cover

གསུང་འབུམ་པོད་བཅུ་དགུ་པ། གཞི་ལམ་འབྲས་གསུམ་གྱི་ཟིན་བྲིས་སོགས།

དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དཔེ་ཚོགས།

དགེ་བཤེས་དངོས་གྲུབ་དཔལ།

གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་རྩོམ་སྒྲིག་སྡེ་ཚན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གཞི་ལམ་འབྲས་གསུམ་ཟིན་བྲིས་སྐལ་ལྡན་བུ་ལ་འདོད་དགུའི་དཔལ་སྟེར།

གཞི་ལམ་འབྲས་བུའི་རྣམ་བཞག་ཉུང་གསལ་རིན་ཆེན་ཕྲེང་བ་ཞེས་བྱ་བ་བླ་མའི་ཞལ་གསུང་གི་ཟིན་བྲིས་སྐལ་ལྡན་བུ་ལ་འདོད་དགུའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།དྲི་བྲལ་རང་བྱུང་གཉུག་མ་ཆེན་པོའི་ཀློང༌། །གང་འདུལ་སྒྱུ་འཕྲུལ་ཁོ་ལག་ཡོངས་རྫོགས་པ། །ཕན་བདེའི་འབྲས་བཟང་འཇོ་བའི་བྱེད་པོ་མཆོག །རྣམ་འདྲེན་མཚུངས་མེད་ཤཱཀྱ་སེང་གེར་འདུད། །སྤྲོས་བྲལ་གཏམ་གྱི་སྙན་པའི་སྒྲ་དབྱངས་སྣང་སྲིད་ཞིང་དུ་དར་དིར་བསྒྲགས། །ཤིང་རྟ་ཆེན་པོའི་ཤུལ་ཆེན་བཞག་སྟེ་འཇིག་རྟེན་མ་ལུས་མགྲོན་དུ་བསུས། །མཐའ་གཉིས་གདུང་སེལ་བརྩེ་བའི་ཕྱག་གིས་ས་ཆེན་ཁྱོན་ལ་ཡོངས་འགེངས་བ། །ཀླུ་ཐོགས་ལ་སོགས་འཕགས་བོད་པཎ་གྲུབ་ཇི་སྙེད་རྣམས་ལ་རྟག་ཏུ་གུས། །སྙིང་བོའི་བསྟན་པ་ཀུན་རྟོག་རླུང་ཆེན་གྱིས། །རྣམ་པར་སྤུར་ནས་མུན་གླིང་འཁྱམས་པ་ན། །རྒྱལ་བའི་ལུང་བསྟན་རིགས་ལྡན་བླ་མ་མཆོག །ཤེས་རབ་རྒྱལ་མཚན་གཙུག་གི་ཏོ་ཀེར་བསྟེན། །བདེ་སྟོང་ཉམས་བརྒྱའི་ཏིང་འཛིན་བྱེ་བ་ཕྲག །རྒྱུད་སྡེའི་གསང་མཛོད་གྲུབ་པ་ཀུན་གྱི་མཆོག །ངེས་དོན་ཟབ་མོའི་ལུང་རིགས་གཟི་འབར་བ། །སྒྲོལ་བའི་མགོན་པོས་འདི་ཕྱི་ཀུན་ཏུ་སྐྱོངས། །བདེ་གཤེགས་སྙིང་པོའི་ལེགས་བཤད་ཆོས་ཀྱི་སྒྲ། །ཉན་པར་འདོད་པའི་བློ་གསལ་དོན་གཉེར་ལ། །བསམ་བཞིན་བྱོན་པའི་སྨྲ་བའི་སེང་ཆེན་མཆོག །དངོས་གྲུབ་དཔལ་བཟང་ལྷར་བཅས་ཕྱག་གི་ཡུལ། །གང་ཐུགས་སྡེ་སྣོད་བྱེ་བའི་ཁང་བཟང་ལས། །སྙིང་བོའི་ཆོས་སྒྲ་ལྟ་ངན་སེལ་བའི་སྨན། །སྐལ་ལྡན་བུ་ལ་དོན་ལྡན་གཟིགས་མོ་རུ། །ཟིན་བྲིས་དག་པའི་མགྲོན་དུ་གཉེར་བར་བྱ། །

