ་བསྟིམ་ནས་ཁ་སྦྱོར་འཆིང༔ བདེ་བས་བྱང་སེམས་འཕོ་བར་བསམ༔ དེ་ཡང་གོང་གི་རྫས་ལ་བསྟིམ༔ ཞག་བདུན་དབང་སྡུད་སྔགས་ཀྱིས་བསྒྲུབ༔ རྫས་ཀྱི་ཐིག་ལེ་དཔྲལ་བར་བྱུག༔ དཔའ་བོའི་སྙེམས་པས་བལྟས་གྱུར་ན༔ དེ་མཐོང་མཚན་ལྡན་དབང་དུ་བྱེད༔ ཟས་སུ་བྱིན་ན་སྨོས་ཅི་དགོས༔ ཡང་ན་རྫ་སྦལ་མིང་རུས་བཅུག༔ ཡུངས་དཀར་འབྲུ་བདུན་ནང་དུ་བླུག༔ འབྲུ་བདུན་འོག་བཅུག་ལྷར་བསྒོམས་ནས༔ ཕོ་ཉ་སྤྲོས་པས་གང་འདོད་དེ༔ རང་དབང་མེད་པར་དབང་བསྡུས་བསམ༔ མི་ཚིག་མ་འདྲེས་སྔགས་འདི་བཟླ༔ སྭཱ་ཧཱ་སྦས་ཤ་ཁོལ་ཙག་ཙག་དུང་དུང་འདུར་ཡོད་ཡོད་ཆེ་གེའི་ཙིཏྟ་དཀྲུགས་མ་མ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བཟླས་བུད་མེད་འདུ་བ་དང༔ ཁྲོམ་འཚོག་གཏེར་རྙེད་ལྟས་མཐོང་ནས༔


MLP024_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ནུབ་དུས་སུ་ཡུངས་ཀར་དང༔ སྦལ་པ་དམིགས་བྱའི་ལུས་ལ་རྡེག༔ དེ་ཡིས་ངེས་པར་རང་དབང་འགྱུར༔ ལྔ་པ་ཁམས་གསོ་རྩ་སྐྱེད་པ༔ མཚན་ཉིད་ལྡན་པའི་ཕྱག་རྒྱ་དེའི༔ རྒྱུད་སྦྱངས་སྣོད་རུང་དག་བྱས་ནས༔ ཤ་གསར་ཆང་འཇམ་ལ་སོགས་པ༔ ཁ་ཟས་བཅུད་ཆེན་རན་པར་བསྟེན༔ ཤ་ཆེན་ཆུ་སེར་ཕྱུང་ནས་ནི༔ འོ་མར་བཙོས་པར་འབྲས་བུ་གསུམ༔ ཁ་རུ་ཚ་དང་ཤིང་ཀུན་དང༔ དབང་ལག་མཁའ་ལྡིང་རྒྱ་རྩངས་ཤ༔ ར་མོ་ཤ་དང་དངུལ་ཆུ་རྣམས༔ མངར་གསུམ་སྦྱར་བའི་རིལ་བུ་དང་༔ བདུད་རྩི་ལྔ་ཡི་བཅུད་ལེན་གྱིས༔ གཉིས་པ་ཁམས་གསོ་ལུས་ཟུངས་བསྐྱེད༔ ལན་ཚྭ་ཆེས་དང་སྒོག་ཙོང་དང༔ སྔོ་ངད་བཅུད་མེད་སྐྱ་ཟས་དང་༔ གྲི་ཟས་དྲག་ཤུལ་སྤྱོད་ལམ་དང་༔ རྩ་དང་ཐིག་ལེ་ཉམས་པ་སྤང༔ དགའ་བའི་རོལ་རྩེད་ཡང་ཡང་བྱ༔ ཆགས་པ་བསྐུལ་ཞིང་སྙོམས་འཇུག་སྤང་༔ དྲུག་པ་ཕྱག་རྒྱའི་རྩ་འཚོལ་བ༔ སྤྱི་བོར་གླ་རྩི་ཙནྡན་དཀར༔ ཏིལ་མར་གསུམ་པོ་སྦྱར་བས་མཉེ༔ མཁལ་ཁུང་གཉིས་སུ་རས་བལ་གྱི༔ འབོ་སྟེ་སྙིམ་པ་ཙམ་རེ་བཅུག༔ སྐེ་རགས་སོགས་ཀྱིས་རན་པར་སྡོམ༔ སྒ་སྟེང་གན་རྐྱལ་སྟབས་སུ་ཉལ༔ འཆིང་བུའི་འབོ་སྟེ་སོར་དྲུག་ཚད༔ རས་བལ་སོགས་ཀྱིས་འཇམ་པར་དཀྲིས༔ སྲིན་པོའི་ཞལ་དུ་བསྡིགས་པ་ཡིས༔ དེ་ཚེ་བྷ་ག་ཕྱིར་འབུར་ཏེ༔ རྩ་སྣ་གསལ་པོར་མཐོང་བ་ལས༔ མིན་ན་ནུ་མའི་དབྱིབས་འདྲ་བ༔ བྱིའུའི་མགོ་ཙམ་གཅིག་གི་དབུས༔ རྩ་སྣ་འབུར་མཐོང་ཕལ་ཆེར་ལ༔ གཡོན་འབྱུང་གཡས་སུ་འོང་བ་སྲིད༔ དེ་ཡིས་རྩ་གནས་ངེས་བྱས་ལ༔ འཆིང་བུ་ཅུང་ཟད་ཅུང་ཟད་དབྱུང༔ རེ་རེ་བཞིན་ཡང་ཞིབ་ཏུ་བརྟག༔ རྒྱབ་རྟེན་གློ་རྟེན་སྐེ་རགས་རྣམས༔ རིམ་གྱིས་གློད་ནས་ལྟ་བ་གཅེས༔ རྩ་སྣ་ཕྲ་རིང་མཁྲང་བ་བཟང་༔ དེ་ལྡོག་གལ་ཏེ་མ་བརྙེས་ན༔ པད་དཀར་རྩ་བ་ཁུག་ཆོས་དང༔ རྒྱ་རྩངས་ཚིལ་བུ་ཀ་ར་རྣམས༔ ར་འོ་མར་སྦྲང་སྦྱར་བ་རྣམས༔ གུང་མཛུབ་ཕྲུ་མས་གཏུམ་པར་བྱུག༔ དེ་ཡི་གསང་གནས་དཀྲུགས་ཤིང་མཉེ༔ ངེས་པར་གཏན་ལ་ཕེབས་པར་འགྱུར༔ བདུན་པ་སྒྱུ་མར་སྦྱང་བ་ནི༔ མེ་ལོང་དྭངས་པ་མདུན་དུ་བཞག༔ གཉིས་ཀའི་གཟུགས་བརྙན་འཆར་བར་བྱ༔ དེ་ལ་མིག་གཏད་མཉམ་པར་བཞག༔ གཉིས་ཀས་གཉིས་ཀའང་སྒྱུ་མར་བསྒོམ༔ ཆགས་རྟོག་དབྱིངས་


MLP024_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡང་ཡང་སྦྱང༔ ཐུན་མཚམས་རྩ་བསླང་རྩ་འཚོལ་བྱ༔ དེ་ཡང་སྒྱུ་མ་ལྟ་བུར་བསྒོམ༔ དེ་ལྟར་ཟླ་ཕྱེད་ལ་སོགས་བར༔ རྩེ་གཅིག་འབད་པས་སྦྱང་བར་བྱ༔ ས་མ་ཡ༔ དེ་ནས་དངོས་གཞིའི་རིམ་པ་ལ༔ བདག་དང་རིག་མ་གཉིས་ཀ་ཡི༔ དམ་ཚིག་གསོ་ཕྱིར་དབང་བླང་ཞིང་༔ ཕྱག་མཆོད་ཚོགས་བསག་གསོལ་བ་འདེབས༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ གཏོར་མ་ཕུལ་ནས་འཕྲིན་ལས་བཅོལ༔ བདེ་བ་ལམ་དུ་ལོངས་པ་དང་༔ འདོད་ཆགས་ཡེ་ཤེས་ཆེན་པོ་རུ༔ བསྲེ་བའི་སྡོང་གྲོགས་མཛོད་ཅིག་ཞུ༔ ཉམས་ལེན་དངོས་ལ་ཐུན་བཞིའམ༔ ཡང་ན་ཐུན་བརྒྱད་དག་ཏུ་བཅད༔ དེ་ལ་དབབ་དང་བཟུང་དང་ལྡོག༔ འགྲམ་དང་རླུང་དང་བསྲེ་བ་དང་༔ དབྱིངས་སུ་སྐྱིལ་བ་རྣམ་པ་དྲུག༔ དང་པོར་རིག་མ་མདུན་བཞག་ལ༔ གཟུགས་མཛེས་སྤྱི་དང་ཁྱད་པར་ཡང༔ གདོང་དང་བྷ་ག་ནུ་མ་སོགས༔ ལྟ་ཞིང་འདོད་ཆགས་དྲག་ཏུ་བསྐྱེད༔ བཟུང་ལྡོག་འགྲམ་དང་རླུང་དང་བསྲེ༔ དབྱིངས་སུ་བསྐྱལ་རྣམས་རིམ་བཞིན་བྱ༔ དེ་ལྟར་ཞག་གསུམ་ལ་སོགས་བྱ༔ དེ་ནས་གླུ་དང་རོལ་མོ་དང༔ དེ་བཞིན་འཁྲིག་ཚིག་ཕན་ཚུན་བརྗོད༔ དགའ་སྐྱེད་བཟུང་སོགས་གོང་བཞིན་བྱ༔ དེ་བཞིན་སྤྱི་དང་ཁྱད་པར་གྱི༔ དྲི་ལ་སྣོམ་ཞིང་སྦྱང་བ་དང༔ དེ་བཞིན་མ་མཆུའི་: སྤྲང་༼སྦྲང་༽ རྩི་སོགས༔ རོ་མཆོག་སྟེར་ལེན་བྱེད་ཅིང་སྦྱང༔ དེ་ནས་འོ་དང་འཁྱུད་པ་དང༔ ལྕེ་འཇིབ་སོ་སེན་འདེབས་པ་དང༔ ཕྱི་ཡི་རེག་བྱ་དག་ལ་སྦྱང༔ དེ་ནས་དབང་པོ་གཉིས་རེག་ཙམ༔ དེ་བཞིན་པདྨར་རྡོ་རྗེ་བཅུག༔ དེ་དག་རྣམས་ལའང་གོང་བཞིན་སྦྱར༔ པདྨའི་དབུས་སུ་དཀྱིལ་འཁོར་བསྒོམ༔ རུས་སྦལ་འགྲོས་ཀྱིས་དལ་བུས་དབབ༔ ཅུང་ཟད་བསྲུབ་ཅིང་དྲག་ཏུ་བཟུང༔ གཉིས་པ་བཟུང་བའི་མན་ངག་ནི༔ བདེ་སྐྱེད་ཙམ་ན་བསྲུབ་འཕྲོ་བཅད༔ ལྷ་རྣམས་བདེ་བས་དགྱེས་ནས་ནི༔ རང་ལ་ཡུད་ཀྱིས་ཐིམ་པར་བསྒོམ༔ བདེ་བའི་ཡེ་ཤེས་ངོས་བཟུང་ནས༔ དེ་ལ་མཉམ་གཞག་བྱ་བ་ཡིན༔ ཕྱི་ལ་ལུས་ཀྱི་ཕྱག་རྒྱ་ལྔ༔ ནང་ནི་ངག་འདྲེན་གསང་བ་རླུང༔ གསང་ཆེན་སེམས་ཀྱི་ཐེམ་བུའོ༔ མིག་བགྲད་གྱེན་ལྡོག་རྣ་བ་བསྡམས༔ ལྕེ་སྒྲིལ་མགྲིན་བཀུག་ཉྭ་བཞི་སྒྲིམ༔ རྐང་ལག་སོར་མོ་དྲག་ཏུ་བསྐུམ༔ སྐེད་བསྐོར་ལྟོ་བ་ཕྱིར་བསྐྱེད་བྱ༔ དེ་ནས་ནང་གི་ཚིགས་པར་


MLP024_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གཅེར༔ ངག་བསྡམས་ཧམ་འདྲེན་དྲག་ཏུ་བརྗོད༔ གསང་བ་རླུང་གི་འོག་སྒོ་གློད༔ སེམས་ཀྱི་ཐེམ་བུ་སྣ་རྩེ་རུ༔ ཐིག་ལེ་དམར་སྐྱ་ཧྲིལ་ཧྲིལ་དྲིལ༔ དེ་ལ་མ་ཡེངས་རྩེ་གཅིག་བཟུང་༔ གསུམ་པ་ལྡོག་པའི་མན་ངག་ནི༔ གླང་ཆེན་ཧི་དང་སྟག་མོ་ངུར༔ གཅན་གཟན་སྐྱུག་དང་ཝ་ཡི་ཧིཀ༔ ཐུན་མོང་འགྱུར་བ་རྣམ་བཞི་བྱ༔ ཁྱད་པར་ཡི་གེ་རབ་མཆོག་དང༔ ཧཱུྃ་ཕཊ་མདའ་གཞུའི་སྦྱོར་བ་བྱ༔ དང་པོར་ཧྲཱིཿཡིག་རིང་དུ་བརྗོད༔ གཉིས་པ་གསང་བའི་ཧཱུྃ་ཡིག་ནི༔ སྤྱི་བོར་ཐིམ་པར་བསམ་བྱ་ཞིང༔ རང་གི་ཧཱུྃ་འདྲེན་དྲག་ཏུ་བྱ༔ རིག་མས་མདུན་རླུང་ཕྱིར་མནན་ཏེ༔ ཕཊ་ཅེས་དྲག་ཏུ་འཕང་བར་བྱ༔ བཞི་པ་དགྲམ་པའི་མན་ངག་ནི༔ བཞི་ལས་དང་པོ་རྣམ་རོལ་ཡིན༔ གཉིས་པ་གླིང་བཞི་གནད་བོར་ཏེ༔ ལངས་ཏེ་རྐང་བགྲད་ཁུ་ཚུར་གཉིས༔ རྐང་གཤོག་གཉིས་ཀྱི་སྟེང་དུ་མནན༔ རྐང་ལག་བསྲངས་ལ་རྒྱབ་ཤེད་འཐེན༔ མགོ་ནི་ཐུར་དུ་དྲག་ཏུ་སྒུར༔ གསུམ་པ་བྲང་ནི་ས་ལ་བཙུགས༔ ལུས་ཀུན་བཏེག་ཅིང་སུག་བཞི་སྒྲེང༔ མཇིང་བསྲངས་མིག་གཉིས་སྤྱི་བོར་བལྟ༔ བཞི་པ་ཁུ་ཚུར་ས་ལ་བཙུགས༔ ལུས་བཏེག་བརྗིད་བསྐུར་ཡང་ཡང་བྱ༔ ལྔ་པ་རླུང་དང་བསྲེ་བའི་ཕྱིར༔ བུམ་ཅན་སྦྱོར་བ་དག་ལ་འབད༔ དྲུག་པ་དབྱིངས་སུ་བསྐྱལ་བ་ནི༔ བདེ་དང་སྟོང་པ་གཉིས་མེད་སེམས༔ གསལ་ལ་མི་རྟོག་ནམ་མཁའ་འདྲ༔ སྣང་བ་བདེན་མེད་སྒྱུ་མ་བཞིན༔ རླུང་གི་ཡོན་ཏན་སེམས་ལ་བསྟིམ༔ དེ་ལྟར་རྟག་ཏུ་བསྒོམས་པ་ཡིས༔ སྣང་བ་ཐམས་ཅད་བདེ་བར་འཆར༔ བཀྲེས་སྐོམ་ཚ་གྲང་མཚོན་དུག་མེས༔ མི་ཚུགས་རྒ་ཤིས་ཟིལ་མི་གནོན༔ རྟགས་ལྔ་ཡོན་ཏན་བརྒྱད་ཐོབ་འགྱུར༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཟབ་མོའི་གནད་ཀྱི་གདམས་པ་སྟེ༔ སྦྱོར་སྲེད་དབབ་ལ་མི་མཁས་པས༔ བསྲུབ་སྔས་ཐིག་ལེ་མྱུར་དུ་ཉམས༔ བཟུང་མི་མཁས་པས་བཟུང་སྔས་ན༔ བདེ་བ་ཡུན་དུ་གནས་མི་འགྱུར༔ ལྡོག་མི་མཁས་པས་འགྱུར་བཞི་སོགས༔ མི་ཤེས་ཆུ་དང་བསྡོམས་ནས་འཛག༔ རྣམ་རོལ་རྒྱ་སོགས་དགྲམ་པ་ལ༔ མི་མཁས་གཅོང་ནད་སྐྱེད་པར་བྱེད༔ དེ་ཕྱིར་དབབ་མཁས་རུས་སྦལ་འགྲོས༔ བདེ་དང་བསྟུན་ནས་དལ་བུས་བསྲུབ༔ འཛིན་


MLP024_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་རིལ་པ་ཞབས་ཚགས་བཞིན༔ གནད་བཞི་བདེ་བ་ཡུན་དུ་བསྲིང༔ ལྡོག་མཁས་ཐུར་མའི་སྦུབས་ཆུ་བཞིན༔ གནས་བཞིར་བདེ་བའི་ངང་གདངས་བསྐྱང༔ དགྲམ་མཁས་ཡོ་ལང་བྱེད་པ་བཞིན༔ ལུས་ཀུན་འགྲེམས་པས་བདེ་ཆེན་འཆར༔ དགའ་བཞིའི་རོ་མཐར་ཞུ་བདེ་ཡི༔ ལྷན་ཅིག་སྐྱེ་དགས་རང་བཞིན་གྱི༔ བདེ་ཆེན་ཡེ་ཤེས་མི་གཡོའི་བདག༔ ཁྱབ་དང་རྟག་པའི་རང་བཞིན་ཅན༔ སྐད་ཅིག་ཉིད་ལ་འཆར་བ་འགྱུར༔ དེ་ལྟར་རྣལ་འབྱོར་ཅན་རྣམས་ཀྱིས༔ བུད་མེད་མི་སྤང་དང་དུ་བླང༔ བྱང་ཆུབ་སེམས་ནི་མི་སྤང་ཞིང་༔ གཞན་གྱི་བདུད་རྩི་དབང་དུ་བསྡུ༔ དགའ་བ་བཞི་ཡི་རོལ་མོ་ཡི༔ ཡེ་ཤེས་ཆེན་པོར་ལ་ཟློ་བ༔ འདི་ནི་ཚངས་པར་སྤྱོད་པ་ཆེ༔ དགེ་སློང་ཉིད་དུ་ཡང་དག་འགྱུར༔ དེ་ལས་འཆིང་བ་ཀུན་ལྡན་པའི༔ རྟགས་ཙམ་གྱིས་ནི་མ་ཡིན་ཏེ༔ གང་ཅིར་རྒྱལ་བས་ཆོས་བསྟན་པ༔ རྣམ་པའི་ཁྱད་པར་མ་གཏོགས་པ༔ ཉོན་མོངས་སྤོང་བར་མཚུངས་པའི་ཕྱིར༔ གཉེན་པོར་གྱུར་ན་ཐབས་ཞེས་བྱ༔ དེ་ཕྱིར་སྐལ་བ་ཅན་རྣམས་ཀྱིས༔ ཟབ་མོའི་ལམ་འདི་ཉམས་སུ་ལོངས༔ སྙིགས་དུས་སྐྱེ་བོ་བརྩོན་འགྲུས་ཆུང༔ ལེ་ལོ་སྙོམས་ལས་ཆེ་བ་དང༔ བར་ཆད་རྐྱེན་མང་དང་བཅས་ཕྱིར༔ རྒྱ་ཆེའི་ཆོས་ཀྱིས་དོན་མི་འབྱུང་༔ ཟབ་ལམ་གནད་ཀྱི་གདམས་པ་འདིས༔ དུས་དེར་འགྲོ་ཕན་བྱེད་པར་འགྱུར༔ དེ་ཕྱིར་ཟབ་མོའི་གཏེར་དུ་སྦོས༔ སྐལ་ལྡན་གཅིག་ལ་བཀའ་རྒྱས་ཐོབས༔ ཐབས་ལམ་བདེ་ཆེན་སྙིང་པོ་ཞེས་བྱ་བ་ཨོ་རྒྱན་གྱི་མཁན་པོ་པདྨ་ཀ་རས་ལས་ལྡན་རྗེས་འབངས་བདུན་ལ་གཏད་པ་སྩོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ༔ དགེའོ༔ དགེའོ༔

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ རྣལ་འབྱོར་གསུམ་པའི་མཚན་མོའི་མན་ངག


MLP024_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ རྣལ་འབྱོར་གསུམ་པའི་མཚན་མོའི་མན་ངག་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་གཏེར༔ གར་དབང་ལྷ་ལ་ཕྱག་འཚལ་ལོ༔ རིམ་པ་གཉིས་པའི་ཐུགས་རྡོ་རྗེའི༔ མཚན་མོའི་རྣལ་འབྱོར་འདི་ལྟ་སྟེ༔ གསུམ་པའི་འཇུག་སྒོ་མངོན་གྱུར་ནས༔ སྔར་བཤད་རྡོ་རྗེའི་བཟླས་པ་དང་༔ སྣོད་བཅུད་བསྡུ་བའི་རིམ་པ་ལ༔ ཉིན་པར་རྩེ་གཅིག་དག་ཏུ་འབད༔ ཉལ་དུས་སྙིང་གའི་ཐིག་ལེ་ལ༔ རྩེ་གཅིག་མཉམ་བཞག་ངང་དུ་ཉལ༔ སྟོང་པའི་ཡེ་ཤེས་གཉིད་འཐུག་གི༔ སྐབས་སུ་མངོན་འགྱུར་བདེ་བ་དང༔ རླུང་ལས་ལྷ་སྐུར་མངོན་བྱང་ཆུབ༔ འདི་ཉིད་དབང་པོ་རྟུལ་པོ་ཡིས༔ འགྲུབ་མ་གྱུར་ན་ཉིན་དུས་སུ༔ རྨི་ལམ་འདུན་པ་རྩེ་གཅིག་སྦྱང་༔ ཉལ་དུས་རྨི་ལམ་འཛིན་པ་ཡི༔ འཕེན་པ་དྲག་པོས་མགྲིན་པ་རུ༔ ཏི་ལ་དམར་པོ་ཆེས་ཕྲ་བར༔ སེམས་བཟུང་རྩེ་གཅིག་མཉམ་གཞག་བྱ༔ དེ་ལ་ཟིན་ཅིང་བརྟན་པ་ན༔ ཉིན་པར་དྲན་འདུན་དྲག་པོ་ཡི༔ རྨི་ལམ་རྟེན་ལ་དེ་ཁོ་ན༔ མངོན་དུ་བྱའོ་སྙམ་པའི་བློས༔ སྙིང་གའི་ཐིག་ལེའི་སྣོད་བཅུད་ཀུན༔ བསྡུ་བའི་རྣལ་འབྱོར་ཉིད་ཀྱི་མཐར༔ སྟོང་པ་ནམ་མཁའ་ལྟ་བུ་ལ༔ མཉམ་གཞག་དེ་ལས་ལྷ་སྐུར་ལྡང༔ དེ་ནས་ཐ་མལ་རྣམ་རྟོག་གིས༔ བར་མ་ཆོད་པར་ཡང་ཡང་བསླབ༔ དེ་གོམས་སྔར་བཞིན་སྙིང་ག་ཡི༔ ཐིག་ལེར་སེམས་བཅུག་ཉལ་བ་ལས༔ གཉིད་དང་རྨི་ལམ་རྒྱུན་འགགས་ཏེ༔ འོད་གསལ་བ་དང་ལྷ་སྐུར་འཆར༔ དབང་པོ་རྟུལ་པོ་དག་གིས་ཀྱང༔ ཉིན་སྣང་གཉིད་ཀྱི་རྣལ་འབྱོར་ལ༔ སྦྱར་ཏེ་རྩེ་གཅིག་བསྒོམས་པ་ལས༔ གཉིད་ཀྱི་འོད་གསལ་མངོན་གྱུར་ཅིང་༔ རྨི་ལམ་ཡེ་ཤེས་སྐུར་འགྲུབ་བོ༔ དེ་ལྟར་རིམ་གྱིས་གོམས་པ་ལས༔ རྨི་ལམ་ལྷ་རུ་དག་པར་འགྱུར༔ སྔ་མ་སྔ་མ་ལ་བརྟེན་ནས༔


MLP024_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་ཕྱི་མ་བསྒྲུབ་པར་བྱ༔ དེས་ནི་མཚན་མོའི་རྣལ་འབྱོར་གྱི༔ འབྲས་བུ་མངོན་དུ་བྱེད་པར་འགྱུར༔ བཞི་པ་མི་འགྱུར་རྟག་པ་ཡི༔ འབྲས་བུ་མངོན་དུ་བྱེད་པ་ནི༔ ཟབ་མོའི་གནས་ལུགས་དེ་ཁོ་ནར༔ རྩེ་གཅིག་མཉམ་པར་འཇོག་པ་དང༔ མི་ཤིགས་ལྷ་ཡི་སྐུ་སྒོམ་པར༔ ཉིན་དུས་རྣམ་གཡེང་སྤངས་ཏེ་བསྒོམ༔ མཚན་མོ་གཉིད་དང་རྨི་ལམ་དག༔ འོད་གསལ་བ་དང་ལྷ་ཡི་སྐུར༔ བསྒྱུར་ནས་རང་འོད་རིག་མ་ལ༔ བརྟེན་ནས་ཉིན་མཚན་སྐད་ཅིག་ཀྱང༔ གཡེལ་བ་མེད་པར་ཐ་མལ་གྱི༔ རྣམ་པར་རྟོག་པ་ཀུན་སྤངས་ཏེ༔ ཟླ་དྲུག་བསྒོམས་པས་ཕྲ་རགས་རླུང༔ ཕལ་ཆེར་མཉམ་རྗེས་ཀུན་ཏུ་ཐིམ༔ ཁྱད་པར་འཕོ་བའི་རླུང་ཕྲ་མོ༔ རྩ་ཡི་འཁོར་ལོ་བདུན་ཙམ་དུ༔ སྤྱོད་པའང་མཉམ་བཞག་དུས་ན་འགགས༔ དེ་ཡིས་ཉི་མ་ཟླ་བའི་འགྲོས༔ བཅིངས་པའི་སྟོབས་ཀྱིས་རགས་པའི་ལུས༔ ཕྲ་ཡང་ཉིད་དུ་གནས་འགྱུར་ལ༔ དེ་ལས་རྣམ་གཡེང་ཀུན་སྤངས་ནས༔ ལས་སམ་ཡེ་ཤེས་ཕྱག་རྒྱ་ལ༔ བརྟེན་པས་ལུས་འདིས་རིག་འཛིན་གྱི༔ གཙོ་བོ་ཉིད་དུ་མངོན་བྱང་ཆུབ༔ གསུམ་པའི་རྣལ་འབྱོར་གྲུབ་པ་ཡི༔ གཡེང་བ་ཅན་ནི་ཚེ་འདི་ལ༔ གྲུབ་མ་གྱུར་ཀྱང་གཞན་དུ་ནི༔ བར་དོའི་ལུས་ཉིད་འགྲུབ་རྒྱུ་ཡི༔ རླུང་དང་བདེ་བའི་རྟེན་ལས་ནི༔ དངོས་གྲུབ་མཆོག་ལ་སྤྱོད་པར་འགྱུར༔ རྣལ་འབྱོར་གསུམ་པ་ཉེར་བསྡོགས་ཙམ༔ མངོན་དུ་གྱུར་པས་རིག་འཛིན་གྱི༔ ལུས་ལས་སླར་ཡང་མི་འགྱུར་བའི༔ གོ་འཕང་མཆོག་ནི་མངོན་བྱེད་དོ༔ དེ་ཕྱིར་ཟབ་མོའི་རྣལ་འབྱོར་གྱི༔ མན་ངག་གུད་དུ་གདམས་པ་འདི༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ སྱ་མྱ་ཡ༔ རྒྱ༔ རྒྱ༔ རྒྱ༔ འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་རྡོ་རྗེའི་མཚན་མོའི་རྣལ་འབྱོར་གུད་དུ་གདམས་པ་རྫོགས་སོ༔ ཟབ་གཏེར་ཕྱུང་ནས་ལོ་བདུན་ངོར་སོན་ཚེ༔ གཏེར་ཤོག་ངོས་ལས་ཡི་གེར་འབེབས་པའི་རྐྱེན༔ ལས་ལྡན་བུ་ལ་ཆོས་འདིའི་སྨིན་གྲོལ་ལམ༔ སྦྱིན་པའི་ཚེ་ན་དག་པར་སྤེལ་བ་ལགས༔ དགེའོ༔

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཙན་ཐབས་འཕོ་བའི་མན་ངག


MLP024_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ བཙན་ཐབས་འཕོ་བའི་མན་ངག་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། བཙན་ཐབས་གནད་ཀྱི་མན་ངག་ནི༔ གསུང་གི་རྣལ་འབྱོར་འབྱོངས་པའམ༔ མིན་ན་བུམ་པའི་རླུང་སྦྱོར་གྱིས༔ སྒོ་དགུ་དགག་པའི་སྦྱོར་བ་ཙམ༔ ལུས་ཀྱི་གནད་བཅིངས་ལྷར་དྲན་པའི༔ མིག་སྣ་རྣ་བ་ཁ་ལྟེ་བ༔ དཔྲལ་བ་མཆུ་སོ་བཤང་བའི་སྒོར༔ འབར་བའི་ཧྲཱིཿ ཡིག་གསལ་བ་ལས༔ འོད་འཕྲོས་བ་སྤུའི་ཁུང་བུའི་བར༔ ཀུན་ཀྱང་བར་མཚམས་མེད་པར་བཀག༔ དེ་ནས་སྙིང་གའི་རྩ་འདབ་བརྒྱད༔ པདྨ་དཀར་པོ་ཁ་བྱེ་བའི༔ རྣམ་པའི་ལྟེ་བར་རླུང་སེམས་ཧྲཱི༔ མར་མེ་བཙུགས་པ་ལྟ་བུར་བསམ༔ དེ་ལྟར་རྩེ་གཅིག་བསྒོམས་པ་ལས༔ ཕྱི་རོལ་གཟུགས་ཀྱི་སྣང་བ་ཀུན༔ འགགས་ནས་སྙིང་གའི་ཐིག་ལེ་ལ༔ གཅིག་ཏུ་གནས་པ་ལྟ་བུའི་ཉམས༔ ཤར་བ་རླུང་སེམས་འདུས་པའོ༔ དེ་ནས་འཕོ་བའི་སྦྱོར་བ་ནི༔ སྤྱི་བོ་ནས་ནི་ལྟེ་བའི་བར༔ དྷུ་ཏི་དྭངས་ཤིང་གཡོ་མེད་པ༔ མར་སྣར་རླུང་གི་ཏི་ལ་ཀ༔ ལྗང་གུ་ཡང་ཞིང་གཡོ་བ་དང༔ སྙིང་གར་པདྨའི་ཟེའུ་འབྲུ་ལ༔ རྣམ་ཤེས་ཐིག་ལེ་ཡི་གེ་ཧྲཱིཿ ཡུངས་འབྲུ་ལྟ་བུར་ཕྲ་ཞིང་གསལ༔ སྤྱི་བོར་ཧཾ་ཡིག་ཟླ་བ་ལྟར༔ དཀར་བ་ཐུར་དུ་ལྟ་བ་ཅན༔ རླུང་ནི་དྲག་ཏུ་བཅུན་པ་ལས༔ རླུང་གི་ཐིག་ལེ་ཆེར་གཡོས་པས༔ འཕར་བ་སྙིང་གི་པདྨོར་ཞུགས༔ དེ་ཉིད་ཡང་ཞིང་གཡོ་བ་ནི༔ རྣམ་ཤེས་ཐིག་ལེར་ཐིམ་པ་ཡིས༔ བསྐུལ་བས་གྱེན་དུ་སྐར་མདའ་ལྟར༔ ཧཾ་དང་རོ་གཅིག་འཕངས་པ་གང༔ ཚངས་པའི་ལམ་ལས་སོང་བར་བསམ༔ འོག་རླུང་བཅུན་ཞིང་ཚིགས་པ་ལ༔ ལྟོ་བ་ལན་མང་རྡེབ་པས་བསྐུལ༔ མིག་ཡིད་རླུང་གསུམ་སྤྱི་བོར་དྲིལ༔ སྤྲོས་བྲལ་ངང་དུ་མཉམ་པར་བཞག༔ སླར་ཡང་ཧཾ་ལས་བ་ཐག་དང༔ བཅས་པའི་


MLP024_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་སྙིང་གར་ཕབ༔ སྟེང་རླུང་མནན་ནས་ལྟོ་བ་ཕུལ༔ དེ་ལྟར་ཡང་ཡང་བསྒོམས་པའི་མཐར༔ ཐིག་ལེ་འོད་ཀྱིས་ཧཾ་ཡིག་བསྐུལ༔ དེ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ བབས་པ་ཐིག་ལེར་ཐིམ་པ་ཡིས༔ བརྟན་ཞིང་བདེ་བར་གནས་པར་བསམ༔ རྡོ་རྗེའི་བཟླས་པས་མཐར་བསྐྱང་ངོ༔ དུས་ནི་འཆི་བའི་འོད་གསལ་ལས༔ ལྡང་བའི་དུས་ན་ཉེས་མེད་དེ༔ རིམ་པ་གཉིས་ཀྱི་ཡེ་ཤེས་གང་༔ སྨོན་ལམ་གྱི་ནི་མཚམས་སྦྱོར་བས༔ མན་ངག་ཟབ་མོའི་མཐའ་རྒྱས་སོ༔ ས་མ་ཡ༔ ཟབ་གཏེར་སྤྱན་དྲངས་ནས་ལོ་བདུན་གྱི་ངོ་ཚེས་ལ་གཏེར་ཤོག་ལས་ཕབ་པའོ༔ དགེའོ༔

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཨ་ཏིའི་ལམ་རིམ་སྙིང་པོ།


MLP024_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཨ་ཏིའི་ལམ་རིམ་སྙིང་པོ་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། ཨེ་མ་ཧོ༔ བདེ་ཆེན་ཡེ་ཤེས་གར་གྱི་བདག༔ རང་རིག་ཉིད་ལ་ཕྱག་འཚལ་ལོ༔ འཁོར་འདས་མ་ལུས་ཐམས་ཅད་ཀྱི༔ གནས་ལུགས་ཡེ་ཤེས་གསུམ་འདྲིལ་བའི༔ ཀུན་རིག་ལུ་གུ་རྒྱུད་ཀྱི་ནི༔ ཆོས་ཉིད་ཡུལ་ལ་དབྱིངས་བརྡལ་བས༔ སྟོང་གསལ་ངང་ལས་འཛིན་པའི་སེམས༔ མཁའ་ལ་སྤྲིན་བཞིན་སྣང་བའོ༔ འགྱུ་བ་རླུང་གིས་ང་བདག་བྱས༔ དབྱིབས་དང་གཟུགས་ཉིད་མ་རིག་པས༔ སྣོད་བཅུད་རང་གར་འཐས་པའོ༔ དེ་ཉིད་གྲོལ་བར་བྱེད་པའི་ཐབས༔ བློ་ཡི་རིམ་པས་བསམ་ཡས་ཀྱང༔ འཇུག་པའི་སྒོ་སྟེ་ཐེམ་སྐས་བཞིན༔ མཐར་ཐུག་གདོད་མའི་ཡེ་ཤེས་གང་༔ འབྲས་བུ་གཅིག་ཏུ་གཏན་ལ་འབེབས༔ དེ་ཕྱིར་འཁྲུལ་པའི་རྡོས་ཐག་བཅད༔ ལུས་ངག་ཡིད་ཀྱི་སྔོན་འགྲོ་བྱ༔ ཁ་གཏམ་ཁ་འཐོར་རང་གཞུང་གསུམ༔ བྱུང་ས་མེད་པའི་ངང་དུ་ལྟོས༔ ལྟར་ཁ་གེགས་སེལ་སྒང་འདྲིལ་དང་༔ གབ་པ་སྔོན་ཕྱུང་རང་གསལ་བཞི༔ གནས་པ་མེད་པའི་ངང་ལ་ཞོག༔ བཞི་བཟློག་མིག་རྟེན་རང་གཏད་གསུམ༔ འགྲོ་ས་མེད་པའི་ངང་ལ་སྐྱོལ༔ ཕྱི་ནང་གསང་བ་བླ་མེད་བཞི༔ དཔེ་དང་རྟགས་ཀྱི་རིག་ངོས་བཟུང༔ འཁྲུལ་གཞི་བཤད་རིགས་སྣ་ཚོགས་བསྒོམ༔ རུ་ཤན་ཕྱེ་ལ་རྣལ་དུ་དབབ༔ རང་གནས་ཡེ་ཤེས་ཞལ་ལྟ་ན༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡི༔ སེང་གེ་གླང་ཆེན་དྲང་སྲོང་ཚུལ༔ འདུག་སྟངས་གཟིགས་སྟངས་བསྟུན་ལ་ལྟོས༔ འཁོར་འདས་མ་ཕྱེད་རིག་པ་ཉིད༔ དངོས་སུ་ལུ་གུ་རྒྱུད་དུ་གསལ༔ སྨིན་གྲོལ་རང་ངོ་ཤེས་པས་བསྐུར༔ སྙིང་པོའི་རྒྱུད་རྣམས་དེ་ཡིས་བཤད༔ ཀུན་བཟང་རྡོ་རྗེ་འཆང་ཉིད་དོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་


MLP024_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་ལས་གཞན་མེད་དོ༔ མདོ་རྒྱུད་ཀུན་གྱི་དོན་གོ་རྫོགས༔ དབྱིངས་རིག་སྣང་སྟོང་འཕྲིན་ལས་ཉིད༔ མ་འདྲེས་གསལ་སྟོང་ཞི་ཁྲོའི་སྐུ༔ ཡབ་ཡུམ་བདེ་སྟོང་བདུད་རྩི་མཆོག༔ ཆོས་དབྱིངས་རང་སྒྲ་གྲག་སྟོང་གསུང༔ རང་བཞིན་མ་གྲུབ་རིག་སྟོང་ཐུགས༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ འཕྲིན་ལས་ལྔ་འདུས་ཟླུམ་ལ་འཁྱིལ༔ དུས་གསུམ་ཀུན་ཏུ་འདི་ལས་མེད༔ དངོས་མེད་གསལ་མཐོང་ངོ་མཚར་ཆེ༔ ཆོས་སྐུ་མངོན་སུམ་ས་ལམ་རྫོགས༔ རིག་པ་སྐུར་སྨིན་ལྷག་མེད་གྲོལ༔ ཞི་རྒྱས་དབང་དྲག་དགུག་བསྐྲད་མནན༔ གཟིར་བ་ལ་སོགས་ལས་རྣམས་ཀུན༔ ཡིད་ཀྱིས་བསམས་ཤིང་དབྱིངས་རིག་གཏད༔ ཐམས་ཅད་འགྲུབ་པར་ཐེ་ཚོམ་མེད༔ ཕྱག་རྒྱ་ལྷུན་གྲུབ་རིག་འཛིན་ནི༔ ལོ་གསུམ་དག་ན་འགྲུབ་པར་འགྱུར༔ མཁའ་ལ་འཕུར་དང་ས་ལ་འཛུལ༔ ཆུ་ལ་མི་བྱིང་མིས་མི་མཐོང༔ གང་གནས་ས་རུ་གཞའ་འོད་འཁྱིལ༔ རང་རིག་ཀློང་དུ་མངོན་སངས་རྒྱས༔ སྣོད་བཅུད་སྐུ་གསུམ་འགྲོ་དོན་ཁྱབ༔ འདི་དང་སུ་འཕྲད་རིགས་ཀྱི་བུ༔ འདི་ནི་ཤིན་ཏུ་རྣལ་འབྱོར་མཐའ༔ སེམས་མེད་བཅོ་བརྒྱད་སེམས་ཀྱི་སྡེ༔ སྣང་སྲིད་སེམས་ཉིད་ཆོས་སྐུར་ལྟོས༔ དམིགས་གཏད་བྲལ་བ་ཀློང་དགུའི་སྡེ༔ བྱ་རྩོལ་མེད་པའི་ངང་ལ་ཞོག༔ སྤང་བླང་བྲལ་བ་མན་ངག་སྡེ༔ ཐམས་ཅད་ཆོས་ཉིད་ངང་དུ་སྐྱོལ༔ དེ་ལྟར་ཁྱད་འཕགས་མཐར་ཐུག་དོན༔ བྱ་བ་ཐོངས་ལ་ཉམས་སུ་ལོངས༔ བསོད་ནམས་ཚོགས་ཀྱི་ཡ་ཐ་སྟེ༔ ཡེ་ཤེས་ཚོགས་ཉིད་འགྲུབ་པར་བྱེད༔ ས་ལམ་ཡོན་ཏན་མ་ལུས་པ༔ སྐད་ཅིག་ལ་བགྲོད་སྐུ་ལྔ་དང་༔ ཡེ་ཤེས་ལྔར་ནི་སངས་རྒྱས་སོ༔ པདྨ་བདག་གི་ཐུགས་ཀྱི་བཅུད༔ ཨ་ཏི་ཀུན་གྱི་སྙིང་ཐིག་འདི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་བ་སྐྱོབ་པར་ཤོག༔ ཐུགས་རྗེ་ཆེན་པོ་ཟབ་དོན་ཐུགས་ཀྱི་རྫོགས་རིམ་སྙིང་པོར་དྲིལ་བ་སྩོགས༔ བཀའི་སྲུང་མ་ལྷ་ཆེན་ལྕམ་དྲལ་ལ་གཏད་དོ་ཐུབ་པར་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ གསང་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ༔ དགེའོ༔

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་རིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལས་སྔོན་འགྲོའི་ཁྲིད་ཡིག ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་རིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལས་སྔོན་འགྲོའི་ཁྲིད་ཡིག་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་རིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལས་སྔོན་འགྲོའི་ཁྲིད་ཡིག་བཞུགས་སོ། །ན་མོ྅ཀྵ་ར་བཛྲཱ་ཡ་ཤ་ར་ཎ་གཙྪ་མི། གང་གི་མཚན་ཙམ་ཐོས་པས་ཀྱང་། །སྲིད་ཞིའི་འཆིང་བ་གཅོད་མཛད་པ། །འགྱུར་མེད་བདེ་ཆེན་གར་གྱི་བདག །རྗེ་བཙུན་བླ་མ་ལ་བཏུད་ནས། །བླ་ན་མེད་པའི་རྒྱུད་ཀུན་གྱི། །བསྐྱེད་རྫོགས་རིམ་པ་མཐར་ཐུག་པ། །ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི། །ཁྲིད་དམིགས་ཟིན་ཐུན་དྲན་ཐོ་རུ། །སྤེལ་འདི་གོ་རྟོགས་ཉམས་མྱོང་དང་། །ལྡན་པ་མིན་ཡང་ལམ་མཆོག་འདིར། །མོས་པ་ཁོ་ནས་འདྲི་འདོད་ན། །བླ་མ་མཁའ་འགྲོས་གནང་བ་སྩོལ། །འདིར་སྐལ་བ་དང་ལྡན་པའི་གང་ཟག་ཚེ་འདི་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འདོད་པས་ལམ་འདི་ལ་ཞུགས་ནས་རྣམ་གཡེང་སྤངས་ཏེ་བརྩོན་པས་ཉམས་སུ་བླང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་བསྟན་པ་ཐམས་ཅད་ཀྱི་འབྲས་བུའི་མཐར་ཐུག་དང་། འཕྲོ་བའི་གཞིའམ་བཅུད་འདུས་པའི་སྙིང་པོར་གྱུར་པས་ན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་མཐར་ཐུག་ཏུ་གྲུབ་པའི་ཕྱིར་རོ། །ཇི་སྐད་དུ། རྩ་བའི་མན་ངག་རྡོ་རྗེའི་ཚིག་རྐང་ལས། སྐལ་ལྡན་ཚེ་གཅིག་བྱང་ཆུབ་ཀྱི༔ གོ་འཕང་མཆོག་ལ་གནས་འདོད་ན༔ ཐབས་འདི་དེ་ཉིད་རྟོགས་པས་སྟོན༔ རྒྱལ་བ་རྣམས་ཀྱིས་བློ་རིམ་བཞིན༔ བསམ་ཡས་ཐེག་པའི་ཆོས་ཀྱི་སྒོ༔ ཇི་སྙེད་བསྟན་པ་ཐམས་ཅད་ཀྱང༔ འདིར་འཇུག་


MLP024_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྟེ་འདི་ཉིད་ཀྱིས༔ གྲུབ་པའི་མཐའ་ཀུན་གཏན་ལ་འབེབས༔ དེ་ཕྱིར་འདི་ནི་ཆོས་ཀུན་གྱི༔ བླ་མ་ཉིད་དུ་ངེས་པའོ༔ ཞེས་དང་། རྒྱལ་བ་ཀུན་གྱི་དགོངས་ཉམས་བཅུད༔ རྣལ་འབྱོར་མཐར་ཐུག་ཟབ་མོའི་དོན༔ བསྐྱེད་རྫོགས་ཀུན་གྱི་བཅུད་དུ་དྲིལ༔ འདི་ནི་རྩ་བའི་མན་ངག་སྟེ༔ རྡོ་རྗེའི་ཚིག་གིས་ཡང་དག་བཤད༔ ཅེས་གསུངས་པ་ཡིན་ནོ། །འདི་ལྟ་བུའི་ཐབས་ཀྱིས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་འཁྲིད་པ་ལ། རྩ་བར། དེ་ལ་རྣམ་པ་གསུམ་ཡིན་ཏེ༔ ཞེས་པས། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ལ། ཐུན་ལ་འཇུག་པའི་སྔོན་འགྲོ་དང་། རྣལ་འབྱོར་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་གཉིས། དང་པོ་ནི། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པར་སྟན་བདེ་བ་ལ་ལུས་གནད་དྲང་པོར་བསྲང་ཞིང་སེམས་རྣལ་དུ་ཕབ་སྟེ། ཐོག་མར་རླུང་རོ་ལན་གསུམ་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་བསམ། དེ་ནི་བཅུད་བླུག་པའི་སྔ་ལོགས་སུ་སྣོད་ལ་བཀྲུ་བཤལ་བྱེད་པ་དང་འདྲ་གསུངས། དེ་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་སྙམ་དུ་སེམས་བསྐྱེད། སྤྱི་བོར་བླ་མ་བསྒོམས་ལ་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་བྱིན་གྱིས་རློབ་ཏུ་གསོལ། ཅེས་སོགས་འདོད་པའི་དོན་ལ་ཞེ་ཐག་པ་ནས་གསོལ་བ་གདབ། དེ་རྣམས་ཐུན་སྒོམ་རེས་བཞིན་འགོ་འཛིན་གྱི་ཚུལ་དུ་ཐོག་མར་གཏོང་བ་ཕྱག་ལེན་ནོ། །གཉིས་པ་ལ། སྤྱིའི་སྔོན་འགྲོ་དང་། བསྐྱེད་རྫོགས་ལ་འཇུག་པའི་ཉེར་བསྡོགས་ཁྱད་པར་ཅན་གྱི་སྔོན་འགྲོའོ། །དང་པོ་ལའང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། རྩ་བར། དང་པོ་ད ལ་འབྱོར་རྙེད་དཀའ་དང་༔ མི་རྟག་འཆི་བ་ནན་ཏན་བསྒོམ༔ དཀར་ནག་ལས་ཀྱི་འབྲས་བུ་དང༔ འཁོར་བའི་ཉེས་དམིགས་དག་ལ་བསམ༔ ལོག་པའི་ལམ་ལས་ལྡོག་བྱའི་ཕྱིར༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ མཁའ་མཉམ་འགྲོ་ལ་ཚད་མེད་པའི༔ སྙིང་རྗེས་བྱང་ཆུབ་སེམས་བསྐྱེད་བྱ༔ ཞེས་པའི་དོན་བསྒོམ་པ་ལ་དམིགས་སྐོར་


MLP024_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སྟེ། དལ་འབྱོར་རྙེད་དཀའ་བསམ་པ། ཚེ་མི་རྟག་པ་བསམ་པ། ལས་འབྲས་སྨིན་ཚུལ་ལ་བསམ་པ། འཁོར་བའི་ཉེས་དམིགས་ལ་བསམ་པ། ཐེག་པ་སྤྱིའི་རྨང་རྡོ་སྐྱབས་སུ་འགྲོ་བ༑ ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད་རྣམས་སོ། །དང་པོ་ནི། སྔོན་འགྲོ་གནད་ཐེམས་ལས། དང་པོ་དལ་འབྱོར་རྙེད་དཀའི་ཚུལ༔ ལེགས་པར་བསམས་ནས་ངེས་ཤེས་བསྐྱེད༔ ཅེས་གསུངས་པས་འདི་ལྟར་བསམ་སྟེ། བདག་གིས་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་གྲུ་ཆེན་རྙེད་པའི་དུས་འདིར་འཇིགས་རུང་འཁོར་བའི་རྒྱ་མཚོ་ལས་ཐར་བ་ཞིག་བྱ་དགོས། དེའི་རྒྱུ་མཚན་ད་རེས་མི་ལུས་རིན་པོ་ཆེ་ཐོབ། དབང་པོ་སྒོ་ལྔ་ཚང་། དགེ་བའི་བཤེས་གཉེན་གྱིས་ཟིན། རྒྱལ་བའི་བསྟན་པ་དང་མཇལ། ཆོས་བྱེད་དབང་ཡོད། བྱེད་ཐབས་ཤེས་པའི་དུས་འདིར་འཁོར་བ་ལས་ཐར་ངེས་པའི་ཆོས་གཤའ་མ་ཞིག་མ་བྱས་ན། ཕྱིས་འདི་ལྟ་བུའི་རྟེན་རྙེད་པར་དཀའ་ཞིང་། ཆོས་དང་འཕྲད་པ་ཡང་ཤིན་ཏུ་དཀོན་པ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ༑ ༑གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་པར་ག་ལ་འགྱུར།། ཞེས་གསུངས། ཅིའི་ཕྱིར་དལ་འབྱོར་ཞེས་བྱ་ཞེ་ན། མི་ཁོམ་པའི་གནས་རྣམས་སུ་སྐྱེས་ན་རང་རང་གི་ལས་ངན་གྱིས་བྲེལ་ནས་ཆོས་བྱེད་མི་ཁོམ་སྟ ེ། དམྱལ་བ། ཡི་དྭགས། དུད་འགྲོ་གསུམ་ནི་རྟག་ཏུ་སྡུག་བསྔལ་གྱིས་མནར་བས་བྲེལ། ལྷ་ཚེ་རིང་པོ་ནི་ཆོས་བྱེད་པའི་འདུ་ཤེས་མེད་པས་ཐོས་བསམ་གྱི་རྟེན་འགགས་པ་སྟེ་ཕྱིའི་མི་ཁོམ་པ་བཞི། གལ་ཏེ་མིར་སྐྱེས་ཀྱང་བསྟན་པ་ལ་འཇུག་པའི་བློ་མེད་པ་ཀླ་ཀློ་དང་། ལས་འབྲས་ལ་ཡིད་མི་ཆེས་པ་སྒྲོ་སྐུར་གྱི་མཐར་ལྷུངས་པའི་ལོག་ལྟ་ཅན་དང་། ཚིག་དོན་གྱི་བརྡ་འཕྲོད་པའི་ནུས་པ་མེད་པ་ལྐུག་པ་དང་། སངས་རྒྱས་ཀྱིས་སྟོངས་པ་ཞེས་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་ཐོས་པ་མུན་པའི་བསྐལ་པ་ལ་སྐྱེས་པ་བཞི་ནི་ནང་གི་མི་ཁོམ་པ་སྟེ། བདག་དེ་བརྒྱད་པོ་གང་དུའང་མ་སྐྱེས་པ་འདི་རེ་འཚེངས་སྙམ་དུ་དལ་བ་བརྒྱད་ཐོབ་པ་ལ་སྤྲོ་དགའ་དང་བཅས་པས་ཆོས་ལ་བརྩོན་པར་བྱའོ། །དེར་མ་ཟད་ཆོས་ལ་སྤྱོད་པའི་འབྱོར་པ་བཅུ་ཡང་ལེགས་པར་ཚང་སྟེ།


MLP024_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལྷ་ཆོས་ཀྱི་རྟེན་མི་ལུས་ནི་ཐོབ། ཐོས་བསམ་གྱི་རྟེན་དབང་པོ་སྒོ་ལྔ་ཚང་། བསྟན་པ་ལ་གནས་པའི་ཡུལ་དབུས་སུ་སྐྱེས། འཇུག་པའི་སྒོ་དད་པའི་གནས་སུ་འོས་པ་ལ་དད་པས་མུ་སྟེགས་སོགས་ཕྱིན་ཅི་ལོག་གི་རྗེས་སུ་མ་ཞུགས། ལས་མཐའ་མ་ལོག་པས་ལམ་གྱི་མཐུན་རྐྱེན་ཐམས་ཅད་ཚང་བ་སྟེ་རང་འབྱོར་ལྔ་དང་། འཇིག་རྟེན་དུ་སངས་རྒྱས་འབྱོན་པ་ཨུ་དུམ་ཝཱ་རའི་མེ་ཏོག་ལས་ཀྱང་དཀོན་ན་ད་རེས་སངས་རྒྱས་འཇིག་རྟེན་དུ་བྱོན་ཞིང་། དེས་ལམ་ཐར་པ་དམ་པའི་ཆོས་གསུངས། དེའི་བསྟན་པ་མ་ནུབ་ཙམ་དུ་གནས་པས། དེའི་རྗེས་སུ་སྒྲུབ་པའི་གང་ཟག་ཀྱང་ཡོད། དེས་ཀྱང་སྙིང་རྗེས་གཞན་རྗེས་སུ་འཛིན་ནུས་པར་འདུག་པས་གཞན་འབྱོར་ལྔ་སྟེ། དེ་ལྟ་བུའི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་རྟེན་གཙང་མ་འདི་ནི། སློབ་དཔོན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམྦཱ་ར་འདྲ༔ རྙེད་པ་དོན་ཅན་ཡིད་བཞིན་ནོར་བུ་འདྲ༔ ཞེས་གསུངས་པ་ལྟར། ད་ལན་ཙམ་མ་གཏོགས་ཤིན་ཏུ་རྙེད་པར་དཀའ་ཞིང་། རྙེད་ན་འདི་ལས་ལྷག་པའི་ཆོས་སྒྲུབ་པའི་རྟེན་གཞན་མེད་པས་དོན་ཆེན་པོ་དང་ལྡན་པ་སྟེ། ཙནྡྲ་གོ་མིས། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་པ།། སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པས་ན་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་བདག་གིས་མི་ལུས་རིན་པོ་ཆེ་ཐོབ་ཅིང་། བླ་མ་དམ་པ་ལ་བརྟེན་ནས་ཟབ་མོའི་གདམས་པ་ཉམས་སུ་བླང་དུ་ཡོད་པ་འདི་རེ་དགའ་སྙམ་དུ་བསམས་ལ། ཚེ་འདིའི་སྣང་བ་འཁོར་འདབ་གཉེན་འདུན་ལོངས་སྤྱོད་སོགས་ལ་མ་ཆགས་པར། ད་རེས་ཐར་པའི་ལམ་སྣ་ཟིན་པའི་ཐབས་ཁོ་ན་ལ་འབད་དགོས། གལ་ཏེ་མ་འབད་ན་དེད་དཔོན་རྒྱ་མཚོ་ནས་སྟོང་ལོག་བྱེད་པ་ལས་ཀྱང་བླུན་ཏེ། སྲོག་མ་ཆད་ཀྱང་རོ༑ འདྲེས་མ་ཁྱེར་ཀྱང་སྨྱོན་པ། དབུགས་དང་མ་བྲལ་ཡང་བེམ་པོ་ཡིན། དེས་ན་སློབ་དཔོན་ཆེན་པོས། ད་རེས་ཕུན་ཚོགས་རྐྱེན་ཀུན་འབྱོར་སྐབས་འདིར༔ བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད༔ ཅེས་པས་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་དང་།


MLP024_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོའི་དཔུང་ཚོགས་དུས་དགྲ་འདུལ་བ་དང་། ཆུ་ལུད་དྲོད་གཤེར་འཛོམ་དུས་ས་བོན་ཅི་ཐེབས་བྱེད་དགོས་པ་བཞིན་དུ་ཆོས་བྱེད་པའི་མཐུན་རྐྱེན་ཐམས་ཅད་ཚང་བའི་དུས་འདིར་བྱ་བ་ཐམས་ཅད་མདོ་མེད་དུ་མ་སོང་བར་སྐྱེ་བ་གཏན་གྱི་སོ་ནམ། རང་མགོ་འདོན་པའི་འདུན་གྲོས་སུ་དམ་པའི་ཆོས་གཤའ་མ་ཞིག་རང་མི་བྱེད་རེ་ཤི་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །གཉིས་པ་ཚེ་མི་རྟག་པ་བསམ་པའི་ཁྲིད་ནི། གནད་ཐེམས་ལས། ཚེ་འདིར་དོན་གཉེར་ལྡོག་བྱའི་ཕྱིར༔ མི་རྟག་འཆི་བ་ཡང་དག་བསམ༔ ཞེས་པས་འདི་ལྟར་བསམ་སྟེ། དལ་འབྱོར་ལ་སྙིང་པོ་ལེན་པ་དེ་ཡང་། སྡར་མའི་སྤང་དུ་སྦྲུལ་ཞུགས་པའམ། སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར་སང་བྱེད་གནངས་བྱེད་ཀྱི་ཕྱི་ཤོལ་དུ་མ་སོང་བར་འཕྲལ་རང་དུ་བླང་དགོས། དེའི་རྒྱུ་མཚན། རང་རེ་རྣམས་ཀྱིས་ད་རེས་རྙེད་དཀའི་རྟེན་འདི་ཐོབ་ཏུ་ཟིན་ཀྱང་ཡུན་རིང་པོར་མི་སྡོད་པར་འཆི་ངེས་པ་ཅན་ཏེ། སྐྱེས་ཕན་ཆད་མ་ཤི་བར་ཚེ་ཐར་དུ་ལུས་པའི་སེམས་ཅན་གཅིག་རང་ཡང་མ་མཐོང་ཞིང་མ་ཐོས་ལ། ཡོད་དམ་མེད་དམ་སྙམ་དུ་ཐེ་ཚོམ་གྱི་བློ་འཇུག་པ་ཙམ་ཡང་མི་སྲིད་པ་ཡིན་ཏེ། རྟ་དབྱངས་ཀྱིས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་གང་ཞིག་མ་ཤི་བ། །གལ་ཏེ་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ།། ཞེས་པས་ངེས་པར་འཆི་དགོས་པ་ཡིན། དེ་ཡང་མི་རྟག་པའི་གཏམ་ལས། ལྟག་ཆུ་ཆད་པའི་རྫིང་བཞིན་དུ། །སྣོན་མེད་འདྲིད་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན།། གློ་བུར་ཚེ་ལ་སུ་ཡིད་རྟོན། །ཞེས་པས་ཚེ་ལ་གུད་ནས་སྣོན་པ་མེད་ཅིང་འདྲིད་པ་ཡོད་པས་མྱུར་དུ་རང་འཆི་སྟེ། ལྟག་ཆུ་ཆད་པའི་རྫིང་བུ་མཐིལ་བརྡོལ་ལྟར་ཚེ་འཛད། ཉི་མ་ནུབ་པའི་གྲིབ་སོ་ལྟར་ཚེ་འགྲིབ། འབྲུའི་བང་མཛོད་བཅུས་པ་ལྟར་ཚེ་འཛད། གསོད་སར་འཁྲིད་པའི་སེམས་ཅན་གྱིས་གོམ་པ་སྤོས་པ་ལྟར་ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཙམ་གྱིས་ཀྱང་འཆི་བ་ལ་ཐག་ཇེ་ཉེ་རུ་སོང་བ་འདི་མ་ཚོར་བ་མཚང་རེ་ཆེ། དེར་མ་ཟད་དོ་ནུབ་རང་ཡང་མི་འཆི་སྙམ་པའི་བློ་གདེང་ཐུབ་པ་མ་ཡིན་ཏེ། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་


MLP024_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་རིགས་མ་ཡིན། །ཞེས་པས་རྟ་འདྲོགས་པའམ་ཕྱེ་ལེབ་མར་མེ་དང་འཕྲད་པ་ལྟར། ད་ལྟ་རང་གཟའ་གདོང་ཐུག་ལྟ་བུས་འཆི་བ་ཐོག་རྒྱུགས་སུ་མི་ཡོང་བའི་གདེང་ཅུང་ཟད་ཀྱང་མེད་དོ། །མདོར་ན་ཚེ་སྟོན་ཀའི་ན་བུན་ལས་ཀྱང་ཡུན་ཐུང་། མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་ལས་ཀྱང་འགྱེད་སླ། འདོད་ཡོན་ལོངས་སྤྱོད་སྒྱུ་མ་བས་རྟག་མི་ཐུབ། འཆི་བདག་ཁོ་དགོང་ཀའི་གྲིབ་སོ་བས་ཀྱང་མགྱོགས་པར་འོང་བས་ཞེ་རེ་འཇིགས་ཏེ། སློབ་དཔོན་ཆེན་པོས། ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ༔ མཛའ་བཤེས་གཉེན་འདུན་ཚོང་འདུས་འགྲོན་པོ་འདྲ༔ འཆི་བདག་བདུད་ནི་དགོང་གའི་གྲིབ་སོ་འདྲ༔ འཇིག་རྟེན་ཕྱི་མ་སོས་ཀའི་ཉ་བརྡོས་འདྲ༔ ཚེ་འདི་སྣང་བ་མདང་གི་རྨི་ལམ་འདྲ༔ འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་འདྲ༔ དོན་མེད་བྱ་བ་ཆུ་ཡི་གཉེར་མ་འདྲ༔ ཞེས་དང་། མདོར་ན་སྐྱེས་པའི་ཐ་མ་འཆི་བ་སྟེ༔ འདུས་པའི་ཐ་མ་དེ་བཞིན་འབྲལ་བ་ཡིན༔ བསགས་པ་མཛད་ཅིང་འབྱོར་པ་གུད་པའི་རྒྱུ༔ ཞེས་གསུངས་པས་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། མཐོན་པོའི་མཐའ་ལྷུང་བ་བཞི་ལས་མ་འདས་པས་སྔར་ཕན་ཆད་མ་བསམས་པས་ལན། ད་བསམས་ན་རང་གི་ལུས་ཆུའི་ལྦུ་བ་ལྟ་བུ་འདི་ངེས་པར་འཇིག་ལ། དེའི་ཚེ་འཇམ་དཔལ་རྣམ་པར་རོལ་པ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །རང་ཉིད་གཅིག་པུར་ཕྱི་མར་འགྲོ། །ཞེས་པས་རང་གིས་བརྩིགས་པའི་མཁར། བསགས་པའི་ནོར། འགྲོགས་པའི་ཉེ་འབྲེལ་སོགས་ཐམས་ཅད་ཆམས་ཀྱིས་བསྐྱུར་ནས་རང་ཉིད་གཅིག་པུ་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་འཇིག་རྟེན་ཕ་རོལ་ཏུ་ནམ་འགྲོ་ཆ་མི་འདུག་པས་ཚེ་མཇུག་སྤྲིན་བར་གྱི་ཉི་ཤུར་ཙམ་འདི་ལ་བློ་སྣ་བསྟུངས་ཏེ། སྐྱེ་བ་གཏན་གྱི་འདུན་མ་ཚགས་སུ་ཚུད་པའི་ཆོས་ཤིག་མི་བྱེད་རེ་ཤི་སྙམ་དུ་དྲག་ཏུ་བསམ་པར་རིགས་ཏེ། ཁྱེད་ཀྱི་བྱ་བ་ཟིན་ནམ་ཞེས། །འཆི་བདག་སྡོད་པར་མི་འགྱུར་གྱི། །གང་ཞིག་བསྒྲུབ་དགོས་དམ་པའི་ཆོས། །དེ་རིང་ཉིད་དུ་བརྟུན་ལ་གྱིས། །ཞེས་དང་། སློབ་དཔོན་ཆེན་པོས། ཡུན་ཐུང་ཚེ་ཡི་ཕྱེད་ཙམ་གཏི་མུག་


MLP024_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད༔ ཕྱེད་ཀྱང་སུམ་གཉིས་རྣམ་གཡེང་འདུ་འཛི་སྟེ༔ སུམ་ཆ་གཅིག་ལའང་བར་ཆད་རྐྱེན་དབང་མང༔ དེ་ཕྱིར་འདུ་བྱེད་སྟོན་ཀའི་སྤྲིན་བཞིན་གཡོ༔ ཚེ་སྲོག་ནམ་མཁའི་གློག་ལྟར་མི་བརྟན་ཅིང༔ ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༔ ལང་ཚོ་ལྡན་པའི་ལུས་ཀྱང་མྱུར་དུ་འཇིག༔ དེ་ཚེ་ཕན་པའི་ཐབས་ལ་བརྩོན་པ་གཅེས༔ ཞེས་པས་འཆི་བ་མི་རྟག་པ་སྙིང་ཁོང་རུས་པའི་གཏིང་ནས་ཚུགས་ཐབས་མེད་པའི་བྲེད་ཤ་འཐོན་འཐོན་བསྒོམ་པར་བྱའོ། །གསུམ་པ་ལས་འབྲས་སྨིན་ཚུལ་ལ་བསམ་པའི་ཁྲིད་ནི། གནད་ཐེམས་ལས། ལས་འབྲས་བསླུ་མེད་ངེས་བྱས་ནས༔ ཞེས་པས་འདི་ལྟར་བསམ་སྟེ། འཆི་བ་བདེན་མོད། འོན་ཀྱང་། མེ་ཤི་ཐལ་བ་རླུང་ཁྱེར་འདྲ། །སླར་སྐྱེ་བ་དག་ག་ལ་ཡོད། །ཅེས་པ་ལྟར་ཡིན་པས། ཆོས་རང་བྱ་མི་དགོས་སམ་སྙམ་ན། དེ་ལྟར་ཤི་ནས་སེམས་ཅང་མེད་དུ་འགྲོ་བ་བདེན་ན་འཚེར་རྒྱུ་མེད་ཀྱང་། ཅང་མེད་དུ་མི་འགྲོ་སྟེ། མདོ་ལས། ལུས་ཅན་རྣམས་ཀྱི་ལས་དག་ནི།། བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པས་ས་བོན་མངར་ཁ་ལས་འབྲས་བུ་སོ་སོར་སྨིན་པ་ལྟར། བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ནི་ལས་དགེ་བ་དང་མི་དགེ་བ་གཉིས་ཡིན་པས་ཐར་འདོད་རྣམས་ཀྱིས་བླང་དོར་མ་ནོར་བར་བྱ་དགོས་ཏེ། སློབ་དཔོན་ཆེན་པོས། ཚེ་རབས་མང་པོར་སྡུག་བསྔལ་རྒྱུར་འགྱུར་བའི༔ སྡིག་པས་ཚེ་འདིར་བདེ་བས་ཅི་ཞིག་བྱ༔ ཚེ་འདི་ཡུན་ཐུང་ལོ་ཟླ་འགའ་ཞིག་ཡིན༔ འཇིག་རྟེན་ཕྱི་མར་ཚད་བཟུང་མེད་པའི་ཕྱིར༔ སྐྱེ་བ་གཞན་དུ་སྡུག་བསྔལ་མི་འབྱུང་ཞིང༔ བདེ་བའི་ཐབས་སུ་དགེ་སྡིག་བླང་དོར་བྱ༔ ཞེས་གསུངས་པ་བཞིན་ནོ། །དེ་ལ་བཞི་སྟེ། དགེ་མི་དགེའི་དབྱེ་བ། ས་མཚམས། ལྕི་ཡང་། འབྲས་བུའོ། །དང་པོ་དབྱེ་བ་ལ༑ དགེ་བ་ནི། བསྒྲུབ་བྱ་སྒྲུབ་ཚུལ་ལ་ལྟོས་ནས་བཅུ་སྟེ། སེམས་ཅན་གྱི་སྲོག་སྐྱོབ་པ། མ་ཆགས་པར་སྦྱིན་པ་གཏོང་བ། ཚངས་སྤྱོད་ལ་གནས་པ་སྟེ་ལུས་ཀྱི་ལས་གསུམ། བདེན་པར་སྨྲ་བ། ཞི་ཞིང་དེས་པར་སྨྲ་བ། མི་མཐུན་པ་བསྡུམ་པ། གཞན་གྱི་ཡོན་ཏན་བརྗོད་པ་སྟེ་ངག་གི་བཞི། ཆོག་ཤེས་པ། གཞན་ལ་བྱམས་པ། ལས་འབྲས་ལ་ཡིད་ཆེས་པ་སྟེ་ཡིད་


MLP024_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལས་གསུམ་མོ། །ཡང་བསླབ་བྱ་སློབ་ཚུལ་ལ་ལྟོས་ནས་ཀྱང་བཅུ་སྟེ། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་སོ། །ཐུན་མོང་རྒྱུད་ལ་བསྐུར་ཚུལ་ལ་ལྟོས་ནས་སྦྱིན་སོགས་ཕར་ཕྱིན་བཅུའོ། །དེ་ལྟ་བུའི་དགེ་བ་དེ་དག་ཕྲ་ཞིང་ཕྲ་བའང་ཁྱད་དུ་མི་གསོད་པར་དང་དུ་བླང་བར་བྱ་སྟེ་ཆུང་ངུ་བསགས་པས་ཀྱང་ནམ་ཞིག་ཆེན་པོར་འགྱུར་བའི་ཕྱིར་ཏེ། ཆུའི་ཐིགས་པས་བུམ་པ་རིམ་གྱིས་འགེངས་བ་བཞིན་ནོ། །དེ་ཡང་སྡུད་པ་ལས། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར།། དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་རྒྱུ་ཡིན་ཏེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་སོ། །དེ་བཞིན་དུ་དགེ་བའི་མི་མཐུན་ཕྱོགས། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་མི་དགེ་བ་ནི། བྱེད་པ་པོ་ལ་ལྟོས་ནས་ལུས་ངག་ཡིད་གསུམ་གྱི་དབྱེ་གཞི་ལས་བཅུ་སྟེ། བསམ་བཞིན་དུ་མ་ནོར་བར་སེམས་ཅན་གསོད་པ། གཞན་གྱི་ནོར་རྐུ་འ ཕྲོག་གི་སྒོ་ནས་མ་བྱིན་པར་ལེན་པ། ཡུལ་མ་ཡིན་པ་ལ་འཁྲིག་པ་སྤྱོད་པ་འདོད་ལོག་སྟེ་ལུས་ཀྱི་ལས་གསུམ། བདེན་པའི་འདུ་ཤེས་བསྒྱུར་ནས་རྫུན་སྨྲ་བ། གཞན་གྱིས་ཞེར་འདེབས་པའི་ཚིག་རྩུབ། གཞན་མཛའ་བ་འབྱེད་པའི་ཕྲ་མ། དེ་གསུམ་མ་ཡིན་པའི་ཉོན་མོངས་པ་ཅན་གྱི་ཚིག་སྨྲ་བ་ཐམས་ཅད་ངག་འཁྱལ་ཏེ་ངག་གི་ལས་བཞི། གཞན་གྱི་ནོར་ཁོ་ལ་མེད་ཀྱང་རུང་ང་ལ་ཡོད་ན་སྙམ་པའི་བརྣབ་སེམས། གཞན་ལ་ཞེ་སྡང་བའི་གནོད་སེམས། དགེ་མི་དགེའི་ལས་ཀུན་རྫོབ་ཏུའང་མེད་པར་ལྟ་བ་སོགས་ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་མོ།། ཡང་ཡུལ་ལ་ལྟོས་ནས་མཚམས་མེད་ལྔ་དང་ཉེ་བ་ལྔ་སྟེ། ཕ་མ་དགྲ་བཅོམ་གསུམ་གསོད་པ༑ དགེ་འདུན་གྱི་དབྱེན། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ། མཚམས་མེད་ལྔ་དང་། མཆོད་རྟེན་འཇིག་པ། བྱང་སེམས་གསོད་པ། དགྲ་བཅོམ་མ་སུན་དབྱུང་བ། སློབ་པ་གསོད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ་སྟེ་ཉེ་བ་ལྔའོ། །ཡང་ཡུལ་དང་


MLP024_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གཉིས་ཀ་ལ་ལྟོས་ནས་ལྕི་ཞིང་ལོག་པ་དང་བཅས་པའི་ཁ་ན་མ་ཐོ་བ་བཅུ་གཉིས་ཏེ། དེ་ལ་ལྕི་བ་བཞི་ནི། མཁས་པའི་གྲལ་གོང་། དགེ་སློང་གི་ཕྱག སྒྲུབ་པ་པོའི་ཟས། སྔགས་པའི་ནོར་རྣམས་ཏེ་ལོག་པའི་ལྕི་བ་བཞི་ཞེས་བྱ་ལ་དེའི་སྟེང་དུ་ཉམས་པ་དང་སྨད་པ་དང་སྐུར་བའི་ལྕི་བ་བཞི་བཞི་སྟེ་བཅུ་གཉིས་བསྣན་པས་ལས་བཅུ་དྲུག་ཏུའང་འགྱུར་རོ། །ལོག་པ་བརྒྱད་ནི། དཀར་ནག་ཕྱོགས་ལ་སྨད་དང་བསྟོད། །དགེ་བ་ཅན་གྱི་ཐུགས་དཀྲུགས་དང་།། དད་པ་ཅན་གྱི་ཚོགས་བཅག་དང་། །བླ་མ་ལྷ་དང་མཆེད་ལྕམ་སྤང་། །དཀྱིལ་འཁོར་གཉན་པོ་བྲལ་དང་བརྒྱད། །འདི་དག་ལོག་པ་བརྒྱད་དུ་གསུངས། །ཞེས་སོ། །དེ་ལྟ་བུའི་མི་དགེ་བའི་ལས་དེ་དག་ཕྲ་ཞིང་ཕྲ་བ་ཡང་དུག་བཞིན་དུ་སྤང་དགོས་ཏེ། འགྱུར་སྟོབས་རབ་ཏུ་ཆེ་བས་མི་དགེ་བ་ཆུང་ངུས་ཀྱང་སྡུག་བསྔལ་ཆེན་པོ་བསྐྱེད་པའི་ཕྱིར་རོ། །དེའང་མདོ་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །འཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །ཞེས་དང་། སློབ་དཔོན་ཆེན་པོས། ལས་ནི་ཆུང་ཡང་འབྲས་བུ་རྒྱ་ཆེ་སྟེ། །དགེ་སྡིག་ཆེན་པོ་བསགས་པ་སྨོས་ཅི་དགོས། །ཞེས་སོ༑ ༑གཉིས་པ་ས་མཚམས་ནི། སྤྱིར་ཉོན་མོངས་པ་གསུམ་གྱིས་ཀུན་ནས་སློང་ཞིང་གཞན་ལ་གནོད་པ་གཞི་དང་བཅས་པའི་སྒོ་གསུམ་གྱི་བྱ་བ་ནི་མི་དགེ་བའི་ལས་ཡིན་ལ། ཉོན་མོངས་པ་གསུམ་མེད་པའི་སེམས་ཀྱིས་ཀུན་ནས་སློང་ཞིང་གཞན་ལ་ཕན་པ་འབྲས་བུ་དང་བཅས་པའི་སྒོ་གསུམ་གྱི་བྱ་བ་ནི་དགེ་བའི་ལས་སོ། །བྱེ་བྲག་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་པའི་དགེ་བ་ཐམས་ཅད་ཟག་མེད་ཀྱི་དགེ་བ་སྟེ་ཐར་པ་ཆ་མཐུན་དང་། དེས་མ་ཟིན་པ་ནི་ཟག་བཅས་ཀྱི་དགེ་བ་སྟེ། བསོད་ནམས་ཆ་མཐུན་ཞེས་བྱའོ། །གསུམ་པ་ལྕི་ཡང་ནི། ཡུལ་དང་ཀུན་སློང་དྲག་ཞན་ལ་སོགས་པའི་ཁྱད་པར་གྱིས། མི་དགེ་བ་ལྕི་ཡང་བར་མ་གསུམ་དང་དགེ་བའི་ལས་ཀྱང་ཆེ་འབྲིང་ཆུང་གསུམ་མོ། །བཞི་པ་འབྲས་བུ་ནི། ཟག་པ་དང་བཅས་པའི་མི་དགེ་བ་ལྕི་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཡང་བས་དུད་འགྲོ་སྟེ་རྣམ་སྨིན་གྱི་འབྲས་བུའོ། །སྲོག་གཅོད་པ་ལ་དགའ་བ་ལ་སོགས་པ་མི་དགེ་བ་གང་


MLP024_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེར་སྐྱེ་བ་ནི་བྱེད་པ་རྒྱུ་མཐུན་དང་། སྲོག་བཅད་པས་ཚེ་ཐུང་ཞིང་ནད་མང་བ་སོགས་མྱོང་བ་རྒྱུ་མཐུན་གྱི་འབྲས་བུའོ། །དབང་གི་འབྲས་བུ་ཡུལ་ལ་སྨིན་ཏེ་ཡུལ་ཚེར་མ་ཅན་དང་ལོ་འབྲས་མི་སྨིན་པ་སོགས་བཀྲ་མི་ཤིས་པའི་ཡུལ་དུ་སྐྱེ་བའོ། །ཟག་པ་དང་བཅས་པའི་དགེ་བ་ཆེན་པོས་ཁམས་གོང་མའི་ལྷ། འབྲིང་གིས་འདོད་ལྷ། ཆུང་ངུས་མིར་སྐྱེ་བ་སྟེ་རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་དང་དབང་གི་འབྲས་བུ་སོགས་ཀྱང་སྔར་ལས་ལྡོག་སྟེ་ཤེས་པར་བྱའོ། །ཟག་མེད་ཀྱི་དགེ་བའི་འབྲས་བུ་ནི་ཐར་པ་མྱ་ངན་ལས་འདས་པའི་ལམ་དང་འབྲས་བུའི་བདེ་བ་ཐམས་ཅད་སྟེར་བར་བྱེད་པ་ཡིན་ནོ། །དེ་ཡང་སྦྱོར་དངོས་རྗེས་གསུམ་ཐམས་ཅད་དུ་དགེ་སེམས་དང་བཅས་ན་མཐའ་གཅིག་ཏུ་དགེ་བའི་ལས་ཁོ་ན་ཡིན་པས་རྣམ་སྨིན་ཡང་བདེ་བ་ཁོ་ན་སྟེར་མོད། གཞན་དུ་སྙན་གྲགས་འདོད་ནས་སྦྱིན་པ་གཏོང་བ་སོགས་བསམ་པ་གནག་ལ་སྦྱོར་བ་དཀར་བ་དང་། ཕན་འདོད་ཀྱིས་བརྡེག་བརྡུང་དང་མི་སྙན་པར་སྨྲ་བ་སོགས་བསམ་པ་དཀར་ལ་སྦྱོར་བ་གནག་པ་སྟེ། དེ་དག་གིས་ཀྱང་བདེ་སྡུག་སྤེལ་མར་སྐྱེད་པར་བཤད་པས་མཐའ་གཅིག་ཏུ་དཀར་བའི་ལས་ཁོ་ན་སྒྲུབ་པ་ལ། སྐྱོ་དུབ་མེད་པ་ཁྱིམ་བདག་སོ་ནམ་བྱེད་པ་ལྟ་བུ་དང་། རླབས་པོ་ཆེའི་དགེ་བ་ལ་དཔའ་མི་ཞུམ་པ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུ་དང་། བར་མཚམས་མེད་པ་མགལ་མེའི་འཁོར་ལོ་སྐོར་བ་ལྟར་བསླབ་པར་བྱའོ། །བཞི་པ་འཁོར་བའི་ཉེས་དམིགས་བསམ་པའི་ཁྲིད་ནི། གནད་ཐེམས་ལས། འཁོར་བའི་སྡུག་བསྔལ་རང་རྒྱུད་འགེལ༔ ཞེས་པས་འདི་ལྟར་བསམ་སྟེ། མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་དུ་སྐྱེས་ཀྱང་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན། བློ་རྒོད་དེ་འདྲ་བ་ད་ལྟ་མ་བསམས་པས་ཡིན། བསམ་ན་སྡུག་བསྔལ་ཉམས་སུ་མྱོང་བ་ལྟ་ཅི་སྨོས། སྡུག་བསྔལ་ཐོས་སམ་གཟུགས་བརྙན་རི་མོར་བྲིས་པ་མཐོང་ནའང་སྙིང་རླུང་ལྡང་བ་ཙམ་དུ་བཟོད་པའི་ཐབས་མེད། དེའི་རྒྱུ་མཚན། དམྱལ་བར་སྐྱེས་ན་ཚ་དམྱལ་རྣམས་ནི་སྡུག་བསྔལ་གྱི་ཁྱད་པར་ལྕགས་སྲེག་གི་ས་གཞི་དང་། མེ་འོབས་མེ་ལྕེ་རབ་ཏུ་འབར་བའི་གནས་དེ་ལྟ་བུར་ཡང་།


MLP024_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སོས་ཀྱི་སེམས་ཅན་རྣམས་ནི་ཕན་ཚུན་དགྲ་མི་ཤ་བོ་ལྟ་བུར་མཐོང་སྟེ་མཚོན་བསྣུན་རེས་ཀྱིས་ཡང་ཤི་ཡང་སོས་པ་དང་། ཐིག་ནག་ནི་ལུས་ལ་ཐིག་བཏབ་སྟེ་ལྕགས་ཀྱི་སོག་ལེ་མེ་འབར་བས་ཀླད་ཁྲག་འཐོར་བཞིན་དུ་གཤོག་ཅིང་འབྱར་ལ་ཡང་གཤོག་པ་དང་། བསྡུས་འཇོམས་ནི་ལྕགས་སྲེག་གི་རི་ར་ལུག་གི་གདོང་པ་འདྲ་བའི་བར་དུ་ཏིལ་མར་ལྟར་དམར་འདག་འདག་འཚིར་ཞིང་གྱེས་པ་ན་སོས་ཏེ་ཡང་འཚིར་བ་དང་། ངུ་འབོད་ནི་ཉམ་ཐག་ནས་ཡིབ་པའི་གནས་འཚོལ་བ་ན་ལྕགས་ཁང་མེ་འབར་བའི་ནང་དུ་ཚུད་དེ་སྒོ་ཟུམས་ནས་སྲེག་པ་དང་། ངུ་འབོད་ཆེན་པོ་ནི་ལྕགས་ཁང་སྒོ་མེད་ཉིས་རིམ་མེ་འབར་བར་སྲེག་ཅིང་སྒོ་ནང་མ་ནས་རྒྱ་ལ་ཐར་ཡང་ཕྱི་མ་ནས་ཡུན་རིང་མི་ཐར་བ་དང་། ཚ་བ་ནི་ལྕགས་ཀྱི་ཕྲུ་བ་མེ་འབར་བའི་ནང་དུ་སྲེག་ཅིང་མདུང་རྩེ་གསུམ་པས་བསྣུན་པ་དང་འདག་མེ་འབར་བའི་ས་གཞི་ལ་པགས་པ་བཤུས་ཏེ་ཕུར་བུས་རྒྱོང་བ་དང་། རབ་ཏུ་ཚ་བ་ནི་ལྕགས་ཟངས་ཁོལ་མར་བསྲེགས་པ་ན་ཁར་ལོང་གིས་འོང་བ་ན་ཤ་སྐྱེ་ཞིང་གཏིང་དུ་སོང་བ་ན་རུས་པར་འགྲོ་བ་དང་། གློ་སྙིང་ལ་སོགས་པ་ཕྱི་ནང་ཐམས་ཅད་མེས་སྲེག་ཅིང་ཟངས་ཞུན་སྐོལ་མ་བླུད་པས་ལུས་བུན་གྱིས་སྲེག་པ་དང་། མནར་མེད་ནི་ས་གཞི་ཆེན་པོ་མེ་འབར་བར་སོང་ནས་ལུས་མར་མེའི་སྡོང་བུ་ལྟར་བསྲེགས་པས་སྡུག་སྐད་ཐོས་པ་ཙམ་ལས་མེ་དང་སེམས་ཅན་སོ་སོར་མི་མཐོང་བ་དང་ཕྱེ་མར་འཐག་པ་ལ་སོགས་པའི་སྡུག་བསྔལ་བཟོད་ཐབས་མེད་པ་ཡིན་ནོ། །གལ་ཏེ་དེ་དག་ལས་ཐོན་ཏེ་བྲོས་པ་ན་ཕྱོགས་བཞིར་མདག་མེ་འབར་བའི་འོབས་པུས་ནུབ་ཙམ་ལ་ཚུད་དེ་རྐང་པ་བཞག་ན་གཞོབ་འཐུལ་ཏེ་འཚིགས་ཤིང་བཏེགས་ན་སོས་པ་དང་། དེ་ལས་ཐར་ནས་རོ་མྱགས་འཕྱི་སའི་འདམ་ལ་ཚུད་དེ་སྲིན་བུ་ལྕགས་ཟངས་ཀྱི་མཆུ་ཁབ་འདྲ་བས་འབུག་པ་དང་། དེ་ལས་ཐར་ཡང་མཚོན་ཆའི་ཐང་ལ་རྐང་པ་བཞག་དུས་འབིགས་ཤིང་བཏེགས་ན་འཚོ་བ་དང་། ཤིང་ལོ་བབས་པ་རལ་གྲིར་གྱུར་ནས་གཅོད་པ་དང་། ཤལ་མ་ལི་ལྕགས་ཀྱི་ཐུར་མ་གྱེན་ཐུར་དུ་ལྟ་བ་ལ་འབབ་འཛེག་བྱས་པས་ཉམ་ཐག་ཅིང་བྱ་ཁྱིས་ཟ་བ་དང་། དེ་ལས་ཐར་ནས་བསྐོམས་པས་ཆུ་ཀླུང་གི་འགྲམ་དུ་བརྒྱུགས་པ་ན་ཐལ་ཚན་གྱི་


MLP024_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོ་རབ་མེད་ཀྱི་ནང་དུ་ལྷུངས་ཏེ་ཤ་རུས་འཚིགས་པས་མནར་བར་འགྱུར་རོ། །ཚེ་ཚད་ཡང་སོས་ནས་ཚ་བའི་བར་དྲུག་ནི་རྒྱལ་ཆེན་རིགས་བཞི་སོགས་འདོད་ལྷ་དྲུག་གི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ནས་ཁྲི་དྲུག་སྟོང་གི་བར་ཉིས་འགྱུར་དང་། རབ་ཏུ་ཚ་བས་བར་བསྐལ་ཕྱེད་དང་། མནར་མེད་ཀྱིས་བར་བསྐལ་གཅིག་ཐུབ་པ་ཡིན་ནོ། །མདོར་ན་བསྐལ་པ་འཇིག་པའི་མེ་ལས་ཡང་སོས་ཀྱི་མེ་ཚ་ཞིང་། དེ་ལས་ཀྱང་འོག་མ་འོག་མ་བཞི་འགྱུར་གྱིས་ཚ་བས་བཟོད་གླགས་མེད་དོ། །གྲང་དམྱལ་རྣམས་ནི། གནས་ཀྱི་ཁྱད་པར་སྣང་བ་མེད་པའི་མུན་ཁྲོད། གངས་བར་དང་། ཁ་བའི་བུ་ཡུག་དང་། འཁྱག་སྦུབས་དང་། འཁྱག་པའི་འོབས་དང་། འཁྱག་པའི་གཅོང་རོང་ཆེན་པོའི་ཁྲོད་དུ་གྲང་བས་ཉེན་ནས། འདར་བའི་སྐད་ངན་ཨ་ཆུ་ཆུ་ཟེར་བ་དང་། ཀྱི་ཧུད་ཅེས་སྡུག་སྐད་འདོན་པ་དང་། སོ་ཐམ་ཐམ་པ་ལས་སྐད་མི་ཐོན་པ་དང་། གྲང་བའི་རེག་བྱས་ལུས་ལ་ཆུ་བུར་མཐེབ་རྡོག་ཙམ་པས་གང་བ་དང་། དེ་བས་ཀྱང་གྲང་བས་ཆུ་བུར་བརྡོལ་ནས་རྨར་སོང་བ་དང་། ཧ་ཅང་གྲང་དྲགས་པས་པདྨ་ལྟར་ལུས་ཚལ་པ་བཞིར་གས་པ་དང་། གས་པའི་རྨ་ཕྱི་ནང་ལོག་ནས་ཆུ་རྒྱུས་ཕྲ་མོས་འབྲེལ་བ་ཨུཏྤལ་ལྟར་གས་པ་དང་། ཚལ་པ་བརྒྱ་སྟོང་ལ་སོགས་པར་གས་ཤིང་དུམ་བུར་འཐོར་བ་པདྨ་ཆེན་པོ་ལྟར་གས་པ་སྟེ་སྡུག་བསྔལ་བཟོད་ཐབས་མེད་དོ། །ཚེ་ཚད་ནི་མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིག །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་པ་ལྟར་ཏེ་ཆུ་བུར་ཅན་སྔོན་ལ་འདྲེན་པའི་ལུགས་སོ། །ངན་སོང་གི་གནས་གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་ཡང་བསམ་གྱིས་མི་ཁྱབ་སྟེ། ཕྱིའི་སྒྲིབ་པ་ཅན་རྣམས་ནི། བཀྲེས་སྐོམ་གྱིས་ཉེན་པས་ཕྱོགས་ཀུན་ཏུ་བརྒྱུགས་ཀྱང་བཟའ་བཏུང་གང་ཡང་མི་རྙེད་ཅིང་མི་མཐོང་ལ། མཐོང་ཡང་གཤིན་རྗེའི་སྐྱེས་བུས་བསྲུངས་ཏེ་སྤྱད་དབང་མེད་པ་དང་། བལྟས་པ་ཙམ་གྱིས་ཆུ་ཀླུང་ཆེན་པོ་ཡང་བསྐམས་ཏེ་གྲམ་པར་སྐྱ་ཁྲོལ་གྱིས་འགྲོ་བ་དང་། སྨན་ཤིང་ནགས་ཚལ་སོགས་ཀྱང་སོལ་བའི་ཕུང་པོ་དང་མགལ་དུམ་རད་རོད་ཅན་དུ་འགྱུར་བ་དང་། ཡུལ་ཡིད་དུ་འོང་བའང་མི་འོང་བར་འགྱུར་


MLP024_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། དུས་ཚིགས་ཕྱིན་ཅི་ལོག་ཏུ་གྱུར་པས་སོས་དུས་ཟླ་བས་ཀྱང་སྲེག་ཅིང་དགུན་ཉི་མའང་བསིལ་བས་གྲང་རེག་མི་བཟོད་པ་སོགས་སྡུག་བསྔལ་བཟོད་གླགས་མེད་དོ། །ནང་གི་སྒྲིབ་པ་ཅན་རྣམས་ནི། བཟའ་བཏུང་ཅུང་ཟད་རྙེད་པ་ཟོས་པ་ན་ཁོང་དུ་སླེབས་མ་ཐག་མེར་གྱུར་ནས་ནང་ཁྲོལ་ཀུན་གཞོབ་འ ཐུལ་གྱིས་སྲེག་ཅིང་། ཁ་སྣ་གསུས་པ་སོགས་ནས་མེ་ལྕེ་དུད་པར་བཅས་པ་འཐུལ་བ་དང་། སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི། ཟས་སྐོམ་མ་མྱོང་བས་ཁ་ལུས་ཐམས་ཅད་བསྐམས་ཤིང་། རྒྱུ་མ་སྒལ་ཚིགས་ལ་འབྱར་བ། སྐྲ་ཟིང་ཟིང་པོར་འཛིངས་པ། མགྲིན་པ་གཞུ་རྒྱུད་ལྟ་བུ་དང་། རྐང་ལག་འཇག་མ་ལྟར་གྱུར་པ། ཚ་གྲང་གིས་གདུངས་པས་ཁ་དོག་ནི་སྔོ་ལ་ཧཾ་པ། བཟའ་བཏུང་ཅུང་ཟད་རྙེད་ཀྱང་ཁ་ཁབ་མིག་ཙམ་དང་མིད་པ་རྟ་རྔ་ལྟར་ཕྲ་བས་དང་པོར་མི་འདྲོངས་ཤིང་ཁོང་དུ་སླེབས་པ་ན་ཁོག་པ་ཡུལ་ལྗོངས་ལྟར་ཆེ་བས་མི་ཁེངས། ཁ་ཅིག་ཁ་བྱིལ་བྱིལ་པོས་བཟའ་བཏུང་ཁོག་པར་འགྲོ་ས་མེད་པ་དང་། ཁའི་དུག་གིས་ཆུ་ཀླུང་ཡང་སྐེམ་པར་བྱེད། རྟག་ཏུ་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་ཐབས་མེད་པ་ཡིན་ཏེ། སློབ་སྤྲིང་ལས། ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཇིགས་པའི། །ལྟོ་ཆེན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་། །མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་པ། །ཁ་ཡི་དུག་གིས་ཆུ་ཡི་རླན་ཡང་སྐེམ་པར་འགྱུར། །ཞེས་གསུངས་ཤིང་། ཚེ་ཚད་ནི་མི་ལོ་ཁྲི་དང་ལྔ་སྟོང་གི་བར་ཐུབ་བོ། །ངན་སོང་གི་གནས་གསུམ་པ་དུད་འགྲོའི་སྡུག་བསྔལ་ཡང་བྱིངས་ན་གནས་པ་ནི། ཆེ་བས་ཆུང་བ་ཟ་བ། ཆུང་བས་ཆེ་བ་འབིགས་པ༑ གཅིག་ལ་མང་པོ་རུབས་ནས་ཟ་ཞིང་། མང་པོ་གཅིག་ཁོ་ནས་ཟ་བ། ཀླུ་རྣམས་ལ་ཉིན་རེ་བཞིན་བྱེ་ཚན་གྱིས་སྲེག་ཅིང་མཁའ་ལྡིང་གི་འཇིགས་པ་དང་། ཁ་འཐོར་བ་ས་གཞི་རི་ཀླུང་ཀུན་ན་ཡོད་པའི་བྱ་དང་རི་དྭགས་ཕྱུགས་ལུག་ལ་སོགས་པ་འདི་དག་ཀྱང་གཅིག་གིས་གཅིག་ཟ་བ་དང་། འཚེ་བ་དང་། ཤ་ལྤགས་རུས་པའི་ཆེད་དུ་མི་རྣམས་ཀྱིས་རང་དབང་མེད་པར་གསོད་པ་དང་། གཞན་ཡང་ཁལ་མི་ཐེག་བཞིན་དུ་འགེལ་བ། རྨོས་རྨོ་བ། ཞོ་བཞོ་བ། བལ་འཐོག་པ། སྤུ་འདྲེག་པ། འདེད་པ། རྡུང་བ་སོགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་།


MLP024_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་དུ་གླེན་ལྐུགས་ཀྱི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ། ཚེ་ནི་རིང་ཐུང་མཐའ་གཅིག་ཏུ་མ་ངེས་ཤིང་། རིང་ཤོས་ཁ་ཅིག་བསྐལ་པའི་བར་དུ་སྡུག་བསྔལ་མྱོང་བའང་ཡོད་དོ༑ ༑དེ་ཡང་རང་ཅག་རྣམས་སྔར་ཡང་ངན་སོང་གི་གནས་གསུམ་པོ་འདིར་ལན་གྲངས་དུ་མ་སྐྱེས་ཏེ་སྡུག་བསྔལ་འདི་མ་མྱོང་བྱ་བ་གཅིག་མེད་དེ་མྱོང་། ད་ལན་ཡང་སྔར་གྱི་ལས་ངན་རྒྱུད་ལ་ཡོད་པའི་སྟེང་དུ་ཚེ་འདི་བློས་མ་ཐོངས་པས་འདིའི་ཆེད་དུ་མི་བྱ་བ་མེད་པ་གཅིག་བྱས་པས་ཕྱིས་ཀྱང་འགྲོ་ས་ཐུར་ལས་མེད། མྱོང་རྒྱུ་སྡུག་བསྔལ་ལས་མེད་པས། ད་ལྟ་ཉིན་གཅིག་གི་ཚ་གྲང་བཀྲེས་སྐོམ་ཅུང་ཟད་རེ་ཡང་མི་བཟོད་ན། དམྱལ་བའི་ཚ་གྲང་དང་། ཡི་དྭགས་ཀྱི་བཀྲེས་སྐོམ། དུད་འགྲོའི་བཀོལ་སྤྱོད་ལ་སོགས་པ་ངན་འགྲོའི་སྡུག་བསྔལ་ཡུན་རིང་ལ་བཟོད་གླགས་མེད་པ་དེ་དག་བཟོད་པར་འདུག་གམ་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །ཡང་དགེ་བའི་ལས་ཀྱིས་བདེ་འགྲོར་སྐྱེ་ན་མཐོ་རིས་ཀྱི་བདེ་བ་ལ་ལོངས་སྤྱོད་དུ་ཡོད་པའི་ཕྱིར་དེ་ཙམ་གྱིས་ཆོག་གམ་སྙམ་ན། མེ་ཆེ་ཆུང་གང་གིས་ཀྱང་སྲེག་པ་ལས་མ་འདས་པ་བཞིན་དུ་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པས། ངན་སོང་གསུམ་ན་སྡུག་བསྔལ་གྱི་སྡུག་བསྔལ་མེའི་འོབས་ལྟར་བཟོད་དཀའ་བར་མ་ཟད་མཐོ་རིས་ན་ཡང་བདེ་བ་མེད་དེ། འདི་ལྟར་མིའི་གནས་ནའང་། ཆེ་ཆུང་ཐམས་ཅད་ལ་རང་རང་གི་བོངས་དང་སྦྱར་བའི་སྡུག་བསྔལ་རེ་སོ་སོར་ཡོད་ཅིང་ཁྱད་པར་སྤྱི་མཐུན་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། དབུལ་ཕོངས་འབྱོར་གུད། འདུ་འབྲལ། རྡེག་རྡུང་། གསོད་གཅོད་སོགས་བསམ་གྱིས་མི་ཁྱབ། ལྷ་མ་ཡིན་རྣམས་ལའང་། གཞན་གྱི་དཔལ་ལ་ཕྲག་དོག་པས་རྟག་ཏུ་ཕན་ཚུན་རྩོད་པ་དང་། འཁྲུག་པ་དང་། ལུས་རྨས་པ་དང་། ཡན་ལག་ཆད་པ་དང་། གསོད་པ་དང་། གཡུལ་ཉེས་པ་སོགས་འཐབ་རྩོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་དོ། །འདོད་པའི་ལྷ་ལའང་འདོད་པས་མྱོས་ཤིང་བག་མེད་པས་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུའི་ལྷའི་ཞག་བདུན་མྱོང་དགོས་པ་དང་། འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་ཡང་ཡོད་དོ། །ཁམས་གོང་མ་གཉིས་ན་རེ་ཞིག་སྡུག་བསྔལ་


MLP024_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོས་གཟིར་བ་མེད་ཀྱང་འགྱུར་བའི་སྡུག་བསྔལ་བྱ་ནམ་མཁའ་ལ་འཕུར་བ་ཅིས་ཀྱང་ས་ལ་འབབ་པ་བཞིན་དུ་ཟག་བཅས་ཀྱི་དགེ་བའི་འཕེན་ཤུགས་ཟད་ནས་སླར་ཡང་ངན་འགྲོར་ལྷུངས་ནས་སྡུག་བསྔལ་དྲག་པོ་མྱང་དགོས་ཏེ། བཤེས་སྤྲིངས་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་སོ། །གཞན་ཡང་སྤྱིར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱད་ཀྱི་སྒྱུ་རྩལ་ལམ་དུག་ཅན་གྱི་ཟས་ལ་སྤྱོད་པ་ལྟ་བུ་འདུ་བྱེད་ཐམས་ཅད་རྐྱེན་ཁར་ལས་པས་རྟག་ཏུ་རང་དབང་དང་བྲལ་བའི་མཚན་ཉིད་ཅན་གྱི་སྡུག་བསྔལ་ཏེ། བཞི་བརྒྱ་པ་ལས། ལས་ནི་འབད་པས་བྱེད་འགྱུར་ཞིང་། །བྱས་ཟིན་འབད་པ་མེད་པར་འཇིག །ཅེས་གསུངས་སོ། །དེས་ན་ཁམས་གསུམ་འཁོར་བའི་གནས་འདི་ན་མཐོ་དམན་གང་དུ་སྐྱེས་ཀྱང་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མི་འདུག་པས་ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར། ད་རེས་འདི་ནས་ངེས་པར་ཐར་བ་ཞིག་བྱ་སྙམ་དུ་འཁོར་བ་ལ་ཞེ་ཐག་པ་ནས་སྐྱོ་བ་བསྐྱེད་དགོས་ཏེ༑ སློབ་དཔོན་ཆེན་པོས། འཇིག་རྟེན་བྱ་བར་བརྩོན་ཀྱང་ཟིན་པ་མེད༔ ཆོས་ལ་འབད་ན་ལས་ཐབས་མྱུར་དུ་ཟིན༔ འཁོར་བའི་བྱ་བ་ལེགས་ཀྱང་ཐ་མར་འཕུང༔ དམ་ཆོས་སྤྱོད་པའི་འབྲས་བུ་ཉམས་མི་སྲིད༔ ལས་ཉོན་བག་ཆགས་ཐོག་མ་མེད་དུས་ནས༔ གོམས་ཤིང་རྒྱུད་ལ་བར་མེད་གསོག་པ་སྟེ༔ དེ་ཡི་དབང་གིས་འཁྲུལ་སྣང་འཁོར་བར་འཁྱམས༔ འདི་ཙམ་དུས་ན་ཐར་ཞེས་ཚད་བཟུང་མེད༔ འཆི་བའི་ཚེ་ན་དྲན་ཡང་རབ་ཏུ་ཕྱིས༔ མགོ་བོ་ཆད་ལ་སྨན་གྱིས་ཕན་མེད་བཞིན༔ དེ་ཕྱིར་འཁོར་བའི་སྡུག་བསྔལ་ཡོངས་ཤེས་ནས༔ ཞི་བའི་ལམ་ལ་ཡང་དག་འཛེག་པའི་ཕྱིར༔ བྱམས་དང་སྙིང་རྗེས་འགྲོ་ཀུན་རྗེས་སྐྱོང་ཞིང༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྒོམ་པར་མཛོད༔ ཅེས་དང་། གྲུབ་ཆེན་མེ་ལོང་གི་ཞལ་ནས། འཁོར་བའི་སྡུག་བསྔལ་སོམས་མཛོད་ལ། །འབུང་གསུམ་དམ་པའི་ཆོས་ལ་ཐོན། །མི་ལུས་དོན་ཅན་འོང་སྟེ་མཆི། །ཞེས་གསུངས་པ་རྣམས་ལ་ངེས་ཤེས་བསྐྱེད་ནས་བྱ་བ་བཏང་སྟེ་དམ་པའི་


MLP024_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་ཉམས་ལེན་བྱའོ། །ལྔ་པ་ཐེག་པ་སྤྱིའི་རྨང་རྡོ་སྐྱབས་འགྲོའི་ཁྲིད་ནི། གནད་ཐེམས་ལས། སྡུག་བསྔལ་དེ་ལས་མཁའ་མཉམ་འགྲོ༔ ཐར་ཕྱིར་ལོག་པའི་ལམ་སྤངས་ནས༔ དཀོན་མཆོག་གསུམ་པོ་སྐྱབས་སུ་བསྟེན༔ དབེན་པར་བདེ་བའི་སྟན་ལ་འདུག༔ རང་སེམས་རྣལ་ཕབ་འདི་ལྟར་བསམ༔ མདུན་གྱི་ནམ་མཁར་དཔག་བསམ་ཤིང༔ རབ་ཏུ་རྒྱས་པའི་སྙིང་པོ་ལ༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར༔ མདུན་དུ་ཡི་དམ་དཀྱིལ་འཁོར་ལྷ༔ གཡས་སུ་སངས་རྒྱས་དཀོན་མཆོག་སྟེ༔ རྒྱབ་ཏུ་དམ་ཆོས་དགེ་འདུན་གཡོན༔ མཐའ་སྐོར་མཁའ་འགྲོ་ཆོས་སྐྱོང་སོགས༔ སྤྲིན་ཕུང་གཏིབས་པ་ལྟ་བུར་བསམ༔ མར་གྱུར་འགྲོ་དང་ལྷན་ཅིག་ཏུ༔ གུས་པའི་ཡིད་ཀྱིས་སྐྱབས་འགྲོ་བྱ༔ ཞེས་གསུངས་ཏེ། དེ་ཡང་རང་ལ་འཇིགས་སྐྲག་གང་ཡང་མེད་ཅིང་རང་དབང་ཐོབ་པར་ཡོད་ན་གང་ལའང་སྐྱབས་འཚོལ་མི་དགོས་ནའང་། རང་ཅག་རྣམས་དེ་ལྟར་མ་ཡིན་ཏེ། ཐོག་མ་མེད་པ་ནས་མ་རིག་པའི་མུན་པ་ཐིབ་པོས་ནོན་ཏེ་འཇིགས་རུང་འཁོར་བའི་བཙོན་དོང་དུ་ལྷུངས། སྒོ་གསུམ་འདོད་པའི་ཞགས་པས་ནི་བཅིངས། བདག་ཏུ་འཛིན་པའི་ལྕགས་སྒྲོག་གིས་བསྡམས། ལས་ཉོན་གྱི་མཚོན་ཆས་ནི་བསྣུན། རྒ་ན་དང་འབྱོར་གུད་ཀྱི་ཆད་པས་ནི་གཅོད། མཐར་འཆི་བདག་གི་ཁྲིམས་རར་དབང་མེད་དུ་ཁྲིད་ནས་ངན་སོང་གི་གཤེད་མ་ལ་གཏོད་པར་འདུག་པས་འདི་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མེད་པས་བསླུ་བ་མེད་པའི་སྐྱབས་ནི་དཀོན་མཆོག་གསུམ་དུ་ངེས་ཏེ། སློབ་དཔོན་ཆེན་པོས། འཁོར་བའི་དཔོན་འདི་ཇི་ལྟར་བཟང་ཡང་སླུ༔ སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད༔ ཅེས་དང་། གྲུབ་ཆེན་མེ་ལོང་གིས། འགྲན་ཟླ་མེད་པའི་དཀོན་མཆོག་ལ། །བློ་སྙིང་བྲང་གསུམ་རྒྱུན་དུ་འཁོལ། །བསླུ་མེད་ཅི་བསམ་འགྲུབ་ནས་མཆི། །ཞེས་གསུངས་པའི་ཕྱིར་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁོ་ན་ལ་སྐྱབས་དང་དང་ར་མདའ་ཞུ་སྙམ་དུ་ཞེ་ཐག་པ་ནས་བསམ་ལ་སྐྱབས་སུ་འགྲོ་སྟེ། དབེན་པའི་གནས་


MLP024_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བདེ་བའི་སྟན་ལ་ལུས་གནད་བདེ་ལུགས་སུ་བསྲང་། སེམས་རྣལ་དུ་ཕབ་སྟེ། རང་གང་ན་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ་ལག་མཐིལ་ལྟར་མཉམ་ཞིང་འཇམ་ལ་ཡིད་དུ་འོང་བའི་ཞིང་ཁམས་རྣམ་པར་དག་པ་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་དབུས་སུ། དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་རབ་ཏུ་རྒྱས་པས་རང་གི་མདུན་གྱི་ནམ་མཁའ་ཁྱབ་པ། དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་ཀྱི་སྙིང་པོ་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་མཐོ་ཞིང་ཡངས་པའི་དབུས་སུ། རྩ་བའི་བླ་མ་མཚན་རྫོགས་རྡོ་རྗེ་འཆང་དམར་པོའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསམ། ཕྱོགས་བཞིར་གྱེས་པའི་ཡལ་ག་བཞི་ལ་སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་གདན་མཐོ་ཞིང་རྒྱ་ཆེ་བ་རེ་རེ་གསལ་བཏབ་སྟེ། བླ་མའི་མདུན་ཕྱོགས་ཀྱི་གདན་སྟེང་དུ་ཁྱད་པར་གྱི་སངས་རྒྱས་དཀོན་མཆོག་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། གཡས་ཀྱི་གདན་ལ་སྤྱི་ཁྱབ་ཀྱི་སངས་རྒྱས་དཀོན་མཆོག་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུ་རྣམས་དང་། རྒྱབ་ཀྱི་གདན་ལ་ཆོས་དཀོན་མཆོག་རྣམས་རྣམ་པ་གླེགས་བམ་བརྩེགས་པའི་ཚུལ་ཅན། གཡོན་གྱི་གདན་ལ་སྤྱི་ཁྱབ་ཀྱི་དགེ་འདུན་དཀོན་མཆོག་བྱང་ཆུབ་སེམས་དཔའ་དང་ཉན་རང་འཕགས་པ་རྣམས་དང་། དེ་ཐམས་ཅད་ཀྱི་མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་མངའ་བའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བདག་ལ་སྐྱོབ་པའི་ཚུལ་དུ་བཞུགས་པར་བསམ། དེ་ནས་རང་གི་གཡས་སུ་ཕ། གཡོན་དུ་མ་སོགས་ས་གཞི་ཐམས་ཅད་དགྲ་གཉེན་ཕྱོགས་རིས་མེད་པའི་རིགས་དྲུག་གི་སེམས་ཅན་ས་ཆེན་པོའི་དྲེག་པ་ལྟར་གང་བར་བསམས་ནས། རང་གིས་བྱང་དྲངས་ཏེ། ཐམས་ཅད་ཀྱང་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་སྐྱབས་འགྲོའི་ཚིག་འུར་དིར་དིར་འདོན། ཡིད་གུས་པས་དུས་འདི་ནས་བཟུང་སྟེ་


MLP024_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དེ་སྲིད་དུ་རེ་ས་ལྟོས་ས་སྐྱབས་གནས་དམ་པ་ཁྱེད་རྣམས་མ་གཏོགས་གཞན་མེད་སྙམ་དུ་བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་ལིང་གིས་བཀལ་ཏེ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་སྐྱབས་འགྲོ་བྱེད་པར་བསམ་ཞིང་། ཁྱད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་འདི་རྣམས་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ཏུ་གསོལ་སྙམ་པས་ངག་ཏུ། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ བླ་མ་སངས་རྒྱས་དམ་པའི་ཆོས༔ ཚོགས་མཆོག་བདེ་གཤེགས་དཀྱིལ་འཁོར་ལྷ༔ མཁའ་འགྲོ་བཅས་ལ་སྐྱབས་སུ་མཆི༔ ཞེས་བརྒྱ་སྟོང་ལ་སོགས་པ་བློ་དང་འདྲེ་ངེས་སུ་འབད་ནས། ཐུན་བསྡུ་བ་ན་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བ་རེག་པ་ཙམ་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ། སེམས་ཅན་ཐམས་ཅད་འུར་དིང་གིས་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམས་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་ཇི་ལྟར་རིགས་པས་དགེ་བ་བསྔོའོ། །ཉལ་བའི་ཚེ་ན་དམིགས་པའི་རྟེན་མ་བཤིག་པར་དེ་ཉིད་ལ་མགོ་ཕྱོགས་པས་ཉལ་བར་མོས་ཏེ། མོས་གུས་སྒོམ་བཞིན་པས་གཉིད་དུ་འགྲོ་བར་བྱའོ། །སྐྱབས་འགྲོའི་གོ་དོན་དང་སོང་བའི་ཕན་ཡོན་བསླབ་བྱ་དང་བཅས་པ་རྣམས་ཀྱང་སྤྲོ་ན་ཇི་ལྟར་རིགས་པ་བཤད་དོ༑ ༑དྲུག་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད་ནི། གནད་ཐེམས་ལས། སྐྱབས་སོང་དམན་པའི་ལམ་ཉིད་ལས༔ ལྡོག་ཕྱིར་བྱང་ཆུབ་སེམས་བསྐྱེད་བྱ༔ ཞེས་གསུངས་ཏེ། དེ་ཡང་ཕྱོགས་བཅུ་གང་ནས་གཞལ་ཡང་ནམ་མཁའ་ལ་མཐའ་མེད་པ་ལྟར་འཇིག་རྟེན་གྱི་ཁམས་ལའང་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་རྣམས་ཐམས་ཅད་ཀྱིས་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད་དེ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ནས་ཕན་ཚད་མེད་པ་བཏགས་ཤིང་། གནོད་པ་ཚད་མེད་པ་ལས་སྐྱོབ་པའི་དྲིན་ཅན་ཤ་སྟག་ཡིན། དེ་ཐམས་ཅད་འདོད་པ་བདེ་བ་འདོད་


MLP024_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཐབས་མི་མཁས་པས་སྒྲུབ་པ་སྡུག་བསྔལ་ཁོ་ན་བསྒྲུབས་ཏེ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་རྐང་དང་སྙིང་གས་གས་སུ་སྡོད་མི་ཟུག་པ་ཙམ་དུ་སྙིང་རྗེ་བསྐྱེད་ནས། ད་འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ནས་ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་བྱ། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་བླང་སྙམ་པའི་འདུན་པ་བརྐམ་བརྐམ་པ་བསྐྱེད་ནས་ངག་ཏུ། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔ མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ བླ་མེད་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་བརྒྱ་སྟོང་ལ་སོགས་པ་སྙིང་ཐག་པ་ནས་བརྗོད་ཅིང་། དབུགས་འབྱུང་འཇུག་དང་སྦྱར་ནས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག བདག་གི་དགེ་བ་དང་བདེ་བ་ཐམས་ཅད་སེམས་ཅན་རྣམས་ལ་སྨིན་པར་གྱུར་ཅིག ཅེས་སྨོན་ལམ་རྒྱ་ཆེར་བཏབ་སྟེ་སྙིང་རྗེའི་རྩལ་འདོན་ནོ། །དེ་ལྟར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དར་དྲགས་ལ་ཡུན་རིང་བ་བསྒོམས་ནས་མཐར་མི་དམིགས་པའི་ངང་ལ་དར་ཅིག་གློད་ལ་དགེ་བ་བསྔོའོ། །འདིར་ཡང་སྤྲོ་ན་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གོ་དོན་དང་ཕན་ཡོན་བསླབ་བྱ་རྣམས་ལུང་དང་སྦྱར་ནས་རྒྱ་ཆེར་བཤད་དོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། རྩ་བར། སྒྲིབ་སྦྱོང་རྡོར་སེམས་བསྙེན་པ་དང་༔ ཚོགས་བསག་བླ་མའི་རྣལ་འབྱོར་སྒོམ༔ དབང་བླང་རྒྱུད་སྦྱངས་ཟབ་མོའི་གནད༔ ཅེས་པའི་དོན་ལ་དམིགས་སྐོར་གསུམ་སྟེ། སྡིག་སྒྲིབ་སྦྱོང་བ་རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད། ཚོགས་བསག་པ་མཎྜལ་གྱི་ཁྲིད། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་རྣམས་སོ། །དང་པོ་ནི། གནད་ཐེམས་ལས། སྡིག་སྦྱོར་ཕྱིར་དུ་ལྷག་པའི་ལྷ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའ་


MLP024_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཐུགས་ཀར་ཟླ་སྟེང་རྡོ་རྗེ་ལ༔ ཧཱུྃ་མཚན་ཡིག་བརྒྱའི་ཕྲེང་བས་བསྐོར༔ དེ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ བབས་པས་སྡིག་སྒྲིབ་ཉེས་ལྟུང་ཀུན༔ དག་པར་བསམས་ནས་བཟླས་པ་བྱ༔ ཞེས་གསུངས་ཏེ། རང་གི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འཚེར་བ། དེ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་ཤིང་འཚེར་བ། ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། ཞབས་སེམས་སྐྱིལ་ཅན། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་བདེ་སྟོང་ཟུང་འཇུག་གི་ངོ་བོར་བཞུགས་པར་བསམ། དེ་ནས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་དཀར་ཞིང་གསལ་བ་འགྲེང་སྟབས་སུ་བསླང་བའི་ལྟེ་བར་ཧཱུྃ་ཡིག་དཀར་པོ་རྟག་ཏུ་འཆར་བ༑ དེའི་མཐའ་སྐོར་དུ་མདུན་ནས་བརྩམས་ཏེ་ཡི་གེ་བརྒྱ་པའི་ཡིག་འབྲུ་རྣམས་དངུལ་ཆུའི་མདོག་ལྟ་བུ་སྐྱ་ཁྲོམ་ཁྲོམ་གཡས་སྐོར་དུ་འཁོར་བར་བསམས་ལ། ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ལ་གནོང་ཞིང་འགྱོད། ཕྱིན་ཆད་འཆི་བ་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་འགྱོད་སྡོམ་གྱི་བསམ་པ་དྲག་པོ་དང་ལྡན་པའི་སྒོ་ནས། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བལྟས་ལ། མོས་གུས་ཚད་མེད་པ་མཆི་མ་འཁྲུག་པ་ཙམ་བསྐྱེད་ནས། ཐུགས་ཀའི་སྔགས་འཕྲེང་ལ་ཀློག་པའི་ཚུལ་གྱིས་དམིགས་པ་གཏད་དེ། གཙོ་བོར་བླ་མ་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པས་གསོལ་འདེབས་ཀྱི་ཚུལ་དུ། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཾཏྟ་ཤྲཱི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་


MLP024_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་བཟླས་པས། ཐུགས་ཀའི་ཧཱུྃ་ཡིག་སྔགས་འཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་དངུལ་ཆུའི་ཁ་དོག་ལྟ་བུ་སྐྱ་ཆི་ལི་ལི་བབས་ཏེ་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་པས་ཕུ་ཆུ་དྲག་པོས་ཐལ་བ་བདས་པ་ལྟར་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་དང་སྲོག་ཆགས་ཕྲ་མོ་ལ་སོགས་པའི་རྣམ་པར་བཤང་ལམ་དང་། ཆུ་ལམ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ནག་ཉིལ་ཉིལ་ཐོན་པར་བསམས་ལ། བརྒྱ་སྟོང་ལ་སོགས་པ་ཅི་ནུས་བཟླས་པའི་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས།། བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས་རང་ལུས་དྲི་མ་མེད་པ་ཤེལ་སྒོང་ལྟར་གྱུར་པའི་ཆ་ཐམས་ཅད་བདུད་རྩིའི་རྒྱུན་དེས་སྐྱ་མེར་གྱིས་ཁེངས། སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག རྡོ་རྗེ་སེམས་དཔའ་ཐུགས་དགྱེས་པས་ཞལ་འཛུམ་པ་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ།། ཞེས་གསུང་ཞིང་རྡོར་སེམས་ཡབ་ཡུམ་འོད་དུ་ཞུ་བ་རང་ལ་ཐིམ་སྟེ། འཁོར་གསུམ་ཡོངས་དག་བརྗོད་བྲལ་བདེ་བ་ཆེན་པོའི་ངང་ལ་ལྷོད་ཀྱིས་གློད་ནས་བཞག་ཅིང་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །ཞེས་སོགས་ཀྱིས་དགེ་བ་བསྔོ། འདི་ཉིད་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་གི་བར་སེམས་ཤིན་ཏུ་འཇུར་པས་བཟླ་དགོས་ཏེ། སློབ་དཔོན་ཆེན་པོས། གཞན་དུ་ཡེངས་པར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་གསུངས་པས་དམིགས་པ་གཅུན་ལ་མ་ཡེངས་པ་གལ་ཆེའོ།། རྟགས་ནི་དངོས་སུ་རིག་པ་དྭངས་པ། ལུས་ཡང་བ་དང་། དད་པ་དང་ངེས་འབྱུང་རྩོལ་མེད་དུ་སྐྱེ་བ་ལ་སོགས་པ་དང་། ཉམས་སམ་རྨི་ལམ་ཅི་རིགས་པར་འཁྲུ་སྐྱུགས་དང་། ཁྲུས་བྱས་


MLP024_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གོས་དཀར་གྱོན་པ་དང་། ཆུ་ཆེན་བརྒལ་བ་དང་། མཁའ་ལ་འཕུར་བ་དང་། ཉི་ཟླ་ཤར་བ་སོགས་སྡིག་པ་འདག་པའི་རྟགས་དང་། ལུས་ལས་རྔུལ་དང་རྣག་ཁྲག་ཆུ་སེར་འཐོན་པ་སོགས་ནད་དོན་པའི་རྟགས་དང་། གྲོག་བུར་སོགས་སྲོག་ཆགས་ཕྲ་མོ་ཐོན་པ་བྱུང་ན་གདོན་དོན་པའི་རྟགས་སོ། །སྐབས་འདི་དག་ཏུའང་སྤྲོ་ན་སྡིག་པའི་ཉེས་དམིགས་དང་སྟོབས་བཞིའི་གོ་དོན་སོགས་ཀྱང་བཤད་པར་བྱའོ། །གཉིས་པ་ཚོགས་བསག་པ་མཎྜལ་གྱི་ཁྲིད་ནི། གནད་ཐེམས་ལས། ཚོགས་ཞིང་སྐྱབས་ཡུལ་བཞིན་དུ་བསྒོམ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་པའི༔ ཕྱི་ནང་གསང་བའི་མཎྜལ་རྣམས༔ གུས་པའི་བློ་ཡིས་དབུལ་བར་བྱ༔ ཞེས་གསུངས་ཏེ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་ཆོས་དང་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་རྣམས་སྐྱབས་ཡུལ་གྱི་སྐབས་ལྟར་གསལ་བཏབ་ནས། དངོས་སུ་རིན་པོ་ཆེ་ལ་སོགས་པའི་མཎྜལ་ལེགས་པར་ཕྱིས་ལ་དྲི་བཟང་དང་བ་བྱུང་གི་ཆུས་བྱུག མེ་ཏོག་གི་ཚོམ་བུ་སོ་བདུན་ནམ་བདུན་ལག་ལེན་ལྟར་བཀོད་བཞིན་པར། ཡིད་ཀྱི་དབང་ཆེན་གྱི་ས་གཞི་ལ་བརྟེན་པའི་ལྷུན་པོ་གླིང་བཞི་རི་མཚོ་ཁོར་ཡུག་དང་བཅས་པ། གླིང་རྣམས་ཀྱི་སྟེང་དུ་ཉི་ཟླ་གཟའ་སྐར་སོགས་སྲིད་རྩེ་མན་ཆད་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་འདི་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་གང་བར་དམིགས་ཏེ་འབུལ་བ་ཕྱིའི་མཎྜལ། རང་གིས་ཡོངས་སུ་བཟུང་བའི་བུ་དང་ཆུང་མ་འཁོར་གཡོག་ལོངས་སྤྱོད་སོགས་གཅེས་དགུ་མ་ལུས་པ་གཅིག་ཏུ་བསྡུས་ནས་ལྟོས་མེད་དུ་འབུལ་བ་ནི་ནང་གི་མཎྜལ། རང་གི་ལུས་འདི་རིན་པོ་ཆེ་སྣ་ཚོགས་ཀྱི་འབྱུང་གནས་སུ་དམིགས་ཏེ་ཞེན་པ་མེད་པར་འབུལ་བ་གསང་བའི་མཎྜལ་ཏེ་ཐམས་ཅད་ཀྱང་འཁོར་གསུམ་ཡོངས་དག་བདེ་བ་ཆེན་པོའི་ངང་ལས་མི་འདའ་བའི་ཤེས་རབ་ཀྱིས་ཟིན་པར་བྱས་ལ་ངག་ཏུ། ཆོས་དབྱིངས་རང་བྱུང་རོལ་པའི་རྩལ༔ ཕྱི་ནང་སྣོད་བཅུད་སྣང་སྲིད་ཆོས༔ ཁྱབ་བརྡལ་ཞིང་ཁམས་མཆོད་སྤྲིན་བཅས༔ འཁོར་གསུམ་ཡོངས་དག་ཉིད་དུ་འབུལ༔ སརྦ་པཱུ་ཛ་རཏྣ་མ་དྷཱ་ལ་ཧཱུྃ༔ ཞེས་བརྒྱ་སྟོང་ལ་སོགས་པ་ཅི་ནུས་སྙིང་ཐག་པ་ནས་ཕུལ་ལ། མྱུར་


MLP024_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སངས་རྒྱས་ཐོབ་པ་དང་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་གསོལ་བ་གདབ་མཐར་ཚོགས་ཞིང་མཆོད་རྫས་དང་བཅས་པ་འོད་དུ་ཞུ་ནས་རང་ལ་བསྟིམས་ཏེ་དགེ་བ་བསྔོའོ།། རྟགས་སེང་ཁྲི་ལ་འདུག་པ་དང་། ཅོད་པཎ་བཅིངས་པ། སྐྱེ་བོ་མང་པོས་ཕྱག་འབུལ་བ་སོགས་ཉམས་སམ་རྨི་ལམ་དུ་ཅི་རིགས་མ་བྱུང་གི་བར་དུ་འབད་ཅིང་ཐུན་མཚམས་སུ་ཕྱག་དང་མཆོད་པ་སོགས་སྒོ་དུ་མ་ནས་བསོད་ནམས་ཀྱི་ཚོགས་བསག སྤྲོ་ན་སྣོད་བཅུད་ཀྱི་བཀོད་པ་དང་མཎྜལ་གྱི་ཕན་ཡོན་སོགས་བཤད་པར་བྱའོ། །གསུམ་པ་བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། གནད་ཐེམས་ལས། སྐྱབས་ཀུན་སྙིང་པོ་བླ་མ་ཡི༔ རྣལ་འབྱོར་ལམ་ལ་འཇུག་པར་བྱ༔ དག་གསལ་ཡེ་ཤེས་འོད་ལྔའི་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ མཚན་དཔེའི་གཟི་བརྗིད་རབ་ཏུ་འབར༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ དགྱེས་འཛུམ་འོད་ཟེར་སྤྲོ་བའི་སྐུ༔ རྡོ་རྗེ་སྐྱིལ་ཀྲུང་ལྷམ་མེར་བཞུགས༔ མཐའ་སྐོར་བརྒྱུད་པའི་བླ་མ་དང་༔ ཡི་དམ་སངས་རྒྱས་བྱང་ཆུབ་སེམས༔ འཕགས་པ་ཉན་རང་ཆོས་སྲུང་སོགས༔ མངོན་སུམ་ལྟ་བུར་བཞུགས་པར་བསམ༔ ཤིན་ཏུ་དད་ཅིང་གུས་པ་ཡིས༔ ཡན་ལག་བདུན་པོ་རྣམ་དག་བྱ༔ ཞེས་གསུངས་ཏེ། རང་གནས་ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་རྣམ་དག་ཏུ་གྱུར་པའི་མདུན་གྱི་ནམ་མཁའི་གནས་སུ། དྲི་མ་མེད་པས་དག་ཅིང་མི་བསྒྲིབ་པར་གསལ་བའི་ཡེ་ཤེས་ལྔའི་རང་གདངས་འོད་ལྔ་འཁྲུག་པའི་ཀློང་ན་སེང་ཁྲི་པདྨ་ཉི་ཟླའི་གདན་ལ། དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གསུང་ ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་སྙོམས་པར་འཇུག་པ་རང་ལ་དགྱེས་པའི་ཞལ་འཛུམ་མདངས་དང་ལྡན་པ། ཤིན་ཏུ་དྭངས་པའི་སྐུ་


MLP024_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དྲི་མ་མེད་པའི་འོད་ཟེར་མཐའ་ཡས་པ་སྤྲོ་བ། སྒྱུ་མ་ལྟ་བུའི་སྐུ་ཅན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་ལྷམ་མེར་བཞུགས་པ། དེའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས། ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་མངོན་སུམ་པ་ལྟ་བུ་བཀྲ་ལམ་གྱིས་བཞུགས་པར་བསམ་མོ། །དེ་ནས་སློབ་དཔོན་ཆེན་པོས། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ ཞེས་གསུངས་པ་ལྟར་བླ་མ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀུན་འདུས་ཀྱི་རང་བཞིན་ཅན་ཡིན་པར་མ་ཟད། བདག་ལ་སངས་རྒྱས་རྣམས་ཀྱི་ཞལ་མཇལ་བ་དང་གསུང་དངོས་སུ་ཐོས་པའི་སྐལ་བ་མེད་པའི་དུས་འདིར། དེ་རྣམས་ཀྱི་མཛད་རྒྱུ་བླ་མ་དམ་པས་མཛད་དེ་རང་རྒྱུད་ལ་སངས་རྒྱས་ཀྱི་བྱིན་རླབས་སྟེར་བར་མཛད་པ་པོ་ཡིན་པའི་ཕྱིར་རང་རེའི་སྣང་ངོར་སངས་རྒྱས་ཀུན་ལས་ཀྱང་ལྷག་ཅིང་བཀའ་དྲིན་ཆེ་སྙམ་དུ་བློ་སྣ་མོས་གུས་སུ་ཧྲིལ་གྱིས་དྲིལ་ཏེ། ལུས་ཞིང་གི་རྡུལ་སྙེད་ལྟར་སྤྲུལ་ནས་སེམས་ཅན་རྣམས་དང་ལྷན་ཅིག་པས་ཕྱག་འཚལ་བ་དང་། མཆོད་ སྤྲིན་མཐའ་ཡས་པ་སྤྲོས་ཏེ་འབུལ་བ། ཉེས་བྱས་ལ་དུག་འཐུངས་པ་ལྟ་བུའི་འགྱོད་སྡོམ་གྱིས་མཐོལ་བཤགས། རྨད་དུ་བྱུང་བའི་མཛད་པ་ལ་ཡི་རང་བ། གཟུགས་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། ཆོས་འཁོར་བསྐོར་བར་བསྐུལ་བ། འདིས་མཚོན་པའི་བདག་གཞན་གྱི་དགེ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ། དོན་བསམ་བཞིན་པར་ངག་ཏུ། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ གུས་པས་བཏུད་དེ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཚེ་རབས་ཐོག་མེད་ནས་བྱས་པའི༔ སྡིག་པའི་ལས་རྣམས་མཐོལ་ཞིང་བཤགས༔ སེམས་ཅན་ཀུན་ལ་ཕན་མཛད་པའི༔ དགེ་བ་ཀུན་ལ་ཡི་རང་ངོ༔ སངས་རྒྱས་མྱ་ངན་འདའ་བཞེད་གང༔ བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ ཆོས་ཀྱི་འཁོར་ལོ་བསྐོར་


MLP024_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྐུལ༔ བསོད་ནམས་གང་ཞིག་བགྱིས་པ་རྣམས༔ ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ཅི་ནུས་བརྗོད། དེ་ནས་ལྕེ་བཙུན་ཆེན་པོའི་མགུར་ལས། བླ་མ་ལ་གདུང་བ་སྐྱེས་ཙ་ན། །ཉམས་དང་བྱིན་རླབས་སྐྱེ་བར་ངེས། །ཞེས་གསུངས་པ་ལྟར་བླ་མ་སངས་རྒྱས་སུ་ཤེས་པའི་ཡོན་ཏན་དང་བཀའ་དྲིན་དྲན་པས་བློ་སྣ་མོས་གུས་ཀྱིས་འཕྲོག་པའི་གདུང་ཤུགས་སྙིང་གི་དཀྱིལ་རྐང་གི་ཁོང་། རུས་པའི་གཏིང་ནས་བརྐམ་བརྐམ་པ་བསྐྱེད་དེ། ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ལ། རང་གིས་བྱང་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་གསོལ་བ་ཆིག་དྲིལ་དུ་འདེབས་པར་མོས་པའི་སེམས་བསྐྱེད་རྣམ་པར་དག་པ་དང་ལྡན་པས་ངག་ཏུ། སྐྱེ་མེད་སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་དུ༔ རང་བཞིན་རྣམ་དག་གདོད་མའི་མགོན་པོ་མཆོག༔ ཀུན་བཟང་ཆོས་སྐུ་སྣང་བ་མཐའ་ཡས་ལ༔ གསོལ་བ་འདེབས་ སོ་བདག་རྒྱུད་བྱིན་གྱིས་རློབས༔ གསལ་གདངས་འགག་མེད་རྡོ་རྗེ་དབྱིངས་ཀྱི་ཞིང༔ ལྷུན་གྲུབ་འོད་གསལ་བདེ་ཆེན་སྒྱུ་མའི་སྐུ༔ ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེ་ཆེན་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱི་རློབས༔ གང་འདུལ་དེར་སྣང་ཐུགས་རྗེའི་ཕོ་བྲང་དུ༔ མ་འགགས་རང་ཤར་འགྲོ་འདུལ་སྤྲུལ་པའི་སྐུ༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཐུགས་རྗེས་འགྲོ་བ་འདུལ་བའི་ཕོ་བྲང་དུ༔ ཇི་ལྟ་ཇི་སྙེད་ཆོས་ཀུན་མཁྱེན་ཅིང་གཟིགས༔ སྒྲ་སྒྱུར་ལོ་ཆེན་བཻ་རོ་ཙ་ན་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཟག་མེད་བདེ་ཆེན་རྡོ་རྗེའི་ཕོ་བྲང་དུ༔ མཆོག་གི་ས་བརྙེས་མཁར་ཆེན་མཚོ་རྒྱལ་དང༔ མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གསང་ཆེན་སྨིན་གྲོལ་ཆོས་ཀྱི་ཕོ་བྲང་དུ། །ཟབ་མོའི་ལམ་ལ་སྐལ་ལྡན་འདྲེན་མཛད་པ། །རིག་འཛིན་བླ་མ་འགྱུར་མེད་རྡོ་རྗེ་ལ། །གསོལ་ བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེང་ནས་བདག་སོགས་མཁའ་མཉམ་འགྲོ་བ་ཀུན༔ སེམས་དང་སེམས་ཉིད་བདེ་ཆེན་ཆོས་སྐུའི་ཀློང༔ གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་ནས༔ མཐའ་ཡས་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས༔ ཞེས་ཅི་ཙམ་ནུས་


MLP024_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་བསྐྱར་གྱིན་གསོལ་བ་དྲག་ཏུ་བཏབ་ལ། མཐར་དབང་བླང་བ་ནི། ཞེས་པས་གསོལ་བཏབ་བླ་མ་ཡི༔ གནས་གསུམ་འབྲུ་གསུམ་གནས་པ་ལས༔ དཀར་དམར་སྔོ་བའི་འོད་ཟེར་འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ དབང་བཞི་ཐོབ་ནས་སྒྲིབ་བཞི་སྦྱངས༔ སྐུ་བཞི་མངོན་དུ་གྱུར་པར་བསམ༔ ཞེས་པས་བླ་མའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བཞུགས། ༀ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ་པས། ལུས་སྒྲིབ་སྦྱངས། བུམ་དབང་ཐོབ། སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་གོ་འཕང་མངོན་དུ་བྱས།ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས། ངག་སྒྲིབ་སྦྱངས། གསང་ དབང་ཐོབ། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་མངོན་དུ་བྱས། ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས། ཡིད་སྒྲིབ་སྦྱངས། ཤེར་དབང་ཐོབ། ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས། སླར་ཡང་གནས་གསུམ་གྱི་ཡི་གེ་ལས་རང་མདོག་གི་འོད་ཟེར་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས། སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་པ་ཐོབ། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ་མོ། །སླར་ཡང་མོས་གུས་གདུང་ཤུགས་དྲག་པོའི་ཡིད་ཀྱིས་གསོལ་བ་བཏབ་པས། བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་སོགས་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་རྩ་བའི་བླ་མ་ཉིད་ཀྱི་སྐུར་ཐིམ། དེ་ཉིད་ཤིན་ཏུ་དགྱེས་པའི་ཉམས་ཀྱིས་རང་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ། རང་སེམས་བླ་མ་དང་དབྱེར་མེད་པའི་ངང་ལ་དར་ཅིག་མཉམ་པར་བཞག་རྗེས། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱི་བསྔོ་བ་དང་ཤིས་བརྗོད་ཀྱང་བྱའོ། །འདི་ནི་བྱིན་རླབས་དངོས་སུ་འབེབས་པ་དང་རྟོགས་པ་ཤུགས་ལ་འཆར་ཞིང་། ལམ་གྱི་བར་ཆད་སེལ་བ། གེགས་དང་གོལ་ས་ཆོད་པ་སོགས་བྱིན་རླབས་དངོས་གྲུབ་ཀྱི་གནད་དམ་པ་ཡིན་པས་བརྩོན་པ་ཆེན་པོས་ཉམས་སུ་བླང་དགོས་ཏེ། རྡོ་རྗེ་ཐེག་པའི་ལམ་གྱི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བླ་མ་དམ་པའི་བྱིན་རླབས་ཁོ་ན་ལ་


MLP024_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རག་ལས་པའི་ཕྱིར་རོ། །དེས་ན་འདིར་ཡང་བླ་མའི་མོས་གུས་ལམ་དུ་ཁྱེར་ཚུལ་དང་། མོས་གུས་ཀྱི་ཕན་ཡོན། བླ་མ་ཇི་ལྟར་བསྟེན་ཚུལ་སོགས་ཀྱང་ཟབ་མོའི་ལུང་དང་སྦྱར་ཏེ་ཞིབ་ཏུ་བཤད་པས་ངེས་ཤེས་བསྐྱེད་པར་བྱའོ། །དེ་དག་ནི་སྤྱིའི་སྔོན་འགྲོའོ། །བདེ་གཤེགས་ཀུན་འདུས་ཟབ་ལམ་གྱི། །སྒོ་འབྱེད་སྔོན་འགྲོའི་ཟིན་ཐུན་འདི། །དྷརྨ་ཤྲཱིས་སྤེལ་བའི་དགེས། །འགྲོ་ཀུན་ལམ་འདིའི་སྣོད་རུང་ཤོག། དགེའོ།། །།

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་རིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལས་དངོས་གཞིའི་ཁྲིད་ཡིག ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་རིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལས་དངོས་གཞིའི་ཁྲིད་ཡིག་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། སྟོང་ཉིད་འོད་གསལ་ཡེ་ཤེས་མངོན་དུ་མཛད། །བདེ་ཆེན་སྙིང་རྗེའི་གར་གྱིས་སྲིད་པ་འཛིན། །མཐའ་ལ་མི་གནས་ཟུང་འཇུག་རྡོ་རྗེ་འཆང་། །གཏེར་ཆེན་བླ་མའི་ཞབས་ལ་གུས་པས་བདུད། །དེ་ལྟར་སྤྱིའི་སྔོན་འགྲོ་མཐར་ཕྱིན་ནས་གཉིས་པ་བསྐྱེད་རྫོགས་ལ་འཇུག་པའི་ཉེར་བསྡོགས་ཁྱད་པར་ཅན་གྱི་སྔོན་འགྲོ་ནི། རྩ་བའི་སྒྲུབ་པ་ལས། ཉམས་དགའ་དབེན་པའི་ས་ཕྱོགས་སུ། །ཞེས་པས་ཡིད་དང་མཐུན་པའི་གནས་ཆོམ་རྐུན་ལ་སོགས་པའི་འཚེ་བ་མེད་ཅིང་། སྐྱེ་བོའི་རྒྱུ་འགྲུལ་དང་། སྒྲའི་ཀླག་ཅོར་སོགས་བསམ་གཏན་ལ་ཚེར་མ་མི་འབྱུང་བ། ཆུ་ལུས་ལ་འཕྲོད་ཅིང་། ཆུ་ཤིང་སོགས་མཐུན་རྐྱེན་འཛོམ་པ། བླ་མ་དང་མཁའ་འགྲོས་བྱིན་གྱིས་བརླབས་པའི་གནས་དབེན་པ་ཉིད་བསྟེན་པ་གལ་ཆེ་སྟེ། བསམ་གཏན་ཆོས་དྲུག་ལས། མང་པོ་རྟག་ཏུ་འཐབ་འགྱུར་ཏེ། །གཉིས་པོ་དག་ཀྱང་འགྲན་ཟླར་འགྱུར། །གཞོན་ནུ་མ་ཡི་གདུ་བུ་བཞིན། །བདག་ཉིད་གཅིག་པུར་གནས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེར་སྤང་བར་བྱ་བ་སྒོ་གསུམ་གྱི་མི་དགེ་བ་དང་། ལུང་མ་བསྟན་གྱི་བྱ་བྱེད་ཐམས་ཅད་སྤང་དགོས་པར་མ་ཟད། བརྟན་པ་ཅུང་ཟད་མ་ཐོབ་ཀྱི་བར་དེ་སྲིད་དུ་ཏིང་ངེ་འཛིན་ལ་གནོད་ན་དགེ་བའི་བྱ་བ་ཡིན་ཡང་རེ་ཞིག་དོར་ནས། བསྟེན་པར་བྱ་བ་ནི། ཡང་དག་པའི་བླ་མ་དམ་པ་དགོངས་ཉམས་ཅན་དང་། སྡིག་དང་མ་འདྲེས་པའི་འཚོ་བའི་ཡོ་བྱད། འདིར་བསྐྱེད་


MLP024_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་དང་འབྲེལ་བར་བསྙེན་སྒྲུབ་ལས་གསུམ་བྱེད་ན་སྒྲུབ་ཐབས་བཞིན་དུ་དེར་དགོས་པའི་ཁྱད་པར་གྱི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱ། ཁྱད་པར་དུ་ཏིང་ངེ་འཛིན་བརྟན་པའི་རྐྱེན་ལུས་ཀྱི་ངལ་དུབ་དྲག་ཤུལ་དང་། ངག་གི་ལོང་གཏམ། ཡིད་ཀྱི་རྣམ་རྟོག་རྒྱུན་བཅད་དེ་དལ་བ་གསུམ་བསྟེན་ནས་རྣལ་འབྱོར་ལ་གཞོལ་བར་བྱ་སྙམ་དུ་ཞེ་དམ་དྲག་པོ་བཅས། དེ་ཡང་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་ཤེས་བརྒྱད་དང་ལྡན་པའང་གདམས་ངག་སྒོམ་པ་ལ་མེད་ཁ་མེད་ཀྱི་ཡན་ལག་ཡིན་པས་ངེས་པར་བྱ་དགོས་སོ། །དེ་ལ་ཉེས་པ་ལྔ་ནི། དབུས་མཐའ་ལས། ལེ་ལོ་དང་ནི་མན་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པས་ཉམས་ལེན་ལ་མི་སྤྲོ་བའི་ལེ་ལོ། བསྒོམ་བྱའི་ཚིག་དོན་བརྗེད་པ། བྱིང་རྒོད་ཀྱི་དབང་དུ་སོང་བ། དེ་གཉིས་བྱུང་ཚེ་གཉེན་པོ་མི་བསྟེན་པ། བྱིང་རྒོད་ཞི་ནས་ཀྱང་ཧ་ཅང་གཉེན་པོ་སྟོབས་ཆེས་ན་སྐྱོན་དུ་འགྱུར་བའོ། །དེ་དག་སེལ་བའི་འདུ་ཤེས་བརྒྱད་ནི། སྔ་མ་ལས། གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་དང་རྟོག་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཆེ་རྣལ་དུ་འདུག་པའོ། །ཞེས་པས་ལེ་ལོའི་གཉེན་པོར་སྒོམ་པ་ལ་ཡིད་འདུན་པ་སྟེ་གནས་དང་། དེ་ལ་གནས་པ་འབད་རྩོལ་གྱི་བརྩོན་འགྲུས་དང་། འདུན་པ་སྐྱེ་བའི་རྒྱུ་དད་པ་དང་བརྩོན་འགྲུས་ཀྱི་འབྲས་བུ་སྒོ་གསུམ་ཤིན་ཏུ་སྦྱངས་ཤིང་ལས་སུ་རུང་བ་དང་བཞིའོ། །དམིགས་པ་བརྗེད་པའི་གཉེན་པོར་ཚིག་དོན་མི་བརྗེད་པའི་དྲན་པ། བྱིང་རྒོད་གཉིས་འབྱུང་མི་འབྱུང་རྟོག་པའི་ཤེས་བཞིན་དང་། བྱུང་ཚེ་སྤོང་བའི་གཉེན་པོ་མངོན་པར་འདུ་བྱེད་པ། ཧ་ཅང་གཉེན་པོ་སྟོབས་ཆེས་པའི་གཉེན་པོར་བཏང་སྙོམས་འདུ་མི་བྱེད་པ་དང་བརྒྱད་དོ། །དེ་དག་ནི་ཁྱད་པར་ཅན་གྱི་སྔོན་འགྲོའོ།། གཉིས་པ་དངོས་གཞི་ནི། སྔར་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ན་སྨོས་མ་དགོས། མ་ཐོབ་ན་སྐབས་འདིར་དབང་ཡོངས་སུ་རྫོགས་པ་བསྐུར་བའམ། ཡང་ན་སྐབས་ཐོབ་ལྟར་བསྐྱེད་རིམ་གྱི་སྔོན་དུ་སྤྲོས་བཅས་ཀྱི་དབང་དང་། རྫོགས་རིམ་གྱི་སྔོན་དུ་སྤྲོས་


MLP024_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཆོག་དབང་གོང་མ་གསུམ་བསྐུར་བས་རྒྱུད་སྨིན་པར་བྱས་ནས་ཁྲིད་ལ་འཇུག་གོ །དེ་ལ་འགྲོ་བ་མཐའ་དག་གདོད་མ་ནས་སྒྲིབ་གཉིས་ཀྱི་འཁྲུལ་པ་དང་བྲལ་བའི་སྐུ་གསུང་ཐུགས་མི་ཤིགས་པའི་རྡོ་རྗེ་གཉུག་མ་བདེ་བར་གཤེགས་པའི་སྙིང་པོར་གནས་ཀྱང་། མ་རྟོགས་པའི་དབང་གིས་འཁོར་བའི་ཆོས་སྒོ་གསུམ་ཉེར་སྤྱོད་དང་བཅས་པའི་རྨི་ལམ་གྱི་སྣང་བ་ལྟར་གློ་བུར་འཁྲུལ་པའི་སྣང་ངོར་ཤར་ནས་ཟག་བཅས་ཀྱི་ལས་སྣ་ཚོགས་ལ་སྤྱད་པས་སྡུག་བསྔལ་གྱིས་ཉམ་ཐག་གོ །དེ་བས་ན་སྦྱང་གཞི་བདེ་གཤེགས་སྙིང་པོ། སྦྱང་བྱ་མ་དག་གློ་བུར་གྱི་དྲི་མ་ཡིན་པས། དེ་སྦྱོང་བྱེད་ཀྱང་། དང་པོར་བསྐྱེད་རིམ་གྱིས་འཁོར་བའི་ཆོས་འདི་དག་མེད་པ་གསལ་སྣང་ཙམ་དུ་ཐག་བཅད་དེ་དག་པའི་སྣང་བར་བསྒྱུར་ནས་བསྒོམས་པས་སྒྲིབ་པ་ཀུན་བརྟགས་གློ་བུར་གྱི་བག་ཆགས་སྦྱོང་བ་དང་བསོད་ནམས་ཀྱི་ཚོགས་བསག རྫོགས་རིམ་གྱིས་གནས་ལུགས་བཞིན་དུ་མངོན་སུམ་དུ་ཉམས་སུ་མྱོང་བར་བྱས་པས་སྒྲིབ་པ་ས་བོན་གྱི་ཆ་སྦྱངས་ནས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་ཡིན་པས། དེ་ལ་ལྟོས་ནས་རྩ་བར། གཉིས་པར་བསྐྱེད་དང་རྫོགས་པ་སྟེ༔ ཞེས་པས་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས། དང་པོ་ལའང་། བསྐྱེད་རིམ་གཙོ་བོར་བྱེད་པའི་དབང་དུ་བྱས་ཏེ་རྒྱས་པ་དང་། རྫོགས་རིམ་གཙོ་བོར་བྱེད་པའི་རྟེན་ཙམ་དུ་བསྐྱེད་རིམ་བསྡུས་པའི་ཚུལ་གཉིས་ལས། དང་པོ་ནི། རྩ་བར། དང་པོ་རྒྱས་པའི་རིམ་པ་ལ༔ མོས་ན་དེ་ཡི་མན་ངག་རྣམས༔ སྒྲུབ་ཐབས་བཞིན་དུ་བསྒོམ་པར་བྱ༔ ཞེས་པས་སྒྲུབ་རྟེན་ལ་བརྟེན་ནས་རང་ཉིད་དེ་དང་རོ་གཅིག་ཏུ་བྱས་ཏེ་ལས་བྱང་ལྟར་ཕྱི་དཀྱིལ་སྒོམ་པ་ཕྱི་སྒྲུབ་བསྙེན་པའི་ཡན་ལགནང་ལྟར་དཀྱིལ་འཁོར་ལུས་ལ་འགོད་པ་ནང་སྒྲུབ་སྒྲུབ་པའི་ཡན་ལག གསང་བ་ལྟར་རྩ་ལ་འགོད་པ་གསང་སྒྲུབ་ལས་ཀྱི་སྦྱོར་བ་དང་། ཡང་གསང་སེམས་ལ་འགོད་པས་ལྷ་སྐུ་རིག་རྩལ་དུ་ངོ་སྤྲོད་པ་ཡིན་པས། ཕྱི་མ་གཉིས་དོན་ལ་སྒྲུབ་པ་ཆེན་པོའི་ཡན་ལག་གོ །འོན་ཀྱང་ད་རེས་འདིར་རྫོགས་རིམ་གཙོ་བོར་བྱེད་པའི་སྐབས་ཡིན་པས་དེ་དག་བཏང་སྙོམས་སུ་བྱས་ཀྱི༑ སྤྲོ་ན་རྩ་བའི་སྒྲུབ་ཐབས་མ་བུ་དང་། རྗེས་མཛད་པའི་བསྙེན་ཡིག་སོགས་ལས་ཤེས་


MLP024_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །གཉིས་པ་ལ། སྐུ་ཕྱག་རྒྱའི་རྣལ་འབྱོར་དང་། གསུང་བཟླས་པའི་རྣལ་འབྱོར་གཉིས་ལས། དང་པོ་ནི། རྩ་བར། ཡང་ན་སྔོན་འགྲོ་མཐར་ཕྱིན་པས༔ སྟོང་ཉིད་ངང་ལས་སྐད་ཅིག་གིས༔ རང་ཉིད་ཇོ་བོ་སྤྱན་རས་གཟིགས༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་པ༔ གསལ་ལ་མ་འདྲེས་དམ་ཚིག་ལྷའི༔ ངོ་བོར་བསྒོམས་པའི་ལུས་ཀྱི་དབུས༔ དྷཱུ་དབུ་མ་ནི། བདེ་མཆོག་ལས། རྒལ་ཚིགས་དབྱུག་པའི་རྣམ་པ་འདི། །མཆོག་གི་ཧེ་རུ་ཀ་ཡི་བརྟན། །ཕུང་པོ་ཁམས་སོགས་སངས་རྒྱས་ཀྱི། །ཀ་བ་ཞེས་ནི་མངོན་བརྗོད་བྱ། །ཏཱི་ཕྱི་དཀར་ནང་དམར་བ༔ དྭངས་ཤིང་མི་གཡོའི་འགྲམ་གཉིས་ན༔ རོ་མ་དང་ནི་རྐྱང་མ་གཉིས༔ ཁྲག་དང་ཁུ་བས་གང་བ་ཉིད༔ འཁོར་ལོ་བཞི་ཡི་ལྟེ་བ་རུ༔ ཐིམ་པའི་ཚུལ་དུ་མི་མངོན་པ༔ རོ་མ་ལས་ནི་རཀྟ་དང་༔ རྐྱང་མ་ལས་ནི་ཤུ་ཀྲ་གཉིས༔ ལྷན་ཅིག་སྟེང་དང་འོག་དག་ནས༔ འཕྱུར་བ་ཆོས་ཀྱི་འཁོར་ལོར་སོན༔ དེ་གཉིས་ཟླ་བ་ཉི་མར་གྱུར༔ དེ་དབུས་རླུང་སེམས་དྭངས་མ་ཧྲཱིཿ གསུམ་ཀ་གཅིག་འདྲེས་དེ་ཉིད་ལས༔ འོད་འཕྲོས་ཚུར་འདུས་ཡོངས་གྱུར་པ༔ རང་ཉིད་ཅི་འདྲའི་ཡེ་ཤེས་སེམས༔ དྭངས་གསལ་འབར་བའི་འོད་འཕྲོ་བ༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་པའི༔ སྙིང་གར་ཨུཏྤལ་དམར་པོའི་དབུས༔ ཏིང་འཛིན་ཧྲཱིཿཡིག་ཡུངས་འབྲུ་ཙམ༔ ཞེས་གསུངས་ཏེ། ཡང་ན་ཞེས་པ་ནི་རྒྱས་པ་མི་ནུས་ན་བསྡུས་པ་འདི་ཙམ་བསྒོམ་ཞེས་འདམ་ཁ་ཅན་དུ་གསུངས་པའོ། །དེའི་སྒོམ་ཚུལ་ནི། ཐོག་མར་གནད་ཐེམས་ལས། དངོས་གཞི་ཉམས་དང་རྟོགས་པའི་རྩལ༔ སྐྱེད་བྱེད་མྱུར་བའི་ལམ་གྱི་སྒོ༔ ཞེས་པས་སྔོན་འགྲོ་ནི་དངོས་གཞིའི་ལམ་གྱི་ཉམས་རྟོགས་སྐྱེད་བྱེད་ཀྱི་སྒོ་ཡིན་པས་སྔར་མཐར་ཕྱིན་པ་སོང་ན། སྐྱབས་སེམས་བླ་མའི་རྣལ་འབྱོར་ཙམ་གྱིས་ཆོག་མོད། དེ་ལྟར་མ་ཡིན་ན། སྔ་ཐུན་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་དྲག་ལ་འཇུར་བ་ཡུན་རིང་ཐུང་ཅི་རིགས་པར་བྱ་ཞིང་། ཕྱི་ཐུན་རྣམས་ལ་བསྡུ་ན་ཐུན་ལ་འཇུག་པའི་སྔོན་འགྲོ་ཙམ་བྱས་རྗེས་ལུས་གནད་རྣམ་སྣང་ཆོས་བདུན་སྤྱི་དང་མཐུན་པ་ཙམ་བྱས་ལ་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་སྟོང་ཉིད་དེ་བཞིན་ཉིད་ཀྱི་


MLP024_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་དང་། དེ་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འགག་མེད་སྙིང་རྗེའི་རྩལ་སྣང་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ་དར་ཅིག་མཉམ་པར་བཞག དེ་གཉིས་ཟུང་དུ་འཇུག་པའི་རྒྱུ་ལས་པདྨ་དང་ཉི་ཟླའི་གདན་ལ་བདག་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐ ལ་མོ་སྦྱར་བའི་བར་དུ་རྡོ་རྗེ་བསྡམས་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་གཡས་པདྨའི་ཕྲེང་བ་དང་། གཡོན་ཨུཏྤལ་དམར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལས་དྲི་མ་མེད་པའི་འོད་ཟེར་འཕྲོ་བ། མཛེས་ཤིང་ཡིད་དུ་འོང་བ་ཁྲོ་འཛུམ་ཆགས་པའི་ཉམས་ཅན། དེའི་པང་ན་ཡུམ་གསང་བ་ཡེ་ཤེས་མ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡས་འོག་མས་རལ་གྲི་དང་། གཡོན་འོག་མས་ཁ་ཊྭཱཾ་ག་འཛིན་པ། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ་གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོ་རྒྱས་པའི་ཉམས་ཅན་རུས་པའི་རྒྱན་གྱིས་བརྒྱན་པའོ། །དེ་ནི་དམ་ཚིག་སེམས་དཔའ་བསྒོམ་པའི་རིམ་པ་སྟེ། རིམ་གྱིས་གསལ་བཏབ་ཅིང་། མི་གསལ་ན་བྲིས་སྐུ་ལྟ་བུ་ལ་མིག་རེངས་རེངས་སུ་བལྟས་པས་ཡིད་ལ་གསལ་སྣང་ཤར་བ་ན་དེ་ལ་རྩེ་གཅིག་ཏུ་ཡིད་བཞག་ནས་བསྒོམས་པས་གསལ་བར་འགྱུར་གསུང་སྟེ་དམིགས་སྐོར་དང་པོའོ། །དེ་ལྟར་བསྒོམས་པས་ལྷའི་རྣམ་པ་ཡིད་ཡུལ་དུ་གསལ་ལེགས་པར་ཐེབས་པ་དང་། ཕྱི་ལྷའི་རྣམ་པ་དེ་ག་ལ་ནང་སྟོང་ར་ཕྲུ་མ་ཕུས་བཏབ་པ་ལྟར་གསལ་བའི་དབུས་སུ་རྩ་ཨ་བ་དྷཱུ་ཏི་ཕྱི་དཀར་ལ་ནང་དམར་བ་སྦོམ་ཕྲ་སྦ་ལྕག་ཙམ་པ་སྦུབས་སྟོང་། དྭངས་ཤིང་སྒྲིབ་པ་མེད་པར་གསལ་བ། དྲང་ཞིང་གཡོ་བ་མེད་པ། ཡར་སྣ་ཚངས་བུག་དང་། མར་སྣ་གསང་གནས་སུ་ཟུག་པ། དེའི་གཡས་སུ་རོ་མ་དམར་པོ་ཁྲག་གིས་གང་བ་དང་། གཡོན་དུ་རྐྱང་མ་དཀར་པོ་ཁུ་བས་གང་བ། ཡར་སྣ་སྨིན་མཚམས་ནས་སྣ་བུག་གི་ནང་གཉིས་སུ་ཟུག་ཅིང་མར་སྣ་ལྟེ་འོག་སོར་བཞིའི་ཐད་ནས་གུག་པའི་སྣ་དྷཱུ་ཏིར་ཚུད་པ། འཁོར་ལོ་བཞིའི་ཐད་ཀར་


MLP024_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱུ་ཏི་ལ་ཐིམ་པའི་ཚུལ་དུ་ནང་ཁོངས་འབྲེལ་བར་གནས་པས་མི་མངོན་པ། དེ་ལྟར་རྩ་གསུམ་སྲོག་ཤིང་བསླང་བ་ལྟ་བུ་ལ་འཁོར་ལོ་བཞི་གདུགས་ཀྱི་རྩིབས་མ་བསྐོན་པ་ལྟ་བུ་སྟེ། འཁོར་ལོ་བཞིའི་ལྟེ་བའི་དྷཱུ་ཏི་ནས་ཕྱོགས་བཞིར་རྩ་རེ་རེ་སྟེ་རྩ་བཞི་བཞི་གྱེས་པ་ལས་སྙིང་གར་དེ་ལས་གཉིས་གཉིས་གྱེས་པས་རྩ་འདབ་བརྒྱད། མགྲིན་པར་དེ་ལས་ཀྱང་གཉིས་གཉིས་གྱེས་པས་བཅུ་དྲུག སྤྱི་བོར་དེ་ལས་ཀྱང་གཉིས་གཉིས་གྱེས་པས་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པའི་རྩ་འདབ་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་པས་བཅུ་གཉིས་དང་། དེའི་སྔར་གྱེས་པའི་བརྒྱད་ལས་ལྔ་ལྔ་དང་། མ་གྱེས་པའི་བཞི་ལས་དྲུག་དྲུག་སྟེ་དྲུག་ཅུ་རྩ་བཞི་ལས། དྲུག་རེ་གྱེས་པའི་ཡ་གྱལ་རེ་རེ་རླུང་མི་འབབ་པས་སྟོང་པའི་རྩ་བཞི་ཞེས་ཟེར་ཏེ། རྩ་འདབ་ཐམས་ཅད་ཀྱང་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དུ་སྒོམ་སྟེ་དམིགས་སྐོར་གཉིས་པའོ། །འདི་ལ་འཁོར་ལོ་བཞི་གསལ་མ་ཐེབས་ན་རྩ་གསུམ་གསལ་བཏབ་པ་ཙམ་གྱིས་ཀྱང་དགོས་པ་འགྲུབ་གསུང་། དེ་ལྟར་གསལ་ཐེབས་པ་དང་མངོན་བྱང་ལྔའི་སྒོ་ནས་ཡེ་ཤེས་སེམས་དཔའ་སྒོམ་པ་ནི། རྐྱང་མའི་མར་སྣ་ལས་ཁུ་བ་དྷཱུ་ཏིའི་ནང་དུ་ཞུགས་ཏེ་འོག་ནས་ཡར་སྐྱ་ཕྱུར་ཕྱུར་འོངས་པ་སྙིང་གའི་འཁོར་ལོའི་ལྟེ་བར་སོན་པ་ན་ཟླ་བའི་དཀྱིལ་འཁོར་ཉ་གང་བར་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། སྨིན་མཚམས་ཀྱི་ཐད་ཀྱི་རོ་མ་ལས་རཀྟ་དྷཱུ་ཏིའི་ནང་དུ་ཐོགས་པ་མེད་པར་ཞུགས་ཏེ་སྟེང་ནས་མར་དམར་ཕྱུར་ཕྱུར་བབས་པ་སྙིང་གའི་འཁོར་ལོར་སླེབ་པ་ན་ཉི་མའི་དཀྱིལ་འཁོར་དུ་གྱུར་པ་ནི་མཉམ་ཉིད་ཡེ་ཤེས། ཉི་ཟླ་གཉིས་ཀྱི་བར་དུ་རླུང་སེམས་མི་ཤིགས་པའི་དྭངས་མ་ཧྲཱིཿཡིག་དམར་པོ་གསལ་ཞིང་འཚེར་བ་ནི་སོར་རྟོག་ཡེ་ཤེས། དེ་གསུམ་ཞུ་ནས་གཅིག་ཏུ་འདྲེས་པའི་འོད་ཕུང་ལས་འོད་ཟེར་སྤྲོ་བ་དང་བསྡུ་བའི་སྦྱོར་བས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས། དེ་ཡོངས་སུ་གྱུར་པ་ལས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་དྭངས་གསལ་འབར་བའི་འོད་ཟེར་འཕྲོ་བར་སྒོམ་པ་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་ཆོ་ག་སྟེ། དགྱེས་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱིས་བདུན་པ་མཉམ་པ་ཉིད།།


MLP024_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡི། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་གསུངས་པ་ལྟར་བསྒོམ་སྟེ་དམིགས་སྐོར་གསུམ་པའོ། །དེ་ལྟར་གསལ་བརྟན་དུ་གྱུར་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཨུཏྤལ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་བྱེ་བ་གེ་སར་ཟི་ཕོལ་དང་བཅས་པའི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿཡིག་དམར་པོ་ཡུངས་འབྲུ་ཙམ་པ་མར་མེ་ལྟར་འབར་ཞིང་གསལ་བར་བསྒོམ། དེ་ལྟར་སེམས་དཔའ་གསུམ་རིམ་པར་གསལ་བཏབ་ཅིང་། མེ་ལོང་ནང་གི་གཟུགས་བརྙན་གྱི་དཔེ་དང་སྦྱར་ཏེ་རྣམ་པ་གསལ་ལ་དེར་འཛིན་མེད་པའི་ལྷ་སྐུ་གསལ་སྟོང་དེ་ལ་གནད་དུ་བསྣུན་ནས་སྒོམ་པ་གལ་ཆེ་སྟེ། རྒྱལ་པོ་ལུང་བསྟན་རྡོ་རྗེའི་ཞལ་ནས། ལྷ་ཡི་སྐུ་ནི་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་འཐོབ་པར་འགྱུར། །དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་འཐོབ་པར་འགྱུར། །ཞེས་གསུངས་ཤིང་། གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷའི་བདག་ཉིད་ངའོ་སྙམ་དུ་ང་རྒྱལ་ཡང་བྱ་སྟེ་དམིགས་སྐོར་བཞི་པའོ། །འདིར་ཡེ་ནས་རང་བྱུང་གི་ལྷའི་རྣམ་པ་ལམ་བྱེད་ཡིན་པས་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་སོགས་མ་བྱས་ཀྱང་ཆོག་སྟེ། གཉུག་མའི་ལྷ་དེ་གློ་བུར་དྲི་བྲལ་གྱི་རྒྱལ་བ་རྣམས་དང་གདོད་མ་ཉིད་ནས་རང་བཞིན་དབྱེར་མེད་དུ་བཞུགས་པས་དམ་ཡེ་དབྱེར་མེད་པའི་རྒྱུ་མཚན་གྱིས་ཡིན་ལ། ཡང་ལས་གཞུང་ལས་འབྱུང་བ་ལྟར་སྤྲོ་ན་བྱས་ཀྱང་འགལ་བ་ནི་མ་མཐོང་ངོ་གསུང་། གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ་གསུམ་སྟེ། ཡིད་བཟླས་རྩ་བའི་བཟླས་པ་དང་། དེའི་ལས་སྦྱོར་སྦྱང་པ་གསུམ། སྐྱོ་ན་ངག་གི་བཟླས་པ་བྱ་བའོ། །དང་པོ་ནི། རྩ་བར། དེ་ལས་འོད་ཟེར་སོར་གཅིག་ཏུ༔ འཕྲོ་ཞིང་དེ་ནས་མི་མངོན་པར༔ བུན་བུན་ཡལ་བར་བསྒོམས་བྱས་ལ༔ སེམས་བཟུང་ཡིད་ཀྱི་བཟླས་པ་བྱ༔ ཞེས་གསུངས་ཏེ། བདག་ཉིད་སེམས་དཔའ་སུམ་བརྩེགས་སུ་བསྒོམས་པའི་རྣམ་པ་གསལ་བརྟན་གྱི་ཉམས་སྐྱེས་པ་ན།


MLP024_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་དམར་པོ་འབར་བའི་རྣམ་པ་ཅན་དེ་ལས་འོད་ཟེར་དམར་པོ་རིང་ཐུང་སོར་གཅིག་ཙམ་རེ་སྤྲོས་པའི་རྩེ་མོ་བུན་བུན་ཡལ་བར་བསྒོམས་ལ། ཡི་གེ་བཅུ་པའི་ཡིད་བཟླས་བྱ་བ་ཡིན་ཏེ་དམིགས་སྐོར་དང་པོའོ། །གཉིས་པ་ལ་གསུམ་སྟེ། བགེགས་སྦྱང་ཞིང་བསྲུང་བ། ནད་གདོན་སྦྱང་བ། སྡིག་སྒྲིབ་སྦྱང་བའོ། །དང་པོ་ནི། རྩ་བར། སླར་ཡང་ཧྲཱིཿལས་འོད་ཟེར་འཕྲོས༔ འོད་ཟེར་མཚོན་ཆ་འབར་བའི་མེ༔ སྤྲོས་པས་བགེགས་བསྐྲད་ཕྱོགས་མཚམས་ཀུན༔ སྲུང་བའི་འཁོར་ལོས་བརྟན་པར་བྱ༔ ཞེས་གསུངས་ཏེ། ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་ལས་འོད་ཟེར་ཚ་ཞིང་རྩུབ་པ་མེ་དང་མཚོན་ཆའི་རྣམ་པ་ཅན་ཉི་ཟེར་རྡུལ་ཕྲན་ལྟ་བུ་སྤྲོས་པས་བར་དུ་གཅོད་པའི་བགེགས་ཐམས་ཅད་མཐར་བསྐྲད། འོད་ཟེར་རྣམས་ཚུར་འདུས་པ་ལས་མཚོན་ཆ་དང་མེའི་གུར་གྱིས་བཅིངས་ཏེ་བརྟན་པར་བསམ་ལ་ཡིད་བཟླས་བྱ་སྟེ་དམིགས་སྐོར་གཉིས་པའོ། །གཉིས་པ་ནད་གདོན་སྦྱང་བ་ནི། རྩ་བར། ཏིང་འཛིན་ཧྲཱིཿལས་མཚོན་ཆ་དང༔ འབར་བའི་མེ་ཡིས་རྩ་སྦུབས་གང༔ ནད་གདོན་བ་སྤུའི་བུ་ག་ནས༔ ཕྱིར་དེད་དྲག་པོའི་མེ་ལྕེ་ཡིས༔ རབ་ཏུ་བསྲེགས་ཤིང་བཅོམ་པར་བསམ༔ ཞེས་གསུངས་ཏེ། ཧྲཱིཿལས་མེ་མཚོན་སྔར་ལྟར་སྤྲོས་ཏེ་རྩ་སྦུབས་ཐམས་ཅད་ཁེངས་པས་ནད་རྣམས་རྣག་ཁྲག་ལྗན་ལྗིན་དང་གདོན་རྣམས་སྲོག་ཆགས་ཕྲ་མོའི་རྣམ་པར་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་དེད་དེ་བསྲེགས་ཤིང་གཏོར་བས་ལྷག་མེད་དུ་སྦྱངས་པར་བསམ་ལ་ཡིད་བཟླས་བྱ་སྟེ་དམིགས་སྐོར་གསུམ་པའོ། །གསུམ་པ་སྡིག་སྒྲིབ་སྦྱང་བ་ནི། རྩ་བར། ཧྲཱིཿལས་མེ་འོད་ཀུནྡཱ་ལྟར༔ དཀར་བ་སྤྲོས་པས་རང་རྒྱུད་ཀྱི༔ སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས༔ ལུས་ནང་གང་བའི་མེ་ལྕེ་རྣམས༔ བ་སྤུའི་སྒོ་ནས་ཕྱིར་སོང་བས༔ སྐྱེ་འགྲོའི་ལུས་ཞུགས་སྡིག་སྒྲིབ་རྣམས༔ བསྲེགས་སྦྱངས་འོད་ཀྱི་རྣམ་པར་ནི༔ ཏིང་འཛིན་ཧྲཱིཿལ་བསྟིམ་པར་བྱ༔ ཞེས་གསུངས་ཏེ། ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་ལས་མེ་འོད་དཀར་པོ་གསལ་ཞིང་འབར་བ་སྤྲོས་པས་རང་གི་ལུས་ནང་ཐམས་ཅད་གང་། སྡིག་སྒྲིབ་རྣམས་ཚང་མང་གི་དུད་པ་ལྟར་ནག་ངམ་མེ་གནས་པ་ཐམས་ཅད་བསྲེགས་