ཉིན་དང་པོ།

ཉིན་དང་པོ།

ཉིན་དང་པོ།འོ་ལགས་སོ་དེ་ནས་གཞན་སྟོང་འཆད་ཁྲིད་ཅེས་པའི་དྲྭ་གྲོགས་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ་དེ་རིང་གུས་པར་འོས་པ་བདག་ལ་མཚོན་ན་སྤྱིར་ཁྱེད་རྣམས་ལ་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་ལས་བརྩམས་ཏེ་སྔོན་མེད་ལེགས་བཤད་ཅིགདང་ཁ་གསལ་ལ་གོ་བདེ་བ་དེ་འདྲ་བ་ཞིག་གི་སྟེང་ནས་ཁྱེད་རྣམས་ལ་བློ་སྐྱེད་ཐོན་ཡ་དེ་འདྲ་རང་གི་ངོས་ནས་ཡོན་ཏན་མེད་པ་ཞིག་རེད། ཡིན་ན་ཡང་རང་གི་སྔོན་གྱི་ལས་དང་སྨོན་ལམ་གྱིས་འབྲེལ་བའི་དབང་གིས་གཞན་སྟོང་ལ་དད་པ་དང་གུས་པ་ཡོད་མཁན་གྱི་གང་ཟག་ཅིག་རེད། དེའི་རྒྱུ་མཚན་གྱིས་རང་གིས་ཡིན་ན་གཞན་སྟོང་གང་ལ་གང་འཚམས་ཆེད་སྦྱང་དང་སློབ་སྦྱང་ཡོད་མེད་ཀྱི་སྟེང་ནས་ཕྱོགས་གཅིག་ནས་ཅུང་ཟད་རྣམ་པ་ཐམས་ཅད་ལ་རང་གིས་དམ་པ་གོང་མ་རྣམས་ཀྱིས་གསུངས་ཟིན་ཅུང་ཟད་དེ་བསྒྲགས་ན་ཕན་ཐོགས་ཡོད་སྲིད་སྙམ་ནས་ཞུས་པ་ཡིན། དེ་ཡང་བོད་ཁ་བ་གངས་ཅན་གྱི་ལྗོངས་ན་གཞན་སྟོང་དབུ་མ་ཆེན་མོ་དེ་ཁས་ལེན་མཁན་མཁས་པ་མང་པོ་བྱུང་བ་རེད། དེའི་ནང་ནས་ལྷག་པར་དུ་གཞན་སྟོང་དབུ་མ་རྩལ་འདོན་བྱས་ནས་ཆེད་དུ་གསུང་པ་པོ་དེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་གང་ཉིད་ཆགས་ཡོད་པ་དེ་འདྲ་རེད།ཁོང་ཡིན་ན་མདོ་རྒྱུད་དུ་མའི་སྐབས་སུ་ལུང་གིས་གསལ་བར་བསྔགས་པའི་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་རེད།དེས་གསུངས་པའི་གསུང་ཟིན་དེ་ཕར་སྒྲ་སོར་བཞག་བྱས་ནས་རང་གིས་ཡིན་ན་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་དེ་དེའི་ཕྱོགས་ནས་ནམ་རྒྱུན་ཡིན་ན་བཤད་ཀྱིན་ཡོད།དེ་ཡང་རང་ལུགས་ཀྱི་དམ་པ་གོངམ་རྣམས་ཀྱི་གསུང་ཟིན་དེ་ཅུང་ཟད་མི་འདྲ་བ་ཡོང་བའི་སྐབས་དེར་རང་གིས་ཡིན་ན་གཙོ་བོ་ངོ་མ་དེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་དང༌།དེ་བཞིན་དུ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་གཉིས་ཀྱིས་ཐུགས་དགོངས་གཙོ་བོ་གཏད་ས་དེ་གཞིར་བཞག་བྱས་ནས་གཞན་སྟོང་དབུ་མའི་ལྟ་བ་དེ་ཞུས་པ་ཡིན། དེའི་ནང་ནས་ཀྱང་གཙོ་བོ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་གཞན་སྟོང་དབུ་མའི་ལྟ་བ་དེ་གསུངས་ཟིན་ལྟར་དུ་རང་གིས་ཡིན་ན་དེ་འདྲ་ཞིག་གི་སྟེང་ནས་བཤད་ཀྱིན་ཡོད། ཡིན་ན་ཡང་ང་ཚོ་སྔོན་ཆོས་བརྒྱུད་གཞན་དང་གཞན་གྱིས་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་ཀྱི་གཞུང་ལུགས་ལ་ཞིབ་འཇུག་མ་བྱས་པ་དང༌།རྒྱུས་ལོན་མ་བྱས་པའི་དབང་གིས་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་ཀྱི་བཤད་ཚུལ་ལས་ཟུར་བ་ཅིག་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་མང་པོ་ཞིག་བཤད་པ་ཡོང་གི་འདུག དེའི་དབང་གིས་ངརང་ཉིད་ཡིན་ན་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་དེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་བཞེད་མཚམས་ནང་བཞིན་དང་གསུང་ཟིན་ནང་བཞིན་བཤད་དུས་ཇོ་ནང་བས་སྔོན་ཆད་ཡིན་ན་དེ་ལྟར་འདོད་པ་མེད་ཀྱང་དེང་སང་དབུ་མ་ཆེན་མོའི་གཞུང་ལུགས་ལ་ཐག་ཉེ་བོ་ཡོང་གི་འདུག་ཅེས་ཟེར་མཁན་ཡོད་འདུག འོན་ཀྱང་དེ་དག་གིས་སྔོན་ཆད་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་ལ་རྒྱུས་ལོན་མ་བྱས་པའི་དབང་གིས་གཅིག་དང༌།གཞན་ཡང་སྔོན་ཆད་ཆོས་བརྒྱུད་ཕན་ཚུན་ལ་འཐེན་ཁྱེར་དང་ཕྱོགས་རིས་དབང་གིས་ཁས་ལེན་མེད་ན་ཡང་དེ་ལྟར་ཁས་ལེན་གི་རེད་ཞེས་བཤད་མཁན་ཡང་ཡོང་བ་རེད།ཡང་ཁོ་ཚོའི་རིགས་པའི་ཕུལ་གྱིས་དངོས་སུ་ཁས་མ་ལེན་ན་ཡང་ཁོ་ཚོའི་རིགས་པ་གཞིར་བཞག་བྱས་ན་སྐྱོན་བརྗོད་དང་དགག་བཞག་མང་པོ་བྱུང་ཡོད་པ་དེ་འདྲ་རེད། སྔོན་བྱོན་གྱི་ལོ་རྒྱུས་དང་འདས་པའི་རྒྱབ་ལྗོངས་ལ་ལྟ་བ་ཡིན་ན་ཆབ་སྲིད་ཀྱི་དབང་གིས་ཁ་ཡོད་ཚད་ཀྱིས་གཞན་སྟོང་ལ་དགག་པ་ཐོངས་ཟེར་བ་དང༌། ལག་ཡོད་ཚད་ཀྱིས་གཞན་སྟོང་ལ་དགག་པ་ཕྲིས་ཟེར་མཁན་བྱུང་བའི་དབང་གིས་མང་པོ་ཞིག་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་རང་རངགི་སེམས་ན་འཐད་ན་ཡང་ངག་གི་སྒོ་ནས་ལབ་མ་ཐུབ་པ་ཡང་མང་པོ་བྱུང་ཡོད་པ་དེ་ལོ་རྒྱུས་ལ་བལྟས་ན་ཆེས་གསལ་བོ་རེད་སེམས་ཀྱིན་ཡོད།དེ་འདྲ་ཡིན་དུས་ང་ཚོ་གཞན་སྟོང་དབུ་མ་ལ་དད་པ་ཡོད་མཁན་གྱི་གང་ཟག་ཡིན་ན་འདྲ་དད་པ་མེད་པའི་དགག་བཞག་གཏང་དགོས་བསམ་མཁན་ཡིན་ན་ཡང༌། ཀུན་མཁྱེན་དོལ་པོ་པ་ཤེས་རབརྒྱལ་མཚན་གྱི་ལྟ་བ་ཤན་འབྱེད་དང༌།བཀའ་བསྡུ་བཞི་བ། ཕར་ཕྱིན་མདོ་ལུགས་མ།རིཆོས་ངེས་དོན་རྒྱ་མཚོ་ལ་སོགས་པའི་གཞུང་ལུགས་ལ་ལྟ་དགོས་པ་དེ་གལ་ཆེན་པོ་རེད།དེ་བཞིན་རང་ལུགས་ཀྱི་གཞུང་ལུགས་ཉ་དབོན་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་དང༌། ཉ་དབོན་པའི་གཞི་ལམ་འབྲས་གསུམ་དྲིས་ལན་ཡིད་ཀྱི་མུན་སེལ་དང༌།ཀུན་མཁྱེན་ཕྱོགས་རྒྱལ་བའི་རྒྱུད་མཆན་གཞི་ལམ་འབྲས་གསུམ་དྲིས་ལན་ཡང་དག་དོན་གསལ་ལ་སོགས་པ་དང༌། གཞནཡང་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་སྔགས་གཞུང་རྣམས་དང༌།ལྷག་པར་དུ་ཐེག་མཆོག་དབུ་མ་རྩ་འགྲེལ་དང༌།གཞན་སྟོང་དབུ་མའི་རྒྱན་ལ་སོགས་པའི་གཞུང་ལུགས་དེ་དག་ལ་ངེས་པར་དུ་ལྟ་ནས་དགག་པ་བཏང་ན་ཡང་ཕྱོགས་སྔ་མའི་འདོད་པའི་ཉི་མ་དེ་ཤར་ནས་དགག་གཞག་བྱེད་དགོས་པ་ལས་ཕྱོགས་སྔའི་ནམ་མ་ལངས་བར་དགག་གཞག་གི་ཉི་མ་དེ་ཤར་མི་ཐུབ་པ་དེ་འདྲ་རེད། དེས་ན་ཕྱོགས་སྔའི་ནམ་ལངས་བར་བྱས་ནས་དགག་གཞག་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།དེ་ནས་ཕྱོགས་སྔ་མའི་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་ཀྱི་འདོད་པ་དེ་མ་གོ་ན་དགག་པ་བཏང་ཡང་མུན་ནག་ལ་མདའ་འཕེན་ཙམ་མ་གཏོགས་དོན་གྱི་དགག་པ་རྩ་བ་ཉིད་ནས་སོང་མེད་པ་དང༌།དོན་གྱི་དགག་པ་མ་སོང་བ་ཡིན་ན་གཞན་སྟོངདབུ་མའི་ལྟ་བ་འདོད་པ་དེ་མ་གོ་བཞིན་དུ་ཅིག་འདོད་གི་འདུགཉིག་འདོད་གི་འདུག་ཅེས་བཤད་པ་ཡིན་ན་སྒྲོ་འདོགས་སྐུར་འདེབས་ཆགས་འགྲོ་བ་རེད།སྒྲོ་འདོགས་སྐུར་འདེབས་བྱས་པ་དེ་ནི་རྣམ་དཀར་དགེ་བའི་ལས་མ་ཡིན་པར་མི་དགེ་བའི་ལས་ངན་ཚབས་ཆེན་གསོག་འགྲོ་བ་དང༌།རང་གིས་འོལ་ཚོད་ཙམ་ལས་གནས་ཚུལ་མ་མཐོང་བའི་སྐྱོན་སོགས་དེ་འདྲའི་སྐྱོན་མང་པོ་ཡོང་བ་རེད། དེ་ནས་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་ལ་གང་ལ་གང་འཚམས་མོས་པ་ཙམ་དང་རང་རང་སོ་སོའི་དུང་ཞེན་ཙམ་ཡིན་ན་འདྲ།རང་ཉིད་ཇོ་ནང་བ་ཡིན་པའི་ཆ་ནས་ཡང་དུང་ཞེན་ཙམ་གྱིས་གང་ཡང་གོ་ཆོད་པ་མ་རེད།ཁོ་ཇོ་ནང་བ་ཡིན་གཞན་སྟོང་དབུ་མ་འཐད་གི་རེད་གཞན་པ་རྣམས་འཐད་གི་མ་རེད་ལབ་ན་ཆགས་སྡང་དབང་དུ་འགྲོ་ཉེན་ཆེ་ནི་རེད། ཆགས་སྡང་དབང་དུ་སོང་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་གསུངས་པ་ནང་བཞིན་ཆགས་འགྲོ་བ་དེ་འདྲ་རེད།དེའི་ཕྱིར་མདོར་ན་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་རང་གིས་ཤེས་ནས་འཛིན་རྒྱུ་དེ་དངོས་གནས་གལ་ཆེན་པོ་རེད། རང་རང་སོ་སོའི་སྔོན་དུས་སྨོན་ལམ་གྱིས་ཐེབས་པའི་གཞན་སྟོང་དབུ་མ་ཆེན་མོའི་ཆོས་བརྒྱུད་ཀྱི་གྲུབ་མཐའ་འཛིན་པའི་གང་ཟག་ཅིག་ཡིན་ན་རང་གིས་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་ལ་བག་ཆགས་རེ་བཞགགང་ལ་གང་འཚམས་ཤེས་པའི་སྟེང་ནས་ལྟ་གྲུབ་འཛིན་དགོས་པ་དེ་གལ་ཆེན་པོ་རེད་མ་གཏོགས་མ་ཤེས་པར་ཁུ་ཚུར་བཅིང་ནས་ང་ཚོའི་བསྟན་པ་དེ་འཛིན་ཚུལ་ཡོང་གི་མ་རེད།དེ་འདྲ་བྱེད་ན་བསྟན་པའི་བྱ་ར་སྒྲོ་བཏགས་ནས། ཆགས་སྡང་རི་མོར་སོང་བ་ཡིད་རེ་མུག །ཅེས་གསུངས་པ་ནང་བཞིན་ཆགས་འགྲོ་བ་རེད། དེས་ན་ཐམས་ཅད་ཀྱིས་ཆགས་སྡང་གིས་རིས་སུ་མི་བཅདཔར་གལ་ཆེན་པོ་ཞིག་རེད། དེ་ཡང་སློབ་དཔོན་དཔའ་བོས། བདག་ནི་སྟོན་པའི་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་སྡང་མི་བྱ། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ནི་སྟོན་པ་ཡོངས་སུ་འཛིན། །ཞེས་གསུངས་པ་ནང་བཞིན་གྱི་སྒོ་ནས་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་ཡིན་ན་འདྲ་གཞན་གྱི་ལྟ་གྲུབ་ཡིན་ན་འདྲ་མདོར་ན་ཆགས་སྡང་དབང་དུ་མི་འགྲོ་བ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། དེ་ནང་བཞིནདུ་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་འདི་ཉན་པ་ལ་སློབ་དཔོན་ཨརྱ་དེ་ཝའི་དབུ་མ་བཞི་བརྒྱ་བ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་གསུངསཔ་ནང་བཞིན་བློ་གཟུ་བོར་གནས་པ་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གྲོས་དང་དོན་གཉེར་དངལྡན་པ་ཞིག་བསྟན་བཅོས་ཉན་པའི་སྣོད་རུང་ཡིན་པར་གསུངས་ཡོད་པ་རེད།དེ་བཞིན་དུ་རང་རང་སོ་སོ་ཆགས་སྡང་དབང་དུ་མི་འགྲོ་བར་དད་པ་དང་དག་སྣང་ཡོད་ན་རབ་མེད་ན་ཡང་རང་རང་སོ་སོས་ཞིབ་འཇུག་དང་རྒྱུས་ལོན། དེ་ནས་གྲུབ་མཐའི་འདོད་ཚུལ་དང་དེ་ལ་ལུང་རིགས་ཀྱི་རྒྱབ་བརྟེན་དང་བཅས་པའི་སྒོ་ནས་སྒྲུབ་ཚུལ་དེ་གང་འདྲ་ཡོད་པ་སོགས་ཞིབ་འཇུག་བྱས་ནས་གསན་པར་ཞུ།དེ་ནས་གང་འཆད་པར་བྱ་བ་ལ་རང་གིས་སྔོན་རི་ཆོས་ངེས་དོན་རྒྱ་མཚོ་སོགས་གཞུང་ཆེན་རྣམས་ཀྱི་དགོངས་དོན་དེ་ཚུར་ཕྱོགས་གཅིག་ཏུ་ཚིག་ཉུང་ཞིང་དོན་གསལ་བར་བྱེད་པ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཉུང་གསལ་རིན་ཆེན་འཕྲེང་བ་ཞེས་བྱ་བའི་བསྟན་བཅོས་ཞིག་རྩོམ་ཁུལ་བྱས་པ་ཡིན། དེ་རིང་གཞུང་འདིའི་སྟེང་ནས་རྣམ་པ་ཚང་མ་ལ་ཞུ་རྒྱུ་ཡིན། ཡིན་ན་ཡང་འདིའི་ནང་དུ་ཕལ་ཆེ་བ་རི་ཆོས་ངེས་དོན་རྒྱ་མཚོ་སོགས་ཀྱི་གཞུང་ཆེན་དག་གི་གསུང་ཟིན་ཐོན་ཡོད་པ་མ་གཏོགས་གསར་དུ་བརྩམ་པའི་མཆོད་བརྗོད་དང་ཚིག་ཁ་ཤས་མ་གཏོགས་མེད་པར་སྔོན་ཆད་དམ་པ་རྣམས་ལ་རྗེས་བཟློས་བྱས་ནས་བཤད་པ་དེ་འདྲ་ཡིན། དཔེར་ན་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། སྔོན་ཆད་མ་བྱུང་པ་ཡང་འདིར་བརྗོད་མེད། །ཅེས་གསུངས་པ་བཞིན་དུ་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ཟིན་ལྟར་བཤད་