MLP024_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྦྱངས་པས་ལུས་ནང་དཀར་སང་གིས་དག་པར་བསམས་ལ་ཡིད་བཟླས་བྱ། དེ་ནས་ལུས་ནང་གི་མེ་ལྕེ་རྣམས་རང་གི་བ་སྤུའི་བུ་ག་ཐམས་ཅད་ནས་ཐོགས་པ་མེད་པར་ཕྱིར་འཐོན་ཏེ། སེམས་ཅན་ཐམས་ཅད་ཀྱི་ལུས་ནང་དུ་ཞུགས་ནས་སྡིག་སྒྲིབ་རྣམས་སྔར་ལྟར་བསྲེགས་ཤིང་སྦྱངས་པས་འོད་དུ་ཞུ་ནས་ཚུར་འདུས་པ་སྙིང་གའི་ཧྲཱིཿལ་ཐིམ་པར་བསམས་ལ་ཡིད་བཟླས་བྱ་སྟེ་དམིགས་སྐོར་བཞི་པའོ། །གསུམ་པ་ངག་གི་བཟླས་པ་ནི། རྩ་བར། སླར་ཡང་ཧྲཱིཿམཐར་སྔགས་ཕྲེང་རྣམས༔ ཤིན་ཏུ་གསལ་བར་བསྒོམས་པ་ལས༔ འོད་འཕྲོས་དོན་བྱས་བདག་ལ་བསྟིམ༔ སྒྲུབ་དང་བདེ་ཆེན་བཟླས་པ་བྱ༔ ཞེས་གསུངས་ཏེ། དེ་ལ་གཉིས་ལས། སྤྲོ་བསྡུའི་བཟླས་པ་ནི། སྙིང་གའི་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཡིག་འབྲུ་རྣམས་སྤུས་བྲིས་པ་ལྟར་ཤིན་ཏུ་ཕྲ་བའི་གཟུགས་ཀྱིས་ལྡེམ་མེ་གཡས་སུ་བསྐོར་བ། དེ་ལས་འོད་ཟེར་སྤྲོས་པས་མཁའ་ཁྱབ་ཀྱི་རྒྱལ་བ་མཆོད། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་སྒྲིབ་པ་དག ཚོགས་རྫོགས། དབང་བཞི་ཐོབ་པར་བསམ། ཡང་མཁའ་ཁྱབ་ཀྱི་སེམས་ཅན་ལ་ཕོག་པས་ལས་ཉོན་སྡིག་སྒྲིབ་སོགས་གློ་བུར་གྱི་དྲི་མ་ཐམས་ཅད་སྦྱངས་པས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ངོ་བོར་སངས་རྒྱས་ཏེ། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་། སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རྟོག་ཐམས་ཅད་མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་ནས་ངག་གི་བཟླས་པ་ཅི་ནུས་བྱ་སྟེ་དམིགས་སྐོར་ལྔ་པའོ། །བདེ་ཆེན་གྱི་བཟླས་པ་ནི། ཐུགས་ཀའི་ཧྲཱིཿལས་བཟླ་བྱའི་སྔགས་ཀྱི་ཕྲེང་བ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། པདྨ་ནས་རྡོ་རྗེའི་ལམ་བརྒྱུད་དེ་ཐུགས་ཀའི་ཧྲཱིཿལ་ཐིམ་པའི་ཚུལ་གྱིས་སྔགས་འཕྲེང་མགལ་མེ་འཁོར་བ་ལྟ་བུ་ལ་ཤེས་པ་གཏད་ཅིང་། བདེ་སྟོང་དབྱེར་མེད་གསལ་ལ་མི་རྟོག་པའི་ངང་ལ་མཉམ་པར་བཞག་ནས་ངག་གི་བཟླས་པ་བྱ་སྟེ་དམིགས་སྐོར་དྲུག་པའོ།། སྐུ་ཕྱག་རྒྱ་དང་གསུང་བཟླས་པའི་རྣལ་འབྱོར་གྱི་སྐབས་ཐམས་ཅད་དུ་ཐུན་འཇོག་པའམ་ཉལ་བའི་ཚེ། དག་པའི་སྣོད་བཅུད་ཐམས་ཅད་རང་ལ་བསྟིམ་ནས་རིམ་བཞིན་ཐུགས་ཀའི་ཧྲཱིཿ


MLP024_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་གི་བར་དུ་བསྡུས་ཏེ། དེ་ཉིད་ཤིན་ཏུ་ཕྲ་བ་ལ་སེམས་ཡུན་རིང་དུ་བཟུང་། དེ་ཡང་བསྡུས་ཏེ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག ཉལ་བ་ལས་ལྡང་བའམ། སྤྱོད་ལམ་ལ་འཇུག་པ་ན། ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུ། སྒྲར་གྲག་པ་གསུང་། དྲན་རིག་ཐུགས་སུ་ཤེས་པར་བྱས་ལ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ལུས་ནི་སྣང་སྟོང་འོད་སྐུར་དག༔ ངག་ནི་གཞོམ་མེད་རང་སྒྲར་ཡལ༔ སེམས་ནི་བདེ་ཆེན་ཆོས་སྐུར་གྲོལ༔ བདེ་གཤེགས་ཐུགས་རྗེའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཤོག༔ ཅེས་བསྔོ་བ་བྱ་སྟེ་འོག་མ་རྣམས་ལའང་ཤེས་པར་བྱའོ། །དེ་ལྟར་འབད་པས་རྣམ་རྟོག་གི་རྒྱུ་བ་ཇེ་ཉུང་དང་། བརྟན་པ་ཇེ་ཐོབ་ཏུ་གྱུར་ཏེ། རིམ་གྱིས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ལྔ་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས། ངེས་པར་དྲོད་གསུམ་མྱོང་ནས་ནི༔ རྟགས་ཀྱི་རྣམ་པ་ཅིར་ཡང་འཆར༔ ཞེས་པས་ཕྱིའི་དྲོད་ལུས་ཡང་བ་སྙམ་བྱེད་པ། ནང་གི་དྲོད་དབུགས་རྒྱུ་བ་མི་ཚོར་བ། གསང་བའི་དྲོད་སྤྱོད་ཡུལ་སྒྱུ་མ་ལྟ་བུར་ཤེས་པ་སོགས་འབྱུང་ཞིང་། དེ་ལྟར་ཉམས་སུ་མྱོང་བའི་རྟགས་ཀྱང་མང་དུ་འབྱུང་གསུང་སྟེ། དེ་དག་ཤེས་པར་བྱ་བ་དང་ཡོན་ཏན་ངོ་སྤྲོད་ཅིང་སྐྱོན་བཅོས་ཚུལ་སོགས་བླ་མ་དམ་པའི་ཞལ་ལས་ཤེས་པར་བྱའོ། །འདི་རྫོགས་རིམ་གྱི་རྟེན་དུ་འགྲོ་ཚུལ་གང་ཞེ་ན། ལྷའི་སྐུ་སྒོམ་པ་སྐུ་རྡོ་རྗེའི་སྔགས་བཟླ་བ་གསུང་རྡོ་རྗེའི་འོད་གསལ་དུ་འཇུག་པ་ཐུགས་རྡོ་རྗེའི་རྫོགས་རིམ་གྱི་རྟེན་དུ་ འགྲོ་བ་ཡིན་ནོ། །འདི་དག་ཏུའང་སྤྲོ་ན་བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་སོགས་གོ་དོན་ཇི་ལྟར་རིགས་པ་བཤད་པར་བྱའོ། །དེ་དག་ནི་རིམ་པ་དང་པོ་བསྐྱེད་རིམ་གྱི་ཁྲིད་དོ། །༈ དེ་ནས་རིམ་པ་གཉིས་པའི་ཁྲིད་ཚུལ། རྩ་བར། གཉིས་པ་རྫོགས་པའི་རིམ་པ་ལ༔ མི་ཤིགས་གསུམ་འབྲས་ཡན་ལག་སྟེ༔ ཞེས་གསུངས་པས། རྩ་བའི་མན་ངག་རྡོ་རྗེ་གསུམ་གྱི་རྣལ་འབྱོར། དེ་ལ་བརྟེན་ཏེ་མི་འགྱུར་རྟག་པའི་འབྲས་བུ་མངོན་དུ་བྱེད་ཚུལ། ཡན་ལག་གི་མན་ངག་དུམ་དུམ་ཁྲིགས་ཀྱི་སྐོར་དང་གསུམ་མོ། །དང་པོ་ནི། ཕྲ་བའི་ལུས་ངག་ཡིད་རྩ་རླུང་ཐིག་ལེའི་བྱེད་བཅིངས་ལ་བརྟེན་ནས། ཤིན་ཏུ་ཕྲ་བའི་སྒོ་གསུམ་མི་ཤིགས་པའི་དྭངས་


MLP024_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྡོ་རྗེ་གསུམ་དུ་བྱེད་པའི་རྣལ་འབྱོར་ཡིན་པས་ན་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཞེས་བྱ་སྟེ། དེ་ལ་གསུམ། ལུས་རྩ་དག་པར་བྱེད་པ་སྐུ་རྡོ་རྗེའི་རྣལ་འབྱོར། ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེའི་རྣལ་འབྱོར། ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེའི་རྣལ་འབྱོར་རོ། །དང་པོ་ནི། རྩ་བར། དང་པོ་ལུས་གནད་མི་གཡོར་བཅིངས༔ རྩ་གསུམ་གསལ་བཏབ་རོ་རྐྱང་ལས༔ ཤུ་ཀྲ་དང་ནི་ར་ཛ་ཧ༔ དྷཱུ་ཏིའི་ལམ་ནས་གཞའ་ཚོན་ལྟར༔ བཀྲ་བའི་རླུང་རྣམས་བྱང་བ་གང་༔ ལྟེ་བའི་འཁོར་ལོར་སོན་པ་ན༔ ཏི་ལ་དམར་སྐྱ་དྭངས་ཤིང་འཚེར༔ ཙ་ན་ཀ་ཡི་འབྲུ་ཡི་ཚད༔ དེ་དབུས་རང་སེམས་ཧྲཱིཿའི་རྣམ་པ༔ མི་ཤིགས་པ་ཡི་ངོ་བོ་ལ༔ རྩེ་གཅིག་མཉམ་བཞག་བརྟན་པར་བྱ༔ འཕྲོ་ན་ཐ་མལ་རྣམ་རྟོག་རྣམས༔ སྤངས་ནས་སྔར་བཞིན་ཡང་ཡང་བསྒོམ༔ དེ་བརྟན་ཐ་མལ་རྣམ་རྟོག་དང་༔ དབང་ཤེས་ནང་དུ་ལྡོག་ཉེའི་ལྟས༔ སྨིག་རྒྱུ་ལ་སོགས་རྟགས་རྣམས་འཆར༔ དེ་ཚེ་ཐིག་ལེའི་རྣམ་པ་ལས༔ ཡུལ་སྣང་གཞན་རྣམས་འགགས་གྱུར་པ༔ འདི་ཉིད་གོམས་པར་གྱུར་པའོ༔ ཞེས་གསུངས་ཏེ། སྔོན་འགྲོ་དང་བསྐྱེད་རིམ་སྒོམ་པ་སྔོན་དུ་བཏང་ནས། སྟན་བདེ་བ་ལ་ལུས་གནད་མི་གཡོ་བར་འཆིང་བ་གལ་ཆེ་སྟེ༑ དེའི་རྒྱུ་མཚན། ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་སྲང་དང་འདྲ། རླུང་རྟ་དང་འདྲ། རྣམ་ཤེས་མི་དང་འདྲ། བྱེད་པ་བཅིངས་པས་སྲང་སྒོ་ཁེགས་ནས་མི་རྟ་ནང་དུ་ཚུད་དེ་འགྲོར་མི་བསྟུབ་པ་དང་འདྲ་གསུང་། དེ་ཡང་རྐང་པ་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་རླུང་གསང་བ་ན་གནས་པ་དེ་འཆིང་། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་མཐེ་བོས་སྲིན་ལག་གི་རྩ་བ་མནན་པ་རྐང་མཐིལ་གཉིས་ཀྱི་སྟེང་དུ་བཞག་ལ་ལག་ངར་བསྲང་། སྐེད་པ་ཅུང་ཟད་ཉེག་བྱས་ཏེ་ལྟོ་བ་ཕྱིར་ཕུལ་བས་མེ་མཉམ་གྱི་རླུང་ལྟེ་བར་ཡོད་པ་དེ་འཆིང་། རོ་སྟོད་གཟེངས་བྱས་ཏེ་དགྱེ་དགུ་མེད་པས་སྲོག་འཛིན་གྱི་རླུང་སྙིང་གར་གནས་པ་དེ་འཆིང་། མགྲིན་པ་ཅུང་ཟད་དགུ་བ་ལྐོག་མས་ཨོལ་མདུད་ནོན་ཙམ་བྱས་པས་གྱེན་རྒྱུ་མགྲིན་པར་གནས་པ་དེ་འཆིང་། རྒལ་ཚིགས་དང་ལྟག་པ་བསྲངས་ནས་མགོ་བོ་ཡ་ཡོ་མེད་པ་གཟེངས་བྱས་ཏེ་ལུས་ཀྱི་ཆ་ཆ་ནས་ཧྲིལ་གྲིམ་པས་ཁྱབ་བྱེད་ཀྱི་རླུང་པགས་པའི་མཐར་ཐུག་པར་གནས་པ་དེ་འཆིང་། དེ་


MLP024_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྩ་བའི་རླུང་ལྔ་ཟིན་པས་ཡན་ལག་གི་རླུང་ལྔ་ཡང་ཤུགས་ལ་འཆིང་། སོ་མཆུ་རང་སར་བཞག་ཅིང་ལྕེ་ཡ་རྐན་ལ་སྦྱར་བས་མི་སྐོམ་པ་ལ་སོགས་པའི་ཡོན་ཏན་འཆར། མིག་གི་ལྟ་སྟངས་མིག་འབྲས་མི་འགུལ་ཞིང་རྫི་མ་འཐབ་རྡེབ་མེད་པར་གཡོ་མེད་དུ་ཆེ་རེ་འཇོག དེ་ཡང་རླུང་སེམས་ཐིག་ལེ་རྣམས་ཐུར་ལ་འབུད་པའི་སྐྱོན་སེལ་ཕྱིར་ལྟ་སྟངས་མཐོ་བ་དགའ་གསུང་། སེམས་ཀྱི་གནད་རང་སྐད་ཅིག་གི་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་ལུས་ཀྱི་དབུས་སུ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པའམ། ཡང་ན་རྩ་གསུམ་སྔར་ལྟར་གསལ་བཏབ་སྟེ་ཐེབས་པ་ན། རླུང་རོ་ལན་གསུམ་སྣ་སྒོ་ནས་དལ་བར་བསལ་ལ། སྟེང་རླུང་ཤིན་ཏུ་འཇམ་པ་རང་བབས་སུ་བརྔུབས་པས། དེའི་ཚེ་དམིགས་པ་གཡས་རོ་མའི་ལམ་ནས་ར་ཛ་ཧ་སྟེ་རྡུལ་དང་། གཡོན་རྐྱང་མའི་ལམ་ནས་ཤུ་ཀྲ་སྟེ་ཁུ་བ་གཉིས་ཁྱུར་ཁྱུར་སོང་བ་རྩ་གཉིས་ཀྱི་མར་སྣར་སླེབས་པ་དང་། འོག་རླུང་འཇམ་པོར་དྲངས་པས་དྷཱུ་ཏིའི་ལམ་ནས་ཀྱང་འཇའ་ཚོན་ལྟར་བཀྲ་བའི་རླུང་བྱུང་བ་ལྟེ་འོག་སོར་བཞིའི་ཐད་དུ་སླེབས་པ་ན་གསུམ་ཀ་ལྷན་ཅིག་ཏུ་དྷཱུ་ཏིའི་ནང་བརྒྱུད་ལྟེ་བའི་འཁོར་ལོར་སོན་ནས་ཧྲིལ་གྱིས་འདྲིལ་བའི་ཐིག་ལེ་དམར་སྐྱ་དྭངས་ཤིང་འཚེར་བ་སྲན་མ་ཙ་ན་ཀའི་འབྲུའི་ཚད་ཙམ་པའི་དབུས་སུ་རང་སེམས་མི་ཤིགས་པའི་ངོ་བོར་ཧྲཱིཿཡིག་དམར་པོ་ཕྲ་ཞིང་འབར་བའི་རྣམ་པར་གསལ་བཏབ་སྟེ། མདོ་སྡེ་རྒྱན་ལས། དམིགས་ཡུལ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་པ་ལྟར་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་བཅད་ནས་ཐིག་ལེའི་རྣམ་པ་ལམ་མེ་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད། ངག་གི་གནད་འཇམ་རླུང་རང་བབས་སུ་འཛིན་པ་ཕྱག་ལེན་ནོ། །དེ་ཡང་སེམས་དུས་གསུམ་གྱི་སྤྲོས་པ་དང་། རེ་དོགས། སྐྱོན་ཡོན། དགག་སྒྲུབ་བླང་དོར། དཔྱད་ སྒོམ་སོགས་ཡིད་ཀྱི་རྟོག་དཔྱོད་དོར་ནས། ཐིག་ལེའི་རྣམ་པ་གསལ་ཙམ་པའི་སྟེང་དུ་མ་ཡེངས་པར་སལ་ལེ་ཧྲིག་གེ་འཇོག དེ་ཡང་ཀུན་བྱེད་ལས། མ་སྐྱེས་ནམ་མཁའ་ལྟ་བུའི་སེམས་ཉིད་འདི། །མི་སྐྱེ་འགག་པ་མེད་པའི་ངང་དུ་ཞོག །ཅེས་དང་། ཡང་དག་སྙིང་པོ་ལས། མར་མེ་རླུང་གིས་མ་བསྐྱོད་བཞིན། །གསལ་ལ་མི་རྟོག་མ་ཡེངས་བཞག །ཅེས་གསུངས་པ་


MLP024_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཏེ་དམིགས་སྐོར་དང་པོའོ། །དེའི་ངང་ལས་རྣམ་རྟོག་ཐོལ་གྱིས་འཕྲོས་ཏེ་ཡུལ་གྱི་རྣམ་པ་ཝལ་གྱིས་ཤར་ན་ངོས་ཟིན་པར་བྱས་ནས། དེ་ལ་རྟོག་དཔྱོད་སོགས་གང་ཡང་མི་བྱ་བར། དེ་ཉིད་རྦད་ཀྱིས་བཅད་ནས་ཤེས་པ་ཧྲིལ་གྱིས་གྲིམ་ལ་ཐིག་ལེའི་སྟེང་དུ་བཟོ་མེད་ཡེངས་མེད་དུ་ཅེ་རེ་འཇོག དེ་ཡང་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། ཡུད་དེ་སེམས་བཞག་ཧྲིལ་གྱིས་གྲིམ༔ མ་བཅོས་མ་བསླད་འགྱུ ར་བ་མེད༔ ཇི་ལྟར་ནམ་མཁའ་དག་པ་བཞིན༔ མི་རྟོག་མཐའ་དབུས་མེད་པར་ཞོག༔ ཅེས་གསུངས་པ་ལྟར་ཏེ་དམིགས་སྐོར་གཉིས་པའོ། །ཡང་གྲིམ་དྲགས་པས། རིག་པ་གཡེར་ཞིང་འཕྲོ་རྒོད་འབྱུང་ན། ཀུན་མཁྱེན་ཆོས་རྗེས། ཆད་པ་ངལ་བསོ་བཞིན་དུ་ལྷོད་ཀྱིས་ཀློད། །ཅི་ཡང་མི་བསམ་ཡིད་ལ་བྱེད་པ་བོར། །ཞེས་གསུངས་པ་ལྟར། མ་ཡེངས་དྲན་པའི་བྱ་ར་དང་ལྡན་པས་རང་བབས་སུ་ལྷོད་ཀྱིས་ལྷོད་ལ་འཇོག་སྟེ་དམིགས་སྐོར་གསུམ་པའོ། །མདོར་ན་ཐིག་ལེའི་རྣམ་པ་དམར་ལམ་མེ་བ་དང་རིག་པ་གསལ་ཧྲིག་གཉིས་སོ་སོར་མི་ལྟ་བར་དབྱེར་མེད་གསལ་ལ་མི་རྟོག་པའི་ངང་ལ་བཟོ་མེད་ཡེངས་མེད་དུ་གློད་ནས་འཇོག་པ་ནི་གནད་དམ་པ་སྟེ། ཤ་བ་རིས། མཁའ་ལྡིང་རྒྱལ་པོ་སྤྲོ་བསྡུ་མེད་པར་གནས། །ཆུ་ནི་མ་རྙོག་རང་དྭངས་ཉིད་དུ་ཞོག །ཇི་ལྟར་མཁས་པས་བ་ལང་སྐྱོང་བ་བཞིན། །བརྟན་གསལ་རྣོ་བ་མར་མེའི་སྙིང་པོ་ལྟོས། །སྒྱུ་མའི་སྐྱེས་བུ་ཆགས་ཞེན་རྩིས་གདབ་བྲལ། །བྱ་ནི་རྟེན་མེད་ནམ་མཁར་གནས་པར་བྱེད། །ཅེས་གསུངས་པ་བཞིན་ཏེ་དམིགས་སྐོར་བཞི་པའོ། །དེ་ལྟར་བཞག་པས་ཉམས་ཀྱི་རིམ་པ་ནི། རྣམ་རྟོག་ངོ་ཤེས་པ་གཡོ་བའི་ཉམས་དང་། རྣམ་རྟོག་ཅུང་ཟད་ངལ་སོས་པ་ཐོབ་པའི་ཉམས་དང་། རྣམ་རྟོག་གི་ཐང་ཆད་པ་གོམས་པའི་ཉམས་དང་། རྣམ་རྟོག་གིས་ཅུང་ཟད་བསྐྱོད་དུ་ཡོད་པ་བརྟན་པའི་ཉམས་དང་། བསྐྱོད་དུ་མེད་པས་རང་དབང་ཐོབ་པ་མཐར་ཕྱིན་པའི་ཉམས་དང་ལྔ་སྟེ། དེ་དག་གང་ཤར་ཡང་བླང་དོར་མེད་པར་བསྐྱངས་པས་ཐ་མལ་གྱི་རྣམ་རྟོག་དང་དབང་ཤེས་ཡུལ་ལ་འཇུག་པ་འགགས་ནས་ནང་དུ་ལྡོག་པར་ཉེ་བ་སྟེ་རྩ་བཅིངས་པའི་སྟོབས་ཀྱིས་རླུང་དབུ་མར་རིམ་གྱིས་འདུས་ནས་རླུང་སེམས་ནང་དུ་ཟིན་པའི་ལྟས་སུ། སྨིག་རྒྱུ་ལ་སོགས་པའི་


MLP024_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ལྔ་ཤའི་མིག་ལ་བརྟེན་ནས་དབང་པོའི་མངོན་སུམ་གྱིས་མཐོང་བར་འགྱུར་ཏེ། ཧེ་རུ་ཀ་ཀལྤོ་ལས། སྨིག་རྒྱུ་དུ་བ་མེ་སྲིན་མཁའ། །ཞེས་དང་། སངས་རྒྱས་གསང་བས་ལམ་རིམ་དུ། སྨིག་རྒྱུ་དུ་བ་སྲིན་མེ་ཁྱེར། །མར་མེ་ཉི་མའི་ཚུལ་དུ་སྦྱར། །ཞེས་གསུངས། སྒྱུ་འཕྲུལ་དྲ་བ་ཕྱི་མའི་ཕྱི་མ་རྟོག་པ་རྣམ་པར་གསལ་བའི་རྒྱུད་ལས། དུ་བ་སྔོན་ལ་འཆར་བར་གསུངས་ཏེ༑ དེ་ཉིད་ལས། གསོལ་པ་བཅོམ་ལྡན་འདས། རྣལ་འབྱོར་པ་དེ་དག་གི་རྟགས་ཇི་ལྟ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་དང་པོ་རྣམས་ནི་བརྒྱུད་པ་སྟེ། འབྲས་བུའི་རྟགས་ཀྱང་རིམ་པ་སྟེ་ལྔའོ། །ལྔ་གང་ཞེ་ན། དུ་བ་དང་། སྨིག་རྒྱུ་དང་། མགལ་མེ་དང་། མར་མེ་དང་། ནམ་མཁའ་གསལ་བ་ལྟ་བུ་སྟེ། རིམ་པའི་རྟགས་ཀྱི་བྱེ་བྲག་གོ །ཞེས་གསུངས་ཤིང་། དེའི་ཚེ་ཡུལ་སྣང་གཞན་ཐམས་ཅད་འགགས་ཏེ་ཐིག་ལེའི་སྣང་བ་ཁོ་ན་ལ་སེམས་རྩེ་གཅིག་ཏུ་ཟིན་པ་ནི་འདི་ཉིད་གོམས་པའི་རྟགས་སུ་གསུངས་སོ། །འདིར་སྤོགས་ཆོག་ལ་མུན་པའི་རྣལ་འབྱོར་བསྟེན་ན་རུང་གསུང་སྟེ། གནད་ཞལ་ལས་ཤེས་པར་བྱའོ། །དེ་དག་ནི་སྐུ་རྡོ་རྗེའི་རྣལ་འབྱོར་རོ། །གཉིས་པ་ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེའི་རྣལ་འབྱོར་ནི། རྩ་བར། གཉིས་པ་སྙིང་གི་ཆུ་སྐྱེས་ལ༔ ལྟེ་བའི་ཐིག་ལེ་དྲངས་བ་གང༔ པདྨའི་ཟེའུ་འབྲུར་བུང་བ་བཞིན༔ འདར་ཞིང་སྒྲ་འབྱིན་གནས་པར་བསམ༔ རླུང་བསལ་རང་བབས་རྒྱུ་བ་ལ༔ སེམས་གཏད་ཁུག་པ་ཉེར་གཅིག་བཟླ༔ མི་འཁྲུག་རང་སོར་གནས་པར་འགྱུར༔ དེ་ནས་རླུང་ཕྱིར་འགྲོ་བ་ན༔ ཧཱུྃ་གདངས་བཅས་པས་སྙིང་ག་ཡི༔ ཐིག་ལེ་ཉིད་ལས་འོད་ཟེར་ལྔ༔ དྷཱུ་ཏི་ལས་འཐོན་སྣོད་བཅུད་ཁྱབ༔ དེ་སྦྱངས་ནང་དུ་འོང་བ་ན༔ སྣོད་བཅུད་འོད་ཀྱི་རྣམ་པར་བསྡུས༔ ༀ་གདངས་བཅས་པས་དྷཱུ་ཏི་ལས༔ སྙིང་གའི་ཐིག་ལེ་ཉིད་ལ་བསྟིམ༔ རླུང་གདངས་ཨཱཿཡིས་གནས་པར་བསམ༔ དེ་ལྟར་རྩེ་གཅིག་བསྒོམས་པ་ལས༔ མཉམ་རྒྱུར་རླུང་རྟག་འབབ་པ་དང༔ དེ་ནས་འབྱུང་འཇུག་གྲངས་ཚད་ནི༔ མ་བརྟགས་པར་གསལ་རྒྱུ་བ་དལ༔ ཕྲ་བར་གྱུར་ནས་ཨ་ཡིག་གི༔ བཟླས་པ་ཉིད་ལ་རིང་དུ་སྦྱར༔ དེ་ཚེ་རླུང་འགགས་ཐིག་ལེ་ལས༔


MLP024_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་གཞན་ནུབ་སྤྲིན་མེད་ཀྱི༔ ནམ་མཁའ་ལྟ་བུའི་གསལ་སྟོང་འཆར༔ དེ་གོམས་རྡོ་རྗེའི་བཟླས་པ་ཡིས༔ སྔ་མའི་རྟགས་དང་ཁྱད་པར་དུ༔ དབུ་མར་རླུང་གནས་སྨིག་རྒྱུ་སོགས༔ མཚན་མ་བརྟན་པོ་རིམ་བཞིན་འབྱུང་༔ སྤྲིན་མེད་མཁའ་ཡི་མཚན་མ་ནི༔ མཐོང་ན་འདི་ཉིད་གོམས་པའོ༔ ཞེས་གསུངས་པའི་དོན་ནི་འདི་རླུང་གི་རྣལ་འབྱོར་ཏེ། དེ་ཡང་རླུང་རྟ་ལོང་བ་དང་འདྲ། རྣམ་ཤེས་མི་ཕྱེ་བོ་དང་འདྲ་བས། ཁོང་གཉིས་འགྲོ་ལྡོག་གཅིག་པའི་ཕྱིར། སེམས་ཀྱི་བཞོན་པ་རླུང་དབང་དུ་འདུས་པ་གལ་ཆེ་གསུང་། དེས་ན་ཉམས་སུ་ལེན་པའི་ཚེ་ལུས་གནད་དབང་གནད་སྔར་ལྟར་བཅིངས། སྐུ་རྡོ་རྗེའི་རྣལ་འབྱོར་སྔོན་དུ་བཏང་སྟེ། ལྟེ་བའི་མི་ཤིགས་པའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་ཟིན་པ་ན། འོག་རླུང་བསྐུལ་བའི་རྐྱེན་གྱིས་ལྟེ་བའི་ཐིག་ལེ་ཉིད་སྙིང་གའི་འཁོར་ལོར་རིལ་ལི་ལི་དྲངས་པ་དཔེར་ན་མེ་ཏོག་གི་ཟེའུ་འབྲུར་བུང་བ་ལྡིང་བ་བཞིན་དུ་ཆོས་ཀྱི་འཁོར་ལོའི་ལྟེ་བར་ཧྲཱིཿཡིག་གི་སྒྲ་བིར་བིར་འབྱིན་པས་འདར་ཕྲིལ་ཕྲིལ་གནས་པར་བསམས་ལ། རླུང་རོ་ལན་གསུམ་དལ་བུས་སང་གིས་ཕྱུང་སྟེ་དབུགས་ཕྱི་དང་ནང་དུ་ཆེད་དུ་མི་འཛིན་མི་གཏོང་བར་རང་བབས་སུ་བཞག་པ་ལ་སེམས་གཏད་དེ། རིམ་ལྔ་ལས། འཇུག་པ་ཉིད་དང་གནས་པ་དང་། །ལྡང་བ་ཡི་ནི་རིམ་གྱིས་ཀྱང་།། ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་པས་རླུང་ལྡང་འཇུག་གནས་གསུམ་གྱི་ཁུག་པ་གཅིག་ལ་རེ་རེར་བགྲངས་པའི་ཉི་ཤུ་རྩ་གཅིག་ཙམ་ཞིག་བཟླ། དེས་རླུང་མི་འཁྲུག་ཅིང་རང་བབས་སུ་གནས་པར་འགྱུར་ཏེ་དམིགས་སྐོར་དང་པོའོ། །དེ་ནས་རླུང་ཕྱིར་འགྲོ་བ་ན་ཧཱུྃ། ནང་དུ་འཇུག་པ་ན་ༀ། གནས་པའི་ཚེ་ཨཱཿཞེས་པའི་སྒྲ་གདངས་ཡིད་ཀྱིས་བཟླ་ཞིང་། དེའི་ཚེ་དམིགས་པ་རླུང་ཕྱིར་འགྲོ་བ་ན་སྙིང་གའི་ཐིག་ལེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཟེར་རེ་རེ་འཕྲོས་པ་དྷཱུ་ཏིའི་ལམ་བརྒྱུད་སྨིན་མཚམས་ནས་ཐོགས་པ་མེད་པར་སོང་བ་སྣ་བུག་གི་རླུང་དང་འགྲོགས་ཏེ་ཕྱིར་འཐོན། དེས་ཁྱབ་པས་སྣོད་བཅུད་ཐམས་ཅད་འོད་ཀྱི་རང་བཞིན་ཅན་དུ་སྦྱངས། ༀ་གྱི་གདངས་དང་བཅས་པས་རླུང་ནང་དུ་འཇུག་པ་ན་སྦྱངས་པའི་སྣོད་བཅུད་འོད་ཀྱི་རྣམ་པ་ཅན་དེ་ཉིད་དྷཱུ་ཏིའི་ལམ་ནས་བསྡུས་


MLP024_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྙིང་ཁའི་ཐིག་ལེ་ལ་བསྟིམས་ཏེ། ཨའི་གདངས་དང་བཅས་པས་གནས་པར་བསམས་ལ། དེ་ལ་ཆིག་དྲིལ་གྱིས་རྡོར་བཟླས་བྱ་སྟེ་དམིགས་སྐོར་གཉིས་པའོ། །ཡང་རེས་འགའ་དྷཱུ་ཏིའི་ལམ་ནས་ཕྱི་ནང་དུ་འགྲོ་འོང་བྱེད་པ་དེ་སྣའི་རླུང་དང་བསྟུན་ནས་སྤྱི་བོའི་ཚངས་བུག་ལས་བྱས་ན་སྔ་མའི་བོགས་འདོན་དུ་འགྲོ་མོད། མང་ན་འཕོ་བ་དང་འདྲ་བས་སྦྱོང་ཚོད་ཟིན་པར་བྱ་གསུང་སྟེ་དམིགས་སྐོར་གསུམ་པའོ། །དེ་ལྟར་སྤྲོ་བསྡུ་བསྟིམ་པའི་དམིགས་པ་དང་སྦྱར་ཏེ་སངས་རྒྱས་ཐམས་ཅད་ཀྱི་གཉུག་མའི་སྐུ་གསུང་ཐུགས་སུ་ཤེས་པས་བཟླ་ཞིང་། དེ་ཡང་ཐོག་མར་མ་བྱང་བར་དུ་ལྡང་འཇུག་གནས་གསུམ་མཉམ་པ་ཙམ་བྱས་ཏེ་འབད་པས་རླུང་འཇམ་ཉལ་གྱིས་སོང་ནས་རྒྱུ་བ་མི་ཚོར་བ་ལྟ་བུ་དང་། རྟག་ཏུ་རླུང་མཉམ་རྒྱུར་འབབ་པ་དང་། མ་བརྟགས་པར་འབྱུང་འཇུག་གི་གྲངས་ཚད་གསལ་པོར་རྟོགས་པ་དང་། རླུང་ཕྲ་ལ་རིང་བ་སོགས་བྱུང་ན་ཧཱུྃ་དང་ༀ་གཉིས་ཇེ་ཐུང་ལ་བཏང་ནས་ཨཱཿཡིག་གི་བཟླས་པ་ཇེ་རིང་དུ་གཏོང་སྟེ་དམིགས་སྐོར་བཞི་པའོ། །དེ་ལྟར་འབད་པ་ན་དབུ་མར་འདུས་པས་རླུང་འགགས་ཏེ་ཐིག་ལེའི་རྣམ་པ་ཙམ་ལས་སྣང་བ་གཞན་ཐམས་ཅད་ནུབ་ནས་སྟོན་ཀའི་ནམ་མཁའ་དྭངས་པ་ལྟ་བུའི་གསལ་སྟོང་གི་ཉམས་འཆར། དེ་ལ་གོམས་ནས་སླར་ཡང་རྡོར་བཟླས་བྱ་བ་ནི༑ སྔར་གྱི་སྤྲོ་བསྡུ་བསྟིམ་པའི་དམིགས་པ་བཞག་སྟེ། འབྲུ་གསུམ་གྱི་སྒྲ་གདངས་ཡིད་ལ་དྲན་པས་ལྡང་འཇུག་གནས་གསུམ་བགྲང་བ་བརྡར་གྱུར་རྡོ་རྗེའི་བཟླས་པ་དང་། འགྲོ་འོང་གནས་གསུམ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཀྱི་ངང་ལ་བཞག་ནས་རླུང་རང་སོར་འཇོག་ པ་དོན་དམ་རྡོ་རྗེའི་བཟླས་པ་གཉིས་ལ་འབད་པར་བྱ་སྟེ་དམིགས་སྐོར་ལྔ་པའོ། །དེ་ལྟར་སྦྱངས་པས་སྔར་བཤད་པའི་རྟགས་རྣམས་དང་། ཁྱད་པར་དུའང་དབུ་མར་རླུང་གནས་པའི་རྟགས་སུ་སྨིག་རྒྱུ་ལ་སོགས་པའི་མཐོང་ཉམས་སྐུ་རྡོ་རྗེའི་སྐབས་ལས་གསལ་བརྟན་གྱི་མཚན་མ་ཡིད་ཀྱི་མངོན་སུམ་གྱིས་མཐོང་བར་འགྱུར་ཞིང་། འོད་གསལ་སྤྲིན་མེད་ནམ་མཁའི་དབྱིངས་ལྟ་བུའི་མཚན་མ་མཐོང་ན་འདི་ཉིད་གོམས་པའི་རྟགས་སུ་གསུངས་སོ། །གཞན་ཡང་རྡོ་རྗེའི་བཟླས་པ་ལ་བརྩོན་པར་བྱས་ན་གནས་སྐབས་འཆི་བསླུའི་ཡང་མཆོག་ཏུ་གསུངས་


MLP024_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ༑ སྡོམ་འབྱུང་ལས། རྣལ་འབྱོར་པ་ནི་མཉམ་བཞག་པས། །འཇུག་པའི་རླུང་ནི་བགྲང་བར་བྱ༑ ༑ཇི་སྲིད་འབུམ་ལ་སོགས་པའི་གྲངས། །སྒྲ་དང་བྲལ་བས་རྟག་ཏུ་བཟུང་། །སྒྲུབ་པོས་སྒྲ་དང་བྲལ་བར་ནི། །འབུམ་བཟླས་ཡོངས་སུ་རྫོགས་པ་ན། །ཚེ་ཉམས་པ་ཡང་ལོ་ལྔ་རུ། །འཚོ་བ་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དེ་དག་ནི་གསུང་རྡོ་རྗེའི་རྣལ་འབྱོར་རོ།། གསུམ་པ་ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེའི་རྣལ་འབྱོར་ནི། རྩ་བར། གསུམ་པ་སྙིང་གར་ཐིག་ལེ་སོགས༔ སྔར་བཞིན་བསྒོམས་ལ་ལྟེ་བ་རུ༔ རྡུལ་གྱི་ཐིག་ལེ་དམར་པོ་ནི༔ རབ་ཏུ་ཚ་ཞིང་ཕྲ་བ་སྒོམ༔ རྡོ་རྗེའི་བཟླས་པས་ཐིག་ལེ་ལས༔ འོད་ཟེར་མེ་ལྕེ་ཕྲ་མོར་འབར༔ དྷཱུ་ཏི་ལས་བརྒྱུད་སྙིང་ག་ཡི༔ ཐིག་ལེར་རེག་པས་དེ་ཉིད་ལས༔ འོད་འཕྲོས་རང་ལུས་སྣོད་བཅུད་ཀུན༔ མུན་ནང་སྒྲོན་མེ་བཏེག་པ་བཞིན༔ གསལ་བར་བྱས་ནས་གཉིས་པ་སྤྲོས༔ སྣོད་བཅུད་ཐམས་ཅད་བསྲེགས་ཤི ང་བཞུ༔ གསུམ་པ་སྤྲོས་པས་བཞུ་བའི་བཅུད༔ ཐམས་ཅད་རང་གི་ལུས་ལ་བསྡུ༔ དེ་ཉིད་ལུས་ནང་དྷཱུ་ཏི་ལ༔ དེ་ཡང་སྙིང་གའི་ཐིག་ལེར་ཐིམ༔ ཐིག་ལེ་མི་དམིགས་སྟོང་པར་སྦྱངས༔ དེ་ཉིད་ངང་ལ་མཉམ་པར་བཞག༔ དེ་ལས་སྐད་ཅིག་དཀྱིལ་འཁོར་ལྷར༔ གསལ་བཏབ་སྡུད་ཚེ་དགའ་བཞི་དང༔ དབྱེར་མི་ཕྱེད་པའི་སྟོང་ཉམས་འཆར༔ སྟོང་ཉིད་ངང་དུ་མཉམ་བཞག་ཚེ༔ སྣང་མུན་ལ་སོགས་སྒྲིབ་བྱེད་ཀུན༔ བྲལ་བ་ནམ་མཁའ་ལྟ་བུའི་ཉམས༔ དེ་ནས་བདེ་བའི་ཉམས་སྣང་ལ༔ རྩོལ་མེད་ལྷ་སྐུ་གཞའ་ཚོན་ལྟར༔ འཆར་བ་ལྷ་སྐུ་ཡེ་ཤེས་ལ༔ མངོན་དུ་འགྱུར་བར་ཕྱོགས་པ་སྟེ༔ དེ་ནས་རྡོ་རྗེའི་བཟླས་པ་བྱ༔ ཧཱུྃ་གིས་ཁམས་གསུམ་འོད་དུ་ཞུ༔ ༀ་གྱིས་བརྟན་གཡོ་དྷཱུ་ཏི་ལས༔ བརྒྱུད་ནས་སྙིང་གི་ཐིག་ལེར་ཐིམ༔ ཨཱཿཡིས་དེ་ཉིད་སྟོང་པར་སྦྱངས༔ སྟོང་ཉིད་ངང་ལ་མཉམ་གཞག་བྱ༔ བདེ་དང་སྟོང་པའི་ཡེ་ཤེས་གང་༔ ངོས་བཟུང་དཀྱིལ་འཁོར་འཁོར་ལོར་བསྐྱེད༔ དེ་ལྟར་འབད་པས་གོམས་གྱུར་ན༔ བདེ་རླུང་སེམས་ལས་ལྷ་ཡི་སྐུ༔ ཐ་མལ་རྟེན་ལ་འགྲུབ་འགྱུར་ཏེ༔ དེ་ནས་ཕྱག་རྒྱའི་སྦྱོར་བ་ཡིས༔ ལྷན་སྐྱེས་ཡེ་ཤེས་གོམས་བྱས་པས༔ མཆོག་གི་དངོས་གྲུབ་ཉིད་ལ་སྦྱོར༔ ཞེས་གསུངས་ཏེ། ལུས་གནད་དང་དབང་གནད་སྔར་ལྟར་བཅིངས་ལ། གསུང་གི་རྣལ་


MLP024_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གྱིས་སྙིང་ག་ཆོས་ཀྱི་འཁོར་ལོར་མི་ཤིགས་པའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་ཟིན་པ་ན། ལྟེ་བའི་འཁོར་ལོར་རྡུལ་གྱི་ཐིག་ལེ་ཚ་ཞིང་ཕྲ་བ་ཡུངས་འབྲུ་ཙམ་པ་སོལ་མེ་བུས་པ་ལྟ་བུ་ཞིག་བསམས་ལ། རླུང་རོ་བསལ་ཏེ། བརྡར་གྱུར་གྱི་རྡོ་རྗེའི་བཟླས་པ་ཅི་རིགས་པ་བྱས་ལ། དེ་ནས་རྡོར་བཟླས་ཀྱི་རླུང་ཕྱིར་འཕྲོ་བ་དང་བསྟུན། ལྟེ་བའི་ཐིག་ལེ་ལས་འོད་ཟེར་མེ་ལྕེའི་རྣམ་པ་ཅན་ཕྲ་ལ་རྣོ་བ་ཞིག་འཁྱུག་གིས་འབར་བ་དྷཱུ་ཏིའི་ལམ་བརྒྱུད་སྙིང་གའི་ཐིག་ལེ་ལ་རེག་པའི་རྐྱེན་གྱིས། དེ་ལས་འོད་ཟེར་རེ་རེ་འཕྲོས་པས་དཔེར་ན་མུན་ནང་དུ་སྒྲོན་མེ་བཏེག་པ་ལྟར་རང་ལུས་དང་སྣོད་བཅུད་ཐམས་ཅད་གསལ་བར་བྱས་པར་བསམ། ཡང་། སྙིང་གའི་ཐིག་ལེ་ལས་འོད་ཟེར་གཉིས་པ་སྤྲོས་ནས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བསྲེགས་ཤིང་འོད་དུ་བཞུ། ཡང་། འོད་ཟེར་གསུམ་པ་སྤྲོས་པས་ལྕི་བས་དངུལ་ཆུ་བསྡུས་པ་ལྟར་བཞུ་བའི་བཅུད་ཀྱི་དྭངས་མ་འོད་ཀྱི་རྣམ་པར་རང་གི་ལུས་ལ་ཐིམ་ལུས་དེ་ཡང་ལྷ་སྐུའི་རྣམ་པ་ཡང་མཐའ་ནས་རིམ་བཞིན་ལུས་ནང་གི་དྷཱུ་ཏི་ལ་བསྡུས། དྷཱུ་ཏི་ཡང་སྙིང་གའི་ཐིག་ལེར་ཐིམ་དེ་ཡང་མི་ཤིགས་རྡོ་རྗེའི་ཧྲཱིཿཡིག་ལ་བསྡུས་ནས། དེ་ཉིད་ཇེ་ཕྲ་ཇེ་ཕྲར་གྱུར་པས་ཤིན་ཏུ་ཕྲ་བ་ལ་སེམས་ཡུན་རིང་དུ་བཟུང་། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས་ལ་རྩེ་གཅིག་ཏུ་མཉམ་པར་བཞག དེའི་ངང་ལ་ནི་སྐད་ཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམ་པའམ། སྔར་བཞིན་རང་ཉིད་ཕྱི་དབྱིབས་ཀྱི་ལྷ་སྐུའི་རྣམ་པ་ཙམ་དུ་བསྒོམས་པ་ནི་དམིགས་སྐོར་དང་པོའོ། །འདི་ལ་ཆིག་དྲིལ་གྱིས་བསྒོམས་པས་སྡུད་རིམ་གྱི་ཚེ་དགའ་བཞི་དང་དབྱེར་མི་ཕྱེད་པའི་སྟོང་ཉམས་ཏེ་བདེ་སྟོང་ཁྱད་པར་ཅན་གྱི་ཉམས་འཆར་ཞིང་། དེ་རྗེས་སྟོང་ཉིད་ཀྱི་ངང་དུ་མཉམ་པར་བཞག་པའི་ཚེ་དཀར་དམར་གྱི་ལམ་ཉི་ཟླའི་སྣང་བ་ལྟ་བུ་དང་། ནག་ལམ་མུན་ནག་འཐིབས་པ་ལྟ་བུ་ལ་སོགས་ཏེ་སྒྲིབ་བྱེད་ཀུན་ལས་འདས་པའི་སྟོང་པའི་འོད་གསལ་ངོས་བཟུང་ཐམས་ཅད་དང་བྲལ་བ་ཐོ་རེངས་ཀྱི་ནམ་མཁའ་དྲི་མ་མེད་པའི་དཀྱིལ་ལྟར་དག་པའི་ཉམས་སྐྱེ་ལ། དེ་ནས་བདེ་བ་དང་སྙིང་རྗེ་གནད་གཅིག་པས་སྙིང་རྗེ་ཆེན་པོའི་འཕེན་པས་འོད་གསལ་དེ་


MLP024_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལངས་ཏེ་བདེ་བའི་ཉམས་སྣང་ལ་རྣམ་རྟོག་གིས་བསྐྱེད་པའི་རྩོལ་བ་ལ་ལྟོས་པ་མེད་པའི་རང་སེམས་དང་དབྱེར་མེད་པའི་ལྷ་སྐུ་འཇའ་ཚོན་ནམ་སྒྱུ་མ་ལྟ་བུའི་སྐུ་དྭངས་ཤིང་ཐོགས་པ་མེད་པ་རྣམ་འཕྲུལ་དུ་མའི་སྤྲོ་བསྡུ་ཕྱེད་པའི་ཏིང་ངེ་འཛིན་ངང་གིས་འཆར་ཞིང་། དེ་ནི་གོམས་སྟོབས་ཀྱིས་ཡེ་ཤེས་ཀྱི་ལྷ་སྐུར་མངོན་དུ་ལྡང་བར་འགྱུར་བ་ལ་ཕྱོགས་པ་སྟེ། དེ་ལྟར་གོམས་པ་དེ་ནས་རྡོར་བཟླས་ཀྱི་རླུང་ལྡང་འཇུག་དང་སྦྱར་ཏེ་སྣོད་བཅུད་བསྡུ་བའི་རིམ་པ་ལ་བསླབ་པ་ཉིན་མོའི་རྣལ་འབྱོར་ནི། རང་ལུས་ཕྱི་དབྱིབས་ལྷའི་རྣམ་པ་ལ་ནང་རྩ་གསུམ་སྙིང་གའི་ཐིག་ལེ་དང་བཅས་པ་སྔར་བཞིན་གསལ་བཏབ་ལ། ཧཱུྃ་གདངས་ཀྱིས་རླུང་ཕྱིར་འགྲོ་བའི་ཚེ་ཁམས་གསུམ་སྣོད་བཅུད་ཐམས་ཅ ད་འདར་ཞིང་གཡོ་བ་དང་བཅས་པས་ འོད་དུ་ཞུ། ༀ་གདངས་ཀྱིས་རླུང་ནང་དུ་འཇུག་པའི་ཚེ་བརྟན་གཡོ་ཐམས་ཅད་དྷཱུ་ཏིའི་ལམ་ནས་འོད་ཀྱི་རྣམ་པར་སྙིང་གའི་ཐིག་ལེར་ཐིམ། ཨཱཿའི་གདངས་ཀྱིས་རླུང་གནས་པའི་ཚེ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ནས་དེའི་ངང་ལ་མཉམ་པར་བཞག་སྟེ། སྡུད་རིམ་གྱི་དུས་ཀྱི་བདེ་བའི་ཡེ་ཤེས་དང་སྟོང་ཉིད་ལ་མཉམ་པར་བཞག་པའི་དུས་ཀྱི་སྟོང་པའི་ཡེ་ཤེས་ངོས་ཟིན་པར་བྱས་ལ། སྟོང་ཉིད་དེའི་ངང་ལས་ཆུ་དྭངས་པ་ལས་ཉ་འཕར་བའི་ཚུལ་དུ་དཀྱིལ་འཁོར་གྱི་འཁོར་ལོར་ལམ་གྱིས་བསྐྱེད་པ་ནི་དམིགས་སྐོར་གཉིས་པ་སྟེ་ཉིན་མོའི་རྣལ་འབྱོར་རོ༑ ༑དེའི་དབང་གིས་གཉིད་ལོག་ཁར་འདུན་པ་བསྒྱུར་བ་ཙམ་གྱིས་རྨི་ལམ་རང་ཤུགས་ལ་ཟིན་ནས་རང་ཉིད་འོད་གསལ་དུ་འཇུག་པ་དང་ལྷ་སྐུར་ལྡང་བ་སོགས་འབྱུང་སྟེ། རྣམ་སྣང་མངོན་བྱང་ལས། འཇའ་ཚོན་ལྟ་བུའི་ལུས་འདི་ནི། །དེ་ཉིད་བསྒོམས་པས་འཐོབ་པར་འགྱུར། །ཞེས་དང་། སྒྱུ་འཕྲུལ་ལམ་རིམ་ལས། རྨི་ལམ་ན་ཡང་སྒྱུ་མར་མཐོང་། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་འགྱུར་མོད་ཀྱང་ཉམས་མྱོང་སྐྱེ་སླ་ཞིང་སྐྱེས་པ་སྤེལ་བའི་ཕྱིར་མཚན་མོའི་རྣལ་འབྱོར་གུད་དུ་ཕྱུང་པའི་མན་ངག་ལས་གསུངས་པ་ལྟར། ཉིན་པར་སྔར་གྱི་སྣོད་བཅུད་བསྡུ་བའི་རིམ་པ་ལ་རྩེ་གཅིག་ཏུ་འབད་ནས། མཚན་མོ་ཉལ་དུས་མི་ཚེའི་ཕྱེད་གཉིད་ལོག་པ་ལྟ་བུ་ཡིན་པས་འདི་ཉིད་ལམ་དུ་བླང་བར་བྱ་སྙམ་དུ་བསམས་ཏེ། སྙིང་


MLP024_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་བཞག་ནས་ཧ་ཅང་རིག་པ་འཇུར་མ་དྲགས་ཙམ་བྱས་ལ་གཉིད་དུ་འགྲོ་དུས་གཉིད་དང་རྨི་ལམ་གྱི་བར་རྟོག་པས་མ་ཆོད་པའི་ངང་ནས་མ་ཡེངས་པར་ཐིག་ལེ་ལ་སེམས་གཏད་པས། གཉིད་འཐུག་གི་སྐབས་ཀྱི་སྟོང་པའི་ཡེ་ཤེས་རྨི་ལམ་མེད་པའི་གསལ་སྟོང་དུ་གནས་པ་དང་། བདེ་རླུང་ལས་ལྷའི་སྐུར་མངོན་པར་ལྡང་བར་འགྱུར་གསུང་སྟེ་དམིགས་སྐོར་གསུམ་པའོ། །འདིར་གཉིད་འཐུག་གི་འོད་གསལ་དང་། སྲབ་མོའི་འོད་གསལ་ཟིན་པའི་རྟགས་དང་། འཛིན་པའི་དུས་གནད་སོགས་ཟབ་གནད་ཞལ་ལས་ཤེས་པར་བྱའོ། །གལ་ཏེ་དབང་རྟུལ་རྣམས་ཀྱིས་མ་ཟིན་ན། ཉིན་པར་གང་སྣང་ཡང་། ང་གཉིད་དུ་སོང་འདུག སྣང་བ་འདི་དག་རྨི་ལམ་གྱི་སྣང་བ་ཡིན་སྙམ་དུ་དྲན་འདུན་རྩེ་གཅིག་པས་རྟག་ཏུ་སྦྱངས་ལ། མཚན་མོ་ཉལ་དུས་དོ་ནུབ་རྨི་ལམ་ཟིན་པར་བྱ་སྙམ་པའི་དྲན་འདུན་དྲག་པོས། རང་ལྷར་གསལ་མགྲིན་པར་ཐིག་ལེ་དམར་པོ་ཤིན་ཏུ་ཕྲ་བ་ལ་སེམས་རྩེ་གཅིག་ཏུ་བཟུང་ནས་རྟོག་པ་གཞན་གྱིས་བར་མ་ཆོད་པར། ཙོག་པུའམ་སེང་གེའི་ཉལ་ཐབས་ཀྱིས་ཉལ་བས་རྟོག་པའི་སྣང་བ་རབ་རིབ་ཅིག་བྱུང་བ་དེ་རྨི་ལམ་གྱི་རྒྱུ་ཡིན་པས་ངོས་ཟིན་པར་བྱས་ལ། མིག་མི་འབྱེད་པར་གང་ཟིན་དེ་ལས་མང་པོར་སྤྲུལ་པས་སྤྱོད་ལམ་ཡུན་རིང་དུ་འབྱུང་གསུང་སྟེ་དམིགས་སྐོར་བཞི་པའོ། །དེ་ལྟར་རྨི་ལམ་ཟིན་ཅིང་བརྟན་པ་ན་ཉིན་པར་དྲན་འདུན་དྲག་པོས། ང་གཉིད་ལ་སོང་འདུག འདི་ཐམས་ཅད་རྨི་ལམ་གྱི་སྣང་བར་འདུག རྨི་ལམ་གྱི་སྣང་བ་ལ་ཇི་ལྟར་སྦྱངས་སྦྱངས་ཡིན་པས། ད་རེས་རྨི་ལམ་གྱི་ལུས་རྟེན་འདི་ལ་དེ་ཁོ་ན་ཉིད་མངོན་དུ་བྱའོ་སྙམ་པས། སྔར་གྱི་སྣོད་བཅུད་འོད་གསལ་དུ་བསྡུ་ཞིང་ལྷ་སྐུར་ལྡང་བའི་རྣལ་འབྱོར་ཁོ་ན་ལ་ཐ་མལ་གྱི་རྟོག་པ་གཞན་གྱིས་བར་མ་ཆོད་པར་ཡང་ཡང་བསླབ་པར་བྱ་སྟེ་དམིགས་སྐོར་ལྔ་པའོ། །དེ་གོམས་ནས་ཉལ་དུས། དོ་ནུབ་གཉིད་འོད་གསལ་དང་། རྨི་ལམ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་བར་བྱའོ་སྙམ་དུ་དྲན་འདུན་དྲག་པོས་སྔར་བཞིན་སྙིང་གའི་ཐིག་ལེར་སེམས་བཅུག་སྟེ་ཉལ་བས། གཉིད་དང་རྨི་ལམ་གྱི་རྒྱུན་འགགས་ནས། གཉིད་འཐུག་འོད་གསལ་དང་། རྨི་ལམ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་ཏེ། མཚན་མོའི་


MLP024_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ལས། དབང་པོ་རྟུལ་པོ་དག་གིས་ཀྱང་༔ ཉིན་སྣང་གཉིད་ཀྱི་རྣལ་འབྱོར་ལ༔ སྦྱར་ཏེ་རྩེ་གཅིག་བསྒོམས་པ་ལས༔ གཉིད་ཀྱི་འོད་གསལ་མངོན་འགྱུར་ཞིང༔ རྨི་ལམ་ཡེ་ཤེས་སྐུར་འགྲུབ་བོ༔ ཞེས་གསུངས་པ་ལྟར་ཏེ་དམིགས་སྐོར་དྲུག་པའོ། །དེ་ལྟར་ཐུགས་རྡོ་རྗེའི་རྣལ་འབྱོར་གྱིས་ཉིན་མཚན་བར་མེད་དུ་འབད་པས་གོམས་པར་གྱུར་པ་ན། བདེ་རླུང་སེམས་ལས་ཐ་མལ་གྱི་རྟེན་འདི་ལ་ལྷའི་སྐུར་འགྲུབ་ཚུལ་དང་། དེ་ནས་ཕྱག་རྒྱའི་སྦྱོར་བས་མཆོག་གི་དངོས་གྲུབ་ཡེ་ཤེས་ཀྱི་སྐུ་འགྲུབ་ཚུལ་གཉིས་ནི་འོག་ཏུ་འབྲས་བུའི་དུས་སུ་འཆད་པར་འགྱུར་རོ། །དེ་དག་ནི་ཐུགས་རྡོ་རྗེའི་རྣལ་འབྱོར་རོ། །གཉིས་པ་མི་འགྱུར་རྟག་པའི་འབྲས་བུ་མངོན་དུ་བྱེད་ཚུལ་ལ་བཞི་སྟེ། བརྩོན་འགྲུས་རབ་མཐོང་བའི་ཆོས་ལ། འབྲིང་བར་དོར། ཐ་མ་ཚེ་ཕྱི་མར་མཆོག་གི་དངོས་གྲུབ་ལ་སྦྱོར་བ་དང་། ལེ་ལོ་ཅན་བཙན་ཐབས་འཕོ་བའི་མན་ངག་གིས་མཚམས་སྦྱོར་ཚུལ་ལོ། །དང་པོ་ནི། རྩ་བར། དེ་ལྟར་རྣལ་འབྱོར་ཅན་རྣམས་ཀྱིས༔ ཞག་ནི་སུམ་ཅུ་ཕྲག་དྲུག་ཏུ༔ རྩེ་གཅིག་འབད་པས་བསྒོམས་གྱུར་ན༔ ལུས་འདི་ཉིད་ལས་རིག་འཛིན་གྱི༔ གཙོ་བོར་བྱང་ཆུབ་བརྙེས་འགྱུར་ཞིང༔ ཞེས་གསུངས་ཏེ། དེ་ལྟ་བུའི་མན་ངག་དང་ལྡན་པའི་གང་ཟག་གིས་ཉིན་པར་ཐུགས་རྡོ་རྗེའི་རྣལ་འབྱོར་གྱིས་སྣོད་བཅུད་འོད་གསལ་དུ་བཅུག་སྟེ་རྣམ་ཐར་བཞི་ལྡན་གྱི་སྟོང་པ་ཉིད་དང་། མི་ཤིགས་པའི་ལྷའི་སྐུར་ལྡང་བ་ལ་རྣམ་གཡེང་སྤངས་ནས་བསྒོམ་ཞིང་མཚན་མོ་གཉིད་འོད་གསལ་དང་རྨི་ལམ་ལྷ་སྐུར་བསྒྱུར་ནས་རང་འོད་ཀྱི་རིག་མ་དང་སྙོམས་པར་འཇུག་པའི་སྦྱོར་བ་ལ་བརྩོན་པས་ཞག་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གི་བར་དུ་ཉིན་མཚན་གཉིས་ཀ་སྐད་ཅིག་ཀྱང་མི་གཡེལ་བར་ཐ་མལ་གྱི་རྟོག་པ་ཀུན་སྤངས་ཏེ་བསྒོམས་པས་ཀུན་ནས་ཉོན་མོངས་པ་ཕྲ་རགས་ཀྱི་རྟེན་ལས་རླུང་རགས་པ་དང་ཕྲ་བ་རྣམས་ཕལ་ཆེར་མཉམ་རྗེས་ཀུན་ཏུ་ཐིམ་པ་དང་། ཁྱད་པར་དུའང་སྣང་གསུམ་གྱི་སྒྲིབ་པའི་རྟེན་འཕོ་བའི་རླུང་ཕྲ་མོ་རྩའི་འཁོར་ལོ་བདུན་ཙམ་དུ་སྤྱོད་པ་ཡང་མཉམ་བཞག་གི་དུས་སུ་འགོག་ནུས་པ་དེའི་ཚེ་ཉི་ཟླའི་འགྲོས་བཅིངས་པའི་སྟོབས་ཀྱིས་རགས་ལུས་ཉིད་མི་ཐོགས་པའམ་ཆུང་


MLP024_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ངུར་སྡུད་ནུས་པས་ཕྲ་བ་དང་། རེག་ན་ཡང་བ་སོགས་གནས་སྐབས་ཀྱི་རྡོ་རྗེའི་སྐུ་པྲ་ཕབ་བརྒྱད་དང་མཚུངས་པ་ཉིད་དུ་གནས་པར་འགྱུར་ལ། རྟེན་དེ་ལ་རྣམ་གཡེང་ཐམས་ཅད་སྤངས་ནས་ལས་ཀྱི་ཕྱག་རྒྱའམ། ཡེ་ཤེས་ཀྱི་ཕྱག་རྒྱ་གང་ལ་བརྟེན་ཀྱང་རུང་སྟེ། བརྩོན་འགྲུས་བར་མ་ཆད་པའི་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་དུ་བྱེད་དེ། དེ་ཡང་ས་ལམ་གྱི་ཡོན་ཏན་ཐམས་ཅད་རྩ་རླུང་ཐིག་ལེ་ལས་སུ་རུང་བ་ལས་སྣང་བའི་ཕྱིར། དབུ་མའི་མདུད་པ་ཉི་ཤུ་རྩ་གཅིག་གི་དང་པོ་གཉིས་གྲོལ་བས་དོན་དམ་པའི་འོད་གསལ་མཐོང་བའི་ལམ་ས་དང་པོ་བརྙེས་ཏེ། དེའི་ཚེ་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱངས་ནས་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གྱུར་པས་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་ནམ་ནུས་ཐོབ་ཀྱི་མཐོང་ལམ་ཞེས་ཀྱང་བྱའོ། །དེ་ནས་མདུད་པ་བཅོ་བརྒྱད་ཀྱི་བར་གཉིས་གཉིས་གྲོལ་བས་མཐོང་ཟིན་གོམས་པར་བྱེད་པའི་ལམ་དྲི་མ་མེད་པ་ནས་ལེགས་པའི་བློ་གྲོས་ཀྱི་བར་གྱི་སའི་ཡོན་ཏན་འཆར་ཞིང་དྭངས་མའི་ལུས་ཀྱང་དོར་བ་མེད་པར་ཡེ་ཤེས་སྒྱུ་མའི་ལུས་སུ་བསྒྱུར་བས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱའོ།། མདུད་པ་བཅུ་དགུ་པ་དང་ཉི་ཤུ་པ་གཉིས་གྲོལ་བས་ས་བཅུ་པའི་ཡོན་ཏན་འཆར་ཏེ་སྐུ་ལྔ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་མཐར་ལམ་ལྷུན་གྲུབ་རིག་འཛིན་ཞེས་བྱའོ། །དེ་ཡང་སྦྱང་བྱ་གློ་བུར་གྱི་རྩ་རླུང་ཐིག་ལེ་རྣམས་སྦྱངས་ནས། གཉུག་མ་ཡེ་ཤེས་ཀྱི་རྩར་དེ་འདྲའི་རླུང་སེམས་རྣམ་པར་མི་རྟོག་པ་ཆུད་པ་དང་འབྱོངས་པ་ལས་ས་ལམ་གྱི་ཡོན་ཏན་རྣམས་འཆར་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོར་རླུང་སེམས་ཚུད་དེ་ལས་སུ་རུང་བས་ཚོགས་ལམ་གྱི་ཡོན་ཏན་འཆར་ཞིང་སངས་རྒྱས་སྤྲུལ་པའི་སྐུའི་ཞལ་མཐོང་། ཆོས་ཀྱི་འཁོར་ལོ་ལས་སུ་རུང་བས་སྦྱོར་ལམ་གྱི་ཡོན་ཏན་སྐྱེ། ལོངས་སྤྱོད་འཁོར་ལོ་ལས་སུ་རུང་བས་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཆར་ཞིང་ལོངས་སྐུའི་ཞིང་བགྲོད་ནས་ཆོས་ཉན་པ་རྙེད། བདེ་ཆེན་འཁོར་ལོ་ལས་སུ་རུང་བར་མ་ཟད་འཁོར་ལོ་སོ་སོའི་རྩ་མདུད་ཕྲ་མོ་རྣམས་ཀྱང་གྲོལ་བར་ཡེ་ཤེས་ཀྱི་རླུང་ཚུད་དེ་རླུང་སེམས་འབྱོངས་པ་ལ་བརྟེན་ནས་སྒོམ་ལམ་ས་དགུའི་


MLP024_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རྣམས་རིམ་པར་འཆར་རོ། །དེ་ལྟར་སློབ་པའི་ཟུང་འཇུག་གི་ལམ་མཐར་ཕྱིན་པ་ན་དབུ་མའི་མདུད་པ་ཉེར་གཅིག་པ་གྲོལ་བས་རྩ་འཁོར་ཐམས་ཅད་རྣམ་པར་དག་ནས་ཁམས་ཀྱི་སྒྲིབ་པ་ཀུན་དང་བྲལ་ཏེ་སྤངས་རྟོགས་མཐར་ཕྱིན་པ་མི་སློབ་པའི་ཟུང་འཇུག་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པ་གཙུག་ཏོར་རྩེ་མོའི་ས་མཆོག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བརྙེས་པར་འགྱུར་རོ། །དེ་ལྟར་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། ས་དང་ས་ཡི་ཡོན་ཏན་རྣམས། །རྩ་རྣམས་ཀྱི་ནི་སྐྱེ་འབྲི་ལས། །རླུང་དང་བདེ་ཆེན་ལས་འདོད་དེ། །སྦྱང་གཞི་སྦྱོང་བྱེད་འཕེལ་དང་འགྲིབ། །སྲིད་དང་མྱ་ངན་འདས་འཕེལ་འགྲིབ། །རྣམ་བཞིའམ་གསུམ་མམ་ལྔ་འཁོར་ལོ། །གཉིས་གཉིས་ཀྱི་ནི་གཅིག་མ་རྫོགས། །ས་བཅུ་ཐ་མས་ཡེ་ཤེས་པ།། བཞོ་བས་སྟེང་དང་འོག་ཏུ་གྲགས། །ཞེས་དང་། ངེས་བརྗོད་རྩེ་མོ་ལས། རོ་མ་རྐྱང་མ་ཀུན་རྡར་མ། །མདུད་པས་འཁོར་བའི་འཁྲུལ་སྣང་སྟེ། །གྲོལ་བར་ཡེ་ཤེས་མྱ་ངན་འདས། །ཞེས་དང་། ཀུན་མཁྱེན་ཆོས་རྗེས་ཀྱང་། འཁོར་ལོ་བཞི་ཡི་རླུང་སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་བཞིན་འཆར་བ་སྟེ། །དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །ཅེས་གསུངས་སོ། །འོ་ན་འདིར་མཐོང་ལམ་ལ་ནུས་ཐོབ་ཀྱི་མཐོང་ལམ་ཟེར་བ་གང་ཞེ་ན། སློབ་དཔོན་སངས་རྒྱས་གསང་བས་ལམ་ཆུང་དུ། ནུས་པ་ཐ ོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་རྣམ་སྨིན་དང་ཚེ་དབང་རིག་འཛིན་གཉིས་ལས་འདིར་ལུས་འདིས་རིག་འཛིན་གྱི་གཙོ་བོར་བྱང་ཆུབ་བརྙེས་ཚུལ་བཤད་པས་ཚེ་དབང་ཡིན་པར་མངོན་ཏེ། རྣམ་སྨིན་རིག་འཛིན་ནི་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་སྙིགས་མའི་ལུས་སྦྱོང་བར་མ་ནུས་པའི་དབང་གིས་རྟེན་འདི་ཉིད་སྐུ་ལྔ་ལྷུན་གྲུབ་ཀྱི་སར་ཁྱེར་དུ་མེད་པས་ལྷག་མེད་མྱ་ངན་འདས་ཞེས་ཀྱང་ཟེར་བའི་ཕྱིར་རོ།། འོན་ཀྱང་རིག་འཛིན་གྱི་གཙོ་བོ་ཞེས་པ་ཡང་འདོད་གཟུགས་དང་སྐལ་བ་མཉམ་པའི་རིག་འཛིན་སོགས་ལས་ཁྱད་པར་དུ་བྱས་པ་ལ་བཤད་ན་རྣམ་སྨིན་རིག་འཛིན་ལའང་སྦྱར་དུ་རུང་ངོ་། །


MLP024_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་འབྲིང་བར་དོར་མཆོག་གྲུབ་ཚུལ་ནི། རྩ་བར། འོན་ཏེ་ཚེ་འདིར་མ་གྲུབ་ཀྱང༔ བར་དོར་མཆོག་གི་དངོས་གྲུབ་འགྲུབ༔ ཅེས་གསུངས་ཏེ། བརྩོན་པ་འབྲིང་གིས་ཐུགས་རྡོ་རྗེའི་རྣལ་འབྱོར་གྲུབ་ཀྱང་གཡེང་བས་ཉེ་རྒྱུའི་སྤྱོད་པ་མ་གྲུབ་པས་ཚེ་འདིར་མཆོག་མ་གྲུབ་ན། ཡེ་ཤེས་རོལ་པ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་འགྱུར་ཏེ།། མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་གཟུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་གསུངས་པ་ལྟར་འཆི་ཀའི་མན་ངག་ལ་བརྟེན་ཏེ་འཆི་བ་དོན་དམ་གྱི་འོད་གསལ་མངོན་སུམ་དུ་བྱས་ནས། བར་དོའི་ལུས་འགྲུབ་པའི་རྒྱུ་བ་དེ་རླུང་གི་རྟེན་ལས་ཟུང་འཇུག་གི་སྐུར་ལངས་ཏེ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པར་འགྱུར་རོ། །གསུམ་པ་བརྩོན་པ་ཐ་མ་སྐྱེ་བ་ཕྱི་མར་མཆོག་གྲུབ་ཚུལ་ནི། འདིའི་མཚན་མོའི་མན་ངག་ལས། རྣལ་འབྱོར་གསུམ་པ་ཉེར་བསྡོགས་ཙམ༔ མངོན་དུ་གྱུར་པས་རིག་འཛིན་གྱི༔ ལུས་ལས་སླར་ཡང་མི་འགྱུར་བའི༔ གོ་འཕང་མཆོག་ནི་མངོན་བྱེད་དོ༔ ཞེས་གསུངས་པས་སྐྱེ་བ་ཕྱི་མའི་རྟེན་ལ་ལམ་གྱི་འཕྲོ་མཐུད་དེ་མཆོག་གི་དངོས་གྲུབ་ལ་སྦྱོར་བའོ། །བཞི་པ་ལེ་ལོ་ཅན་བཙན་ཐབས་འཕོ་བའི་མན་ངག་གིས་མཚམས་སྦྱོར་ཚུལ་ནི། རྩ་བར། གང་ཞིག་རྟོགས་པའི་ཡེ་ཤེས་ཆེ༔ ཚེ་འདིར་ཉམས་སུ་མ་ཆུག་ན༔ བཙན་ཐབས་འཕོ་བས་མཚམས་སྦྱོར་བྱ༔ དེས་ནི་འགྲུབ་འགྱུར་གདོན་མི་ཟ༔ ཞེས་གསུངས་ཏེ། སྔར་གསུང་རྡོ་རྗེའི་སྐབས་སུ་རྡོར་བཟླས་ལ་རྩེ་གཅིག་ཏུ་འབད་པས་སྤྱི་བོ་ཟ་བ་དང་། གཡའ་བ་དང་སྐྲངས་པ་དང་། བུ་ག་ཟང་ཐལ་དུ་དོད་པ་དང་། ཆུ་སེར་འབྱུང་བ་སོགས་འཕོ་བ་རང་བཞིན་གྱིས་འབྱོངས་པའི་རྟགས་འབྱུང་བས་ན། དེ་འདྲ་བ་ནི་ནམ་དགོས་དུས་ལས་སྦྱོར་བྱས་པས་ཆོག་གི་ཟུར་དུ་སྦྱང་མི་དགོས་མོད། དེ་ལྟར་མིན་ན་བུམ་པའི་རླུང་སྦྱོར་ལ་བརྟེན་ནས་སྦྱང་བ་དང་ལས་ལ་སྦྱོར་བའི་ཚུལ་གསུངས་ཏེ། བཙན་ཐབས་འཕོ་བའི་མན་ངག་ལས། གསུང་གི་རྣལ་འབྱོར་འབྱོངས་པའམ༔ མིན་ན་བུམ་པའི་རླུང་འབྱོར་གྱིས༔ ཞེས་གསུངས། དེ་ལ་


MLP024_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལས། དང་པོ་འཁོར་བའི་ལམ་དགག་པ་ནི། དེ་ཉིད་ལས། སྒོ་དགུ་དགག་པའི་སྦྱོར་བ་བརྩམ༔ ལུས་ཀྱི་གནད་བཅིངས་ལྷར་དྲན་པའི༔ མིག་སྣ་རྣ་བ་ཁ་ལྟེ་བ༔ དཔྲལ་བ་ཆུ་སོ་བཤང་བའི་སྒོར༔ འབར་བའི་ཧྲཱིཿཡིག་གསལ་བ་ལས༔ འོད་འཕྲོས་བ་སྤུའི་ཁུང་བུའི་བར༔ ཀུན་ཀྱང་བར་མཚམས་མེད་པར་བཀག༔ ཅེས་གསུངས་ཏེ། གང་གི་སྒོ་ནས་གང་དུ་འཕོ་ཚུལ་ནི། མིག་ནས་མི། སྣ་ནས་གནོད་སྦྱིན། རྣ་བ་ནས་གྲུབ་པའི་ལྷ། ཁ་ལས་ཡི་དྭགས། ལྟེ་བ་ལས་འདོད་ལྷ་དྲུག དཔྲལ་བ་ལས་གཟུགས་ཁམས་ཀྱི་ལྷ། ཆུ་ལམ་ནས་དུད་འགྲོ། བཤང་ལམ་ལས་དམྱལ་བ་སྟེ། གོང་དུ་སྒོ་དགུ་ཞེས་གསུངས་ནས་འདིར་དངོས་བསྟན་ལ་བརྒྱད་ལས་མ་བྱུང་ཡང་། ཡ་གྱལ་གཅིག་པོ། སྡོམ་འབྱུང་ལས། སྟེང་ནས་གཟུགས་མེད་ཁམས་སུ་སྟེ། །ཞེས་སྤྱི་བོ་ནས་གཟུགས་མེད་ཀྱི་ལྷར་སྐྱེ་བར་གསུངས་པ་དེ་ཡིན་ལ། རྒྱུད་དེ་ལས། རྣ་བ་ལས་ནི་མིའམ་ཅི། །ཞེས་འབྱུང་ཡང་། ཧེ་རུ་ཀ་ཀལྤོར། རྣ་བ་གཉིས་ནས་གྲུབ་པའི་ལྷ། །ཞེས་གསུངས་ཤིང་། དེ་ཉིད་ལས་ཡི་དྭགས་ཀྱི་སྒོ་འགེགས་པའི་ས་བོན་ཡང་ཁའི་ལྕེ་ཆུང་དུ་སྒོམ་དགོས་པར་བཤད་དོ། །དེ་ལྟར་ངེས་པར་བྱས་ནས། ལུས་གནད་རྣམ་སྣང་གི་ཆོས་བདུན་དྲང་པོར་བཅས་ལ། རང་ཐུགས་རྗེ་ཆེན་པོར་གསལ་བའི་སྒོ་དགུ་པོ་ཧྲཱིཿཡིག་དམར་པོ་འབར་བའི་རྣམ་པ་ཅན་རེ་རེས་བཀག དེ་རྣམས་གསལ་ཐེབས་པ་དང་ཧྲཱིཿཡིག་རྣམས་ལས་འོད་ཟེར་དམར་པོ་ཉི་མའི་ཟེར་ལྟ་བུ་འཕྲོས་པས་བ་སྤུའི་མཐར་ཐུག་པའི་བར་གྱི་བུ་ག་ཐམས་ཅད་བཀག་ནས་བར་མཚམས་མེད་པར་བསམ་པ་ནི་དམིགས་སྐོར་དང་པོའོ། །གཉིས་པ་རླུང་སེམས་བསྡུ་བ་ནི། དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་པདྨ་དཀར་པོ་ཁ་གྱེན་དུ་ཕྱེ་བའི་རྣམ་པ་ཅན་གྱི་ལྟེ་བར་རླུང་སེམས་མི་ཤིགས་པའི་ངོ་བོ་ཧྲཱིཿཡིག་མར་མེ་བཙུགས་པ་ལྟར་གསལ་ཞིང་འབར་བ་ལ་སེམས་གཏད་དེ་རྩེ་གཅིག་ཏུ་མ་ཡེངས་པར་བསྒོམས་པས་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་འགགས་ནས་ཧྲཱིཿའི་རྣམ་པ་ཁོ་ན་ལ་སེམས་ཟིན་པ་ནི་རླུང་སེམས་འདུས་པའི་རྟགས་ཏེ་དམིགས་སྐོར་གཉིས་པའོ། །གསུམ་པ་སྦྱང་བ་ནི། རང་ཕྱི་དབྱིབས་ལྷར་གསལ་བའི་ལུས་ཀྱི་ནང་ཕྲུ་མ་ཕུས་བཏབ་པ་


MLP024_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཁོང་སྟོང་གི་དབུས་སུ་རྩ་ཨ་བ་དྷཱུ་ཏི་སྦོམ་ཕྲ་སྦ་ལྕག་ཙམ་པ་ཡར་སྣ་ཚངས་བུག་དང་མར་སྣ་ལྟེ་བར་སླེབས་པ། དྲང་ཞིང་གཡོ་བ་མེད་པ། དྲང་ཐལ་ལེ་བ། དེའི་མར་སྣར་རླུང་གི་ཐིག་ལེ་ལྗང་གུ་ཡང་ཞིང་གཡོ་བ་འདར་ཕྲིལ་ཕྲིལ་གནས་པ་དང་། སྙིང་གར་སྔར་བཞིན་པདྨའི་ཟེའུ་འབྲུར་རྣམ་ཤེས་མི་འགྱུར་བའི་ཐིག་ལེ་ཧྲཱིཿདམར་ཡུངས་འབྲུ་ལྟར་ཕྲ་ཞིང་འབར་བ༑ དྷཱུ་ཏིའི་ཡར་སྣར་ཧཾ་དཀར་པོ་མགོ་ཐུར་དུ་ལྟ་བ་རྣམས་བསྒོམ། དེ་ལྟར་གསལ་ཐེབས་པ་དང་། རླུང་བུམ་པ་ཅན་གྱི་སྦྱོར་བས་དྲག་ཏུ་གཅུན་པས། ལྟེ་བའི་རླུང་གི་ཐིག་ལེ་དེ་ཉིད་ཆེར་གཡོས་ཏེ། དྷཱུ་ཏིའི་ནང་དུ་ཡེར་གྱིས་སོང་བ་སྙིང་གའི་པདྨོ་ལ་སིབ་ཀྱིས་ཞུགས། དེའི་རྐྱེན་གྱིས་པདྨ་ཡང་ཐིག་ལེ་ལ་ཐིམ་པས་བསྐུལ་ཏེ། སྙིང་གའི་ཐིག་ལེ་ཉིད་སྐར་མདའ་འཕངས་པ་ལྟར་ཡེར་གྱིས་སོང་བ་སྤྱི་བོའི་ཧཾ་ལ་རོ་གཅིག་ཏུ་ཐིམ་པར་བསམས་ལ། རླུང་གནད་འོག་རླུང་དྲག་ཏུ་གཅུན་ནས་ལྟོ་བ་ཚིགས་པ་ལ་ཡང་ཡང་བརྡེག་ཅིང་མིག་ཡིད་རླུང་གསུམ་སྤྱི་བོར་དྲིལ། ཡང་སྟེང་རླུང་ཐུར་དུ་འཆིང་ཞིང་ལྟོ་བ་ཕྱིར་འཕུལ་བ་དང་མཉམ་དུ་ཧཾ་ལས་རྣམ་ཤེས་ཀྱི་ཐིག་ལེ་དེ་ཉིད་བ་ཐག་དང་བཅས་ཏེ་ནར་གྱིས་བྱུང་ནས་སྙིང་གར་ལྕི་འཐེ ང་གིས་གནས་པར་བསམ། དེ་ལྟར་བསུ་སྐྱེལ་ལ་ཡང་ནས་ཡང་དུ་བསླབས་པས་གོམས་འདྲིས་བརྟན་པར་བྱ་ཞིང་། ཐུན་བསྡུ་བ་ན། སྙིང་གའི་ཐིག་ལེའི་འོད་ཀྱིས་ཧཾ་ཡིག་བཞུ་བས་དེ་ལས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་ཁྱུར་ཁྱུར་བབས་པ་སྙིང་གའི་ཐིག་ལེ་ལ་ཐིམ་སྟེ་ལྕི་འཐེང་གིས་གནས་པས་བརྟན་ཅིང་བདེ་བའི་རོས་ཁྱབ་པར་བསམས་ལ། རྡོ་རྗེའི་བཟླས་པ་ཅུང་ཟད་བྱ་སྟེ་དམིགས་སྐོར་གསུམ་པའོ། །བཞི་པ་ལས་ལ་སྦྱར་བ་ནི། ལྡོག་ཏུ་མེད་པའི་འཆི་ལྟས་ཤར་བ་ན། ཚོར་བ་དང་མ་ཚོར་བའི་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས། ཚེ་འདིའི་འཁོར་འདབ་ལོངས་སྤྱོད་ཐམས་ཅད་སྒྱུ་མ་ལྟར་ཤེས་པའི་སྒོ་ནས་འབྲེལ་ཐག་བཅད། གང་དུ་འཕོ་བའི་གནས་ལ་ཚོང་པ་རང་ཁྱིམ་དུ་འགྲོ་བ་ལྟར་སྤྲོ་སིང་བ་བྱས་ཏེ། དུས་ལ་བབས་པ་ན་སྙིང་གའི་པདྨ་ཐིག་ལེར་འཇུག་པའི་བར་སྔར་བཞིན་ལས། དེ་ནས་སྙིང་གའི་ཐིག་ལེ་ཡང་གྱེན་དུ་སོང་བ་ཚངས་པའི་སྒོ་བསལ་ཏེ། སྒོ་དེ་ནས་ཧཾ་དང་རོ་


MLP024_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གནམ་མཐོང་ས་ནས་ཕུག་རོན་འཕུར་བའམ་སྐར་མདའ་འཕངས་པ་ལྟར་འཕངས་ལ་སྤྲོས་བྲལ་མི་དམིགས་པའི་ངང་ལ་མཉམ་པར་འཇོག་སྟེ་དམིགས་སྐོར་བཞི་པའོ། །འདིར་སྤྱི་བོ་ནས་འཕོ་བ་ནི་བདེ་བ་ཆེན་པོའི་དབྱིངས་སུ་འགྲོ་བའི་ལམ་ཡང་དེ་ཡིན་པའི་ཕྱིར་ཏེ། སྡོམ་འབྱུང་ལས། སྟེང་ནས་གཟུགས་མེད་ཁམས་སུ་སྟེ། །དེ་ནི་བདེ་བར་འགྲོ་བྱེད་པའོ།། ཞེས་གསུངས་པའི་ཕྱིར་རོ། །བླ་མ་ཁ་ཅིག སྤྱི་བོའི་རྩ་བུབ་ནས་གཟུགས་མེད་དང་། ཚངས་བུག་ནས་ཐར་པའི་སྒོའི་ཐ་སྙད་མཛད་ཀྱང་། ལུང་འདིས་ཐབས་ཀྱིས་ཟིན་མ་ཟིན་ཙམ་ལས་སྒོ་སོ་སོར་ཡོད་པར་མི་འགྲུབ་བམ་སྙམ་མོ། །དེ་ཡང་དུས་མིན་དུ་འཕོ་བར་བྱ་བ་མ་ཡིན་ཏེ། དེ་ལས། དུས་ལ་བབས་ན་འཕོ་བྱ་ཡིས། །དུས་མིན་ལྷ་རྣམས་གསོད་པར་བྱེད། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །མི་ནི་དམྱལ་བར་འཚོད་པར་བྱེད། །དེས་ན་མཁས་པས་འཆི་བ་ཡི༑ ༑མཚན་མ་ཡང་དག་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །འཕོ་བའི་དུས་ནི། འཕོ་བའི་མན་ངག་ལས། དུས་ནི་འཆི་བའི་འོད་གསལ་ལས༔ ལྡང་བའི་དུས་ན་ཉེས་མེད་དེ༔ ཞེས་གསུངས། དུས་སུ་འཕོས་པའི་ཕན་ཡོན་ཡང་། ཀུན་སྤྱོད་ལས། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་ལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས།། རྒྱལ་མཚན་བ་དན་སྣ་ཚོགས་དང་། །སིལ་སྙན་སྒྲ་ནི་སྣ་ཚོགས་དང་། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་དང་། རྡོར་སེམས་ཐུགས་སྒྲུབ་ལས། དེ་ཡིས་མ་བསྒོམས་བཙན་ཐབས་སུ༔ རྫོགས་པའི་བྱང་ཆུབ་ཆེན་པོའི་གནས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་གསུངས་པ་ལྟར་རོ།། དེ་དག་ནི་འབྲས་བུ་མངོན་དུ་བྱེད་ཚུལ་ལོ། །གསུམ་པ་ཡན་ལག་དུམ་དུམ་ཁྲིགས་ཀྱི་སྐོར་ནི། རྩ་བར། ཡན་ལག་དུམ་དུམ་ཁྲིགས་ཀྱི་སྐོར༔ གཅིག་ཏུ་དྲིལ་ནས་ཉམས་བླངས་ན༔ ལམ་འདིའི་ཆ་རྐྱེན་རྫོགས་པ་ཡིན༔ ཞེས་གསུངས་ཏེ། འདིའི་ཆ་རྐྱེན་དུམ་དུམ་ཁྲིགས་ཀྱི་སྐོར་ལས། ཐུགས་རྡོ་རྗེའི་མཚན་མོའི་རྣལ་འབྱོར་དང་། མཚམས་སྦྱོར་འཕོ་བའི་མན་ངག་རྣམས་སྔར་སོང་བ་དེ་བཞིན་དུ་གཏུམ་མོ།


MLP024_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལམ། ཟབ་དོན་ཐུགས་ཀྱི་རྫོགས་རིམ་ཨ་ཏི་སྟེ། ཆ་རྐྱེན་གཞན་རྣམས་རྩ་བའི་མན་ངག་ཉིད་ཀྱི་ཞར་བྱུང་དུ་བསྒོམས་ན་བོགས་འདོན་དུ་འགྲོ་ལ། རྩ་བ་དང་ཡན་ལག་རྣམས་ཐོག་མ་ཉིད་ནས་ཆ་མཉམ་དུ་བསྒོམས་ན་ཕན་ཚུན་རྩལ་འགྲན་པའི་ཚུལ་གྱིས་འཇུག་པ་གཅིག་ཏུ་འབབ་པར་བྱེད། ཡང་རྩ་བའི་མན་ངག་གི་གསུང་རྡོ་རྗེ་ལ་གཏུམ་མོ་དང་། ཐུགས་རྡོ་རྗེ་ལ་ཕོ་ཉའི་ལམ་གྱིས་བོགས་དབྱུང་ཞིང་། ཨ་ཏི་ཐམས་ཅད་ལ་རྒྱས་གདབ་ཀྱི་ཚུལ་དུ་བསྒོམས་ན་ཤིན་ཏུའང་ལེགས་ཏེ། གང་ལྟར་ཡང་དེ་རྣམས་ཚང་ན་ལམ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །གཞན་ཡང་རྫོགས་རིམ་སྤྱི་དང་། བྱེ་བྲག་རྣལ་འབྱོར་གསུམ་སོ་སོའི་ཐད་ཀྱི་གོ་དོན་ལ་སོགས་པའང་སྤྲོ་ན་ཞིབ་ཏུ་བཤད་པར་བྱའོ། །དེ་དག་ནི་ལམ་གྱི་ཡན་ལག་རྣམས་སྦྱོར་ཚུལ་ཏེ། དངོས་གཞི་བཤད་ཚར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ལམ་སོ་སོའི་ཐད་དུ་ཉམས་སུ་མྱོང་བའི་རྟགས་ཚད་དང་། ཇི་ལྟར་ཉམས་སུ་མྱོང་བའི་དོན་ངོ་སྤྲོད་པ། གེགས་སེལ་བོགས་འདོན་ལ་སོགས་པ་རྣམས་ཏེ་གཞན་ལས་ཤེས་པར་བྱ་ཞིང་། ཟབ་གནད་མཐར་ཐུག་པ་རྣམས་ནི་ཡེ་ཤེས་ཀྱི་སྐུ་ཅན་བླ་མ་དམ་པའི་ཞལ་ལུང་ཁོ་ན་མོས་དགེ་ཕུན་སུམ་ཚོགས་པའི་མཐུས་མྱང་བ་ལས་ཤེས་པར་བྱའོ། །རྒྱལ་ཀུན་འདུས་ཞལ་པདྨ་ཀ་ར་ཡི། །ཐུགས་བཅུད་ཟབ་པ་ལས་ཀྱང་ཆེས་ཟབ་པ། །རྡོ་རྗེ་འཆང་དབང་བླ་མའི་ཞལ་ལུང་ལས། །འཐུངས་འདི་སྐལ་བཟང་ལས་ཀྱང་ཆེས་སྐལ་བཟང་། །དེ་ལྟར་བསམས་ནས་གོ་རྟོགས་ཉམས་མྱོང་གིས། །དབེན་ཀྱང་རང་བློ་མོས་པའི་བརྗེད་བྱང་དང་། །ཁྱད་པར་གསུང་རབ་རྒྱ་མཚོའི་མཐར་བརྒལ་ནས། །མཆོག་ཏུ་ཟབ་པའི་དེ་ཉིད་ལེགས་གཟིགས་པ། །རྣལ་འབྱོར་དབང་ཕྱུག་ལྷ་བཙུན་ཀུན་སྤངས་ཆེའི། །གསུང་གིས་ཡང་ཡང་བསྐུལ་ཞིང་རང་གི་གཅུང་། །བློ་གྲོས་ནོར་ལྡན་ཀུན་དགའ་ཚུལ་ཁྲིམས་ཀྱིས།། འ ཕྲལ་དུ་འགྲུབ་ན་རུང་ཞེས་མཚམས་སྦྱར་བར། །བརྟེན་ནས་བན་ཆུང་དྷརྨ་ཤྲཱི་ཡིས། །ཉེ་བའི་འདུ་བ་འབྱུང་པོའི་ཉི་མ་ལ། །ཚར་བར་དཔལ་ལྡན་བླ་མའི་གསུང་ཇི་བཞིན། །ཞིབ་མོར་


MLP024_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་འདིར་བཀའ་སྲུང་མཁའ་འགྲོའི་ཚོགས། །མ་མཉེས་སྲིད་ན་བཟོད་མཛད་རྗེས་བཟུང་གསོལ། །དགེ་འདིས་ལུས་བསྐྱེད་མ་ཡིས་ཐོག་དྲངས་ནས། །འགྲོ་བ་ཀུན་གྱིས་ལྷན་སྐྱེས་ཟབ་མོའི་དོན། །དྲི་མེད་མངོན་སུམ་མྱུར་དུ་རྟོགས་པར་ཤོག །ཆུ་མོ་བྱ་ལོ་སྟོན་ཟླ་ཐ་ཆུང་ལ་སྨིན་གྲོལ་གླིང་གི་ཆོས་གྲྭར་ཟིན་རིས་སུ་བྲིས་པ་ཕྱོགས་དུས་ཀུན་ཏུ་ཟབ་ལམ་གྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ། ༈ འདི་ཉིད་རང་གི་རྗེས་སུ་འབྲང་བ་མཐའ་དག་གི་རེ་ལྟོས་ཀྱི་རྟེན་ས་གཅིག་པུར་ལུང་གིས་ཟིན་ཅིང་ཆོས་ཀྱི་བདག་པོར་གྲུབ་པ་གཅུང་ལོ་ཙཱ་བ་ཆེན་པོས་ཞལ་ཤེས་ཁ་ཅིག་མ་གཏོགས་སྦས་དོན་སྙན་བརྒྱུད་བཀླགས་ཆོག་མ་ཉིད་དུ་བཀོད་པར་ངེད་རང་ནས་ཀྱང་རྗེས་སུ་བསྐུལ་བ་བཞིན་དུ་གསལ་བར་བྲིས་པ་ཡིན་པས་ཁྲིད་མ་ཐོབ་པར་ལུང་འབོགས་དཔེ་སྒྲོག་ཧོལ་སྤྱོད་བྱེད་པ་བྱུང་ན་བཀའ་སྲུང་ལྷ་ཆེན་ལྕམ་དྲལ་གྱིས་སྙིང་ཁྲག་རོལ་ཅིག་ཅེས་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ལུང་སྦྱིན་པ་ཡིན་ནོ། །མངྒ་ལཾ།། །།

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་གཏུམ་མོའི་ཁྲིད་ཡིག་ཟབ་གནད་གསལ་སྒྲོན། ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་གཏུམ་མོའི་ཁྲིད་ཡིག་ཟབ་གནད་གསལ་སྒྲོན་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། ༀ་སྭ་སྟི། ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་གཏུམ་མོ་ཟབ་རྒྱ་བཅུ་གཅིག་པའི་ཁྲིད་ཡིག་ཟབ་གནད་གསལ་བའི་སྒྲོན་མེ་ཞེས་བྱ་བ། དཔལ་བདེ་ཆེན་གར་གྱི་དབང་ཕྱུག་གི་ངོ་བོ་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཆོག་ཏུ་མི་འགྱུར༵་ཟག་མེད༵་བདེ་བ་ཆེ། །རྒྱལ་ཀུན་གསང་གསུམ་རྡོ༵་རྗེ༵ར་བྱང་ཆུབ་པ།། དྲིན་ཅན་བླ་མའི་ཞབས་ལ་ཕྱག་བགྱིའོ། །ཡི་དམ་ལྷན་སྐྱེས་བདེ་བའི་བཀའ་དྲིན་སྩོལ། །འདིར་གསང་བའི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་ལ་ཡིད་རྟོན་པའི་སྐལ་ལྡན་གྱི་སློབ་མ་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འདོད་པས། ཉོན་མོངས་ལམ་བྱེད་བདེ་མྱུར་གྱི་ཐབས་རྨད་དུ་བྱུང་བའི་ལམ་ཟབ་མོ་གཏུམ་མོའི་ཁྲིད་ཀྱི་རིམ་པ་ཉམས་སུ་བླང་བར་བྱ་བའོ། །འདི་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལའང་སྤྱི་དང་ཁྱད་པར་བ་གཉིས་ལས། དང་པོ་སྤྱིའི་སྔོན་འགྲོ་ནི། དང་པོ་སྔོན་འགྲོས་རྒྱུད་སྦྱངས་ནས༔ ཞེས་གསུངས་པས། ཐུན་གྱི་སྔོན་འགྲོ་དང་། ངེས་འབྱུང་གི་བློ་བཅོས་པ་སྔོན་དུ་འགྲོ་བས། སྐྱབས་སེམས་ནས། བླ་མའི་རྣལ་འབྱོར་གྱི་བར་ལམ་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་རྣམས་རྩ་ཁྲིད་ལྟར་བྱ་བའོ། །གཉིས་པ་ཁྱད་པར་བ་ནི། ལུས་ལ་བསྐུ་མཉེ་དང་ཁྲུས་བྱས་ཏེ༑ ངལ་དུབ་དང་དྲག་ཤུལ་སྤང་། ངག་ལོང་གཏམ་གྱི་རྒྱུན་བཅད་ལ་གྲགས་སྟོང་དུ་ཤེས་


MLP024_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། ཡིད་རྣམ་རྟོག་གི་རྒྱུན་བཅད་ནས་ཏིང་ངེ་འཛིན་སྒོམ་པ་ལ་འཇུག་སྟེ། དེའི་རིམ་པ་ནི། ཁྱད་པར་ཅན་གྱི་སྔོན་འགྲོ་ལ༔ སྲུང་འཁོར་ཚོགས་བསག་སྦྱང་བ་བྱ༔ ཞེས་པས་གསུམ་སྟེ། སྲུང་བའི་འཁོར་ལོ་བསྒོམ་པ། ཚོགས་བསག་ཉམས་ཆག་བསྐང་བ། སྦྱང་བ་གསུམ་བྱ་བའོ། །དང་པོ་ནི། བདེ་བའི་སྟན་ལ་ལུས་གནད་ཀྱིས༔ ཞེས་སོགས་ཀྱིས་བསྟན་ཏེ༑ སྟན་བདེ་བ་ལ་ལུས་གནད་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ལག་གཉིས་ཁུ་ཚུར་པུས་མོ་ལ་བཀབ། སྒལ་ཚིགས་བསྲང་། རོ་སྟོད་དགྱེ། མགྲིན་པ་དགུ། ལྕེ་རྩེ་རྐན་ལ་སྦྱར། མིག་གི་ལྟ་སྟངས་ཐད་ཀར་ཆེ་རེ་བལྟ། སེམས་ཀྱི་གནད་རང་ཐ་མལ་གྱི་ལུས་འདི་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྦྱངས་ཏེ་མི་དམིགས་པ་ལས། སྐད་ཅིག་གིས་རང་ལུས་ཕྱི་དབྱིབས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྐུར་ལམ་གྱིས་གསལ་བཏབ་པའི་ལུས་ནང་ཁོང་སྟོང་དྭངས་གསལ་སྒྲིབ་ཐོགས་མེད་པའི་རྣམ་པ་ཅན་ལ་སེམས་གཏད་དེ་བསྒོམ། དེ་གསལ་བ་དང་སྙིང་གར་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་རྡོ་རྗེ་དམར་པོ་འོད་ཟེར་འཕྲོ་བ་འགྲེང་སྟབས་སུ་གནས་པར་བསམ་ལ། རླུང་རོ་བསལ་ནས། རླུང་ཕྱིར་འབྱིན་པའི་ཚེ་སྙིང་གའི་རྡོ་རྗེ་ལས་རྡོ་རྗེ་ཕྲ་མོ་འོད་ཟེར་འཕྲོ་བའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པ་སྣ་སྒོ་ནས་ཐོན། ནམ་མཁའི་ཁམས་ཀུན་གང་། རླུང་ཕྱིར་འཛིན་གྱི་ཚེ་ནམ་མཁའི་རྡོ་རྗེ་རྣམས་འདུས་པ་རྡོ་རྗེའི་ས་གཞི་རྭ་གུར་དུ་གྱུར་པས་ཅིས་ཀྱང་མི་ཤིགས་པར་བསམ། རླུང་ནང་དུ་རྔུབ་པའི་ཚེ་རྭ་གུར་ནང་གི་བར་སྣང་ལ་གནས་པའི་རྡོ་རྗེ་ཕྲ་མོའི་ཚོགས་རྣམས་སྣ་སྒོ་ནས་ཞུགས། རང་ལུས་སྤྱི་བོ་ནས་རྐང་མཐིལ་གྱི་བར་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་བར་མེད་དུ་གཏམས་པས་གཞོམ་མེད་དུ་བཅིངས་པར་བསམས་ལ་རླུང་ནང་དུ་གཟུང་ངོ་། །གཉིས་པ་ནི། ཚོགས་བསག་ཉམས་ཆག་བསྐང་བ་ནི༔ ཞེས་སོགས་ཏེ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ངོ་བོ་བླ་མ་ལ་རྣམ་པ་གར་དབང་ཐུགས་རྗེ་ཆེན་པོའི་སྐུ་ཚོན་གང་བའི་ཚད་ཙམ་པ་ཞིག་གསལ་བཏབ་ལ་ཐེབས་པ་དང་རླུང་རོ་བསལ་ནས། རླུང་ཕྱིར་འབྱིན་པ་དང་མཉམ་དུ་སྙིང་ག་ནས་རྡོ་རྗེ་རྒྱ་གྲམ་དམར་སྐྱ་ཞིག་དབུགས་རྒྱུ་ཕྱོགས་ཀྱི་


MLP024_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་བུག་ནས་ཐོན་པ་རང་གི་སྤྱི་བོའི་ཐད་ནས་ཁྲུ་གང་ཙམ་གཞལ་བའི་ནམ་མཁའ་ལ་གདན་སྟབས་སུ་འཁོད། རླུང་ཕྱི་རུ་འཛིན་པའི་ཚེ་སྙིང་གའི་བླ་མའི་སྐུ་ཡང་སྣ་སྒོ་ལས་ཐོན་པ་རྒྱ་གྲམ་གྱི་སྟེང་དུ་བཞུགས་པར་བསམས་ལ་མོས་གུས་དུང་དུང་བ་བྱས། རླུང་ནང་དུ་འཇུག་པའི་ཚེ་དབུགས་མི་རྒྱུ་བའི་ཕྱོགས་ཀྱི་སྣ་བུག་ལས་ཞུགས་པ་སྙིང་གར་བྱོན། རླུང་ནང་དུ་འཛིན་པའི་ཚེ་སྙིང་གའི་ཉི་མའི་ཐིག་ལེ་ལ་དགྱེས་འཛུམ་གྱི་ཉམས་ཡལ་ལེ་བཞུགས་པར་བསམས་ལ། ཡིད་གཉིས་སྤངས་པའི་མོས་གུས་གདུང་ཤུགས་རྩེ་གཅིག་པ་ལ་མཉམ་པར་བཞག་གོ །གསུམ་པ་སྦྱང་བ་ལ། ལུས་སྦྱང་བ། རྩ་སྦྱང་བ། རླུང་སྦྱང་བ་གསུམ་ལས། དང་པོ་ནི། ལུས་སྦྱོང་རྣམ་སྣང་ཆོས་བདུན་བྱ༔ ཞེས་སོགས་ཏེ། ལུས་གནད་ཆོས་བདུན་བཅས་ལ། རླུང་རོ་བསལ་ནས་བུམ་ཅན་འགའ་རེ་བཟུང་། དེ་ནས་ལྟེ་བར་རླུང་ཁ་སྦྱར་ཏེ་བུམ་ཅན་དྲག་ཏུ་བཅིངས་རྗེས་འོག་རླུང་རང་བབས་ལ་སྟེང་རླུང་གནོན་པའི་སྦྱོར་བ་གཅིག་དང་བསྟུན་ལུས་ཀྱི་འཁྲུལ་འཁོར་བྱ་སྟེ། དང་པོ་ཁུ་ཚུར་དཔུང་མགོར་བརྡེག །གཉིས་པ་རྐང་རྟིང་དཔྱི་མགོར་བརྡེག །གསུམ་པ་རོ་སྟོད་གཅུ་ཞིང་སྤྲུག །བཞི་པ་མགོ་བསྐོར་ཕྱོགས་བཞིར་འཕང་། །ལྔ་པ་ཧ་ཞེས་སྒྲ་བཅས་བཏང་། །དེ་ཚེ་འབེབས་ཆུང་ལུས་ཀུན་སྤྲུག །དེ་ལྟར་སྤེལ་བའི་ལུས་སྦྱོང་ལན་བདུན་བསྐྱར་ཞིང་། དེས་རྩ་རྣམས་ཀྱི་ནང་ལ་རླུང་བརྒྱུས་པས་སྐུད་པ་ཐང་ལྷོད་དུ་འཐེན་པ་ལྟར་བྱས་པས་རྩ་རེངས་པ་དང་འཆུས་པ་སོགས་སོར་ཆུད་ནས་མཉེན་པོར་འགྲོ་ཞིང་། མཐར་རླུང་གཏོང་ཞིང་སྤྲུག་པའི་ཚེ་ལུས་ནང་བཤལ་བ་ལྟར་སང་གིས་སོང་བར་བསྒོམ་པའོ། །གཉིས་པ་རྩ་སྦྱང་བ་ནི། རྩ་སྦྱང་རང་ལུས་ལྷ་ཡི་སྐུ༔ ཞེས་སོགས་ཏེ། ལུས་གནད་བཅའ། རང་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི། ལུས་སྣང་དྭངས་གསལ་སྒྲིབ་ཐོགས་མེད་པའི་དབུས་དྲང་པོར། རྩ་ཨ་བ་དྷཱུ་ཏི་ཡར་སྣ་སྤྱི་བོ་ནས། མར་སྣ་ལྟེ་འོག་སོར་བཞིའི་བར་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། ཏིལ་གྱི་མར་མེ་ལྟར་གསལ་ཞིང་རང་འོད་འཕྲོ་བ༑ རྒྱ་ཚོས་ཀྱིས་བཙོས་པ་ལྟར་དམར་བ། པདྨའི་སྣལ་མ་ལྟར་ཤིན་ཏུ་སྲབ་ཅིང་དྭངས་པ་


MLP024_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་མཚན་ཉིད་བཞི་དང་ལྡན་པ། སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་པ་ལ། རྩེ་གཅིག་ཏུ་མཉམ་པར་བཞག་ནས་སེམས་མ་ཟིན་བར་དུ་ལྟ་སྟངས་དང་བཅས་ནས་བསྒོམ། དེ་ལ་སེམས་ཟིན་པ་དང་། དབུ་མ་དེ་ཇེ་ཆེ་ཇེ་ཆེར་འཕེལ་ནས། སྦ་ལྕག་ཙམ་ནས་ལུས་ནང་དབུ་མར་འདྲེས་པར་བསམ། དེ་ནས་ཀྱང་རིམ་པར་འཕེལ་བས། ནམ་མཁས་གར་ཁྱབ་དབུ་མས་ཀྱང་ཁྱབ་པར་བསྒོམ། སླར་ཡང་ཇེ་ཕྲ་ཇེ་ཕྲར་གྱུར་པ་ལས་རིམ་པར་ཞོ་མདོང་དང་། སྦ་ལྕག་དང་། མདའ་སྨྱུག་དང་། གྲོ་སོག་དང་། སྐྲ་རྩེ་ཙམ་གྱི་བར་དུ་ཡང་ཁོང་སྟོང་དྭངས་གསལ་གྱི་རྣམ་པར་བསྒོམ་མོ། །དེ་ལྟར་སྦྱངས་པས་མི་རྟོག་པའི་ཉམས་སྐྱེ་ཞིང་རྩ་ལམ་འབྱོངས་པར་འགྱུར་རོ། །གསུམ་པ་རླུང་སྦྱང་བ་ནི། རླུང་སྦྱང་དྷཱུ་ཏིའི་གཡས་གཡོན་གྱི༔ ཞེས་སོགས་ཏེ། ལུས་ནང་དུ་དབུ་མ་མཚན་ཉིད་བཞི་ལྡན་སྔར་ལྟར་གསལ་བཏབ་པའི་གཡས་སུ་རོ་མ་དམར་པོ་དང་། གཡོན་དུ་རྐྱང་མ་དཀར་པོ་གཉིས་དབུ་མ་ལས་ལྡབ་འགྱུར་གྱིས་ཕྲ་བ། སྤྱི་བོ་ནས་ལྟེ་འོག་སོར་བཞིའི་བར་དབུ་མ་དང་ལྷན་ཅིག་གསུམ་གཤིབས་སུ་སོང་བའི་རོ་རྐྱང་གི་ཡས་སྣ་གཉིས་སྨིན་མཚམས་ནས་སྣ་བུག་གཉིས་སུ་ཟུག་པ། མས་སྣ་གཉིས་དབུ་མ་ལས་ཅུང་ཟད་རིང་བ་ཡར་ལོག་སྟེ། ལྟེ་འོག་སོར་བཞིའི་ཐད་དུ་དབུ་མའི་མས་སྣ་གནས་པའི་ནང་དུ་ཆུག་པ་དྭངས་གསལ་སྦུབས་སྟོང་གི་རྣམ་པར་བསམས་ལ་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་སོང་བར་མོས་ཏེ་རླུང་རོ་དལ་ལ་རིང་བ་གསུམ་བསལ། བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་རླུང་གི་རྣམ་པར་སྣ་བུག་གཉིས་ནས་རོ་རྐྱང་གི་ལམ་བརྒྱུད་དེ་སོང་བ་ལྟེ་འོག་དབུ་མའི་སྒོར་སླེབས་པར་མོས་ལ་སྟེང་རླུང་ཤར་གྱིས་བརྔུབས་པ་སྟེ་འོག་ཏུ་བསྐྱུར་ཐབས་སུ་མནན། དེ་དང་མཉམ་དུ་འོག་རླུང་བསྐུམས་པས་ཐུར་སེལ་གྱི་རླུང་མདུང་ཚུགས་སུ་ལངས་པ་དབུ་མའི་མས་སྣར་ཚུད། དེ་ལྟར་སྲོག་རོ་རྐྱང་དང་ཐུར་སེལ་གྱི་རླུང་གསུམ་པོ་གཅིག་ཏུ་འདུས་པ་དབུ་མའི་ནང་དུ་བཅུག་ནས། སེམས་དབུ་མའི་ནང་དུ་གཏད་ལ་ཁ་སྦྱོར་འཇམ་ཞིང་རན་པར་བཟུང་ཅུང་ཟད་མི་བདེ་ན་སླར་ཡང་རྔུབ་ཆུང་བྱས་ཏེ་གཡས་གཡོན་དབུས་གསུམ་དུ་ཐེན་གནོན་བྱ། མི་ཐུབ་པ་ན་སྣ་བུག་གཉིས་


MLP024_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དལ་བུས་ཕྲ་ལ་རིང་པའི་ཤུགས་ཀྱིས་ཕྱིར་སང་གིས་འཕང་། དེ་མ་ཐག་ཡང་བརྔུབས་ཏེ་བརྩོན་པ་དྲག་པོས་གོམས་པར་བྱའོ། །དེ་ལྟར་རླུང་སྦྱོར་བ་བཞི་ལྡན་ལ་འབད་རྩོལ་ཆེན་པོས་སྦྱངས་པས་རླུང་ཡུན་རིང་བཀག་ཀྱང་ཐང་ཆད་པ་དང་མི་བདེ་བ་མི་འབྱུང་ན་ཅུང་ཟད་བྱང་བའི་རྟགས་ཡིན་ནོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། རྩ་བའི་དམིགས་པ་དང་། དེ་ལས་འཕྲོས་པའོ།། དང་པོ་ནི། དེ་ནས་གཏུམ་མོའི་རྣལ་འབྱོར་ལ༔ དྲོད་བསྐྱེད་དམ་ཚིག་གཏུམ་མོ་དང༔ བདེ་བ་ཆོས་ཀྱི་གཏུམ་མོ་དང་༔ བདེ་དྲོད་སྟོང་པར་རྒྱས་འདེབས་པ༔ ཡེ་ཤེས་གཏུམ་མོར་ཡང་དག་བཤད༔ ཅེས་པ་ལྟར་གསུམ་ལས། དང་པོ་དྲོད་སྐྱེད་པ་དམ་ཚིག་གི་གཏུམ་མོ་ནི། ལུས་གནད་མེ་ཐབ་གྲུ་བཅིངས་ལ། །ཞེས་སོགས་ཏེ། ལུས་གནད་མེ་ཐབ་གྲུ་བཅིངས་བཅས་པར་པུས་འཁྱུད་ཀྱིས་བསྡམས་ནས། རང་ལྷར་གསལ་བའི་ལུས་ནང་དུ་རྩ་གསུམ་སྔར་ལྟར་གསལ་བཏབ་པའི། དབུ་མའི་མས་སྣ་ར་གསུམ་འདུས་མདོར་ཨཾ་ཡིག་དམར་པོ་མགོ་བོ་གྱེན་བསྟན་མེའི་རང་བཞིན་ཚ་ཞིང་རྩུབ་ལ་དབུ་མའི་ཡས་སྣར་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་བལྟ་གསལ་འཚེར་དྭངས་པ་སྣུམ་ཞིང་འདྲིལ་བ་བདེ་བའི་རང་བཞིན་འཛག་ལ་ཁད་པ། དེའི་སྟེང་སྤྱི་བོར་རྩ་བའི་བླ་མ་དཀར་དམར་བཀྲག་མདངས་གཟི་བྱིན་འབར་བ་རྡོར་དྲིལ་ཐུགས་ཀར་བསྣོལ་བས་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་གསལ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་དགྱེས་ཤིང་འཛུམ་པའི་ཉམས་ཅན་སྐྱབས་གནས་ཀུན་འདུས་སུ་བསམ། དེ་ལྟར་གསལ་ཐེབས་པ་ན། རླུང་རོ་བསལ། སྟེང་རླུང་དྲངས་པ་རོ་རྐྱང་བརྒྱུད་རྩ་གསུམ་འདུས་མདོར་སླེབས། འོག་རླུང་བསྐུམ་པའི་ཐུར་སེལ་གྱེན་དུ་ལངས་པ་དབུ་མའི་སྣར་ཚུད་དེ༑ རླུང་གསུམ་གཅིག་ཏུ་གྱུར་པ་དེས་ཨཾ་ལས་བུས་པས། ཨཾ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་ལྕེ་འུར་གྱིས་འབར་ཏེ། ཕྲ་བ། གསལ་བ། འཚེར་བ། རྩེ་མོ་རྣོ་བ་འབར་ཞིང་འཁྱུག་པ་ཇེ་རིང་ཇེ་རིང་དུ་སྦར་བས་རླུང་ཐེངས་འགའ་རེ་སོང་བ་ན་ལུས་ནང་གི་རྩ་ཀུན་གང་བས་ལུས་ནང་ཐམས་ཅད་ཁྱབ་ནས་དྲོད་ཚ་འུར་གྱིས་སྐྱེས་པར་མོས་ཤིང་མེ་འབར་བ་ཁོ་ན་ལ་


MLP024_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གཏད་དེ་རྩེ་གཅིག་ཏུ་བསྒོམ། ཡང་རེས་འགའ་མེ་ལྕེ་ཕྲ་ཞིང་དྭངས་པ་ཟངས་ཁབ་ལྟ་བུ་དམར་བྲེང་གིས་འབར་བ་དང་། རེས་འགའ་ཅི་ཡང་མི་དམིགས་པའི་ངང་གདངས་བསྐྱང་ཞིང་མཉམ་པར་འཇོག དེ་ཀུན་ལ་རླུང་གནད་རེ་དང་སྦྱར་ཏེ་རླུང་བདེ་བར་ཟིན་གྱི་བར་དུ་མནན། མི་བདེ་ན། ཧ་ཅང་དྲག་པ་མ་ཡིན་པར་བུས་ལ་ཡང་བཟུང་། དམིགས་པ་འཛིན་པའི་བར་ལ་རླུང་མི་འཇུག་ཅིང་གསལ་བ་དང་སྟེང་རླུང་བརྔུབས་ཏེ་མཆིལ་མའི་རྟ་ལ་བསྐྱོན་ནས་གནོན་པ་དང་འོག་རླུང་འཐེན་ལ་ལྟེ་བར་ཁ་སྦྱོར་རན་པར་འཆིང་། དམིགས་པ་གསལ་ཞིང་དྲག་ལ་འཇུར་བ་དང་ཐུན་ཆུང་ལ་གྲངས་མང་བར་བསླབ། སྒོམ་ཉམས་བཟང་ཕྲོ་ལ་བཅད་དེ་སྒོམ་གྱི་སྣ་མ་འདྲོགས་པར་བསྐྱང་། ཁམས་ངན་ན་རེ་ཞིག་ངལ་གསོ་ཞིང་ཀློད། ཟས་ལན་ཚྭ་ཆེས་པ་སོགས་སྤངས་ཏེ་ཁ་ཟས་ཡང་ཞིང་བཅུད་ཆེ་བ་དང་སྤྱོད་ལམ་ཧ་ཅང་འཇུར་བ་མ་ཡིན་པའི་ལྕག་གིས་བསྣུན། ཉི་མ་དང་མེ་དང་། རླུང་ཆེ་ས་རྣམས་སུ་མི་སྡོད། ལུས་ལས་རྔུལ་འཐོན་པའི་ལས་མི་བྱ། ཉིན་མོ་གཉིད་དང་། ཁམས་ཉམས་པ་སྤང་། ཉམས་མཐོ་དམན་བདེ་སྡུག་ཅི་སྐྱེས་ཀྱང་དགག་སྒྲུབ་མི་བྱེད་པར་བྱུང་རྒྱལ་དུ་བསྐྱང་། མཚན་མོ་ཉལ་དུས་ལུས་གནད་རབ་སྐྱིལ་ཀྲུང་། འབྲིང་ཙོག་པུ། ཐ་མ་སྔས་མཐོ་བར་བྱས་ལ་གློ་གཡས་འོག་ཏུ་བཅུག པུས་བྲང་སྦྱར་བའི་ལུས་སུམ་བལྟབ་དུ་ཉལ། གང་ལྟར་ཡང་ལག་མདུན་དུ་བསྣོལ་ནས་མཐིལ་གཉིས་ཀྱིས་མཁལ་ཁུང་གཡས་གཡོན་བཀབ། གཏུམ་མོ་འབར་བ་ལ་སེམས་གཏད་ནས་བར་རླུང་ཅུང་ཟད་བཟུང་བའི་ངང་ལ་གཉིད་དུ་འགྲོ་བར་བྱ༑ དེས་གཉིད་ཀྱི་འོད་གསལ་ཟིན་པ་དང་། ཉིན་མོ་བསྒོམས་པའི་དྲོད་ཀྱི་རྒྱུན་མཚན་མོ་མི་ཡལ་བའི་དགོས་པ་ཡོད། གལ་ཏེ་དྲོད་སྐྱེ་བ་བུལ་ན། ལུས་གནད་ཐབས་ལམ་དུ་གསུངས་པ་ལྟར་གཙུབ་ཤིང་གཙུབ་སྟན་གྱི་འཁྲུལ་འཁོར་ལ་འབད། རླུང་སྔ་མ་བཏང་བའི་རྗེས་དེ་མ་ཐག་ཏུ་ཡང་བརྔུབས་ཏེ་རྩོལ་བ་དྲག་པོས་བསྒོམ། མ་གོམས་བར་དུ་ངལ་བསོ་ན། རླུང་ཐེངས་བཞིའམ། བརྒྱད་དམ། བཅུ་གཉིས་སོགས་བཞི་ཚན་རེ་རེ་རིམ་པར་བསྐྱེད་པའི་མཚམས་སུ་ངལ་གསོ་བ་ལས་གང་འདོད་དུ་མི་འཇོག དམིགས་པའང་ཕྱིར་མ་ཤོར་བར་


MLP024_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་མེ་དམིགས་ཁོ་ནར་ཤེས་པ་གཏོད། དྲོད་ལུས་ཐམས་ཅད་དུ་ཁྱབ་པར་མ་སྐྱེས་ན་གང་དྲོད་ཆུང་སར་མེ་དམིགས་དྲག་ཏུ་བསྒོམ་ཞིང་ལག་མཐིལ་གྱིས་མཉེ་བར་བྱའོ། །གཉིས་པ་བདེ་བ་ཆོས་ཀྱི་གཏུམ་མོ་ནི། དེ་ཉིད་བདེ་བར་རྒྱས་འདེབས་པ། ཞེས་སོགས་ཏེ༑ ལུས་གནད་ཆོས་བདུན་བཅས་ལ། དམིགས་པ་གཏུམ་མོ་སྦར་བའི་བར་སྔར་ལྟར་ལས། གཏུམ་མོའི་མེ་ཆོས་བཞི་ལྡན་གློག་གི་ཟེར་མ་ལྟར་འབར་བ་དྷཱུ་ཏིའི་ལམ་བརྒྱུད་སྤྱི་བོའི་ཧཾ་ལ་རེག བླ་མ་ཡབ་ཡུམ་ལ་བདེ་དྲོད་ཀྱི་མཆོད་པ་ཕུལ་བས་རྗེས་ཆགས་ཀྱི་བདེ་བ་ཆེན་པོས་དགྱེས་ཤིང་ཚིམས་ནས་བདུད་རྩིར་ལྡེམ་གྱིས་ཞུ་བ་ཧཾ་ལ་ཐིམ་པས་ཧཾ་ཡིག་ལས་ནུ་མ་བཞོས་པ་བཞིན་བྱང་སེམས་དྭངས་གསལ་བདེ་བའི་རང་བཞིན་བ་ཐག་ལྟར་སྐྱ་ནར་གྱིས་སམ། མུ་ཏིག་གི་རྡོག་མ་ལྟར་ཐིགས་ཐིགས་བབས་པ་ལྟེ་བའི་ཨཾ་ལ་ཐིམ་པས་སྡོང་རྩ་མར་ཁུས་བརླན་པ་ལྟར་མེའི་གསོས་བྱས་ནས་ཆེར་འབར་བས་ཟླ་བ་བདུད་རྩིར་ཞུ་བའི་དྭངས་མས་དབུ་མ་གང་། དེ་ལས་རྩ་ཕྲན་ཐམས་ཅད་དུ་ཟགས་པས་ལུས་ཀྱི་བ་སྤུ་ཡན་ཆད་ཐམས་ཅད་མེར་གྱིས་གང་བ་ལ་བདེ་བའི་རོས་ཁྱབ་པར་བསམ་ཞིང་། རླུང་བུམ་ཅན་དང་སྦྱར་ནས་འབར་འཛག་སྐྲ་ཤད་འཛིངས་པ་ལྟར་རྒྱུན་མི་ཆད་པར་བྱ། དེས་ལུས་ལ་བདེ་བ་དང་སེམས་ཐོག་ཏུ་དགའ་བ་སྐྱེས་ཚེ་དེ་ཁའི་རང་ཞལ་ལ་བལྟ་ཞིང་ངང་གདངས་སྐྱོང་ལ་མཉམ་པར་འཇོག་གོ །དེ་ལྟར་བདེ་དྲོད་ཞལ་སྦྱོར་ལ་འབད་པས་ལུས་ཀུན་དྭངས་མས་གང་བའི་བདེ་བ་རང་ཤར་དུ་སྐྱེས་པའི་ཚེ། དེ་ཉིད་རྩོལ་མེད་ཡུན་དུ་གནས་པའི་ཐབས་ནི། སྤྱི་བོའི་ཧཾ་ཡིག་ལས་དབུ་མའི་ལམ་བརྒྱུད་ལྟེ་བའི་བར་བྱང་སེམས་ཀྱི་རྒྱུན་དར་དཀར་གྱི་སྐུད་པ་བཞིན་དུ་སྐྱ་བྲེང་ངེ་གནས་པར་བསམས་ལ། དེའི་བདེ་བའི་ངང་ལ་རྩེ་གཅིག་ཏུ་སེམས་བཟུང་ངོ་།། གསུམ་པ་བདེ་དྲོད་སྟོང་ཉིད་དུ་རྒྱས་འདེབས་པ་ཡེ་ཤེས་ཀྱི་གཏུམ་མོ་ནི། བདེ་དྲོད་དབྱེར་མེད་སྟོང་ཉིད་དུ༔ ཞེས་སོགས་ཏེ། དམ་ཚིག་དང་ཆོས་ཀྱི་གཏུམ་མོ་ལ་བསླབས་པས་བདེ་དྲོད་ཀྱི་ཉམས་སྐྱེས་པའི་ཚེ། ལུས་གནད་ཆོས་བདུན་སྤྱི་ལྟར་ལས་ཁྱད་པར་ལག་ངར་བསྲངས་བའི་རྡོ་རྗེ་ཁུ་ཚུར་ཁ་སྦུབ་པའམ་གན་སྐྱལ་གང་རིགས་བརླར་བཞག རླུང་གནད་


MLP024_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ཅན་བཟུང་། ཉིན་མོ་སྤྲིན་དང་བསིར་བུ་མེད་ཅིང་ནམ་མཁའ་དྭངས་པའི་སྐབས་ཁང་ཐོག་ལྟ་བུ་བླ་གབ་མེད་པའི་སར་ལུས་ལ་རླུང་དང་ཉི་མ་སྐྱོབ་པའི་ཐབས་བྱས་ཏེ། སྔ་དྲོ་ཁ་ནུབ་དང་ཕྱི་རོ་ཁ་ཤར། ས་ཁད་ཡངས་པར་བལྟ་བདེ་ན་གུང་ལ་ཁ་བྱང་དུ་ཕྱོགས་པས། མིག་གནད་རྫི་མ་མི་རྡེག་ཅིང་། མིག་འབྲས་མི་འགྱུར་བ་ཤིན་ཏུ་གདངས་པ་དྲག་པོའི་མིག་གི་ལྟ་སྟངས་སྨིན་མཚམས་ནས་ཁྲུ་གང་ཙམ་གྱི་ཐད་ཀའི་ནམ་མཁར་གཏད་པ་ལ་སེམས་མི་འཕྲོ་བའི་རྟེན་ཙམ་བྱས་ཏེ། དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་ནས་རླུང་སེམས་ནམ་མཁའ་གསུམ་འདྲེས་པ་ལྟ་བུའི་ངང་ལ་རེས་གྲིམ། རེས་གློད་པ་རེ་མོས་ཀྱིས་མཉམ་པར་འཇོག མཚན་མོ་ལུས་གནད་དང་རླུང་གནད་འདྲ་བ་ལས་ཁྱད་པར་ཐད་ཀའི་ལྟ་སྟངས་མིག་ཕྱེད་གདངས་ཀྱིས་རྫི་མ་མི་རྡེག་ཅིང་མིག་འབྲས་མི་འགུལ་བས་གང་དུ་གཏད་པའི་བར་སྣང་ནག་ཐིང་ངེ་བ་ལ་སེམས་མི་འཕྲོ་བའི་རྟེན་བྱས་ཏེ། སེམས་གནད་སྔར་བཞིན་གྲིམ་གློད་རེས་འཇོག་གིས་བསྒོམ། གང་ལྟར་ཡང་ལུས་གནད་དང་ལྟ་སྟངས་བཅུན་ལ་སྒོམ་ཉམས་བཟང་འཕྲོ་ལ་བཅད་དེ་ཐུན་ཆུང་ལ་གྲངས་མང་བས་ཡང་ཡང་བསླབ། དེས་སྐྱོ་ན། སེམས་ཧ་ཅང་མ་བསྒྲིམས་ཧ་ཅང་མི་གློད་པར་རང་བབས་སུ་ཤིག་གེ་བཞག་ལ་ངལ་སོས། དེ་ལྟར་ཉིན་མཚན་གྱི་རྣལ་འབྱོར་གཉིས་གཅིག་ཏུ་དྲིལ་ཏེ་ཉམས་སུ་བླངས་པས་སེམས་ཟིན་པས་རླུང་ཟིན། དེ་ཟིན་པ་ལས་སྟོང་གཟུགས་ཀྱི་རྣམ་པ་འཆར་ཏེ། དུ་བའི་ཉམས་སུ་དུ་བ་འཕྱུར་བ་དང་དུ་གདང་ཆགས་པ་ལྟ་བུ་དང་། སྨིག་རྒྱུའི་ཉམས་ཆུ་འགྲོ་བ་དང་ཆར་ཟིལ་འབེབས་པ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་ཉམས་དམར་ཙེག་ཙེག་དང་དམར་ཕྲ་ཕྲ་བ་ལྟ་བུ་དང་། མར་མེའི་ཉམས་སྒྲོན་མེ་འབར་བ་དང་མར་མེ་མང་པོ་བསྒྲིགས་པ་ལྟ་བུ་དང་། ནམ་མཁའ་ལྟ་བུའི་ཉམས་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་ལ་སོགས་ཏེ་མཐོང་སྣང་མཐའ་ཡས་པ་དང་། ལུས་ཉམས། སེམས་ཉམས། རྨིས་ཉམས་སོགས་གང་བྱུང་ངོ་ཤེས་པར་བྱས་ལ། སྣང་བ་གང་ཤར་དགག་སྒྲུབ་མེད་པར་བསྐྱང་དུ་བཅུག སྟོང་གཟུགས་ཀྱི་མཐོང་སྣང་རྣམས་མི་གཡོ་བར་བརྟན་ན། མིག་འབྲས་བསྒྱུར་བ་དང་བར་ཐག་རིང་ཐུང་མ་


MLP024_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའི་མཁའ་ལ་ཁྲིད་དེ་རྟགས་སྣང་རྣམས་ལ་ལྟ་སྟངས་གཏད་ནས་མ་ཡེངས་པར་ཆེ་རེ་བལྟ་བ་དང་། སྟེང་འོག་མ་ངེས་པར་ཤུགས་ཕྱུང་སྟེ་རྟགས་སྣང་མཁའ་ལ་མཐོང་ན་ལྟ་སྟངས་རིམ་གྱིས་ཕབ་སྟེ་ལས་སྣང་གང་རུང་ཞིག་གི་སྟེང་དུ་སེམས་བཟུང་བ་དང་། སྟོང་གཟུགས་མིག་གི་ཐད་ཀའམ་འོག་ཏུ་འཆར་ན་ལྟ་སྟངས་རིམ་གྱིས་གཏོད་དེ་ལས་སྣང་དང་བསྲེས་པས་ལས་སྣང་དེའང་སྟོང་གཟུགས་སུ་འཆར་ཞིང་དེ་དག་ལ་སེམས་བཟུང་བས་མ་དག་པའི་ལས་སྣང་འགགས་ནས་སྣང་བ་ཐམས་ཅད་སྟོང་གཟུགས་སུ་འཆར་བ་དང་། མགོ་དྲང་པོར་བཞག་ནས་སྣ་བུག་གཉིས་ཀྱི་ཐད་ཀར་གཏད་དེ་སྟོང་གཟུགས་བཟུང་ན་རླུང་ལྔའི་ཁ་དོག་མཐོང་བ་དང་། ལྟེ་འོག་སྤུ་དཀར་ནག་གི་མཚམས་སུ་བཟུང་ནས་བདེ་དྲོད་འཆར་ཞིང་མཐར་དབུ་མ་དང་རྩ་འཁོར་རྣམས་ཀྱང་མཐོང་བར་བཤད། རྟགས་སྣང་མཐར་ཐུག་འོད་ཀྱི་ཐིག་ལེ་ཤར་བ་ལ་མ་ཆགས་མི་གཡོ་བར་བལྟས་པས་བོགས་འབྱིན་པར་བྱེད་དེ་བརྟན་པ་ན་དེའི་དབུས་སུ་བརྟན་གཡོའི་འཇིག་རྟེན་གྱི་ཁམས་སོགས་དག་མ་དག་གི་སྣང་བ་དཔག་ཏུ་མེད་པ་སྒྲིབ་མེད་གསལ་པོར་མཐོང་བར་འགྱུར་ཞིང་། ལུས་སེམས་བདེ་གསལ་རྣམ་པར་མི་རྟོག་པའི་རང་བཞིན་འོད་གསལ་གྱི་ངང་ཉིད་དུ་གནས་པའི་ཉམས་བཟང་པོ་དང་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་མང་པོ་འཆར་བར་གསུངས་སོ། །གཉིས་པ་དེ་ལས་འཕྲོས་པ་ལ་ལྔ་ལས། དང་པོ་ཉམས་སྣང་གཏན་འབེབས་ནི། དེ་ལྟར་གསུམ་གྱི་དང་པོ་ལ༔ ཞེས་སོགས་ཚིགས་བཅད་གཅིག་གིས་བཤད་མ་ཐག་པའི་གཏུམ་མོ་གསུམ་གྱི་ལུས་གནད་དང་རླུང་གནད་བསྟན་ཏེ། རང་རང་གི་ཐད་ཀར་བཤད་ཟིན་ནས་འདིར། དེ་ལྟར་བསྒོམས་པས་ཉམས་གསུམ་འོང༔ ཞེས་སོགས་ཏེ། དེ་ལྟར་འབད་པས་བསྒོམས་པ་ན། ཉམས་ཀྱི་རིམ་པ་གསུམ་འོང་སྟེ། རང་བཞིན་གྱི་ཉམས། རྟོགས་པའི་ཉམས། འོད་གསལ་གྱི་ཉམས་སོ། །དང་པོ་ནི། བདེ་བ་སྐྱེས་པའི་རྣམ་རྟོག་ཁ་འཁྱིལ་བ་ན་མགོ་དང་རོ་སྟོད་ལྗི། སེམས་ཉམས་རྣམ་རྟོག་མི་འགྱུར་བར་གསལ་ཆ་དང་དྭངས་ཆ་མེད་པར་ཧར་རེ་ཚོམ་མེ་ལུས་པའི་བྱིང་ཉམས་ཆེན་པོ་འབྱུང་སྟེ། དེ་ཀ་བྱུང་རྒྱལ་དུ་བསྐྱངས་པས་སངས་


MLP024_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡོན་ཏན་དུ་འགྲོ་བ་ཡོད་ནའང་། དེ་བསལ་ན་བོགས་ཆེ་བས། ལྟ་སྟངས་གཏོད། ཤེས་པ་ལ་ངར་བཏགས། རིག་པ་ཧུར་ཕྱུང་ནས་བལྟ། སྣ་ཚོགས་ཡུལ་གྱི་བདུད་རྩི་བསྟེན་པ་ཞེས་བྱ་བ་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་ངོ་མཚར་བའི་ལྟད་མོ་སྣ་ཚོགས་ལ་བལྟས་པས་སེལ་ལོ། །གཉིས་པ་ནི། རྣམ་རྟོག་རགས་ཤིང་བདེ་བའི་ཉམས་གསལ་བ་འབྱུང་སྟེ། དེའི་ཚེ་ལྟ་སྟངས་ཀྱིས་སེམས་བཅུན་ནས་རྣམ་རྟོག་གི་རང་ངོ་ལ་ཆེར་གྱིས་བལྟས་ལ༑ དེ་གའི་ངང་ལ་བསལ་བཞག་མེད་པར་རང་བབས་སུ་གློད་ལ་གཞག་པར་བྱའོ། །གསུམ་པ་ནི། གང་ཤར་གྱི་རང་ཞལ་ལ་བལྟས་པས་གསལ་ལ་ངོས་གཟུང་མེད་པ། བདེ་ལ་ཞེན་པ་མེད་པ། མི་རྟོག་ལ་འཆར་སྒོ་མ་འགགས་པའི་ཉམས་ཏེ། མདོར་ན་བདེ་གསལ་གྱི་སྣང་བ་མ་འགགས་ལ། དེའི་རང་བཞིན་གང་དུ་ཡང་ངོས་གཟུང་དུ་མེད་པ་ཡུལ་ཡུལ་ཅན་རོ་གཅིག་པའི་བློ་འདས། རང་རིག་རང་གསལ་སྤྲོས་པ་ཐམས་ཅད་དང་བྲལ་བས་བདེ་གསལ་སྟོང་པ་མི་རྟོག་པ་རྣམ་ཐར་བཞི་ལྡན་གྱི་ཡེ་ཤེས་སུ་རང་ཤར་བ་ནི་སྒོམ་ཉམས་མཐར་ཐུག་གོ། གཉིས་པ་གེགས་སེལ་གནད་ཀྱི་མན་ངག་ནི། གཏུམ་མོ་བསྒོམ་པའི་རྣལ་འབྱོར་ལ༔ ཞེས་སོགས་ཏེ། འདི་ལ་བཞི་ལས། རླུང་ལོག་གི་གེགས་སེལ་ནི། རླུང་ཕྱིར་བསྒོམས་པས་ཤེས་པ་འཕྱོ་བ། སྙིང་མི་དགའ་བ། རོ་སྟོད་ན་བ། མགོ་ལ་ཟུག་ཟེར་སོགས་སྐྱེས་ན། དེ་བསལ་བ་ནི། རང་ལུས་སྟོང་ར་བསྒོམས་ལ་རླུང་ཐེངས་འགའ་རེ་བསྒོམས་རྗེས། སྔ་མ་གསུམ་ལ་སྙིང་གའི་ཐད་ཀྱི་མདུན་རྒྱབ་དང་། མགོ་གཟེར་བ་སོགས་ལུས་ཀྱི་ཆ་ཤས་ན་བ་ལ་གང་ན་སར་བུ་ག་ཧར་བྱུང་དུ་དོད་པ་ལས་རླུང་རྣམས་ཉི་ཟེར་གྱི་རྡུལ་བཞིན་དུ་བུན་བུན་ཐོན་པས་ལུས་ནང་སྟོང་སང་སང་སོང་བར་མོས་ལ། ལག་གཉིས་ཁུ་ཚུར་གྱི་རྒྱབ་ནུ་སྟེང་དང་ལག་ངར་རྩིབ་ལོགས་ལ་རྡེག་པ་དང་མཉམ་དུ་ཧ་ཐུང་དྲག་ཏུ་བཏོན་པས་ཕན་ནོ། །དྲོད་ཀྱི་གེགས་སེལ་ནི། གཏུམ་མོ་བསྒོམས་པས། ཐོག་མར་ཕྱི་རུ་དྲོད་བྱུང་ན་ལྡེང་པོ་ཙམ་ལས་བོགས་མི་འབྱུང་བས། དེ་སྡུད་པ་ནི་སྲིན་ཞལ་འབྱེད་འཛུམ་མང་པོ་བྱས་པས་འདུས་པར་འགྱུར་རོ། །གལ་ཏེ་ཐོག་མར་སྙིང་གར་དྲོད་སྐྱེས་ན་མྱུར་དུ་ཡལ་འགྲོ་བས་དེ་འབེབས་པའི་


MLP024_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ནི། ལྟེ་འོག་ཏུ་རླུང་ཁ་སྦྱོར་དྲག་པོ་བསྒོམས་པས་སེལ་ལོ། །ཞར་བྱུང་སྨད་ཀུན་དྷའི་གེགས་སེལ་ནི། ཆོས་ཀྱི་གཏུམ་མོ་བསྒོམས་པས་བདེ་བ་རྒྱས་ནས་ཁམས་འཕོ་བ་སྙམ་བྱེད་ན༑ དེ་བསལ་བ་ལ། ཆགས་སྲེད་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་ཡིན་ན། ཆགས་རྟོག་གི་བདེ་བ་ལ་མ་ཆགས་པར་བྱས་ནས་བདེན་མེད་དུ་སྦྱངས་པས་སེལ། གྲིབ་དང་དམ་སེལ་གྱིས་འཛག་ན་དབང་ཞུ་ཞིང་ཚོགས་འཁོར་སོགས་ཉམས་གྲིབ་སེལ་བའི་ཐབས་ལ་འབད། གང་བས་འཛག་པ་དང་ནད་ཀྱིས་འཛག་ན། འཛིན་ལྡོག་དགྲམ་པའི་གནད་ཐབས་ལམ་དུ་བཤད་པ་ལྟ་བུས་བསལ། གང་ལྟར་འཛག་ཀྱང་ཐབས་གཅིག་གིས་བསལ་བ་ནི། ཐོག་མར་རླུང་ཁུག་པ་གཅིག་གཉིས་ཙམ་བཟུང་རྗེས། རང་གི་ལུས་ནང་སྤྱི་བོ་ནས་གསང་གནས་བར་དབུ་མ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཡངས་ཁྲོལ་ལེ་བར་བསྒོམས་པའི་གསང་བའི་འཁོར་ལོའི་ཐད་དུ་ཧཱུྃ་ཡིག་དམར་པོ་མགོ་ནང་དུ་བསྟན་པ། རྡོ་རྗེ་ནོར་བུའི་བུ་གའི་ཕྱི་ན་པདྨ་འདབ་མ་རྒྱས་པའི་རྩ་བ་བ་ཐག་ལྟ་བུ་དེ་ནོར་བུའི་བུ་གའི་ནང་ནས་ཡར་སོང་བ་ཧཱུྃ་གི་ཞབས་ཀྱུ་དང་འབྲེལ་བར་བསྒོམས་ལ། ལུས་ཉྭ་བཞི་བསྒྲིམས། ལྟོ་བ་ཚིག་པ་ལ་གཅེར། ལྕེ་ཕུགས་སུ་ལྡོགམིག་སྤྱི་བོར་གཏད། ལག་པ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་མགོ་མཇུག་ལྡོག་ལ་བཅའ། ངག་ཏུ་ཧཱུྃ་འདྲེན་དྲག་ལ་རིང་བ་བྱ། དེ་དུས་དམིགས་པ་གསང་བའི་ཧཱུྃ་གྱེན་དུ་མདའ་འཕངས་པ་ལྟར་སོང་བས། དེའི་ཞབས་ཀྱུས་པདྨའི་རྩ་བ་ནས་ཐོན་པས་འདབ་མ་བུ་གར་མ་ཤོང་སྟེ། རྡོ་རྗེ་རྒྱུ་མ་ཕྱི་ནང་སློག་པ་བཞིན་སོང་ནས་དབུ་མའི་ལམ་བརྒྱུད་སྤྱི་བོའི་སྟེང་དུ་ཧཱུྃ་དང་ནོར་བུ་ཕྱི་ནང་སློག་པ་སྤྱི་བོར་རྒྱང་ངེ་འདུག་པར་བསམ་ཞིང་རླུང་ཕྱིར་བཟུང་། འདི་ཡང་ཡང་བསྒོམས་པས་འཛག་པའི་རིགས་གང་ཡིན་ཡང་ཆོད། ལར་བྱང་སེམས་ཉམས་པའི་རྐྱེན། ཧ་ཅང་ལུས་བྲེལ་བ་དང་། ཧ་ཅང་ཚ་བ་དང་། ཧ་ཅང་འཁྱགས་པར་མི་བྱ། འཕོ་བ་སྙམ་བྱེད་པའི་ཚེ་ལུས་དགུར་བ་དང་འདར་བ་སོགས་ཡེ་མི་བྱ་བར་བཟུང་བའི་ཐབས་སླེབས་པ་གནད་དུ་ཆེ། གལ་ཏེ་བཤང་གཅི་དང་མཉམ་དུ་འཛག་ན་འདོར་བའི་ཚེ་སོར་མོ་བསྐུམ། མིག་དང་ལྕེ་གྱེན་དུ་ལྡོག ལྟེ་བར་བུམ་ཅན་ཅི་ནུས་བཟུང་རྗེས་དོར་བས་སེལ། རྨི་ལམ་དུ་འཛག་


MLP024_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་ན། རྡོ་རྗེ་པགས་པས་མགོ་གཏུམས་ལ་ཁོང་པར་སྦས་པ་རྟིང་པ་གཡས་གཡོན་གང་རིགས་ཀྱིས་བསྟེན་ནས་ཉལ་བས་མི་འཛག་གོ །མི་རྟོག་པའི་གེགས་སེལ་ནི། རྣམ་རྟོག་ཐམས་ཅད་མི་རྟོག་པའི་དབྱིངས་སུ་ཐིམ་པས་རང་གཞན་གྱི་སྣང་བ་ཐམས་ཅད་ཅི་ཡང་མེད་པ་འདྲ་བའི་སྣང་བས་འཇིགས་སྐྲག་སྐྱེ་བ་ནི་སྟོང་པའི་ཉམས་ཏེ། དེའི་ཚེ་སྣ་རྩེར་ཉི་མའི་དཀྱིལ་འཁོར་བསྒོམས་པས་སེལ་ལོ། །གསུམ་པ་རགས་པ་བེམ་པོའི་རླུང་ཉིད་ཕྲ་བའི་རླུང་དང་བསྲེ་བ་ལ། ཤེས་པའི་རླུང་དང་བསྲེ་བ་དང་། བདེ་བའི་རླུང་དང་བསྲེ་བ་གཉིས་ལས། དང་པོ་ཤེས་པ་དང་བསྲེ་བ་ནི། རགས་པའི་རླུང་ནི་རྣམ་ཤེས་དང༔ ཞེས་སོགས་ཏེ། རྩ་བར་སྤྱི་བོའི་བུམ་ཅན་ཐོག་མར་བཤད་ནས། དེ་རྩ་འཁོར་གཞན་ལ་རིགས་འགྲེ་བར་གསུངས་ནའང་། འཁོར་ལོ་ལྔའི་བུམ་ཅན་ནི། ཕྱག་བཞེས་སུ་གེགས་ཆུང་ཁྱད་ཐོག་མར་ལྟེ་བ་ནས་བརྩམས་ཏེ་སྤྱི་བོའི་བར་མས་རིམ་དང་། གསང་བུམ་ཀུན་གྱི་མཐའ་མར་མཛད་དོ། །དེས་ན་ལྟེ་བའི་བུམ་ཅན་ནི། ལུས་གནད་ཆོས་བདུན་ལས་ལག་གཉིས་ཁུ་ཚུར་པུས་མོའི་སྟེང་བཀབ། རང་ལྷར་གསལ་བའི་ལུས་ཀྱི་དབུས་སུ་རྩ་གསུམ་གསལ་བཏབ་པའི་འཁོར་ལོའི་ཐད་དུ་རོ་རྐྱང་གཉིས་དབུ་མ་ལ་ཐིམ་ནས་ནང་ཁོང་འབྲེལ་བ། དེ་ལས་གྱེས་པའི་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ་རྣམས་གསལ་བཏབ་ལ། རླུང་རོ་བསལ། འོག་རླུང་ཅུང་ཟད་བསྡམས། སྟེང་རླུང་རྫོགས་པར་བཅུག་སྟེ་ལྟེ་འོག་ཏུ་ནོན་པ་ཞིག་བྱ། དེ་ནས་འོག་རླུང་དྲག་ཏུ་བསྡམས། སྟེང་རླུང་དྲག་པོ་མི་ནོན་པར་ནན་ཙམ་བྱས་ཏེ་ལྟེ་ཁུང་གི་ཐད་དུ་སྲོག་ཐུར་ཁ་སྦྱར། དམིགས་པ་ལྟེ་བའི་འཁོར་ལོའི་རྩ་འདབ་རྣམས་འཇའ་ཚོན་ལྟར་དྭངས་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག དེ་བརྟན་ནས་སྙིང་གའི་བུམ་ཅན་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་འཇའ་ཚོན་ལྟར་དྭངས་པ་ལ་སེམས་བཞག་ནས། ལྟེ་བའི་བུམ་ཅན་བཅས་ཟིན་ནས་དེ་སྙིང་གར་དྲངས། ལུས་གནད་ལག་པ་གཉིས་རྒྱབ་ཏུ་བསྣོལ་བས་རྡོ་རྗེ་སྐྱིལ་ཀྲུང་གི་རྐང་མཐེབ་གཡས་གཡོན་ནས་ཐེན་པས་བྲང་ཐེར་གྱིས་ཡོང་བ་བྱའོ། །དེ་ནས་མགྲིན་པའི་བུམ་ཅན་ནི། ལོངས་


MLP024_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་འཇའ་ཚོན་ལྟར་དྭངས་པ་ལ་སེམས་བཞག་ནས། རྐང་པ་སྐྱིལ་ཀྲུང་བཅས་ཏེ། པུས་མོའི་ནང་ཁུགས་སུ་གྲུ་མོ་བཙུགས། སོར་མོ་བསྣོལ་བས་ལྟག་པ་ནས་མནན་ཏེ་མགོ་སྒྱུར། རླུང་ཁ་ནས་བརྔུབས་ཏེ་ལྟག་པའི་ཐད་ཀར་ཤུགས་སྒྲིལ་ལ་ལྐོག་མས་ཨོལ་མདུད་མནན། ལྟེ་བ་ཚིགས་པ་ལ་སྦྱར་ནས་འོག་རླུང་མགྲིན་པའི་བར་དྲང་བའོ། །དེ་ནས་སྤྱི་བོའི་བུམ་ཅན་ནི། བདེ་ཆེན་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་པ་འཇའ་ཚོན་ལྟར་དྭངས་པ་ལ་སེམས་བཞག་ནས། ལུས་གནད་གཞན་སྔར་ལྟར་ལས་ཁྱད་པར་སོར་མོ་བསྣོལ་བས་སྤྱི་བོ་ནས་འཐེན། རླུང་ཡང་ཁ་ནས་བརྔུབས་པ་རྐན་ཕུགས་སུ་ཡར་སྐྱིལ་ལ་ཨོལ་མདུད་མནན། མིག་འབྲས་གྱེན་དང་ཡས་ཀྱི་མིག་ལྤགས་ཐུར་དུ་མནན། འོག་རླུང་སྤྱི་བོའི་བར་དྲང་བ་སྔར་བཞིན་ནོ། །དེ་ནས་གསང་བའི་བུམ་ཅན་ནི། བདེ་སྐྱོང་གི་འཁོར་ལོ་རྩ་འདབ་བཞི་པ་འཇའ་ཚོན་ལྟར་དྭངས་པ་ལ་སེམས་བཞག་ནས། ལུས་གནད་རྟིང་པ་གཅིག་གིས་བཤང་སྒོ་བསྟེན། གཅིག་གིས་གསང་བ་ནས་མནན། ལག་གཉིས་གཞུག་ཆུང་ནས་འཁྱིད་གང་ཙམ་གཞལ་བའི་སར་བཙུགས། གདོང་གྱེན་དུ་ཕྱོགས་པས་སྟེང་རླུང་དྲག་ལ་རིང་བ་མནན། ཐུར་སེལ་འོག་སྒོ་གཉིས་ཀ་ནས་ལན་མང་དུ་དྲངས་ལ་རྒྱུ་ཞབས་ཀྱི་འོག་ཏུ་ཁ་སྦྱོར་འཆིང་། དེ་ཡང་འཁོར་ལོའི་བུམ་ཅན་རྣམས་བསྒོམས་པས་འདར་དང་འཁོར་དང་འབིགས་པ་གསུམ་གྱི་རྟགས་བྱུང་ན་དམིགས་པ་བསྒྱུར་བ་སོགས་ཀྱི་གནད་ཤེས་པར་བྱ། སྙིང་ག་ཡན་ཆད་ཁམས་ཚོད་གཟུང་གིན་མ་བསྒོམས་ན་གེགས་ཆེན་པོ་འོང་བས་རན་ཙམ་བསྒོམ་ཞིང་། འདིར་སྔ་མ་སྔ་མ་བརྟན་ནས་ཕྱི་མ་ཕྱི་མ་སྒོམ་པའི་དབང་དུ་བྱས་ལ། གཞན་དུ་ལས་དང་པོ་པས་ཐོག་མ་ནས་ཐམས་ཅད་བསྒོམ་ན། ལྟེ་བའི་བུམ་ཅན་ཚར་ཉི་ཤུ་ཙམ་བསྒོམས་རྗེས། དེས་སྙིང་གར་དྲངས་ནས་ལན་གཅིག་གམ་གཉིས་བསྒོམ། དེ་འདྲ་བ་ལན་གཉིས་ཀྱི་མཐར་མགྲིན་པའི་བུམ་ཅན་གཅིག་བསྒོམ་པ་སོགས་རིམ་གྱིས་ཆ་བརྩིས་ནས་བསྒོམ་པ་དང་། འཁོར་ལོ་བཞིའི་མཐར་གསང་བའི་བུམ་ཅན་ལན་གཅིག་བསྒོམ་པ་རྣམས་བྱ་ཞིང་། སྤྱི་མགྲིན་སྙིང་གའི་བུམ་ཅན་གསུམ་གྱི་རླུང་གཏོང་ཁར་ལྟེ་འོག་ཏུ་ཕབ་ནས་སང་


MLP024_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཏོང་བའང་གནད་དོ། །རླུང་རོ་འཁྱམས་ཀྱིས་དོགས་ན་སྙིང་གའི་བུམ་ཅན་མཐར་རོ་སྟོད་གཅུ་ཞིང་ཧ་འདོན། མགྲིན་པའི་མཐར་ཁ་བཙུམས་ནས་མགྲིན་པའི་རླུང་དྲངས་ཏེ་འབུད། སྤྱི་བོའི་མཐར་སྣ་བཀག་ནས་ཐོད་པའི་རླུང་དྲངས་ལ་འབུད། འཁོར་ལོ་སོ་སོའི་གེགས་སེལ་གྱི་འབེབས་ནི། སེམས་སྐྱིལ་གྱི་པུས་མོ་ཅུང་ཟད་བཏེགས་པ་ལག་གཉིས་བརྐྱངས་པས་བསྟེན་རླུང་དང་སྦྱར་ལ་གནས་སོ་སོ་བསྐོར་ཞིང་གཅུས་མཐར་ཧ་ཞེས་འུར་དིར་ལ་འཕོངས་རྡེག་ཆུང་དང་ཧ་འདོན་ལ་ཁུ་ཚུར་གྱི་རྒྱབ་ནུ་སྟེང་དང་ལག་ངར་རྩིབ་ལོགས་ལ་རྡེག་པ་དང་མཉམ་དུ་སྐྱིལ་ཀྲུང་ས་ལ་འབེབས་པ་གཉིས་སྤེལ་བ་ལན་འགའ་བཟླས་མཐར་སྤྲུག་གོ །དེ་ནས་རྒྱུ་བ་ལ་སོགས་པའི་རླུང་ལྔ་དབང་པོའི་སྒོ་ལ་གནས་ནས་རྣམ་ཤེས་དང་འདྲེས་ཏེ་ཡུལ་ལ་འཇུག་པའི་བྱ་བ་བྱེད་པས། མིག་སོགས་དབང་པོའི་སྒོ་རྣམས་ནས་ཡུལ་གཟུགས་སོགས་ལ་ཚོར་བ་གསུམ་འདྲེན་པའི་རྒྱུ་རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་གྱི་གདངས་དང་སྦྱར་ཏེ། རླུང་སེམས་ཕྱིར་འགྲོ་བ་ན་ཧཱུྃ་ཞེས་མོས་པས་ཕྱི་རོལ་དུ་ཡུལ་གྱི་རྣམ་པར་འཆར་བ་ལ་སེམས་གཏད། རླུང་སེམས་ནང་དུ་འཇུག་པ་ན་ༀ་ཞེས་ཡུལ་འཛིན་གྱི་རྣམ་རྟོག་འགག་པ་ལ་སེམས་གཏད། རླུང་སེམས་ནང་དུ་གནས་པའི་ཚེ་ཨཱཿཞེས་ཤེས་པ་མི་འཕྲོ་བར་གནས་པ་ལ་སེམས་གཏད་དེ་མཉམ་པར་འཇོག དེ་གསུམ་གྱི་དཔེ་ནི། མར་མེ་སྐར་ཁུང་ནས་བཏོན་པས་འོད་ཕྱིར་འབྱུང་བ་དང་། མར་མེ་ནང་དུ་ཁྱེར་བས་ཕྱིའི་འོད་ནང་དུ་ནུབ་པ་དང་། མར་མེ་མཛོད་ཕུག་ཏུ་བཅུག་པ་ལྟ་བུར་ཤེས་པར་བྱའོ། །འདི་དག་ལ་གོམས་པ་མཐར་ཕྱིན་པ་ན། རླུང་གནོད་པ་མེད་པར་བསྡམ་ནུས་ཤིང་གར་བཟུང་དུ་ཟིན་པ་དང་། གང་འདོད་ཀྱི་སྒོ་ནས་རླུང་འགྲོ་འོང་བྱེད་ནུས་ཤིང་། རླུང་ཕྱི་ནང་བསྲེ་ནུས་པས་ཁམས་འཛིན་འདྲེན་ལ་ནུས་པ་ཐོབ་པ་སོགས་ཡོན་ཏན་མཐའ་ཡས་སོ། །གཉིས་པ་བདེ་བའི་རླུང་དང་བསྲེ་བ་ནི། དེ་ནས་བདེ་བའི་རླུང་དང་བསྲེ༔ ཞེས་སོགས་ཏེ། ལུས་གནད་ཆོས་བདུན་བཅས་ལ། རང་ལུས་ཀྱི་དབུས་སུ་དྷཱུ་ཏི་ཆོས་བཞི་ལྡན་གསལ་བཏབ་ནས། དབུ་མ་ལས་འོད་ཟེར་རེ་རེ་འཕྲོས་པ་རེག་པ་ཙམ་གྱིས་ལུས་ཀྱི་དངོས་འཛིན་དྭངས་ཏེ། གང་ལའང་


MLP024_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཐོགས་དང་སྒྲིབ་པ་མེད་པ་འཇའ་ཚོན་ལྟ་བུའི་ལུས་བདེ་བའི་རང་བཞིན་ཅན་དུ་གྱུར་པར་བསྒོམས་ལ་རླུང་དྲག་ཏུ་བཀག་པས། རགས་པ་བེམ་པོའི་རླུང་འགགས་ནས་ཕྲ་བ་བདེ་རླུང་ཤེས་པ་དང་འདྲེ་བའི་རླུང་དུ་གནས་འགྱུར་བར། དེའི་རྟགས་བདེ་བས་གཉིས་སྣང་བསྲེ་ནུས་པས་རྡོས་བཅས་ཀྱི་དངོས་པོ་ཀུན་ལ་ཐོགས་པ་མེད་པ་ལ་སོགས་པའི་ཡོན་ཏན་འཆར་བར་འགྱུར་རོ། །བཞི་པ་འབྱུང་བ་རོ་སྙོམས་ཀྱི་མན་ངག་ནི། འབྱུང་བཞི་ཆ་ནི་མ་སྙོམས་ན༔ ཞེས་སོགས་ཏེ༑ རླུང་བསྒོམས་པས་འབྱུང་བ་སོ་སོའི་རླུང་སྐྱེ་འབྲི་ཆ་མ་སྙོམས་པའི་གེགས་བྱུང་ན་རོ་སྙོམས་ཀྱི་ཐབས་ཀྱིས་བསལ་བར་བྱ། དེ་ཡང་སའི་རླུང་རྒྱས་པའི་སྐྱོན་གྱིས་ལུས་སེམས་ལྕི་ཞིང་བྱིང་བའི་ཉམས་བྱུང་ན། རླུང་དཀྱིལ་ལྗང་གུ་གཞུ་བདུངས་པ་ལྟ་བུའི་སྟེང་དུ་རང་གི་རྐང་པ་བཞག་ནས་མཆོག་མའི་བ་དན་གཡོས་པས་ཡེད་ཡེད་འདེབས་པར་བསམས་ལ་ལྟ་སྟངས་གཏོད་ཅིང་ཤེས་པ་ལ་ངར་བཏགས། ལུས་གནད་སྐྱིལ་ཀྲུང་བཅས་པའི་པུས་མོ་ལ་ལག་འཇུས་ནས། རླུང་གནད་ཁ་སྣ་གསུམ་ནས་རླུང་དྲངས་ཞིང་འབུད་པ་ནའང་ལམ་གསུམ་ལས་ཤུགས་བསྐྱེད་ནས་བུས་པས་སེལ་ལོ། །ཡང་རླུང་གི་རླུང་རྒྱས་པའི་སྐྱོན་གྱིས་ས་གཅིག་ཏུ་མི་ཚུགས་པར་ཡེད་ཡེད་འགྲོ་བར་འདོད་པའི་ཉམས་བྱུང་ན། རང་གི་ལྟེ་བར་ས་དཀྱིལ་སེར་པོ་ལྕི་ཞིང་འཐས་པ་ཞིག་བསྒོམས་ལ། ལྟ་སྟངས་སྨད། རླུང་ལྟེ་བར་མནན་པས། ལྟེ་བའི་ས་དཀྱིལ་དེ་ཇེ་ཆེ་ཇེ་ཆེར་སོང་ནས་སྣང་རིག་ཐམས་ཅད་གསེར་དུ་སེར་ཆམ་གྱིས་སོང་བ་ལ་བློ་བཞག་པས་སེལ་ལོ། །ཡང་ཆུ་རླུང་རྒྱས་པའི་སྐྱོན་གྱིས་ལུས་དྲོད་ཆུང་ཞིང་འདར་བ་དང་གྲང་ཞུམ་བྱེད་ན། གསང་གནས་སུ་མེ་དཀྱིལ་གྲུ་གསུམ་པ་འབར་བ་ལ་སེམས་གཏད་ནས་རླུང་སྣ་ནས་འདྲེན་དགུག་དྲག་ཏུ་བྱས་པས་སེལ་ལོ། །ཡང་མེ་རླུང་རྒྱས་པའི་སྐྱོན་གྱིས་ལུས་ཚ་ཞིང་གཙེས་ན། སྙིང་གར་ཆུ་དཀྱིལ་ཟླུམ་པོ་འཁྱིལ་ཞིང་བསིལ་བ་ལས་ཇེ་ཆེར་མཆེད་ནས་སྣང་རིག་ཆུར་མེར་གྱིས་སོང་བར་མོས་ལ། རླུང་ཁ་ནས་སྒྲ་བཅས་སུ་གཞུག་ཅིང་ཧའི་སྒྲས་དབྱུང་བས་སེལ་ལོ། །གལ་ཏེ་འོག་སྒོ་བཙན་ཐབས་སུ་འགགས་པ་ལྟ་བུ་འགྱུར་


MLP024_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱུང་ན་འགེགས་པའི་གནད་ནི། ལུས་གནད་སྐྱིལ་ཀྲུང་ལས་རྐང་སེན་རྣམས་དྲག་ཏུ་བསྐུམ། ལག་གཉིས་རྡོ་རྗེ་ཁུ་ཚུར་བཅིངས་པའི་གཡས་འཕྱར་ཞིང་གཡོན་ཁ་ཕྱིར་བསྟན་ཏེ་ལྟེ་བར་བརྟེན། མིག་གཉིས་སྟེང་དུ་བགྲད། འོག་སྒོ་འབྱེད་འཛུམ་གྱི་སྦྱོར་བས་འཐེན་གློད་རེ་མོས་ཀྱིས་མང་དུ་བྱ། རླུང་རོ་བསལ་ནས་སྟེང་རླུང་དྲག་ཏུ་བརྔུབས་ཏེ་གསང་བར་ཤུགས་ཆེན་པོས་མནན། སེམས་གནད་ནམ་མཁའི་དབྱིངས་སུ་འཕངས་ཏེ་བཞག་པས་སེལ་ལོ།། ཡང་དྲི་ཆེན་འགགས་པ་ལ། སྣ་བུག་གཡས་ནས་དྲག་ཏུ་བརྔུབས་ཏེ་ལྟེ་འོག་ཏུ་ཤུགས་ཀྱིས་མནན་ལ་གཏོང་བ་ན་གཡོན་ནས་དྲག་ཏུ་འབུད་པ་དང་། དྲི་ཆུ་འགགས་པ་ལ་དེ་ལས་ལྡོག་སྟེ་ཡང་ཡང་བསྐྱར་བས་གྲོལ་ཞིང་། རླུང་འཛིན་གཏོང་མི་བྱེད་པའི་ཕྱོགས་ཀྱི་སྣ་བུག་དེ་དང་དེའི་ཕྱོགས་ཀྱི་གུང་མཛུབ་ཀྱིས་དགག་པའང་གནད་དོ། །གཞན་ཡང་ཚ་གྲང་གི་སྐྱོན་གང་ཡིན་ངོ་ཤེས་པར་བྱས་ལ། ཚ་བའི་སྐྱོན་ཡིན་ན་དངུལ་ཆུ་སྦྱངས་པ་ག་པུར་དང་བསྲེས་པའི་སྨན་དང་། གྲང་པ་ཡིན་ན་ཛ་དངུལ་སྦྱངས་པའི་སྨན་རང་གི་སྣ་སྒོ་ནས་བསྟེན་པས་ཕན་པར་འགྱུར་རོ། །ལྔ་པ་གནོད་སྡིག་གི་གེགས་བསལ་ལ་གཉིས་ལས། དང་པོ་བགེགས་ཀྱི་གནོད་པ་བསལ་བ་ནི། གང་ཞིག་བགེགས་ཀྱི་བར་ཆད་ཀྱིས༔ ཞེས་སོགས་ཏེ། གདོན་བགེགས་གནོད་པས་ཏིང་འཛིན་ལས་སུ་མི་རུང་ན། ལུས་གནད་སྐྱིལ་ཀྲུང་། ལག་གཉིས་པུས་མོ་ལ་བཀབ་ལ། ལྟེ་འོག་སོར་བཞིའི་ཐད་ན་མེ་དཀྱིལ་དམར་པོ་གྲུ་གསུམ་རཾ་ཡིག་གིས་མཚན་པ་དང་དེའི་འོག་ཏུ་རླུང་དཀྱིལ་སྔོན་པོ་གཞུའི་དབྱིབས་ཅན་མ ཆོག་མ་གཉིས་ལ་བ་དན་གྱིས་མཚན་པ་གཡོ་བའི་རང་བཞིན་ཅན། སྙིང་གར་གནོད་བྱེད་གདོན་གྱི་ངོ་བོ་ཏྲི་ཡིག་ནག་པོ་རྣམས་གསལ་བཏབ་ལ་རླུང་ཁ་སྦྱོར་དུ་བཅིངས་པ་ན། རླུང་དཀྱིལ་གྱི་བ་དན་བསྐྱོད་པས་རླུང་གཡོས། དེས་བསྐུལ་བས་མེ་དཀྱིལ་རཾ་ལས་མེ་འུར་གྱིས་འབར་བས་ལུས་ནང་ཁེངས། དེས་སྙིང་གའི་ཏྲི་ནག་ཐུལ་གྱིས་བསྲེགས་ཤིང་སྦྱངས་ནས་ཐལ་བའང་ཕྱིར་གཏོར་བར་མོས། རླུང་འབྱིན་པའི་ཚེ་བ་སྤུའི་བུ་ག་ལ་སོགས་པའི་སྒོ་ནས་མེ་ལྕེ་ཚ་ཞིང་རྩུབ་པས་བདས་ཏེ་


MLP024_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་རྣམས་སྐྲོད་ཅིང་འབྱེར་བར་བསམ་པའོ། །གཉིས་པ་སྡིག་སྒྲིབ་བསལ་བ་ནི། སྡིག་སྒྲིབ་སྦྱོང་ན་པཾ་དམར་པོ༔ ཞེས་སོགས་ཏེ། གཞན་འདྲ་བ་ལས་སྙིང་གར་སྡིག་སྒྲིབ་ཀྱི་ངོ་བོ་པཾ་ཡིག་དམར་པོ་བསམས་ལ་བསྲེགས་སྦྱངས་གཏོར་བ་སྔར་བཞིན་བྱ་བ་ཡིན་ནོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་གདམས་པའི་ངོ་བོ་རྣམས༔ ཞེས་སོགས་ཏེ། གཏུམ་མོ་རྩོལ་བའི་གནད་བྱ་བ་ཡིན་པས། ལས་དང་པོ་པ་རྣམས་ཀྱིས་ཉིན་མཚན་གཉིས་ཀ་ལ། སྔ་ཐུན་རེ་དང་ཕྱི་ཐུན་གཉིས་གཉིས་ཏེ། ཐུན་དྲུག་ཏུ་བཅད་ནས་ཁམས་ཚོད་གཟུང་གིན་བརྩོན་འགྲུས་དྲག་པོས་བསྒོམས་པས་ཉམས་རྟོགས་དབྱར་གྱི་མྱུ་གུ་བཞིན་སྐྱེ་བར་འགྱུར་ལ། ཇི་ལྟར་སྐྱེས་པ་དེ་ལྟར་ཉམས་མྱོང་ཅན་གྱི་བླ་མས་ངོ་སྤྲོད་རིམ་པར་བཏབ་ལ་ངེས་ཤེས་བསྐྱེད་པར་བྱ་བ་ཡིན་ནོ། །ཟབ་དོན་གཏུམ་མོའི་མན་ངག༵་ཡིད་བཞིན་དབང༵་། །རྣམ་རོལ་ཆོས༵་མཆོག་རྒྱལ་མཚན་རྩེར་བཀོད་ནས། །ལེགས་བཤད་བྱི་དོར་བསྒྲུབས་ལས་གྲུབ་གཉིས་ཆར། །འདོད་དགུར་སྙིལ་བའི་བཀྲ་ཤིས་དཔལ༵་འབར་ཤོག །ཅེས་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་གཏུམ་ མོ་ཟབ་རྒྱ་བཅུ་གཅིག་པའི་ཁྲིད་ཡིག་གོ་དོན་གྱིས་བཤད་པ་བཏང་སྙོམས་སུ་བྱས་ནས་ཉམས་ལེན་དམིགས་པའི་ཕྱག་བཞེས་ཀྱི་གནད་གཙོ་བོར་བཏོན་པ་ཟབ་གནད་གསལ་སྒྲོན་ཞེས་བྱ་བ་འདི་ཡང་པད་གླིང་ལྔ་པ་གསུང་སྤྲུལ་ངག་དབང་ཀུན་བཟང་རྡོ་རྗེའི་བཀའ་སྩལ་སྤྱི་བོར་ལྷུངས་པ་དང་། ཉེ་ལམ་སྡེ་པ་གྲུབ་ཆེན་ཀུན་སྤངས་པ་འགྱུར་མེད་ཀློང་གྲོལ་གྱིས་དོན་གཉེར་ཆེན་པོས་བསྐུལ་བའི་ངོར་རྒྱལ་ཀུན་སྤྱི་གཟུགས་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་འཚོ་བའི་གཉོས་བཙུན་རྨོངས་པ་དྷརྨ་ཤྲཱིས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་ཟིན་རིས་སུ་སྤེལ་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པའི་རྒྱུར་གྱུར་ཅིག །དགེའོ།། །།

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་འཕྲུལ་འཁོར་རྩ་ཚིག་གི་ཟིན་བྲིས་འཆི་མེད་བཅུད་སྟེར། ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་འཕྲུལ་འཁོར་རྩ་ཚིག་གི་ཟིན་བྲིས་འཆི་མེད་བཅུད་སྟེར་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། འོད་གསལ་སྟོང་པ་ཉིད་ཀྱི་དོ་ར་ན། །ཟག་མེད་བདེ་ཆེན་རོལ་མོས་རྟག་བྲེལ་བ། །གར་གྱི་དབང་ཕྱུག་གཏེར་ཆེན་བླ་མ་ལ། །འདུད་དོ་ལྷན་སྐྱེས་དགའ་བའི་བཀའ་དྲིན་སྩོ ལ། །འདིར་ཟབ་ལམ་བདེ་གཤེགས་ཀུན་འདུས་ལས་གསུངས་པའི་འཕྲུལ་འཁོར་གྱི་རྩ་ཚིག་ཟིན་བྲིས་སུ་བྱ་སྟེ། དེ་ལ་ཕྱིའི་སྔོན་འགྲོ་ནི། དབེན་ཞིང་ཡིད་དུ་འོང་བའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས། ཁམས་གསོ་ཞིང་ལུས་ལ་མར་རྙིང་གིས་བསྐུ་མཉེ་བྱ་བ་སོགས་སྤྱི་དང་མཐུན་པར་བྱ། དེ་ནས་གཏུམ་མོ་ཟབ་རྒྱ་བཅུ་གཅིག་པའི་ནང་གི་གསུམ་པ་སྦྱང་བའི་ཟབ་རྒྱ་ལས་གསུངས་པའི་ལུས་སྦྱོང་ནི། སྲུང་འཁོར་དང་ཚོགས་བསག་གི་ཟབ་རྒྱ་གཉིས་སྔོན་དུ་འགྲོ་བས་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅས་ལ་རླུང་རོ་བསལ་ནས་སྟེང་འོག་གི་རླུང་ལྟེ་བར་ཁ་སྦྱར་ཏེ་བུམ་ཅན་དྲག་ཏུ་འཆིང་། དེ་ནས་འོག་རླུང་རང་བབས་དེ་ག་ལ་སྟེང་རླུང་མནན་པའི་སྦྱོར་བ་གཅིག་དང་བསྟུན་ལུས་ཀྱི་འཕྲུལ་འཁོར་བྱ་སྟེ། དང་པོ་ལ་གཉིས་འཕེན་སྟབས་ནི། དེའི་ངང་ལས་ལག་གཡས་པུས་མོའི་སྟེང་ནས་རིམ་གྱིས་ཤུད་དེ་ནུ་ཐད་སླེབས་པ་དང་དཔྱང་ཕྲག་གཅིག་བརྡབས་རྗེས་རང་ཕྱོགས་སུ་སོར་མོ་རྣམས་བསྒྲད་པས་ཤད་ཀྱིས་བརྐྱང་ནས་གྲུ་མོ་བཅག་པར་ཁུ་ཚུར་དཔུང་མགོར་ལན་གསུམ་རྡེག དེ་ལས་ལྡོག་པས་ལག་གཡོན་གྱིས་གསུམ་དང་། གཉིས་