ཁུལ་བྱས་པ་ཡིན། སྤྱིར་བཏང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་མཛདཔའི་རི་ཆོས་ངེས་དོན་རྒྱ་མཚོ་ལྟ་བུ་ལ་མཚོན་ན་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་གཏན་ལ་ཕབ་ནས་གསུང་གི་ཡོད་པ་རེད། དེ་ཡང་དང་པོ་གཞི་ལམ་འབྲས་གསུམ་མདོར་བསྟན་ལ་སྦྱར་ནས་དེའི་རྗེས་སུ་གཞིའི་རྣམ་བཞག་རྒྱས་པར་བཤད།དེའི་རྗེས་སུ་ལམ་གྱི་རྣམ་བཞག་རྒྱས་པར་བཤད།དེའི་རྗེས་སུ་འབྲས་བུའི་རྣམ་བཞག་རྒྱས་པར་བཤད་ནས་རི་ཆོས་ངེས་དོན་རྒྱ་མཚོའི་གཞུང་ཡོངས་སུ་རྫོགས་པ་དེ་འདྲའི་ནང་དུ་འགྲོ་གི་ཡོད་པ་དེ་འདྲ་རེད། དེ་དང་མཐུན་པར་གཞུང་འདིའི་སྐབས་སུ་ཡང་གཞི་ལམ་འབྲས་བུའི་རྣམ་བཞག་བཤད་ཁུལ་བྱས་པ་དེ་ཡིན། དེ་ཡང་དཔེར་ན་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་དྲི་མ་སྦྱང་བར་བྱ་བའི་གཞི་བདེ་བར་གཤེགས་པའི་སྙིང་པོ་ལ་ཕྱགའཚལ་ལོ། །དྲི་མ་སྦྱོང་བའི་ལམ་རྡོ་རྗེ་རྣལ་འབྱོར་ལ་ཕྱགའཚལ་ལོ། །དྲི་མ་དག་པའི་གཞི་བྲལ་འབྲས་ཆོས་སྐུ་ལ་ཕྱག་འཚལ་ལོ།།ཞེས་མཆོད་བརྗོད་ཀྱི་སྐབས་སུ་གསུང་པ་ལྟར་དྲི་མ་ཐམས་ཅད་ཀྱི་སྦྱང་བར་བྱ་བའི་གཞི་དེ་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ཆགས་འདུག་ཡོད་པས་ན་དེ་ལ་ཐོག་མར་མཆོད་བརྗོད་མཛད་པ་དེ་འདྲ་རེད། དེས་ན་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་གང་ཟག་རང་རང་སོ་སོ་ལ་གློ་བུར་བའི་དྲི་མས་བསྒྲིབས་པ་རེད་བདེ་བར་གཤེགས་པ་རང་ངོས་ནས་གློ་བུར་གྱི་དྲི་མ་སོགས་ཀྱིས་གང་ཡང་མ་གོས་པར་དག་པ་གཉིས་ལྡན་གྱི་དབྱིངས་ཡིན་ཀྱང་སེམས་ཅན་རང་རང་སོ་སོ་ལ་གློ་བུར་བའི་དྲི་མས་བསྒྲིབས་ནས་མ་མཐོང་བ་རེད།དཔེར་ན་བདག་ཅག་གི་སྟོན་པ་མཉམ་མེད་ཐུགས་རྗེ་ཅན་གྱི་སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པའི་སྐུ་ཞིག་ཡིན་ན་ཡང་ང་ཚོ་སོ་སོ་ལ་གློ་བུར་གྱི་དྲི་མས་བསྒྲིབས་ནས་མཐོང་མ་ཐུབ་པ་དེ་ནང་བཞིན་དུ་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ང་ཚོས་མ་མཐོང་བ་རེད། དེས་ན་དྲི་མ་སྦྱང་བར་བྱ་བའི་གཞི་བདེ་གཤེགས་སྙིང་པོ་དེ་ཆགསཡོད་པ་དེ་འདྲ་རེད།དྲི་མ་སྦྱོང་བྱེད་ཀྱི་ཐབས་དེ་གསང་བ་སྔགས་ཀྱི་དབང་དུ་བྱས་ན་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་སོགས་པ་རྒྱུད་སྡེ་དུ་མའི་སྐབས་ནས་བསྟན་པའི་ཟབ་ལམ་རྡོ་རྗེ་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ལ་སོགས་པ་ཆགས་ཡོད་པས་ན་དྲི་མ་སྦྱོང་བའི་ལམ་རྡོ་རྗེ་རྣལ་འབྱོར་ལ་ཕྱག་འཚལ་ལོ་ཞེས་གསུངས་པ་རེད། དྲི་མའི་དག་པའི་གཞི་མཐར་ཐུག་དེ་གང་ཟག་རང་རང་སོ་སོ་ལ་མངོན་དུ་གྱུར་ཡོང་དུས་བྲལ་བའི་འབྲས་བུ་ཆོས་སྐུ་ལ་ཕྱག་འཚལ་ལོ་ཞེས་གསུངས་ཡོད་པ་དེ་འདྲ་རེད། དེས་ན་རང་ལུགས་ལ་གཞི་འབྲས་དབྱེར་མེད་དུ་འདོད་པའི་ལུགས་ཡིན་པར་གསུང་པ་རེད།གཞིའི་དུས་སུ་བཞུགས་པ་ཁམས་བདེ་བར་གཤེགས་པའི་སྙིང་པོདེ་རེད།དེ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཚེ་ན་ངོ་བོ་ཉིད་སྐུའི་ངོ་བོར་མངོན་དུ་གྱུར་པ་ཡིན་པས་ན་གཞི་འབྲས་དབྱེར་མེད་དུ་འདོད་པའི་ལུགས་དེ་དང༌། དེ་ནསབསྐྱེད་འབྲས་དང་བྲལ་འབྲས་གཉིས་ཀྱི་ནང་ནས་གཙོ་བོ་བྲལ་འབྲས་ཁས་ལེན་པའི་ལུགས་རེད། བསྐྱེད་འབྲས་གཟུགས་སྐུ་རྣམ་པ་གཉིས་ལ་སོགས་པ་མི་འདོད་པ་མ་རེད་འོན་ཀྱང་གཙོ་བོ་བྲལ་འབྲས་ཆོས་སྐུ་དེ་ཁས་ལེན་པ་དེ་འདྲ་རེད། དེ་ཡང་གཞི་འབྲས་དབྱེར་མེད་དུ་གསུངས་པ་དེ་ཡངགཞིའི་དུས་སུ་བཞུགས་པའི་ཁམས་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་དོན་དམ་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ཡིན་པ་རེད། དེ་ནང་བཞིན་གང་ཟག་ལ་ལ་དེ་མངོན་དུ་གྱུར་ནས་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐབས་ཀྱི་ངོ་བོ་ཉིད་སྐུ་དེ་ཡང་སྔར་གྱི་གཞི་ན་བཞུགས་པའི་ཡེ་ཤེས་གང་ཡིན་པ་དེ་མ་གཏོགས་དེ་ལས་གཞན་ཡོན་ཏན་སྔར་མེད་པ་ཞིག་གསར་དུ་ཐོབ་པ་ཞིག་དང༌།སྔར་ཡོད་པའི་དྲི་མ་བསལ་ནས་ཐོབ་པར་བྱ་བ་གངཡང་ཡོད་པ་མ་རེད། དེས་ན་འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ།།ཞེས་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་སུ་གསུང་བ་བཞིན་རེད། དེ་བཞིན་དུ་བསྟན་བཅོས་རྒྱུད་བླ་མ་ལས།ཇི་ལྟར་སྔར་ཡོད་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་སྔར་ཡོད་པའི་ཆོས་ཉིད་ཇི་ལྟ་བ་བཞིན་ཕྱིས་སུ་ཡང་དེ་ནང་བཞིན་དུ་དོན་དམ་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་པ་དེ་འདྲ་གསུངས་ཡོད་པ་རེད།དེའི་རྒྱུ་མཚན་གྱིས་ཆོས་ཉིད་ལ་དོན་དམ་པའི་ཡོན་ཏན་ཐམས་ཅད་རང་གཤིས་སུ་བཞུགས་པ་རེད། དེ་བཞིན་དུ་བསྟན་བཅོས་རྒྱུད་བླ་མ་ལས།འོད་གསལ་བྱས་མིན་དབྱེར་མེད་པས། །འཇིག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་གསུངས་པ་ལྟར་རང་ལུགས་ལ་གཞི་འབྲས་དབྱེར་མེད་དུ་འདོད་པའི་ལུགས་ལྟར་གསུང་གི་ཡོད་པ་དེ་རེད།

མཚན་དོན།

མཚན་དོན།

དེ་ལྟར་སྐབས་འདིར་བསྟན་བཅོས་ཀྱི་མཚན་གཞི་ལམ་འབྲས་བུའི་རྣམ་བཞག་ཅེས་པ་དེ་གཞིའི་རྣམ་བཞག་དང༌། ལམ་གྱི་རྣམ་བཞགའབྲས་བུའི་རྣམ་བཞག་ཉུང་གསལ་རིན་ཆེན་འཕྲེང་བ་ཞེས་པ་དེ་ཚིག་ཉུང་ལ་དོན་གསལ་བ་རིན་པོ་ཆེ་འཕྲེང་བ་ཞེས་བྱ་བའི་བསྟན་བཅོས་གང་ན་བཞུགས་ན་འདི་ན་བཞུགས་སོ། །ཞེས་བསྟན་བཅོས་ཀྱི་མཚན་དེ་འདྲ་བ་རེད། སྤྱིར་བསྟན་བཅོས་སྒེར་གྱི་མཚན་བཏགས་དགོས་པ་དེ་ཡང་གླེག་བམ་དུ་མ་ལས་བཙལ་སླ་བ་ལ་སོགས་པའི་དགོས་པ་ཡོད་པ་དེ་འདྲ་རེད།སྤྱིར་བཏང་ཆོས་གང་དང་གང་ཡིན་ཀྱང་མིང་མ་བཏགས་པ་ཡིན་ན་མིང་གི་སྒོ་ནས་ཆོས་དེ་མ་འདྲེས་པར་སོ་སོར་གོ་མི་ཐུབ་པ་རེད། རྒྱུ་མཚན་དེའི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལངས་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་ཡི་རྨོངས་པབསལ་བའི་ཕྱིར། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེསགསུངས་པ་ནང་བཞིན་དང༌། གཞན་ཡང་བསྟན་བཅོས་ལ་མཚན་བཏགས་པའི་དགོས་པ་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབང་དུ་བྱས་ནས་དབང་པོ་རབ་ཅིག་ཡིན་ན་དབུ་མཚན་མཐོང་བས་དབུ་ཞབས་དོན་ཁོང་ཆུད།ཅེས་གསུངས་པ་ལྟར་དབུའི་མཚན་དེ་ལ་བརྟེན་ནས་དེའི་དབུ་ཞབས་ཀྱི་དོན་ཐམས་ཅད་བདེ་བླག་ཏུ་རྟོགས་ཐུབ་པའི་དགོས་པ་ཡོད་པ་དང༌།དེ་བཞིན་དུ་དབང་པོ་འབྲིང་ཞིག་ཡིན་ན་བསྟན་བཅོས་ཀྱི་མཚན་དེ་ལ་བརྟེན་ནས་གཞུང་གི་བརྗོད་བྱ་རགས་རིམ་ཙམ་རྟོགས་ཐུབ་པ་དང༌། དབང་པོ་ཐ་མ་ཡིན་ན་བསྟན་བཅོས་དང་བསྟན་བཅོས་ཀྱི་མཚན་གཉིས་མིང་དོན་གྱི་འབྲེལ་བ་ངེས་པའི་སྟེང་ནས་ཐ་སྙད་ཀྱི་དུས་སུ་བསྟན་བཅོས་ཀྱི་བརྗོད་བྱ་ལ་སོགས་པ་རྟོགས་པའི་དགོས་པ་ཡོད་པས་ན་བསྟན་བཅོས་ཀྱི་མཚན་བཏགས་པ་དེ་འདྲ་རེད། བསྟན་བཅོས་ཀྱི་མཚན་བཏགས་ལུགས་དེ་ཡང་བརྗོད་བྱའི་སྒོ་ནས་དང༌། དཔེའི་སྒོ་ནས། དེ་བཞིན་དུ་གཞུང་ཚད་ཀྱི་སྒོ་ནས་མིང་བཏགས་པ་ལ་སོགས་པ་དུ་མ་ཡོད་པ་རེད། དཔེར་ན་འབུམ་དང་ཁྲི་བརྒྱད་སྟོང་པ་ཉི་ཁྲི་ལྔ་སྟོང་པ་སུམ་ཅུ་པ་དང་ཉི་ཤུ་པ་ཞེས་པ་ལ་སོགས་པ་གཞུང་ཚད་ཀྱི་སྒོ་ནས་བཏགས་པ་ཡིན་པ་རེད། དེ་ནང་བཞིན་དུ་སྐབས་འདིར་གཞི་ལམ་འབྲས་བུའི་རྣམ་བཞག་དེ་བརྗོད་བྱ་ཡིན་པས་བརྗོད་བྱའི་སྒོ་ནས་བཏགས་པ་རེད། ཉུང་གསལ་ཞེས་པ་དེ་ཚིག་ཉུང་ལ་དོན་གསལ་བར་བརྗོད་པས་ན་བརྗོད་ཚུལ་གྱི་སྒོ་ནས་བཏགས་པ་དེ་འདྲ་རེད།དཔེ་གང་ལ་སྦྱར་བ་རེད་ཞེ་ན་རིན་པོ་ཆེའི་འཕྲེང་བའི་གཟུགས་སུ་བཀོད་ནས་བསྟན་བཅོས་འདིའི་མཚན་བཏགས་ཡོད་པ་དེ་འདྲ་རེད། ཅེས་བྱ་བའི་བསྟན་བཅོས་གང་ན་བཞུགས་ན་འདི་ན་བཞུགས་སོ། །ཞེས་གསུངས་པ་རེད།