MLP024_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཀས་ལྷན་ཅིག་ཏུ་གསུམ་བྱ། གཉིས་པ་རྐང་པ་རེ་མོས་དཀྲུག་པ་ནི། རྐང་གཡས་སོར་མོ་བསྐུམ་ཞིང་རྟིང་པར་ཆུན་བཙལ་བས་ཤད་ཀྱིས་བརྐྱངས་ནས་རྟིང་པས་དཔྱི་མགོར་རྡེག་པ་ལན་གསུམ་དང་། དེ་ལྡོག་རྐང་གཡོན་གྱིས་ལན་གསུམ། གསུམ་པ་རོ་སྟོད་གཡས་གཡོན་གཅུ་ཞིང་དཀྲུག་པ་ནི། སྐྱིལ་ཀྲུང་ལས་ལག་གཉིས་ཁུ་ཚུར་པུས་སྟེང་བཀབ། རོ་སྟོད་གཡས་གཡོན་རེ་མོས་ཀྱིས་གཅུ་ཞིང་དཔུང་པ་གཅུས་ནས་དཀྲུགས་པ་གསུམ་གསུམ། བཞི་པ་མགོ་བོ་བསྐོར་ཞིང་ཕྱོགས་བཞིར་འཕང་བ་ནི། རྐང་ལག་སྔར་བཞིན་གྱི་སྟེང་ནས་མགྲིན་པར་ཆུན་བཙལ་བས་མགོ་བོ་གཡས་གཡོན་དུ་གསུམ་གསུམ་བསྐོར་ཞིང་། གཡས་གཡོན་མདུན་རྒྱབ་ཏུ་དགྱེ་སྒུ་མགོ་བོ་འཕང་བ་ལན་གསུམ་གསུམ། དེ་རྗེས་ཧ་ཞེས་སྒྲ་དང་བཅས་པས་རླུང་བཏང་ལ་འབེབས་གསུམ་བྱའོ། །རྣམ་གྲངས་བཞིར་ཕྱེ་ཡང་ངོ་བོ་འཕྲུལ་འཁོར་གཅིག་ཡིན་ཏེ། དེ་རྣམས་སྦྲེལ་བ་ཚར་བདུན་བལྡབ་བོ། །དེ་དག་གི་སྡོམ་ནི། དང་པོ་ལུས་གནད་ཆོས་བདུན་ལ། །རླུང་གནད་བུམ་ཅན་དྲག་ཏུ་འཆིང་། །སླར་ཡང་སྟེང་རླུང་མནན་དང་བསྟུན།། ལག་གཉིས་ཁུ་ཚུར་དཔུང་སྟེང་རྡེག །གཉིས་པ་རྐང་རྟིང་དཔྱི་མགོར་རྡེག །གསུམ་པ་རོ་སྟོད་བཅུ་ཞིང་དཀྲུགས། །བཞི་པ་མགོ་བསྐོར་ཕྱོགས་བཞིར་འཕང་། །ལྔ་པ་ཧ་ཞེས་སྒྲ་དང་བཅས། །འབེབས་ཆུང་ལན་གསུམ་བལྡབ་བྱས་ལ། །མགོ་དང་ཡན་ལག་མ་ལུས་སྤྲུགས།། དེ་ལྟར་སྤེལ་བ་ལན་བདུན་བསྐྱར། །རླུང་ཐེངས་གཅིག་ལ་མི་ནུས་ན། །མཚམས་དེར་འབེབས་བྱས་བུམ་ཅན་འཆིང་། །སྟེང་རླུང་སླར་མནན་འཕྲུལ་འཁོར་རྣམས། །ཀུན་ཀྱང་གསུམ་གསུམ་བྱ་བ་ཡིན། །དེ་ལྟར་འབད་པས་རྩ་རླུང་གི །བགེགས་སེལ་དྭངས་མ་ཁྲེམས་པ་སོགས། །ཡོན་ཏན་དཔག་མེད་འབྱུང་བར་བཞེད། །༈ མ་ཧཱ་སུ་ཁ་སིདྡྷི་རསྟུ། དེ་ནས་ཐབས་ལམ་བདེ་ཆེན་སྙིང་པོའི་འཕྲུལ་འཁོར་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའི་འཕྲུལ་འཁོར་ལས། དང་པོ་སྔོན་འགྲོ་རླུང་སྦྱང་བའི་འཕྲུལ་འཁོར་ནི། ལུས་གནད་རྐང་པ་རྡོར་སྐྱིལ་བཅས་ལུས་དྲང་པོར་བསྲང་། ལག་གཉིས་ཁ་སྦུབས་ནས་བརླའི་སྟེང་དུ་བཞག མིག་གཉིས་ཧ་ཅང་མཐོ་བ་མ་ཡིན་པར་བར་


MLP024_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལ་ཧ་རེ་བལྟས་ཏེ། རླུང་གནད་གཡས་གཡོན་མདུན་དུ་རླུང་རོ་ལན་གསུམ་སྟེ་འབུད་པ་དགུ་ཕྲུག་སྤྱི་དང་འདྲ། དེ་ནས་སྲོག་ཐུར་ལྟེ་བར་ཁ་སྦྱར་བའི་བུམ་ཅན་བཅིངས་ལ་ལུས་ཀྱི་དཀྱིལ་འཁོར་ནི། དང་པོ་སྐེད་པ་གཡས་བསྐོར་གཡོན་བསྐོར་གསུམ་གསུམ། གཉིས་པ་རོ་སྟོད་གཡས་གཡོན་རེ་མོས་ཀྱིས་གཅུ་བ་གསུམ་གསུམ། གསུམ་པ་མགོ་བོ་གཡས་བསྐོར་གཡོན་བསྐོར་གསུམ་གསུམ། བཞི་པ་སྔར་བཞིན་ལག་པ་དཀྲུགས་པ་གསུམ་གསུམ། ལྔ་པ་རྐང་པ་བསྐུམ་པ་དང་བསྟུན་ལག་གཉིས་ཀྱིས་མར་ཤད་ཅིང་རྟིང་པ་བསྐོར་ནས་ཡར་ཤད་པ་དང་བསྟུན་རྐང་པའི་རྟིང་མཛུབ་ལ་ཆུན་བཏོན་ནས་བརྐྱང་བ་སྟེ། བྱུག་པ་བསྐུ་བ་ལྟ་བུ་སྟེ་གཡས་གཡོན་གྱི་དབྱེ་བས་ལན་གསུམ་གསུམ། དྲུག་པ་ལག་གཉིས་འཕྱར་ཞིང་ཐུར་དུ་ཕབ་ནས་འབེབས་ལན་གསུམ་བྱ་ཞིང་ལུས་ཀུན་དཀྲུགས་པར་བྱའོ། །བདུན་པ་དྲོད་སྐྱེད་གཙུབ་ཤིང་གཙུབ་སྟན་ནི། རྐང་པ་བསྣོལ་བའི་ཙོག་པུ་ལ་ལག་གཉིས་པུས་མོའི་ཕྱི་བསྐོར་ཏེ་བསྣོལ་བའི་གུང་མཛུབ་གཉིས་ཀྱིས་རྐང་མཐེབ་གཉིས་བཟུང་ལ་བུམ་ཅན་གྱི་ངང་ནས་འཕོངས་རྡེག་ཆུང་བྱེད་པ་སྟེ། ལུས་གནད་དམ་པས་ཧ་ཅང་ངལ་བ་ན། རྐང་པ་སྔར་ལྟ་བུ་ལ་ལག་གཉིས་ཁུ་ཚུར་ཁ་སྦུབ་མདུན་དུ་བཀབ་སྟེ་ཆུན་བཙལ་བས་སོར་མོ་བསྣོལ་བས་པུས་མོར་འཁྱུད་ནས་རྡེག་ཆུང་བྱའོ། །དེ་ནས་ཐིག་ལེ་འཛིན་པའི་གནད་ཀྱི་འཕྲུལ་འཁོར་རྣམས་ཏེ༑ བརྒྱད་པ་ནི། རྐང་པ་རྡོར་སྐྱིལ་དང་། ལག་གཉིས་ཁུ་ཚུར་ཁ་སྦུབ་མདུན་དུ་བཀན་ཏེ་ཆུན་བཙལ་བས་རླུང་ཕྱི་རུ་རྫོགས་པར་བུས་ནས་ཐུབ་ཚད་འདར་བཏོན་ཏེ་ཕྱིར་མནན། དགུ་པ་ནི། དེ་རྗེས་ནང་དུ་བརྔུབས་པ་དང་སྐེད་པ་ཉེགས་བྱས་ནས་ལྟོ་བ་འཕུལ་ལ་མགྲིན་པར་ཅུང་དགྱེ། དེ་འཕྲལ་ཧཱུྃ་གི་སྒྲ་རིང་པོ་ཧ་ཅང་མི་གསལ་ཙམ་པ་ཉེར་གཅིག་ཙམ་གྱིས་རླུང་ཕྱིར་ཁྱོལ་ཚད་འབུད་ཅིང་མགོ་ཅུང་སྒུ། བཅུ་པ་ནི། དེ་ནས་རླུང་ནང་དུ་བརྔུབས་ཏེ་ལྟེ་བར་ཁ་སྦྱོར་དུ་བཅིངས་ལ་ཧར་གྱིས་ལངས་ནས་རྐང་པའི་མཐེ་བོང་ལག་པ་གཉིས་ཀྱི་གུང་མཛུབ་ཀྱིས་ཟིན་ལ་རྐང་ལག་དྲང་པོར་བསྲང་ཞིང་། མགོ་བཀུག་པས་རྒྱབ་ཤེད་གང་ཡོད་ཕྱིར་འཐེན། དེ་ག་ལ་འཕོངས་སར་ལྷན་གྱིས་བཞག་ནས་རྐང་ལག་མ་བྲལ་བར་མདུན་དུ་བསྲངས་


MLP024_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱབ་ཤེད་འཐོན་པ་གཉིས་རེ་མོས་ཀྱིས་ལན་གསུམ། བཅུ་གཅིག་པ་ནི། ལུས་རྡོར་སྐྱིལ་དྲང་པོར་བསྲངས་ལ་རླུང་ལྟེ་བར་ཁ་སྦྱར་ལག་གཉིས་ཀྱི་མཐེའུ་ཆུང་དང་སྲིན་ལག་གིས་མཆུ། གུང་མོ་གཉིས་ཀྱིས་སྣ། མཛུབ་མོ་གཉིས་ཀྱིས་མིག་མནན་ཅིང་། མཐེབ་ཆེན་གྱིས་རྣ་བ་གཉིས་བསྡམས་ལ་གྲུ་མོ་བརྒྱངས་ནས་གཡས་གཡོན་དུ་དྲག་པོར་ལན་གསུམ་གསུམ་བསྐོར་རྗེས་ལག་བརྐྱངས་ཏེ་ཧ་ཞེས་ལུས་ཆ་ཆ་ནས་དཀྲུགས་པ་སེངྒེ་རྣམ་རོལ་ལོ། །བཅུ་གཉིས་པ་ནི་ལུས་གནད་ཆོས་བདུན་ལས་རླུང་གནད་རྔུབ་ཐེངས་གཅིག་གིས་ལྟེ་བར་བཅིངས་རྗེས་ཤུགས་ཕྱིར་བསྐྱེད་ཀྱིས་འབུད་ཐེངས་གསུམ་གྱིས་ཕྱིར་བཟུང་ལ་ཤེས་པ་ནམ་མཁར་འཕངས་ཏེ་བཞག བཅུ་གསུམ་པ་ནི། དེ་ལས་ནང་དུ་རྔུབ་པའི་ཚེ་དབུགས་གཅིག་གི་རྒྱུན་ལ་རྔུབ་ཐེངས་གསུམ་བྱས་ནས་སྟེང་རླུང་མནན་ཅིང་འོག་རླུང་སྒོ་དྲག་ཏུ་གློད་རྗེས་ཧལ་གྱིས་སྒྲས་རླུང་འབུད་པ་དང་བསྟུན་ནས་ལུས་དྲག་ཏུ་དཀྲུག་གོ །དེ་ལྟར་ཉེར་གཅིག་ཙམ་བསྐྱར་རྗེས་སེངྒེ་རྣམ་རོལ་བཅུ་ཙམ་བྱའོ། །དེ་དག་གི་སྡོམ་ནི། ལུས་བསྲངས་རྡོ་རྗེ་སྐྱིལ་ཀྲུང་བཅའ། །ལག་གཉིས་ཁ་སྦུབས་བརླ་སྟེང་དང་། །མིག་གཉིས་ཐད་ཀར་ཧར་རེ་བཞག ། གཡས་གཡོན་མདུན་དུ་གསུམ་གསུམ་གྱིས། །འབུད་པ་དགུ་ཡིས་རླུང་རོ་བསལ། །དེ་ནས་སྲོག་ཐུར་ལྟེ་བར་སྦྱར། །རླུང་གནད་དེ་བསྟུན་འཕྲུལ་འཁོར་ནི། །དང་པོ་རྐེད་པ་གཡས་གཡོན་བསྐོར། །གཉིས་པ་རོ་སྟོད་གཡས་གཡོན་གཅུ། །གསུམ་པ་མགོ་བོ་གཡས་གཡོན་བསྐོར། །བཞི་པ་ལག་གཉིས་དཔུང་སྟེང་བརྡེག །ལྔ་པ་རྐང་པ་གཡས་གཡོན་ཉིས། །ལག་པས་འཕུར་ཞིང་བརྐྱང་བསྐུམ་བྱ། །དེ་རྣམས་གསུམ་རེ་བལྡབས་པའི་རྗེས། །དྲུག་པ་ལག་འཕྱར་ཐུར་ཕབ་འབེབས། །ལན་གསུམ་བརྡབས་ལ་སྤྲུག་པར་བྱ། །བདུན་པ་ཙོག་པུ་ལག་གཉིས་ཀྱིས། །རྐང་མཐེབ་བཟུང་ལ་འཕོངས་བརྡེག་ཆུར། །རེས་འགའ་སོར་བསྣོལ་པུས་འཁྱུད་ཀྱིས། །རྡེག་ཆུང་བྱེད་པས་ངལ་བསོ་བྱ། །བརྒྱད་པ་རྡོར་སྐྱིལ་ལག་པ་གཉིས། །ཁུ་ཚུར་ཁ་སྦུབས་མདུན་དུ་བཀན། །ཆུན་བཙལ་རླུང་ཕྱིར་རྫོགས་པར་བུས། །ཐུབ་ཚད་འདར་སྟོན་ཕྱི་རུ་མནན། །དགུ་པ་དེ་ལས་རྔུབ་མ་ཐག །ཡང་འབུད་ལུས་གནད་སྔར་ལྟ་བུས། །ཧཱུྃ་


MLP024_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཉེར་གཅིག་ཁྱོལ་ཚད་འབུད། །བཅུ་པ་ཡང་རྔུབ་སྲོག་ཐུར་སྦྱར། །རྐང་གཉིས་མཐེ་བོང་ལག་གིས་བཟུང་། །ལངས་སྡོད་རེ་མོས་གཉིས་ཀ་ལ། །རྐང་ལག་བསྲང་འཐེན་མགོ་བཀུག་ནས། །རྒྱབ་ཤེད་གང་ཡོད་ཕྱི་རུ་འཐེན། །བཅུ་གཅིག་སེངྒེ་རྣམ་རོལ་ནི། །སོར་མོས་ཁ་མིག་རྣ་བ་སྣ། །བཀག་ནས་གྲུ་བརྒྱངས་གཡས་གཡོན་དུ། །བསྐོར་རྗེས་ཧལ་ཞེས་དྲག་ཏུ་སྤྲུག། བཅུ་གཉིས་ཆོས་བདུན་རྔུབ་ཐེངས་གཅིག །འབུད་ཐེངས་གསུམ་རྗེས་ཤེས་པ་མཁར། །འཕངས་ལ་རླུང་ཡང་ཕྱི་རུ་བཟུང་། །བཅུ་གསུམ་དེ་ལས་རྔུབ་པའི་ཚེ། །དབུགས་གཅིག་རྔུབ་ཐེངས་གསུམ་བྱས་རྗེས། །སྟེང་རླུང་མནན་ལ་འོག་སྒོར་གློད། །རྗེས་སུ་:ཧྲལ་༼ཧལ་༽ཞེས་རྩལ་སྤྲུག་བྱ། །དེ་ལྟར་ཉེར་གཅིག་ཙམ་བསྐྱར་རྗེས། །སེངྒེ་རྣམ་རོལ་བཅུ་ཙམ་བྱ། །མཚམས་སུ་འབེབས་དང་སྤྲུགས་པ་རྣམས། །ཇི་ལྟར་རིགས་པས་དཔྱད་དེ་བྱ། །གཉིས་པ་དངོས་གཞི་ལ། བཟུང་ལྡོག་དགྲམ་པའི་འཕྲུལ་འཁོར་གསུམ། དང་པོ་བཟུང་བའི་འཕྲུལ་འཁོར་ལ། ཕྱི་ནང་གསང་བ་གསང་ཆེན་བཞི་ལས། དང་པོ་ཕྱི་ལུས་ཀྱི་ཕྱག་རྒྱ་ལྔས་བཟུང་བ་ནི། མིག་གཉིས་བགྲད་ལ་གྱེན་ལ་ལྡོག་སྟེ་སྤྱི་བོའི་ནམ་མཁའ་ལ་ལྟ་བ་སྤྱི་བོའི་འཁོར་ལོ། ལྕེ་ནང་དུ་དྲིལ་ནས་རྐན་ལ་སྦྱར་ཞིང་མགྲིན་པ་སྒུ་ུབ་མགུལ་རྒྱན། ལྕེ་ལྡོག་པའི་སྟབས་ཀྱིས་རྣ་བའི་རྩ་གཉིས་ཀྱང་ཁྱུར་གྱིས་འོང་བས་རྣ་བ་བསྡམས་པ་སྟེ་རྣ་ཆ། རྐང་པ་རྡོར་སྐྱིལ་དང་ལག་ཁུ་ཚུར་སྙིང་གར་བསྣོལ་ནས་ཉྭ་བཞི་སྒྲིམ་ཞིང་སོར་མོ་རྣམས་དྲག་ཏུ་བསྐུམ་པ་ནི་གདུ་བུ། སྐེད་པ་བསྐོར་ཞིང་ལྟོ་བ་ཕྱིར་བསྐྱེད་པ་འོག་པག་སྟེ་སྟེང་རླུང་བུམ་ཅན་ནོ། །གཉིས་པ་ནང་ངག་འདྲེན་ནི། སྔར་ལྟར་ལས་ཁྱད་པར་ལྟོ་བ་སྒལ་ཚིགས་ལ་གཅེར་ནས་ངག་བསྡམས་ཏེ་ཧཾ་འདྲེན་དྲག་པོ་བྱེད་པའོ། །གསུམ་པ་གསང་བའི་རླུང་གནས་ནི། དེའི་ཚེ་འོག་སྒོ་གློད་པའོ། །བཞི་པ་གསང་ཆེན་སེམས་ཀྱི་ཐེམ་བུ་ནི། དེའི་ཚེ་སྣ་རྩེར་ཐིག་ལེ་དམར་སྐྱ་ཧྲིལ་ཧྲིལ་འགྲིལ་བ་ལ་སེམས་རྩེ་གཅིག་ཏུ་གཏོད་པ་སྟེ། ནང་དང་གསང་བ་དང་གསང་ཆེན་གསུམ་པོ་སོ་སོར་སྨོས་ཀྱང་དུས་གཅིག་ཏུ་བྱའོ། །ལྡོག་པའི་འཕྲུལ་འཁོར་ལ་ཐུན་མོང་ཁྱད་པར་གཉིས་ཀྱི་དང་པོ་ཐུན་མོང་འགྱུར་བ་རྣམ་བཞི་ལས། དང་པོ་གླང་ཆེན་ཧིང་ནི། ཁ་བུབ་ཏུ་ཉལ་ཏེ་པུས་


MLP024_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བྲང་ལ་སྦྱར། ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས་གྲུ་མོ་གཉིས་པུས་མོ་གཉིས་ལ་གཏད་པ་ས་ལ་སྦྱར། མགོ་བོ་མདུན་དུ་སྒུ་བ་ལས་ཧིང་རིང་ཧིང་སྒྲས་རིམ་པར་ལག་མགོ་དང་པུས་མོ་བཙུགས་ནས་ལངས་པ་དང་ལྟག་པ་དགྱེ། དེ་དུས་ལྕེ་རྐན་ལ་སྦྱར་ཞིང་ལྟ་སྟངས་སྟེང་དུ་གཏོད་དེ་སྟོང་འདྲེན་ནོ། །༈ གཉིས་པ་སྟག་མོའི་ངུར་ནི། ལག་སོར་ནང་བསྟན་གྱིས་ཕྱིར་སློག་ནས་སུག་བཞིའི་བར་ཐག་ཁྲུ་རེ་ཙམ་བྱས་ལ་སར་བཙུགས། པུས་མོ་དྲང་པོར་བསྲངས་ནས་མགོ་མདུན་དུ་སྒུ་བས་ངུ་ཞེས་སུག་སྡེར་དང་མགོ་རིམ་བཏེག་གིས་ལྟག་པ་དགྱེ་བོར་བཏང་ནས་ངུར་ཞེས་ནང་ཆ་སྟོད་དུ་ཚང་ཚངས་སྟོང་འདྲེན་བྱ་ཞིང་ལྟ་སྟངས་ཀྱང་སྔར་ལྟར་རོ། །གསུམ་པ་གཅན་གཟན་གྱི་སྐྱུག་ནི། ལུས་གནད་སྔར་ལས་ལག་སོར་གཉིས་རྩེ་སྤྲོད་ཀྱི་ཚུལ་དུ་མ་རེག་ཙམ་བྱས་ལ་ཧ་རིང་དང་ཧག་གིས་སྟོང་འདྲེན་སྔར་ལྟར་རོ། །བཞི་པ་ཝའི་ཧིག་ནི། རྐང་མཐིལ་གཉིས་སྤྲད་ནས་པུས་མོ་བཏེག་སྟེ་བགྲད་པ་ཟླུམ་པོའི་སྟང་སྟབས་དང་ལུས་བསྲངས་ནས་ལག་གཉིས་བརླའི་ཁུག་པར་བཅུག་སྟེ། ཧ་རིང་དང་ཧིག་གིས་རླུང་དྲག་ཏུ་འཐེན། ནང་ཆ་སྟོད་དུ་དྲིལ་བའི་སྟོང་འདྲེན་དང་ལྟ་སྟངས་སོགས་སྔར་ལྟར་བྱ་སྟེ། ཐམས་ཅད་ལ་བྱང་སེམས་སྤྱི་བོའི་ཧཾ་ལ་ཐིམ་པར་བསམ་པའོ། །ཡང་བཞི་ཀ་ཝའི་འདུག་སྟངས་ལྟར་ལས་ལག་གཉིས་ཁུ་ཚུར་སྙིང་གར་བསྣོལ་ནས་ཧིང་སོགས་སྒྲ་བཞིས་སྟོང་འདྲེན་གྱིས་འཁོར་ལོ་བཞིར་རིམ་གྱིས་དྲང་པར་བསམས་ཀྱང་རུང་ངོ་། །གཉིས་པ་ཁྱད་པར་གྱིས་འདྲེན་ལ་གཉིས་ལས། དང་པོ་ཡི་གེ་རབ་མཆོག་ནི། ལུས་ངག་གི་གནས་ཕྱག་རྒྱ་སྔར་ལྟར་ལས། རླུང་གནད་སྟེར་རླུང་འོག་རླུང་ཁ་ཕྲལ་ནས་ཧྲཱིཿཡིག་རིང་དུ་བརྗོད་པས་ཕར་འཐེན། ཡང་ཁ་སྦྱར་ལ་སླར་འཐེན་པ་སྟེ་ལན་གསུམ། འདི་ལ་གཞན་ལུས་བསྟེན་ཚེ་རླུང་གནད་ཟབ་མོ་ཡོད་དེ་ཞལ་ལས་ཤེས་སོ༑ ༑གཉིས་པ་ཧཱུྃ་ཕཊ་མདའ་གཞུའི་སྦྱོར་བ་ནི། ལུས་གནད་བཤད་མ་ཐག་པ་ལྟར་ལས་ཧཱུྃ་རིང་གི་འདྲེན་དྲག་པོས་དཔྱང་ཐག་ཁོང་འདྲེན་བྱ་ཞིང་དེའི་ཚེ་རླུང་གནད་ཟབ་མོ་རིག་མས་མདུན་རླུང་ཕྱིར་མནན་ཏེ་ཕཊ་དྲག་པོས་འཕང་བ་ཡིན་ནོ། །འདྲེན་གྱིས་དུས་ཐམས་ཅད་ལྕེ་


MLP024_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྐན་ལ་སྦྱོར་ཞིང་ལྟ་སྟངས་གཏོད་པ་སོགས་ལུས་ཀྱི་སྟོད་དུ་ཆུན་ཆེར་འབྱུང་བའི་ཐབས་ལ་འབད་དོ། །དགྲམ་པའི་འཕྲུལ་འཁོར་ལ་བཞི་ལས་དང་པོ་སེང་གེ་རྣམ་རོལ། གཉིས་པ་གླིང་བཞི་གནད་བོར་ནི། ལུས་གནད་ཆུན་བཙལ་ལ་རླུང་བུམ་ཅན་བཟུང་ནས་ཧར་གྱིས་ལངས་ཏེ་རྐང་པ་གཉིས་སྤྲད་པའི་རྐང་གཤོག་གཉིས་ལག་གཉིས་ཀྱི་ཁུ་ཚུར་གྱིས་སོ་སོར་མནན་ལ། རྐང་ལག་བསྲངས་མགོ་དྲག་ཏུ་སྒུར་ནས་རྒྱབ་ཤེད་འཐེན་པའོ། །གསུམ་པ་གླིང་བཞི་བཅུད་བོར་ནི། ཁ་བུབ་ཏུ་ཉལ་ནས་སུག་བཞི་བརྒྱངས་ལག་ཁུ་ཚུར་བཅང་། རྐང་སོར་གྱི་རྩེ་དང་སྙིང་ཁ་མ་གཏོགས་ས་ལ་མ་རེག་པ་བྱ། མཇིངས་པ་བསྲངས། མིག་བགྲད་པས་སྤྱི་བོར་ལྟ་སྟེ་བུམ་ཅན་ནོ། །བཞི་པ་ཁྱི་ཚུགས་ལངས་པ་ནི། རྐང་སོར་སར་བཞག་ནས་རྟིང་པ་བཏེག་པས་དཔྱི་མགོ་བསྟན་ཅིང་ལག་གཉིས་ཁུ་ཚུར་ས་ལ་བཙུགས་པའི་ཁྱི་ཚུགས་ལས་ཧར་གྱིས་རྐང་པ་བསྲངས་ཏེ་ལུས་བཏེག་ནས་མཇིང་སྒུར་ཡང་ཡང་བྱ་སྟེ་རླུང་བུམ་ཅན་ནོ། །དེ་ལྟར་བཟུང་བཟློག་དགྲམ་པ་རེ་བྱས་པའི་མཐར་བུམ་ཅན་མང་དུ་བསྒོམས་པས་རླུང་དང་བསྲེ་ཞིང་དབྱིངས་སུ་བསྐྱལ་བས་རླུང་གི་ཡོན་ཏན་སེམས་ལ་འགྲེམས་པ་རྣམས་གཞུང་བཞིན་བྱའོ། །འཕྲུལ་འཁོར་སོ་སོའི་མཐར་ཡང་འབེབས་དང་། ལུས་ཁོང་གྲིམ་ཞིང་ཤ་ལྷོད་པས་སྤྲུགས་པ་རྣམས་ཇི་ལྟར་རིགས་པར་བྱས་ལ་ཐུན་གྱི་མཇུག་ཏུ་བསྔོ་བ་བྱའོ། །ཡང་འདྲེན་གྱི་དུས་སུ་ཤེས་པར་བྱ་བའི་གནད་གཅིག་ལ། རྒྱབ་མདུན་གྱི་ཡར་འཐེན་མར་གནོན་རེ་མོས་ཀྱིས་བྱེད་པ་གྲུག་ཞུང་དུ་གྲགས་པ་འདི་ཡང་ཟབ་གསུངས་ཏེ་སྐབས་སུ་བབས་པ་ན་ཤེས་པར་བྱའོ། །དེ་དག་གི་སྡོམ་ནི། དང་པོ་བཟུང་བའི་འཕྲུལ་འཁོར་རྣམ་བཞི་ལས། །ཕྱི་ནི་རྡོར་སྐྱིལ་ཁུ་ཚུར་སྙིང་གར་བསྣོལ། །མིག་བགྲད་ལྟ་སྟངས་གཏོད་ཅིང་ལྕེ་རྐན་སྦྱར། །དེ་ཡིས་རྣ་བ་འདོམས་ཤིང་མགྲིན་པ་སྒུ། །རྐང་ལག་སོར་མོ་དྲག་བསྐུམ་ཉྭ་བཞི་སྒྲིམ། །སྐེད་སྐོར་ལྟོ་བ་ཕྱིར་བསྐྱེད་རླུང་བུམ་ཅན། །འདི་ལ་ལུས་ཀྱི་ཕྱག་རྒྱ་ལྔ་ཞེས་གྲགས། །ནང་གསང་གསང་ཆེན་བཞི་པོ་ལྷན་ཅིག་ཏུ། །གནད་ཁེལ་ལྔ་ལས་ཁྱད་པར་ལྟོ་བ་གཅེར། །འོག་རླུང་གློད་ཅིང་ངག་བསྡམས་ཧཾ་འདྲེན་དྲག །སྣ་རྩེར་ཐིག་ལེ་དམར་སྐྱར་ཤེས་པ་གཏོད། །གཉིས་པ་ལྡོག་


MLP024_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནད་ལ་ཐུན་ཁྱད་གཉིས། །ཐུན་མོང་འགྱུར་བ་རྣམ་བཞིས་ལྡོག་པ་ནི། །ཁ་སྦུབ་པུས་བྲང་སྦྱར་ཞིང་ཁུ་ཚུར་གྲུ། །སར་བཞག་རིམ་བཏེག་ཧ་རིང་ཧིང་སྒྲ་ཡིས། །སྟོང་འདྲེན་བྱེད་པ་གླང་ཆེན་འགྱུར་ཡིན་ནོ། །སུག་བཞི་བཙུགས་ནས་ངུ་རིང་ངུར་སྒྲ་ཡིས། །ངུར་སྟངས་སྟོང་འདྲེན་བྱེད་པ་སྟག་མོའི་འགྱུར། །བཞི་བཙུགས་ཧ་རིང་ཧག་སྒྲས་སྐྱུག་སྟངས་ཀྱིས། །སྟོང་འདྲེན་བྱེད་པ་གཅན་གཟན་འགྱུར་ཡིན་ནོ། །པད་སྐྱིལ་བཏེག་ལ་ཁུ་ཚུར་བརླར་བཅུག་ལ།། ཧ་རིང་ཧིག་གིས་སྟོང་འདྲེན་ཝ་ཡི་འགྱུར། །ལྡོག་པའི་མན་ངག་ཁྱད་པར་བ་གཉིས་ལ། །དང་པོ་རྡོར་སྐྱིལ་ཁུ་ཚུར་སྙིང་གར་བསྣོལ། །ལྕེ་རིལ་མིག་ལྡོག་སོར་བསྐུམ་ཉྭ་བཞི་སྒྲིམ། །སྲོག་ཐུར་ཁ་བྲལ་ཧྲཱིཿཡིག་རིང་པོའི་སྒྲས། །འཐེན་པ་ཡི་གེ་རབ་ཆོག་སྦྱོར་བའོ། །གཉིས་པ་དེ་ལས་རང་གི་ཧཱུྃ་རིང་སྒྲས། །དཔྱང་ཐག་ཁོང་འདྲེན་རིག་མས་མདུན་རླུང་མནན། །དྲག་པོའི་ཕཊ་ཀྱིས་འཕང་བ་མདའ་གཞུའི་སྦྱོར། །གསུམ་པ་འགྲེམས་ལ་བཞི་ལས་དང་པོ་ནི། །སེངྒེ་རྣམ་རོལ་ཡིན་ཏེ་གཉིས་པ་ཡང་། །རྐང་བགྲད་ཁུ་ཚུར་རྐང་གཤོག་སྟེང་མནན་ནས། །མགོ་རྒུར་སུག་བཞི་བསྲངས་ལ་རྒྱབ་ཤེད་འཐེན། །རླུང་ནི་བུམ་ཅན་གླིང་བཞི་གནད་བོར་ཡིན། །གསུམ་པ་ཁ་བུབ་སུག་བཞི་བརྐྱངས་ལ་སྒྲེང་། །མཇིང་བསྲང་ལྟ་སྟངས་གཏོད་ཅིང་བྲང་སར་བཞག། བུམ་ཅན་དང་སྦྱོར་གླིང་བཞི་བཅུད་བོར་ཡིན། །བཞི་པ་ཁྱི་ཚུགས་ངང་ལས་ལུས་བཏེག་སྟེ།། མཇིང་སྒུར་བུམ་ཅན་དང་སྦྱར་ཡང་ཡང་བྱ། །མདོར་ན་བཟུང་རྗེས་ལྡོག་ལ་ལྡོག་རྗེས་དགྲམ།། འགྲེམས་ཤིང་རླུང་དང་བསྲེ་བར་བྱ་བ་དང་། །བསྲེ་ཞིང་ཡེ་ཤེས་ཆེན་པོར་སྐྱིལ་བའི་གནད།། ཞིབ་པ་བླ་མ་དམ་པའི་ཞལ་ལས་ལོངས། །ཚུལ་འདི་བཤེས་གཉེན་ཀུན་སྤངས་ལྷ་བཙུན་རྗེའི། །གསུང་ངོར་དྷརྨ་ཤྲཱིས་ཟིན་ཐོར་སྤེལ། །དགེ་འདིས་འགྲོ་ཀུན་རང་གནས་ལྷན་སྐྱེས་ཀྱི།། བདེ་བ་ཆེན་པོའི་རྒྱལ་སྲིད་ལ་སྤྱོད་ཤོག །བཀྲ་ཤིས། མངྒ་ལཾ།། །།

གར་དབང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་རྩ་ཁྲིད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱི་སྙིང་པོ་སྟན་ཐོག་གཅིག་ཏུ་བསྒྲིལ་ནས་ཉམས་སུ་ལེན་ཚུལ། ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གར་དབང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་རྩ་ཁྲིད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱི་སྙིང་པོ་སྟན་ཐོག་གཅིག་ཏུ་བསྒྲིལ་ནས་ཉམས་སུ་ལེན་ཚུལ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། ན་མོ་ཀྵ་ར་བཛྲ་ཡ་ཤ་ར་ཎ་གཙྪ་མིཿ འདིར་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་རྩ་ཁྲིད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་སྟན་ཐོག་གཅིག་ཏུ་བསྒྲིལ་ནས་ཉམས་སུ་ལེན་པའི་ཚུལ་ནི། རྙེད་དཀའི་རྟེན་མི་ལུས་རིན་པོ་ཆེ་ཐོབ་ཀྱང་མི་རྟག་པའི་དྲན་ཤེས་དང་། ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་པས་འཁོར་བའི་སྡུག་བསྔལ་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས། མདུན་གྱི་ནམ་མཁར་རྩ་བའི་བླ་མ་རྡོ་རྗེ་འཆང་དམར་པོའི་རྣམ་པ་ཅན་སྐྱབས་གནས་ཀུན་གྱི་ངོ་བོར་མོས་ལ། ཅི་མཛད་ཁྱེད་རང་ཤེས་སོ་སྙམ་པའི་བློས་འགེལ་གྱི་སྐྱབས་འགྲོ་དང་། མ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་འདོད་པའི་སེམས་བསྐྱེད། རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་ཀུན་གོ་གཅིག་ཆོད་ཡིན་པ་ལ་ཡིན་པར་བློ་ཐག་བཅད་ནས་བློ་མོས་གུས་ཀྱི་འཕྲོགས་པའི་གདུང་ཤུགས་དྲག་པོས་གསོལ་བ་བཏབ་རྗེས་བླ་མ་རང་གི་སྤྱི་བོ་ནས་ཐིམ་པའི་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་མོས་པའི་ངང་ལ་མཉམ་པར་འཇོག་པ་སྟེ་སྔོན་འགྲོའོ། །༈ དངོས་གཞི་ལ་གཉིས་ལས། དང་པོ་བསྐྱེད་རིམ་ནི། ལུས་གནད་ཆོས་བདུན་བཅའ། མིག་གི་བལྟ་སྟངས་ཆེ་རེ་གཡོ་མེད་དུ་བཞག སེམས་གནད་རང་ལུས་ཐ་མལ་གྱི་སྣང་བ་འདི་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྦྱངས་ཏེ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་


MLP024_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཡབ་ཡུམ་གྱི་སྐུ་འཇའ་ཚོན་ལྟར་སྒྲིབ་ཐོགས་མེད་པའི་རྣམ་པར་ལམ་གྱིས་བསྒོམས་པའི་ཡབ་ཀྱི་སྐུའི་དབུས་སུ་དྷཱུ་ཏི་ཕྱི་དཀར་ལ་ནང་དམར་བ་ཚངས་བུག་ནས་གསང་གནས་ཀྱི་བར་ཤེལ་གྱི་ཀ་བ་བཙུག་པ་ལྟར་དྲང་ཐལ་ལེར་གནས་པའི་གཡས་གཡོན་དུ་རོ་མ་ཁྲག་དང་རྐྱང་མ་ཁུ་བས་གང་བ་གཉིས་ཡས་སྣ་སྨིན་མཚམས་ནས་སྣ་བུག་ཏུ་ཟུག་ཅིང་། མས་སྣ་ལྟེ་འོག་སོར་བཞིའི་ཐད་ནས་དྷཱུ་ཏིར་ཚུད་པ། དེ་ལས་སྤྱི་མགྲིན་སྙིང་ག་ལྟེ་བའི་འཁོར་ལོ་བཞིའི་རྩ་འདབ་རྣམས་གསལ་ཐེབས་ན་སྨོས་མ་དགོས། མ་ཐེབས་ན་འཁོར་ལོ་སོ་སོའི་ཐད་ཀར་རོ་རྐྱང་གཉིས་དྷཱུ་ཏིར་ཐིམ་ནས་སྦུབས་འབྲེལ་བར་སྒོམ་པ་ཙམ་གྱིས་དགོས་པ་འགྲུབ། དེ་ལྟར་རྩ་འཁོར་རྣམས་གསལ་ཐེབས་པ་དང་། གཡས་རོ་མ་ལས་རྡུལ་གྱི་དྭངས་མ་ཡར་སོང་བ་སྤྱི་བོའི་འཁོར་ལོའི་ལྟེ་བ་ནས་དྷཱུ་ཏིའི་ནང་དུ་ཚུད་པ་ཐུར་དུ་བབས་པ་དང་། གཡོན་རྐྱང་མ་ལས་ཁུ་བའི་དྭངས་མ་ཐུར་དུ་སོང་བ་དྷཱུ་ཏིའི་མས་སྣ་ནས་ཚུད་པ་གྱེན་དུ་འཕྱུར་བ་གཉིས། སྙིང་གའི་འཁོར་ལོའི་ལྟེ་བར་སོན་པ་ཉི་ཟླའི་དཀྱིལ་འཁོར་དུ་གྱུར་པའི་དབུས་སུ་རླུང་སེམས་མི་ཤིགས་པའི་དྭངས་མ་ཧྲཱིཿཡིག་དམར་གསལ་འབར་བ། དེ་གསུམ་བཞུ་བ་གཅིག་ཏུ་འདྲིལ་བའི་འོད་ཀྱི་གོང་བུ་ལས་འོད་ཟེར་སྣ་ལྔ་མཁའ་ཁྱབ་ཏུ་སྤྲོས་པས་རྒྱལ་བ་མཆོད་ཅིང་སྣོད་བཅུད་དག་པའི་འཁོར་ལོར་སྦྱངས་པ་ཚུར་འདུས་ཏེ་ཐིམས་པ་ཡོངས་སུ་གྱུར་པ་ལས་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཨུཏྤལ་དམར་པོ་ཁ་བྱེ་བའི་གེ་སར་ཟེ་ཕོལ་དང་བཅས་པའི་དབུས་སུ་ཏིང་འཛིན་སེམས་དཔའ་ཧྲཱིཿདམར་པོ་ཡུངས་འབྲུ་ལྟར་ཕྲ་ཞིང་འབར་བ་རྣམས་གསལ་བཏབ་ལ་མཉ མ་པར་བཞག དེས་སྐྱོ་ན་སྙིང་གའི་ཧྲཱིཿལས་འོད་ཟེར་དམར་པོ་སོར་གཅིག་ཙམ་འཕྲོས་པའི་རྩེ་མོ་བུན་བུན་ཡལ་འགྲོ་བ་ལ་དམིགས་པ་རྩེ་གཅིག་པས་ཡིག་བཅུའི་ཡིད་བཟླས་བྱའོ། །གཉིས་པ་རྫོགས་རིམ་ལ་གསུམ་ལས། སྐུ་རྡོ་རྗེའི་རྣལ་འབྱོར་ནི། སྙིང་གའི་ཡེ་ཤེས་སེམས་དཔའ་ཏིང་འཛིན་སེམས་དཔའ་དང་བཅས་པ་གནས་དེ་ཉིད་དུ་འཇའ་ཡལ་བ་ལྟར་


MLP024_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་པར་སྦྱངས། རླུང་རོ་བསལ་ཏེ། སྟེང་རླུང་འཇམ་པོ་རང་བབས་སུ་བརྔུབས་པས་གཡས་གཡོན་རོ་རྐྱང་གི་ལམ་ལས་རྡུལ་དང་ཁུ་བའི་དྭངས་མ་གཉིས་ཐུར་དུ་སོང་བ་རོ་རྐྱང་གི་མར་སྣེར་སླེབས་པ་དང་། འོག་རླུང་འཇམ་པོར་དྲངས་པས་དྷཱུ་ཏིའི་མས་སྣ་དུང་ཅན་མའི་སྣ་ནས་ཁམས་ལྔའི་རླུང་གི་དྭངས་མ་འཇའ་ཚོན་ལྟར་བཀྲ་བ་མདུང་ཚུགས་སུ་ལངས་པ་རོ་རྐྱང་གི་མས་སྣར་སླེབས་པ་ན། ཁུ་རྡུལ་ལྔ་དང་བཅས་ལྷན་ཅིག་ཏུ་དྷཱུ་ཏིའི་ནང་དུ་བརྒྱུད་གྱེན་དུ་སོང་ལྟེ་བའི་འཁོར་ལོའི་དབུས་སུ་སོན་པ་གཅིག་ཏུ་འདྲིལ་བའི་ཐིག་ལེ་དམར་སྐྱ་དྭངས་ཤིང་འཚེར་བ་ཙ་ན་ཀ་སྟེ་སྲན་ཆུང་གི་འབྲུ་ཙམ་པའི་དབུས་སུ་སེམས་ཀྱི་དྭངས་མ་ཧྲཱིཿཡིག་དམར་པོ་ཕྲ་ཞིང་འབར་བའི་རྣམ་པར་གསལ་བཏབ་ལ། དབུགས་རང་སར་བཞག སེམས་དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་ཏེ་རླུང་དང་སེམས་དང་ལྟེ་བའི་ཐིག་ལེ་འདྲེས་པ་ལྟར་བྱས་པས་ཐིག་ལེའི་རྣམ་པ་ལམ་མེ་བ་དེ་ལ་སེམས་མི་འཕྲོ་བའི་རྟེན་ཙམ་བྱས་ཏེ་ཧ་ཅང་མི་སྒྲིམ་ཧ་ཅང་མི་གློད་པར་མ་བཅོས་གཉུག་མའི་ངང་ལ་ཤིགས་སེ་འཇོག་པའོ། །གཉིས་པ་གསུང་རྡོ་རྗེའི་རྣལ་འབྱོར་ནི། ལྟེ་བའི་མི་ཤིགས་པའི་ཐིག་ལེར་སེམས་ཟིན་པ་ན། འོག་རླུང་བསྐུལ་བའི་རྐྱེན་གྱིས་ཐིག་ལེ་དེ་ཉིད་སྙིང་གའི་འཁོར་ལོའི་ལྟེ་བར་དྲངས་ཏེ་པདྨའི་ཟེའུ་འབྲུར་བུང་བ་ལྡིང་བ་ལྟར་ཧྲཱིཿའི་སྒྲ་སྒྲོག་བཞིན་དུ་འདར་འཕྲིལ་ལི་ལི་གནས་པར་བསམས་ལ་རླུང་རོ་བསལ་ཏེ། རླུང་ལྡང་འཇུག་གནས་གསུམ་རང་བབས་ཀྱི་རྒྱུ་བ་ལ་སེམས་གཏད་དེ་ཁུག་པ་རེ་ལ་གྲངས་རེར་བགྲངས་པའི་ཉེར་གཅིག་ཙམ་ཞིག་བཟླས་པས་རླུང་མི་འཁྲུག་པར་རང་བབས་ཀྱི་རྒྱུ་བ་ངོས་ཟིན་པ་དང་། རླུང་ལྡང་འཇུག་གནས་གསུམ་པོ་ཧཱུྃ་ༀ་ཨཱཿའི་སྒྲ་གདངས་སུ་མོས་པས་རླུང་སྔགས་དབྱེར་མེད་དུ་ཤེས་པའི་སྒོ་ནས་ཧཱུྃ་ཞེས་ཕྱིར་འཕང་བའི་ཚེ་སྙིང་གའི་ཐིག་ལེ་ལས་འོད་ཟེར་ཁ་དོག་ལྔ་ཟེར་གྱིས་འཕྲོས་པས་དབུ་མའི་ལམ་བརྒྱུད་སྨིན་མཚམས་ཀྱི་ཐད་ནས་སྣ་བུག་གི་རླུང་དང་འགྲོགས་ཏེ་ཕྱིར་ཐོན་པ་སྣོད་བཅུད་ཐམས་ཅད་ལ་ཁྱབ་སྟེ་ཐམས་ཅད་མར་ཁྱེམས་ཀྱིས་སྦྱངས། ༀ་ཞེས་རླུང་ནང་


MLP024_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇུག་པའི་ཚེ་སྣོད་བཅུད་འོད་ཀྱི་རྣམ་པར་བཞུ་ལུགས་སུ་སྦྱངས་པ་དེ་གཉིས་ཚུར་འདུས་པ་དྷཱུ་ཏིའི་ལམ་བརྒྱུད་སྙི ང་གའི་ཐིག་ལེ་ལ་སིབ་ཀྱིས་བསྟིམས་ཤིང་། རླུང་གི་སྒྲ་ཨཱཿཞེས་པའི་གདངས་སུ་མོས་པའི་ངང་ལ་གནས་པར་བསམས་ནས་སྐད་ཅིག་ཀྱང་མ་ཡེངས་པར་བཟླས་པར་བྱའོ། །གསུམ་པ་ཐུགས་རྡོ་རྗེ་ནི། དེའི་ངང་ལས་ལྟེ་བའི་འཁོར་ལོའི་དབུས་སུ་རྡུལ་ཏེ་ཁམས་དམར་ཆའི་དྭངས་མ་ཐིག་ལེ་དམར་པོ་ཚ་ལ་རྩུབ་པ་འབར་བ་ཡུངས་ཀར་གྱི་འབྲུ་ལྟར་ཕྲ་བ་ཞིག་བསྒོམས་ལ་རླུང་ཕྱིར་ལྡང་བ་དང་བསྟུན་ལྟེ་བའི་ཐིག་ལེ་ལས་གཏུམ་མོའི་མེ་ཚ་ཞིང་རྣོ་བ་འཁྱུག་གིས་འབར་བ་དྷཱུ་ཏིའི་ལམ་བརྒྱུད་སྙིང་གའི་ཐིག་ལེར་རེག་པས་དེ་ལས་མུ་མེད་པའི་འོད་ཟེར་འཕྲོས་པས་རང་ལུས་ཀྱི་ཕྱི་ནང་དང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་མུན་ནང་དུ་སྒྲོན་མེ་བཏེགས་པ་ལྟར་ལྷག་གིས་གསལ་བར་བྱས་ནས་རླུང་ནང་འཇུག་དང་བསྟུན་འོད་ཟེར་དེ་རྣམས་གཞིའི་ཐིག་ལེར་འུབ་ཀྱིས་བསྡུས། ཡང་རླུང་ལྡང་བ་ན་སྙིང་གའི་ཐིག་ལེ་ལས་སྔར་བཞིན་འོད་ཟེར་གཉིས་པ་སྤྲོས་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་མེར་ཁྱེམས་ཀྱིས་བསྲེགས་ཤིང་བཞུ་ནས་ནང་འཇུག་དང་བསྟུན་འོད་ཟེར་སྔར་བཞིན་གཞི་ལ་བསྡུ། ཡང་རླུང་ལྡང་བ་ན་སྙིང་གའི་ཐིག་ལེ་ལས་སྔར་བཞིན་འོད་ཟེར་གསུམ་པ་སྤྲོས་པ་སྔར་སྣོད་བཅུད་འོད་ཀྱི་རྣམ་པར་བཞུ་བའི་བཅུད་ཀྱི་དྭངས་མ་དེ་ཐམས་ཅད་རླུང་ནང་འཇུག་དང་བསྟུན་ཏེ་བསྡུས་པ་རང་ལུས་ལ་བཞུ་ལུགས་སུ་ཐ ིམ་པས་རང་ལུས་ལྷ་སྐུའི་རྣམ་པ་ཡང་མེ་ལོང་གི་རླངས་ཡལ་བ་ལྟར་མཐའ་ནས་རིམ་བཞིན་འདུས་པ་ནང་གི་ཐིག་ལེ་དྷཱུ་ཏི་ལ་ཐིམ། དྷཱུ་ཏི་སྙིང་གའི་མི་ཤིགས་པའི་ཐིག་ལེར་ཐིམ། དེ་ཡང་རང་སེམས་མི་ཤིགས་པའི་ངོ་བོ་ཧྲཱིཿཡིག་ལ་བསྡུས་པ་དེ་ཉིད་ཤིན་ཏུ་ཕྲ་བར་གྱུར་པ་ལ་སེམས་ཡུན་རིང་དུ་བཟུང་། ཧྲཱིཿཡང་མི་དམིགས་པའི་དབྱིངས་སུ་སྦྱངས་ཏེ་འོད་གསལ་སྟོང་པ་ཉིད་ལ་མཉམ་པར་བཞག དེ་ལྟར་རང་ངོ་ཤེས་པའི་ཚུལ་གྱིས་རང་བཞིན་ངོས་བཟུང་ལ་འོད་གསལ་དུ་དྭངས་པའི་མི་རྟོག་པའི་ངང་དེ་ཀ་ལ་ཡུན་རིང་དུ་བསྐྱང་མཐར་སེམས་ཀྱི་གསལ་ཆ་ངོས་བཟུང་ནས་དེ་ཉིད་ཆུ་ལས་ཉ་ལྡང་བ་


MLP024_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྐད་ཅིག་གིས་དཀྱིལ་འཁོར་གྱི་ལྷར་གསལ་བཏབ་སྟེ། ལྷ་སྐུ་སྣང་ཙམ་ལས་ངོས་བཟུང་མེད་པར་རང་ངོ་ཤེས་པའི་ཚུལ་གྱིས་ཡང་ནས་ཡང་དུ་བསྒོམ་མོ། རྗེས་ཐོབ་ཀུན་ཏུ་གང་སྣང་ཐམས་ཅད་ལ་མཉམ་བཞག་གི་ཉམས་བཟང་པོའི་རྩིས་བཟུང་ནས་སྒྱུ་མ་རྨི་ལམ་ལྟར་བླང་དོར་མེད་པར་ལམ་དུ་འཁྱེར་ཞིང་ཐུན་ལས་ལྡང་། མཐར་དགེ་བ་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་བསྔོ་བར་བྱའོ། །དེ་ལྟར་གར་དབང་ཐུགས་རྗེ་ཆེན་པོའི་རྩ་ཁྲིད་ཐུན་རེར་སྟན་ཐོག་གཅིག་མའི་དམིགས་པ་ཚང་བར་ཆག་མེད་མོས་སྒོམ་བྱེད་འདོད་པ་རྣམས་ལ་ཕན་ཕྱིར་འདི་ལྟར་རྩ་ཐོར་བྲིས་ཤིག་ཅེས་བླ་མ་དམ་པའི་སྐུའི་སྲས་མཆོག་མཁྱེན་བརྩེ་ནུས་པའི་བདག་ཉིད་རྒྱལ་བའི་རྒྱལ་ཚབ་ཆེན་པོ་གང་གིས་བཀའ་ལུང་ཕེབས་པ་དང་། རང་གི་གཅུང་རྗེ་དབོན་ཨཱ་ནནྟ་ཤི་ལའི་གསུང་གིས་ཀྱང་བསྐུལ་བ་ལྟར་དགེ་སློང་རྒན་པོ་དྷརྨ་ཤྲཱིས་ས་ག་ཟླ་བའི་ཚེས་བཞིའི་ཐུན་མཚམས་གཅིག་ལ་རྫོགས་པར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག དཔལ་ལྡན་བླ་མ་གང་གི་དྲུང་དུ་ལུང་ཁྲིད་ཐོབ་པའི་ཉིན་དེ་གར་བྲིས་པ་འདིིས་ཀྱང་འགྲོ་བ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་རྟག་ཏུ་ལོངས་སྤྱོད་པར་གྱུར་ཅིག་གུ། །སརྦ་ཛ་ག་ཏཾ།། །།

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས། སྐུ་རྡོ་རྗེའི་ཁྲིད་ཡིག་གི་ཟུར་འདེབས་མཚན་མོའི་རྣལ་འབྱོར་གྱི་ཡིག་ཆུང་། ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས། སྐུ་རྡོ་རྗེའི་ཁྲིད་ཡིག་གི་ཟུར་འདེབས་མཚན་མོའི་རྣལ་འབྱོར་གྱི་ཡིག་ཆུང་བཞུགས། ལོ་ཆེན་དྷརྨ་ཤྲཱི། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱཿ འདིར་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་རྩ་ཁྲིད་ལས། སྐུ་རྡོ་རྗེའི་སྐབས་ཀྱི་སྤོག་ཆོག་མཚན་མོའི་རྣལ་འབྱོར་སྒོམ་པའི་ཕྱག་བཞེས་ནི་འདི་ཡིན་ཏེ། གང་དུ་སྒོམ་པའི་གནས་འབྱོར་ལྡན་གྱི་མུན་ཁང་ནི། རབ་གསུམ་ཐོག་གི་བར་ཁང་། འབྲིང་ཉིས་ཐོག་གི་སྟེང་ཁང་། ཐ་མ་ཐོག་གཅིག་མའི་མལ་འོག་ཏུ་ས་དོང་བྲུས་པར་ཐོག་ཕུབ་པའི་རླུང་སེང་ཡོད་པ། གྱེན་ལོགས་ལ་དུང་གི་བུག་པ་འདྲ་བའི་རླུང་གི་སྐྱོག་མོ་ཐོག་མཚམས་ལ་ཐུག་པ། གང་ལྟར་ཡང་ཐོག་དཔངས་མཐོ་བ་ཕྱོགས་ཐམས་ཅད་ཞལ་བས་བསྟར་ཞིང་། སྒོ་འཁྱོགས་རིམ་པ་གསུམ་པ། སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ། འབོ་འདེ་སོགས་ཀྱིས་བཀག་ན་ཁབ་མིག་ཙམ་གྱི་སྣང་བའང་མི་རྒྱུག་པ་སྟེ་མུན་ཁང་དངོས་སམ། རྗེས་མཐུན་ཀུན་སྤངས་ཀྱི་གནས་ཕུག་པ་དང་། ཁྱིམ་སོགས་ཇི་ལྟར་རིགས་པ་སྐམ་ཞིང་ས་རླངས་མེད་པ་ལ་སྣང་བ་རྒྱུག་པའི་སེང་ཅུང་ཟད་ཀྱང་མེད་པའི་ཐབས་བྱས་ཏེ། མུན་པ་ཤིན་ཏུ་གནག་པ་ཞིག་དགོས་སོ། །གནས་དེར་སྔོན་འགྲོ་རྒྱས་བསྡུས་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། སྟན་བདེ་བ་ལ་ལུས་གནད་མ་གཞི་སྐུ་རྡོ་རྗེའི་དཀྱུས་ལྟར་ལས། ཁྱད་པར་མིག་གནད་ཧ་ཅང་མ་ཕྱེ་མ་བཙུམས་ཕྱེད་བཙུམས་ཀྱིས་ལྟ་སྟངས་ཐད་ཀར་མིག་འབྲས་མི་འགུལ་ཞིང་རྫི་མ་མི་རྡེག་པར་བཞག རླུང་གནད་ཀྱི་ཁྱད་པར་འོག་རླུང་ཡིད་ཙམ་བསྐུམས། སེམས་གནད་དངོས་


MLP024_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སྐུ་རྡོ་རྗེའི་དཀྱུས་ཀྱི་དམིགས་པ་སོར་བཞག་སྟེ། རིག་པ་ལྟེ་བར་གཏད་ནས་མི་ཤིགས་པའི་ཐིག་ལེ་དམར་ལམ་མེ་བ་དེ་ལ་སེམས་མི་འཕྲོ་བའི་རྟེན་ཙམ་བྱས་ཏེ། ཧ་ཅང་མ་བསྒྲིམས་མ་གློད་པར་རང་བབས་སུ་ཤིག་གེ་བཞག་གོ །དེས་སྐྱོ་ན་རེས་སྐུ་རྡོ་རྗེའི་དམིགས་པ་བཞག་ལ༑ མིག་ཕྱེད་བཙུམས་ཀྱིས་ལྟ་སྟངས་ལས་མིག་འབྲས་གྱེན་དུ་ལྡོག རླུང་རང་བབས་སུ་བཞག སེམས་དུས་གསུམ་གྱི་ཡུལ་གང་ལའང་མི་རྟོག་པར་རང་བབས་སྤྲོས་མེད་ཀྱི་ངང་ནས་ལྟ་སྟངས་གང་དུ་གཏད་པའི་ཐད་ཀའི་བར་སྣང་གི་མུན་པ་ནག་ཐིང་ངེ་བ་དེ་ལ་སེམས་ཆེར་གཏད་ནས་འཇོག་པ་ནི་གནད་དོ། །དེ་ལྟར་དམིགས་པ་གཉིས་པོ་དེ་རེས་འཇོག་ཏུ་བསྒོམས་པས་ཡེ་ཤེས་ཀྱི་སྣང་བའི་སྟོང་གཟུགས་རྣམས་འཆར་བར་འགྱུར་ཞིང་། ཤར་བའི་ཚེ་སྟོང་གཟུགས་གཡོ་བའི་རྗེས་སུ་མིག་གནད་དང་སེམས་མ་འགྱུར་བར་བྱས་ལ། ཇི་ལྟར་མཐོང་བའི་སྟོང་པའི་གཟུགས་བརྙན་དེ་ག་ལ་ལྟ་སྟངས་མི་གཡོ་བར་སེམས་ཆེ་རེ་གཏད་དེ་བཟོ་མེད་ཡེངས་མེད་དུ་བཞག་པས། ཇི་ཞིག་ན་ཡུལ་དང་ཡུལ་ཅན་རོ་གཅིག་པ་ལྟ་བུར་གྱུར་ནས་བླང་རིགས་ངོས་བཟུང་དང་བྲལ་བའི་ངང་ལ་རྩེ་གཅིག་ཏུ་གནས་ཤིང་། རྟག་སྣང་རྣམས་ཀྱང་བརྟན་གསལ་གོང་འཕེལ་དུ་འགྲོ་བར་འགྱུར་རོ། །ཞེས་གསུངས་སོ། །ཚུལ་འདི་ཡང་གཅུང་ཀུན་དགའི་མཚན་ཅན་གྱི་ཞལ་སྔ་ནས་ལྷ་རྫས་བཟང་པོའི་མེ་ཏོག་དང་བཅས་ཏེ་འབད་པ་ཆེན་པོའི་གསུང་གིས་བསྐུལ་བ་དང་། གྲུབ་ཆེན་བློ་ལྡན་ལྷུན་གྲུབ་ཀྱིས་ཀྱང་རིང་མོ་ནས་བསྐུལ་བའི་ངོར་གཉོས་བཙུན་རྨོངས་པ་དྷརྨ་ཤྲཱིས་༧རྗེ་གཏེར་ཆེན་བླ་མ་དམ་པ་ལ་གནང་བ་ཞུས་ཏེ། རྒྱལ་ཟླའི་ཚེས་བཅོ་བརྒྱད་ཀུན་མཁྱེན་ཆེན་པོའི་དུས་མཆོད་ཀྱི་ཉིན་ཟིན་བྲིས་སུ་སྤེལ་བ་དགེ་ལེགས་འཕེལ། བཀྲ་ཤིས།། །།

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཡན་ལག་གི་རྫོགས་རིམ་དུམ་དུམ་ཁྲིགས་ཀྱི་སྐོར་ལས་ཨ་ཏིའི་ལམ་རིམ་སྙིང་པོའི་དོན་མཆན་བུས་བཀྲལ་བ། ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཡན་ལག་གི་རྫོགས་རིམ་དུམ་དུམ་ཁྲིགས་ཀྱི་སྐོར་ལས་ཨ་ཏིའི་ལམ་རིམ་སྙིང་པོའི་དོན་མཆན་བུས་བཀྲལ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། ༀ་སྭ་སྟི། མི་འགྱུར༵་རང་བྱུང་ཡེ་ཤེས་ཆེ། །རྒྱ་ཆད་ཕྱོགས་ལྷུང་མེད༵་པའི་དབྱིངས། །ཀུན་རྫོགས་རྡོ༵་རྗེ༵་རྩེ་མོའི་དོན། །འཆང་ཕྱིར་དཔལ་ལྡན་བླ་མར་འདུད། །འདིར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་དོན་ཐུགས་ཀྱི་རྫོགས་རིམ་ཨ་ཏིའི་ལམ་རིམ་སྙིང་པོའི་དོན་རགས་ཙམ་མཆན་བུས་གསལ་བར་བྱ་བ་ལ་གསུམ་སྟེ། ཀླད་དང་། གཞུང་དང་། མཇུག་གི་དོན་ནོ། །དང་པོ་ཀླད་དོན་ཕྱག་ནི། ཨེ་མ་ཧོ༔ ཞེས་ངོ་མཚར་བའོ། །གང་མཚར་ན། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རང་བྱུང་གི་ཡེ་ཤེས་གཅིག་ཉིད་རོལ་པ་ཅིར་ཡང་བསྒྱུར་བས་གར་གྱི་བདག་པོ་སྟེ་རང་རིག་པའི་ཡེ་ཤེས་ཉིད་དོ། །དེ་ལ་སློབ་དཔོན་ཆེན་པོ་ལ་ཕྱག་འཚལ་ལོ༔ ཞེས་ལྟ་བ་མཇལ་བའི་ཕྱག་འཚལ་མཛད་དོ། །གཉིས་པ་གཞུང་གི་དོན་ལ་བཞི་སྟེ། རང་བཞིན་གཞིའི་གནས་ལུགས། དེ་ལས་ཇི་ལྟར་འཁྲུལ་ཚུལ། འཁྲུལ་པ་གྲོལ་བར་བྱེད་པའི་ལམ། འབྲས་བུ་གྲོལ་ས་བསྟན་པའོ། །དང་པོ་ནི། འཁོར་བ་དང་མྱང་འདས་ཀྱི་ཆོས་མ་ལུས་པ་ཐམས་ཅད་ཀྱི་གདོད་མའི་སྤྱི་གཞི་གནས་ལུགས་རང་བཞིན་གྱིས་རྣམ་པར་དག་པ་བདེ་གཤེགས་སྙིང་པོའི་དབྱིངས་ངོ་བོ་ཀ་དག་རང་བཞིན་ལྷུན་གྲུབ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གསུམ་འདྲིལ་བའི་ཆོས་ཉིད་ལ་སྐུ་གསུམ་ཡེ་


MLP024_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་ཆས་སུ་བཞུགས་པ་སྟེ། ཆོས་ཀུན་གང་དུའང་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུངས་པས་གང་ཡང་ཡིན་པ་མིན་པའི་རིག་པ་འདུ་འབྲལ་མེད་པ་ལུ་གུ་རྒྱུད་ཀྱིས་ནི། ཆོས་ཉིད་སྟོང་པ་ཉིད་ཀྱི་ཡུལ་ལ་ཀུན་ཁྱབ་རིས་མེད་ཀྱི་དབྱིངས་བརྡལ་བས། སྟོང་གསལ་རིག་པའི་ཡེ་ཤེས་ཀྱི་རང་བཞིན་གདོད་ནས་འཕོ་འགྱུར་མེད་པའི་བདག་ཉིད་དོ། །དེ་ལྟར་ཡང་དུང་ཡིག་ཅན་ལས། གཞི་རྒྱུད་དངོས་པོའི་གནས་ལུགས་ཏེ། །དེ་ཡི་ངོ་བོ་རང་བཞིན་སྟོང་། །སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །ངོ་བོ་རང་བཞིན་ཐུགས་རྗེའོ། །ཞེས་དང་། ཐུགས་ཐིག་ལས། གཞི་གནས་རིག་པ་ངོ་བོ་རང་བཞིན་དང་། །ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ། །སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན།། ཞེས་སོ། །གཉིས་པ་དེ་ལས་ཇི་ལྟར་འཁྲུལ་ཚུལ་ནི། གཞི་དེའི་ངང་ལས་དབྱིངས་སྣང་ཤར་བ་རང་སྣང་དུ་མ་ཤེས་པའི་སྐད་ཅིག་ལ་གཞན་དུ་འཛིན་པའི་སེམས། དཔེར་ན་མཁའ་ལ་སྤྲིན་བཞིན་གློ་བུར་དུ་སྣང་བས་འཁྲུལ་པའོ། །ཇི་ལྟར་ཞེ་ན་འགྱུ་བ་རླུང་གིས་ང་བདག་བྱས་པས་འོད་ལྔ་ལས་ཡུལ་དང་ལུས། རིག་པ་ལས་སེམས་ཀྱི་འཁྲུལ་གཞིར་གྱུར་ནས། ཐིག་ལེའི་དབྱིབས་དང་ཞི་ཁྲོའི་གཟུགས་ཉིད་རང་སྣང་དུ་མ་རིག་པས་དབྱིབས་ལས་སྣོད་དང་གཟུགས་ལས་བཅུད་དེ་བག་ཆགས་རང་གར་འཐས་པའི་ལས་སྣང་ཡུལ་དང་བཅས་པ་ཤར་བའོ། །དེ་ལྟར་འཁྲུལ་དུས་ནའང་སེམས་ཅན་ཀུན་ལ་གདོད་མའི་འོད་གསལ་སྙིང་པོ་ཡེ་ཤེས་གསུམ་ལྡན་སྒྲོན་རིག་ལུག་རྒྱུད་དང་བཅས་པ་ཉིད་འདུ་འབྲལ་མེད་པར་བཞུགས་སོ། །གསུམ་པ་འཁྲུལ་པ་གྲོལ་བར་བྱེད་པའི་ལམ་བཤད་པ་ལ་གསུམ་སྟེ། བགྲོད་པ་གཅིག་པའི་ལམ་ངོས་བཟུང་། དེས་འཁྲུལ་པ་ཇི་ལྟར་གྲོལ་ཚུལ་རྒྱས་པར་བཤད། དེ་ལ་བརྩོན་པས་ཉམས་སུ་བླང་བར་གདམས་པའོ། །དང་པོ་ནི། ལས་སྣང་གི་སྣོད་བཅུད་དེ་ཉིད་སྐུ་དང་ཡེ་ཤེས་སུ་གྲོལ་པར་བྱེད་པའི་ཐབས་སྤྱིར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་བློ་ཡི་རིམ་པ་ཆེ་ཆུང་གིས་ཐེག་པའི་རིམ་པའང་མཐོ་དམན་བསམ་ཡས་པ་གསུངས་ཀྱང་། དེ་ཐམས་


MLP024_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཨ་ཏིའི་ཡོ་གའི་ཁང་བཟང་དུ་འཇུག་པའི་སྒོ་སྟེ་དེར་བགྲོད་པའི་ཐེམ་སྐས་བཞིན་འདིའི་ལམ་སྟེགས་སུ་གྱུར་པས་མཐར་ཐུག་གདོད་མའི་ཡེ་ཤེས་གང་རྟོགས་ནས་འབྲས་བུ་ཐོབ་པའི་ཐབས་བགྲོད་པ་གཅིག་ཏུ་གྲུབ་པས་གཏན་ལ་ཕེབས་པའི་ལམ་རྨད་དུ་བྱུང་བ་ནི་ཐེག་ཀུན་རྩེ་མོ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྷུན་གྱིས་གྲུབ་པའི་ཐེག་པ་འདི་ཉིད་དོ། །གཉིས་པ་དེས་འཁྲུལ་པ་གྲོལ་ཚུལ་རྒྱས་པར་བཤད་པ་ནི། སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཨ་ཏི་ཡོ་ག་ཡིན་པ་དེའི་ཕྱིར་འདི་ཉམས་སུ་བླང་བ་ལ་གཉིས་ཏེ༑ སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལའང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ཐུན་མོང་པ་ནི་འཁྲུལ་པའི་སྣང་བ་འཁོར་བའི་མངོན་ཞེན་གྱི་རྡོས་ཐག་ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པ་དང་། སྲིད་པའི་བདེ་བ་ལ་ཆགས་པ་གཉིས་མི་རྟག་པ་དང་འཁོར་བའི་སྡུག་བསྔལ་བསམ་པའི་སྐྱོ་ཤས་ཀྱིས་བཅད་པའི་ངེས་འབྱུང་གིས་བསྐུལ་ཏེ་ཐར་པ་ལ་ཡིད་ཕྱོགས་པར་བྱས་ནས། སྐྱབས་སེམས་བསགས་སྦྱངས་ཀྱི་རིམ་པས་རྒྱུད་སྦྱོང་བར་བྱའོ། །གཉིས་པ་ཐུན་མིན་སྒོ་གསུམ་གྱི་སྔོན་འགྲོ་ནི། ཐལ་འགྱུར་ལས། ལུས་ཀྱི་སྔོན་དུ་འགྲོ་བ་ནི། །རྡོ་རྗེ་སྐྱིལ་ཀྲུང་རབ་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པས་ལུས་ཀྱི་སྔོན་འགྲོ་རྡོ་རྗེའི་འདུག་སྟངས་ལ་བསླབ་པ། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་པ། །མཉེན་བཙལ་ལམ་དུ་ཞུགས་པ་ཡིས། །ངག་སྦྱངས་སེམས་ལ་ཕན་པ་ཡིན། །ཞེས་པས་ངག་གི་སྔོན་འགྲོར་ཕྱི་སྣང་བ་དང་ནང་ཕུང་པོ་གཉིས་ལ་རྒྱས་གདབ་པ་དང་རྩལ་སྦྱོང་བ་གཉིས་གཉིས་དང་། མཉེན་བཙལ་ཞིང་ལམ་དུ་འཇུག་པ་སྟེ་དྲུག །སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་པས་ཡིད་ཀྱི་སྔོན་འགྲོར་སེམས་བྱུང་གནས་འགྲོ་གསུམ་ལ་བརྟག་པ་སྟེ། དེ་ལྟར་སྒོ་གསུམ་གྱི་སྔོན་འགྲོ་འབྱོངས་པར་བྱའོ། །གཉིས་པ་དངོས་གཞི་ནི། མུ་ཏིག་འཕྲེང་བ་ལས། ཉམས་བླངས་ཁྲེགས་གཅོད་ཐོད་


MLP024_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རྒལ་ལོ། །ཞེས་པ་ལྟར་གཉིས་ལས། དང་པོ་ཀ་དག་གི་གནས་ལུགས་སྟོན་པ་ཁྲེགས་གཅོད་ཀྱི་ལམ་ནི། བྱུང་གནས་འགྲོ་གསུམ་གྱིས་མཐའ་བདས་པས་ཅི་ཡང་མ་བརྙེས་པར་རྗེན་སང་ངེ་སོང་དུས་གནས་ཆ་དེ་བཞག་ནས། རིག་ཆ་རྗེན་སང་ངེ་བའི་ཟང་ཀ་དེ་ངོས་བཟུང་སྟེ་བསྐྱངས་པའི་གནད་ཀྱིས། སེམས་གཞི་མེད་རྩ་བྲལ་ཀ་དག་ཏུ་གཏན་ལ་ཕབ་ནས། སྣང་སེམས་ཐམས་ཅད་ཡེ་གྲོལ་སོར་བཞག་ཆེན་པོ་ཁྲེགས་གཅོད་ཀྱིས་ཉམས་སུ་ལེན་པ་སྟེ། དེ་ཡང་ད་ལྟར་གྱི་རིག་པ་དྲན་བསམ་བཅོས་བསླད་དང་བྲལ་བའི་ཝལ་ལེ་སང་ངེ་ཆམས་བརྡལ་བ་ཉིད་ཆོས་སྐུ་ཀ་དག་གི་དགོངས་པ་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲོད་པ་ནི་ངོ་རང་ཐོག་ཏུ་སྤྲད་པ་ཞེས་བྱའོ། །སྔ་ཕྱི་དྲན་རྟོག་མེད་པའི་ད་ལྟར་གྱི་རིག་པ་སོ་མ་བཞི་ཆ་གསུམ་བྲལ་གྱི་ངང་ལ་རིག་གེ སང་ངེ་། ཡེ་རེ། ཝལ་ལེ་བསྐྱང་པ་ནི་ཐག་གཅིག་ཐོག་ཏུ་གཅོད་པ་ཞེས་བྱའོ། །རང་ཤར་རང་གྲོལ་རྦ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་བྱུང་ཚོར་གཞིར་ཐིམ་པ་ནི་གདེང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱའོ། །གསང་བ་སྒྲ་རྒྱུད་ལས། སྔ་ཕྱི་དྲན་རྟོག་མེད་པ་ཡི། །རིག་གེ་སང་ངེ་སལ་ལེ་བ། །ད་ལྟའི་ཤེས་པ་འདི་ཉིད་ལས། །ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ་། །ཞེས་དང་། རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་རང་སར་ཡལ། །ཞེས་སོ། །དེ་ལྟར་གཏན་ལ་ཕབ་པའི་དོན་དེ་ལ་རྫོགས་པ་ཆེན་པོ་མན་ངག་སྡེའི་གནད་ཐམས་ཅད་འདུས་པར་བསྟན་པ་ནི། འདི་ལྟར་མན་ངག་གི་སྡེ་ལ་རྫོགས་པའི་སངས་རྒྱས་ཀྱིས་ཚུལ་གསུམ་དུ་བསྡུས་ནས་གསུངས་པ་སྟེ། ཚིག་གཅིག་ཉམས་སུ་ལེན་པའི་མན་ངག་ངོ་བོ་བློ་བྲལ་མ་འཁྲུལ་བ་ཁ་གཏམ་གྱི་ཚུལ་དུ་གསུངས་པ་དང་། རྒྱུད་ལུང་དང་འབྲེལ་བ་ངོ་བོ་བྱ་བྱེད་བློ་འདས་ལམ་དུ་བྱེད་པ་ཁ་འཐོར་གྱི་ཚུལ་དུ་གསུངས་པ་དང་། རྒྱུད་ནས་བྱུང་བའི་ཚིག་བཀའ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གསལ་ཞིང་ཁྱད་པར་ཆོས་ཉིད་ཀྱིས་བཅད་པ་རྒྱུད་རང་གཞུང་གི་ཚུལ་དུ་གསུངས་པ་དང་གསུམ་གྱི་དོན་ནི། འདིར་བྱུང་ས་དང་བྱུང་མཁན་མེད་པའི་སེམས་ཉིད་གཞི་མེད་རྩ་བྲལ་ངོས་བཟུང་དང་བྲལ་བའི་ངང་དུ་ཅོག་བཞག་བཅོས་བསླད་མེད་པར་བལྟ་བ་ལ་འདུས་པས་དེ་ལྟར་ལྟོས་ཤིག་ཅེས་གདམས་སོ།།


MLP024_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རང་གཞུང་དེ་ལ་དབྱེ་ན། ཆོས་ཉིད་ཀྱི་གཤིས་བསྟན་པས་འཁོར་འདས་ཀྱི་མཚམས་ཕྱེད་པ་སྟར་ཀ་གེགས་སེལ་གྱི་ཚུལ་དུ་གསུངས་པ་དང་། སྤྲོས་མེད་གཞི་ལ་ཁྱབ་པས་ལས་བཟང་ངན་ལ་མ་ལྟོས་པར་ཁམས་གསུམ་ཡོངས་གྲོལ་དུ་ཤར་བ་ལྟ་བ་སྒང་དྲིལ་གྱི་ཚུལ་དུ་གསུངས་པ་དང་། ཐོབ་ཏུ་མེད་པས་རེ་བ་གང་ལའང་གདེང་མི་འཆའ་བ་གབ་པ་མངོན་ཕྱུང་གི་ཚུལ་དུ་གསུངས་པ་དང་། སྒྲ་ཚིག་ལས་འདས་པས་གྲུབ་པའི་མཐའ་ལ་མི་གནས་པ་བཤད་པ་རང་གསལ་གྱི་ཚུལ་དུ་གསུངས་པ་དང་བཞིའི་དོན་ནི། འདིར་སེམས་ལ་གནས་པ་དང་གནས་མཁན་མེད་པའི་རྟེན་མེད་གནས་བྲལ་ངོས་བཟུང་དང་བྲལ་བའི་ངང་ལ་བསལ་བཞག་མེད་པར་འཇོག་པ་ལ་འདུས་པས་དེ་ལྟར་ཞོག་ཅིག་ཅེས་གདམས་སོ། །བཤད་པ་རང་གསལ་དེ་ལ་དབྱེ་ན། འཁྲུལ་པ་གཞི་ལ་བཟློག་པ་མན་ངག་སྡེའི་ཚུལ་དུ་གསུངས་པ་དང་། འཁྲུལ་པ་བ་དེད་ཀྱི་ལུགས་དམིགས་སྡེའི་ཚུལ་དུ་གསུངས་པ་དང་། ཉག་གཅིག་སྤྲོས་དང་བྲལ་བས་དུ་མ་ཆ་ཤས་མེད་པ་ཐིག་ལེ་རང་གནད་ལ་ཕེབས་པ་མན་ངག་སྡེའི་ཚུལ་དུ་གསུངས་པ་དང་གསུམ་གྱི་དོན་ནི། འདིར་འགྲོ་ས་དང་འགྲོ་མཁན་མེད་པའི་སེམས་ཉིད་རིག་སྟོང་རྗེས་མེད་ཀྱི་ངང་ལ་ཧར་སང་ངེ་སྐྱེལ་བ་ལ་འདུས་པས་དེ་ལྟར་སྐྱོལ་ཅིག་ཅེས་གདམས་སོ། །ཐིག་ལེ་རང་གནད་དེ་ལ་དབྱེ་ན། ཕྱི་སྐོར་ཐ་སྙད་རྒྱ་ཆེར་སྟོན་པ་ལུས་ལྟ་བུ། ནང་སྐོར་མཐོང་བ་བརྡའི་ཆོས་མིག་དང་འདྲ་བ། གསང་སྐོར་དྲན་བྱེད་གཟུངས་ཀྱི་ཆོས་སྙིང་དང་འདྲ་བ། ཡང་གསང་བླ་ན་མེད་པ་ལུས་ཀུན་རྫོགས་པའི་སྐྱེས་བུ་ལྟ་བུར་སྟོན་པ་དང་བཞི་ཡིན་ལ། དེ་དག་གི་དོན་ཡང་འདིར་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། རིག་པ་གཞི་ནས་འཕགས་ཏེ་ལམ་དུ་འཇུག་པ་ངོ་ཤེས་པར་བྱ་བའི་ཆེད་དུ་དཔེ་དོན་གྱི་ངོ་སྤྲོད་ལ་སོགས་ཏེ་ངོ་སྤྲོད་ཉི་ཤུ་རྩ་གཅིག་ཤེས་པར་བྱའོ། །ཞེས་པ་ལྟར་གསང་བ་བླ་ན་མེད་པའི་དཔེའི་ངོ་སྤྲོད་བདུན་ཚན་གསུམ་སྟེ་ཉི་ཤུ་རྩ་གཅིག་དང་ཨ་གཏད་དང་ཉི་ཟླའི་རྟགས་ཀྱིས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ངོས་གཟུང་བར་བྱ་བ་དང་། འབྱུང་བ་གནད་འབྱེད་དང་ཐི་བྱ་ཚང་འཇུག་དང་དུས་བཞི་མཉམ་སྦྱོར་ལ་སོགས་པའི་མན་ངག་ཕྱི་འཁྲུལ་གཞི་རྩིས་ཀྱི་སྐོར་


MLP024_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྒྱུད་བཅུ་བདུན་སོགས་རྒྱུད་དང་དེ་དག་གི་མན་ངག་གཞུང་ཡིག་སྣ་ལ་སོགས་པ་ནང་བཤད་ཏིག་སྤྲོས་པའི་སྐོར་དང་། བཟོ་ཡིག་སོགས་སྣ་ཚོགས་ཐབས་ཀྱི་སྐོར་དང་། སྒོམ་པ་ལམ་གྱི་སྐོར་སྨིན་གྲོལ་གཉིས་ཀྱི་སྒོ་ནས་གཏན་ལ་དབབ་པར་བྱ་བ་ཡིན་ཞིང་། འདི་དག་གིས་ནི། ཀ་དག་དང་ལྷུན་གྲུབ་གཉིས་ཀའི་དོན་ཅི་རིགས་སུ་སྟོན་པས་ན་བར་གྱི་གསལ་བྱེད་དུའང་ངོས་གཟུང་ངོ་། །གཉིས་པ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་ལ་བཞི་ལས། དང་པོ་སྔོན་འགྲོ་རིིག་པའི་སྣ་ཁྲིད་པར་བྱེད་པ་ནི། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་སྤྱད་པས་འཁོར་འདས་རུ་ཤན་ཕྱེ་ལ་མི་གཡོ་མི་བརྗོད་མི་རྟོག་པའི་ངང་ལ་རྣལ་དུ་དབབ་པར་བྱ་སྟེ་ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེ་ན། །ཁམས་གསུམ་ལུས་ངག་ཡིད་ཀྱི་ཡང་། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་དང་། ཀློང་གསལ་ལས། ལུས་ངག་ཡིད་ཀྱི་འབྱུང་འཁྲུགས་པ། །དེ་དག་གྲོལ་ཕྱིར་རྣལ་དུ་དབབ། །ཅེས་སོ། །གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྟེན་པ་ནི། ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དེ་བཞིན་གཤེགས་པའི་གསང་མཛོད་སྒོ་ཕྱེ་ནས་རང་གནས་ཀ་དག་གི་ཡེ་ཤེས་ འོད་གསལ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་ཞལ་བལྟ་བར་འདོད་ན་ལུས་ཀྱི་གནད། ༡ཆོས་སྐུ་༢ལོངས་སྐུ་༣སྤྲུལ་སྐུ་ཡི་རིམ་པ་ཇི་ལྟ་བར་༡སེང་གེ་ཁྱི་ཚུགས་ལྟ་བུ་དང་། ༢གླང་ཆེན་ཉལ་བ་ལྟ་བུ་དང་། ༣དྲང་སྲོང་ཙོག་པུའི་ཚུལ་གྱི་འདུག་སྟངས་གསུམ་པོ་གང་རུང་བཅའ་བ་ལས་མི་འདའ་བར་བྱ་བ་སྟེ། ཀློང་གསལ་ལས། དེ་ཡང་ལུས་ཀྱི་སྐུ་གསུམ་ལས་རྒྱུན་དུ་འདའ་བར་མི་བྱའོ་ཞེས་སོ། །འཆར་བྱེད་སྒོའི་གནད་ནི་ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་པས་ཆོས་སྐུའི་གཟིགས་སྟངས་མིག་གྱེན་ལྡོག །ལོངས་སྐུའི་ཟུར་བལྟ་ཟུར་ཁྲིད། སྤྲུལ་སྐུའི་ཕྱེད་བཙུམ་ཅུང་ཟད་ཐུར་ཕབ་སྟེ་གཟིགས་སྟངས་གསུམ་པོ་རང་རང་གི་འདུག་སྟངས་དང་བསྟུན་ལ་རླུང་དལ་བས་ཕྱིར་འཕངས་ནས་འཆར་གཞི་ཡུལ་གྱི་


MLP024_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ནམ་མཁའ་སྤྲིན་བྲལ་གྱི་དཀྱིལ་དུ་རིག་པ་མ་ཡེངས་པར་ལྟོས་ཤིག་ཅེས་གདམས་སོ༑ ༑གསུམ་པ་སྣང་བའི་འཆར་ཚུལ་མཐའ་རྟེན་དང་བཅས་པ་ནི། དེ་ལྟར་བལྟས་པས་སྣང་བ་བཞི་རིམ་གྱིས་འཆར་བར་འགྱུར་ཏེ། འཁོར་འདས་གང་དུའང་མ་ཕྱེ་བའི་གནས་ལུགས་ཀ་དག་གི་རིག་པ་སྟོང་གསལ་ཉིད་ལྷག་མཐོང་གི་རང་གདངས་ཐོག་མར་དཀར་ཕྲ་ཕྲོ་ལས་ཕྱི་དབྱིངས་ཀྱི་ཡུལ་ལ་དངོས་སུ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་སྣང་ཐིག་ལེས་བརྒྱན་པའི་རྣམ་པ་ཅན་དུ་གསལ་བར་མཐོང་བ་ནི་རིག་པ་མངོན་སུམ་གྱི་དོན་མཐོང་བ་སྟེ། དེ་ཡང་སྙིང་ནང་གི་དབྱིངས་རྣམ་དག་གི་སྒྲོན་མ་ཉིད་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ལམ་བརྒྱུད་རྒྱང་ཞགས་ཆུའི་སྒྲོན་མ་མིག་གི་སྒོ་ལས་ཕྱིའི་དབྱིངས་ནམ་མཁར་མེ་ལོང་གི་ངོས་ལ་བྱད་ཤར་བ་ལྟར་འཇའ་ཚོན་འོད་ལྔའི་མུ་ཁྱུད་ཅན་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་སྒྲོན་དམར་ཟླུམ་གསལ་གདངས་ཅན་འཆར་ཞིང་། དེའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་དམ་མུ་ཏིག་གི་ཕྲེང་བ་ལྟ་བུ་འཕར་གཡོ་དང་བཅས་པ་འཆར་བས། དེའི་ངང་ལས་མི་གཡོ་བར་མཉམ་པར་བཞག་པ་ན་ཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་འཆར་བར་འགྱུར་ཞིང་། དབྱིངས་སྣང་དང་པོར་མཐོང་བ་ནས་བཟུང་སྟེ་འཇའ་འོད་ཀྱི་ནང་དུ་ཐིག་ལེ་གསུམ་འབྲེལ་དུ་སྣང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ནས་འོད་ལྔ་ཐིག་ལེ་དང་བཅས་པ་ཇེ་བརྟན་དུ་སྣང་ཞིང་། ཟ་འོག་གི་གུར་ཁྱིམ་དང་གྱེན་སྒྲེང་རྩིབ་ཤར་ལྟ་བུ་སོགས་སྨིན་མཚམས་དང་བྲལ་ཏེ། ཞིང་ཁམས་ཀུན་ཏུ་ཁྱབ་པའི་ཐིག་ལེའི་ནང་དུ་ཕྱེད་སྐུ་དང་སྐུ་རྐྱང་སོགས་སྣང་བ་ཚུན་ཆད་ཉམས་གོང་འཕེལ་ལོ། །དེ་ནས་འོད་གསལ་གྱི་སྣང་བ་འབྱམས་ཀླས་པའི་དབྱིངས་ཐིག་ལེ་མུ་ཁྱུད་ལྔ་ལྡན་གྱི་ནང་དུ་རིགས་ལྔ་ཡབ་ཡུམ་སོགས་ཞི་ཁྲོའི་ལྷ་གྲངས་མེད་འཆར་བ་ནི་རིག་པ་ཚད་ཕེབས་སོ། །དེ་ནས་ཕྱིའི་སྣང་བ། ནང་གི་སྒྱུ་ལུས། གསང་བ་རླུང་སེམས་ཟད་པས་འཁྲུལ་སྣང་ལས་གྲོལ་ཏེ་གདེང་བཞི་ཚད་དུ་ཕྱིན་ནས་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་པ་ནི་ཆོས་ཉིད་ཟད་པའི་སྣང་བའོ། །དེ་ལྟར་ཉམས་སུ་ལེན་


MLP024_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིས་གྲོལ་ཚད་བསྟན་པ་སྟེ། མཐའ་རྟེན་བཞིའི་མན་ངག་གིས་གོམས་པར་བྱེད་པའོ། །བཞི་པ་ཁྱད་པར་དུ་འཕགས་པའི་ཆེ་བ་བསྟན་པ་ལ་ལྔ་ལས། དང་པོ་སྣང་བ་བཞི་ལ་སྤྱོད་པའི་གང་ཟག་དེ་གསང་བ་བླ་ན་མེད་པའི་སྨིན་གྲོལ་གྱི་ལམ་འཁོར་བཅས་ཀྱི་བདག་པོ་རྡོ་རྗེ་སློབ་དཔོན་ཆེན་པོར་གྱུར་པའི་ཆེ་བ་ནི། གང་དགོངས་པ་ལྷུན་གྲུབ་ཆེན་པོ་ལ་སྤྱོད་པས་ཡེ་ནས་སྨིན་ཅིང་གྲོལ་ཟིན་རང་ངོ་ཤེས་པ་དེ་ཡིས་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་ཀྱི་དབང་རྣམས་རིག་པའི་ངང་དུ་རྫོགས་པའི་རྩལ་གྱིས་བསྐུར་བ་དང་། རིག་པའི་རྒྱུད་ཆེན་པོ་ལ་རང་དབང་ཐོབ་པའི་ངང་དུ་སྙིང་པོའི་དོན་གཏན་ལ་འབེབས་པའི་རྒྱུད་ཆེན་པོ་བཅུ་བདུན་སོགས་ཐ་སྙད་ཚིག་གི་རྣམ་པར་བསྟན་པ་རྣམས་ཀྱང་རྫོགས་པར་རྟོགས་པ་དེ་ཡིས་ཆོས་ཉིད་རིག་པའི་རྩལ་ལས་མི་འདའ་བའི་སྒོ་ནས་བཤད་པར་བྱ་བ་ཡིན་ཞིང་། དེ་ལྟ་བུའི་རྣལ་འབྱོར་པ་དེ་ནི་ཆོས་སྐུ་ཀུན་ཏུ་བཟང་པོ་དང་། གཟུགས་སྐུ་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་དང་དབྱེར་མི་ཕྱེད་པ་ཉིད་དོ། །གཉིས་པ་རྒྱལ་བའི་ཐུགས་ཀྱི་ཞེ་ཕུགས་ཡིན་པའི་ཆེ་བ་ནི། དུས་གསུམ་གྱི་དབྱིངས་སུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཞེ་ཕུགས་ལ་དབྱིངས་རིག་གི་དོན་ཟབ་མོ་འདི་ལས་གཞན་མེད་དོ། །དེའི་ཕྱིར་མདོ་རྒྱུད་ཀུན་གྱི་གནད་འདིར་ཚང་ཞིང་འདུས་པས་ཐམས་ཅད་ཀྱི་ཐུགས་ཡིན་པའི་ཕྱིར་དོན་གོ་རྫོགས་པ་སྟེ་ཐམས་ཅད་ཀྱི་གོ་ཆོད་པའི་དོན་ནོ། །གསུམ་པ་དབྱིངས་རིག་གི་ངང་དུ་འབྲས་ཆོས་ཐམས་ཅད་རྫོགས་པར་བསྟན་པ་ནི་དབྱིངས་རིག་རྣམ་པར་དག་པའི་དཀྱིལ་འཁོར་སྣང་སྟོང་དུ་རང་ཤར་བའི་ཡེ་ཤེས་ཀྱི་འཕྲིན་ལས་ཉིད་འབྲས་ཆོས་ལྔར་མ་འདྲེས་པར་སྣང་བ་སྟེ། ཐིག་ལེ་སྟོང་སྒྲོན་གྱི་ནང་དུ་གསལ་སྟོང་ཞི་ཁྲོའི་སྐུ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་ཤར་བའི་ཕྱི་སྣང་བའི་ཐབས་ལ་བརྟེན་ནས་ནང་རིག་བདེ་སྟོང་གི་འོད་གསལ་བདུད་རྩིའི་སྨན་མཆོག་ལྟ་བུས་མ་རིག་པའི་ཟུག་རྔུ་སེལ་བར་བྱེད་ཅིང་། དེའི་ཚེ་སྒྲ་


MLP024_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཆོས་དབྱིངས་ཀྱི་རང་སྒྲ་གྲགས་སྟོང་གཞོམ་མེད་དུ་སྒྲོག་པའི་གསུང་དང་། དྲན་རིག་གསལ་ཙམ་ཉིད་ནས་རང་བཞིན་མ་གྲུབ་པའི་རིག་སྟོང་སྤྲོས་བྲལ་གྱི་ཡེ་ཤེས་ཐུགས་ཏེ༑ སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་སྣང་ཆ་མ་འགགས་པའི་རྩལ་སྣང་ལམ་དང་འབྲས་བུའི་ཡོན་ཏན་དང་། དེས་འགྲོ་བ་འདུལ་བའི་འཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་གཅིག་འདུས་ཐིག་ལེ་ཆེན་པོར་ཟླུམ་ལ་འཁྱིལ་བས་འཕགས་སོ། །བཞི་པ་དབྱིངས་རིག་གི་ནང་དུ་དངོས་གྲུབ་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྟན་པ་ནི། འདས་མ་འོངས་ད་ལྟར་གྱི་དུས་གསུམ་ཀུན་ཏུ་དངོས་གྲུབ་འགྲུབ་པའི་གཞི་དབྱིངས་རིག་འདི་ལས་གཞན་དུ་མེད་དོ། །ངོ་བོ་དངོས་མེད་སྟོང་པ་ཉིད་ཀྱི་དབྱིངས་སུ་རང་བཞིན་སྐུ་དང་ཡེ་ཤེས་གསལ་སྟོང་དུ་སྣང་བ་ལས་ཐུགས་རྗེ་རིག་རྩལ་མ་འགགས་པར་འཆར་བ་འདི་ནི་ངོ་མཚར་ཆེའོ། །ཇི་ལྟར་ན། དེས་ཆོས་སྐུ་ཐིག་ལེ་ཉག་གཅིག་མངོན་སུམ་དུ་སྣང་བས་ས་ལམ་གྱི་རྟགས་ཚད་ཐམས་ཅད་རྫོགས་ཏེ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཚོམ་བུའི་སྐུར་སྨིན་པས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་གྲོལ་བ་ནི་མཆོག་གི་དངོས་གྲུབ་དང་། ཞི་རྒྱས་དབང་དྲག་བཞི་དང་དགུག་བསྐྲད་མནན་པ། གཟིར་བ་ལ་སོགས་ཐུན་མོང་གི་དངོས་གྲུབ་ལས་ཕྲན་ཚེགས་རྣམས་མ་ལུས་པ་ཀུན་ཀྱང་ལས་གང་བྱེད་ཡིད་ཀྱིས་བསམ་ཞིང་དེ་ལ་དབྱིངས་རིག་གཏད་པ་ཙམ་གྱིས་ཐམས་ཅད་ཞར་ལ་འགྲུབ་པར་ཐེ་ཚོམ་མེད་དོ། །ཁྱད་པར་མཆོག་གི་དངོས་གྲུབ་རིག་པ་ཚད་ལ་ཕེབས་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། ཆོས་ཉིད་ཟད་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཏེ་མཐོང་སྒོམ་གྱིས་བསྡུས་པ་ལམ་གྱུར་གྱི་འབྲས་བུ་ནི། དབང་པོ་རབ་ཀྱིས་ལོ་གསུམ་དང་། དེར་མ་གྲོལ་ན་འབྲིང་གིས་ལོ་ལྔ་དང་། ཐ་མས་ཀྱང་ལོ་བདུན་དག་ལས་མི་འགྱང་བར་སྣང་བཞི་མཐར་ཕྱིན་ནས་གདོད་མར་གྲོལ་བའི་འབྲས་བུ་འགྲུབ་པ་ལ་སྦྱོར་བར་འགྱུར་ཞིང་། དེར་མ་ཟད་མངོན་སུམ་དང་གོང་འཕེལ་ལ་སྤྱོད་ཕན་ཆད་ཚོགས་སྦྱོར་དང་ཡོན་ཏན་མཚུངས་པས། ཏིང་ངེ་འཛིན་གྲུབ་ཅིང་སྐྱེ་བ་དང་འཇུག་པ་སོགས་ལ་རང་དབང་ཐོབ་པའི་ཕྱིར། རྫུ་འཕྲུལ་གྱི་བཀོད་པ་མཁའ་ལ་བྱ་བཞིན་འཕུར་བ་དང་། ས་ལ་སྦྲུལ་ལྟར་འཛུལ་བ་དང་། ཆུ་ལ་ཉ་བཞིན་མི་བྱིང་


MLP024_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། མི་སྣང་བའི་དངོས་གྲུབ་ལུས་མིས་མི་མཐོང་བ་དང་། རང་གར་གནས་ཀྱི་ས་རུ་དབྱིངས་རིག་འདྲེས་པས་འཇའ་འོད་འཁྱིལ་བ་ལ་སོགས་པའི་རྫུ་འཕྲུལ་དང་། ཉོན་མོངས་པའི་ཕྱོགས་འཇོམས་པའི་སྟོབས་དང་རྨི་ལམ་དག་ཅིང་བདེན་ཚིག་འགྲུབ་པ་སོགས་ཡོན་ཏན་མཐའ་ཡས་པ་འཆར་བར་འགྱུར་རོ། །མདོར་ན་འཁོར་འདས་ཐམས་ཅད་རང་རིག་ལུ་གུ་རྒྱུད་ཀྱི་ཀློང་དུ་ཡིན་ལུགས་དྲི་བྲལ་དུ་ཕྱིན་པའི་འབྲས་བུ་ཆོས་སྐུར་མངོན་པར་སངས་རྒྱས་ཏེ༑ སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སྐུ་གསུམ་གྱི་དབྱིངས་སུ་གྲོལ་བའི་ལག་རྗེས་འགྲོ་བའི་དོན་སྟོང་གསལ་འགག་མེད་ཀྱི་འཕྲིན་ལས་མ་བཙལ་ལྷུན་གྲུབ་ཏུ་ཁྱབ་པའི་མཆོག་དངོས་དུས་རིང་པོར་མི་ཐོགས་པར་ཐོབ་པའི་ཕྱིར་འོད་གསལ་ཡེ་ཤེས་ཀྱི་ལམ་འདི་དང་སུ་ཕྲད་རིགས་ཀྱི་བུ་སྐལ་བ་དང་ལྡན་པ་ཡིན་ནོ། །ལྔ་པ་སྡེ་གསུམ་གྱི་ལམ་གྱི་གནད་ཐམས་ཅད་འདིར་འདུས་པའི་ཆེ་བ་ནི། ཆོས་འདི་ནི་རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་སུ་མ་གྲུབ་པས་ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་པ་མན་ངག་རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་གྱི་མཐའ་སྟེ་རྩེ་མོར་གྱུར་པའོ། །དེ་ལ་དབྱེ་ན། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་སྡེ་གསུམ་ལས། དང་པོ་སེམས་སྡེ་ནི། ངོ་བོ་སྣ་ཚོགས་སུ་སྣང་ཡང་སེམས་ཉིད་གཅིག་གི་རོལ་པ་ལས་མ་འདས་པར་འདོད་པ་སྟེ། དེ་ལ་རྒྱུད་རིག་པའི་ཁུ་བྱུག་ལ་སོགས་པ་ལྔ་ནི། རྩ་རྒྱུད་ཀུན་བྱེད་ལས་བཀོལ་བས་མ་ལྔའམ། ཤྲཱི་སིང་ཧ་དང་བཻ་རོ་ཙ་ནས་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་བས་སྔ་འགྱུར་ལྔ་ཞེས་གྲགས་པ་དང་། བྱང་ཆུབ་ཀྱི་སེམས་རྨད་བྱུང་སོགས་བཅུ་གསུམ་བི་མ་ལ་དང་གཉགས་ཛྙཱ་ནས་བསམ་ཡས་སུ་བསྒྱུར་བས་ཕྱི་འགྱུར་རམ་བཤད་རྒྱུད་ལས་ཕྱུང་པས་བུ་བཅུ་གསུམ་ཞེས་གྲགས་ཏེ། འགྱུར་དེ་གཉིས་གཅིག་ཏུ་དྲིལ་བས་སེམས་རྨད་བཅོ་བརྒྱད་ཅེས་བཞི་མདུང་གྱུར་དུ་སྨྲ་བའི་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་སྟེ། དེ་རྣམས་ཀྱི་དོན་འདིར་སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་ཆོས་ཀྱི་སྐུར་ལྟ་


MLP024_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་འདུས་པས། དེའི་ངང་དུ་གསལ་བཞག་མེད་པར་ལྟོས་ཤིག་ཅེས་གདམས་སོ། །གཉིས་པ་ཀློང་སྡེ་ནི། རང་བྱུང་གི་ཡེ་ཤེས་དང་དེའི་ངང་ལ་ཤར་བའི་ཆོས་ཐམས་ཅད་ཡེ་གྲོལ་དག་པ་ཆེན་པོ་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་སྨྲ་བས་དམིགས་གཏད་བྲལ་བའི་དོན་སྟོན་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལྟ་བ་དང་སྤྱོད་པའི་ཀློང་སོགས་ཀློང་དགུས་འབྲས་བུ་ཡེ་གྲོལ་དུ་སྨྲ་བའི་རྫོགས་པ་ཆེན་པོ་ཀློང་གི་སྡེ་སྟེ། དེའི་དོན་འདིར་གང་ལའང་བྱ་རྩོལ་མེད་པའི་ཆོས་ཉིད་ཀྱི་ཀློང་དུ་འཇོག་པ་ལ་འདུས་པས་དེའི་ངང་ལ་མ་བཅོས་པར་ཞོག ཅེས་གདམས་སོ། །གསུམ་པ་མན་ངག་གི་སྡེ་ནི། འཁོར་འདས་སྤང་བླང་དང་བྲལ་བའི་ཡིན་ལུགས་གནད་ཐོག་ཏུ་འབེབས་པའི་ཐབས་ཀྱིས་བློ་འདས་རང་བྱུང་གི་ཡེ་ཤེས་སྐད་ཅིག་གིས་འཆར་བར་བྱེད་པ་རྫོགས་པ་ཆེན་པོ་མན་ངག་གི་སྡེ་སྟེ། དེའི་དོན་འདིར་ཆོས་ཐམས་ཅད་གནས་ལུགས་རང་གསལ་གྱི་ཆོས་ཉིད་མངོན་སུམ་དུ་གཏན་ལ་ཕབ་ནས་འོད་གསལ་ཡེ་ཤེས་ཀྱི་ངང་དུ་སྐྱེལ་བ་ལ་འདུས་པས་དེ་ལྟར་སྐྱོལ་ཅིག་ཅེས་གདམས་སོ༑ ༑ གསུམ་པ་བརྩོན་པས་ཉམས་སུ་བླང་བར་གདམས་པ་ནི། དེ་ལྟར་རྡོ་རྗེ་ཐེག་པའི་རྩེ་མོར་སོན་པས་ཁྱད་འཕགས་མཐར་ཐུག་གི་དོན་ཟབ་མོ་རྫོགས་པ་ཆེན་པོའི་ཆོས་འདི་དང་འཕྲད་པ་ནི་རྙེད་པའི་མཆོག་རབ་ཏུ་རྙེད་པ་ཡིན་པས་ཚེ་འདིའི་བྱ་བ་ཐོངས་ལ་བརྩོན་འགྲུས་དྲག་པོས་ཉམས་སུ་ལོངས་ཤིག་པའོ། །བཞི་པ་འབྲས་བུ་གྲོལ་ས་བསྟན་པ་ནི། གནད་ཀྱི་དབྱིངས་རིག་ཡེ་ཤེས་ཀྱི་སྣང་བ་དཔག་ཏུ་མེད་པ་ལ་སྤྱོད་པ་ནི་ལྷ་སྔགས་མཆོད་སྦྱིན་སོགས་དགེ་སྦྱོར་གཞན་ལས་ཆོས་ཁྱད་པར་དུ་གྱུར་བས་ན་བསོད་ནམས་ཀྱི་ཚོགས་རྣམས་ཀྱི་ནང་ནས་ཡ་ཐ་སྟེ། མཆོག་ཏུ་གྱུར་པ་དང་། དེའི་ངང་ལས་གནས་པས་ཡེ་ཤེས་མི་གཡོ་བའི་ངང་དུ་སེམས་འགགས་ནས་རྣམ་པར་མི་རྟོག་པ་འོད་གསལ་ཆོས་སྐུ་ཆེན་པོའི་དབྱིངས་སུ་སངས་པས་ནི་ཡེ་ཤེས་ཀྱི་ཚོགས་ཕུལ་དུ་བྱུང་བ་ཉིད་འགྲུབ་པར་བྱེད་པས་མཁའ་ལྡིང་གིས་དྲངས་པའི་ཤིང་རྟ་བཞིན་དུ་ཚོགས་གཉིས་


MLP024_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ་མེད་པར་རྫོགས་ཏེ། གསང་སྔགས་སྤྱི་ལྟར་ན། སྣང་མཆེད་ཐོབ་པ་ཉེར་ཐོབ་ཀྱི་ཡེ་ཤེས་བཞིའི་རིམ་པ་དང་། ཁྱད་པར་ཅན་རྫོགས་ཆེན་ལྟར་ན། མངོན་སུམ། གོང་འཕེལ། ཚད་ཕེབས། ཆོས་ཟད་དེ་ལམ་མཆོག་སྣང་བ་བཞིའི་རིམ་པས་ཚོགས་སྦྱོར་མཐོང་སྒོམ་བཞི་རྫོགས་ཤིང་། དེ་ལྟར་རྫོགས་པས་མཐོང་སྒོམ་གྱིས་བསྡུས་པ་ས་བཅུ་དང་སློབ་པའི་ལམ་བཞིའི་ཡོན་ཏན་ཐམས་ཅད་མ་ལུས་པ་དཀའ་བ་མེད་པར་སྐད་ཅིག་ལ་བགྲོད་པར་བྱེད་ཅིང་། དེའང་དབྱིངས་རང་བཞིན་འོད་གསལ་གྱི་ངོ་བོ་ལ་འཕོ་འགྱུར་རྣམ་དབྱེར་མེད་ཀྱང་གློ་བུར་གྱི་དྲི་མའི་དབང་གིས་ཕྱེ་བས་ཚད་ཕེབས་ཀྱི་ལམ་དུ་ཉོན་ཡིད་ཤེས་པ་དང་སྒོ་ལྔ་བཟློག་པས་རིམ་པར་འཁོར་བ་ལས་བརྒལ་ཞིང་མི་ལྡོག་པ་ཐོབ་ནས་ཞིང་ཁམས་རྣམ་པར་དག དེ་རྗེས་ཀུན་གཞིའི་ཤེས་པ་བཟློག་པས་ཡེ་ཤེས་ཀྱི་ཕར་ཕྱིན་དང་ལྡན་པ་ཆོས་ཉིད་ཟད་པའི་ས་རྫོགས་པ་རྒྱུན་མཐའི་སྐད་ཅིག་མ་ལ་སློབ་ལམ་ཉིད་ཀྱང་བཟློག་པས་ཀུན་གཞི་བག་ཆགས་ཀྱི་ཆ་ཆེས་ཕྲ་བའི་སྒྲིབ་པའང་རྣམ་པར་དག་ནས། སྤངས་རྟོགས་མཐར་ཕྱིན་པའི་འབྲས་བུར་གྲོལ་ཏེ། ལམ་དང་ལམ་གྱི་སྤང་བྱ་ཀུན་ཟད་པས་སེམས་སེམས་བྱུང་། རྟེན་དང་བཅས་པ་དབྱིངས་སུ་གྲོལ་བའི་ཚེ། ཕུང་པོ་ཁམས་སོགས་རྟོག་ཚོགས་རྣམས་རིགས་ལྔ་དང་ཡུམ་ལྔ་སོགས་སངས་རྒྱས་སྐུ་ལྔ་དང་རང་ལུས་གཞལ་ཡས་ཁང་དང་། ཡུལ་སྣང་དང་ཞིང་ཁམས་དང་ཉོན་མོངས་ལྔ་ཡེ་ཤེས་ལྔར་ནི་རྣམ་པར་དག་པས། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་སོགས་གཞི་ལ་གདོད་ནས་བཞུགས་པའི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ཏེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་དུ་སངས་རྒྱས་ནས་ཐུགས་རྗེ་མཛད་པའི་འཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆེན་པོར་འཕོ་འགྱུར་མེད་པར་བཞུགས་སོ། །གསུམ་པ་མཇུག་གི་དོན་ལ་བཞི་ལས། དང་པོ་ལམ་མཆོག་འདི་ལས་ཅན་དང་ཕྲད་ནས་འགྲོ་དོན་བྱེད་པར་སྨོན་ལམ་གདབ་པ་ནི། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བདག་གི་ཐུགས་ཀྱི་དགོངས་ཉམས་དྲིལ་བའི་བཅུད། ཨ་ཏི་ཡོ་ག་ཐེག་པ་སེམས་ཀློང་


MLP024_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཀུན་གྱི་རྒྱུད་དོན་ཐམས་ཅད་གཅིག་ཏུ་དྲིལ་བའི་སྙིང་ཐིག་ཟབ་མོ་འདི། སྐལ་ལྡན་འདི་ལ་སྤྱོད་པའི་ལས་ཀྱི་འཕྲོ་ཅན་གཅིག་སྟེ་སྤྲུལ་པའི་གཏེར་སྟོན་ཆེན་པོ་དང་འཕྲད་པར་ཤོག་ཅིག ཕྲད་ནས་ཀྱང་འགྲོ་བ་མ་ལུས་སྡུག་བསྔལ་ལས་སྐྱོབ་པའི་དཔུང་གཉེན་དམ་པར་ཤོག་ཅིག་ཅེས་པའོ། །གཉིས་པ་མན་ངག་གི་རྫོགས་ཚིག་སྨོས་པ་ནི། གར་དབང་བདེ་གཤེགས་ཀུན་འདུས་ཐུགས་རྗེ་ཆེན་པོའི་མཆོག་དབང་གསུམ་དང་འབྲེལ་བའི་ཡན་ལག་གི་རྫོགས་རིམ་གསུམ་ལས། འདིས་དབང་བཞི་པ་དང་འབྲེལ་བའི་ལམ་མཆོག་ཟབ་དོན་ཐུགས་ཀྱི་རྫོགས་རིམ་སྙིང་པོར་དྲིལ་བ་རྫོགས་སོ། །ཞེས་གཏན་ལ་ཕབ་ཟིན་པའི་དོན་ཏོ། །གསུམ་པ་བཀའ་སྲུང་ལ་གཉེར་གཏད་ཅིང་རྒྱས་འདེབས་པ་ནི། བཀའི་སྲུང་མ་ལྷ་ཆེན་ལྕམ་དྲལ་ལ་ཆོས་འདི་གཉེར་དུ་གཏད་དོ་སྣོད་མིན་ལ་ཟུར་ཙམ་ཡང་མི་བསྒྲག་པར་ཐུབ་པར་སྲུང་བ་དང་། དད་བརྩོན་ཤེས་རབ་དང་ལྡན་པའི་སྣོད་ལྡན་ལ་མི་ནུབ་པར་འཕེལ་བའི་སྟོང་གྲོགས་མཛོད་ཅིག་ཅེས་གཏད་དོ། །འདི་ཉིད་མ་འོངས་པའི་དོན་དུ་གཏེར་དུ་སྦ་བའི་དུས་སུ་ས་མ་ཡ་ཞེས་དམ་ཚིག་གི་གནའ་རྒྱ་དང་། རྒྱ་རྒྱ་རྒྱ། ཞེས་སྐུ་གསུང་ཐུགས་ཀྱི་གཅེས་རྒྱ་དང་། ཚིག་རྒྱུད་གཏེར་དུ་རྒྱས་བཏབ་ནས། གཏེར་གནས་སུ་སྦས་པའི་རྒྱ་དང་། གཏེར་སྲུང་ལ་གཏད་རྒྱ་དང་། གཏེར་སྟོན་ལ་བཀའ་བརྒྱུད་སྨོན་ལམ་གྱི་རྒྱ་དང་། སྐལ་མེད་ལ་གསང་རྒྱ་སྟེ། རྒྱ་བདུན་གྱིས་བཏབ་ནས་གཏེར་དུ་སྦས་པའོ། །བཞི་པ་གཏེར་ནས་སྤྱན་དྲངས་པའི་བཏོན་བྱང་སྨོས་པ་ནི། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་ཡང་སྲིད་སྤྲུལ་པའི་གཏེར་སྟོན་རིག་འཛིན་གཏེར་བདག་གླིང་པས་རབ་བྱུང་བཅུ་གཅིག་པའི་ནང་གི་ལྕགས་སྤྲེལ་ལོ་གྲོ་ཞུན་ཟླ་བའི་ཉེར་དགུ་ལ་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་ཏེ་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པའོ། །ཞེས་པ་འདིའང་ཁམས་གནས་འཇིང་བླ་མ་སྟོན་སྒོམ་དགེ་བའི་བཤེས་གཉེན་བྱམས་པ་ཕུན་ཚོགས་རྣམ་རྒྱལ་གྱིས་ཨ་ཏིའི་ལམ་རིམ་སྙིང་པོ་འདི་ལ་འགྲེལ་པ་ཞིག་རྩོམ་དགོས་


MLP024_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རིང་མོ་ནས་གསུང་གིས་བསྐུལ་བ་ཡིད་ལ་གཅགས་ནའང་དུས་ཀྱི་འགྱུར་བ་མི་བཟད་པའི་གཞན་དབང་དུ་ཐལ་བས་ཚིག་དོན་མཐའ་ཆོད་པ་ཞིག་རྩོམ་མ་ཐུབ་རུང་གསུང་ངོ་མ་གཅོག་པའི་ཆེད་དུ་དོན་རགས་ཙམ་མཆན་བུས་བཀྲལ་ནས་ཕུལ་བ་སྟེ། གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་སོ། །ཡིག་ཆེན་རྩ་བ་ཡིག་ཆུང་མཆན། །རྒྱ་འབྱེད་ས་བཅད་སེར་འབྱེད་ལུང་། །དམར་འབྱེད་ཁྲིགས་དམིགས་བསྡུས་དོན་ཏེ། །དེ་ལས་འཆད་པོས་སྤྲོས་ཏེ་བཤད།། འདི་ཙམ་གྱིས་ཀྱང་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པར་གྱུར་ཅིག དགེའོ།། །།

བླ་མའི་རྡོ་རྗེ་གསུམ་གྱི་དམར་ཁྲིད་ཟབ་དོན་ཉིང་ཁུ། ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྡོ་རྗེ་གསུམ་གྱི་དམར་ཁྲིད་ཟབ་དོན་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། རྒན་པོ་དྷརྨ་ཤྲཱིས་རང་གི་ཉེ་བར་གནས་པ་ཨ་ནནྟ་མ་ཏི་ལ་དགེ་སྦྱོར་གྱི་སྐུལ་མར་སྙིང་ཐག་པ་ནས་གདམས་པའི་མར་ཁྲིད་ཟབ་དོན་ཉིང་ཁུ་ཞེས་བྱ་བ། དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །གཏན་གྱི་སྐྱབས་གཅིག་གཏེར་ཆེན་ཆོས་ཀྱི་རྗེར། །སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་མཆི། །ཡེ་ཤེས་སྤྱན་གྱིས་རྟག་པར་བརྩེ་བས་སྐྱོངས། །ཀྱེ་ཧོ་བསམ་ཤེས་སྐལ་ལྡན་སྙིང་གི་བུ། །ཚེ་འདི་ཡུན་ཐུང་ཕྱི་མར་ཚད་མེད་པས། །ནམ་ཞག་གཏན་བདེའི་འདུན་མ་ལེགས་བསམས་ནས། །དམ་ཆོས་སྙིང་པོ་འདི་ལྟར་ལག་ཏུ་བླང་། །ཤིན་ཏུ་རྙེད་དཀའ་ཨུ་དུམ་ཝཱ་ར་དང་། །རྙེད་ན་དོན་ཆེ་ཡིད་བཞིན་ནོར་བུ་འདྲའི། །དལ་འབྱོར་རྟེན་བཟང་ཐོབ་འདི་དོན་མེད་དུ། །མི་གཏང་དོན་གཉིས་ཕུན་ཚོགས་སྒྲུབ་ལ་འབུངས། །ལུས་འདི་རྟག་པ་མ་ཡིན་ཅིས་ཀྱང་འཇིག །ནམ་འཆི་ཆ་མེད་བསམ་ལ་ཚེ་འདི་ཡི། །ཆགས་སྡང་ཞེན་འཁྲིས་སྤངས་ནས་འཆི་ཆོས་ལ། །བརྩོན་འགྲུས་དྲག་པོས་རྩེ་གཅིག་འབད་པར་བྱ། །མི་རྟག་བསྟན་ཚེ་དཀར་ནག་ལས་འབྲས་དག །ལུས་ཀྱི་གྲིབ་མ་བཞིན་དུ་འཆི་རྗེས་འབྲང་། །དེ་ཕྱིར་དགེ་དང་མི་དགེའི་ལས་དབང་གིས། །ཁམས་གསུམ་འཁོར་བ་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་འཁོར་མོས་སྐྱིད་མེད་ཁྱད་པར་དུ། །ངན་འགྲོའི་གཡང་སར་ལྷུང་ན་སྡུག་ཐག་གཅོད། །ཐོག་མེད་དུས་ནས་མནར་ཡུན་དེ་ཙམ་ཡིན། །ད་ནི་སྙིང་ནས་ཐར་པ་འཚོལ་བར་རིགས། །ཉི་ཚེའི་སྐྱབས་ཀྱིས་ཁེ་ཉེན་འཁོར་བར་སྐྱུར། །བསླུ་མེད་གཏན་གྱི་སྐྱབས་གཅིག་གཏེར་བདག་གླིང་། །མཆོག་གསུམ་ཀུན་འདུས་ངོ་བོར་སྐྱབས་སུ་མཆི། །བདག་སོགས་འགྲོ་ཀུན་ཐུགས་རྗེས་བསྐྱབ་ཏུ་གསོལ། །


MLP024_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རབས་དྲིན་གྱིས་བསྐྱངས་པའི་མ་གྱུར་འགྲོ། །འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་དྲངས་ནས། །ཞི་བདེ་ཐར་པའི་ལམ་ལ་དགོད་བྱའི་ཕྱིར། །བླ་མེད་བྱང་ཆུབ་སེམས་མཆོག་བརྟན་པར་ཟུང་། །དངོས་གཞིར་གསུམ་ལས་ལྷ་སྐུ་བསྒོམ་པའི་ཁྲིད། །སྟོང་པའི་ངང་ལས་རང་གནས་ཡུལ་འདི་ཉིད། །གདོད་ནས་རྣམ་པར་དག་པའི་སངས་རྒྱས་ཞིང་། །བདག་ལུས་རྣམ་དག་མི་ཤིགས་རྡོ་རྗེ་ཡི། །རང་བཞིན་སྲུང་བའི་འཁོར་ལོས་བཅིངས་པའི་དབུས། །པད་ཟླའི་གདན་ལ་རང་སེམས་སྐད་ཅིག་གིས། །ཆུ་ལས་ཉ་ལྡང་ཚུལ་དུ་སྤྱན་རས་གཟིགས།། དཀར་གསལ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས། །ཐུགས་ཀར་ཐལ་སྦྱར་གཡས་གཡོན་འོག་མ་གཉིས། །ཤེལ་ཕྲེང་བགྲང་ཞིང་པད་དཀར་སྡོང་བུ་འཛིན། །ཞི་འཛུམ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས། །དར་དང་རིན་ཆེན་རྒྱན་འཆང་སྐྱིལ་ཀྲུང་བཞུགས། །རང་གི་སྤྱི་བོའི་ཐད་ཀའི་ནམ་མཁའ་ལ། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །སྐྱབས་གནས་ཀུན་འདུས་དྲིན་ཅན་ཆོས་ཀྱི་རྗེ། །གཏེར་ཆེན་བླ་མ་འགྱུར་མེད་རྡོ་རྗེ་རྩལ། །གོས་དཀར་ལྕང་ལོའི་ཆ་བྱད་གཟི་མདངས་ཅན། །གང་ཞུ་རྩེ་ཟླུམ་གསོལ་ཞིང་ཕྱག་གཉིས་ཀྱི། །ཐབས་ཤེས་ཟུང་འཇུག་རྡོ་རྗེ་དྲིལ་བུ་བསྣམས། །ཞལ་རྒྱན་དཀར་པོ་ཐུགས་ཀའི་ཐད་ཀར་སླེབས། །འཇའ་ཚོན་འོད་ལྔའི་ཟེར་མདངས་འཁྲུག་པའི་དབུས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །དེ་ལྟར་གསལ་བཏབ་ཐེབས་ཚེ་གསལ་བའི་ངང་། །ཡུད་ཙམ་སེམས་བཟུང་འཕྲོ་བཅད་དེ་མ་ཐག །ཝལ་གྱིས་བསྒོམས་ལ་ཡང་ཡང་བསླབ་པར་བྱ། །ལྷ་སྐུའི་རྣམ་པར་གསལ་བརྟན་ཉམས་ཤར་ཚེ། །བླ་མའི་སྐུ་ལས་འོད་འཕྲོས་རེག་པ་ཡིས། །སྣང་བ་ཐམས་ཅད་བླ་མའི་རོལ་པར་སད། །དེ་ལས་དམིགས་ཡུལ་རྣམ་པ་ལྷར་གསལ་བ། །གཅིག་ལ་ཤེས་པ་དྲག་གཏད་དེ་ལས་གཞན། །ལྷ་སྐུར་ལམ་ལམ་མོས་པ་ཙམ་གྱིས་བསྐྱངས། །ལྷ་སྐུའི་སྣང་བ་ཀུན་ཀྱང་མེ་ལོང་གི །གཟུགས་བརྙན་ཇི་བཞིན་གསལ་སྟོང་ངང་ལ་བཞག །དེ་ལྟར་བརྩོན་པས་བསྒོམས་ལ་གནས་སྐབས་སུ། །གསལ་སྟོང་ཞེན་བྲལ་ཉམས་མྱོང་བཟང་པོ་འཆར། །མཐར་ཐུག་སྣང་སྟོང་ལྷ་སྐུར་གྲོལ་བར་གྱུར། །ཐུན་སྡུད་ཚེ་ན་སྤྱི་བོའི་བླ་མ་ཉིད། །རང་ལ་ཐིམ་པས་


MLP024_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་བླ་མ་དང་། །དབྱེར་མེད་ངང་ལ་དར་ཅིག་མཉམ་པར་བཞག །དེ་ཡི་ལྟ་དགོངས་བྱིན་རླབས་དངོས་སུ་འཇུག །༼འཕོ་བ།༽ཡང་ན་རང་ཉིད་འོད་ལྔའི་གོང་བུ་རུ། །འབར་བ་གྱེན་དུ་འཕངས་ཏེ་བླ་མ་ཡི། །ཐུགས་ཀར་ཐིམ་ཞིང་དེ་ཡང་ཇེ་མཐོར་ཡལ། །སྟོང་ཉིད་ངང་ལ་རྒྱས་ཐེབས་མཉམ་པར་བཞག །དེ་ལྟར་སྐྱོང་བས་རིག་པའི་དབང་ཐོབ་ནས། །ཆོས་སྐུ་རང་མལ་ངང་ལ་གནས་པ་དང་། །འཕོ་བའི་ལམ་འབྱོངས་བར་དོའི་གཡང་ས་ཆོད། །ལུས་རྒྱ་བོར་དང་ལྷན་ཅིག་སེམས་གྲོལ་འགྱུར། །༼སྒྱུ་ལུས།༽དེ་ལས་བླ་མའི་སྐུར་ལངས་ཅིར་སྣང་ཀུན།། བདེན་མེད་བུན་ལོང་སོང་བའི་འཆར་སྒོའི་རྩལ། །མ་འགགས་བསམ་མེད་ངང་ལ་གློད་དེ་བཞག །དེ་ཡིས་སྒྱུ་ལུས་སྣང་བ་འབྱོངས་པར་འགྱུར། །༼རྨི་ལམ།༽ ཉལ་དུས་སྙིང་ནང་འོད་ཀྱི་གོང་བུའི་དཀྱིལ། །བླ་མ་ཤིན་ཏུ་ཆ་ཕྲར་བཞུགས་པ་ལ། །ལུས་ཀྱི་སྟོད་སྨད་འདུས་ནས་སྐྲ་རྩེ་ཡི། །ཚད་ཙམ་བླ་མ་འོད་དང་བཅས་པ་ལ། །སེམས་བཟུང་ཉལ་བས་གཉིད་འཐུག་འོད་གསལ་དུ། །གྲོལ་ནས་རྨི་ལམ་བག་ཆགས་སྦྱོང་བའི་མཆོག །དེ་ནི་སྣང་སྟོང་ལྷ་སྐུར་སྒོམ་པའི་ཁྲིད། །གཉིས་པ་ངག་རླུང་བཟླས་པའི་རྣལ་འབྱོར་ནི། །ལྷ་སྐུའི་དམིགས་པ་སྔར་བཞིན་གསལ་བཏབ་ནས། །རང་ལུས་ལྷར་གསལ་སྐུའི་ནང་སྐྲ་རྩེའི་བར། ཁོག་སྟོང་དྭངས་གསལ་སྒྲིབ་ཐོགས་བྲལ་བའི་དབུས། །རྩ་གསུམ་གསལ་ལས་ཁྱད་པར་དབུ་མ་ནི། །དྭངས་ཤེལ་ཀ་བ་བཙུགས་འདྲར་སེམས་གཏད་དེ། །རླུང་རོ་བསལ་རྗེས་སྣོད་བཅུད་ཡོན་ཏན་ཀུན།། རླུང་དང་ལྷན་ཅིག་རྔུབ་ལ་བུམ་པ་ཅན། །སྦྱོར་བ་བཞི་དགུག་ །དགང་། གཞིལ། གཏོང་། མཆན། ལྡན་རླུང་ལ་སེམས་བཟུང་ཞིང་། །རེས་འགའ་ལྡང་འཇུག་གནས་གསུམ་རང་བཞིན་དང་། །སྦྱར་ནས་འབྲུ་གསུམ་རྡོ་རྗེའི་བཟླས་པ་བྱ། །སྐྱོ་ན་བརྟན་གཡོ་སྣོད་བཅུད་སྒྲར་གྲག་ཀུན། །བུང་བ་ཚང་ཞིག་ལྟ་བུའི་སྔགས་སྒྲར་བསམ། །ༀ་གུ་རུ་ཨ་ཀྵ་ར་བཛྲ་སིདྡྷི་ཨཱཿཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ༑ ཞེས་སྦྲེལ་གྲག་སྟོང་བྲག་ཆའི་སྒྲ་ལྟ་བུར། །བཟླས་པས་གནས་སྐབས་སྒྲ་ཀུན་གྲག་སྟོང་དུ༑ ༑འཆར་བའི་ཉམས་སྐྱེ་མཐར་ཐུག་གསུང་རྡོ་རྗེ། །གྲག་སྟོང་ནཱ་དའི་དབྱངས་སུ་གྲོལ་བར་འགྱུར། །གསུམ་པ་འོད་གསལ་ཐུགས་ཀྱི་རྣལ་འབྱོར་ནི། །ལུས་གནད་ཆོས་བདུན་མིག་


MLP024_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཧད་དེ་བཞག །ངག་རླུང་རང་སོ་སེམས་གནད་ལྷ་སྔགས་ཀྱི། །མཚོན་པའི་འཁོར་ལོས་ཆོས་ཀུན་རང་སེམས་སུ། །ཐག་བཅད་སེམས་ཀྱི་རང་ངོར་ཆེ་རེ་བལྟ། །བལྟས་པས་སྐྱེ་འགག་གནས་གསུམ་དབྱིབས་མདོག་སོགས། །ངོ་བོ་གང་དུ་མ་གྲུབ་རྗེས་མེད་དུ། །ཡལ་བའི་ངང་ལ་ཆེད་འཛིན་མི་བྱ་བར། །གསལ་སྟོང་འཛིན་མེད་ངང་དུ་གློད་ལ་བཞག །དེ་ཡིས་གང་ཤར་རང་གྲོལ་མངོན་གྱུར་ནས། །རྣམ་རྟོག་སྒོམ་གྱི་གྲོགས་སུ་ཤར་ན་ལེགས། །རྟོག་པས་གནོད་ན་གང་ཤར་དེ་ཉིད་ལ། །དགག་སྒྲུབ་མི་བྱ་མ་ཡེངས་གཅེར་གྱིས་ལྟོས། །རྣམ་རྟོག་གཞི་མེད་རྩ་བྲལ་ཀློང་དུ་གྲོལ། །དེ་ཡིས་གནས་སྐབས་རིག་པའི་གཤིས་ལུགས་མཐོང་།། མཐར་ཐུག་རིག་སྟོང་ཆོས་སྐུར་གྲོལ་བར་འགྱུར། །འདིས་མཚོན་དགེ་བས་མཁའ་ཁྱབ་སེམས་ཅན་ཀུན། །ཟབ་ལམ་བླ་མའི་རྣལ་འབྱོར་ལ་བརྟེན་ནས། །རྒྱལ་ཀུན་འདུས་ཞལ་ཁྱབ་བདག་བླ་མ་ཡི། །གོ་འཕང་ཐོབ་ནས་དོན་གཉིས་ལྷུན་གྲུབ་ཤོག །དེ་སྐད་དམར་ཁྲིད་ཟབ་དོན་ཉིང་ཁུ་འདི། །ཉེ་བར་གནས་པ་ཨ་ནནྟ་མ་ཏིའི། །དགེ་སྦྱོར་སྐུལ་མར་དྷརྨ་ཤྲཱིས་བྲིས། །ཚེ་འདི་མི་རྟག་བརྩོན་པས་སྒྲུབས་ཤིག་ཀྱེ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་རྣལ་འབྱོར་རིམ་བཞིའི་ལམ་ཟབ་མོ་ཉམས་སུ་ལེན་པའི་ཁྲིད་ཡིག་མན་ངག་གསལ་སྒྲོན། རྗེ་བཙུན་མི་འགྱུར་དཔལ་སྒྲོན།


MLP024_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་རྣལ་འབྱོར་རིམ་བཞིའི་ལམ་ཟབ་མོ་ཉམས་སུ་ལེན་པའི་ཁྲིད་ཡིག་མན་ངག་གསལ་སྒྲོན་ཞེས་བྱ་བ་བཞུགས་སོ། །རྗེ་བཙུན་མི་འགྱུར་དཔལ་སྒྲོན།


MLP024_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་རྣལ་འབྱོར་རིམ་བཞིའི་ལམ་ཟབ་མོ་ཉམས་སུ་ལེན་པའི་ཁྲིད་ཡིག་མན་ངག་གསལ་སྒྲོན་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། ཟབ་ལམ་བདེ་གཤེགས་ཀུན་འདུས་ལས། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱི་ལམ་རིམ་ཁྲིད་ཡིག་མན་ངག་གསལ་བའི་སྒྲོན་མེ་ཞེས་བྱ་བ། བླ་མ་དང་གར་དབང་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །རིགས་ཀུན་ཁྱབ་བདག་བདེ་ཆེན་ཧེ་རུ་ཀ །སྲིད་ཞིའི་འཆིང་བ་མ་ལུས་གཅོད་མཛད་པ༑ ༑གར་གྱི་དབང་ཕྱུག་གཏེར་ཆེན་བླ་མ་ལ། །བྱང་ཆུབ་བར་དུ་སྙིང་ནས་སྐྱབས་སུ་མཆི། །ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་ཉི་འོད་ཟེར། །འཆར་ལས་པདྨའི་འདབ་སྟོང་རབ་བཞད་པ༑ ༑གང་ཐུགས་འགྱུར་མེད་ཤེས་བྱའི་ཆོས་ཀུན་གཟིགས། །འགྲོ་བ་རྒྱ་མཚོའི་མགོན་ཁྱོད་སྤྱི་བོས་མཆོད། །ཤེས་རབ་སྟོང་པ་བདེ་ཆེན་ཌཱཀི་མ། །གང་གི་རྣལ་འབྱོར་ཟབ་མོའི་རིམ་པ་རྣམས། །གོ་རྟོགས་ཉམས་མྱོང་ཀུན་དང་མི་ལྡན་ཡང། །མོས་པ་ཁོ་ནས་འབྲི་འདོད་གནང་བ་སྩོལ། །སྲིད་པའི་གྲོང་ཁྱེར་ཡ་ངའི་གཡང་ས་ལས། །རྣམ་གྲོལ་སྐུ་བཞིའི་ཐར་པའི་གྲོང་ཁྱེར་དུ༑ ༑བསྐལ་བཟང་མྱུར་བདེར་འཇུག་པ་མན་ངག་གི །ལྷན་སྐྱེས་གསལ་བའི་སྒྲོན་མེ་འདི་ཁོ་ན། །འདིར་མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་ཡང་ཞུན་ནམ་སྙིང་པོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་མྱུར་ལམ། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་རྣལ་འབྱོར་


MLP024_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིའི་ལམ་ཟབ་མོས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་བདེ་མྱུར་གྱི་སྒོ་ནས་ཁྲིད་པར་བྱེད་པ་ལ་དོན་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས་ཏེ༑ ཐུན་ལ་འཇུག་པའི་སྔོན་འགྲོ་དང་། ལམ་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་གཉིས། དང་པོ་ནི། སྤྱི་བོར་བླ་མ་བསྒོམ་སྟེ་འདོད་པའི་དོན་ལ་གསོལ་བ་གདབ་བོ། །གཉིས་པ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས། དང་པོ་ནི། དལ་འབྱོར་རྙེད་དཀའ་བསམ་པ། ཚེ་མི་རྟག་པ། ལས་འབྲས་སྨིན་ཚུལ། འཁོར་བའི་ཉེས་དམིགས་ཏེ། ངེས་འབྱུང་གི་བློ་སྦྱོང་བ་དང་། དེ་དང་རྗེས་འབྲེལ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པའོ།། གཉིས་པ་ནི། འགལ་རྐྱེན་ཞི་བྱེད་རྡོར་སེམས་སྒོམ་བཟླས། ཚོགས་གཉིས་རྫོགས་ཐབས་མཎྜལ། བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་ཏེ་སྔོན་འགྲོའི་ཁྲིད་རིམ་དེ་རྣམས་ཡབ་བཀའི་རྩ་ཁྲིད་བཞིན་དམིགས་རྐང་རེ་རེ་ནས་ཞིབ་མོར་བཤད་ཅིང་། རྒྱུད་ལ་མྱོང་བ་ཅི་རིགས་ཐོན་ཐོན་གྱི་བར་དེ་སྲིད་དུ་བསྒོམ། དེ་ནས་དངོས་གཞིའི་ཁྲིད་ལ་འཇུག་ཅིང་། འདི་ནི་སྔོན་དུ་བློ་འབྱོངས་ཟིན་པའི་དབང་དུ་བྱས་ཏེ། དམིགས་པའི་གསལ་འདེབས་ལ་མདོ་འགག་སྙིང་པོར་དྲིལ་ན། དང་པོ་ཐུན་གྱི་སྔོན་འགྲོ་ནི། བསམ་གཏན་ལ་འཚེར་མི་འབྱུང་བའི་གནས་དབེན་པར་སྟན་བདེ་བར་ལུས་གནད་དྲང་པོར་བསྲང་སྟེ། སེམས་རྣལ་དུ་ཕབ། ངག་གནད་རླུང་རོ་དགུ་ཕྲུགས་སམ་གསུམ་ཕྲུགས་སུ་གསལ་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་བསམ། དེ་ནི་བཅུད་ལུག་པའི་སྔ་ལོགས་སུ་སྣོད་ལ་བཀྲུ་བཤལ་བྱེད་པ་དང་འདྲ་གསུངས། སེམས་གནད་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལམ་ཟབ་མོ་འདི་ཉིད་ཉམས་སུ་བླང་སྙམ་པས། རང་གི་སྤྱི་བོར་པད་ཟླའི་གདན་ལ་རྩ་བའི་བླ་མ་མཚན་དཔེ་གསལ་རྫོགས་སྐྱབས་གནས་ཀུན་འདུས་པའི་ངོ་བོར་བཞུགས་པར་མོས། སྐྱིད་སྡུག་གི་ལེགས་ཉེས་གང་ལ་ཡང་རེ་དོགས་སྤང་བླང་གི་བློ་དང་ཕྲལ་ཏེ་ཅི་མཛད་ཁྱེད་ཤེས་ཀྱི་བློ་གཏད་ལིང་སྐྱུར་གྱི་མོས་གུས་རྩེ་གཅིག་པས། ངག་ཏུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་བྱིན་གྱིས་


MLP024_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རློབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་ཞེ་ཐག་པ་ནས་གསོལ་བ་བཏབ་རྗེས་བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་བསྟིམ་སྟེ་སྤྲོས་བྲལ་བློ་འདས་ཀྱི་ངང་ལ་ཅི་གནས་འཇོག དེ་རྣམས་ཐུན་ཐམས་ཅད་ཀྱི་སྔོན་དུ་འགོ་འཛིན་གྱི་ཚུལ་དུ་གཏོང་བ་ཕྱག་ལེན་ནོ། །གཉིས་པ་ལམ་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ཐུན་མོང་པ་ནི། འདི་ཉིད་ལས། དང་པོར་འཁོར་བའི་ལས་སྣང་ཞེས་སོགས་ཀྱིས་བསྟན་ཏེ། དེའི་རིམ་ཅུང་ཟད་ཅིག་བཤད་ན་དེ་ཡང་རང་ཅག་རྣམས་ཀྱིས་ཡང་ཡང་རྙེད་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པའི་རྟེན་ཕུན་སུམ་ཚོགས་པ་མི་ལུས་རིན་པོ་ཆེ་ད་རེས་ལན་གཅིག་རྙེད་པའི་སྐབས་འདིར་གཏན་བདེའི་མདུན་མ་དམ་པའི་ཆོས་ཤིག་མ་བྱས་ན། ཕྱིས་ནས་འདི་ལྟ་བུའི་ལུས་རྟེན་ཁྱད་པར་ཅན་འདི་ཉིད་རྒྱུ་རྐྱེན་དཔེ་གྲངས་གང་ལ་བསམས་ཀྱང་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པས། ད་རེས་དལ་འབྱོར་ཆུད་ཟོས་དང་སྟོང་ལོག་ཏུ་མ་སོང་བར་སྙིང་པོ་ལོན་པའི་ཆོས་གཤའ་མ་ཞིག་བསྒྲུབ་དགོས་ཏེ། སློབ་དཔོན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དམ་ཝ་ར་འདྲ༔ རྙེད་པ་དོན་ཆེན་ཡིད་བཞིན་ནོར་བུ་འདྲ༔ ད་རེས་ཕུན་ཚོགས་རྐྱེན་ཀུན་འཛོམས་དུས་འདིར༔ བརྩོན་འགྲུས་དྲག་པོས་སྲིད་ལས་བརྒལ་བར་མཛོད༔ ཅེས། རྒྱལ་བའི་སྲས་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ།། སྐྱེས་བུས་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་པ་ག་ལ་འགྱུར། །ཞེས་དང་། འདི་ཉིད་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པ་གཞན་མེད་དོ། །ཞེས་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་གཅིག་ན་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའོ་མི་དབང་གིས། །དམ་ཆོས་སྤྱོད་ལས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་སོ༑ ༑དེ་ཡང་དམ་ཆོས་བསྒྲུབ་པའི་རྟེན་དེ་ཡང་ཇི་ལྟ་བུ་སྙམ་ན། འགྲོ་བ་གཞན་གྱི་རྟེན་ལས་


MLP024_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱུང་སྟེ་ཁམས་དྲུག་ལྡན་གྱི་མི་ལུས་རིན་པོ་ཆེ་འདི་ཉིད་དེ། ཙནྡྲ་གོ་མིས། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་པ། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་སོ། །དེས་ན་གྲུ་ཡོད་དུས་ཆུ་བོའི་ཕ་རོལ་དུ་བརྒལ་དགོས་པ་དང་། དཔའ་བོའི་དཔུང་ཚོགས་ཡོད་དུས་ཕ་རོལ་གྱི་དགྲ་སྡེ་འདུལ་བ་དང་། ཆུ་ལུད་དྲོད་གཤེར་འཛོམས་དུས་ས་བོན་ཅི་ཐེབས་བྱེད་དགོས་པ་དང་ཆོས་མཚུངས་པ་བཞིན། རྟེན་ཡང་དག་པར་ཐོབ་པའི་སྐབས་འདིར། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་དགོས་ཏེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ།། གྲུ་འདི་ཕྱིན་ཆད་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་དང་། སྡིག་པ་ཆེན་པོ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་གྱུར་པ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཞེས་གསུངས་སོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པའི་ཁྲིད་ནི། འོ་ན་དལ་འབྱོར་གྱི་ལུས་རྟེན་འདི་ཉིད་ཐོབ་ཏུ་ཟིན་ནས་མི་འཆི་བར་སྡོད་པ་ཞིག་ཡིན་ན་དེ་ཀ་ཡིན་མོད། དེ་མ་ཡིན་རྟག་པའི་ངེས་པ་ཅུང་ཟད་ཙམ་ཡང་མེད་དེ། སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པའི་ཆོས་ཅན་ཁོ་ན་ཡིན་ཏེ། སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་བྲལ། བསགས་པའི་ཐ་མ་འཛད། མཐོན་པོའི་ཐ་མ་ལྟུང་བའི་ཆོས་ཉིད་དང་། དེར་མ་ཟད་སྐྱེས་ཕན་ཆད་ཚེ་རིང་ཐུང་གི་ཁྱད་པར་ཅུང་ཟད་ལས་མ་ཤི་བར་ཚེ་ཐར་དུ་ལུས་པའི་སེམས་ཅན་ནི་སྔར་ཕྱིས་ད་ལྟར་གང་དུ་ཡང་མ་མཐོང་ཞིང་མ་ཐོས་ཐེ་ཚོམ་ཙམ་ཡང་མེད་དེ། རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་དང་འདྲ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་དང་། སློབ་དཔོན་ཆེན་པོས། ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །མཛའ་བཤེས་གཉེན་འདུན་ཚོང་


MLP024_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མགྲོན་པོ་འདྲ། །འཆི་བདག་བདུད་ནི་དགོང་ཁའི་གྲིབ་སོ་འདྲ། །འཇིག་རྟེན་ཕྱི་མ་སོས་ཀའི་ཉ་བརྡོས་འདྲ། །ཚེ་འདིའི་སྣང་བ་མདང་གི་རྨི་ལམ་འདྲ། །འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་འདྲ། །དོན་མེད་བྱ་བ་ཆུ་ཡི་གཉེར་མ་འདྲ། །ཞེས་དང་། མདོར་ན་སྐྱེས་པའི་ཐ་མ་འཆི་བ་སྟེ༔ འདུས་པའི་ཐ་མ་དེ་བཞིན་འབྲལ་བ་ཡིན༔ བསགས་པ་འཛད་ཅིང་འབྱོར་བ་རྒུད་པའི་རྒྱུ༔ ཞེས་དང་། སློབ་དཔོན་རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱེད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ༑ ༑ཞེས་དང་། གང་དུ་ཕྱིན་ཀྱང་འཆི་བས་མི་འཚུགས་པའི། །ས་ཕྱོགས་དེ་ནི་གང་ན་ཡོད་མ་ཡིན། །ནམ་མཁའ་ལ་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོ་ཀུན་གྱི་ཕུག་ཏུ་ཞུགས་ཀྱང་མེད། །ཅེས་གསུངས་པ་བཞིན། སྤྱིར་སྒྲ་མི་སྙན་པ་མ་གཏོགས་པའི་འགྲོ་བ་གཞན་གྱི་ཚེ་ལ་ཚད་ངེས་པ་མེད་ཅིང་། དེའི་ནང་ནས་ཀྱང་འཛམ་བུ་གླིང་པའི་མི་རྣམས་ཀྱི་ཚེ་ནི་ཤིན་ཏུ་མ་ངེས་པ་ཡིན་ཏེ། དང་པོ་ཚེ་ལོ་དཔག་མེད་ཐུབ་པའང་བྱུང་མོད། མཐར་ལོ་བཅུ་ལ་རིང་མཐའ་བྱེད་དགོས་ཏེ། མཛོད་ལས། འདི་ན་མ་ངེས་མཐའ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་གསུངས་པ་བཞིན། དེའི་ནང་ནས་ཀྱང་རྒན་གཞོན་བར་མའི་གོ་རིམ་ཙམ་ཡང་མ་ངེས་པར་ནམ་འཆི་ཆ་མེད། དེ་ཡང་ཚེ་ལ་བསྣོན་པ་མེད་ཅིང་འགྲིབ་པ་དང་བཅས་པས་མྱུར་དུ་འཛད། འཚོ་བའི་རྐྱེན་ནི་ཉིན་སྐར་ཙམ་ལས་ཉུང་། འཆི་བའི་རྐྱེན་ནི་རླུང་ནང་གི་མར་མེ་ལྟར་བུ་ཡུག་འཚུབས་པ་བཞིན། འཆི་རྐྱེན་འདིས་བྱེད་བྱ་བ་མེད། རེས་འགའ་འཚོ་བའི་རྐྱེན་དག་གིས་ཀྱང་བྱེད་པས། དོ་ནུབ་ཙམ་ཡང་མི་འཆི་བའི་གདེངས་མེད་དོ། །འོ་སྐོལ་རྣམས་ཀྱི་ཚེ་འདིའི་སང་གི་སྣང་བ་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས་སྔོན་ལ་གང་འབྱུང་མི་ཤེས་ཏེ། མི་རྟག་པའི་གཏམ་ལས། ལྟག་ཆུ་ཆད་པའི་རྫིང་བཞིན་དུ། །བསྣོན་མེད་འགྲིབ་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་རྟོན། །ཞེས་དང་། ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་རྣམས་མང་བ་སྟེ། །གསོན་པོ་ཡི་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་དང་། ཀུན་མཁྱེན་ཆོས་


MLP024_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས། ཚེ་འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས།། སྔོན་ལ་གང་འབྱུང་ངེས་པ་མེད་པས་ན། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་དང་། ཞི་བ་ལྷས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་གསུངས་པ་ལྟར། ཕྱི་ནང་སྣོད་བཅུད་ཀྱི་འགྱུར་བ་ཐམས་ཅད་མི་རྟག་པ་ཁོ་ནར་ངེས་ཤེས་བསྐྱེད་ནས། སྐྱོ་ཤས་དྲག་པོས་ཚེ་འདི་སྣང་གི་བྱ་བྱེད་ཐམས་ཅད་ཆུའི་གཉེར་མ་ལྟར་ཟིན་མཐར་མེད་ཅིང་མདོ་དོན་ཆུང་། འཆི་དུས་རྒྱུན་ཆགས་སུ་ཕན་པ་ནི་དམ་པའི་ཆོས་ཁོ་ན་མ་གཏོགས་གང་ཡང་མེད་དེ། ད་ལྟ་ཉིད་ནས་ཕྱི་བཤོལ་དང་ལེ་ལོའི་དབང་དུ་མ་སོང་བར་སྒེག་མོའི་མགོ་ལ་མེ་ཤོར་བའམ། སྡར་མའི་པང་དུ་སྦྲུལ་ཞུགས་པ་ལྟར་འཕྲལ་དུ་སྒྲུབ་པར་གལ་ཆེ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་དང་། དམ་པས། བྲེལ་དོན་ཚར་ནས་ཆོས་ལ་ཕྱིན་ས་མེད། །དྲན་པའི་ཚེ་ན་རྒྱུག་ཅིག་དིང་རི་བ། །ཞེས་དང་། ཡེངས་བའི་བར་ལ་འཆི་བདག་བདུད་ཀྱིས་འཛིན། །ད་ལྟ་ཉིད་དུ་སྒྲུབས་ཤིག་དིང་རི་བ། །ཞེས་གསུངས་སོ། །གསུམ་པ་ལས་འབྲས་སྨིན་ཚུལ་བསམ་པའི་ཁྲིད་ནི། འཆི་བ་རང་བདེན་མོད་ཀུན་གྱི་ལམ་པོ་ཆེ་ཡིན། འོན་ཀྱང་འཆི་བའི་རྗེས་དེ་ཉིད་མེ་ཤི་ཐལ་བ་རླུང་ཁྱེར་ལྟར་སླར་སྐྱེ་བ་ག་ལ་ཡོད་ཆོས་རང་བྱ་མི་དགོས་བསམ་པ་སྙམ་ན། ཤི་ན་སེམས་ན་བུན་ལྟར་ཡལ་ནས་དངོས་མེད་དུ་འགྲོ་ན་དེས་ཆོག་མོད། དེ་ལྟར་མ་ཡིན་ཏེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི༑ ༑བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སོ་སོར་སྨིན། །ཞེས་པས། ས་བོན་མངར་ཁ་ལ་འབྲས་བུ་སོ་སོར་སྨིན་པ་བཞིན་བདེ་སྡུག་སྣ་ཚོགས་ཀྱི་ལས་ཀྱི་རྒྱུ་ནི། དགེ་དང་མི་དགེ་བ་གཉིས་ལས་གཞན་དུ་མེད། ཐར་འདོད་ཀུན་གྱི་བླང་དོར་གྱི་གནད་མཐའ་དག་མ་ནོར་བར་གལ་ཆེ་སྟེ། སློབ་དཔོན་ཆེན་པོས། ཚེ་རབས་མང་པོར་སྡུག་བསྔལ་རྒྱུར་གྱུར་པའི༔ སྡིག་པས་ཚེ་འདིར་བདེ་བས་ཅི་ཞིག་བྱ༔ ཚེ་


MLP024_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ཡུན་ཐུང་ལོ་ཟླ་འགའ་ཞིག་ཡིན༔ འཇིག་རྟེན་ཕྱི་མར་ཚད་བཟུང་མེད་པའི་ཕྱིར༔ སྐྱེས་བུ་གཞན་དུ་སྡུག་བསྔལ་མི་འབྱུང་བའི༔ བདེ་བའི་ཐབས་སུ་དགེ་སྡིག་བླང་དོར་བྱ༔ ཞེས་གསུངས། དེ་ལྟར་སྡིག་པ་བྱས་པ་སྐྱུར་དབང་ནི་མེད། དགེ་བ་རང་གིས་མ་བྱས་པར་ཁྱེར་དབང་ནི་མེད། དེར་མ་ཟད་ཚེ་འདིར་བསགས་པའི་ནོར་རྫས། མཛའ་བའི་གཉེན་བཤེས། བརྩིགས་པའི་ཁང་ཁྱིམ་སོགས་མངའ་ཐང་ལོངས་སྤྱོད་ཐམས་ཅད་བྱེ་བྲལ་བྱེད་དགོས་པར་མ་ཟད། ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་བཞག་སྟེ་རྒྱུས་མེད་གཅིག་པུར་འགྲོ་དགོས། དེ་སྐབས་རྗེས་སུ་འགྲོ་བ་ནི་ལས་ཁོ་ན་ལུས་དང་གྲིབ་མ་བཞིན་དུ་རྗེས་སུ་འབྲང་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་དང་། ཞི་བ་ལྷས། གཤིན་རྗེའི་སྐྱེས་བུས་ཟིན་པ་ལ།། གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་གསུངས་པ་ལྟར། དེས་ན་དགེ་མི་དགེའི་ལས་ལ་རྣམ་གྲངས་མང་ཡང་། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་བཤད་དོ། །ཞེས་གསུངས་པ་བཞིན། ལུས་ཀྱི་ལས་གསུམ། ངག་གི་ལས་བཞི། ཡིད་ཀྱི་ལས་གསུམ་དུ་འདུས། དེ་ལྟར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བའི་ལས་ལམ་མཐའ་དག་ཕྲ་ཞིང་ཕྲ་བ་ནས་ཁྱད་དུ་མ་བསད་པ་འཆི་གསོས་ཀྱི་སྨན་བཞིན་དུ་རྒྱུད་ལ་བསྟེན་དགོས་ཏེ། དགེ་བའི་ལམ་ཆུང་ངུ་བསགས་པས་ཀྱང་ནམ་ཞིག་ཆེན་པོར་འགྱུར་ཏེ། སྡུད་པ་ལས། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་རྒྱུ་ཡིན་ཏེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་སོ། །དེ་བཞིན་དུ་མི་དགེ་བའི་ལས་ཀྱང་ཆེ་འབྲིང་ཆུང་གསུམ་ཐམས་ཅད་དུག་དང་འདྲེས་པའི་ཁ་ཟས་བཞིན་བག་ཡོད་དང་ལྡན་པས་ཡང་དག་པ་སྤང་དགོས་ཏེ། སྡིག་པ་ཆུང་ངུས་ཀྱང་འགྱུར་སྟོབས་ཀྱི་སྡུག་བསྔལ་ཆེན་པོ་བསྐྱེད། དཔེ་རྩྭ་ཕུང་རི་བོ་ཙམ་ཡང་མེ་སྟག་ཕྲ་མོའི་


MLP024_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དང་ཕྲད་ན་འཇོམས་པའི་ཕྱིར་རོ། །ཞི་བ་ལྷས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་དང་། མདོ་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །ཞེས་དང་། སློབ་དཔོན་ཆེན་པོས། ལས་ནི་ཆུང་ཡང་འབྲས་བུ་རྒྱ་ཆེ་སྟེ། །དགེ་སྡིག་ཆེན་པོ་བསགས་ལ་སྨོས་ཅི་དགོས། །ཞེས་དང་། དམ་པས། ཉོན་མོངས་སྐྱེས་ཚེ་གཉེན་པོས་མ་སླེབས་ན། །ཆོས་ཀྱི་དགོས་པ་སྟོར་རོ་དིང་རི་བ། །ཞེས་གསུངས་སོ། །ལས་འབྲས་ལ་སྤང་བླང་གོ་མ་འཛོལ་བའི་སྒོ་ནས་ཟག་བཅས་ཀྱི་དགེ་བས་ཀྱང་གནས་སྐབས་ཀྱི་བདེ་འབྲས་བསྐྱེད་པ་ཙམ་ལས་མཐར་ཐུག་འབྲས་བུ་འཛད་འགྲོ་བས་དགེ་བའི་ལས་ཐམས་ཅད་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་དང་། མི་དགེ་བའི་ལས་ལ་ཅུང་ཟད་གནོངས་འགྱོད་དྲག་པོས་བཤགས་བསྡོམ་འཕྲལ་དུ་བགྱིས་ནས། མཐར་གཉིས་ཀ་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཆེན་པོའི་རྩིས་ཀྱིས་ཟིན་པ་གལ་ཆེ་སྟེ། བཞི་བརྒྱ་པ་ལས། བསམ་པ་བྱང་ཆུབ་སེམས་པ་ལ། །དགེའམ་གལ་ཏེ་མི་དགེ་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དེ་དབང་འགྱུར་ཕྱིར། །ཞེས་དང་། སྤྱོད་འཇུག་ལས། དེང་ནས་བརྩམས་ཏེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་དང་། སྡུད་པ་ལས། ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། ཞེས་གསུངས་པ་བཞིན། རྣམ་དཀར་དགེ་བའི་ལས་ལམ་ཁོ་ན་སྒྲུབ་པ་ལ་སྐྱོ་དུབ་མེད་པ་ཁྱིམ་བདག་སོ་ནམ་བྱེད་པ་ལྟ་བུ་དང་། རླབས་པོ་ཆེའི་དགེ་བ་སྒྲུབ་པ་ལ་མི་ཞུམ་པ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུ་དང་། བར་མཚམས་མེད་པ་མགལ་མེའི་འཁོར་ལོ་བསྐོར་བ་ལྟར་ཉིན་མཚན་གཉིས་ཀ་དམ་པའི་ཆོས་སྒྲུབ་པ་ལ་སྐད་ཅིག་ཙམ་ཡང་མི་དལ་བར་བསླབ་པའོ། །བཞི་པ་འཁོར་བའི་ཉེས་དམིགས་བསམ་པའི་ཁྲིད་ནི། འོ་ན་མི་དགེ་བའི་ལས་ཀྱིས་


MLP024_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་གསུམ་དུ་སྐྱེས་ནའང་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན། བློ་རྒོད་དེ་འདྲ་མ་བསམ་པ་ཡིན། བསམ་ན་དེ་རྣམས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བ་ལྟ་ཅི་སྨོས། དེ་རྣམས་ཀྱི་གཟུགས་བརྙན་རི་མོར་བྲིས་པ་མཐོང་བའམ་ཐོས་སམ། དྲན་ཡང་རུང་སྟེ་སྡུག་བསྔལ་བསམ་ན་སྙིང་རླུང་ལྡང་བ་ཙམ་དུ་བཟོད་ཐབས་མེད་དོ། །བཤེས་སྤྲིངས་ལས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་གསུངས་པ་བཞིན། སྤྱི་མཐུན་ཙམ་དུ་དམྱལ་བ་ལ་དུས་རྟག་ཏུ་ཚ་གྲང་གི་སྡུག་བསྔལ། དུད་འགྲོ་ལ་གླེན་ལྐུགས་དང་སྲོག་གཅོད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད། བདེ་འགྲོའི་གནས་ནའང་སྡུག་བསྔལ་མེད་པ་མ་ཡིན་ཏེ། སྤྱིར་མི་རྣམས་ལ་སྐྱེ་བ། རྒས་པ། ན་བ། འཆི་བའི་སྡུག་བསྔལ། དེ་བཞིན་དུ་ལྷ་མ་ཡིན་ན་འཐབ་རྩོད་ཀྱིས་རྟག་ཏུ་མནར་ཞིང་། ལྷ་རྣམས་འདོད་ཡོན་ལ་སྤྱད་ཀྱིན་ལན་ཚྭས་ཆུ་འཐུང་བ་བཞིན་ཚིམ་པ་མེད་ཅིང་མཐར་ཡང་ལོ་བདུན་གྱི་བར་དུ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ། ཁམས་གོང་མ་གཉིས་ནའང་རེ་ཞིག་སྡུག་བསྔལ་མངོན་འགྱུར་བ་མེད་ཀྱང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནར་ངེས་པས། འཇིག་རྟེན་དང་བསམ་གཟུགས་ཀྱི་ཏིང་ངེ་འཛིན་གནས་སྐབས་བདེ་བདེ་ལྟར་སྣང་ཡང་། ལས་ཀྱི་འཕེན་ཤུགས་ཟད་ནས་སླར་ཡང་ངན་སོང་གསུམ་སོགས་སུ་ལྟུང་བ་ལས་མ་འདས་སྟེ། བཤེས་སྤྲིང་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་ཡང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་ཀྱང་། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡིས། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ༑ ༑ཞེས་དང་། འདི་ཉིད་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །སླར་ཡང་ལས་ཀྱི་དབང་གིས་ས་སྟེང་ལྷུང་། །འཁོར་ལོས་ བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །


MLP024_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། རྒྱུད་བླ་མ་ལས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡིས་སྡུག་བསྔལ་རྟག་ཏུ་མི་ཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་དང་། རྒྱ་ཆེ་རོལ་པ་ལས། དེ་སྲིད་མ་རིག་དབང་གིས་འགྲོ་བ་རྣམས། །མི་དང་ལྷ་དང་འགྲོ་བ་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་བསྐོར་བ་བཞིན། །ཞེས་དང་། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེད་རབ་འབར་མགོན་མེད་དེ། །སྲིད་ལས་འབྱུང་ཞིང་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་ཇི་བཞིན་ནོ། །ཞེས་གསུངས་སོ༑ ༑དེས་ན་ཁམས་གསུམ་འཁོར་བའི་གནས་འདི་མཐོ་དམན་གང་དུ་སྐྱེས་ཀྱང་ཟུག་ཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མི་འདུག་པས་ནག་ཅན་བཙོན་དོང་ནས་བྲོས་པ་ལྟར་ད་རེས་འདི་ནས་ངེས་པར་ཐར་པ་ཞིག་བྱ་སྙམ་དུ་འཁོར་བ་ལ་ཞེ་ཐག་པ་ཉིད་ནས་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་བསྐྱེད་དགོས་ཏེ། སློབ་དཔོན་ཆེན་པོས། འཇིག་རྟེན་བྱ་བར་བརྩོན་ཀྱང་ཟིན་མཐའ་མེད༔ ཆོས་ལ་འབད་ན་ལས་ཐབས་མྱུར་དུ་ཟིན༔ འཁོར་བའི་བྱ་བ་ལེགས་ཀྱང་མཐའ་མར་ཕུང༔ དམ་ཆོས་སྤྱད་པའི་འབྲས་བུ་ཉམས་མི་སྲིད༔ ལས་ཉོན་བག་ཆགས་ཐོག་མ་མེད་དུས་ནས༔ གོམས་ཤིང་རྒྱུད་ལ་བར་མེད་གསོག་པ་སྟེ༔ དེ་ཡི་དབང་གིས་འཁྲུལ་སྣང་འཁོར་བར་འཁྱམས༔ འདི་ཙམ་དུས་ན་ཐར་ཞེས་ཚད་བཟུང་མེད༔ འཆི་བའི་ཚེ་ན་དྲན་ཡང་རབ་ཏུ་ཕྱིས༔ མགོ་བོ་ཆད་ལ་སྨན་གྱི་ཕན་མེད་བཞིན༔ དེ་ཕྱིར་འཁོར་བའི་སྡུག་བསྔལ་ཡོངས་ཤེས་ན༔ ཞི་བའི་ལམ་ལ་ཡང་དག་འཛེགས་པའི་ཕྱིར༔ བྱམས་དང་སྙིང་རྗེས་འགྲོ་ཀུན་རྗེས་སྐྱོང་བཞིན༔ སྟོང་ཉིད་སྙིང་རྗེས་ཟུང་འཇུག་སྒོམ་པར་མཛོད༔ ཅེས་དང་། གྲུབ་ཆེན་མེ་ལོང་རྡོ་རྗེའི་ཞལ་ནས། འཁོར་བའི་སྡུག་བསྔལ་བསམ་མཛོད་ལ། །འབུང་གསུམ་དམ་པའི་ཆོས་ལ་ཐོན། །མི་ལུས་དོན་ལྡན་ཡོང་དེ་མཆི། །ཞེས་གསུངས་པ་རྣམས་ལ་ངེས་ཤེས་བསྐྱེད་ནས་ཚེ་འདི་སྣང་གི་བྱ་བ་བཏང་སྟེ་དལ་འབྱོར་ལ་སྙིང་པོ་ལོན་པའི་ཆོས་ལ་སྙིང་པོར་དྲིལ་ཏེ་འབད་པ་གལ་ཆེའོ། །


MLP024_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ཐེག་པ་སྤྱིའི་རྨངས་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་ནི། གནད་ཐེམས་ལས། སྡུག་བསྔལ་དེ་ལས་མཁའ་མཉམ་འགྲོ༔ ཞེས་སོགས་ཏེ། ཚེ་རབས་ཐོག་མ་མེད་པ་ནས་མ་རིག་པའི་མུན་པ་ཐིབས་པོས་ནོན་ཏེ། ལས་ཉོན་བག་ཆགས་ཀྱི་དབང་གིས་འཇིགས་རུང་འཁོར་བའི་བཙོན་དོང་སྡུག་བསྔལ་གྱི་རྒྱ་མཚོ་མེའི་འོབས་དང་འདྲ་བ་འདི་ལས་བསྐྱབ་ནུས་པ་ནི། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མེད། འཇིག་རྟེན་གྱི་ལྷ་དང་རྒྱལ་པོ་སོགས་ཀྱིས་ཀྱང་གནས་སྐབས་ཀྱི་ཉི་ཚེའི་བདེ་བ་ཙམ་ལས་འཁོར་བ་ལས་སྐྱོབ་པའི་མཐུ་མེད་དེ། རང་ཉིད་ཀྱང་འཁོར་བ་ན་གནས་པའི་ཕྱིར་ཏེ། དཔེ་ནག་ཅན་བཙོན་དོང་ནས་གནས་པ་གཅིག་གིས་གཅིག་སྐྱོབ་མི་ནུས་པ་བཞིན་ནོ། །དེས་ན་བསླུ་བ་མེད་པའི་སྐྱབས་ཀྱི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁོ་ནར་ངེས་ཏེ། སློབ་དཔོན་ཆེན་པོས། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ༔ སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད༔ ཅེས་དང་། གྲུབ་ཆེན་མེ་ལོང་གིས། འགྲན་ཟླ་མེད་པའི་དཀོན་མཆོག་ལ། །གློ་སྙིང་བྲང་གསུམ་རྒྱུན་དུ་འཁོལ། །བསླུ་མེད་ཅི་བསམ་འགྲུབ་ནས་མཆི། །ཞེས་གསུངས་པས། དཔེར་ན་སངས་རྒྱས་ལ་སྐྱབས། ཆོས་ལ་ལམ། དགེ་འདུན་ལ་གྲོགས་ཞུ་སྙམ་ནས་ཞེ་ཐག་པ་ནས་བསམ་ལ། དབེན་པའི་གནས་སུ་སྟན་བདེ་བ་ལ་ལུས་གནད་བདེ་ལུགས་སུ་བསྲང་།སེམས་རྣལ་དུ་ཕབས་ཏེ། རང་གནས་ཀྱི་ས་ཕྱོགས་འདི་ཉིད་རིན་པོ་ཆེའི་རང་བཞིན་ཅན་གྱི་མིག་མངས་རིས་སུ་བྲིས་པའི་མཐའ་བསྐོར་བ་རྒྱ་ཁྱོན་ཚད་མེད་པའི་ཞིང་ཁམས་རྣམ་པར་དག་པའི་དབུས་སུ། དཔག་བསམ་གྱི་སྡོང་པོ་ཡལ་ག་དང་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་རབ་ཏུ་རྒྱས་པས་རང་གི་མདུན་གྱི་ནམ་མཁའ་ཁྱབ་པ་དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་ཀྱི་སྙིང་པོ་ལ་སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་མཐོ་ཞིང་ཡངས་པའི་དབུས་སུ་རྩ་བའི་བླ་མ་མཚན་རྫོགས་རྡོ་རྗེ་འཆང་དམར་པོའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསམ། ཕྱོགས་བཞིར་གྱེས་པའི་ཡལ་


MLP024_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ག་བཞི་ལ་སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་གདན་རེ་གསལ་བའི་མདུན་གྱི་གདན་ལ་ཁྱད་པར་གྱི་སངས་རྒྱས་དཀོན་མཆོག་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། གཡས་ཀྱི་གདན་ལ་ཐུན་མོང་གི་སངས་རྒྱས་དཀོན་མཆོག་སྟོན་པ་ཐུབ་པའི་དབང་པོ་སོགས་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུ་རྣམས། རྒྱབ་ཀྱི་གདན་ལ་ཆོས་དཀོན་མཆོག་རྣམས་གླེགས་བམ་བརྩེགས་པའི་ཚུལ་ཅན། གཡོན་གྱི་གདན་ལ་ཐུན་མོང་གི་དགེ་འདུན་དཀོན་མཆོག་བྱང་ཆུབ་སེམས་དཔའ་དང་། ཉན་རང་འཕགས་པ་རྣམས་དེ་ཐམས་ཅད་ཀྱི་མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་དཀོན་མཆོག་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་རང་སྐྱོབ་པའི་ཚུལ་དུ་བཞུགས་པར་བསམ་ལ། རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་དགྲ་གཉེན་དང་ཕྱོགས་རིས་མེད་པ་ཐམས་ཅད་ས་ཆེན་པོའི་དྲེག་པ་ལྟར་འཁོད་དེ། ཐམས་ཅད་ལུས་གུས་པའི་སྒོ་ནས་ཐལ་སྦྱར། ངག་གུས་པའི་སྒོ་ནས་སྐྱབས་འགྲོའི་ཚིག་འུར་དིར་དིར་འདོན། ཡིད་གུས་པའི་སྒོ་ནས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དེ་སྲིད་དུ་རེ་ས་ལྟོས་ས་སྐྱབས་གནས་དམ་པ་ཁྱེད་རྣམས་མ་གཏོགས་མེད་པས་བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་ལིང་སྐྱུར་གྱི་སྙིང་ཁོང་རུས་པའི་གཏིང་ནས་གདུང་ཤུགས་དྲག་པོས་སྐྱབས་འགྲོ་བྱེད་པར་མོས་ཤིང་། ཁྱད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་འཇིགས་རུང་འཁོར་བའི་སྡུག་བསྔལ་འདི་ལས་སྐྱོབ་ཏུ་གསོལ་སྙམ་པས། ངག་ཏུ། ན་མོཿ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ བླ་མ་སངས་རྒྱས་དམ་པའི་ཆོས༔ ཚོགས་མཆོག་བདེ་གཤེགས་དཀྱིལ་འཁོར་ལྷ༔ མཁའ་འགྲོ་བཅས་ལ་སྐྱབས་སུ་མཆི༔ ཞེས་བརྒྱ་སྟོང་ལ་སོགས་པ་བློ་དང་ཅི་འདྲེས་སུ་འབད་ནས་ཐུན་བསྡུ་བ་ན། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་རེག་པས་སྡིག་སྒྲིབ་ཐམས་ཅད་སྦྱང་། དེ་ཐམས་ཅད་བྱ་བརྒྱ་འུར་རྡོ་གཅིག་གིས་བདས་པ་བཞིན། འོད་ཟེར་དང་འགྲོགས་ཏེ་དག་པའི་ཞིང་ཁམས་དེ་རྣམས་སུ་སོང་། སྐྱབས་ཡུལ་རྣམས་རིམ་བཞིན་འོད་དུ་ཞུ་ནས་རང་ལ་བསྟིམ་སྟེ་མི་དམིགས་


MLP024_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལ་མཉམ་པར་བཞག་ཅིང་། མཐར་དགེ་བ་འདི་ཡི་སྐྱེ་བོ་ཀུན༔ ཞེས་སོགས་ཀྱི་བསྔོ་བ་བྱ། ཉལ་བའི་ཚེ་དམིགས་རྟེན་མ་བསྡུས་པར་དེ་ཉིད་ལ་མགོ་བོ་ཕྱོགས་པས་ཉལ་ལ་མོས་གུས་དུང་ངེ་བའི་ངང་ལ་གཉིད་དུ་འགྲོ་བར་བྱ། གཞན་ཡང་སྐྱབས་འགྲོའི་གོ་དོན་དང་ཕན་ཡོན་བསླབ་བྱ་སོགས་ཀྱང་སྤྲོ་ན་ཇི་ལྟར་རིགས་པར་བཤད་དོ། །དྲུག་པ་ཐེག་ཆེན་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་ནི། གནད་ཐེམས་ལས། སྐྱབས་སོང་དམན་པའི་ལམ་ཉིད་ལས༔ ཞེས་སོགས་ཏེ། དེ་ཡང་ཕྱོགས་བཅུ་གང་ནས་གཞལ་ཡང་ནམ་མཁའ་ལ་མཐའ་མེད་པ་ལྟར། འཇིག་རྟེན་གྱི་ཁམས་ལའང་མཐའ་མེད་དེ་ཐམས་ཅད་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་དག་ཐམས་ཅད་ཀྱིས་རང་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད་དེ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ནས་ཕན་བདེ་ཚད་མེད་པ་བསྒྲུབས། གནོད་པ་ཚད་མེད་པ་ལས་སྐྱོབ་པའི་དྲིན་ཅན་ཤ་སྟག་ཡིན། འདི་ཐམས་ཅད་ཀྱང་འདོད་པ་བདེ་བ་འདོད་ཀྱང་རྨོངས་ཤིང་ཐབས་ལ་མི་མཁས་པར་སྒྲུབ་པ་སྡུག་བསྔལ་ཁོ་ནའི་རྒྱུ་སྒྲུབ། ལག་ལེན་དང་ཞེ་འདོད་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུའི་འདི་རྣམས་སྙིང་རེ་རྗེ་སྙམ་དུ་རྐང་དང་སྙིང་གས་གས་ཙམ་དུ་སྙིང་རྗེ་བསྐལ་ཆེན་གྱི་མེར་འབར་བ་ལྟར་བསྐྱེད། འོ་ན་སྙིང་རྗེ་ཟེར་ནས་བཞག་པས་ཅི་ལ་ཕན། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ཏེ། ཐར་པའི་མཆོག་བླ་ན་མེད་པ་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་འགྲོ་ཀུན་སྒྲོལ་ནུས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཚེ་འདི་ཉིད་ལ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་བླངས་སྙམ་པའི་འདུན་པ་སྐམ་སྐམ་པ་བསྐྱེད་ནས། ངག་ཏུ། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་པའི་བར་བརྒྱ་སྟོང་ལ་སོགས་པ་སྙིང་ཐག་པ་ནས་སེམས་རྒྱུད་དང་ཅི་འདྲེས་སུ་གཏོང་། གཞན་ཡང་དབུགས་འབྱིན་འཇུག་དང་སྦྱར་ནས། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་དགེ་བ་དང་


MLP024_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཐམས་ཅད་སེམས་ཅན་རྣམས་ཀྱིས་ཐོབ་ནས་རྒྱུད་ལ་སྨིན་པར་གྱུར་ཅིག་བསམ་ནས་བདེ་སྡུག་གི་གཏོང་ལེན་ཅི་ནུས་སུ་བྱས་མཐར། སེམས་བསྐྱེད་པའི་ཡུལ་སེམས་ཅན། སྐྱེད་པ་པོ་གང་ཟག་རང་ཉིད། སྐྱེད་བྱེད་ཀྱི་ཀུན་སློང་གསུམ་ཀ་མི་དམིགས་པ་འཁོར་གསུམ་རྣམ་པར་མི་རྟོག་པའི་ངང་ལ་ཅི་གནས་སུ་འཇོག་ཅིང་། རྗེས་སུ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ༑ ༑མ་སྐྱེས་པ་རྣམས་སོགས་ཀྱིས་བསྔོ་སྨོན་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གསུམ་སྟེ། སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། ཚོགས་གཉིས་རྫོགས་པར་བྱེད་པ་མནྜལ། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་རོ། །དང་པོ་སྡིག་སྒྲིབ་སྦྱོང་བར་རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ནི། གནད་ཐེམས་ལས། སྡིག་སྦྱང་ཕྱིར་དུ་ལྷག་པའི་ལྷ༔ རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱ༔ ཞེས་སོགས་ཏེ། དེ་ཡང་ཟབ་མོ་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བའི་བགེགས་དང་བར་གཅོད་ནི་སྡིག་སྒྲིབ་ཡིན་པས་དེ་སྦྱོང་དགོས། དེ་སྦྱོང་བའི་མཆོག་ནི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཉིད་གཙོ་བོར་གསུངས་པས། དེ་ཡང་བྱང་ཆུབ་ཀྱི་སེམས་སྔར་བཞིན་དྲན་འདུན་གྱི་ངང་ནས། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་ཧཱུཾ་ཡིག་དཀར་པོ་གསལ་འཚེར་འོད་ཟེར་འཕྲོ་བ་ལས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་ཤིང་འཚེར་བ། ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ངང་ཚུལ་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་རྡོ་རྗེ་སྙེ་མ་དཀར་མོ་གྲི་ཐོད་འཛིན་པ་དང་སྙོམས་པར་འཇུག་པ། གཉིས་ཀའང་མཚན་དང་དཔེ་བྱད་ཐམས་ཅད་རྫོགས་ཤིང་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའི་ཡབ་ཀྱི་ཐུགས་ཀར་ཟླ་བའི་གདན་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་ཡིག་དཀར་པོ་རྟག་ཏུ་འཆར་ཞིང་གསལ་བའི་མཐའ་སྐོར་དུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་དངུལ་ཆུའི་མདོག་ལྟ་བུས་གཡས་སུ་བསྐོར་བར་བསམ་ལ། དེ་བླ་མ་རྡོ་རྗེ་སེམས་དཔའ་


MLP024_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་སྐྱབས་ཡུལ་དུ་བཟུང་བ་རྟེན་གྱི་སྟོབས་དང་། སྔར་བྱས་ཀྱི་སྡིག་ལྟུང་མི་དགེ་བའི་ལས་ཐམས་ཅད་ཁོང་པར་སོང་བའི་དུག་བཞིན་གནོངས་འགྱོད་བྱེད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་འཆི་བ་སྲོག་ལ་བབས་ཀྱང་མི་དགེ་བ་མི་བགྱིད་སྙམ་པའི་སྡོམ་སེམས་བྱེད་པ་ཉེས་པ་ལས་ལྡོག་པའི་སྟོབས། སྔར་བྱས་ཀྱི་ཉེས་ལྟུང་གི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱེད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་ལྟར་སྟོབས་བཞི་ཚང་བའི་སྒོ་ནས་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའི་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བལྟས་ལ། མོས་གུས་ཚད་མེད་པས་མཆི་མ་འཁྲུག་པ་ཙམ་དུ་བསྐྱེད་ནས་ཐུགས་ཀའི་ས་བོན་དང་སྔགས་འཕྲེང་ལ་དམིགས་པ་གཏད་དེ། བླ་མ་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པའི་ངང་ནས་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ། ༀ་བཛྲ་སཏྭ་ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲིར་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་བཟླས་ཐུགས་ཀའི་ཧཱུཾ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཡེ་ཤེས་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་སྐྱ་ཆིལ་ཆིལ་བབས་པ་སྐུའི་དབྱིབས་བརྒྱུད་སྦྱོར་མཚམས་སམ། མཐེབ་སོར་གྱི་རྩེ་ལས་བྱུང་བར་རང་གི་ཚངས་བུག་ནས་ཞུགས་པས་ཕུ་ཆུ་དྲག་པོས་སོལ་བ་བདས་པ་བཞིན་ནད་གདོན་སྡིག་སྡུག་ཐམས་ཅད་རྣག་ཁྲག་དང་། སྲོག་ཆགས་ཕྲ་མོ་དང་། དུད་ཁུ་ལ་སོགས་པའི་རྣམ་པར་དབང་པོའི་སྒོ་དང་། ཁྱད་པར་གཤང་ལམ་ཆུ་ལམ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཉིལ་ཉིལ་ཕྱིར་འཐོན་པར་བསམ་ལ། སྔགས་བརྒྱ་སྟོང་ལ་སོགས་པ་ཅི་ནུས་བཟླས་པས། རང་ལུས་ཤེལ་སྒོང་འཕྱིས་པ་ལྟར་སྐྱ་སང་སང་སོང་བ་འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་དོན་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་


MLP024_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་སྦྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རང་ལུས་དྲི་མ་མེད་པའི་ཤེལ་སྒོང་ལྟར་གྱུར་པའི་ཆ་ཐམས་ཅད་དུ་བདུད་རྩི་དེས་སྐྱ་མེར་གྱིས་ཁེངས། ལུས་སེམས་ལ་ཟག་མེད་ཀྱི་བདེ་བས་ཁྱབ་པ་ལ་རྡོ་རྗེ་སེམས་དཔའི་ཐུགས་དགྱེས་པ་ཆེན་པོས་ཞལ་འཛུམ་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་སྦྱིན་ནས་ཡབ་ཡུམ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་བསྟིམ་སྟེ༑ འཁོར་གསུམ་ཡོངས་དག་བརྗོད་བྲལ་བདེ་བ་ཆེན་པོའི་ངང་ལ་ལྷོད་ཀྱིས་གློད་ལ་ཅི་གནས་མཉམ་པར་བཞག་ཅིང་། དེ་ལས་དྲི་མ་སྦྱང་པའི་གཞི། སྦྱང་བྱའི་དྲི་མ། སྦྱོང་བྱེད་ཀྱི་ཐབས་ལམ་ཉིད་ཀྱང་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཆེན་པོས་རྒྱས་བཏབ་སྟེ་རྩིས་ཟིན་པ་ནི་སྡིག་སྦྱོང་གི་མཆོག་ཡིན་ནོ། །མཐར་དགེ་བ་འདི་ཡིས་མྱུར་དུ་བདག ། རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས་སོགས་དགེ་བ་བསྔོ། འདི་ཉིད་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་གི་བར་སེམས་རྩེ་གཅིག་ཏུ་ནན་གྱིས་བཟླ་དགོས་ཏེ། སློབ་དཔོན་ཆེན་པོས། གཞན་དུ་ཡེངས་པར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་གསུངས་པས་དམིགས་པ་བཅུན་ལ་མ་ཡེངས་པ་གལ་ཆེའོ། །སྐབས་འདི་དག་ཏུ་སྤྲོ་ན། སྡིག་སྒྲིབ་དག་པའི་རྟགས་དང་ཕན་ཡོན་ཉེས་དམིགས་སྟོབས་བཞིའི་གོ་དོན་སོགས་ཀྱང་བཤད་པར་བྱའོ། །གཉིས་པ་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ནི། གནད་ཐེམས་ལས། ཚོགས་ཞིང་སྐྱབས་ཡུལ་བཞིན་དུ་བསྒོམ༔ དངོས་སུ་འབྱོར་དང་ཞེས་སོགས་ཏེ། དེ་ཡང་ལམ་ཟབ་མོའི་ལམ་གྱི་མཐུན་རྐྱེན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སྟོབས་སུ་བྱ་བའི་ཐབས་མཆོག་རྨད་དུ་བྱུང་བ་ནི་མཎྜལ་ཉིད་དུ་བསགས་པས། མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་ཆོས་དང་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་རྣམས་སྐྱབས་ཡུལ་གྱི་སྐབས་ལྟར་གསལ་ཏེ་ཚོགས་ཞིང་ཁྱད་པར་ཅན་དེ་རྣམས་ཀྱི་སྤྱན་ལམ་དུ། ལུས་ཀྱི་ལས་སུ་རིན་པོ་ཆེ་ལ་སོགས་པའི་མཎྜལ་ལེགས་པར་འཕྱིས་ལ། དྲི་བཟང་དང་བ་བྱུང་གིས་ཆུས་


MLP024_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས། མེ་ཏོག་ཚོམ་བུ་སོ་བདུན་ནམ། བདུན་ལ་སོགས་པ་བཀོད་ཅིང་ཁ་གསོ། ཡིད་ཀྱི་ལས་སུ་དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་གསེར་རི་དང་རོལ་མཚོ་བདུན་ལྕགས་རི་མུ་ཁྱུད། སྟེང་དུ་ཉི་ཟླ་གཟའ་སྐར་སོགས་སྲིད་རྩེ་མན་ཆད་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་འདི་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་ཡོངས་སུ་གང་བར་དམིགས་ཏེ་འབུལ་བ་ཕྱིའི་མཎྜལ། རང་གིས་ཡོངས་སུ་བཟུང་བའི་བུ་དང་ཆུང་མ་འཁོར་དང་ལོངས་སྤྱོད་སོགས་གཅེས་དགུ་མ་ལུས་པ་གཅིག་ཏུ་བསྡུས་ནས་ལྟོས་མེད་དུ་འབུལ་བ་ནང་གི་མཎྜལ། རང་གི་ལུས་འདི་ཉིད་ཡིད་བཞིན་ནོར་བུ་ལྟ་བུ་དགོས་འདོད་མ་ལུས་པ་འབྱུང་བའི་གནས་གཅིག་པུར་གྱུར་པར་དམིགས་ཏེ་ཞེན་འཛིན་མེད་པར་འབུལ་བ་ནི་གསང་བའི་མཎྜལ་ཏེ། དེ་ཐམས་ཅད་ཕྲུགས་གཅིག་ཏུ་འཁོར་གསུམ་ཡོངས་དག་བདེ་བ་ཆེན་པོའི་ངང་ལས་མི་འདའ་བའི་ཤེས་རབ་ཀྱིས་ཟིན་པར་བྱས་ལ། ངག་ཏུ། ཆོས་དབྱིངས་རང་བྱུང་རིག་པའི་རྩལ༔ ཕྱི་ནང་སྣོད་བཅུད་སྣང་སྲིད་ཆོས༔ ཁྱབ་བརྡལ་ཞིང་ཁམས་མཆོད་སྤྲིན་བཅས༔ འཁོར་གསུམ་ཡོང་དག་ཉིད་དུ་འབུལ༔ སརྦ་པུ་ཛ་ར་མ་དྷ་ལ་ཧཱུཾ༔ ཞེས་བརྒྱ་སྟོང་ལ་སོགས་པ་ཅི་ནུས་སུ་ལུས་ངག་ཡིད་གསུམ་ཕྲུགས་གཅིག་གིས་སྙིང་ཐག་པ་ནས་ཕུལ། མྱུར་དུ་སངས་རྒྱས་ཐོབ་པ་དང་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་གསོལ་བ་གདབ། མཐར་ཚོགས་ཞིང་མཆོད་རྫས་དང་བཅས་པ་འོད་དུ་ཞུ་ནས་རང་ལ་བསྟིམ་སྟེ་འཁོར་གསུམ་རྣམ་པར་མི་རྟོག་པའི་སྤྲོས་བྲལ་བདེ་བ་ཆེན་པོའི་ཀློང་དུ་ཅི་གནས་སུ་མཉམ་པར་བཞག་པར་བྱ། དེ་ནས་དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཞེས་སོགས་ཀྱིས་དགེ་བ་བསྔོ་ཞིང་ཐུན་མཚམས་རྣམས་སུ་ཡང་ཕྱག་མཆོད་སོགས་སྒོ་དུ་མ་ནས་བསོད་ནམས་ཀྱི་ཚོགས་མཚན་མ་མ་བྱུང་གི་བར་བསག སྤྲོ་ན་སྣོད་བཅུད་ཀྱི་བཀོད་པ་དང་། མཎྜལ་གྱི་ཕན་ཡོན་མཚན་མ་གང་བྱུང་གི་བཤད་པའང་སྐབས་ཐོབ་ཀྱིས་བཤད་དོ། །གསུམ་པ་བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། གནད་ཐེམས་


MLP024_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སྐྱབས་ཀུན་སྙིང་པོ་བླ་མ་ཡི༔ རྣལ་འབྱོར་ལམ་ལ་འཇུག་པར་བྱ༔ ཞེས་སོགས་དང་། འདི་ཉིད་ལས། བདེ་བའི་སྟན་ལ་འདུག་ནས་ལུས་དྲང་པོར་བསྲང༔ སེམས་རྣལ་དུ་ཕབ༔ སྤྱི་བོར་བླ་མ་རྡོ་རྗེ་ཆོས་སུ་སྒོམ་པ་ལ་ཞེས་སོགས་ཏེ། དེ་ཡང་ཟབ་མོའི་ལམ་འདིའི་རྟེན་འབྲེལ་གྱི་གནད་ཐམས་ཅད་འདི་ནས་བསྒྲིག་དགོས་པའི་ཕྱིར། དེའི་སླད་དུ་གསོལ་བ་གདབ་པ་དང་། དབང་བཞི་བླང་བ་གཉིས་ལས། དང་པོ་གསོལ་བ་གདབ་པའི་སླད་དུ། བསམ་གཏན་ལ་ཚེར་མ་མི་འབྱུང་ཞིང་ཡིད་དང་མཐུན་པའི་གནས་དབེན་པར། རང་གནས་དག་པའི་ཞིང་ཁམས་རྒྱ་ཁྱོན་ཚད་མེད་པར་གསལ་བའི་རང་ཉིད་སྟན་བདེ་བར་ལུས་གནད་དྲང་པོར་བསྲང་། སེམས་ཀྱི་གནད་དུག་གསུམ་གང་རུང་གིས་ཀུན་ནས་མ་བསླད་པ་རྣལ་དུ་ཕབ་པའི་ངང་ནས། རང་གི་མདུན་གྱི་ནམ་མཁར་ཡེ་ཤེས་ལྔའི་རང་གདངས་འོད་ལྔའི་འཁྲིགས་པའི་ཀློང་ན་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་སྐྱབས་ཡུལ་ལྟར་རམ། ཡང་ན་རྡོ་རྗེ་ཆོས་ཧེ་རུ་ཀ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཅུང་ཟད་འཛུམ་ཁྲོ་ཆགས་ཉམས་རྒྱས་པའི་ཚུལ་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་པ་དྲིལ་བུ་དཀུར་བརྟེན་པའི་མཆན་དུ་ཁ་ཊྭཱཾ་ག་བསྣམས་པ། གཅེར་བུ་རུས་པའི་ཐོར་ཚུགས་བཅིངས་པ་ཐོད་སྐམ་ལྔའི་བརྩེ་ཕན་དང་། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། སྐུ་སྨད་ལ་སྟག་ལྤགས་དཀྲིས་པ་ཞབས་གཉིས་གཡས་ཅུང་ཟད་བརྐྱང་པའི་རོལ་བའི་སྟབས་ཅན། སྐུ་ལ་མཚན་བཟང་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་སྙོམས་པར་འཇུག་པ། སྐུ་ལས་མུ་མེད་པའི་འོད་ཟེར་མཁའ་ཁྱབ་ཏུ་སྤྲོ་ཞིང་། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མའི་སྐུ་ཅན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་རང་ལ་དགྱེས་ཤིང་བརྩེ་བའི་རྣམ་པར་ལྷམ་མེར་བཞུགས་པའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པ། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་མ་ལུས་ཤིང་ལུས་པ་


MLP024_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཐམས་ཅད་མངོན་སུམ་ལྟ་བུར་བཀྲ་ལམ་གྱིས་བཞུགས་པར་བསམ་མོ། །དེ་ཡང་སློབ་དཔོན་ཆེན་པོས། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ ཞེས་དང་། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཉིད། །ཅེས་གསུང་པ་ལྟར། བླ་མ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀུན་འདུས་ཀྱི་རང་བཞིན་ཅན་ཡིན་པར་མ་ཟད། རང་གི་སྣང་ངོར་སངས་རྒྱས་ཀུན་ལས་ཀྱང་ལྷག་ཅིང་བཀའ་དྲིན་ཆེ་སྙམ་དུ་བློ་སྣ་མོས་གུས་སུ་ཧྲིལ་གྱིས་དྲིལ་ནས་ལུས་ཞིང་གི་རྡུལ་སྙེད་ལྟར་སྤྲུལ་ནས་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་ཕྱག་འཚལ་བ། མཆོད་སྤྲིན་མཐའ་ཡས་པར་སྤྲོས་ཏེ་འབུལ་བ། ཉེས་བྱས་མཐའ་དག་ལ་དུག་འཐུང་བ་ལྟ་བུའི་འགྱོད་སྡོམ་གྱིས་མཐོལ་བཤགས། རྨད་དུ་བྱུང་བའི་མཛད་པ་ལ་རྗེས་སུ་ཡི་རང་བ། གཟུགས་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། འདིས་མཚོན་བདག་གཞན་གྱི་དགེ་བ་བླ་མེད་བྱང་ཆུབ་ཏུ་བསྔོ་བ་སྟེ། བདུན་རྣམ་དག་གི་དོན་བསམ་བཞིན་དུ། ངག་ཏུ། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ གུས་པས་བཏུད་དེ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོད་པ་ཀུན་གྱི་ཡང་དག་མཆོད༔ ཚེ་རབས་ཐོག་མེད་ནས་བྱས་པའི༔ སྡིག་པའི་ལས་རྣམས་མཐོལ་ཞིང་བཤགས༔ སེམས་ཅན་ཀུན་ལ་ཕན་མཛད་པའི༔ དགེ་བ་ཀུན་ལ་ཡི་རང་ངོ༔ སངས་རྒྱས་མྱ་ངན་འདའ་བཞེད་གང༔ བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ བསོད་ནམས་གང་ཞིག་བགྱིས་པ་རྣམས༔ ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ཅི་ནུས་བརྗོད། དེ་ནས་རྗེ་བཙུན་ཆེན་པོས། བླ་མ་ལ་གདུང་བ་བསྐྱེད་ཙ་ན། །ཉམས་དང་བྱིན་རླབས་སྐྱེ་བར་ངེས། །ཞེས་གསུངས་པ་ལྟར། བླ་མ་སྐྱབས་ཀུན་འདུས་པའི་ངོ་བོ་ངེས་ཤེས་བསྐྱེད་ལ་སྐྱོན་རྟོག་གི་བློ་ངན་སྤངས་ཏེ་བཀའ་རྗེས་སུ་དྲན་པས་བློ་སྣ་མོས་གུས་སུ་ཧྲིལ་ཏེ་རེ་ལྟོས་ལིང་སྐྱུར་གྱིས་ངག་ཏུ། སྐྱེ་མེད་སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་དུ༔ རང་


MLP024_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྣམ་དག་གདོད་མའི་མགོན་པོ་མཆོག༔ ཀུན་བཟང་ཆོས་སྐུ་སྣང་བ་མཐའ་ཡས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གསལ་མདངས་འགག་མེད་རྡོ་རྗེ་དབྱིངས་ཀྱི་ཞིང༔ ལྷུན་འགྲུབ་འོད་གསལ་བདེ་ཆེན་སྒྱུ་མའི་སྐུ༔ ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེ་ཆེན་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གང་འདུལ་དེར་སྣང་ཐུགས་རྗེའི་ཕོ་བྲང་དུ༔ མ་འགགས་རང་ཤར་འགྲོ་འདུལ་སྤྲུལ་བའི་སྐུ༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཐུགས་རྗེ་འགྲོ་བ་འདུལ་བའི་ཕོ་བྲང་དུ༔ ཇི་ལྟ་ཇི་སྙེད་ཆོས་ཀུན་མཁྱེན་ཅིང་གཟིགས༔ སྒྲ་བསྒྱུར་ལོ་ཆེན་བཻ་རོ་ཙ་ན་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཟག་མེད་བདེ་ཆེན་རྡོ་རྗེ་ཕོ་བྲང་དུ༔ མཆོག་གི་ས་བརྙེས་མཁར་ཆེན་མཚོ་རྒྱལ་དང༔ མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གསང་ཆེན་སྨིན་གྲོལ་ཆོས་ཀྱི་ཕོ་བྲང་དུ༔ ཟབ་མོའི་ལམ་ལ་སྐལ་ལྡན་འདྲེན་མཛད་པ༔ རིག་འཛིན་བླ་མ་འགྱུར་མེད་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ འཇིགས་བྲལ་ཆོས་དབྱིངས་རྡོ་རྗེའི་ཕོ་བྲང་དུ༔ ཤེས་བྱ་ཀུན་གཟིགས་བཀའ་བབས་ཆོས་ཀྱི་བདག༔ རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ འབྲལ་མེད་བདེ་ཆེན་འཁོར་ལོའི་གཞལ་ཡས་སུ། །མཆོག་གི་ལམ་བཟང་སྟོན་མཛད་བཀའ་དྲིན་ཅན། །རྫོགས་ཆེན་རྣལ་འབྱོར་ཤེས་རབ་སྒྲོལ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་ཅི་ནུས་ཀྱི་རིག་པ་འགྱུར་མ་ཐུབ་ཀྱི་བར་དུ་གསོལ་བ་དྲག་ཏུ་བཏབ། གཉིས་པ་དབང་བཞི་ལེན་པ་ནི། བླ་མའི་སྐུའི་སྤྱི་བོར་ༀ་ཡིག་དཀར་པོ། མགྲིན་པར་ཨཱཿཡིག་དམར་པོ། ཐུགས་ཀར་ཧཱུཾ་ཡིག་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ་ལ། ངག་ཏུ། ཞེས་པས་གསོལ་བཏབ་བླ་མ་ཡི༔ གནས་གསུམ་འབྲུ་གསུམ་གནས་པ་ཡི༔ དཀར་དམར་སྔོ་བའི་འོད་ཟེར་འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡི༔ དབང་བཞི་ཐོབ་ནས་སྒྲིབ་བཞི་སྦྱངས༔ སྐུ་བཞི་མངོན་དུ་གྱུར་པའོ༔ ཞེས་པའི་དོན་ལ་གསོལ་


MLP024_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཏབ་པས་བླ་མ་ཉིད་དགྱེས་ཤིང་འཛུམ་པའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་རིམ་པར་ཞུ་ཞིང་ཐིམ་པས་ལུས་ནང་གི་འཁོར་ལོ་བཞི་གང་། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་རྫོགས་སུ་ཐོབ། སྐུ་བཞིའི་འབྲས་བུ་མངོན་དུ་ཐོབ་པར་བསམས་ཤིང་། སླར་ཡང་མོས་གུས་གདུང་ཤུགས་དྲག་པོས་ཡིད་ཀྱི་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་སོགས་འཁོར་དུ་བཞུགས་པ་རྣམས་རྩ་བའི་བླ་མའི་སྐུ་ལ་རིམ་གྱིས་བསྡུས༔ དེ་ཉིད་ཤིན་ཏུ་དགྱེས་པ་ཆེན་པོས་རང་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་ཟུང་འཇུག་བདེ་བ་ཆེན་པོའི་ངང་ལ་ཅི་གནས་སུ་མཉམ་པར་འཇོག་ཅིང་། མཐར་སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་ཞེས་སོགས་ཀྱི་བསྔོ་བ་བྱ། དེ་ལྟར་བྱིན་རླབས་ཀྱི་རྟོགས་པ་མངོན་དུ་མ་གྱུར་གྱི་བར་དེ་སྲིད་དུ་འབད་པ་ཆེན་པོས་ཉམས་སུ་ལེན་པ་གལ་ཆེ་སྟེ། ཅིའི་ཕྱིར་ཞེ་ན། འདི་ལ་བརྟེན་ནས་བྱིན་རླབས་དངོས་སུ་ཕེབས་པ་དང་། ཉམས་རྟོགས་རང་ཤུགས་ལ་འཆར་ཞིང་བགེགས་དང་གོལ་ས་ཆོད་པ་སོགས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་ཡོན་ཏན་སྐྱེ་བའི་གཞི་ཐམས་ཅད་བླ་མ་དམ་པའི་ཐུགས་རྗེ་ཁོ་ན་ལ་རག་ལས་པའི་ཕྱིར་ཏེ། དེ་ཡང་། བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ནས་བྱུང་། །ཞེས་དང་། ཉི་མའི་དཀྱིལ་འཁོར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །ཞེས་གསུངས་སོ། །སྐབས་འདིར་སྤྲོ་ན་བླ་མའི་མོས་གུས་ལམ་ཁྱེར་དང་། བསྟེན་ཚུལ་ཉེས་དམིགས་དང་། ཕན་ཡོན་སོགས་ཀྱང་ཟབ་མོའི་ལུང་རིགས་ཀྱི་ངེས་ཤེས་བསྐྱེད་པའི་གོ་དོན་འབྲེལ་ཆགས་སུ་བཤད་པར་བྱའོ། །དེ་དག་རྣམས་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ལ། དབང་དང་། དེ་ལས་བྱུང་བའི་གདམས་པ་གཉིས། དང་པོ་དབང་ནི་སྔར་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་མ་ཐོབ་ན། ལམ་དངོས་སྒོམ་པའི་སྔོན་དུ་དབང་གིས་རྒྱུད་སྨིན་པར་བྱ་དགོས་ཤིང་། སྔར་ཐོབ་ཟིན་ནའང་། སྡོམ་པའི་ངོ་བོ་གསར་


MLP024_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་མེད་ཀྱང་དམ་ཚིག་གསོ་བ་དང་ཡོན་ཏན་ཡར་ལྡན་དུ་བསྐྱེད་པའི་ཕྱིར། སྐབས་འདིར་བླ་མ་ལ་ཞུ་ུབའམ། མ་འབྱོར་ན་སྡོམ་ལྡན་རང་ཉིད་བླངས་ཀྱང་རུང་སྟེ་འགྲུབ་ན་ལེགས་པ་ཡིན་ནོ༑ ༑གཉིས་པ་དངོས་གཞིའི་གདམས་པ་ལ། རྩ་བའི་མན་ངག་གི་རྣལ་འབྱོར་དང་། ཡན་ལག་གི་རྣལ་འབྱོར་གཉིས། དང་པོ་རྩ་བའི་མན་ངག་གི་རྣལ་འབྱོར་ལ་གནས་པ་རྩ་དག་པར་བྱེད་པ་དྷུ་ཏིའི་རྣལ་འབྱོར། གཡོ་བ་རླུང་དག་པར་བྱེད་པ་གཏུམ་མོའི་རྣལ་འབྱོར། བཀོད་པ་བྱང་ཆུབ་ཀྱི་སེམས་དག་པར་བྱེད་པ་བདེ་བའི་རྣལ་འབྱོར་དང་གསུམ། དང་པོ་གནས་པ་རྩ་དག་པར་བྱེད་པ་དྷུ་ཏིའི་རྣལ་འབྱོར་ལ། སྐུ་བསྐྱེད་པ་ལྷ་སྐུའི་རྣལ་འབྱོར། གསུང་བཟླས་པ་རླུང་སྔགས་ཀྱི་རྣལ་འབྱོར། ཐུགས་འོད་གསལ་ཆོས་ཉིད་ཀྱི་རྣལ་འབྱོར་དང་གསུམ། དང་པོ་སྐུ་བསྐྱེད་པ་ལྷ་སྐུའི་རྣལ་འབྱོར་ནི། ནད་ཐེམས་ལས། དངོས་གཞི་ཉམས་དང་རྟོགས་པའི་རྩལ༔ སྐྱེད་བྱེད་མྱུར་བའི་ལམ་གྱི་སྒོ༔ ཞེས་གསུངས་པས། སྔོན་འགྲོ་ནི་དངོས་གཞིའི་ལམ་གྱི་ཉམས་རྟོགས་དང་། ཡོན་ཏན་སྐྱེད་བྱེད་ཀྱི་སྒོ་ཡིན་པས་སྔོན་དུ་རྒྱུད་ལ་མྱོང་བ་ཅི་རིགས་འཐོན་པར་བཏང་ནས། དངོས་གཞི་ཇི་ལྟར་བསྒོམ་པའི་ཚུལ་ནི། འདི་ཉིད་ལས། རང་ཉིད་ལྷ་མོའི་སྐུ་ཆ་བྱད་ཚང་བ་དྭངས་ཤིང་གསལ་ལ་ཞེས་སོགས་ཀྱིས་བསྟན་ཏེ་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ། སྟན་བདེ་བ་ལ་ལུས་གནད་ཆོས་བདུན་དྲང་པོར་བསྲང་བ་གལ་ཆེ་སྟེ། དེའི་རྒྱུ་མཚན་ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་སྲང་དང་འདྲ། རྣམ་ཤེས་མི་ཞ་བོ་དང་འདྲ་སྟེ། དེ་ལྟར་བྱེད་པ་བཅིངས་པས་སྲང་སྒོ་ཁེགས་ནས་མི་རྟ་ནང་དུ་ཚུད་འགྲོར་མི་ཐུབ་པ་དང་འདྲ་གསུངས། དེ་ཡང་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ལག་གཉིས་ཁུར་ཚུར་མཉམ་བཞག་རྒལ་ཚིགས་དུང་ཙེ་ལྟར་བསྲང་ནས་སྐེད་པ་ཅུང་ཟད་མདུན་དུ་ཉེ་ཙམ་བྱ། ས་ལ་ལྟོ་བ་འཕུལ། རོ་སྟོད་སྒྱེ་ཞིང་དཔུང་པ་རྒོད་གཤོག་ལྟར་བརྐྱང་། མགྲིན་པ་ལྐོག་མས་ཨོལ་འདུད་ནོན་ཙམ་གྱི་ཡིད་ཙམ་རྒུ་བས་ལྕེ་རྩེ་རྐན་ལ་སྒྲིལ། མིག་འབྲས་མི་འགུལ་ཞིང་རྫི་མ་ཐབ་ཐེབ་མེད་པར་ཐད་ཀར་ཅེ་རེ་བལྟ། དེ་ལྟར་ལུས་ཆ་ཆ་ནས་ཧྲིལ་གྱིས་བཅུན་པས་རྩ་རྣམས་འཆིང་། དེ་ལྟར་


MLP024_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་འཆིང་བའི་སྟོབས་ཀྱིས་རྩ་བའི་རླུང་ལྔ་སོ་སོའི་གནས་སུ་འཆིང་སྟེ། དེ་ཡང་ཐུར་སེལ་གྱི་རླུང་གསང་བར་འཆིང་། མེ་མཉམ་གྱི་རླུང་ལྟེ་བར་འཆིང་། སྲོག་འཛིན་གྱི་རླུང་སྙིང་གར་འཆིང་། གྱེན་རྒྱུའི་རླུང་མགྲིན་པར་འཆིང་། ཁྱབ་བྱེད་ཀྱི་རླུང་པགས་པའི་མཐར་ཐུག་ཏུ་གནས་པ་དེ་འཆིང་། དེ་ལྟར་རྩ་བའི་རླུང་ལྔ་ཟིན་པས་ཡན་ལག་གི་རླུང་རྣམས་རང་ཤུགས་ལ་འཆིང་།དེ་ཡང་རླུང་སེམས་ཐིག་ལེ་རྣམས་ཐུར་ལ་འབུད་པའི་སྐྱོན་སེལ་ཕྱིར་ལྟ་སྟངས་མཐོ་བ་དགའ་གསུངས། སེམས་ཀྱི་གནད་རང་ཐ་མལ་གྱི་ལུས་འདི་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྦྱངས་ཏེ་མི་དམིགས་པ་ལས་སྐད་ཅིག་གིས་པད་ཉི་དང་རོའི་གདན་ལ་རང་ཉིད་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འོད་ཟེར་འཕྲོ་བ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཞལ་གཅིག་ཕྱག་བཞི། སྤྱན་གསུམ་དང་ལྡན་པ། གཅེར་བུ་སྐྲ་གྲོལ་ཞིང་འཛུམ་ཁྲོ་ཆགས་ཉམས་རྒྱས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུ་དང་མེ་ཏོག་དམར་པོའི་དོ་ཤལ་ཅན་རུས་པའི་ཕྱག་རྒྱ་ལྔ་དང་དྲིལ་གཡེར་གྱིས་བརྒྱན་པ། ཕྱག་དང་པོ་གཉིས་གྲི་ཐོད་ཐུགས་ཀར་སྟེང་འོག་ཏུ་འཛིན་ཅིང་། འོག་མ་གཉིས་ཀྱིས་རལ་གྲི་དང་། ཁ་ཊྭཱཾ་ག་བསྣམས་པ། ཞབས་གཉིས་གཡོན་བརྐྱངས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། དེ་ལྟར་ཕྱིའི་དབྱིབས་ལྷ་སྐུ་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པ་ཡེ་ཤེས་སྒྱུ་མའི་སྐུ་ཅན། ནང་སྟོང་ར་འོད་ཀྱི་གོང་བུ་ཅན་དྭངས་གསལ་སྒྲིབ་ཐོགས་མེད་པའི་བདེ་སྟོང་ཟུང་འཇུག་གི་ངོ་བོར་གསལ་བཏབ་སྟེ་བསྒོམས་པ་ནི་དམིགས་སྐོར་དང་པོའོ། །དེ་ལྟར་ལྷ་སྐུར་གསལ་བའི་ལུས་ནད་དྭངས་གསལ་སྒྲིབ་ཐོགས་མེད་པའི་དབུས་དྲང་པོར། རྩ་ཨ་ཝ་དྷཱུ་ཏི་དམར་གསལ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ་ཏིལ་གྱི་མར་མེ་ལྟར་གསལ་ཞིང་རང་འོད་འཕྲོ་བ། རྒྱ་སྐྱེགས་ཀྱི་ཁུ་བས་བཙོས་པ་ལྟར་དམར་བ་པདྨའི་འདབ་མ་ལྟར་ཤིན་ཏུ་སྲབ་ཅིང་དྭངས་བ་སྟེ་མཚན་ཉིད་བཞི་དང་ལྡན་པ། སྦོམ་ཕྲ་མདའ་སྨྱུག་ཙམ་པ་ཡར་སྣེ་ཚངས་བུག་དང་། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་གནས་པ། དེའི་གཡས་སུ་རོ་མ་དམར་མོ་རྡུལ་དང་། གཡོན་དུ་རྐྱང་མ་དཀར་པོ་ཁུ་བས་གང་བ་གཉིས་དབུ་མ་ལས་འདབ་འགྱུར་གྱིས་ཕྲ་བ། ཡར་རྩེ་གཉིས་


MLP024_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་པ་སྨིན་མཚམས་ནས་སྣ་བུག་གི་ནང་གཉིས་སུ་ཟུག་ཅིང་། དེ་གཉིས་དབུ་མ་དང་ལྷན་ཅིག་གསུམ་གཤིབས་སུ་སོང་བའི་མར་སྣེ་གཉིས་དབུ་མ་ལས་ཅུང་ཟད་རིང་བ་ཡར་ལོག་སྟེ་དབུ་མའི་ནང་དུ་ཚུད་ཅིང་། འཁོར་ལོ་བཞི་སོ་སོའི་ཐད་དུ་རོ་རྐྱང་གཉིས་དབུ་མ་ལ་ཐིམ་པའི་ཚུལ་དུ་ནང་ཁོང་འབྲེལ་བ། དེ་ལས་འཁོར་ལོ་བཞིའི་འདབ་མའི་བུ་གུ་རྣམས་དྭངས་སང་ངེ་བའི་རྣམ་པར་སྐྱེས་པ་སྟེ། དེ་ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་བཞི་པ། རྩ་འདབ་ཐམས་ཅད་དྭངས་གསལ་སྦུག་སྟོང་གི་རྣམ་པར་བསྒོམ། དེ་ཡང་རོ་རྐྱང་གཉིས་འདིར་དངོས་སུ་མི་གསལ་ནའང་། དོན་ཐོབ་ཀྱིས་གསུངས་ཤིང་། འཁོར་ལོ་བཞི་གསལ་མ་ཐེབས་ཀྱང་རྩ་གསུམ་གསལ་བཏབ་པ་ཙམ་གྱིས་ཀྱང་དགོས་པ་འགྲུབ་གསུངས། དེ་ལྟར་གསལ་ཐེབས་པ་ན། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུ་མའི་ནང་དུ། ཆོས་འབྱུང་དམར་པོ་རྩ་བ་ཕྲ་བ་ཐུར་དང་གདེངས་ཀ་རྒྱས་པ་གྱེན་དུ་ཕྱོགས་པའི་ཟུར་གསུམ་གཡས་གཡོན་དང་མདུན་དུ་བསྟན་པའི་ནང་ཁོང་གི་བར་སྣང་ལ་རང་སེམས་ཧྲཱིཿཡིག་དམར་པོ་ཡུངས་འབྲུ་ཙམ་གསལ་འཚེར་འོད་ཟེར་སྣ་ལྔ་འཕྲོ་བ་ཞིག་གསལ་བཏབ་སྟེ་འདས་མ་འོངས་ད་ལྟར་གྱི་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་དོར་ཏེ། ཧྲཱིཿཡིག་གི་རྣམ་པ་ཁོ་ན་རྟག་ཏུ་འཆར་ཞིང་། དེ་ལ་མ་ཡེངས་དྲན་པའི་བྱ་ར་དང་ལྡན་པའི་ས་ལེ་ཧྲིག་གེ་ཡེ་རེ་འཇོག་སྟེ། དེ་ཡང་མདོ་སྡེ་རྒྱན་ལས། དམིགས་ཡུལ་ལ་ནི་སེམས་བཞག་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་དང་། ཡང་དག་སྙིང་པོ་ལས། མར་མེ་རླུང་གིས་མ་བསྐྱོད་བཞིན། །གསལ་ལ་མི་རྟོག་མ་ཡེངས་ཞོག །ཅེས་པ་ལྟར་བསྒོམ་པ་ནི། དམིགས་སྐོར་གཉིས་པའོ། །དེའི་ངང་ལས་རྣམ་རྟོག་ཐོལ་གྱིས་འཕྲོས་ནས་ཡུལ་གྱི་རྣམ་པ་ཝལ་གྱིས་ཤར་ན། དེ་ངོས་ཟིན་པར་བྱས་ནས་དེ་ལས་སྐྱོན་ཡོན་གྱི་རྟོག་བཅོས་ལུ་གུ་རྒྱུད་དུ་མ་སོང་བར་འཕྲོ་རྦད་ཀྱིས་བཅད་ནས་ཤེས་པ་ཧྲིལ་གྱིས་བསྒྲིམས་ནས་ཧྲཱིཿཡིག་གི་སྟེང་དུ་བཟོད་མེད་ཡེངས་མེད་ཀྱི་ཅེ་རེ་འཇོག རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། ཡུད་དེ་སེམས་བཞག་


MLP024_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲིལ་གྱིས་སྒྲིམ༔ མ་བཅོས་མ་བསླད་འགྱུར་བ་མེད༔ ཇི་ལྟར་ནམ་མཁའ་དག་པ་བཞིན༔ མི་རྟོག་མཐའ་དབུས་མེད་པར་ཞོག༔ ཅེས་པ་ལྟར་བསྒོམ་པ་ནི་དམིགས་སྐོར་གསུམ་པའོ།། ཡང་སྒྲིམ་དྲགས་ནས་རིག་པ་གཡེར་ཞིང་འཕྲོ་རྒོད་བྱུང་ན་མ་ཡེངས་དྲན་པའི་བྱ་ར་དང་ལྡན་པས་རང་བབས་སུ་ལྷོད་ཀྱིས་ཁོང་ཀློད་ལ་འཇོག་སྟེ། ཀུན་མཁྱེན་ཆོས་རྗེས། ཆད་པ་ངལ་གསོ་བཞིན་དུ་ལྷོད་ཀྱིས་ཀློད། །ཅི་ཡང་མི་བསམ་ཡིད་ལ་བྱེད་པ་བོར། །ཞེས་གསུངས་པ་ལྟར་བསྒོམ་པ་ནི་དམིགས་སྐོར་བཞི་པའོ། །མདོར་ན་ཧྲིཿཡིག་དམར་པོ་འོད་ཟེར་སྣ་ལྔ་འཕྲོ་བ་དང་རིག་པ་གསལ་རིག་གཉིས་བལྟ་བྱ་དང་ལྟ་བྱེད་ཀྱི་ཚུལ་དུ་སོ་སོར་མི་ལྟ་བར་དབྱེར་མེད་གསལ་ལ་མི་རྟོག་པའི་ངང་དུ་ཀློད་ནས་འཇོག་པ་ནི་གནད་དམ་པ་ཡིན་གསུངས་ཏེ། དེ་ཡང་ཤ་བ་རིས། མཁའ་ལྡིང་རྒྱལ་པོ་སྤྲོ་བསྡུ་མེད་པར་གནས། །ཆུ་ནི་མ་སྙོག་རང་དྭངས་ཉིད་དུ་བཞག །ཇི་ལྟར་མཁས་པས་བ་གླང་སྐྱོང་བ་བཞིན། །བརྟན་གསལ་རྣོ་བ་མར་མེའི་སྙིང་པོ་ལྟོས། །སྒྱུ་མའི་སྐྱེས་བུ་ཆགས་ཞེན་རྩིས་གདབ་བྲལ། །བྱ་ནི་རྟེན་མེད་ནམ་མཁར་གནས་པར་བྱེད། །ཅེས་གསུངས་པ་བཞིན་བསྒོམ་པ་ནི་དམིགས་སྐོར་ལྔ་པའོ། །དེ་ལས་གསལ་བརྟན་གྱི་ཉམས་སྐྱེས་པ་དང་ཧྲཱིཿཡིག་ལས་ཧྲཱིཿའི་སྒྲ་བྲག་ཅ་ལྟར་ལྷང་གིས་བྱུང་བའི་རྐྱེན་གྱིས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དམར་པོར་ལྟེམ་གྱིས་ཞུ་བ་རང་ཉིད་ལྷ་མོར་གསལ་བ་ལ་ཐིམ། དེ་དབུ་མ་ལ། དེ་ཆོས་འབྱུང་ལ། དེ་ཧྲཱིཿཡིག་ལ་ཧྲཱི་ཡིག་ན་ད་ཤིན་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་ཀྱི་བར་དང་། མཐར་དེ་ཡང་ནམ་མཁའ་ལ་སྤོས་དུད་ཡལ་བ་ལྟར་མི་དམིགས་པའི་མཐར་ཟབ་ཞི་སྤྲོས་པ་ཐམས་ཅད་དང་བྲལ་བ་འོད་གསལ་སྟོང་ཉིད་ཀྱི་ངང་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་སྟེ། རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་གསུངས་པ་ལྟར་བསྒོམ་པ་ནི་དམིགས་སྐོར་དྲུག་པའོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ་གཉིས་ཏེ། རྩ་བའི་མན་ངག་དང་། དེ་ཉིད་མཐའ་བརྐྱང་པའོ། །དང་པོ་རྩ་བའི་མན་ངག་ནི། འདི་ཉིད་ལས། དེ་བསྒོམ་ནས་


MLP024_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཞིན་བསྒོམ་ཞེས་སོགས་ཏེ། གོང་གི་རྗེས་ཞིག་གི་རྣལ་འབྱོར་ལ་ཉམས་མྱོང་ཅི་རིགས་འཐོན་པ་དང་། འོད་གསལ་སྟོང་ཉིད་དེ་ལས་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་སྔར་བཞིན་ལྷ་སྐུར་གསལ་བའི་སྐུ་ལ་རྩ་གསུམ་འཁོར་ལོ་བཞི་སྙིང་གའི་ཆོས་འབྱུང་ཧྲཱིཿཡིག་དང་བཅས་པ་གསལ་བཏབ་སྟེ། དེ་གསལ་ཐེབ་པ་དང་ནང་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་བསམ་ལ་རླུང་རོ་ལན་གསུམ་བསལ། བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་རླུང་གི་རྣམ་པར་སྣ་བུག་གཉིས་ནས་རོ་རྐྱང་གི་ལམ་བརྒྱུད་དེ་སོང་བ་ལྟེ་འོག་དབུ་མའི་སྒོར་སླེབ་པར་མོས་ལ། སྟེང་རླུང་ཤར་གྱིས་རྔུབས་པ་ལྟེ་བར་བསྒྱུར་སྟབས་སུ་གནན། འོག་རླུང་བསྐུམ་པས་ཐུར་སེལ་གྱི་རླུང་གྱེན་དུ་མདུང་ཚུགས་སུ་ལངས་པས་འབྱུང་བཞིའི་རླུང་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པར་གསང་གནས་སུ་དབུ་མའི་ལམ་བརྒྱུད་དེ་སྙིང་གའི་ཆོ་གའི་ཆོས་འབྱུང་གི་ཧྲཱིཿལ་རྡོ་ཚན་ལ་ཁ་བ་བབས་པ་བཞིན་སིབ་སིབ་བསྟིམ་ལ་ལྟེ་བར་བུམ་ཅན་གཡོ་མེད་ཁ་སྦྱོར་དུ་བཟུང་ནས་ༀ་དྷཱུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཞེས་ལྕེ་མཆུའི་སྦྱོར་བ་ལ་མ་བརྟེན་པར་ཡིད་བཟླས་བྱ་ཞིང་། རླུང་ཅུང་ཟད་མི་བདེ་ན་སླར་རྔུབ་ཆུང་བྱས་གཡས་གཡོན་དབུས་གསུམ་ཐོན་བསྙེན་བྱས་ནས་ཀྱང་བཟུང་། མི་ཐུབ་པ་ན་སྣ་བུག་གཉིས་ནས་དལ་བུས་ཕྲ་ལ་རིང་བའི་ངང་ནས་མཐར་ཤུགས་ཀྱིས་ཕྱིར་སང་གིས་འཕང་དེ་ཡང་རྔུབས་དང་སྒང་དང་གཞིལ་བ་དང་། །མདའ་ལྟར་འཕང་བ་རྣམ་པ་བཞི། །ཞེས་གསུངས་པས། དེ་ལྟར་བུམ་ཅན་སྦྱོར་བ་བཞི་ལྡན་པའི་ངང་ནས་ཡིད་བཟླས་བྱེད་པ་ནི་དམིགས་སྐོར་དང་པོའོ།། ཡང་རིག་པ་བྱིང་ཞིང་རྨོངས་ན་དམིགས་རིམ་དེ་ཉིད་སྤྱི་བོའི་འཁོར་ལོའི་ནང་དུ་བསྒོམ། གཡེར་ཞིང་འཕྲོ་རྒོད་བྱུང་ན་ལྟེ་བའི་དབུ་མའི་འཁོར་ལོའི་ནང་དུ་བསྒོམ་པས་སྐྱོན་སེལ་ཞིང་བོགས་འདོན་དུ་འགྲོའོ། །མཐར་སྔར་བཞིན་ཧྲཱིཿལས་ཧྲཱིཿའི་སྒྲ་བྲག་ཆ་ལྟར་ལྷང་གིས་བྱུང་བའི་རྐྱེན་གྱིས་སྣོད་བཅུད་དང་། ལྷ་སྐུ་ཐམས་ཅད་འོད་གསལ་དུ་བཅུག་ནས་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་བཞག་ལ་ནན་ཏན་དུ་མི་འདའ་བ་ནི་དམིགས་སྐོར་གཉིས་པའོ། །ཡང་འོད་གསལ་དེ་ལས་སྔར་བཞིན་ལྷ་སྐུར་ལངས་ནས་བསླབ་པའོ། །གཉིས་པ་དེ་ཉིད་ལས་མཐའ་


MLP024_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱང་བ་ནི། ཉིན་མཚན་གཉིས་སོ་སོར་ཐུན་བཞིའམ་གསུམ་ལྟ་བུས་དམིགས་རིམ་དེ་ཉིད་ཁོ་ནས་ཉིན་མོ་སྨིན་མཚམས་ཀྱི་དབུ་མའི་ནང་དང་། སྙིང་གར་དབུ་མའི་ནང་དུ་བསྒོམ། མཚན་སྙིང་ག་དང་། ལྟེ་བའི་དབུ་མའི་ནང་དུ་བསྒོམ་པ་ཡིན། ཡང་ཤེས་པ་ཡུལ་ལ་འཕྲོ་ན་གང་ཤར་གང་སྣང་དེ་ཁོ་རང་ངོ་ལ་ཡུད་དེ་གསལ་བར་བཞག །འགྲོ་འོང་ཡེངས་བ་མེད་པར་ས་ལེ་ཧྲིག་གེ་ཧ་རེ་རྗེན་ནེ་ཅི་གནས་སུ་མཉམ་བཞག་གི་རིམ་པ་ལ་བསླབ་པའོ། །གསུམ་པ་ཐུགས་འོད་གསལ་ཆོས་ཉིད་ཀྱི་རྣལ་འབྱོར་ནི། འདི་ཉིད་ལས། ཧྲཱིཿལ་ཧྲཱིཿའི་སྒྲ་བྲག་ཆ་ལྟར་ཞེས་པ་དང་། ཡང་ཧྲཱིཿསྣོད་བཅུད་འོད་དུ་བསྡུས་ནས་ཞེས་པ་གཉིས་ཀྱི་སྐབས་སུ་སོ་སོར་དམིགས་རིམ་བསྟན་པ་བཞིན། འདི་ཉིད་དུའང་རྗེས་ཞིག་འོད་གསལ་སྟོང་ཉིད་ཀྱི་མཐའ་བསྐྱང་པའོ། །དེ་ལྟར་ཉིན་མཚན་གཉིས་སོ་སོར་བར་མེད་དུ་བསླབ་པས་ཉམས་ཀྱི་རིམ་པའང་། དང་པོ་གཡོ་བ། དེ་ནས་ཐོབ་པ། གོམས་པ། བརྟན་པ་མཐར་ཕྱིན་པའི་ཉམས་ལྔ་རྣམས་རིམ་གྱིས་འབྱུང་ཞིང་། དེ་དག་ལ་བླང་དོར་དང་རེ་དོགས་མེད་པར་བསྐྱངས་པས་ཐ་མལ་གྱི་རྣམ་རྟོག་དང་དབང་ཤེས་ཡུལ་ལ་འཇུག་པ་འགགས་ནས་ནང་དུ་ལྡོག་པར་ཉེ་བ་སྟེ། རྩ་བཅིངས་པའི་སྟོབས་ཀྱིས་རླུང་དབུ་མར་ཞུགས་ནས་རླུང་སེམས་ནང་དུ་ཟིན་པའི་ལྟས་སུ་སྟོང་གཟུགས་ཀྱི་སྣང་བ། དུ་བ་དང་། སྨིག་རྒྱུ་དང་། མགལ་མེ་དང་། མར་མེ་དང་། ནམ་མཁའ་སྤྲིན་བྲལ་ལྟ་བུའི་ཉམས་རྣམས་འཆར་ཞིང་། དེ་ལས་རྗེས་ཞིག་གི་འོད་གསལ་དུ་བཅུག་པས་ཕྱི་ནང་གི་འབྱུང་བའི་བསྡུ་རིམ་གྱི་མཐར་ཉི་ཟླའི་འགྲོས་ཀྱི་དགའ་བཞི་དང་དབྱེར་མེད་པའི་བདེ་སྟོང་གི་ཉམས་ཁྱད་པར་ཅན་འཆར་ཞིང་། དེ་ལས་སྣང་བ་དང་མཆེད་པ་དང་ཉེར་ཐོབ་ཀྱི་རིམ་པའི་མཐར་སྒྲིབ་བྱེད་ཀུན་ལས་འདས་པའི་འོད་གསལ་ཆོས་སྐུའི་རང་བཞིན་སྟོང་པ་བཞི་ལྡན་གྱི་སྣང་བ་མཐའ་དབུས་མེད་པར་འཆར་ཞིང་འོད་གསལ་དེ་ལས་ལངས་ཏེ་ལྷ་སྐུ་འཇའ་ཚོན་ནམ། སྒྱུ་མའི་སྐུ་དྭངས་ཤིང་ཐོགས་པ་མེད་པ་རྣམ་སྤྲུལ་དུ་མའི་རོལ་པར་སྤྲོ་བསྡུ་བྱེད་པའི་ཏིང་ངེ་འཛིན་ངང་གིས་འཆར་ཞིང་བསླབས་པའོ། །དེ་དག་ནི་དྷཱུ་ཏིའི་རྣལ་འབྱོར་ཉམས་སུ་ལེན་པའི་རིམ་པའོ། །གཉིས་པ་རླུང་དག་པར་བྱེད་པ་གཏུམ་མོའི་རྣལ་


MLP024_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལ་ཁྱད་པར་ཅན་གྱི་སྔོན་འགྲོ་དང་དངོས་གཞིའི་རིམ་པ་གཉིས། དང་པོ་ཁྱད་པར་ཅན་གྱི་སྔོན་འགྲོ་ནི། ཟབ་རྒྱ་ལས། ཁྱད་པར་ཅན་གྱི་སྔོན་འགྲོ་ལ༔ བསྲུང་འཁོར་ཚོགས་བསགས་སྦྱང་བ་བྱ༔ ཞེས་པས། བསྲུང་བའི་འཁོར་ལོ་བསྒོམ་པ། ཚོགས་བསགས་ཉམས་ཆག་བསྐང་བ། ལུས་རྩ་རླུང་གསུམ་སྦྱང་བ་དང་གསུམ་ནི། རང་རིག་ལྷ་སྐུ་ཡུམ་དུ་གསལ་བའི་དམིགས་གནད་ལས་གཞན་མ་རྣམས་ཟབ་རྒྱས་ལས་ཇི་ལྟར་གསུང་པ་བཞིན་འདིར་ཕན་ཚུན་འབྲེལ་ཆགས་སུ་བསྒོམས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར་མོད་མ་བྱས་ཀྱང་འདི་ཉིད་དུ་ཆད་པས་སྐྱོན་མེད་གསུང་པས། རྒྱས་བསྡུས་ཇི་ལྟར་བསྒོམས་ཀྱང་རུང་ངོ་། །གཉིས་པ་དངོས་གཞི་ལ་བདེ་དྲོད་ཀྱི་གཞི་བཅའ་བ་དང་གཏུམ་མོ་དངོས་བསྒོམ་པ་གཉིས། དང་པོ་བདེ་དྲོད་ཀྱི་གཞི་བཅའ་བ་ནི། འདི་ཉིད་ལས། རང་ཉིད་ལྷ་མོའི་སྐུ་སྟོང་གསལ་ཤེལ་ལྟར་དྭངས་པ་ཞེས་སོགས་ཏེ་རང་ཉིད་སྟན་བདེ་བ་ལུས་གནད་ཆོས་བདུན་བཅའ། དམིགས་གནད་སྔར་ལྟར་ལྷ་མོའི་སྐུ་སྟོང་གསལ་སྒྲིབ་ཐོགས་མེད་པ་འཇའ་ཚོན་ནམ་ཤེལ་ལྟར་དྭངས་པའི་སྐུར་ལམ་གྱིས་གསལ་བའི་སྣ་རྩེར་གཡུང་དྲུང་དམར་པོ་གསལ་འཚེར་ཡང་ཞིང་གཡོ་བ་ཆེ་ཆུང་སྲན་མ་ཙམ་པ་ལྟེ་བར་ཆོས་འབྱུང་དམར་པོ་རྩ་བ་ཕྲ་བ་གསང་གནས་སུ་ཟུག་ཅིང་། གདེངས་ཁ་རྒྱས་པ་གྱེན་དུ་ཕྱོགས་པའི་ཟུར་གསུམ་གཡས་གཡོན་གཉིས་དང་མདུན་དུ་ལྟེ་ཁོང་ལ་བསྟན་པ། དེ་ལྟར་གསལ་བའི་ལུས་ཀྱི་དབུས་སུ་རྩ་གསུམ་སྔར་ལྟར་གསལ་བཏབ་པའི་ཡར་སྣེ་སྤྱི་བོ་དང་མར་སྣེ་ཆོས་འབྱུང་གི་ནང་ཁོང་ལྟེ་འོག་སོར་བཞིའི་ཐད་ཙམ་སླེབས་པའི་དབུ་མའི་ནང་དུ་དམར་ཆའི་དྭངས་མ་ཨི་ཡིག་མེའི་རང་བཞིན་ཆེ་ཆུང་སྲན་མ་ཙམ་འབར་བ་ལ་སེམས་གཏད་དེ་བསྒོམ། དེ་གསལ་ཐེབས་པ་དང་རླུང་རོ་བསལ་ནས་སྟེང་རླུང་རྔུབས་ཏེ། ལྟེ་བར་མནན་འོག་རླུང་གྱེན་དུ་དྲངས་པས་ཐུར་སེལ་གྱི་རླུང་མདུང་ཚུགས་སུ་ལང་པ་ཆོས་འབྱུང་ལ་འཕོག་པས་རྐྱེན་གྱི་ཆོས་འབྱུང་ཉིད་གཡོན་དུ་ཇེ་མྱུར་ཇེ་དྲག་ཏུ་འཁོར་བ་ལ་སེམས་བཟུང་ནས་བུམ་ཅན་གཡོ་མེད་དུ་འཆིང་། དེའི་རྐྱེན་ཨཾ་ལས་མེ་རླུང་ཤུགས་དྲག་ཏུ་འབར་བ་དྷཱུ་ཏིའི་ལམ་བརྒྱུད་དེ་སྣ་སྒོའི་གཡུང་དྲུང་ལ་ཕོག་པས།


MLP024_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་གཡོན་ཕྱོགས་སུ་མགལ་མེའི་འཁོར་ལོ་ལྟར་དྲག་ཏུ་འཁོར་བ་ལ་སེམས་རྩེ་གཅིག་ཏུ་བཟུང་ནས་བུམ་ཅན་སྦྱོར་བ་བཞི་ལྡན་ལ་བསླབ་པར་བྱའོ། །དེ་ཡང་སྔོན་དུ་དྷཱུ་ཏིའི་རླུང་བཟླས་ཀྱི་སྐབས་སུ་རྩ་ལམ་འབྱུང་ཞིང་བུམ་ཅན་གྲུབ་ཟིན་པའམ་གཞན་དག་ཏུ་གྲུབ་ཟིན་པ་ནི་སྨོས་མ་དགོས། དེ་མིན་སྐབས་འདིར་མྱོང་བ་ཅི་རིགས་ཐོན་ཐོན་གྱི་བར་བསླབ་དགོས་ཡོད། གཉིས་པ་གཏུམ་མོ་དངོས་བསྒོམ་པ་ནི། ཟབ་རྒྱ་ལས། དེ་ནས་གཏུམ་མོ་རྣལ་འབྱོར་མ༑ ༑དྲོད་སྐྱེས་དམ་ཚིག་གཏུམ་མོ་ཞེས་སོགས་ཏེ། དྲོད་སྐྱེད་དམ་ཚིག་གཏུམ་མོ། བདེ་དྲོད་སྟོང་ཉིད་དུ་རྒྱས་འདེབས་པ་ཡེ་ཤེས་ཀྱི་གཏུམ་མོ་དང་གསུམ་ལས། དང་པོ་དྲོད་བསྐྱེད་དམ་ཚིག་གི་གཏུམ་མོ་ནི། འདི་ཉིད་ལས། དེ་བསྒོམ་ནས་དྷཱུ་ཏིའི་ནང་གི་ལྟེ་བའི་ཆོས་འབྱུང་གི་ནང་དུ་ཨ་དམར་པོ་ཡུངས་འབྲུ་ཙམ་དང་། སྤྱི་བོའི་ཧཾ་དཀར་པོ་ཞེས་སོགས་ཏེ། དེ་ཡང་ལུས་གནད་རྣམ་སྣང་ཆོས་བདུན་ནམ་མེ་ཐབ་གྲུ་བཅིངས་གཉིས་གང་བདེ་བཅས་ལ་དམིགས་གནད་རང་ལྷ་མོའི་སྐུ་ལ་རྩ་གསུམ་སྔར་ལས་ཁྱད་པར་ཆོས་འབྱུང་ཉིད་ལྟེ་བའི་དབུ་མའི་ནང་དུ་གསལ་བའི་ནང་ཁོང་བར་སྣང་ལ་ཤེས་རབ་ཉི་མའི་ཐིག་ལེ་ཨཾ་ཡིག་དམར་པོ་ཡུངས་འབྲུ་ཙམ་པ་མགོ་གྱེན་བསྟན་ཚྭ་ཞིང་འབར་ལ་ཁད་པ་སྤྱི་བོར་དབུ་མའི་ཡར་སྣེར་ཐབས་ཟླ་བའི་ཐིག་ལེ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་གསར་འཚེར་སྣུམ་འདྲིལ་བདེ་བའི་རང་བཞིན་འཇུག་ལ་ཁད་པ། དེ་ལྟར་གསལ་ཐེབས་པ་དང་། རླུང་རོ་ལན་གསུམ་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་ནས་སྟེང་རླུང་དྲང་པ་རོ་རྐྱང་གི་ལམ་བརྒྱུད་ནས་རྩ་གསུམ་འདུས་མདོར་སླེབས། འོག་རླུང་བསྐུམ་པས་ཐུར་སེལ་གྱི་རླུང་གྱེན་དུ་ལང་པ་དབུ་མའི་སྣེར་ཚུད་དེ། རླུང་གསུམ་གཅིག་ཏུ་གྱུར་པ་དེས་ལྟེ་བའི་ཨཾ་ལ་བུས་པས་ཨཾ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་ལྕེ་འུར་གྱིས་འབར་ཏེ་ཕྲ་བ་གསལ་ལ་འཚེར་བ། རྩེ་མོ་རྣོ་ཞིང་གློག་འཁྱུག་པ་ལྟ་བུ་སོར་རེ་ཙམ་འབར་བ་དང་། དེ་ནས་ཇེ་རིང་ཇེ་རིང་ལ་སྤར་ནས་བུམ་ཅན་བཟུང་ནས་མེ་ལྕེ་ཧཾ་ལ་རེག་པའི་རྐྱེན་གྱི་མུན་ཁོང་ལ་སྒྲོན་མེ་བཏེགས་པ་བཞིན་རྩ་ལམ་ཐམས་ཅད་ཐོགས་མེད་དུ་ལམ་ལམ་མཐོང་བ་དང་ལུས་ནང་ཐམས་ཅད་མེས་གང་སྟེ་ལྕགས་


MLP024_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞུན་བཏང་བ་བཞིན་དམར་ལམ་ལམ་དྲོད་ཚ་འུར་སྐྱེས་པ་མོས་ནས་མི་དམིགས་ཁོ་ན་ལ་ཤེས་པ་གཏད་དེ་རྩེ་གཅིག་ཏུ་བསྒོམ། དེ་ནས་རླུང་ཐེངས་འགའ་རེ་སོང་ཞིང་དྲོད་མྱོང་བ་སྐྱེས་པ་དང་། སྲོག་ཐུར་ལྟེ་བར་སྔར་བཞིན་བཅིངས་མཚམས་ཁྱད་པར་འོག་རླུང་ལྟེ་བར་ལན་གསུམ་དྲངས་ཏེ་འཆིངས། དེ་ལ་སྟེང་རླུང་རྡབས་པས་དུ་བ་ལྟ་བུའི་རླུང་གཤང་སྒོ་ནས་སྔོ་བུན་བུན་འཐོན་པར་བསམ་ལ། ལག་གཉིས་ཁུ་ཚུར་ས་ལ་བཙུགས་པ་སྐྱིལ་ཀྲུང་གི་ངང་ནས་ལུས་ས་ལ་འདེབས་ཤིང་ས་ལ་ལན་བདུན་བརྩམ་བྱ་ཞིང་། ཡང་རེ་འགའ་མེ་ལྕེ་ཕྲ་ཞིང་དྭངས་པ་ཟངས་ཁབ་ལྟ་བུ་དམར་བྲེངས་སེ་འབར་བ་དང་། རེ་འགའ་ཅི་ཡང་མི་དམིགས་པའི་ངང་ལ་མཉམ་བཞག་བྱ་ཞིང་། དེ་ཀུན་ལ་རླུང་གནད་རེ་དང་སྦྱར་ཏེ་རླུང་བདེ་བར་ཟིན་གྱི་བར་མནན་མི་བདེ་ན་ཐོག་མར་མ་བྱང་བར་ཧ་ཅང་དྲག་པ་རང་མ་ཡིན་པར་གཞི་ནས་ཡང་བཟུང་དམིགས་པ་འཛིན་དུས་རླུང་མི་འཇུག་ཅིང་གསལ་བ་དང་སྟེང་རླུང་རྔུབས་ཏེ་མཆིལ་མའི་རྟ་ལ་བསྐྱོན། གནོན་པ་དང་འོག་རླུང་གྱེན་དུ་འཐེན་ལ་ལྟེ་བར་བུམ་ཅན་ཁ་སྦྱོར་དུ་འཆིང་། དམིགས་པ་གསལ་ཞིང་དྲག་ལ་འཇུར་བ་དང་། ཐུན་ཆུང་ལ་གྲངས་མང་བར་བསླབ། བསྒོམ་ཉམས་བཟང་འཕྲོ་ལ་བཅད། སྒོམ་གྱི་སྣ་མ་འདྲོགས་པར་བསྐྱང་། ཁམས་ངན་ཞིང་མ་ལྕོགས་ན་རེ་ཞིག་ངལ་གསོ་ཞིང་གློད། ལུས་ལ་རྔུལ་བྱུང་ན་དྲོད་འཆོར་བས་གོས་སྲབ་ཏུ་གཏོང་། དེས་མ་ཕན་ན་ཐོ་རངས་ཀྱི་དྲི་ཆུ་གྲང་མོ་རྫ་སོ་མར་གྲང་དུ་བཅུག་པས་ལུས་བཀྲུ་ཞིང་ལྕི་ཐལ་འཇམ་པོས་ཀྱང་བྱུག དེར་མ་ཟད་དམིགས་པ་ཕྱིར་ཤོར་བ་དང་། ངལ་གསོ་ཡུན་རིང་བ་དང་རླུང་དང་ཉི་མས་བརྡུངས་པ་གོས་ཟས་ཐུག་པ་དང་། ལན་ཚྭ་ཆེས་པ་དང་ལུས་ལ་རྔུལ་ཐོན་པའི་སྤྱོད་ལམ་དང་སྐྱ་སྐྱུར་སྔ་སྔོགས་ཁ་ཚྭ་རུལ་གསུམ་སོགས་ཚྭ་ཞིང་རྩུབ་པའི་རིགས་དང་ཉིན་མོ་གཉིད་ཁམས་ཉམས་པ་སྤངས། ཁ་ཟས་འཇམ་ཞིང་བཅུད་ཆེ་བ་རྣམས་བསྟེན། སྤྱོད་ལམ་ཧ་ཅང་འཇུར་བ་རང་མ་ཡིན་པའི་ངང་ནས་བཅག་གིས་བསྣུན། ཉམས་མཐོ་དམན་བདེ་སྡུག་གང་སྐྱེས་ཀྱང་སྤང་བླང་དང་དགག་སྒྲུབ་མི་བྱེད་པར་རང་རྒྱལ་དུ་བསྐྱངས། མཚན་མོ་ཉལ་དུས་རབ་སྐྱིལ་ཀྲུང་། འབྲིང་ཙོག་པུ། ཐ་མ་སྔས་མཐོ་བ་བྱས་ལ་གློ་གཡས་


MLP024_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་བཅུག པུས་བྲང་སྦྱར་བའི་ལུས་གསུམ་ལྟབ་ཀྱིས་ཉལ། དེ་གསུམ་གང་བྱེད་ཀྱང་ལག་པ་མདུན་དུ་བསྣོལ་ནས་ལག་མཐིལ་གཉིས་མཁལ་ཁུང་གཡས་གཡོན་ལ་བཀབ། ལྟེ་བའི་ཨཾ་འབར་བ་ལ་སེམས་གཏད་དེ་བར་རླུང་ཅུང་ཟད་བཟུང་བའི་ངང་ནས་གཉིད་དུ་འགྲོ་བར་བྱ། དེས་གཉིད་ཀྱི་འོད་གསལ་ཟིན་པ་དང་། ཉིན་མོ་བསྒོམ་པའི་དྲོད་ཀྱི་རྒྱུན་དེ་མཚན་མོ་མི་ཡལ་བའི་དགོས་པ་ཡོད། གལ་ཏེ་དྲོད་སྐྱེ་བ་བུལ་ན་ལུས་གནད་ཐབས་ལམ་དུ་གསུངས་པ་ལྟར་གཙུབ་ཤིང་གཙུབ་སྟན་གྱི་འཕྲུལ་འཁོར་ལ་འབད། རླུང་སྔ་མ་བཏང་རྗེས་དེ་མ་ཐག་རྔུབས་ཏེ་རྩོལ་བ་དྲག་པོས་བསྒོམ་མ་བསྒོམ་བར་དུ་ངན་ན་བུམ་ཅན་བཞིའམ་བརྒྱད་དམ་བཅུ་བཞི་སོགས་བཞི་ཚན་རེ་རེ་རིམ་པར་བསྐྱེད་པའི་མཚམས་སུ་ངལ་གསོ་བ་ལས་གང་འདོད་དུ་མི་འཇོག་དམིགས་པའང་ཕྱིར་མ་ཤོར་བ་བྱས་ལ་མི་དམིགས་ཁོ་ན་ལ་ཤེས་པ་གཏད་དེ་དྲོད་ལུས་ཐམས་ཅད་ལ་མ་སྐྱེས་ན་གང་དྲོད་ཆུང་བར་མི་དམིགས་དྲག་ཏུ་བསྒོམ་ཞིང་ལག་མཐིལ་གཉིས་ཀྱིས་མཉེ་བར་བྱའོ། །གཉིས་པ་བདེ་བ་ཆོས་ཀྱི་གཏུམ་མོ་ནི། འདི་ཉིད་ལས། དེ་ནས་རླུང་ཐེངས་རེ་རེ་བཞིན་ཧཾ་ལས་བ་ཐག་ལྟ་བུའི་བྱང་སེམས་ཞེས་སོགས་ཏེ་ལུས་གནད་ཆོས་བདུན་བཅས་ལ་དམིགས་གནད་གཏུམ་མོ་སྦར་བར་སྔར་ལྟར་ལས་ཁྱད་པར་རླུང་ཐེངས་རེ་རེ་བཞིན་གཏུམ་མོའི་མེ་ཆོས་བཞི་ལྡན་གློག་གི་ཟེར་མ་ལྟར་འབར་བ་སྤྱི་བོའི་ཧཾ་ལ་རེག་ཧཾ་ལས་བྱང་སེམས་ཀྱི་རྒྱུན་དྭངས་གསལ་བདེ་བའི་རང་བཞིན་བ་ཐག་ལྟ་བུ་སྐྱ་ནར་གྱིས་བབས་རྩ་ནང་ཐམས་ཅད་གང་ཞིང་འཁོར་ལོ་བཞི་སོ་སོར་སླེབས་པ་ན་དགའ་བ་བཞིའི་ཉམས་སྐྱེས་པར་མོས་ཏེ་མགྲིན་པར་མཆོག་དགའ་དང་སྙིང་ཁར་ཁྱད་དགའ་དང་ལྟེ་བར་ལྷན་སྐྱེས་ཀྱི་དགའ་བ་སྟེ་རེ་རེ་ལ་སོ་སོའི་དགའ་ཆུང་བཞི་བཞི་དང་བཅས་པའི་དགའ་བ་བཞིའི་ཉམས་དངོས་སམ་མོས་པ་རྩེ་གཅིག་ཏུ་བསླབ། དེ་ལ་རྟགས་སྣང་གི་རིམ་པ་ཅུང་ཟད་དེ་མཐོང་བ་དང་གཏུམ་མོ་སྦར་བའི་བར་སྔར་ལྟར་ལས། ཁྱད་པར་བུམ་ཅན་ཁ་སྦྱོར་དེ་ཁ་ལ་སྟེང་རླུང་ལྟེ་བའི་ཨཾ་ལ་རྔུབས་པས་སོལ་མེ་ངར་མ་ལ་མར་གསེར་གྱི་རེག་པ་ལྟར་བདེ་བའི་སྒྲ་དང་བཅས་ཏེ་མེ་ཧར་གྱིས་འབར་བ་སྤྱི་བོའི་ཧཾ་ལ་རེག་པས་བྱང་སེམས་དངུལ་


MLP024_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལྟ་བུར་ཁྱོར་གྱིས་ཞུ་བ་ལས་བདུད་རྩིའི་རྒྱུན་སྐྱ་ནར་གྱིས་སམ། མུ་ཏིག་གི་དོག་པ་ལྟ་བུར་ཐིག་ཐིག་བབས་པ་ལྟེ་བའི་མེ་དང་འདྲེས་པས་སྡོང་རྩ་མར་ཁུས་བརླན་པ་ལྟར་མེའི་གསོས་བྱས་དེ་ཆེར་འབར་བས་ཟླ་བ་བདུད་རྩིར་ཞུ་བའི་དྭངས་མས་དབུ་མ་གང་། དེ་ལས་རྩ་ཕྲན་ཐམས་ཅད་དུ་ཟག་པས་ལུས་བ་སྤུ་ཡན་ཆད་མེར་གྱིས་གང་བ་ལ་བདེ་བའི་རོས་ཁྱབ་པར་བསམ་ཞིང་བུམ་ཅན་དང་སྦྱར་ཏེ་འབར་འཛག་སྐྲ་ཤད་འཛིངས་པ་ལྟར་རྒྱུན་མི་ཆད་པར་བྱ༑ དེས་ལུས་ལ་བདེ་བ་དང་། སེམས་ཐོག་ཏུ་དགའ་བའི་ཡེ་ཤེས་སྐྱེས་ཚེ་དེ་ཁའི་རང་ཞལ་ལ་བལྟ་ཞིང་ངང་གདངས་བསྐྱངས་ལ་མཉམ་བཞག་བྱ། དེ་ལྟར་བདེ་དྲོད་ཞལ་སྦྱོར་ལ་འབད་པས་ལས་ཀུན་དྭངས་མས་གང་བའི་བདེ་བ་ཁྱད་པར་དུ་སྐྱེས་ཚེ། དེ་ཉིད་རྩོལ་མེད་ཡུན་དུ་གནས་པའི་ཐབས་ནི་སྤྱི་བོའི་ཧཾ་ལས་བྱང་སེམས་ཀྱི་རྒྱུན་དར་དཀར་གྱི་སྐུད་པ་བཞིན། ལྟེ་བའི་བར་དབུ་མའི་ནང་དུ་སྐྱ་བྲེང་གིས་གནས་པར་བསམ་ལ། དེའི་བདེ་བའི་ངང་ལ་སེམས་རྩེ་གཅིག་ཏུ་བཟུང་བའོ། །གསུམ་པ་བདེ་དྲོད་སྟོང་ཉིད་དུ་རྒྱས་འདེབས་པ་ཡེ་ཤེས་ཀྱི་གཏུམ་མོ་ནི། འདི་ཉིད་ལས་དངོས་སུ་མི་གསལ་ཡང་དོན་ཐོབ་ཀྱི་གསུངས་ཏེ། ཟབ་རྒྱ་ལས། བདེ་དྲོད་དབྱེར་མེད་སྟོང་ཉིད་དུ། །ཞེས་སོགས་ཏེ། དེ་ཡང་དམ་ཚིག་དང་ཆོས་ཀྱི་གཏུམ་མོ་བསྒོམས་པས་བདེ་དྲོད་ཀྱི་ཉམས་སྐྱེས་པའི་ཚེ། ལུས་གནད་ཆོས་བདུན་སྤྱི་ལྟར་ལས་ཁྱད་པར་ལག་ངར་བསྲངས་པའི་ཁུ་ཚུར་ཁ་སྤྲུགས་བརླ་སྟེང་དུ་བཞག རླུང་གནད་བུམ་ཅན་ལྟེ་བར་བཟུང་། ཉིན་མོ་སྤྲིན་དང་བསེར་བུ་མེད་ཅིང་། ནམ་མཁའ་དྭངས་པའི་སྐབས་ཁང་ཐོག་ལྟ་བུ་བླ་གབ་མེད་པའི་སར་རླུང་དང་ཉི་མ་སྐྱོབ་པའི་ཐབས་བྱས་ཏེ། སྔ་དྲོ་ཁ་ནུབ་དང་། ཕྱི་དྲོ་ཤར། ས་ཁད་ཡངས་སར་བལྟ། བདེ་ན་ཉིན་གུང་ཁ་བྱང་དུ་ཕྱོགས་པར་མིག་གནད་རྫི་མ་མི་རྡིབ་ཅིང་མིག་འབྲས་མི་འགྱུར་བར་ཤིན་ཏུ་དང་བ་དྲག་པོའི་མིག་གི་བལྟ་སྟངས་སྨིན་མཚམས་ཁྲུ་གང་ཙམ་གྱི་ཐད་ཀའི་ནམ་མཁར་གཏད་པ་ལ་སེམས་མི་འཕྲོ་བའི་རྟེན་ཙམ་བྱ་སྟེ། དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་ནས་རླུང་སེམས་ནམ་མཁའ་གསུམ་འདྲེས་པ་ལྟ་བུའི་ངང་ལ་རེས་སྒྲིམ། རེས་གློད་པ་རེ་མོས་ཀྱི་


MLP024_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་འཇོག མཚན་མོ་ལུས་གནད་དང་རླུང་གནད་འདྲ་བ་ལས་ཁྱད་པར་ཐད་ཀའི་ལྟ་སྟངས་མིག་ཕྱེད་གདངས་ཀྱི་རྫི་མ་མི་རྡིབ་ཅིང་མིག་འབྲས་དེ་མ་འགུལ་བས་གང་དུ་གཏད་པའི་བར་སྣང་ནག་མཐིང་ངེ་བ་ལ་སེམས་མི་འཕྲོ་བའི་རྟེན་ཙམ་བྱས་ཏེ། སེམས་གནད་སྔར་བཞིན་སྒྲིམ་གློད་རེས་འཇོག་གིས་བསྒོམ། གང་ལྟར་ཡང་ལུས་གནད་ལྟ་སྟངས་བཅུན་ལ་བསྒོམ་ཉམས་བཟང་འཕྲོ་མ་བཅད་དེ་ཐུན་ཆུང་ལ་གྲངས་མང་བས་ཡང་ཡང་བསླབ། དེས་སྐྱོ་ན་སེམས་ཧ་ཅང་མ་སྒྲིམ། ཧ་ཅང་མི་གློད་པར་རང་བབས་སུ་ཤིག་གེ་བཞག་པ་ལ་ངལ་གསོ། དེ་ལྟར་ཉིན་མཚན་གྱི་རྣལ་འབྱོར་གཉིས་གཅིག་ཏུ་དྲིལ་ནས་ཉམས་སུ་བླངས་པས་སེམས་ཟིན་པས་རླུང་ཟིན། དེ་ཟིན་པས་སྟོང་གཟུགས་ཀྱི་འཆར་སྒོ་རྣམས་སྔར་དྷཱུ་ཏིའི་སྐབས་ལས་གསལ་བརྟན་དུ་འགྱུར་ཞིང་དེ་རྣམས་མི་གཡོ་བར་བརྟན་ན་མིག་འབྲས་བསྒྱུར་བ་དང་བར་ཐག་རིང་ཐུང་མ་ངེས་པའི་མཁའ་ལ་འཁྲིད་དེ་རྟགས་སྣང་རྣམས་ལ་ལྟ་སྟངས་གཏད་དེ་མ་ཡེངས་པར་ཅེ་རེ་བལྟ་བ་དང་། སྟེང་འོག་མ་ངེས་པར་ཤུགས་ཕྱུངས་ཏེ། རྟགས་སྣང་མཁའ་ལ་མཐོ་ན་རིམ་གྱིས་ཕབ་སྟེ་ལས་སྣང་གང་རུང་ཞིག་གི་སྟེང་དུ་སེམས་བཟུང་བ་དང་།ཡང་སྟོང་གཟུགས་མིག་གི་ཐད་ཀའི་འོག་ཏུ་འཆར་བ་ལྟ་སྟངས་རིམ་གྱིས་གཏད་དེ་ལས་སྣང་དང་བསྲེས་པས། ལས་སྣང་དེ་ཡང་སྟོང་གཟུགས་སུ་འཆར་ཞིང་། དེ་དག་ལ་སེམས་བཟུང་བས་མ་དག་པའི་ལས་སྣང་འགགས་ནས་སྣང་བ་ཐམས་ཅད་སྟོང་གཟུགས་སུ་འཆར་བ་དང་། དེ་ཡང་མགོ་བོ་དྲང་པོར་བཞག་སྟེ་སྣ་བུག་གཉིས་ཀྱི་ཐད་ཀར་གཏད་དེ་སྟོང་གཟུགས་བཟུང་ན་རླུང་ལྔའི་ཁ་དོག་མཐོང་བ་དང་། ལྟེ་འོག་སྤུ་དཀར་ནག་གི་མཚམས་སུ་བཟུང་ན་བདེ་དྲོད་འཆར་ཞིང་མཐར་དབུ་མ་དང་རྩ་འཁོར་ཐམས་ཅད་མཐོང་བར་བཤད་ཅིང་། དེ་དག་རྣམས་ལ་མ་ཆགས་མི་གཡོ་བར་ལྟ་སྟངས་གཏད་དེ་བོགས་འབྱིན་པར་བྱེད་ཅིང་ཉམས་སུ་བླངས་པས། བརྟན་པ་ན་དེའི་དབུས་སུ་བརྟན་གཡོའི་འཇིག་རྟེན་གྱི་ཁམས་སོགས་དག་མ་དག་གི་སྣང་བ་དཔག་ཏུ་མེད་པ་སྒྲིབ་མེད་གསལ་པོར་མཐོང་ཞིང་། ལུས་སེམས་ལ་བདེ་གསལ་རྣམ་པར་མི་རྟོག་པའི་རང་བཞིན་འོད་གསལ་གྱི་ངང་ཉིད་དུ་གནས་པའི་ཉམས་བཟང་


MLP024_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། ཟད་པར་གྱི་སྐྱེ་མཆེད་དང་། སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་མཐའ་ཡས་པར་འཆར་བར་གསུངས་སོ། །དེ་དག་རྣམས་ནི་གཏུམ་མོ་ཙཎྜ་ལིའི་རྣལ་འབྱོར་རོ། །གསུམ་པ་བཀོད་པ་བྱང་ཆུབ་ཀྱི་སེམས་དག་པར་བྱེད་པ་བདེ་བའི་རྣལ་འབྱོར་ལ་གསུམ་སྟེ། སྟེང་སྒོ་འཇུ་འདུལ་མན་ངག་ཉི་ཟླ་ཁ་སྦྱོར་དང་། འཁོར་འདས་བསྡུ་ཞུའི་མན་ངག་རྗེས་ཞིག་གི་རྣལ་འབྱོར། དེ་ཉིད་ཐུགས་ཀྱི་འོད་གསལ་དང་མཚམས་སྦྱར་བའོ། །དང་པོ་སྟེང་སྒོ་འཇུ་འདུལ་གྱི་མན་ངག་ཉི་ཟླ་ཁ་སྦྱོར་ནི། འདི་ཉིད་ལས། དེ་ནས་ཡང་ལྷ་མོའི་སྐུ་སྔར་ལྟར་བསྒོམ། རླུང་གཉིས་རྩེ་སྤྲད་པས་ཞེས་སོགས་ཏེ། དེ་ཡང་ལུས་གནད་ཆོས་བདུན་སྤྱི་ལྟར་ལས་དམིགས་གནད་རང་ཉིད་ལྷ་མོའི་སྐུར་གསལ་བའི་སྐུ་ལ་རྩ་གསུམ། ལྟེ་བར་ཆོས་འབྱུང་སྟེང་འོག་གཉིས་སུ་ཨཾ་དང་ཧཾ་ཡིག་བཅས་གཏུམ་མོ་སྦར་བའི་བར་ཆོས་ཀྱི་གཏུམ་མོ་ལྟར་གསལ་ལེགས་པར་བཏབ། དེ་རྣམས་ཐེབས་པ་དང་། རླུང་རོ་བསལ་ལྟེ་བར་སྲོག་ཐུར་གྱི་རླུང་གཉིས་རྩེ་སྤྲད་དེ་བུམ་ཅན་སྦྱོར་བ་བཞི་ལྡན་གྱི་ལྟེ་བའི་གཏུམ་མོ་སྦར། དེ་ལས་གཏུམ་མོའི་མེ་ཆོས་བཞི་ལྡན་གློག་ཁྱུག་པ་ལྟར་དྷཱུ་ཏིའི་ལམ་ནས་སོང་བས་ལུས་ནང་ཐམས་ཅད་མེས་གང་། དེ་ལས་དབང་པོ་དང་བ་སྤུའི་སྒོ་ཐམས་ཅད་ནས་མེའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་གདོན་བགེགས་ཐམས་ཅད་སྲེག་བཅོམ་སྟེ་དྭངས་མ་རྣམས་འོད་གསལ་བར་བྱས་ནས་རང་ལ་བསྡུས། མེ་སྤྱི་བོའི་ཧཾ་ལ་རེག་པས་རྩ་ནང་གི་བྱང་སེམས་ཐམས་ཅད་ཞུ་བ་སྤྱི་བོའི་ཧཾ་ཡིག་ལ་བསྡུས། དེ་ལས་བྱང་སེམས་དར་དཀར་གྱི་སྐུད་པ་བཞིན་སྐྱ་ནར་གྱིས་བབས་པས། སྤྱི་བོ་ལ་སོགས་པའི་འཁོར་ལོ་བཞིར་ཡས་བརྟན་གྱི་དགའ་བཞིའི་འགྲོས་ཀྱི་རིམ་བཞིན་བབས་པས་ལྟེ་བ་ཡན་ཆད་དྭངས་མས་གང་ཞིང་འཁྱིལ་བ་དེ་ལས་དྭངས་མའི་དྭངས་མ། ཡེ་ཤེས་སྙིང་པོའི་ཐིག་ལེ་དཀར་གསལ་ཡུངས་འབྲུ་ཙམ་པ་འོད་ཟེར་འཕྲོ་བ་ཞིག་གསང་བའམ། ཡང་ན་པདྨའི་སྣ་རྩེར་མགལ་མེའི་འཁོར་ལོ་ལྟར་གཡོན་དུ་ཁིར་ཁིར་འཁོར་བས་ལུགས་འབྱུང་གི་དགའ་བཞི་ཉམས་སུ་མྱོང་བའི་མཐར་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་བཟོད་མེད་དུ་སྐྱེས་པར་བསམ་ལ་དེའི་ངང་གདངས་བསྐྱངས་ཤིང་


MLP024_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བཞག་ལ་རྩེ་གཅིག་ཏུ་བསླབ། དེ་ལ་གོམས་འདྲིས་བརྟན་པ་ན། ཀལྤོ་ལས། རྒྱ་མཚོ་རི་རབ་ལོགས་ལ་བཀན། །གླིང་བཞི་དབང་དུ་བསྡུ་བ་དང་། །རོ་འཛིན་ངག་གི་གནས་སུ་སྦྱར། །དབང་པོའི་མཆོག་གི་སྟེང་དུ་བཞག །ངག་སྟོབས་ཧཱུཾ་དྲག་རིང་དུ་དྲངས། །ཞེས་པ་ལྟར། ལུས་གནད་ཆོས་བདུན་ལས། ལག་གཉིས་ཐུགས་ཀར་བསྣོལ། ལྟོ་བ་ཚིགས་པ་ལ་བཅེར། ཉྭ་བཞི་སྒྲིམ་ཞིང་། རྐང་ལག་གི་སོར་མོ་རྣམས་དྲག་ཏུ་བསྐུམ། ལྕེ་རྩེ་རྐན་ལ་གཏད། མིག་བསྒྲད་ནས་གྱེན་དུ་ལྡོག རླུང་གནད་འོག་སྒོ་དྲག་ཏུ་གློད་ཅིང་རླུང་འདྲེན་དྲག་པོས་སྲོག་ཤུགས་ཀྱི་ཕྱིར་བསལ། སེམས་གནད་མིག་ཡིད་རླུང་གསུམ་སྤྱི་བོའི་ཧཾ་ལ་གཏད་དོ། །དྭངས་མའི་དྭངས་མ་ཡེ་ཤེས་སྙིང་པོའི་ཐིག་ལེ་ཉིད་གསང་གནས་སམ་པདྨའི་སྣའམ་སྣ་རྩེར་འཁོར་བ་དེ་ཉིད་ཀྱིས་མཚོན་དྭངས་མ་རྣམས་ལྟེ་བ་ལ་སོགས་པའི་འཁོར་བཞིར་མས་བརྟན་གྱི་དགའ་བཞིའི་འགྲོས་ཀྱི་རིམ་གྱིས་དྲངས་ནས་སྤྱི་བོའི་ཧཾ་ལ་སིབ་སིབ་ཐིམ་པས་ལུགས་ལྡོག་གི་དགའ་བཞི་ཉམས་སུ་མྱོང་བའི་མཐར་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་ཆེན་ཡེ་ཤེས་ཀྱི་རང་རྩལ་འགག་མེད་ཀྱི་རོལ་པར་འཆར་བ་ལ་མི་གཡོ་བར་དེའི་ངང་གདངས་བསྐྱངས་ཤིང་མཉམ་བཞག་ལ་ནན་ཏན་གྱིས་བསླ བས་ཤིང་། དེས་ནི་བྱང་སེམས་བཟུང་ལྡོག་གཉིས་ཀ་བྱེད་པར་འགྱུར་རོ། །གཉིས་པ་འཁོར་འདས་བསྡུ་ཞུའི་མན་ངག་རྗེས་ཞིག་གི་རྣལ་འབྱོར་ནི། འདི་ཉིད་ལས། དེ་ནས་སྣོད་བཅུད་འོད་གསལ་དུ་བཅུག་ནས་ཞེས་སོགས་ཏེ། རང་ཉིད་ལྷ་མིའི་ལྟེ་བའི་ཨཾ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་སྣོད་བཅུད་རྣམས་ལ་ཕོག་པས་ཐམས་ཅད་འོད་དུ་ཞུ་ནས་རང་ལྷ་མོར་གསལ་བ་ལ་བསྟིམ། དེ་དབུ་མ་ལ་ཐིམ། དེ་ཡང་ཆོས་འབྱུང་དང་། ཨ་ཧཾ་གཉིས་ལ་རིམ་གྱིས་བསྡུས། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འོད་གསལ་སྟོང་ཉིད་ཀྱི་ངང་ལ་བློ་རྩེ་གཅིག་ཏུ་མཉམ་བཞག་བྱ་ཞིང་། འོད་གསལ་དེ་ལས་ལྡང་བ་ན་ཆུ་ལས་ཆུ་བུར་རྡོལ་བ་བཞིན་སྐད་ཅིག་གི་ལྷ་སྐུར་སྔར་ལྟར་ཡང་ཡང་སྦྱོང་ཞིང་བསླབ་པའོ།། གསུམ་པ་གཉིད་འཐུག་གི་འོད་གསལ་དང་མཚམས་སྦྱར་བ་ནི། འོག་ཏུ་ཡན་ལག་གི་སྦྱོར་


MLP024_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐབས་སུ་འཆད་པའོ། །དེ་ནས་ཐུན་རྗེས་རྣམས་སུ་བྱང་སེམས་དབབ་པ། བཟུང་ལྡོག་ཁྱབ་དང་། དེ་ཉིད་རླུང་དང་བསྲེ་ཞིང་དབྱིངས་སུ་བསྐྱལ་བས་རླུང་གི་ཡོན་ཏན་སེམས་ལ་བསྟིམ་པ་རྣམས་ཚང་བ་རེ་བྱས་ན་ལེགས་གསུངས་པས། བྱང་སེམས་དབབ་པ། བཟུང་བ། ལྡོག་ནས་སྤྱི་བོའི་བར་བརྟན་པའི་བར་སྔར་བཞིན་སོང་བ་དང་། དེ་ཉིད་ཁྱབ་པར་དགྲམ་པ་ནི༑ ཀལྤོ་ལས། རྣམ་རོལ་རྒྱ་ཡི་ལུས་ལ་དགྲམ། །ཞེས་པས། ལུས་རྡོར་སྐྱིལ་དྲང་པོར་བསྲང་། རླུང་བུམ་ཅན་ལྟེ་བར་སྲོག་ཐུར་ཁ་སྦྱར་ཏེ་ལག་གཉིས་ཀྱིས་མཐེའུ་ཆུང་དང་། སྲིན་ལག་གཉིས་ཀྱིས་མཆུ། གུང་མོ་གཉིས་ཀྱིས་སྣ། མཛུབ་མོ་གཉིས་ཀྱིས་མིག་མནན། མཐེབ་ཆེན་གཉིས་ཀྱིས་རྣ་བ་རྣམས་བསྡམས་ལ། གྲུ་མོ་གཉིས་བརྐྱང་ནས། ལུས་གཡས་གཡོན་སོ་སོར་དྲག་པོར་ལན་གསུམ་བསྐོར་རྗེས་ལག་གཉིས་བརྐྱང་སྟེ་ཧ་ཞེས་སྒྲ་དང་བཅས་ཏེ་ལུས་ཆ་ཆ་ནས་སྤྲུག་པ་སེང་གེ་རྣམ་རོལ་ལོ། །རླུང་དང་བསྲེ་བ་ནི། དེ་རྗེས་བུམ་ཅན་བདུན་ཙམ་བཟུང་བ་དང་། དེ་དང་ལྷན་ཅིག་སེམས་གནད་དེ་དང་ཅི་འདྲེས་སུ་བསླབ། དེ་ཉིད་དབྱིངས་སུ་བསྐྱལ་ཞིང་རླུང་གི་ཡོན་ཏན་སེམས་ལ་བསྟིམ་པ་གོང་དུ་ཡེ་ཤེས་ཀྱི་གཏུམ་མོར་བཤད་པ་ལྟར་རམ། ཡང་ན་བདེ་དྲོད་ཀྱི་ཉམས་སྐྱེས་པའི་ཚེ། ལུས་གནད་ཆོས་བདུན་དང་། རླུང་གནད་བུམ་ཅན་དང་སྦྱར་ཏེ་དམིགས་གནད་དྲོད་དང་བདེ་བའི་ཡེ་ཤེས་སྐྱེས་པ་དེ་ཁའི་རང་ངོ་ལ་ཅེར་གྱིས་བལྟས་པས། བདེ་དྲོད་ཀྱི་གདངས་མ་འགགས་ལ་དེའི་རང་བཞིན་གང་དུ་ཡང་མ་གྲུབ་ཅིང་ཅིར་ཡང་འཆར་ཞིང་ངོས་བཟུང་ཐམས་ཅད་དང་བྲལ་བའི་བློ་འདས་སྤྲོས་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ལྷག་གིས་འཆར་བ་ན་དེ་ཀའི་ངང་ལ་མཉམ་པར་བཞག་པས་གོང་གསལ་རྣམས་ལ་ཉམས་མྱོང་སྐྱེས་པ་ལ་ཡེ་ཤེས་ཀྱི་རྒྱས་ཐེབས་པར་འགྱུར་ཞིང་རླུང་གི་ཡོན་ཏན་སེམས་ལ་ཐིམ་པས་ཀ་དག་བདེ་བ་ཆེན་པོའི་ཡེ་ཤེས་ལ་འདའ་བར་འགྱུར་རོ། །དེ་དག་རྣམས་ནི་བདེ་བའི་རྣལ་འབྱོར་རོ། །༈ གཉིས་པ་ཡན་ལག་གི་རྣལ་འབྱོར་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་དངོས་ལ་གཉིས་ལས། དང་པོའི་ཉིན་མོའི་རྣལ་འབྱོར་ནི། འདི་ཉིད་ལས། རང་ཉིད་ལྷ་མོའི་སྐུར་


MLP024_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་སྤྱི་བོར་བདུད་རྩིའི་ཐིག་ལེ་དང་ལྟེ་བར་མེའི་ཐིག་ལེ་ཞེས་སོགས་ཏེ། ཉི་ཟླ་ཁ་སྦྱོར་དང་རྗེས་ཞིག་གི་རྣལ་འབྱོར་ལ་ཉམས་འོག་ཏུ་ཆུག་པ་དང་། རང་ཉིད་ལྷ་མོའི་སྐུར་སྟོང་གསལ་སྒྲིབ་ཐོགས་དང་བྲལ་བའི་ལུས་ཀྱི་དབུས། རྩ་གསུམ་དང་ཆོས་འབྱུང་ཨ་ཧཾ་དང་བཅས་པ་སྔར་བཞིན་གསལ་བ་ལས་ཁྱད་པར་ལག་གཉིས་ཁུ་ཚུར་པུས་མོའི་སྟེང་དུ་བཀབ་སྟེ་རླུང་རོ་བསལ། དེ་ནས་སྲོག་ཐུར་གྱི་རླུང་གཉིས་ལྟེ་བར་བུམ་ཅན་ཁ་ཤས་བཟུང་རྗེས་ལྟོ་བ་ཚིགས་པ་ལ་གཅེར་ཏེ་ཁོང་འདྲེན་དྲག་པོས་སྲོག་གི་རླུང་ཕྱིར་བསལ་བ་དང་ལྷན་ཅིག་གཏུམ་མོའི་མེ་ཧར་གྱིས་སྦར་བ་སྤྱི་བོའི་ཧཾ་ལ་རེག་པར་བསམ་རླུང་ཕྱིར་ཐུབ་ཚད་མནན་ནས་བཟུང་། མི་ཐུབ་ན་ནང་དུ་དྲངས་ལ་དྲག་ཏུ་རྔུབས་པ་དང་ལྷན་ཅིག་སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན་ཕབ་ནས། ལྟེ་བའི་ཨཾ་ལ་བསྟིམ་སྟེ་སྲོག་གི་རླུང་ཐུར་སེལ་ལ་བསྟུན་ནས་བུམ་ཅན་བཟུང་བ་དང་སེམས་ཉིད་ཐད་ཀའི་ནམ་མཁའ་དང་ཤུགས་ཀྱིས་བསྲེས་ཏེ་བློ་འདས་ཆོས་སྐུ་བདེ་བ་ཆེན་པོའི་ཡེ་ཤེས་ལ་འདའ་ཞིང་། མཉམ་བཞག་བྱ། དེ་ལ་ཡང་ཡང་བསླབ་རྗེས། མཐར་ལུས་གནད་སྔར་བཞིན་གྱི་སྟེང་ནས་བུམ་ཅན་བཟུང་ཁྱད་པར་ལྟོ་བ་ཕྱིར་བསྐྱེད་ལ་ལུས་གཡས་གཡོན་རེ་མོས་ཀྱི་གསུམ་གསུམ་བཅུས་རྗེས་ཧལ་ཞེས་སྒྲ་དང་བཅས་ལག་བརྐྱང་སྟེ་ལུས་སྤྲུག་པ་དང་ལྷན་ཅིག་འབེབས་ལན་གསུམ་ཙམ་གྱི་མཐའ་བརྟེན་པ་རེ་བྱའོ། །དེ་ལ་གོམས་འདྲིས་བརྟན་པ་ན། མཉམ་བཞག་ཡེ་ཤེས་དེའི་རྒྱུན་ཐུན་རྗེས་སམ། རྗེས་ཐོབ་ཏུ་བརྐྱང་པ་ནི༑ ལུས་དབང་གི་གནད་ཕལ་ཆེར་འདྲ་བ་ལས། ཅུང་ཟད་རང་བབས་སུ་གློད། རླུང་གནད་འཇམ་རླུང་རང་འགྲོས་སམ། བར་རླུང་སྦྱར་དམིགས་གནད་སྔར་ལྟར་རང་ལྷ་མོར་གསལ་བའི་སྐུ་ལ་རྩ་གསུམ་ཆོས་འབྱུང་ཐིག་ལེ་གཉིས་དང་བཅས་པ་གསལ་བའི་ངང་ནས། ༀ་ལས་གཏུམ་མོའི་མེ་ཟངས་ཁབ་ལྟ་བུ་དམར་བྲེང་གིས་རང་བབས་སུ་འབར་བ་དེ་ལས་ཇེ་རིང་ཇེ་རིང་དུ་སྤར་ནས་སྤྱི་བོའི་ཧཾ་ལ་རེག་པས་དེ་ལས་དར་དཀར་གྱི་རྒྱུན་སྐུད་པ་ལྟ་བུ་སྐྱ་ནར་གྱིས་བབས་པ་ལྟེ་བའི་ཨཾ་ལ་ཐིམ་པས་མེ་ཆུའི་འགྲོས་ཀྱི་འབར་འཛག་སྐྲ་ཤད་འཛིངས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་རྒྱུན་ཆགས་པར་བསྒོམ་པས་བདེ་དྲོད་ཀྱི་ཡེ་


MLP024_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྩལ་ཁ་ཕྱོགས་མེད་དུ་རྒྱས་ནས་ཉམས་མྱོང་སྲོལ་དུ་ཆུབ་པས་མངོན་སུམ་གཏན་ལ་ཕེབས་པར་འགྱུར་རོ། །གཉིས་པ་མཚན་མོའི་རྣལ་འབྱོར་ནི། ཉིན་པར་བདེ་བའི་རྣལ་འབྱོར་གྱི་རྗེས་ཞིག་སྣོད་བཅུད་འོད་གསལ་སྟོང་ཉིད་དུ་སྦྱངས་ནས་མཉམ་པར་བཞག་སྟེ་བསླབ་པས། ཕྱི་ནང་གི་འབྱུང་བའི་བསྡུ་རིམ་གྱི་དུས་ཀྱི་བདེ་བའི་ཡེ་ཤེས་དང་སྟོང་ཉིད་ལ་མཉམ་པར་བཞག་པའི་དུས་ཀྱི་སྟོང་པའི་ཡེ་ཤེས་ངོས་ཟིན་པར་བྱས་ལ། སྟོང་ཉིད་དེའི་ངང་ལས་ཆུ་དྭངས་པ་ལ་ཉ་ལྡང་བའི་ཚུལ་དུ་སྐད་ཅིག་གི་ལྷ་སྐུར་ཡང་ཡང་ལྡང་བའི་གོམས་སྟོབས་ཀྱིས་མཚན་མོ་གཉིད་ཉལ་ཁར་འདུན་པ་བསྒྱུར་ཙམ་གྱི་རྨི་ལམ་རང་ཤུགས་སུ་ཟིན་རང་ཉིད་འོད་གསལ་དུ་འཇུག་པ་དང་། ལྷ་སྐུར་ལྡང་བ་སོགས་འབྱུང་སྟེ། རྣམ་སྣང་མངོན་སྦྱང་ལས། འཇའ་ཚོན་ལྟ་བུའི་ལུས་འདི་ནི། དེ་ཉིད་གོམས་པས་ཐོབ་པར་འགྱུར། །ཞེས་དང་། སྒྱུ་འཕྲུལ་ལམ་རིམ་ལས། རྨི་ལམ་ནའང་སྒྱུ་མར་མཐོང་། །ཞེས་གསུངས་པ་བཞིན་དེ་ལྟར་འགྱུར་མོད་ཀྱང་། ཉམས་མྱོང་སྐྱེ་སླ་ཞིང་སྐྱེས་པ་སྤེལ་བའི་ཕྱིར། འདི་ཉིད་ལས་རྨི་ལམ་བཟུང་བ་ནི་མགྲིན་པར་པདྨ་དམར་པོ་འདབ་བཞི་པའི་དབུས་དང་ཕྱོགས་བཞི་བཞི་སོགས་ཏེ། དེ་ཡང་ཉིན་མོའི་ཉི་ཟླ་ཁ་སྦྱོར་དང་རྗེས་ཞིག་སྣོད་བཅུད་བསྡུ་བའི་རིམ་པ་ལ་བསླབ། མཚན་མོའི་དུས་ལུས་ཀྱི་གནད་སྤྱོད་ལམ་དལ་བ་བསྟེན་ནས་རབ་སྐྱིལ་ཀྲུང་། འབྲིང་ཙོག་པུ། ཐ་མ་སྔས་མཐོ་བ་ལ་མགོ་བྱང་དུ་ཕྱོགས་པས་ལུས་སུམ་ལྟབ་ཀྱི་གློ་གཡས་འོག་ཏུ་བཅུག་ནས་སེང་གེའི་ཉལ་སྟབས་ཀྱིས་ཉལ། རླུང་གནད་བར་རླུང་དང་སྦྱར། དམིགས་གནད་རྨི་ལམ་འདུན་ཤུགས་དྲག་པོའི་ངང་ནས། རང་ཉིད་ལྷ་མོའི་སྐུ་གསལ་སྟོང་སྒྲིབ་ཐོགས་དང་བྲལ་བ་སྔར་བཞིན་གསལ་བཏབ་པའི་མགྲིན་པར་པད་འདབ་དམར་པོ་འདབ་བཞིའི་དབུས་དང་ཕྱོགས་བཞིར་ཐིག་ལེ་དམར་ཆེ་ཆུང་སྲན་མ་ཙམ་པ་གསལ་འཚེར་འོད་ཟེར་འཕྲོ་བ་ལྔ་ཚོམས་སུ་བསྒོམ། དེ་རྣམས་གསལ་ཐེབས་པ་དང་། འདབ་མ་རྣམས་རིམ་བཞིན་ཐིག་ལེ་ལ་བསྡུས། ཐིག་ལེ་བཞི་པོ་ཡང་རིམ་བཞིན་ཐིག་ལེ་དབུ་མ་ལ་བསྡུས། ཐིག་ལེ་དེའི་འོད་ཀྱི་ནམ་མཁའ་དྭངས་པ་ལ་ཉི་འོད་ཤར་བ་བཞིན་ཕྱི་ནང་སྣོད་བཅུད་ཐམས་ཅད་དྭངས་གསལ་གཡོ་བ་མེད་པའི་ངང་ལ་དྲན་འདུན་གྱི་


MLP024_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་གཉིད་དུ་འགྲོ་བར་བྱ། གལ་ཏེ་གཉིད་མ་བྱུང་ན་ཡང་བསྐྱར། འཕྲོ་རྒོད་ཀྱིས་གཡེང་ན་རིག་པ་སྒྲིམ་ལྷོད་སྙོམ་ལ་ངང་བསྲིངས་ཏེ་རྨི་ལམ་དང་གཉིད་ཀྱི་བར་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་བྱ། ཅུང་ཟད་རྣམ་རྟོག་གིས་བསྐྱོད་ནའང་མུ་འབྱམས་སུ་མ་སོང་བར། སྐྱེས་མཚམས་ནས། དེ་ལ་སྐྱོན་ཡོན་དང་། སྤང་བླང་བསུ་སྐྱེལ་གང་ཡང་མི་བྱེད་པར་དམིགས་རྟེན་གྱི་ཐིག་ལེ་ལ་སེམས་བརླན་ཏེ་བཞག་པས། སད་དུས་ཀྱི་སྣང་བ་རགས་པ་ནུབ་གཉིད་འཐུག་པོ་རང་མིན་པའི་གཉིད་དང་རྨི་ལམ་གྱི་སྣང་བའི་བར་དེར། རྣམ་རྟོག་སྣང་བ་ར་རི་ཞིག་འབྱུང་བ་དེ་རྨི་ལམ་གྱི་རྒྱུ་ཡིན་པས། དེ་ངོས་ཟིན་པ་བྱས་ན། དེ་ཁབ་མིག་ཏུ་སྐུད་པ་ཚུད་པ་ལྟར་རྨི་ལམ་མུ་འབྱོར་ཞིང་ཟིན་སླ་བར་འགྱུར། དེ་ལས་རྗེས་ཞིག་ན་གཉིད་འཐུག་གི་སྐབས་ཀྱི་སྟོང་པའི་ཡེ་ཤེས་རྨི་ལམ་མེད་པའི་གསལ་སྟོང་ཉིད་ནམ་མཁའི་དབྱིངས་ལྟར་སྣང་བ་ལ། དེའི་རང་རྩལ་བདེ་རླུང་ལྷའི་སྐུར་མངོན་པར་ལྡང་བར་འགྱུར་གསུངས། དེ་ལྟར་རྨི་ལམ་ཟིན་ཅིང་བསྟན་པ་ནི། ཉིན་པར་སྣང་བ་ཐམས་ཅད་རྨི་ལམ་གྱི་དྲན་འདུན་དྲག་པོ་དང་སྦྱར་ཏེ། བདེ་བའི་རྣལ་འབྱོར་གྱི་ཉི་ཟླ་ཁ་སྦྱོར་དང་། རྗེས་ཞི ག་གི་སྣོད་བཅུད་འོད་གསལ་དུ་འཇུག་ཅིང་། དེ་ལས་མེ་ལོང་ནང་གི་གཟུགས་བརྙན་བཞིན་འོད་གསལ་དེ་ལས་ལྷ་སྐུར་ལྡང་བའི་རྣལ་འབྱོར་ཁོ་ན་ལ་རྩེ་གཅིག་ཏུ་བསླབ་ཅིང་། མཚན་མོ་ཉལ་དུས་དོ་ནུབ་གཉིད་འོད་གསལ་དང་། རྨི་ལམ་ལྷ་སྐུ་སྒྱུ་མ་ལྟ་བུར་ལྡང་བར་བགྱིའོ་སྙམ་པའི་དྲན་འདུན་དྲག་པོས་སྔར་བཞིན་མགྲིན་པའི་ཐིག་ལེ་ལ་སེམས་བཟུང་ནས་ཉལ་བས་གཉིད་དང་རྨི་ལམ་གྱི་རྒྱུན་འགགས་ནས་གཉིད་འོད་གསལ་དང་རྨི་ལམ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་ཞིང་། དེ་ལས་ཉིན་མཚན་གཉིས་བསྲེ་ནུས་ཤིང་ཏིང་ངེ་འཛིན་ལ་རང་དབང་འབྱོར་བས་ཡེ་ཤེས་ཀྱི་སྣང་བ་རབ་འབྱམས་སུ་འཆར་ཞིང་ཐམས་ཅད་ལ་རྒྱས་ཐེབས་པར་འགྱུར་གསུངས། གཞན་ཡང་རྨི་ལམ་གྱི་རྟེན་དེ་ལ། ཉིན་པར་རྨི་ལམ་འདུན་པའི་སྣང་བ་ཐམས་ཅད་ཞི་ཁྲོའི་སོ་སོའི་སྐུ་བསྒྱུར་ཞིང་། དེ་ནས་མང་པོ་སྤེལ་བ་དང་། ཡང་ཐམས་ཅད་གཅིག་ཏུ་བསྡུ་བ་དང་། རེས་འཁོར་བའི་ལས་སྣ་ཚོགས་དང་སྦྱར་ཏེ་ལས་སྣང་སོ་སོར་བསྒྱུར་ཞིང་དེ་ལས་


MLP024_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་སྤེལ་ནས་གཅིག་ཏུ་བསྡུ་བ་དང་། རེས་དག་པའི་ཞིང་ཁམས་བདེ་བ་ཅན་སོགས་དག་ཞིང་རྣམས་སུ་ཐོགས་མེད་དུ་ཕྱིན་ཏེ་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཞལ་མཇལ་དབུགས་དབྱུང་ལུང་སྟོན་པ་དང་། རེས་རྩ་བའི་བླ་མའི་དྲུང་དུ་ཕྱིན་ནས་ཞལ་མཇལ་ཞིང་གསུང་ངག་གི་བདུད་རྩི་མྱོང་ནས་དེའི་དོན་ལ་བསམ་སྒོམ་གཉིས་ཀྱིས་སྒྲོ་འདོགས་གཅོད་པ་དང་། རེས་འགྲོ་བ་སོ་སོའི་ཞིང་ཁམས་རྣམས་སུ་དེ་དང་དེའི་གཟུགས་སུ་སྤྲུལ་ནས་སོ་སོའི་རེ་བ་སྐོང་ཞིང་དོན་བྱེད་པ་སོགས་རང་གི་བློ་ལ་གང་འདོད་དུ་སྤྲུལ་བསྒྱུར་བྱེད་ཅིང་། ཡང་རེས་འགའ་མེ་ཆུ་གཡང་སོགས་དང་སྲོག་ཆགས་གཅན་གཟན་སོགས་ཀྱིས་མཚོན་འཇིགས་སྐྲག་གི་སྣང་བ་དང་སྦྱར་ཏེ་གང་ཡ་ང་ཟ་དེར་ཐོག་རྫིས་ཀྱི་གཉེན་པོ་སྤྲད་ནས་མེད་སྣང་སྒྱུ་མའི་རང་རྩལ་བརྡོལ་ནས་བདེན་མེད་སྒྱུ་མ་ལྟ་བུ་ལ་འདའ་བར་བསླབ་པའོ། །དེ་ལྟར་ཉིན་པར་སྣང་བ་ཐམས་ཅད་རྨི་ལམ་དང་སྦྱར་ཏེ་དོན་རྣམས་ཉམས་འོག་ཏུ་ཆུབ་པར་བྱས་པའི་དབང་གིས་མཚན་མོ་ཉལ་དུས་རྨི་ལམ་གྱི་འདུན་ཤུགས་དྲག་པོས་དོ་ནུབ་གཉིད་འོད་གསལ་དང་། རྨི་ལམ་ལྷ་སྐུར་ལྡང་བར་བགྱིའོ་སྙམ་པའི་ངང་ནས་སྔར་བཞིན་མགྲིན་པའི་ཐིག་ལེ་ལ་སེམས་གཏད་དེ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཉམས་སུ་བླངས་པས། རེ་ཞིག་ན་རྨི་ལམ་གྱི་རྟེན་དེས་ཉིན་མོ་ཇི་ལྟར་སྦྱང་པའི་དོན་རྣམས། ནམ་མཁར་འཕུར་ཞིང་ས་འོག་ཏུ་འཛུལ་བ་དང་འབྱུང་བ་ལྔ་ལ་རང་དབང་བསྒྱུར་ཞིང་ཐོགས་མེད་དུ་འགྲོ་བ་དང་། དག་པ་དང་མ་དག་པའི་ཞིང་ཁམས་རྣམས་སུ་ཕྱིན་ནས་དེ་དང་དེའི་དོན་རང་གི་བློ་ལ་གང་འདོད་དུ་སྤྲུལ་བསྒྱུར་སྒོ་ནས་བྱེད་པ་རྣམས་ཐོག་མར་འལ་འོལ་དོན་སྤྱི་ཙམ་དུ་འབྱུང་ཞིང་དེ་ནས་ཇེ་གསལ་ཇེ་བརྟན་གྱིས་ཐར་དེ་དག་རྣམས་ཀྱི་དོན་རྣམས་མངོན་སུམ་དུ་ཤེས་ཤིང་ཡང་དག་པའི་སྒོ་ནས་རང་གཞན་གྱི་དོན་གཉིས་བྱེད་པ་སོགས་ཐམས་ཅད་དབང་པོའི་མངོན་སུམ་སྤྱོད་ཡུལ་དུ་གཏན་ལ་ཕེབས་པར་འགྱུར་གསུངས། དེ་རྣམས་ནི་རྨི་ལམ་གྱི་ཞར་བྱུང་ཉེར་མཁོའི་ས་དཔྱད་སྣེ་མཚོན་ཙམ་དུ་བགྱིས་པའོ། །དེ་ལྟར་ཡང་ཡང་བཟུང་ཡང་མ་ཟིན་ན་འབྱམས་པ་ཡིན་པས། དེ་ལ་བཞི་སྟེ། སྟོང་འབྱམས་དང་། སྡུག་འབྱམས་དང་། པད་འབྱམས་དང་། དྲོད་འབྱམས་


MLP024_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སོ༑ ༑ཡང་སྲོད་ལ་མ་ཟིན་ན་འཛིན་དུས་གནད་གསུམ་དང་། སྲབ་མོའི་འོད་གསལ་དང་། གཉིད་འཐུག་གི་འོད་གསལ་གྱི་ཁྱད་པར། གཞན་ཡང་སྒྱུ་ལུས་དང་བྱེད་ཚུལ། འོད་གསལ་དང་བྱེད་ཚུལ། བར་དོ་གསུམ་དང་ཁྱེར་ཚུལ་རྣམས་ཀྱི་མན་ངག་དང་དབྱེ་བ་ནི་བླ་མ་དམ་པའི་ཞལ་ལུང་དང་གོང་མ་རྣམས་ཀྱི་གསུང་རབ་ལས་ཤེས་པར་བྱའོ། །དེ་ལྟར་མན་ངག་དེ་དང་ལྡན་པའི་གང་ཟག་གི་ཉིན་པར་བདེ་བའི་རྣལ་འབྱོར་གྱི་རིམ་པ་སྟེང་སྒོ་འཇུ་འདུལ་ཉི་ཟླ་ཁ་སྦྱོར་དང་རྗེས་ཞིག་འོད་གསལ་དུ་བཅུག་སྟེ་རྣམ་ཐར་བཞི་ལྡན་གྱི་སྟོང་ཉིད་མི་ཤིགས་པའི་ལྷ་སྐུར་ལྡང་བ་ལ་རྣམ་གཡེང་སྤངས་ནས་བསྒོམ་ཞིང་། མཚན་མོ་གཉིད་འོད་གསལ་དང་། རྨི་ལམ་ལྷ་སྐུར་བསྒྱུར། རང་འོད་ཀྱི་རིག་མ་དང་སྙོམས་པར་འཇུག་པའི་སྦྱོར་བ་ལ་བརྩོན་པས་ཞག་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གི་བར་དུ་ཉིན་མཚན་གཉིས་ཀ་སྐད་ཅིག་ཀྱང་མི་གཡེལ་བར་ཐ་མལ་གྱི་རྟོག་པ་ཀུན་སྤངས་ཏེ་བསྒོམ་པས་ཀུན་ནས་ཉོན་མོངས་པ་ཕྲ་རགས་ཀྱི་རྟེན་ལས་རླུང་རགས་པ་དང་ཕྲ་བ་རྣམས་ཕལ་ཆེར་མཉམ་རྗེས་ཀུན་ཏུ་ཐིམ་པ་དང་། ཁྱད་པར་དུའང་སྣང་གསུམ་གྱི་སྒྲིབ་པའི་རྟེན་འཕོ་བའི་རླུང་ཕྲ་མོ་རྩའི་འཁོར་ལོ་བདུན་ཙམ་དུ་སྤྱོད་པའང་མཉམ་བཞག་གི་དུས་སུ་འགོག་ནུས་པས་དེའི་ཚེ་ཉི་ཟླའི་འགྲོས་བཅིངས་པའི་སྟོབས་ཀྱིས་རང་ལུས་ཉིད་མི་ཐོགས་པའི་ཆུང་ངུར་བསྡུ་ནུས་པས་ཕྲ་བ་དང་། རེག་ན་ཡང་བ་སོགས་གནས་སྐབས་ཀྱི་རྡོ་རྗེའི་སྐུ་པྲ་ཕབ་བརྒྱད་དང་མཚུངས་པ་ཉིད་དུ་གནས་པར་འགྱུར་ལ། རྟེན་དེ་ལ་རྣམ་གཡེང་ཐམས་ཅད་སྤངས་ནས་ལས་ཀྱི་ཕྱག་རྒྱའམ་ཡེ་ཤེས་ཀྱི་ཕྱག་རྒྱ་གང་ལ་བརྟེན་ཀྱང་རུང་སྟེ་བརྩོན་འགྲུས་བར་མ་ཆད་པའི་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པར་འགྱུར་རོ། །གཉིས་པ་ཞར་བྱུང་བགེགས་སེལ་གནད་ཀྱི་མན་ངག་ནི། ཟབ་རྒྱ་ལས། གཏུམ་མོ་བསྒོམ་པའི་རྣལ་འབྱོར་ལ༔ ཞེས་སོགས་ཏེ་འདི་ལ་བཞི་ལས། དང་པོ་རླུང་ལོག་གི་བགེགས་སེལ་ནི། རླུང་སྦྱོར་སྒོམ་པའི་ཤེས་པ་འཕྱོ་བ། སྙིང་མི་དགའ་རོ་སྟོད་ན་བ་མགོ་ལ་ཟུག་ཟེར་སོགས་སྐྱེ་ན་དེ་བསལ་བ་ནི། རང་ལུས་སྟོང་པར་བསྒོམ་ལ་རླུང་ཐེངས་འགའ་རེ་བསྒོམས་


MLP024_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སྔ་མ་གསུམ་ལ་སྙིང་ཁའི་ཐད་མདུན་རྒྱབ་དང་། མགོ་གཟེར་བ་སོགས་ལུས་ཀྱི་ཆ་ཤས་ན་བ་ལ་གང་ན་སར་བུ་ག་ཧར་བྱུང་དུ་དོད་པ་ལས་རླུང་དང་ནད་རྣམས་ཉི་ཟེར་གྱི་རྡུལ་བཞིན་དུ་བུན་བུན་དྲག་ཏུ་འཐོན་པས་ཕན་ནོ། །འཐོན་པས་ལུས་ནང་སྟོང་སང་སང་སོང་བར་མོས་ལ༑ ལག་གཉིས་ཁུ་ཚུར་མདུན་དུ་བརྐྱང་རྗེས་ཁུ་ཚུར་གྱི་རྒྱབ་ནུ་སྟེང་དང་ལག་ངར་རྩིབ་ལོག་ལ་བརྡེབ་པ་དང་མཉམ་དུ་ཧ་ཐུང་དྲག་ཏུ་བཏོན་པས་ཕན་ནོ། །གཉིས་པ་དྲོད་ཀྱི་བགེགས་སེལ་ནི། གཏུམ་མོ་བསྒོམ་པས་ཕྱི་རུ་དྲོད་འབྱུང་ན་ལྡེ ང་པོ་ཙམ་ལས་བོགས་མི་འབྱུང་བས་དེ་སྡུད་པ་ནི་སྲིན་ཞལ་འབྱེད་འཛུམ་མང་པོ་བྱེད་པས་འདུས་པར་འགྱུར་རོ། །གལ་ཏེ་ཐོག་མར་སྙིང་གར་དྲོད་བྱུང་ན་མྱུར་དུ་ཡལ་འགྲོ་བས། དེ་འབེབས་པའི་གནད་ནི། ལྟེ་འོག་ཏུ་ཁ་སྦྱོར་དྲག་པོ་བསྒོམས་པས་སེལ་ལོ། །གསུམ་པ་ཞར་བྱུང་པདྨ་ཀུན་འདུས་བགེགས་སེལ་ནི། ཆོས་ཀྱི་གཏུམ་མོ་དང་། བདེ་བའི་རྣལ་འབྱོར་བསྒོམ་པས་བདེ་བ་རྒྱས་ནས་ཁམས་འཕོ་བ་སྙམ་བྱས་ན་དེ་བསལ་བ་ལ། ཆགས་སྲེད་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་ཡིན་ན་ཆགས་རྟོག་གི་བདེ་བ་ལ་མ་ཆགས་པར་བྱས་ཏེ། བདེན་མེད་དུ་སྦྱང་པས་སེལ། གྲིབ་དང་དམ་སེལ་གྱིས་འཛག་ན་དབང་ཞུ་ཞིང་ཚོགས་འཁོར་སོགས་ཉམས་གྲིབ་སེལ་བའི་ཐབས་ལ་འབད། གྲང་བས་འཛག་པ་དང་ནད་ཀྱིས་འཛག་པ་ན་འཛིན་ལྡོག་དགྲམ་པའི་གནད་ཐབས་ལམ་དུ་བཤད་པ་ལྟ་བུས་བསལ། གང་ལྟར་ཡང་ཐབས་གཅིག་གིས་བསལ་བ་ནི། ཐོག་མར་རླུང་ཁུག་པ་གཅིག་གཉིས་ཙམ་བཟུང་རྗེས་རང་གི་ལུས་ཀྱི་སྤྱི་བོ་ནས་གསང་གནས་ཀྱི་བར་དབུ་མ་དྭངས་གསལ་སྦུགས་སྟོང་གི་རྣམ་པ་ཡང་ཡང་ཁྲོལ་ལེ་བར་བསྒོམས་པས་གསང་བའི་འཁོར་ལོའི་ཐད་དུ་ཧཱུཾ་ཡིག་དམར་པོ་མགོ་བོ་ནང་བསྟན་པ་རྡོ་རྗེ་ནོར་བུའི་བུ་གའི་ཕྱི་ནས་པདྨ་འདབ་མ་རྒྱས་པ་རྩ་བ་བ་ཐག་ལྟ་བུ་དེ་ནོར་བུའི་བུ་གའི་ནང་ནས་ཡར་སོང་བ་ཧཱུཾ་ཡིག་གི་ཞབས་ཀྱུ་དང་འབྲེལ་བར་བསྒོམས་ལ། ལུས་ཉ་བཞི་སྒྲིམ་ཞིང་སོར་མོ་རྣམས་བཀུམ། ལྟེ་བ་ཚིགས་པ་ལ་གཅེར། ལྕེ་ཕུགས་སུ་ལྡོག མིག་སྤྱི་བོར་གཏད། ལག་པ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་མགོ་མཇུག་ལྡོག་ལ་བཅའ། ངག་ཏུ་ཧཱུཾ་འདྲེན་དྲག་ལ་རིང་བའི་རླུང་ཕྱིར་བསལ་


MLP024_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གྱེན་དུ་དྲངས། དེ་དུས་དམིགས་པ་གསང་བའི་ཧཱུཾ་གྱེན་དུ་མདའ་འཕང་པ་ལྟར་སོང་བས། དེའི་ཞབས་ཀྱུ་པདྨའི་རྩ་བ་ནས་འཐེན་པས་འདབ་མ་བུ་གར་མང་ཤོང་སྟེ། རྡོ་རྗེ་རྒྱུ་མའི་ཕྱི་ནང་སློག་པ་བཞིན་སོང་བ་དབུ་མའི་ལམ་བརྒྱུད་སྤྱི་བོའི་སྟེང་དུ་ཧཱུཾ་དང་ནོར་བུའི་ཕྱིར་སློག་པ་གཉིས་སྤྱི་བོར་བརྒྱང་སྟེ་འདུག་པར་བསམ་ལ་རླུང་ཕྱིར་བཟུང་། འདི་ཡང་ཡང་བསྒོམས་པས་འཛག་པའི་རིགས་གང་ཡིན་ཀྱང་ཆོད། ལར་བྱང་སེམས་ཉམས་པའི་རྐྱེན་ཧ་ཅང་ལུས་བྲེལ་བ་དང་། ཧ་ཅང་ཚྭ་བ་དང་། ཧ་ཅང་འཁྱགས་པར་མི་བྱ། འཕོ་ཉམས་བྱེད་པའི་ཚེ་ལུས་འགྱུ ར་བ་དང་འདར་བ་སོགས་ཡེ་མི་བྱ་བར་བཟུང་བས་ཐབས་སླེབས་པ་གནད་ཆེ། གལ་ཏེ་གཤང་གཅི་དང་མཉམ་དུ་འཛག་ན་འདོར་བའི་ཚེ་སོར་མོ་བསྐུམ་མིག་ཡིད་ལྕེ་གསུམ་གྱེན་དུ་ལྟ། ལྟེ་བ་བུམ་ཅན་ཅི་ནུས་བཟུང་རྗེས་འདོར་བས་སེལ། རྨི་ལམ་དུ་འཛག་དོགས་ན་རང་གི་རྡོ་རྗེ་པགས་པས་མགོ་བཏུམ་ལ་ཁོང་པར་སྦས་པས་རྟིང་པ་གཡས་གཡོན་གང་རིགས་ཀྱིས་མནན་ཅིང་རྐང་པ་ཅིག་ཤོས་བརྐྱངས་ནས་ཉལ་བས་མི་འཛག་ཅིང་དེས་མ་ཕན་ན་ཉལ་ཁར་རང་དབང་ཕྱུག་ཆེན་པོ་སྐུ་མདོག་ནག་པོ་རལ་པའི་ཐོར་ཚུགས་ཅན་ལུས་ཐམས་ཅད་ལ་ཐལ་བས་བྱུག་པ་ལིངྒ་གྱེན་དུ་བསྒྲེང་ཕྱག་གཡས་རྨ་བྱའི་སྒྲོ་ཆུན་བཟུང་ནས་རང་གི་མཚན་མ་ལ་ནང་རོལ་དུ་བྱབ་པར་བྱེད་པའི་སྐུར་བསྒོམ་ལ། ༀ་ཧ་རི་ནི་ས་ཏནྟ་ཚུག་ཚུག་སྭཱ་ཧཱ། ཞེས་ཅི་ནུས་བཟླ་སྟེ། རང་གི་རྡོ་རྗེ་པགས་པས་མགོ་བཏུམ་ལ་ཁོང་པར་སྦས་པ་སྔར་བཞིན་རྟིང་པ་གཡས་གཡོན་གང་རིགས་ཀྱིས་མནན་ཅིང་། རྐང་པ་ཅིག་ཤོས་བརྐྱངས་ནས་ཉལ་བས་སེལ་ཏེ་ཤིན་ཏུ་ཟབ། བཞི་པ་མི་རྟོག་པའི་བགེགས་སེལ་བ་ནི། རྣམ་རྟོག་ཐམས་ཅད་མི་རྟོག་པའི་དབྱིངས་སུ་ཐིམ་པས་རང་གཞན་གྱི་སྣང་བ་ཐམས་ཅད་ཅི་ཡང་མེད་པ་འདྲ་བའི་སྣང་བས་འཇིགས་སྐྲག་སྐྱེས་ནའང་སྟོང་པའི་ཉམས་ཏེ་སྣ་རྩེར་ཉི་མའི་དཀྱིལ་འཁོར་བསྒོམས་པས་སེལ་ལོ། །དེ་ལྟར་གེགས་སེལ་བ་བཞི་དང་བདེ་དྲོད་སྟོང་ཉིད་དུ་རྒྱས་འདེབས་ཡེ་ཤེས་ཀྱི་གཏུམ་མོ་རྣམས་ཟབ་རྒྱ་ལས་ཉེར་མཁོའི་ཚུལ་དུ་བླངས་ནས་དཀྱུས་སུ་བྲིས་ཤིང་གཞན་ཡང་ཡབ་བཀའི་རྩ་ཁྲིད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་དང་། དེ་ལས་མི་འགྱུར་རྟག་པའི་འབྲས་


MLP024_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མངོན་དུ་བྱེད་ཚུལ་ལ་དབང་པོ་རབ་ཚེ་འདིར་མཐོང་བའི་ཆོས་ལ། འབྲིང་བར་དོའི་འགྲུབ་ཚུལ། ཐ་མ་ཚེ་ཕྱི་མར་མཆོག་གི་དངོས་གྲུབ་ལ་སྦྱོར་བ། ལེ་ལོ་ཅན་བཙན་ཐབས་འཕོ་བའི་མན་ངག་གིས་མཚམས་སྦྱོར་བ་དང་། དེ་རྣམས་ཀྱི་ཆ་རྐྱེན་ཡན་ལག་ཏུ། གཏུམ་མོ། ཐབས་ལམ། མཚན་མོའི་རྣལ་འབྱོར། རྫོགས་རིམ་ཨ་ཏིའི་མན་ངག་འདི་ཉིད་ཀྱི་ཞར་བྱུང་ངམ། ཕན་ཚུན་འབྲེལ་ཆགས་སུ་བསྒོམ་ནའང་། གནས་སྐབས་སུ་འཇུག་པ་བདེ་ཞིང་གནད་ཚང་ལ་བོགས་འདོན་བགེགས་སེལ་དུ་འགྲོ་བས་འགྲུབ་ན་ལེགས་པར་འགྱུར་གསུངས། དེ་རྣམས་ནི་ཡན་ལག་གི་རྣལ་འབྱོར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ལམ་སོ་སོའི་ཐད་དུ་ཉམས་སུ་མྱོང་བའི་རྟགས་ཚད་དང་ཇི་ལྟར་ཉམས་སུ་མྱོང་བའི་དོན་ལ་རིམ་གྱིས་ངོ་སྤྲོད་པ། གེགས་སེལ་དང་བོགས་འདོན་རྣམས་ནི་གཞན་ལས་ཤེས་པར་བྱ་ཞིང་། ཁྱད་པར་གནད་མཐར་ཐུག་པ་རྣམས་ནི་ཡེ་ཤེས་ཀྱི་སྐུ་ཅན་བླ་མ་དམ་པའི་ཞལ་ལུང་ཁོ་ན་ལས། མོས་དགེའི་མཐུ་ཕུན་སུམ་ཚོགས་པ་ལས་མྱོང་ཞིང་ཤེས་པར་བྱས་ནས་ཡེ་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་བྱེད་པའི་ཐབས་ཟབ་མོས་ཉམས་སུ་བླངས་པས། ཉམས་རྟོགས་དབྱར་གྱི་མྱུ་གུ་ལྟར་འཕེལ་ནས་མྱུར་བ་ཉིད་དུ་གནས་སྐབས་ཀྱི་འབྲས་བུ་སློབ་པའི་ཟུང་འཇུག་རིན་པོ་ཆེ་རྣམ་པ་བཞིས་བསྡུས་པའི་ས་ལམ་རྣམས་བགྲོད་དེ་མཐར་ཐུག་གི་འབྲས་བུ་མི་སློབ་པའི་ཟུང་འཇུག་པདྨ་གར་གྱི་དབང་ཕྱུག་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་གོ་འཕང་བླ་ན་མེད་པ་བདེ་བླག་ཏུ་ཐོབ་པར་འགྱུར་རོ། །༈ ཟབ་ལམ་མཁའ་འགྲོ་མན་ངག་ཡིད་བཞིན་དང་། །རྣམ་གྲོལ་ཕན་བདེའི་ལམ་བཟང་ཐར་པའི་སྒོར། །བློ་དམན་འཇུག་བདེའི་ཁྲིད་ཡིག་ཟིན་ཐོ་རུ། །བཀོད་པས་བླ་མ་མཁའ་འགྲོས་དབུགས་དབྱུང་མཛོད། །དེ་ལྟར་མཁའ་སྤྱོད་མྱུར་ལམ་ཟབ་མོའི་དོན། །བདག་ལྟས་གནས་ལུགས་ཇི་བཞིན་རྟོགས་མིན་ཀྱང་། །ལམ་འདིར་འཇུག་ལ་ཕན་སེམས་དང་བས་བྲིས། །ནོངས་པ་གང་མཆིས་མཁའ་འགྲོས་བཟོད་མཛད་གསོལ། །འདི་བྲིས་དགེ་བས་མར་


MLP024_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་འགྲོ་བ་ཀུན། །སྒྲིབ་གཉིས་མུན་བཅོམ་ཚོགས་གཉིས་རབ་རྫོགས་ནས། །རྒྱལ་ཀུན་བསྐྱེད་ཡུམ་བདེ་ཆེན་ཌཱཀི་མའི། །གོ་འཕང་དཀའ་བ་མེད་པར་མྱུར་ཐོབ་ཤོག །ཅེས་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱི་ལམ་རིམ་ཁྲིད་ཡིག་མན་ངག་གསལ་སྒྲོན་ཞེས་བྱ་བ་འདི་ནི། དད་སྟོབས་བློ་གྲོས་ཀྱི་དབང་ཕྱུག་སྡེ་པ་ཡང་གྲོང་གནས་འགྱུར་མེད་བསྟན་འཛིན་མཆོག་གྲུབ་ཀྱིས་ནན་ཏན་ཆེན་པོས་བསྐུལ་བ་དང་། དེ་དང་ཉེ་ཆར་བྱ་བཏང་ཀུན་སྤངས་འགྱུར་མེད་རྣམ་གྲོལ་དང་། འགྱུར་མེད་མཐར་ཕྱིན་སོགས་རྡོ་རྗེའི་མཆེད་པོ་འགའ་ཞིག་ལ་ཁྲིད་སྤུང་ཞིག་བགྱིས་སྐབས་ཁྲིད་ཀྱི་དམིགས་རྐང་རྣམས་ཟིན་ཐོར་བཏབ་པ་སླར་ཡང་བྲི་བསྣན་ཅུང་ཟད་བྱས་ཏེ། བཀའ་དྲིན་མཉམ་མེད་རྗེ་བཙུན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་ལེན་ཞིང་བཀའ་དྲིན་གྱིས་འཚོ་བའི་སྨྱོས་བཙུན་རྨོངས་པ་མི་འགྱུར་དཔལ་སྒྲོན་གྱིས་རང་ལོ་སོ་བཞི་ཆུ་ཕོ་བྱི་བའི་ལོ་མཇུག་དབྱུག་ཟླའི་མར་ངོའི་མཁའ་འགྲོ་འདུ་བའི་དུས་ཆེན་ཚེས་བཅུའི་ཉིན་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཉེ་འདབས་མཁའ་འགྲོ་བདེ་ཆེན་གླིང་གི་དབེན་གནས་བསམ་གཏན་གྱི་ཁང་བུར་སྦྱར་བས་ཡི་གེ་པ་ནི་དགེ་བའི་བཤེས་གཉེན་ཨོ་རྒྱན་དཀོན་མཆོག་རབ་བརྟན་གྱིས་བགྱིས་པའོ། །འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །བཀྲ་ཤིས།། །

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ལོ་རྒྱུས། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ལོ་རྒྱུས་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ལོ་རྒྱུས་བཞུགས་སོ༔ བྱ་རྩོལ་ཀུན་བྲལ་ལྷུན་གྲུབ་བདེ་བ་ཆེན་པོའི་རང་བཞིན་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ རྒྱ་གར་སྐད་དུ༔ ཨ་ཏི་མནྟྲ་ཏནྟྲ་ཡ༔ བོད་སྐད་དུ༔ ཟབ་མོ་སྔགས་ཀྱི་རྒྱུད༔ རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་དགོངས་པ་ཟབ་གསལ་བདེ་ཆེན་འདུ་འབྲལ་མེད་པའི་ཀློང་ལས༔ གསལ་འགྲིབ་མེད་པ་ཡེ་ཤེས་ཀྱི་རང་སྣང་དུས་གསུམ་སྒྲིབ་མེད་དུ་མཁྱེན་ཅིང༔ ཐུགས་རྗེ་ཆེན་པོ་དང་ཐབས་ལ་མཁས་པས་སེམས་ཅན་གྱི་དོན་ལ་བརྩེ་བ་ཅན༔ གདུལ་བྱ་འདུལ་བའི་ཐབས་དུ་མའི་སྒོ་ནས་སྨིན་ཅིང་གྲོལ་བའི་ནུས་པ་དང་ལྡན་པ༔ དེ་ལྟ་བུའི་སངས་རྒྱས་སྐུ་བཞི་དང༔ ཡེ་ཤེས་ལྔའི་བདག་ཉིད་ཅན༔ དེ་ཉིད་ཀྱིས་སྤྱིར་རྒྱུ་འབྲས་ཀྱི་ཐེག་པ་བརྒྱད་དང་ཁྱད་པར་ཐེག་པ་ཐམས་ཅད་ཀྱི་སྙིང་པོ༔ བསྟན་པ་ཐམས་ཅད་ཀྱི་རྩ་བ༔ གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེ༔ རྒྱུད་ཐམས་ཅད་ཀྱི་རྒྱལ་པོ༔ ལུང་ཐམས་ཅད་ཀྱི་གལ་མདོ༔ མན་ངག་ཐམས་ཅད་ཀྱི་གཞི་མ༔ རྒྱལ་བ་ཐམས་ཅད་ཀྱི་དགོངས་པ༔ ཟབ་ལམ་ཐམས་ཅད་ཀྱི་ཉིང་ཁུ༔ གསང་བ་ལས་ཀྱང་ཆེས་གསང་བ༔ ཡང་གསང་རྨད་དུ་བྱུང་བ༔ རྩོལ་མེད་ཨ་ཏི་ཡོ་ག་འདི་སྟོན་པར་བྱེད་པ་ལ༔ དེ་ལ་སྤྱི་དོན་གསུམ་གྱིས་བསྡུས་ཏེ༔ སྔོན་ཇི་ལྟར་བྱུང་བའི་ལོ་རྒྱུས་དང༔ ཉམས་ལེན་ལམ་གྱི་རིམ་པ་དངོས་དང༔ ལམ་རྟགས་མཐར་ཕྱིན་པ་འབྲས་བུའི་ཚུལ་དང་གསུམ༔ དང་པོ་ཇི་ལྟར་བྱུང་བའི་ལོ་རྒྱུས་ལ་གསུམ༔ རྒྱལ་བ་དགོངས་པས་བརྒྱུད་ཚུལ༔ རིག་འཛིན་བརྡས་བརྒྱུད་ཚུལ༔ གང་ཟག་སྙན་ཁུང་གིས་བརྒྱུད་ཚུལ་ལོ༔ དང་པོ་ནི༔ གནས་ཆོས་ཉིད་ཁྱབ་གདལ་ཕྱོགས་ལྷུང་མེད་པའི་ཞིང་ཁམས་སུ༔ ཆོས་དབྱིངས་


MLP024_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས་པའི་ཕོ་བྲང་ཚད་ལས་འདས་པའི་དབུས་ན༔ སྟོན་པའི་ཡང་སྟོན་པ་བླ་ན་མེད་པ༔ ཆོས་ཀྱི་དབྱིངས་ལྷུན་གྱིས་གྲུབ་པ་རང་མཁྱེན་པས༔ རྒྱལ་བ་སྐུ་ལྔ་དང་ཡེ་ཤེས་ལྔ་ཡོངས་སུ་རྫོགས་པའི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ༔ སྤྲོས་པའི་མཐའ་དང་བྲལ་བའི་ཀུན་ཏུ་བཟང་པོ་ཉིད་དགོངས་པ་གསལ་འགྲིབ་མེད་པ་མཉམ་ཉིད་ཆེན་པོའི་ངང༔ འགྲོ་འོང་དང་སྐྱེ་འགག་འཕོ་འགྱུར་མེད་པར་བཞུགས་པ་ལས་གཉིས་སུ་མེད་པའི་ངོ་བོར་གནས་ཀྱང་གཉིས་སུ་སྣང་བ་རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ༔ ཆོས་དབྱིངས་ཀུན་ཏུ་བཟང་མོས་སྤྲོས་པ་དང་བྲལ་བའི་དབྱིངས་ལས་རྣམ་པར་བསྐུལ་བ༔ ཀྱེ་ཀྱེ་སྟོན་པ་གཉིས་སུ་མེད་པ་རང་སྣང་གི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཆོས་ཀྱི་སྐུ་ལས་ཞིང་ཁམས་དང་སྟོན་པར་སྣང་བར་མཛོད་ཅིག༔ ཅེས་བསྐུལ་ལོ༔ དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཐུགས་རྗེའི་རྣམ་པར་འཕྲུལ་པ་ཚད་མེད་པ་ལས་བུདྡྷ་ཐམས་ཅད་ཀྱི་ཞིང་ཁམས་དང་གནས་དང་སྟོན་པ་སྐུ་བཞིར་སྣང་སྟེ༔ ཆོས་ཐམས་ཅད་གསལ་འགྲིབ་མེད་པར་རང་རིག་གིས་མངོན་སུམ་དུ་གྱུར༔ དགོངས་པ་མ་འདྲེས་ཡོངས་རྫོགས་མཉམ་པ་ཆེན་པོར་ཡེ་སངས་རྒྱས༔ དེ་ནས་ཆོས་དབྱིངས་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུའི་ངང་ལ་བཞུགས་སོ༔ དེ་ནི་ཅི་ཡང་མི་གསུང་བའི་གསུང་བ་ཆེན་པོའོ༔ སྐུ་བཞིར་སྣང་བ་ཐམས་ཅད་ཀྱང་ཆོས་སྐུ་སྒྲིབ་གཡོགས་མེད་པར་ཡེ་སངས་རྒྱས་པ་དེ་ཀུན་ཏུ་བཟང་པོ་ཉག་གཅིག་གི་རོལ་པའོ༔ དེ་ནས་ཡང་ཡུམ་ཆེན་མོ་ཀུན་ཏུ་བཟང་མོས་བསྟན་པ་འབྱུང་བར་གསོལ་བ་བཏབ་པ༔ ཀྱེ་ཀྱེ་སྟོན་པ་ཡེ་ཤེས་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་རྒྱལ་བའི་དགོངས་པ་འདི་གོ་རྟོགས་ཀྱི་སྐལ་བ་དང་ལྡན་པ་རྣམས་ལ་ཆོས་སྐུ་ཡེ་སངས་རྒྱས་ཤིང་དགོངས་པ་བདེ་བ་ཆེན་པོ་འདི་ཉིད་བསྟན་དུ་གསོལ༔ འདི་ཉིད་གོ་རྟོགས་ཀྱི་སྐལ་བ་དང་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱི་ཐེག་པ་གཞན་བསྟན་དུ་གསོལ༔ ཅེས་ཞུས་པ་དང༔ དང་པོར་གོ་རྟོགས་སྐལ་བ་དང་ལྡན་པ་རྣམས་ལ་འོག་མིན་ལ་སོགས་པའི་གནས་སུ་གསང་སྔགས་ཀྱི་ཐེག་པ་རྣམས་ཆོས་ཉིད་ཀྱི་རང་སྒྲ་ལས་གསུངས་ཤིང༔ ཁྱད་པར་རྨད་དུ་བྱུང་བ་བསྟན་པའི་སྙིང་པོ་ཨ་ཏི་ཡོ་ག་བྱུང་བའི་ཚུལ་ནི༔ ངོ་


MLP024_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད་ཀྱི་སྐུ་དང༔ ཆོས་ཀྱི་སྐུ་དང་༔ ལོངས་སྤྱོད་རྫོགས་པའི་སྐུ་དང༔ སྤྲུལ་པའི་སྐུ་རྣམས་ཀྱི་བསྟན་པ་བྱུང་བའི་ཚུལ་ལོ༔ དང་པོ་ངོ་བོ་ཉིད་སྐུའི་བསྟན་པ་བྱུང་ཚུལ་ནི༔ ཞིང་ཁམས་ཆོས་ཀྱི་དབྱིངས་ཁྱབ་གདལ་ཆེན་པོའི་ཀློང་༔ མཐའ་དབུས་དང་རྒྱ་ཁྱོན་ཚད་ལས་འདས་པ་ན་ཡེ་ཤེས་ཟང་ཐལ་རང་བྱུང་ལྷུན་གྲུབ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རང་སྣང་གི་རྒྱན་དང་མཆོད་པ་བསམ་གྱིས་མི་ཁྱབ་པའི་དབུས་ན་སྟོན་པ་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་རང་བྱུང་ངོ་བོ་ཉིད་ཀྱི་སྐུ་བཞུགས་ཏེ་ཤེས་བྱའི་དཀྱིལ་འཁོར་ལྷག་མ་མེད་པ་སྐུའི་དཀྱིལ་འཁོར་དུ་ཡོངས་སུ་རྫོགས་ཤིང༔ དགོངས་པ་ལྷུན་གནས་བདེ་བ་ཆེན་པོའི་ཞིང་ལ་འགྲོ་འོང་གསལ་འགྲིབ་མེད་པར་བཞུགས༔ འཁོར་འདས་ཐམས་ཅད་དབྱེར་མེད་རང་བཞིན་མ་འདྲེས་པར་ཡོངས་སུ་རྫོགས་པར་འདུས་པ་ཉིད་ལས་མི་གཞན་པའི་དུས་གསུམ་སངས་རྒྱས་ཀྱི་འཁོར་རྣམས་དང༔ སྐུ་ལྔ་ལྷུན་གྱིས་གྲུབ་པས་རིག་འཛིན་སྐྱེས་བུའི་འཁོར་གྲངས་མེད་པ་རྣམས་དང་བསམ་གྱིས་མི་ཁྱབ་ཅིང་ཚད་ལས་འདས་པའི་དུས་ན༔ བསྟན་པ་འདི་ཚིག་གི་བརྡས་མི་གསུང་སྟེ་ཤེས་བྱའི་དཀྱིལ་འཁོར་གསལ་འགྲིབ་མེད་པར་རང་གསལ་ངོ་བོ་ཉིད་ཀྱིས་བཤད་པས་འཁོར་རྣམས་ཀྱིས་དེའི་དགོངས་པ་ལོངས་ནས་སྟོན་པ་དང་འཁོར་བཟང་ངན་མེད་པར་དགོངས་པ་མཉམ་པ་ཉིད་དུ་གྱུར་ཏེ༔ དཔལ་ཀུན་ཏུ་བཟང་པོས་བཀའ་བསྡུས་ཏེ་བསྟན་པ་ཨ་ཏི་ཡོ་གའི་དོན་ཐུགས་རིག་པའི་ཀློང་དུ་གསལ་འགྲིབ་མེད་པར་བཞུགས་སོ༔ གཉིས་པ་ཆོས་སྐུའི་བསྟན་པ་བྱུང་ཚུལ་ནི༔ ཆོས་ཉིད་གདལ་བ་ཆེན་པོའི་ཞིང་ཁམས་འོད་གསལ་ནམ་མཁའི་དབྱིངས་དང་མཉམ་པ་ནི༔ ཡང་དག་དོན་གྱི་འོག་མིན་གྱི་གནས༔ ཕྱི་ནང་མེད་པ་ཡེ་ཤེས་རང་གསལ་གྱི་གཞལ་ཡས་ཁང་ན༔ སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་པོ་འཁོར་འདས་རང་བཞིན་མ་འདྲེས་ཡོངས་རྫོགས་ཀྱི་འཁོར་ཉིད་ལས་མི་གཞན་པ་ལོངས་སྤྱོད་རྫོགས་པར་སྣང་བ་རྣམས་དང༔ སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་ཆེན་པོའི་འཁོར་ལ༔ དུས་མཉམ་པ་ཉིད་ཀྱི་དུས༔ བརྡ་ཚིག་ཏུ་མི་གསུ ང་བ་ཆོས་དབྱིངས་སྐྱེ་འགག་གསལ་འགྲིབ་མེད་པའི་བསྟན་པ༔ དཔལ་རྡོ་རྗེ་སེམས་དཔས་བསྡུས་ཏེ་ཐུགས་རིག་པའི་ཀློང་དུ་འདུ་འབྲལ་མེད་པར་འདུས་སོ༔ གསུམ་པ་ལོངས་


MLP024_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་བསྟན་པ་བྱུང་ཚུལ་ནི༔ གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞིང་ཁམས་བདེ་བ་ཅན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཕྱི་ནང་མ་བ སྒྲིབས་ཟང་ཐལ་དུ་གསལ་བ༔ སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལྷག་མ་མེད་པར་དགོངས་པ༔ སྐུ་མཚན་དང་དཔེ་བྱད་དང་ལྡན་པ༔ བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང༔ མི་བསྐྱོད་པ་དང༔ རིན་ཆེན་འབྱུང་ལྡན་དང༔ སྣང་བ་མཐའ་ཡས་དང༔ དོན་ཡོད་གྲུབ་པ་སྟེ་རྒྱལ་བ་རིགས་ལྔ་དང༔ དེ་དག་ཀྱང་གཅིག་ཏུ་བསྡུས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འོ༔ ཉིད་ལས་མི་གཞན་པའི་སྤྲུལ་པའི་སྐུ་དང་དམ་པ་རྒྱ་མཚོའི་འཁོར་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སོགས་པ་རྣམས་དང༔ ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དུས་མཉམ་ཉིད་རིག་པའི་དུས་བསྟན་པ་དགོངས་པ་བདེ་བ་ཆེན་པོ་གསལ་འགྲིབ་མེད་པར་བརྡ་ཡིས་བཤད༔ བསྐྱེད་རྫོགས་གསུམ་ནི་དགོངས་པས་བརྒྱུད་དེ་བསྟན༔ གསང་བདག་རྡོ་རྗེ་འཆང་གིས་ཐུགས་རིག་པའི་ཀློང་དུ་གཉིས་སུ་མེད་པར་བསྡུས་སོ༔ བཞི་པ་སྤྲུལ་པ་སྐུའི་བསྟན་པ་བྱུང་ཚུལ་ནི༔ ཞིང་ཁམས་པདྨ་ཅན་ཆོས་དབྱིངས་གསང་བ་ཡུམ་གྱི་མཁའ་ཀློང་རྣམ་པར་དག་པའི་ཞིང་དུ༔ གནས་གསང་བ་ཡུམ་གྱི་ཟ་མ་ཏོག་ཟག་མེད་བདེ་བས་རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པའི་གནས་ན༔ སྟོན་པ་གསང་བའི་སྐུ་ལོངས་སྤྱོད་རྫོགས་པ་བདེ་བ་ཆེན་པོ་སྟེ་གསང་བ་དབང་གི་སྟོན་པར་སྣང་བའོ༔ ཉིད་ལས་མི་གཞན་པའི་སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་དང༔ རྒྱལ་བ་རྒྱ་མཚོ་རྣམས་ཀྱི་འཁོར་ལ་ལམ་མཐར་ཕྱིན་པ་ཟབ་མོ་གསང་བའི་དབང་བསྐུར་བའི་དུས་སུ༔ སྟོང་ཉིད་ཟག་མེད་བདེ་ཆེན་ལྷན་སྐྱེས་ཡེ་ཤེས་རང་སྣང་ཤིན་ཏུ་བསྟན་པའི་དབང་རྣམས་བྱིན༔ གསང་བདག་སྐུའི་སྐྱེས་བུར་སྣང་བས་བསྟན་པ་ཐུགས་རིག་པའི་ཀློང་དུ་བསྡུས་སོ༔ དེ་ལྟར་རྒྱལ་བ་སྐུ་བཞིའི་བདག་ཉིད་དེ་རྣམས་ཀྱིས་ཀྱང་འཁོར་རྣམས་ལ་ཆོས་ཐམས་ཅད་ཚིག་དང་བརྡའི་སྒོ་ནས་མ་གསུངས་ཀྱང་ཐུགས་རྗེ་ཆེན་པོ་རང་རིག་པ་ཡེ་ཤེས་ཀྱི་རང་གདངས་འབད་མེད་ལྷུན་གྲུབ་ཏུ་གསལ་བ་ཉིད་ལས་སྟོན་པས་མི་གསུང་བར་གསུང་བ་ན༔ འཁོར་རྣམས་ཀྱིས་དོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པའི་དོན་མངོན་དུ་གྱུར་ཏེ་སྤངས་


MLP024_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཀྱི་ཡོན་ཏན་དབྱེར་མེད་པར་གྱུར་པའོ༔ དེ་ཉིད་གོ་རྟོགས་དང་སྐལ་བར་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱི་ཐེག་པ་གཞན་གསུངས་པའི་ཚུལ་ནི༔ སྤྱིར་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་གང་ལ་གང་འདུལ་གྱི་སྤྲུལ་པ་གྲངས་མེད་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་ལ༔ བྱེ་བྲག་ཏུ་རིགས་དྲུག་གི་གདུལ་བྱ་རྣམས་ལ་སྤྲུལ་སྐུ་ཐུབ་པ་དྲུག་གི་ཚུལ་གྱིས་འདུལ་བར་མཛད༔ ཁྱད་པར་འཛམ་བུའི་གླིང་འདིར་སྟོན་པ་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་ལྷ་དང་མིའི་ཡུལ་དུ་རྒྱུ་མཚན་ཉིད་ཀྱི་ཐེག་པས་རིམ་པར་དྲང་བར་བྱ་བའི་ཕྱིར་འདུལ་བ་དང་མདོ་སྡེ་དང་མངོན་པ་རྣམས་དང་སྔགས་ཕྱི་པ་ཀྲྀ་ཡ་དང་ཨུ་པ་དང་ཡོ་ག་སོགས་གསུངས་པའོ༔ གཉིས་པ་རིག་འཛིན་རྣམས་ལ་བརྡ་ཡི་བརྒྱུད་པ་ཇི་ལྟར་བྱུང་བ་ནི༔ དང་པོ་ཁོ་ནར་ལྷ་དང་མིའི་ཡུལ་དུ་བྱུང་བའི་ཚུལ་ནི༔ བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདའ་ཁར་སྔགས་ཀྱི་བསྟན་པ་ཕྱིས་འབྱུང་བར་ལུང་བསྟན་ཏེ༔ ང་ནི་འདི་ནས་མི་སྣང་ན༔ ལོ་ནི་བརྒྱད་དང་ཉི་ཤུའི་ཚེ༔ ལྷ་གནས་གསུམ་དུ་གྲགས་པ་ནི༔ བསྟན་པའི་སྙིང་པོ་དམ་པ་ཞིག༔ འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི༔ མི་ལས་སྐལ་ལྡན་རིགས་ཅན་ཏེ༔ རྒྱལ་པོ་ཛཿཞེས་བྱ་བ་ལ༔ སྔོན་ལྟས་བཟང་པོ་སྣང་བར་འགྱུར༔ དྲག་ཤུལ་ཅན་ཞེས་བྱ་བ་ཡི༔ གྲོགས་ཀྱི་སེ མས་དཔའ་དམན་པའི་རིགས༔ ལངྐའི་བདག་པོ་ལ་སོགས་པར༔ ལག་ན་རྡོ་རྗེས་སྣང་བར་འགྱུར༔ ཞེས་ལུང་བསྟན་ནས་ཡོངས་སུ་མྱ་ངན་ལས་འདས༔ དེ་ནས་བསྟན་པ་བསྐྱེད་རྫོགས་གསུམ་བྱུང་སྟེ༔ ཆོས་མ་ཧཱ་ཡོ་གའི་རྒྱུད་རྣམས་སྟོན་པ་གཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་རྒྱལ་པོ་ཛཿལ་རྨི་ལྟས་བདུན་བྱུང་སྟེ་རང་གི་ཁང་སྟེང་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་བཻཌཱུཪྱ་ཞུན་མས་ཡི་གེར་བྲིས་པ༔ རྩ་བ་རང་མནན་དུ་བྱས་པ་སོགས་གསང་སྔགས་རྒྱུད་སྡེའི་པོ་ཏི་མང་པོ་དང་ཕྱག་རྡོར་གྱི་སྐུ་ཁྲུ་གང་བ་ཞིག་རྙེད་དོ༔ གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ཤེས་ནས་དེ་དག་ཕྱག་རྡོར་གྱི་སྐུ་ལ་བརྟེན་ཏེ་ཟླ་བ་དྲུག་བསྒྲུབས་པས་རྡོ་རྗེ་སེམས་དཔའ་ཞལ་མཇལ་བྱིན་གྱིས་བརླབས་པས་གླེགས་བམ་རྣམས་ཀྱི་དོན་མ་ལུས་པ་མཁྱེན་ཏོ༔ དེས་བདག་པདྨ་ཐོད་ཕྲེང་ལ་བཀའ་པོ་ཏི་གླེགས་བམ་གྱི་དབང་བསྐུར༔ མ་


MLP024_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ཡོ་གའི་ཆོས་ལ་མཁས་པར་གྱུར་པའོ༔ ལུང་ཨ་ནུ་ཡོ་གའི་བྱུང་ཚུལ་ནི༔ ཡང་དུས་དེའི་ཚེ་དམ་པའི་རིགས་ཅན་ལྔས་རི་མ་ལ་ཡའི་རྩེ་མོར་ཕྱོགས་བཅུའི་བུདྡྷ་ཐམས་ཅད་ཡིད་ལ་བྱས་ཏེ༔ ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང༔ སྟོན་པའི་གསལ་བྱེད་འོད་ནུབ་ན༔ ཞེས་པ་ལ་སོགས་པའི་གདུང་ཚིག་ཉེར་གསུམ་བཏོན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་བདག་པོ་ལ་བསྐུལ་ཏེ༔ གསང་བའི་བདག་པོ་ཁྱོད་ཉོན་ཅིག༔ སྔོན་གྱི་གོ་ཆ་ཡལ་ལམ་ཅི༔ ལོ་ཀའི་སྡུག་བསྔལ་མི་ཤེས་སམ༔ སྙིང་རྗེས་ས་ལ་བབས་ནས་ཀྱང༔ ལོ་ཀའི་གདུང་བ་སེལ་བར་གྱིས༔ ཞེས་བསྐུལ་བས་གསང་བདག་གིས་གསུང་བར་ཞལ་གྱིས་བཞེས་ཏེ༔ ཐོག་མ་མཐའ་མ་མེད་པ་རུ༔ བདག་གིས་དམ་བཅའ་མི་འདོར་བས༔ བསྐུལ་བའི་དུས་ནི་གང་བྱུང་བ༔ བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང༔ ཞེས་གསུངས་ནས་རི་མ་ལ་ཡའི་རྩེར་དམ་པའི་རིགས་ཅན་ལྔ་ལ་མདོ་དགོངས་འདུས་ལ་སོགས་གསུངས༔ ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་དུ་ལག་ན་རྡོ་རྗེས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་དཔལ་གསང་བའི་རྒྱུད་དང་མན་ངག་དང་ཕུར་པ་དང་མ་མོའི་རྒྱུད་ལ་སོགས་པ་གསུངས་ཏེ༔ དེ་དག་ཀྱང་པད་མ་ཐོད་ཕྲེང་བདག་ལ་བཀའ་བབས་པའོ༔ ཁྱད་པར་མན་ངག་ཨ་ཏི་ཡོ་གའི་བསྟན་པ་བྱུང་བའི་ཚུལ་ནི༔ རྒྱལ་བ་སྐུ་བཞིའི་དགོངས་པས་བརྒྱུད་པའི་རྗེས་སུ་གསང་སྔགས་བྱུང་ཚུལ་དུས་དྲུག་ལ་བབས་པའི་ཚེ་རྩོལ་མེད་ཨ་ཏི་ཐེག་པ་འདི་བྱུང་བ་ཡིན་ཏེ༔ ཉན་ཐོས་རྒྱུ་རྟག་ལ་མོས་པའི་མཐུ་ཞན༔ ལས་ཀྱི་ཚེ་ཐུང༔ བཀའི་དོན་མི་བཏོན༔ བསྟན་པ་སྙིགས་པས་གྲུབ་མཐའ་ངན་པ་ལ་བསྒྱུར༔ གཉེན་པོས་མི་ནོན་སྒྲུབ་བརྩོན་ཞན༔ དེ་ཚེ་རིག་པའི་རྣལ་འབྱོར་ཤར༔ ཞེས་པས་ཉན་ཐོས་པ་རྒྱུ་རྟག་པའི་དུས་དང་དད་གུས་མེད་ཅིང་ཚེ་ཐུང་བའི་དུས་དང་བཀའི་དོན་ཚིག་ཙམ་ལས་ཆེད་དུ་མི་འཛིན་པའི་དུས་དང༔ བསྟན་པའི་སྙིགས་མ་གྲུབ་མཐའ་ངན་པའི་དུས་དང་༔ གཉེན་པོས་མི་ནོན་པའི་དུས་དང༔ ཤན་ཕྱེ་ལ་འདའ་རང་གྲོལ་ཨ་ཏི་འབྱུང་བའི་དུས་དང་དྲུག་སྟེ༔ དུས་དེའི་ཚེ་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ལྷ་དེ་ཝ་བཟང་སྐྱོང་ལ་ཡིད་ལས་སྐྱེས་པའི་བུ་ལྔ་བརྒྱ་ཙམ་ཡོད་པའི་གཅེན་པོ་ཀུན་དགའ་སྙིང་པོ་ཞེས་བྱ་བ༔


MLP024_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཟླ་གཞན་ལས་བློ་གྲོས་དང་སྒྱུ་རྩལ་ཁྱད་པར་འཕགས་པ་ཞིག་བྱུང་སྟེ་བསམ་གཏན་གྱི་ཁང་པ་ན་གཅིག་པོར་སྡོད་ཅིང་རྡོ་རྗེའི་བཟླས་པ་ལ་དགའོ༔ དེ་ལ་ལྷའི་བུ་སེམས་ལྷག་ཅན་ཞེས་གྲགས་སོ༔ ལྷའི་བུ་དེ་ལ་ཆུ་མོ་གླང་གི་ལོ་རྨི་ལྟས་བཞི་རྨིས་ཏེ་སརྦ་བུདྡྷས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ་འོད་ཟེར་ཐུབ་པ་དྲུག་གིས་སེམས་ཅན་ལ་བསྐོར་བ་བྱས་ཏེ་དབུ་གཙུག་ཏུ་ཐིམ་པ་རྨིས༔ གཉིས་པ་ལ་ཚངས་པ་དང༔ ཁྱབ་འཇུག་དང༔ གུ་ལང་གསུམ་གྱུར་མིད་བྱས་པ་རྨིས༔ གསུམ་པ་ལ་ནམ་མཁའི་ཉི་ཟླ་གཉིས་རང་གི་ལག་ཏུ་བྱུང་ནས་ལོ་ཀ་སརྦ་འོད་ཀྱིས་གང་བར་རྨིས༔ བཞི་པ་ལ་ནམ་མཁར་སྤྲིན་རཏྣའི་ཁ་དོག་ཅན་ལས་བདུད་རྩིའི་ཆར་བབས་ཏེ་རྩི་ཐོག་དང་ནགས་ཚལ་དང་རིན་པོ་ཆེའི་མྱུ་གུ་དང་༔ མེ་ཏོག་དང་འབྲས་བུ་ཐམས་ཅད་དུས་གཅིག་ལ་རྒྱས་པ་རྨིས༔ ནངས་པར་ལྷའི་དབང་པོ་ལ་བཟླས་པས༔ ཀཽའུ་ཤིི་ཀས་བསྟོད་པ༔ ཨེ་མ་ཧོ༔ སྙིང་པོ་རྩོད་མེད་བསྟན་པ་འབྱུང་བའི་དུས༔ རྒྱལ་བའི་སྤྲུལ་པ་དུས་གསུམ་བྱང་ཆུབ་སེམས༔ ས་བཅུའི་དབང་ཕྱུག་ལོ་ཀའི་སྒྲོན་མེ་མཆོག༔ ལྷ་གནས་རྒྱན་གྱུར་ཁྱོད་ནི་ངོ་མཚར་ཆེ༔ ཞེས་གསུངས་སོ༔ རྨི་ལམ་དང་པོ་ནི༔ སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ལོན་ཏེ་རྒྱལ་ཚབ་བྱེད་པའི་རྟགས་སོ༔ གཉིས་པ་ནི་བདུད་ཐམས་ཅད་དབང་དུ་འདུས་ཤིང་དུག་གསུམ་རྩད་ནས་གཅོད་པའི་རྟགས་སོ༔ གསུམ་པ་ནི་གདུལ་བྱའི་བློ་མུན་སེལ་ཞིང་བསྟན་པའི་སྒྲོན་མེ་བྱེད་པའི་རྟགས་སོ༔ བཞི་པ་ནི་རང་བྱུང་ཨ་ཏིའི་བདུད་རྩིའི་ཆུས་ཉོན་མོངས་པའི་ཚ་གདུང་སེལ་ཞིང་རྩོལ་མེད་འབྲས་བུ་ཨ་ཏིའི་ཐེག་པ་ལྷུན་གྱིས་གྲུབ་པའི་རྟགས་སོ༔ ཡང་དུས་གསུམ་གྱི་བུདྡྷ་ཐམས་ཅད་འདུས་ནས་དཔལ་རྡོ་རྗེ་སེམས་དཔའ་བསྐུལ་ལོ༔ རིན་ཆེན་འཕྲུལ་གྱི་ཐབས་ལྡན་པ༔ གདུལ་བྱའི་གང་འདོད་སྒོ་ཕྱེས་ནས༔ རྩོལ་མེད་དབྱིག་དང་ལྡན་པར་མཛོད༔ ཅེས་བསྐུལ་བས་ཤྲཱི་བཛྲ་ས་ཏྭས་ཐུགས་ཀ་ནས་རིག་འཛིན་རང་འབར་གྱི་འཁོར་ལོ་ཕྱུང་སྟེ་སེམས་དཔའ་རྡོ་རྗེ་ལ་གཏད་དེ་འདི་སྐད་དོ༔ གཉིས་མེད་ཡེ་ཤེས་གསང་བའི་དོན༔ བྱར་མེད་རྩོལ་མེད་ཡེ་སངས་རྒྱས༔ དབུ་མ་ཆེན་པོར་གྲགས་པའི་ལམ༔ འདུས་པའི་འཁོར་ལ་བསྟན་པར་གྱིས༔ ཞེས་བསྐུལ་