མཆོད་བརྗོད།

མཆོད་བརྗོད།

ན་མོ་གུ་རུ་མུ་ནཱིནྟྲཱ་ཡ།ན་མོ་ཞེས་པ་དེ་ཕྱག་འཚལ་བའི་ཚིག་རེདདེ་ཡང་བྱིངས་སྒྲུབ་ཀྱི་དབང་དུ་བྱས་ན་ན་མས་འདུད་པ་ལའོ། །ཞེས་པས་བྱིངས་བཞག་ནས་ས་ར་དག་གི་རྣམ་བཅད་དོ། །ཞེས་པས་ས་རྣམ་བཅད་དུ་བསྒྱུར། དེ་ནས་ཀ་ལཱ་པར་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ། །ཞེས་པས་མའི་སྲོག་གི་ཨ་ཕྲལ།ཧ་ཝ་ལའོ་ཞེས་རྣམ་བཅད་དེ་ཨུ་ཡིག་ཏུ་བསྒྱུར།ཨ་དང་ཨི་འདུས་པ་ཨོ་ཞེས་པའི་ཨ་དང་ཨི་འདུས་པ་ཨོ་རུ་བྱས།དེ་ནས་དབྱིངས་ཀྱིས་དམན་པ་ཕ་རོལཔོ་ཡང་དག་པར་སྦྱོར་རོ་ཞེས་པའི་མདོ་དེ་ལ་བརྟེན་ནས་མ་སྲོག་མེད་ཨོ་ཐོག་ཏུ་དྲངས་བ་ན་ན་མོ་ཞེས་གྲུབ་པ་རེད། གུ་རུ་ཞེས་པ་དེ་ལྕི་བའི་བྱིངས་ཀྱི་སྒོ་ནས་སྒྲུབ་པ་དེ་རེད་དེ་ཡང་གུ་རུ་ཞེས་པ་དེ་སྒྲ་ཐད་སོར་བྱིངས་ཀྱིས་བསྒྱུར་ན་ལྕི་བ་ལ་འཇུག་པ་རེད། དེས་ན་བླ་མ་ཞེས་པ་དེ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་ཁུར་གྱིས་ལྕི་བ་ཡིན་པ་དང༌། རངལ་ཡང་སངས་རྒྱས་ཀུན་ལས་ཀྱང་ལྷག་པར་བཀའ་དྲིན་གྱི་ཁུར་གྱིས་ལྕི་བ་ཡིན་པའི་ཆ་ནས་བླ་མ་ཞེས་པ་དེ་ལྕི་བ་ལ་འཇུག་པ་རེད།དེ་ཡང་ལོ་ཙཱ་བ་རྣམས་ཀྱིས་བོད་སྐད་དུ་བསྒྱུར་བ་དེའི་ཚེ་བླ་མ་ཞེས་པ་དེ་གོང་ན་མེད་པའི་དོན་དུ་བསྒྱུར་བ་དེ་འདྲ་རེད།མུ་ནཱི་ཨིནྟྲཱ་ཞེས་པ་དེ་ཤཀྱཱ་ཐུབ་པ་འམ་ཐུབ་པའི་དབང་པོ་ཞེས་པ་ལ་འཇུག་པ་རེད། དེ་ཡང་མུ་ནཱི་ཨིནྟྲཱ་ཞེས་པའི་ནའི་སྲོག་གི་ཨ་རིང་པོ་ཡོད་པ་དེ་ཨིནྟྲཱ་ཞེས་པའི་ཨི་དང་མུ་ནཱི་ཞེས་པའི་ཨི་གཉིས་འདྲ་བ་འདྲེས་པ་ལ་རིང་པོའོ།།ཞེས་པས་རིང་པོ་བྱས་ནས་ན་སྲོག་མེད་ཨི་ཐོག་ཏུ་དྲང་ནས་མུ་ནཱི་ཨིནྟྲཱ་ཞེས་པ་གྲུབ་པ་རེད། ཡིན་ན་ཡང་དེང་སང་ལེགས་སྦྱར་སྐད་ཀྱི་ཀློག་ཚུལ་ལྟར་ན་མུ་ནི་ན་ཏྲ་ར་ཡ་ཞེས་སོ་སོར་ཀློག་གི་ཡོད་པ་རེད་འོན་ཀྱང་བོད་ཀྱི་ཀློག་ཚུལ་ལྟར་ན་མུ་ནཱིཏྲ་ཡ་ཞེས་འབོད་བཞིན་ཡོད་པ་དེ་རེད་སྤྱིར་ལེགས་སྦྱར་སཾ་སྐྲི་ཏའི་སྐད་ཀྱི་དབང་དུ་བྱས་ན་པ་དང་ར་བཏགས་ཞིག་ཡོད་ན་པ་ར་ཞེས་སྒྲ་སོ་སོར་ནས་ཀློག་གི་ཡོད་པ་རེད་འོན་ཀྱང་བོད་སྐད་ཀྱི་དབང་དུ་བྱས་ན་༼པྲ་༽ཞེས་པ་དང་ར་བཏགས་གཉིས་མཉམ་དུ་ཀློག་བཞིན་ཡོད་པ་རེད།དེ་ནས་གོང་གི་མཆོད་བརྗོད་ཀྱི་ཚིག་ཨིནྟྲཱ་ཡ་ཞེས་པའི་ཡ་ཞེས་པ་དེ་ནི་ཕྱག་འཚལ་བ་ལ་བཞི་པའོ། །ཞེས་གསུངས་པ་ལྟར་རྣམ་དབྱེ་བཞི་པ་དགོས་ཆེད་ལ་སྦྱར་ནས་བཤད་པ་རེད། དེ་ཡང་རྣམ་དབྱེ་བཞི་པ་དེ་ལ་ངེ་བྷྱཱཾ་བྷྱས་ཞེས་གཅིག་ཚིག་གཉིས་ཚིག་མང་ཚིག་གསུམ་ཡོད་པ་རེད། སྤྱིར་ལེགས་སྦྱར་སཾ་སྐྲི་ཏའི་སྐད་ཀྱི་དབང་དུ་བྱས་ན་མིང་ཚིག་ཏུ་གྲུབ་བྱེད་ཀྱི་སི་སོགས་ཀྱི་རྣམ་དབྱེ་ཉེར་གཅིག་དང་བྱིངས་དེ་ཉིད་ཚིག་ཏུ་གྲུབ་བྱེད་ཀྱི་ཏི་སོགས་ཀྱི་རྣམ་དབྱེ་བརྒྱ་དང་བརྒྱད་ཅུ་ཡོད་པའི་ནང་ནས་མིང་དེ་ཚིག་ཏུ་གྲུབ་བྱེད་ཀྱི་སི་སོགས་རྣམ་དབྱེ་ཉེར་གཅིག་ཡོད་པའི་ནང་ནས་རྣམ་དབྱེ་དང་པོ་སི་ཨཽ་ཛས་ཞེས་པ་དེ་རྣམ་དབྱེདང་པོ་དང༌། ཨམ་ཨཽ་ཤས་ཞེས་པ་རྣམ་དབྱེ་གཉིས་པ་དང༌། ཊཱ་བྷྱཱཾ་བྷིས་ཞེས་པ་རྣམ་དབྱེ་གསུམ་པ། ངེ་བྷྱཱཾ་བྷྱས་ཞེས་པ་རྣམ་དབྱེ་བཞི་པ་རེད། རྣམ་དབྱེ་བཞི་བ་འདི་ལ་གཅིག་ཚིག་གཉིས་ཚིག་མང་ཚིག་གསུམ་ཡོད་པ་རེད།དེ་ཡང་སྐབས་འདིར་ངེ་ཞེས་པ་རྣམ་དབྱེ་བཞི་པ་གཅིག་ཚིག་སྦྱིན་པ་རེད་ངེ་ཞེས་པའི་ང་བརྗོད་དོན་ཡིན་པས་ཕྱིས། ཨཱེ་ཨ་ཡ་འོ། །ཞེས་པས་ཨེ་ཨ་ཡ་རུ་བསྒྱུར་ནས་ཨསྲོག་མེད་ཀྱི་སྟེང་དུ་ར་དང་ན་སོགས་དབྱངས་ཀྱིས་དམན་པ་ཕ་རོལ་པོ་ཡང་དག་པར་སྦྱོར་རོ་ཞེས་པའི་མཚམས་སྦྱར་བ་དེ་རེད། དེས་ན་ལེགས་སྦྱར་སཾ་སྐྲི་ཏའི་སྐད་ཀྱི་དབང་དུ་བྱས་ནས་བླ་མ་དང་ཐུབ་པའི་དབང་པོ་ལ་ཕྱག་འཚལ་ལོ་ཞེས་སྒྲ་ཐད་ལོག་ཏུ་བསྒྱུར་ན་དེ་འདྲ་རེད།དེ་ནས་ཚོགས་གཉིས་རྒྱ་མཚོ་རྣམ་དག་རྒྱ་ཆེན་ལས་འཁྲུངས་རྣམ་དག་སྐུ་བཞིའི་བང་རིམ་ཅན། །མཁྱེན་བརྩེའི་ཕུན་ཚོགས་ཉི་ཟླས་རབ་མཛེས་འཕྲིན་ལས་འོད་འཕྲེང་དྲ་བ་ཅན། །བགྲང་ཡས་འགྲོ་རྣམས་ཞི་བསིལ་ཕན་བདེའི་འབྲས་བུའི་ས་ལ་འགོད་མཛད་པ། །ཐུབ་དབང་རི་རྒྱལ་ལྷུན་པོ་མཆོག་ལ་སྒོ་གསུམ་དང་བས་གུས་ཕྱག་འཚལ། །ཞེས་གསུངས་པ་དེ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་རྒྱ་མཚོའི་གཟུགས་སུ་བཀོད་ནས་ཚོགས་གཉིས་པོ་དེ་ལས་འཁྲུངས་པའི་ངོ་བོ་ཉིད་སྐུ་དང༌། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་སྟེ་སྐུ་བཞིའི་བང་རིམ་ཅན་ཞེས་པ་ཆོས་མངོན་པའི་ལུགས་ལྟར་ན་རིའི་རྒྱལ་པོ་རི་རབ་བང་རིམ་བཞི་པ་ཅན་གསུངས་པ་ལྟར་རིའི་རྒྱལ་པོའི་བང་རིམ་གྱི་གཟུགས་སུ་བཀོད་པ་དེ་རེད།ལོ་རྒྱུས་ལྟར་ན་ཡང་རྒྱ་མཚོ་སྲུབ་པ་ལས་རི་རབ་བྱུང་བ་ཡིན་པ་རིག་བྱེད་ཀྱི་གཏམ་རྒྱུད་ན་ཡོད་པ་རེད།དེ་ཡང་སྙན་ངག་མཁན་ལ་ཅི་ཡང་རྒྱན་ཞེས་གསུངས་པ་ལྟར་གཟུགས་རྒྱན་དུ་བཀོད་པ་ཡིན།སངས་རྒྱས་བཅོམ་ལྡན་འདས་སམ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཁྱེན་པ་དང་བརྩེ་བའི་ཕུན་ཚོགས་དེ་ཉི་ཟླའི་གཟུགས་སུ་བཀོད་ནས་དཔེར་ན་རིའི་རྒྱལ་པོ་རི་རབ་ཀྱི་མཐའ་སྐོར་ན་ཉི་ཟླའི་གཟུགས་དེ་ཉིད་མཛེས་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་ཀྱི་མཁྱེན་པ་དང་བརྩེ་བའི་ཕུན་ཚོགས་དེ་ཉིད་རབ་ཏུ་མཛེས་པ་ཡིན་པ་དེ་རེད།ཉི་མ་དང་ཟླ་བའི་འོད་འཕྲེང་གི་འོད་འཕྲོས་ནས་འཇིག་རྟེན་གྱི་མུན་པ་སེལ་བར་བྱེད་པ་བཞིན་སངས་རྒྱས་ཀྱི་མཁྱེན་བརྩེ་ནུས་པ་འཕྲིནལས་ཀྱི་འོད་དཀར་འཕྲེང་བ་ལ་བརྟེན་ནས་བགྲང་ཡས་འགྲོ་བ་སེམས་ཅན་མཐའ་ཡས་པའི་མཐའ་དག་གི་སྡུག་བསྔལ་མ་ལུས་པ་ཉེ་བར་ཞི་བའི་ཞི་བསིལ་གྱིས་ཕན་པ་དང་བདེ་བའི་ས་ལ་འགོད་པར་མཛད་པ་ཐུབ་པའི་དབང་པོ་དེ་རིའི་རྒྱལ་པོ་རི་རབ་ཀྱི་གཟུགས་སུ་བཀོད་ནས་ཐུབ་དབང་རི་རྒྱལ་མཆོག་ལ་ལུས་ངག་ཡིད་གསུམ་དང་བའི་སྒོ་ནས་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ཕྱག་འཚལ་ལོ་ཞེས་བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་བརྗོད་མཛད་པ་དེ་རེད།དེ་ཡན་ཆད་དུ་མཆོད་བརྗོད་སོང་ཟིན་པ་རེད།མཆོད་བརྗོད་མཛད་པའི་དགོས་པ་གང་ཡིན་ཞེ་ན་སྤྱིར་སྐྱེས་བུ་དམ་པ་ཞིག་ཡིན་ན་སྔོན་དུ་རང་གི་ལྷག་པའི་ལྷ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ཡིན་པ་དེ་རེད།བསྟན་བཅོས་ལ་མཚོན་ན་མགོར་མཆོད་པར་བརྗོད་པ་དེ་རྩོམ་པ་པོ་རང་ཉིད་སྐྱེས་བུ་དམ་པ་ཡིན་པར་མཚོན་བྱེད་དུ་ཐོག་མར་མཆོད་བརྗོད་ཡོང་བ་དེ་འདྲ་རེད། བདག་དང་བདག་ལྟ་བུ་ལ་མཚོན་ན་ཡུལ་དམ་པ་ལ་མཆོད་པར་བརྗོད་པ་ཡིན་ན་བསོད་ནམས་ཀྱི་ཚོགས་གསོག་པ་ཡིན་པ་དེ་དང་བསོད་ནམས་ཀྱི་ཚོགས་བསགས་ན་བསྟནབཅོས་རྩོམ་པའི་བྱ་བ་དེ་ལེགས་པར་མཐར་ཕྱིན་པ་ཡོང་ཐུབ་པ་རེད་དེའི་ཆེད་དུ་མཆོད་པར་བརྗོད་པ་ཡིན།དེ་ཡང་མདོ་རྒྱ་ཆེན་རོལ་པའི་སྐབས་སུ།བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་པ་བཞིན་བསོད་ནམས་ཀྱི་ཚོགས་བསགས་པའིཆེད་དུ་མཆོད་པར་བརྗོད་པ་རེད།མཆོད་བརྗོད་མཛད་པ་དེ་ལ་བརྟེན་ནས་ཕྱིའི་བར་ཆད་བགེགས་རིགས་ལ་སོགས་པ་བར་ཆདཐམས་ཅད་དབྱིངས་སུ་ཞི་ནས་བསྟན་བཅོས་རྩོམ་པ་མཐར་ཕྱིན་པ་ཡོང་བའི་ཆེད་ཡིན་པ་དེ་འདྲ་རེད།སྤྱིར་ང་ཚོ་ལ་བར་ཆད་ཕྱིའི་མི་དང་མི་མ་ཡིན་པ་ལ་སོགས་པའི་བར་ཆད་གཅིག་དང༌། ནང་འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་ལ་སོགས་པ་དང་ནང་གསང་བ་རྣམ་རྟོག་གི་བར་ཆད་སོགས་བར་ཆད་དེ་འདྲ་མང་པོ་ཡོད་པ་དེ་རེད། དེས་ན་ནངགསང་བ་རྣམ་རྟོག་གི་བར་ཆད་སོགས་དེ་དག་ཐམས་ཅད་སེལ་བའི་ཆེད་དུ་བསྟན་བཅོས་ཀྱི་དབུར་ཐོག་མར་མཆོད་བརྗོད་མཛད་པ་དེ་འདྲ་ཡིན།དེ་ཡན་ཆད་དུ་མཆོད་བརྗོད་དེ་སོང་ཟིན་པ་རེད།