MLP024_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བས་སེམས་དཔའ་རྡོ་རྗེས་བཤད་པར་དམ་བཅས་པ༔ བཛྲ་སཏྭ་ནམ་མཁའ་ཆེ༔ ཚིག་སྤྱོད་ཡུལ་མ་ཡིན་པ་ལ༔ བདག་གིས་སྒྲོག་པར་ཤིན་ཏུ་དཀའ༔ མ་རྟོགས་པ་ལ་ཚིག་སྒོ་ནས༔ མཚོན་པས་རྟོགས་པར་བྱ་བའི་ཕྱིར༔ ཅི་རིགས་པ་ཡི་རྣལ་འབྱོར་སྒྲོལ༔ ཞེས་ཞལ་གྱིས་འཆེས་ནས༔ དེའི་ཚེ་ཕྱག་ན་རྡོ་རྗེ་ལ༔ ཤར་ཕྱོགས་སུ་རྡོ་རྗེ་རྣམ་པའི་ཞིང་དུ་དེ་བཞིན་གཤེགས་པའི་རྡོ་རྗེ་གསང་བ་ལ་སོགས་པ་རྡོ་རྗེའི་རིགས་རྣམས་དང༔ ལྷོ་ཕྱོགས་ལོ་ཀའི་ཁམས་རིན་ཆེན་སྣང་བར་ཏ་ཐཱ་ག་ཏ་རིན་ཆེན་ཞབས་ལ་སོགས་པ་རཏྣའི་རིགས་རྣམས་དང་༔ ནུབ་ཕྱོགས་པདྨ་བརྩེགས་པར་བྷ་ག་ཝཱན་པདྨའི་འོད་ལ་སོགས་པ་པདྨའི་རིགས་བསམ་གྱིས་མི་ཁྱབ་པ་རྣམས་དང༔ བྱང་ཕྱོགས་རྣམ་དག་གྲུབ་པར་ཏ་ཐཱ་ག་ཏ་གྲུབ་པར་སྣང་བ་ལ་སོགས་པ་ལས་ཀྱི་རིགས་མཐའ་ཡས་པ་དང༔ དབུས་ཕྱོགས་མཐའ་དང་བྲལ་བའི་ཞིང་ཁམས་སུ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་སོགས་དེ་བཞིན་རིགས་ཀྱི་རྒྱལ་བ་མང་པོ་རྣམས་ལས་རྨད་བྱུང་བསྟན་པའི་སྙིང་པོ་རྩོལ་མེད་རང་བྱུང་གི་དགོངས་པ་རྒྱུ་འབྲས་ལས་འདས་པའི་ཆོས་ཨ་ཏི་ཡོ་གའི་དོན་རྣམས་སྒྲོ་འདོགས་བཅད་ཅིང་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་བཅུད་བླངས་ནས་སུམ་ཅུ་རྩ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་དབུ་རྩེའི་སྲོག་ཤིང་རྡོ་རྗེ་རྩེ་དགུ་པ་དང་བཅས་པའི་དབུས་ཁང་ན༔ ལྷའི་བུ་སེམས་ལྷག་ཅན་ཡོད་པ་དེ་ལས་དང་སྐལ་བར་ལྡན་པ་མཁྱེན་ཏེ་མདུན་དུ་བྱོན་སྲོག་ཤིང་རྡོ་རྗེ་རྩེ་དགུ་པའི་སྟེང་དུ་རིན་པོ་ཆེ་འབར་བའི་ཁྲིའི་ཁར་ཕྱག་ན་རྡོ་རྗེ་བཞུགས༔ རཏྣ་སྣ་ཚོགས་ལས་གྲུབ་པའི་གདུགས་ཕུབ༔ ལྷ་རྫས་ཀྱི་མཆོད་པ་མང་པོས་མཆོད་དེ༔ སེམས་ལྷག་ཅན་ལ་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བརྡའི་སྒོ་ནས་བསྐུར༔ མན་ངག་འཕྲུལ་གྱི་ལུང་བཅུ་ཕོག༔ གཞན་ཡང་དབང་བདུན་དང་མན་ངག་ལྔ་དང་ཏནྟྲ་དང་མན་ངག་མང་པོ་དུས་མཐའི་སྐད་ཅིག་ལ་རྫོགས་པར་བསྟན་ནས་རྒྱལ་ཚབ་དམ་པར་དབང་བསྐུར་ཏེ༔ རྨད་བྱུང་བསྟན་པའི་སྙིང་པོ་འདི༔ ལྷ་གནས་གསུམ་དུ་གྲགས་གྱུར་ནས༔ ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས༔ འཛམ་གླིང་དབུས་སུ་རྒྱས་པར་ཤོག༔ ཅེས་གསུངས་ཏེ་བསྟན་པ་ལྷ་གནས་གསུམ་དུ་རྒྱས་པར་གྱུར་ཏོ༔


MLP024_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མིའི་ཡུལ་དུ་བྱུང་བའི་ལོ་རྒྱུས་ནི༔ རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོ་མའི་ཡུལ༔ དྷ་ན་ཀོ་ཤའི་གླིང༔ མཚོ་ཀུ་ཏྲའི་འགྲམ་རྡོ་རྗེ་གླིང་ཕུག་གི་གནས༔ མེ་ཏོག་བཀྲ་བའི་ཚལ༔ ཉམས་དགའ་བ་དེ་ན༔ ཡབ་རྒྱལ་པོ་ཨུ་པ་རཱ་ཙ་དང་ཡུམ་སྣང་གསལ་འོད་ལྡན་མ་གཉིས་ལ་སྲས་མོ་མེ་ཏོག་གསལ་ཞེས་བྱ་བ་མཚན་དང་ལྡན་པ༔ དགེ་སེམས་དང་བྱང་སེམས་ལྷག་པར་ཆེ་བ༔ གཡོ་སྒྱུ་དང་བག་མེད་པ་སྤངས་ཏེ་རབ་ཏུ་བྱུང་བ་དགེ་སློང་མའི་ཁྲིམས་སྐྱོན་བྲལ་རྣམ་པར་དག་པ་བསྲུང་ཞིང་དགེ་སློང་མ་ལྔ་བརྒྱའི་འཁོར་དང་བཅས་གནས་པ་ལ༔ ཤིང་མོ་གླང་གི་ལོ་དབྱར་ཟླ་ར་བའི་ཚེས་བརྒྱད་ཀྱི་ཐོ་རེངས་རྨི་ལམ་ན༔ ཏ་ཐཱ་ག་ཏ་ཐམས་ཅད་ལས་འོད་ཟེར་འཕྲོས་ཏེ་ཉི་ཟླ་གཉིས་སུ་གྱུར་པ་ཉི་མ་སྤྱི་བོ་ནས་མར་ཐིམ༔ ཟླ་བ་རྐང་མཐིལ་ནས་ཡར་ཐིམ་པ་རྨིས༔ ནངས་པར་རྟོག་པ་སྐྱེས་ཏེ་མཚོ་ཀུ་ཏྲའི་འགྲམ་དུ་ཁྲུས་བྱས་ནས་འདུག་པ་ལ་ཕྱག་ན་རྡོ་རྗེ་བྱའི་རྒྱལ་པོ་ངང་པ་ཞིག་ཏུ་སྤྲུལ་ནས་སེམས་ལྷག་ཅན་ཡི་གེ་ཧཱུྃ་དུ་བསྡུས་ནས་སྤྲུལ་པ་ལ་ངང་པ་བཞིར་སྤྲུལ༔ ནམ་མཁའ་ལས་བབས་ཏེ་ཁྲུས་བྱས་ནས་སླར་མཁའ་ལ་འཕུར་བ་གསང་བདག་གི་སྤྲུལ་པའི་ཐུགས་སྲས་མོའི་ཐུགས་ཀར་ཆགས་ཏེ་མཆུ་ལན་གསུམ་དུ་གཏུགས་ནས་ཧཱུྃ་འོད་འབར་བ་གཅིག་ཐུགས་ཀར་བསྟིམས་ཏེ་འཕུར་སོང་ངོ ༔ དེར་མོ་ཡ་མཚན་སྐྱེས་ཏེ་ཡབ་དང་འཁོར་རྣམས་ལ་ལོ་རྒྱུས་རྣམས་བསྙད་པས་ཡབ་རྒྱལ་པོ་ཡ་མཚན་ཞིང་དགྱེས་ཏེ་སངས་རྒྱས་ཀྱི་སྤྲུལ་པ་ཞིག་འབྱུང་ངམ་གསུང་བྱ་དགའ་དང་རིམ་གྲོ་ཆེར་མཛད་དེ༔ དེར་སྦྲུམ་པའི་རྣམ་པ་མེད་པར་ལོ་དུས་ན་ཐུགས་ཀ་ནས་རྡོ་རྗེ་རྩེ་དགུ་འོད་འབར་བ་ཅིག་བྱུང་སྟེ་དེ་ཞུ་བ་ལས་ཁྱེའུ་ཆུང་མཚན་དཔེས་བརྒྱན་པ་ཕྱག་གཡས་པ་རྡོ་རྗེ་དང་གཡོན་པ་རིན་པོ་ཆེའི་ཕྱག་ཤིང་ཐོགས་པ་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་སོགས་པ་ཞལ་འདོན་དུ་མཛད་པ་ཞིག་བྱུང་ངོ༔ དེ་ཐམས་ཅད་དགྱེས་ཏེ་བྲམ་ཟེ་མཚན་མཁན་ལ་མཚན་བསྟན་པས་བྲམ་ཟེ་ཤིན་ཏུ་ངོ་མཚར་བར་གྱུར་ཏེ༔ འདི་ནི་སྤྲུལ་པའི་སྐུ་ཐེག་པ་མཆོག་གི་བསྟན་པའི་བདག་པོ་ཞིག་འབྱུང་བར་འདུག་ཟེར་རོ༔ ཐམས་ཅད་དགའ་བའི་རབ་ཏུ་གྱུར་ཅིང་ཕྱག་མཚན་རྡོ་རྗེ་བསྣམས་པས་མཚན་ཡང་དགའ་རབ་རྡོ་རྗེ་ཞེས་བཏགས་སོ༔


MLP024_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགྱེས་པར་གྱུར་པས་དགྱེས་པ་རྡོ་རྗེ༔ བཞད་པས་བཞད་པ་རྡོ་རྗེར་བཏགས༔ རྒྱལ་སྲིད་བཟུང་བ་ལས་ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ཏེ་རྒྱལ་ཐབས་སྤྱི་བླུགས་རྫོགས་པ་ལ་སོགས་པའི་དབང་རྣམས་བསྐུར༔ ལྷོ་ནུབ་ངམ་ཤོད་གླིང་གི་དུར་ཁྲོད་ནས་སྤུ་ར་རྣམ་པ་གསུམ་བཀུག་དབང་བསྐུར་དམ་ལ་བཏགས༔ ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པའི་རྒྱུད་དང་མན་ངག་ཐམས་ཅད་དུས་སྐད་ཅིག་ལ་རྫོགས་པར་གཏད༔ དགའ་རབ་རྡོ་རྗེ་ཉིད་ལ་བསྟན་པའི་བདག་པོར་དབང་བསྐུར༔ དམ་ཅན་རྣམས་ལ་གྲོགས་མཛོད་ཅིག༔ བསྟན་པའི་སྲུང་མར་གཉེར་གཏད་ཅིང་བསྐོས་སོ༔ དེར་དགའ་རབ་རྡོ་རྗེ་ཉིད་རྩོལ་མེད་རྫོགས་པ་ཆེན་པོའི་ས་ལ་སྐད་ཅིག་གིས་སངས་རྒྱས་སོ༔ དེ་དུས་ན་ཕ་བྲམ་ཟེ་བདེ་སྐྱོང་ངམ་མ་བྲམ་ཟེ་ཀུ་ཧ་ན་གཉིས་ལ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་བུ་ཁྱེའུ་ཆུང་མཚན་དང་བློ་གྲོས་དང་ལྡན་པ་ཞིག་བཙས་ཏེ་བྲམ་ཟེ་སྙིང་པོ་གྲུབ་པའམ་བདེ་མཆོག་སྙིང་པོ་ཞེས་བྱ་བ་ཕྱིས་རབ་ཏུ་བྱུང་སྟེ་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཆོག་ཏུ་གྱུར་པ་དེ་ལ་འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་ཏེ་འདི་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་མཚོ་ཀུ་ཏྲའི་འགྲམ་དུར་ཁྲོད་གསེར་གླིང་ཧེ་ཆེན་བརྡལ་བའི་དབུས་རྡོ་རྗེ་གླིང་ཕུག་གི་གནས་ན་རྡོ་རྗེ་སེམས་དཔའི་སྤྲུལ་པ༔ སངས་རྒྱས་ཐམས་ཅད་ཀྱི་རྩོལ་མེད་བསྟན་པའི་བདག་པོ༔ རྒྱལ་བ་ཐམས་ཅད་ཀྱིས་དབང་བསྐུར་བ༔ སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བ་བཞུགས་ཀྱི་ཁྱོད་དེར་སོང་ལ་རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏི་ཡོ་ག་ཞེས་བྱ་བ་རྩོལ་མེད་དུ་འཚང་རྒྱ་བའི་ཆོས་ལོངས་ལ་སྤྲུལ་པའི་སྡུད་པ་པོ་ཡང་གྱིས་ཤིག༔ ཅེས་ལུང་བསྟན་པར་གྱུར༔ དེའི་པཎྜི་ཏ་རྣམས་ལ་རྒྱུ་འབྲས་ལས་འདས་པའི་ཆོས་སུན་དབྱུང་བར་བགྲོས་པས་སྙིང་པོ་གྲུབ་པ་དང་ཐུ་བོ་རཱ་ཛ་ཧ་ཏི་ལ་སོགས་པ་བདུན་གྱིས་ཨོ་རྒྱན་གྱི་གནས་བགྲོད་དཀའ་བར་བྱོན་ཏེ༔ རྒྱུ་དང་འབྲས་བུ་གསང་སྔགས་ཕྱི་ནང་གི་ཆོས་ལ་རྩོད་ཅིང་བགྲོ་གླེང་བྱས་པ་ལ༔ དགའ་རབ་རྡོ་རྗེ་རྣམ་པ་ཀུན་ཏུ་རྒྱལ་བར་གྱུར་ཏེ༔ དེར་བདེ་མཆོག་སྙིང་པོས་གྲོགས་རྣམས་ལ་དྲིས་པ་སྤྲུལ་པའི་སྐུ་ལ་རྒྱུ་འབྲས་ལས་འདས་པའི་ཆོས་ཞུའམ་དྲིས་པས་ཐུ་བོ་ར་ཛ་ཧ་ཏི་ནི་ཞུ་བར་


MLP024_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ཡང་འོ་ཀོལ་གྱིས་བརྙས་པ་བྱས་པ་ལ་ཞུ་བར་མི་སྤོབས་ཟེར༔ ལ་ལ་ནི་འོ་ཅག་ཀྱང་ངེས་པར་འགྱུར་བ་ལགས་ཞུའོ་ཟེར་བཤགས་པ་བྱ་བར་བགྲོས་ཏེ་ལ་ལས་ནི་ཕྱག་དང་བསྐོར་བ་བྱས༔ ལ་ལས་ནི་ངུ་བཞིན་མཆི་མ་ཕྱུང༔ འཇམ་དཔལ་བཤེས་གཉེན་གྱིས་ཕྱག་བཙལ་ནས་སྨྲེ་སྔགས་བཏོན༔ སྤྲུལ་པའི་སྐུ་ལ་བདག་གིས་བརྙས་པ་ཤོར༔ རྩོད་པའི་ཚིག་མང་པོ་བྱུང་རྒྱལ་དུ་སྨྲས་པ་ལ་རང་གི་ལྕེ་འདི་བཅད་ལ་བཤགས་པ་བྱ་དགོས་སྙམ་སྤུ་གྲི་བཙལ་བ་ན༔ སྤྲུལ་པའི་སྐུས་མཁྱེན་ཏེ༔ ཚངས་པའི་དབྱངས་ཀྱིས་བཀའ་སྩལ་པ༔ མཉམ་ཉིད་ཕྱོགས་བྲལ་ལྷུན་རྫོགས་བདེ་བ་ཆེ༔ ཆོས་རྣམས་རང་རིག་སྐྱེ་མེད་མཐའ་བྲལ་ལ༔ འགྲོ་དྲུག་འཁྲུལ་པ་རང་ཡུལ་ཞེན་པས་བཅིངས༔ མུ་སྟེགས་རྟག་ཆད་མཐའ་མཚོན་ལོག་པར་ཞུགས༔ ཐེག་བརྒྱད་རང་གཞན་གཉིས་བཟུང་འདི་ཡིན་གྱི༔ ཕྱོགས་རིས་ཞེ་འདོད་གྲུབ་མཐའི་དབྱིབས་ལ་ཞེན༔ མཉམ་པའི་དོན་ལ་ཕྱོགས་དང་རིས་སུ་བཅད༔ རང་ལ་ཡོད་བཞག་མེད་པ་གཞན་དུ་འཚོལ༔ ལྷུན་གནས་བདེ་བའི་རྩོལ་བ་དང་དུ་ལོང༔ རང་སེམས་སངས་རྒྱས་ནམ་ཞིག་དུས་ལ་ལྟོས༔ དོན་མཆོག་མ་རྟོགས་རྟོགས་ཞེས་ཕྱོགས་ལྟ་བ༔ འདི་ཡིན་ཐང་ཆད་ཡུས་རྒྱས་སྙིང་རེ་རྗེ༔ དེ་བས་ཕྱོགས་མེད་ཞེན་པའི་རྭ་ཆོག་ལ༔ མཉམ་ཉིད་ཕྱོགས་བྲལ་བདེ་བའི་ལམ་ལ་ཞུགས༔ ཡང་དག་དོན་ལ་ཤེས་བྱ་ཤེས་བྱེད་སོགས༔ བྱ་རྩོལ་བྲལ་བའི་མཉམ་ཉིད་ཀློང་དུ་བཤགས༔ ཞེས་གསུངས་ཏེ་ཁྱོད་ཀྱི་ལྕེ་བཅད་པས་སྡིག་པ་མི་འདག་གི༔ རྒྱུ་འབྲས་ཀྱི་ཆོས་ལས་ཁྱད་པར་འཕགས་པའི་ཆོས་ཤིག་རྩོམས་ཤིག༔ དེས་འདག་པར་འགྱུར་རོ༔ ཞེས་གསུངས་ཏེ་ལས་དང་སྐལ་བར་མི་ལྡན་པ་རྣམས་ནི་སླར་ལོག༔ འཇམ་དཔལ་བཤེས་གཉེན་ནི་བརྡ་བསྟན་པ་ཙམ་ལ་སྐད་ཅིག་གིས་རྟོགས་པས་ཆོས་ཐམས་ཅད་ཁོང་དུ་ཆུད༔ བསྟན་པ་ཡོངས་སུ་རྫོགས་ཕྱིར་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར༔ ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པ་རྒྱུད་མན་ངག་ཐམས་ཅད་ཡོངས་སུ་རྫོགས་པ་གཏད༔ འཇམ་དཔལ་བཤེས་གཉེན་ཞེས་མཚན་བཏགས༔ དེ་ནས་སྤྲུལ་སྐུ་དགའ་རབ་རྡོ་རྗེས་གདམས་པའི་དོན་རྣམས་བྲིས་ནས་བཀའ་སྩལ་པ༔ སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ༔ སེམས་ལ་སྐྱེ་འགག་མེད་པས་


MLP024_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་འདྲ༔ ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ནས༔ དེ་ཉིད་མ་བཙལ་བཞག་ན་སྒོམ་པ་ཡིན༔ ཞེས་གསུངས་སོ༔ དེར་འཇམ་དཔལ་བཤེས་གཉེན་གྱིས་རྟོགས་པའི་དོན་ཁོང་དུ་ཆུད་ནས་རྟོགས་པ་བརྗོད་པ༔ བདག་ནི་འཇམ་དཔལ་བཤེས་གཉེན་ཏེ༔ གཤིན་རྗེའི་གཤེད་ཀྱི་དངོས་གྲུབ་ཐོབ༔ འཁོར་འདས་མཉམ་པ་ཆེན་པོར་རྟོགས༔ སརྦ་ཛྙཱ་ན་ཡེ་ཤེས་ཤར༔ ཞེས་གསུངས༔ བྱང་སེམས་རྡོ་ལ་གསེར་ཞུན་བཤགས་པར་བརྩམས༔ སྤྲུལ་པའི་བཀའི་སྡུད་པ་པོ་ཡང་མཛད༔ གཞན་ཡང་དགའ་རབ་དངོས་དང་མཇལ་བ་ནི༔ རཱ་ཛ་དྷ་ཧེན་ཏ་ལ༔ སྲས་ཐུ་བོ་རཱ་ཛ༔ སྲས་མོ་མེ་ཏོག་གསལ༔ ཀླུའི་རྒྱལ་པོ་འཇོག་པོ༔ གནོད་སྦྱིན་མ་བྱང་ཆུབ་མ༔ ཀུ་ཀུ་རཱ་ཛ་སྔ་མ་རྣམས་ཀྱིས་མཇལ་ཞིང་ཕྱི་མ་རྣམས་ལ་རིམ་པར་གསུངས་སོ༔ དེ་རྣམས་ལས་ཁྱད་པར་གྱི་བརྒྱུད་པའི་བཀའ་བབས་པ་ནི༔ འཇམ་དཔལ་བཤེས་གཉེན་ལ་ཤྲཱི་སེང་ཧས་ཞུས་ཏེ་དེ་ཡང་རྒྱ་ནག་ཤོ་ཤའི་གླིང་དུ་ཡབ་དགེ་ལྡན་དང་ཡུམ་སྣང་གསལ་མའི་སྲས་སུ་འཁྲུངས༔ སློབ་དཔོན་ཧ་ཏི་བྷ་ལ་ལ་སྒྲ་ཚད་རྩིས་སོགས་རིག་གནས་ལྔ་ལ་མཁས་པར་སྦྱངས༔ ལོ་ཉི་ཤུ་རྩ་ལྔ་ལ་ཟབ་མོ་ཨ་ཏིའི་གདམས་པ་རྒྱུད་ལུང་མན་ངག་དང་བཅས་པ་རྫོགས་པར་ཞུས་ཏེ་སྤྲོས་བྲལ་མཆོག་གི་རྟོགས་པ་མངོན་དུ་གྱུར་ནས་བཀའ་རྣམས་བསྡུས་སོ༔ ཁྱད་པར་དུ་འཕགས་པའི་བརྒྱུད་པ་སྐོར་གསུམ་སྟེ༔ ཤན་འབྱེད་བྲམ་ཟེའི་སྐོར༔ ལ་ཟློ་རྒྱལ་པོའི་སྐོར༔ རང་གྲོལ་མངོན་སུམ་སྟོན་པ་མན་ངག་གི་སྐོར་དང་གསུམ༔ དེ་རྣམས་ལས་རིག་འཛིན་རིག་པའི་བརྒྱུད་པའོ༔ བརྡ་ཙམ་བསྟན་པས་དོན་དགོངས་པ་བརྡའི་བརྒྱུད་པའོ༔ དེ་ལྟར་རྒྱལ་སྲས་ལྷའི་བུ་ལས་ལྷའི་ཡུལ་དུ་དར༔ ནཱ་ག་སང་ཏྲི་ཏ་ཞེས་པ་ལས་འོག་ཀླུའི་ཡུལ་དང༔ གནོད་སྦྱིན་མ་བྱང་ཆུབ་མ་ལས་གནོད་སྦྱིན་གྱི་ཡུལ་རྣམས་སུའང་ཅུང་ཟད་དར་རོ༔ དེ་དག་གི་ཡུལ་ཁམས་རྣམས་སུ་རིག་པ་འཛིན་པའི་ས་ཐོབ་པ་མང་དུ་བྱུང་ངོ༔ དེ་ནས་བོད་ཀྱི་ཡུལ་འདིར་སྙིང་པོའི་བསྟན་པ་འདི་བྱུང་བའི་ཚུལ་ནི་གསུམ་སྟེ༔ དབུ་བརྙེས་པ་དང༔ སྲོལ་བཏོད་པ་དང༔ དར་ཞིང་རྒྱས་པ་གསུམ་ལས༔ རྗེ་གཉའ་ཁྲི་བཙན་པོ་


MLP024_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ་རྒྱལ་རབས་མང་ཞིག་སོང་བ་ན་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་སྤྲུལ་པ་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་སྐུའི་རྟེན་ཚིནྡྷ་མ་ཎིའི་སྐུ་དང༔ གསུང་གི་རྟེན་མདོ་སྡེ་ཟ་མ་ཏོག་བཀོད་པ༔ སྔགས་ཀྱི་རྟེན་སྤང་སྐོང་ཕྱག་རྒྱ་པ་རྣམས་དང༔ ཐུགས་ཀྱི་རྟེན་ཤེལ་གྱི་མཆོད་རྟེན་ཁྲུ་གང་རྣམས་བྱུང་སྟེ་དམ་པ་ཆོས་ཀྱི་དབུ་བརྙེས་སོ༔ དེ་ནས་འཕགས་པ་ལོ་ཀེ་ཤྭ་རའི་སྤྲུལ་པ་སྲོང བཙན་སྒམ་པོ་བྱུང་སྟེ་མཐའ་འདུལ་ཡང་འདུལ་དང་ལྷ་སའི་གཙུག་ལག་ཁང་བཏབ༔ ཇོ་བོ་རྣམ་གཉིས་སྤྱན་དྲངས༔ ཐོན་མི་སམྦྷོ་ཊས་མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པའི་འགྱུར་འགོ་བཙུགས་ཏེ་བསྟན་པའི་སྲོལ་བཏོད་པའོ༔ རྒྱལ་པོ་འདི་གཉིས་ནི་བོད་ཁམས་སྤྱི་ལ་སྐུ་དྲིན་ཆེ་ན་ཡང་སྙིང་པོ་མན་ངག་གི་ཆོས་འདི་ནི་དུས་དེར་མ་བྱུང་ངོ༔ དེ་ནས་བསྟན་པ་དར་ཞིང་རྒྱས་པའི་ཚུལ་ནི་འཕགས་པ་འཇམ་དཔལ་གྱི་རྣམ་པར་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བྱུང་སྟེ་དགུང་ལོ་བཅུ་གསུམ་ལ་ཡབ་གཤེགས༔ བཅུ་བདུན་གྱི་བར་དུ་ངམ་རྟ་ར་ཀླུ་གོང་དང་ལྷ་བཟང་ཀླུ་དཔལ་ལ་སོགས་དང་བགྲོས་ནས་དམག་དང་ཇག་གི་སྒོ་ནས་བཏུལ་བས་ཡུལ་ཁམས་མང་པོ་མངའ་འོག་ཏུ་ཆུག༔ དེ་ནས་བསམ་པ་རྙེད་དེ་ཡབ་མེས་ཀྱི་ལུགས་ཀྱི་སྲོལ་བཟུང་ལ་དམ་པའི་ཆོས་ཀྱི་བསྟན་པ་འཛུགས་པར་བསམས་ཏེ༔ དེ་ཡང་སྐུའི་རྟེན་དུ་གཙུག་ལག་ཁང་བརྩིགས༔ གསུང་གི་རྟེན་དུ་དམ་པའི་ཆོས་བསྒྱུར༔ ཐུགས་ཀྱི་རྟེན་དུ་དགེ་འདུན་གྱི་སྡེ་འཛུགས་དགོས་སྙམ་ནས་རྗེ་བློན་གྲོས་བྱས་པས་གཙུག་ལག་ཁང་རྩིག་པར་ཁ་འཆམ་སྟེ་ས་འདུལ་བའི་སློབ་དཔོན་བཙལ་བས་ཟ་ཧོར་གྱི་ཡུལ་ནས་མཁན་པོ་བོ་དྷི་ས་ཏྭ་རྙེད་དེ་སྤྱན་དྲངས༔ ས་བཏུལ་ཡང་ཨཱཪྱ་པཱ་ལོའི་གླིང་ན་ཀླུ་གནས་པའི་སེ་ཕུང་ཞིག་ཡོད་པ་གཅོད་པར་ཤེས་ནས་ཀླུ་དེས་ལྷ་འདྲེ་ཐམས་ཅད་ར་མདར་སློག༔ དགེ་བསྙེན་ཉེར་གཅིག་དང་གནོད་སྦྱིན་མི་མ་ཡིན་རྣམས་ཀྱིས་དམག་དཔུང་བསྡུས༔ ཉིན་བཞིན་དུ་མིས་བརྩིགས་པ་རྣམས་མཚན་མོ་ལྷ་འདྲེས་བཤིག་སྟེ་ས་རྡོ་ཐམས་ཅད་རང་གནས་སུ་བསྐྱལ༔ དེར་རྒྱལ་པོས་མཁན་པོ་ལ་འདི་ལྟར་ཡོང་བ་བདག་རྒྱལ་པོ་སྒྲིབ་པ་ཆེས་སམ་མཁན་པོས་བྱིན་གྱིས་མ་བརླབས་སམ་བསམ་པ་མི་འགྲུབ་པ་ལགས་སམ་


MLP024_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞུས་པས༔ མཁན་པོའི་ཞལ་ནས་བདག་བྱང་ཆུབ་ཀྱི་སེམས་འབྱོངས་ཀྱང་ལྷ་འདྲེ་རྣམས་ཞི་བས་མི་ཐུལ་དྲག་པོས་འདུལ་དགོས་པར་འདུག༔ ད་ལྟ་རྒྱ་གར་རྡོ་རྗེ་གདན་ན་ཨོ་རྒྱན་པདྨ་འབྱུང་གནས་ཞེས་བྱ་བ་སྐུ་རྫུས་སྐྱེས་སུ་འཁྲུངས་པ་རིག་པའི་གནས་ལྔ་ལ་མཁས་པ༔ དོན་དམ་གྱི་རྩལ་འབྱོངས་པ༔ མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་པ༔ བདུད་བཅོམ་སྡེ་བརྒྱད་བྲན་དུ་འཁོལ་བ༔ ལྷ་འདྲེ་ཐམས་ཅད་འདར་ཞིང་འབྱུང་པོ་འདུལ་བ་ཞིག་བཞུགས་པས་སྤྱན་དྲངས་ན་ལྷ་འདྲེ་ཐམས་ཅད་འཁྲ་མི་ནུས་ཏེ་རྒྱལ་པོའི་ཐུགས་དགོངས་མཐར་ཕྱིན་པར་འགྱུར་རོ་གསུངས༔ རྒྱལ་པོས་དེ་འདྲ་སྤྱན་མི་འདྲོངས་སམ་ཞུས་པས་སྔོན་གྱི་སྨོན་ལམ་ཡོད་པས་སྤྱན་འདྲོངས་ཞེས་བལ་ཡུལ་དུ་བྱ་རྫི་གསལ་ལེའི་བུ་མོ་བདེ་མཆོག་ལ་རྟ་རྫི་ཕག་རྫི་ཁྱི་རྫི་བྱ་རྫི་བཞིར་གྱུར་ནས་སྨོན་ལམ་བཏབ་པའི་ལོ་རྒྱུས་རྣམས་གསུངས་སོ༔ དེ་ནས་སྦ་ཁྲི་ཤེར༔ རྡོ་རྗེ་བདུད་འཇོམས༔ མཆིམས་ཤཱཀྱ་པྲ་བྷ༔ ཤུད་བུ་དཔལ་གྱི་སེང་གེ་རྣམས་ལ་གསེར་ཕྱེ་བྲེ་རེ༔ གསེར་གྱི་པ་ཏྲ་རེ་བསྐུར་ནས་རྒྱ་གར་ལ་བརྫངས༔ དེ་རྣམས་ཀྱིས་སློབ་དཔོན་བོད་ཡུལ་དུ་གཙུག་ལག་ཁང་གི་ས་གཞི་བྱིན་གྱིས་བརླབས་པར་འབྱོན་དགོས་པའི་ཞུ་བ་ཕུལ་བས་ཞལ་གྱིས་བཞེས༔ རིམ་བཞིན་གདན་བསྐྱོད་ནས་ལམ་དུ་བརྟན་མ་བཅུ་གཉིས༔ སྐྱོང་མ་བཅུ་གཉིས༔ དགེ་བསྙེན་ཉེར་གཅིག་ལ་སོགས་པ་བོད་ཡུལ་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས་བྲག་དམར་དུ་ཕེབས༔ གཙུག་ལག་ཁང་གི་ས་བཏུལ་ཏེ་བསམ་ཡས་ལྷུན་གྱིས་གྲུབ་པའི་དབུ་རྩེ་རིགས་གསུམ༔ གླིང་བཞི་གླིང་ཕྲན༔ ཉི་མ་ཟླ་བ༔ ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ་བཞེངས༔ མཁན་པོ་དང་སློབ་དཔོན་པདྨ༔ བི་མ་ལ་མི་ཏྲ་གསུམ་གྱིས་རབ་གནས་ཀྱི་མེ་ཏོག་ལན་གསུམ་དུ་གཏོར༔ ངོ་མཚར་གྱི་ལྟས་དང་ཆོ་འཕྲུལ་མང་དུ་བྱུང༔ དེ་ནས་མཁན་པོས་འདུལ་བ་དང་མདོ་ལུགས་ཀྱི་སྲོལ་བཟུང༔ སློབ་དཔོན་པདྨ་དང་བི་མ་ལ་མི་ཏྲས་སྔགས་ཀྱི་བསྟན་པ་བཙུགས༔ དབང་རྒྱུད་མན་ངག་བསྐྱེད་རྫོགས་ཀྱི་ཉམས་ལེན་སྲོལ་བཟུང༔ བཤད་གྲྭ་དང་སྒོམ་གྲྭ་བཙུགས༔ མདོ་སྔགས་ཀྱི་བསྟན་པས་བོད་ཁམས་ཁྱབ་པར་མཛད་དོ༔ དུས་དེར་མངའ་བདག་གི་བསམ་པ་ལ་ཁམས་གསུམ་འཁོར་


MLP024_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྡུག་བསྔལ་ནི་བཟོད་པར་དཀའ་ཡང་སེམས་ཅན་ཉོན་མོངས་པའི་དབང་གིས་ལས་ངན་བསགས་པས་རྟག་པར་འཁོར་བར་འཁྱམས་ཏེ་སྡུག་བསྔལ་མི་བཟད་པ་མྱོང་དགོས་པ་འདུག༔ ད་ལྟ་མི་ལུས་ཐོབ་པའི་དུས་འདིར་འབད་པ་ཆེན་པོས་དམ་པའི་ཆོས་སྤྱད་ལ་ཐར་པའི་སར་སྙོག་དགོས་འདུག་ཅིང༔ དེས་ན་མཁན་སློབ་ཁྱད་པར་འཕགས་པ་རྣམས་དང་མཇལ༔ ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ཐོབ༔ དགེ་བའི་ལས་ལམ་འགའ་ཞིག་སྔོན་དུ་བྱས་ཀྱང་ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་པོར་སྐྱེས་པས་ཚེ་འདིར་རྣམ་པར་གཡེང་བ་འབའ་ཞིག་གིས་ཡེངས་ནས་དལ་འབྱོར་མདོ་མེད་སྟོང་ལོག་ཏུ་སོང་ན་ཅི་བྱ༔ ཚེ་འདིར་ལས་འབྲས་ལ་སྤང་བླང་དང་དགེ་སྡིག་གི་འདོར་ལེན་ཡང་མི་ནུས་ལ༔ ཡུན་རིང་པོར་སྒོམ་སྒྲུབ་ཉམས་ལེན་རྣམས་ཀྱང་བྱ་ལོང་མེད་པར་ཞེ་རེ་འཇིགས༔ དེ་བས་ན་གསང་སྔགས་ཟབ་མོའི་ནང་ནས་ཡང་ཟབ་གནད་ཀྱི་མན་ངག་ཅིག་ཞུས་ན་ཐར་པའི་སྐབས་འགའ་འགྱུར་སྲིད་དམ་སྙམ་ནས་སློབ་དཔོན་པདྨ་དང་༔ བི་མ་ལ་མི་ཏྲ་དང༔ བཻ་རོ་ཙ་ན་རྣམས་སྤྱན་དྲངས་ཏེ་དབུ་རྩེ་རིགས་གསུམ་གྱི་ཤར་ཕྱོགས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ་ཟ་འོག་གི་འབོལ་བཤམས་པ་ལ་རིམ་པར་བཞུགས་སུ་གསོལ་ཏེ༔ གསེར་དང་དངུལ་དང་རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་ཕུལ༔ ཕྱག་དང་བསྐོར་བ་བྱས་ཏེ་གསོལ་བ་བཏབ་པ༔ ཀྱེ་མ་མཧཱ་གུ་རུ་སྤྲུལ་པའི་སྐུ༔ ཨོ་རྒྱན་ཡུལ་གྱི་པདྨ་སཾ་བྷ་དང༔ རྒྱ་གར་མཁས་པ་བི་མ་མི་ཏྲ་དང༔ བོད་ཀྱི་ལོ་ཙཱ་བཻ་རོ་ཙ་ན་སྟེ༔ སློབ་དཔོན་ཁྱད་འཕགས་དམ་པ་རྣམ་གསུམ་ལ༔ འདི་ཕྱི་བར་མ་དོ་རུ་གཅེས་པ་ཡི༔ དགོས་པ་མཆོག་ཅིག་ཞུ་བས་སྐབས་དབྱེ་འཚལ༔ བདག་འདྲ་མཐའ་འཁོབ་བོད་ཀྱི་རྒྱལ་པོར་སྐྱེས༔ ཚེ་འདིར་འདོད་ཡོན་ལོངས་སྤྱོད་བསམ་ཡས་ཀྱང༔ མྱུར་དུ་མི་རྟག་འཆི་བའི་དུས་བྱུང་ཚེ༔ སྲིད་པའི་བདེ་འབྱོར་སྙན་གྲགས་འཁོར་འདབ་དང༔ ཡོད་དགུ་བཞག་ནས་གཅིག་པོར་འགྲོ་དགོས་ཏེ༔ རྒྱུས་མེད་ངེས་མེད་བར་དོའི་འཕྲང་ལ་འགྲོ༔ རྟིང་མ་འཁོར་བ་ངན་སོང་སྡུག་བསྔལ་མྱོང་༔ བཟོད་པར་དཀའ་ཡང་ཐར་པའི་གོ་སྐབས་མེད༔ དེ་ལས་སྐྱོབ་བྱེད་དམ་པའི་ཆོས་ཤིག་ཞུ༔ རིང་པོའི་ལམ་གྱིས་བྱང་ཆུབ་འགྲུབ་པ་དཀའ༔ རྒྱུ་འབྲས་སྤང་བླང་ཚུལ་


MLP024_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱེད་པ་དཀའ༔ འདོད་ཡོན་ལོངས་སྤྱོད་སྲེད་པ་སྤང་བ་དཀའ༔ དཀའ་ཚེགས་མེད་པར་འགྲུབ་པའི་ཆོས་ཤིག་ཞུ༔ འཁོར་བའི་རྒྱུ་ནི་དུག་ལྔ་དུག་གསུམ་སྟེ༔ དེ་ཡི་བདེ་བ་དག་ཀྱང་ངན་འགྲོའི་རྒྱུ༔ བདེ་འགྲོར་སྐྱེས་ཀྱང་མི་རྟག་སྙིང་པོ་མེད༔ མ་ནོར་ལམ་མཆོག་བདག་ལ་བསྟན་དུ་གསོལ༔ ཞེས་གསོལ་བ་བཏབ་པ་དང༔ ཡང་ཇོ་མོ་མཁར་ཆེན་བཟས་རིན་པོ་ཆེའི་མེ་ལོང་ལ་གསེར་གཡུའི་ཕྲ་བཀོད་པ་ཕུལ་ནས་གསོལ་བ༔ ཨེ་མ་རྒྱལ་བའི་རྣམ་སྤྲུལ་ངོ་མཚར་ཅན༔ མཆོག་གི་སྤྲུལ་པ་པདྨ་འབྱུང་གནས་དང༔ པཎ་ཆེན་མཚུངས་མེད་བི་མ་མི་ཏྲ་དང༔ སྒྲ་བསྒྱུར་རྩོལ་མེད་བཻ་རོ་ཙ་ན་ལ༔ རབ་གུས་ཡིད་ཀྱིས་རྟག་པར་གསོལ་བ་འདེབས༔ རིག་འཛིན་གསུམ་གྱིས་བདག་ལ་བྱིན་གྱིས་བརླབས༔ མངའ་བདག་རྒྱལ་པོས་ཇི་སྐད་གསོལ་བཏབ་ལྟར༔ མ་འོངས་སྐལ་ལྡན་རྗེས་འཇུག་དོན་ཕྱིར་དང་༔ ད་ལྟའི་རྗེ་འབངས་འགྲོ་བ་བསྐྱབ་པའི་ཕྱིར༔ མན་ངག་སྙིང་པོ་རྩོལ་མེད་རྫོགས་པ་ཆེ༔ གོ་རིམ་མ་འཁྲུགས་མ་གབ་མ་སྦས་པ༔ བདག་ཅག་རྣམས་ལ་སྩོལ་ཅིག་ཐུགས་རྗེའི་བདག༔ ཅེས་གསོལ་བ་བཏབ་པ་དང་མ་ཧཱ་གུ་རུས་བཀའ་སྩལ་པ༔ ཨེ་མ་གསོན་དང་རྒྱལ་བློན་རྣམས༔ བདག་འདྲ་པདྨ་ཐོད་ཕྲེང་རྩལ༔ སྣང་བ་མཐའ་ཡས་བྱིན་རླབས་ལས༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་སྐུ༔ ནུབ་ཕྱོགས་ཨོ་རྒྱན་དྷཱ་ཀའི་གླིང༔ དྷ་ན་ཀོ་ཤའི་མཚོ་དབུས་སུ༔ མདངས་ལྡན་པདྨའི་སྡོང་པོ་ལས༔ རང་བྱུང་རིག་པའི་ཤུགས་ཀྱིས་བྱུང༔ རྒྱ་གར་ཡུལ་གྱི་མཁས་པ་ནི༔ ཤཱཀྱ་པྲ་བྷ་ལས་རབ་བྱུང༔ དགའ་རབ་འཇམ་དཔལ་བཤེས་གཉེན་དང༔ ཤྲཱི་སེང་ཧ་རྒྱལ་པོ་ཛ༔ མཁས་གྲུབ་དུ་མའི་དྲུང་དུ་ཕྱིན༔ དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་སྤྱད༔ རྡོ་རྗེ་ཕག་མོས་དངོས་གྲུབ་བྱིན༔ ཟ་ཧོར་ཡུལ་དུ་ངོ་མཚར་བསྟན༔ མུ་སྟེགས་ཚར་བཅད་དྲག་པོས་བསྒྲལ༔ མཱ་ར་ཏི་ཀར་འཆི་མེད་གྲུབ༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་ཐུགས་ཀྱི་སྒྲུབ་པ་བྱས༔ མཧཱ་མུ་དྲའི་སིདྡྷི་ཐོབ༔ བར་གཅོད་བགེགས་རྣམས་ཕུར་པས་བསྒྲལ༔ རྒྱལ་པོས་སྤྱན་དྲངས་བོད་དུ་འོངས༔ འདྲེ་གདོན་གདུག་པ་མ་ལུས་བཏུལ༔ བསམ་ཡས་ས་བཏུལ་རབ་གནས་བྱས༔ ས་འོག་ས་སྟེང་ཆོས་ཀྱིས་བཀང་༔ ད་ནི་སྲིན་པོ་འདུལ་ཕྱིར་འགྲོ༔ ལྷོ་ནུབ་སྲིན་པོ་མ་བཏུལ་ན༔


MLP024_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་སྲིན་གྱི་ཟ་ཁ་ཟུག༔ ང་མིན་སུས་ཀྱང་ཁ་མི་ནོན༔ དེ་ཕྱིར་འཛམ་གླིང་འགྲོ་བ་ལ༔ པད་འབྱུང་བདག་ལས་དྲིན་ཆེ་མེད༔ རྟག་ཏུ་གསོལ་བ་སྙིང་ནས་ཐོབ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་ཇོ་བོ་སྤྱན་རས་གཟིགས༔ ཀུན་འདུས་ངོ་བོ་པདྨ་འབྱུང༔ ང་ཡི་འགྲོ་དོན་མཐའ་རྒྱས་སྤྱོད༔ རྩོལ་མེད་ཐེག་པའི་ཡང་རྩེ་མཆོག༔ ཨ་ཏི་མཐར་ཐུག་སྙིང་པོ་འདི༔ རྗེ་བློན་བོད་འབངས་ཐམས་ཅད་དང༔ སྙིགས་དུས་མཐའ་མའི་ལས་ཅན་ནི༔ འགྲོ་འདུལ་གླིང་པ་ཞེས་བྱ་དང༔ དེ་ཡི་རྗེས་འཇུག་དད་བརྩོན་ཅན༔ ཕྱོགས་བཞི་ཁྱད་པར་བྱང་ཕྱོགས་ཀྱི༔ སྐལ་ལྡན་ཤེས་རབ་ཅན་དོན་དང༔ གདུལ་བྱ་མ་ལུས་དོན་དུ་བཞག༔ སྒོམ་སྒྲུབ་འབད་ཅིག་དད་ལྡན་རྣམས༔ འདི་དང་སུ་འཕྲད་ལས་འཕྲོ་ཆེ༔ ཉམས་སུ་སུ་ལེན་སྐལ་བ་བཟང༔ ཚུལ་བཞིན་བསྒྲུབས་ན་བྱང་ཆུབ་ཐོབ༔ འདི་དང་ཕྱི་མ་བར་དོའམ༔ སྐྱེ་བ་གསུམ་གྱི་དུས་ཚུན་ཆད༔ མ་གྲོལ་པདྨས་བསླུས་པར་འགྱུར༔ དུས་གསུམ་རྒྱལ་བའི་དགོངས་པ་ནི༔ མཐར་ཐུག་དོན་ལ་འདི་ལས་མེད༔ ལས་ཅན་རྣམས་ལ་འདི་ཉིད་བསྟན༔ དམ་མེད་རྣམས་ལ་གསང་རྒྱས་བཏབ༔ ས་མ་ཡ༔ རཀྵ༔ ཞེས་གདམས་སོ༔ དེ་ནས་སློབ་དཔོན་བི་མ་ལ་མི་ཏྲས་གསུངས་པ༔ ས་བཅུའི་དབང་ཕྱུག་འཕགས་པ་འཇམ་དཔལ་དབྱངས༔ རྒྱལ་བའི་སྲས་ཀྱི་ཐུ་བོ་སྤྲུལ་པའི་སྐུ༔ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི༔ དགོངས་པ་རྒྱ་ཆེ་ཟབ་ཅིང་དཔག་དཀའ་བས༔ བོད་ཁམས་དཀར་པོའི་ཆོས་ཀྱིས་འགེངས་པ་དང༔ མདོ་སྔགས་དམ་ཆོས་བསྟན་པ་བོད་ན་དར༔ བསྟན་པའི་སྲོལ་ཀ་བཟང་པོ་བཙུགས་ན་ཡང༔ མྱུར་བའི་ལམ་མཆོག་ཨ་ཏི་རྫོགས་ཆེན་འདི༔ ཀུན་གྱི་རྩེར་གྱུར་ཐེག་པའི་ཡང་བཅུད་ཡིན༔ ནན་གྱིས་ཞུས་དོན་སྦ་གསང་མེད་པར་བསྟན༔ ཅི་ཕྱིར་རྒྱལ་པོ་ཆོས་ལ་དད་པ་དང༔ དམ་ཚིག་བསྲུང་ཞིང་སེམས་ཅན་བརྩེ་བའི་ཕྱིར༔ རྒྱལ་བའི་དགོངས་དོན་གཅིག་བསྡུས་རྣལ་འབྱོར་ལམ༔ འདི་དང་སུ་འཕྲད་ལས་ཅན་སྐལ་བ་བཟང༔ རྒྱལ་བློན་རྣམས་དང་ཕྱི་རབས་དོན་དུ་བཞག༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ཞེས་གསུངས་སོ༔ དེ་ནས་སྤ་གོར་བཻ་རོ་ཙ་ནས་བཀའ་སྩལ་པ༔ བོད་ཀྱི་ལྷ་གཅིག་འགྲོ་བ་མི་ཡི་རྗེ༔ རྒྱལ་སྲས་རྣམ་


MLP024_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ཁྲི་སྲོང་ལྡེའུ་བཙན་ནི༔ རྗེ་བློན་འཁོར་བཅས་བདག་ལ་བརྩེ་བས་གསོན༔ བདག་ནི་མཁས་པ་བཻ་རོ་ཙ་ན་སྟེ༔ བཅུ་དྲུག་དཀའ་བ་སྤྱད་ནས་རྒྱ་གར་ཕྱིན༔ དོ་ཤི་དོ་ཆད་ལྔ་བཅུ་རྩ་བཞི་བྱས༔ ཀུན་བཟང་རྡོར་སེམས་དགའ་རབ་རྡོ་རྗེ་དང༔ འཇམ་དཔལ་བཤེས་གཉེན་ཤྲཱི་སིང་ཧ་སོགས༔ རིག་འཛིན་གདུང་རབས་ཉི་ཤུའི་དགོངས་པའི་བཅུད༔ ཟབ་དགུའི་མན་ངག་སྙི ང་པོ་འདི་དག་བླངས༔ འགྲོ་ལ་བརྩེ་བས་གཞན་ལ་བསྟན་སྙམ་ཡང༔ སྐལ་ལྡན་མ་རྙེད་རང་གི་སྙིང་ལ་གབ༔ འོན་ཀྱང་རྒྱལ་བློན་ཐེག་མཆོག་རིགས་སད་ཕྱིར༔ རིག་འཛིན་དགོངས་པའི་བཅུད་བསྡུས་ཟབ་མོའི་དོན༔ རྒྱལ་བློན་རྣམས་དང་ཕྱི་རབས་དོན་དུ་བཞག༔ དཔེ་ཚན་གཉིས་བྱས་གཏེར་ཁ་གཉིས་སུ་སྦ༔ ལྷོ་བྱང་གཉིས་སུ་སྐལ་ལྡན་དོན་བྱེད་འགྱུར༔ ཞེས་གསུངས་སོ༔ དེ་ནས་སློབ་དཔོན་རྣམ་པ་གསུམ་གྱིས་བསམ་ཡས་མཆིམས་ཕུ་གྲི་གུ་གེ་གོང་གི་དབེན་རྩར་བྱོན་ཏོ༔ དེ་ནས་མངའ་བདག་རྒྱལ་པོ་དང༔ མཁར་ཆེན་བཟའ་དང༔ ནམ་མཁའི་སྙིང་པོ་དང༔ ངན་ལམ་མཆོག་དབྱངས་དང༔ གནུབས་སངས་རྒྱས་ཡེ་ཤེས་དང༔ གཉགས་ཛྙཱ་ན་ཀུ་མཱ་ར་དང༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ཏེ་རྗེ་བློན་བདུན་ལ་རྒྱལ་ཐབས་སྤྱི་བླུགས་ལ་སོགས་པའི་དབང་དང་ལུང་དང་མན་ངག་ཡོངས་སུ་རྫོགས་པར་གནང་སྟེ་ཆོས་ཉིད་ཀྱི་རྟོགས་པ་ཇི་བཞིན་པ་རྒྱུད་ལ་སྐྱེས་སོ༔ དོན་དེ་རྣམས་ཕྱི་རབས་ཀྱི་དོན་དུ་ཡི་གེར་བཀོད་ནས་སྨོན་ལམ་བཏབ་བོ༔ དུས་ཀྱི་མཐའ་མ་བསྐལ་པའི་ཡང་མཐའ་ལ༔ རྒྱལ་པོའི་གདུང་བརྒྱུད་ས་མཐར་འཐོར་ཞིང་ཡལ༔ འབངས་དམངས་དཔོན་གྱུར་རི་རེར་རྫོང་རེ་འབྱུང༔ མི་ངན་བརླང་པོའི་སྤྱོད་པས་རྒྱལ་ཁྲིམས་བཤིག༔ མཐའ་མིས་དབུས་འཛིན་ཆ་ལུགས་སྣ་ཚོགས་དར༔ ཆོས་ཁྲིམས་ཉམས་པས་སྡེ་འཁྲུགས་སེར་དམག་བྱེད༔ རོ་ལ་མགོ་མེད་ཤིང་སྡོང་བཅད་པ་འདྲ༔ ས་གཞི་ཁྲག་མཚོ་རྡོལ་ཞིང་དམར་པོར་གཏོང༔ མཚན་འཁྲུགས་ནད་ཡམས་གློ་བུར་དུས་གཅིག་ལངས༔ ལྷོ་བྲག་ཤར་དུ་མཚོན་གྱི་བསྐལ་པ་འབྱུང༔ ལ་སྟོད་ཕྱོགས་སུ་བདུད་བློན་རྒྱལ་པོ་བྱེད༔ ལྷ་ཁང་མཐིལ་དུ་སྒྱུ་མའི་གྲོང་ཁྱེར་འཆར༔ རྣམ་པར་སྣང་མཛད་སྤྱན་ཆབ་འབྱིན་པའི་དུས༔ ལྷོ་བྲག་མཐིལ་དུ་སླུས་དང་དུག་རྒོད་རྡོལ༔ ཤངས་


MLP024_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱོགས་ནས་འགོང་པོ་སྤུན་གསུམ་འབྱུང་༔ ཤར་ཕྱོགས་རྒྱལ་པོ་རིགས་གསུམ་བསྟན་པ་འཛིན༔ དུས་དེར་ཐུགས་རྗེ་ཆེན་པོའི་སྒྲུབ་པ་བྱ༔ ཞི་ཁྲོའི་སྒྲུབ་མཆོད་དམ་སྲི་འགོང་པོ་མནན༔ རྫོགས་ཆེན་སྙིང་པོའི་ལམ་འདི་ཉམས་སུ་བླངས༔ ཁོལ་བུ་ཁོལ་བུར་ཡུལ་དུས་བདེ་བ་སྟེར༔ སྤྲིན་བར་ཉི་ཞུར་ལྟ་བུའི་བདེ་བ་འབྱུང༔ དེ་ཚེ་རྫོགས་ཆེན་སྙིང་པོ་ཨ་ཏི་འདི༔ བསྟན་པ་ལྷོ་ཡི་ཕྱོགས་ནས་བྱང་ཕྱོགས་དར༔ དབུས་ཕྱོགས་བྱུང་ན་ཟབ་ཅིང་ཤིན་ཏུ་བརྟན༔ སྡེ་དཔོན་དད་ལྡན་འདི་འཛིན་མངའ་ཐང་འཕེལ༔ ཁྱད་པར་འདི་ཉིད་འཛིན་པའི་ལས་ཅན་ནི༔ ཤམ་པོ་གངས་ཀྱི་ལྷོ་ནུབ་ཉེ་འདབས་སུ༔ འགྲོ་བའི་མགོན་པོ་རྩོད་པ་མེད་པ་འབྱུང༔ འདི་ཡི་བསྟན་པ་བཟུང་ནས་འགྲོ་བ་སྐྱོབ༔ ཡར་འབྲོག་དབུས་གཡོར་རིག་འཛིན་རབ་བྱུང་ཚུལ༔ ཐོལ་བྱུང་ཚིག་སྨྲ་གསང་སྔགས་དོན་ལ་མོས༔ ཁམས་ཀོང་ཕྱོགས་སུ་ལས་ཅན་རྣམ་པ་གསུམ༔ འདི་དང་འབྲེལ་ན་ཐར་ལམ་ཐེ་ཚོམ་མེད༔ གཞན་ཡང་སྐྱེས་བུ་འདི་ཡི་ཕྱོགས་འཛིན་པ༔ ལས་ཅན་དེ་དག་དམ་སེལ་མ་ཞུགས་ན༔ ཕྲིན་ལས་མཐའ་རྒྱས་འབྱུང་བར་ཐེ་ཚོམ་མེད༔ གང་ཞིག་སེལ་ཞུགས་རང་གཞན་མ་ལུས་འཕུང༔ བསྟན་པའི་མཐའ་སྡུད་བར་ཆད་བདུད་ཀྱིས་ཁྱེར༔ ཕྱི་མ་ན་རཀ་གནས་སུ་ཉོན་མོངས་འགྱུར༔ དེ་ཕྱིར་བློ་དུལ་ཁོང་ཡངས་ཐེག་ཆེན་སྤྱོད༔ དམ་ཚིག་ཅན་ལ་མན་ངག་སྙིང་པོའི་དོན༔ ཁྱད་པར་རྫོགས་པ་ཆེན་པོའི་དོན་འདི་སྤྲོད༔ མ་འོངས་བསྐལ་པའི་མཐའ་མ་རྩོད་ལྡན་ལ༔ ལས་ཅན་བུ་གཅིག་འགྲོ་བའི་དོན་དུ་འབྱུང༔ འགྱུར་མེད་རྡོ་རྗེ་པདྨའི་རིགས་མཆོག་སྟེ༔ སྐལ་ལྡན་ལས་ཅན་དེ་ཡི་དོན་ཕྱིར་སྦས༔ ཟབ་པའི་རྒྱས་བཏབ་རིན་ཆེན་གཏེར་དུ་བཙའ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བཀའ་ཡི་སྲུང་མ་སྨུག་ནག་རལ་གཅིག་མ༔ དགྲ་བླ་ཆེན་པོ་ཁྱུང་ཆེན་ཀླུ་འབྲུག་འདུལ༔ སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་ལ༔ གཏད་དོ་གཉེར་རོ་མ་གཡེལ་ས་མ་ཡ༔ དམ་མེད་ལེན་ན་དེ་ཡི་དབང་པོ་སྣུབས༔ ཞེས་གསུངས་ཏེ་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་ཞིང་གཉན་པོའི་རྒྱས་གདབ་བོ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའོ༔

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་དང་པོར་དགེ་བ་ལམ་སྟེགས་ཀྱི་གདམས་པ། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་དང་པོར་དགེ་བ་ལམ་སྟེགས་ཀྱི་གདམས་པ་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། རྒྱ་གར་སྐད་དུ༔ ཤཱནྟ་ཀྲོ་ཏ་མ་ཧཱ་སན་ཏི་ཧྲི་ཏ་པཱ་དྷ་ནཱ་མ༔ བོད་སྐད་དུ༔ ཞི་ཁྲོ་རྫོགས་ཆེན་སྙིང་པོའི་སྒྲུབ་པ་ཞེས་བྱ་བ༔ ཡེ་སྟོང་གདོད་མའི་རྒྱལ་བ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ༔ འདིར་མན་ངག་རྫོགས་པ་ཆེན་པོའི་གདམས་པ་ཉམས་སུ་བླང་བ་ལ་གསུམ༔ ཉམས་ལེན་གྱི་སྒྲོམ་དུ་འཇུག་པ་དང༔ ཉམས་སུ་བླང་བ་དངོས་དང༔ མཇུག་གི་རིམ་པ་དང་གསུམ་མོ༔ དང་པོ་ལ༔ བླ་མ་སློབ་མའི་མཚན་ཉིད་དང༔ གནས་དང་དུས་དང་ཡོ་བྱད་གྲོགས༔ ཞེས་པས་དང་པོ་བླ་མའི་མཚན་ཉིད་ནི༔ བསྟེན་དུ་མི་རུང་བ་སྤང་བར་བྱ་བའི་བླ་མ་ནི༔ རྒྱུད་རང་ཤར་ལས༔ མི་ཤེས་ང་རྒྱལ་ཆེན་པོ་དང་༔ བློ་རྨོངས་ཚིག་ཕྱིར་འབྲེང་བ་དང༔ གསང་སྔགས་དོན་ལ་མི་དགོངས་དང༔ གཞན་གྱི་ཞེ་གཅོད་ཁོང་འཚིག་དང༔ ལོག་པའི་ལམ་དུ་ཞུགས་པ་དང༔ དབང་གི་དཀྱིལ་འཁོར་ཞལ་མ་མཐོང༔ དམ་ཚིག་འཆལ་བར་གྱུར་པ་དང༔ དྲིས་པ་དག་ལ་ལན་མི་འདེབས༔ ཐོས་ཆུང་ང་རྒྱལ་ཆེ་བ་དང༔ སློབ་དཔོན་མ་བརྟགས་སློབ་མའི་བདུད༔ ཅེས་གསུངས༔ བསྟེན་དུ་རུང་བ་ནི༔ ཨ་ཏི་བཀོད་པ་ཆེན་པོ་ལས༔ མཁས་ཤིང་བྱ་བ་བྲལ་བ་དང༔ ཆོས་ཉིད་དོན་ལ་ཚད་ཕེབས་དང༔ འདོད་པའི་དོན་ལ་རྨོངས་པ་མེད༔ གསང་སྔགས་བླ་མའི་མཚན་ཉིད་དོ༔ ཞེས་དང༔ ཀློང་གསལ་ལས༔ མཚན་ཉིད་ལྡན་པའི་བླ་མ་ཡིས༔ དབང་བསྐུར་བས་ནི་སྡུག་བསྔལ་སྒྲོལ༔ ཞེས་པ་ལྟར་བསྟེན་ནོ༔ གཉིས་པ་སློབ་མའི་སྣོད་བརྟགས་པ་ལས་སྣོད་སྐྱོན་ཅན་ནི༔ རང་ཤར་ལས༔ བཀུར་སྟི་ཕུ་དུད་མི་བྱེད་ཅིང་༔ གསང་སྔགས་འཆལ་བར་སྤྱོད་པ་དང༔ རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད༔


MLP024_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཆུང་བར་གྱུར་པ་དང་༔ བཀའ་དྲིན་ཁྱད་དུ་གསོད་པ་དང༔ དོན་མེད་འཆལ་བར་གྱུར་པ་དང༔ སློབ་མ་མ་བརྟགས་སློབ་དཔོན་དགྲ༔ ཞེས་དང༔ ཀློང་གསལ་ལས༔ ཡང་སྙིང་བཅུད་ཀྱི་བདུད་རྩི་འདི༔ སྣོད་མིན་རྣམས་སུ་བླུག་གྱུར་ན༔ སྣོད་ཆག་བཅུད་འབོ་དམྱལ་བར་ལྟུང༔ ཞེས་དང༔ མཚན་ཉིད་དང་མི་ལྡན་པ་ལ་བསྟན་ན་དམ་ཅན་ཌཱ་ཀིའི་བཀའ་ཆད་འབྱུང་སྟེ༔ དངོས་གྲུབ་མེད་ཅིང་སྒྲོ་སྐུར་འབྱུང་བར་འགྱུར་རོ༔ སྣོད་དང་ལྡན་པ་ལ་བསྟན་པར་བྱ་བ་ནི༔ ཐལ་འགྱུར་ལས༔ དད་པ་ཤེས་རབ་ལྡན་པ་དང༔ མོས་ཤིང་འཁྲུལ་ནོར་མེད་པ་དང༔ དབང་པོ་གསལ་ལ་བླ་མ་བསྟེན༔ ལྟ་བ་སྒོམ་པ་སྤྱོད་པ་ནི༔ དད་པ་རབ་དང་བརྩོན་འགྲུས་ལྡན༔ གཏོང་བར་ནུས་ཤིང་བླ་མར་གུས༔ བརྟུལ་ཞུགས་ལྡན་ཞིང་སྡིག་ལ་འཛེམ༔ འགྱུར་མེད་རབ་ཏུ་བརྟན་པོར་འཛིན༔ ཞེས་དང༔ རང་ཤར་ལས༔ དད་པའི་སྟོབས་དང་བརྩོན་འགྲུས་ཆེ༔ ཤེས་རབ་ཆེ་ཞིང་འཛིན་ཆགས་མེད༔ དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན༔ སློབ་དཔོན་ཇི་སྐད་གསུང་བཞིན་བྱེད༔ ཅེས་པའི་སློབ་མ་སྣོད་ལྡན་དད་པ་དང་ལྡན་པ་དག་ལ་བསྟན་པར་བྱའོ༔ དེ་ལྟ་བུའི་སློབ་མས་བླ་མ་མཉེས་པར་བྱ་བའི་ཚུལ་ནི༔ ཀློང་གསལ་ལས༔ རིན་ཆེན་བུ་ཆུང་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་དབུལ༔ ཞེས་དང༔ ཡོན་ཏན་བདུད་རྩི་རྒྱ་མཚོ་འབྱུང་བའི་རྒྱུད་ལས༔ ནམ་མཁའ་གང་བའི་སངས་རྒྱས་ལ༔ སྣ་ཚོགས་རིན་ཆེན་སྤྲས་པ་ཡིས༔ སྟོང་གསུམ་གང་བར་ཕུལ་བ་བས༔ བླ་མའི་བ་སྤུ་ཉག་གཅིག་ལ༔ མར་གྱི་ཐིགས་པ་གཅིག་བྱུགས་པ༔ བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད༔ ཅེས་དང༔ ཡང་ཐལ་འགྱུར་ལས༔ འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན༔ ལུས་ངག་ཡིད་ཀྱིས་མཉེས་པ་ཡི༔ བླ་མ་སངས་རྒྱས་མཉམ་པ་སྟེ༔ སྟོན་པ་དེ་ལས་ཡོན་ཏན་ནི༔ དཔག་བསམ་ཤིང་དང་རིན་ཆེན་ནོར༔ འདོད་འཇོའི་བ་དང་འདྲ་བ་ཡིན༔ ཡོན་ཏན་དཔག་ཏུ་མེད་པ་ཐོབ༔ དེ་ལ་དམིགས་ཏེ་བླ་མ་བསྟེན༔ འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ༔ ཞེས་དང༔ རང་ཤར་ལས༔ དེ་ལྟར་མན་ངག་སློབ་དཔོན་ལ༔ རང་ལུས་དང་ནི་རིན་ཆེན་རྫས༔ ཤིན་ཏུ་དཀོན་པ་དག་གིས་བསྟེན༔ ཞེས་སོ༔ གཞན་ཡང་ལུས་ཀྱིས་མཉེས་པར་བྱ་བ་ནི༔ བདུད་


MLP024_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་འབྱུང་བ་ལས༔ གལ་ཏེ་བླ་མ་ལ་གནོད་པའི༔ མ་རུངས་སེམས་ནི་བརྩམས་པ་ལ༔ བདག་ཉིད་ཀྱིས་ནི་གསོད་བྱས་ན༔ སེམས་ཅན་འབུམ་གྱི་སྲོག་བཏོན་པས༔ བསོད་ནམས་འདི་ཡི་ཆར་མི་ཕོད༔ བླ་མའི་བྱ་བ་རྫོགས་བྱས་ན༔ འདི་ཡང་དེ་དང་མཉམ་པའོ༔ ཞེས་དང༔ ངག་གིས་མཉེས་པར་བྱ་བ་ནི༔ སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས༔ བསྐལ་པ་བརྒྱ་ཕྲག་མང་པོར་ཡང༔ སུ་ཡིས་བཀླགས་ཤིང་བརྗོད་པ་ལས༔ བསོད་ནམས་འབུམ་ཕྲག་བསམ་ཡས་སོ༔ ཞེས་དང༔ ཡིད་ཀྱིས་མཉེས་པར་བྱ་བ་ནི༔ ཡོན་ཏན་ནང་ན་དད་པ་མཆོག༔ སྟོང་གསུམ་གང་བའི་སངས་རྒྱས་ལ༔ མཆོད་པ་སྟོང་གསུམ་མཆོད་པ་ལས༔ འདི་ཡིས་མཉེས་པར་ཆར་མི་ཕོད༔ ཅེས་པ་ལ་སོགས་པའི་ལུང་དང་རིགས་པའི་སྒོ་ནས་ཞིབ་ཅིང་རྒྱས་པར་བསྟན་ཏོ༔ དེ་ལྟ་བུའི་སློབ་མ་ལ་བླ་མས་ཀྱང་དབང་པོའི་རིམ་པ་དང་སྒོ་བསྟུན་པ་ལ་ཅི་རིགས་པར་རྗེས་སུ་བཟུང་བར་བྱའོ༔ བླ་མ་དང་སློབ་མའི་བརྟགས་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་གནས་ཀྱི་མཚན་ཉིད་ནི༔ སྤྱིར་སྒྲུབ་པའི་གནས་ནི་ཡིད་དང་མཐུན་པ་འཚེ་བ་མེད་ཅིང་རྣམ་གཡེང་ཆུང་བ་ས་བཀྲ་ཤིས་ཤིང་གཞི་བདག་ཆོས་ལ་དཀར་བ༔ གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའི་གནས་གངས་རིའམ༔ གཡའ་རིའམ༔ དུར་ཁྲོད་དམ༔ མཚོ་གླིང་ངམ༔ ནགས་ཁྲོད་དམ༔ ལུང་སྟོང་བྲག་རི་ལ་སོགས་པ་རང་བཞིན་གྱིས་རིག་པ་དྭངས་ཤིང་ས་ཕྱོགས་མཐོ་བ༔ ཤར་གྱི་མདངས་འཕྲོག་ཅིང་ནུབ་ཀྱི་ཟེར་སྡུད་པ༔ སྔ་མོར་འཆར་ཞིང་ཕྱི་མོར་ནུབ་པས་ཉི་ཚེ་རིང་བ༔ ཆུ་འཇམ་ཞིང་ཉམས་དགའ་བ༔ མཐུན་རྐྱེན་ཐམས་ཅད་ཚང་བའི་གནས་སུ་སྒྲུབ་སྟེ༔ ཀློང་གསལ་ལས༔ ལུང་སྟོང་གངས་ཁྲོད་རི་རྩེ་དུར་ཁྲོད་དམ༔ ཤིན་ཏུ་དབེན་ཞིང་དྭངས་ལ་མཐོ་བའི་སར༔ སྐལ་ལྡན་སྐྱེས་བུས་ཉམས་ལེན་བྱེད་པའི་གནས༔ བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ༔ མཚན་ལྡན་གནས་བྲལ་རྐྱེན་དབང་ཉིད་དུ་འགྱུར༔ ཞེས་སྐྱོན་དང་ཡོན་ཏན་གསུངས་སོ༔ གསུམ་པ་དུས་ཀྱི་མཚན་ཉིད་ནི༔ དུས་དང་ཚེས་གྲངས་གཟའ་སྐར་སོགས་བཟང་བ་ལ་འཇུག་ཅིང་ཁྱད་པར་དུ་ཐོད་རྒལ་སྒོམ་པའི་དུས་ནི༔ ཀློང་གསལ་ལས༔ ངོ་སྤྲོད་དུས་ཀྱི་ཁྱད་པར་ནི༔ མཁས་པས་དུས་


MLP024_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གནད་བཙལ་བར་བྱ༔ ཞེས་དང༔ དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས༔ ཟེར་གཉིས་དུས་ན་མཆོག་ཏུ་བཤད་པ་ཡིན༔ ཞེས་པ་ལྟར་རོ༔ དེ་ལས་ལྡོག་པ་ནི༔ མཁས་པས་དུས་གནད་བསྟན་པར་མ་བྱས་ན༔ ངོ་བོ་འགག་ཅིང་ཉམས་ལེན་འཕེལ་དང་བྲལ༔ ཞེས་བཤད་པ་ལྟར་རོ༔ བཞི་པ་ཡོ་བྱད་བསག་པ་ནི༔ འཚོ་བའི་ཡོ་བྱད་ཟས་སྐོམ་དང་གོས་སྟན༔ བསྟེན་པའི་ཡོ་བྱད་དམ་རྫས༔ མཁོ་བའི་ཡོ་བྱད་རྡོ་རྗེ་དྲིལ་བུ་སོགས༔ མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་གྱི་རྫས༔ ཁྱད་པར་གྱི་ཡོ་བྱད་དབང་ཆས་དང་དབང་ཡོན་ཚོགས་གཏོར་གྱི་རྒྱུ་ལ་སོགས་པ་གང་དགོས་པ་ཐམས་ཅད་མ་ཚང་བ་མེད་པར་བསགས་པར་བྱ་སྟེ༔ ཀློང་གསལ་ལས༔ གསང་སྔགས་ཐབས་ཀྱི་ལམ་ཡིན་ཕྱིར༔ རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསགས༔ ཕྱག་རྟེན་མེ་ཏོག་དབང་ཡོན་གཏོར་ཚོགས་རྒྱུ༔ ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་གསོ་བཙལ༔ མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ༔ རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར༔ ལྔ་པ་གྲོགས་ཀྱི་མཚན་ཉིད་ནི༔ ཀློང་གསལ་ལས༔ དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ༔ དུག་ལྔ་ཤུགས་ཆུང་བློ་ལྡན་ཁོང་ཡངས་པ༔ ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས༔ དམ་པའི་གྲོགས་ཀྱི་ཆོས་ལྡན་བྱང་ཆུབ་ཐོབ༔ ཅེས་པ་ལྟར་རོ༔ དེ་ལྟར་སྒྲུབ་ཅིང་ཉམས་སུ་བླང་བ་ལ་འཇུག་པའི་རིམ་པ་རྣམས་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པར་བྱའོ༔ སྒྲུབ་པའི་སྒྲོམ་དུ་འཇུག་པའི་རིམ་པ་སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་ནི་ལམ་གྱི་རིམ་པ་ཉམས་སུ་བླང་བ་ལ༔ ཐུན་མོང་གི་ཐེག་པའི་ལམ་སྟེགས་བསྟན་པ་དང༔ ཐུན་མོང་མ་ཡིན་པའི་ཐེག་པའི་ལམ་གྱི་གཞི་བཅའ་བ་གཉིས་ལས༔ དང་པོ་ལ༔ དལ་འབྱོར་རྙེད་དཀའ་འཇིག་པར་སླ༔ འཁོར་བའི་ཉེས་དམིགས་རྒྱུ་འབྲས་དང་༔ སྐྱབས་འགྲོ་སེམས་བསྐྱེད་སྡིག་པ་སྦྱང༔ ཚོགས་བསགས་གསོལ་གདབ་དབང་བླང་བ༔ བཅུ་ཡིས་ཐུན་མོང་ལམ་སྟེགས་བསྟན༔ ཅེས་པའི་དང་པོ་དལ་འབྱོར་རྙེད་པར་དཀའ་བ་ནི༔ དལ་བ་བརྒྱད་དང་འབྱོར་པའི་ཆོས་བཅུ་སྟེ་དམྱལ་བ་དང་༔ ཡི་དྭགས་དང༔ དུད་འགྲོ་དང༔ ལྷ་ཚེ་


MLP024_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པོ་སྟེ་ཕྱིའི་མི་ཁོམ་པའི་གནས་བཞི་པོ་དེར་མ་སྐྱེས་པས་བདག་གིས་དལ་བ་ཐོབ་སྙམ་པ་དང༔ མིར་གྱུར་ཀྱང་ཡུལ་མཐའ་འཁོབ་དང༔ ཀླ་ཀློ་དང༔ དབང་པོ་མ་ཚང་བ་དང༔ ལོག་པར་ལྟ་བ་ཅན་ཏེ་ནང་གི་མི་ཁོམ་པའི་གནས་བཞི་པོ་དེར་ཡང་མ་སྐྱེས་པས་བདག་གིས་དལ་བ་ཐོབ་སྙམ་དགའ་ཞིང་སྤྲོ་བར་བྱའོ༔ འབྱོར་པའི་ཆོས་བཅུ་ལ་བདག་གིས་མི་ལུས་ནི་ཐོབ༔ དམ་པའི་ཆོས་དར་བའི་ཡུལ་དབུས་སུ་སྐྱེས༔ མིག་ལ་སོགས་པའི་དབང་པོ་ལྔ་ནི་སྐྱོན་མེད་པར་ཚང༔ མུ་སྟེགས་ལ་སོགས་པ་ཕྱིན་ཅི་ལོག་པའི་རྗེས་སུ་མ་བཞུགས༔ དཀོན་མཆོག་ལ་དད་པའི་སེམས་དང་ལྡན་པ་སྟེ་ལྔའོ༔ གཞན་གྱི་འབྱོར་པ་ལྔ་ནི༔ སྟོན་པ་སངས་རྒྱས་ལོ་ཀའི་ཁམས་སུ་བྱོན་པ་དང༔ དེ་ཡིས་དམ་པའི་ཆོས་གསུངས་པ་དང་༔ དེའི་བསྟན་པ་མ་ནུབ་པར་གནས་པ་དང༔ དེའི་རྗེས་སུ་འཇུག་པའི་སྐྱེས་བུ་ཡོད་པ་དང༔ འགྲོ་བ་ལ་བརྩེ་བའི་སྙིང་རྗེ་དང་ལྔའོ༔ དེ་ལྟར་ན་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་ནི་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲའོ༔ རྙེད་པར་དཀའ་བ་ཉིན་མོའི་སྐར་མ་དང་འདྲའོ༔ འཇིག་པར་སླ་བས་ནམ་སྨད་ཀྱི་མེ་ཏོག་དང་འདྲའོ༔ འདིས་ཡར་འགྲོ་མར་འགྲོའི་སོ་མཚམས་བྱེད་པས་ལམ་ཁ་བྲག་དང་འདྲའོ༔ དགེ་བའི་རྩ་བ་མཐའ་དག་གི་རྟེན་བྱེད་པས་ས་གཞི་དང་འདྲའོ༔ མཐོ་རིས་ཐར་པར་འཛེག་པས་ཐེམ་སྐས་དང་འདྲའོ༔ སྡིག་པ་མི་དགེ་བའི་ལས་གསོག་པས་མི་གཙང་བའི་སྣོད་དང་འདྲའོ༔ འཁོར་བ་དང་ངན་སོང་དུ་ལྷུང་པར་བྱེད་པས་གཅོང་རྡོ་དང་འདྲའོ༔ དེའི་ཕྱིར་མི་ལུས་རིན་པོ་ཆེ་འདི་ཆུད་ཟོས་དང་སྟོང་ལོག་ཏུ་མ་སོང་བར་རྒྱུ་དང་རྐྱེན་དང་ངོ་བོ་དང་དཔེ་དང་གྲངས་ཀྱི་སྒོ་ནས་ལེགས་པར་བསམས་ཏེ་ཚེ་འདི་དོན་ཡོད་པར་བྱའོ༔ གཉིས་པ་འཇིག་པར་སླ་བ་ནི༔ འཆི་བ་མི་རྟག་པ་བསམ་པ་ཡིན་ཏེ༔ དེ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་སྟེ༔ དང་པོར་འཆགས༔ བར་དུ་གནས༔ མཐའ་མར་འཇིག༔ རྗེས་སུ་སྟོང་པར་འགྲོ༔ དེ་བཞིན་དུ་རང་གི་སྒྱུ་ལུས་འདི་ཡང་དང་པོར་ཕ་མའི་རྐྱེན་གྱིས་འཆགས༔ བར་དུ་ད་ལྟ་ཆུང་ཟད་ཙམ་གནས༔ མཐའ་མར་འཆི་ཞིང་རྗེས་སུ་བར་དོར་རྣམ་ཤེས་རྟེན་མེད་འདི་འཁྱམས་དགོས༔ དེས་ན་མི་རྟག་པའོ་


MLP024_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་བསམ༔ དེ་ཡང་ནམ་ཟླ་དུས་བཞིའི་འགྱུར་བ་མི་རྟག་པ་ལྟར་ཡང་འཆད་དེ༔ དཔྱིད་དང་༔ དབྱར་དང༔ སྟོན་དང༔ དགུན་གྱི་གནས་སྐབས་བཞིར་རིམ་གྱིས་འགྱུར་འགྲོ་བ་ལྟར་དེ་བཞིན་དུ་རང་གི་ལུས་འདི་ཡང་མི་རྟག་པར་འདུག་སྟེ་དཔྱིད་དུས་ས་ལ་དྲོད་སྐྱེས་མྱུ་གུ་འབུར་ནས་ཡར་འཕེལ་བ་ལྟར་དང་པོ་ལུས་འདི་གྲུབ་ནས་ཡར་སྐྱེད་ལུས་ཟུངས་ཐམས་ཅད་འཕེལ༔ དབྱར་དུས་མེ་ཏོག་དང་ལོ་འདབ་དང་རྩ་ལྗང་དང་ཆུ་བོ་ཐམས་ཅད་དར་ཞིང་རྒྱས་པ་ལྟར་ལུས་ཀྱི་ལང་ཚོ་དར་ལ་བབས་ཏེ་བཀྲག་མདངས་དང་སྟོབས་ནུས་ཐམས་ཅད་དར་ཞིང་རྒྱས༔ སྟོན་དུས་མེ་ཏོག་གི་འདབ་མ་གྱེས་ལོ་འདབ་དང་འབྲས་བུ་ཐམས་ཅད་རྣམ་པར་འགྱུར་བ་ལྟར་ལུས་རྒས་ཏེ་ཟུངས་ཤོར༔ བཀྲག་མདངས་དང་ཤེད་དང་སྟོབས་ཐམས་ཅད་ཟད་པའོ༔ དགུན་གྱི་དུས་རྩ་ཤིང་ཐམས་ཅད་འཁྱག་ཅིང་བསྐམས་ཏེ་སྐྱི་སེར་གྱི་རླུང་གཡོ་བས་དབྱར་བྱུང་བའི་རྗེས་མེད་པ་ལྟར་རང་འཆི་བའི་ཚེ་ལུས་ཀྱི་འབྱུང་བཞི་ཐམས་ཅད་མཐར་བསྡུས་ཏེ་འཐོར༔ རྣམ་ཤེས་ཕྱིར་ཐོན་ཏེ་དངོས་མེད་དུ་འཁྱམས༔ དང་པོ་གསོན་པའི་དུས་མ་བྱས་པ་ལྟར་སོང༔ མིང་སྟོང་པ་ཞིག་ཤུལ་དུ་ལུས༔ གཅེས་པར་བྱས་པའི་ཕུང པོ་ས་རྡོ་ལྟར་བོར༔ ཡང་ན་ནི་ཆུར་བསྐྱུར༔ ཡང་ན་ནི་མེར་བསྲེག༔ ཡང་ན་ནི་དུར་དུ་སྦ༔ ཡང་ན་ནི་དུར་ཁྲོད་དུ་བྱ་དང་གཅན་གཟན་གྱིས་ཟ༔ ཚེ་འདིའི་ཡོ་བྱད་དང་ལོངས་སྤྱོད་དང་གཉེན་གྲོགས་འཁོར་འདབ་ཐམས་ཅད་ཤུལ་དུ་བཞག༔ རང་གིས་བྱས་པའི་ལས་དགེ་སྡིག་གང་ཡིན་རྗེས་སུ་འབྲངས་ཏེ་རྒྱུས་མེད་ཆ་མེད་ཀྱི་བར་དོའི་འཕྲང་ལ་གཅིག་པུར་འགྲོ་དགོས་ཏེ༔ དེ་ཡང་སྔར་ཤི་བ་མཐོང་བ་དང་ཐོས་པ་ཐམས་ཅད་ཀྱང་རང་ལ་འཆི་བ་འོང་བའི་བརྡ་སྟོན་པ་དང་འདྲའོ༔ ཚེ་ལ་ལོང་སྐབས་མེད་པ་འཆི་བ་ནམ་མཁའི་གློག་འཁྱུག་པ་དང་འདྲའོ༔ ཚེ་ལ་གཏད་སོ་མེད་པ་རི་གཟར་གྱི་འབབ་ཆུ་དང་འདྲའོ༔ ཚེ་འདི་རྟག་པར་འཛིན་པ་ནམ་མཁའི་གཞའ་ཚོན་འཛིན་པ་དང་འདྲའོ༔ ནམ་འཆི་ཆ་མེད་པ་ཤིང་སྡོང་གི་འདབ་ཆགས་འཕུར་བ་དང་འདྲའོ༔ འཆི་བའི་ཚེ་གཞན་གང་གིས་ཀྱང་མི་སྟོངས་པ་ཤིང་སྡོང་འགྱེལ་བའི་ཡལ་འདབ་ལོ་འབྲས་དང་འདྲའོ༔ ཚེ་མྱུར་དུ་འཛད་པ་ལྟག་ཆུ་བོར་བའི་རྫིང་བུ་མཐིལ་རྡོལ་


MLP024_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲའོ༔ སྐད་ཅིག་གིས་ཀྱང་འཆི་བར་ཉེ་བ་གསོད་སར་འཁྲིད་པའི་དུད་འགྲོ་དང་འདྲའོ༔ ཕུང་པོ་ཤུལ་དུ་བོར་བ་མི་གཙང་ཕྱིས་སའི་རྡོ་དང་འདྲའོ༔ རྣམ་ཤེས་བར་དོར་འཁྱམས་པ་རྒྱུས་མེད་ཀྱི་འགྲུལ་པ་དང་འདྲའོ༔ ཕྱི་མའི་སྐྱེ་གནས་འཚོལ་བ་སྦྲང་མ་སྦྲང་ཚང་འཚོལ་བ་དང་འདྲའོ༔ གར་འགྲོ་གཏད་སོ་མེད་པ་བུ་ཆུང་རྗེན་དུ་བོར་བ་དང་འདྲའོ༔ འཆི་བའི་རྐྱེན་མང་བ་དུག་སྡོང་གི་ཡལ་འདབ་དང་འདྲའོ༔ ཚེ་ལ་གནོད་པ་མང་བ་ཆར་རླུང་གསེབ་ཀྱི་མར་མེ་དང་འདྲའོ༔ གློ་བུར་དུས་མིན་དུ་འཆི་བ་ཕྱེ་ལེབ་མར་མེ་དང་འཕྲད་པ་འདྲའོ༔ དེ་བས་ན་འཆི་བ་བསམ་ལ་དེ་དུས་ཕན་པ་དམ་པའི་ཆོས་མིན་པ་གང་ཡང་མི་འདུག་པས་བདག་གིས་ཚེ་འདིར་ལམ་སྣ་ཟིན་པར་བྱའོ༔ དེ་ཡང་འཕྲལ་རང་ལ་མ་བྱས་ན་ཚེ་ལ་ངེས་པ་མི་འདུག་པས་གློ་བུར་དུ་ཤི་ན་ཅི་བྱ་སྙམ་དུ་ཉམས་ལེན་ལ་འཇུག་པར་བྱའོ༔ གསུམ་པ་འཁོར་བའི་ཉེས་དམིགས་ལ་བསམ་པ་ནི༔ བདག་གིས་སྔོན་ཆད་ཀྱང་ཁམས་གསུམ་འཁོར་བའི་གནས་འདིར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཏེ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཉམས་སུ་མྱོང་ཞིང་ད་དུང་ཡང་འདི་ཙམ་གྱིས་སྐྱེ་བ་ཆོད་པའི་གདིང་ཚད་ནི་མེད༔ འཁོར་བ་མཐའ་མེད་དུ་སྡུག་བསྔལ་མྱོང་དགོས༔ བདག་གི་ཕ་མ་སེམས་ཅན་ཐམས་ཅད་ཀྱང་རིགས་དྲུག་གི་སྡུག་བསྔལ་འབའ་ཞིག་སྤྱོད་ཅིང་ཡོད་དོ༔ དེ་ཡང་དམྱལ་བ་ཚ་གྲང་གཉིས་ལས་ཡང་སོས་དང༔ ཐིག་ནག་དང༔ བསྡུས་འཇོམས་དང༔ ངུ་འབོད་དང༔ ངུ་འབོད་ཆེན་པོ་དང༔ ཚ་བ་དང༔ རབ་ཏུ་ཚ་བ་དང༔ མནར་མེད་དེ་བརྒྱད་ལ་མཚོན་ཆ་སྣ་ཚོགས་པའི་ཆར་འབབ་པས་དུམ་བུར་གཏུབས་ཏེ་ཡང་འཆི་ཡང་བསོས་པ་དང༔ ལུས་ལ་ཐིག་ནག་པོ་བཏབ་སྟེ་སྟྭ་རེ་དང་སོག་ལེ་དང་རལ་གྲི་རྣམས་ཀྱིས་འདྲ་ཞིང་གཤོག་པ་དང༔ རལ་གྲི་དང་མདུང་ལ་སོགས་པའི་མཚོན་ཆས་བསྣུན་པ་དང༔ རི་ར་ལུག་གི་གདོང་པ་འདྲ་བས་འཚོག་པའི་བར་དུ་བརྡུངས་ཏེ་བཅར་ནས་འཇོམས་པ་དང་༔ ཤ་མ་ལིའི་སྡོང་པོ་ལ་འཛེག་ཅིང་འབབ་པ་ན་དེའི་ཡལ་ག་དང་ལོ་འདབ་དང་ཤུན་པ་ཐམས་ཅད་ཀྱང་མཚོན་རྩེ་རྣོན་པོར་གྱུར་པས་ཤ་ལྤགས་རྣམས་ཕུག་སྟེ་འཆི་བ་དང༔ སྟག་གཟིག་དང་བྱ་རྒོད་དང་དུར་བྱ་དང་ཁྱི་སྲེ་བོ་དང་སྦྲུལ་གདུག་པ་


MLP024_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བཅད་ཅིང་ཟ་བ་དང༔ ལྕགས་ཀྱི་ཁང་སྒྲོམ་མེ་རབ་ཏུ་འབར་བ་སྒོ་མེད་པར་བཅུག་སྟེ་སྲེག་པ་དང༔ ལྕགས་ཀྱི་ཟངས་མོ་ཆེ་ཁྲོ་ཆུ་ཁོལ་མའི་ནང་དུ་སྤྱི་བོ་ཚུགས་སུ་འཚོད་ཅིང་ཤ་ལྤགས་བྲལ་ཅིང་ཞིག་ཀྱང་མི་འཆི་བར་སྡུག་བསྔལ་མྱོང་བ་དང༔ ལྕགས་བསྲེགས་ཀྱི་ས་གཞི་དང༔ ཐལ་ཚན་གྱི་ཆུ་བོ་རབ་མེད་དང༔ རོ་མྱགས་ཀྱི་འདམ་དང༔ སྤུ་གྲི་ལོ་མའི་ཐང་རྣམས་ལ་འགྲོ་ཞིང་ཤ་རུས་ཞིག་པར་གྱུར་ཀྱང་མི་འཆི་ལ༔ སྐད་ཅིག་ལ་ཤི་ཡང་དེ་མ་ཐག་ཏུ་བསོས་ཏེ་སླར་ཡང་དེ་ལྟར་གྱུར་པ་བསྐལ་པའི་བར་མྱོང་དགོས་པའོ༔ ཡང་གྲང་བའི་དམྱལ་བ་བརྒྱད་ནི༔ ཨ་ཆུ་ཟེར་བ་དང༔ ཀྱེ་ཧུད་ཟེར་བ་དང༔ སོ་ཐཾ་ཐཾ་པ་དང༔ ཆུ་བུར་ཅན་དང༔ ཆུ་བུར་རྡོལ་བ་ཅན་དང༔ ཨུཏྤལ་དང༔ པདྨ་དང༔ པདྨ་ཆེན་པོ་ལྟར་གས་པ་རྣམས་ཏེ་ཤིན་ཏུ་གྲང་བས་འདར་བའི་སྐད་ངན་འདོན་པ་དང་༔ ཁ་འཐམས་ཏེ་སྨྲ་མི་ཤེས་པ་དང༔ གྲང་བའི་རེག་བྱས་ཆུ་བུར་ཤར་བ་དང༔ དེ་བས་ཀྱང་གྲང་བས་ཆུ་བུར་བརྡོལ་བ་དང་༔ ཧ་ཅང་གྲང་བས་དུམ་བུ་བཞི་དང་ལྔ་དང༔ བརྒྱ་སྟོང་གི་བར་དུ་དུམ་བུར་གས་ཤིང་འཐོར་བ་དང༔ དེས་ཀྱང་མི་འཆི་སྟེ་སྡུག་བསྔལ་ཡུན་རིང་དུ་མྱོང་དགོས་སོ༔ ཡི་དྭགས་ཀྱི་གནས་སུ་ཡང་སྡུག་བསྔལ་ལྷག་པར་ཆེ་སྟེ༔ ཕྱིའི་སྒྲིབ་པ་ཅན་གྱིས་ཕྱི་རོལ་གྱི་ཟས་སྐོམ་གང་ཡང་མི་མཐོང་ཞིང་མི་ཐོས་ན་མྱོང་བ་དག་ལྟ་སྨོས་ཀྱང་ཅི་དགོས༔ ལ་ལ་དག་གིས་ཟས་སྐོམ་མཐོང་ཡང་གཤིན་རྗེའི་སྐྱེས་བུས་བསྲུངས་ཏེ་ལོངས་སྤྱོད་དུ་མེད་པ་དང༔ གཞན་དག་ལ་མེ་འབར་བའི་རང་བཞིན་དུ་འགྱུར་ཞིང༔ ནང་གི་སྒྲིབ་པ་ཅན་ནི་ཟས་སྐོམ་གང་ཞིག་ཁར་སོང་ཡང་ཁོང་དུ་སླེབས་མ་ཐག་མེར་གྱུར་ཏེ་ཁ་དང་སྣ་ནས་མེ་དང་དུ་བ་ལྷག་ལྷག་འབྱུང་ཞིང་མཐར་གསུས་པ་ཡང་བརྡོལ་ནས་མེ་ལྕེ་ཕྱིར་འབར་བ་ཡོད་དོ༔ སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི་དགུན་གྱི་དུས་ཉི་མ་ཤར་ཡང་གྲང་རེག་མི་བཟོད་ལ༔ དབྱར་གྱི་ཚེ་ཟླ་བ་ཤར་ཡང་སྲེག་པར་བྱེད་ཅིང་ལུས་གཅེར་བུ་གོས་མེད་པས་ཁ་དོག་སྔོ་ནག་ལ་ཟས་སྐོམ་མ་མྱོང་བས་སྐེམ་ཞིང་རིད་པ༔ རྒྱུ་མ་སྟོང་པ་སྒལ་པ་ལ་འབྱར་བ༔ སྐྲ་གཟེངས་ཤིང་མིག་ཁོང་དུ་ལྷུང་བ༔ བཟའ་བཏུང་རྙེད་ཀྱང་ཁ་ཁབ་ཀྱི་མིག་ཙམ་དང་མིད་པ་རྟ་རྔ་ཙམ་ལས་མེད་པས་མི་


MLP024_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འདྲོངས་ལ༔ ཁོག་པ་ཡུལ་གྲུ་ཙམ་ཡོད་པས་ཁེངས་ཤིང་འགྲངས་ལ་ལྟོགས་སྐོམ་སངས་པའི་དུས་མེད་ལ༔ ལ་ལ་དག་གི་ཁ་བྱིལ་བྱིལ་པོར་གྱུར་པས་ཟས་སྐོམ་གང་ཡང་འགྲོ་བའི་སྐབས་མེད་པ་དེ་རྣམས་ཀྱིས་ཡི་དྭགས་ཀྱི་ལོ་ལྔ་སྟོང་ཙམ་དང་ཁྲིར་ཡང་མི་འཆི་བར་སྡུག་བསྔལ་མྱོང་དགོས་པ་དག་ཡོད་དོ༔ དུད་འགྲོའི་སྐྱེ་གནས་སུ་གྱུར་ན་ཡང་སྡུག་བསྔལ་ལྷག་པར་ཆེ་སྟེ༔ བྱིང་ན་གནས་པ་ཕྱིའི་རྒྱ་མཚོ་ན་ཡོད་ལ༔ ཁ་ཐོར་བ་ལྷ་དང་མིའི་གནས་ན་ཡོད་པ་ཀུན་ཀྱང་གཅིག་གིས་གཅིག་གསོད་པ་དང༔ ཤ་ཟ་བ་དང་ཁྲག་འཐུང་ཞིང་འཇིབས་པ་དང༔ རུས་པ་འཆའ་ཞིང་མུར་བ་དང༔ པགས་པ་བཤུ་ཤིང་རྐང་ལག་གཅོད་པ་དང༔ གཞན་ཡང་ཁལ་འགེལ་བ་དང༔ རྨོ་རྨོ་བ་དང༔ ཞོ་གཞོ་བ་དང༔ ཁོལ་བ་དང༔ བརྡུང་བ་དང༔ འཚོག་པ་དང༔ འདེད་པ་དང༔ ལྕགས་བཅུག་པ་དང༔ ལྕགས་ཀྱུ་དང་ཞགས་པས་བཏགས་པ་དང་འཁྲིད་པ་དང༔ བལ་འདྲེག་པ་དང༔ སྤུ་འཐོག་པ་དང༔ བཀོལ་སྤྱོད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས་སོ༔ མིར་སྐྱེས་ན་ཡང་སྐྱེ་བ་དང༔ རྒ་བ་དང༔ ན་བ་དང༔ འཆི་བའི་སྡུག་བསྔལ་དང༔ འབྱོར་གུད་དང༔ འདུ་འབྲལ་དང༔ ཡོད་མེད་དང་༔ འཐབ་འཛིངས་དང་༔ དབང་ཆེ་ཆུང་ལ་སོགས་པའི་སྒོ་ནས་ཀྱང་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་བསམ་པར་བྱའོ༔ ལྷ་མ་ཡིན་དུ་སྐྱེས་ཀྱང་དཔག་བསམ་གྱི་ཤིང་དང་བདུད་རྩི་དང་ལྷ་མོའི་ཕྱིར་རྩོད་པ་དང༔ འཐབ་པ་དང༔ འཛིང་བ་དང༔ རྨས་པ་དང༔ རལ་བ་དང༔ ཡན་ལག་ཆད་པ་དང་གཡུལ་ཉེས་ཤིང་འཕམ་པ་སོགས་འཐབ་རྩོད་ཀྱི་སྡུག་བསྔལ་བཟོད་གླགས་མེད་པ་བསམ་མོ༔ ཡང་ལྷའི་གནས་སུ་ཡང་སྡུག་བསྔལ་ཆེ་སྟེ༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༔ འདོད་ཡོན་ལ་སྤྱད་ཀྱང་ཚིམ་པ་མེད་པ་དང༔ གནས་གཞན་དུ་སྤྱུགས་པ་དང༔ ཆེ་བས་ཆུང་བ་ཟིལ་གྱིས་གནོན་པ་དང༔ འཆི་ལྟས་འཕོག་སྟེ་ལྗོན་ཤིང་བསྐམས་པ་དང༔ མེ་ཏོག་གི་ཕྲེང་བ་རྙིིངས་པ་དང༔ གོས་ལ་རྡུལ་ཆགས་པ་དང༔ ལུས་མདོག་མི་མཛེས་ཤིང་དྲི་ང་བ་དང་༔ པདྨའི་སྟན་ལ་མི་དགའ་བར་བག་གྲང་ཞིང་ཀུན་ཏུ་འཁྱམས་པ་དང་༔ ལྷ་མོ་ལ་སོགས་པའི་གྲོགས་རྣམས་ཀྱིས་བོར་བ་དང༔ བདུད་རྩིའི་ཆུ་དང་པདྨའི་ཚལ་བསྐམས་པ་


MLP024_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དང༔ འདོད་འཇོའི་བ་ཤི་བ་དང་༔ མྱུར་པོར་ངན་སོང་དུ་སྐྱེ་བ་ཤེས་ཤིང༔ དེའི་སྡུག་བསྔལ་གྱིས་ཉེན་ནས་འཕོ་ལྟུང་གི་སྡུག་བསྔལ་ཉ་བྱེ་ཚན་དུ་བསྒྲེས་པ་ལྟར་དུ་མྱོང་བ་བསམ་མོ༔ སྡུག་བསྔལ་དེ་ལའང་འགྱུར་བའི་སྡུག་བསྔལ་དང༔ སྡུག་བསྔལ་གྱི་སྡུག་བསྔལ་དང༔ ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་ཡིན་ལ༔ འཁོར་བའི་སྡུག་བསྔལ་དེ་ལྟ་བུ་ལས་ཐར་བར་དཀའ་བས་མེའི་འོབས་དང་འདྲའོ༔ བདེ་བའི་གོ་སྐབས་མེད་པ་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་དང་འདྲའོ༔ བདེ་བ་ཅུང་ཟད་མྱོང་ཡང་སྡུག་བསྔལ་དུ་འགྱུར་བ་ཤིང་ཀིམ་པའི་འབྲས་བུ་ཟ་བ་དང་འདྲའོ༔ སྡུག་བསྔལ་དེ་ཉིད་འབོར་དུ་མེད་པ་བུ་གཅིག་པ་ཤི་བའི་མ་དང་འདྲའོ༔ བདེ་བ་འདོད་ནས་སྡུག་བསྔལ་བཟོད་པ་གྱད་གྱི་སྒྱུ་རྩལ་དང་འདྲའོ༔ སྡུག་བསྔལ་ལ་བདེ་བར་འཛིན་པ་རལ་གྲིའི་སྦྲང་རྩི་སྐྱ་རྗེས་འདག་པ་དང་འདྲའོ༔ དེ་བས་ན་འཁོར་བ་ལ་ཡིད་སྐྱོ་བ་ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར་བྱའོ༔ བཞི་པ་རྒྱུ་འབྲས་ལ་བསམ་པ་ནི༔ ལས་དགེ་བ་དང་མི་དགེ་བ་གཉིས་ལས༔ དེ་ལྟར་འཁོར་བའི་སྡུག་བསྔལ་མྱོང་དགོས་ཐམས་ཅད་ཀྱང་ལས་མི་དགེ་བ་སྡིག་པ་བྱས་པ་ལས་བྱུང་ཞིང༔ བདེ་འགྲོ་མཐོ་རིས་དང་ཐར་པའི་བདེ་བ་ཐོབ་པ་ཡང་དགེ་བ་བྱས་པ་ལས་བྱུང་བས་དགེ་སྡིག་གཉིས་ཀྱི་འདོར་ལེན་དང་སྤང་བླང་མ་ནོར་བ་བྱ་དགོས་ཏེ༔ དང་པོ་མི་དགེ་བ་སྤང་བ་ལ་ལས་བཅུ་ཡོད་དེ༔ སྲོག་གཅོད་པ་དང༔ མ་བྱིན་པར་ལེན་པ་དང༔ མི་ཚངས་པར་སྤྱོད་པ་སྟེ་ལུས་ཀྱི་ལས་གསུམ༔ རྫུན་དང༔ ཚིག་རྩུབ་དང༔ ཕྲ་མ་དང༔ ངག་འཁྱལ་ཏེ་ངག་གི་ལས་བཞི་དང༔ བརྣབ་སེམས་དང༔ གནོད་སེམས་དང༔ ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་ནི་མི་དགེ་བ་བཅུ༔ དེ་བཞིན་དུ་མཚམས་མེད་པ་ལྔ་དང༔ ཉེ་བ་ལྔ་དང༔ ལྕི་བ་བཞི་ལས་བཅུ་དྲུག་དང༔ ལོག་པ་བརྒྱད་ལ་སོགས་པ་མ་ལུས་པ་སྤང་བར་བྱའོ༔ དགེ་བ་སྒྲུབ་པ་ནི་ཕྱག་འཚལ་བ་དང༔ བསྐོར་བ་བྱ་བ་དང༔ སྐུ་གསུང་ཐུགས་རྟེན་བཞེངས་པ་དང༔ བཀའ་བཀླག་པ་དང༔ མཆོད་པ་འབུལ་བ་དང༔ སྦྱིན་པ་གཏོང་བ་དང༔ ཚིག་དོན་འཛིན་པ་དང༔ གཞན་ལ་འཆད་པ་དང༔ ཚིག་དོན་ལ་རྟོག་ཅིང་དཔྱོད་པ་དང༔ ཡང་དག་པའི་དོན་ལ་མཉམ་པར་འཇོག་པ་སྟེ་དགེ་


MLP024_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་བཅུ་གསུམ་དང༔ གཞན་ཡང་དགེ་བར་འགྱུར་ཚད་བསྒྲུབ་པར་བྱའོ༔ དེ་རྣམས་ཀྱང་ཚིག་ཙམ་མ་ཡིན་པར་བློ་དང་འདྲེས་ཤིང༔ རྟག་ཏུ་ཆོས་སུ་འགྲོ་ཞིང་ལོ་ཀའི་བྱ་བ་ལ་སེམས་མི་འཇུག་པར་འགྱུར་གྱི་བར་དུ་བྱའོ༔ ལྔ་པ་སྐྱབས་འགྲོ་བྱ་བ་ནི༔ ད་ལྟར་འཁོར་བའི་སྡུག་བསྔལ་ལས་ཐར་བར་འདོད་པས་སྐྱབས་མཆོག་དམ་པ་རྣམས་ལ་བསྟེན་པར་བྱ་སྟེ༔ སྐྱབས་ཡུལ་གསལ་གདབ་པ་ནི༔ རང་གི་མདུན་གྱི་ནམ་མཁའ་ལ༔ པདྨའི་སྡོང་པོ་ཡལ་འདབ་བཞིའི༔ དབུས་དང་ཕྱོགས་བཞིར་རིན་ཆེན་ཁྲི༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དབུས་སུ་བླ་མ་རྡོ་རྗེ་འཆང༔ བརྒྱུད་པའི་བླ་མས་བསྐོར་བར་བསམ༔ ཤར་ཕྱོགས་རྡོ་རྗེ་སེམས་དཔའ་ལ༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་བསྐོར༔ སངས་རྒྱས་དཀོན་མཆོག་ཀུན་འདུས་པ༔ ལྷོ་ཕྱོགས་གདན་ལ་ཡུམ་ཆེན་མོ༔ དམ་པའི་ཆོས་རྣམས་གླེགས་བམ་ཚུལ༔ ནུབ་ཕྱོགས་ཐེག་པ་ཆེ་ཆུང་གི༔ དགེ་འདུན་དཀོན་མཆོག་མ་ལུས་བསྐྱེད༔ བྱང་ཕྱོགས་གསང་སྔགས་ཕྱི་ནང་གི༔ མཁའ་འགྲོ་ཆོས་སྐྱོང་མ་ལུས་བསམ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ སྒྲོལ་ཕྱིར་རྩེ་གཅིག་སྐྱབས་འགྲོ་བྱ༔ ཀྱེ་མ་འཁོར་བའི་སྡུག་བསྔལ་བཟོད་པར་དཀའ་བ་ལས༔ སྐྱོབ་མཛད་བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་ཚོགས་དམ་ཅན་མ་ལུས་ལ༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ མ་ནོར་ལམ་སྟོན་རྒྱལ་བ་ཀུན་གྱི་དངོས༔ བླ་མ་རིག་འཛིན་རྣམས་ལ་སྐྱབས་སུ་མཆི༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི༔ ཐེག་གསུམ་ལམ་སྟོན་ཆགས་བྲལ་གསུང་རབ་མཆོག༔ ལུང་རྟོགས་དམ་པའི་ཆོས་ལ་སྐྱབས་སུ་མཆི༔ ས་ལམ་ལ་གནས་ཚོགས་ཀྱི་མཆོག་གྱུར་པ༔ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆི༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ ཡི་དམ་ཞི་ཁྲོའི་ཚོགས་ལ་སྐྱབས་སུ་མཆི༔ བར་ཆད་ཀུན་སེལ་ཕྲིན་ལས་སྒྲུབ་མཛད་པ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆི༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ བདག་སོགས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ སྐྱབས་གནས་རེ་ལྟོས་


MLP024_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ན་མ་མཆིས་པས༔ ཁྱོད་ཀྱི་ཐུགས་རྗེ་ཆེན་པོས་སྐྱོབ་ཏུ་གསོལ༔ ཞེས་སྐྱབས་འགྲོ་སྙིང་ཐག་པ་ནས་ཅི་མང་དུ་བྱའོ༔ དེ་ལ་སྐྱབས་འགྲོ་བྱས་པའི་ཕན་ཡོན་དང་མ་བྱས་པའི་ཉེས་དམིགས་སོགས་ཀྱང་ཤེས་པར་བྱའོ༔ དྲུག་པ་སེམས་བསྐྱེད་ནི༔ བདག་གི་ཕ་མ་སེམས་ཅན་རྣམས་རིགས་དྲུག་ཏུ་སྐྱེས་ནས་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ༔ འདི་རྣམས་འཁོར་བ་ལས་བསྒྲལ་བའི་ཕྱིར་བདག་གིས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ཏེ་བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་བསྒྲལ་བར་བྱའོ་སྙམ་དུ་སེམས་ཅན་ལ་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བྷེཾ་ཞིང༔ བདག་གིས་ཕ་མ་ཁམས་གསུམ་འཁོར་བ་ཡི༔ སེམས་ཅན་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཕྱིར༔ སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ སེམས་ཅན་མ་བསྒྲལ་བསྒྲལ་ཞིང་མ་གྲོལ་དགྲོལ༔ དབུགས་བྱུང་མྱ་ངན་འདས་ལ་དགོད་པར་བྱ༔ སེམས་བསྐྱེད་དེ་ཡིས་མཐའ་ཡས་འགྲོ་བ་རྣམས༔ བདེ་དང་དགེ་བའི་ལས་ལམ་སྤྱོད་པ་དང༔ སྡུག་བསྔལ་མི་དགེའི་ལས་རྣམས་རྒྱུན་ཆད་ཅིང༔ སྡུག་བསྔལ་ཀུན་བྲལ་བདེ་བ་ལྡན་པ་ཡི༔ མཉམ་ཉིད་ཡེ་ཤེས་ངང་ལ་གནས་གྱུར་ཅིག༔ ཅེས་བརྗོད་ཅིང་བྷེཾ་པར་བྱའོ༔ བདུན་པ་སྡིག་པ་སྦྱོང་བ་ནི༔ རང་ལུས་ཐ་མལ་སྤྱི་གཙུག་ཏུ༔ པད་དཀར་ཟླ་བའི་དཀྱིལ་འཁོར་ལ༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའ་ནི༔ དཀར་པོ་རྡོ་རྗེ་དྲིལ་བུ་འཛིན༔ རིན་ཆེན་རྒྱན་སྤྲས་སེམས་སྐྱིལ་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྙིང་པོ་ཡི་གེ་བརྒྱ་པས་བསྐོར༔ ༀ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡ༔ ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨ་ཧཱུྃ༔ བཀླག་པའི་ཚུལ་གྱིས་སྔགས་བཟླས་པས༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཀར་ནར་བབས་ཏེ་སྤྱི་བོར་ཞུགས༔ བདག་གི་ལུས་ཀུན་གང་བ་ཡིས༔ སྡིག་སྒྲིབ་དག་ནས་ཤེལ་གོང་ལྟར༔ དྲི་མ་མེད་པའི་ལུས་སུ་གྱུར༔ ཐུན་མཚམས་ལྷ་ཡང་


MLP024_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བསྟིམ༔ སྡིག་བཤགས་གཞན་ཡང་ཅི་ཤེས་སུ་བྱའོ༔ དེ་ལྟར་སྡིག་པ་དག་པའི་རྟགས་ཁྱད་པར་ཅན་མ་མཐོང་གི་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་ཚོགས་བསག་པ་ནི༔ མཎྜལ་གྱི་ཚོམ་བུ་བཀོད་ལ༔ ན་མོ་རིན་ཆེན་བཞི་ལྡན་གསེར་རི་ལྷུན་པོ་དང༔ གླིང་བཞི་ཉི་ཟླ་ལྕགས་རི་མུ་ཁྱུད་བཅས༔ ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་ལྡན་པ༔ བླ་མ་སྤྲུལ་པའི་སྐུ་ཡི་ཞིང་དུ་འབུལ༔ འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ བདག་གིས་ཡོངས་བཟུང་བུ་དང་བུ་མོ་དང༔ འཁོར་དང་ལོངས་སྤྱོད་མཛེས་སྡུག་མ་ལུས་པ༔ འཇིག་རྟེན་འདི་ཡི་གཅེས་རྒུ་ཀུན་བསྡུས་ནས༔ བླ་མ་ལོངས་སྤྱོད་རྫོགས་སྐུའི་ཞིང་དུ་འབུལ༔ འགྲོ་ཀུན་ལོངས་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ རང་ལུས་འབྱུང་བཞི་ཤ་ཁྲག་སྣ་ཚོགས་པ༔ དབང་པོ་སྒོ་ལྔ་གཙང་ཞིང་མཛེས་པས་བརྒྱན༔ ཞེན་འཛིན་བྲལ་བའི་བློ་ཡིས་ཀུན་བླངས་ནས༔ བླ་མ་ཆོས་ཀྱི་སྐུ་ཡི་ཞིང་དུ་འབུལ༔ འགྲོ་ཀུན་ཆོས་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ ཆོས་དབྱིངས་སྟོང་གསལ་དག་པའི་ཀློང་ཡངས་སུ༔ རང་རིག་རང་གསལ་རྡོ་རྗེ་ལུ་གུ་རྒྱུད༔ ཐུགས་རྗེ་མ་འགགས་རོལ་པ་འོད་ལྔའི་ཞིང༔ བླ་མ་ངོ་བོ་ཉིད་སྐུའི་ཞིང་དུ་འབུལ༔ འགྲོ་ཀུན་ངོ་བོ་ཉིད་སྐུར་འཚང་རྒྱ་ཤོག༔ ཅེས་བརྗོད་ཅིང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དང་བའི་བློས་བླངས་ཏེ་སྙིང་ཐག་པ་ནས་ཕུལ་ན་ཚོགས་གཉིས་རྫོགས་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགུ་པ་གསོལ་བ་འདེབས་པ་ནི༔ གང་ལ་གསོལ་བ་གདབ་པའི་ཡུལ་བསྐྱེད་པར་བྱ་སྟེ༔ རང་གི་སྤྱི་བོར་དཔག་བསམ་གྱི༔ སྡོང་པོ་པདྨ་ཟེའུ་འབྲུ་ལ༔ ཉི་ཟླ་དར་གྱི་ལྷུག་གདན་དབུས༔ དུས་གསུམ་སངས་རྒྱས་ཀུན་གྱི་དངོས༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན༔ སྐུ་མདོག་སྔོན་པོ་འོད་ཟེར་འབར༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ གསང་ཡུམ་ཡེ་ཤེས་ཌཱ་ཀི་མ༔ དམར་མོ་གྲི་གུག་ཐོད་པ་འཛིན༔ ལང་ཚོ་ལྡན་པ་སྐུ་ལ་འཁྲིལ༔ དེ་ཡི་སྤྱི་གཙུག་པདྨ་གསུམ༔ དབུས་སུ་པདྨ་འབྱུང་གནས་ལ༔ གཡས་སུ་བི་མ་མི་ཏྲ་དང་༔ གཡོན་དུ་བཻ་རོ་ཙ་ན་བསྒོམ༔ དེ་སྟེང་


MLP024_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་གསུམ་བརྩེགས་ལ༔ འོག་མ་ཤྲཱི་སིང་ཧ་ལ༔ འཇམ་དཔལ་བཤེས་གཉེན་དགའ་རབ་དང༔ རྡོ་རྗེ་སེམས་དཔའ་ཀུན་བཟང་རྣམས༔ འོག་ནས་རིམ་བརྩེགས་བཞུགས་པར་བྷེཾ༔ མཐའ་སྐོར་རྒྱལ་བ་སྲས་བཅས་དང༔ བླ་མ་ཡི་དམ་མཁའ་འགྲོ་དང༔ སྤྲིན་ཕུང་གཏིབས་པ་བཞིན་དུ་བསམ༔ གདུང་བའི་ངག་གིས་གསོལ་བ་གདབ༔ ༀ་ཨཱཿཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་ལྷུན་གྲུབ་ཕོ་བྲང་དུ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ འོད་ལྔ་མ་འདྲེས་དག་པའི་ཞིང་ཁམས་སུ༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ གསེར་གླིང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བའི་བྱིན་གྱིས་རློབས༔ དྷ་ཧེ་ན་ཡི་ཀེ་ཚང་བར་པ་རུ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ རྒྱ་གར་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ རིག་འཛིན་ཤྲཱི་སེང་ཧ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ རྒྱ་བོད་གནས་དང་རྔ་ཡབ་གླིང་ཕྲན་དུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔


MLP024_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ རྒྱ་གར་ཆུ་བོ་གངྒའི་ཀླུང་འགྲམ་དུ༔ པཎ་ཆེན་བི་མ་ལ་མི་ཏྲ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ༔ སྒྲ་སྒྱུར་བཻ་རོ་ཙ་ན་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ དཔལ་གྱི་བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང་༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ གཞོ་སྟོད་ཏེ་སྒྲོ་ཌཱ་ཀིའི་ཚོགས་ཁང་དུ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ སྒྲགས་ཀྱི་ཡང་རྫོང་གསང་བའི་ཕུག་པ་རུ༔ གུ་རུ་བུདྡྷ་ཛྙཱ་ན་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ མཆིམས་ཕུ་གྲི་གུ་གེ་གོང་དབེན་རྩ་རུ༔ སློབ་དཔོན་རྒྱལ་བ་མཆོག་དབྱངས་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང་༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ༔ ཐུགས་མཆོག་ནམ་མཁའི་སྙིང་པོ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ ཡར་ཀླུངས་ཤེལ་བྲག་བདུད་རྩི་སྨན་ཕུག་ཏུ༔ ཡོན་ཏན་ཀུ་མ་རཱ་ཛ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ མོན་ཁ་


MLP024_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ་ཡང་རྫོང་གནས་མཆོག་ཏུ༔ ཕྲིན་ལས་རྡོ་རྗེ་བདུད་འཇོམས་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ སྨིན་གྲོལ་ཆོས་ཀྱི་རྒྱལ་ཁབ་ཆེན་པོ་རུ༔ ཆོས་རྒྱལ་གཏེར་བདག་གླིང་པ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ སྐུ་དང་ཡེ་ཤེས་ལྔ་ལྡན་ཕོ་བྲང་དུ༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ མཁའ་སྤྱོད་གནས་དང་དུར་ཁྲོད་བརྒྱད་སོགས་སུ༔ ཡེ་ཤེས་ཌཱ་ཀི་སྡེ་ལྔ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་དུ༔ སྔགས་སྲུང་ཨེ་ཀ་ཛ་ཏི་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ ཞེས་དང༔ གཞན་ཡང་གསོལ་བ་གདབ་པ་ནི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཆོས་ཉིད་མངོན་སུམ་རྟོགས་པར་བྱིན་གྱིས་རློབས་ཤིག༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས༔ ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས་ཤིག༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས་ཤིག༔ བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ་གསོལ་བ་འདེབས༔ ཆོས་ཉིད་ཟད་མཐར་ཕྱིན་པར་བྱིན་གྱིས་རློབས་ཤིག༔ བླ་མ་སྐུ་བཞིའི་བདག་ཉིད་ཅན་ལ་གསོལ་བ་འདེབས༔ སྣང་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག༔ ཅེས་སྙིང་ཐག་པ་ནས་གསོལ་བ་ཡང་ཡང་གདབ་པར་བྱའོ༔ བཅུ་པ་དབང་བླང་བ་ནི༔ བླ་མའི་སྨིན་མཚམས་མཛོད་སྤུ་ཡི༔ ༀ་ཡིག་དཀར་ལས་


MLP024_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཀར་དང༔ བདེ་གཤེགས་སྐུ་རྣམས་མང་དུ་བྱུང༔ རང་གི་སྨིན་མཚམས་ཐིམ་པ་ཡིས༔ ལུས་ཀྱི་སྒྲིབ་དག་བུམ་དབང་ཐོབ༔ བསྐྱེད་རིམ་ལྷ་སྐུ་བསྒོམ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ་པར་བྱས༔ བླ་མའི་ལྗགས་ཀྱི་པདྨའི་སྟེང་༔ ཨཱ་ཡིག་དམར་ལས་འོད་དམར་དང༔ གསང་སྔགས་ཡིག་འབྲུ་དཔག་མེད་བྱུང༔ རང་གི་ལྕེ་ལ་ཐིམ་པ་ཡིས༔ ངག་གི་སྒྲིབ་དག་གསང་དབང་ཐོབ༔ ལམ་དུས་བཟླས་པ་བྱ་བར་དབང༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ༔ བླ་མའི་ཐུགས་ཀའི་རྡོ་རྗེ་ལས༔ ཧཱུྃ་ཡིག་མཐིང་དང་འོད་སྔོན་པོ༔ རྒྱལ་བའི་ཕྱག་མཚན་དུ་མ་བྱུང༔ རང་གི་སྙིང་གར་ཐིམ་པ་ཡིས༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ ལམ་དུས་ཕོ་ཉ་སྒོམ་པར་དབང༔ འབྲས་བུ་ཆོས་སྐུའི་ས་བོན་བཞག༔ བླ་མའི་གནས་གསུམ་དཀྱིལ་འཁོར་ནས༔ ༀ་ཨཱཿཧཱུྃ་དང་འོད་ཟེར་ལྔ༔ འཕྲོས་པས་རང་གི་གནས་གསུམ་ཐིམ༔ སྒོ་གསུམ་སྒྲིབ་དག་ཚིག་དབང་ཐོབ༔ ལམ་དུས་ཁྲེགས་ཆོད་ཐོད་རྒལ་བསྒོམ༔ འབྲས་བུ་ངོ་བོ་ཉིད་སྐུ་ཐོབ༔ མཐར་ནི་རྩ་བའི་བླ་མ་ཡང༔ འོད་ཞུ་རང་གི་སྤྱི་བོ་ནས༔ བྱོན་ཏེ་སྙིང་དབུས་བཞུགས་པར་བྷེམ༔ དེ་ནས་རང་གི་སེམས་ཉིད་ཀྱི་ངོ་བོ་དང་བླ་མ་གཉིས་སུ་མེད་པའི་ངང་ལ་བཅོས་བསླད་མི་བྱ་བར་རང་སོར་གློད་ལ་དར་ཅིག་བཞག་པར་བྱའོ༔ དེ་ལྟར་ལམ་གྱི་རིམ་པ་རྣམས་ཚུལ་བཞིན་དུ་བསྐྱངས་པས་ལམ་དངོས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་གཞི་བྱེད་པར་ཐེ་ཚོམ་མེད་དོ༔ དེ་ལས་ལོག་སྟེ་ཐེ་ཚོམ་དང་སྙོམས་ལས་དང་ལེ་ལོའི་དབང་དུ་སོང་བ་རྣམས་ལ་ནི་དངོས་གཞིའི་ཉམས་རྟོགས་མི་སྐྱེ་བས་དེ་ལ་ལོག་ལྟ་སྐྱེས་པའི་སྐྱོན་གྱིས་ངན་འགྲོར་ལྟུང་བས་འདི་མན་ཆད་ཀྱི་གདམས་པ་རྣམས་སྟོན་པའི་སྣོད་མ་ཡིན་པ་ལ་གསང་བར་བྱའོ༔ སྙིང་པོའི་ལམ་གྱི་རིམ་པ་ཐེམ་སྐས་ལྟ་བུར་བསྟན་པ་སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ སྩ་སྩ་སྩ༔རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའོ༔ བཀྲ་ཤིས༔

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་བར་དུ་དགེ་བ་ཁྲེགས་ཆོད་ཀྱི་གདམས་པ། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་བར་དུ་དགེ་བ་ཁྲེགས་ཆོད་ཀྱི་གདམས་པ་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། རྒྱལ་བ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ༔ གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་སྙིང་པོ༔ ལུང་ཐམས་ཅད་ཀྱི་གལ་མདོ༔ མན་ངག་ཐམས་ཅད་ཀྱི་ཟབ་རྒྱ༔ གདམས་པ་ཐམས་ཅད་ཀྱི་ཉིང་ཁུ༔ ཟབ་དོན་མཐར་ཐུག་གི་དོན་འདི་སྟོན་པ་ལ་གཉིས་ཏེ༔ རྣལ་འབྱོར་བསྐྱེད་པའི་རིམ་པ་དང༔ མན་ངག་རྫོགས་པའི་རིམ་པའོ༔ དང་པོ་ལའང༔ རྒྱུད་སྨིན་པར་བྱེད་པའི་དབང་དང༔ དབང་ལས་བྱུང་བའི་ལམ་མོ༔ དང་པོ་བླ་མ་མཚན་ཉིད་དང་ལྡན་པས་སློབ་མ་སྐལ་བ་དང་ལྡན་པ་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པར་བསྐུར་ཏེ་རྒྱུད་སྨིན་པར་བྱའོ༔ གཉིས་པ་དབང་ལས་བྱུང་བའི་ལམ་ལ་ཡང་གང་ཟག་རྒྱས་པ་ལ་མོས་པ་རྣམས་ལ་མན་ངག་སྙིང་ཁོང་གི་རྒྱུད་ལྟར་ཞི་ཁྲོ་དམ་པ་རིགས་བརྒྱ་ཡོངས་སུ་རྫོགས་པའི་སྒོམ་བཟླས་བྱ་ལ༔ དབང་པོ་འབྲིང་རྣམས་ལ་ཞི་བ་རྡོ་རྗེ་དབྱིངས་ཀྱི་སྒྲུབ་པ་ལ་འཇུག་པར་བྱ་ཞིང་༔ བསྡུས་པ་ལ་མོས་པས་རྒྱལ་བ་རིགས་ལྔ་དང་༔ ཤིན་ཏུ་བསྡུས་པ་ལ་གསང་ཆེན་རིགས་གཅིག་ཏུ་སྒྲུབ་པའི་རིམ་པ་རྣམས་ཡང་དག་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་མན་ངག་རྫོགས་པའི་རིམ་པ་ལའང་། ལྟ་བའི་མཐར་ཐུག་ཁྲེགས་ཆོད་བསྐྱང་བ་དང༔ སྒོམ་པའི་སྙིང་པོ་ཐོད་རྒལ་སྦྱང་བ་དང༔ དབང་པོའི་རིམ་པས་མཇུག་བསྡུ་བའོ༔ དང་པོ་ལྟ་བ་ལ་ཡང་ལམ་ལ་འཇུག་པའི་ཁྱད་པར་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་བ༔ རིགས་དྲུག་ས་བོན་སྦྱང་བ༔ སྔོན་འགྲོ་དངོས་དང་གསུམ༔ དང་པོ་རུ་ཤན་དབྱེ་བ་ནི༔


MLP024_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་འགྱུར་ལས༔ འཁོར་འདས་རུ་ཤན་མ་ཕྱེ་ན༔ ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང༔ འབྲེལ་བ་ཆོད་པར་མི་འགྱུར་བས༔ འཁོར་འདས་རུ་ཤན་དབྱེ་བར་བྱ༔ ཞེས་པས་དང་པོ་ལུས་འཁོར་འདས་རུ་ཤན་དབྱེ་བ་ནི༔ འདས་རྗེས་ལས༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་བྱ༔ དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད༔ ཅེས་པས་མི་མེད་པའི་རིའམ་དུར་ཁྲོད་དམ་ལུང་སྟོང་ལ་སོགས་པའི་ཤིན་ཏུ་དབེན་པར་ཕྱིན་ལ༔ བདག་གིས་འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་དཔག་ཏུ་མེད་པ་བླངས་ཏེ༔ སྐྱེ་བ་བླངས་རེས་ཀྱི་ལུས་རེ་བྱུང༔ ལུས་གྲུབ་ནས་རིགས་དྲུག་གི་རྣམ་འགྱུར་དང་སྤྱོད་ལམ་གང་ཡང་བྱས་ཏེ༔ སྡུག་བསྔལ་དང་དོན་མེད་ཁོ་ནར་སོང༔ ད་དེ་ལྟར་མི་བྱེད་པའི་ཕྱིར་ལུས་འཁོར་འདས་རུ་ཤན་དབྱེ་དགོས༔ འདི་ལྟར་བྱས་ནས་ལུས་འཁོར་བར་ཕྱིས་མི་ལྡོག་པ་བྱ་སྙམ་དུ་སེམས་བསྐྱེད་ལ༔ དམྱལ་བ་ལ་ཚ་གྲང༔ ཡི་དྭགས་ལ་བཀྲེས་སྐོམ༔ དུད་འགྲོ་ལ་བཀོལ་སྤྱོད༔ མི་ལ་སྐྱེ་འཆི༔ ལྷ་མ་ཡིན་ལ་འཐབ་རྩོད༔ ལྷ་ལ་འཕོ་ལྟུང་གི་སྡུག་བསྔལ་སོགས་འཁོར་བའི་སྡུག་བསྔལ་རེ་རེ་ནས་རང་གི་རྒྱུད་ཐོག་ཏུ་བླངས་ལ༔ དེ་དག་གི་རྣམ་འགྱུར་དང་སྤྱོད་ལམ་སྣ་ཚོགས་པ་ཡིད་ལ་དྲན་ཚད་བྱའོ༔ གཉིས་པ་ངག་འཁོར་འདས་རུ་ཤན་དབྱེ་བ་ནི༔ འདས་རྗེས་ལས༔ ངག་གི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད༔ ཅེས་གསུངས་པས་ངག་གི་སྒྲ་འདིས་ཀྱང་གཉིས་སུ་འཛིན་པའི་ལས་བྱས་ཏེ་འཁོར་བར་འཁྱམས་པ་ཡིན༔ ད་ཕྱིན་ཆད་ངག་འཁོར་འདས་རུ་ཤན་ཕྱེ་ལ་འཁོར་བར་མི་འཁྱམས་པ་བྱ་སྙམ་དུ་བསམ་ལ༔ དམྱལ་བ་ཚ་གྲང་གི་སྒྲ་ཨ་ཙ༔ ཨ་ན༔ ཨ་ཆུ་ཀྱེ་ཧུད་ལ་སོགས་པ་དང༔ ཡི་དྭགས་ཀྱི་ལྟོགས་འཁྱགས་བཀྲེས་སྐོམ་དང༔ དུད་འགྲོའི་སྐད་འུ་དང་འབུ་དང་འབའ་དང་ཝང་དང་ཁང་ལ་སོགས་དང༔ མིའི་ངུ་ངག་དང་སྨྲེ་ངག་དང་མྱ་ངན་དང་ཆོ་ངེ་ལ་སོགས་པ་དང་༔ ལྷ་མ་ཡིན་གྱི་རྒྱོབ་དང་སོད་དང་ང་བསད་དོ་ང་བརྡུངས་སོ་ཁོ་སོད་ལ་སོགས་པ་དང༔ ལྷའི་གླུ་གར་སོགས་བྱས་མ་ཐག་ཤིང་བསྐམས་ཆུ་བསྐམས་ང་ཤི་ན་ངན་འགྲོར་སྐྱེའོ་སོགས་མདོར་ན་དྲན་ཚད་སྨྲའོ༔ གསུམ་པ་ཡིད་འཁོར་འདས་རུ་ཤན་དབྱེ་བ་ནི༔ འདས་རྗེས་ལས༔ ཡིད་


MLP024_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྡུག་བསྔལ་བློ་ལ་བླང༔ ཞེས་པས་རང་གི་སེམས་འདི་བུདྡྷའི་ཐུགས་དང་དབྱེར་མེད་ཡིན་པ་ལ་མ་རིག་པའི་དབང་གིས་འཁོར་བར་འཁྱམས་པ་ཡིན༔ ད་འཁོར་བར་མི་འཁྱམ་པར་བྱ་བའི་ཕྱིར་ཡིད་འཁོར་འདས་རུ་ཤན་དབྱེ་སྙམ་དུ་བསམ་ལ་རིགས་དྲུག་གི་སྡུག་བསྔལ་རེ་རེ་ནས་རང་རྒྱུད་ལ་མྱོང་བར་བསམ་ལ་རྒྱུད་ཐོག་ཏུ་འགེལ་བར་བྱའོ༔ དེ་ཡང་ལུས་ཀྱིས་རིགས་དྲུག་གི་སྤྱོད་ལམ་རྣམ་འགྱུར་བྱ༔ ངག་གིས་སོ་སོའི་སྒྲ་སྐད་བརྗོད༔ ཡིད་ཀྱིས་དེ་དག་གི་སྡུག་བསྔལ་བསམ༔ དེ་རེ་རེའི་རྗེས་སུ་ཡང་དེ་ལྟར་མྱོང་བྱེད་ཀྱི་ངོ་བོ་ལ་བལྟའོ༔ དེ་རྣམས་ལ་འབྱོངས་པའི་རྟགས་ནི་ལུས་ལ་ཆགས་ཞེན་དགག་སྒྲུབ་བཀྲེས་སྐོམ་མེད་པའི་ཉམས་འདུག་ན་ལུས་རུ་ཤན་ཕྱེད་པའོ༔ བླ་མའི་གདམས་པ་རྣམས་ལ་གོ་བ་སྐྱེས་ནས་ཚིག་ཏུ་མ་བཟུང་བར་དོན་རང་བརྡོལ་དུ་ཤེས་ན་ངག་རུ་ཤན་ཕྱེད་པའོ༔ སེམས་གསལ་དྭངས་འཁྲུལ་རྟོག་མེད་པ་དང་བདེ་སྟོང་གི་ཉམས་ཤར་ན་ཡིད་རུ་ཤན་ཕྱེད་པའོ༔ དེ་ནི་འཁོར་བ་རུ་ཤན་དབྱེ་བའོ༔ ཡང་སངས་རྒྱས་ཞི་བ་དང་ཁྲོ་བོའི་བཞུགས་སྟངས་དང་ཆོས་ཀྱི་སྒྲ་དང་གསུང་དབྱངས་དྲག་པོའི་གད་མོ་སྣ་ཚོགས་བྱས་ལ་རྗེས་སུ་ལུས་གནད་དྲང་པོར་བསྲངས༔ སེམས་ཀྱི་ངོ་བོ་ལ་བལྟ་ཞིང་རང་བབས་སུ་ལྷོད་ཀྱིས་བཞག་གོ༔ དེ་ལྟར་ཕྱིའི་རུ་ཤན་ཕྱེད་ནས༔ གཉིས་པ་ནང་གི་རུ་ཤན་འབྱེད་པར་བྱ་སྟེ༔ འདས་རྗེས་ལས༔ ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་ཤར༔ ཡི་གེ་རྩལ་སྦྱངས་རུ་ཤན་དབྱེ༔ ཞེས་དང༔ ཀློང་གསལ་ལས༔ ནང་གི་འཁྲུལ་རྒྱུ་ཟད་བྱའི་ཕྱིར༔ འཁོར་འདས་རུ་ཤན་ནང་ལྟར་དབྱེ༔ ཞེས་པས་སྦྱོང་བར་བྱེད་པ་རིགས་དྲུག་གི་ས་བོན་དྲུག་པོ་ཡིན་ལ༔ དེ་དྲུག་གནས་ཚུལ་ནི་ཀློང་གསལ་ལས༔ སྤྱི་བོ་མགྲིན་པ་སྙིང་ག་དང༔ ལྟེ་བ་གསང་གནས་རྐང་མཐིལ་དུ༔ ཨ་སུ་ནྲྀ་ཏྲི་པྲེ་དུ་གནས༔ ཞེས་པས་རང་ཐ་མལ་གྱི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ༔ མགྲིན་པའི་ལྟག་རྩ་བ་མེན་གྱི་རྭ་འདྲ་བའི་ནང་དུ་ལྷ་མིན་གྱི་ས་བོན་སུ་ལྗང་སེར༔ སྙིང་གའི་སྲོག་རྩའི་ནང་དུ་མིའི་ས་བོན་ནྲྀ་སྔོ་སྐྱ༔ ལྟེ་བའི་རྩ་བ་ཐག་བརྒྱངས་པ་ལྟ་བུའི་ནང་


MLP024_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དུད་འགྲོའི་ས་བོན་ཏྲི་དམར་ནག༔ གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་ནག༔ རྐང་མཐིལ་གྱི་རྩ་འཁོར་འཁྱིལ་བ་ལ་དམྱལ་བའི་ས་བོན་དུ་དུད་ཁ༔ རང་འཆི་བའི་ཚེ་ལུས་ཀྱི་ཆ་དེ་རྣམས་སུ་རླུང་སེམས་འདུས་ན་རིགས་དེ་དག་གི་ནང་དུ་དེ་མ་ཐག་དུ་སྐྱེ་བར་བྱེད་ལ༔ དེའི་ཕྱིར་སྦྱོང་བ་གལ་ཆེ་བས་ཡི་གེ་དྲུག་པོའི་འོག་ཏུ་རཾ་ཡིག་དམར་པོ་མེའི་རང་བཞིན་ཅན་རེ་རེ༔ རཾ་གྱི་འོག་ཏུ་ཡཾ་ལྗང་གུ་རླུང་གི་རང་བཞིན་ཅན་རེ་རེ་བསམ༔ དེ་ནས་ངག་ཏུ་ༀ་ཨཱཿཧཱུྃ་ན་ར་ཀ་སརྦ་པཱ་པཾ་བི་ཤུདྷེ་སྭཱ་ཧཱ༔ ཞེས་བཟླས་པས་ཡཾ་ལས་རླུང་བྱུང་རཾ་ཡིག་ལ་ཕོག་པས་མེ་འབར༔ དུ་དུད་ཁ་དེ་དངོས་མེད་དུ་བསྲེགས་པར་བསམ༔ དེ་བཞིན་དུ་ༀ་ཨཱཿཧཱུྃ་པྲེ་ཏ་ཀ་སརྦ་པཱ་པཾ་བི་ཤུདྷེ་སྭཱ་ཧཱ༔ ཞེས་པས་མེ་རླུང་གིས་པྲེ་བསྲེགས༔ ༀ་ཨཱཿཧཱུྃ་ཏིཪྱ་ཀ་སརྦ་པཱ་པཾ་བི་ཤུདྷེ་སྭཱ་ཧཱ༔ ཞེས་པས་མེ་རླུང་གིས་ཏྲི་བསྲེགས༔ ༀ་ཨཱཿཧཱུྃ་དུ་ཁ་ཏྲི་ཤ་ནི་སརྦ་པཱ་པཾ་བི་ཤུདྷེ་སྭཱ་ཧཱ༔ ཞེས་མེ་རླུང་གིས་ནྲྀ་བསྲེགས༔ ༀ་ཨཱཿཧཱུྃ་ཨ་སུ་ར་སརྦ་པཱ་པཾ་བི་ཤུདྷེ་སྭཱ་ཧཱ༔ ཞེས་པས་མེ་རླུང་གིས་སུ་བསྲེགས༔ ༀ་ཨཱཿཧཱུྃ་དེ་ཝ་སརྦ་པཱ་པཾ་བི་ཤུདྷེ་སྭཱ་ཧཱ༔ ཞེས་མེ་རླུང་གིས་ཨ་བསྲེགས༔ སླར་ཡང་རང་གི་སྤྱི་བོར་ༀ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ སྙིང་གར་ཧཱུྃ་སྔོན་པོ་བསམ༔ དེ་ལས་བདུད་རྩིའི་རྒྱུན་བབས་ཡིག་འབྲུ་དྲུག་གི་གནས་རྣམས་ཀྱང་སྦྱངས༔ རིགས་དྲུག་འཁོར་བའི་སྐྱེ་གནས་ཐམས་ཅད་སྟོངས་པར་བསམ་ལ་འབྲུ་གསུམ་སྐད་ཆེན་པོས་དབྱངས་སུ་ལེན་ནམ་ཤུབ་བུར་བཟླས་ཀྱང་རུང་སྟེ་འབུམ་ཚོ་བདུན་བཟླས་པ་བྱའོ༔ དེས་སྡིག་པ་འདག་པའི་རྟགས་མཚན་སྣ་ཚོགས་དང་སྒོ་གསུམ་གྱི་ཞེན་འཛིན་དག་ནས་ཤེལ་གོང་དག་པ་ལྟར་སོང་སྙམ་པའི་རྟགས་མ་བྱུང་གི་བར་དུ་འབད་པར་བྱའོ༔ དགོས་པ་ནི༔ ཐལ་འགྱུར་ལས༔ འོད་གསལ་དགོངས་པ་རྣམ་པ་གཉིས༔ ཐུན་མོང་མཆོག་གི་དབྱེ་བས་བསྟན༔ ཅེས་དང༔ ཀློང་གསལ་ལས༔ ལུས་ངག་ཡིད་གསུམ་སྔོན་འགྲོ་ནི༔ ཐུན་མོང་ཁྱད་པར་མཐར་ཐུག་གི༔ དགོས་པ་གསུམ་དུ་ཤེས་པར་བྱ༔ ཞེས་པས་ལུས་ངག་ཡིད་གསུམ་གྱི་སྡིག་པའི་ས་བོན་དང་དེའི་བར་གཅོད་དང་དེ་ལ་ཞེན་པའི་ས་བོན་རྣམས་རྩ་བ་ནས་འདག་ཅིང་ཞི་བ་ཐུན་མོང་གི་དགོས་པའོ༔ ལུས་ངག་ཡིད་གསུམ་གྱི་ཞེན་པ་ལོག་པས་ད་ཕྱིན་ཆད་


MLP024_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་མི་ལྡོག་པ་ཁྱད་པར་གྱི་དགོས་པའོ༔ ལུས་ངག་ཡིད་གསུམ་སྐུ་གསུམ་དུ་གྲོལ་བ་མཐར་ཐུག་གི་དགོས་པའོ༔ གསུམ་པ་སྔོན་འགྲོ་དངོས་ལ༔ རྣལ་དུ་དབབ་པ༔ སོར་གཞུག་པ༔ སྒོ་གསུམ་གྱི་རྣལ་འབྱོར་དང་གསུམ༔ དང་པོ་རྣལ་དབབ་ནི༔ སྒྲོན་མ་འབར་བར༔ འཁོར་འདས་རུ་ཤན་ཕྱེ་ནས་ནི༔ ལུས་ངག་རྣམས་ནི་རྣལ་དུ་དབབ༔ ཅེས་དང༔ ཐལ་འགྱུར་ལས༔ འདི་དུས་ལུས་ངག་སེམས་ཀྱི་གནད༔ རྣལ་འབྱོར་ལྡན་པས་རྣལ་དུ་དབབ༔ ཅེས་པས་གོང་གི་སྔོན་འགྲོ་རྣམས་ཀྱིས་འབྱུང་བ་འཁྲུགས་ཤིང་ངལ་བ་དང༔ བདེ་བའི་མལ་དུ་ལུས་བསྒུལ་སྐྱོད་དང༔ ངག་སྨྲ་བརྗོད་དང༔ ཡིད་དྲན་བསམ་གང་ཡང་མི་བྱ་བར་རང་བབས་ཉིད་དུ་གློད་ལ་བཞག་གོ༔ གཉིས་པ་སོར་བཞག་ནི༔ ཀློང་གསལ་ལས༔ ཀ་དག་དོན་ཉིད་རྟོགས་བྱའི་ཕྱིར༔ རྣལ་དུ་ཕབ་ནས་སོར་ཡང་གཞུག༔ ཅེས་དང༔ འདས་རྗེས་ལས༔ ཉན་ཐོས་བྱང་སེམས་ཁྲོ་བོ་ཡི༔ ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག༔ དེས་ནི་གསུམ་པོ་སོར་ཆུད་ནས༔ ཉམས་ལེན་ཉིད་ལ་བརྩོན་པར་འགྱུར༔ ཞེས་པས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལྟ་སྟངས་ས་ལ་ཕབས༔ མིག་ཟིམ་བུར་བལྟ་བར་བྱའོ༔ དེས་རྣམ་རྟོག་ཕྲ་མོ་རྣམས་འཇོམས་ཏེ་ཉན་ཐོས་ཀྱི་ལྟ་སྟངས་སོ༔ ལུས་གནད་བཅའ༔ མིག་བར་སྣང་ལ་རང་བབས་སུ་ཧ་རེ་བལྟས་ཏེ་རྣམ་རྟོག་རགས་པ་འཇོམས་པ་བྱང་སེམས་ཀྱི་ལྟ་སྟངས་སོ༔ ལུས་གནད་སྔར་ལྟར་རམ་རོལ་པའི་སྟབས་སམ་ལངས་ཏེ་དོར་སྟབས་བགྲད་ལ་མིག་བར་སྣང་ལ་གྱེན་དུ་བགྲད་ལ་བལྟ་ཞིང་ཁྲོ་བོའི་གད་རྒྱངས་སྒྲོག་པ་སོགས་ཀྱང་བྱས་ལ་སེམས་སྤྲོས་པ་དང་བྲལ་བར་བཞག་གོ༔ དེས་རྣམ་རྟོག་སྦོམ་པོ་འཇོམས་ཤིང་ཁྲོ་བོའི་ལྟ་སྟངས་སོ༔ ཕན་ཡོན་ནི་ཉན་ཐོས་ཀྱིས་སྒོ་གསུམ་གནས་པར་བྱེད༔ བྱང་སེམས་ཀྱིས་གནས་པ་བརྟན་པར་བྱེད༔ ཁྲོ་བོས་བརྟན་པ་གྲོལ་བར་བྱེད་པའོ༔ གསུམ་པ་སྒོ་གསུམ་གྱི་རྣལ་འབྱོར་ལ༔ ལུས་དང༔ ངག་དང༔ ཡིད་ཀྱི་གསུམ་མོ༔ དང་པོ་ནི༔ ཐལ་འགྱུར་ལས༔ རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པས༔ ལུས་སྦྱངས་སེམས་ལ་ཕན་པའོ༔ ཞེས་པས་རྐང་མཐིལ་གཉིས་སྤྲད༔ ལུས་དང་སྒལ་ཚིགས་བསྲངས༔


MLP024_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཉིས་མགོ་ལ་མ་རེག་པར་ཐལ་མོ་སྦྱར་བ་ཤད་རྐྱང་ལྟག་རྩ་འཐེན༔ ཉྭ་བཞི་སྒྲིམ༔ མིག་བར་སྣང་ལ་ཧ་རེ་བལྟ༔ ཡིད་རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཞིག་ཏུ་དྲན་ཙམ་བྱ༔ དེ་ལྟར་ཤིན་ཏུ་འབད་ལ་བསྒོམ་ཞིང་མི་གཅོག་པར་འཇོག་ཚེ་ཧལ་ཞེས་པའི་སྒྲ་ལྷང་བ་ཞིག་བརྗོད་ཅིང༔ སྒྲ་དེ་དང་དུས་མཉམ་དུ་རང་རིག་ཚངས་བུག་ནས་ནམ་མཁར་སངས་བཏང་ལ་ལུས་གན་ལོག་ཏུ་ཁྲེས་སེ་བསྐྱུར་ལ་དུར་ཁྲོད་ཀྱི་མི་རོ་བཞིན་ཡིད་ཀྱང་དྲན་མེད་རྟོག་མེད་དུ་རྗེན་ནེ་བཞག་ལ་ཡུན་ཇེ་རིང་དུ་བསྒོམ་པར་བྱའོ༔ རྟགས་ནི་ལུས་ཁོལ་བུར་ན་བ་དང་ཚུགས་མི་ཐུབ་དྲོད་སྐྱེ་རྣམ་རྟོག་མེད་པ་འབྱུང་ངོ་༔ དགོས་པ་ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག༔ གདོན་བགེགས་ཀྱི་བར་གཅོད་ཞི༔ ལུས་ཀྱི་ཞེན་པ་ཟློག་པའོ༔ ཁྱད་པར་དུ་ཕྱིས་འཁོར་བར་མི་འཇུག་པའོ༔ མཐར་ཐུག་འབྲས་བུ་སྤྲུལ་སྐུ་ཐོབ་པའོ༔ གཉིས་པ་ངག་གི་སྔོན་འགྲོ་ནི༔ ཐལ་འགྱུར་ལས༔ ངག་ནི་ཧཱུྃ་ཞེས་གནས་པ་ལ༔ རྒྱས་འདེབས་པ་དང་རྩལ་སྦྱང་གཉིས༔ མཉེན་བཙལ་ལམ་དུ་གཞུག་པ་ཡིས༔ དེ་ལྟར་ངག་སྦྱངས་སེམས་ལ་ཕན༔ ཞེས་པས་རྒྱས་གདབ་པ༔ རྩལ་སྦྱང་བ༔ མཉེན་བཙལ་བ༔ ལམ་དུ་གཞུག་པ་བཞི་ལས༔ དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་རིང་པོ་དབུགས་ཀྱི་ཐུབ་ཚད་བརྗོད༔ ལུས་རྣམ་སྣང་གི་ཆོས་བདུན་བྱ༔ མིག་བར་སྣང་ལ་བལྟ༔ ངག་གིས་ཧཱུྃ་གི་སྒྲ་གྲགས་སྟོང་དུ་ལྷང་ལྷང་བརྗོད་ཅིང༔ ཡིད་ཀྱིས་རང་གི་སྙིང་དབུས་ན་ཧཱུྃ་གཅིག་འདུག་པ་དེ་ལས༔ ཧཱུྃ་དེ་འདྲ་བ་རྒྱུན་མི་ཆད་དུ་བྱུང་བ་རང་གི་ཁ་ནས་ཕྱིར་ཐོན༔ ཐོ་ཕྱི་དང༔ གནས་ཁང་དང༔ གྲོང་ཁྱེར་དང༔ ཡུལ་ཁམས་དང༔ འཇིག་རྟེན་གྱི་ཁམས་བློས་མི་ཁྱུད་པ་ཙམ་དུ་ཧཱུྃ་གིས་ཤིག་ཤིག༔ མེར་མེར་སོང་བས་མཐར་སྟོང་གསུམ་ཐམས་ཅད་ཧཱུྃ་གིས་གང་བར་བསམ་ཞིང༔ དེ་ཐམས་ཅད་ཀྱང་བུང་བ་ཚང་ཞིག་པ་ལྟར་ཧཱུྃ་གི་རང་སྒྲ་དི་རི་རི་སྒྲོག་པར་བསམ་མོ༔ ནང་ཕུང་པོ་ལ་རྒྱས་གདབ་པ་ནི༔ ལུས་གནད་དང་ལྟ་སྟངས་སྔར་ལྟར་བྱས་ལ་ངག་ཏུ་ཧཱུྃ་ཞེས་བརྗོད་པས་ཧཱུྃ་དེ་དག་གཅིག་རྟིང་གཅིག་ནོན་དུ་ཚུར་བྱུང༔ རིམ་པ་བཞིན་རང་གི་ཁ་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང༔ རང་གི་གདོས་བཅས་ཤ་ཁྲག་གི་ལུས་ཐམས་ཅད་མེད་


MLP024_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས་རང་ལུས་སྣང་སྟོང་བར་སྣང་ལ་ཡམ་ཡམ་དུ་འདུག་པར་བསམ་ནས་རླུང་བཟུང༔ དེས་ཆད་པ་དང་ཕཊ་ཅེས་གཤིས་རང་བབས་སུ་ལྷན་ནེ་བཞག༔ དེས་ཕྱི་སྣང་བ་དང་ནང་ཕུང་པོ་རང་བཞིན་མེད་པར་གྲོལ་བར་འགྱུར་རོ༔ གཉིས་པ་རྩལ་སྦྱང་བ་ལ་གཉིས་ལས༔ དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི༔ ངག་ཏུ་ཧཱུྃ་དྲག་ལ་ཐུང་བ་བརྗོད་པས་ཧཱུྃ་མཐིང་ནག་ཡུལ་ཆེ་ཆུང་གང་ལ་འཚམས་པ་ཞིག་སྤྲོས་ཏེ་མིག་གིས་མཐོང་བའི་དངོས་པོ་ཐམས་ཅད་ལ་ཐོགས་པ་མེད་པར་ཐལ་བྱུང་དུ་ཕུག་སྟེ་སོང་བས་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་ཁྲལ་མ་ཁྲོལ་དུ་སོང་བར་བསམ༔ ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི༔ སྔར་བཞིན་ཧཱུྃ་དྲག་ལ་ཐུང་བ་བརྗོད་པས་ཧཱུྃ་སྔོན་པོ་མཐོ་གང་བ་ཞིག་གིས་རང་གི་ལུས་ཐམས་ཅད་ཕྱི་ཐལ་ནང་ཐལ་ཁོལ་བུ་མེད་པར་ཕུག་ནས་དངོས་པོར་གྲུབ་པ་ཏིལ་འབྲུ་ཙམ་ཡང་མེད་པར་བསམ༔ དེ་ལྟར་བྱས་པས་ནད་གདོན་བར་གཅོད་ཐམས་ཅད་ཞི་ནས་ཕུང་པོ་འཇའ་ལུས་འོད་གསལ་དུ་གྲོལ་བར་འགྱུར་རོ༔ གསུམ་པ་མཉེན་བཙལ་བ་ནི༔ རང་གི་མདུན་དུ་རྡེའུ་ཤིང་བུ་གང་རུང་ཞིག་བཞག་ངག་ཏུ་ཧཱུྃ་མང་དུ་བརྗོད་པས་ཁོང་པའི་ནང་ནས་ཧཱུྃ་གྲངས་མེད་པ་བ་ཐག་ལྟ་བུ་ན་ར་ར་བྱུང་སྟེ་མདུན་གྱི་དངོས་པོ་དེ་ལ་ཧྲིལ་གྱིས་དཀྲིས་པ་ལ་ཤེས་པ་གཏད༔ དེའི་སྟེང་ན་ཧཱུྃ་གཅིག་ཡེར་རེ་འདུག་སྙམ་པ་ལ་དར་ཅིག་བཞག་ཤེས་པ་ལྷན་ནེ་ཡོད་སྙམ་པ་ཡོང༔ དེ་ནས་ཀྱང་ཧཱུྃ་ཞེས་བརྗོད་ཅིང་ཧཱུྃ་གི་ཐག་པ་རྣམས་རིམ་པར་དཀྲོལ་ལ་ཤིག་གེ་བཤིག་པའི་མཐར་ཧཱུྃ་རྣམས་གཅིག་ལ་གཅིག་ཐིམ་ནས་ཧཱུྃ་གཅིག་ཏུ་གྱུར་པ་ལ་ཤེས་པ་གཏད༔ དེ་ལྟར་ཡང་ཡང་བྱས་པས་དམིགས་པ་གང་དུ་ཡང་བསྒྱུར་དུ་བཏུབ་པའི་དགོས་པ་ཡོད་དོ༔ བཞི་པ་ལམ་དུ་གཞུག་པ་ནི༔ རང་གིས་ཧཱུྃ་ཞེས་བརྗོད་པས་སྙིང་ག་ནས་ཧཱུྃ་ཁྲུ་གང་ཙམ་པ་ཞིག་ཕྱིར་བྱུང་སྟེ་ཕ་ཚད་ཀྱི་དངོས་པོ་གང་ཡང་རུང་བའི་སྟེང་ན་འདུག་པར་བསམ༔ ཡང་ཧཱུྃ་ཞེས་བརྗོད་པས་རང་གི་སྙིང་གར་ཧྲིལ་གྱིས་བྱུང༔ དེ་ལྟར་ཕར་འགྲོ་ཚུར་འགྲོ་བྱེད་པ་ལ་སེམས་བཟུང༔ དེ་ལ་གོམས་པ་དང་མགྲོན་པོ་དོན་གཉེར་དུ་འགྲོ་བ་ལྟར་གྲོང་ཁྱེར་དང༔ ཡུལ་ལྗོངས་དང༔ རི་བྲག་དང༔ གླིང་དང་གླིང་ཕྲན་སོགས་ཐམས་ཅད་དུ་ཧཱུྃ་དེ་སོང་ནས་འགའ་ཞིག་ཏུ་


MLP024_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་འདུག་པར་བསམ་ལ་ཧཱུྃ་རིང་པོ་བརྗོད༔ སྐབས་འགར་ཧཱུྃ་དེ་མདའ་འཕང་པ་ལྟར་མྱུར་པོར་འགྲོ་བར་བསམ་ལ་ཧཱུྃ་ཐུང་ངུ་བརྗོད༔ རེས་འགའ་ཚུར་བསྡུས་ལ་རང་གི་ཉེ་འཁོར་རམ་སྔས་མགོའམ་སྙིང་གར་ལྷན་ནེ་བཞག་གོ༔ དེས་ལུས་ངག་ཡིད་གསུམ་ལམ་དུ་ཚུད་པའི་དགོས་པ་ཡོད་དོ༔ དེ་ལྟར་ཧཱུྃ་བརྗོད་དུས་རླུང་རིག་གཅིག་ཏུ་དྲིལ༔ ཕྱི་ནང་གང་དུ་གཏད་པའི་ས་དེར་བཞག་པས་ཐ་མལ་གྱི་རྣམ་རྟོག་ཤུགས་ཀྱིས་ལྡོག་པར་འགྱུར་རོ༔ གསུམ་པ་སེམས་ཀྱི་སྔོན་འགྲོ་ནི༔ ཐལ་འགྱུར་ལས༔ སེམས་ནི་དང་པོར་བྱུང་ས་དང༔ བར་དུ་གནས་དང་མཐའ་མར་འགྲོ༔ དེ་ལྟར་གསུམ་ལ་བརྟག་དཔྱད་ན༔ སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས༔ ཞེས་གསུངས་སོ༔ འཁོར་བར་འཁྱམས་ཏེ་སྡུག་བསྔལ་མྱོང་བ་དང་༔ བུདྡྷ་ཐོབ་ནས་བདེ་བ་མྱོང་བ་ཡང་རང་གི་སེམས་འདི་ཡིན་པར་འདུག༔ འདིའི་གནས་ལུགས་ཡང་དག་ཅིག་མ་རྟོགས་ན་ད་དུང་འཁོར་བ་མཐའ་མེད་དུ་འཁྱམས་དགོས་པ་འདུག༔ ད་ལྟ་ཅི་ནས་ཀྱང་གནས་ཚུལ་རྟོགས་པ་ཞིག་བྱ་སྙམ་དུ་བསམ་ལ༔ དེའི་ངང་ལས་ཐོལ་སྐྱེས་ཀྱི་རྣམ་རྟོག་གང་ཤར་ཡང་དེ་མ་ཐག་ཏུ་དྲན་པས་བཟུང་ལ་དེ་ཉིད་ཀྱི་རང་བཞིན་ནམ་ངོ་བོ་ལ་ལྟ་སྟེ༔ དང་པོར་གང་ནས་བྱུང་ཕྱི་རོལ་གྱི་རི་རབ་རྩི་ཤིང་ནགས་ཚལ་སོགས་འབྱུང་བ་བཞིའི་ཡུལ་ཁམས་དང་གྲོང་ཁྱེར་ཕ་མའི་རྐྱེན་ལ་སོགས་པ་གང་ལས་བྱུང༔ ནང་རང་གི་ལུས་ཀྱི་མགོ་མཇུག་ཕྱི་ནང་བར་གསུམ་གང་ལས་བྱུང་བརྡར་ཤ་བཅད༔ གཞན་ཡང་སྣང་བ་དང་སྟོང་པ་སོགས་ལའང་བལྟའོ༔ བར་དུ་གནས་པ་ཡང་ཕྱི་ནང་སྔར་བཞིན་གང་ལ་གནས་པ་སོགས་རྩད་བཅད༔ རང་གི་སྙིང་ལྟ་བུ་ལ་གནས་ན་ཡང་དེའི་རྩེ་མོ་དང་རྩ་བ་དང་ཤ་དང་ཚིལ་དང་ཁྲག་དང་པགས་ཤུན་གང་ལ་གནས་རྩད་བཅད༔ མཐར་འགྲོ་བའི་ཡུལ་ཡང་གང་དུ་སོང་ལེགས་པར་བརྟག༔ དེས་རྩད་ཆོད་ན་གཅོད་མཁན་ཅི་འདྲ་ཞིག་འདུག་བལྟ༔ མ་ཆོད་ན་ཡང་དེའི་ངོ་བོ་ལ་བལྟའོ༔ ཁོ་རང་གི་ངོ་བོ་དང་ངོས་བཟུང་དང་དབྱིབས་དང་ཁ་དོག་སོགས་ཀྱང་རྩད་བཅད་ལ་ཕྱིན་ཅི་མ་ལོག་པའི་ངེས་པ་རྙེད་པར་བྱ་སྟེ༔ དང་པོར་བྱུང་ས༔ བར་དུ་གནས་ས༔ མཐའ་མར་འགྲོ་ས༔ ངོ་བོ་ངོས་བཟུང་དབྱིབས་དང་ཁ་དོག་ལ་བལྟའོ༔ གལ་


MLP024_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྟོང་པ་ཅང་མེད་དུ་འདུག་གམ་ཅི་འདྲ་ཞིག་འདུག༔ དེ་ལ་གཡོ་ཟོལ་མེད་པའི་ངེས་ཤེས་འདྲོངས་ན་ངོ་སྤྲད་པར་བྱ་སྟེ༔ རང་གི་སེམས་ཉིད་ནི་དང་པོ་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདི་ནས་བྱུང་ཞེས་སྨྲ་བའི་ཡུལ་མེད་ལ༔ དེ་ལྟར་བཙལ་ཡང་མ་རྙེད་པ་མ་ཡིན་ཏེ༔ ཡེ་ནས་རྩ་བྲལ་ངོ་བོ་སྟོང་པ་ཡིན་པས་བྱུང་བའི་ཡུལ་སྨྲར་མེད་པའོ༔ བར་དུ་གནས་པའི་ས་མེད་དེ་འདིར་འདུག་གི་གནས་ས་དང་རྟེན་ཡུལ་མེད་པས་ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་ནོ༔ གལ་ཏེ་གནས་སའི་ཡུལ་ཡོད་ན་གཟུགས་དང་དབྱིབས་དང་ཁ་དོག་ཀྱང་ཡོད་དགོས་ལ༔ དཔེར་ན་ནམ་མཁའི་རང་བཞིན་གང་དུའང་མི་གནས་པ་ལྟ་བུའོ༔ མཐའ་མར་འདིར་སོང་དང་འདིར་མ་སོང་གི་ཡུལ་དང་རྗེས་གང་ཡང་མེད་དེ༔ རང་བཞིན་སྟོང་པ་ཉིད་ལ་ཕྱི་མའི་མཐའ་དང་བྲལ་བའོ༔ དཔེར་ན་ནམ་མཁའི་སྤྲིན་དྭངས་པ་ལྟ་བུའམ་ཆུ་བོ་རླབས་ཞི་བ་ལྟ་བུའོ༔ དེ་ལྟར་རྟོགས་པས་འཁྲུལ་པའི་མཚང་ཞིག༔ སེམས་ཀྱི་གནས་ལུགས་རྟོགས༔ རིག་པའི་ངོ་བོ་ཤེས༔ ཡིན་ལུགས་ཕུ་ཐག་གྲོལ༔ ཡིད་ཆེས་ནང་ནས་རྙེད་པ་ཡིན་ནོ༔ དེ་ཡང་སེམས་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་པས་ལྟ་མཁན་དང་བལྟ་བྱ་ལྟ་བྱེད་སོགས་སོ་སོར་མེད་དོ༔ ལྟ་མཁན་དང་འཚོལ་བ་པོ་ཡང་སེམས༔ བལྟ་བྱ་དང་བལྟ་རྒྱུ་ཡང་སེམས༔ དེ་བས་ན་ངོ་བོ་གཅིག་ལ་སོ་སོར་ཕྱེ་ཡང་སོ་སོར་མེད་དེ་གཅིག་པ་ཉིད་དོ༔ དེ་ལྟར་རང་ལ་ཡིད་ཆེས་མ་རྙེད་ཀྱི་བར་དུ་བརྟག་དཔྱད་བྱ་སྟེ༔ ཐེ་ཚོམ་མེད་པའི་ངེས་ཤེས་དང་སྒྲོ་འདོགས་ཆོད་པར་བྱའོ༔ དེ་ཡང་སེམས་ཀྱི་བྱུང་གནས་འགྲོ་གསུམ་ངོ་བོ་ངོས་གཟུང་དབྱིབས་ཁ་དོག་སོགས་གང་དུ་ཡང་མ་གྲུབ་པའི་སྟོང་པ་ཉིད་དུ་རྟོགས་པ་ནི་བུདྡྷ་དྷརྨ་ཀཱ་ཡ་ཞལ་མཐོང་བའོ༔ གནས་ལུགས་ཀྱི་ཕུ་ཐག་ཆོད་པའོ༔ ཡིན་ལུགས་ཀྱི་མཚང་རིག་པའོ༔ འོ་ན་སྟོང་པ་ཅི་མེད་ཅང་མེད་གཅིག་ཡིན་ནམ་སྙམ་ན༔ དེ་ལྟར་མ་ཡིན་ཏེ་སྟོང་བདོ་བའི་ཚེ་ཡང་གསལ་ཡེ་རེ་རྗེན་ནེ་ཧྲིག་གི་གསལ་བ་ཞིག་འདུག་པ་ལ་དེ་ནི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་ཞལ་མཇལ་བའོ༔ སེམས་ཀྱི་ངོ་བོ་མཐོང་བའོ༔ ཡིན་ལུགས་ཀྱི་གནད་རིག་པའོ༔ གནས་ལུགས་ཀྱི་རང་ངོ་ཤེས་པའོ༔ དེ་ལྟར་གསལ་བཞིན་དུ་སྟོང༔ སྟོང་པའི་ངོ་བོ་གསལ་བ༔ རང་བཞིན་དབྱེར་མེད་པ༔ དེའི་


MLP024_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་ཚོགས་དྲུག་གི་སྣང་བ་སྣ་ཚོགས་སུ་འཆར་ཞིང་ཤར་བའི་དུས་ན་ཡང་ངོ་བོ་ཉིད་ལས་ཅུང་ཟད་ཀྱང་གཡོ་བ་མེད་པར་རྟོགས་པ་ནི་བུདྡྷ་སྤྲུལ་པའི་སྐུའི་ཞལ་མཇལ་བའོ༔ འཁྲུལ་པའི་རང་བཞིན་ཤེས་པའི་ཟུང་འཇུག་ཆེན་པོའི་དགོངས་པ་མངོན་དུ་གྱུར་པའོ༔ དེའི་དང་པོ་ནི་ངོ་བོ་ཞེས་བྱའོ༔ གཉིས་པ་ནི་རང་བཞིན་ཞེས་བྱའོ༔ གསུམ་པ་ནི་ཐུགས་རྗེ་ཞེས་བྱའོ༔ སེམས་ནི་འཁྲུལ་རྟོག་ཡིན་ཡང་འཁྲུལ་པའི་རང་བཞིན་རིག་པ་ནི་རིག་པ་ཡིན་པས་དེ་གཉིས་གཏན་མི་གཅིག་པ་ནི་མ་ཡི ན་ནོ༔ དཔེར་ན་མི་གཅིག་གིས་ཆ་ལུགས་ཅིར་བསྒྱུར་ཡང་ངོ་བོ་གཅིག་ཡིན་པ་ལྟ་བུ་དང༔ གསེར་ཟངས་ལ་སོགས་པའི་དངོས་པོ་གཅིག་ལ་བཟོའི་ཁྱད་པར་ཅི་བྱས་ཀྱང་དངོས་པོའི་རང་བཞིན་ལ་འཕོ་འགྱུར་མེད་པ་ལྟར་སེམས་དང་རིག་པ་གཉིས་ཀྱང་དེ་ལྟར་ཤེས་པར་བྱའོ༔ བཅོམ་ལྡན་འདས་ཀྱིས་སེམས་ལས་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ༔ ཞེས་གསུངས་ཏེ་འཁྲུལ་རྟོག་གི་རང་བཞིན་འཁྲུལ་པར་མ་གྲུབ་པས་ཁ་དོག་དང་དབྱིབས་སུ་མེད་ལ༔ མེད་པ་ཧ་ཆད་ཀྱི་སྟོང་པ་ཞིག་ཀྱང་མ་ཡིན་པས་རིག་པའི་ངོ་བོ་འོད་གསལ་བར་འདུག་པ་དེའོ༔ དཔེར་ན་མེ་ལོང་གཡའ་མེད་པ་ནག་ལྷིང་གིས་འདུག་ན་སེམས་ཀྱི་རང་བཞིན་སྟོང་པ་ལྟ་བུ་སྟེ༔ ངོ་བོའི་དཔེའོ༔ ཆོས་སྐུ་ཡང་དེ་ལྟ་བུའོ༔ དེའི་ངང་ལས་རང་བཞིན་སྒྲིབ་གཡོག་ཐམས་ཅད་དང་བྲལ་བ་གསལ་སེང་ངེ་འདུག་པ་ནི་རང་བཞིན་གྱི་དཔེའོ༔ ལོངས་སྤྱོད་རྫོགས་པའི་སྐུ་ཡང་འདི་ལྟ་བུའོ༔ དེ་ལ་འགྲོ་བའི་གཟུགས་བརྙན་ལྟ་བུ་དང་བུདྡྷའི་སྐུ་དང་མ་དག་པའི་གྱོ་མོ་དང་རྡོ་ལེབ་སོགས་གང་ཡང་འཆར་བ་རང་རིག་པའི་གདངས་ལས་གང་ཡང་མ་འགགས་པར་འཆར་ཏེ་ཐུགས་རྗེའི་དཔེའོ༔ སྤྲུལ་པའི་སྐུ་དང་ཡང་མཚུངས་པའོ༔ གཟུགས་བརྙན་ཅིར་ཤར་བ་ཐམས་ཅད་ཀྱང་མེ་ལོང་གི་ངོ་བོར་གཅིག་ལ་དེ་ཉིད་ལས་གཡོ་བ་མེད་པར་ཤར་ཞིང་མེ་ལོང་ལ་གཟུགས་བརྙན་གང་གིས་ཀྱང་གོས་པ་དང་རེག་པ་མེད་པ་ལྟར་རང་སྣང་གི་རོལ་པ་དེ་ཡང་སྟོང་པ་དང་སྣང་བ་དབྱེར་མི་ཕྱེད་པར་མཚོན་པའོ༔ དེ་བཞིན་དུ་འཁོར་བར་འཁྱམས་མཁན་དང་འཁོར་བ་གང་དུ་འདུག༔ མྱ་ངན་ལས་འདས་པ་དང་དེ་འཐོབ་བྱར་བྱེད་པ་གང་དུ་འདུག༔


MLP024_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དང་སྟོང་པ༔ བདེ་བ་དང་སྟོང་པ༔ བདེ་བ་དང་སྡུག་བསྔལ༔ རིག་པ་དང་མ་རིག་པ༔ དགག་པ་དང་སྒྲུབ་པ་སོགས་གཉིས་ཆོས་ཐམས་ཅད་བརྡར་ཤ་གཅད་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཁྲེགས་ཆོད་ཀྱི་ཉམས་ལེན་དངོས་ནི༔ ཅོག་བཞག་གསུམ་གྱིས་གཞི་བཅའ་བ༔ གང་ཤར་ར ིག་པ་རྗེན་པར་བཞག་པ༔ གནས་འགྱུ་ངོ་བོ་དབྱེར་མེད་དུ་སྟོན་པ༔ ཅིར་སྣང་རང་གྲོལ་གྱི་རྐྱེན་དང་བསྲེ་བའོ༔ དང་པོ་ཅོག་བཞག་གསུམ་གྱིས་གཞི་བཅའ་བ་ནི༔ ངོ་བོ་ཅོག་བཞག་ལུས་ཀྱི་བཞག་ཐབས་ལུས་གནད་ལས་མི་གཡོ་བར་བྱའོ༔ རྒྱ་མཚོ་ཅོག་བཞག་མིག་མདའ་གང་ཙམ་གྱི་ནམ་མཁའ་ལ་འབྲུ་ཚུགས་སུ་གཏད་ལ་མི་འགུལ་བར་བྱའོ༔ རིག་པ་ཅོག་བཞག་རང་རིག་པའི་ངོ་བོ་མ་བཅོས་གཉུག་མའི་ངང་དུ་གློད་ལ་རྩོལ་མེད་དུ་བཞག་པའོ༔ དེ་ལྟར་བཞག་པས་དགེ་སྡིག་དགག་སྒྲུབ་བླང་དོར་ཤེས་པའི་སྤྲོས་པ་ཉེ་བར་ཞི་བས་གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ཀ་དག་གི་ངང་ལ་གནས་པ་ཉིད་ནི་ཁྲེགས་ཆོད་ཀྱི་དོན་ཡིན་ཏེ༔ ཐལ་འགྱུར་ལས༔ ངོ་བོ་ཀ་དག་ཡེ་ཤེས་ལས༔ མ་རིག་པ་ཞེས་སྲིད་མེད་པས༔ གཅིག་དང་གཉིས་ཞེས་གྲངས་མེད་དེ༔ གང་དུ་མ་ཕྱེ་ཆོས་ཉིད་ལ༔ ཡེ་ཤེས་ཙམ་དུ་གྲུབ་པ་མེད༔ ཅེས་དང༔ རང་ཤར་ལས༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ མཐའ་བཞིའི་དྲི་མ་རང་སངས་ཉིད༔ ཅེས་སོ༔ སེམས་སྤྲོས་བྲལ་དུ་གནས་པ་ཆོས་སྐུ༔ གསལ་ལ་དེར་འཛིན་མེད་པ་ལོངས་སྐུ༔ སྣ་ཚོགས་སྣང་བའི་འཆར་གཞི་མ་འགགས་པས་སྤྲུལ་སྐུ་སྟེ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་ནི༔ ནོར་བུ་ཕྲ་བཀོད་ལས༔ རྫོགས་སངས་རྒྱས་ནི་རང་རིག་ཉིད༔ ངོ་བོ་དུས་གསུམ་འགྱུར་བ་མེད༔ རང་བཞིན་རྟག་ཏུ་འགྱུར་བ་མེད༔ ཐུགས་རྗེ་ཀུན་ནས་རང་སྣང་ཞིང༔ ཞེས་དང༔ ཐལ་འགྱུར་ལས༔ ཡེ་ཤེས་རང་རིག་གནས་པ་ལ༔ གསུམ་གྱི་ཚུལ་གྱིས་དབྱེར་མེད་དོ༔ ཞེས་དང༔ མུ་ཏིག་ཕྲེང་བ་ལས༔ ཐོག་མ་ཉིད་ཀྱི་ཀ་དག་ལ༔ འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད༔ དེ་བཞིན་མ་འཁྲུལ་བ་ཡང་ཅི༔ དེ་ཕྱིར་འཁྲུལ་པ་གདོད་ནས་དག༔ ཅེས་སོ༔ དེ་ལྟ་བུའི་ཀ་དག་གི་དོན་


MLP024_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་བཞག་གསུམ་ནི༔ རིན་ཆེན་སྒྲོན་མ་ལས༔ ཅོག་བཞག་གསུམ་གྱི་རང་བཞིན་ལས༔ ཀ་དག་དོན་ཉིད་མངོན་དུ་གྱུར༔ ཞེས་སོ༔ གཉིས་པ་གང་ཤར་རིག་པ་རྗེན་པར་བཞག་པ་ནི༔ དེའི་ངང་ལ་རྟོལ་སྐྱེས་ཀྱི་ཤེས་པ་གང་ཤར་ཡང་དེ་ལ་མི་རྟོག་ཅིང་ཆེད་གཉེར་དུ་མི་བཟུང༔ མི་སྤྲོ༔ མི་སྡུད༔ བཅས་བཅོས་གང་ཡང་མི་བྱ་བར་བཞག་པས་རྟོག་ཚོགས་རང་གྲོལ་དུ་འགྱུར་བ་དཔེར་ན་རྒྱ་མཚོ་ལ་རྦ་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོ་ཆུ་ཉིད་ལས་མ་འདས་པ་བཞིན་རྣམ་རྟོག་ཇི་ལྟར་ཤར་ཡང་ཆོས་ཉིད་ཀ་དག་གི་ངང་ལས་མ་འདས་པའོ༔ ཐལ་འགྱུར་ལས༔ ཇི་ལྟར་ཤར་བའི་རིག་པ་ནི༔ སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ༔ གཉེན་པོ་མེད་ཕྱིར་འབད་རྩོལ་ཞིག༔ ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ༔ ཞེས་དང་༔ ཕྲ་བཀོད་ལས༔ འགག་མེད་རྩལ་ནི་ཅིར་ཡང་འཆར༔ ཤར་བ་ཉིད་ན་རང་སར་གྲོལ༔ གྲོལ་ཞེས་ཙལ་དུ་བརྗོད་དུ་མེད༔ དེ་བཞིན་མ་གྲོལ་བ་ཡང་ཅི༔ ཞེས་སོ༔ དེས་ན་གང་ཤར་གྱི་རྟོག་པ་ལ་སྔ་ཕྱིའི་སྐྱེལ་བསུ་སྤང་བླང་དགག་སྒྲུབ་གང་ཡང་མི་བྱེད་པར་རང་ཤར་གྱི་ངང་ལ་ཡན་དུ་འཇུག་པ་ནི་རྟོག་པ་ཆོས་ཉིད་ཀྱི་རོལ་པར་ལམ་དུ་བྱེད་པའོ༔ དེ་ལ་རིག་པ་རྗེན་པར་བཞག་པའི་ཚུལ་ནི༔ ཕྱི་སྣ་ཚོགས་སུ་འཕྲོ་ཡང་སྣང་བས་སེམས་མི་གཡོ་བ་ལྡེར་བཟོ་ལྟ་བུ༔ ནང་སྣ་ཚོགས་སུ་སྣང་ཡང་དེར་འཛིན་མེད་པ་རྨི་ལམ་གྱི་སྐྱེས་བུ་ལྟ་བུ༔ ཡུལ་དྲུག་སྣ་ཚོགས་སུ་སྤྱོད་ཀྱང་རེ་དོགས་མེད་པ་བུ་ཆུང་གི་ཤེས་པ་ལྟ་བུ༔ རྟོག་པའི་འདུ་འཕྲོ་རང་སར་ཞི་བ་ལན་ཚྭ་ཆུར་ཐིམ་པ་ལྟ་བུ༔ གང་ཤར་ལ་བཟའ་གཏད་མེད་པ་སྨྱོན་པ་ལྟ་བུ་སྟེ་དེའི་ཚེ་གནས་ན་གདོད་མའི་ངང་དུ་ཕྱིན༔ འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་ཤར༔ མཉམ་ན་མཉམ་ཉིད་ཀྱི་ཀློང་དུ་ཡན་པས་ཇི་ལྟར་འདུག་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པའོ༔ གསུམ་པ་གནས་འགྱུ་དང་ཞི་ལྷག་ཟུང་འབྲེལ་དུ་ངོ་སྤྲད་པ་ནི༔ བསྒོམས་པས་རང་སར་གནས་པ་དང་རྟོག་པ་འཕྲོ་བ་གཉིས་ཀྱང་ཟུང་དུ་དབྱེར་མེད་དེ་གཅིག་པ་དང་འགྱུ་བ་སྐྱེས་བུ་གཅིག་ཉིད་ཀྱི་འགྲོ་འདུག་ལྟ་བུའོ༔ རྟོག་ཚོགས་རང་སར་ཞི་བའི་ཞི་གནས་དང་ཡིན་ལུགས་སྒྲིབ་མེད་རྗེན་པར་མཐོང་བའི་ལྷག་མཐོང་གཉིས་ཀྱང་ངོ་བོ་གཅིག་པའོ༔ བཞི་པ་ཅིར་སྣང་རང་གྲོལ་གྱི་རྐྱེན་དང་བསྲེ་


MLP024_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི༔ དང་པོ་དུག་གསུམ་རང་གྲོལ་ཏེ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གང་སྐྱེས་ཀྱང་དེ་རྣམ་པས་སྤང་ལ་ཆེད་འཛིན་མེད་པར་རང་བབས་སུ་བཞག་པས་འཛིན་མེད་དུ་གྲོལ་བའོ༔ གཉིས་པ་སྒོ་ལྔ་རང་གྲོལ་ནི༔ མིག་སོགས་དབང་པོ་ལྔ་ལ་འཛིན་པ་གང་སྐྱེས་ཀྱང་དེ་ཐོག་ཏུ་རང་བབས་སུ་བཞག་པ་རང་གྲོལ་བའོ༔ གསུམ་པ་ཚོགས་དྲུག་རང་གྲོལ་ནི༔ གཟུགས་སོགས་ཚོགས་དྲུག་གི་ཡུལ་སྣང་དགའ་མི་དགའ་ལུང་མ་བསྟན་པའི་རྟོག་པ་གང་ཤར་བ་ཐམས་ཅད་ལ་དེ་ཉིད་ཀྱི་ངང་ལ་ཉམས་སུ་བླང་ངོ༔ དང་པོ་འདོད་ཆགས་ནོར་རྫས་གང་འདོད་དང༔ ཞེ་སྡང་བརྐུ་འཕྲོག་བརྡུང་ཚིག་རྩུབ༔ གཏི་མུག་མུན་ནག་སྣང་བའོ༔ གཉིས་པ་དབང་པོ་དགག་སྒྲུབ་བསྟན༔ གསུམ་པ་གཟུགས་དང་སྒྲ་སོགས་ལ༔ རབ་འབྲིང་ཐ་མའི་མཐོང་ཡུལ་ལ༔ མངོན་སུམ་ངོ་སྤྲོད་བྱ་བ་ཡིན༔ དེ་ལྟར་ལམ་གྱི་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་གྱི་སྒོ་ནས་ཁྲེགས་ཆོད་ཀྱི་ཁྲིད་ཀྱི་རིམ་པ་ཇི་བཞིན་ཉམས་སུ་ལེན་པ་ལ་རབ་ཏུ་འབད་པར་བྱས་ཏེ་རྟགས་རིམ་མཐར་ཕྱིན་པ་ན་རབ་འཆི་ཁ་དང༔ འབྲིང་བར་དོ༔ ཐ་མ་ཡང་སྐྱེ་བ་ངན་པའི་གནས་སྤངས་ཏེ་བུདྡྷའི་ས་ལ་ཐེ་ཚོམ་མེད་དོ༔ བདག་འདྲ་པདྨ་ཐོད་ཕྲེང་དང༔ པཎ་ཆེན་བི་མ་བི་ཏྲ་དང༔ ལོ་ཆེན་བཻ་རོ་ཙ་ན་སྟེ༔ རྣམ་གསུམ་དགོངས་པ་དྲིལ་བའི་བཅུད༔ མཁར་ཆེན་མཚོ་རྒྱལ་ཉིད་ཀྱིས་བཀོད༔ དུས་ཀྱི་མཐའ་མར་འདི་སྤྱོད་པའི༔ སྐལ་ལྡན་སྙིང་གི་བུ་རྣམས་དང༔ འཕྲད་ནས་མྱུར་དུ་གྲོལ་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའོ༔

རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་མཐའ་མར་དགེ་བ་ཐོད་རྒལ་གྱི་གདམས་པ། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་མཐའ་མར་དགེ་བ་ཐོད་རྒལ་གྱི་གདམས་པ་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ༔ སྐལ་ལྡན་དབང་པོ་ཡང་རབ་རྣམས་མྱུར་དུ་འཚང་རྒྱ་བར་འདོད་པས་ཟབ་ལམ་བླ་ན་མེད་པ་རྣལ་འབྱོར་ལས་འཕྲོ་ཅན་གྱི་ཆོས་མངོན་སུམ་རྫོགས་པ་ཆེན་པོ་ཐོད་རྒལ་གྱི་མན་ངག་ཉམས་སུ་བླང་བ་ལ༔ དང་པོ་སྔོན་འགྲོའི་རིམ་པ་དང་ཁྲེགས་ཆོད་ལའང་གདིང་ཐོབ་པས་གདམས་པ་འདི་ཉིད་ཉམས་སུ་བླང་བར་བྱའོ༔ དེ་ལ་འདི་ནི་སྔར་བས་ཁྱད་པར་བདུན་གྱིས་འཕགས་ཏེ༔ སྣང་བ་སྣོད་ཀྱི་ཁྱད་པར༔ ཉམས་ལེན་ལག་ལེན་དུ་འདྲིལ་བའི་ཁྱད་པར༔ རང་གནད་མངོན་སུམ་དུ་གཟིར་བའི་ཁྱད་པར༔ ལུས་གནད་རྩའི་ཁྱད་པར༔ མཐོང་བ་དབང་པོའི་ཁྱད་པར༔ རང་རིག་ཡུལ་གྱི་ཁྱད་པར༔ ཉམས་མྱོང་རྣམ་འཕེལ་གྱི་ཁྱད་པར་ཏེ་བདུན་པོ་འདིས་གཞན་ལས་ཁྱད་པར་འཕགས་པའོ༔ ཁྱད་པར་དེ་དང་ལྡན་པའི་གདམས་པ་དངོས་ཉམས་སུ་བླང་བ་ལ་སྔོན་འགྲོ་སྤྱི་དང་བྱེ་བྲག་གཉིས་ལས༔ སྤྱི་གོང་དུ་སོང་བས་བྱེ་བྲག་ཏུ་བྱ་བ་དགུ་སྤྲུགས་སུ་བཏང་བར་བྱ་སྟེ༔ འདས་རྗེས་ལས༔ ཕྱི་ནང་བྱ་བ་ཀུན་བཏང་སྟེ༔ ཞེས་དང༔ ཀློང་གསལ་ལས༔ མངོན་སུམ་གནད་དུ་དབབ་པའི་ཕྱིར༔ ཕྱི་ནང་གསང་བའི་བྱ་བ་ནི༔ ལུས་ངག་ཡིད་ཀྱིས་དགུ་སྤྲུགས་བཏང༔ ཞེས་པས་ལུས་ཀྱིས་ཕྱི་འཇིག་རྟེན་གྱི་བྱ་བ༔ ནང་ཆོས་དང་མཐུན་པའི་བྱ་བ༔ གསང་བ་གྲོགས་མེད་གཅིག་པུར་སྡོད་པའོ༔ ངག་གིས་ཕྱིའི་བྱ་བ་ལོག་པའི་གཏམ༔ ནང་ཆོས་སྤྱོད་བཟླས་པ༔ གསང་བ་རླུང་


MLP024_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཏེ་ངག་བཅད༔ ཡིད་ཀྱིས་ཕྱི་ལོག་པའི་འཁྲུལ་རྟོག༔ ནང་ཆོས་སྤྱོད་ཀྱི་ཚིག་རྟོག༔ གསང་བ་རྣམ་རྟོག་གི་འཕྲོ་འདུ་ཕྲ་རགས་ཐམས་ཅད་སྤང་བའོ༔ གཉིས་པ་ཟག་མེད་ཀྱི་ཡེ་ཤེས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གནད་གསུམ་སྟེ༔ ཐལ་འགྱུར་ལས༔ མངོན་སུམ་གནད་ནི་ལུས་ངག་སེམས༔ སོ་སོའི་གནད་རྣམས་ལེགས་པར་གཅུན༔ དེ་ཡང་ལུས་ཀྱི་སྐུ་གསུམ་ལས༔ རྒྱུན་དུ་འདའ་བར་མི་བྱའོ༔ ཞེས་དང༔ ཀློང་གསལ་ལས༔ རིག་པ་ཡུལ་ལ་གནས་གྱུར་ཀྱང༔ འཁྲུལ་འཁོར་དག་གིས་མ་གཅུན་ན༔ ཡེ་ཤེས་དབང་པོར་སྣང་མི་ནུས༔ ཞེས་པས་དང་པོ་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི༔ སྟན་ཐོག་ཏུ་རྐང་མཐིལ་གཉིས་ཅུང་ཟད་སྤྲད༔ པུས་མོ་ཕྱིར་བགྲད༔ ལག་པ་རྡོ་རྗེ་ཁུ་ཚུར་རྐང་པའི་རྩར་ས་ལ་བཙུགས་ལ་ལག་ཡུ་དྲང་པོར་བསྲངས༔ རོ་སྟོད་སེང་བྱ༔ མཇིང་པ་ཡིད་ཙམ་དགྱེ་བོར་བཏང༔ མིག་སྨིན་ཕྲག་གི་ནམ་མཁའ་ལ་མི་འགུལ་བར་བལྟ༔ ལྕེ་རྩེ་ཅུང་ཟད་གྱེན་ལ་བསྒྲིལ༔ དེ་ལྟར་བྱས་པས་གནས་སྐབས་སུ་ནང་གི་འབྱུང་བ་ཆ་སྙོམས༔ མཐར་ཐུག་གནས་ལུགས་ཀྱི་དོན་རྟོགས༔ གཉིས་པ་ལོངས་སྐུའི་བཞུགས་སྟངས་གླང་པོ་ཆེ་ཉལ་བ་ལྟ་བུ་ནི༔ སྟན་ཐོག་ཏུ་ལུས་ཁ་བུབ་ཏུ་འདུག་པ་ལ་པུས་བྲང་སྦྱར་གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གཉིས་ཨོལ་ཀོ་བརྟེན༔ སོར་མོ་འགྲམ་པ་ལ་སྦྱར༔ མགོ་གྱེན་དུ་དགྱེ་ཙམ་བྱ༔ སྒལ་པ་བསྲངས་ཏེ་མིག་ནམ་མཁའ་ལ་ཟུར་གྱིས་བལྟའོ༔ དེས་གནས་སྐབས་སུ་གཡོ་བྱེད་ཀྱི་རླུང་ཟིན༔ མཐར་ཐུག་ལྷུན་གྲུབ་འོད་ལྔའི་དོན་འཆར་བའི་དགོས་པ་ཡོད་དོ༔ གསུམ་པ་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ནི༔ སྟན་ཐོག་ཏུ་རྐང་པ་ལོང་བུ་གཉིས་བཤིབས་ཏེ་ཙོག་པུར་འདུག་པ་ལ་ལག་པ་གཉིས་པུས་མོ་ལ་བསྐོར༔ སྒལ་ཚིགས་བསྲངས་ལ་དཔུང་མགོ་གྱེན་ལ་ཐེན༔ མིག་ཟིམ་བུར་བར་སྣང་ལ་གཏད་དོ༔ དེས་གནས་སྐབས་སུ་ལུས་ལ་དྲོད་སྐྱེ༔ མཐར་ཐུག་འཁྲུལ་སྣང་ཞིང་ཁམས་སུ་འཆར་བའི་དགོས་པ་ཡོད་དོ༔ ཐལ་འགྱུར་ལས༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས༔ འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས༔ རྡོ་རྗེའི་མིག་གིས་མཐོང་བར་འགྱུར༔ ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི༔ གླང་ཆེན་ཉལ་བ་ལ་བརྟེན་ནས༔ ཆོས་ཉིད་


MLP024_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ལོངས་སྤྱད་དེ༔ པདྨའི་སྤྱན་གྱིས་མཐོང་བར་འགྱུར༔ སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི༔ དྲང་སྲོང་ཙོག་པུ་ལ་བརྟེན་ནས༔ ཆོས་ཉིད་སྣང་བ་རང་སྤྲུལ་ཏེ༔ ཆོས་ཀྱི་མིག་གིས་མཐོང་བར་འགྱུར༔ ཞེས་སོ༔ ངག་གནད་ནི་སྨྲ་བརྗོད་ཐམས་ཅད་ཇེ་ཉུང་ལ་བཏང༔ རླུང་ཤིན་ཏུ་དལ་བ་ལ་ཡིད་ཙམ་ཕྱིར་འཛིན་པ་ལ་བསླབ་པར་བྱ་སྟེ༔ ཐལ་འགྱུར་ལས༔ རླུང་ནི་ཅི་ནས་དལ་བྱ་སྟེ༔ རབ་ཏུ་འཕངས་པ་ལས་བྱུང་བ༔ ལུས་དང་སེམས་ཀྱི་འབྲེལ་ཆད་དོ༔ ཁམས་གསུམ་དུ་ཡང་རྟོག་པ་མིན༔ རླུང་རིག་དལ་བས་ཡེ་ཤེས་འགྲུབ༔ ཅེས་དང༔ སེམས་གནད་དབང་པོའི་ཡུལ་ལ་གཏད་ལ་རང་བབས་སུ་བཞག༔ དེ་ལྟར་བསྒོམས་པས་སྨིན་ཕྲག་ཏུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་རྨ་བྱའི་མདོངས་ལྟ་བུ་ཁ་དོག་ལྔ་ལྡན་ལ་འཇའ་ཚོན་འཁྱིལ་པར་འཆར་རོ༔ དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ཀོ་མོག་གི་ཆུ་ལ་རྡོ་བསྐྱུར་བའམ་ཕུབ་ཀྱི་སྦ་སྒོར་ལྟ་བུའི་ནང་དུ་ཐིག་ལེ་ཡུངས་འབྲུ་ཙམ་སྲན་འབྲུ་ལྟ་བུ་འཆར་རོ༔ དེའི་ནང་དུ་རིག་པ་རྡོ་རྗེའི་ལུ་གུ་རྒྱུད་ཅེས་བྱ་བ་ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང༔ མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ་དང༔ ལྕགས་ཚགས་ལྟ་བུ་དང༔ མེ་ཏོག་གི་དྲྭ་བ་རང་སར་གནས་པ་ལྟ་བུ་དང༔ དེ་ཐམས་ཅད་ཀྱང་ཉིས་འབྲེལ་དང་གསུམ་འབྲེལ་ལ་སོགས་སུ་འཆར་རོ༔ དེས་ན་རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་ཉག་གཅིག་ཅེས་བྱ་བ་ཡིན་ནོ༔ དེ་ལྟ་བུའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་བཙོན་དུ་འཛིན་པ་ནི་གནད་ཡིན་ཏེ༔ ཐལ་འགྱུར་ལས༔ རང་གི་རིག་པ་ལུ་གུ་རྒྱུད༔ འགྲོ་འོང་བྲལ་ཏེ་མཁའ་ལའོ༔ ཞེས་དང་༔ ལུ་གུ་རྒྱུད་ཀྱི་རང་བཞིན་ནི༔ རྣམ་པར་རྟོག་པ་ཀུན་དག་པའི༔ མ་འཁྲུལ་བ་ཡི་བུདྡྷའོ༔ ཞེས་པ་དང༔ ཡི་གེ་མེད་པ་ལས༔ དེ་ལ་ངོ་བོ་ལུ་གུ་རྒྱུད་ལྟར་འབྱུང༔ ཕྲ་དང་འཁྱུག་དང་འགྱུ་བ་དང༔ ཞེས་བྱ་བ་དང༔ རིག་པ་རང་ཤར་ལས༔ ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ༔ ལུ་གུ་རྒྱུད་དུ་རབ་ཏུ་གསལ༔ དེ་ཡང་འཕྲོ་དང་འོང་བ་དང༔ འགུལ་བ་དང་ནི་འཕྲིག་པ་དང༔ ཞེས་པ་དང༔ སེངྒེ་རྩལ་རྫོགས་ལས༔ རང་བྱུང་རིག་པའི་དངོས་པོ་འདི༔ ཡེ་ཤེས་ལུ་གུ་རྒྱུད་དུ་གནས༔ ཞེས་སོགས་གསུངས་པའོ༔ དེ་ལྟར་སྐུ་གསུམ་གྱི་འདུག་སྟངས་ཀྱིས་སངས་རྒྱས་སྐུ་གསུམ་གྱི་ས་ནོན་པར་


MLP024_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ༔ རྩ་བའི་འདུག་སྟངས་གསུམ་པོ་ལེགས་པར་འབྱོངས་ནས་ཡན་ལག་གི་འདུག་སྟངས་བདུན་ལ་བསླབ་པར་བྱ་སྟེ༔ སྟག་སྐྱུག་ཁྱུང་དང་སྐྱེས་བུ་དང༔ ཝ་དང་བྱ་རྒོད་གྱད་དང་དྲུག༔ ཆུ་སྲིན་འདུག་སྟངས་ལུས་གནད་བདུན༔ ཞེས་པའི་དང་པོ་ཁྱུང་གི་འདུག་སྟངས་ནི༔ རྐང་མཐིལ་གཉིས་སྤྲད་ལུས་དྲང་པོར་བསྲངས༔ ལག་པ་རྡོ་རྗེ་ཁུ་ཚུར་བརླ་སྟེང་དུ་ཕབ༔ མཇིང་པ་ཅུང་གུག༔ མིག་སྨིན་ཕྲག་གི་མཁའ་ལ་བལྟས་ཏེ་ཉམས་སུ་བླང་ངོ ༔ གཉིས་པ་སྟག་སྐྱུག་གི་འདུག་སྟངས་ནི༔ རྐང་པ་སྔར་བཞིན་ལ་རྡོ་རྗེ་ཁུ་ཚུར་གསང་བར་ཕབ༔ ལྟག་རྩ་འཐེན་མགྲིན་པ་གུག༔ མིག་གཉིས་སྨིན་ཕྲག་ཏུ་བསྒྲིལ་ཏེ་ཐད་སོར་བལྟས་ལ་ཉམས་སུ་བླང་ངོ༔ གསུམ་པ་སྐྱེས་བུ་ནི༔ ལུས་ཙོག་པུ་ལ་ལག་གཉིས་བར་ལྷུ་ལ་འཁྱུད༔ མཇིང་པ་བག་ཙམ་གྱེན་དུ་བཏེགས་ལ་ནམ་མཁར་ཧྲིག་པོར་བལྟས་ལ་བྷེམ་མོ༔ བཞི་པ་ཝའི་འདུག་སྟངས་ནི་རྐང་པ་དྲང་སྲོང་ལྟ་བུ་ལ་ལག་པ་མཐེ་བོང་འཆང་བའི་ཁུ་ཚུར་རྐང་མགོའི་གཞོགས་གཉིས་སུ་ཕབ༔ དཔུང་པ་གྱེན་དུ་འཐེན་ཞིང་བརྒྱངས༔ སྒལ་ཚིགས་བསྲང་མིག་གཉིས་ཅུང་ཟད་ཟིམ་བུས་གཡས་གཡོན་གྱི་ཟུར་ལ་འཁྲིད་དེ་ཉམས་སུ་བླང་ངོ༔ ལྔ་པ་བྱ་རྒོད་ནི་རྐང་པ་རྡོ་རྗེའི་འདུག་སྟངས་ཅུང་ཟད་མདུན་དུ་བརྐྱངས༔ ལག་གཉིས་ཁུ་ཚུར་དཔྱི་མགོའི་རྩར་བཞུགས༔ སྒལ་ཚིགས་བསྲང༔ ལྟག་རྩ་འཐེན༔ མིག་གཉིས་ཤིན་ཏུ་ཟིམ་པས་ཟུར་གཉིས་ལ་ལུ་གུ་རྒྱུད་ལྡིང་ཐབས་ཀྱིས་འཁྲིད་ལ་བལྟའོ༔ དྲུག་པ་གྱད་ཀྱི་འདུག་སྟངས་ནི༔ རྐང་པ་སྐྱིལ་ཀྲུང་གྲུ་མོ་བརླ་སྟེང་དུ་བཙུགས༔ ལག་མཐིལ་གཉིས་ཀྱིས་ལྡན་པ་སྐྱོར༔ སྒལ་ཚིགས་བསྲང་ཅི་ཐུབ་བྱ༔ མིག་ཟིམ་བུས་ཕབ་ལྡོག་གིས་གཡོན་གྱི་ནམ་མཁར་ལུ་གུ་རྒྱུད་འཁྲིད་ལ་བསྒོམ༔ བདུན་པ་ཆུ་སྲིན་ནི༔ རྐང་པ་སྐྱིལ་ཀྲུང་ལ་ལག་པ་པུས་མོ་ལ་བཀབ༔ ལུས་བསྲང༔ མཇིང་པ་ཅུང་ཟད་དགྱེ་བ་ལ་མིག་ཟུར་གཡས་སུ་འཁྲིད་ལ་ཟིམ་གྱིས་བལྟ་ཞིང་བསྒོམ་མོ༔ དེ་རྣམས་བསྒོམ་པའི་གནས་ནི་ས་མཐོ་བ་དང་ནམ་མཁའ་མཐོངས་རྒྱ་ཆེ་བར་ཁ་ལྷོར་ཕྱོགས་པས་བསྒོམ་པར་བྱའོ༔ དེ་རྣམས་ཀྱི་ལྟ་སྟངས་བྱ་ཚུལ་ཇི་ལྟར་བཤད་པ་ལྟར་རམ་ཡང་ན་མིག་བགྲད་པ་དང་ཕྱེད་ཟིམ་དང་ཟིམ་བུའི་སྒོ་ནས་གྱེན་དང་ཐུར་དང་གཡས་དང་གཡོན་དང་ཐད་སོར་བལྟ་བ་


MLP024_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གང་བདེར་བྱ་ཞིང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མ་བྲལ་བར་བྱའོ༔ ངག་གི་གནད་ནི༔ ཉིན་གཅིག་ལ་ལན་བཞིའམ་གསུམ་མམ་གཉིས་སམ་གཅིག་ཙམ་སྨྲ་བ་ལས་ཇེ་ཉུང་ལ་བཏང་ངོ༔ མཐར་ཆོས་སྤྱོད་དང་བཟླས་པ་སོགས་ཀྱང་བཞག་ལ་སྨྲ་བ་བཅད་དོ༔ སེམས་ཀྱི་གནད་ནི་ནམ་མཁའ་གསུམ་བལྟས་ལ་བསྒོམ་སྟེ༔ གསང་བའི་ནམ་མཁའ་ནི་སྙིང་མཆོང་གུར་སྨུག་པོའི་ནང་ན་རྩ་རྒྱ་མཚོ་གསེར་གྱི་ཉི་མ་ཅན་ཞེས་བྱ་བ་ཆོས་སྐུ་ཡེ་ཤེས་ལྔ་ལྡན་དུ་སྟོང་སང་ངེ་གནས་པའོ༔ ནང་གི་ནམ་མཁའ་ནི་སྙིང་དང་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ཙམ་པ་འཇམ་མཉེན་འཁྲིལ་བའི་མཚན་ཉིད་དང་ལྡན་པ་ནང་ཁྲག་དང་ཆུ་སེར་གྱིས་མ་གང་བའི་སྟོང་པ་དྭ ངས་སིང་ངེ་བའི་ལམ་དེའོ༔ ཕྱིའི་ནམ་མཁའ་ནི་བར་སྣང་སྤྲིན་དང་ན་བུན་སོགས་མེད་པའི་དྭངས་སིང་ངེ་བ་འདིའོ༔ དེའི་ཕྱིར་ནམ་མཁའ་གསུམ་བསྒྲིལ་ལ་གཅིག་ཏུ་བསྒོམ་པ་ནི་ཕྱིའི་ནམ་མཁའ་སྟོང་པ་ལ་གཏད་པའི་འབེམ་བཅས་བསྒོམས་པས༔ གསང་བའི་ནམ་མཁའ་སྙིང་ནང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་ནང་གི་ནམ་མཁའི་ལམ་ལ་བརྒྱུད་དེ་ཕྱི་རོལ་གྱི་ནམ་མཁའ་ལ་མངོན་སུམ་དུ་མཐོང་བར་འགྱུ ར་ལ༔ དེ་ལ་རིག་པ་གཅིག་ཏུ་དྲིལ་ཏེ་ཉམས་སུ་ལོན་པ་ནི་ནམ་མཁའ་གསུམ་འབྲེལ་བའི་ཉམས་ལེན་ནོ༔ ཐལ་འགྱུར་ལས༔ སྒོ་ནི་སྒྲིབ་བྱེད་བྲལ་བ་ལ༔ ནམ་མཁའ་རྐྱེན་བྲལ་ཡུལ་དུ་འདུས༔ ཞེས་དང༔ དབྱིངས་ནི་ཕྱི་དང་ནང་དུ་སྟེ༔ ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན༔ ནང་ནི་སྒྲོན་མ་ལམ་དུའོ༔ ཞེས་དང༔ འདས་རྗེས་ལས༔ སེམས་ནི་སྤྲིན་བྲལ་མཁའ་ལ་གཏད༔ སྟོང་གསལ་རིག་པ་སྟོང་པར་འཆར༔ ཀློང་གསལ་ལས༔ སྐྱོན་བྲལ་གསུམ་ལ་གསལ་བར་འགྱུར༔ ཞེས་དང༔ ཡི་གེ་མེད་པ་ལས༔ མིག་ནི་ནམ་མཁའི་ཁམས་སུ་བལྟ༔ འདི་ནི་ཕྲ་ལ་འབྲེལ་བ་འབྱུང་༔ ཞེས་གསུངས༔ དེ་ལྟར་རང་བྱུང་གི་རིག་པ་དེ་མཐོང་བའི་དུས་ལ་གཅིག་ཏུ་མི་སྡོད་པར་འགྲོ་ཞིང་གཡས་གཡོན་གྱེན་ཟུར་དུ་རྒྱུག་པར་བྱེད་པ་དང་བཟུང་བར་དཀའ་བ་འབྱུང་སྟེ༔ དེ་བཟུང་བའི་མན་ངག་ནི༔ མིག་གྱེན་ལ་ཅུང་ཟད་ལྡོག་པས་སྨིན་མའི་མཚམས་སུ་དབྱིངས་རྣམ་དག་གི་སྒྲོན་མ་ཞེས་བྱ་བ་མཐིང་ཤས་ཆེ་བ་ནག་གུག་འཁྱིལ་བའི་མིག་གི་ནང་ལྟ་བུ་ཞིག་ཇེ་གསལ་ལ་འཆར༔ དེ་འཇའ་


MLP024_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་ལྟ་བུ་དང་༔ ལྷའི་གཞལ་ཡས་ཁང་དང་ཕོ་བྲང་ལྟ་བུ་རིམ་པར་འཆར་ཞིང་ན་རོ་ལྟ་བུ་གྱེན་དུ་འགྲོ་བའི་ཚེ་ཟླུམ་པོར་འཁྱིལ་ཏེ་སངས་ཀྱིས་དེངས་འགྲོ༔ དེ་ནི་ཡེ་ཤེས་འཛིན་པའི་ལྕགས་ཀྱུ་སྟེ༔ དེ་ལྟར་ཉམས་སུ་ལེན་པའི་སྐལ་ལྡན་ནི༔ འཇིག་རྟེན་འདུ་འཛིའི་གནས་སུ་མི་འདུག་སྟེ༔ རི་དྭགས་བཞིན་དུ་དབེན་པའི་གནས་སུ་འདུག༔ མཚན་མོ་རང་གི་གནས་སུ་སྡོད་ནས་ཀྱང༔ ཉིན་མོ་འཆར་བ་ཡིད་ཀྱི་ཡུལ་དུ་བསྒོམ༔ ལུས་གནད་ལྟ་སྟངས་མ་ཡེངས་གནད་ལ་བོར༔ དེ་ལྟར་བསྒོམས་པས་ཡང་དག་དོན་མཐོང་འགྱུར༔ ཐོད་རྒལ་གྱི་ཁྲིད་རིམ་དངོས་གཞིའི་རིམ་པ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་ལས་ཅན་གཅིག་དང་ཕྲད་པར་ཤོག༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའོ༔

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ཐོད་རྒལ་གྱི་ངོ་སྤྲོད། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ཐོད་རྒལ་གྱི་ངོ་སྤྲོད་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། བདག་ཉིད་པདྨ་ཐོད་ཕྲེང་དང༔ མཁས་པ་བི་མ་མི་ཏྲ་དང༔ ལོ་ཙཱ་བཻ་རོ་ཙ་ན་སྟེ༔ རྣམ་གསུམ་དགོངས་མཉམ་མཐར་ཐུག་པའི༔ སྙིང་ཐིག་རྣམ་གསུམ་གཅིག་ཏུ་དྲིལ༔ མ་འོངས་དོན་དུ་ཡི་གེར་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ འདིར་མན་ངག་གནད་ཀྱི་ངོ་སྤྲོད་ཀྱི་རིམ་པ་ལ༔ དང་པོ་མཁར་བའི་མེ་ལོང་དྭངས་ཤིང་གཡའ་མེད་པ་ཞིག་ལ་འོད་ལྔའི་ཐིག་ལེ་ཤར་བ་བསྟན་ལ༔ འདིར་འོད་ལྔ་གསལ་ལ་མ་འདྲེས་པ་གཞི་རང་གི་སྙིང་དབུས་ན་ཡོད་པ་ལས་ལམ་ཉམས་སུ་བླངས་པས་སྣང་སྲིད་ཐམས་ཅད་ཟ་འོག་གི་གུར་ཁྱིམ་ལྟར་འཆར་བའོ༔ གཉིས་པ་རྒྱལ་བའི་སྐུ་གཟུགས་འོད་ལྔའི་འོད་ཁྱིམ་གྱི་དབུས་ན་བཞུགས་པ་མེ་ལོང་གི་ནང་དུ་འཆར་བ་བསྟན་ལ༔ འདི་ནི་ཉམས་སུ་བླངས་པས་ཉམས་གོང་འཕེལ་གྱི་སྣང་བ་མཐར་ཕྱིན་ཏེ་རྒྱལ་བ་རིགས་ལྔའི་སྐུ་རྐྱང་པར་འཆར་བའི་བརྡའོ༔ གསུམ་པ་ལོངས་སྐུ་ཡབ་ཡུམ་ཞལ་སྦྱོར་འཁོར་དང་བཅས་པ་མེ་ལོང་གི་ནང་དུ་འཆར་བ་བསྟན་ལ༔ འདི་ནི་ཉམས་ལེན་ལ་བརྩོན་པ་ཅན་ལ་རིག་པ་ཚད་ལ་ཕེབས་ཏེ་ཐིག་ལེ་འོད་ཀོར་གཅིག་གི་ནང་དུའང་རྒྱལ་བ་རིགས་ལྔ་ཚོམ་བུའི་སྐུར་མཐོང་བ་འབྱུང་སྟེ་དེའི་བརྡའོ༔ བཞི་པ་ཤེལ་རྡོ་བསྟན་ལ༔ འདི་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྤྲུལ་པ་སྟེ་རྡོ་རྗེ་སེམས་དཔའི་མེ་ལོང་ཡིན་ཏེ་རྒྱལ་བ་ཉིད་ཀྱིས་བྱིན་རླབས་ལས་གླིང་བཞི་འཇིག་རྟེན་གྱི་ཁམས་རྣམས་སུ་རང་བྱུང་ཞིང་རང་གནས་པ་ཡིན་ལ༔ འདི་ཡང་རྣལ་འབྱོར་པ་རྣམས་ཀྱི་ཉམས་རྟོགས་དང་མཐུན་པས་ངོ་བོ་སྒྲིབ་པ་མེད་པ་སྟོང་སང་ལྟར་འདུག་པ་ནི་རང་གི་སེམས་ཉིད་སྟོང་གསལ་


MLP024_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མེད་ཀྱི་བརྡའོ༔ རང་བཞིན་སྣ་ཚོགས་འགག་མེད་ཅིར་ཡང་འཆར་བས་འདི་ཡང་ཁ་དོག་དང་དབྱིབས་གཟུགས་ཐ་དད་པར་སྟོན་པ་འོད་སྣ་ཚོགས་ཀྱི་ཁ་དོག་གིས་མཚོན་པའོ༔ འདིའི་ཐུགས་རྗེའི་ནང་གསལ་དུ་བཞུགས་པ་ནི༔ མིག་བཙུམ་སྟེ་བལྟས་པས་འོད་ལྔ་མ་འདྲེས་ཤིང་བཀྲ་བ་ཡོད་པ་མཐོང་སྟེ་འདི་རང་གི་སྙིང་དབུས་ན་རིག་པ་འོད་ལྔའི་ཚུལ་དུ་བཞུགས་པའི་བརྡའོ༔ དཔེ་མན་ཤེལ་དྭངས་པ་འདི་མ་གཏོགས་གང་གིས་ཀྱང་མཚོན་དུ་མེད་ཅིང་འདིས་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པ་མཐོང་བ་མཚོན་པའོ༔ ལྔ་པ་ནི་ཉི་ཞུར་ལ་མན་ཤེལ་འཕྱར་ལ་ཤེལ་གྱི་རང་བཞིན་དྭངས་ལ་འཚེར་བ་ལས་འོད་སྣ་ཚོགས་གྱ་གྱུ་ཅན་འདི་བྱུང་སྟེ་རྣལ་འབྱོར་པའི་སེམས་གྱ་གྱུ་ཅན་ལ་ཕྱི་རོལ་ཡུལ་གྱི་སྣང་བ་སྣ་ཚོགས་ལ་བརྟེན་ནས་གཟུང་འཛིན་འཁྲུལ་རྟོག་མང་དུ་འཆར་བའི་བརྡའོ༔ ཤེལ་གྱི་ནང་ན་འོད་ལྔ་ཡོད་པས་དེའི་རྩལ་ལས་འོད་ལྔ་མ་འདྲེས་པར་གསལ་བ་འདི་ནི་ནང་ཙིཏྟའི་དབུས་ན་རིག་པའི་ཡེ་ཤེས་འོད་ལྔར་གནས་པ་ལས་ཕྱི་རོལ་དུ་རྡོ་རྗེ་ལུ་གུ་རྒྱུད་འོད་ལྔ་སྣང་བའི་བརྡའོ༔ དྲུག་པ་ནི་མར་མེ་མང་དུ་སྦར་བ་ནམ་མཁར་ལྡིང་ཁྲི་ལ་བཞག་སྟེ་ཤེལ་ལ་བལྟས་པས་གོང་འོག་གཉིས་སུ་མཐོང་བར་སྣང་སྟེ་འདི་ཉིད་ནི་འོད་གསལ་མ་བུར་སྣང་བའམ་སྣ་ཚོགས་སུ་སྣང་བའི་དོན་ནོ༔ བདུན་པ་ནི་གུ་རུ་ཁྲི་མཐོན་པོ་མཛེས་ཤིང་བཀྲ་བའི་གདན་དང་མཉེ་ཁྲི་དང་ཡོལ་བ་བཅས་པའི་ཁར་དབུ་རྒྱན་སོགས་རྒྱན་དུ་མས་བརྒྱན་ལ་སློབ་མ་རྣམས་སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བས་མན་ཤེལ་ལ་མིག་བཙུག་སྟེ་བལྟ་ཞིང་གསོལ་བ་གདབ༔ དེ་ནས་ཤེལ་གྱི་རྩེ་ནམ་མཁའི་ཀློངས་སུ་བལྟས་པས་གུ་རུའི་སྐུ་གསལ་ལ་མ་འདྲེས་པ་འོད་ལྔའི་འཁོར་ལོ་ཅན་ཞིག་མཐོང་སྟེ་འདི་ནི་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་དང་ཞལ་མཇལ་བའི་བརྡའོ༔ འདི་རྣམས་ནི་མེ་ལོང་རྣམ་གཉིས་ཀྱི་ངོ་སྤྲོད་ཡིན་ཏེ་རབ་ཏུ་གསང་བའི་རྒྱས་གདབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་ཨོ་དཀར་བྲག་ནས་སྤྱ ན་དྲངས་པའོ༔

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ཨར་གཏད་མུན་ཁྲིད་ཀྱི་གདམས་པ། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ཨར་གཏད་མུན་ཁྲིད་ཀྱི་གདམས་པ་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། ལྷུན་གྲུབ་ཐིག་ལེའི་སྐུ་ལ་ཕྱག་འཚལ་ལོ༔ རང་བཞིན་རྫོགས་པ་ཆེན་པོ་མངོན་སུམ་གྱི་དོན་སྟོན་ཐབས་ཨར་ལ་གཏད་པས་ཉམས་སུ་ལེན་པ་ནི༔ མུན་པའི་ཁང་པ་སྣང་བ་ཅུང་ཟད་ཀྱང་མེད་པ་མཚན་ཉིད་ལྡན་པའི་ནང་དུ༔ འཇམ་ཞིང་བདེ་བའི་སྟན་ལ་འདུག་སྟེ༔ རྒྱུད་སྦྱོང་བ་སྔོན་དུ་བྱས་ནས་ལུས་གནད་ཙོག་པུར་པུས་མོའི་སྟེང་གཉིས་ནས་ལག་པའི་གྲུ་མོ་བརྟེན༔ མཐེབ་མཛུབ་ཀྱི་མིག་ཅུང་ཟད་མནན་པ་མཐོང་སྣང་མཚོན་པར་བྱ་སྟེ༔ ཐོག་མར་ཡེ་ཤེས་ཀྱི་སྣང་བ་དམར་སེར་སོགས་སྣ་ལྔ་པའི་འོད་དང་ཐིག་ལེ་དང་ཐིག་ཕྲན་གྱི་རྣམ་པ་སྣ་ཚོགས་པ་ཤར་བ་ལ་རིག་པ་མི་གཡོ་བར་བཅིངས་ནས་ཉམས་མཚེད་ཀྱི་རྩོལ་བ་བཞག་སྟེ༔ རྒྱུན་རིམ་གྱིས་གོམས་པར་བྱས་པས་རིམ་བཞིན་རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ་སོགས་ཞི་བ་བཞི་བཅུ་རྩ་གཉིས་དང༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང༔ རང་གི་ཡི་དམ་གང་བསྒོམ་པ་ཐམས་ཅད་འཆར་ཞིང༔ གཞན་ཡང་སྐུ་དང་ཞིང་ཁམས་ཀྱི་རྣམ་རོལ་དུ་མ་འཆར་རོ༔ དེ་དག་གང་ཤར་བ་ཐམས་ཅད་ཀྱང་རིག་པ་འཛིན་མེད་ཀྱིས་རྒྱས་ཐེབས་པར་བྱས་པ་ལས་བདེ་གསལ་མི་རྟོག་པའི་ཤེས་ཉམས་དང་སྣང་ཉམས་གཅིག་ཏུ་འདྲེས་པས་སྐྱེ་མེད་བསམ་འདས་ཆེན་པོར་ཐག་ཆོད་པའོ༔ དེ་ཡང་ལུས་མ་འགུལ་བས་རྩ་མི་འགུལ༔ རྩ་མ་འགུལ་བས་རླུང་མི་འགུལ༔ རླུང་མ་འགུལ་བས་སེམས་ཀྱང་མི་འགུལ༔ ཐམས་ཅད་སྐྱེ་མེད་བསམ་བརྗོད་བྲལ་བར་བཞག་གོ༔ དེ་ཉིད་ཉིན་མཚན་འདྲེས་པར་སྦྱོང་ཞིང༔ དོན་ཉམས་སུ་ལེན་པའི་ཚེ་ལུས་ལ་ནད་བྱུང་ན་འཁྲུལ་འཁོར་རླུང་སྦྱོར་སྔར་ལྟར་གྱིས་གེགས་སེལ་ཞིང༔


MLP024_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་རྩལ་ལས་ལོ་ཀ་ཤེས་པ་དང༔ ཉམས་ཀྱི་འཆར་སྒོ་གང་ལའང་བླང་དོར་རྩིས་གདབ་མེད་པར་ཤེས་པ་ཁོང་ཀློད་ལ༔ གནས་ལུགས་ལྟ་བ་ལས་མ་གཡོས་པར་རྩལ་སྦྱོང་ཞིང༔ རླུང་གི་གནད་སོགས་གུ་རུའི་ཞལ་ནས་ཤེས་པར་བྱ༔ དེ་ལྟར་ཉམས་སུ་བླངས་པས་ཡུན་རིང་པོར་མི་ལྟོས་པར་མྱུར་བ་ཉིད་དུ་ལྷུན་གྲུབ་ཀྱི་རྣམ་པར་རོལ་པ་འཆར་ཞིང༔ སྒྲོན་མ་རྣམས་ཀྱང་ཚད་ལ་ཕེབས་པར་གྱུར་ནས་གདོད་མའི་སངས་རྒྱས་ཀྱི་ས་ལ་བགྲོད་པར་ཐེ་ཚོམ་མེད༔ མ་འོངས་སྐལ་ལྡན་ལས་འཕྲོ་ཅན༔ ཟབ་མོའི་གདམས་པ་འདི་ཐོབ་ནས༔ གང་གིས་ཉམས་སུ་བླངས་གྱུར་ན༔ ས་ལམ་རིང་པོར་མི་འགོར་བར༔ བགྲོད་ནས་བདེ་ཆེན་ཀུན་བཟང་ཐོབ༔ ཡིད་དཔྱོད་བློ་ཡི་ཆོས་མ་ཡིན༔ བློ་འདས་མངོན་སུམ་མྱུར་བྱེད་གནད༔ ཨེ་མ་ལམ་འདི་ངོ་མཚར་རྨད༔ ཨེ་མ་སྐལ་ལྡན་གདུལ་བྱ་མཆོག༔ ཚེ་འདིར་གྲོལ་བར་ཐེ་ཚོམ་མེད༔ འདི་དང་སུ་མཇལ་སྐལ་བ་བཟང༔ ཡི་གེར་ཐོབ་ལ་གཏེར་དུ་སྦོས༔ མུན་ཁྲིད་ཀྱི་གདམས་པ་ཟབ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་གནམ་ལྕགས་བྲག་ནས་མེ་ཕོ་འབྲུག་གི་ལོར་བཏོན་པ་མི་ལོ་སོ་གསུམ་འདས་པའི་ས་བྱི་ལོར་བུ་དཔེར་ཕབ་པའི་ཡི་གེ་པ་ནི་རིགས་ཀྱི་བུ་པདྨ་འགྱུར་མེད་རྒྱ་མཚོའོ།། །།བཀྲ་ཤིས། །

རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་མངོན་སུམ་འབྲས་བུའི་གདམས་པ་མཆོག་ཏུ་གསང་བ། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་མངོན་སུམ་འབྲས་བུའི་གདམས་པ་མཆོག་ཏུ་གསང་བ་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། དཔལ་ཐོག་མའི་རྒྱལ་བ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ༔ འབྲས་བུ་སྣང་བ་བཞི་ཇི་ལྟར་འཆར་བའི་ཚུལ་ནི༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་དང༔ ཉམས་གོང་འཕེལ་དང༔ རིག་པ་ཚད་ཕེབས་དང༔ ཆོས་ཉིད་ཟད་པའི་སྣང་བ་དང་བཞི་རིམ་པར་འཆར་རོ༔ དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ རྒྱུད་ཐལ་འགྱུར་ལས༔ ཆོས་ཉིད་མངོན་སུམ་སྣང་བ་ནི༔ དབང་པོའི་སྒོ་ནས་ངེས་ཐོན་ཏེ༔ སྤྲིན་མེད་པ་ཡི་མཁའ་ལ་གནས༔ རིག་པ་ལུ་གུ་རྒྱུད་ཉིད་ལ༔ སྐྱོན་བྲལ་མཁའ་ལ་བླ་མ་ཡིས༔ གཟིགས་སྟངས་གསུམ་གྱི་གནད་བསྟན་པས༔ དབང་པོའི་སྒོ་ལས་སྒྲོན་མ་ནི༔ འཇའ་འམ་རྨ་བྱའི་མདོངས་ལྟ་བུ༔ ཐིག་ལེ་ལུ་གུ་རྒྱུད་འབྲེལ་བས༔ འགུལ་འཕྲིག་འགྱུ་བའི་རྣམ་པར་རྒྱུ༔ ཞེས་པས༔ གོང་གི་ལུས་ངག་ཡིད་ཀྱི་གནད་ལ་བརྟེན་ཏེ༔ བླ་མས་ངོ་སྤྲད་པ་ལྟར་ཉམས་སུ་བླངས་པས་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ༔ རང་གི་སྨིན་མཚམས་ཀྱི་ཐད་སོར་རྨ་བྱའི་མདོངས་ལྟ་བུར་འཆར་རོ༔ དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ཟླུམ་འཁྱིལ་ཀོ་མོའི་ནང་དུ་རྡོ་བོར་བའི་རི་མོའམ་ཕུབ་ཀྱི་སྦ་སྒོར་ལྟ་བུ་ལ་ཡུངས་འབྲུའམ་སྲན་མ་ཙམ་འཆར་རོ༔ དེའི་ནང་དུ་རིག་པ་རང་གི་ངོ་བོ་ལུ་གུ་རྒྱུད་ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུའམ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའམ༔ ལྕགས་ཐག་བརྒྱངས་པ་ལྟ་བུ་མུ་ཏིག་གི་དྲྭ་བ་དྲྭ་ཕྱེད་རླུང་གིས་བསྐྱོད་པ་ལྟ་བུ་འབྲེལ་བ་རེ་རེ་འཆར་རོ༔ དེ་ལ་ཟླ་བ་དྲུག་བརྩོན་པས་ཉམས་སུ་བླངས་ན་ཐིག་ལེ་དེ་ཉིད་འགུལ་བ་དང༔ འཕྲིག་པ་དང༔ སྟེང་འོག་ཏུ་འགྲོ་བ་སོགས་མེད་


MLP024_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས་པ་ནི་ཚད་ཕྱིན་པའོ༔ དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་འཁྱིལ༔ ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ༔ སྐུའི་རྟགས་སུ་ལུ་གུ་རྒྱུད་རྣམས་མཐོང་བ་ཡིན་ནོ༔ དེ་ནི་རང་གི་ངོ་བོ་ཐིག་ལེ་ཉག་གཅིག་ཅེས་བྱ་བ་ཐེག་པ་དང་གྲུབ་མཐའ་གཞན་མཐའ་དག་ལས་ཁྱད་པར་དུ་བྱས་པའི་ལམ་ཡིན་ནོ༔ འདི་ནི་གནས་པ་ཙིཏྟ་རིན་པོ་ཆེ་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་པ༔ དབང་པོས་མངོན་སུམ་མཐོང་བར་ཡོད་པས་ཡིད་དཔྱོད་འཛིན་པའི་ལྟ་བ་ཚིག་དང་བློ་དང་ཕོ་ཚོད་ཀྱི་བཅོས་མ་ཐམས་ཅད་ནུབ་སྟེ༔ མངོན་སུམ་ཉིད་དུ་ཐག་བཅད་པའོ༔ དེའི་རྟགས་སྣང་ཉམས་སུ་མཚན་མོ་ཡང་མེ་ཏོག་དང་༔ ཟ་འོག་དང༔ དཀར་ཁྲོམ་ཁྲོམ་དང་༔ དམར་ལམ་ལམ་དང༔ དུ་བ་ལྟ་བུ་དང༔ ཉི་མ་ཤར་བ་ཙམ་གྱི་མདངས་འཆར༔ ཤེས་ཉམས་ལ་སྒོ་གསུམ་བདེ་བ་དང་ལྡན༔ ཚེ་འདིའི་མངོན་ཞེན་ཆུང་དུ་འགྲོ༔ སྣང་བ་བདེན་མེད་དུ་འཆར༔ མཐར་ཕྱིན་པའི་ཚད་ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་ལ་སོགས་པའི་རྟགས་གསུམ་འཆར༔ སྐབས་འདིར་འདས་ན་སྐྱེ་བ་གཞན་མི་ལེན་པར་སྐྱེ་མཐའི་བྱང་ཆུབ་སེམས་དཔར་གྱུར་ནས་རང་བཞིན་སྤྲུལ་པའི་སྐུར་བུདྡྷ་བར་ཐེ་ཚོམ་མེད་དོ༔ དེ་ལྟར་མ་གྱུར་ན་ཡང༔ སྨོན་ལམ་གྱི་ཤུགས་ཀྱིས་སྐྱེ་བ་ཕྱི་མ་མི་ལུས་ཆོས་ལྡན་དུ་སྐྱེས་ནས་ལོ་བཅུ་གསུམ་མམ་ཉི་ཤུ་རྩ་ལྔ་ལ་ཆོས་འདིས་མཚམས་སྦྱར་ཏེ་རྣམ་པར་གྲོལ་བའི་ལམ་ཐོབ་བོ༔ གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི༔ སྔ་མ་ཁོ་ན་ལྟར་ཉམས་སུ་བླངས་ཤིང་སྦྱངས་པ་ལས༔ དབྱིངས་རིག་རེས་གསལ་རེས་མི་གསལ་བ་དག་འབྱུང་ལ༔ དེ་ལའང་ཐེ་ཚོམ་མེད་པར་ཉམས་སུ་བླངས་པས༔ དབྱིངས་རིག་སྨིན་མཚམས་ལས་དྲལ་ཏེ༔ ཐིག་ལེ་རྣམས་སྲན་མ་ཙམ་དུ་འགྲོ་ལ༔ དེ་གོམས་པས་དབྱིངས་སྣང་དུམ་བུ་དང་གྱེན་འགྲེང་དུ་མཐོང་བའི་ཚེ་མགོ་ཐུར་ལ་ལྟ་བ་ལྟ་བུ་འོང༔ གྲུ་བཞི་ལ་གཡས་སུ་གཅུན༔ ཟླུམ་པོ་ལ་གཡོན་དུ་གཅུན༔ ཟླ་གམ་ལ་དྲང་པོ༔ གྲུ་གསུམ་ཐུར་དུ་བབས༔ དེ་ནས་ཀྱང་རྩིབ་རྒྱུག་དང༔ མདུང་རྩེ་རེ་ལྡེ་ལྟ་བུར་སྣང་ལ༔ ཐིག་ལེ་མེ་ལོང་ཙམ་དང༔ རིག་པ་འདབ་ཆགས་འཕུར་བ་ཙམ་དང༔ དེ་ལ་ཉམས་སུ་བླངས་པས༔ དབྱིངས་རིན་པོ་ཆེ་དང༔ འོད་ཀྱི་དྲྭ་བ་དྲྭ་ཕྱེད་དང༔ འོད་ལྔ་པདྨ་


MLP024_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དང༔ མཆོད་རྟེན་དང༔ རྡོ་རྗེ་དང༔ འཁོར་ལོ་དང་༔ རལ་གྲི་དང་༔ མུ་ཏིག་གི་དྲྭ་བ་དང༔ འོད་ཀྱི་དུམ་བུ་མིག་མངས་རིས་དང་༔ མིག་ཚགས་དང་༔ མདའ་ལྟ་བུ་དང༔ པདྨ་སྟོང་ལྡན་དང༔ ཉི་ཟླ་དང༔ ཡི་གེ་མཁར་ཐབས་དང༔ མེ་ལྕེ་དང༔ ཉ་མིག་གི་རྣམ་པ་ལྟ་བུ་འཆར༔ ཐིག་ལེ་ཡང་ཁམས་ཕོར་ཙམ༔ རིག་པ་རི་དྭགས་སྤང་རྩེས་རྒྱུག་པ་ཙམ༔ ད་དུང་ཡང་ཉམས་སུ་བླངས་པས༔ འོད་ནི་ཡུལ་གྲུ་ཙམ༔ ཐིག་ལེ་ཕུབ་ཙམ༔ རིག་པ་བུང་བ་བཅུད་ལ་འཁོར་བ་ཙམ་པ་འཆར༔ ཡང་བསྒོམས་པས་འོད་སྟོང་གསུམ་གང་བལྟས་ལ་ཁྱབ་པ༔ ཐིག་ལེ་དཔག་ཏུ་མེད་པའི་ནང་དུ་སྐུ་ཕྲ་མོ་དབུ་དང་ཕྱེད་ཞལ་རྫོགས་པའི་རྣམ་པ༔ རིག་པ་ལ་ཡང་སྐུ་ཕྲ་མོ་རེ་རེ་སྣང་བའོ༔ སྐུའི་སྣང་བ་དེ་དག་ཀྱང་བཛྲ་སརྦ་ལ་སོགས་པ་རིགས་ལྔར་འཆར་བའོ༔ སྐུ་རྣམས་ཀྱང་ཕྱེད་སྐུ་དང་མཚང་རྣམས་འཇའི་གུར་ནང་ན་སྣང་བར་འཆར་རོ༔ དེ་རྣམས་ནི་སྣང་ཉམས་སོ༔ ཤེས་ཉམས་ལ་འཛིན་མེད༔ ཤེས་རིག་རྩེ་གཅིག་ཏུ་གྱུར༔ བློ་སེམས་དལ༔ རིག་པ་མི་འགྱུར་བ་དང་འཁྲུལ་མེད་ལམ་མེར་འཆར༔ ཤེས་པ་འཛིན་མེད་དུ་གྲོལ༔ འབྱུང་བཞིའི་གནོད་པས་མི་ཚུགས༔ ལུས་ལ་སྲོག་ཆགས་དང་གཉེར་མ་མེད་པའོ༔ ཟས་སྐོམ་གྱི་སྲེད་པ་མེད༔ གོང་བཞིན་ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟ་བུ་སོགས་སྒོ་གསུམ་གྱི་རྟགས་རྣམས་རྫོགས༔ ཚད་ནི་ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར༔ ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་བྲལ༔ གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད་པའོ༔ འདིར་ཚེའི་དུས་བྱས་ན་མ་པང་དུ་བུ་འཇུག་པ་ལྟར་འོག་མིན་དུ་ལོངས་སྐུར་འཚང་རྒྱ་བའོ༔ འདི་ལ་ཟླ་བ་གཉིས་ཀྱིས་མཐར་ཕྱིན་ནོ༔ གསུམ་པ་རིག་པ་ཚད་ལ་ཕེབས་པ་ནི༔ ཐིག་ལེ་ལྔ་ལྡན་དང་དེ་རེ་རེའི་ནང་དུ་ཡང་ཐིག་ལེ་ཉི་ཤུ་རྩ་ལྔ་པ་འཆར་ཏེ༔ ད་དུང་ཉམས་སུ་བླངས་པས༔ ཞི་ཁྲོའི་ལྷ་ཚོགས་རྫོགས་པར་འཆར་ཞིང་གང་བལྟས་ཐམས་ཅད་ལྷ་སྐུ་དང་༔ རང་ལུས་ཐམས་ཅད་སྒྲིབ་པ་མེད་པར་ཟངས་ཐལ་དུ་འགྲོ༔ དེའི་ཚེ་སྐུ་རྣམས་ཀྱི་ཐུགས་ཀ་དང་རང་གི་སྙིང་གར་འོད་མཚོན་ཟེར་ཐགས་སྦྲེལ་བ་ལྟ་བུས་འབྲེལ༔ དེ་ནས་མ་བསྒོམས་ཀྱང་ཚད་ལ་ཕེབས་པས་འགྱུར་བ་མེད༔ དེའི་དུས་སུ་རང་ལུས་གདོས་བཅས་དག་ནས་འོད་དུ་སྣང་བའི་སྤྱི་བོ་


MLP024_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡར་ཐིག་ལེ་འཁར་ཕོར་བརྩེགས་པ་ལྟ་བུ་དགུ་སྣང་ཞིང་༔ དེ་ནི་ཉམས་སུ་མ་བླངས་ཀྱང་འཁོར་བར་སྐྱེ་མི་སྲིད༔ སྐུ་གསུམ་གྱི་དངོས་གྲུབ་ཐོབ་བོ༔ ལུས་ཀྱི་རྟགས་གླང་ཆེན་འདམ་ལ་ཚུད་པ་ལྟ་བུ་སོགས་འབྱུང༔ རི་ར་བ་ཁང་ཁྱིམ་སོགས་ལ་ཐོགས་པ་མེད་པར་འགྲོ༔ རྨི་ལམ་ཡང་རྒྱུན་ཆད༔ དེའི་ཚེ་འདས་ན་འཆི་ཁ་འོད་གསལ་དུ་གྲོལ་ལ་སངས་རྒྱས་ཐོབ༔ ནམ་མཁའ་གཡའ་དག་པ་དང༔ འཇའ་འོད་དང་སྒྲ་འོད༔ ཤ་རི་རམ་སོགས་གདུང་རིགས་ལྔ་དང་སྐུ་དང་ཡིག་འབྲུ་སོགས་འབྱུང་ངོ༔ དེ་ལ་ཕྱི་སྣང་བ་འོད་གསལ་དུ་གྲོལ་བས་ས་རྡོའི་སྣང་བ་རང་ནུབ༔ ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་གདོས་བཅས་ཀྱི་སྣང་བ་རང་ནུབ༔ གསང་བ་ཡེ་ཤེས་ཀྱི་ཟེར་མདངས་སྙིང་གར་ཐིམ་པས་གཟུང་འཛིན་འཁྲུལ་པའི་སྣང་བ་རང་ནུབ༔ ལས་དང་བག་ཆགས་ཀྱི་འབྲེལ་ཆད༔ དེ་ལྟར་ཟླ་བ་གཉིས་ཉམས་སུ་བླངས་པས་རིག་པ་ཚད་ལ་ཕེབས་པར་འགྱུར་རོ༔ བཞི་པ་ཆོས་ཉིད་ཟད་པའི་རྟགས་འཆར་བའི་ཚུལ་ནི༔ དེ་ཡང་སྔར་གྱི་རྟགས་རྣམས་ལ་སྒོ་གསུམ་གྱི་གནད་གཟིར་ལ་ཉམས་སུ་བླངས་པས༔ ཐིག་ལེ་འདོམ་གང་ཙམ་གྱི་ཟླུམ་པོའི་ནང་ནས་འོད་ཟེར་ལྔའི་ཐགས་པ་སྦྲེལ་བ་རང་གི་སྙིང་གར་འཆར་རོ༔ རང་གི་ལུས་ངག་ཀྱང་འོད་དུ་སོང་ནས་སྤྱི་གཙུག་ནས་ཡར་ཐིག་ལེ་མཐོ་གང་ཙམ་པ་ལྔ་བརྩེགས་དགུ་བརྩེགས་སུ་འཆར༔ སྔར་གྱི་སྐུ་དང་ཐིག་ལེ་རྣམས་ལ་འཛིན་པ་རང་སར་དག་སྟེ་ལུས་ལ་གདོས་བཅས་ཀྱི་སྣང་བ་ནུབ་བོ༔ ཉམས་དང་ལུས་དང་དབང་པོ་དང༔ གཟུང་འཛིན་གྱི་རྟོག་ཚོགས་དང༔ བརྗེད་པ་དང་འཁྲུལ་པ་ཐམས་ཅད་ཟད་ནས་འོད་ལུས་སུ་སངས་རྒྱས་སོ༔ ཕྱི་རྟགས་སུ་ཤར་བའི་འོད་དང་ཐིག་ལེ་རྣམས་ཀྱང་འགུལ་འཕྲིག་ཟད༔ དེ་དུས་ལུས་འཇའ་ལུས༔ ངག་བྲག་ཅ༔ སེམས་སྤྲོས་མེད་དུ་གནས༔ སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དུས་གཅིག་མཐོང༔ དེ་དུས་སྤྲུལ་པ་མང་པོ་འགྱེད་ནུས༔ ད་དུང་ཉམས་ལེན་དང་འབྲལ་མེད་དུ་བྱས་པས༔ རང་གི་ཤ་ནི་འོད་སེར་པོར་འགྱུར་རོ༔ :ཕྲག་༼ཁྲག༽ནི་འོད་དཀར་པོ༔ དྲོད་ནི་འོད་དམར་པོ༔ དབུགས་ནི་འོད་ལྗང་གུ༔ སེམས་ནི་སྐྱེ་མེད་དུ་ཡལ་ལོ༔ འདི་དུས་སུ་སྐྱེ་བ་ལ་རང་དབང་ཐོབ་པས་སེམས་ཅན་གྱི་དོན་དུ་བསམ་བཞིན་དུ་སྐྱེ་བ་སྣ་ཚོགས་སུ་


MLP024_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན༔ རླུང་ལ་རང་དབང་ཐོབ་པས་འབྱུང་བ་ལྔ་ལ་དབང་བསྒྱུར་ནུས༔ སེམས་ལ་རང་དབང་ཐོབ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་ལོངས་སྤྱོད༔ འོད་ཀྱི་ནང་ལ་ལག་སོར་བཀྲམ་པ་ཙམ་ལས་མི་སྣང་ལ༔ དེ་ལ་སྣང་བ་གཏད་ཅིང་བཞག་པས་སྣང་བ་ཚུར་ལོག་སྟེ་འཕོ་བ་ཆེན་པོའི་སྐུ་སྐྱེ་འཆི་བྲལ་བ་རྡོ་རྗེའི་སྐུ་ཐོབ་ནས༔ སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ༔ འདི་དུས་སུ་ལུས་དུར་ཁྲོད་ཀྱི་རོ་ལྟར་ཉམས་དང་བྲལ་བ་སོགས་རྟགས་རྣམས་རྫོགས༔ འགྲོ་བ་གཟུགས་ཅན་ནམ་གཟུགས་མེད་མང་པོ་ལ་རང་གི་རིག་པ་བཅུག་པས་སྐད་ཅིག་མ་ཉིད་ལ་སེམས་ཅན་གྲངས་མེད་པ་གྲོལ་བར་བྱེད་ལ༔ རང་ཉིད་ཀྱང་གཞན་ངོར་སྣང་བ་དང་མི་སྣང་བའི་ཚུལ་མཐའ་ཡས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་དོ༔ གལ་ཏེ་འགྲོ་བའི་དོན་མི་མཛད་ན༔ ལག་སོར་འོད་ལ་ལྟ་བ་སྤངས་ཏེ༔ འོད་གསལ་གྱི་ངང་ལ་མི་གཡོ་བར་བཞག་པས་ལག་སོར་ཡང་དེ་ཉིད་དུ་ཡལ་ཏེ༔ སྣང་བ་ཕྱིའི་འོད་གསལ་དང་ཕུང་པོ་ནང་གི་འོད་གསལ་དང༔ རིག་པ་གསང་བའི་འོད་གསལ་གསུམ་དབྱེར་མེད་བློ་འདས་བྲི་གང་མེད་པར་འདྲེས་ནས་སངས་རྒྱས་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་སུ་ཆོས་ཀྱི་སྐུ་འཕོ་འགྱུར་མེད་པར་འཚང་རྒྱའོ༔ དེ་ལ་ལོངས་སྐུ་སྤྲུལ་སྐུ་འཆར་གཞི་མ་འགགས་པ་ཡེ་ཤེས་ཆེན་པོར་འདུ་འབྲལ་མེད་པའི་དགོངས་པ་ལས་མི་གཡོ་བའི་ངང་ལས་སྔོན་གྱི་སྨོན་ལམ་གྱིས་ཞིང་ཁམས་རྣམས་སུ་ཐུགས་རྗེའི་འོད་ཟེར་དཔག་ཏུ་མེད་པའི་ཆོ་འཕྲུལ་གང་ལ་གང་འཚམས་སུ་སྟོན་ཏེ༔ སྐལ་བ་རབ་ལ་ངོ་བོ་ཉིད་ཀྱི་སྐུ་དང༔ བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང༔ ཐེག་དམན་ཉན་རང་རྣམས་ལ་སྤྲུལ་པའི་སྐུ་དང༔ སོ་སྐྱེ་ཐ་མལ་བ་རྣམས་ལ་བཟོ་དང༔ སྐྱེ་བ་དང༔ ཟམ་པ་དང་གྲུ་དང་༔ སྐྱེས་པ་དང་བུད་མེད་དང༔ རྫིངས་ཡུར་དང༔ རི་དྭགས་སོགས་མཐའ་ཡས་པའི་སྤྲུལ་པ་བསྟན་ནས༔ གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ལ་འགོད་པར་མཛད་པའོ༔ དེ་ལྟར་ཟབ་ལམ་མཐར་ཐུག་གི་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་མངོན་སུམ་འབྲས་བུའི་གནས་ལུགས་གཏན་ལ་འབེབས་པ་མཆོག་གསང་རྩེ་མོའི་གདམས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་


MLP024_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བྱིང་མདའ་གནམ་ལྕགས་བྲག་ནས་མེ་འབྲུག་ལོར་བཏོན་པ་ལས་མི་ལོ་སོ་གསུམ་འདས་པ་ས་བྱི་ལོར་བུ་དཔེར་འབེབས་པ་པོ་ནི་ལོ་ ཆེན་དྷརྨ་ཤྲཱིས་སོ།། །།

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ངོ་སྤྲོད་ཉེར་གཅིག་ལས༔ ཕྱིའི་ངོ་སྤྲོད་བདུན། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ངོ་སྤྲོད་ཉེར་གཅིག་ལས༔ ཕྱིའི་ངོ་སྤྲོད་བདུན་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། བདག་ཉིད་པདྨ་ཐོད་ཕྲེང་དང༔ མཁས་པ་བི་མ་མི་ཏྲ་དང༔ ལོ་ཙཱ་བཻ་རོ་ཙ་ན་སྟེ༔ རྣམ་གསུམ་དགོངས་ཉམས་མཐར་ཐུག་པའི༔ སྙིང་ཐིག་རྣམ་གསུམ་གཅིག་ཏུ་སྒྲིལ༔ མ་འོངས་དོན་དུ་ཡི་གེར་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ འདིར་མན་ངག་གནད་ཀྱི་ངོ་སྤྲོད་ཉེར་གཅིག་བསྟན་པ་ལ༔ ཟེར་ལ་བརྟེན་པའི་ངོ་སྤྲོད་བདུན༔ མེ་ལོང་ལ་བརྟེན་པའི་ངོ་སྤྲོད་བདུན༔ སྒོ་གསུམ་གྱི་ངོ་སྤྲོད་བདུན་ཏེ་ཉེར་གཅིག་གོ༔ དང་པོ་ཕྱི་ཟེར་ལ་བརྟེན་པའི་ངོ་སྤྲོད་བདུན་ལ༔ དང་པོ་ནི༔ སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་ཁ་བསྟན་ལ་ཉི་མའི་དཀྱིལ་འཁོར་ལ་མི་བལྟ་བར༔ ཉི་ཟེར་ལ་མིག་ཡ་གཅིག་བཙུམ་པ་ཟིམ་བུར་བལྟ་བས་ཉི་མའི་གཡས་སུ་ཁྲིད་པ་ལ་བལྟ་ཞིང་བསྒོམ་པར་བྱ་སྟེ༔ དེའི་ཚེ་འཇའ་འོད་ཁ་དོག་ལྔ་གསལ་ཞིང་འཚེར་བ་མདུང་གཤིབས་པ་ལྟ་བུ་ལ༔ དེའི་སྟེང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལྔར་མཐོང་བ་འཆར་ཏེ༔ དེ་ཡང་གཞིའི་འོད་རྣམས་བཀྲ་ལམ་མེ་གནས་ཀྱང་ལུ་གུ་རྒྱུད་ནི་འཁྱུགས་ཤིང་མི་བརྟན་པ་འབྱུང་སྟེ༔ དེ་ལ་དགག་སྒྲུབ་མེད་ཅིང་རིག་པ་རང་སོ་གཟུང་ལ་ཉམས་སུ་བླང་ངོ༔ ཇི་ཞིག་ན་བརྟན་པོར་གནས་པ་ན་ཚད་དུ་ཕྱིན་པ་ཡིན་ནོ༔ གཉིས་པ་ནི༔ སྔར་ལྟ་བུ་ལ་ཉི་མའི་ཟེར་ལ་ཁྲིད་པར་སུཪྱ་ལ་ཁ་ཕྱོགས་པས་མིག་ཟིམ་བུར་བལྟས་པས་ཁ་དོག་སྣ་ཚོགས་པའི་འོད་ཁྱིམ་ཟླུམ་པོ་དང༔ དེའི་སྟེང་དུ་ཡང་རྡོ་རྗེ་ལུ་གུ་རྒྱུད་མཐོང་སྟེ༔ དེ་ལ་ཡང་སྔར་ལྟར་གཏད་ལ་བྷེམ་པར་བྱའོ༔ གསུམ་པ་ནི༔ ལག་པ་སློང་ལ་ཉི་མའི་ཕྱོགས་སུ་བལྟས་པས་བ་སྤུ་རྣམས་འོད་ལྔའི་ཐིག་ལེ་ཟླུམ་འཁྱིལ་བར་མཐོང་སྟེ་དེ་ལ་ལྟ་ཞིང་བྷེམ་པར་བྱའོ༔ བཞི་


MLP024_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི༔ མིག་ལ་སེང་རས་དམར་སྨུག་བཀབ་ལ་བལྟས་པས་ཐིག་ལེ་འོད་འཁྱིལ་བ་འབྲུ་མར་བཙིར་བ་ལྟ་བུ་དང་ལུ་གུ་རྒྱུད་མཐོང་སྟེ་དེ་ལ་ཡང་བྷེམ་པར་བྱའོ༔ ལྔ་པ་ནི༔ ལག་པའི་སོར་མོའི་བར་དུ་མིག་ཟིམ་བུའི་ཉི་མ་ལ་ཕྱོགས་པས་བལྟས་ན་ཡང་སྔར་ལྟར་མཐོང་སྟེ་དེ་ལ་ཡང་བྷེམ་པར་བྱའོ༔ དྲུག་པ་ནི༔ མཚན་མོ་ཟླ་བའི་ཟེར་ལ་ཟུར་གྱིས་བལྟ་ཞིང་བྷེམ་པར་བྱའོ༔ བདུན་པ་ནི༔ མཚན་མོ་མར་མེའི་ཟེར་ལ་ཡང་བལྟ་ཞིང་སྔར་ལྟར་བྷེམ་པར་བྱའོ༔ དེ་ཐམས་ཅད་ལ་འོད་དང་ཐིག་ལེ་ལུ་གུ་བརྒྱུད་དུ་སྣང་བ་རྣམས་ཀྱང་ཕྱི་རོལ་ན་རང་རྒྱུད་པར་གྲུབ་པ་ནི་མེད་ཅིང་རང་གི་སྙིང་ནང་ན་ཡོད་པའི་འོད་མདངས་རྐྱེན་གྱིས་ཕྱིའི་གཡས་གཡོན་ལ་དེ་ལྟར་ཤར་ཡང་དེར་འཛིན་མེད་པའི་ངང་ནས་མ་ཡེངས་པར་བྷེམ་པར་བྱའོ༔ རབ་ཏུ་གསང་བའི་རྒྱ་ཡིས་བཏབ་བོ༔ ཕྱིའི་ངོ་སྤྲོད་བདུན་ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་གནམ་ལྕགས་བྲག་ནས་མེ་འབྲུག་ལོར་བཏོན་པ་ལས་མི་ལོ་སོ་གསུམ་འདས་པའི་ས་བྱི་ལོར་བུ་དཔེར་ཕབས་པའི་ཡི་གེ་པ་ནི་རིགས་ཀྱི་བུ་པདྨ་འགྱུར་མེད་རྒྱ་མཚོའོ། །དགེ་ལེགས་འཕེལ།། །།

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ནང་གི་ངོ་སྤྲོད་བདུན། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ནང་གི་ངོ་སྤྲོད་བདུན་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། བདག་ཉིད་པདྨ་ཐོད་ཕྲེང་དང༔ མཁས་པ་བི་མ་མི་ཏྲ་དང་༔ ལོ་ཙཱ་བཻ་རོ་ཙ་ན་སྟེ༔ རྣམ་གསུམ་དགོངས་ཉམས་མཐར་ཐུག་པའི༔ སྙིང་ཐིག་རྣམ་གསུམ་གཅིག་ཏུ་དྲིལ༔ མ་འོངས་དོན་དུ་ཡི་གེར་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ འདིར་མན་ངག་གནད་ཀྱི་ངོ་སྤྲོད་ཀྱི་རིམ་པ་ལ༔ གཉིས་པ་མེ་ལོང་ལ་བརྟེན་པའི་ངོ་སྤྲོད་བདུན་ལས༔ དང་པོ་འཁར་བའི་མེ་ལོང་དྭངས་ཤིང་གཡའ་མེད་པ་ཞིག་ལ་འོད་ལྔའི་ཐིག་ལེ་ཤར་བ་བསྟན་ལ༔ འདི་ལྟར་འོད་ལྔ་གསལ་ལ་མ་འདྲེས་པ་གཞི་རང་གི་སྙིང་དབུས་ན་ཡོད་པ་ལས་ལམ་ཉམས་སུ་བླངས་པས་སྣང་སྲིད་ཐམས་ཅད་ཟ་འོག་གི་གུར་ཁྱིམ་ལྟར་འཆར་བའོ༔ གཉིས་པ་རྒྱལ་བའི་སྐུ་གཟུགས་འོད་ལྔའི་ཁྱིམ་གྱི་དབུས་ན་བཞུགས་པ་མེ་ལོང་གི་ནང་དུ་འཆར་བ་བསྟན་ལ༔ འདི་ནི་ཉམས་སུ་བླངས་པས་ཉམས་གོང་འཕེལ་གྱི་སྣང་བ་མཐར་ཕྱིན་ཏེ་རྒྱལ་བ་རིགས་ལྔའི་སྐུ་རྐྱང་པར་འཆར་བའི་བརྡའོ༔ གསུམ་པ་ལོངས་སྐུ་ཡབ་ཡུམ་ཞལ་སྦྱོར་འཁོར་དང་བཅས་པ་མེ་ལོང་གི་ནང་དུ་འཆར་བ་བསྟན་ལ༔ འདི་ནི་ཉམས་ལེན་ལ་བརྩོན་པ་ཅན་ལ་རིག་པ་ཚད་ལ་ཕེབས་ཏེ་ཐིག་ལེ་འོད་ཀོར་གཅིག་གི་ནང་དུའང་རྒྱལ་བ་རིགས་ལྔ་ཚོམ་བུའི་སྐུར་མཐོང་བར་འབྱུང་སྟེ་དེའི་བརྡའོ༔ བཞི་པ་ཤེལ་རྡོ་བསྟན་ལ༔ འདི་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྤྲུལ་པ་རྡོ་རྗེ་སེམས་དཔའི་མེ་ལོང་ཡིན་ཏེ༔ རྒྱལ་བ་ཉིད་ཀྱི་བྱིན་རླབས་ལས་གླིང་བཞི་འཇིག་རྟེན་གྱི་ཁམས་རྣམས་སུ་རང་བྱུང་ཞིང་རང་གནས་པ་ཡིན་ལ༔ འདིའང་རྣལ་འབྱོར་པ་རྣམས་ཀྱི་ཉམས་རྟོགས་དང་མཐུན་པས་ངོ་བོ་སྒྲིབ་པ་མེད་པ་སྟོང་སང་


MLP024_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འདུག་པ་ནི་རང་གི་སེམས་ཉིད་སྟོང་གསལ་འཛིན་མེད་ཀྱི་བརྡའོ༔ རང་བཞིན་ནི་སྣ་ཚོགས་འགགས་མེད་ཅིར་ཡང་འཆར་བས་འདི་ཡང་ཁ་དོག་དང་དབྱིབས་གཟུགས་ཐ་དད་པར་སྟོན་པ་འོད་སྣ་ཚོགས་ཀྱི་ཁ་དོག་གིས་མཚོན་པའོ༔ འདིའི་ཐུགས་རྗེ་ནང་གསལ་དུ་བཞུགས་པ་ནི༔ མིག་བཙུམས་ཏེ་བལྟས་པས་འོད་ལྔ་མ་འདྲེས་ཤིང་བཀྲ་བར་ཡོད་པ་མཐོང་སྟེ་འདི་རང་གི་སྙིང་དབུས་ན་རིག་པ་འོད་ལྔའི་ཚུལ་དུ་བཞུགས་པའི་བརྡའོ༔ དཔེ་མན་ཤེལ་དྭངས་པ་འདི་མ་གཏོགས་གང་གིས་ཀྱང་མཚོན་དུ་མེད་ཅིང་འདིས་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བ་མཚོན་པའོ༔ ལྔ་པ་ནི་ཉི་ཞུར་ལ་མན་ཤེལ་འཕྱར་ལ་ཤེལ་གྱི་རང་བཞིན་དྭངས་ལ་འཚེར་བ་ལས་འོད་སྣ་ཚོགས་གྱ་གྱུ་ཅན་འདི་འབྱུང་སྟེ༔ རྣལ་འབྱོར་པའི་སེམས་གྱ་གྱུ་ཅན་ལས་ཕྱི་རོལ་ཡུལ་གྱི་སྣང་བ་སྣ་ཚོགས་ལ་བརྟེན་ནས་གཟུང་འཛིན་འཁྲུལ་རྟོག་མང་དུ་འཆར་བའི་བརྡའོ༔ ཤེལ་གྱི་ནང་ན་འོད་ལྔ་ཡོད་པས་དེའི་རྩལ་ལས་འོད་ལྔ་མ་འདྲེས་པར་གསལ་བ་འདི་ནི་ནང་ཙིཏྟའི་དབུས་ན་རིག་པའི་ཡེ་ཤེས་འོད་ལྔར་གནས་པ་ལས་ཕྱི་རོལ་དུ་རྡོ་རྗེ་ལུ་གུ་རྒྱུད་འོད་ལྔར་སྣང་བའི་བརྡའོ༔ དྲུག་པ་ནི་མར་མེ་མང་དུ་སྦར་བ་ལྡིང་ཁྲི་ལ་བཞག་སྟེ་ཤེལ་ལ་བལྟས་པས་གོང་འོག་གཉིས་སུ་སྣང་བར་མཐོང་སྟེ་འདི་ཉིད་ནི་འོད་གསལ་མ་བུར་སྣང་བའམ་སྣ་ཚོགས་སུ་སྣང་བའི་དོན་ནོ༔ བདུན་པ་ནི༔ གུ་རུ་ཁྲི་མཐོན་པོ་ལ་མཛེས་ཤིང་བཀྲ་བའི་གདན་དང་མཉེ་ཁྲི་དང་ཡོལ་བ་བཅས་པའི་ཁར་དབུ་རྒྱན་སོགས་རྒྱན་དུ་མས་བརྒྱན་ལ༔ སློབ་མ་རྣམས་སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟས་པས་མན་ཤེལ་ལ་མིག་བཙུག་སྟེ་བལྟ་ཞིང་གསོལ་བ་གདབ༔ དེ་ནས་ཤེལ་གྱི་རྩེ་ནམ་མཁའི་ཀློང་དུ་བལྟས་པས་གུ་རུའི་སྐུ་གསལ་ལ་མ་འདྲེས་པ་འོད་ལྔའི་འཁོར་ལོ་ཅན་ཞིག་མཐོང་སྟེ་འདི་ནི་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་དང་མཇལ་བའི་བརྡའོ༔ འདི་རྣམས་ནི་མེ་ལོང་རྣམ་གཉིས་ཀྱི་ངོ་སྤྲོད་ཡིན་ཏེ་རབ་ཏུ་གསང་བའི་རྒྱས་གདབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའོ༔ བཀྲ་ཤིས༔

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་གསང་བའི་ངོ་སྤྲོད་བདུན། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་གསང་བའི་ངོ་སྤྲོད་བདུན་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། གསུམ་པ་གསང་བ་སྒོ་གསུམ་གྱི་ངོ་སྤྲོད་བདུན་ལ༔ དང་པོ་ནི་འཇིམ་པའི་མི་མགོ་དབང་པོ་ཚང་བ་གཅིག་གི་ནང་དུ་སྒྲོན་མེ་བཞག༔ སྲོད་ལྟ་བུའི་མུན་ནག་ལ་གོས་བཀོན་ལ༔ སྤྱི་བོར་བུག་པ་ཆེ་བ་གཅིག་བྱ༔ ལས་ཀྱི་སློབ་མའམ་སློབ་དཔོན་གྱིས་ངོ་སྤྲོད་གདབ་པ་ནི༔ དང་པོ་འཆི་བ་མི་རྟག་པའི་ཆོས་བཤད་ལ་སློབ་མའི་ཡིད་སྐྱོ་བ་བསྐྱེད་པར་བྱ༔ དེ་ནས༔ འདི་ནི་ཕ་ཡུལ་རྒྱ་བལ་བོད་ཀྱི་ས་མཚམས་ན་ཡོད་པའི་མི་ཉི་མ་མགོན་པོ་ཟེར་བ་དེ་ཡིན༔ ཁོ་གསོན་ཞིང་ཁམས་བཟང་བའི་སྐབས་སུ་ན་ཚོད་གཞོན༔ ལང་ཚོ་དར་ལ་བབས༔ གཉེན་འཁོར་ཕ་མ་བཟའ་ཁྱིམ་ཐམས་ཅད་དར༔ ཁོ་སུས་མཐོང་ཡང་ཡིད་དུ་འོང་བ་ཡིན༔ ཟས་ཞིམ་དུ་ཟ་ལ༔ སྐོམ་ཞིམ་དུ་འཐུང་༔ གོས་དྲོ་འཇམ་གྱོན༔ ལོངས་སྤྱོད་ནོར་རྫས་ལ་ཟད་པ་མེད་པ་ཡོད༔ ཚོང་ཁེ་དཔོག་ལ་མཁས༔ འཇིག་རྟེན་གྱི་ལས་ཐབས་མི་ཤེས་པ་མེད༔ དཔའ་རྩལ་ཆེ༔ གཏམ་ལན་བཤད་པ་ཚ༔ ཡིག་ཚང་ལ་མཁས༔ མི་ནོར་མང་པོ་དང་ལྡན་པ༔ ཕྱིའི་དགྲ་འདུལ༔ ནང་གི་སྲིད་སྐྱོང་༔ ཐམས་ཅད་ཀྱང་སྨོན་པ་བྱེད་པ་གཅིག་ཡོད་པ་ལས༔ ནམ་ཞིག་རྩ་ན་ཁོ་ལ་འཆི་ནད་དྲག་པོ་ཞི ག་བཏབ་སྟེ༔ དེ་ཙ་ན་འཚོ་བྱེད་སྨན་པས་སྨན་བཟང་དུ་བཏང་བས་ཀྱང་ཕན་པ་མ་བྱུང༔ མོ་མ་སྣང་སྲིད་ཀུན་མཐོང་གིས་མོ་བཏབ་པས་ཀྱང་མ་ཕན༔ ཨ་བོན་གཤེན་རབ་གཡུང་དྲུང་གིས་རིམ་གྲོ་བྱས་པས་ཀྱང་སྐྱེད་མེད༔ སྔགས་པ་ཁྲོ་རྒྱལ་བདུད་འཇོམས་ཀྱིས་བྱིན་རླབས་བྱས་པས་ཀྱང་ཕན་མ་བྱུང༔ མདོས་གཏོར་བོན་ཆོག་བྱས་པས་ཀྱང་ཟུག་རྔུ་མ་ཆོམས༔ དགེ་འདུན་ཁྲི་ཕྲག་རྣམས་ཀྱིས་རིམ་གྲོ་བྱས་ཀྱང་


MLP024_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་མ་བཟློགས༔ ཕ་མ་དང་ཆུང་མ་དང་བུ་དང་བུ་མོ་སྤུན་མིང་སྲིང་གཉེན་འཁོར་བཟང་དགུ་ཡོད་ཀྱང་མ་ཐུབ༔ ནོར་རྫས་རྟ་ཕྱུགས་འཛད་མེད་ཡོད་ཀྱང་མ་བསླུས་པར་ཕྱི་རགས་པ་ཡུལ་གྱི་སྣང་བ་ཐམས་ཅད་ཐིམ་ནས་ནག་ཐུམ་གྱིས་སོང་༔ ནང་དབང་པོའི་སྒོ་གཟུགས་མཛེས་མི་མཛེས་ལྟ་བུའི་མིག་གི་དབང་པོ་ཡང་འགགས༔ སྒྲ་སྙན་མི་སྙན་ཉན་པའི་རྣ་བ་ཡང་འོན༔ དྲི་ཞིམ་མི་ཞིམ་ཕྱེད་པའི་སྣ་ཡང་འགགས༔ ཕྱི་དབུགས་ཕྱིར་ཆད༔ ནང་དབུགས་ནང་དུ་ཡལ༔ ཤེས་རིག་གི་ངོ་བོ་ནང་གི་མར་མེ་ལྟར་ལྷུན་གྲུབ་འོད་ལྔར་གསལ་ལེ་ལོང་ངེ་གནས་པ་འདི་ཡིན༔ འདི་ནི་གཞོན་ནུ་བུམ་པའི་སྐུ་ཞེས་བྱའོ༔ ཞེས་དང༔ སྐབས་འདིར་ཅུང་ཟད་མཉམ་པར་བཞག༔ འོ་དཔེ་འདིས་མཚོན་པར་རང་རེ་སེམས་ཅན་ཐམས་ཅད་ལ་ཡོང་ཡང༔ དུས་དེར་ཕན་པ་དང་སྟོངས་པ་ནི་དེང་སང་ཉམས་སུ་ལེན་པ་ཁོ་ན་ཡིན་པས་འབད་ཅིག༔ དེ་ཡང་སྙིང་ནང་གི་རིག་པ་ཕྱིར་སྣང་བའི་དཔེ་ནི་སྟེང་གི་བར་སྣང་ལ་གསལ་བ་འདི་ཡིན་ནོ༔ དེ་ནས་སྒྲོན་མེ་ཕྱིར་བསྟན་ལ༔ འདི་ནི་སྣང་སྲིད་སྐུ་དང་འོད་དུ་མཐོང་བའི་གནས་སྐབས་ཏེ༔ རྣམ་ཤེས་ཕྱི་རོལ་དུ་ཐོན་པས་འོད་གསལ་འཆར་བའི་དཔེའོ༔ གཉིས་པ་ནི༔ ཁྱོད་རང་གི་བློ་ཆོས་ཉིད་ཀྱི་ངང་ལ་ཞོག་ཅིག་ཅེས་བརྗོད་ལ་འཕར་རྩ་མནན་ནོ༔ གཉིད་སད་པ་དང༔ དོན་ཆོས་ཉིད་གཉུག་མའི་འོད་གསལ་དུ་ཐིམ་ནས་སླར་ཡང་འཁྲུལ་རྟོག་སྣ་ཚོགས་འཆར་བ་སྟེ་རིག་པ་རང་སོ་ཟིན་མ་ཟིན་གྱི་ཚད་ལ་འབེབས་པ་ཡིན་ནོ༔ གསུམ་པ་ནི༔ མཛུབ་མོས་མིག་མནན་པ་འོད་ཀོར་ཤར་བ་བསྟན་ལ༔ འདི་ནི་སྙིང་ནང་ན་འོད་ལྔ་ཡོད་པ་རྐྱེན་གྱིས་མཐོང་བར་བྱས་པ་སྟེ་རང་ལ་འབྲལ་མེད་དུ་ཡོད་པའི་རྟགས་སོ༔ བཞི་པ་ནི༔ མེ་ལོང་གི་འོད་ཉི་མ་ལ་འཆར་བའི་འོད་བསྟན་ལ༔ འདི་ནི་བར་དོར་བཀྲག་ཅན་དང་བཀྲག་མེད་ལ་སོགས་མིག་གིས་བལྟ་མི་བཟོད་པ་མཐོང་བའི་དཔེའོ༔ དོན་ཆོས་ཉིད་ཀྱི་རྩལ་དུ་ཤེས་པར་བྱའོ༔ ལྔ་པ་ནི༔ རྣ་བ་ཐལ་མོས་ཤུགས་རན་པར་བཀག་པས་སྒྲ་འབིར་ཆགས་པ་འབྱུང་སྟེ༔ བར་དོར་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འབྱུང་སྟེ༔ དེ་གཞན་ནས་འབྱུང་བ་མ་ཡིན་ཏེ༔ ད་ལྟ་ནས་རང་ལ་རང་ཆས་སུ་ཡོད་པའི་རྟགས་སོ༔ དྲུག་པ་ནི༔ ཞི་བ་རྡོ་རྗེ་དབྱིངས་


MLP024_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་སྐུ་འཕྱར་ལ༔ ཤེལ་ལ་མིག་བཙུག་སྟེ་ནམ་མཁར་ཤར་བ་བསྟན་ལ༔ འདི་ནི་བར་དོར་རང་སྣང་ཞི་བའི་ལྷ་མཐོང་བའི་བརྡའོ༔ བདུན་པ་ནི༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་སྔར་ལྟར་བསྟན་ལ༔ འདི་ནི་བར་དོར་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་མཐོང་བའི་བརྡའོ༔ སྐབས་འདིར་རྒྱས་པར་བྱེད་ན་གིང་པ་དང༔ མེ་ལོང་གི་ཟེར་དང༔ ཤེལ་གྱི་འོད་བསྟན་ལ༔ འདི་ནི་རོལ་མོ་སྣ་ཚོགས་བྱས་ལ་བར་དོ་འཆར་བའི་ངོ་སྤྲོད་རྣམས་རྒྱས་པར་བྱའོ༔ དེ་ལྟར་དཔེ་དོན་རྟགས་རྣམས་ཀྱི་སྒོ་ནས་ངོ་སྤྲོད་ལ༔ གང་ཟག་ཡིད་ཆེས་པར་བྱའོ༔ འོ༔ རིགས་ཀྱི་བུ་སྐལ་ལྡན་ཁྱོད་རྣམས་ལ་ངོ་སྤྲོད་རིགས་མི་གཅིག་པ་ཉི་ཤུ་རྩ་གཅིག་བསྟན་པའི་དོན་ཁོང་དུ་ཆུད་པར་གྱིས་ལ་ཉམས་སུ་ལོངས་ཤིག༔ འདི་ཉིད་ཀྱི་དོན་རྣམས་ཉིན་པར་ཟེར་ལ་བསྒོམ་ལ་ཉམས་སུ་ལོངས་ཤིག༔ འདིས་གྲོལ་བར་ཐེ་ཚོམ་མེད་དོ༔ ཞེས་སོགས་དོན་རྒྱས་པར་བཤད་དོ༔ རིག་འཛིན་དགའ་རབ་རྡོ་རྗེ་སོགས་ཀྱི་ངོ་སྤྲོད་རིམ་པ་རྒྱུན་མ་ཆད་པར་གདམས་པ༔ རིག་འཛིན་གསུམ་གྱི་ཟབ་ཏིག༔ ཞི་ཁྲོ་སྙིང་ཐིག་གི་ཆ་ལག༔ ངོ་སྤྲོད་ཉེར་གཅིག་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནམ་ཞིག་སྙིགས་མའི་ཡང་མཐའ་ལ༔ ལས་ཅན་འགྲོ་འདུལ་གླིང་པ་ཞེས༔ འགྲོ་བའི་དཔལ་དུ་གྱུར་པ་འབྱུང༔ སྐལ་ལྡན་དེ་དང་འཕྲད་པར་ཤོག༔ དེ་ཡི་བརྒྱུད་འཛིན་གཉིས་སམ་གསུམ༔ འབྱུང་བས་ཕལ་ཆེར་ཐེ་ཚོམ་ཆེ༔ དམ་ཚིག་མི་ཐུབ་སྣོད་ལྡན་དཀོན༔ འདི་ཉིད་ཐོས་ཤིང་དད་བརྩོན་ལྡན༔ ལུང་མ་བསྟན་ཀྱང་ལུང་གིས་ཟིན༔ ཉམས་སུ་བླངས་ན་རིག་འཛིན་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་གནམ་ལྕགས་བྲག་ནས་མེ་འབྲུག་ལོར་བཏོན་པ་ལས་ཕྱིས་མི་ལོ་སོ་གསུམ་འདས་པའི་ས་བྱི་ལོར་བུ་དཔེར་འབེབས་པ་པོ་ནི་ལོ་ཆེན་དྷརྨ་ཤྲཱིའོ། །བཀྲ་ཤིས་འཛམ་གླིང་ཀུན་ལ་ཁྱབ་གྱུར་ཅིག །སརྦ་མངྒ་ལཾ།། །།

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་རྟགས་ཚད་ཀྱི་གདམས་པ། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་རྟགས་ཚད་ཀྱི་གདམས་པ་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། ཨ་ཏི་ས་མ་མནྟྲ༔ ཐོག་མའི་རྒྱལ་བ་འོད་མི་འགྱུར་བ་དཔལ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ༔ མན་ངག་རྫོགས་པ་ཆེན་པོའི་སྔོན་འགྲོ་དངོས་གཞིའི་ལམ་རྣམས་མཐར་ཕྱིན་ནས་རྗེས་ལ་རྟགས་ཚད་བསྟན་པ་དང་འབྲས་བུ་བསྟན་པའོ༔ དང་པོ་ལ༔ མི་འགུལ་བ་གསུམ་གྱིས་གཞི་བཅའ་བ༔ སྡོད་པ་གསུམ་གྱིས་ཚད་བཟུང་བ༔ ཐོབ་པ་གསུམ་གྱིས་གཟེར་གདབ་པའོ༔ མི་འགུལ་བ་གསུམ་གྱིས་གཞི་བཅའ་བ་ནི༔ འདུག་སྟངས་སྐུ་གསུམ་ལས་མི་འགུལ་བར་བྱའོ༔ དེས་ལུས་མི་འགུལ༔ དེས་རྩ་མི་འགུལ༔ དེས་རླུང་མི་འགུལ༔ དེས་ཐིག་ལེ་མི་འགུལ༔ མི་འགུལ་བ་གསུམ་ལས་སེམས་མི་འགུལ༔ དེས་འགྱུ་བྱེད་ཀྱི་འཁྲུལ་རྟོག་རྒྱུན་ཆད་ནས་རིག་པ་རང་སར་གནས་པའི་དགོས་པ་ཡོད་དོ༔ གཉིས་པ་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ༔ རིག་པའི་གནད་རྩ་ལ་ཡོད༔ རྩའི་གནད་སྒོ༔ སྒོའི་གནད་སྒྲོན་མ༔ དེ་མ་འགུལ་བས་སེམས་མི་འགུལ་ཏེ་རྟོག་པ་མི་འབྱུང༔ དབྱིངས་རིག་འདུ་འབྲལ་མེད་པ་རིག་པ་རང་གསལ་རྗེན་པར་འཆར་བའོ༔ གསུམ་པ་རླུང་མི་འགུལ་བས་སྨྲ་བརྗོད་ཉུང༔ རྣམ་རྟོག་རྒྱུན་ཐུང༔ ཤེས་པ་སྨྲ་རུ་མེད་པས་མི་འགུལ་བའོ༔ གློ་བུར་གྱི་འཁྲུལ་རྟོག་མེད་པའི་དགོས་པ་ཡོད་དོ༔ གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི༔ དབྱིངས་རིག་ནང་དུ་ཚུད་ན་བརྟན་པའི་ཚད་སྡོད་པ་གསུམ་འབྱུང༔ རླུང་དང་རིག་པ་འགྲོ་འོང་མེད་པར་སྡོད་དེ༔ ཕྱི་རོལ་གྱི་སྣང་བས་ཡིད་སྐྱོད་བྱེད་ཀྱི་རླུང་ཟད་པའོ༔ ལུས་འགུལ་བ་མེད་པར་སྡོད་དེ་ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པའོ༔ སེམས་ལ་རྟོག་པ་མི་འགྱུ་བར་


MLP024_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་དེ་སྣང་བ་འགྱུ་བྱེད་ཀྱི་རླུང་ཟད་པའོ༔ སྐབས་འདིར་ཚད་རྨི་ལམ་གྱིས་འཛིན་པ་ནི་དངོས་དང་རྟགས་འཆར་བ་གཉིས༔ བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་སྟེ་གཉིད་ལོག་པས་རྨི་ལམ་མི་སྣང༔ ཉིན་མཚན་དཀར་ནག་གི་རྟོག་པ་དག༔ འབྲིང་ལ་རྨི་ལམ་འོད་གསལ་དུ་འཆར༔ ཐ་མ་ལ་རྨི་ལམ་རྨི་ལམ་དུ་ཤེས་ནས་ཆོས་ཉིད་དྲན༔ རྟགས་ལུས་ངག་ཡིད་གསུམ་ལ་འཆར་ཏེ་སྣང་བ་བཞི་ལས༔ དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི་ལུས་ཉམས་སུ༔ ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་འགུལ་མི་ཤེས་པའོ༔ ངག་ལྐུག་པ་ལྟར་སྨྲ་བ་མེད་པའོ༔ སེམས་མཁའ་འགྲོ་རྙི་ལ་ཚུད་པ་ལྟར་མི་འགྲོ་བར་སྡོད་པའོ༔ ཉམས་གོང་འཕེལ་གྱི་སྣང་བའི་རྟགས་གསུམ་ནི༔ ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་རྒྱན་དང་བྱི་དོར་གྱི་རྩོལ་བ་མེད་པའོ༔ ངག་སྨྱོན་པའི་ཁ་ཚིག་ལྟར་གཏམ་དུས་མིན་ཅལ་ཅོལ་དུ་སྨྲ་བའོ༔ སེམས་སྐྱེས་བུ་རྩི་དུག་གིས་ཟིན་པ་དུག་ལན་བདུན་བྱུང་ན་ཅིས་ཀྱང་མི་ཕན་འཆི་བར་ཤེས་པ་ལྟར་ཐེ་ཚོམ་དང་ཡིད་གཉིས་མེད་པར་ཕྱིས་ཁམས་གསུམ་དུ་ལྡོག་པ་མེད་པར་ཐག་ཆོད་པའོ༔ རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་སྟེ༔ ལུས་གླང་ཆེན་འདམ་དུ་ཚུད་པ་སྐད་ཅིག་མ་ལ་ཐོན་པ་ལྟར་འབྱུང་བ་ལྔ་ལ་ཐོགས་མེད་དུ་གྲོལ་བའོ༔ ངག་གྲུལ་བུམ་གྱི་ཕྲུ་གུའི་སྐད་ལྟར་གཞན་གྱི་ཡིད་འཕྲོག་པས་ཅི་སྨྲས་ཐམས་ཅད་ཕན་པའོ༔ སེམས་སྐྱེས་བུ་འབྲུམ་ནད་བྱང་བ་སླར་མི་སྐྱོར་བར་ཤེས་པ་ལྟར་ཁམས་གསུམ་དུ་སླར་མི་ལྡོག་པར་ཡིད་ཆེས་པའོ༔ ཆོས་ཉིད་ཟད་པའི་རྟགས་གསུམ་ནི༔ ལུས་དུར་ཁྲོད་ཀྱི་རོ་ལྟར་ཉམས་ང་དང་རྟོག་པ་བྲལ་བའོ༔ ངག་བྲག་ཅ་ལྟར་གཏམ་གྱི་བརྗོད་པའི་ཟུངས་ཟད་པས་གཞན་གྱི་ལད་མོ་ཙམ་ཟློས་པ་དང༔ སེམས་བར་སྣང་གི་ན་བུན་ལྟར་སྐད་ཅིག་ལ་ཕུང་པོ་མི་སྣང་བ་བར་སྣང་གི་འཇའ་ལྟར་ཡལ་བའོ༔ དེས་སངས་རྒྱས་པའོ༔ གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ལ༔ སྐྱེ་བ་ལ་རང་དབང་ཐོབ་པ་ཤེས་པ་ཅན་གྱི་མི་དང་བེམ་པོར་རིག་པ་བཅུག་ཀྱང་ལས་བཟང་ངན་མེད་པར་གྲོལ་བ་དང༔ ལངས་པ་དང་སྐད་འབྱིན་པ་ལ་སོགས་ནུས་པས་ཕྱིའི་སྣང་བ་ཐམས་ཅད་ཞིང་ཁམས་སུ་གྲོལ་བའོ༔ ནང་འཇུག་པ་ལ་རང་དབང་ཐོབ་པ་ནི་སོར་མོ་ལ་རིག་པ་གཏད་པས་


MLP024_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་མི་སྣང་བར་འཕོ་བ་ཆེན་པོའི་སྐུ་ཐོབ་སྟེ་སྐྱེ་ཤི་དང་འདས་གྲོང་མེད་པར་འོད་གསལ་དུ་གྲོལ་བའོ༔ རླུང་སེམས་ལ་རང་དབང་ཐོབ་པ་ནི་མངོན་ཤེས་འཆར༔ གང་ལ་ཤེས་པ་བཅུག་ཀྱང་དེར་འགྲོ་ཞིང་ཐོགས་པ་མེད༔ འབྱུང་བ་བཞི་ལ་དབང་བསྒྱུར་ཅིར་ཡང་སྟོན་ཅིང་འགྱུར༔ བག་ཆགས་དང་འཁྲུལ་རྟོགས་ཐམས་ཅད་རྒྱུན་ཆད་པའོ༔ དེ་ལ་གདིང་བཞི་འབྱུང་སྟེ༔ ཡར་གྱི་གདིང་གཉིས་ལས༔ དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐོས་ཀྱང་རང་གི་རིག་པ་ལས་གཞན་དུ་མེད་པར་ཐག་ཆོད་པས་དེ་ལ་བྲོད་པ་དང་དགའ་བ་མི་སྐྱེ༔ རང་གི་རིག་པ་ལས་གཞན་པའི་སངས་རྒྱས་མེད་པས་སངས་རྒྱས་གཞན་ནས་ཐོབ་འདོད་ཀྱི་རེ་བ་མེད་པའོ༔ མར་གྱི་གདིང་གཉིས་ལས༔ རང་རིག་པ་ལས་འཁྲུལ་པ་གཞན་ན་མེད་པར་རིགས་དྲུག་གི་དུཿཁ་ལ་འཇིགས་པ་མེད༔ འཁོར་བའི་གཞི་རྩ་བྲལ་བར་ལྷུང་གི་དོགས་པ་མེད་པའོ༔ དེ་ཡང་དང་པོ་མི་འགུལ་བ་གསུམ་གྱི་གཞི་བཅའ་སྟེ་ཉམས་སུ་བླངས་པས༔ སྡོད་པ་གསུམ་གྱི་ལམ་ཚད་དུ་ཕེབས་པར་འགྱུར་ལ༔ དེས་ལམ་མཐར་ཕྱིན་ཏེ་ཐོབ་པ་གསུམ་གྱི་གཟེར་ཐེབས་ཤིང་གདོད་མའི་གཞི་ལ་གྲོལ་བར་འགྱུར་བ་ནི་གཞི་ལམ་འབྲས་བུའི་ཆོས་མཐར་ཕྱིན་པ་རྗེས་ཀྱི་ཁྲིད་བཅུ་གསུམ་ཡོངས་སུ་རྫོགས་པ་ཡིན་ནོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ མ་གཅིག་སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ དམ་མེད་ ལོག་ལྟ་ཅན་གྱི་སྙིང་ཁྲག་འཇིབས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའོ།། །།

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ཉིན་མཚན་གྱི་རྣལ་འབྱོར། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ཉིན་མཚན་གྱི་རྣལ་འབྱོར་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། རྒྱལ་བ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དེ་ལྟར་ཁྲེགས་ཆོད་ཐོད་རྒལ་གཉིས༔ ཉམས་སུ་ལེན་པའི་རིམ་པ་ལས༔ ཉིན་མཚན་ཉམས་ལེན་འདི་ལྟར་བསྟན༔ སྔ་དྲོ་ཕྱི་དྲོ་ཟེར་ལ་བསྒོམ༔ ཉིན་པར་ལུ་གུ་རྒྱུད་ལ་སྦྱངས༔ མཚན་དུས་ལུས་གནད་ཙོག་པུ་བྱ༔ ལག་པའི་སོར་མོས་མིག་གཉིས་བཀབ༔ དལ་ཞིང་བརྗོད་མེད་ཅུང་ཟད་མནན༔ སྨིན་མཚམས་ཐད་ཀྱི་ནམ་མཁའ་ལ༔ ཐིག་ལེ་འོད་ལྔ་དང་ལྡན་པ༔ རྨ་བྱའི་མདོངས་ལྟར་བཀྲ་བ་ལ༔ ཤེས་པ་གཏད་ལ་ཅི་ནུས་བསྒོམ༔ དེ་ལ་ངལ་ན་སྲོད་ཀྱི་དུས༔ དབང་པོ་གནད་དུ་བསྡུ་བ་ནི༔ ལྟེ་བ་པདྨ་འདབ་བཞིའི་སྟེང༔ ཨ་ཐུང་དམར་པོ་འབར་བ་ལས༔ མེ་འབར་དབུ་མའི་ནང་བརྒྱུད་དེ༔ སྤྱི་བོའི་ཧཾ་ལ་ཕོག་པ་ཡིས༔ ཐིག་ལེ་བབས་པས་མེ་བསྲོས་ཏེ༔ ཆེར་འབར་ལས་དང་བག་ཆགས་བསྲེགས༔ ཐབས་ཤེས་དཀར་དམར་མཉམ་པར་སྦྱར༔ བདེ་སྟོང་ཡེ་ཤེས་ངང་ལ་བཞག༔ ནམ་དགུང་ཤེས་པ་བུམ་པར་བསྡུ༔ སྙིང་ནང་ཨ་ཡིག་དཀར་པོ་བསམ༔ ཚངས་བུག་ཏུ་ཡང་ཨ་དཀར་གཅིག༔ ཨ་གཉིས་བར་གྱི་དྷུ་ཏིའི་ནང༔ ཨ་དཀར་ཕྲ་མོ་ཕྲེང་བ་ལ༔ བརྒྱུས་པ་ལྟ་བུར་བྱུང་བ་ལ༔ རེ་རེ་བཞིན་དུ་སྙིང་ག་ཡི༔ ཨ་ལ་ཐིམ་པས་འོད་དཀར་གྱི༔ རྩ་ནང་གང་ཞིང་ལུས་ཀྱང་གང༔ གསལ་བར་བསྒོམ་པས་གཉིད་སོགས་ཀྱང༔ འོད་གསལ་འཆར་ཏེ་གཏི་མུག་མེད༔ ཐོ་རངས་རིག་པ་གསལ་གཏོད་ལ༔ ཧ་ཞེས་རགས་རིམ་ལན་གསུམ་ཕུ༔ ཆོས་སྐུ་སེངྒེ་འདུག་སྟངས་བྱ༔ སྤྱི་གཙུག་ཐད་ཀྱི་འདོམ་གང་སར༔ སྙིང་གའི་ཨ་ལས་ཨ་དཀར་གཅིག༔ ཆད་དེ་སེང་ངེ་འདུག་པ་ལ༔ སེམས་


MLP024_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བསྒོམ་པས་གསལ་སྟོང་ནི༔ གཉིས་མེད་གདོད་མའི་གནས་ལུགས་འཆར༔ སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་གསུམ༔ སྲོད་དང་ནམ་གུང་ཐོ་རངས་ཀྱི༔ དམིགས་པ་གསུམ་དང་རིམ་པར་སྦྱར༔ དེ་ལྟར་ཉིན་མཚན་བརྩོན་བྱས་པས༔ གྲོལ་བར་འགྱུར་བ་ཐེ་ཚོམ་མེད༔ རྗེས་སུ་སྤྱོད་པའི་རིམ་པ་ནི༔ ལས་དང་པོ་པ་ཡི་ཐུན་མཚམས་སུ༔ ཆོས་སྤྱོད་དགེ་ལ་ཡང་དག་འབད༔ འབྲིང་གིས་མི་མེད་རི་སུལ་ལམ༔ བས་མཐར་འཁོར་འདས་རུ་ཤན་དབྱེ༔ ཆེན་པོས་ཉམས་མྱོང་བོགས་འདོན་ཕྱིར༔ དུར་ཁྲོད་ལུང་སྟོང་ལ་སོགས་པར༔ སྤྲང་པོ་ལྟ་བུར་ངེས་མེད་རྒྱུ༔ བུང་བ་རི་དྭགས་ལྐུག་པ་དང༔ ཐི་བྱ་སྨྱོན་པ་སེངྒེ་དང༔ ཁྱི་ཕག་ལྟ་བུའི་སྤྱོད་པ་སྤྱད༔ རེ་དྭོགས་དགག་སྒྲུབ་སྤང་བླང་རྣམས༔ བྲལ་བས་རང་བྱུང་སངས་རྒྱས་ཐོབ༔ རྫོགས་ཆེན་མན་ངག་ངོ་སྤྲོད་ཆོས༔ ཉམས་ལེན་གནད་ཀྱི་ལག་ཁྲིད་འདི༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ འདི་ཡི་ངོ་སྤྲོད་སུས་མཐོང་བ༔ ཚེ་རབས་བསྐལ་པའི་སྡིག་སྒྲིབ་འདག༔ ངོ་སྤྲོད་དོན་བཞིན་ཉམས་བླངས་ན༔ གདོད་མའི་སར་གྲོལ་ཐེ་ཚོམ་མེད༔ སྣོད་མིན་རྣམས་ལ་བསྟན་པ་ན༔ ལོག་ལྟའི་དབང་གིས་དམྱལ་བར་ལྟུང༔ དེ་ཕྱིར་འདི་ལ་བཀའ་རྒྱ་དང༔ དམ་ཚིག་གསང་བའི་རྒྱ་གསུམ་གདབ༔ བཀའ་རྒྱ༔ བརྡའ་རྒྱ༔ མན་ངག་གི་རྒྱ༔ ས་མ་ཡ༔ ན་ར་ཀན༔ ཁྱད་པར་ངོ་སྤྲོད་རྟགས་ཚད་དང༔ འབྲས་བུ་རྩལ་དབང་སྒྲུབ་མི་རྣམས༔ རང་ཉམས་ལོང་ལ་ལོ་གཅིག་བར༔ སངས་རྒྱས་ཐོབ་ལ་རྫོགས་མཐར་སྤེལ༔ དམ་ཅན་རྣམས་ཀྱིས་བཀའ་འདི་སྲུངས༔ གཉེར་དུ་གཏད་དོ་ཟབ་རྒྱ༔ ཨཐྎ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའོ།། །།

ཨ་ཏི་ཟབ་དོན་སྙིང་པོའི་རྫོགས་ཆེན་ཀ་དག་གི་ཁྲིད། ལོ་ཆེན་དྷརྨ་ཤྲཱི།


MLP024_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏི་ཟབ་དོན་སྙིང་པོའི་རྫོགས་ཆེན་ཀ་དག་གི་ཁྲིད་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། ན་མོ་གུ་རུ་ཝེ། འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག ཐེག་པ་ཐམས་ཅད་ཀྱི་ཡང་སྙིང་བླ་ན་མེད་པ། ཨ་ཏི་རྫོགས་པ་ཆེན་པོའི་གདམས་པ། ཀ་དག་གི་གནས་ལུགས་གཏན་ལ་འབེབས་པར་བྱེད་པ་ལ་སྦྱོར་དངོས་རྗེས་གསུམ་ལས། ད་རེས་གནས་ལུགས་གཏན་ལ་ཕེབས་པའི་དོན་རིག་ཐོག་ཏུ་ངོ་སྤྲོད་པར་བྱེད་པ་རྗེས་ཀྱི་ཁྲིད་ལ་གསུམ་སྟེ། བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲོད་པ། གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲོད་པ། ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲོད་པའོ། །དང་པོ་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲོད་པ་ནི། ཚོགས་གཏོར་བཤམས་པས་མཆོད་ཅིང་གསོལ་བ་བཏབ། སློབ་མ་རྣམས་མཎྜལ་འབུལ་དུ་བཅུག་སྟེ། ལུས་གནད་བཅའ། སོ་སོ་རང་རང་གི་སྤྱི་གཙུག་ཏུ་རྩ་བརྒྱུད་ཀྱི་བླ་མ་རྣམས་སྔར་བླ་མའི་རྣལ་འབྱོར་བཞིན་དུ་ཐོ་བརྩེགས་ཀྱིས་བཞུགས་པ་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བར་བསམ། དེ་ཡང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། དགོས་འདོད་ཀུན་སྩོལ། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས་ཅི་མཛད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ནས། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་ཚད་མེད་པའི་ཐུགས་རྗེས་དགོངས་ནས་བདག་གི་རྒྱུད་བྱིན་གྱིས་རློབས་ཤིག ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྙམ་དུ་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་མཆི་མ་འཁྲུགས་པ་ཙམ་དུ་སྐྱེད་ཅིང་། ཞེས་བྱས་ལ། བླ་མས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་


MLP024_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱིན་གྱིས་རློབས་ཤིག ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས་སོ༑ ༑ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག རིག་འཛིན་ཤྲཱི་སིངྷ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག པཎ་ཆེན་བི་མ་ལ་མི་ཏྲ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག སྒྲ་བསྒྱུར་བཻ་རོ་ཙ་ན་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག ཆོས་རྒྱལ་གཏེར་བདག་གླིང་པ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག ཡེ་ཤེས་ཌཱཀྐི་ནཱི་སྡེ་ལྔ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག སྔགས་སྲུང་ཨེ་ཀ་ཛཱ་ཊི་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག ཅེས་གསོལ་བ་བཏབ་པས་བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ། སོ་སོ་རང་རང་གི་སྤྱི་བོ་ནས་ཐིམ་པས་སློབ་མའི་སྒོ་གསུམ་དང་། བླ་མའི་རྡོ་རྗེ་གསུམ་དབྱེར་མེད་སྤྲོས་བྲལ་གྱི་ངང་ལ་ཤེས་པ་གློད་དེ་བཞག་པས་བྱིན་རླབས་ཀྱི་འུར་ལངས། སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། བློ་སྣ་མོས་གུས་སུ་འདྲིལ། དེའི་ངང་ལ་ལྷོད་ཀྱི་ཀློད་པས། རིག་གདངས་མོས་གུས་སུ་ལམ་མེ། གཤིས་འཛིན་


MLP024_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་ཁྲོལ་ལེར་ཤར་བས་མོས་གུས་རང་རིག་ཏུ་གྲོལ། རང་རིག་སྐྱེ་མེད་ཀ་དག་གི་དབྱིངས་སུ་གྲོལ་བ་ཞེས་བྱ་སྟེ། དེའི་ངང་ལས་བསལ་བཞག་མེད་པར་རང་བབས་སུ་བསྐྱང་དུ་གཞུག་གོ ༑གཉིས་པ་གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲད་པ་ནི། སྒོ་གསུམ་རང་བབས་སུ་བཞག་པའི་ངང་ནས། སྣང་གྲགས་ཀྱི་ཆོས་གང་ཡང་རུང་བ་ཞིག་ཝལ་གྱི་འཆར་དུ་བཅུག་ལ། འདི་ལྟར་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར། རང་གི་རྣམ་པར་རྟོག་པའི་འཁྲུལ་ངོ་ཙམ་ལས་ཕྱི་རོལ་ན་དོན་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། དངོས་པོ་གཅིག་ལའང་རིགས་དྲུག་སོགས་ལས་མི་མཐུན་པའི་འགྲོ་བ་སོ་སོ་ལ་སྣང་བ་རིས་སུ་མ་ཆད་པར་ཐ་དད་དུ་སྣང་བའི་ཕྱིར་དང་། ཡུལ་སེམས་གཉིས་ཕན་ཚུན་དུ་འགྲོ་འོང་མེད་ཀྱང་སེམས་ཀྱི་ཡུལ་སྣང་ཉམས་སུ་མྱོང་བའི་ཕྱིར་ཡུལ་སྣང་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཙམ་དུ་ངེས་པ་རྙེད་པར་འགྱུར་ཏེ། ཀློང་གསལ་ལས། སེམས་ཀྱི་དྲན་བསམ་རིག་པའི་རྩལ། །སྣང་ཤེས་དག་ཏུ་གྱུར་པ་ཀུན། །རིག་པ་དག་ལས་ལོགས་པ་མེད། །ཅེས་གསུངས་པ་ལྟར་རོ༑ ༑དེས་ན་བར་སྣང་གི་ནམ་མཁའ་སང་ངེ་བ་འདི་ལ་བརྟགས་ཤིང་དཔྱད་པས་སྐྱེ་འགག་གནས་གསུམ། དབྱིབས་ཁ་དོག་སོགས་སྣང་བའི་གོ་འབྱེད་པ་ཙམ་ལས་གཞན་འདི་ཞེས་ངོས་བཟུང་ཐམས་ཅད་ལས་འདས་པ་ལྟར། རང་སེམས་ལ་ཁ་ནང་དུ་ཕྱོགས་ཏེ་བརྟགས་ཤིང་དཔྱད་པས། རང་གི་སེམས་ཉིད་ནི་དང་པོ་རྒྱུ་རྐྱེན་གྱིས་མ་བ སྐྱེད་པས། ཞེས་པ་ནས། གཉིས་ཆོས་ཐམས་ཅད་བརྡར་ཤ་:བཤད་༼གཅད་༽ པར་བྱའོ། །ཞེས་གསུངས་པ་ལྟར་བརྟགས་ཤིང་དཔྱད་པས་གང་དུའང་མ་མཐོང་། ཅིར་ཡང་མ་གྲུབ་པ་སྟོང་པ་ཉིད། གང་དུའང་ངོས་བཟུང་མེད་པས་སྤྲོས་བྲལ། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལས་མི་འདའ་བས་གཉུག་མ། བློའི་དྲི་མས་མ་གོས་པས་ཀ་དག ཉམས་ཀྱི་ཞེན་པས་མ་བཅིངས་པས་ཡེ་གྲོལ། བསམ་མེད་བརྗོད་མེད། གནས་མེད་དམིགས་མེད། འགྲོ་མེད་འོང་མེད། དྲན་བསམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟོང་གསལ་ཡུལ་མེད་དུ་རྗེན་ཅེར་གྱིས་མཐོང་བའི་


MLP024_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་གཅེར་བུ་ལྷིང་པ་དེ་ཀ་ངོས་བཟུང་ལ་རང་བབས་སུ་སྐྱོང་བར་བྱ་སྟེ། ཀུན་བྱེད་ལས། སེམས་ཀྱིས་སེམས་ལ་བལྟ་རུ་མེད་པའི་ཕྱིར། །བལྟས་པས་མི་མཐོང་ཇི་བཞིན་ཉིད་དུ་ཞོག། ཅེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ༑ ༑ཞེས་དང་། སློབ་དཔོན་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགགས་མེད་པས་ནམ་མཁའ་འདྲ། །ཞེས་གསུངས་སོ། །གསུམ་པ་ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲད་པ་ལ་གཉིས་ལས། དང་པོ་རང་བབ་བསམ་གཏན་གྱི་ངང་ལ་ངོ་སྤྲད་པ་ནི། ཅོག་བཞག་གསུམ་གྱི་གཞི་བཅའ་བ་སྟེ། རིན་ཆེན་སྒྲོན་མེ་ལས། ཅོག་བཞག་གསུམ་གྱི་རང་བཞིན་ལ། །ཀ་དག་དོན་ཉིད་མངོན་དུ་འགྱུར། །ཞེས་གསུངས་པས། ངོ་བོ་ཅོག་བཞག་ལུས་ཀྱི་བཞག་ཐབས། །ཞེས་པ་ནས། དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་གསུངས་སོ། །གཉིས་པ་རང་གདངས་ཡེ་ཤེས་ཀྱི་རོལ་པར་ངོ་སྤྲད་པ་ལ་གསུམ་ལས། དང་པོ་གང་ཤར་རིག་པ་རྗེན་པར་ངོ་སྤྲད་པ་ནི། དེའི་ངང་ལ་ཐོལ་སྐྱེས་ཀྱི་ཤེས་པ། ཞེས་པ་ནས། ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པའོ། །གཉིས་པ་གནས་འགྱུ་དང་ཞི་ལྷག་ཟུང་འབྲེལ་དུ་ངོ་སྤྲད་པ་ནི། སྒོམ་པས་རང་སར་གནས་པ་དང་། ཞེས་པ་ནས། ངོ་བོ་གཅིག་པའོ། །གསུམ་པ་ཅིར་སྣང་རང་གྲོལ་གྱི་རྐྱེན་ད ང་བསྲེས་ཏེ་ངོ་སྤྲད་པ་ལ་གསུམ་ལས། དང་པོ་དུག་ལྔ་རང་གྲོལ་ཏེ། སོགས། གཉིས་པ་སྒོ་ལྔ་རང་གྲོལ་ཏེ། སོགས། གསུམ་པ་ཚོགས་དྲུག་རང་གྲོལ་ནི། ཞེས་པ་ནས། བུདྡྷའི་ས་ལ་ཐེ་ཚོམ་མེད་དོ། །དེ་བས་ན་ཚེ་འདིའི་བདེ་བ་ལ་མ་ཞེན་པར་ཟབ་མོའི་ལམ་སྒོམ་པ་ལ་བརྩོན་པར་བྱ་བ་ཤིན་ཏུ་གཅེས་པ་ཡིན་ནོ། །

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་སྔོན་འགྲོའི་ཆོས་སྤྱོད་ཟུར་དུ་ཕྱུང་པ། ཨོ་རྒྱན་གཏེར་བདག་གླིང་པ།


MLP024_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་སྔོན་འགྲོའི་ཆོས་སྤྱོད་ཟུར་དུ་ཕྱུང་པ་བཞུགས་སོ། །ཨོ་རྒྱན་གཏེར་བདག་གླིང་པ། ཀྱེ་མ༔ འཁོར་བའི་སྡུག་བསྔལ་བཟོད་པར་དཀའ་བ་ལས༔ སྐྱབས་མཛད་བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་ཚོགས་དམ་ཅན་མ་ལུས་ལ༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ མ་ནོར་ལམ་སྟོན་རྒྱལ་བ་ཀུན་གྱི་དངོས༔ བླ་མ་རིག་འཛིན་རྣམས་ལ་སྐྱབས་སུ་མཆི༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི༔ ཐེག་གསུམ་ལམ་སྟོན་ཆགས་བྲལ་གསུང་རབ་མཆོག༔ ལུང་རྟོགས་དམ་པའི་ཆོས་ལ་སྐྱབས་སུ་མཆི༔ ས་ལམ་ལ་གནས་ཚོགས་ཀྱི་མཆོག་གྱུར་པ༔ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆི༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི༔ བར་ཆད་ཀུན་སེལ་ཕྲིན་ལས་བསྒྲུབ་མཛད་པ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆི༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ བདག་སོགས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ སྐྱབས་གནས་རེ་ལྟོས་གཞན་ན་མ་མཆིས་པས༔ ཁྱེད་ཀྱི་ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ༔ བདག་གིས་ཕ་མ་ཁམས་གསུམ་འཁོར་བ་ཡི༔ སེམས་ཅན་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཕྱིར༔ སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ སེམས་ཅན་མ་བསྒྲལ་བསྒྲལ་ཞིང་མ་གྲོལ་དགྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་དགོད་པར་བྱ༔ སེམས་བསྐྱེད་དེ་ཡིས་མཐའ་ཡས་འགྲོ་བ་རྣམས༔ བདེ་དང་དགེ་བའི་ལས་ལམ་སྤྱོད་པ་དང༔ སྡུག་བསྔལ་མི་དགེའི་ལས་རྣམས་རྒྱུན་ཆད་ཅིང་༔ སྡུག་བསྔལ་ཀུན་བྲལ་བདེ་བ་ལྡན་པ་ཡི༔ མཉམ་ཉིད་ཡེ་ཤེས་ངང་ལ་གནས་


MLP024_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག༔ ༈ རང་ལུས་ཐ་མལ་སྤྱི་གཙུག་ཏུ༔ པད་དཀར་ཟླ་བའི་དཀྱིལ་འཁོར་ལ༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའ་ནི༔ དཀར་པོ་རྡོ་རྗེ་དྲིལ་བུ་འཛིན༔ རིན་ཆེན་རྒྱན་སྤྲས་སེམས་སྐྱིལ་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྙིང་པོ་ཡི་གེ་བརྒྱ་པས་བསྐོར༔ ༀ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ༔ མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་བརྗོད་པར་བྱའོ། །༈ ན་མོ༔ རིན་ཆེན་བཞི་ལྡན་གསེར་རི་ལྷུན་པོ་དང༔ གླིང་བཞི་ཉི་ཟླ་ལྕགས་རི་མུ་ཁྱུད་བཅས༔ ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་ལྡན་པ༔ བླ་མ་སྤྲུལ་པའི་སྐུ་ཡི་ཞིང་དུ་འབུལ༔ འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ བདག་གིས་ཡོངས་བཟུང་བུ་དང་བུ་མོ་དང༔ འཁོར་དང་ལོངས་སྤྱོད་མཛེས་སྡུག་མ་ལུས་པ༔ འཇིག་རྟེན་འདི་ཡི་གཅེས་རྒུ་ཀུན་བསྡུས་ནས༔ བླ་མ་ལོངས་སྤྱོད་རྫོགས་སྐུའི་ཞིང་དུ་འབུལ༔ འགྲོ་ཀུན་ལོངས་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ རང་ལུས་འབྱུང་བཞི་ཤ་ཁྲག་སྣ་ཚོགས་པ༔ དབང་པོ་སྒོ་ལྔ་གཙང་ཞིང་མཛེས་པས་བརྒྱན༔ ཞེན་འཛིན་བྲལ་བའི་བློ་ཡིས་ཀུན་བླངས་ནས༔ བླ་མ་ཆོས་ཀྱི་སྐུ་ཡི་ཞིང་དུ་འབུལ༔ འགྲོ་ཀུན་ཆོས་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ ཆོས་དབྱིངས་སྟོང་གསལ་དག་པའི་ཀློང་ཡངས་སུ༔ རང་རིག་རང་གསལ་རྡོ་རྗེ་ལུ་གུ་རྒྱུད༔ ཐུགས་རྗེ་མ་འགགས་རོལ་པ་འོད་ལྔའི་ཞིང༔ བླ་མ་ངོ་བོ་ཉིད་སྐུའི་ཞིང་དུ་འབུལ༔ འགྲོ་ཀུན་ངོ་བོ་ཉིད་སྐུར་འཚང་རྒྱ་ཤོག༔ ༈ ༀ་ཨཱཿཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་ལྷུན་གྲུབ་ཕོ་བྲང་དུ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་


MLP024_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ འོད་ལྔ་མ་འདྲེས་དག་པའི་ཞིང་ཁམས་སུ༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ གསེར་གླིང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ དྷ་ཧེ་ན་ཡི་ཀེའུ་ཚང་བར་པ་རུ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ རྒྱ་གར་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ རིག་འཛིན་ཤྲཱི་སིང་ཧ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང་༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ རྒྱ་བོད་གནས་དང་རྔ་ཡབ་གླིང་ཕྲན་དུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ རྒྱ་གར་ཆུ་བོ་གངྒའི་ཀླུང་འགྲམ་དུ༔ པཎ་ཆེན་བི་མ་ལ་མི་ཏྲ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ༔ སྒྲ་བསྒྱུར་བཻ་རོ་ཙ་ན་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང་༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་


MLP024_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ དཔལ་གྱི་བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ གཞོ་སྟོད་ཏེ་སྒྲོ་ཌཱ་ཀིའི་ཚོགས་ཁང་དུ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ སྒྲགས་ཀྱི་ཡང་རྫོང་གསང་བའི་ཕུག་པ་རུ༔ གུ་རུ་བུདྡྷ་ཛྙཱ་ན་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ མཆིམས་ཕུ་གྲི་གུ་གེ་གོང་དབེན་རྩ་རུ༔ སློབ་དཔོན་རྒྱལ་བ་མཆོག་དབྱངས་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ༔ ཐུགས་མཆོག་ནམ་མཁའི་སྙིང་པོ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ ཡར་ཀླུངས་ཤེལ་བྲག་བདུད་རྩིའི་སྨན་ཕུག་ཏུ༔ ཡོན་ཏན་ཀུ་མ་རཱ་ཛ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ མོན་ཁ་སེངྒེ་ཡང་རྫོང་གནས་མཆོག་ཏུ༔ ཕྲིན་ལས་རྡོ་རྗེ་བདུད་འཇོམས་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ སྨིན་གྲོལ་ཆོས་ཀྱི་རྒྱལ་ཁབ་ཆེན་པོ་རུ༔ ཆོས་རྒྱལ་གཏེར་བདག་གླིང་པ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་


MLP024_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བར་བྱིན་གྱིས་རློབས༔ འབྲལ་མེད་སྙིང་དབུས་ཆོས་ཀྱི་ཕོ་བྲང་དུ༔ དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ སྐུ་དང་ཡེ་ཤེས་ལྔ་ལྡན་ཕོ་བྲང་དུ༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང་༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ མཁའ་སྤྱོད་གནས་དང་དུར་ཁྲོད་བརྒྱད་སོགས་སུ༔ ཡེ་ཤེས་ཌཱ་ཀི་སྡེ་ལྔ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་དུ༔ སྔགས་སྲུང་ཨེ་ཀ་ཛ་ཊི་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ ༈ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཆོས་ཉིད་མངོན་སུམ་རྟོགས་པར་བྱིན་གྱིས་རློབས༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས༔ ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས༔ བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ་གསོལ་བ་འདེབས༔ ཆོས་ཉིད་ཟད་མཐར་ཕྱིན་པར་བྱིན་གྱིས་རློབས༔ བླ་མ་སྐུ་བཞིའི་བདག་ཉིད་ཅན་ལ་གསོལ་བ་འདེབས༔ སྣང་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས༔ ཞེས་གཏེར་གཞུང་ནས་ཕྱུང་པའོ། །༈ ༀ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་འཇའ་འོད་སྣ་ལྔའི་གུར་ཁྱིམ་གྱི་ནང་དུ༔ པད་ཟླའི་སྟེང་གི་རང་རིག་ཧཱུྃ་ཡིག་དཀར་པོ་དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས་འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས༔ རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པ་ལོངས་སྐུའི་ཆ་བྱད་ཅན༔ མཚན་དཔེའི་གཟི་བརྗིད་


MLP024_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ༔ ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ༔ སྐུ་ལས་དྲི་མ་མེད་པའི་འོད་ཟེར་འཕྲོས་ཤིང༔ བདེ་སྟོང་ཡེ་ཤེས་ཀྱི་རོལ་པ་སྣང་སྟོང་འཇའ་ཚོན་ལྟ་བུའི་སྐུར་གྱུར༔ རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དཀར་པོའི་མཐའ་སྐོར་དུ་སྔགས་འཕྲེང་གིས་བསྐོར་བ་དེ་ལས་འོད་ཟེར་འཕྲོས་པས་སྣང་སྲིད་སྣོད་བཅུད་ཐམས་ཅད་ལ་ཁྱབ༔ ཐ་མལ་མ་དག་པའི་སྣང་ཞེན་ཐམས་ཅད་སྦྱངས་ཏེ༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༔ བཅུད་ཀྱི་སེམས་ཅན་ལྷ༔ སྒྲ་གྲག་པ་ཐམས་ཅད་སྔགས་ཀྱི་རང་སྒྲར་གྱུར་པར་བསམ་ཞིང་ཡིག་བརྒྱ་ ཅི་ནུས་བཟླ༔ ཐུན་བསྡུ་བ་ན༔ རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མ་དག་པའི་སྣོད་བཅུད་ཐམས་ཅད་ལ་ཁྱབ་དེ་དག་འོད་ཕུང་དུ་གྱུར་པ་རང་ལྷར་གསལ་བ་ལ་ཐིམ༔ དེ་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཧཱུྃ་གི་ཞབས་ཀྱུ་ཁོག་པ༔ ཁོག་པ་མགོ་བོ༔ མགོ་བོ་ཟླ་ཚེས༔ ཟླ་ཚེས་ཐིག་ལེ༔ ཐིག་ལེ་ན་དཱ༔ ན་དཱ་མི་དམིགས་པར་སྟོང་པར་གྱུར༔ དེའི་ངང་ལས་ སླར་ཡང་རང་ཉིད་ལྷའི་སྐུར་གྱུར་ཅེས་བརྗོད་ཅིང་བསམ༔ བསྔོ་སྨོན་ཅི་ཤེས་བྱ༔ ཉམས་ལེན་ཟུར་བཀོད་འདི་ནི་རིག་འཛིན་འགྱུར་མེད་རྡོ་རྗེ་རྩལ་གྱིས་གཟིམས་ཆུང་ཡང་དབེན་དུ་སྦྱར་བའོ། །མངྒ་ལཾ།། །།

རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་དམིགས་ཟིན་བྲིས་སུ་སྤེལ་བ་ཀུན་བཟང་དགོངས་རྒྱན། རྗེ་བཙུན་མི་འགྱུར་དཔལ་སྒྲོན།


MLP024_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་དམིགས་ཟིན་བྲིས་སུ་སྤེལ་བ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །རྗེ་བཙུན་མི་འགྱུར་དཔལ་སྒྲོན།


MLP024_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་དམིགས་ཟིན་བྲིས་སུ་སྤེལ་བ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་དམིགས་རྗེ་བཙུན་བླ་མ་དམ་པ་བདེ་ཆེན་མཁའ་འགྲོའི་གཙོ་མོ་གར་དབང་མི་འགྱུར་དཔལ་སྒྲོན་གྱི་ལྗགས་བཤད་ཟིན་བྲིས་སུ་སྤེལ་བ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བློ་འདས་ཆོས་སྐུ་མི་འགྱུར་བདེ་ཆེན་གདངས། །མཚན་དཔེའི་སྣང་བརྙན་དཔལ་གྱི་སྒྲོན་མའི་སྐུར། །ཡོངས་ཤར་རང་རིག་དོན་གྱི་བླ་མ་དང་། །དབྱེར་མེད་མི་འགྱུར་དཔལ་གྱི་སྒྲོན་མས་སྐྱོངས། །ཀུན་ཁྱབ་འགྱུར་མེད་ཆོས་དབྱིངས་རྡོ་རྗེའི་གཟིས། །འཁོར་འདས་ཟིལ་གྱིས་གནོན་པ་གཏེར་བདག་གླིང་། །རིགས་ཀུན་བདག་པོ་ཁྱབ་བདག་རྡོ་རྗེ་འཆང་། །ཧེ་རུ་ཀ་དཔལ་དཔའ་བོ་སྤྱི་བོས་མཆོད། །མ་དག་གདོས་བཅས་ཕུང་ལྔ་དག་པའི་དབྱིངས། །འཇའ་ལུས་ཟུང་འཇུག་རྡོ་རྗེར་རྒྱས་བཏབ་ནས། །ལྷུན་གྲུབ་སྣང་བཞི་ཟད་སར་འཁྱོལ་བ་ཡི། །ལམ་འདིའི་གྲུབ་མཆོག་རྣམས་ཀྱང་ཕྱག་གི་གནས། །སྤང་བླང་ཡོངས་གྲོལ་ཆོས་སྐུ་ཀ་དག་གི །དགོངས་པ་ཟབ་གསང་ཐེག་པ་ཀུན་གྱི་རྩེ། །རྣམ་གསུམ་ཐུགས་ཀྱི་མནོག་ཆོས་ཨ་ཏི་ཞེས།། ཡང་གསང་རྫོགས་པ་ཆེན་པོའི་མན་ངག་བཅུད། །ཀུན་ཏུ་བཟང་པོའི་དགོངས་རྒྱན་གཅིག་པུ་ཉིད། །ཟབ་དོན་སྙིང་པོ་གསང་བའི་ཡང་བཅུད་ཀྱི། །གདམས་ཁྲིད་གསང་བ་ལས་ཀྱང་ཆེས་གསང་བ། །ཁྱབ་བདག་དྲིན་ཆེན་བླ་མའི་གསུང་བཞིན་བྲི། །དེ་ཡང་བོད་ཡུལ་གངས་རིའི་ལྗོངས་ཀྱི་པདྨ་འོད་ངེས་གསང་འོག་མིན་ཨོ་རྒྱན་སྨིན་གྲོལ་


MLP024_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་གི་ཉེ་འདབས་མཁའ་སྤྱོད་བདེ་ཆེན་གླིང་གི་དབེན་གནས་སུ་བདག་སོགས་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་དང་བདུན་ཅུ་སྐོར་གྱི་དབུས་སུ་ཁྱབ་བདག་དྲིན་ཆེན་རྩ་བའི་བླ་མ་མི་འགྱུར་དཔལ་གྱི་སྒྲོན་མ་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་ཀློང་ལས་གང་འདུལ་སྤྲུལ་པའི་ཆུ་ཟླ་མཚན་དཔེའི་ཆ་ཤས་ཡོངས་སུ་རྫོགས་པའི་རོལ་གར་གྱིས་དོན་དམ་ཀ་དག་གི་གནས་ལུགས་རྗེན་པ་མིང་ཚིག་གི་བརྗོད་པ་ཞལ་སྒོ་རྡོ་རྗེའི་མཆུ་སྒྲོས་ལ་བརྟེན་ནས་ཆོས་ཉིད་ཀྱི་སྒྲ་སྐད་གྲགས་སྟོང་གཞོམ་གཞིག་བྲལ་བ་ཚངས་པའི་དབྱངས་ཀྱི་རོལ་མོས་འདི་སྐད་ཅེས་བཀའ་སྩལ་ཏེ། འོ། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་སྐུ་ཚེ་འདི་ཉིད་ལ་ཅི་ནས་ཀྱང་འཐོབ་པར་བྱ། དེའི་ཆེད་དུ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་ཟབ་མོ་གསན་ནས་ཐུགས་ཉམས་སུ་བཞེས་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་རྒྱ་ཆེན་པོ་དང་ལྡན་པའི་སྒོ་ནས་གཞན་དུ་མ་ཡེངས་པའི་ཚུལ་གྱིས་གནས་ཀྱི་ཁང་པ་འདི་ཉིད་ཀྱང་འོག་མིན་མཐའ་བྲལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྒྱ་ཁྱོན་ཕྱོགས་ལྷུང་མེད་པ་ཟབ་ཞི་སྤྲོས་པ་དང་བྲལ་བའི་དབུས་སུ༑ རང་ལ་དམ་པའི་ཆོས་སྟོན་པའི་སློབ་དཔོན་ཉིད་ཀྱང་གང་ཟག་རང་རྒྱུད་པའི་རྣམ་པ་མིན་པར་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་ཅན་ཆོས་ཉིད་དོན་དམ་ཡེ་ཤེས་ཀྱི་སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། གསུང་གཞོམ་མེད་རྡོ་རྗེའི་སྒྲ་དབྱངས་གྲགས་སྟོང་སྐྱེ་བ་མེད་པས་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་ཆོས་ཀྱི་སྒྲ་ལྷང་ལྷང་སྒྲོག་པར་མོས་པ་དང་། ཐུགས་ཟག་མེད་ཀྱི་བདེ་བས་མྱོས་ཏེ་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་མཉམ་པར་འཇོག་ནུས་པའི་བདག་ཉིད་ཅན་དངོས་ཡིན་སྙམ་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་། དེ་བཞིན་གཤེགས་པའི་སྐྱེས་པའི་རབས་ཀྱི་རྒྱུད་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་དད་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་བཞིན། །ཞེས་དང་། དཀྱིལ་འཁོར་གྱི་ཆོ་ག་


MLP024_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འབྱུང་བ་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོས་ཉན་པར་བགྱི། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་ཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པ་ལྟར་ཡིན་པས་ན། དགེ་བའི་བཤེས་གཉེན་ལ་གུས་འདུད་དྲག་པོ་དང་ལྡན་པའི་སྒོ་ནས་གཞན་དུ་མ་ཡེངས་པའི་ཚུལ་གྱིས་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པར་གྱུར་པ་འདི་ཉིད་ནི། འོ་སྐོལ་རྣམས་ཀྱི་སྟོན་པ་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་གདུལ་བྱ་སེམས་ཅན་གྲངས་མེད་པ་ཞིག་གི་བསམ་པ་དང་། དབང་པོ་དང་། ཁམས་དང་མོས་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཞི་བ་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བཀའ་སྩལ་བར་མཛད་མོད། དེ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་དགུར་འདུ་སྟེ། ཇི་སྐད་དུ། ཡོད་ནི་གཅིག་ལས་མེད་པ་ལ། །བྱུང་ནི་ཐེག་པ་རིམ་དགུ་བྱུང་། །ཞེས་གསུངས། དེའང་བསྡུ་ན་ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་གསུངས་པ་ལྟར། རྒྱུ་ལ་ལམ་དུ་བྱེད་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་ལ་ལམ་དུ་བྱེད་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་གཉིས་སུ་ཡོད་ཅིང་། ཕྱི་མ་ལའང་གངས་ཅན་བོད་ཀྱི་ལྗོངས་འདི་གསང་སྔགས་གསར་རྙིང་ཞེས་པའི་ལུགས་སྲོལ་གཉིས་སུ་གྲགས་པ་ལས། འདིར་གསར་མ་ལས་སྤྱན་འདྲེན་པ་པོ་ཡོན་བདག ཕྱག་བཞེས་ཀྱི་གཙུག་ལག་ཁང་། འཆད་པ་པོ་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ཙཱ་བ། ཞུ་རྟེན་གྱི་མེ་ཏོག བརྗོད་བྱ་ཆོས་ཀྱི་ཁྱད་པར་ཏེ་ཆེ་བ་དྲུག་ལྡན་ཆོས་ཀྱི་སྒོ་ནས་འཕགས་པའི་གསང་སྔགས་རྡོ་རྗེ་ཐེག་པ་རྙིང་མ་ཡིན། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ༑ ཟབ་མོ་དག་སྣང་གི་རིམ་པ་ཇི་སྙེད་མཆིས་པ་ལས། འདིར་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེའང་ཤར་གཏེར་སྨིན་པ་འབྲས་བུ་ལྟ་བུ། ལྷོ་གཏེར་འདྲིལ་བ་སྡོང་པོ་ལྟ་བུ། ནུབ་གཏེར་གསལ་བ་མར་མེ་ལྟ་བུ། བྱང་གཏེར་རྒྱས་པ་པདྨ་ལྟ་བུ། དབུས་གཏེར་ཟུག་པ་རྩ་བ་ལྟ་བུ་ཞེས་རྩ་བའི་སྡེ་ཚན་ལྔ་ལས། འདིར་ནི་དབུས་གཏེར་ཟུག་པ་རྩ་བ་ལྟ་བུའི་


MLP024_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྡེར་གཏོགས་པ་ཐེག་པ་ཐམས་ཅད་ཀྱི་སྙིང་པོ། བསྟན་པ་ཐམས་ཅད་ཀྱི་རྩ་བ། གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་གལ་མདོ། མན་ངག་ཐམས་ཅད་ཀྱི་ཡང་སྙིང་ངམ་ཟབ་ཆ། ཐེག་པ་ཐམས་ཅད་ཀྱི་འཕྲོ་བའི་གཞིའམ་བཅུད་བསྡུས་པའི་སྙིང་པོ་ལྟ་བུར་གྱུར་པས་ན་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དང་རོ་གཅིག་ཏུ་གྱུར་པ། རྫོགས་པ་ཆེན་པོ་མན་ངག་སྡེའི་ཡང་རྩེ་ཚེ་གཅིག་ལུས་གཅིག་གིས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་ཆེན་པོ་ཁྱབ་བདག་གདོད་མའི་མགོན་པོ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་རིན་པོ་ཆེ་མངོན་དུ་བྱེད་པའི་མྱུར་ལམ་ཁྱད་པར་ཅན་དུ་གྱུར་པ་ཨ་ཏི་ཟབ་དོན་སྙིང་པོའི་གདམས་པ་ཟབ་མོ་འདི་ཉིད་ཀྱི་སྒོ་ནས་སྐལ་བ་ལྡན་པའི་སློབ་མ་རྣམས་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདེ་མྱུར་སྒོ་ནས་འཁྲིད་པར་བྱེད་པའི་རིམ་པ་ཟབ་མོ་དེ་ཉིད་འཆད་པ་སྐབས་སུ་བབ་པ་ཡིན། དེ་ལྟ་བུའི་གདམས་པ་དེ་སྟོན་པར་བྱེད་པ་ལའང་། ཉམས་ལེན་གྱི་སྒྲོམ་དུ་འཇུག་པ་དང་། ཉམས་སུ་བླང་བ་དངོས། མཇུག་གི་རིམ་པ་དང་གསུམ་དུ་ཡོད་པ་ལས། དང་པོ་ནི། རྩ་བའི་ཚིག་རྐང་ལས། བླ་མ་སློབ་མའི་མཚན་ཉིད་དང༔ གནས་དང་དུས་དང་ཡོ་བྱད་གྲོགས༔ ཞེས་གསུངས་པ་ལྟར་ལྔ་ལས། དང་པོ་འཆད་པ་པོ་བླ་མའི་མཚན་ཉིད་བསྟན་པ་ལ། བསྟེན་དུ་མི་རུང་བའི་བླ་མ་ནི། རྒྱུད་རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བློ་རྨོངས་ཚིག་ཕྱིར་འབྲེང་པ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་འཆལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་འདེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །ཅེས་པས། དེ་ཡང་གསང་ཆེན་རྡོ་རྗེ་ཐེ ག་པའི་སྙིང་པོའི་དོན་མི་ཤེས་ཤིང་ང་རྒྱལ་ཆེ་བ། བློ་རྨོངས་པས་གསང་སྔགས་ཀྱི་དོན་ལ་མི་དགོངས་པར་ཐ་སྙད་ཀྱི་ཚིག་ཕྱིར་འབྲེང་བ། རང་རྒྱུད་མ་དུལ་བའི་དབང་གིས་གཞན་གྱི་ཞེ་གཅོད་ཅིང་བསམ་པ་ངན་པས་སྙིང་པོའི་ས་བོན་རུལ་བ། ལོག་པའི་ལམ་


MLP024_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞུགས་ཤིང་རྡོ་རྗེ་ཐེག་པའི་དབང་གི་དཀྱིལ་འཁོར་ཞལ་མ་མཐོང་བ། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཏུ་གྱུར་ཅིང་སློབ་མས་དྲིས་པ་དག་ལ་ལན་མི་འདེབས། ཐོས་པ་ཆུང་ཞིང་ང་རྒྱལ་ཆེ་བ་སྟེ་དེ་འདྲའི་སློབ་དཔོན་ནི་སློབ་མའི་བདུད་ཡིན་པས་སྤང་བར་བྱ་དགོས་ལ། གང་བསྟེན་པར་བྱ་བའི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་དང་། ཀློང་གསལ་ལས། མཚན་ཉིད་ལྡན་པའི་བླ་མ་ཡིས། །དབང་བསྐུར་བས་ནི་སྡུག་བསྔལ་གྲོལ། །ཞེས་དང་། མན་ངག་འདི་ཉིད་ལས། དང་པོ་རྡོ་རྗེའི་བླ་མ་ནི། །དབང་ཐོབ་རྒྱལ་བའི་བཀའ་བཞིན་བྱེད། །ཟབ་དོན་རྟོགས་ཤིང་ཁོང་དུ་ཆུད། །ཕྱི་ནང་གསང་བའི་རྣམ་གཡེང་བྲལ། །བྱིངས་རྨུགས་སྐྱོན་བྲལ་དགོངས་པ་མཐོ། །ངེས་ཤིང་དག་པས་དབང་བསྐུར་བྱ། །ཕྱི་ཡི་རྣམ་གཡེང་འདུ་འཛི་དང་། །ནང་གི་རྣམ་རྟོག་ཡིད་བྱེད་དང་། །གསང་བ་ལྟ་བ་ཁ་འབྱམས་སྤང་། །ཞེས་པས། སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་གི་དོན་ལ་མཁས་ཤིང་གྲུབ་མཐའི་དབྱེ་བ་ཕྱེད་པ། བྱེ་བྲག་ལམ་འདི་ཉིད་ཀྱི་ཉམས་མྱོང་དྲོད་ཚད་དང་ལྡན་པ། མན་ངག་གི་དོན་སྟོན་པ་ལ་མཁས་ཤིང་ཆགས་སྡང་སོགས་ཚེ་འདིའི་འདུ་འཛིའི་གཡེང་བ་དང་བྲལ་བ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རིམ་གཉིས་ཀྱི་ཉམས་ལེན་མཐར་ཕྱིན་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆོས་ཉིད་མངོན་སུམ་གྱི་དོན་ཚད་ལ་ཕེབས་པ། དགོངས་པས་རང་རྒྱུད་གྲོལ་ཅིང་ཐུགས་རྗེས་གཞན་རྒྱུད་སྨིན་ནུས་པ་གནས་ལུགས་ཀྱི་དོན་ལ་ཤེས་རབ་ཟབ་མོས་སྒྲོ་འདོགས་ཆོད་པའི་ཡེ་ཤེས་ཀྱིས་སློབ་མས་དྲིས་པའི་ལན་ལ་མི་རྨོངས་པ་རྣམས་སོ། །འཆད་ཡུལ་སློབ་མའི་སྣོད་བརྟག་པ་ལ། དེའང་སྣོད་སྐྱོན་ཅན་ནི། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་།། དོན་མེད་འཆལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཞེས་པས། དེའང་


MLP024_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་གི་དོན་སྟོན་པའ་ིབླ་མ་དམ་པ་ལ་བཀུར་སྟི་ཕུ་དུད་མི་བྱེད་ཅིང་གསང་སྔགས་བག་ཡངས་སུ་འཆལ་བར་སྤྱོད་པ། རྒྱུ་ལ་སྤྱོད་པའི་རིགས་རྒྱུད་མེད་ཅིང་། ངང་རྒྱུད་མེད་པས་གསང་སྔགས་ཀྱི་སྣོད་དུ་མི་རུང་བ། གནས་ལུགས་ཟབ་མོའི་དོན་ལ་དཔྱོད་པའི་ཤེས་རབ་ཆུང་བ། བླ་མའི་བཀའ་དྲིན་དང་རྒྱུ་འབྲས་ཁྱད་དུ་གསོད་ཅིང་། དོན་མེད་དམ་ཚིག་འཆལ་བར་གྱུར་པ་སྟེ། དེ་འདྲ་བའི་སློབ་མ་ནི་སློབ་དཔོན་གྱི་བདུད་ཡིན་པས་སྤང་བར་བྱ་སྟེ། ཀློང་གསལ་ལས། ཡང་སྙིང་བཅུད་ཀྱི་ཐིགས་པ་འདི། །སྣོད་མིན་རྣམས་སུ་བླུགས་པ་ན། །སྣོད་ཆགས་བཅུད་འབོ་དམྱལ་བར་ལྟུང་། །ཞེས་གསུངས་པས། མཚན་ཉིད་དང་མི་ལྡན་པ་ལ་བསྟན་ན་དམ་ཅན་ཌཱ་ཀིའི་བཀའ་ཆད་འབྱུང་སྟེ། དངོས་གྲུབ་མེད་ཅིང་སྒྲོ་སྐུར་འབྱུང་བར་འགྱུར་རོ། །སྣོད་དང་ལྡན་པའི་སློབ་མའི་མཚན་ཉིད་ནི། ཐལ་འགྱུར་ལས། དད་པ་ཤེས་རབ་ལྡན་པ་དང་། །མོས་ཤིང་འཁྲུལ་ནོར་མེད་པ་དང་། །དབང་པོ་གསལ་ལ་བླ་མ་སྟེན། །ལྟ་བ་སྒོམ་པ་སྤྱོད་པ་ནི། །དད་པ་རབ་དང་བརྩོན་འགྲུས་ལྡན། །གཏོང་བར་ནུས་ཤིང་བླ་མར་གུས། །བརྟུལ་ཞུགས་ལྡན་ཞིང་སྡིག་ལ་འཛེམ། །འགྱུར་མེད་རབ་ཏུ་བརྟན་པོས་འཛིན།། ཞེས་དང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །སློབ་དཔོན་ཇི་སྐད་གསུང་བཞིན་བྱེད། །ཅེས་དང་། མན་ངག་འདི་ཉིད་ལས་ཀྱང་། གཉིས་པ་རྡོ་རྗེ་སློབ་མ་ནི། །འཇིག་རྟེན་བློ་སྤང་ཆོག་ཤེས་ལྡན། །ཆོས་ཕྱིར་རྟོག་པ་ཀུན་གཏོད་ནུས། །དབེན་པ་བསྟེན་ཅིང་ཉམས་ལེན་བརྩོན། །དེ་ལ་མན་ངག་འདི་ཡང་སྦྱིན། །ཞེས་གསུངས་པས། བླ་མ་དང་གདམས་ངག་ལ་ཡིད་རབ་ཏུ་སྤྲོ་ཞིང་དོན་དུ་གཉེར་བ་དང་བའི་དད་པ། བསྒྲུབ་བྱའི་འབྲས་བུ་ལ་ཆེད་དུ་གདུང་བ་འདོད་པའི་དད་པ། ཐེ་ཚོམ་མི་བྱེད་པ་ཡིད་ཆེས་ཀྱི་དད་པ། ཉེ་ཚེ་བའི་རྐྱེན་གྱིས་མི་འཕྲོག་པ་མཐར་ཐུག་གི་དད་པ་སྟེ་བྱིན་རླབས་འཇུག་པའི་རྒྱུ་ཚང་བ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་ཕྱི་བཤོལ་དང་ཐང་ལྷོད་མེད་པའི་སྙིང་སྟོབས་ཀྱི་དམ་བཅའ་བརྟན་པ། གནས་ལུགས་ཟབ་


MLP024_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་དོན་ལ་དཔྱོད་པའི་ཤེས་རབ་གསལ་བས་ཉམས་རྟོགས་སྐྱེ་སླ་བ། ཟས་གོས་སོགས་སྲིད་པའི་བདེ་འབྱོར་ལ་འཛིན་ཆ་ཤས་ཆུང་བ། བླ་མ་དང་ལྷག་པའི་ལྷ་ལ་ཕུ་དུད་ཆེ་བས་བྱིན་རླབས་འཇུག་པའི་སྒོ་ཚང་བ། གསང་སྔགས་ཀྱི་ལམ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་ཟབ་མོའི་སྤྱོད་པ་ལ་འཇུག་ནུས་པ། ཆགས་སྡང་རྨོངས་གསུམ་སོགས་ཐ་མལ་གྱི་རྣམ་རྟོག་ལ་སེམས་མི་འཇུག་པས་གཡེང་བ་དང་བྲལ་བ། རྩ་བ་དང་ཡན་ལག་གི་དམ་ཚིག་གཉེར་དུ་བླངས་པ་ལས་མི་འདའ་བའི་དམ་བཅའ་བརྟན་པ། ཟབ་མོའི་ལམ་སྒོམ་པ་ལ་སྐྱོ་ངལ་མེད་ཅིང་། བླ་མས་ཇི་ལྟར་གསུངས་པ་ལས་མི་འདའ་བ་སྟེ། མཚན་ཉིད་དེ་ལྡན་གྱི་སློབ་མ་ཉིད་འཆད་ཡུལ་དུ་གཟུང་བར་བྱ་དགོས་ཤིང་། དེ་ལྟ་བུའི་སློབ་མས་བླ་མ་མཉེས་པར་བྱ་བའི་ཚུལ་ནི། ཀློང་གསལ་ལས། རིན་ཆེན་བུ་ཆུང་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །ཞེས་དང་། ཡོན་ཏན་བདུད་རྩི་རྒྱ་མཚོ་འབྱུང་བའི་རྒྱུད་ལས། ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་རིན་ཆེན་སྤྲས་པ་ཡི། །སྟོང་གསུམ་གང་བ་ཕུལ་བས་ཀྱང་།། བླ་མའི་བ་སྤུ་ཉག་གཅིག་ལ། །མར་གྱི་ཐིགས་པ་གཅིག་བྱུག་ན། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །ཅེས་དང་། ཐལ་འགྱུར་ལས། འཁོར་དང་ལོངས་སྤྱོད་རྣམས་ཀྱི་རྟེན། །ལུས་ངག་ཡིད་ཀྱི་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉེས་པ་སྟེ། །སྟོན་པ་དེ་ལ་ཡོན་ཏན་ནི། །དཔག་བསམ་ཤིང་དང་རིན་ཆེན་གཏེར། །འདོད་པའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ།། ཞེས་དང་། རང་ཤར་ལས། དེ་ལྟར་མན་ངག་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །ཞེས་གསུངས་ཤིང་། གཞན་ཡང་ལུས་ཀྱིས་མཉེས་པར་བྱ་བ་ནི། བདུད་རྩི་འབྱུང་བ་ལས། གལ་ཏེ་བླ་མ་ལ་གནོད་པའི། །མ་རུངས་སེམས་ནི་བརྩམས་པ་ལ། །བདག་ཉིད་ཀྱིས་ནི་གསོད་བྱས་ན། །སེམས་ཅན་འབུམ་གྱི་སྲོག་སྐྱོབ་པས། །བསོད་ནམས་འདི་ཡི་ཆར་མི་ཕོད། །བླ་མའི་བྱ་བ་རྫོགས་བྱས་ན། །འདི་ཡང་དེ་དང་མཉམ་པའོ། །ཞེས་དང་། ངག་གིས་མཉེས་པར་བྱ་བ་ནི། སངས་རྒྱས་རྣམས་ཀྱིས་


MLP024_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཆོས། །བསྐལ་པ་བརྒྱ་ཕྲག་མང་པོར་ཡང་། །སུ་ཡིས་བཀླགས་ཤིང་བརྗོད་པ་ལས། །བསོད་ནམས་འབུམ་ཕྲག་བསམ་ཡས་སོ། །ཞེས་དང་། ཡིད་ཀྱིས་མཉེས་པར་བྱ་བ་ནི། ཡོན་ཏན་ལྡན་ན་དད་པ་མཆོག །སྟོང་གསུམ་གང་བའི་སངས་རྒྱས་ལ། །མཆོད་པ་སྟོང་གསུམ་མཆོད་པ་བས། །འདི་ཡི་མཉེས་པ་ཆར་མི་ཕོད། །ཅེས་གསུངས་པ་ལྟར་ཡིན་པས་ན། ཇི་གསུང་དང་ཅི་མཉེས་ཀྱི་སྒོ་ནས་ལུས་ངག་ཡིད་གསུམ་གཡོ་ཟོལ་མེད་པའི་རྟག་ཏུ་མི་བརྗེད་དྲན་པའི་རྩི་ཡིས་བཟུང་སྟེ། རང་གི་བླ་མ་ཉིད་ཁོང་པའི་སྙིང་དང་གཙུག་གི་ནོར་བུ་བཞིན་མི་འབྲལ་བར་བསྟེན་པར་བྱའོ། །དེ་ལྟ་བུའི་མཚན་ཉིད་ལྡན་པའི་སློབ་མ་དེ་བླ་མས་ཀྱང་དབང་པོའི་རིམ་པ་དང་གོ་བསྟུན་ལ་མན་ངག་གི་གནད་ཅི་རིགས་པས་རྗེས་སུ་བཟུང་བར་བྱའོ། །གཉིས་པ་གནས་ཀྱི་མཚན་ཉིད་བསྟན་པ་ནི། སྤྱིར་སྒྲུབ་པའི་གནས་ནི་ཡིད་དང་མཐུན་པ༑ དགྲ་རྐུན་སོགས་ཀྱི་འཚེ་བ་མེད་ཅིང་སྐྱེ་བོའི་རྒྱུ་འགྲུལ་དང་ཅ་ཅོ་སོགས་ཀྱི་རྣམ་གཡེང་ཆུང་བ། ས་ཕྱོགས་བཀྲ་ཤིས་ཤིང་། གཞི་བདག་ཆོས་ལ་དཀར་བ། བླ་མ་དང་མཁའ་འགྲོ་དང་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའི་གནས། གངས་རིའམ། གཡའ་རིའམ། དུར་ཁྲོད་དམ། མཚོ་གླིང་ངམ། ནགས་ཁྲོད་དང་ལུང་སྟོང་བྲག་རི་ལ་སོགས་པ་རང་བཞིན་གྱིས་རིག་པ་དྭངས་ཤིང་། ས་ཕྱོགས་མཐོ་བ། ཤར་གྱི་མདངས་ཕྲོགས་ཤིང་། ནུབ་ཀྱི་ཟེར་སྡུད་པ་ཞེས་ཉི་མ་སྔ་མོ་འཆར་ཞིང་ཕྱི་མོར་ནུབ་པས་ཉི་ཚེ་རིང་བ། ཆུ་འཇམ་ཞིང་ཉམས་དགའ་བ། མཐུན་རྐྱེན་ཐམས་ཅད་རྙེད་པར་སླ་བའི་གནས་སུ་བསྒྲུབ་སྟེ། ཀློང་གསལ་ལས། ལུང་སྟོང་གངས་ཁྲོད་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་ཞིང་དྭངས་མཐོ་བསིལ་བའི་སར།། སྐལ་ལྡན་སྐྱེས་བུས་ཉམས་ལེན་བྱེད་པའི་གནས། །བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ། །མཚན་ལྡན་གནས་བྲལ་རྐྱེན་དབང་ཉིད་དུ་འགྱུར། །ཞེས་སྐྱོན་དང་ཡོན་ཏན་གསུངས་སོ། །གསུམ་པ་དུས་ཀྱི་མཚན་ཉིད་ནི། དུས་དང་ཚེས་གྲངས་གཟའ་སྐར་སོགས་བཟང་བ་