རྩོམ་པར་དམ་བཅའ་བ།

རྩོམ་པར་དམ་བཅའ་བ།

དེ་ནས་བསྟན་བཅོས་ཀྱི་རྩོམ་པར་དམ་བཅའ་བ་ནི། གཞི་འབྲསདབྱེར་མེད་ངེས་གསང་ཡང་དག་ལྟ། །ཞི་ལྷག་སྒོམ་པའི་རིམ་གཉིས་རྣལ་འབྱོར་ལམ། །རྒྱལ་བའིབཀའ་བཞིན་སྒྲུབ་པའི་སྤྱོད་པ་ཀུན།།མ་འདྲེས་མདོར་བསྡུས་ཙམ་ཞིག་བརྗོད་པར་བྱ། །ཞེས་གཞི་བདེ་གཤེགས་སྙིང་པོ་དང་བྲལ་འབྲས་ཆོས་སྐུ་དེ་གཉིས་དབྱེར་མེད་པགཞིའི་ཆོས་ཉིད་གང་ཡིན་པ་འབྲས་བུའི་ཆོས་ཉིད་ཡིན་པ་དང་འབྲས་བུའི་ཆོས་ཉིད་གང་ཡིན་པ་གཞིའི་ཆོས་ཉིད་ཡིན་པ་དེ་གཉིས་ཀ་ངོ་བོ་ཉིད་སྐུ་དང་སངས་རྒྱས་ཡིན་པ་དོན་དམ་འདུས་མ་བྱས་ཀྱི་ཆོས་ཀྱི་སྐུ་ཡིན་པ་ལ་སོགས་པ་གོང་དུ་ཞུས་ཟིན་པ་ནང་བཞིན་རེད། དེས་ན་གཞི་འབྲས་དབྱེར་མེད་ཀྱི་ངེས་དོན་གྱི་ཡང་དག་པའི་ལྟ་བ་དང༌།སྐབས་འདིར་བརྗོད་བྱ་དེ་གཞི་ལམ་འབྲས་གསུམ་ལས་བརྩམས་ཏེ་གསུང་ཡོད་པས་ན་བརྗོད་བྱ་དང་མཐུན་པའི་སྒོ་ནས་རྩོམ་པར་དམ་བཅའ་བ་རེད། ལམ་ལ་ལྟ་སྒོམ་སྤྱོད་གསུམ་ཡོད་པའི་ནང་གི་ངེས་གསང་ཡང་དག་པའི་ལྟ་བ་དེ་སྐབས་འདིའི་ལྟ་བ་རེད། དེ་ནས་ཞི་ལྷག་སྒོམ་པའི་ཐེག་པ་ཆེན་པོའི་བླ་ན་མེད་པའི་དབང་དུ་བྱས་ནབསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ལ་སོགས་པ་ཞི་ལྷག་སྒོམ་པའི་རིམ་གཉིས་ཀྱི་རྣལ་འབྱོར་གྱི་ལམ་དང་རྒྱལ་བའི་བཀའ་བཞིན་དུ་སྒྲུབ་པའི་སྤྱོད་པ་ཀུན་དེ་ལྟ་སྒོམ་སྤྱོད་གསུམ་ལས་སྤྱོད་པ་ཀུན་མ་འདྲེས་པར་ཚིག་མདོར་བསྡུས་པའི་སྒོ་ནས་མདོར་བསྡུས་ཙམ་ཞིག་བརྗོད་པར་བྱ་ཞེས་རྩོམ་པར་དམ་བཅའ་མཛད་པ་དེ་འདྲ་རེད།རྩོམ་པར་དམ་བཅའ་མཛད་པའི་དགོས་པ་ཡང་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་རང་གིས་ཁས་བླང་བའི་དམ་བཅའ་དེ་དམ་བཅའ་མ་འགྲུབ་བར་དུ་དམན་པའི་ལམ་ལ་སོགས་པ་མི་ལྟུང་བ་ཡིན་པ་བཞིན་སྐབས་འདིར་ཡང་དེ་བཞིན་དུ་རྩོམ་པར་དམ་བཅའ་མཛད་པ་དེ་རེད། དེས་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་གཉིས་བསྟན་པའི་བསྟན་བཅོས་ཤེས་རབ་སྡོང་པོའི་སྐབས་སུ།དམ་པ་རྣམསཀྱི་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བའི་ཁས་ནི་བླང་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་དམ་པ་རྣམས་ཀྱིས་མ་བརྟགསམ་དཔྱད་པར་བྱ་བ་མང་པོ་ཁས་ལེན་མི་བྱེད་པ་དང་བརྟགས་ཤིང་དཔྱད་ནས་རང་གི་བྱ་བ་དེ་ཁས་བླངས་བ་ནས་བཟུང་བྱ་བ་མཐར་མ་ཕྱིན་གྱི་བར་དུ་སྔར་གྱི་དམ་བཅའ་དེ་འདོར་ནས་བྱ་བ་གཞན་ལ་མི་འཇུག་པ་རེད།དེའི་ཕྱིར་ན་མཆོད་བརྗོད་ཀྱི་རྗེས་སུ་རྩོམ་པར་དམ་བཅའ་མཛད་པ་རེད། དཔེར་ན་ང་ཚོའི་སོར་བྱང་སྔགས་གསུམ་གྱི་སྡོམ་པ་གང་ཁས་བླང་བ་ཡིན་ན་ཁས་བླང་བ་དང་དམ་བཅས་པ་དེ་ལ་དམ་བཅའ་གནས་ཐུབ་པ་ཡིན་ན་འཇིག་རྟེན་གྱི་མི་གཞི་ལ་བསམ་བློ་བཏང་ན་མི་གཞི་བརྟན་པོ་དང་ཚིག་ཐོག་ཅན་ཞིག་ཏུ་བརྩི་བཞིན་ཡོད་པ་རེད། དེ་བཞིན་དུ་སྐྱེས་བུ་དམ་པ་ཞིག་ཡིན་ན་རང་གིས་ཁས་བླང་བའི་དམ་བཅའ་དེ་དང་པོ་བརྟགས་ཤིང་དཔྱད་ནས་འཇུག་དགོས་པ་དང་བྱ་བ་གང་སྒྲུབ་པ་ཡིན་ན་དང་པོ་བརྟགས་ཤིང་དཔྱད་ནས་འཇུག་དགོས་པ་གལ་ཆེན་པོ་རེད། རང་གི་བརྟགས་ཤིང་དཔྱད་པ་དེ་ཕན་པ་དང་དོན་འབྲས་ཡོད་པ་དང་དེ་སྒྲུབ་ཐུབཔ་ཡིན་ནས་བཟུང་རང་གིས་བརྩོན་པ་མི་འདོར་བར་བྱ་བ་མཐར་ཕྱིན་བྱེད་དགོས་པ་རེད། ཡིནན་ཡང་རང་གིས་བྱ་བ་གང་སྒྲུབ་པ་ཡིན་ན་བྱ་བ་དེ་རྩོམ་ནས་བྱ་བ་དེ་མ་ལེགས་པ་དང་ཉེས་སྐྱོན་ཅན་འགྲུབ་མི་ཐུབ་པ་མཐོང་ན་དེ་ལ་ཨུ་ཚུགས་བྱས་པ་ལ་དོན་མེད་རེད། འོན་ཀྱང་བསྟན་བཅོས་འདི་ལྟ་བུ་རྩོམ་པ་བྱས་པ་ལ་དགོས་པ་ཁྱད་པར་ཅན་དང་གདུལ་བྱ་ལ་ཕན་ཐོགས་པ་ཡིན་ན་བརྩོན་འགྲུས་བསྐྱེད་དགོས་པ་རེད། སྤྱིར་སངས་རྒྱས་རྣམས་ཀྱི་མཛད་པ་འཕྲིན་ལས་མཆོག་ཏུ་གྱུར་པ་དེ་གསུང་གི་མཛད་པ་ཡིན་པ་དེ་འདྲ་རེད།དེས་ན་གདུལ་བྱ་རྣམས་ལ་ཆོས་བསྟན་ནས་འཁོར་བའི་ལམ་ནས་དྲང་དགོས་པ་ཡིན་པ་དེ་སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་ལས།འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ལོ། །ཞེསགསུངས་པ་ལྟར་དང༌། དེ་བཞིན་དུ་ཆེད་དུ་བརྗོད་པའི་ཚོམ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་བཀྲུབར་མི་བྱ་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་བས་ཀྱང་ནི་མ་ཡིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་འགྱུར་གྱི། །ཞེས་གསུངས་པ་ལྟར་ཆོས་ཉིད་བདེན་པ་བསྟན་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དགོས་པ་ཡིན་ན་གསུང་གི་མཛད་པ་འཕྲིན་ལས་དེ་མཆོག་ཏུ་གྱུར་བ་རེད། དེས་ན་བསྟན་བཅོས་རྩོམ་པའི་བྱ་བ་དེ་ཧ་ཅང་ལེགས་པ་དང་བྱ་བ་བཟང་ཤོས་ཡིན་པའི་ཆ་ནས་རང་གི་བྱ་བ་དེ་མཐར་མ་ཕྱིན་གྱི་བར་དུ་བརྩོན་པ་མི་འདོར་བའི་ཆེད་དུ་རྩོམ་པར་དམ་བཅའ་མཛད་པ་དེ་རེད། གཙོ་བོ་རྩོམ་པར་དམ་བཅའ་ལ་བརྟེན་ནས་ཕྱི་ནང་གི་བར་ཆད་ཀྱི་ནང་ནས་ནང་གི་བར་ཆད་དང༌། ནང་གི་བར་ཆད་ཀྱི་ནང་ནས་ཀྱང་བྱེ་བྲག་ཕྱི་བཤོལ་གྱི་ལེ་ལོ་དང་སྒྱུད་ལུག་པའི་ལེ་ལོ་ལ་སོགས་པའི་དབང་དུ་མི་འགྲོ་བར་རྩོམ་པ་མཐརཕྱིན་པའི་ཆེད་དུ་རྩོམ་པར་དམ་བཅའ་མཛད་པ་རེད། དེ་རིང་མཚམས་འདི་ནས་འཇོག་རྒྱུ་ཡིན། །