MLP024_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་དགོས་ཤིང་ཁྱད་པར་ཐོད་རྒལ་བསྒོམ་པའི་དུས་ནི། ཀློང་གསལ་ལས། ངོ་སྤྲོད་དུས་ཀྱི་ཁྱད་པར་ནི། །མཁས་པས་དུས་གནད་བཙལ་བར་བྱ། །ཞེས་དང་། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། །ཞེས་གསུངས། དུས་དེར་བསིལ་དྲོད་སྙོམས་པའི་དབང་གིས་བྱིངས་རྨུགས་ཀྱི་རྐྱེན་ཉུང་ཞིང་། བྱེ་བྲག་འཆར་ནུབ་ཀྱི་ཟེར་གཉིས་ཏེ། ཡེ་ཤེས་འཆར་བའི་རྐྱེན་དུ་འགྱུར་བས་ངོ་སྤྲོད་ཀྱི་དུས་སུ་བཤད་པའོ། །དེ་ལས་ལྡོག་པ་ནི། མཁས་པས་དུས་གནད་བསྟེན་པར་མ་བྱས་ན། །ངོ་བོ་འགགས་ཤིང་ཉམས་ལེན་འཕེལ་དང་བྲལ། །ཞེས་བཤད་པ་ལྟར་རོ། །བཞི་པ་ཡོ་བྱད་བསག་པ་ནི། འཚོ་བའི་ཡོ་བྱད་ཟས་སྐོམ་དང་གོས་སྟན། བསྟེན་པའི་ཡོ་བྱད་དམ་རྫས། མཁོ་བའི་ཡོ་བྱད་རྡོ་རྗེ་དྲིལ་བུ་སོགས། མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་གྱི་རྫས། ཁྱད་པར་གྱི་ཡོ་བྱད་དབང་ཡོན་དང་གཏོར་ཚོགས་ཀྱི་རྒྱུ་ལ་སོགས་པ་མདོར་ན་གང་གི་ཕྱིར་ཡང་གནས་སྐབས་དེ་དག་ཏུ་བྲེལ་མི་དགོས་པར་གོང་དུ་ཚོགས་པར་བྱ་བ་སྟེ། ཀློང་གསལ་ལས། གསང་སྔགས་ཐབས་ཀྱི་ལམ་ཡིན་ཕྱིར། །རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསག །ཅེས་དང་། ཕྱག་རྟེན་མེ་ཏོག་དབང་ཡོན་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་སོ་བཙལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར། །ཞེས་གསུངས་སོ། །ལྔ་པ་གྲོགས་ཀྱི་མཚན་ཉིད་ནི། ཀློང་གསལ་ལས། དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔ་ཤུགས་ཆུང་བློ་ལྡན་ཁོངས་ཡངས་པ། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས། །དམ་པའི་གྲོགས་ཀྱིས་ཆོས་ལྡན་བྱང་ཆུབ་ཐོབ། །ཅེས་པས་ཟབ་ལམ་བསྒོམས་པའི་ཉམས་མྱོང་ཅན་ནམ། མིན་ཡང་རྒྱུད་ཞི་དུལ་དང་ལྡན་ཞིང་། དམ་ཚིག་གཙང་བ། དག་སྣང་འབྱོངས་ཤིང་ཉོན་མོངས་ཤས་ཆུང་བ། བརྩེ་སེམས་ཆེ་བས་མཐུན་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པ་ཉིད་བསྟེན་པར་བྱའོ། །དེ་ལྟར་ཉམས་ལེན་གྱི་སྒྲོམ་དུ་འཇུག་པའི་ཆ་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པའི་


MLP024_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་ནས། ད་ནི་ལམ་གྱི་རིམ་པ་དངོས་ཇི་ལྟར་ཉམས་སུ་བླང་པ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་ཁྲིད་དང་གསུམ། དང་པོ་ལའང་ཐུན་གྱི་སྔོན་འགྲོ་དང་། ལམ་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་གཉིས་ལས། དང་པོ་ཐུན་གྱི་སྔོན་འགྲོ་ནི། དེའང་སྐྱེ་བོའི་རྒྱུ་འགྲུལ་དང་སྒྲའི་ཀླག་ཅོར་ལ་སོགས་པ་བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པ་ཉིད་དུ་བདེ་བའི་སྟན་ལ་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་ལྡན་མི་གཡོ་བར་དྲང་པོར་བསྲང་སྟེ། དེའང་རྐང་པ་གཉིས་གཡོན་འོག་དང་གཡས་སྟེང་དུ་བྱས་པའི་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལག་པ་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་ཏེ་ཁུ་ཚུར་བརྐྱངས་པ་བརླ་གཡས་གཡོན་གཉིས་ཀྱི་ཁུག་པར་བཞག ལག་ཡུ་དྲང་པོར་བསྲང་། དཔུང་མགོ་གྱེན་ལ་འཐེན། ལྟོ་བ་མདུན་དུ་ཕུལ། སྒལ་ཚིགས་གསེར་གྱི་དོང་རྩེ་ལྟར་བརྩེགས། ལྟག་རྩ་བསྲང་སྟེ། མགྲིན་པ་ཨོལ་ཀོས་ཨོལ་མདུད་མནན། མིག་མིག་འབྲས་མི་རྒྱུ་ཞིང་རྫི་མ་ཐབ་ཐིབ་མི་བྱེད་པར་སྣ་རྩེའི་ཐད་ཀྱི་བར་སྣང་ལ་ཅེ་རེ་བཞག མགོ་བོ་ཡ་ཡོམ་མེད་པར་གཟེང་བྱ་ཞིང་ལུས་ཀྱི་ཆ་ཐམས་ཅད་ཧྲིལ་གྱིས་བསྒྲིམས་ལ་འཇོག་དགོས་ཏེ། དེའི་རྒྱུ་མཚན་ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་སྲང་དང་འདྲ། རླུང་རྟ་དང་འདྲ། རྣམ་ཤེས་མི་ཞ་བོ་དང་འདྲ་བས་བྱེད་པ་བཅིངས་ན་གསང་སྒོ་ཁེགས་པས་མི་རྟ་ནང་དུ་ཚུད་དེ་འགྲོ་མི་ཐུབ་པ་དང་འདྲ་སྟེ། དཔེར་ན་སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུར་ན་མི་གསལ་བ་དང་འདྲ་བས་ན་ལུས་ཀྱི་གནད་དང་ཆུན་ཁྱེར་ཡོང་པའི་ཐབས་བྱས་པས་ཡེ་ཤེས་ཀྱི་སྣང་བ་རྣམས་གོང་ནས་གོང་འཕེལ་དུ་འགྱུར་ཏེ་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བའི་དགོས་པ་ཁྱད་པར་ཅན་ཡོད་ཅེས་གསུངས། དེ་ལྟར་ལུས་གནད་དེ་ཁྲིག་གེ་བཅས་ཟིན་མཚམས་དེ་ནས་ཐུན་ཐོག་མ་འདིར་རླུང་རོ་དགུ་ཕྲུགས་དང་། འོག་མ་རྣམས་སུམ་ཕྲུགས་སུ་བསལ་བ་སྟེ། དེའང་དང་པོ་སྣ་བུག་གཡོན་ནས་ཆུང་འབྲིང་ཆེ་གསུམ། དེ་ལྡོག་གཡས་ནས་གསུམ། གཉིས་ཀ་ཕྲུགས་གཅིག་ཏུ་ཆུང་འབྲིང་ཆེ་གསུམ་སྟེ་དགུ་ཕྲུགས་བསལ། དེའི་ཚེ་དམིགས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་བསགས་


MLP024_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡིག་སྒྲིབ་གེགས་དང་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་འུབ་ཀྱིས་འདུས་ནས་སྣ་སྒོའི་རླུང་དང་འགྲོགས་ཏེ་ཕྱིར་སང་སང་སོང་བས། མདོར་ན་ལུས་ནང་བཤལ་པ་ལྟར་གྱུར་སྙམ་དུ་བསམ་མོ། །འདི་ནི་དཔེར་ན་བཅུད་བཟང་པོ་ཞིག་བླུག་པར་བྱེད་པ་ལ་སྔ་ལོགས་སུ་སྣོད་བཀྲུ་བཤལ་བྱེད་པ་དང་འདྲ་གསུངས། དེ་ནས་སེམས་ཀྱི་གནད་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མན་ངག་རྫོགས་པ་ཆེན་པོའི་གདམས་པ་ཟབ་མོ་འདི་ཉིད་ཉམས་སུ་བླང་སྙམ་དུ་སེམས་བསྐྱེད་དུང་བ་ཞིག་སྔོན་དུ་བཏང་རྗེས། རང་གི་སྤྱི་བོར་རྟོག་པའི་མཐའ་བརྒྱད་རྣམ་པ་དག་པའི་རང་བཞིན་ཅན་གྱི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་ཟེ་ཕོལ་དང་བཅས་པའི་སྟེང་དུ་ཐབས་དང་ཤེས་རབ་མཚོན་བྱེད་ཉི་ཟླའི་དཀྱིལ་འཁོར་རྣམས་རེག་ལ་མ་འབྱར་བའི་ཚུལ་དུ་གསལ་བཏབ། དེ་རྣམས་ལ་གསལ་སྣང་ཐོན་བྱུང་བ་དང་། དེའི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་ཉིད་རྒྱུན་གྱི་སྐུའི་རྣམ་པ་ཅན་ཕྱག་གཉིས་ཆོས་འཆད་དམ་མཉམ་བཞག་གི་ཕྱག་རྒྱ་གང་བདེ་བར་བཞུགས་ཤིང་གཟི་བྱིན་མཆོག་ཏུ་འབར་བའི་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པའི་སྐུ་ཅན་དུ་ལམ་གྱིས་གསལ་གདབ། དེའང་ལས་དང་པོ་པས་ཐོག་མར་ཙབ་ཙུབ་ཅི་དྲག་མང་པོ་མི་བསམ་པར་ལམ་གྱིས་གསལ་བཏབ་སྟེ་རྩེ་གཅིག་ཏུ་བསྒོམ་པར་བྱ། དེ་ལ་གསལ་སྣང་ཐོན་བྱུང་བ་དང་། མོས་གུས་གདུང་ཤུགས་དྲག་པོས་ངག་ཏུ། དཔལ་ལྡན་རྩ་བའི་བླ་མ་སོགས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་གྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་འདེབས་ཀྱི་རིམ་པ་དེ་ཉིད་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ་ནས་ཉུང་མཐའ་གསུམ་གྱིས་བརྟེན་པ་སོགས་མདོར་ན་མོས་གུས་ཀྱི་རྟོགས་པ་གོང་ནས་གོང་དུ་འཕེལ་བར་མ་གྱུར་པ་དེ་སྲིད་དུ་འདོད་པའི་དོན་ཞེ་ཐག་པ་ནས་གསོལ་བ་ཕུར་ཚུགས་སུ་བཏབ་རྗེས། བླ་མ་ཉིད་ཐུགས་དགྱེས་པ་ཆེན་པོས་སྐུ་འོད་ལྔའི་གོང་བུར་ལྟེམ་གྱིས་ཞུ་ནས་རང་


MLP024_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྤྱི་བོ་ནས་སྙིང་དབུས་སུ་སིབ་ཀྱིས་ཐིམ་སྟེ་རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་གཉིས་སུ་འཛིན་པའི་རྟོག་པ་དང་ཕྲལ་ཏེ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་མཉམ་བཞག་ཅི་གནས་སུ་བྱས་རྗེས། མཐར་དགེ་བ་འདི་ཡིས་སོགས་ཀྱིས་དགེ་བ་བསྔོ་བ་དང་བཅས་བྱ། འདི་ནི་གཞུང་དངོས་ན་མི་གསལ་ནའང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱག་བཞེས་སུ་ཐུན་ནམ་བསྒོམ་རེ་བཞིན་གྱི་སྔོན་འགྲོ་མགོ་འཛིན་གྱི་ཚུལ་དུ་གཏོང་བ་ཡིན་ནོ། །དེ་ནས་གཉིས་པ་ལམ་གྱི་སྣོད་རུང་དུ་དབྱེ་བའི་སྔོན་འགྲོ་ལ། ཐུན་མོང་གི་ཐེག་པའི་ལམ་སྟེགས་བསྟན་པའི་ཁྲིད་དང་། ཐུན་མོང་མ་ཡིན་པའི་ལམ་གྱི་གཞི་བཅའ་བ་གཉིས་སུ་ཡོད་པ་ལས། དེའང་དང་པོ་རྩ་བར། དལ་འབྱོར་རྙེད་དཀའ་འཇིག་པར་སླ། །འཁོར་བའི་ཉེས་དམིགས་རྒྱུ་འབྲས་དང་། །སྐྱབས་འགྲོ་སེམས་བསྐྱེད་སྡིག་པ་སྦྱོང་། །ཚོགས་བསགས་གསོལ་གདབ་དབང་བླང་བ། །བཅུ་ཡིས་ཐུན་མོང་ལམ་སྟེགས་བསྟན། །ཅེས་གསུངས་པས་ནི༑ དེ་ལ་དང་པོ་དལ་འབྱོར་རྙེད་པར་དཀའ་བ་བསམ་པ། གཉིས་པ་འཆི་བ་མི་རྟག་པ་བསམ་པ། གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ། བཞི་པ་ལས་འབྲས་སྨིན་ཚུལ་བསམ་པ། ལྔ་པ་ཐེག་པ་སྤྱིའི་རྨང་རྡོ་སྐྱབས་སུ་འགྲོ་བ། དྲུག་པ་ཐེག་ཆེན་རྩ་བ་སེམས་བསྐྱེད་པ༑ བདུན་པ་སྡིག་སྒྲིབ་སྦྱོང་བར་བྱེད་པའི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས། བརྒྱད་པ་ཚོགས་གཉིས་རྫོགས་ཐབས་མཎྜལ། དགུ་པ་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར། དེའི་ཞར་བྱུང་ལ་དབང་བླང་བའི་རིམ་པ་དང་བཅུའོ། །དེ་ལ་དང་པོ་དལ་འབྱོར་རྙེད་དཀའ་བ་ནི་འདི་ལྟར་བསམ་པར་བྱ་སྟེ། འོ་བདག་གིས་ད་རེས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཡང་ཡང་རྙེད་པར་དཀའ་ཞིང་། རྙེད་ན་དོན་ཆེན་པོ་དང་ལྡན་པ་འདི་ཉིད་ད་རེས་ཙམ་དུ་ཐོབ་པའི་དུས་འདིར་ཆུད་ཟོས་དང་སྟོང་ལོག་ཏུ་མ་སོང་བར་དལ་འབྱོར་ལ་སྙིང་པོ་ལོན་ངེས་པའི་དམ་པའི་ཆོས་གཤའ་མ་ཞིག་ནི་ངེས་པར་བྱེད་དགོས་པར་འདུག་སྟེ། དེ་ལ་དལ་བ་བརྒྱད་ཇི་ལྟར་ཐོབ་པའི་ཚུལ་ནི༑ བརྒྱད་སྟོང་འགྲེལ་ཆེན་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་


MLP024_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ནི༑ ༑ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམས་བརྒྱད། །ཅེས་གསུངས་པས། དེའང་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་དུ་སྐྱེས་ན་ནི་དུས་རྟག་ཏུ་སྡུག་བསྔལ་གྱི་སྣང་བ་ཁོ་ནས་བྲེལ་ཏེ་ཆོས་བྱེད་མི་ཁོམ། ལྷ་ཚེ་རིང་པོ་དཔལ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པས་འཁོར་བ་ལ་ངེས་པར་འབྱུང་པའི་བློ་ཤུགས་མེད་པས་ཐོས་བསམ་གྱི་རྟེན་འགགས་པ་སྟེ་ཕྱིའི་མི་ཁོམ་པའི་གནས་བཞི་དང་། གལ་ཏེ་མིར་སྐྱེས་ཀྱང་བསྟན་པ་ལ་འཇུག་པའི་བློ་མེད་པའི་ཀླ་ཀློ་དང་། ལས་འབྲས་ལ་ཡིད་མི་ཆེས་པས་སྒྲོ་སྐུར་གྱི་མཐར་ལྷུངས་པའི་ལོག་ལྟ་ཅན་དང་། ཚིག་དོན་ལ་བརྡའ་སྤྲོད་པའི་ནུས་པ་མེད་པའི་ལྐུག་པ་དང་། སངས་རྒྱས་ཀྱིས་སྟོངས་པའི་ས་ཞེས་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་པའི་མུན་པའི་བསྐལ་བ་དང་བཞིར་སྐྱེས་པ་ནི་ནང་གི་མི་ཁོམ་པ་བཞི་སྟེ། བདག་དེ་བརྒྱད་པོ་གང་དུའང་མ་སྐྱེས་ཤིང་དལ་བ་ཐོབ་པ་འདི་རེ་འཚེང་སྙམ་དུ་དལ་བ་བརྒྱད་ཐོབ་པ་ལ་སྤྲོ་བ་དང་བཅས་ཏེ་ཆོས་ལ་བརྩོན་པར་རིགས་ཤིང་། དེར་མ་ཟད་འབྱོར་པའི་ཆོས་བཅུ་ཡང་ཚང་སྟེ། དེའང་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལས། དང་པོ་རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པས། བདག་ལྷ་ཆོས་ཀྱི་རྟེན་མི་ལུས་རིན་པོ་ཆེ་ཐོབ། བསྟན་པ་གནས་པའི་ཡུལ་དབུས་སུ་ནི་སྐྱེས། སྒོས་ཐོས་བསམ་གྱི་རྟེན་མིག་ལ་སོགས་པའི་དབང་པོའི་སྒོ་ལྔ་པོ་ནི་སྐྱོན་མེད་བཀྲ་བར་ཚང་། འཇུག་པའི་སྒོ་དད་པའི་གནས་སུ་འོས་པ་ལ་དད་པས་མུ་སྟེགས་ལ་སོགས་ཕྱིན་ཅི་ལོག་གི་ལམ་གྱི་རྗེས་སུ་མ་ཞུགས་པ་ལས་མཐའ་མ་ལོག་པས་ལམ་གྱི་མཐུན་རྐྱེན་ཐམས་ཅད་ཚང་བ་སྟེ་རང་འབྱོར་ལྔ་དང་། དེར་མ་ཟད་གཞན་གྱི་འབྱོར་བ་ལྔ་ཡང་ཚང་འདུག་སྟེ། དེ་ཡང་རང་འབྱོར་ལྔ་ཚང་ཡང་གཞན་ལྔ་མ་ཚང་ན་དཔེར་ན་ནུབ་མོ་མར་མེ་མེད་ན་མི་མཐོང་བ་བཞིན་ཏེ། དེ་ལ། སངས་རྒྱས་འབྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པས་སྟོན་པ་སངས་རྒྱས་ལོ་ཀའི་ཁམས་སུ་བྱོན། དེས་ལམ་ཐར་པ་དམ་པའི་ཆོས་གསུངས། དེའི་བསྟན་པ་ད་ལྟ་མ་ནུབ་ཙམ་དུ་གནས། དེའི་རྗེས་སུ་འཇུག་


MLP024_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གང་ཟག་ཀྱང་ཡོད། དེས་ཀྱང་སྙིང་རྗེས་གཞན་རྗེས་སུ་འཛིན་ནུས་པར་འདུག གཞན་ཡང་རང་ལ་ཟས་གོས་མཐུན་རྐྱེན་སྦྱོར་བ་པོ་རྣམས་ཀྱང་ཡོད་སྙམ་དུ་བསམ་པའོ། །དེ་ལྟར་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་ནི། རྒྱུ་རྐྱེན་དཔེ་གྲངས་གང་ལ་བརྟགས་ཤིང་དཔྱད་ཀྱང་ངེས་པར་རྙེད་དཀའ་སྟེ། རྒྱུ་ཡི་སྒོ་ནས་རྙེད་པར་དཀའ་བ་ནི་སྔོན་ཆད་རང་ཅག་གི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་ལ་བརྟེན་ནས་ཐོབ་པ་ཡིན་ཏེ། དབུ་མ་འཇུག་པར། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་ཤིང་། དེས་ན་སེམས་ཅན་གྱི་ནང་ན་སྡིག་པའི་ལས་གསོག་པ་ཆེས་མང་། དགེ་བ་བྱེད་པ་ནི་ཆེས་ཉུང་། དེའི་ནང་ནས་ཀྱང་མི་ལུས་འཕེན་ནུས་ཀྱི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་སེན་མོའི་སྟེང་གི་རྡུལ་བས་ཀྱང་དཀོན་པས་ནས་སྤྱིར་མི་ལུས་རྙེད་དཀའ་བ་དང་། ཁྱད་པར་ཆོས་ལྡན་གྱི་མི་ལུས་འདི་འདྲ་རྙེད་པ་ནི་རྒྱུ་བསོད་ནམས་ཀྱི་ཚོགས་མང་པོ་ཞིག་བསགས་པའི་མཐུ་ལས་གྲུབ་པོ་སྙམ་དུ་བསམ། རྐྱེན་གྱི་སྒོ་ནས་ཀྱང་རྙེད་དཀའ་སྟེ། བདག་ད་རེས་བླ་མ་དགེ་བའི་བཤེས་གཉེན་གྱིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་རྗེས་སུ་བཟུང་། རང་གིས་སྒོམ་ནུས་ན་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་ངེས་གདམས་པའི་མན་ངག་ཟབ་མོ་དང་ནི་མཇལ། དེས་ན་རང་ཅག་རྣམས་གསང་སྔགས་ཟབ་མོའི་ཆོས་སྒོར་ནི་ཞུགས། ཆོས་བྱེད་པའི་དབང་ཡོད། བྱེད་པའི་རྒྱུ་རྐྱེན་རྟེན་འབྲེལ་ཐམས་ཅད་ཕུན་སུམ་ཚོགས་པ་སྟེ། གཙོ་བོར་རང་གིས་འཆི་ཁ་སྨོན་ལམ་བཟང་པོས་མཚམས་སྦྱོར་བ་ཁོ་ནའང་རག་ལས་པར་འདུག་སྙམ་དུ་བསམ། དཔེའི་སྒོ་ནས་ཀྱང་རྙེད་པར་དཀའ་སྟེ། གཉའ་ཤིང་བུག་པ་གཅིག་པ་དང་རུས་སྦལ་ཞར་བ་འཕྲད་པ་དང་མཚུངས་ཏེ། དེའང་ཕྱིའི་རྒྱ་མཚོ་ཆེན་པོ་ན་གཉའ་ཤིང་བུག་པ་གཅིག་པ་ཞིག་ཡོད་ལ། རུས་སྦལ་ཞར་བ་ཞིག་གིས་ལོ་བརྒྱ་བརྒྱ་ནས་སྐེ་སྲིང་བ་ལན་རེ་བྱས་ཏེ་བུག་པའི་ནང་དུ་མགྲིན་པ་ཨེ་ཚུད་ལྟ་བ་དང་ཆོས་མཚུངས་ཏེ། དེ་འདྲ་ཚུད་དཀའ་བ་ཅིའི་ཕྱིར་ན། ཤིང་དེ་ལ་བུག་པ་མང་པོ་ཞིག་ཡོད་ན་གཅིག་ལ་མ་ཐར་ཡང་གཅིག་ལ་ཐར་སྲིད་མོད། བུག་པ་ནི་གཅིག་ལས་མེད། དེ་གཅིག་ཏུ་སྡོད་པ་ཞིག་ཡིན་


MLP024_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཚུད་སླ་མོད། ཤིང་དེ་ནི་སྲིད་པའི་རླུང་དང་ཆུ་བོའི་རླབས་ཀྱིས་བསྐྱོད་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་འགྲོ། རུས་སྦལ་ཁོས་མིག་མ་ཞར་ན་བལྟས་མོད་དེ། མིག་ནི་ཞར་ནས་མེད། དེ་ཡང་ཡང་བལྟ་བ་ཞིག་ཡིན་ན་སྐབས་འགའ་ཞིག་ཏུ་ཆུད་པ་ཡིན་མོད། ལོ་བརྒྱ་བརྒྱ་ནས་སྐེ་བསྲིང་བ་ལན་རེ་ལས་མི་བྱེད་དོ། །འོ་དེ་དངོས་སུ་ཡོད་པ་ནི་མ་ཡིན་ཏེ། རང་ཅག་རྣམས་ཀྱི་མི་ལུས་རྙེད་དཀའི་དཔེ་དང་མཚུངས་པར་བསྟན་ཏེ། ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གནས་གཉའ་ཤིང་བུག་པ་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་འོ་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས། གཞན་ཡང་འདམ་ཞལ་ངོས་ལ་སྲན་མའི་ཕུང་བོ་ཇི་སྙེད་ཅིག་གཏོར་ཀྱང་གཞན་རྐྱེན་འཛོམས་ན་རེ་གཉིས་ཙམ་སྡོད་པ་ཨེ་སྲིད། ཕལ་ཆེར་མི་གནས་པ་དང་། གཞན་ཡང་ཨུ་དུམ་ཝ་རའམ། དགུན་གྱི་མེ་ཏོག་གམ། ཉིན་མོའི་སྐར་མ་སོགས་དང་མཚུངས་པའོ་སྙམ་དུ་བསམ། གྲངས་ཀྱི་སྒོ་ནས་རྙེད་དཀའ་སྟེ། འཇིག་རྟེན་གྱི་ཁམས་ན་མིས་བདག་ཏུ་བཟུང་བ་དང་མ་བཟུང་བའི་དུད་འགྲོ་བྱ་རི་དྭགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འདི་ཙམ་ཞིག་མཆིས་མོད། དེ་ལས་རྒྱ་མཚོ་ཆེན་པོའི་བྱིངས་ན་གནས་པའི་དུད་འགྲོ་ཆེས་མང་སྟེ་ཆང་འགག་གི་སྦང་མ་ལྟ་བུ་ཡོད། དེར་མ་ཟད་དབྱར་དུས་གྲོག་སྦུར་སྦྲང་མ་སོགས་ས་གཞི་རི་ཀླུང་བར་སྣང་ཐམས་ཅད་ཁེངས་པ་ཙམ་དུ་འདུག་མོད། དེ་བས་ཀྱང་མང་བ་ཡི་དྭགས་ཀྱི་ཡུལ་ན་ཡོད། དེ་བས་ཀྱང་མང་བ་དམྱལ་ཁམས་བཅོ་བརྒྱད་ན་ཡོད་པས་དེ་ལ་ལྟོས་ན་རང་ཅག་ལྷ་མིའི་འགྲོ་བ་སྲིད་མཐའ་ཙམ་དུའོ་སྙམ་དུ་བསམ། དེ་ལྟར་རྒྱུ་རྐྱེན་དཔེ་གྲངས་གང་ལ་བསམས་ཀྱང་ངེས་པར་རྙེད་དཀའི་ཁམས་དྲུག་ལྡན་གྱི་མི་ལུས་འདི་ཉིད་ཐོབ་པ་ལ་དགོས་པ་ཅི་ཡོད་ན། རྒྱལ་བ་ཐམས་ཅད་ཀྱང་རྟེན་འདི་ལ་བརྟེན་ནས་གདོད་མའི་སར་གཤེགས་པ་ཤ་སྟག་ཡིན་ལ། འདི་ཉིད་མ་ཐོབ་ན་ཐར་པ་ལྟ་ཅི་མཐོ་རིས་ཀྱི་བདེ་འབྲས་ཕྲ་མོ་ཙམ་ཡང་སྒྲུབ་པའི་ཐབས་གཞན་མེད་དེ། ཙནྡྲ་གོ་མིས། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་


MLP024_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བརྟུན་ཏེ་སྒྲུབས། །ཞེས་དང་། སློབ་དཔོན་ཆེན་པོས། རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི། །རྒྱུ་རྐྱེན་དཔེ་གྲངས་གང་ལ་བརྟག་དཔྱད་ཀྱང་། །ངེས་པར་དཀའ་སྟེ་རྒྱལ་ཀུན་འདིར་བརྟེན་འདས། །དེ་ཕྱིར་དལ་འབྱོར་རྙེད་དཀའ་བསམ་པ་ལ། །ཕོངས་པས་གཏེར་རྙེད་བཞིན་དུ་སྤྲོ་བ་བསྐྱེད། །ཉིན་མཚན་མི་དལ་དམ་ཆོས་བསྒྲུབ་པར་བྱ། །ཞེས་གསུངས། དེ་ལྟར་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་ཉིད་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲའོ། །རྙེད་པར་དཀའ་བ་ནི་ཉིན་མོའི་སྐར་མ་དང་འདྲའོ། །སྡིག་པ་མི་དགེ་བའི་ལས་གསོག་པས་མི་གཙང་བའི་སྣོད་དང་འདྲའོ། །འཇིག་པར་སླ་བ་ནམ་སྨད་ཀྱི་མེ་ཏོག་དང་འདྲའོ། །འདིར་ཡར་འགྲོ་མར་འགྲོའི་སོ་མཚམས་བྱེད་པས་ལམ་ཁ་བྲག་དང་འདྲའོ། །དགེ་བའི་རྩ་བ་མཐའ་དག་གི་རྟེན་བྱེད་པས་ཞིང་ས་གཤིན་པོ་དང་འདྲའོ། །མཐོ་རིས་དང་ཐར་པར་འཛེགས་པའི་ཐེམ་སྐས་དང་འདྲའོ། །འཁོར་བ་དང་ངན་སོང་དུ་ལྟུང་བར་བྱེད་པའི་གཅོང་རྡོ་དང་འདྲའོ། །དེས་ན་རང་ཅག་རྣམས་ཀྱིས་ད་རེས་དབུལ་པོས་ཡིད་བཞིན་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་འདོད་དོན་ཁྱད་པར་ཅན་བསྒྲུབ་ཏུ་རུང་བའི་རྟེན་ཕུན་སུམ་ཚོགས་པ་ལན་གཅིག་ཐོབ་པའི་དུས་འདིར། སྔར་མདོ་མེད་དུ་དུས་དུ་ཙམ་ཞིག་ཐལ། ད་ནི་ཅི་ནས་ཀྱང་ཆུད་ཟོས་དང་སྟོང་ལོག་ཏུ་མི་བཏང་བར་བརྩོན་འགྲུས་བསྐལ་ཆེན་གྱི་མེ་སྦར་བ་ལྟ་བུས་ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་བཀོལ་བར་བྱ་དགོས་ཏེ། དེའང་འོ་སྐོལ་རྣམས་ཀྱི་ཚེ་འདིའི་བྱ་བྱེད་སྤྱོད་ལམ་ཐམས་ཅད་ནི་ཟིན་ཚར་དུས་མེད་ཅིང་མདོ་དོན་ཆུང་། འཆི་དུས་ཕན་ཆད་རྒྱུན་ཆགས་སུ་འབྱུང་བའི་ཕན་པ་ནི་དམ་པའི་ཆོས་ཁོ་ན་མ་གཏོགས་གཞན་གང་ཡང་མེད་སྙམ་དུ་ཚེ་འདིའི་བློ་ཁྲིད་འཁོར་འདབ་གཉེན་འདུན་ལོངས་སྤྱོད་སོགས་གང་ལའང་མི་ཆགས་པར་ཐར་པའི་ལམ་སྣ་ཟིན་པའི་ཐབས་ཁོ་ན་ལ་འབད་དགོས། གལ་ཏེ་མ་འབད་ན་དེད་དཔོན་རྒྱ་མཚོའི་གླིང་ནས་སྟོང་ལོག་བྱེད་


MLP024_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པ་བས་ཀྱང་ཆེས་བླུན་ཏེ། སྲོག་མ་ཆད་ཀྱང་རོ། འདྲེས་མ་ཁྱེར་ཀྱང་སྨྱོན་པ། དབུགས་མ་བྲལ་ཀྱང་བེམ་པོ་དང་ངེས་པར་འདྲ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ཞེས་དང་། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་དང་། སློབ་དཔོན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་པ་དོན་ལྡན་ཡིན་བཞིན་ནོར་བུ་འདྲ། །ད་རེས་ཕུན་ཚོགས་རྐྱེན་ཀུན་འབྱོར་སྐབས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་བརྒལ་བར་མཛོད། །ཅེས་དང་། ཀུན་མཁྱེན་ཆེན་པོས། ཁོམ་ལྡན་མི་ཡི་འགྲོ་བ་རྙེད་གྱུར་ནས། །ཡང་དག་དམ་པའི་ཆོས་དང་མཇལ་དུས་འདིར། །བདེ་འགྲོ་ཐར་པའི་སྐས་ལ་མ་འཛེགས་ན། །ཕྱིས་ནས་དལ་འབྱོར་ལུས་རྙེད་ཤིན་ཏུ་དཀའ། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་འདི་ཚོགས་འདིས་རྙེད་པ་ཡིན། །ཨེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་གསུངས་པ་ལྟར་ཡིན་པས་ན། གྲུ་ཡོད་དུས་ཆུ་བོའི་ཕ་རོལ་དུ་བརྒལ་དགོས། དཔའ་བོའི་དཔུང་ཚོགས་དུས་དགྲ་སྡེ་འདུལ་དགོས། ཆུ་ལུད་དྲོད་གཤེར་འཛོམ་དུས་ས་བོན་ལ་ཅི་ཐེབས་བྱེད་དགོས་པ་བཞིན་དུ། ད་རེས་ལམ་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པའི་དུས་འདིར་བྱ་བ་ཐམས་ཅད་མདོ་མེད་དུ་མ་སོང་བར་སྐྱེ་བ་གཏན་གྱི་སོ་ནམ་རང་འགོ་འདོན་པའི་འདུན་གྲོས་སུ་དམ་པའི་ཆོས་གཤའ་མ་ཞིག་རང་མི་བྱེད་རེ་ཤེ་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །གཉིས་པ་འཆི་བ་མི་རྟག་པའི་ཁྲིད་ནི། དལ་འབྱོར་ལ་སྙིང་པོ་ལེན་པ་དེའང་སང་བྱེད་གནངས་བྱེད་སྙམ་དུ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མ་སོང་བར་སྡར་མའི་པང་དུ་སྦྲུལ་ཞུགས་པའམ། སྒེག་མོའི་མགོ་ལ་མེ་ཤོར་བ་བཟློག་པ་ལྟར་བརྩོན་འགྲུས་དྲག་པོས་འཕྲལ་རང་དུ་ཉམས་སུ་བླང་དགོས། དེའི་རྒྱུ་མཚན་འཆི་བའི་རྐྱེན་མང་། གསོན་པའི་རྐྱེན་ཉུང་ཟད་ཅིག་ཡིན། ཤི་རྐྱེན་དེའང་འདིས་བྱེད་དང་འདིས་མི་བྱེད་བྱ་བ་ཞིག་མེད་དེ། འགའ་ཞིག་ནི་


MLP024_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གཟན་ཁྱི་ལ་སོགས་པས་རྨུགས་ཏེ་འཆི་བའང་ཡོད། འགའ་ཞིག་ནི་མཐུན་རྐྱེན་སྒྲུབ་ཏུ་ཕྱིན་པས་མཛོ་གཡག་རྭ་ཅན་ལ་སོགས་པས་བརྡུངས་ཏེ་འཆི་བའང་ཡོད། འགའ་ཞིག་ནི་རྟ་ལ་སོགས་པར་ཞོན་ཏེ་དེས་བསྐྱུར་ནས་འཆི་བའང་ཡོད། འགའ་ཞིག་ནི་རང་གིས་ལྕེབས་ཏེ་འཆི་བའང་ཡོད། འགའ་ཞིག་ནི་བསུབ་བམ་བརྣངས་ནས་འཆི་བའང་ཡོད། འགའ་ཞིག་ནི་ཕན་དུ་རེ་ནས་ཟས་དང་སྨན་ལ་སོགས་པ་བསྟེན་པ་དུག་ཏུ་འགྱུར་ཏེ་འཆི་བའང་ཡོད། དེ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་འདི་དང་པོ་ཆགས། བར་དུ་གནས། ཐ་མ་འཇིག རྗེས་སུ་སྟོང་པར་འགྲོ། དེ་བཞིན་དུ་ནང་རང་བྱུང་གི་སྒྱུ་ལུས་འདིའང་དང་པོ་ཕ་མའི་རྐྱེན་གྱིས་ཆགས། བར་དུ་ད་ལྟ་ཅུང་ཟད་གནས། ཐ་མ་འཆི་ཞིང་རྗེས་སུ་བར་དོར་རྣམ་ཤེས་རྟེན་མེད་འདི་འཁྱམས་དགོས། དེའང་ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་འདི་དང་། དཔྱིད་དང་དབྱར་དང་སྟོན་དགུན་གྱི་གནས་སྐབས་བཞིར་འགྱུར་ལྡོག་འགྱུར་འགྲོ་བ་ལྟར། ནང་རང་གི་སྒྱུ་ལུས་ཀྱི་ལང་ཚོ་དར་རྒུད་ཀྱང་དེ་དང་འདྲ། དེ་ཡང་དཔྱིད་དུས་ས་ལ་དྲོད་སྐྱེས་ནས་མྱུ་གུ་འབུས་ཏེ་ཡར་འཕེལ་བ་ལྟར། དང་པོ་ལུས་འདི་མའི་མངལ་དུ་གྲུབ་ནས་ཡར་བསྐྱེད་ལུས་ཟུངས་ཐམས་ཅད་འཕེལ། དབྱར་དུས་མེ་ཏོག་ལོ་འདབ་རྩྭ་ལྗང་ཆུ་བོ་ཐམས་ཅད་དར་ཞིང་རྒྱས་པ་ལྟར་ལུས་ཀྱི་ལང་ཚོ་དར་ལ་བབས་ཏེ་བཀྲག་མདངས་སྟོབས་ནུས་ཐམས་ཅད་དར་ཞིང་རྒྱས་ཏེ་དཀར་ལ་དམར་བའི་མདངས་ཆགས་པ་ཀུན་གྱི་ཡིད་འཕྲོག་པ་ལྟ་བུར་གྱུར། སྟོན་དུས་མེ་ཏོག་གི་འདབ་མ་རྣམས་གྱེས། ལོ་འདབ་དང་འབྲས་བུ་ཐམས་ཅད་རྣམ་པར་འགྱུར་བ་ལྟར། རང་རྒས་པའི་ཚེ་ལུས་ཀྱི་ཟུངས་ཟད། དབང་བོའི་བཀྲག་ཤོར་ཏེ་གདོང་བྱད་སྔོ་ཆོམ་གྱིས་སོང་། ཁའི་སོ་དོན། ལུས་སྒུར་ཞིང་འཁོགས། མགོ་བོ་སྐྱ་ཡེར་གྱིས་སོང་། གདོང་བྱད་གཉེར་མས་གང་སྟེ་ཀུན་གྱིས་ཡིད་དུ་མི་འོང་བར་གྱུར། དགུན་གྱི་དུས་རྩི་ཤིང་དང་ཆུ་བོ་ཐམས་ཅད་འཁྱགས་ཤིང་སྐེམ། སྐྱི་སེར་གྱི་རླུང་གཡོས་པས་རི་རླུང་ཐམས་ཅད་སྐྱ་ཐལ་གྱིས་སོང་སྟེ་དབྱར་བྱུང་བའི་རྗེས་མེད་པ་ལྟར། རང་འཆི་བའི་ཚེ་ན་ལུས་ཀྱི་འབྱུང་བཞི་ཐམས་ཅད་མཐར་བསྡུས་ཏེ་འཐོར། རྣམ་ཤེས་ཕྱིར་ཐོན་ཏེ་དངོས་མེད་དུ་འཁྱམས། དང་པོ་གསོན་


MLP024_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དུས་སུ་མ་བྱས་པ་ལྟར་སོང་། མིང་སྟོང་ཞིག་ཤུལ་དུ་བཞག གཅེས་པར་བྱ་བའི་ཕུང་པོ་ས་རྡོ་ལྟར་བོར། ཡང་ན་ནི་ཆུར་བསྐྱུར། ཡང་ན་ནི་མེར་བསྲེག ཡང་ན་ནི་དུར་དུ་སྦ། ཡང་ན་ནི་དུར་ཁྲོད་དུ་བྱ་དང་གཅན་གཟན་གྱིས་ཟ། དེའི་ཚེ་ཤུལ་མི་རྣམས་ཀྱིས་མེད་པར་བྱས་ན་བློའི་བདེ་ཤོས་བྱེད་འགྲོ། དེའང་སྔར་ཤི་བ་མཐོང་ཞིང་ཐོས་པ་ཐམས་ཅད་ནི་རང་ལ་འཆི་བ་འོང་བའི་བརྡ་སྟོན་པ་དང་འདྲའོ། །ཚེ་ལ་ལོང་སྐབས་མེད་པ་འཆི་བ་ནམ་མཁའི་གློག་འཁྱུགས་པ་དང་འདྲའོ། །ཚེ་ལ་གཏད་སོ་མེད་པ་རི་གཟར་གྱི་འབབ་ཆུ་དང་འདྲའོ། །ཚེ་འདི་རྟག་པར་འཛིན་པ་ནམ་མཁའི་འཇའ་ཚོན་འཛིན་པ་དང་འདྲའོ། །ནམ་འཆི་ཆ་མེད་པ་ཤིང་སྡོང་གི་འདབ་ཆགས་འཕུར་བ་དང་འདྲའོ། །འཆི་བའི་ཚེ་གཞན་གང་གིས་ཀྱང་མི་སྟོང་པ་ཤིང་སྡོང་འགྱེལ་བའི་ཡལ་འདབ་ལོ་འབྲས་དང་འདྲའོ། །ཚེ་མྱུར་དུ་འཛད་པ་ལྟག་ཆུ་བོར་བའི་རྫིང་བུ་མཐིལ་རྡོལ་དང་འདྲའོ། །སྐད་ཅིག་གིས་ཀྱང་འཆི་བ་ཉེ་བ་གསོད་སར་ཁྲིད་པའི་དུད་འགྲོ་དང་འདྲའོ། །ཕུང་བོ་ཤུལ་དུ་བོར་བ་མི་གཙང་ཕྱིས་པའི་རྡོ་དང་འདྲའོ། །རྣམ་ཤེས་བར་དོར་འཁྱམས་པ་རྒྱུས་མེད་ཀྱི་འགྲུལ་པ་དང་འདྲའོ། །ཕྱི་མའི་སྐྱེ་གནས་འཚོལ་བ་སྦྲང་མས་སྦྲང་ཚང་འཚོལ་བ་དང་འདྲའོ། །གར་འགྲོའི་གཏད་སོ་མེད་པ་བུ་ཆུང་རྗེན་དུ་བོར་བ་དང་འདྲའོ། །འཆི་བའི་རྐྱེན་མང་བ་དུག་སྡོང་གི་ཡལ་འདབ་དང་འདྲའོ། །ཚེ་ལ་གནོད་པ་མང་བ་ཆར་རླུང་གསེབ་ཀྱི་མར་མེ་དང་འདྲའོ། །གློ་བུར་དུས་མིན་དུ་འཆི་བ་ཕྱེ་མ་ལེབ་མར་མེར་ཕྲད་པ་དང་འདྲའོ། །དེས་ན་རང་ཅག་རྣམས་འཆི་བའི་ནངས་པར་ནི་བརྩིགས་པའི་ཁང་ཁྱིམ་ཇི་ལྟར་བཙན་པ་ཞིག་ཡོད་ཀྱང་དེར་འཁྲས་ཏེ་སྡོད་པའི་དབང་ནི་མེད། བསགས་པའི་ནོར་རྫས་མདོར་ན་ལྷ་ཡི་ལོངས་སྤྱོད་ཀྱི་དཔལ་དང་མཚུངས་པ་ཞིག་ཡོད་ཀྱང་ཁྱེར་དབང་ནི་མེད། འགྲོགས་པའི་གཉེན་བཤེས་འཁོར་འདབ་སོགས་མང་ཡང་ཁྲིད་དབང་ནི་མེད། དེའང་དགེ་བ་རང་གིས་མ་བྱས་པར་ཁྱེར་དབང་ནི་མེད། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། མདོར་ན་ཉེ་འབྲེལ་འཁོར་འདབ་དཔལ་འབྱོར་ལོངས་སྤྱོད་འདོད་དགུ་ཐམས་ཅད་ཆམ་གྱིས་དོར་ལ་རང་གིས་བྱས་པའི་ལས་དགེ་སྡིག་གཉིས་པོ་རྗེས་སུ་འབྲང་སྟེ་མར་གྱི་གསེབ་ནས་


MLP024_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་བཏོན་པ་ལྟར་རང་ཉིད་གཅིག་པུ་སྐུད་པ་སྐྱ་བོ་ཞིག་ཀྱང་ཁྱེར་དབང་མེད་པར་རྟེན་མེད་དུ་འཁྱ མ་དགོས། དེའི་ཚེ་ཕན་པ་ན ི་དམ་པའི་ཆོས་ཁོ་ན་མ་གཏོགས་གཞན་གང་ཡང་མེད། དེས་ན་རྟ་གདོང་འདྲོགས་པའམ། ཕྱེ་མ་ལེབ་མར་མེ་དང་འཕྲད་པ་བཞིན་གཟའ་གདོང་ཐུག་དང་། སྲིན་ཕོ་ལོང་ལྟ་བུས་བདག་ད་ལྟ་རང་མི་འཆི་བའི་གདེང་ཚད་ཅི་ཡོད། ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་དང་། ནང་སྐྱེ་འགྲོའི་འགྲོ་བ་ཡང་དགྲ་གཉེན་བར་མའི་གོ་རིམ་མ་ངེས་དེ་ཙམ་ཞིག་ཤི་བ་མཐོང་ཐོས་སུ་གྱུར་པའི་ཚུལ་ལ་བསམས་ཀྱང་བདག་ལ་འཆི་བ་ནམ་ཡོང་ཆ་མེད། གསང་བ་རང་ཉིད་མའི་པང་དུ་འཚོ་བ་ནས་ད་ལྟའི་བར་གྱི་ལུས་ཀྱི་སྤྱོད་ལམ། ངག་གི་སྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་འགྱུར་འགྲོ་བ་ཁོ་ནའི་ཚུལ་ལ་བསམས་ཀྱང་འཆི་བ་འོང་བ་མངོན་སུམ་ཚད་མར་གྲུབ། འཆི་བ་ནམ་མཁའི་གློག་འཁྱུགས་པ་བཞིན་ནམ་འོང་ཆ་མེད། མདོར་ན་སང་བྱ་དང་གནངས་བྱ་སྙམ་དུ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སྐད་ཅིག་ཙམ་ཡང་འཇོག་མི་ཁོམ་སྟེ་དེའི་རྒྱུ་མཚན་རང་རེ་རྣམས་ཀྱིས་རྙེད་དཀའི་རྟེན་འདི་ཐོབ་ཏུ་ཟིན་ནའང་མཐར་འཆི་ངེས་པ་ཅན་ཡིན་ཏེ། ལར་སྐྱེས་ཕན་ཆད་ཚེ་རིང་ཐུང་གི་ཁྱད་པར་ཅུང་ཟད་ཙམ་ལས་མ་ཤི་བར་ཚེ་ཐར་དུ་ལུས་པའི་འགྲོ་བ་ནི་སྔ་ཕྱི་ད་ལྟ་གང་དུའང་མ་མཐོང་ཞིང་མ་ཐོས་ལ་ཡོད་དམ་མེད་དམ་ཙམ་དུ་ཐེ་ཚོམ་གྱི་བློ་འཇུག་པ་ཙམ་ཡང་མི་སྲིད་དེ། མདོར་ན་གསོད་སར་ཁྲིད་པའི་སེམས་ཅན་གྱི་གོམ་པ་སྤོས་པ་ལྟར་ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཙམ་གྱིས་ཀྱང་འཆི་བ་ལ་ཇེ་ཉེ་ཇེ་ཉེར་སོང་ཞིང་མ་ཚོར་བ་འདི་མཚང་རེ་ཆེ། དེར་མ་ཟད་དོ་ནུབ་རང་ཡང་མི་འཆི་སྙམ་པའི་བློ་གདེང་ཐུབ་པ་མ་ཡིན་ཏེ། མདོར་ན་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་བྲལ། བསགས་པའི་ཐ་མ་འཛད། མཐོན་པོའི་ཐ་མ་ལྷུང་བ་བཞི་ལས་མ་འདས། དེང་སང་རྒན་པ་རྣམས་ལ་འཆི་བ་ཡོལ་ཟེར་བ་ནི་མེད། གཞོན་པ་རྣམས་ལ་འཆི་བས་མི་ཚུགས་ཟེར་བ་མེད། ཕྲུག་གུ་རྣམས་ལ་འཆི་མ་རན་ཟེར་བ་མེད་པར་རྒན་གཞོན་བར་མའི་གོ་རིམ་མ་ངེས་པ་ཅན་དུ་འཆི་བ་ཡིན། དེས་ན་ཚེ་འདིའི་འཁོར་འདབ་གཉེན་འདུན་ལོངས་སྤྱོད་ཐམས་ཅད་ནི་འཕྲལ་བདེ་བདེ་ལྟར་སྣང་ཡང་། རྟག་ཐུབ་པ་


MLP024_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ཙམ་ཡང་མེད་དེ་མདོར་ན་གཉིད་འཐུམ་པ་ཞིག་གི་རྨི་ལམ་བཟང་བ་དང་མཚུངས། དེ་སྔ་ཕན་ཆད་མ་བསམ་པར་རང་གིས་ལན་འདུག ད་བསམ་ན་སོས་དལ་དུ་སྐད་ཅིག་ཙམ་ཡང་སྡོད་མི་རིགས་པར་འདུག་སྟེ། དེའང་འཐར་འཆི་བ་འོང་སྙམ་པ་ཀུན་གྱི་བློ་ལ་ཡོད་ནའང་། རེ་ཞིག་མི་འཆི་སྙམ་པའི་བློ་དེ་འཆི་ཁ་ཚུན་ཆད་དུ་འབྱུང་བ་ཡིན། བློ་ངན་དེས་བསྒྲིབས་ནས་ཚེ་འདིའི་རྣམ་གཡེང་འབའ་ཞིག་གིས་གཡེང་ནས་དལ་འབྱོར་དོན་མེད་དུ་འགྲོ་བ་ཡིན། དེའི་ཕྱིར་ན་རང་ཅག་རྣམས་ད་ལྟ་འཆི་བའི་རྐྱེན་བུ་ཡུག་དྲག་པོ་འཚུབ་པའི་དབུས་ན་མར་མེ་རླུང་གིས་མ་བསྐྱོད་ཙམ་དུ་གནས་པའི་དུས་འདི་རུ་ནམ་ཞག་གཏན་གྱི་འདུན་མ་ཚགས་སུ་ཚུད་ངེས་པའི་དམ་པའི་ཆོས་གཤའ་མ་ཞིག་ནི་ངེས་པར་རང་མི་བྱེད་རེ་སྙམ་དུ་དྲག་ཏུ་བསམ་པར་བྱ་སྟེ། དེའང་རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །སོགས་དང་། ཀླུ་སྒྲུབ་ཀྱིས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ།། ཞེས་དང་། རྟ་དབྱངས་ཀྱིས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་འཆི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་། མདོ་ལས། གང་དུ་ཕྱིན་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་དུའང་ཡོད་མིན་ཏེ། །ནམ་མཁའ་ལ་མེད་རྒྱ་མཚོའི་གཏིང་ན་མེད། །རི་བོ་ཀུན་གྱི་ཕུག་ཏུ་ཞུགས་ཀྱང་མེད། །ཅེས་དང་། ཀུན་མཁྱེན་ཆོས་རྗེས། ཚེ་འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་གང་ཡོང་ངེས་པ་མེད་པས་ན། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་དང་། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་དང་། སློབ་དཔོན་ཆེན་པོས་ཀྱང་། ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་འདྲ། །འཆི་བདག་བདུད་ནི་


MLP024_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དགོང་ཀའི་གྲིབ་སོ་འདྲ། །འཇིག་རྟེན་ཕྱི་མ་སོས་ཀའི་ཉ་རྡོས་འདྲ། །ཚེ་འདིའི་སྣང་བ་མདང་གི་རྨི་ལམ་འདྲ། །འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་འདྲ། །དོན་མེད་བྱ་བ་ཆུ་ཡི་གཉེར་མ་འདྲ། །ཞེས་དང་། མདོར་ན་སྐྱེས་པའི་ཐ་མ་འཆི་བ་སྟེ། །འགྲོགས་པའི་ཐ་མ་དེ་བཞིན་འབྲལ་བ་ཡིན། །བསགས་པ་འཛད་ཅིང་འབྱོར་བ་རྒུད་པའི་རྒྱུ། །ཞེས་དང་། ཐུགས་ཐིག་ལས། དེ་ལྟར་ཐོབ་ཀྱང་རྟག་པ་མ་ཡིན་གྱི། །རྒན་གཞོན་བར་མའི་གོ་རིམ་མ་ངེས་ན།། རླུང་ནང་མར་མེ་ཆུ་བུར་ཤིང་རྩེའི་བྱ། །ཇི་བཞིན་ལོང་མེད་འཆི་མེད་རྟག་པའི་སེམས། །སྤངས་ཏེ་སྐྱོ་ཤས་དྲག་པོས་འཆི་བ་བསམ། །སྙིང་ནས་ཆོས་སྒྲུབས་ཚེ་འདིའི་རྣམ་གཡེང་སྤོངས། །ཞེས་དང་། དམ་པས། ཡེང་བའི་བར་ལ་འཆི་བདག་བདུད་ཀྱིས་འཛིན། །ད་ལྟ་ཉིད་དུ་སྒྲུབས་ཤིག་དིང་རི་བ། །ཞེས་གསུངས་པ་ཡིན་པས་ན། འོ་སྐོལ་རྣམས་ཀྱིས་སང་གནངས་དང་ཚེ་ཕྱི་མ་གང་སྔ་མི་ཤེས། ཚེ་འདིའི་བྱ་བྱེད་སྤྱོད་ལམ་ཐམས་ཅད་ནི་ཟིན་ཚར་དུས་མེད་ཅིང་འདོད་དོན་ཆུང་། འཆི་དུས་ཕན་ཆད་རྒྱུན་ཆགས་སུ་ཕན་པ་ནི་དམ་པའི་ཆོས་ཁོ་ན་མ་གཏོགས་གཞན་གང་ཡང་མེད། དེས་ན་བདག་ནམ་འཆི་ན་ཨང་སྙམ་དུ་མཉམ་བཞག་མ་ལགས་པའི་རྗེས་ཐོབ་ཀྱི་གནས་སྐབས་ཀུན་ཏུའང་འཆི་བ་མི་རྟག་པ་སྙིང་ཁུང་རུས་པའི་གཏིང་ནས་ཚུགས་ཐབས་མེད་པའི་བྲེད་ཤ་ཐོན་གྱི་བར་དུ་ཡང་ནས་ཡང་དུ་སྒོམ་པ་ནི་ཤིན་ཏུ་ནས་གལ་ཆེའོ། །གསུམ་པ་འཁོར་བའི་ཉེས་དམིགས་བསམ་པའི་ཁྲིད་ནི། ཤི་ནའང་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན་ཤི་ནས་སྐྱེ་བ་ལེན་མི་དགོས་པར་སེམས་ཅང་མེད་དུ་འགྲོ་བ་ཞིག་ཡིན་ན་འཇིགས་རྒྱུ་ཅི་ཡོད་དེ། ཅང་མེད་དུ་མི་འགྲོ། ངན་འགྲོ་དང་བདེ་འགྲོ་གཉིས་ལས་མ་འདས། དེ་ཡང་ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་དར་དྲག་ཅིང་ཡུན་རིང་མི་བཟོད་པ་སྣ་ཚོགས་ཤིག་མྱང་དགོས། གལ་ཏེ་ཟག་བཅས་ཀྱི་དགེ་བས་བདེ་འགྲོའི་གནས་སུ་སྐྱེས་ཀྱང་སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་པ་རང་ཅག་རྣམས་ཀྱིས་མངོན་སུམ་དུ་གྱུར་པ་འདི་ཀས་མཚོན་མོད། དེས་ན་ལས་ཆེན་པོས་དམྱལ་བ། འབྲིང་གིས་ཡི་དྭགས། ཡང་བས་དུད་འགྲོའི་


MLP024_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་འགྱུར་བ་སྟེ། དེ་ལ་དང་པོ་དམྱལ་བའི་སྡུག་བསྔལ་བསམ་པ་ལ། དམྱལ་བ་ལ་ཚ་གྲང་གཉིས་ལས་དང་པོ་ཚ་དམྱལ་བརྒྱད་ཀྱི་གནས་ཀྱི་ཁྱད་པར་ནི། ལྕགས་སྲེག་གི་ས་གཞི་རི་རོང་ངམ་གྲོག་ཅན་གདུག་པའི་བྱ་དང་གཅན་གཟན་དམྱལ་སྲུང་གཤེད་མ་མི་བ སྲུན་པ་དུ་མས་གཏམས་པ། ཟངས་ཞུན་དང་འགྱུར་བྱེད་ཀྱི་ཁུ་བ་དྲག་ཏུ་འབབ་པ། མེ་ལྕེ་ཁྲུ་གང་བ་ཙམ་རྒྱུན་མར་འབར་བ། མཐའ་སྐོར་དུ་ལྕགས་ཀྱི་ཤལ་མ་ལིས་ཟླུམ་པོར་བྱས་པ། འཇིགས་ཤིང་སྐྱི་གཡའ་བའི་གནས་སུ་གྱུར་པ་སྟེ། དེར་སྐྱེ་བའི་བར་དོ་རྣམས་སྲིད་པ་བར་དོའི་གནས་སུ་ཆར་རླུང་གིས་དེད་པ་ལྟ་བུའི་གྲང་རེག་བཟོད་པར་དཀའ་བ་ཞིག་བྱུང་བ་ལ་བརྟེན་ཚ་དམྱལ་གྱི་གནས་དེ་མཐོང་བ་ན་དེ་དྲོ་བའི་སྲེད་པ་སྐྱེས་ནས་གཉིད་སད་པ་ལྟར་སྐད་ཅིག་དེ་མ་ཐག་ཏུ་སྐྱེ་བ་ལེན་པར་འགྱུར་ཏེ། དེའང་ལུས་ཀྱི་ཚད་ནི་ཁྲུ་བཅུ་དྲུག་པ་ལུས་སེམས་གཉིས་ཀའི་ཆ་ནས་བཟོད་སྲན་རྐྱེན་ཕྲ་མོ་ཙམ་ཡང་ཐེག་པར་དཀའ་བ་ཡོད། དེ་ལ་སྡུག་བསྔལ་གྱི་ཁྱད་པར་གྱིས་ཡང་སོས་དང་། ཐིག་ནག བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་དེ་བརྒྱད་ལས། དེ་ལ་དང་པོ་ཡང་སོས་ནི། སེམས་ཅན་རྣམས་ཀྱི་ཕན་ཚུན་དགྲའི་འདུ་ཤེས་ཀྱིས་ཞེ་སྡང་དྲག་པོས་མཚོན་བསྣུན་རེས་བྱས་ཏེ་ཡང་ཤི་ཡང་སོས་དང་། འགའ་ཞིག་ནི་ནམ་མཁའ་ལས་མཚོན་ཆའི་ཆར་བབས་ཏེ་ལུས་བརྒྱ་སྟོང་དུམ་བུ་མང་པོའི་བར་དུ་འཐོར་བ་ན། ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲའམ། རླུང་བསེར་བུ་གཡོས་པ་ལ་བརྟེན་ཏེ་དེ་མ་ཐག་འཚོ་བར་འགྱུར་ཞིང་། སྡུག་བསྔལ་དེ་ཁོ་རང་གི་ལས་མ་རྫོགས་ཀྱི་བར་དུ་མྱང་དགོས་པ་ཡོད། ཐིག་ནག་པོ་རྣམས་དམྱལ་སྲུང་གཤེད་མ་རྣམས་ཀྱིས་ལུས་ཀྱི་སྤྱི་གཙུག་ནས་རྐང་སེན་གྱི་བར་ཐིག་ནག་པོ་བཞིའམ་བརྒྱད་ལ་སོགས་པ་དུ་མ་བཏབ་སྟེ་རལ་གྲི་དང་སོག་ལེ་མེ་འབར་བས་གཤོགས་པ་དང་འབྲེག་པའི་སྡུག་བསྔལ། བསྡུས་འཇོམས་པ་རྣམས་རི་ར་ལུག་དང་གླང་པོ་ཆེའི་གདོང་པ་འདྲ་བའི་བར་དུ་ཚོགས་པ་བ ཙིར་ཏེ་ཏིལ་ཏུན་དུ་ཏིལ་བརྡུང་བཞིན་ལུས་དམར་འདག་འདག་སོང་བ་ན་ཡང་སྔར་བཞིན་འཚོ་ནས་སྡུག་བསྔལ་མ་ཐེམས་ཀྱི་བར་དུ་མྱང་དགོས་སོ། །ངུ་འབོད་ནི་དེ་


MLP024_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དག་མཐོང་བས་འཇིགས་ཏེ་ཡིབ་པའི་སྣང་བ་སྐྱེས་པ་ན་ལྕགས་ཁང་མེ་འབར་བའི་ནང་དུ་ཚུད་དེ་ཡུན་རིང་པོའི་བར་དུ་མི་ཐར་བའི་སྡུག་བསྔལ། ངུ་འབོད་ཆེན་པོ་རྣམས་ནི་གཞན་སྔ་མ་ལྟར་ལ། ལྕགས་ཁང་ཉིས་རིམ་དུ་ཚུད་དེ་སྒོ་ནང་མ་ནས་ཐར་ཡང་ཕྱི་མ་ནས་ཡུན་རིང་པོའི་བར་དུ་མི་ཐར་བའི་སྡུག་བསྔལ། ཚ་བ་པ་རྣམས་ནི་ལྕགས་ཀྱི་ཕྲུ་བ་དཔང་ཚད་ཙམ་དུ་ཉ་བཞིན་བསྲེག་ཅིང་། ལྕགས་ཀྱི་ཐོ་ལུམ་འབར་བས་བརྡུང་བ་དང་། མདུང་རྩེ་གསུམ་པས་སྤྱི་བོ་ནས་ཕྲག་པ་གཉིས་སུ་བཤང་ལམ་ནས་ཐལ་བྱུང་དུ་འབིགས་པ་དང་། མདུང་རྩེ་གཅིག་པས་བཤང་ལམ་ནས་སྤྱི་བོའི་བར་དུ་འབིག་པའི་སྡུག་བསྔལ། ལྕགས་ཀྱི་བུམ་པར་བཅུག་སྟེ་མདག་མེ་འབར་བའི་གསེབ་ཏུ་དམྱལ་བ། ཡན་ལག་དང་ལྕེ་ལ་ཕུར་བུ་འདེབས་པ་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད། རབ་ཏུ་ཚ་བ་རྣམས་ལྕགས་ཟངས་འཇུ་བྱེད་ཁོལ་མའི་ནང་དུ་སྤྱི་ཚུགས་སུ་འཚོད་ནས་ཤ་རུས་ཞིག་ནས་ཀེང་རུས་ལྟར་གྱུར་པ་ན་ལྕགས་ཀྱི་ས་གཞི་ལ་བཀྲམ་པས་དེ་མ་ཐག་ཏུ་འཚོ་བ་ན་ཡང་འཚོད་པར་བྱེད་ཅིང་ཁ་འབྱེད་ཆས་ཀྱིས་ཕྱེ་ཞིང་ལྕགས་ཀྱི་ཐོ་ལུམ་དང་། ཟངས་ཞུན་བླུད་པས་ཁ་དང་ལྐོག་མ་དང་ནང་ཁྲོལ་ཐམས་ཅད་ཚིག་སྟེ་མཐར་རོ་སྨད་ནས་ཤམ་ཤམ་ཐོན་པ་སོགས་སྡུག་བསྔལ་བཟོད་ཐབས་མེད་པ་ཡོད། མནར་མེད་པ་རྣམས་ལུས་སྡོང་བུ་སྣུམ་ལྡན་ལ་མེ་འབར་བ་ལྟར་སྐད་ངན་ཙམ་ལས་གཞན་མེ་དང་སེམས་ཅན་སོ་སོར་དབྱེ་མི་ཤེས་པ་ལྟར་གྱུར་ཅིང་མེ་དེའང་བསྐལ་པ་འཇིག་དུས་ཀྱི་མེ་ལས་ཚ་ཞིང་དེའང་གོང་མ་གོང་མ་ལས་འོག་མ་འོག་མ་རྣམས་བདུན་འགྱུར་གྱིས་ཆེ་ཞིང་ཚ་ཚད་ཀྱི་ཁྱད་པར་ནི། མངོན་པ་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ཀྱི། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ།། ཞེས་པས་དེའང་མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག དེ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐམ་པ་དེ་ཡོངས་རྫོགས་ཡང་སོས་པའི་ཞལ་གཅིག་ཏུ་བྱས། དེ་ལོ་ལྔ་བརྒྱ་ནི་ཡང་སོས་པའི་ཚེ་ཚད་ཡིན། དེའང་གོང་མ་གོང་མ་ལས་འོག་མ་འོག་མ་ཉིས་འགྱུར་ཉིས་འགྱུར་


MLP024_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དགོས་པ་ཡིན། དེས་ན་ཚ་དམྱལ་གྱི་གནས་སུ་སྐྱེས་ན་སྡུག་བསྔལ་དེ་ལྟ་བུ་མྱང་དགོས་འདུག་ཨང་སྙམ་དུ་བསམ། གཉིས་པ་གྲང་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། གནས་ཀྱི་ཁྱད་པར་ཉི་ཟླ་ལ་སོགས་པའི་སྣང་བ་མེད་པའི་མུན་ཁྲོད། གངས་བར། འཁྱག་པའི་འོབས། འཁྱག་པའི་སྦུབས། འཁྱག་པའི་གཅོང་རོང་ཆེན་པོ་རླུང་དང་བུ་ཡུག་ཤིན་ཏུ་འཚུབ་ཅིང་གྲང་བའི་གནས་སུ་གྱུར་པ་སྟེ། དེར་སྐྱེ་བའི་བར་དོ་རྣམས་མེས་འཚིག་པ་ལྟ་བུའི་སྣང་བ་ཤར་བ་ན༑ གྲང་དམྱལ་གྱི་གནས་མཐོང་སྟེ་དེ་བསིལ་བར་ཤེས་པ་ན་རང་རང་གི་ལས་ཀྱི་དབང་གིས་གཉིད་སད་པ་ལྟར་སྐད་ཅིག་དེ་མ་ཐག་ཏུ་སྐྱེ་བ་ལེན་པར་འགྱུར་ཏེ། སྡུག་བསྔལ་གྱི་ཁྱད་པར་ནི། འདིར་ཆུ་བུར་ཅན་སྔོན་ལ་འདྲེན་པའི་ལུགས་སུ་བྱས་ནས། དེ་ཡང་ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་ཅན་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་མ་ཆེན་པོ་ལྟར་གས་པའི་བར་དུ་སྡུག་བསྔལ་མྱང་དགོས། དེའང་ཆུ་བུར་ཅན་ནི་གྲང་བའི་རེག་བྱས་ལུས་ལ་ཆུ་བུར་མཐེབ་རྡོག་ཙམ་པ་ཤར་བ་དང་། ཆུ་བུར་རྡོལ་བ་ཅན་ནི་དེ་བས་ཀྱང་གྲང་བས་ཆུ་བུར་རྡོལ་བ་སྟེ། དེའི་ནང་ནས་སྐྱེས་པའི་ལྕགས་ཀྱི་འབུ་མཆུ་རྣོན་གྱིས་ཤ་ལྤགས་རུས་པའི་བར་དུ་ཕུག་ཅིང་ཟ་བའི་སྡུག་བསྔལ། དེ་བས་ཀྱང་གྲང་བས་ཨ་ཆུ་ཟེར་བ་དང་། དེ་བས་ཀྱང་གྲང་བ་ཨ་ཆུ་མ་ཐོན་པར་ཀྱི་ཧུད་ཅེས་ངུ་སྐད་ཤིབ་ཤིབ་འབྱིན་པ། དེ་བས་ཀྱང་གྲང་བས་སོ་ཐམ་པ་དང་། དེ་བས་ཀྱང་གྲང་བ་ཨུཏྤལ་ལྟར་གས་པ་ནི་གྲང་བའི་རེག་བྱ་ལྷགས་པའི་ཤུགས་ཀྱིས་པགས་པ་སྔོན་པོར་གྱུར་ཏེ་ཁ་ལྔའམ་དྲུག་ཏུ་གྱེས་ཏེ་གས་པ་དང་། པདྨ་ལྟར་གས་པ་ནི་སྔོ་བ་ལས་ཀྱང་ཐལ་ཏེ་དམར་པོར་གྱུར་ཏེ་ཁ་བརྒྱད་དང་བཅུ་དྲུག་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་ནི་དེ་བས་ཀྱང་གྲང་བས་ཆུ་རྒྱུས་ཕྲ་མོ་ཙམ་གྱིས་འབྲེལ་བ་མ་གཏོགས་ལུས་བརྒྱ་སྟོང་དུམ་བུ་མང་པོར་འཐོར་བའི་བར་དུ་སྡུག་བསྔལ་མྱང་དགོས་པ་ཡོད། དེའང་ཚེ་ཚད་ཀྱི་ཁྱད་པར་ནི། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་པས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུའི་འགྱུར། །ཞེས་གསུངས་པས་ན། དེའང་མ་ག་དྷཱ་


MLP024_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཁལ་བརྒྱད་ཅུ་འགྲོ་བའི་སྣོད་སྦྱང་ཞེས་པ་ཏིལ་གྱིས་བཀང་སྟེ་ལོ་བརྒྱ་བརྒྱ་ན་ཏིལ་འབྲུ་རེ་ཕྱུང་པས་ཏིལ་དེ་ཟད་པ་ཙམ་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ཏེ། དེའང་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་བདུན་འགྱུར་གྱིས་གྲང་ཞིང་། ཚེ་ཚད་ཀྱང་དེ་ཉི་ཤུའི་འགྱུར་དུ་གནས་དགོས་པ་ཡིན། དེས་ན་གྲང་དམྱལ་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཁྱད་པར་དེ་ལྟ་བུ་མྱང་དགོས་འདུག་ཨང་སྙམ་དུ་བསམ། གསུམ་པ་ཉེ་འཁོར་བའི་སྡུག་བསྔལ་བསམ་པ་ནི། དེའང་མཛོད་ལས། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱག་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་པས་ཚ་དམྱལ་ངོས་བཞི་ལས་ཐོན་པའམ། དེ་ཉིད་དུ་སྐྱེས་ཀྱང་རུང་ཚ་དམྱལ་བརྒྱད་ཀྱི་ཕྱོགས་གང་དུ་ཕྱིན་ཀྱང་མེ་མ་མུར་གྱི་འོབས། རོ་མྱག་ཕྱི་སའི་འདམ། རལ་གྲི་ལོ་མའི་ནགས་ཚལ། ཐལ་ཚན་གྱི་ཆུ་བོ་རབ་མེད་པ་རྣམས་ཏེ། དེའང་དང་པོ་མེ་མ་མུར་གྱི་འོབས་པུས་ནུབ་ཙམ་དུ་ཚུད་དེ་རྐང་པ་བཞག་མ་ཐག་ཤ་ལྤགས་བྲུལ་ཞིང་པུས་མོ་མན་ཆད་སོལ་བའི་ཕུང་བོ་ནག་རུམ་གྱིས་སོང་། བཏེགས་པ་ན་འཚོ་ཞིང་སྡུག་བསྔལ་དེ་ཁ་རང་གི་ལས་མ་རྫོགས་བར་མྱང་དགོས་པ་དག་ཡོད་དོ། །དེ་ལས་ཀྱང་ཐར་ན་རོ་མྱག་ཕྱི་སའི་འདམ་རྫབ་མི་གཙང་བའི་དྲི་ང་བ་དེར་ཚུད་པ་ན་སྲིན་བུ་མཆུ་རྣོན་པོ་ཁབ་འདྲ་བས་ཤ་ལྤགས་ཁྲོལ་མ་ལྟར་འབུག་ཅིང་ཟ་བའི་སྡུག་བསྔལ། དེ་ལས་ཐར་ཡང་ཕྱོགས་བཞི་ན་ནེའུ་གསེང་སྔོ་ཤིག་གེ་བ་ཞིག་མཐོང་སྟེ། དེར་སྲེད་པས་ཀྱང་ལུས་བཀོལ་ཏེ་ཕྱིན་པས་ན་ནེའུ་གསེང་རྣམས་རལ་གྲིའི་ཐང་དུ་ཕྱིན་ཏེ་རྐང་པ་བཞག་མ་ཐག་ལུས་བརྒྱ་སྟོང་སོགས་དུམ་བུ་མང་པོར་འཐོར་ཏེ། ཡང་དེ་མ་ཐག་འཚོ་ཞིང་འབྲོས་པར་འདོད་ཀྱང་སྐྱེས་བུ་གོ་མཚོན་ཐོགས་པ་མང་པོས་བསྐོར་ཏེ་འབྲོས་སུ་མི་སྟེར་བའི་སྡུག་བསྔལ། དེ་ལས་ཐར་ཡང་ལྗོན་ཤིང་གི་སྡོང་པོ་མཐོང་སྟེ། དེར་སྲེད་པས་ལུས་བཀོལ་ཏེ་ཕྱིན་པ་ན་ལས་དབང་གིས་རླུང་བསེར་བུ་ཙམ་གཡོས་པ་ལ་བརྟེན་ལོ་མ་རྣམས་ཐོ་བ་མཚོན་ཆར་གྱུར་ཏེ་ལུས་དུམ་བུ་མང་པོར་འཐོར་པ་ན་ཁྱི་སྲེ་བོ་དང་སྦྲུལ་གདུག་པ་ཅན་ལ་སོགས་པས་ལུས་ལ་འཁྱུད་ཅིང་ཤ་ཟ་བ་ལ་སོགས་པའི་སྡུག་བསྔལ། དེ་ལས་ཐར་ཡང་ཕྱོགས་བཞི་ན་ལྕགས་ཀྱི་


MLP024_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ་མ་ལིའི་སྡོང་བོ་ལ་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཁ་ཡས་མས་སུ་ལྟ་བ་དག་མཐོང་སྟེ། དེར་འགའ་ཞིག་ནི་རང་རང་གི་ལས་དབང་གིས་འགྲོ་བ་དང་། འགའ་ཞིག་ནི་དམྱལ་སྲུང་གཤེད་མ་རྣམས་ཀྱིས་དེད་པ་སོགས་ཡོད་ཅིང་། དེར་རི་དེའི་རྩ་བར་སླེབས་པ་ན་རང་ཅག་མི་ཡུལ་དུ་སྡོད་པའི་ཚེ་ན་རང་གི་ཕ་མའམ་ཉེ་དུ་ལ་སོགས་པ་གང་ཡིད་ལ་བརྩེ་བ་དེས། རི་དེའི་རྩེ་ནས་འོ་ཁྱོད་རང་འདིར་ཤོག་ཅིག་ཅེས་པའི་སྒྲ་ལྷང་ངེ་བ་བྱུང་བ་དེས་ཡིད་ལ་མི་བཟོད་པའི་གདུང་བ་དྲག་པོ་སྐྱེས་པ་ལས། རི་དེའི་རྩ་བ་ནས་འཛེགས་པ་ན་པགས་པ་རྣམས་བཤུས། ཤ་རྣམས་ཕྲུལ། ཁྲག་འཐོར། རྩ་རྒྱུས་རྣམས་སོ་མང་གིས་བལ་ཤད་པ་ལྟར་སྐྱ་ཤམ་ཤམ་སོང་། ལ་ལ་དག་དེར་འབྱར་ཞིང་། ལ་ལ་རི་དེའི་རྩེར་སླེབས་པ་ན་བྱ་ལྕགས་མཆུ་ཅན་དང་ཁྭ་ཏ་ལ་སོགས་པས་ཤ་ཐོགས་ཤིང་མིག་འབྲུ་བ་ལ་སོགས་པའི་སྡུག་བསྔལ་ཡོད། ཡང་རི་དེའི་རྩ་བ་ནས་བོས་པས་སྔ་མ་བཞིན་སྡུག་བསྔལ་མྱང་བར་འགྱུར་ཞིང་། དེར་སླེབས་པ་ན་ཁྱི་སྲེ་བོ་དང་། སྦྲུལ་གདུག་པ་ཅན་དང་། སྐྱེས་པ་ལྕགས་ཀྱི་མཆུ་ཅན་དང་། སྲིན་མོ་ཟངས་ཀྱི་མཆུ་ཅན་ལ་སོགས་པས་ལུས་ལ་འཁྱུད་ཅིང་ཤ་ཟ་བའི་སྡུག་བསྔལ། དེ་ལས་ཐར་ཡང་ཐལ་ཚན་ཆུ་བོ་རབ་མེད་དུ་ཚུད་ཅིང་གཏིང་དུ་སོང་བ་ན་ཤ་ལྤགས་བྲལ་ཏེ་རུས་པ་སྐྱ་སེང་གིས་སོང་། ཁར་ཐོན་པ་ན་དེ་མ་ཐག་འཚོ་ཞིང་། ཁ་འགྲོ་གཏིང་འགྲོ་དེ་ཁ་རང་གི་ལས་མ་རྫོགས་ཀྱི་བར་དེ་སྲིད་དུ་ུསྡུག་བསྔལ་མྱང་དགོས་པ་དག་ཡོད། འོ་དེ་ཐམས་ཅད་རང་གི་བྱེད་སྤྱོད་ཁོ་ནའི་སྡུག་བསྔལ་ལས་ཕྱི་རོལ་ན་ལོགས་སུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། དེས་ན་ཚེ་འདི་དང་དམྱལ་བའི་བར་ན་དབུགས་རྒྱུ་རྒྱུ་བ་འདི་ལས་མེད་ན་སོས་དལ་དུ་སྐད་ཅིག་ཙམ་ཡང་སྡོད་མི་ཁོམ་པར་འདུག་ཨང་སྙམ་དུ་དྲག་ཏུ་བསམ་པར་བྱ་སྟེ། དེའང་ཞི་བ་ལྷས། དམྱལ་བ་ཡི་ནི་ལས་བྱས་ནས། །ཅི་ཕྱིར་འདི་ལྟར་བདེ་བར་གནས། །ཞེས་དང་། བཤེས་སྤྲིངས་ལས་ཀྱང་། སྡིག་ཅན་དབུགས་དབྱུང་འགགས་པ་ཙམ་ཞིག་གི །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་མཐོང་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་།།


MLP024_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་དང་བཀླག་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཞེས་དང་། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུའང་། །འོལ་ཡང་མི་མཆི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟར་ཡིན་པས་ན། འཇིག་རྟེན་དམྱལ་བའི་ཡུལ་དུ་སྐྱེས་ན་སྡུག་བསྔལ་དེ་ལྟ་བུ་མྱང་དགོས་འདུག་ཨང་སྙམ་དུ་བསམ་མོ། །ངན་སོང་གི་གནས་གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པའི་ཁྲིད་ནི། ཕལ་ཆེར་འཛམ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་ཙམ་འདས་པ་ན་ཡོད་པར་བཤད་ཅིང་། དེ་ལ་ཡི་དྭགས་ཀྱི་ཡུལ་ནི་མྱ་ངམ་གྱི་གྲོང་ངམ་གྲོག་རད་རོད་ཅན་ཟངས་དམར་གོག་པོའི་རྣམ་པ་ལྟ་བུ་ཡིད་དུ་མི་འོང་ཞིང་ཀུན་ཏུ་བག་གྲང་བའི་གནས་སུ་གྱུར་པ་སྟེ། དེ་ལ་མདོ་དྲན་ཉེར་ཡི་དྭགས་ལ་རིགས་དྲུག་ཏུ་གསུངས་ཀྱང་འདིར་བསྡུས་པའི་དབང་དུ་བྱས་ན་བཞི་སྟེ། སྤྱི་མཐུན་གྱི་ སྒྲིབ་པ། ཕྱིའི་སྒྲིབ་པ། ནང་གི་སྒྲིབ་པ། ཟས་སྐོམ་གྱི་སྒྲིབ་པ་ཅན་ཏེ། དེ་ལ་སྤྱི་མཐུན་གྱི་སྒྲིབ་པ་ཅན་རྣམས་ནི་བཀྲེས་སྐོམ་གྱིས་ཉེན་པས་ལུས་སྐེམ་ཞིང་རིད་པ། མིག་ཁོང་དུ་ལྷུངས་ཤིང་། རྒྱུ་མ་སྟོང་པ་སྒལ་བ་ལ་འབྱར་བ། སྐྲ་ཕག་གི་ཟེ་བ་ལྟར་གཟེངས་པ། མགོ་བོ་པར་བུ་ཙམ། མགྲིན་པ་གཞུ་རྒྱུད་ཙམ་པ། ལྟོ་བ་ཡུལ་ལྗོངས་ཙམ་པ། ཡན་ལག་འཇག་མ་ཙམ་ཡོད་ཅིང་། དེ་ལྟར་ཟས་སྐོམ་གང་ལའང་མ་མྱོངས་པས་རུས་ཚིགས་ཁྲོག་སྟེ་མེ་འབར་བ་ལ་སོགས་པའི་སྡུག་བསྔལ། ཕྱིའི་སྒྲིབ་པ་ཅན་རྣམས་ཀྱིས་ཟས་སྐོམ་འཚོལ་ཕྱིར་ཀུན་ཏུ་འཁྱམས་ཀྱང་མི་རྙེད་ཅིང་འགའ་ཞིག་ཏུ་ཟན་གྱི་ཕུང་པོ་རི་བོ་ཙམ་མཐོང་ཡང་དེར་བཀོལ་ཏེ་ཕྱིན་པས་ལ་ལ་ནི་ས་ཕུང་དུ་སོང་། ལ་ལ་ནི་ཤུལ་ཙམ་ཡང་མེད་པ་ལ། ཡང་ལྗོན་ཤིང་འབྲས་བུ་ཅན་མཐོང་ཡང་དེས་སྲེད་དེ་ལུས་བཀོལ་ཏེ་ཕྱིན་པས་ན་ལ་ལ་ནི་སོལ་བའི་ཕུང་པོར་ནག་རུམ་གྱིས་སོང་། ལ་ལ་ནི་མགལ་དུམ་རད་རོད་ཅན་དུ་གྱུར། འགའ་ཞིག་ནི་སྐྱེས་བུ་གོ་མཚོན་ཅན་མང་པོས་བསྐོར་ནས་ལོངས་སྤྱད་དུ་མེད་པ་དང་། ཡང་ནེའུ་གསེང་རྣམས་


MLP024_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ན། ལ་ལ་ནི་ཤུལ་ཙམ་ཡང་མེད་པར་ཡལ་ཏེ་གྲམ་པ་སྐྱ་ཁྲོལ་གྱིས་སོང་། ལ་ལ་ནི་རྣག་ཁྲག་གི་མཚོར་སོང་། གཞན་ཡང་རྒྱ་མཚོར་སོང་། གཞན་ཡང་རྒྱ་མཚོ་ཆེན་པོ་ལ་དངོས་སུ་སྲུང་བ་ཡེ་མེད་ཀྱང་མཐའ་སྐོར་དུ་སྐྱེས་བུ་གོ་མཚོན་ཐོགས་པ་མང་པོས་བསྲུངས་པའི་སྡུག་བསྔལ། ནང་གི་སྒྲིབ་པ་ཅན་རྣམས་ནི་ཟས་སྐོམ་གང་ཡང་མི་དབང་ཞིང་། དབང་དུ་སྲིད་ཀྱང་ཁ་ཁབ་ཀྱི་མིག་ཙམ་དུ་མི་འདྲོངས་ཤིང་། ཁའི་དུག་གིས་སྐེམ་འགྲོ། མ་སྐེམས་ཀྱང་མགྲིན་པ་ཕྲ་བས་མི་འདྲོངས། འདྲོངས་ཀྱང་ལྟོ་བ་ཡུལ་ལྗོངས་ཙམ་མི་ཁེངས་ཤིང་། ཁེངས་ཀྱང་ཡན་ལག་འཇག་མ་ཙམ་པས་མི་ཐེག་པའི་སྡུག་བསྔལ། ཟས་སྐོམ་གྱི་སྒྲིབ་པ་ཅན་རྣམས་ཀྱི་ཟས་སྐོམ་ཁར་སླེབས་མ་ཐག་ཁ་ནས་མེ་འབར་ཞིང་མཐར་ནང་ལོང་རྒྱུ་མ་ཐམས་ཅད་བསྲེགས་ཤིང་ལྟོ་བ་ནས་མེ་ལྕེ་དམར་ལྷག་ལྷག་འབར་བའི་སྡུག་བསྔལ། གཞན་ཡང་དུས་ཚིགས་ཐམས་ཅད་ཕྱིན་ཅི་ལོག་ཏུ་གྱུར་པའི་དབང་གིས། དབྱར་གྱི་དུས་སུ་ཟླ་བས་ཀྱང་ཚ་རེག་མི་བཟོད། དགུན་ཉི་མས་ཀྱང་གྲང་རེག་བཟོད་དཀའ། དཔྱིད་ཀྱི་དུས་ཆར་སྤྲིན་ཡང་མེ་ཆར་དུ་འབེབ་ཅིང་། གཞན་ཡང་ཁ་ལུད་དང་། སྣ་ལུད་དང་། མི་གཙང་བ་དང་། མེ་མདག་ལ་སོགས་པ་དུཿཁ་སྐྱེ་བའི་ཟས་ཁོ་ན་བསྟེན་དགོས་པ་དང་། ལྟོགས་སྐོམ་ལ་སོགས་ལ་ངོམས་ཤིང་འགྲང་བའི་དུས་མེད་པ་དང་། རྟག་ཏུ་འཚོལ་འགྲོས་ཀྱིས་ངལ་ཞིང་ཆད་པ་དང་། ཉམས་ཞན་པས་རུས་ཚིགས་ཁྲོག་སྟེ་མེ་འབར་བ་དང་། ཕན་ཚུན་དགྲར་གྱུར་པས་འཆི་བ་ད ང་། བརྡེག་པ་དང་། གསོད་པ་དང་། བསྡིགས་པ་དང་། གཏད་སོ་མེད་པར་འཇིགས་སྐྲག་ཆེན་པོས་འབྲོས་པ་ལ་སོགས་སྡུག་བསྔལ་དོས་དྲག་ཅིང་ཡུན་རིང་པོར་མྱང་དགོས། ཚེ་ཚད་ཀྱི་ཁྱད་པར་ནི། མཛོད་ལས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་པས་མིའི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་དང་། བཤེས་སྤྲིངས་ལས། ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་འགྱུར། །ཞེས་གསུངས་པས། ཡི་དྭགས་ལ་ལའི་ཚེ་ཚད་ལོ་ལྔ་སྟོང་དང་། ཁ་ཅིག་ཁྲི་ཡིན་པར་བཤད་དོ། །དེ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་ནི་སེར་སྣ་དང་འཇུར་གེགས་སོགས་ལས་གྲུབ་པ་ཡིན་པའི་ཕྱིར་ད་ལྟའི་གནས་སྐབས་སུ་ཀུན་ཏུ་བསྒྲིམ་སྟེ་བག་ཡོད་པར་


MLP024_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེས་ན་ཡི་དྭགས་ཀྱི་ཡུལ་དུ་སྐྱེས་ན་སྡུག་བསྔལ་དེ་ལྟ་བུ་མྱང་དགོས་པ་འདུག་ཨང་སྙམ་དུ་བསམ། གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པའི་ཁྲིད་ནི། དུད་འགྲོ་ལ་བྱིངས་དང་ཁ་འཐོར་བ་གཉིས་ཀྱིས། བྱིངས་ན་གནས་པ་ཕྱིའི་རྒྱ་མཚོ་ཆེན་པོ་ལ་ཡོད་པ་རྣམས་ནི། དེ་ལ་ཀླུ་རྣམས་ཉིན་རེ་བཞིན་བྱེ་ཚན་གྱི་འཇིགས་པ་དང་། མཁའ་ལྡིང་གི་གནོད་པ་བྱུང་དོགས་པ་དང་། ཆུའི་རླབས་ཀྱིས་མཐའ་ལ་ཁྱེར་ཏེ་གནོད་པ་བྱུང་དོགས་པ་དང་། གཞན་ཡང་ཆེ་བ་གཅིག་གིས་ཆུང་བ་མང་པོ་དུས་གཅིག་ལ་ཟ་བ་དང་། ཆུང་བ་མང་པོས་ཆེ་བ་གཅིག་རུབ་སྟེ་ཟ་བ་ལ་སོགས་པའི་སྡུག་བསྔལ་ཡོད། ཁ་འཐོར་བ་ལྷ་དང་མིའི་ཡུལ་ན་ཡོད་པ་འདི་རྣམས་ཀྱང་། བདག་ཏུ་མ་བཟུང་བ་རྣམས་ནི་ཁོ་རང་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་དབང་ཆེ་བས་ཆུང་བ་གསོན་ཟས་བྱེད་པ་སོགས་གནོད་པ་བྱེད་པ་དང་། གཞན་ཡང་མི་ལ་སོགས་པས་ཤ་ལྤགས་རུས་པ་སྒྲོ་ལ་སོགས་པའི་ཆེད་དུ་དབང་མེད་དུ་གསོད་པ་དང་། བདག་ཏུ་བཟུང་བ་རྣམས་ནི་ཁལ་མི་ཐེག་བཞིན་དུ་འགེལ་བ་དང ། རྨོས་རྨོ་བ་དང་། ཞོ་བཞོ་བ་དང་། སྤུ་འཐོག་པ། བལ་འབྲེག་པ། གཞན་ཡང་རྡུང་བ་དང་། བཙོགས་པ་དང་། བརྡེག་པ་ལ་སོགས་པ་མདོར་ན་པགས་པ་བཤུ་ཞིང་སྙིང་འདོན་པ་ཙམ་གྱི་སྡུག་བསྔལ་བྱུང་ཡང་ད་དུང་བཟོད་བསྲ ན་བསྐྱེད་དེ་མི་རྣམས་ཀྱི་གཡོག་དབང་མེད་དུ་སྙིང་རུས་བྱེད་དགོས་པ་དང་། ཐུན་མོང་དུ་གླེན་ལྐུགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་དྲག་པོ་བསམ་གྱིས་མི་ཁྱབ་པ་ཞིག་མྱང་དགོས་པ་ཡོད་དེ། བཤེས་སྤྲིངས་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་མྱོང་། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟར་ཤིན་ཏུ་མི་བཟོད་འབྱུང་། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕགས་དང་ལྕགས་ཀྱུ་རྣམས་ཀྱིས་བཏབ་སྟེ་བཀོལ། །ཞེས་གསུངས་སོ། །ཚེ་ཚད་ནི་མཐའ་གཅིག་ཏུ་མ་ངེས་ཏེ། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །ཞེས་པས། ཀླུ་ལ་


MLP024_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཁ་ཅིག་བར་བསྐལ་ཙམ་དུ་ཐུབ་ཅིང་ཐུང་བ་ངེས་མེད་དུ་བཤད། འོ་དེས་ན་ད་ལྟ་རང་ཅག་རྣམས་ཀྱིས་མེའི་ནང་དུ་མཛུབ་མོ་ཡུད་ཙམ་འདུག་གམ། དགུན་གྲང་སྒང་འཁྱགས་སྦུབས་སུ་གཅེར་བུར་འདུག་གམ། ཉིན་ཞག་ཁ་ཡར་བཟའ་བཏུང་མེད་པར་ལུས་པའང་ཟས་སྐོམ་གྱི་སྔ་ཕྱིའི་སྒུག་སྡོད་དང་། ལུས་ལ་སྦྲང་མ་དང་ལྗི་ཤིག་གིས་སོ་བཏབ་པའི་སྡུག་བསྔལ་གྱི་རྐྱེན་ཕྲ་མོ་ཙམ་ཡང་ཐེག་པར་དཀའ་ན། དམྱལ་བ་ཡི་དྭགས་དུད་འགྲོའི་སྡུག་བསྔལ་ཇི་ལྟར་བཟོད་ན་ཨང་སྙམ་དུ་ད་ལྟའི་རང་ཉམས་ལ་དཔག་སྟེ། ངེས་འབྱུང་སྐྱོ་ཤས་དྲག་པོས་བསྐུལ་ཏེ། ཚེ་འདིའི་དལ་འབྱོར་དོན་ཡོད་པར་བྱའོ་སྙམ་དུ་བསམ། དེ་ནས་གཉིས་པ་མཐོ་རིས་ཀྱི་སྡུག་བསྔལ་བསམ་པའི་ཁྲིད་ནི། དེའང་བསོད་ནམས་ཆ་མཐུན་གྱི་དགེ་བའི་ལས་ཆུང་འབྲིང་ཆེན་པོ་བསགས་པའི་མཐུ་ལས་མི་དང་འདོད་པའི་ལྷ་དང་ཁམས་གོང་མའི་ལྷ་ལ་སོགས་པར་རིམ་གྱིས་སྐྱེས་ནས་གནས་སྐབས་ཀྱི་བདེ་འབྲས་ཕྲ་མོ་ཙམ་གྱིས་ཆོག་གམ་སྙམ་ན་མི་ཆོག་སྟེ། འཁོར་བ་མཐོ་དམན་གྱི་རང་བཞིན་གང་དུ་སྐྱེས་ཀྱང་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མི་འདུག་པ་རང་ཅག་རྣམས་ཀྱིས་མངོན་དུ་གྱུར་པ་འདི་ཀས་མཚོན་པ་ཡིན་མོད། དེས་ན་མིའི་སྡུག་བསྔལ་བསམ་པའང་དང་པོ་རང་ཅག་རྣམས་མའི་མངལ་དུ་རྩ་མདུད་དོག་ཅིང་མུན་ནག་ལ་དྲི་ང་བ་ཚ་གྲང་གི་འགྱུར་ལྡོག་བཟོད་དཀའ་བ་དེར་ཟླ་བ་བགྲངས་ནས་སྡོད་དགོས། དེའི་ཚེ་ནའང་མས་ཟས་ཚ་བ་རྣམས་ཟོས་པའི་ཚེ་ཚ་དམྱལ་དུ་ཚུད་པ་ལྟ་བུ་དང་གྲང་བ་རྣམས་ཟོས་པའི་ཚེ་གྲང་དམྱལ་དུ་ཚུད་པ་ལྟ་བུ་དང་། ཟས་མང་པོ་ཟོས་པའི་ཚེ་རི་བོས་མནན་ཅིང་རི་བྲག་གི་བར་དུ་བཅར་པའི་སྡུག་བསྔལ། ལུས་ཀྱི་སྒུལ་སྐྱོད་ལ་སོགས་པ་ལས་བྱས་པའི་ཚེ་རྦབ་ཏུ་སྒྲིལ་ཞིང་གཡང་ལ་ལྷུང་དོགས་པའི་སྡུག་བསྔལ། ཕོ་མོ་འཁྲིག་པ་སྤྱོད་པའི་ཚེ་ན་མེ་ཉལ་དུ་ཚུད་པ་ལྟ་བུ། གཞན་ཡང་དེར་མ་ཟད་ཐོམ་ཐོམ་གོང་ཞོར་ལིང་ལིང་བྱེད་པ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ་ཞིག་མྱང་དགོས་པ་ཡོད། དེ་ནས་ཟླ་བ་ཐེམས་ཏེ་མའི་མངལ་ནས་ཐོན་པའི་ཚེ་ནའང་མའི་མངལ་ཉིད་དོག་པར་གྱུར་པའི་དབང་གིས་འཇུར་མིག་


MLP024_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དྲངས་ཏེ་པགས་པ་བཤུ་བ་ལྟ་བུའི་སྡུག་བསྔལ། ལྟེ་བཅད་པའི་ཚེ་ནང་ཁྲོལ་ཡོད་ཚད་ཕྱིར་ཐོན་ཞིང་སྙིང་ལ་ཚེར་མ་བཏབ་པ་ལྟ་བུའི་སྡུག་བསྔལ། མའི་ཤ་དང་རེག་ཚེ་ལྕགས་སྲེག་དང་ཤའུ་རེག་པ་ལྟ་བུའི་སྡུག་བསྔལ། གོས་ཇི་ལྟར་འཇམ་པ་ཞིག་གཡོགས་ཀྱང་མའི་མངལ་གྱི་རྩ་མདུང་ཉིད་འཇམ་པར་གྱུར་པའི་དབང་གིས་ཚེར་མས་རེག་པ་ལྟ་བུའི་སྡུག་བསྔལ། པང་དུ་བླངས་པའི་ཚེ་བྱིའུ་ཁྲས་ཁྱེར་བ་ལྟ་བུའི་སྡུག་བསྔལ། གཞན་ཡང་བུ་རྫི་ལ་སོགས་པས་ཉར་ཚགས་མ་བྱུང་བའི་དབང་གིས་དབང་པོའི་སྒོ་རྣམས་སུ་སྲོག་ཆགས་ཞུགས་པ་སོགས་སྡུག་བསྔལ་ཡོད་པ་དང་། ལུས་ལ་སྦྲང་བུ་དང་ལྗི་ཤིག་གིས་སོ་བཏབ་པ་དང་། འོག་ནས་དྲི་ཆུ་ལ་སོགས་པས་མི་བདེ་བ་སོགས་མདོར་ན་ཡིད་ལ་མི་འདོད་པ་གང་འདྲ་ཞིག་བྱུང་ཡང་ངུ་བ་མིན་པ་གཞན་ཅི་ཡང་མི་འབྱུང་། དེ་ནས་ན་ཚོད་ཡར་ལ་འཕེལ་ཏེ་ལུས་ཀྱི་ལང་ཚོ་དར་ལ་བབས་ཏེ་དཀར་ལ་དམར་བའི་མདངས་ཆགས་ཀུན་གྱི་ཡིད་འཕྲོག་པ་ལྟ་བུར་གྱུར་ཀྱང་། མཐར་ཁ་དོག་ཉམས་ནས་གདོང་བྱད་སྔོ་ཆོས་ཀྱིས་སོང་ཞིང་། གཉེར་མས་གང་། མགོ་བོ་ཡང་སྐྱ་ཡེར་གྱིས་སོང་། དབྱིབས་ཉམས་པས་ཁའི་སོ་དོན། དྲང་པོར་སྐྱེས་པའི་ལུས་དེའང་སྒུར་ཞིང་འཁོགས། ཡན་ལག་འཁྱོག་པོར་སོང་སྟེ་ཀུན་གྱི་ཡིད་དུ་མི་འོང་བར་གྱུར། དབང་བོ་ཉམས་པས་མིག་མི་གསལ་ཞིང་རྣ་བ་འོན། ལོངས་སྤྱོད་ཉམས་པས་ཁ་ཟས་མང་ན་མི་འཇུ། ཉུང་ན་ནི་བཀྲེས། སྟོབས་ཉམས་པས་ལྡང་བ་དཀའ། འགྲོ་ན་ནི་འཁྱོར། འདུག་ན་ནི་བུག སྨྲ་བ་ལྡབ་ལྡིབ་ཏུ་གྱུར། གཞོན་པ་རྣམས་ཀྱིས་ཕྱས་ཆོས་བྱེད་པ་ལ་སོགས་པའི་སྡུག་བསྔལ། མཐར་སྔོན་ལས་འཕྲལ་རྐྱེན་གྱི་འབྱུང་བཞི་འཁྲུགས་པའི་ནད་ཀྱིས་བཏབ་པས་ཟུག་རྔུ་ལྡང་ཞིང་ལུས་རྒུད། འདོད་པའི་གཉིད་དང་བཟའ་བཏུང་ལ་སོགས་པ་ལ་སྤྱད་དབང་མེད། མི་འདོད་པའི་སྨན་དང་གཏར་སྲེག་ལ་སོགས་པ་བསྟེན་དགོས་ཤིང་། འཆི་བར་དོགས་པའི་སྡུག་བསྔལ་ལ་མཐའ་མེད། འཆི་བའི་ཚེ་ནའང་ཟས་ནོར་ཤེད་སྟོབས་སྨན་དཔྱད་རིམ་གྲོ་རིག་སྔགས་རྟེན་འབྲེལ་གང་གིས་ཀྱང་མི་ཕན། དེའང་སྔར་འབད་པས་བསྒྲུབས་པའི་ལོངས་སྤྱོད་དབང་ཐང་འཁོར་གྲོགས་ཐམས་ཅད་དང་། དེར་མ་ཟད་ཕོངས་ཤིང་སྡུག་པའི་ལུས་ཀྱང་


MLP024_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྟེ་གནར་གཅོད་ཀྱི་སྡུག་བསྔལ་དྲག་པོ་དང་བཅས་འཆི་བར་འགྱུར་ཞིང་། སྡུག་བསྔལ་བཞི་པོ་དེ་མི་སྤྱི་མཐུན་དུ་མྱང་དགོས་པར་མ་ཟད། བྱེ་བྲག་གི་སྡུག་བསྔལ་ནང་སྡུག་བསྔལ་བཞི་བོ་ཤས་ཆུང་བའི་བར་སྐབས་སུ་ལོངས་སྤྱོད་དབང་ཐང་སོགས་ཚེ་འདིའི་བདེ་འབྱོར་ཕྲ་མོ་སྒྲུབ་པའི་དོན་དུ་ལུས་སྲོག་ག་ཤེད་ལ་བོར་ཏེ་དཀའ་བ་ཇི་སྙེད་ཅིག་སྤྱད་ཀྱང་། འདོད་པའི་དོན་མ་འགྲུབ་པའི་སྡུག་བསྔལ། ཚ་གྲང་བཀྲེས་སྐོམ་ནད་གདོན་དགྲ་ཇག་སོགས་ཡིད་དུ་མི་འོང་བའི་རྐྱེན་དང་འཕྲད་པའི་སྡུག་བསྔལ། གཉེན་གྲོགས་འཁོར་འདབ་ལོངས་སྤྱོད་སོགས་དགའ་བདེ་སྐྱིད་པའི་དཔལ་དང་བྲལ་བའི་སྡུག་བསྔལ། མདོར་ན་འཁོར་ལྡན་རྣམས་འཁོར་དང་ལོངས་སྤྱོད་ཇི་ཙམ་ཆེ་བ་ལྟར་དེ་དག་བསྲུང་དགོས་པ་དང་། ཁྱད་པར་རྒྱལ་པོ་ལ་སོགས་པས་དབང་མེད་དུ་ཆད་པ་སོགས་བྱུང་དོགས་པའི་སྡུག་བསྔལ། དབུལ་བོ་རྣམས་ཟས་སྐོམ་སོགས་འདོད་པའི་ལོངས་སྤྱོད་བཙལ་ཡང་མི་རྙེད་པས་དབུལ་ཞིང་ཕོངས་པའི་སྡུག་བསྔལ་དྲག་པོ་དང་ལྡན་པ་སྟེ། སྐྱེས་རབས་ལས། གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་འཚོལ་བས་ཤ་ཐང་ངོ་། །ཕྱུག་གམ་ཡང་ན་དབུལ་ཡང་རུང་། །གང་ནའང་དགའ་བ་མེད་པར་འགྱུར། །ཞེས་དང་། བཞི་བརྒྱ་པ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་དང་། །ཐ་མ་རྣམས་ལ་ལུས་ཀྱིས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདིར། །ཉིན་རེ་བཞིན་དུ་འཇོམས་པར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པས་ན། རང་ཅག་རྣམས་ཀྱིས་མངོན་དུ་གྱུར་པ་འདི་ཀས་མཚོན་པ་ཡིན་མོད། དེས་ན་འཇིག་རྟེན་མི་ཡུལ་དུ་སྐྱེས་ཀྱང་སྡུག་བསྔལ་དེ་ལྟ་བུ་ཞིག་མྱང་དགོས་པར་འདུག་སྙམ་དུ་བསམ། གཉིས་པ་ལྷ་མིན་གྱི་སྡུག་བསྔལ་བསམ་པའི་ཁྲིད་ནི། དང་པོ་ལྷའི་ཕུན་སུམ་ཚོགས་པའི་དཔལ་རྣམས་མཐོང་བའི་ཚེ། དེ་དག་ལ་ཕྲག་དོག་པས་ཡིད་ལ་མི་བཟོད་པའི་གདུང་བ་དྲག་པོ་རྟག་ཏུ་མྱོང་ཞིང་དུས་དུས་སུ་ལྷ་རྣམས་ལ་འཐབ་པ་ལས། ལྷ་མིན་རྣམས་བསོད་ནམས་ཀྱི་མཐུ་ཆུང་བས་གསོད་པ་དང་། བརྡེག་པ་དང་། ཡན་ལག་གཅོད་པ་དང་འདྲལ་བའི་སྡུག་བསྔལ་དྲག་པོ་འབྱུང་ཞིང་། དེའི་ཚེ་ལྷ་རྣམས་ནི་མགོ་བོ་དང་རྐེད་པ་མན་ཆད་ན་གནད་


MLP024_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕོག་ཀྱང་སླར་འཚོ་ལ། ལྷ་མིན་རྣམས་ནི་མི་ལྟར་གནད་དུ་ཕོག་པ་ལས་འཆི་སྟེ། དེའི་ཚེ་གཟུགས་བརྙན་གསེར་གྱི་ས་གཞིའི་སྟེང་དུ་ཀུན་སྣང་ཞེས་པའི་མཚོ་ལ་ཤར་བས་དམག་མ་ལོག་པའི་གོང་ནས་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བར་བཤད་ཅིང་། གཞན་ཡང་ལྷ་མིན་རྣམས་ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་མོས། འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་ཁྱད་པར་རྟོགས་པའི་དུས་མེད། དེའང་ལྷ་མིན་རྣམས་ལ་རིགས་བཞི་སྟེ། ཚེ་དཔལ་ལྷའི་རིགས། གདུག་པ་ཀླུ་རིགས། སྲོག་གཅོད་སྲིན་པོའི་རིགས། སྟོབས་ལྡན་གནོད་སྦྱིན་གྱི་རིགས་ཏེ་ཕལ་ཆེར་ནག་པོའི་ཕྱོགས་ཁོ་ན་ལས་མེད། དེའི་ཕྱིར་ན་ལྷ་མིན་གྱི་གནས་སུ་སྐྱེས་ཀྱང་སྡུག་བསྔལ་དེ་ལྟ་བུ་ཞིག་མྱང་དགོས་པར་འདུག་ཨང་སྙམ་དུ་བསམ། གསུམ་པ་ལྷའི་སྡུག་བསྔལ་བསམ་པའི་ཁྲིད་ནི། དང་པོ་འདོད་པའི་ལྷ་རྣམས་ནི་རང་རང་གི་འདོད་ཡོན་ལ་བག་མེད་དུ་སྤྱོད་ཅིང་དེས་ཀྱང་ཚིམ་པ་མེད་པར་གཞན་གྱི་འདོད་ཡོན་ལ་བག་མེད་དུ་སྤྱོད་པ་དང་། དེ་ལྟར་འདོད་ཡོན་བག་མེད་དུ་སྤྱད་པས་མཐར་ཚེ་འགྲིབ་པ་མ་ཚོར་བར་འཆི་ལྟས་རྣམས་རིམ་གྱིས་ཕོག་སྟེ། མ་རྨོས་པའི་ལོ་ཏོག་ཀྱང་རང་བཞིན་གྱིས་ཡལ། ཁྲུས་ཀྱི་རྫིང་བུ་ཡང་སྐེམ། འདོད་འཇོའི་བ་ཡང་ཤི དཔག་བསམ་གྱི་སྡོང་པོ་ཡང་རང་བཞིན་སྐེམ། དེ་ནས་ལུས་ལ་སྔར་མེད་པའི་དྲི་མ་ནག་པོ་ཆགས་པ་དང་། མེ་ཏོག་གི་ཕྲེང་བ་ཡང་རྙིངས། མཆན་འོག་གཉིས་རུལ། པདྨའི་སྟན་ལའང་སྡོད་སྙིང་མི་འདོད་པར་ཀུན་ཏུ་འཁྱམས་སྙིང་འདོད། དེའི་ཚེ་རང་གི་ལྷ་མོ་ལྷ་ཕྲུག་ལ་སོགས་པས་རང་སྤངས་ཏེ་ལྷ་གཞན་གྱི་དྲུང་དུ་སོང་། དེར་ལྷ་ལ་ཟག་བཅས་ཀྱི་མངོན་ཤེས་ཡོད་པའི་དབང་གིས་རང་ཉིད་ཤི་བར་ནི་ཤེས། ངན་སོང་གི་སྡུག་བསྔལ་དྲག་པོ་མྱང་དགོས་པའང་ཤེས་ཏེ་འཕོ་ལྟུང་གི་སྡུག་བསྔལ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུའི་ལྷའི་ཞག་བདུན་དུ་མྱང་དགོས་པ་དང་། དེའང་ཤི་ནས་ལྷར་སྐྱེ་བ་ནི་སྲིད་མཐའ་ཙམ་སྟེ་མིར་སྐྱེ་བའང་ཆེས་ཉུང་། ཕལ་ཆེར་ངན་སོང་དུ་སྐྱེ་བ་དེའི་སྡུག་བསྔལ་བཟོད་དཀའ་བ་ཡུན་རིང་དུ་མྱང་དགོས་པ་ཤེས་ནས་སྡུག་བསྔལ་བཟོད་གླགས་མེད་པ་འབྱུང་སྟེ། དྲན་ཉེ་ལས། ལྷ་ཡི་གནས་ནས་ལྟུང་བ་ཡིས། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་།།


MLP024_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སེམས་ཅན་དམྱལ་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་དང་། བཤེས་སྤྲིངས་ལས་ཀྱང་། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །སླར་ཡང་ལས་ཀྱི་དབང་གིས་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས་ཤིང་། གཞན་ཡང་ལྷ་བསོད་ནམས་ཆེ་བ་དག་གི་འདོད་ཡོན་གྱི་དཔལ་མཐོང་བ་ན། བསོད་ནམས་ཆུང་བ་རྣམས་སེམས་ཁོང་དུ་ཆུད་ཅིང་སྤ་བཀོང་བར་འགྱུར་ཞིང་། མཐུ་ཆེ་བས་ཆུང་བ་རྣམས་གནས་ནས་སྐྲོད་པའི་སྡུག་བསྔལ། ཁྱད་པར་རྒྱལ་ཆེན་བཞི་པའི་རིགས་དང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དུས་རྟག་ཏུ་ལྷ་མ་ཡིན་དང་འཐབ་ཅིང་རྩོད་པ་དང་། ལུས་མཚོན་གྱིས་གཅོད་ཅིང་འདྲལ་བ་དང་གསོད་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་མྱང་དགོས་པ་ཡོད། གཟུགས་དང་གཟུགས་མེད་པ་དག་སྡུག་བསྔལ་གྱི་སྡུག་བསྔལ་མངོན་གྱུར་པ་མེད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་ཤིང་། ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་པས་སོ་སྐྱེ་རྣམས་ཡོན་ཏན་གོང་འཕེལ་དུ་འགྲོ་བ་མེད་ཅིང་། ཏིང་ངེ་འཛིན་གྱིས་མྱོས་པས་རོ་མྱོང་ཅན་གྱི་ཏིང་ངེ་འཛིན་ལས་འབྲལ་མི་ཕོད་ཅིང་། དེ་ནས་རང་རང་གི་ཏིང་ངེ་འཛིན་སྒོམ་པའི་སྐབས་དང་། སྐབས་དེར་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་ཉམས་བདེ་བདེ་འདྲ་བར་འདུག་ཀྱང་ཡིད་བརྟན་མི་འགྲུབ་པར་མདའ་ནམ་མཁའ་ལ་འཕངས་པ་ཅིས་ཀྱང་ས་ལ་འབབ་པ་དང་ཆོས་མཚུངས་པ་བཞིན་ཟག་བཅས་ཀྱི་དགེ་བའི་འཕེན་ཤུགས་ཟད་པ་ན་སླར་ངན་སོང་དུ་ལྷུང་བར་འགྱུར་ཏེ༑ བཤེས་སྤྲིངས་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་ཡང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་གསུངས་པ་ལྟར་ཡིན་པས་ན། ཁམས་གསུམ་འཁོར་བའི་གནས་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་པ་སྟེ། ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མི་འདུག དེའི་


MLP024_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་ད་རེས་རང་ཅག་རྣམས་བསྟན་པ་གནས་པའི་ཡུལ་དབུས་སུ་ནི་སྐྱེས། བླ་མ་དགེ་བའི་བཤེས་གཉེན་གྱིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ནི་རྗེས་སུ་བཟུང་། གདམས་པའི་མན་ངག་ཟབ་མོ་དང་ནི་མཇལ། དེས་ན་རང་ཅག་རྣམས་ཀྱིས་གསང་སྔགས་ཟབ་མོའི་ཆོས་སྒོར་ནི་ཞུགས། ཆོས་བྱེད་པའི་ཐབས་ནི་ཤེས། ཆོས་བྱེད་པའི་དབང་ནི་ཡོད། ཆོས་བྱེད་པའི་ལམ་གྱི་རྒྱུ་རྐྱེན་རྟེ ན་འབྲེལ་ཐམས་ཅད་ཕུན་སུམ་ཚོགས་པའི་སྐབས་འདིར་མ་བགྱིས་ན་ནི་རང་གིས་རང་བསླུས་པ་ལྟ་བུར་འགྲོ་བར་འདུག་སྟེ། དེའང་དེད་དཔོན་རྒྱ་མཚོའི་གླིང་ནས་སྟོང་ལོག་བྱེད་པ་བས་ཀྱང་བླུན་ཏེ། ད་རེས་རང་ལ་དབང་ཡོད་པའི་དུས་འདི་རུ་འཁོར་བ་མཐོ་དམན་གྱི་རང་བཞིན་གང་དུའང་མི་སྐྱེ་བའི་དམ་པའི་ཆོས་གཤའ་མ་ཞིག་ངེས་པར་རང་མི་བྱེད་རེ་ཤེ་སྙམ་དུ་མཉམ་བཞག་མ་ལགས་པའི་རྗེས་ཐོབ་ཀྱི་གནས་སྐབས་སུའང་ཡང་ནས་ཡང་དུ་དྲག་ཏུ་བསམ་པར་བྱའོ། །བཞི་པ་ལས་འབྲས་བསམ་པའི་ཁྲིད་ནི། དེའང་རང་ཅག་རྣམས་ལས་དགེ་བ་བགྱིས་པ་ལ་རྟེན་འབྲས་བུ་བདེ་བ། མི་དགེ་བ་བགྱིས་པ་ལ་རྟེན་འབྲས་བུ་སྡུག་བསྔལ་གྱི་རྒྱུར་སྨིན་པ་སྟེ། དེའང་དཔེར་ན་ས་བོན་མངར་བ་ཞིག་བཏབ་ན་འབྲས་བུ་ཡང་མངར་བ་དང་། ས་བོན་ཁ་བ་ཞིག་བཏབ་ན་འབྲས་བུ་ཡང་ཁ་བ་ཞིག་སྨིན་པ་བཞིན་ཏེ། དེས་ན་ས་བོན་མངར་ཁའི་འབྲས་བུ་སོ་སོར་སྨིན་པ་ལྟར་ལས་དཀར་ནག་གི་འབྲས་བུ་སོ་སོར་སྨིན་པར་འགྱུར་བས་དགེ་སྡིག་གི་འདོར་ལེན་རྣམས་བླང་དོར་གོ་མ་འཛོལ་བར་བསླབ་དགོས་པར་འདུག་སྟེ། དེའང་ལས་དགེ་མི་དགེ་གང་ཡིན་ཡང་རུང་། རྒྱུ་ལས་ཀྱི་དུས་སུ་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྣམ་སྨིན་གྱི་དུས་ན་འཕེལ་ཤིན་ཏུ་ཆེ་སྟེ། འགྱུར་ཆུང་ཤོས་ཀྱི་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ། འགྱུར་ཆེ་ཤོས་ལ་ཚད་བཟུང་མེད་དེ་ནས་སོགས་འབྲས་བུའི་འཕེལ་སྐྱེད་དང་ཆོས་མཚུངས། དེས་ན་རང་གིས་བསགས་པའི་ལས་གཉེན་པོས་མ་བཅོམ་ན་འབྲས་བུ་མ་སྨིན་གྱི་བར་དུ་ཆུད་འཛའ་བར་མི་སྲིད་པས་བླང་དོར་གྱི་གནས་སོགས་ལ་གཟབ་པ་གལ་ཆེ་སྟེ། དེའང་མདོ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཅུད་མི་འཛའ།།


MLP024_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སོ་སོར་སྨིན། །ཞེས་དང་། བཞི་བརྒྱ་པ་ལས། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེ་འམ་གལ་ཏེ་མི་དགེ་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་བདེའི་དབང་འགྱུར་ཕྱིར། །ཞེས་དང་། སྤྱོད་འཇུག་ལས། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག ། ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར་ཡིན་པས་ན། དེ་ལ་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་པ་ཞིག་གསུངས་ནའང་། དེ་ཉིད་མདོར་ཧྲིལ་གྱིས་སྒྲིལ་ན། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ན་ནི། །དགེ་དང་མི་དགེ་ཅི་རིགས་པ། །ལས་ཀྱི་ལམ་ནི་བཅུར་བཤད་དོ།། ཞེས་གསུངས་པས་ན། དངོས་གཞི་མི་དགེ་བ་སྤང་བྱ་སྤོང་ཚུལ་ལ་ལྟོས་ནས་བཅུ་དང་། དགེ་བ་བསྒྲུབ་བྱ་སྒྲུབ་ཚུལ་ལ་ལྟོས་ནས་བཅུ་ཡིན་ཏེ། དང་པོ་མི་དགེ་བ་སྤང་བྱ་སྤོང་ཚུལ་ལ་ལྟོས་ནས་བཅུ་ནི། ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་སྟེ། དེ་ལ་ལུས་ཀྱི་སྒོ་ནས་གཞན་གྱི་མཐུ་དང་། དམག་དང་ཇག་གི་སྒོ་ནས་ཕྲོགས་པ་དང་། གཞན་ཡང་བྲེ་སྲང་ལ་སོགས་གཡོ་སྒྱུའི་སྒོ་ནས་ལེན་པ་སྟེ་མ་བྱིན་པ་ལེན་པ། ཡུལ་མ་ཡིན་པ་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་ལ་འཁྲིག་པ་སྤྱོད་པ་སྟེ་མི་ཚངས་པར་སྤྱོད་པ་དང་། སེམས་ཅན་གྱི་སྲོག་གཅོད་པའམ་གང་ཡིན་ཡང་རུང་སྟེ། མ་ཤིའི་བར་དུ་གསོད་སེམས་ཀྱི་བསམ་པ་གཏིང་བཙུགས་པས་སྲོག་གཅོད་པ་སྟེ་ལུས་ཀྱི་ལས་གསུམ་དང་། དེ་ནས་ངག་གི་སྒོ་ནས་ཤེས་བཞིན་ཏུ་མི་བདེན་པར་སྨྲ་བའི་རྫུན་ཚིག གཞན་གྱི་ཞེར་འདེབས་པའི་ཚིག་རྩུབ། གཞན་མཛའ་བ་དབྱེ་བའི་ཕྲ་མ། ངག་འཁྱལ་ནི་དེ་གསུམ་མ་ཡིན་པའི་ཁ་གསག་གླུ་དང་དམག་དང་ཆགས་པའི་གཏམ་དང་། ལྟ་ལོག་གི་ཆོས་གཏམ་སྨྲ་བ་ལ་སོགས་གཞན་ལ་སྐུར་བ་འདེབས་པ་ལ་སོགས་པས་མཚོན་མི་དགེ་བའི་ལས་གང་དང་གང་བགྱིས་པ་དེ་ཐམས་ཅད་ངག་གི་ལས་བཞི། ཡིད་ཀྱི་སྒོ་ནས་ཀྱང་གཞན་གྱི་ནོར་ཁོ་ལ་མེད་ཀྱང་རུང་། ང་ལ་ཡོད་ན་བསམ་པའི་བརྣབ་སེམས། ངས་འདི་འདྲ་ཞིག་བྱས་ན་ཁོ་ལ་གནོད་པ་འཁྱོལ་བར་འདུག་སྙམ་པའི་གནོད་སེམས། ལོག་


MLP024_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ནི་ཚེ་སྔ་ཕྱི་དང་། ལས་འབྲས་དང་། དཀོན་མཆོག་གསུམ་མི་བདེན་པར་འཛིན་པ་སོགས་དེས་མཚོན་པའི་མི་དགེ་བའི་ལས་དངོས་ལྟ་ཅི་སྨོས། ཕྲ་ཞིང་ཕྲ་བ་ནས་ཀྱང་ཁོང་བར་སོང་བའི་དུག་བཞིན་སྤངས་ནས་རྟག་ཏུ་བག་ཡོད་པར་བྱ། འོ་ན་དེ་ལྟར་སྤངས་ནས་དང་དུ་ལེན་རྒྱུ་གང་འདྲ་ཞིག་ལེན་སྙམ་ན་ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ། དེ་ལ་ལུས་ཀྱི་སྒོ་ནས་མ་བྱིན་ལེན་པ་སྤོང་བའི་གཉེན་པོ་དཀོན་མཆོག་ལ་མཆོད་པ་འབུལ་བ། ཕྱག་འཚལ་བ། སྐོར་བ་བསྐོར་བ། ངན་སློང་ལ་སྦྱིན་པ་གཏོང་བ་སོགས་དགེ་བའི་ལས་ཅི་འགྲུབ་བྱེད་པ་དང་། མི་ཚངས་སྤྱོད་སྤོང་བའི་གཉེན་པོར་རང་རང་གི་བུད་མེད་ལ་སྤྱོད་པ་མ་གཏོགས། གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་ལ་མི་སྤྱོད་དེ། དེ་དག་ནི་ཁྱིམ་པའི་དབང་དུ་བྱས་ཀྱི་ཚངས་སྤྱོད་རྣམས་ཀྱིས་དུས་རྟག་ཏུ་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་མིག་གི་འབྲས་བུ་ལྟར་བསྲུང་བ་དང་། སྲོག་གཅོད་སྤོང་བའི་གཉེན་པོར་སེམས་ཅན་གྱི་སྲོག་བསྐྱབས་པ་དང་། སྲོག་བླུ་བ་སོགས་བྱེད་པ་སྟེ་ལུས་ཀྱི་གསུམ། ངག་གི་སྒོ་ནས་རྫུན་ཚིག་སྤོང་བའི་གཉེན་པོར་གསལ་ཞིང་དྲང་བོར་བརྗོད་པ་ལྟར་སྨྲ་བ། ཚིག་རྩུབ་སྤོང་བའི་གཉེན་པོར་འཇམ་ཞིང་སྙན་པར་སྨྲ་བ། ཕྲ་མ་སྤོང་པའི་གཉེན་པོར་མ་བསྡུམས་པའི་འགྲོ་བ་མཐའ་དག་སྡུམ་པར་བྱེད་པ། ངག་འཁྱལ་སྤོང་བའི་གཉེན་པོར་གཞན་ལ་ཆོས་འཆད་པ་རང་གིས་ཉན་པ། ཚིག་དོན་ལ་རྟོག་ཅིང་དཔྱོད་པ། གཞན་གྱི་ཡོན་ཏན་བརྗོད་པ། གཙོ་བོ་ནི་ཡང་དག་པའི་བསམ་གཏན་གྱི་དོན་ཁོ་ན་ལ་མཉམ་པར་འཇོག་པ་དང་། གཞན་ཡང་ཡི་གེ་འབྲི་བ་སོགས་མི་དགེ་བའི་ལས་ཐམས་ཅད་དགེ་བའི་ལས་སུ་བསྒྱུར་བ་དང་། ཡིད་ཀྱི་སྒོ་ནས་བརྣབ་སེམས་སྤོང་བའི་གཉེན་པོར་རང་གི་ནོར་ལ་ཆོག་ཤེས་པ། གནོད་སེམས་སྤོང་བའི་གཉེན་པོར་སེམས་ཅན་ལ་བྱམས་པ་བསྒོམ་པ། ལོག་ལྟ་སྤོང་བའི་གཉེན་པོར་ས ངས་རྒྱས་ལ་སྐྱབས། ཆོས་ལ་ལམ། ལས་འབྲས་ལ་ཡིད་ཆེས་ཀྱི་བསམ་པ་གཏིང་ཚུགས་པར་བྱ་སྟེ། མདོར་ན་ལས་འབྲས་ལ་སྤང་བླང་གོ་འ ཛོལ་མེད་པའི་སྒོ་ནས་ཟག་བཅས་ཀྱི་དགེ་བས་ཀྱང་གནས་སྐབས་ཀྱི་བདེ་འབྲས་བསྐྱེད་པ་ཙམ་ལས། མཐར་ཐུག་གི་འབྲས་བུ་འཛད་འགྲོ་བས་དེས་ན་དགེ་བའི་ལས་ཐམས་ཅད་བསམ་


MLP024_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པ་དང་། མི་དགེ་བའི་ལས་ཅུང་ཟད་ནོངས་ཀྱང་དེ་མ་ཐག་གནོང་འགྱོད་དྲག་པོས་བཤགས་སྡོམ་འཕྲལ་དུ་མཐོལ་ལ་མཐར་གཉིས་ཀ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱི་རྩིས་ཟིན་པར་བྱ འོ་སྙམ་དུ་བསམ་སྟེ། འདི་དག་ནི་གཙོ་བོ་རྗེས་ཐོབ་ཀྱི་གནས་སྐབས་ཀུན་ཏུ་དྲན་ཤེས་བརྟན་པོའི་སྒོ་ནས་ཉམས་སུ་ལེན་པ་ཡིན་ནོ། །ལྔ་པ་ལམ་ལོག་པ་ལས་ཁྱད་པར་དུ་བྱེད་པ་ཐེག་པ་སྤྱིའི་རྨང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་ནི་འདི་ལྟར་དུ་བསམ་པར་བྱ་སྟེ། འོ་རང་ཅག་རྣམས་ཀྱི་མི་དགེ་བཅུ་སྤང་གི་ཚུལ་ཁྲིམས་སོགས་དགེ་བའི་ལས་འབྲས་ཀྱིས་རེ་ཞིག་བདེ་འགྲོའི་གནས་སུ་སྐྱེས་ཀྱང་སྡུག་བསྔལ་ཐམས་ཅད་སྤངས་པའི་ཐར་པའི་གོ་འཕང་ཞིག་མ་ཐོབ་ན་ད་དུང་འཁོར་བ་མཐའ་མེད་དུ་འཁྱ མས་ནས་སྡུག་བསྔལ་སྣ་ཚོགས་ཞིག་མྱང་དགོས་པར་འདུག་མོད། དེའང་ད་ལྟ་ནི་སྲིན་མོའི་གླིང་དུ་ཚུད་པ་ལྟ་བུ། དུག་ཅན་གྱི་རྒྱ་མཚོར་ལྷུང་བ་ལྟ་བུ། ནགས་མཐའ་མེས་བསྐོར་བའི་སྐྱེས་བུ་ལྟ་བུར་འདུག་མོད། རང་དབང་ཐོབ་སྟེ་སུ་ལའང་སྐྱབས་འཚོལ་མི་དགོས་པ་ཞིག་ཡིན་ན་དེས་ཆོག་མོད། དེ་ལྟ་མིན་ན་རང་ཅག་རྣམས་ཚེ་རབས་ཐོག་མ་མེད་པའི་སྔོན་རོལ་ནས་མ་རིག་པའི་མུན་པ་ཐིབས་པོས་ནི་ནོན། ལས་ཉོན་གྱི་མཚོན་ཆས་ནི་བསྣུན། རྒ་ན་དང་འབྱོར་རྒུད་ཀྱི་ཆད་པས་ནི་བཅད། མཐར་འཆི་བདག་གི་ཁྲིམས་རར་དབང་མེད་དུ་ཁྲིད། ངན་སོང་གསུམ་གྱི་གཤེད་མར་གཏོད་པར་འདུག དེ་ལ་སྐྱབས་ནུས་ནི་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁོ་ན་མ་གཏོགས་གཞན་སུའང་མེད་དེ། དེའང་སློབ་དཔོན་ཆེན་པོས། འཁོར་བའི་དཔོན་ནི་ཇི་ལྟར་ཟང་ཡང་བསླུ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཅེས་དང་། གྲུབ་ཆེན་མེ་ལོང་གིས། འགྲན་ཟླ་མེད་པའི་དཀོན་མཆོག་ལ། །བློ་སྙིང་བྲང་གསུམ་རྒྱུན་དུ་འཁོལ། །བསླུ་མེད་ཅི་བསམ་འགྲུབ་སྟེ་མཆི། །ཞེས་གསུངས་པ་ལྟར། འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་ཚངས་པ་དང་། བརྒྱ་བྱིན་རྣམས་ཀྱིས་ཀྱང་འཁོར་བ་ལས་སྐྱོབ་པའི་མཐུ་མེད་དེ། དཔེར་ན་ནག་ཅན་བཙོན་དོང་དུ་ཚུད་པ་ཕན་ཚུན་གཅིག་གིས་སྐྱོབ་མི་ནུས་པ་དང་ཆོས་མཚུངས་ཏེ། ཁོ་རང་རྣམས་ཀྱང་འཁོར་བ་ན་གནས་པས་དེ་ལས་སྐྱོབ་པའི་མཐུ་མེད།


MLP024_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་དེ་ལས་བསྐྱབ་ནུས་པའི་སྐྱབས་དང་ར་མདའ་དཀོན་མཆོག་གསུམ་ཁོ་ནར་ངེས་སྙམ་དུ་ལུས་སེམས་རྣལ་དུ་ཕབ། རང་གར་གནས་ཀྱི་ཕྱོགས་འདི་ཉིད་ཉམས་དགའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་ལ་ཁོད་སྙོམས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རང་བཞིན་ཅན། ཡང་ན་ནི་བཻཌཱུཪྻ་ལ་གསེར་གྱིས་མིག་མང་རིས་སུ་བྲིས་པ་མཐའ་སྐོར་ཐམས་ཅད་རིན་པོ་ཆེའི་ར་བ་ཟླུམ་པོས་བྱས་པ། བདུད་རྩིའི་ཆུ་དང་དཔག་བསམ་གྱི་ཤིང་། མེ་ཏོག་གི་ཚལ། གུར་ཀུམ་དང་། པདྨའི་སྡོང་པོ་ལ་སོགས་པས་ཁོ་ར་ཁོར་ཡུག་ཏུ་གཏམས་པ། མནན་ན་ནེམ་བྱེད་ཅིང་བཏེག་ན་འཕར་བྱེད་པ། ཡངས་ཤིང་གོ་སྐབས་དང་བྲལ་བའི་འོད་ཀྱི་རང་བཞིན་ཅན་དུ་བསམ། དེའི་དབུས་སུ་པདྨའི་སྡོང་པོ་རྩ་བ་གཅིག་ལ་རྩེ་མོ་ལོ་འདབ་ཕྱོགས་བཅུར་རྒྱས་པ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པས་རབ་ཏུ་དུད་པ། ཕན་ཚུན་ཐམས་ཅད་གསེར་གྱི་ཐ་གུས་བྲེས་པ། མེ་ཏོག་གི་ཆུན་འཕྱང་དང་། ཁ་དོག་སྣ་ཚོགས་པའི་དར་དཔྱངས་རིན་པོ་ཆེའི་དྲ་བ་དྲ་ཕྱེད་དང་། གསེར་དངུལ་གྱི་དྲིལ་གཡེར་ལ་སོགས་པས་མཛེས་པར་སྤྲས་པ། རླུང་གཡོས་པ་ཙམ་གྱིས་ཆོས་ཀྱི་སྒྲ་སྐད་ལྷང་ལྷང་སྒྲོག་པ། དེའང་དངོས་འཛིན་གདོས་བཅས་ཀྱི་རྣམ་པ་མ་ཡིན་པ་འཇའ་ཚོན་གྱི་རང་བཞིན་ཅན་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བ་ཞིག་བསམ། དེའི་དབུས་ཀྱི་སྙིང་པོ་དེ་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ། དེའི་སྟེང་དུ་པདྨ་དང་ཉི་མའི་གདན་དང་བཅས་པ་གསལ་བཏབ། དེ་ལས་གསལ་སྣང་ཐོན་བྱུང་བ་དང་དེའི་སྟེང་དུ་རང་གི་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་རྣམ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ངང་ཚུལ་བཟང་པོ་དང་ལྡན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་བ་དང་། གཡོན་དངུལ་དཀར་གྱི་དྲིལ་བུ་ཐུགས་ཀར་བསྣོལ་སྟབས་སུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ལྷམ་མེ་ལྷང་ངེ་ལྷན་ནེར་བཞུགས་པ། དབུ་སྐྲ་མཐོན་མཐིང་རལ་བའི་ཐོར་ཚུགས་ཅན་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལ་བལྟ་བས་ཆོག་མི་ཤེས་པ། འོད་དང་འོད་ཟེར་མཐའ་ཡས་མུ་མེད་པ་སྤྲོ་བའི་བདག་ཉིད་ཅན་སྐུ་ལ་མཚན་བཟང་པོ་སུམ་ཅུ་


MLP024_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་མཉམ་པར་འཇོག་པའི་བདག་ཉིད་ཅན་དུ་གསལ་གདབ། དེ་ལ་གསལ་སྣང་ཐོན་བྱུང་བ་དང་། དེ་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ་རྣམས་མཐོ་བརྩེགས་སམ། ཡང་ན་མཐའ་སྐོར་དུ་ཁྲོམ་ཚོགས་སུ་བཞུགས་པ་དཀོན་མཆོག་ཀུན་འདུས་སུ་བསམ། དེ་ནས་ཕྱོགས་བཞིའི་ཡལ་ག་ལ་གདན་གྱི་བཀོད་པ་མཐོ་ཞིང་ཡངས་པ་རིན་པོ་ཆེ། མདུན་མར་ཁྱད་པར་གྱི་སངས་རྒྱས་དཀོན་མཆོག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་ཆོས་སྐུ་ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་རྡོ་རྗེ་དང་གླེགས་བམ་བརྩེགས་པའི་རྣམ་པ་ཅན། དེའང་རྟོགས་པའི་དམ་ཆོས་ངོ་བོ་བསམ་བརྗོད་དང་བྲལ་བ་རྣམ་པ་འགོག་བདེན་གྱི་རང་བཞིན་ཅན་སངས་རྒྱས་ཀྱི་སར་བགྲོད་བྱའི་ལམ་དང་། ལུང་གི་དམ་ཆོས་ནི་སྔ་མ་བརྗོད་བྱར་སྟོན་པའི་རྣམ་དཀར་གྱི་ལེགས་བཤད་མིང་ཚིག་བརྡའ་རྟོགས་ཀྱི་རྣམ་པ་གླེགས་བམ་གྱི་བདག་ཉིད་ཅན་ནོ། །རྒྱབ་ཏུ་ཐུན་མོང་གི་དགེ་འདུན་དཀོན་མཆོག་དེའང་། ཐེག་པ་ཆེན་པོའི་དགེ་འདུན་ས་ཆེན་པོ་ལ་བཞུགས་པའི་བྱང་སེམས་འཕགས་པ་ཉེ་བའི་སྲས་བརྒྱད་ལ་སོགས་པ་རྣམས་དང་། ཐེག་པ་ཆུང་ངུའི་དགེ་འདུན་ཉན་ཐོས་མཆོག་བརྒྱད་ལ་སོགས་པ་ཉན་རང་འཕགས་པའི་ཚོགས་དང་བཅས་པས་བསྐོར་བ། གཡོན་དུ་སྔགས་ཁྱད་པར་ཅན་གྱི་དགེ་འདུན་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་ཁྲོམ་ཚོགས་སུ་བཞུགས་པར་བསམ། དེ་ཐམས་ཅད་ཀྱང་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་ལས་མ་གཡོས་བཞིན་དུ་ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམན་མེད་པར་མདོར་ན་ནམ་མཁའ་ལ་གཟའ་སྐར་ཤར་བའམ། དར་ཟབ་ཀྱི་གོང་བུ་གཅལ་དུ་བཀྲམ་པ་ལྟ་བུར་གསལ་བཏབ་པ་ནི་སྐྱབས་སུ་འགྲོ་བའི་ཡུལ་ཡིན་ལ། གང་ལ་སྐྱབས་ན། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་པས། དེ་ལ་སངས་རྒྱས་ལ་སྐྱབས་སུ་སོང་ན་འཇིག་རྟེན་པའི་ལྷ་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་


MLP024_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ན་སེམས་ཅན་ལ་གནོད་འཚེ་སྤང་། དགེ་འདུན་ལ་སྐྱབས་སུ་སོང་ན་གྲོགས་མུ་སྟེགས་པ་དང་མི་འགྲོགས། བོད་འདིར་མུ་སྟེགས་དངོས་སུ་མི་འབྱུང་ཡང་སྡིག་ཅན་གྱི་མི་དང་སྤྱོད་པ་འདྲེས་པར་མི་བྱའོ། །དེས་ན་བླང་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ན་སཱཙྪའི་ཆག་དུམ་ཡན་ཆད་མི་འགོམ་པར་བཀུར་བསྟི་དང་ཞབས་ཏོག་ཚད་བཟུང་མེད་པར་བྱ། ཆོས་ལ་སྐྱབས་སུ་སོང་ན་ཡི་གེ་ན་གཅིག་ལའང་མི་འགོམ་པར་ལུང་རྟོགས་ཀྱི་ཆོས་དངོས་ཀྱི་འདུ་ཤེས་འཇོག དགེ་འདུན་ལ་སྐྱབས་སུ་སོང་ན་ལྷན་པ་སེར་པོ་གྱོན་པ་ཡན་ཆད་ལ་བདག་ཅག་གི་སྟོན་པའི་ཉན་ཐོས་ཀྱི་དགེ་འདུན་དངོས་ཡིན་སྙམ་པའི་འདུ་ཤེས་དང་མ་བྲལ་བ་དང་། གཞན་ཡང་ཞོགས་པར་ལངས་པའི་ཚེ་ན་སྟོད་གཡོགས་ཐབས་སྨད་གཡོགས་ཤེས་རབ། སྐ་རགས་ཐབས་ཤེས་ཟུང་འཇུག ཞྭ་དང་གོན་པ་བླ་མའི་ངོ་བོར་བསམ་པ་དང་ལས་ཅི་ལ་ཐུག་ཀྱང་དཀོན་མཆོག་རྣམ་གསུམ་མི་སྤོང་ཞིང་ནམ་ཟ་ནམ་འཐུང་གི་ཚེ་ཕུད་མཆོད་པའི་ཚུལ་དུ་འབུལ་ཞིང་། རི་ཆེན་པོ་སོགས་གྱེན་ལ་འཛེགས་ཏེ་ཡར་འགྲོ་བའི་ཚེ་ན་སེམས་ཅན་ཐམས་ཅད་བདེ་ཆེན་གྱི་ཞིང་དུ་དྲངས་ནས་འགྲོ་བ་ཡིན་སྙམ་པ་དང་། ཐུར་དུ་འགྲོ་བའི་ཚེ་སེམས་ཅན་ཐམས་ཅད་ངན་སོང་ལས་དྲང་བའི་ཕྱིར་འགྲོ་བ་ཡིན་སྙམ་པ་དང་། འཕྲེད་དུ་འགྲོ་པའི་ཚེ་ནའང་སྐྱབས་ཡུལ་རྣམས་གསལ་བཏབ་ནས་སེམས་ཅན་ཐམས་ཅད་དང་འགྲོགས་ཏེ་སྐོར་བ་བསྐོར་བར་བསམ་ལ་སྐྱབས་འགྲོ་འདོན་པ་ལ་སོགས་པ་མདོར་ན་ལུང་མ་བསྟན་གྱི་བྱ་བ་གང་དང་གང་བགྱིས་པ་དེ་ཐམས་ཅད་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཆེན་པོའི་རྩིས་ཟིན་པར་བྱས་ལ་དཀར་པོ་དགེ་བའི་ལས་ལམ་ཁོ་ནར་སྒྱུར་ཅི་ཐུབ་བྱ། གང་ལྟར་ཡང་དེ་དག་ནི་སྐྱབས་སུ་འགྲོ་བའི་ཡུལ་ཡིན་ལ། སྐྱབས་སུ་འགྲོ་བའི་གང་ཟག་ནི་རང་གི་གཡས་སུ་ཚེ་འདིའི་ཕ། གཡོན་དུ་མ། མདུན་དུ་དགྲ། རྒྱབ་ཏུ་གཉེན། མཐའ་སྐོར་དུ་དགྲ་གཉེན་བར་མ་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་ལྟར་འཁོད་པར་བསམ་ལ། དེ་དག་གི་བྱང་རང་གིས་དྲངས་ཏེ་ལུས་གུས་པའི་སྒོ་ནས་པུས་མོ་བཙུགས། ཐལ་མོ་སྦྱར། ངག་གུས་པའི་སྒོ་ནས་སྐྱབས་འགྲོ་ཉིད་ཁ་ཙམ་མ་ཡིན་པར་འུར་དིར་དིར་སྒྲོག་ཅིང་། ཡིད་གུས་པའི་


MLP024_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་མཐོར་གཏོང་དམར་གཏོང་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་རེ་ལྟོས་ཁྱེད་རྣམས་ལས་མེད་དོ་སྙམ་པར་ཅི་མཛད་ཁྱེད་རང་གིས་ཤེས་སོ། །བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དུས་མྱུར་བ་ཉིད་དུ་བསྐྱབ་ཏུ་གསོལ་བསྐྱབ་ཏུ་གསོལ་སྙམ་དུ་མོས་གུས་གདུང་ཤུགས་དྲག་པོས་ངག་ཏུ། ཀྱེ་མ། འཁོར་བའི་སྡུག་བསྔལ་བཟོད་པར་དཀའ་བ་ལས། སོགས་སྐྱབས་འགྲོ་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པའམ་མཐའ་གསུམ་གྱིས་བརྟེན་པ་རེ་བཏང་རྗེས་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བུན་གྱིས་འཕྲོས་པ་བདག་སོགས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། སེམས་ཅན་ཐམས་ཅད་འཇའ་འོད་ཀྱི་ལམ་ནས་བྱེའུ་ཁྱུ་ལ་རྡོ་འཕངས་པ་བཞིན་དག་པའི་ཞིང་དུ་འུར་དིར་གྱིས་སོང་བར་བསམ། དེ་ནས་རྩ་བའི་བླ་མའི་སྐུ་ལས་འོད་ཟེར་འཕྲོས་པས་འཁོར་གྱི་རྒྱལ་བ་རྒྱལ་སྲས་རྣམས་ལ་ཕོག་པ་འོད་ཟེར་གྱི་གོང་བུར་ཞུ་བ་རྩ་བའི་བླ་མའི་སྐུ་ལ་འདུས་པས་དེ་ཉིད་འོད་ཟེར་སྔར་ལས་ཀྱང་མཆོག་ཏུ་འབར་བར་བསམས་ལ་རྩ་བའི་བླ་མ་ཉིད་འོད་དུ་ཞུ་བ་རང་ལ་ཐིམ་པས་རང་སེམས་དང་བླ་མའི་ཐུགས་གཉིས་སུ་འཛིན་པའི་རྟོག་པ་ཕྲལ་ཏེ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་མཉམ་བཞག་ཅི་ནུས་སུ་བྱས་རྗེས་དགེ་བ་བསྔོ། ནུབ་མོ་ཉལ་བའི་ཚེ་ན་སྐྱབས་ཡུལ་གྱི་རྟེན་ཉིད་མ་བསྡུས་པ་དེ་ལ་མགོ་ཕྱོགས། གློ་གཡས་འོག་ཏུ་བཅུག་སེང་གེའི་ཉལ་སྟབས་ཀྱིས་མོས་གུས་དུང་ངེ་བའི་ངང་ནས་གཉིད་དུ་འགྲོ་བར་བྱ་སྟེ། ནངས་ནུབ་ཐམས་ཅད་སྐྱབས་འགྲོར་འགྲོ་བའི་དགོས་པ་ཡོད་གསུངས། དྲུག་པ་ལམ་:ལོག་༼དམན་༽པ་ལས་ཁྱད་པར་དུ་བྱེད་པ་སེམས་བསྐྱེད་པའི་ཁྲིད་ནི། འདི་ལྟར་དུ་བསམ་སྟེ། འོ་ཕྱོགས་བཅུའི་ནམ་མཁའ་འདི་ལ་ཇི་ལྟར་གཞལ་ཡང་མཐའ་དང་ཚད་མེད་པ། ནམ་མཁས་གར་ཁྱབ་ནི་འཇིག་རྟེན་གྱི་ཁམས་ཡིན། དེ་ནི་འཇིག་རྟེན་གྱི་ཁམས་ལའང་མཐའ་དང་ཚད་མེད། དེ་ཐམས་ཅད་རིགས་དྲུག་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ་འདུག་མོད། བདག་གིས་ནི་ཚེ་རབས་འཁོར་བ་ཐོག་མ་མེད་པའི་སྔ་རོལ་ནས་སྐྱེ་བ་གྲངས་མེད་པ་ཞིག་བླངས། སྐྱེ་བ་བླངས་རེས་བཞིན་གྱི་ལུས་རེ་གྲུབ། ལུས་གྲུབ་རེ་


MLP024_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཕ་མ་རེ་བྱུང་འདུག་པས། སེམས་ཅན་འདི་ཐམས་ཅད་ཕ་དང་མར་མ་གྱུར་པ་ནི་གཅིགརང་ཡང་མེད་དེ། དེ་ལ་ཚེ་འདིའི་མས་མཚོན་ན། རང་རེ་རྣམས་དང་པོ་མའི་མངལ་དུ་སྡོད་པའི་དུས་མའི་ལུས་ཀྱི་ཟུངས་ཟད། དབང་པོའི་བཀྲག་ཤོར། འདོད་པའི་བཟའ་བཏུང་ལ་སྤྱད་དབང་མེད་ཅིང་། ཀུན་ཏུ་ལྡང་ཞིང་ལུས་རྒུད། དེ་ནས་ཟླ་བ་ཐེམས་ཏེ་མངལ་ནས་འཐོན་པའི་ཚེ་ནའང་མའི་ཁ་རུས་མིན་པའི་རུས་མཚམས་ཐམས་ཅད་འབྱེད། དེའི་དུས་སུ་རང་གི་ལུས་ཀྱི་སྒུལ་སྐྱོད། ངག་གི་སྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད་གང་ཡང་མི་ཤེས་མོད། མ་དྲིན་མོ་ཆེ་བ་འདིས་འཛུམ་པའི་མདངས་ཀྱིས་བསུས། བྱམས་པའི་ཡིད་ཀྱིས་བསྐྱངས། མི་གཙང་ལག་གིས་ཕྱིས། བྱེད་སྤྱོད་དང་ཕན་སྒོ་དུ་མའི་སྒོ་ནས་གཅེས་པར་བསྐྱངས། མཐར་གོས་རྒྱན་སོགས་ཅི་ཡོད་དེར་འདོགས། མདོར་ན་རང་ལས་ལྷག་པར་རྟག་ཏུ་འཁྱ གས་དོགས་ལྟོགས་དོགས་བརྩེ་ཞིང་གདུང་བ་ཆེན་པོས་བསྐྱངས། དེས་ན་ཚེ་འདིའི་ཕ་མས་ཇི་ལྟར་སྐྱོང་བ་བཞིན་ཚེ་རབས་ཀྱི་ཕ་མས་ཀྱང་དེ་ལྟར་དུ་བསྐྱངས་པས་དྲིན་ཅན་གྱི་མ་ཤ་སྟག་ཡིན། དེས་ན་ཚེ་འདིའི་ཕ་མ་དང་ཚེ་རབས་ཀྱི་ཕ་མ་ཞེས་ཉེ་རིང་དུ་སྤྱོད་པ་ཅི་ལ་འཐད། ད་འདི་ཐམས་ཅད་འདོད་པ་ནི་བདེ་བ་འདོད་དེ་རྨོངས་ཤིང་ཐབས་ལ་མི་མཁས་པའི་དབང་གིས་སྒྲུབ་པ་སྡུག་བསྔལ་གྱི་རྒྱུ་ཁོ་ན་སྒྲུབ་ཅིང་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ་ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་ལོངས་སྤྱོད། ལ་ལ་ནི་སྡུག་བསྔལ་གྱི་འབྲས་བུ་ལ་རྟག་ཏུ་སྤྱོད་ཅིང་ཉམ་ཐག་པའི་སྨྱོན་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་བསྐལ་ཆེན་གྱི་མེ་འབར་བ་ལྟར་སྙིང་ཁོང་རུས་པའི་གཏིང་ནས་ཚུགས་ཐབས་མེད་པའི་བྲེད་ཤ་ཐོན་ཐོན་གྱིས་མདོར་ན་སྙིང་འགས་འགྲོ་བ་ཙམ་བསྐྱེད་དེ། ད་ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་མ་འདི་དག་མ་རིག་པའི་མུན་པ་འཐིབས་པོས་ནི་འཐོམ། ཉོན་མོངས་པས་ཡིད་དཀྲུགས་ཏེ་སྨྱོ། བླང་དོར་ལྟ་བའི་ཤེས་རབ་ཀྱི་མིག་དང་བྲལ་ཞིང་དགེ་བའི་བཤེས་གཉེན་གྱི་དམིགས་བུའི་ལོང་ཁྲིད་ནི་མེད། རྒྱབ་ནས་བརྟེན་པའི་བསོད་ནམས་ཀྱི་འཁར་བ་མེད་ཅིང་ཐབས་ཤེས་ཀྱི་རྐང་པ་ཆག་པ་ངན་སོང་གི་གནས་སུ་གོམ་པ་འདོར། ལས་ཀྱི་དབང་


MLP024_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྡུག་བསྔལ་གྱི་འཁོར་བ་དང་ངན་སོང་གི་གཡང་སར་ལྷུངས་ཞིང་ཉམ་ཐག་པའི་སེམས་ཅན་འདི་རྣམས་ཡལ་བར་བོར་ན་འཇིག་རྟེན་ན་བདག་ལས་ཁྲེལ་དང་ངོ་ཚ་ཆུང་བ་སུ་ཞིག་ཡོད་སྙམ་དུ་སྙིང་རྗེ་ཚད་མེད་པ་བསྐྱེད། ད་སྙིང་རྗེ་ཞེས་བཞག་པས་ཅི་ལ་ཕན། དེས་ན་བདག་གི་མ་ཆུས་ཁྱེར་བ་དེ་ལ་ཀོ་གྲུའམ་ཐག་པ་ལ་སོགས་ཐབས་སྣ་ཚོགས་ཀྱིས་འདྲེན་དགོས་པ་དང་ཆོས་མཚུངས་པ་ཡིན། སེམས་ཅན་འདི་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ལ་འཐོབ་པར་བྱ། དེའི་ཆེད་དུ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་གདམས་པ་ཟབ་མོ་འདི་ཉིད་ཉམས་སུ་བླངས་ཏེ་ཚེ་འདི་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ཏེ་སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་ངེས་པར་འགོད་པར་བགྱིའོ་སྙམ། མདོར་ན་ཁ་ཙམ་ཚིག་ཙམ་མིན་པའི་སྙིང་རྗེ་ཚུགས་ཐབས་མེད་པ་ཀོམ་ཀོམ་བསྐྱེད་ལ་ངག་ཏུ། བདག་གི་ཕ་མ་སོགས་ཀྱི་སེམས་བསྐྱེད་བརྒྱ་སྟོང་ཁྲི་འབུམ་གསོག་པའམ་ཉུང་མཐའ་གསུམ་གྱིས་བྱས་པ་རེ་བཏང་རྗེས་དབུགས་འབྱིན་འཇུག་དང་སྦྱར་བའི་བདེ་སྡུག་གི་བཏང་ལེན་བྱེད་པ་སྟེ། དེའང་དབུགས་རྒྱུན་གྱི་བཟོ་བཅོས་མེད་པ་འདི་ཀ་ཕར་འགྲོ་བ་དང་བསྟུན། བདག་གིས་ཚེ་རབས་འཁོ ར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བགྱིས་པའི་དགེ་བ་སེམས་ཅན་ལ་སྦྱིན་ནོ། །སེམས་ཅན་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསམ། ཡང་རླུ ང་ནང་དུ་འོང་བ་དང་སེམས་ཅན་གྱིས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བགྱིས་པའི་སྡིག་པ་དང་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག སེམས་ཅན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྐྱེན་དང་བྲལ་བར་གྱུར་ཅིག་སྙམ་དུ་བསམ། དེ་ནས་མཐར་སེམས་བསྐྱེད་པའི་ཡུལ་སྐྱབས་ཡུལ་མི་དམིགས། སྐྱེད་པ་པོའི་གང་ཟག་སེམས་ཅན་མི་དམིགས། དེ་བར་གྱི་ཀུན་སློང་གསུམ་ཀ་མི་དམིགས་པའི་ངང་དུ་དར་ཅིག་མཉམ་བཞག་བྱས་རྗེས། བྱང་ཆུབ་སེམས་ནི་རིན་པོ་ཆེ་ཞེས་སོགས་ཀྱིས་དགེ་བ་བསྔོ་དང་བཅས་པ་བྱའོ། །


MLP024_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་སྡིག་སྒྲིབ་སྦྱོང་བའི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བསླབ་པ་ནི༑ དེའང་རང་ཅག་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱེད་པ་ལ་གེགས་དང་ཉེར་འཚེ་བར་ཆོད་བྱེད་པ་ནི་སྡིག་སྒྲིབ་ཡིན་པས་དེ་སྦྱང་དགོས། དེ་སྦྱོང་བའི་མཆོག་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་རྣལ་འབྱོར་དུ་བྱའོ་སྙམ་དུ་བསམས་ལ་ལུས་སེམས་རྣལ་དུ་ཕབ། རང་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དཀར་པོ་འདབ་མ་བརྒྱད་པ་གེ་སར་ཟེ་ཕོལ་དང་བཅས་པའི་སྟེང་ཁ་ཡར་བལྟ་བ། རྩ་བ་རང་གི་ཚངས་བུག་ཏུ་ཟུག་པ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་རྣམས་གསལ་གདབ། དེ་ལ་གསལ་སྣང་ཐོན་པ་དང་། དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འཚེར་བ་ཞིག་བསམ། དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་གི་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་འཚེར་བ། གངས་རི་ལ་ཉི་མ་ཕོག་པ་ལྟ་བུའི་གཟི་བྱིན་རབ་ཏུ་རྒྱས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ངང་ཚུལ་བཟང་པོ་དང་ལྡན་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་བ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་སྣང་སྟོང་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་ལྷམ་མེར་བཞུགས་ཤིང་། དབུ་སྐྲ་མཐོན་མཐིང་རལ་བའི་ཐོར་ཚུགས་ཅན་རིན་པོ་ཆེའི་རྐེད་ཆིངས་དང་། ནོར་བུའི་རྩེ་བྲན་གྱིས་བརྒྱན་པ། སྐུ་སྟོད་ལ་དར་གྱི་སྟོད་གཡོགས་དང་སྐུ་སྨད་ལ་དར་གྱི་སྨད་དཀྲིས་ཅན། གཞན་ཡང་རིན་པོ་ཆེའི་དབུ་རྒྱན། མགུལ་རྒྱན། དཔུང་རྒྱན། སེ་མོ་དོ། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ་ལ་སོགས་པ་དར་དང་རིན་པོ་ཆེའི་རྒྱན་ཅན། ཕུན་སུམ་ཚོགས་པ་དུ་མས་མཛེས་པར་སྤྲས་པ་སྐུ་བལྟ་བས་ཆོག་མི་ཤེས་པ་སྟོང་ཆེན་སྒྲིབ་ཐོགས་ཐམས་ཅད་དང་བྲལ་བ་འོད་ཀྱི་རང་བཞིན་དུ་བསམ། དེའི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃ་ཡིག་དཀར་


MLP024_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གསལ་ཞིང་འཚེར་བ་ཞིག་བསམ། དེའི་མཐའ་སྐོར་དུ་ཡི་གེ་བརྒྱ་བའི་སྔགས་ཕྲེང་རྣམས་ཤིན་ཏུ་ཕྲ་བ་རྟ་རྔ་ལ་མདུད་པ་བཏབ་པའམ། མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུའམ་དངུལ་ཆུའི་མདོག་ལྟ་བུ་ཧཱུྃ་གིས་བཀླག་པའི་ཚུལ་གྱིས་གསལ། མཐའ་སྐོར་དུ་རེག་ཅིང་མ་འབྱར་བའི་ཚུལ་གྱིས་ལྷམ་མེར་འཁོད་པར་བསམ། དེ་ལྟར་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་སྐྱབས་གནས་ཀུན་འདུས་སུ་མོས་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་གནོང་འགྱོད་དྲག་པོས་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་སྔོན་ཆད་སྡིག་པའི་ལས་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་པ་སུན་འབྱིན་པའི་སྟོབས། ད་ཕྱིན་ཆད་འཆི་བ་སྲོག་ལ་བབ་ཀྱང་སྡིག་པའི་ལས་དངོས་སུ་ཅི། རྨི་ལམ་དུའང་མི་བགྱིད་སྙམ་པ་སྡིག་པ་ལས་ལྡོག་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་སྤྱོད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་ལྟར་སྟོབས་བཞི་དྲན་བཞིན་པའི་ངང་ནས་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་འབད་པས། དེའང་ཐོག་མར་ཐུགས་ཀའི་ས་བོན་དང་ཞབས་ཀྱི་མཐེ་བོང་གི་རྩེ་ལས་བྱང་སེམས་བདུད་རྩིའི་ཆུ་རྒྱུན་བདེ་ཁྲིལ་ཁྲིལ་གྱིས་བབ་པར་བསམ་ལ། མཐར་སྐུའི་ཆ་ཐམས་ཅད་ནས་ཀྱང་བྱང་སེམས་བདུད་རྩིའི་རྒྱུན་སྐྱ་ཆིལ་ཆིལ་བྱུང་བ་རང་གི་ཚངས་བུག་ནས་ཞུགས། ནད་ཐམས་ཅད་རྣག་ཁྲག་ལྗན་ལྗིན། གདོན་ཐམས་ཅད་སྲོག་ཆགས་ཕྲ་མོའི་རྣམ་པ། སྡིག་སྒྲིབ་ཐམས་ཅད་སོལ་ཁུ་དང་དུད་ཁུའི་རྣམ་པ་ཅན་དུ་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་མདོར་ན་ཕུ་ཆུ་དྲག་པོས་ཐལ་བ་བདས་པ་བཞིན་ཕྱིར་སང་སང་སོང་སྙམ་དུ་རང་ལུས་ཤེལ་གྱི་ཁོག་པ་ཕྱིས་པ་ལྟ་བུའི་བློ་མ་སྐྱེས་ཀྱི་བར་དུ་གཞན་དུ་མ་ཡེངས་པར་དམིགས་པ་གཅུན་ལ་བཟླ་སྟེ། དེའང་སློབ་དཔོན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ། །གཞན་དུ་ཡེངས་པར་གྱུར་པས་ནི། །བསྐལ་བར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་སོ། །དེ་ནས་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་


MLP024_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུས་ད་ལྟ་ཉིད་དུ་དབྱུང་ཞིང་དག་པར་མཛད་དུ་གསོལ་སྙམ་དུ་འབད་པ་ན་བྱང་སེམས་བདུད་རྩིའི་རྒྱུན་དེས་རང་གི་སྤྱི་གཙུག་ནས་རྐང་སེན་གྱི་བར་དེ་སྲིད་དུ་མེར་ཁྲིག་གེ་ལྟེམ་ཙེར་གྱིས་གང་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ། མཐར་མགོན་པོ་བདག་ནི་སོགས་ཀྱིས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་འཛུམ་པར་མཛད་དེ་འོ་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་པར་བསམ་ལ། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ཉིད་དབུའི་ནོར་བུ་ནས་མར་འོད་དུ་ཞུ། གདན་པདྨ་ནས་ཡར་འོད་དུ་ཞུ། ཐུགས་འོད་ལྔའི་གང་བུའི་རང་བཞིན་དུ་གྱུར་པ་དེ་ཉིད་རང་གི་ཚངས་བུག་ནས་སྙིང་དབུས་སུ་སིབ་ཀྱིས་ཐིམ་པར་བསམ་ལ་སྡིག་སྒྲིབ་སྦྱ ང་བྱ་སྦྱོང་བྱེད་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་ཏེ་མཐར་སྟོང་གསལ་ཟུང་འཇུག་སྤྲོས་པ་དང་བྲལ་བའི་ངང་དུ་དར་ཅིག་མཉམ་པར་བཞག་རྗེས་དགེ་བ་བསྔོ་སྟེ། སྡིག་པ་དག་པའི་རྟགས་མཚན་མ་མཐོང་གི་བར་དུ་དམིགས་པ་གཅུན་ལ་གསལ་ཞིང་དག་པར་བཟླའོ། །བརྒྱད་པ་ཚོགས་གཉིས་རྫོགས་བྱེད་མཎྜལ་གྱི་ཁྲིད་ནི། མཐུན་རྐྱེན་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཐབས་མཆོག་རྨད་དུ་བྱུང་བ་ནི་མཎྜལ་ཉིད་དུ་བསྔགས་པས། དེས་ན་མཎྜལ་འབུལ་བའི་ཡུལ་ཚོགས་ཞིང་སྐྱབས་འགྲོའི་སྐབས་བཞིན་གསལ་བཏབ་ལ་མཎྜལ་འབུལ་བའི་རྫས་ནི་རབ་གསེར་ཡིན་ན་སོར་བཞི་ཙམ་དང་། དངུལ་མཐོ་གང་ཙམ་བྱས་པས་ཀྱང་ཆུང་ངུའི་སྐྱོན་དུ་མི་འགྱུར། ཟངས་དང་འཁར་སོགས་རིན་པོ་ཆེ་ཕལ་པ་ཡིན་ན་ནི་ཁྲུ་གང་ངེས་པར་དགོས། དེ་དག་མ་འབྱོར་བའི་གང་ཟག་གིས་ཀྱང་རྡོ་ལེབ་དང་ས་གཞི་ཕྱི་དོར་བྱས་པས་བྱེད་རུང་། གོང་ལྟར་ཡང་རིན་པོ་ཆེ་ལ་སོགས་པ་མཆོད་པའི་མཎྜལ་འདུ་བྱས་ལ། དེའང་ཐོག་མར་སེམས་ཀྱི་རང་བཞིན་རྣམ་པར་དག་པའི་བརྡར་མཎྜལ་ཉིད་ལེགས་པར་བྱི་དོར་བྱ། དེ་ནས་བ་བྱུང་ལྔ་དང་དྲི་བཟང་པོའི་ཆུས་ཁྱམ་མེར་ཆག་བཏབ་སྟེ་ཡེ་ཤེས་ཀྱི་རླན་མི་ཡལ་བའི་དགོས་པ་ཡོད་ཅེས་གསུངས། དེ་ནས་ལག་གཡོན་གྱིས་ནས་ཚོམ་ཞོག་བླངས་ལ་མཎྜལ་བཟུང་། རང་གཞན་སེམས་ཅན་ཐམས་ཅད་མགྲིན་


MLP024_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འཁོར་བར་བསམ་ནས་དེ་ཐམས་ཅད་སུམ་ཕྲུགས་ཀྱི་ཚོམ་བུ་དགོད་ཅིང་གསོ་བ་དང་། ངག་གིས་མཎྜལ་གྱི་ཚིག་ཉིད་བྱང་རང་གིས་དྲངས་ཏེ་འུར་དིར་དིར་སྒྲོག་པར་བསམ། ཡིད་ཀྱིས་དབང་ཆེན་གསེར་གྱི་ས་གཞིས་བཏེག་པའི་དབུས་སུ་རིའི་རྒྱལ་པོ་རི་རབ། དེ་ནས་རིམ་གྱིས་ཕྱོགས་བཞིར་ཤར་གླིང་ཤེལ་ལས་གྲུབ་པར་རང་བཞིན་གཟུགས་ཟླ་གམ། ཁ་དོག་དཀར་པོ། ལྷོ་གླིང་བཻཌཱུཪྻའི་རང་བཞིན་གཟུགས་སོག་པ། ཁ་དོག་སྔོན་པོ། ནུབ་གླིང་པདྨ་རཱ་གའི་རང་བཞིན་གཟུགས་ཟླུམ་པོ། ཁ་དོག་དམར་པོ། བྱང་གླིང་རིན་པོ་ཆེའི་རང་བཞིན་གཟུགས་གྲུ་བཞི། ཁ་དོག་སེར་པོ། དེ་ནས་གླིང་ཆུང་རྣམས་ཆེ་ཆུང་མ་གཏོགས་བཟོ་དབྱིབས་དང་ཁ་དོག་གླིང་ཆེན་རྣམས་དང་མཚུངས་པ། དེ་ནས་རིན་པོ་ཆེའི་རི་བོ་ཤར་གྱི་འདོད་ཡོན། དཔག་བསམ་གྱི་ཤིང་ལྷོའི་འདོད་ཡོན། འདོད་འཇོའི་བ་ནུབ་ཀྱི་འདོད་ཡོན། མ་རྨོས་པའི་ལོ་ཏོག་བྱང་གི་འདོད་ཡོན། འཁོར་ལོ་རིན་པོ་ཆེ་ཤར། ནོར་བུ་རིན་པོ་ཆེ་ཤར་ལྷོ། བཙུན་མོ་རིན་པོ་ཆེ་ལྷོ། བློན་པོ་རིན་པོ་ཆེ་ལྷོ་ནུབ། གླང་པོ་རིིན་པོ་ཆེ་ནུབ། རྟ་མཆོག་རིན་པོ་ཆེ་ནུབ་བྱང་། དམག་དཔོན་རིན་པོ་ཆེ་བྱང་། གཏེར་ཆེན་པོའི་བུམ་པ་བྱང་ཤར། སྒེག་པ་མ་ཤར། ཕྲེང་བ་མ་ལྷོ། གླུ་མ་ནུབ། གར་མ་བྱང་། མེ་ཏོག་མ་ཤར་ལྷོ། བདུག་སྤོས་མ་ལྷོ་ནུབ། མར་མེ་མ་ནུབ་བྱང་། དྲི་ཆབ་མ་བྱང་ཤར། རི་རབ་ཀྱི་ཤར་དུ་ཉི་མ། ནུབ་ཏུ་ཟླ་བ། ལྷོར་གདུགས། བྱང་དུ་རྒྱལ་མཚན་རྣམས་དང་། གཞན་ཡང་སྲིད་རྩེ་མན་ཆད་དང་ལྷ་མིའི་འབྱོར་བ་བཟང་ལ་གྱ་ནོམ་པ་རང་གི་བློས་ཇི་ཙམ་འཁྱུད་པའི་བར་དུ་དེ་སྲིད་དུ་འབུལ་བ་ནི་སྤྲུལ་སྐུའི་མཎྜལ་ཏེ། དེ་ལྟར་ཚོམ་བུ་སོ་གསུམ་མའི་ལུགས་སུ་བྱས་པའི་མཎྜལ་སྟོན་བྱེད་ཀྱི་རྩ་བའི་གཞུང་རྣམས་ཀྱི་རྗེས་སུ་འབྲངས་པ་ཡིན་ལ། ཚོམ་བུ་སོ་བདུན་མ་དེང་སང་ཡོངས་གྲགས་ཀྱི་ལག་ལེན་ལྟར་བཀོད་ཀྱང་འགལ་བར་མི་སེམས་གསུངས། གང་ལྟར་ཡང་གཞན་དུ་ཚོམ་བུ་དགུ་བཀོད་ལ༑ ན་མོ་རིན་ཆེན་གཞི་ལྡན་སོགས་དང་། ཡང་ཚོམ་བུ་བདུན་བཀོད་ལ་རང་གིས་ཡོངས་སུ་བཟུང་བའི་འཇིག་རྟེན་གྱི་ཁམས་ཀྱི་བུ་དང་བུ་མོ་གཅེས་དགུ་མ་ལུས་པ་བློས་ལིང་གིས་དཔྱད་ནས་འབུལ་བ་ནི་ལོངས་སྐུའི་མཎྜལ། ཡང་ཚོམ་བུ་ལྔ་བཀོད་ནས་བདག་ལུས་མཛེས་ཤིང་ཡིད་


MLP024_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོང་བ་དཀར་ལ་དམར་བའི་མདངས་ཆགས་པ་དགོས་འདོད་མ་ལུས་པ་འབྱུང་བའི་གནས་གཅིག་པུར་གྱུར་པར་དམིགས་ཏེ་ཞེན་འཛིན་མེད་པར་འབུལ་བ་ནི་ཆོས་སྐུའི་མཎྜལ། ཡང་ཚོམ་བུ་གསུམ་བཀོད་ལ་ཆོས་ཉིད་སྟོང་གསལ་དག་པའི་ཀློང་དུ་རང་གི་རིག་པའི་ངོ་བོ་ཐིག་ལེ་དཀར་པོ་མཐིང་སེར་དམར་ལྗང་ལ་སོགས་པ་མདོར་ན་དེ་རེ་རེའི་ནང་དུའང་ཐིག་ལེ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་འབུལ་བ་ནི་ངོ་བོ་ཉིད་ཀྱི་སྐུའི་མཎྜལ་ཏེ་གཙོ་བོར་སྤྲུལ་སྐུའི་མཎྜལ་ཉིད་ཆིག་དྲིལ་བྱ། མཐར་མཎྜལ་འབུལ་བའི་ཡུལ་ཚོགས་ཞིང་། འབུལ་བྱའི་མཆོད་རྫས། འབུལ་བ་པོའི་གང་ཟག་སྟེ་ཀུན་ཀྱང་གསུམ་ཀ་མི་དམིགས་པའི་ངང་དུ་དར་ཅིག་མཉམ་པར་བཞག་རྗེས། དེ་ལྟར་བགྱིས་པའི་མཐུ་ལས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྣམ་གཉིས་རྫོགས། སྒྲིབ་པ་རྣམ་པ་གཉིས་བྱང་བར་མཛད་དུ་གསོལ་སྙམ་པའི་ངང་དུ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་ཀྱིས་དགེ་བ་བསྔོ་བའོ། །དེ་ལྟར་འབུལ་བའི་ཕུད་དུམ་པ་རེ་བསགས་པ་ནངས་པར་བླ་མའི་མཎྜལ་གྱི་སྟེང་དུ་འབུལ་ཞིང་། ཡང་མཎྜལ་འབུམ་ཚོ་ལེགས་པར་བསགས་པ་ཡིན་ན། ཕུད་སླར་བླ་མ་ལ་འབུལ་ལམ། དཀོན་མཆོག་གི་རྟེན་ལ་འབུལ་བ་ལས་རང་གིས་ལོངས་མི་སྤྱོད་པ་ཕྱག་ལེན་ནོ། །དགུ་པ་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། དེའང་རྡོ་རྗེ་ཐེག་པའི་ལམ་གྱི་ཉམས་རྟོགས་ཀྱི་རྩལ་ཁ་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ནི་བླ་མ་དམ་པའི་བྱིན་རླབས་ཁོ་ནར་རག་ལུས་པས། དེའང་དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པར་བྱ། །ཅིའི་ཕྱིར་ཞེ་ན་བསྐལ་བ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །བླ་མ་དག་ལ་བརྟེན་ནས་འབྱུང་། །ཞེས་དང་། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་སྙམ་ཡང་གྲོལ་བར་འགྱུར། །ཞེས་


MLP024_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སློབ་དཔོན་ཆེན་པོས། འཁོར་བའི་གནས་ན་བདེ་བ་མེད། །ཐར་པ་སྒྲུབ་ལ་ནན་ཏན་འབད། །གཏན་གྱི་སྐྱབས་གནས་བླ་མ་བཟང་། །རྟག་ཏུ་གསོལ་བ་སྙིང་ནས་ཐོབ། །ཅེས་དང་། ལྕེ་བཙུན་ཆེན་པོའི་མགུར་ལས་ཀྱང་། བླ་མ་ལ་གདུང་བ་སྐྱེས་ཙ་ན། །ཉམས་དང་བྱིན་རླབས་སྐྱེ་བར་ངེས། །ཞེས་གསུངས་པ་ལྟར་ཡིན་པས་ན། དེའང་བླ་མ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་རང་བཞིན་ཅན་ཡིན་པར་མ་ཟད། བདག་ལ་སྔོ ན་གྱི་སངས་རྒྱས་རྣམས་ཀྱི་ཞལ་མཇལ་ཞིང་གསུང་གི་བདུད་རྩི་མྱོང་བའི་སྐལ་བས་ཕོངས་པའི་དུས་འདིར། དེའི་མཛད་རྒྱུ་བླ་མ་དམ་པས་མཛད་པ་ཉིད་ཡིན་མོད། དེའང་གལ་ཏེ་སངས་རྒྱས་འཕགས་པ་རྣམས་ཀྱི་ཞལ་དངོས་སུ་མཇལ་ཡང་བདག་ལ་བླ་མ་དམ་པ་ལས་ལྷག་པ་ཞིག་མཛད་རྒྱུ་དང་སྟོན་རྒྱུ་མེད་པར་མ་ཟད། དང་པོ་སངས་རྒྱས་ཉིད་ཀྱིས་ཀྱང་བླ་མ་མ་བསྟེན་པར་མ་བྱུང་སྟེ། དེའང་ལམ་ཟབ་ལས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འབྱུང་མི་སྲིད། །ཅེས་གསུངས་པས་ན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་ལས་ཀྱང་རང་གི་བླ་མ་ཉིད་ལྷག་ཅིང་བཀའ་དྲིན་ཆེ་སྙམ་དུ་བློ་སྣ་མོས་གུས་སུ་རིལ་གྱིས་དྲིལ་ལ་ལུས་སེམས་རྣལ་དུ་ཕབ། རང་གང་ན་གནས་པའི་ས་ཕྱོགས་འདི་ཉིད་ཉམས་དགའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་ལ་ཁོད་སྙོམས་པར་བསམ་པའི་མདུན་གྱི་ནམ་མཁར་ཚོགས་ཞིང་གསལ་གདབ་པ་ནི། དེའང་རྩ་བར། རང་གི་སྤྱི་བོར་སོགས་གསུངས་པ་ལྟར་འདིར་སྐྱབས་མཆོག་བླ་མ་ཌཱ་ཀིའི་གཙོ་མོས་དོགས་གཅོད་ཞུས་པར་དགེ་རྒན་སྒྲུབ་པ་པོ་རང་གི་སྤྱི་བོར་དཔག་བསམ་གྱི་སྡོང་བོ་སྐྱེས་པའི་ཚོགས་ཞིང་ཞལ་ཕར་གཟིགས་པ་ཡིན་གསུངས་ཀྱང་གཏེར་ཆེན་བླ་མས་རང་གི་སྤྱི་བོའི་ཐད་ཀྱི་མདུན་མཁར་ཚོགས་ཞིང་རང་ལ་དགྱེས་ཤིང་བརྩེ་བའི་རྣམ་པར་ཞལ་ཚུར་གཟིགས་ནས་བསྒོམས་ཞེས་གནང་བ་དེ་ལྟར་བྱ་ཞེས་བཀའ་ལས་ཐོས་པའོ། །དཔག་བསམ་གྱི་ཤིང་སྡོང་པོ་རྩ་བ་གཅིག་ལ་རྩེ་མོ་དབུས་དང་ཕྱོགས་བཞིར་གྱེས་པའི་ཡལ་ག་ལྔ་པ་ལོ་འདབ་དང་མེ་ཏོག་འབྲས་བུ་ལ་སོགས་པ་ཕུན་


MLP024_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པས་རབ་ཏུ་གང་བར་བསམ། དེ་ལྟར་གསལ་བའི་དབུས་ཀྱི་སྙིང་པོ་དེ་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་ཟེ་ཕོལ་དང་བཅས་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དམར་གསལ། དེའི་སྟེང་དུ་དར་གྱི་ལྷུག་གདན་དང་བཅས་པ་རྣམས་གསལ་བཏབ་སྟེ་དེ་རྣམས་གསལ་སྣང་ཐོན་བྱུང་བ་དང་། དེའི་སྟེང་དུ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས་རང་གི་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་རྣམ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ངང་ཚུལ་བཟང་པོ་དང་ལྡན་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་དངུལ་དཀར་གྱི་དྲིལ་བུ་ཐུགས་ཁར་བསྣོལ་ཐབས་སུ་འཛིན་པའི་ཡུམ་ལ་འཁྱུད་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ལྷམ་མེར་བཞུགས་པ། དབུ་སྐྲ་མཐོན་མཐིང་རལ་བའི་ཐོར་ཚུགས་ཅན་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན། ཕྱག་རྒྱ་ཐམས་ཅད་ཀྱིས་མཛེས་པར་སྤྲས་པ། སྐུ་བལྟ་བས་ཆོག་མི་ཤེས་པར་འོད་དང་འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་བའི་བདག་ཉིད་ཅན་དུ་ལམ་གྱིས་གསལ་བཏབ། དེ་ལ་གསལ་སྣང་ཐོན་བྱུང་པ་དང་། དེའི་པང་དུ་ཡུམ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་མོ་མཛེས་ཤིང་ཡིད་དུ་འོང་པ་བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་ཐོད་པའི་བདུད་རྩི་སྟོབ་པ། དབུ་སྐྲ་གནག་སྣུམ་རྒྱབ་ཏུ་སིལ་བུར་གྲོལ་བ༑ བྷ་ག་དང་ནུ་མའི་འཁོར་ལོ་རབ་ཏུ་རྒྱས་པ་རིན་པོ་ཆེ་དང་རུས་པའི་ཕྱག་རྒྱ་ལས་བརྒྱན་པ༑ ཞབས་གཉིས་ལོང་བུ་མདུད་པའི་ཚུལ་དུ་པད་སྐྱིལ་གྱིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། གཉིས་ཀ་བདེ་སྟོང་ཟུང་འཇུག་གི་ངོ་བོར་ལྷམ་མེར་བཞུགས་པར་བསམ། དེ་ལྟར་གསལ་བའི་དབུ་གཙུག་ཏུ་པདྨ་ཉི་ཟླ་དར་འབོལ་གྱི་སྟན་ལ་མི་འགྱུར་དཔལ་གྱི་སྒྲོན་མ་ཕྱག་མཉམ་བཞག་སྟེང་པདྨ་སུམ་གཤིབས་ལ་དབུས་སུ་གཏེར་ཆེན་བླ་མ་སྐུ་དཀར་ཆས་ཞལ་རྒྱན་ཐུགས་ཀའི་རྒྱ་མདོར་སླེབས་པ་ཕྱག་མཉམ་བཞག་གཏེར་སྒྲོམ་འཛིན་པ། གཡས་སུ་ཆོས་རྒྱལ་ཁྲི་སྲོང་འཁོར་ལོས་སྒྱུར་བའི་ཆས་ཅན། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་འཛིན་པའི་མེ་


MLP024_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གི་སྟེང་ན་རལ་གྲི་དང་གླེགས་བམ་གྱིས་མཚན་པ། གཡོན་དུ་ཡེ་ཤེས་མཚོ་རྒྱལ་ཐོད་སྐམ་ལྔའི་དབུ་རྒྱན་སོགས་ཧེ་རུ་ཀའི་ཆས་ཅན་ཕྱག་གཡས་པ་ཐོད་རྔ་ཁྲོལ་སྟབས་དང་གཡོན་མཉམ་བཞག་ཀ་པ་ལའི་བདུད་རྩི་བསྣམས་པ་ཞབས་ཕྱེད་སྐྱིལ། དེའི་སྟེང་དུ་པདྨ་སུམ་གཤིབས་ལ་དབུས་སུ་པདྨ་འབྱུང་གནས་རྒྱ་གར་པཎ་ཆེན་གྱི་ཆ་བྱད་ཅན་ཕྱག་གཡས་རྡོ་རྗེ་དང་གཡོན་མཉམ་བཞག་ཀ་པ་ལ་བསྣམས་པ་ཞབས་གཡོན་ཅུང་ཟད་བརྐྱངས་པའི་རྒྱལ་པོ་རོལ་པའི་བཞུགས་སྟངས་ཅན། གཡས་སུ་བི་མ་ལ་སྐུ་མདོག་སྔོ་སྐྱར་པཎ་ཞྭ་སྣེ་རིང་ཕྱག་མཉམ་བཞག་ཞབས་སྐྱིལ་ཀྲུང་། གཡོན་དུ་བཻ་རོ་ཙ་ན་པཎ་གྲུབ་ཀྱི་ཆས་ཅན་སྐུ་གཞོན་ཤ་ཆགས་པ་ཕྱག་གཡས་སྐྱབས་སྦྱིན། གཡོན་མཉམ་བཞག་རྒྱ་དཔེ་བསྣམས་པ། དེའི་དབུ་གཙུག་པདྨ་སུམ་གཤིབས་ཀྱི་དབུས་སུ་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་པོ་ཕྱག་ཆོས་འཁོར་གྱི་ཕྱག་རྒྱ་ཅན་དབུ་ལ་གཙུག་ཏོར་སོགས་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན། གཡས་སུ་འཇམ་དཔལ་བཤེས་གཉེན་སྐུ་མདོག་སེར་ནག་པཎ་ཆེན་གྱི་ཆ་བྱད་ཅན་པཎ་ཞྭ་གསོལ་བ་གཡས་སྐྱབས་སྦྱིན་གཡོན་ན་མཉམ་བཞག་ནོར་བུ་བསྣམས་པ་ཞབས་གཡས་ཅུང་ཟད་བརྐྱངས་པའི་རོལ་སྟབས་ཅན། གཡོན་དུ་ཤྲཱི་སིཾ་ཧ་སྐུ་མདོག་སྔོ་སྐྱ་ཆ་བྱད་གོང་འདྲ་ཕྱག་གཡས་དཔྱི་གཡས་ཀྱི་ཐད་ཀའི་ས་ལ་བཙུགས་པ་གཡོན་ས་གནོན་ཞབས་རོལ་སྟབས་དེའི་དབུ་གཙུག་པདྨ་ཉིས་བརྩེགས་ཀྱི་འོག་མར་རྡོ་རྗེ་སེམས་དཔའ་དང་། དེའི་སྟེང་དུ་ཀུན་ཏུ་བཟང་པོ་ཆོས་སྐུའི་ཆ་བྱད་ཅན་ཕྱག་མཉམ་བཞག་སྐྱིལ་ཀྲུང་ཅན་གཉིས་ཐོ་བརྩེགས་ཀྱི་རྣམ་པ་ཅན་དུ་བཞུགས་པར་བསམ། དེ་དག་གི་སྐུའི་མཐའ་སྐོར་དུ་གཞན་ཡང་བརྒྱུད་པའི་བླ་མ་གནུབས་ཆེན་སངས་རྒྱས་ཡེ་ཤེས། རྒྱལ་བ་མཆོག་དབྱངས། ནམ་མཁའི་སྙིང་པོ། ཀུ་མ་ར་ཛ། རྡོ་རྗེ་བདུད་འཇོམས་སོགས་ངོ་མཚར་བླ་བརྒྱུད་ཚང་བའམ། བསྡུ་ན་བཻ་རོའི་རྗེས་སུ་ཆོས་རྒྱལ་དང་མཚོ་རྒྱལ་གྱི་རྗེས་སུ་གཏེར་ཆེན་བླ་མ་སོགས་རྩ་བརྒྱུད་བླ་མ་རྣམས་དང་། འཁོར་གྱི་ལྷ་ཚོགས་རྣམས་སྔར་སྐྱབས་འགྲོའི་སྐབས་བཞིན་གསལ་གདབ། དེ་ལྟར་གསལ་ཐེབས་བྱུང་བ་དང་། རང་གཞན་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་འཁོད་པར་བསམ། དེ་ཐམས་ཅད་འདུན་འཇུག་


MLP024_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཆིག་དྲིལ་གྱིས་ལུས་གུས་པའི་སྒོ་ནས་པུས་མོ་བཙུགས་ཐལ་མོ་སྦྱར། ངག་གུས་པའི་སྒོ་ནས་རང་གིས་བྱང་དྲངས་ཏེ་གསོལ་འདེབས་ཉིད་འུར་དིར་དིར་གྱིས་སྒྲོག ཡིད་གུས་པའི་སྒོ་ནས་མཐོར་བཏང་དམར་བཏང་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་རེ་ས་དང་ལྟོས་ས་ཁྱེད་རྣམས་ལས་མེད་པས་ཅི་མཛད་ཁྱེད་རང་གིས་ཤེས་སོ་སྙམ་དུ་སྐྱོན་འདོགས་ཀྱི་བློ་ངན་སྤངས་ཏེ་ཐུགས་རྗེ་དང་བཀའ་དྲིན་རྗེས་སུ་དྲན་བཞིན་པའི་མོས་གུས་གདུང་ཤུགས་དྲག་པོས་ངག་ཏུ།ༀ་ཨཱཿཧཱུྃ། ཆོས་དབྱིངས་སྤྲོས་བྲལ་ལྷུན་གྲུབ་སོགས། གསོལ་འདེབས་ཀྱི་རིམ་པ་དེ་ཉིད་ཁ་ཙམ་ཚིག་ཙམ་མ་ཡིན་པར་བསྐྱར་གྱིན་འཁོར་གྱིན་དུ་མིག་མཆི་མ་འཁྲུག་ལོང་ལོང་། ལུས་བ་སྤུ་སྐྱི་ཟིང་ཟིང་། རྐང་གི་ཁོང་། སྙིང་གི་དཀྱིལ། རུས་པའི་གཏིང་ནས་མོས་གུས་ཀྱི་རྟོགས་པ་ གོང་འཕེལ་དུ་མ་གྱུར་གྱི་བར་དུ་འབད། གཞན་ཡང་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོགས་འདོད་པའི་དོན་ལ་ཞེ་ཐག་པ་ཉིད་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པས་བླ་མའི་སྐུ་ལས་འོད་ཟེར་བུན་ཟེར་གྱིས་འཕྲོས་པས་འཁོར་གྱི་རྒྱལ་བ་རྒྱལ་སྲས་རྣམས་ལ་ཕོག་པས་འོད་དུ་ཞུ་བ་རྩ་བའི་བླ་མའི་སྐུ་ལ་བསྡུས་པ་དེ་ཉིད་སྔར་ལས་ཀྱང་གཟི་མདངས་མཆོག་ཏུ་འབར་བར་བསམ་པའི་སྤྱི་བོར་འཁོར་ལོ་དཀར་པོའི་དབུས་སུ་ༀ་དཀར་པོ། ལྗགས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བསམ། བཅུ་པ་ཞར་བྱུང་དུ་དབང་བླང་བའི་རིམ་པ་ནི། བླ་མའི་སྨིན་མཚམས་མཛོད་སྤུ་ཡི། །སོགས་གསུངས་པ་ལྟར། བླ་མའི་སྨིན་མཚམས་ཀྱི་མཛོད་སྤུའི་ༀ་དཀར་པོ་དང་འོད་ཟེར་དཀར་པོ་དང་། རྒྱལ་བའི་སྐུ་གྲངས་མེད་པ་བྱུང་བ་རང་གི་སྨིན་མཚམས་སུ་ཐིམ་པས་ལུས་སྒྲིབ་དག བུམ་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྐུ་ཡི་གོ་འཕང་མངོན་དུ་བྱས་པར་བསམ། ཡང་བླ་མའི་ལྗགས་ཀྱི་ཨཱཿལས་འོད་ཟེར་དམར་པོ་དང་། ཨཱཿཡིག་དམར་པོ་དང་། གསང་སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་བྱུང་བ་རང་གི་ལྕེ་ལ་ཐིམ་


MLP024_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པས་ངག་སྒྲིབ་དག གསང་དབང་ཐོབ། ལམ་གཏུམ་མོ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་གོ་འཕང་མངོན་ཏུ་བྱས་པར་བསམ། ཡང་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དང་རྒྱལ་བའི་ཕྱག་མཚན་རྡོ་རྗེ་དྲིལ་བུ་ལ་སོགས་པ་རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག ཤེར་དབང་ཐོབ། ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ། ཡང་བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་དང་འབྲུ་གསུམ་ཅིག་ཅར་དུ་འཕྲོས་རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་བ་ཐོབ་ཅིང་སྒྲིབ་བཞི་སྦྱངས། ལམ་ཁྲེགས་ཆོད་ཐོད་རྒལ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ། མཐར་བླ་མ་རྒྱང་འབོད་ཀྱི་རིམ་པ་སོགས་བྱས་པས་སྤྱི་བོའི་བླ་མ་ཉིད་ཇེ་ཆུང་ཇེ་ཆུང་དུ་གྱུར་ཏེ་མཐར་མཐེབ་སོར་གང་ཙམ་དུ་གྱུར་པ་དེ་ཉིད་རང་གི་ཚངས་བུག་ནས་སྙིང་པདྨ་དམར་སྨུག་འདབ་བརྒྱད་པ་ཁ་ཕྱེ་བའི་དབུས་སུ་དགྱེས་འཛུམ་གྱི་ཉམས་ས་ལེར་བཞུགས་པར་བསམས་ལ་མོས་གུས་ཆིག་དྲིལ་མཐར། དེ་ཡང་འཇའ་ཡལ་བ་ལྟར་སོང་བར་བསམས་ལ་མཉམ་པར་འཇོག ཡང་བླ་མ་ཉིད་འོད་དུ་ཞུ་བར་རང་གི་སྤྱི་བོ་ནས་སིབ་ཀྱིས་ཐིམ་སྟེ་རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་གཉིས་སུ་འཛིན་པའི་རྟོག་པ་བྲལ་ཏེ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་མཉམ་བཞག་ཅི་ནུས་བྱས་རྗེས་དགེ་བ་བསྔོ། འདི་དག་ནི་རྩ་བའི་ལམ་གྱི་རྨང་གཞི་ལྟ་བུར་དངོས་གཞིའི་ཉམས་རྟོགས་ཀྱི་སྒོ་ཁྱད་པར་ཅན་ཡིན་པས་ན་ལས་དང་པོ་བས་གོམས་འདྲིས་ལ་བརྟན་པ་ཐོབ་པའི་ཉམས་ལེན་བྱ། དེ་ལྟར་མིན་ཡང་མྱོང་བའི་སྣེ་ཟིན་ཚོད་རེ་ནི་ངེས་པར་དགོས། འདི་དག་ལ་རྒྱུད་ལ་མྱོང་བ་མ་སྐྱེས་ན་དངོས་གཞིའི་ཁྲིད་བཏབ་ཀྱང་རྒྱུད་ལ་མྱོང་བ་མི་སྐྱེ་ཞིང་། ཅུང་ཟད་སྐྱེས་ཀྱང་མི་བརྟན་ཅིང་བོགས་སྐྱེད་མི་འབྱུང་བས་ན་མ་མཐའ་ཡང་མྱོང་བའི་སྣེ་ཟིན་ཙམ་རེ་ནི་ངེས་པར་བྱ་དགོས། དེ་དག་གིས་ནི་སྔོན་འགྲོའི་ཁྲིད་ཀྱི་རིམ་པ་རྣམས་སོང་བ་ཡིན། དེ་ནས་གཉིས་པ་དངོས་གཞིའི་ཁྲིད་ལ། རྣལ་འབྱོར་བསྐྱེད་པའི་རིམ་པ་དང་། མན་


MLP024_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ངག་རྫོགས་པའི་རིམ་པ་གཉིས་ལས། དང་པོ་རྣལ་འབྱོར་བསྐྱེད་པའི་རིམ་པ་ལའང་། རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་དང་། དབང་ལས་བྱུང་བའི་ལམ་མོ། །དང་པོ་ནི། བླ་མ་མཚན་ཉིད་དང་ལྡན་པས་སློབ་མ་སྐལ་བ་དང་ལྡན་པ་དབང་པོ་ཡང་རབ་སྤྲོས་པ་ལ་དགའ་བ་རྣམས་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལ་དབང་ཡོངས་སུ་རྫོགས་པར་བསྐུར་བས་རྒྱུད་སྨིན་པར་བྱས་ཏེ། མན་ངག་སྙིང་ཁོང་གི་རྒྱུད་ལྟར་ཞི་ཁྲོ་ཡོངས་སུ་རྫོགས་པའི་སྒོམ་བཟླས་ལ་འཇུག་པར་བྱ་ཞིང་། དེ་དག་ནི་ཞི་ཁྲོ་དོང་སྤྲུགས་འཁོར་བ་ཀུན་སྒྲོལ་གྱི་སྒྲུབ་ཐབས་སམ། དོང་སྤྲུགས་པདྨ་བརྒྱད་ལྡན་ལྟར་ཉམས་སུ་བླང་། དབང་པོ་འབྲིང་རྣམས་སྒྱུ་འཕྲུལ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་། དེ་དག་གི་སྒྲུབ་ཐབས་ལ་ འཇུག་པར་བྱ་བ་དང་། བསྡུས་པ་ལ་མོས་པས་རྒྱལ་བ་རིགས་ལྔ་སྟེ། དེ་ནི་མཁའ་འགྲོའི་སྙིང་ཐིག་གི་དབང་དང་རྗེས་སུ་འབྲེལ་བར་རིགས་ལྔའི་ཞིང་གི་སྒྲུབ་ཐབས་ལ་འཇུག་ཅིང་། ཤིན་ཏུ་བསྡུ་ན་གསང་ཆེན་རིགས་གཅིག་ཏུ་སྒྲུབ་པའི་རིམ་པ་རྣམས་ཡང་དག་པར་བྱའོ། །ཞེས་འདམ་ག་ཅན་དུ་གསུངས་པ་ལས། དེང་སང་འདིར་རྫོགས་རིམ་གཙོ་བོར་བྱེད་པའི་སྐབས་ཡིན་པས། གང་ཟག་སྤྱི་ཙམ་ལ་བསྐྱེད་རིམ་ཧ་ཅང་རྒྱས་ན་རེ་ཞིག་རྫོགས་རིམ་ལས་ཕྱིར་ཕྱོགས་པའི་གེགས་སུའང་འགྱུར་བསམ། དེང་སང་ཕྱག་ལེན་རྫོགས་རིམ་གྱི་རྟེན་ཙམ་དུ་བསྐྱེད་རིམ་བསྡུས་པ་གསང་ཆེན་རིགས་གཅིག་ལྟར་མཛད་པ་ཤས་ཆེ་བ་ལྟར་སྟོན་པར་བྱེད་པ་ལ་དབང་ནི་སྔར་སོང་། ད་དེ་རིང་གི་གནས་སྐབས་སུ་གཉིས་པ་དབང་ལས་བྱུང་བའི་ལམ་ལ་དངོས་གཞི་རྣལ་འབྱོར་བསྐྱེད་པའི་རིམ་པ་དེ་ལའང་། རྩ་བའི་མན་ངག་ལས། དེ་ལྟར་སྔོན་འགྲོ་མཐར་ཕྱིན་ན༑ ༑དངོས་གཞི་བསྐྱེད་བཟླས་རྫོགས་རིམ་གསུམ། །ཞེས་པས་དེ་ལ་སྐུ་བསྐྱེད་རིམ་ཕྱག་རྒྱའི་ཁྲིད། གསུང་བཟླས་པ་སྔགས་ཀྱི་ཁྲིད། ཐུགས་འོད་གསལ་ཆོས་ཉིད་ཀྱི་ཁྲིད་གསུམ། དང་པོ་ནི་རྩ་བར། དང་པོ་སྲུང་འཁོར་རྟེན་དབུས་སུ། །ལྷར་བསྐྱེད་ཡེ་ཤེས་དགུག་བསྟིམ་རྗེས། །ཞེས་པས་དེ་ལ་བཞི་སྟེ། རྒྱུ་ཏིང་ངེ་འཛིན་རྣམ་གསུམ་གྱིས་ཁོག་ཕུབ་པ། འབྲས་བུ་


MLP024_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་དྲང་ཞིང་བསྟིམ་པ༑ དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ནི། དེའང་ཐོག་མར་སྔོན་འགྲོའི་རིམ་པ་དེ་དག་ཡུན་རིང་ཐུང་ཇི་ལྟར་ཡང་དྲག་ལ་འཇུར་བ་ཞིག་བཏང་། དེ་མཚམས་དེ་ནས་སྟན་བདེ་བ་ལ་ལུས་གནད་ཆོས་བདུན་དྲང་པོར་བསྲང་། ངག་གནད་རླུང་རོ་སོ་མར་བཞག སེམས་གནད་རང་ལུས་ཐ་མལ་དུ་གནས་པ་འདིས་མཚོན། འདི་ལྟར་སྣང་ལ་དེར་བཏགས་པའི་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པར་བསམ་ལ་སེམས་སྣང་མེད་དུ་ཅུང་ཟད་བཞག་སྟེ། ༀ་མ་ཧཱ་ཤུ་ནྱ་སོགས་བརྗོད་ཅིང་། ཆོས་ཐམས་ཅད་ཀྱི་གནས་ལུགས་གདོད་ནས་མ་སྐྱེས་པའི་སྟོང་པ་ཉིད་དེ་བཞིན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་དར་ཅིག་མཉམ་པར་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེ་འཆི་བ་དག་པ་ཆོས་སྐུའོ་སྙམ་པའི་ང་རྒྱལ་བཟུང་། ཡེ་གདོད་མ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ལྟར་ཡིན་ཡང་། མ་རྟོགས་པའི་དབང་གིས་རང་གཞན་སེམས་ཅན་ཐམས་ཅད་འཁྲུལ་བ་ཨ་འཐས་པས་མེད་སྣང་འཁོར་བར་འཁྱམས་པ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྒོམ་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། བར་དོ་དག་པ་ལོངས་སྐུའོ་སྙམ་དུ་བསམ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་སྒོམ་པ་དེ་ཉིད་ཟུང་དུ་འཇུག་པའི་རང་རྩལ་འགག་པ་མེད་པ་ལས་རང་གི་རིག་པ་ཧཱུྃ་ཡིག་དཀར་པོ་ཆེ་ཆུང་ཡིད་ལ་འཆར་གང་བདེ་བ་གསལ་འཚེར་འོད་དུ་འབར་བ་ཞིག་བར་སྣང་ལ་ཡེ་རེ་ཡོད་པ་རྩེ་གཅིག་ཏུ་གསལ་བཏབ་པ་རྒྱུ་ཡི་ཏིང་ངེ་འཛིན་ཏེ། དེའང་དམིགས་པ་སྔ་མ་མ་གསལ་གོང་ནས་ཕྱི་མ་ནོག་ནོག་ཅིག་བསྒོམ་ན་སླར་ལང་ཤོར་གྱི་བློ་ཁོ་ནར་འགྲོ་བས་ལས་དང་པོ་བས་ཐོག་མར་དེ་ཁ་རང་ལ་གོམས་འདྲིས་བརྟན་པར་མ་གྱུར་གྱི་བར་དུ་གཞན་དུ་མ་ཡེངས་པས་རྩེ་གཅིག་ཏུ་བསྒོམ་པ་གལ་ཆེ་ཞིང་། སྐྱེ་བ་དག་པ་སྤྲུལ་བའི་སྐུའོ་སྙམ་དུ་ང་རྒྱལ་ཡང་བཟུང་། དེ་ཙམ་དུ་མ་ཟད་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ལ་གཞི་འབྲས་འབྲེལ་བའི་ང་རྒྱལ་ལ་བསླབ་འདོད་ན་རྡོར་སེམས་རྩ་བའི་ཁྲིད་ཡིག་བཞིན་ཤེས་པར་བྱའོ། །དེ་དག་ཆད་པའི་སྐྱོན་ཏུ་མི་འགྱུར་ཏེ་ཕྱི་


MLP024_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདིའི་ཁོངས་སུ་ཐམས་ཅད་འདུ་བའི་གནད་ཀྱིས་སོ། །གཉིས་པ་ལ་གཉིས་ཏེ། རྟེན་གྱི་དཀྱིལ་འཁོར་བསྒོམ་པ། བརྟེན་པ་དམ་ཚིག་པའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ནི། རྒྱུའི་ཧཱུྃ་ཡིག་དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་འཕྲོས་པས་རྡོ་རྗེ་སྔོན་པོ་འབའ་ཞིག་གི་སྲུང་བའི་གུར་ཁང་གསལ་གདབ་པ་ནི། དེའང་འོག་གཞི་ཐམས་ཅད་རྡོ་རྗེའི་ས་གཞི་བརྡལ་བ། ལོགས་རྡོ་རྗེའི་ར་བ་ཟླུམ་པོ་མཐོ་ཞིང་ཡངས་པ། དེའི་སྟེང་དུ་རྡོ་རྗེའི་གུར་ཕུབ་ཅིང་། ར་གུར་གྱི་སྦྲེལ་མཚམས་ནས་ཕྱིར་འཕྱར་བའི་སྣེ་ལ་རྡོ་རྗེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང་། ནང་དུ་རྡོ་རྗེའི་བླ་བྲེ་བྲེས་པ་དང་། ར་བའི་སྐོར་རྡོར་ཕྲེང་གིས་བཅིངས་ཤིང་། གུར་གྱི་རྩེར་རྡོ་རྗེ་ཕྱེད་པའི་ཏོག་གིས་མཛེས་པ། མདོར་ན་དབང་པོའི་ལག་གི་རྡོ་རྗེས་ཀྱང་གཞོམ་དུ་མེད་པའི་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བར་བསམ། དེའི་ཕྱིར་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུས་མཐའི་མེ་ཡི་ཕུང་པོ་ལྟར་འུར་འུར་ཆེམ་ཆེམ་དྲག་ཏུ་འབར་བས་གཡས་སྐོར་དུ་འཁོར་བར་བསམ། དེ་ལྟར་གསལ་ཐེབས་པ་ན་ནམ་མཁར་གནས་པའི་རྒྱུའི་ཧཱུྃ་ཡིག་དེ་ལས་འོག་ཏུ་ཡི་གེ་རིམ་པ་བཞིན་ཏུ་ཨེ་ཡཾ་རཾ་ཝཾ་ལཾ་སུཾ་རྣམས་རིམ་པར་ཆད་པ་ལས་ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་རེག་ཅིང་མ་འབྱར་བ་བརྩེགས་མར་གནས་པར་བསམ་ལ། དེའི་སྟེང་དུ་སུཾ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་མཐོ་ཞིང་ཡངས་པའི་སྟེང་དུ་རྡོ་རྗེའི་ས་རྡུལ་གྱིས་འོག་གཞི་ཐམས་ཅད་ཁོད་སྙོམས་པར་བྱས་པའི་གཞི་ལ་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་གེ་སར་གྱི་རྒྱ་དང་མཉམ་པའི་གཞི་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ་ཤར་རྭ་གསུམ་དཀར། ལྷོ་གསུམ་སེར། ནུབ་གསུམ་དམར། བྱང་གསུམ་ལྗང་། དབུས་གསུམ་མཐིང་ག་གྲུ་བཞི་པ་ལེབ་ཆགས་ཀྱི་རྣམ་པ་ཅན་གྱི་དབུས་སུ་ནམ་མཁར་གནས་པའི་རྒྱུ་ཡི་


MLP024_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ལས་ཧཱུྃ་ཡིག་ཁ་དོག་ལྔ་དང་ལྡན་པ་ཆད། དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་བ་ནང་ནས་རིམ་པ་བཞིན་དཀར་མཐིང་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔས་བསྐོར་བ། ཕ་གུ་དང་དྲྭ་བ་དྲྭ་ཕྱེད། ཤར་བུ་མདའ་ཡབ་དང་བཅས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་ལྷ་མོའི་ཚོགས་ཀྱིས་བསྐོར་བ༑ ནང་ཀ་བ་བརྒྱད་ཀྱིས་བཏེག་ཅིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབ་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞི་ཀ་བ་བཞི་བཞིས་བཏེག་ཅིང་རྟ་བབས་སྣམ་བུ་བརྒྱད་པ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་ལམ་གྱིས་གསལ་གདབ། དེ་ལྟར་གསལ་ཐེབས་པ་དང་། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་ཟེ་ཕོལ་དང་བཅས་པའི་སྟེང་དུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ། དེའི་སྟེང་དུ་པདྨ་དང་ཟླ་བའི་གདན་དང་བཅས་པ་རྣམས་གསལ་གདབ། གལ་ཏེ་དབང་རྟུལ་རྣམས་ཀྱིས་གཞལ་ཡས་ཁང་གསལ་ཐེབས་དཀའ་ན་སྲུང་འཁོར་གྱི་དབུས་སུ་པད་ཟླའི་གདན་ཁོ་ན་གསལ་བཏབ་པས་ཀྱང་དམིགས་པ་གསལ་བདེ་ཞིང་དོན་གྱི་གནད་ཚང་བར་འགྱུར་ལ། གང་ལྟར་ཡང་དེ་ལྟར་རྟེན་གྱི་དཀྱིལ་འཁོར་གསལ་ཐེབས་པ་ན། གཉིས་པ་ཆོ་ག་གསུམ་བསྐྱེད་ཀྱི་སྒོ་ནས་བརྟེན་པ་དམ་ཚིག་པའི་ལྷའི་དཀྱིལ་འཁོར་བསྐྱེད་པ་ནི། ནམ་མཁའི་ཧཱུྃ་ཡིག་ཉིད་གདན་སྟེང་དུ་བབ་པ་གསུང་ཡིག་འབྲུའི་ཆོ་ག དེ་རིགས་ཀྱི་ཕྱག་མཚན་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པར་གྱུར་པ་ཐུགས་ཕྱག་མཚན་གྱི་ཆོ་ག དེ་ལས་འོད་ཟེར་སྤྲོ་བ་དང་བསྡུ་བའི་སྦྱོར་བས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་པ་དེ་ལྷར་བསྐྱེད་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་སྟེ། དེའང་ཕྱག་མཚན་ས་བོན་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་རྣམས་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་ཉོན་གྱི་སྡིག་སྒྲིབ་སྦྱངས། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་ༀ་བཛྲ་ས་ཏྭ་ཨཱཿཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་


MLP024_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་འཚེར་བ། གངས་རི་ལ་ཉི་མ་ཕོག་པ་ལྟ་བུའི་གཟི་བྱིན་རབ་ཏུ་རྒྱས་པ། ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ངང་ཚུལ་བཟང་པོ་དང་ལྡན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་བ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་སྣང་སྟོང་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ་ཤེས་རབ་མ་ལ་འཁྱུད་པ༑ ཞབས་རྡོ་རྗེའི་སྐྱིལ་ཀྲུང་ལྷམ་མེར་བཞུགས་པ། དབུ་སྐྲ་མཐོན་མཐིང་རལ་པའི་ཐོར་ཚུགས་ཅན་རིན་པོ་ཆེའི་རྐེད་ཆིངས་དང་། ནོར་བུའི་རྩེ་བྲན་གྱིས་བརྒྱན་པ་སྐུ་སྟོད་ལ་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚི་བུའི་སྨད་དཀྲིས་ཅན། ཟི་ལྡིར་ཅོད་པན། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་མགུལ་རྒྱན་དཔུང་རྒྱན་སེ་མོ་དོ། ཕྱག་ཞབས་གདུ་གུ་སྐ་རགས་དོ་ཤལ་ལ་སོགས་པས་མཛེས་པར་བརྒྱན་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་བའི་བདག་ཉིད་ཅན་དུ་ལམ་གྱིས་གསལ་གདབ། དེ་ལ་གསལ་སྣང་ཐོན་བྱུང་བ་དང་དེའི་བར་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་པ་ཕྱག་གཡས་གྲི་གུག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་ཐོད་པའི་བདུད་རྩི་སྟོབ་པ། དབུ་སྐྲ་གནག་སྣུམ་རྒྱབ་ཏུ་སིལ་བུར་གྲོལ་བ། བྷ་ག་དང་ནུ་མའི་འཁོར་ལོ་རབ་ཏུ་རྒྱས་པ། དར་དང་རིན་པོ་ཆེའི་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཉིས་ལོང་བུ་མདུད་པའི་ཚུལ་གྱིས་པད་སྐྱིལ་གྱིས་ཡབ་ཀྱི་སྐུ་སྐེད་ནས་འཁྲིལ་བ། གཉིས་ཀ་བདེ་སྟོང་ཟུང་འཇུག་གི་ངོ་བོར་ལྷམ་མེར་བཞུགས་པར་བསམས་ལ་རིམ་གྱིས་གསལ་བཏབ་ཅིང་བསྒོམ། དེ་ལ་ལས་དང་པོ་པས་ཐོག་མ་ནས་གསལ་ཐེབས་པ་དཀའ་ན་མདུན་དུ་དམིགས་རྟེན་བྲིས་སྐུ་ལྟ་བུ་མཚར་ལ་ཡིད་དུ་འོང་བ་ཞིག་དངོས་སུ་བཀྲམ། དེ་ལ་མིག་རེང་རེངས་སུ་བལྟས་པས་དེའི་རྣམ་པ་ཡིད་ཡུལ་དུ་གསལ་ལེགས་པར་ཐེབས་བྱུང་བ་དང་། དེ་ལ་དཔེ་བྱས་ཏེ་བསྒོམ། དེ་ལྟར་གསལ་བརྟན་དུ་གྱུར་པའི་སྤྱི་བོར་ༀ་དཀར་པོ༑ མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བསམ། གསུམ་པ་རང་བཞིན་ཡེ་ཤེས་ཀྱི་འཁོར་


MLP024_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དྲངས་ཤིང་བསྟིམ་པ་ནི། དེ་ལྟར་གསལ་ཐེབས་ན། དེའང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་འཕྲོས་པས་ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་ཐམས་ཅད་ཆོས་སྐུ་འགྱུར་བ་མེད་པའི་ཀློང་ལས་གཟུགས་སྐུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་རྟེན་བརྟེན་པའི་དཀྱིལ་འཁོར་འཁོར་ལོའི་རྣམ་པར་བཞེངས་སུ་གསོལ་སྙམ་དུ། ༀ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ཞེས་བརྗོད་པས་བསྒོམ་པ་དང་ཅི་འདྲ་བའི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་ཆུ་ལ་ཆུ་བཞག་པ་བཞིན་དུ་རང་ལ་གཉིས་སུ་མེད་པར་བསྟིམས་ཏེ། དམ་ཡེ་ལ་མཆོག་དམན་དུ་འཛིན་པའི་ཞེན་རྟོག་སྤངས་ཏེ་བསྒོམ། བཞི་པ་ལྷའི་སྣང་ཞེན་ལ་བསླབ་པ་ལ་བཞི་སྟེ། དང་པོ་རྣམ་པ་སྤྱི་ལ་སེམས་འཛིན་པ་ནི། སྐུ་ུཡི་ཆ་བྱད་ཡོངས་རྫོགས་པ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ གསལ་ལ་ཡེངས་པ་མེད་པར་བསྒོམ༔ ཞེས་པས་དེ་ལྟར་དམིགས་པ་སྔ་མ་དེ་ལ་གོམས་པ་ན། དེའང་ཐ་མལ་གྱི་རྣམ་རྟོག་རགས་པ་འཇོམས་པའི་ཕྱིར་སྐུའི་རྣམ་པ་ཞལ་ཕྱག་ཡོངས་སུ་རྫོགས་པ་ཅིག་ཆར་དུ་གསལ་བཏབ་སྟེ། དེའང་བྲིས་སྐུ་ལྟ་བུ་གཅམ་གཅམ་མ་ཡིན། འབུར་སྐུ་ལྟ་བུ་རྡོས་རྡོས་མ་ཡིན། སྣང་བ་གཟུགས་སུ་གྲུབ་ལ་འཛིན་པ་གཟུགས་སུ་མ་གྲུབ་པ། ནམ་མཁའི་འཇའ་ཚོན་ནམ་མེ་ལོང་ནང་གི་གཟུགས་བརྙན་ནམ། དཔེར་ན་རྫིང་བུ་གསལ་དྭངས་རྙོགས་པ་མེད་པའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་ལྟར་གསལ་བཏབ་ལ་ལྷ་སྐུ་གསལ་སྟོང་དེ་ལ་གནད་དུ་བསྣུན་ནས་རྩེ་གཅིག་མཉམ་པར་འཇོག་པའོ། །གཉིས་པ་བྱེ་བྲག་ལ་སེམས་འཛིན་པ་ནི། དེ་གོམས་སྐུ་ཡི་ཆ་ཤས་ནས༔ རྒྱན་ཆ་ཕྲ་མོའི་བར་དག་ཏུ༔ རིམ་པ་བཞིན་ཏུ་གསལ་བར་བསྒོམ༔ ཞེས་པས། དེའང་དམིགས་པ་སྔ་མ་དེ་ལ་གོམས་པ་ན་ཐ་མལ་གྱི་རྣམ་རྟོག་ཕྲ་བ་འཇོམས་པའི་ཕྱིར་བྱེ་བྲག་ལ་སེམས་འཛིན་པ་སྟེ། ལྷ་སྐུའི་རྣམ་པ་གསལ་ལ་དེར་འཛིན་མེད་པ་དེའང་སྤྱན་དཀྱུས་རིང་བ་དང་། སྤྱན་རས་ནག་རིལ་ལེ་བ། སྤྱན་རྩ་དམར་ཁྱུག་གེ་བ། ཞལ་གྱི་མཆུ་སྒྲོས་བིམ་པའི་ཁ་དོག་ལྟར་དམར་སལ་ལེ་བ་སོགས་མདོར་ན་ཞབས་སེན་གྱི་བར་སྐུའི་ཆ་ཤས་རེ་རེ་ནས་གསལ་


MLP024_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་འདོན་ཞིང་། དབུའི་ནོར་བུ་ནས་ཕྱག་ཞབས་ཀྱི་གདུ་བུ་ཚུན་ཆད་ཀྱི་རྒྱན་ཆ་ཕྲ་མོའི་བར་ཡང་རེ་རེ་ནས་གསལ་སྣང་ཕྲ་ཞིང་ཞིབ་པར་སྟོན་ལ་རེ་རེ་ཡང་སེམས་བཟུང་། དེའང་ཤེས་པ་བྱིངས་ཤས་ཆེ་ན་མིག་གི་ལྟ་སྟངས་ཀྱང་གྱེན་དུ་བསྟན། གདན་ནས་དབུའི་ནོར་བུའི་བར་ཡས་རིམ་གྱིས་གསལ་བཏབ་སྟེ་བསྒོམ། འཕྲོ་ཞིང་རྒོད་ན་ལྟ་སྟངས་ཀྱང་ཐུར་དུ་ཕབ་ལ་དབུའི་ནོར་བུ་ནས་པད་གདན་གྱི་བར་མས་རིམ་གྱིས་གསལ་བཏབ་སྟེ་བསྒོམ། དེ་ལྟར་གསལ་ཐེབས་པ་དང་ཡང་ཅིག་ཆར་དུ་ལམ་གྱིས་གསལ་བཏབ་ལ་རྣམ་པ་ལམ་མེ་བ་དེ་ཁ་ལ་སེམས་འཛིན། གསུམ་པ་ང་རྒྱལ་ལ་སེམས་འཛིན་པ་ནི། དེ་གོམས་པ་ནི་རྡོ་རྗེ་སེམས༔ དངོས་ཡིན་སྙམ་པའི་ང་རྒྱལ་བཟུང༔ ཞེས་པས་དེ་ལ་གོམས་པ་ན་ཐ་མལ་གྱི་ཞེན་པ་ལྡོག་པའི་དོན་དུ་ང་རྒྱལ་ལ་བསླབ་སྟེ། དེའང་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད། ལྷ་སྤངས་པའི་ཕ་རོལ་ན་སེམས་མེད། སེམས་དང་ལྷ་སྐུ་གཉིས་སུ་མེད་པ་སྟེ། དེའང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། དགོས་འདོད་ཀུན་སྩོལ་རྒྱལ་བ་ཀུན་གྱི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་གློ་བུར་གསར་དུ་བྱུང་བའི་ཆོས་མ་ཡིན་པར་ཡེ་གདོད་མ་ཉིད་ནས་ངའོ་སྙམ་དུ་ང་རྒྱལ་བཟུང་། དེ་ཉིད་གཉུག་མར་ཁྱེར་ཤེས་ན་ཡང་དག་པའི་ཉེ་ལམ་དུ་འགྱུར་བས་ན་དེ་ལྟར་ལྷ་སྐུར་རང་གི་རིག་པའི་རང་རྩལ་དུ་ཤེས་པའི་ངེས་ཤེས་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་ནན་ཏན་གྱིས་བསྒོམ། བཞི་པ་དག་དྲན་ལ་བསླབ་པ་ནི། དེ་གོམས་ཕྱག་རྒྱའི་བྱེ་བྲག་རྣམས༔ རྣམ་མང་འགྲོ་བ་འདུལ་བའི་ཕྱིར༔ བརྟན་སེམས་དག་པ་དྲན་པ་དང༔ སྟོང་གསུམ་ཡིག་འབྲུར་གཞུག་པ་སོགས༔ གོམས་པ་བརྟན་པོ་མ་གྱུར་བར༔ རྩེ་གཅིག་འབད་དེ་བསྒོམ་པར་བྱ༔ ཞེས་གསུངས་པ་སྟེ། དེ་ལ་གོམས་པ་ན་ཡེ་གདོད་མ་ཉིད་ནས་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་གཟུང་འཛིན་གྱི་མཚན་མ་རྡུལ་ཙམ་ཡང་མི་སྣང་མོད་ཀྱང་། འགྲོ་བ་རྣམས་གང་དང་གང་འདུལ་བའི་ཕྱིར་འདི་ལྟར་སྐུ་མདོག་དང་ཞལ་ཕྱག་ཡབ་ཡུམ་འཁྲིལ་སྦྱོར་ལ་སོགས་རྣམ་པར་བསྟན་པ་འདི་དང་འདིའོ་སྙམ་དུ་དག་པ་དྲན་པར་བྱས་ཏེ་མདོ་འགག་ནི་གཉུག་མ་ཆོས་ཉིད་ཀྱི་སྟེང་ན་སངས་རྒྱས་ཀྱི་ཡོན་ཏན་དེ་ལྟར་གློ་བུར་གསར་བྱུང་དུ་གྲུབ་པ་ནི་མིན་ཏེ། ཡེ་


MLP024_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མ་ཉིད་ནས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པའོ་སྙམ་དུ་བསམ། དེ་ལ་གོམས་ནས་གཞན་ཡང་བསྐྱེད་རིམ་གྱི་རྩལ་འདོན་ཕྱིར་ཕྲ་བའི་གནད་ལ་སློབ་སྟེ། རྟེན་གཞལ་ཡས་ཁང་ཡུངས་འབྲུ་ཙམ་གྱི་ནང་དུ་བརྟེན་པ་ལྷ་རི་རབ་ཙམ་དུ་སྒོམ་པ་དང་། ཡང་རེས་འགའ་རྟེན་གཞལ་ཡས་ཁང་སྟོང་གསུམ་འཇིག་རྟེན་ཙམ་གྱི་ནང་དུ་བརྟེན་པ་ལྷ་ཡུངས་འབྲུ་ཙམ་དུ་སྒོམ་པ་སོགས་མདོར་ན་གང་ལྟར་བསྒོམས་ཀྱང་དོགས་པ་དང་། ཡངས་པ་དང་། མི་འཚམ་པ་ལ་སོགས་པའི་སྐྱོན་མེད་པར་བདེ་བ་ནམ་མཁའ་ལ་མདུང་སྐོར་བ་ལྟ་བུར་ཐ་མལ་གྱི་རྣམ་རྟོག་གིས་འཕྲོག་ཏུ་མེད་པར་མ་གྱུར་གྱི་བར་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་དག་ནི་སྐུ་བསྐྱེད་རིམ་ཕྱག་རྒྱའི་ཁྲིད་ཀྱི་རིམ་པའོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་ཁྲིད་ལ། རགས་པ་རླུང་བཟླས། ཕྲ་བ་རྡོར་བཟླས། སྐྱོ་ན་ངག་གི་བཟླས་པ་ལ་བསླབ་པའོ། །དང་པོ་ནི། རྩ་བར། གཉིས་པ་ཡེ་ཤེས་ཐུགས་སྲོག་གི༔ ཏིང་འཛིན་ཧཱུྃ་ལ་མ་ཡེངས་བཟུང༔ ཁ་སྦྱོར་རླུང་བཅིངས་ཡིད་བཟླས་བྱ༔ ཞེས་པས་རྟེན་གཞལ་ཡས་ཁང་དང་། རང་ལྷ་སྐུ་ཡབ་ཡུམ་དུ་གསལ་བ་རྣམས་ལ་གསལ་སྣང་མ་འགགས་པ་སྨོས་མ་དགོས། འགགས་ན་འདོན་སྐྱོར་ཞིག་བྱས་རྗེས། རང་གི་ཐུགས་འོད་ལྔའི་གོང་བུར་འཁྱིལ་པའི་ཀློང་དུ་པད་ཟླའི་གདན་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྐུ་ཆེ་ཆུང་མཐེབ་སོར་གང་ཙམ་པ་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་གསལ་བཏབ། དེའི་ཐུགས་ཀར་ཟླ་བའི་གདན་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་བ་ནས་འབྲས་ཙམ་ལྟེ་བར་ཐུགས་སྲོག་ཧཱུྃ་ཡིག་དཀར་པོ་ཆེ་ཆུང་ཡུངས་འབྲུ་ཙམ་པ་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེ་རེ་འཕྲོ་བ་ཞིག་གསལ་བཏབ་ལ། དེའང་ཐོག་མ་ནས་གསལ་ཐེབས་ཡོང་ངམ་མི་ཡོང་ངམ་སྙམ་པའི་རྩབ་རྩུབ་ཅི་དྲག་མང་པོ་མི་བསམ་པར་རྩེ་གཅིག་ཏུ་ཤེས་པ་གཏད་དེ་བསྒོམ། དེ་ལ་སེམས་འཛིན་མཚམས་ལུས་གནད་ཆོས་བདུན་གཞན་སྔར་ལྟར་ལས། ལག་པ་གཉིས་ཁུ་ཚུར་ཁ་སྦུབ་པུས་སྟེང་དུ་བཞག མིག་གནད་ཐད་ཀའི་བར་སྣང་ལ་གཡོ་མེད་དུ་ཅེ་རེ་བལྟ། ངག་གནད་རླུང་རོ་དལ་ལ་རིང་བ་གསུམ་ཕྱིར་སང་ངེ་བསལ་ལ་ནད་གདོན་སྡིག་སྒྲིབ་ཐམས་ཅད་


MLP024_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བསམ། དེ་ནས་རླུང་ནར་གྱིས་རྔུབ་ལ་ལྟེ་འོག་ཏུ་སྒྱུར་སྟབས་སུ་མནན། འོག་རླུང་ཧ་ཅང་དྲག་པོ་མ་ཡིན་པར་ཅུང་ཟད་བརྟེན་ཙམ་བྱས་ཏེ་ལྟེ་བར་བུམ་ཅན་ཁ་སྦྱོར་འཇམ་ཞིང་རན་པར་བཟུང་། མི་ཐུབ་པ་ན་རྔུབ་ཆུང་བྱས་ཏེ་གཞིབ། དེས་ཀྱང་མ་ཐུབ་ན་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱིས་ཕྱིར་སང་ངེ་འཕངས་ལ། ཡང་རྔུབ་པའི་ཚེ་སྔར་ལྟར་བུམ་ཅན་གཞིལ། དེ་ལྟ་བུ་བཞི་ཚན་རེ་ཙམ་གྱི་ཐོག་ཏུ་རླུང་ངལ་གསོ། དེའང་ཐོག་མར་མ་གོམས་བར་དུ་རླུང་ཧ་ཅང་དྲག་པ་རང་མིན་པར་འཇམ་ཞིང་རན་པར་བཟུང་དགོས་ཏེ། སྦྱོར་བ་བཞི་ལྡན་མ་ཤེས་ན༑ ༑ཡོན་ཏན་སྐྱོན་དུ་འགྲོ་ཉེན་ཆེ། །ཞེས་གསུངས་ཤིང་། དེ་ལ་སྦྱོར་བ་བཞི་གང་ཞེ་ན། ལྕགས་ཀྱུ་བཞིན་དུ་འགུགས་པ། བུམ་པ་བཞིན་དུ་གཞིལ་བ། མཐེབ་མནོན་གྱི་རྒྱ་མདུད་བཞིན་དུ་བསྡམས་པ། མདའ་ལྟར་འཕང་བ་སྟེ་བཞི་ཡིན་ཏེ། སྤྱན་སྔ་ལྷ་གཟིགས་པས། དགུག་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་པ་བཞི། །ཞེས་གསུངས་པ་ལྟར་རོ། །རླུང་འཛིན་པའི་ཚེ་དམིགས་པ་ནི་ཐུགས་སྲོག་ཧཱུྃ་ཡིག་ཁོ་ན་ལ་རྩེ་གཅིག་ཏུ་བཟུང་ནས་ལྕེ་མཆུའི་སྦྱོར་བ་ལ་མ་ལྟོས་པའི་ཡིད་ནས་ༀ་བཛྲ་ས་ཏྭ་ཨཱཿ ཞེས་ཡི་གེ་དྲུག་པའི་ཡིད་བཟླས་ལ་འབད་པར་བྱའོ། །གཉིས་པ་ཕྲ་བ་རྡོར་བཟླས་ལ་བསླབ་པ་ནི། དེ་གོམས་འཇུག་གནས་ལྡང་གསུམ་པོ༔ ༀ་དང་ཨཱཿཧཱུྃ་སེམས་དང་སྦྱར༔ སྐྱེ་མེད་རྡོ་རྗེའི་བཟླས་པ་བྱ༔ ཞེས་པས་དེའང་བདག་དམ་ཚིག་སེམས་དཔའ། ཐུགས་ཀའི་ཡེ་ཤེས་སེམས་དཔའ། ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་བཅས་ལ་གསལ་སྣང་འདོན་སྐྱོར་ཞིག་བྱས་ལ། དེའི་མཚམས་དེ་ནས་ཐོག་མར་རླུང་རོ་དལ་ལ་རིང་བ་གསུམ་སྔར་ལྟར་བསལ་རྗེས། དེ་ནས་རླུང་རྒྱུན་གྱི་བཟོ་བཅོས་མེད་པ་འདི་ག་ནང་དུ་འོང་བ་ན་ༀ། གནས་པའི་ཚེ་ཨཱཿ ཕྱིར་འགྲོ་བའི་ཚེ་ཧཱུྃ་ཞེས་པའི་སྒྲ་གདངས་ཡིད་ཀྱིས་དྲན་པར་བྱས་ལ་རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་དང་སྦྱར་བར་རླུང་སྔགས་སྟོང་པ་གསུམ་དབྱེར་མི་ཕྱེད་པའི་བརྡར་བསྒྱུར་རྡོ་རྗེའི་བཟླས་པ་ལ་ཇི་སྲིད་མི་སྐྱོ་བའི་བར་དུ་བསླབ་པར་བྱའོ། །དེ་ལྟར་རྩེ་གཅིག་ཏུ་འབད་པས་རླུང་འཇམ་དལ་གྱིས་སོང་ནས་རྒྱུ་བ་མི་ཚོར་བ་དང་། རྟག་ཏུ་རླུང་མཉམ་རྒྱུར་འབབ་པ་དང་། མ་བརྟགས་འབྱིན་


MLP024_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་གྲངས་ཚད་གསལ་པོར་རྟོགས་པ་དང་། རླུང་ཕྲ་ལ་རིང་བ་སོགས་འབྱུང་སྟེ། དེ་ཙ་ན་ༀ་དང་ཧཱུྃ་གཉིས་ཇེ་ཆུང་ལ་བཏང་ནས་ཨཱཿཡི་གདངས་ཉིད་ཇེ་རིང་དུ་བཏང་། དེ་ཡང་སྨིན་སློབ་ཀྱི་ཚེ་འདི་ཁོ་ན་ལའང་བདུན་ཕྲག་ཁ་ཡར་ཆིག་དྲིལ་དུ་བསྒོམ་དགོས་པས་ན་གང་ཟག་སྙིང་རུས་ཅན་གྱིས་དེ་ལྟར་ནན་ཏན་དུ་བསྒོམ་པས་རླུང་འགག་པ་ལ་ཕྱོགས་པ་ན་ཏིང་ཤག་གི་སྒྲའམ། སྤོས་དྲི་ཞིམ་པོ་སྣར་བདུག་པས་སློང་བ་སོགས་ཐབས་མཁས་ཀྱིས་བསལ་བར་བྱ། གལ་ཏེ་དེས་མ་ཕན་ན་སྙིང་གར་རྡོ་གྲང་སྦྱར་བས་ཕན། གང་ལྟར་ཡང་དེ་ལ་གོམས་པ་དང་། རྡོར་བཟླས་དེ་ཉིད་རླུང་བུམ་ཅན་སྦྱོར་བ་བཞི་ལྡན་དང་སྦྱར་ནས་བསླབ་པར་བྱ་སྟེ། དེའང་ལུས་གནད་ལག་པ་ཁུ་ཚུར་ཁ་སྦུབ་པུས་སྟེང་བཀབ་པ་སོགས་གོང་དུ་བཤད་པ་ལྟར་དང་། ངག་གནད་རླུང་རོ་ལན་གསུམ་བསལ་རྗེས་སྟེང་རླུང་ༀ་གྱི་སྒྲར་མོས་པས་ནར་གྱིས་རྔུབ་ལ་སྣ་སྒོར་རྫོགས་པ་ན་ཨཱཿཡི་གདངས་ཀྱིས་གནས་པར་བསམ་ལ་ཆར་གྱིས་མནན། འོག་རླུང་ཅུང་ཟད་བརྟེན་ཙམ་བྱས་ལ་ལྟེ་བར་བུམ་ཅན་ཁ་སྦྱོར་འཇམ་ཞིང་རན་པ་སྔར་ལྟར་བཟུང་། མི་ཐུབ་ན་གཡས་གཡོན་དབུས་གསུམ་ནས་འཐེན་སྣོན་བྱས་ཏེ་གཞིལ། དེས་ཀྱང་མི་ཐུབ་ན་ཧཱུྃ་གི་སྒྲ་གདངས་སུ་མོས་པས་ཕྲ་ལ་རིང་བའི་ཤུགས་ཀྱིས་ཕྱིར་བསལ། སླར་ཡང་ༀ་གདངས་ཀྱིས་རྔུབ་པ་སོགས་རླུང་འཛིན་རྩོལ་དྲག་པོ་བྱས་པས་རླུང་ཡུན་རིང་དུ་བཀག་ཀྱང་མི་བདེ་བ་ཆེར་མི་འབྱུང་ན་དེའི་ཚེ་བུམ་ཅན་འབྱོངས་པའི་རྟགས་ཡིན། དེ་ནས་གསུམ་པ་སྐྱོ་ན་ངག་གི་བཟླས་པ་ལ་འཇུག་པ་ནི། དེས་སྐྱོ་སྔགས་ཕྲེང་སྤྲོ་བསྡུ་བཅས༔ མ་ཡེངས་ངག་གི་བཟླས་པ་ནི༔ དུས་སམ་གྲངས་ཀྱི་ཚད་ལྡན་བྱ༔ ཞེས་པས། དེའང་ཐོག་མར་སེམས་དཔའ་གསུམ་ལ་གསལ་སྣང་འདོན་སྐྱོར་ཞིག་བྱས་ངོས། ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་མཐའ་སྐོར་དུ་བཟླ་བྱའི་སྔགས་ཀྱི་ཕྲེང་བ་ཤིན་ཏུ་ཕྲ་བ་སྤུས་བྲིས་པའམ། རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུ། ཤིན་ཏུ་ཕྲ་བ་མུ་ཏིག་བསྟར་ལ་བརྒྱུས་པའམ་དངུལ་ཆུའི་མདོག་ལྟར་དཀར་ཞིང་འཚེར་བ་གཡས་སྐོར་དུ་ལྡེམ་མེ་འཁོད་པར་བསམ་སྟེ། དེ་ལས་སེམས་གཏད་ཡུད་ཙམ་ཞིག་བཟུང་། དེའི་མཚམས་དེ་ནས་དེ་ལྟར་གསལ་བརྟན་དུ་གྱུར་པ་ན་ཕྲེང་བ་དང་བཅས་


MLP024_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཐོག་མར་ༀ་བཛྲ་ས་ཏྭ་ཨཱཿ སོགས་ཡི་གེ་དྲུག་པ་དང་། དེ་རྗེས་ཡིག་བརྒྱ་བཟླ་བཞིན་པར་དམིགས་པ་ཡུད་ཙམ་ཞིག་བཟུང་། དེའི་མཚམས་དེ་ནས་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་སྤྲོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། དེའི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་དཔེར་ན་རྡོ་ཚན་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པར་བསམ་པའམ། ཡང་ན་སྐུ་ཕྱག་རྒྱ༑ གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་རང་གི་གནས་གསུམ་དུ་སིབ་སིབ་ཐིམ་པས་ཚོགས་རྣམ་པ་གཉིས་རྫོགས་སྒྲིབ་པ་རྣམ་པ་གཉིས་བྱང་། དབང་བཞི་རྫོགས་སུ་ཐོབ་ཅིང་། བདེ་ཆེན་ཡེ་ཤེས་སྐྱེས་པར་བསམས་ལ་བཟླ་བ་ནི་བདག་དོན་བྱིན་རླབས་བསྡུ་བའི་བཟླས་པའོ། །ཡང་འོད་ཟེར་སྔར་ལྟར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། སེམས་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་འཁོར་ལོའི་གོ་འཕང་ལ་བཀོད། ཚུར་འདུས་ཐུགས་ཀའི་ས་བོན་ལ་སིབ་སིབ་ཐིམ་པར་བསམ་པ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པ་སྟེ། དམིགས་པ་དེ་གཉིས་བློ་ཆེ་བས་ཕྲུག་གཅིག་དང་། མི་ནུས་ན་རེ་མོས་བྱས་པས་ཆོག་མོད། གང་ལྟར་ཡང་བཤད་མ་ཐག་པ་ཉིད་དམིགས་པ་ཆུན་ཆེ་བ་ནི་ཡོང་གསུང་། གཞན་ཡང་དེར་མ་ཟད་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཐུགས་ཆོས་ཉིད་ཡེ་ཤེས་ཀྱི་འཁོར་ལོར་ཤེས་པས་ལས་དང་པོ་པས་ཐོག་མ་ནས་སྔགས་ཕྲེང་ལ་སེམས་གཏད་ནས་དལ་བུས་བཟླ་བ་གལ་ཆེ་བ་ཡིན་ནོ། །དེའང་བསྙེན་པ་བྱེད་ན་གྲངས་བསྙེན་ནི་ཡིག་དྲུག་འབུམ་ཚོ་དྲུག་དང་། ཡི་གེ་བརྒྱ་བ་འབུམ་ཕྲག་དྲུག་ཁ་སྐོང་དང་བཅས་པ་ལ་བཟླ་ཞིང་། དུས་བསྙེན་ནི་ཟླ་དྲུག་ནས་ཟླ་གཅིག་གི་མཐའ་རྟེན་དང་། མཚན་བསྙེན་ལ་རྩིས་གདབ་མེད་པའོ། །གསུམ་པ་ཐུགས་འོད་གསལ་ཆོས་ཉིད་ཀྱི་རྣལ་འབྱོར་ནི། དེ་ལྟར་ལྷ་སྔགས་ཡེ་ཤེས་ཀྱི་རྣལ་འབྱོར་ལ་ཅི་ནུས་སུ་འབད་མཐར་ཐུན་བསྡུ་བ་ན། ཐོག་མར་རྟེན་དང་བརྟེན་པ་ཐམས་


MLP024_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་གསལ་སྣང་འདོན་སྐྱོར་ཞིག་བྱས་རྗེས་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་འཕྲོས་པས་སྣོད་བཅུད་ལྷར་དག་པ་ལ་ཕོག འོད་ཟེར་གྱི་གོང་བུ་ལྟེམ་གྱིས་ཞུ་བ་སྲུང་འཁོར་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ། དེའང་རང་ལྷ་སྐུ་ཡབ་ཡུམ་གསལ་བ་ལ་ཐིམ། དེའང་ཡབ་ཡུམ་ལ་ཐིམ། ཡབ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེའང་ཐུགས་ཀའི་རྡོ་རྗེ་ལ་ཐིམ་སྟེ། དེའང་ཧཱུྃ་ལ་ཐིམ། ཧཱུྃ་དེ་ཉིད་ཇེ་མཐོ་ཇེ་མཐོ་ཇེ་ཕྲ་ཇེ་ཕྲར་སོང་ནས་མཐར་ཞབས་ཀྱུ་འ་ལ། འ་ཧ་ལ། ཧ་མགོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ་ཐིམ་སྟེ་དེ་ཤིན་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པའི་ཆ་ཤས་ཙམ་གྱི་བར་དུ་ཡང་དེ་ཁ་རང་ལ་སེམས་རྩེ་གཅིག་ཏུ་བཟུང་ནས་མཐར་ནམ་མཁའ་ལ་འཇའ་ཡལ་བའམ་སྤོས་ཀྱི་དུ་རླངས་ཡལ་བ་བཞིན་སོང་བར་བསམ་ལ་གསལ་སྟོང་ཟུང་འཇུག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་དུ་ཅི་ཡང་མི་སེམས་མི་མནོ་མི་བོར་བར་རང་བབ་ཉིད་དུ་གློད་ལ་བཞགརྣམ་རྟོག་གིས་བསྐྱོད་ན་གང་ཤར་གྱི་རང་ངོ་ལ་ཆེར་གྱིས་བལྟས་ལ་བཞག ཡང་དེ་ལས་ལྡང་བའི་སྤྱོད་ལམ་ལ་འཇུག་པ་ན་ཆུ་དྭངས་པ་ལ་ཉ་འཕར་བའི་ཚུལ་དུ་སྐད་ཅིག་གིས་ལྷ་སྐུར་ལམ་གྱིས་ལངས་ལ་སྣང་བ་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བར་བལྟས་ལ་དགེ་བ་བསྔོ། དེའང་འདི་ཉིད་བསྐྱེད་རིམ་ལ་ལྟོས་པའི་རྫོགས་རིམ་ཡིན་པས་ན་ནན་ཏན་དུ་རེ་ཞིག་རྫོགས་རིམ་ལ་མི་འཇུག་པའམ། དེར་མ་ཟད་གང་ཟག་དབང་རྟུལ་རྣམས་ལ་འདིས་རྫོགས་རིམ་གྱི་གོའང་ཆོད་པ་ཡིན་ཡང་རྫོགས་རིམ་སྙིང་པོར་དྲིལ་བའི་སྐབས་བསྐྱེད་རིམ་རྒྱས་དྲགས་ན་རྫོགས་རིམ་ལ་འཕྲལ་དུ་འཇུག་པ་ལས་ཕྱིར་ཕྱོགས་པ་སོགས་ཀྱི་སྐྱོན་སྣང་བས་རྫོགས་རིམ་གྱི་རྟེན་དུ་བསྐྱེད་རིམ་བསྡུས་པ་འདི་བཞིན་བསྒོམ་སྟེ་སྔོན་འགྲོ་རྣམས་སོང་བ་ན་རྒྱུའི་ཏིང་འཛིན་རྣམ་གསུམ་ལས་སྲུང་འཁོར་གྱི་དབུས་སུ་པདྨ་ཟླ་བའི་གདན་ལ་ཆོ་ག་གསུམ་བསྐྱེད་ཀྱི་བདག་དམ་ཚིག་སེམས་དཔར་བསྐྱེད་ཅིང་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བསྟིམ་པ། ལྷའི་སྣང་ཞེན་ལ་བསླབ་པའི་སེམས་འཛིན་གྱི་དམིགས་པ་བཞི་པོ་གང་སེམས་གཟུང་སླ་བ་ནས་འཛིན་པ་ལས་གོ་རིམ་མཐའ་གཅིག་ཏུ་མ་ངེས། དེ་ནས་མཐར་རགས་ཕྲའི་བཟླས་པ་


MLP024_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱོ་ན་ངག་བཟླས་ཀྱང་ཅི་རིགས་བྱས་ལ་སྔར་བཞིན་ཉེར་བསྡུའི་རྣལ་འབྱོར་ལ་འཇུག ནུབ་མོ་ཉལ་བའི་ཚེ་ན་ཐུགས་ཀའི་ས་བོན་ལ་སེམས་བཟུང་ནས་ཉལ་བའི་རྣལ་འབྱོར་ལ་འཇུག གང་ལྟར་ཡང་དེ་དག་གིས་ནི་རྣལ་འབྱོར་བསྐྱེད་པའི་རིམ་པ་རྣམས་སོང་གྲུབ་པ་ཡིན། གཉིས་པ་མན་ངག་རྫོགས་པའི་རིམ་པ་ལ། ལྟ་བའི་མཐར་ཐུག་ཁྲེགས་ཆོད་བསྐྱང་པ། སྒོམ་པའི་སྙིང་པོ་ཐོད་རྒལ་སྦྱོང་བ། དབང་པོའི་རིམ་པས་མཇུག་བསྡུ་བ་དང་གསུམ། དང་པོ་ལྟ་བ་ལའང་ལམ་ལ་འཇུག་པ། ཁྱད་པར་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་བ། རིགས་དྲུག་ས་བོན་སྦྱང་བ། སྔོན་འགྲོ་དངོས་དང་གསུམ། དང་པོ་ཁྱད་པར་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་བ་ནི། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་དབྱེ་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་པ་ལྟར་ཡིན་པས་ན། དེའང་མི་མེད་པའི་རི་སུལ་ལམ་དུར་ཁྲོད་ལུང་སྟོང་ལ་སོགས་པ་ཤིན་ཏུ་འགོལ་བ་སྐྱེ་བོ་ཐ་མལ་པས་མཐོང་ཚོར་མི་འབྱུང་བའི་སར་ཕྱིན་ལ། དེའང་ཐོག་མར་སྔོན་འགྲོ་རྒྱས་བསྡུས་ཇི་ལྟར་རིགས་པ་ཞིག་བཏང་རྗེས་སྤྲོས་པ་ལ་དགའ་བས་ནི་གཞི་བདག་ལ་གཏོར་མ་བྱིན་ནས་བདག་རིགས་དྲུག་གི་སྐྱེ་སྒོ་གཅོད་ཕྱིར་ཞག་འདི་ཙམ་ཞིག་གི་རིང་ལ་སྤྱོད་པ་ལ་འཇུག་པར་བྱ་བ་ལ་བར་ཆད་མ་བྱེད་ཅེས་བཀའ་བསྒོ་ཞིང་གལ་ཏེ་དེ་དག་མ་བྱས་ན་ཆད་པའི་སྐྱོན་དུ་མི་འགྱུར། གང་ལྟར་ཡང་ཐོག་མར་འདི་ལྟར་བསམ་པར་བྱ་སྟེ། འོ་བདག་གི་སྔོན་ཆད་ཁམས་གསུམ་འཁོར་བའི་གནས་འདིར་སྐྱེ་བ་གྲངས་མེད་པ་ཞིག་བླངས། སྐྱེ་བ་བླངས་རེས་ཀྱི་ལུས་རེ་གྲུབ། ལུས་བླངས་རེས་བཞིན་གྱི་རིགས་དྲུག་གི་སྡུག་བསྔལ་མ་མྱོང་བ་གཅིག་ཀྱང་མེད་ཅིང་། ངག་འདིས་ཀྱང་གཉིས་སུ་འཛིན་པའི་ལས་བྱས། སེམས་འདིའང་བུདྡྷའི་ཐུགས་དང་དབྱེར་མེད་ཡིན་པ་ལ་མ་རྟོགས་པའ་ིདབང་གིས་སྔོན་ཆད་རིགས་དྲུག་ཏུ་འཁྱམས་ཤིང་སྡུག་བསྔལ་དེ་ཙམ་ཞིག་མྱོང་། ད་དུང་འདི་ཙམ་གྱིས་སྐྱེ་བ་ཆོད་བསམ་པའི་གདེང་ཚད་ནི་མེད། དེས་ན་ད་རེས་འཁོར་འདས་རུ་ཤན་འབྱེད་པའི་དུས་འདིར་སོས་དལ་དུ་སྡོད་པ་ཅི་ལ་རིགས་པས་ན་འཁོར་འདས་རུ་ཤན་ཕྱེས་པར་བྱས་ཏེ་


MLP024_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འཁོར་བར་མི་སྐྱེ་བའི་ཐབས་ཤིག་ངེས་པར་བྱ་སྙམ་དུ་འཕེན་པ་སྔོན་ཏུ་བཏང་ལ། ཐོག་མར་དམྱ ལ་བ་ཚ་གྲང་གི་སྡུག་བསྔལ་ཨ་ཚ་ཨ་ན་ཨ་ཆུ་ཀྱི་ཧུད་ལ་སོགས་པའི་སྨྲེ་སྔགས་དྲག་པོ་དང་། དེ་བཞིན་དུ་ཡི་དྭགས་ཀྱི་ལྟོགས་འཁྱམ་བཀྲེས་སྐོམ་དང་། དུད་འགྲོའི་འབའ་དང་འབུ་དང་ཝང་དང་ཁང་ལ་སོགས་པ། མིའི་འདུ་བྱེད་སྣ་ཚོགས་པའི་གཏམ་དང་མྱ་ངན་ཆོ་ངེ་ལ་སོགས་པ། ལྷ་མ་ཡིན་གྱི་རྒྱོབ་སོད་བསད་དོ། །བརྡུང་ངོ་། །ཁོ་གསོད་པ་ལ་སོགས་པ། ལྷའི་རྩེད་འཇོ་གླུ་གར་ལ་སོགས་པ་བྱ། བྱས་མ་ཐག་ཤིང་སྐམ་ཆུ་སྐམ་ཤི་ན་ངན་འགྲོར་སྐྱེ་ཞེས་ངུ་ངག་གི་སྒོ་ནས་འབོད་པ་སོགས་མདོར་ན་ཡིད་ལ་དྲན་ཚད་བྱ། དེ་དག་གི་ཚེ་ནའང་རྩེད་འཇོའི་དབང་དུ་མ་སོང་བར་བྱས་ལ། དེ་དང་དེ་དངོས་ཡིན་སྙམ་པའི་གདུང་ཤུགས་དྲག་པོས་ལུས་ཀྱིས་སོ་སོའི་རྣམ་འགྱུར། ངག་གི་སྨྲ་བརྗོད། ཡིད་ཀྱིས་ཀྱང་དེ་དག་གི་སྡུག་བསྔལ་བློ་ལ་བླངས་ལ་ངེས་པར་རྒྱུད་ཐོག་ཏུ་ཉམས་སུ་མྱོང་བར་བསམ། དེ་ནས་སོ་སོའི་སྡུག་བསྔལ་བྱེད་ཤེས་ཀྱི་རང་ངོ་ལ་ཅེར་གྱིས་ལྟ། ཡང་རེས་འགའ་སངས་རྒྱས་ཞི་བ་དང་། ཁྲོ་བོའི་སྐུའི་རྣམ་འགྱུར་དང་། ངག་གི་ཆོས་ཀྱི་སྒྲ་དང་གསུང་དབྱངས་དྲག་པོའི་གད་མོ་སྣ་ཚོགས་དང་། ཡིད་ཀྱིས་དེ་དག་གི་རྣམ་པ་ལམ་དུ་བྱས་ལ། ཡང་བྱེད་ཤེས་ཀྱི་རང་ངོ་ལ་ཚར་གྱིས་ལྟ། དེའང་རྩ་བར་ལུས་ངག་ཡིད་གསུམ་སོ་སོར་བྱ་བར་གསུངས་ཀྱང་། བཤད་མ་ཐག་ཉིད་ཕྱག་ལེན་དུ་མཛད་པ་ཡིན་ཞིང་། དེ་ལྟར་རུ་ཤན་དབྱེ་བར་དམིགས་ཀྱིས་འགྲོ་མ་ཁོམ་ན། ཁྱིམ་དུ་དེ་ལྟ་བུའི་ཚུལ་ཡིད་ཡུལ་དུ་སྒོམ་པས་ཀྱང་དོན་གྱི་གནད་ཚང་བ་ཡིན་ཞེས་ཞལ་རྒྱུན་དུ་གནང་ངོ་༑ ༑དེར་སྦྱངས་པས་འབྱོངས་པའི་རྟགས་ནི་ལུས་ལ་ཆགས་ཞེན་དགག་སྒྲུབ་བཀྲེས་སྐོམ་མེད་པའི་ཉམས་འདུག་ན་ལུས་རུ་ཤན་ཕྱེད་པའོ། །བླ་མའི་གདམས་ངག་རྣམས་ལ་གོ་བ་སྐྱེས་ནས་ཚིག་ཙམ་དུ་མ་སོང་པར་དོན་ཀློང་རྡོལ་དུ་ཤེས་ན་ངག་རུ་ཤན་ཕྱེད་པའོ། །སེམས་གསལ་གདངས་འཁྲུལ་རྟོག་མེད་པ་དང་། བདེ་སྟོང་གི་ཉམས་འཆར་ན་ཡིད་རུ་ཤན་ཕྱེད་པའོ། །གཉིས་པ་ནང་ལྟར་རུ་ཤན་དབྱེ་བ་ནི། འདས་རྗེས་ལས། ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་


MLP024_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་གསུམ་དུ་ཤར། །ཡི་གེ་རྩལ་སྦྱང་རུ་ཤན་དབྱེ། །ཞེས་དང་། ཀློང་གསལ་ལས་ཀྱང་། ནང་གི་འཁྲུལ་རྒྱུ་ཟད་བྱའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་དབྱེ། །ཞེས་གསུངས་པས་ན༑ དེ་ལ་ཕྱི་ལྟར་རུ་ཤན་ཕྱེད་པས་རེ་ཞིག་ཕྱི་འཁྲུལ་བའི་སྣང་རྐྱེན་ཟད་ཀྱང་། ནང་སྐྱེ་མཆེད་ཀྱི་ས་བོན་མ་ཟད་ན་སྡོང་བོ་བཅད་ཀྱང་རྩ་བ་མ་སྟོང་ན་སླར་སྐྱེ་བ་དང་མཚུངས་ཤིང་། རང་འཆི་བའི་ཚེ་གནས་དེ་རྣམས་སུ་རླུང་སེམས་འདུས་ནས་རིགས་དྲུག་དེ་དང་དེར་དེ་མ་ཐག་ཏུ་སྐྱེ་བར་གསུངས་པས་འཁྲུལ་རྒྱུའི་ས་བོན་སྦྱང་བ་གལ་ཆེ་སྟེ། དེ་ལྟར་སྦྱང་བྱ་ནི་རིགས་དྲུག་གི་ས་བོན་དྲུག་ཡིན་ཏེ། དེ་དྲུག་གནས་ཚུལ་ཀློང་གསལ་ལས། སྤྱི་བོ་མགྲིན་པ་སྙིང་ག་དང་།། ལྟེ་བ་གསང་གནས་རྐང་མཐིལ་དུ། །ཨ་སུ་ནྲྀ་ཏྲི་པྲེ་དུ་གནས། །ཞེས་པས། དེ་ལ་རྐང་མཐིལ་དུ་རྩ་འཁོར་འཁྱིལ་པ་ལ་དམྱལ་བའི་ས་བོན་དུ་དུད་ཁ། གསང་གནས་སུ་ཡི་དྭཊ་ཀྱི་ས་བོན་པྲེ་ལྗང་ནག ལྟེ་བར་རྩ་བ་ཐག་བརྒྱངས་པ་ལྟ་བུའི་ནང་དུད་འགྲོའི་ས་བོན་ཏྲི་དམར་ནག སྙིང་གར་སྲོག་པ་རྩའི་ནང་མིའི་ས་བོན་ནྲྀ་སྔོ་སྐྱ། མགྲིན་པའི་ལྟག་རྩ་བ་མེན་རྭ་འདྲ་བའི་ནང་ལྷ་མ་ཡིན་གྱི་ས་བོན་སུ་ལྗང་སེར། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ་རྣམས་གསལ་བཏབ། དེ་ལྟར་སྦྱང་བྱ་སོ་སོའི་འོག་ཏུ་སྦྱོང་བྱེད་རིག་པའི་ཡེ་ཤེས་ར་དམར་པོ་སོལ་མེ་ངར་མ་ལ་ཕུས་བཏབ་པ་ལྟ་བུ་རེ་དང་། དེའི་འོག་ཏུ་ཡཾ་ལྗང་གུ་རླུང་གི་རང་བཞིན་ཅན་ཡང་ཞིང་གཡོ་བའི་རྣམ་པ་ཅན་རེ་རེ་གསལ་བཏབ། སྦྱོང་བྱེད་ཀྱི་ཡི་གེ་རྣམས་གསལ་ཞིང་འཚེར་བ་འོད་ཟེར་དང་བཅས་པ་ལ། སྦྱང་བྱ་རྣམས་སོལ་དུམ་དུ་བ་འཕྱུར་བའི་རང་བཞིན་ལྟ་བུར་ནག་ངམ་མེ་བར་གསལ་བཏབ། དེ་ལྟར་གསལ་ཐེབས་བྱུང་བ་དང་། ཐོག་མར་རྐང་མཐིལ་གཉིས་སུ་དམིགས་པ་གཏད་དེ་ངག་ཏུ། ༀ་ཨཱཿཧཱུྃ་ན་ར་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་འབར་བས་དུ་དུད་ཁ་དངོས་མེད་དུ་བསྲེག་པར་བསམ། དེ་བཞིན་དུ༑ ༀ་ཨཱཿཧཱུྃ་པྲེ་ཏ་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་འབར་བས་གསང་གནས་ཀྱི་པྲེ་ལྗང་ནག་དངོས་མེད་དུ་བསྲེག་པར་བསམ། དེ་ནས། ༀ་ཨཱཿཧཱུྃཿདུཪྱ་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭ་ཧཱ། ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་འབར་


MLP024_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བས་ལྟེ་བའི་ཏྲི་དམར་ནག་དངོས་མེད་དུ་བསྲེག་པར་བསམ། དེ་ནས། ༀ་ཨཱཿཧཱུྃཿདུཪྱ་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་འབར་ཏེ་སྙིང་གའི་ནྲྀ་སྔོ་སྐྱ་དངོས་མེད་དུ་བསྲེག་པར་བསམ། དེ་ནས། ༀ་ཨཱཿཧཱུྃ་ཨ་སུར་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་འབར་བས་སུ་ལྗང་སེར་དངོས་མེད་དུ་བསྲེག དེ་ནས། ༀ་ཨཱཿཧཱུྃ་དེ་བ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་འབར་བས་ཨ་དཀར་པོ་དངོས་མེད་དུ་བསྲེག་པར་བསམ་ལ། མདོར་ན་ཡིག་འབྲུ་སོ་སོ་བསྲེགས་པའི་ཐལ་བ་ཡང་མ་ལུས་པས་དངོས་མེད་དུ་སྦྱོང་བར་བསམ། དེ་ནས་རང་གི་སྤྱི་བོར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རང་བཞིན་ཅན་ༀ་དཀར་པོ། མགྲིན་པར་གསུང་གི་རང་བཞིན་ཨཱཿདམར་པོ། སྙིང་གར་ཐུགས་ཀྱི་རང་བཞིན་ཧཱུྃ་སྔོན་པོ་རྣམས་གསལ་བཏབ། དེ་རྣམས་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཀར་དམར་མཐིང་གསུམ་འབབ་པས་ཡིག་འབྲུ་དྲུག་གི་གནས་རྣམས་སྦྱངས་ཏེ། རིགས་དྲུག་གི་འཁོར་བའི་འཁྲུལ་གཞི་ས་བོན་བག་ཆགས་དང་བཅས་མ་སྟོང་བར་བསམ་ཞིང་། མདོར་ན་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་སྦྱོང་བར་བསམ་ལ། འབྲུ་གསུམ་སྐད་ཆེན་པོས་དབྱངས་སུ་ལེན་ནམ་ཤུབ་བུར་བཟླས་ཀྱང་རུང་སྟེ་འབུམ་ཚོ་བདུན་ཙམ་ཞིག་བཟླས་པ་བྱ་སྟེ། མདོར་ན་སྡིག་པ་དག་པའི་རྟགས་མཚན་སྣ་ཚོགས་དང་། ཁྱད་པར་སྒོ་གསུམ་གྱི་ཞེན་འཛིན་དག་ནས་རང་ལུས་ཤེལ་གོང་ཕྱིས་པ་ལྟ་བུའི་དཀར་སང་གིས་སོང་སྙམ་པའི་བློ་མ་སྐྱེས་ཀྱི་བར་འབད་པར་བྱ། དེ་ལྟར་བགྱིས་པའི་དགོས་པ་ནི། ཐལ་འགྱུར་ལས། འོད་གསལ་དགོངས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བསྟན། །ཅེས་དང་། ཀློང་གསལ་ལས། ལུས་ངག་ཡིད་གསུམ་སྔོན་འགྲོ་ནི༑ ༑ཐུན་མོང་ཁྱད་པར་མཐར་ཐུག་གི །དགོས་པ་གསུམ་དུ་ཤེས་པར་བྱ། །ཞེས་པས། ལུས་ངག་ཡིད་གསུམ་གྱི་སྡིག་པའི་ས་བོན་དང་། དེའི་བར་གཅོད་དང་། དེ་ལ་ཞེན་པའི་བག་ཆགས་རྣམས་རྩ་བ་ནས་དག་ཅིང་ཞི་བ་ནི་ཐུན་མོང་གི་དགོས་པའོ། །ལུས་ངག་ཡིད་གསུམ་གྱི་ཞེན་པ་ལྡོག་པ་དང་། ཕྱིན་ཆད་འཁོར་བར་ཡིད་ལྡོག་པ་ཁྱད་པར་གྱི་དགོས་པའོ། །ལུས་


MLP024_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་གསུམ་སྐུ་གསུམ་དུ་གྲོལ་པ་ནི་མཐར་ཐུག་གི་དགོས་པའོ། །གསུམ་པ་སྔོན་འགྲོ་དངོས་ལ། རྣལ་དུ་དབབ་པ། སོར་བཞག་པ། སྒོ་གསུམ་གྱི་རྣལ་འབྱོར་དང་གསུམ། དང་པོ་རྣལ་དུ་དབབ་པ་ནི། སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེས་ནས་ནི། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །ཅེས་དང་། ཐལ་འགྱུར་ལས། འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དུ་དབབ། །ཅེས་གསུངས་པས། དེ་ལྟར་གོང་གི་སྔོན་འགྲོ་རྣམས་ཀྱིས་འབྱུང་བ་འཁྲུགས་ཏེ་ངལ་ཞིང་དུབ། ངག་འཛེར་ཞིང་འགགས། སེམས་འགྱུ་བ་སྤུན་ཐག་ཏུ་གྱུར་པ་ན། འདིར་བདེ་བའི་མལ་དུ་ངལ་གསོ་བ་ལྟ་བུ་སྟེ། དེའང་ལུས་གནད་ཆོས་བདུན་ནམ། ཙོག་པུའམ། རང་བཞིན་གྱིས་འཇོག་པ་གང་ཡང་རུང་སྟེ། ལུས་གནད་སྡོམ་པ་དང་འགུལ་བསྐྱོད་སོགས་སྤངས་ལ། དཔེར་ན་སོག་ཕོན་གྱི་ཐག་པ་བཤིགས་པ་ལྟར་རང་བབ་བདེ་ལུགས་སུ་ཤིག་གེ་བཞག ངག་སྨྲ་བརྗོད་ཐམས་ཅད་དང་བྲལ་བ་པི་ཝང་གི་རྒྱུན་ཐག་ཆད་པ་བཞིན་ཝང་ངེར་བཞག སེམས་འདས་པ། མ་འོངས་པ། ད་ལྟར་བའི་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་དོར་ཏེ་རང་འཐག་གི་ལྟག་ཆུ་བོར་བ་བཞིན་ཁྲེས་སེ་བོར་ལ་བཞག་པར་བྱའོ། །གཉིས་པ་སོར་བཞག་ནི། ཀློང་གསལ་ལས། ཀ་དག་དོན་ཉིད་རྟོགས་བྱའི་ཕྱིར། །རྣལ་དུ་ཕབ་ནས་སོར་ཡང་གཞུག །ཅེས་དང་། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི༑ ༑ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །དེས་ནི་གསུམ་པོ་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །ཞེས་གསུངས་པས། དེའང་སྔར་རིག་པ་གསལ་ལ་དེར་འཛིན་མེད་པར་གནས་པ་དེ་ཉིད་འདིར་སྤྱོད་ལམ་ཞི་བ་དང་། བར་མ་དང་། རྩུབ་མོ་གསུམ་གྱི་རྐྱེན་རིམ་པར་ཁྲིད་དེ་སྒོམ་པ་ལ་སློབ་པར་བྱ་བ་ཡིན་ཏེ། དེ་ལ་དཔེར་ན་རལ་གྲིའི་འཁྲུལ་འཁོར་ཤེས་པར་འདོད་པས་ཐོག་མར་ཤིང་གི་རལ་གྲི་ལ་བསླབ་པ་དང་ཆོས་མཚུངས་ཏེ། དེའང་དང་པོ་ཉན་ཐོས་ཀྱི་ལྟ་སྟངས་ནི། སྟན་བདེ་བ་ལ་ལུས་གནད་ཆོས་བདུན་དང་ལྡན་པས། མིག་གནད་སྣ་རྩེར་ཕབ་ལ། མིག་འབྲས་མི་བསྒྱུར་ཞིང་རྫི་མ་ཐབ་ཐིབ་མི་བྱ་བར་


MLP024_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཟིམ་བུའི་མིག་གི་ལྟ་སྟངས་ལྷོད་དེ་ཅེ་རེ་བཞག ངག་རླུང་གནད་སོ་མར་བཞག སེམས་ཀྱི་གནད་སྔར་འདས་པའི་རྗེས་མི་གཅོད་དེ། འདི་འདྲ་ཞིག་བྱས་བསམ་པ་དང་། ཕྱིས་མ་འོངས་པའི་སྔུན་མི་བསུ་སྟེ་འདི་འདྲ་ཞིག་བྱེད་བསམ་པ་དང་། ད་ལྟ་འདི་ཡིན་འདི་མིན་སོགས་སེམས་ལ་ལས་གང་ཡང་མི་འཆོལ་བར་རྟོག་ཚོགས་ཀྱི་འཚོལ་འཕྲོ་ཐམས་ཅད་བཅད་དེ་ད་ལྟའི་རིག་པ་སྐད་ཅིག་མ་དེ་ཁའི་རང་ངོ་ལ་ཅེ་རེ་ལྟ་བཞག་བྱ། དེ་ལ་གོམས་པ་ན། གཉིས་པ་བྱང་སེམས་ཀྱི་ལྟ་སྟངས་ནི། ལུས་གནད་སྔར་ལྟར་ལས་མིག་གནད་ཐད་ཀའི་བར་སྣང་ལ་ལྟ་སྟངས་ཧར་རེ་གཏད། ངག་གནད་རླུང་སོ་མར་བཞག སེམས་གནད་སྔར་བཞིན་དུས་གསུམ་གྱི་རྣམ་རྟོག་སྤངས་ལ་བཟོ་མེད་དུ་བཞག་གོ །དེ་ལ་གོམས་པ་ན། གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། ལུས་གནད་སྔར་ལྟར་རམ་རོལ་བའི་སྟབས་སམ། ཧག་གིས་ལངས་ལ་སེམས་གནས་ཆའི་ཚུགས་མ་ཞིག་པའི་ངང་ནས་མིག་ལྟ་སྟངས་བར་སྣང་ལ་གྱེན་དུ་བགྲད་དེ་གཡས་གཡོན་དུ་ཧྲིག་ཧྲིག་སྒྱུར་ཞིང་། གོམས་པ་གྱ་ཚོམས་སུ་དོར་ལ་ངག་ཏུ་ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་པ་ལ་སོགས་པའི་ཁྲོ་བོའི་གད་རྒྱངས་ཀྱི་སྒྲ་སྐད་བརྗོད་ཅིང་གནས་ཆའི་ཚུགས་མ་ཞིག་པར་སློབ་ཅིང་རིག་པ་ཧུར་ཕྱུང་སྟེ་རྩལ་སྦྱངས་པས་རང་བྱུང་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པ་ཆུ་རླབས་རྒྱ་མཚོར་ཐིམ་པ་ལྟར་འགྱུར་བས། དེས་ནི་སྣང་རྐྱེན་ཇི་ཙམ་མང་བ་ཙམ་དུ་སྟོང་ཉིད་ཀྱི་ཡེ་ཤེས་ཀྱང་འཕེལ་བར་འགྱུར་ཏེ། བུད་ཤིང་མང་ན་མེ་ལྕེ་མང་བ་བཞིན་ནོ། །དེ་ལྟར་བགྱིས་པས་ཉན་ཐོས་ཀྱིས་རྣམ་པར་རྟོག་པ་འཇོམས་ཤིང་སྒོ་གསུམ་གནས་པར་བྱེད། བྱང་སེམས་ཀྱིས་རྣམ་རྟོག་རགས་པ་འཇོམས་ཤིང་གནས་པ་བརྟན་པར་བྱེད། ཁྲོ་བོས་རྣམ་རྟོག་སྦོམ་པོ་འཇོམས་ཤིང་བརྟན་པ་ལས་གྲོལ་པར་བྱེད་པའི་དགོས་པ་ཡོད་དོ། །གསུམ་པ་སྒོ་གསུམ་གྱི་རྣལ་འབྱོར་ལ། ལུས་ཀྱི་སྒོ་ནས་རྡོ་རྗེའི་འདུག་སྟངས་ལ་བསླབ་པ༑ ངག་གི་སྒོ་ནས་རྒྱས་འདེབས་རྩལ་སྦྱང་མཉེན་བཙལ་ལམ་ཞུགས་ལ་བསླབ་པ། སེམས་ཀྱི་སྒོ་ནས་བྱུང་གནས་འགྲོ་གསུམ་ལ་མཐའ་གཏད་པའོ། །དང་པོ་ལུས་ཀྱི་གནད་རྡོ་རྗེའི་འདུག་སྟངས་ལ་བསླབ་པ་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པས། །ལུས་


MLP024_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་སེམས་ལ་ཕན་པའོ། །ཞེས་གསུངས་པས། དེའང་ས་གཞི་སྲ་མཁྲེགས་འབར་འབུར་སོགས་མེད་པའི་འཇམ་ཞིང་བདེ་བའི་སར་ཕྱིན་ལ། རྐང་མཐིལ་གཉིས་སྤྲད་དེ་སོར་བཅུ་སར་བཙུགས། པུས་མོ་ཕྱིར་བསྐྱེད། སྒལ་ཚིགས་བརྩེགས་ལ་ལྟག་རྩ་འཐེན་ཏེ་མགྲིན་པ་ཨོལ་མདུད་མནན་ལག་པ་གཉིས་ཐལ་མོ་སྦྱར་བ་སྤྱི་བོར་མ་རེག་ཅིང་བཤད་རྒྱང་དུ་མ་སོང་བར་གྲུམ་ཆག་པ་ནས་ཉྭ་བཞི་སྒྲིམ། མིག་ཐད་ཀའི་བར་སྣང་ལ་ཧར་རེ་བལྟ། སེམས་ཀྱི་གནད་རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་འཕྲོས་པ་ཞིག་ཏུ་ཧ་ཅང་རང་གི་ཆེད་འཛིན་མི་བྱ་བར་ཡིད་ལ་དྲན་ཙམ་དུ་བྱས་ལ་ལུས་གནད་དེས་ཚུགས་ཇི་ཙམ་ཐུབ་ཐུབ་ཏུ་བྱ། མི་ཐུབ་པ་ན་ངག་ཏུ་ཧལ་ཞེས་པའི་སྒྲ་དང་བཅས་ལུས་དུར་ཁྲོད་ཀྱི་རོ་ལྟར་སྤྲོས་པ་མེད་པར་ཁྲེས་སེ་བོར་ལ། རང་སེམས་ཚངས་བུག་ནས་ཐོན་ཏེ་ནམ་མཁའ་དང་ཁྲུག་གེ་འདྲེས་པར་མོས་ལ་རྟོག་མེད་དུ་རྗེན་ནེ་བཞག་ལ་ཡུན་ཅི་རིང་དུ་བསྒོམ། དེ་ནས་ཀྱང་སྔར་བཞིན་དེ་ལྟར་བསླབ་བོ༑ ༑དེ་ལྟར་འབད་པས་ལུས་ལ་དྲོད་སྐྱེ་ཞིང་ཤ་འཕར་བ་དང་། ལུས་ཁོལ་པུར་ཟུག་རྔུ་ལྡང་བ་དང་། ལུས་ཚུགས་མི་ཐུབ་པ། སེམས་མི་རྟོག་པའི་ངང་དུ་ཆལ་ལེ་གནས་པ་སོགས་འབྱུང་སྟེ༑ དེ་ཙ་ན་འདི་ཉིད་གོམས་པའི་རྟགས་སུ་གསུངས། དེས་ནི་ཐུན་མོང་དུ་ལུས་ཀྱི་སྡིག་སྒྲིབ་དག་ཅིང་གདོན་བགེགས་ཀྱི་བར་ཆད་ཞི། ཁྱད་པར་ལུས་ཀྱི་མངོན་ཞེན་ལྡོག་པས་ཕྱིས་འཁོར་བར་མི་འཇུག མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་བའི་སྐུར་སངས་རྒྱས་པར་འགྱུར་རོ། །གཉིས་པ་ངག་གི་སྔོན་འགྲོ་ནི། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལས། །རྒྱས་གདབ་པ་དང་རྩལ་སྦྱོང་བ། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱོང་སེམས་ལ་ཕན། །ཞེས་གསུངས་ཏེ། དེ་ལ་རྒྱས་གདབ་པ། རྩལ་སྦྱང་བ། མཉེན་བཙལ་བ། ལམ་དུ་འཇུག་པ་དང་བཞི། དང་པོ་ལའང་ཕྱི་སྣང་བ་ལ་རྒྱས་གདབ་པ། ནང་ཕུང་པོ་ལ་རྒྱས་གདབ་པ་གཉིས། དང་པོ་ཕྱི་སྣང་བ་རྒྱས་གདབ་པ་ནི། བདེ་བའི་སྟན་ལ་ལུས་གནད་ཆོས་བདུན་དྲང་བོར་བསྲང་། མིག་གནད་ཐད་ཀའི་བར་སྣང་ལ་རྫི་མ་ཐབ་ཐིབ་མི་བྱེད་པར་གཡོ་མེད་དུ་ཅེ་རེ་བཞག ངག་གནད་མཆུ་སོ་མ་རེག་ཙམ་བྱས་ལ་རླུང་རང་བབས་སུ་བཞག སེམས་


MLP024_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཐོག་མར་རང་གི་སྙིང་གར་ཧཱུྃ་ཡིག་སྔོན་པོ་གསལ་ཞིང་འཚེར་བ་ཆེ་ཆུང་ཡིད་ལ་འཆར་གང་བདེ་ཞིག་གསལ་བཏབ་ནས་དེ་ལ་སེམས་ཡུད་ཙམ་ཞིག་བཟུང་། དེ་མཚམས་ནས་ངག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ཧཱུྃ་གི་གླུ་སྙན་ལ་རིང་བ་གྲགས་སྟོང་དུ་ལྷང་ལྷང་དབུགས་ཀྱིས་ཐུབ་ཚད་བརྗོད་པས་ཧཱུྃ་དེ་ལས་ཧཱུྃ་དེ་འདྲ་བ་མང་པོ་ཐོལ་ཐོལ་འཕྲོས། རང་གི་མཆུ་སོ་གཉིས་མ་རེག་ཙམ་གྱི་བར་ནས་ཐོན། ཐོག་མར་རང་གི་ཐོ་ཕྱེ་དང་། གནས་པའི་ཁང་ཁྱིམ་དང་། གྲོང་ཁྱེར་དང་། དེ་ནས་ཡུལ་ཁམས་དང་། མཐར་སྟོང་གསུམ་འཇིག་རྟེན་གྱི་ཁམས་ལ་སོགས་པ་བློས་མི་འཁྱུད་པ་ཙམ་དུའང་ཧཱུྃ་གིས་སྔོ་མེ་རེ་རེ་ཡོམ་ཡོམ་ཤིག་ཤིག་གང་བར་བསམ་ལ། དེ་ཐམས་ཅད་རང་རང་གི་ཧཱུྃ་དེ་རང་སྒྲ་བུང་བ་ཚང་ཞིག་པ་ལྟ་བུར་དི་རི་རི་སྒྲོག་པར་བསམ་ཞིང་། ཐམས་ཅད་ཧཱུྃ་གི་རང་བཞིན་དུ་ཤིག་གེ་ཤིགས་ལ། དེའི་ངང་དུ་ཅུང་ཟད་ཅིག་བཞག གཉིས་པ་ནང་ཕུང་པོ་ལ་རྒྱས་འདེབས་པ་ནི། ཡང་ཧཱུྃ་ཧཱུྃ་ཞེས་ཧཱུྃ་གི་གླུ་སྙན་ལ་རིང་བ་སྔར་ལྟར་བརྗོད་པས་ཧཱུྃ་དེ་རྣམས་ཚུར་སྔོ་ཡེར་ཡེར་གཅིག་རྗེས་གཅིག་ནོན་དུ་ཚུར་བྱུང་བ་རང་གི་མཆུ་སོ་གཉིས་ཀྱི་བར་ནས་ཞུགས་ཏེ་རང་ལུས་ཀྱི་རྐང་སེན་ནས་སྤྱི་གཙུག་གི་བར་ཡོངས་སུ་གང་བས། དཔེར་ན་རས་ཀྱི་སྒྱེ་བོ་འབྲས་བུས་གཏམས་པ་བཞིན་ལུས་ནང་ཐམས་ཅད་ཧཱུྃ་གི་སྔོ་རང་རང་མེར་ཁྲིག་ཁྲིག་ལྟེམ་ཙེར་རེ་ཡོད་པར་བསམ་ལ། དེ་ཚེ་གདོས་བཅས་ཤ་ཁྲག་གི་ལུས་ཀྱི་སྣང་བ་མེད་པར། རང་ལུས་སྣང་སྟོང་བར་སྣང་ལ་ཡོམ་ཡོམ་འདུག་པར་བསམ་ལ་བར་རླུང་ཅུང་ཟད་བཟུང་། ཕཊ་ཅེས་རང་བབས་སུ་ལྷན་ནེར་སྤྲོས་པ་དང་བྲལ་བའི་ངང་ལ་དར་ཅིག་བཞག་པར་བྱ། དེས་ནི་ཕྱི་སྣང་བ་དང་ནང་ཕུང་པོ་རང་བཞིན་མེད་པར་གྲོལ་བར་འགྱུར་རོ། །གཉིས་པ་རྩལ་སྦྱོང་པ་ལ་ཕྱི་སྣང་བ་ལ་རྩལ་སྦྱོང་བ། ནང་ཕུང་པོ་ལ་རྩལ་སྦྱོང་བ་གཉིས། དང་པོ་ཕྱི་སྣང་པ་ལ་རྩལ་སྦྱང་པ་ནི། རང་གི་སྙིང་གར་ཧཱུྃ་ ཡིག་མཐིང་ནག་ཚ་ཞིང་རྩུབ་པ་སོགས་མཚན་ཉིད་བཞི་དང་ལྡན་པ་སྟེ། དེའང་ཚ་བ་མེ་ལྕེ་ལྟ་བུ། མྱུར་བ་གློག་ལྟ་བུ། རྣོ་བ་སྤུ་གྲི་ལྟ་བུ། ཤུགས་ཐོག་ལྟ་བུ། ཆེ་ཆུང་ཡིད་ལ་འཆར་གང་བདེ་ཞིག་གསལ་བཏབ། དེ་གསལ་བ་དང་ངག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ཧཱུྃ་དྲག་ལ་ཐུང་བ་ངར་དང་ལྡན་པ་བརྗོད་པས་སྙིང་གའི་ཧཱུྃ་


MLP024_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཧཱུྃ་མཚན་ཉིད་བཞི་དང་ལྡན་པ་དེ་འདྲ་བ་ཡུལ་ཆེ་ཆུང་གང་ལ་འཚམས་པ་མང་པོ་ཐོལ་ཐོལ་སྤྲོས་པས་ཐོག་མར་རང་གི་མིག་གི་མཐོང་ཡུལ་དུ་དངོས་པོ་གང་འདྲ་བ་ཞིག་མཆིས་ཀྱང་། དེ་དཔེར་ན་ཤོག་བུ་ལ་མེ་སྟག་ཕོག་པ་ལྟར་ཧཱུྃ་དེས་ཡར་ཐལ་མར་ཐལ་ཕར་ཐལ་ཚུར་ཐལ་ཁྲལ་མ་ཁྲོལ་དུ་ཕུག་སྟེ་དངོས་པོར་གྲུབ་པ་ཏིལ་འབྲུ་ཙམ་ཡང་མེད་པར་བྱས། དེ་ནས་རིམ་པར་ཡུལ་གྲུ་ལ་སོགས་པ་ནས་རི་རབ་སོགས་མདོར་ན་འཇིག་རྟེན་གྱི་ཁམས་བློས་མི་འཁྱུད་པ་ཙམ་དུའང་ཧཱུྃ་དེས་ཐོགས་པ་མེད་པར་ཐལ་བྱུང་དུ་ཕུག་སྟེ། དངོས་པོར་གྲུབ་པ་རྡུལ་ཆ་ཙམ་ཡང་མེད་པར་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་ཤིག་གེ་ཤིགས་ལ་དེའི་ངང་དུ་ཅུང་ཟད་ཅིག་བཞག་གོ །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། སྔར་བཞིན་ཧཱུྃ་དྲག་ལ་ཐུང་བ་བརྗོད་པས། ཡང་ཧཱུྃ་ དེ་རྣམས་འདུས་ཧཱུྃ་ཆེ་ཆུང་མཐོ་གང་ཙམ་དུ་གྱུར་པ་དེས་རང་གི་སྤྱི་གཙུག་ནས་རྐང་སེན་གྱི་བར་དུ་ཡར་ཐལ་མར་ཐལ་ཕར་ཐལ་ཚུར་ཐལ་དུ་ཁྲོལ་བུར་མ་ལུས་པར་ཕུག་པའི་དངོས་པོར་གྲུབ་པ་ཏིལ་འབྲུ་ཙམ་ཡང་མེད་པར་བསམ་ལ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་དར་ཅིག་མཉམ་པར་བཞག དེ་ལྟར་འབད་པས་གནས་སྐབས་སུ་གདོན་བགེགས་ཀྱི་གནོད་པས་མི་ཚུགས་ཤིང་། མཐར་ཐུག་ཕུང་པོ་འཇའ་ལུས་འོད་གསལ་དུ་གྲོལ་བར་འགྱུར་རོ། །གསུམ་པ་མཉེན་བཙལ་བ་ནི། ཐོག་མར་རང་གི་མདུན་དུ་ཤིང་བུ་ལྟ་བུ་རིང་ཐུང་མཁྱིད་གང་བ་ཙམ་ཞིག་དངོས་སུ་ས་ལ་བཙུགས་པའམ་ཡང་ན་ཡིད་ནས་དེ་ལྟ་བུ་ཞིག་གསལ་བཏབ་རྗེས། རང་གི་སྙིང་གར་ཧཱུྃ་ཡིག་སྔོན་པོ་གསལ་ཞིང་འཚེར་བ་ཞིག་ཡོད་པར་བསམ། དེ་ནས་ངག་ཏུ་ཧཱུྃ་གི་གླུ་སྙན་ལ་རིང་བ་བརྗོད་པས་ཧཱུྃ་དེ་ལས་དེ་འདྲ་བ་གྲངས་མེད་པ་ཐོལ་ཐོལ་སྤྲོས་པ་དེའང་གཅིག་གི་ཀླད་ཀོར་ལ་གཅིག་གི་ཞབས་ཀྱུས་དཀྱུས་པས་བ་ཐག་གམ་ལྕགས་སྒྲོག་ལྟ་བུར་ན་ར་ར་བྱུང་སྟེ་མདུན་ན་ཡོད་པའི་ཤིང་བུ་དེའི་རྩ་བ་ནས་ཡར་རིམ་པར་སྦྲུལ་དཀྲིས་པ་བཞིན་ཧྲིལ་གྱིས་འཁྲིལ་ལ་སྣེ་མོ་ཤིང་དེའི་རྩེ་མོར་སླེབས་པའི་ཚེ་ཧཱུྃ་གཅིག་སྔོ་ཡེར་རེ་ཡོད་པར་བསམ་ལ་དེའི་ངང་ཅུང་ཟད་ཅིག་བཞག་པས་ཤེས་པ་ལྷན་ནེར་ཡོད་སྙམ་པ་ཞིག་འཆར་


MLP024_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། དེ་ནས་ཡང་སྔར་ལྟར་བརྗོད་བཞིན་པས་ཧཱུྃ་གི་ཐག་པ་རྣམས་རིམ་པར་བཀྲོལ་ཤིག་གེ་བཤིག་པའི་མཐར་ཧཱུྃ་རྣམས་གཅིག་ལ་གཅིག་ཐིམ་ནས་མཐར་སྙིང་གར་སྤྲོ་གཞིའི་ཧཱུྃ་གཅིག་ཏུ་གྱུར་པ་ལ་ཤེས་པ་གཏད། དེ་ལྟར་ཡང་ཡང་བྱས་པས་དམིགས་པ་གང་དུའང་བསྒྱུར་བཏུབ་པའི་དགོས་པ་ཡོད་དོ། །བཞི་པ་ལམ་དུ་གཞུག་པ་ནི། དེའང་ཐོག་མར་རང་གི་སྙིང་གར་ཧཱུྃ་སྔོན་པོ་ཁྲུ་གང་བ་ཙམ་ཞིག་ཡོད་པར་བསམ། དེ་ནས་ངག་ཏུ་ཧཱུྃ་ཞེས་བརྗོད་པས་ཧཱུྃ་དེ་རང་གི་ཕང་བའམ་ལག་པའི་སྟེང་སོགས་སམ་མདུན་གྱི་དངོས་པོ་གང་རུང་བ་ཞིག་གི་སྟེང་དུ་ཡེར་གྱིས་སོང་བར་བསམ། ཡང་ཧཱུྃ་ཞེས་བརྗོད་པས་རང་གི་སྙིང་གར་ཧྲིལ་གྱིས་བསྡུས། ཡང་ཧཱུྃ་ཞེས་བརྗོད་པས་སྔར་ལྟར་སོང་། དེ་འདྲ་བ་ཚར་ཁ་ཤས་ཤིག་བྱས་རྗེས། དཔེར་ན་མགྲོན་པོ་དོན་གཉེར་དུ་འགྲོ་བ་བཞིན་གྲོང་ཁྱེར་དང་། ཡུལ་ལྗོངས་དང་། རི་བྲག་དང་། གླིང་དང་། གླིང་ཕྲན་སོགས་ཐམས་ཅད་དུ་རེས་ཧཱུྃ་དེ་དལ་གྱིས་འགྲོ་ཞིང་། རེས་ཅུང་ཟད་འདུག་པར་བསམ་ལ་ཧཱུྃ་རིང་པོ་བརྗོད། རེས་མདའ་འཕངས་པ་ལྟར་འགྲོ་བར་བསམ་ལ་ཧཱུྃ་མྱུར་བར་བརྗོད། གཞན་ཡང་རེས་སྲིན་འགྲོས་ཀྱིས་འགྲོ་ཞིང་ཕྱོགས་མཚམས་སུ་ངལ་གསོ་བ་དང་། ཡང་རེས་ཤིང་གི་རྩེ་དང་། རི་མཐོན་པོའི་རྩེ་ལ་སོགས་པར་སྔོ་ཡེ་རེ་འདུག་པར་བསམ་ཞིང་དེའི་ངང་དུ་ཅུང་ཟད་ཅིག་བཞག ཡང་རེས་ཆུ་བརྒལ་བ་དང་། ཆུ་བོའི་གཞུང་དུ་འགྲོ་བ་ལ་སོགས་པ། དེས་མཚོན་འཇིག་རྟེན་ཁམས་བློས་མི་འཁྱུད་པ་ཙམ་སོང་བ་སོགས་མདོར་ན་གོང་དུ་སོང་བ་དེ་ཁ་རང་ལ་ཤེས་པ་རྩེ་གཅིག་ཏུ་གཏད། དེ་ནས་ཡང་མཐར་ཚུར་སྔོ་རྒྱང་རྒྱང་བྱུང་ནས། རང་གི་ལག་པའམ། ཕང་བའམ་སྔས་མགོ་ལྟ་བུ་གང་བདེ་བ་ཞིག་གི་སྟེང་དུ་ཡོད་པར་བསམ། དེ་ལྟར་ཧཱུྃ་བརྗོད་དུས་རླུང་རིག་གཅིག་ཏུ་བསྒྲིལ་ནས་གཞན་དུ་མ་ཡེངས་པར་ཕྱི་ནང་གང་དུ་དམིགས་པ་གཏད་པའི་ས་དེར་བཞག་པས་རྣམ་རྟོག་རང་ཤུགས་ཀྱིས་ལྡོག་པར་འགྱུར་རོ། །དེས་ལུས་ངག་ཡིད་གསུམ་ལམ་དུ་ཚུད་པའི་དགོས་པ་ཡོད་པའོ། །དེ་ལྟར་འབད་པས་ཐུན་མོང་དུ་ལུས་ངག་གི་སྡིག་པ་དག་ཅིང་བར་ཆད་ཞི། ཁྱད་པར་ངག་གི་མངོན་ཞེན་ལྡོག་ཅིང་ཕྱིས་འཁོར་


MLP024_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འཇུག མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་བར་འགྱུར་རོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ནི། ཐལ་འགྱུར་ལས། སེམས་ཀྱི་དང་པོ་བྱུང་བ་དང་། །བར་དུ་གནས་དང་ཐ་མར་གྲོལ། །དེ་ལྟར་གསུམ་ལ་བརྟག་དཔྱད་ནས། །སེམས་སྦྱོང་སེམས་ཀྱི་གནས་ལུགས་ཤེས། །ཞེས་པས་ན། འདི་ལྟར་དུ་བསམ་པར་བྱ་སྟེ། འོ་བདག་སྔོན་ཆད་ཁམས་གསུམ་འཁོར་བའི་གནས་འདིར་འཁྱམས་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་མྱོང་བ་དེ་དག་གང་གིས་ལན་ན་སེམས་ཀྱི་གནས་ལུགས་མ་རིག་པས་ལན་པ་ཡིན། དེ་ཡང་ཡར་བུདྡྷ་ཐོབ་ནས་བདེ་བ་མྱོང་བ་པོ་དང་མར་འཁོར་བར་འཁྱམས་ནས་སྡུག་བསྔལ་མྱོང་བ་པོ་ནི་རང་རིག་གི་སེམས་ཡིན་པར་འདུག་པས། དེས་ན་སེམས་ཀྱི་གནས་ལུགས་ཡང་དག་པ་ཞིག་མ་རྟོགས་ན་ད་དུང་འཁོར་བ་མཐའ་མེད་དུ་འཁྱམས་ཏེ་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱང་དགོས་པར་འདུག་མོད། དེས་ན་ད་རེས་སེམས་ཀྱི་གནས་ལུགས་ཡང་དག་པ་ཞིག་ངེས་པར་རྟོགས་པར་བྱའོ་སྙམ་དུ་བསམ། ལུས་སེམས་རྣལ་དུ་ཕབ། དེའི་མཚམས་དེ་ནས་སྔར་འདས་པའི་རྗེས་མི་གཅོད། ཕྱིས་མ་འོངས་པའི་སྔུན་མི་བསུ། ད་ལྟའི་ཤེས་པ་འདི་ཡིན་འདི་མིན་སོགས་སེམས་ལ་རྟོག་དཔྱོད་གང་ཡང་མི་བྱེད་པར་རང་བབ་ཉིད་དུ་བཞག་པས་རིག་པ་གཅེར་བུ་ལྷིང་བ་ཞིག་འཆར། དེ་འཆར་ནས་བཅས་བཅོས་གང་ཡང་མི་བྱ་བར་རང་བབ་ཉིད་དུ་འཇོག་པ་ནི་གང་ཟག་དབང་པོ་རབ་ཀྱི་སྒོམ་ཚུལ་རིག་པ་སྤྱི་བླུགས་སུ་འཇོ ག་པ་ཞེས་པ་ཡིན་པས་དེ་ལ་གནས་ན་དེས་ཆོག་མོད། གང་ཟག་ཕལ་ཆེ་བ་ཞིག་རྣམ་རྟོག་གིས་བསྐྱོད་ནས་དེ་ལ་ངོ་འཕྲོད་པ་དཀའ་བས་ན། བྱུང་གནས་འགྲོ་གསུམ་ལ་མཐའ་གཏད་པའི་སེམས་འཚོལ་བ་ལ་འབད་པ་གལ་ཆེ་སྟེ། དེ་ལ་དང་པོ་བྱུང་ས་བྱུང་མཁན་ལ་བརྟག་པ། བར་དུ་གནས་ས་གནས་མཁན་ལ་བརྟག་པ། མཐར་འགྲོ་ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་བྱུང་ས་བྱུང་མཁན་ལ་བརྟག་པ་ནི། དེའང་རང་གི་སེམས་ཞེས་རིག་རིག་རྒྱུ་རྒྱུ་བ་གྱ་གྱུ་ཏལ་ཏོལ་མི་དྲན་དགུ་དྲན་མི་འཆར་དགུ་འཆར་སྣ་ཚོགས་སུ་འཆར་ཞིང་འཕྲོ་ལ་རྟོག་པ་ཁོ་ན་དང་པོ་གང་ནས་བྱུང་བརྟགས་ཤིང་དཔྱད་པར་བྱ་སྟེ། དེའང་ཕྱི་འབྱུང་བ་བཞི་ལས་གྲུབ་པ་


MLP024_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཡིན་ནམ། ནང་རང་གི་སྒྱུ་ལུས་ལས་བྱུང་ངམ། གསང་བ་ཕ་མའི་འདུ་འཕྲོད་ལས་བྱུང་ངམ། དེའང་སྣང་བ་ལས་བྱུང་ངམ་སྟོང་པ་ལས་བྱུང་། སྣང་བ་ལས་བྱུང་ངམ་སྙམ་ན་དེའི་དམིགས་ཁུང་ཨེ་རྙེད། སྟོང་པ་ལས་བྱུང་ངམ་སྙམ་ན་བྱུང་བའི་ཡུལ་ཨེ་གྲུབ། སེམས་ལས་སེམས་བྱུང་ངམ་ཇི་ལྟ་བུ་ཞིག་ལས་བྱུང་སྙམ་དུ་མདོར་ན་ཡར་ལྟ་མར་ལྟ་ཕར་ལྟ་ཚུར་ལྟ་བྱས་ལ་གཏན་ལ་མ་ཕེབས་ཀྱི་བར་དུ་ལྟ་བཞག་བྱ་སྟེ། དེའང་ཕྱི་འབྱུང་བ་བཞི་ལས་གྲུབ་པ་ཞིག་ཡིན་ན་དེ་ལ་དབྱིབས་དང་ཁ་དོག་ཏུ་གྲུབ་པས་ན། དབྱིབས་དེའང་ཟླུམ་པོ། གྲུ་བཞི། ཟླ་གམ། གྲུ་གསུམ། ཧྲིལ་མོ། ནར་མོ། ལེབ་མོ་སོགས་གང་འདྲ་ཞིག་འདུག་བརྟགས་ཤིང་དཔྱད། ཡང་དེ་ལ་དབྱིབས་སུ་གྲུབ་ན་དེ་བཞིན་དུ་ཁ་དོག་ཀྱང་དཀར་པོ། སེར་པོ། དམར་པོ། ལྗང་གུ། སྔོན་པོ། ནག་པོ། ཁྲ་བོ་སོགས་གང་འདྲ་ཞིག་འདུག་བརྟགས་ཤིང་དཔྱད། དེར་མ་ཟད་འབྱུང་བ་རེ་རེའི་སྟེང་ནས་སེམས་རེ་རེ་བྱུང་བ་ཞིག་ཡིན་ནམ། ཡང་འབྱུང་བ་ཐམས་ཅད་ཚོགས་པའི་སྟེང་ནས་སེམས་གཅིག་བྱུང་བ་ཡིན་བརྟགས་ཤིང་དཔྱད། ཡང་སེམས་ཞེས་པ་རང་གི་སྒྱུ་ལུས་ལས་གྲུབ་པ་ཡིན་ནམ་སྙམ་ན། ལུས་ཀྱི་ཕྱི་ནང་མགོ་མཇུག་བར་གསུམ་གང་ལ་གནས་བརྟགས་ཤིང་དཔྱད། ཡང་རང་གི་སྙིང་རང་ལས་བྱུང་ངམ་སྙམ་ན་སྙིང་གི་མགོ་མཇུག་ཕྱིའི་ཤུན་པ་ནང་གི་ཤ་ཚིལ་ཁྲག་སོགས་གང་ལ་གནས་བརྟགས་ཤིང་དཔྱད། ཡང་འ ཚོལ་བྱའི་སེམས་དང་འཚོལ་བ་པོ་གཉིས་ཀྱང་གཅིག་པར་འདུག་གམ་ཅི་འདྲ་ཞིག་འདུག་བརྟག དེ་བཞིན་དུ་བར་དུ་གནས་པའང་། སེམས་འདི་འདྲ་ཞིག་བྱུང་སྙམ་ན་ཕྱིའི་དངོས་པོའི་སྟེང་ན་གནས་སམ། ནང་རང་གི་ལུས་ཀྱི་ཕྱི་ནང་གང་དུ་གནས་བརྟགས་ཤིང་དཔྱད། མཐར་འགྲོ་བའང་རྣམ་རྟོག་ཝལ་གྱིས་འཆར་ནས་འདི་སོང་སྙམ་པ་འདི་གང་དུ་འགྲོ། འགྲོ་ས་འགྲོ་མཁན་ཇི་འདྲ་ཞིག་འདུག རྣམ་རྟོག་ཡལ་ནས་སོང་སྙམ་ན་གང་དུ་ཡལ་བལྟ། དེར་མ་ཟད་སེམས་འདི་དངོས་མེད་དོ་སྙམ་ན་དངོས་མེད་མ་ཡིན་ཏེ། དངོས་མེད་ཡིན་ན་ད་ལྟའི་རྣམ་རྟོག་ཝལ་པོ་འདི་ཉིད་མི་འཆར་པ་ཡིན། དེའང་དངོས་པོའོ་སྙམ་ན་དབྱིབས་དང་ཁ་དོག་ཆེ་ཆུང་བྱེད་ལས་ངོ་བོ་གང་གིས་མཚོན་སྙམ་དུ་རྟོག་བྱེད་ཀྱི་ཤེས་པ་ལ་ཚུར་བལྟ་བ་བལྟ་བྱའི་ཤེས་པ་


MLP024_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕར་བལྟས་ལ། མདོར་ན་བྱ་མ་ཤོར་བ་བྱས་ལ་ཕུ་འདེད་མདའ་འདེད་རིག་པ་རྒྱང་འདེད། རྒན་མོ་མཛུབ་ཚུགས་སུ་བརྟགས་ཤིང་དཔྱད་པས་དྲན་བསམ་སྤྲོས་པ་དང་བྲལ་བའི་ཤེས་པ་གསལ་ལ་ངོས་འཛིན་མེད་པའི་གཞི་ཚལ་པ་ཞིག་འཆར་ཏེ། དེ་འཆར་ན་བཅས་བཅོས་གང་ཡང་མི་བྱ་བར་རྒན་པོ་ཉི་མ་འདེ་བའམ་སྲིན་བལ་འདབ་མ་སྤུངས་པ་ལྟར་རང་བབ་ཉིད་དུ་ལྟ་བཞག་བྱ། ཡང་དེའི་ངང་ལ་རྣམ་རྟོག་ཅིག་ཐོལ་གྱིས་འཕྲོ་ན། དེ་རྒྱ་ཡན་དུ་མ་སོང་བར་བྱས་ལ་ཆེར་གྱིས་བཟུང་། འདི་རྒྱ་ཡན་དུ་བཏང་ན་ངོ་འཕྲོད་པའི་དུས་མི་འབྱུང་། དེ་ལྟར་བླ་མས་ཀྱང་རྙེད་དམ་མ་རྙེད་ཡང་ཡང་དྲི། སློབ་མས་ཀྱང་དེ་ལ་གཡོ་ཟོལ་མེད་པར་ངེས་ཤེས་འདྲོང་པར་བྱ། དེའང་སྟོང་པ་ཅང་མེད་ཅིག་འདུག་ཅེས་འཚོལ་སོགས་དང་། དངོས་པོ་འདི་འདྲ་བ་འདུག་ཅེས་བདེན་འཛིན་ལ་ཨ་འཐས་པ་དང་། ཡང་སེམས་ཡོད་རང་ནི་ཡོད་ལས་ཆེ་སྟེ་མ་རྙེད་པ་ཞིག་ཨེ་ཡིན་སྙམ་ན་ད་དུང་སེམས་ཀྱི་ཕུ་ཐག་མ་ཆོད་པ་ཡིན་པས་སྔར་གྱི་དམིགས་པ་རྣམས་བསྐྱར་ཏེ་རྩད་བཅད་པར་བྱ། དེའང་བླ་མ་ཆོས་མཁས་གདམས་ངག་ཟབ་པ་ཞིག་ཡིན་ཡང་སློབ་མས་སེམས་མ་བཙལ་ན་དཔེར་ན་བཟོ་བོ་ཇི་ལྟར་མཁས་པ་ཞིག་ཡོད་ཀྱང་། དེ་ལ་བཟོ་བའི་དངོས་པོའི་རྒྱུ་མེད་ན་གང་ཡང་བཟོ་མི་ཤེས་པ་ལྟར་སློབ་མས་ཀྱང་སེམས་ཀྱི་གདར་ཤ་བཅད་ལ་ངེས་ཤེས་འདྲོང་པར་བྱ་དགོས། དེ་ལྟར་འབད་པས་ཐུན་མོང་དུ་ཡིད་ཀྱི་སྡིག་པ་དག་ཅིང་བར་ཆད་ཞི། ཁྱད་པར་ཡིད་ཀྱི་སྣང་ཞེན་ལྡོག་པས་ཕྱིས་འཁོར་བར་མི་ལྷུང་། མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུར་གྲོལ་བར་འགྱུར་བ་ཡིན་ནོ། །གཉིས་པ་ཁྲེགས་ཆོད་ཀྱི་ཉམས་ལེན་དངོས་ལ། ཅོག་བཞག་གསུམ་གྱི་གཞི་བཅའ་བ། གང་ཤར་རིག་པ་རྗེན་པར་བཞག་པ། གནས་འགྱུ་ངོ་བོ་དབྱེར་མེད་དུ་སྟོན་པ། ཅིར་སྣང་རང་གྲོལ་གྱི་རྐྱེན་དང་བསྲེ་བའོ། །དང་པོ་ཅོག་བཞག་གསུམ་གྱི་གཞི་བཅའ་བ་ནི། དེའང་ཉོན་མོངས་རང་བྱན་ཚུད་ནས་ཁྲོམ་ཆེན་པོའི་དཀྱིལ་སོགས་སུ་སྒོམ་ཡང་བུད་ཤིང་མང་ན་མེ་ལྕེ་མང་བ་ལྟར་སྡང་རྐྱེན་ཇི་ཙམ་འཕེལ་བ་དེ་ཉིད་ཉམས་རྟོགས་ཀྱི་རྩལ་ཁའང་འཆར་བ་ཡིན་མོད། ལས་དང་པོ་བ་རྣམས་ཀྱིས་ནི་བསམ་གཏན་ལ་ཚེར་མ་མི་འབྱུང་ཞིང་སྐྱེ་བོའི་འགྲུལ་


MLP024_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགྲའི་ཀླག་ཅོར་ལ་སོགས་པ་མེད་པའི་གནས་དབེན་པ་ཉིད་བསྟེན་པར་བྱ་བ་གལ་ཆེ་སྟེ། དེ་ལ་ངོ་བོ་ཅོག་བཞག་ལུས་ཀྱི་བཞག་ཐབས་ལུས་གནད་སྣང་མཛད་ཀྱི་ཆོས་བདུན་ལྡན་ལས་མི་གཡོ་བར་བྱ་ཞིང་དྲང་པོར་བསྲངས། ལག་གཡས་གཡོན་རྒྱབ་མདུན་སོགས་སུ་ཡོ་བ་དང་སྒུར་བ་སོགས་མེད་པར་མདོར་ན་སྤང་ལ་བེ་ཕུར་བཏབ་པ་བཞིན་དྲང་ཐལ་གྱིས་བཅའ། རྒྱ་མཚོ་ཅོག་བཞག་མིག་མིག་འབྲས་མི་འགུལ་ཞིང་རྫི་མ་ཐབ་ཐིབ་མི་བྱེད་པར་མདའ་གང་ཙམ་གྱི་ནམ་མཁའ་ལ་འབྲུ་ཚུགས་སུ་བལྟ། རིག་པ་ཅོག་བཞག་རང་རིག་པའི་ངོ་བོ་མ་བཅོས་གཉུག་མའི་ངང་དུ་ཀློད་ལ་རྩོལ་མེད་དུ་བཞག་པར་བྱ་སྟེ། དེའང་སྔར་འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔུན་མི་བསུ། ད་ལྟའི་ཤེས་པ་གང་ལའང་འདི་ཡིན་འདི་མིན་སོགས་རྟོག་དཔྱད་ཀྱི་འཚོལ་འཕྲོ་གང་ཡང་མི་བྱ་བར་རིག་པ་སོ་མ་སྐད་ཅིག་མ་ཁོ་རང་གི་ངོ་ལ་ཅེར་གྱིས་ལྟ་བཞག་བྱ། དེ་ལྟར་བཞག་པས་དགེ་སྡིག་དག དགག་སྒྲུབ་བླང་དོར་སོགས་ཤེས་པའི་སྤྲོས་པ་ཉེ་བར་ཞི་བས་གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ཀ་དག་གི་ངང་ལ་གནས་པ་ཉིད་ནི་ཁྲེགས་ཆོད་ཀྱི་དོན་ཡིན་ཏེ། དེའང་ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །གང་དུའང་མ་ཕྱེ་ཆོས་ཉིད་ལ། །ཡེ་ཤེས་ཙམ་དུ་གྲུབ་པ་མེད། །ཅེས་དང་། རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་སོ། །དེའང་སེམས་སྤྲོས་བྲལ་དུ་གནས་པ་ཆོས་སྐུ། གསལ་ལ་དེར་འཛིན་མེད་པ་ལོངས་སྐུ། རྩལ་སྣ་ཚོགས་སུ་སྣང་བའི་འཆར་གཞི་མ་འགགས་པ་སྤྲུལ་སྐུ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་ནི། ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ནས་རང་སྣང་ཉིད། །ཅེས་དང་། ཐལ་འགྱུར་ལས། ཡེ་ཤེས་རང་བཞིན་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་དང་མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བའང་ཅི། །དེའི་ཕྱིར་འཁྲུལ་བ་གདོད་ནས་དག །


MLP024_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོ། །དེ་ལྟ་བུའི་ཀ་དག་གི་དོན་ཅོག་བཞག་གསུམ་ནི། རིན་ཆེན་སྒྲོན་མེ་ལས། ཅོག་བཞག་གསུམ་གྱི་རང་བཞིན་ལས། །ཀ་དག་དོན་ཉིད་མངོན་དུ་གྱུར། །ཞེས་སོ། །གཉིས་པ་གང་ཤར་རིག་པ་རྗེན་པར་བཞག་པ་ནི། དེའི་ངང་ནས་རྗེས་སྐྱེས་ཀྱི་ཤེས་པ་གང་ཤར་ཡང་། དེ་ལ་མི་རྟོག་ཅིང་ཆེད་གཉེར་དུ་མི་ཟུང་མི་སྤྲོ་མི་སྲུང་བཅས་བཅོས་གང་ཡང་མི་བྱ་བར་བཞག་པས། དེ་ཁའི་རང་ངོ་ལ་ལྟ་ཤེས་པ་ཙམ་བགྱིས་པས་རྟོག་ཚོགས་རང་གྲོལ་དུ་འགྱུར་བ་དཔེར་ན་རྒྱ་མཚོ་ལ་རྦ་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ཆུ་ཉིད་ལས་མ་འདས་པ་བཞིན་རྣམ་རྟོག་ཇི་ལྟར་ཤར་ཡང་གང་སྐྱེས་ཀྱི་རང་ངོ་ལ་ཅེར་གྱིས་བལྟས་པས་སྦྲུལ་ལ་མདུད་པ་བཏབ་སྟེ་ནམ་མཁའ་ལ་དོར་བ་དང་ཆོས་མཚུངས་པ་བཞིན་རང་གྲོལ་དུ་འགྲོ་སྟེ། དེའང་ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་འདི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །གཉེན་པོ་མེད་ཕྱིར་འབད་རྩོལ་ཞིག །ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ། །ཞེས་དང་། ཕྲ་བཀོད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ན་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་གྲོལ་བའང་ཅི། །ཞེས་གསུངས་ཤིང་། དེས་ན་གང་ཤར་གྱི་རྟོག་པ་ལ་སྔ་ཕྱིའི་སྐྱེལ་བསུ་སྤང་། དགག་སྒྲུབ་གང་ཡང་མི་བྱེད་པར་རང་ཤར་གྱི་ངང་ལ་ཡན་ཏུ་འཇུག་པ་ནི། རྟོག་པ་ཆོས་ཉིད་ཀྱི་རོལ་བར་ལམ་དུ་བྱེད་པ་སྟེ། དེ་ལ་རིག་པ་རྗེན་པར་བཞག་པའི་ཚུལ་ནི། ཕྱི་སྣ་ཚོགས་སུ་འཕྲོ་ཡང་སྣང་བས་སེམས་མི་གཡོ་བར་ལྷ་ཁང་གི་ལྡེར་བཟོ་ལྟ་བུ། ནང་སྣ་ཚོགས་སུ་སྣང་ཡང་དེར་འཛིན་མེད་པ་རྨི་ལམ་གྱི་སྐྱེས་བུ་ལྟ་བུ། ཡུལ་དྲུག་སྣ་ཚོགས་སུ་སྣང་ཡང་རེ་དོགས་མེད་པ་བུ་ཆུང་གི་ཤེས་པ་ལྟ་བུ། རྟོག་པའི་འདུ་འཕྲོ་རང་སར་ཞི་བ་ལན་ཚྭ་ཆུར་ཐིམ་པ་ལྟ་བུ། གང་ཤར་ལ་གཟའ་གཏད་མེད་པ་སྨྱོན་པ་ལྟ་བུ༑ དེའི་ཚེ་གནས་ན་གདོད་མའི་ངང་དུ་ཕྱིན། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་ཤར། མཉམ་ན་མཉམ་ཉིད་ཀྱི་ངང་དུ་ཡན་པས་ཇི་ལྟར་འདུག་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བ་སྟེ༑ དེས་ན་དགེ་མི་དགེ་ལུང་མ་བསྟན་གྱི་རྣམ་པར་རྟོག་པ་ཇི་འདྲ་ཞིག་ཤར་ཡང་འདྲ་སྟེ་གང་ཤར་གྱི་རང་ངོ་ལ་ཅེར་གྱིས་བལྟས་པས། རང་གྲོལ་དུ་གྱུར་ནས་གནས་པས་རང་སོ་ཟིན་


MLP024_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་འབྱུང་བ་ཡིན་ནོ། །གསུམ་པ་གནས་འགྱུ་ཞི་ལྷག་ཟུང་འབྲེལ་དུ་ངོ་སྤྲོད་པ་ནི། དེའང་སྒོམ་པས་རང་སར་གནས་པ་དང་། རྟོག་པ་འཕྲོ་བ་གཉིས་ཟུང་དུ་དབྱེར་མེད་དེ། གནས་པ་དང་འཕྲོ་བ་གཉིས་དཔེར་ན་སྐྱེས་བུ་གཅིག་ཉིད་འགྲོ་འདུག་སྟེ། རྟོག་ཚོགས་རང་སར་ཞི་བའི་ཞི་གནས་དང་། ཡིན་ལུགས་སྒྲིབ་མེད་རྗེན་པར་མཐོང་བའི་ལྷག་མཐོང་གཉིས་ཀྱང་དོན་གྱི་ངོ་བོ་གཅིག་ཡིན་ཏེ། དེའང་ཕར་ཀར་སྣང་བ་མ་འགགས་ལ་ཚུར་ཀར་དེར་འཛིན་བློའི་དྲི་མ་དང་བྲལ་བའི་སྣང་སེམས་དབྱེར་མེད། གསལ་ལེ། ཧྲིག་གེ། ཡེ་རེ། ཝལ་ལེ། རྗེན་ནེ། ཅེ་རེ། ཁྱུག་གེ་བ་ཞིག་འཆར་ཏེ། དེ་འཆར་ན་བཅས་བཅོས་གང་ཡང་མི་བྱ་བར་རང་བབ་ཉིད་དུ་བལྟ་བཞག་བྱ། བཞི་པ་ཅིར་སྣང་རང་གྲོལ་གྱི་རྐྱེན་དང་བསྲེ་བ་ལ། དང་པོ་དུག་གསུམ་རང་གྲོལ་ཏེ། དེའང་འདོད་ཆགས། ཞེ་སྡང་། གཏི་མུག་གསུམ་གང་སྐྱེས་ཀྱང་འདྲ་སྟེ། ལས་དང་པོ་བས་རྣམ་རྟོག་འབུར་བཅོམ་དུ་ལམ་དུ་མི་ལོང་། དེས་ན་དེ་གསུམ་གྱི་རྣམ་པ་དེ་དང་དེ་གང་སྐྱེས་ཀྱང་དེ་མ་ཐག་དྲན་པས་སླེབ་པར་བྱས་ལ་ཆེར་གྱིས་བཟུང་ནས་གང་སྐྱེས་ཀྱི་རང་ངོ་ལ་ཅེར་གྱིས་བལྟས་ཏེ། དེའི་རྣམ་པ་མི་སྤང་ལ་ཆེད་འཛིན་མེད་པར་རང་བབས་སུ་བཞག་པས་འ ཛིན་མེད་དུ་གྲོལ་འགྲོ་བ་ཡིན། གཉིས་པ་སྒོ་ལྔ་རང་གྲོལ་ནི། དེ་བཞིན་དུ་མིག་སོགས་དབང་པོ་ལྔ་ལ་འཛིན་པ་གང་སྐྱེས་ཀྱང་། དེ་ཁའི་རང་ངོ་ལ་ཅེར་གྱིས་བལྟས་ཏེ་རང་བབས་སུ་བཞག་པས་སྔར་བཞིན་འཛིན་མེད་དུ་གྲོལ་འགྲོ་བ་ཡིན། གསུམ་པ་ཚོགས་དྲུག་རང་གྲོལ་ནི༑ དེའང་མིག་གི་ཡུལ་དུ་གཟུགས་མཛེས་མི་མཛེས། རྣ་བའི་ཡུལ་དུ་སྒྲ་སྙན་མི་སྙན། སྣའི་ཡུལ་དུ་དྲི་ཞིམ་མི་ཞིམ། ལྕེའི་ཡུལ་དུ་རོ་མངར་མི་མངར། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་མི་འཇམ། སེམས་ཀྱི་ཡུལ་དུ་མདོར་ན་དགའ་མི་དགའི་རྟོག་ཚོགས་ཀྱིས་མཚོན་དགེ་མི་དགེ་ལུང་མ་བསྟན་གྱི་རྣམ་པར་རྟོག་པ་ཆེ་ཕྲ་གང་འདྲ་ཞིག་སྐྱེས་ཀྱང་འདྲ་སྟེ། གང་སྐྱེས་ཁོ་རང་གི་རང་ངོ་ལ་ཅེར་གྱིས་བལྟས་ཏེ་མཐར་རྟོག་པ་མཐུ་རྡུགས་ནས་ཚུགས་མ་ཐུབ་པར་རང་ཞི་ལ་སོང་ནས་གནས་པས་རང་སོ་ཟིན་ཏེ་དགེ་སྦྱོར་རྐྱེན་ཐུབ་སྐྱོང་བདེ་མོར་འགྲོ་བ་ཡིན་


MLP024_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དམ་པ་རྣམས་ཀྱི་གསུང་ལས་ཐོས་སོ། །དེས་ནི་ཁྲེགས་ཆོད་ཀྱི་མན་ངག་རྣམས་སོང་བ་ཡིན། གཉིས་པ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་ལ་བསླབ་པ་ནི། དེའང་འདི་ནི་སྔར་ལས་ཀྱང་ཁྱད་པར་བདུན་གྱིས་འཕགས་ཏེ། བདུན་གང་ཞེ་ན། སྣང་བ་འོད་ཀྱི་ཁྱད་པར། ཉམས་ལེན་ལག་ལེན་དུ་དྲིལ་བའི་ཁྱད་པར། རང་གནད་མངོན་སུམ་དུ་གཟིར་བའི་ཁྱད་པར། ལུས་གནད་རྩ་ཡི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། རང་རིག་ཡུལ་གྱི་ཁྱད་པར། ཉམས་ལེན་རྣམ་འཕེལ་གྱི་ཁྱད་པར་ཏེ། བདུན་པོ་འདིས་གཞན་ལས་ཁྱད་པར་འཕགས་པའོ། །ཁྱད་པར་དེ་ལྡན་གྱི་གདམས་པ་དངོས་ཉམས་སུ་ལེན་པ་ལ། སྔོན་འགྲོ་སྤྱི་དང་བྱེ་བྲག་གཉིས། སྤྱི་ནི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནན་ཏན་བསྒོམས་རྗེས་ཁྱད་པར་ཁྲེགས་ཆོད་ཀྱི་ཉམས་ལེན་ལ་བརྟན་པ་ཐོབ་པ་ཞིག་དགོས་པ་ལས། དེ་དག་ཉམས་སུ་བླངས་ཚུལ་སྔོན་དུ་སོང་ནས། བྱེ་བྲག་བྱ་བ་དགུ་ཕྲུགས་སུ་གཏོང་བའི་ཚུལ་ནི། དེའང་འདས་རྗེས་ལས། ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་དང་། ཀློང་གསལ་ལས། མངོན་སུམ་གནད་ལ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་བཏང་། །ཞེས་པས། དེའང་ལུས་ཀྱིས་ཕྱི་འཇིག་རྟེན་གྱི་འཁྲུལ་བའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད་སྤངས་ཤིང་། ནང་ཕྱག་དང་སྐོར་བ་སོགས་དམན་པའི་དགེ་བ་རྣམས་དང་། གསང་བ་རྣམ་གཡེང་སྒུལ་སྐྱོད་སྤངས་ཏེ་གཅིག་པུར་འདུག་པའོ། །ངག་གི་སྒོ་ནས་ཕྱི་འཇིག་རྟེན་གྱི་འཁྲུལ་ཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་སོགས། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་གནས་པར་བྱའོ། །ཡིད་ཀྱི་སྒོ་ནས་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད། ནང་བསྐྱེད་དང་རྫོགས་པའི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ཏེ་རྟོག་མེད་དུ་གནས་པར་བྱའོ། །གཉིས་པ་ཟག་མེད་ཀྱི་ཡེ་ཤེས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གནད་གསུམ་སྟེ། ཐལ་འགྱུར་ལས། མངོན་སུམ་གནད་ཀྱིས་ལུས་ངག་སེམས། །སོ་སོའི་གནད་རྣམས་ལེགས་


MLP024_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟུན། །དེའང་ལུས་ཀྱིས་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་དང་། ཀློང་གསལ་ལས། རིག་པ་ཡུལ་ལ་གནས་གྱུར་ཀྱང་། །འཁྲུལ་འཁོར་དག་གིས་མ་བཅུན་ན།། ཡེ་ཤེས་དབང་པོ་གནས་མི་ནུས། །ཞེས་པས། དེ་ལ་ཆོས་སྐུ་སེང་གེའི་བཞུགས་སྟངས་ནི། སྟན་ལ་འདུག་སྟེ་རྐང་མཐིལ་གཉིས་སྦྱར། པུས་མོ་ཕྱིར་བསྐྱེད། ལག་པ་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེ་ཁུ་ཚུར་རྟིང་བའི་རྩར་ས་ལ་བཙུགས་ལ་ལག་ཡུ་དྲང་པོར་བསྲང་། རྐེད་པ་ཉེད་བྱས་ཏེ་ལྟོ་བ་མདུན་དུ་ཕུལ། རོ་སྟོད་བསྲིང་བྱས་ཏེ་དཔུང་མགོ་གྱེན་ལ་འཐེན། མཇིང་པ་ཡིད་ཙམ་གྱེན་ལ་སྟོད། མིག་གཉིས་མིག་འབྲས་མི་འགུལ་ཞིང་རྫི་མ་ཐབ་ཐིབ་མི་བྱེད་པར་ལྟ་སྟངས་ཀློད་ལ་གཙུག་ཏོར་ལྟ་བའི་རྣམ་པར་སྨིན་ཕྲག་གི་ནམ་མཁའ་ལ་ཆེ་རེ་ལྟ། ལྕེ་རྩེ་ཅུང་ཟད་གྱེན་ལ་སྒྲིལ། དེ་ལྟར་བྱས་པས་གནས་སྐབས་སུ་ནང་གི་འབྱུང་བ་ཆ་སྙོམས། མཐར་ཐུག་གནས་ལུགས་ཀྱི་དོན་རྟོགས་པའི་དགོས་པ་ཡོད་དོ། །དེ་ནས་གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། སྟན་ཐོག་ཏུ་ཁ་སྦུབ་འདུག་ལ་པུས་བྲང་སྦྱོར། གྲུ་མོ་པུས་མོའི་རྩ་བ་ས་ལ་བཙུགས། ལག་མཐིལ་གཉིས་ཀྱིས་ཨོལ་ཀོ་བརྟེན་པས་སོར་མོ་འགྲམ་པ་ལ་སྦྱར། ལག་ཡུ་དང་སྒལ་ཚིགས་དྲང་པོར་བསྲང་། རྐང་མཐིལ་གཉིས་ཀྱིས་དཔྱི་གཡས་གཡོན་བརྟེན། མིག་གཉིས་ཟུར་མིག་གིས་གཡས་གཡོན་གང་དུ་ལྟའང་འདྲ་སྟེ། མགོ་བོ་གྱེན་དུ་ཅུང་ཟད་དགྱེ་ཙམ་བྱས་ཏེ་མདའ་མཁན་སྙུགས་མ་བསྲང་བ་བཞིན་ཟུར་ལྟ་ཟུར་ཁྲིད་ཀྱིས་ལྟ་བའོ། །དེས་གནས་སྐབས་སུ་གཡོ་བྱེད་ཀྱི་རླུང་ཟིན། མཐར་ཐུག་ལྷུན་གྲུབ་འོད་ལྔའི་དོན་འཆར་བའི་དགོས་པ་ཡོད་དོ། །དེ་ནས་གསུམ་པ་སྤྲུལ་སྐུ་དྲང་སྲོང་ཙོག་པུའི་བཞུགས་སྟངས་ནི༑ སྟན་ལ་རྐང་པའི་ལོང་བུ་གཉིས་གཤིབ་སྟེ། ཙོག་པུར་འདུག་ལ་ལག་གཉིས་སར་འཛིངས་ཀྱིས་པུས་མོ་ལ་བསྐོར་རམ། བར་ལྷུ་ལ་འཁྱུད་དེ་པུས་སྟེང་བཞག་པ་གཉིས་གང་བདེ་བྱ། སྒལ་ཚིགས་དྲང་པོར་བསྲངས་ལ་དཔུང་མགོ་གྱེན་ལ་འཐེན། མིག་དྲང་སྲོང་བསམ་གཏན་སྒོམ་པའི་ཚུལ་གྱིས་ཟིམ་བུར་བར་སྣང་ལ་གཏོད། དེས་གནས་སྐབས་སུ་ལུས་ལ་དྲོད་སྐྱེས་ཤིང་། མཐར་ཐུག་འཁྲུལ་སྣང་ཞིང་ཁམས་སུ་འཆར་བའི་དགོས་པ་ཡོད་དོ། །དེ་ལྟར་བྱས་


MLP024_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཞུགས་སྟངས་དང་པོས་འབྱུ ང་བ་རང་སར་དག་པར་བྱེད། གཉིས་པས་གཡོ་བྱེད་ཀྱི་ལུང་ཟིན། གསུམ་པས་དྲོད་སྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད། མཐར་ཐུག་སྐུ་གསུམ་དུ་གྲོལ་ཏེ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེའང་ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་བའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པའི་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་རང་སྤྲུལ་ཏེ།། ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པས། དེའང་རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང་ཐབས་ལུས་གནད་ཀྱིས་མ་ཟིན་ན་དབང་པོས་མངོན་སུམ་དུ་སྣང་མི་ནུས་ཏེ། དཔེར་ན་སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུར་ན་མི་གསལ་བ་བཞིན་ནོ། །ངག་གི་སྨྲ་བ་ནི་ཉིན་གཅིག་ལ་ལན་བཞིའམ། གསུམ་མམ། གཉིས་སམ། གཅིག་ཙམ་སྨྲ་བ་ལས་ཇེ་ཉུང་ཇེ་ཉུང་ལ་བཏང་སྟེ། མཐར་ལག་གི་བརྡའ་བསྟན་ཙམ་ལས་སྨྲ་བརྗོད་ཐམས་ཅད་སྤངས་ལ་རྟོག་མེད་དུ་བཟླ་བ་ལ་བསླབ་སྟེ། ཐལ་འགྱུར་ལས། ངག་གི་བཟླས་དང་གནས་པ་དང་། །ལ་བཟླ་བསྟན་པར་བྱ་བའོ། །ཞེས་སོ། །རླུང་གི་གནད་ནི་རྒྱུན་གྱི་རླུང་བཟོ་བཅོས་མེད་པ་ལ། མཆུ་སོ་མ་རེག་ཙམ་བྱ་བ་ལ་ཁ་ལས་བཏང་བ་ཅུང་ཟད་ཙམ་ཕྱིར་འཛིན་པ་ལ་བསླབ་སྟེ། ཐལ་འགྱུར་ལས། རླུང་ནི་སྤྱི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བའི་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུའང་གཏོགས་པ་མིན། །རླུང་རིག་དལ་བས་ཡེ་ཤེས་གྲུབ། །ཅེས་སོ། །སེམས་ཀྱི་གནད་ནི། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་པས་ནམ་མཁའ་གསུམ་ལ་ལྟ་སྟེ། དེའང་གསང་བའི་ནམ་མཁའ་ཙིཏྟ་ཤའི་སྒྲོན་མ་ཞེས་སྙིང་མཆོང་གུར་སྨུག་པོའི་ནང་ནས་རྩ་རྒྱ་མཚོ་གསེར་གྱི་ཉི་མ་ཞེས་བྱ་བ་ཆོས་དབྱིངས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སངས་རྒྱས་གཞོན་ནུ་བུམ་སྐུའི་ཀློང་དུ་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཡེ་ནས་རང་ཆས་སུ་བཞུགས་པ་སྟེ།


MLP024_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་ནམ་མཁའ་སྙིང་དང་མིག་གི་ཨ་འབྲས་གཉིས་སུ་འབྲེལ་བའི་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་བ་རྩ་དར་དཀར་གྱི་སྐུད་པ་ཙམ་པ་འཇམ་མཉེན་འཁྲིལ་བའི་མཚན་ཉིད་དང་ལྡན་པ་དབྱིབས་བ་མེན་གྱི་རྭ་འདྲ་བ་ནང་ཁྲག་དང་ཆུ་སེར་གྱིས་མ་གང་བ་སྟོང་པ་དང་བདེ་བའི་ལམ་དེ་ལས། ཕྱིའི་ནམ་མཁའ་དག་པ་དབྱིངས་ཀྱི་སྒྲོན་མ་སྤྲིན་དང་ཁུ་རླངས་སོགས་མེད་པའི་སྟོན་གནམ་གཡའ་དག་པ་ལྟ་བུ་སྔོ་མཐིང་ངེ་གནས་པ་དེ་ལ་འབེན་བཅས་ཏེ་བསྒོམས་པས། གསང་བའི་ནམ་མཁའི་སྙིང་ནང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་ནང་གི་ནམ་མཁའི་ལམ་ལས་བརྒྱུད་རྒྱངས་ཞགས་ཆུའི་སྒྲོན་མ་མིག་གི་སྒོ་ལས་ཕྱི་རོལ་གྱི་ནམ་མཁའ་ལ་དབང་པོས་མངོན་སུམ་དུ་མཐོང་བར་འགྱུར་ཏེ། དེའང་ཐོག་མར་རང་གི་སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་འམ་རྨ་བྱའི་མདོངས་ལྟ་བུ་ཁ་དོག་ལྔ་ལྡན་ལ་འཇའ་ཚོན་འཁྲིལ་བ་ལྟ་བུའི་མཐིང་ག་ཁྱབ་པ་ཆེན་པོའི་བདག་ཉིད་ཅན་དུ་གྱུར། དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་བཀོད་མའི་ནང་དུ་རྡོ་བོར་བའི་རི་མོའམ་ཕུབ་ཀྱི་རྦ་གོར་ལྟ་བུ་འཆར། དེའི་ནང་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་རིག་པ་སྐུ་རུ་རང་སྨིན་རྒྱུད་དེ། རྡོ་རྗེ་ལུ་གུ་རྒྱུད་ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང་། མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་དང་། ལྕགས་ཚག་དང་། ལྕགས་ཐག་དཔྱངས་པ་ལྟ་བུ་དང་། མེ་ཏོག་གི་ཕྲེང་བ་རང་སར་གནས་པ་ལྟ་བུ་དང་། ཉ་མིག་དང་སྲན་འབྲུ་ལྟ་བུ་ལ་སོགས་པ་རིམ་པར་འཆར། དེའང་གློ་བ་དང་སྙིང་རྩ་འབྲེལ་ཏེ་མིག་ལ་ཐུག་སྟེ་ཡོད་པས་ལྟ་སྟངས་གཅུན་ཏེ་ལྟ་ཞིང་། དེ་ཡང་ཡེ་ཤེས་ཀྱི་སྣང་བ་དེ་དག་འཆར་བའི་ཚེ་ན་གཅིག་ཏུ་མི་གནས་པར་གཡས་གཡོན་གྱེན་ཐུར་དུ་རྒྱུགས་པར་བྱེད་པ་ན། དེའི་རྗེས་སུ་མིག་དང་ཤེས་པ་ཅར་ཕོག་ཏུ་ཕོབ་ན་འབྱོངས་པའི་དུས་མི་འབྱུང་བས། དེའི་རྗེས་སུ་མི་འབྲང་བར་ལྟ་སྟངས་ཀྱིས་ལེགས་པར་གཅུན་ཏེ་བལྟས་པས་ཇེ་བརྟན་ཇེ་གསལ་དུ་གྱུར་ནས་མཐར་དབྱིངས་སྨིན་མཚམས་ལས་བྲལ་ཏེ། ཐིག་ལེ་ལྔ་ཚོམ་དང་བཅུ་ལྡན་ལ་སོགས་པའི་ནང་དུ་རིམ་པར་དང་པོ་ལྷའི་གཙུག་ཏོར་ནས་ཕྱེད་སྐུ་དང་། སྐུ་རྐྱང་རྫོགས་པ་དང་། དེ་ནས་རིམ་པ་བཞིན་རིགས་ལྔ་ཡབ་ཡུམ་ཡོངས་སུ་རྫོགས་པའི་སྐུ་དང་། དེ་ནས་ཀྱང་


MLP024_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་ཞི་བ་བཞི་བཅུ་རྩ་གཉིས་དང་། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སོགས་དང་། གཞན་ཡང་རང་གི་ཡི་དམ་གྱི་སྐུ་གང་སྒོམ་ལ་སོགས་པ་རིམ་པར་འཆར། དེར་མ་ཟད་མདོར་ན་གར་བལྟས་ཐམས་ཅད་ལྷ་སྐུ་དང་ཡིག་འབྲུའི་རྣམ་རོལ་དཔག་མེད་དུ་འཆར་བར་འགྱུར། དེ་དག་གང་འཆར་པ་ཐམས་ཅད་ཀྱང་ཕྱི་རོལ་ན་ལོགས་སུ་གྲུབ་པ་ནི་མ་ཡིན་ཞིང་། རང་གི་རིག་པའི་ངོ་བོ་ཡེ་ནས་རང་ཆས་སུ་ཞུགས་པ་དེ་ཉིད་འཁྲུལ་འཁོར་གྱི་གནད་ལ་བརྟེན་ནས་གཅུན་པས་དཔེར་ན་དངུལ་དཀར་གྱི་མེ་ལོང་གཡའ་དག་པ་ལ་བདག་པོའི་བྱད་གཟུགས་འཆར་བ་བཞིན་ནོ། །གང་ལྟར་ཡང་དེ་དག་འཆར་བའི་ཚེ་ནའང་དགའ་སྤྲོ་དང་རློམ་སེམས་མི་བསྐྱེད། མ་འཆར་བའི་ཚེ་ནའང་འཆར་དུ་རེ་བ་ལ་སོགས་པའི་རེ་དོགས་ཐམས་ཅད་སྤངས་ལ་རིག་པ་འཛིན་མེད་ཀྱི་རྒྱས་འདེབས་པ་གནད་གལ་ཆེ་བ་ཡིན་ཞིང་། དེའང་ལས་དང་པོ་བས་ཐོག་མར་ཆོས་སྐུའི་འདུག་སྟངས་ལ་གཙོ་བོར་འདོན་ཅིང་སྔ་དྲོ་ཁ་ནུབ། ཕྱོ་དྲོ་ཤར། གུང་ལ་བྱང་དུ་ཕྱོགས་པའོ། །ཡེ་ཤེས་ཀྱི་སྣང་བ་འཆར་སླ་བའི་ཆེད་དུ་ཟེར་གཉིས་དང་སྦྱར་ཏེ། སྔ་དྲོ་ཤར། ཕྱི་དྲོ་ནུབ་ཏུ་ཕྱོགས་པས་ཉི་མའི་དལ་ལ་མི་ལྟ་བར་ཉི་མ་ལས་ཁྲུ་གང་ཙམ་གྱི་འོག་ཏུ་ལྟ། དེའང་ཕྱིའི་དབྱིངས་རིག་ཤར་བ་དེ་དང་ནང་གི་རིག་པ་གཉིས་བལྟ་བྱ་དང་ལྟ་བྱེད་ཀྱི་ཚུལ་དུ་སོ་སོར་མི་ལྟ་བར་ཟུང་འཇུག་གསལ་ལ་མི་རྟོག་པའི་དབྱིངས་སུ་མཉམ་པར་འཇོག་ཅིང་། དེའང་སྔ་དྲོ་ཆོས་སྐུ་སེང་གེའི་འདུག་སྟངས། གུང་ལ་གླང་པོ་ཆེའི་འདུག་སྟངས། ཕྱི་དྲོ་དྲང་སྲོང་གི་འདུག་སྟངས་ལ་བསླབ། དེའང་རྩ་བའི་འདུག་སྟངས་གསུམ་པོ་ལེགས་པར་འབྱོངས་ནས་ཡན་ལག་གི་འདུག་སྟངས་བདུན་ལ་བསླབ་པར་འདོད་ན། རྩ་བར། སྟག་སྐྱུག་ཁྱུང་དང་སྐྱེས་བུ་དང༔ ཝ་དང་བྱ་རྒོད་གྱད་དང་དྲུག༔ ཆུ་སྲིན་འདུག་སྟངས་ལུས་གནད་བདུན༔ ཞེས་པས། དང་པོ་སྟག་ནས་བཟུང་འདུག་སྟངས་བདུན་ནི་རྩ་བའི་མན་ངག་གི་དོན་བཞིན་ཉམས་མྱོང་ཅན་གྱི་དམ་པའི་ཞལ་ལས་ཤེས་པར་བྱའོ། །ཉམས་སུ་ལེན་པའི་ཚེ་མིག་ལ་ཚ་གྲང་གི་རྐྱེན་སེལ་བའི་ཐབས་ནི། དེ་ལ་ཚ་བ་རྒྱས་ནས་མིག་ཚ་ན་ཁ་ཆེ་ཤ་སྐ མ་ཆུ་གཙང་ལ་སྦངས་པ་རོ་མ་བསལ། བལ་ཚི་མེད་པ་ཞིབ་མོར་གཡེངས་པས་མིག་ལ་དྲི་ཆུས་བརླན་ཞིང་། ནུབ་མོ་


MLP024_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་ཟེར་ལ་བལྟས་པས་སེལ། གྲང་བ་རྒྱས་པའི་སྐྱོན་གྱིས་མིག་ཆུ་འཛགས་ན་རང་གི་རྣ་སྦབ་བཏོན་ལ་ལག་དྲི་མེད་པར་བྱས་ཏེ། མཆིལ་མ་དང་སྦྱར་པ་བསྣུར་ལ་མིག་ལྤགས་ཀྱི་ནང་དུ་བརླན་ཅིང་ནུབ་མོ་མར་མེའི་འོད་ལ་བལྟས་པས་སེལ། རླུང་ལང་དུས་ཆང་གར་སེང་ཕོར་ཕྱེད་ཙམ་བཏུང་ཞིང་རུས་ཐང་དང་། བུ་རམ་མུར་བས་ཕན། ལར་ཆང་མང་ན་རླུང་ལ་མི་ཕན་ཅིང་གནོད་པར་མ་ཟད། དགེ་སྦྱོར་བག་ལ་ཞ་འགྲོ་བས་བག་ཡངས་སྤང་བར་བྱ། སྤྱིར་ཆོས་སྐུའི་རྟེན་ཉི་མ། ལོངས་སྐུའི་རྟེན་ཟླ་བ། སྤྲུལ་སྐུའི་རྟེན་མར་མེ། དེའང་ཉིན་མོ་འཆར་བའི་རིམ་པ་རྣམས་མཚན་མོ་ཡིད་ཀྱི་ཡུལ་དུ་བསྒོམ། ཡང་གང་ཟག་ཞན་པ་དག་ལ་ཅི་ཙམ་བསྒོམས་ཀྱང་མཐོང་སྣང་གཏན་ནས་མི་འཆར་བའང་སྲིད་མོད། དེ་དག་ཀྱང་སྒྱིད་ལུག་པར་གྱུར་ན་མི་རུང་བས་ད་ལྟའི་དུས་བླ་མས་ངོ་སྤྲད་པ་རྣམས་མོས་པས་ཡིད་ཀྱིས་བསྒོམས་པས་བར་དོར་དེ་དག་འཆར་ཞིང་རང་ངོ་འཕྲོད་དེ་གྲོལ་བར་འགྱུར་ཏེ། དེའང་དཔེར་ན་སཱཙྪ་བརྐོས་ཕོར་ནས་བཏོན་པ་དང་འདྲ་བར་ལུས་རྒྱ་བོར་ནས་བར་དོར་ངེས་པར་འཆར་ཞིང་གྲོལ་བར་གསུངས། ཡང་རེས་འགའ་མིག་ལ་སེང་རས་དམར་པོའམ། དམར་སྨུག་བཀབ་ལ་ལྟ་བ་དང་། ནུབ་མོ་དྲང་སྲོང་ཙོག་པུའི་སྟབས་ཀྱིས་ལག་པའི་གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་ལ་གུང་མཛུབ་གཉིས་ཀྱིས་མིག་འོག་ནས་མནན་ཏེ་མཐོང་སྣང་མཚོན་པར་བྱས་ལ་བལྟ་བར་བྱ་སྟེ་འདི་དག་ནི་ཞལ་ཤེས་དྲི་མ་མེད་པའོ། །ཞལ་ཤེས་ཀྱི་ཟབ་གནད་འདི་རྣམས་གཏེར་ཆེན་རིག་འཛིན་ཆེན་པོས་དོན་ཉམས་སུ་ལེན་པའི་སྐལ་ལྡན་མ་གཏོགས་ཁྱབ་བརྡལ་དུ་སྤེལ་བར་མི་བྱ་ཞེས་གསུངས། དེ་ནས་བར་འདིར་ངོ་སྤྲོད་དང་། ཉིན་མཚན་གྱི་རྣལ་འབྱོར། མུན་ཁྲིད། མངོན་སུམ་འབྲས་བུའི་གདམས་པ། རྟགས་ཚད་རྣམས་ལྷུག་པར་བཀྲོལ་ཏེ་ལྗགས་བཤད་གནང་བ་ཕྱག་ལེན་ནོ། །དེ་ལྟར་རྩེ་གཅིག་ཏུ་འབད་པས་ཆོས་ཉིད་མངོན་སུམ་གྱི་སྣང་བ་དང་། ཉམས་གོང་འཕེལ་གྱི་སྣང་བ་དང་། རིག་པ་ཚད་ཕེབས་ཀྱི་སྣང་བ་དང་། ཆོས་ཉིད་ཟད་པའི་སྣང་བ་སྟེ་རྟགས་རྣམས་མཐར་ཕྱིན་ནས་ཁྱབ་བདག་གདོད་མའི་མགོན་པོ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་རིན་པོ་ཆེ་མངོན་དུ་བྱེད་པ་ཡིན་ནོ། །


MLP024_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་རྩ་བ་དང་ཡན་ལག་གི་ཁྲིད་རྣམས་མ་ལུས་པ་ལྷག་ཆད་མེད་པར་ཕུལ་གྲུབ་པ་ཡིན་པས་དེ་ཉིད་ཀྱི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།། སོགས། ཞེས་རྗེ་བླ་མ་དམ་པ་བདེ་ཆེན་མཁའ་འགྲོའི་གཙོ་མོའི་རྡོ་རྗེའི་ལྗགས་ཀྱི་བཅུད་སྙིང་ལ་སིམ་པ་བརྗེད་པར་ཕངས་ཏེ་ཕྱི་རབས་དག་གི་དོན་དུ་ཉམས་མེད་ཟིན་བྲིས་སུ་བཀོད་པའོ།། དམ་པ་འདི་ནི་གཏེར་ཆེན་བླ་མས་ངོས་འཛིན་མཛད་པ་ལྟར། དེའང་ཐལ་འགྱུར་ལས། དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་སུ་དར། །དེ་ནས་མི་གནས་རང་སའོ། །ཞེས་གསུངས་པའི་ལུང་གིས་གསལ་བ་བཞིན་ནོ༑ ༑སྨྲས་པ། རྒྱུད་སྡེ་རྒྱ་མཚོའི་སྙིང་པོའི་བཅུད་ཕྱུང་བ། །ཐེག་དགུའི་རྩེ་རྒྱལ་མན་ངག་སྙིང་ཐིག་གི །ཟབ་ལམ་ཨ་ཏི་ཡོ་གའི་དམར་ཁྲིད་ཉིད། །ཁྱབ་བདག་བླ་མའི་གསུང་བཞིན་དྲན་གསོར་སྤེལ། །གཞུང་དོན་རྡོ་རྗེའི་ཚིག་གི་གནད་བརླིང་ཞིང་། །མཆོག་གི་བླ་མའི་གསུང་གསང་རྟོགས་དཀའ་ཡང་། །སྙིང་པོའི་མན་ངག་ཡང་ཞུན་ཐིགས་པ་འདི། །བདག་བློའི་རྨོངས་དྲིས་ཟབ་དོན་སྦགས་པ་མེད། །དགེ་འདིས་རང་རྒྱུད་གྲོལ་ནས་མཐའ་ཡས་འགྲོ། །རྣམ་གྲོལ་གདོད་མའི་ས་ལ་བགྲོད་ནས་ཀྱང་། །ཡེ་གྲོལ་ཆོས་སྐུ་ཀ་དག་ཀློང་ཡངས་སུ། །ཆོས་ཉིད་འོད་གསལ་འཁོར་ལོར་སྤྱོད་གྱུར་ཅིག །དེ་ལྟར་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་ཀྱི་དམིགས་རིམ་རྗེ་བླ་མ་དམ་པའི་ལྗགས་བཤད་ཟིན་བྲིས་སུ་བྱས་པ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་འདི་ནི་ཕུལ་བྱུང་བློ་གྲོས་ཀྱི་ནོར་ལྡན་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་འགྱུར་མེད་དཔག་བསམ་ཕྲིན་ལས་ཀྱིས་རྒྱ་ཇའི་བཏུང་བ་འདོད་དགུར་འཇོ་བའི་སྐྱེམས་དང་། ལྷ་རྫས་ཀྱི་སྐྱེས་དང་བཅས་ད་ཆ་རྗེ་བླ་མ་དམ་པའི་གསུང་ལ་ཁྱོད་རང་གོམས་འདྲིས་ཆེ་སྟབས་མ་འོངས་ཕྱི་རབས་ཀྱི་དོན་དུ་བརྗེད་ངས་ཀྱི་འཇིགས་པ་སྤང་ཕྱིར་ཟིན་ཐོ་ཞིག་ཅིས་ཀྱང་དགོས་ཞེས་ནན་ཏན་ཆེན་པོས་


MLP024_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ངོ་མ་ཕོངས་པའི་དོན་དུ་ཤ་འུག་ལྟག་སྒོ་བདེ་ཆེན་འཁོར་ལོར་དབུ་བཙུགས་པ་ལས། འཕྲོས་ཅུང་ཟད་ལུས་པ་མེ་མོ་གླང་ལོ་སྟོན་ཟླ་ར་བ་ལ་རྒྱལ་དབང་པདྨའི་གཟུངས་མ་མཁར་ཆེན་བཟའ་མཚོ་རྒྱལ་འཇིག་རྟེན་འདིར་སྒྱུ་འཕྲུལ་གྱི་རོལ་མོར་བཞེངས་པ་མཚན་བརྗོད་པར་དཀའ་བ་གར་དབང་མི་འགྱུར་དཔལ་སྒྲོན་གྱི་བཀའ་འབངས་ཀྱི་ཐ་ཤལ་དུས་མཐའི་རི་ཁྲོད་པ་ཡང་གསང་རྫོགས་པ་ཆེན་པོ་ལ་མོས་པ་ལམ་དུ་བྱེད་ཅིང་སྐལ་ལྡན་འདུས་པའི་ཚོགས་ལ་ངེས་གསང་སྙིང་པོའི་ཆོས་འཁོར་བསྐོར་བའི་ཁྲིད་གཉེར་དུ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་རྒྱལ་ཁམས་པ་ཁྱུང་པོ་རས་པས་གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་གི་གནས་སུ་བཀོད་པ་འདི་ལ་བླ་མ་དང་། ཆོས་བདག་ཌཱཀི་སྤྱི་དང་། ཁྱད་པར་དཔལ་ལྡན་སྔགས་ཀྱི་སྲུང་མས་བཟོད་པར་བཞེས་སུ་གསོལ། ཁྲིད་མ་ཐོབ་པར་དཔེ་སྒྲོག་ཅིང་བག་ཡངས་སུ་སྤྱོད་མི་བྱུང་ན་བཀའ་སྲུང་དམ་ཅན་རྣམས་ཀྱིས་སྲོག་རྩ་ཆོད་ལ་སྙིང་ཁྲག་རོལ་ཅིག ས་མ་ཡ། རྒྱ་རྒྱ་རྒྱ། དགེའོ།། །།