ཉིན་གཉིས་པ།

ཉིན་གཉིས་པ།

འོ་དེ་ནས་ཁ་སང་གི་མཚམས་ནས་ཞུས་པ་ཡིན་ན་དེ་ལ་འདིར་གསུངསཔ་དེ་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་འཆད་པ་ལ་གཞི་ལམ་འབྲས་བུའི་རྣམ་བཞག་ཉུང་གསལ་རིན་ཆེན་འཕྲེང་བ་འདིར་ངེས་དོན་མདོ་བཅུ་དང་སྙིང་པོའི་མདོ་བཅུ་སོགས་དང་སྤྱིར་འཁོར་ལོ་ཐ་མའི་མདོ་ལ་ངེས་དོན་མདོ་བཅུ་དང་སྙིང་པོའི་མདོ་བཅུ་ཞེས་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེས་དེ་འདྲའི་དབྱེ་བ་མཛད་ནས་གསུངས་ཡོད་པ་རེད། དེ་ལྟར་གསུང་དོན་གང་ཡིན་ཞེ་ན་ངེས་དོན་གྱི་མདོ་ཞེས་པ་དེ་གཙོ་བོ་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གྱི་ནང་ནས་ཡོངས་གྲུབ་དེ་ཉིད་གནས་ལུགས་དང་གཤིས་ལུགས་སུ་གྲུབ་པ་ཡིན་པ་དང་ཀུན་བཏགས་གཞན་དབང་རྣམས་འཁྲུལ་བའི་ངོར་སྣང་ཙམ་ལ་ལྟོས་ནས་ཀུན་རྫོབ་ཏུ་ཡོད་པ་མ་གཏོགས་དོན་དམ་གནས་ལུགས་ལ་མེད་པ་ལ་སོགས་པའི་ཤན་ལེགས་པར་ཕྱེ་ནས་གསུངས་པས་ངེས་དོན་མདོ་བཅུ་ཞེས་གསུངས་པ་རེད།སྙིང་པོའི་མདོ་དེ་ངེས་དོན་མདོ་བཅུ་དང་ཁྱད་པར་དེ་སྙིང་པོའི་མདོའི་སྐབས་སུ་གཞི་བདེ་བར་གཤེགས་པའི་སྙིང་པོ་དེ་སེམས་ཅན་ཐམས་ཅད་དམ་བརྟན་དང་གཡོ་བ་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་པའི་དོན་དམ་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པས་བརྒྱན་པའི་སྐུ་རང་གཤིས་སུ་བཞུགས་ཡོད་པར་གསུངས་པའི་མདོ་དེ་དག་ལ་སྙིང་པོའི་མདོ་ཞེས་གསུངས་པ་རེད། དཔེར་ན་མདོ་སྡེ་དགོངས་པ་ངེས་འགྲེལ་དེ་ངེས་དོན་གྱི་མདོཡིན་པ་ལས་སྙིང་པོའི་མདོ་ཡིན་པར་མ་བཞག་པ་རེད། མ་བཞག་པའི་རྒྱུ་མཚན་ཡང་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་དོན་དམ་གཤིས་ལུགས་ལ་གྲུབ་མ་གྲུབ་ཀྱི་ཁྱད་པར་ལེགས་པར་རྣམ་པར་ཕྱེ་ནས་གསུངས་པ་མ་གཏོགས་བདེ་བར་གཤེགས་པའི་སྙིང་པོ་དེ་དོན་དམ་པའི་མཚན་བཟང་གིས་བརྒྱན་པའི་སྐུ་ཡིན་པ་དང་དོན་དམ་པའི་ཡོན་ཏན་ཐམས་ཅད་རང་གཤིས་སུ་བཞུགས་པ་ལ་སོགས་པས་རྩལ་འདོན་བྱས་ནས་མ་གསུངས་པ་རེད།དེའི་རྒྱུ་མཚན་གྱིས་ངེས་དོན་མདོ་བཅུ་དང་སྙིང་པོའི་མདོ་བཅུ་སོ་སོར་བཞག་པ་དེ་རེད། ཡིན་ནཡང་དེ་དག་ཐམས་ཅད་ངེས་དོན་གྱི་མདོ་ཡིན་ནམ་ཞེ་ན་ངེས་དོན་གྱི་མདོ་རེད། ཡིན་ན་ཡང་སྙིང་པོའིམདོ་དེ་ངེས་དོན་གྱི་མདོ་བཅུ་དང་སྙིང་པོའི་མདོ་གཉིས་སུ་ཕྱེ་བའི་ངེས་དོན་གྱི་མདོ་མ་ཡིན་པ་དེ་འདྲ་རེད། ངེས་དོན་གྱི་མདོ་དང་སྙིང་པོའི་མདོའི་ཁྱད་པར་དེ་འདྲ་རེད། དེ་ནས་སྐབས་འདིར་ངེས་དོན་གྱི་མདོ་དང་སྙིང་པོའི་མདོ་བཅུ་སོགས་ཞེས་པའི་སོགས་སྒྲས་བསྡུས་པ་སྤྱིར་རྒྱུད་སྡེ་བཞི་དང་དེའི་ནང་ནས་སྔགས་བླ་ན་མེད་པའི་རྒྱུད་དང་དེའི་ནང་ནས་ཡང་གཙོ་བོ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་ལ་སོགས་པ་དེ་དང༌། དེ་བཞིན་དུ་སེམས་འགྲེལ་སྐོར་གསུམ་ལ་སོགས་པ་ལ་བརྟེན་པ་ཡིན་པ་རེད། དེའི་རྒྱུ་མཚན་གྱིས་ང་རང་གིས་གཞི་ལམ་འབྲས་བུ་བཤད་པའི་རྟེན་སའི་གཞུང་ལུགས་དེ་ངོས་བཟུང་བ་དེ་རེད། ཁ་སང་ང་རང་ཉིད་ཀྱིས་ཡིན་ན་ངེས་དོན་མདོ་བཅུ་དང་སྙིང་པོའི་མདོ་བཅུ་གྲངས་འདྲེན་ཙམ་ཡིག་ལམ་ནས་བཏང་ཟིན་པ་དེ་ཡིན། སྙིང་པོའི་མདོ་བཅུ་དང་ངེས་དོནམདོ་བཅུ་ཞེས་པ་དེ་གཙོ་བོ་སྙིང་པོའི་མདོ་ལྔ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུང༌། ལྷ་མོ་དཔལ་འཕྲེང་སེངྒེ་ང་རོ་ཞེས་པའི་མདོ། རྔ་བོ་ཆེའི་མདོ། སོརམོའི་འཕྲེང་བ་ལ་ཕན་པའི་མདོ་ལྔ་དེ་སྙིང་པོའི་མདོ་ལྔ་ཞེས་གསུངས་པ་རེད། དེའི་སྟེང་དུ་སྟོང་ཉིད་ཆེན་པོའི་མདོ་དང༌། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་བསྟན་པའི་མདོ། སྤྲིན་ཆེན་པོའི་མདོ་རྒྱས་པ་དང༌། མྱ་ངན་ལས་འདས་པའི་མདོ་རྒྱས་བསྡུས་གསུམ་ལ་གཅིག་ཏུ་བྱས་པ་དེ་དག་སྙིང་པོའི་མདོ་བཅུ་གྲངས་འདྲེན་དེ་ལྟར་གསུངས་པ་རེད། ངེས་དོན་གྱི་མདོ་ལྔ་ནི་ཤེར་ཕྱིན་ལྔ་བརྒྱ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ཆ་གཉིས་བྱམས་ཞུས་སུ་གྲགས་པ་གཉིས་གཅིག་ཏུ་བསྡུས་པ་དང༌། རྒྱན་སྟུག་པོ་བཀོད་པའི་མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོ། དཀོན་མཆོག་སྤྲིན་གྱི་མདོ་རྣམས་དེ་རེད། དེ་རྣམས་ཀྱི་སྟེང་དུ་གསེར་འོད་དམཆེན། དགོངས་པ་ངེས་པར་འགྲེལ་བ། ལངས་ཀར་གཤེགས་པ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ།སངས་རྒྱས་ཕལ་པོ་ཆེ་རྣམས་ངེས་དོན་གྱི་མདོ་བཅུ་ཡིན་པར་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་གསུངས་འབུམ་ནང་ལོགས་སུ་དེ་ལྟར་གསུངས་ཡོད་པ་རེད། དེའི་སྟེང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་འགྲེལ་བ་ལ་རྗེ་བཙུན་བྱམས་པ་མགོན་པོ་ལས་ལྷག་མེད་པ་རེད་མེད་པའི་རྒྱུ་མཚན་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་གྱི་མདོའི་སྐབས་སུ་སྐྱེ་བ་གཅིག་ཏུ་ཐོགས་པ་རྗེ་བཙུན་བྱམས་པ་མགོན་པོ་ལ་དྲིས་ཤིག་དང་དེས་ལན་སྟོན་པར་འགྱུར་རོ། །ཞེས་ལུང་བསྟན་པ་ནང་བཞིན་དུ་ས་བཅུའི་དབང་ཕྱུག་རྗེ་བཙུན་བྱམས་པ་མགོན་པོ་ལ་བརྟེན་པ་རེད། དེ་ཡང་རྗེ་བཙུན་བྱམས་པའི་གསུང་བྱམས་ཆོསསྡེ་ལྔ་སོགས་ལ་བརྟེན་ནས་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་གི་སྒོ་ནས་གཏན་ལ་ཕབ་ནས་བཤད་པ་དེ་འདྲ་རེད། དེ་བཞིན་དུ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་འབྱུང༌། །བསྟན་བཅོས་དེ་ནི་དོན་ལ་མཁས།།མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་དྲང་ངེས་འབྱེད་པར་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པ་འཕགས་པ་ཐོགས་མེད་ཞབས་ཀྱིས་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་རྒྱ་ཆེར་རྒྱུད་བླ་ཐོགས་འགྲེལ་གྱི་སྐབས་སུ་གསུངས་ཡོད་པ་དེ་དང༌། དེ་བཞིན་དུ་ཐེག་པ་ཐུན་མོང་མ་ཡིན་པའི་སྡོམ་ཐེག་བསྡུས་དང༌། ཐུན་མོང་གི་སྡོམ་མངོན་པ་ཀུན་ལས་བཏུས་པ། ས་སྡེ་ལྔ་ལ་སོགས་པའི་སྐབསསུ་གཞན་སྟོང་དབུ་མའི་ལྟ་གྲུབ་ཀྱི་གཞིའི་རྣམ་བཞག་གསུངས་ཡོད་པ་རེད། དེ་ཡང་ས་སྡེ་ལྔའི་སྐབས་སུ་གཙོ་བོ་ཐུན་མོང་གི་རྣམ་བཞག་བྱམས་ཆོས་སྡེ་ལྔ་སོགས་ལ་བརྟེན་ནས་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་དེ་འདྲ་ཞིག་གི་སྟེང་ནས་གསུངས་ཡོད་པ་རེད། ས་སྡེ་ལྔའི་སྐབས་སྐབས་རེ་ཉན་ཐོས་དང་རང་སངས་རྒྱས་གཉིས་ཀྱི་གང་ཟག་གི་བདག་མེད་ཙམ་རྟོགས་པ་དང་སྐབས་རེ་མདོ་སྡེ་བའི་འདོད་པ་ཕྱོགས་རེ་སྟོན་པ་དང་སྐབས་རེ་སེམས་ཙམ་པའི་འདོད་པ་བསྟན་པ་མེད་པ་མ་རེད།འོན་ཀྱང་དེ་དག་རང་གཞུང་དུ་འགྱུར་བ་མ་རེད། དཔེར་ན་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་མདོའི་སྐབས་སུ་ཉན་ཐོས་ཀྱི་ཐེག་པ་བསྟན་ཀྱང་ཉན་ཐོས་ཀྱི་སྡེ་སྣོད་དུ་འགྱུར་མིདགོས་པ་བཞིན་རང་ལུགས་ཀྱི་གཞུང་རྣམས་ཀྱི་སྐབས་སུ་གསུངས་ཡོད་པ་དེ་འདྲ་རེད། དེ་བཞིན་དུ་འཕགས་པ་ཐོགས་མེད་ཀྱི་དངོས་སློབ་གཅུང་སློབ་དཔོན་དབྱིག་གཉེན་གྱིས་གཙོ་བོ་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་ཡུམ་གསུམ་གནོད་འཇོམས་ཀྱི་སྐབས་སུ་གསུང་ཡོད་པ་རེད། ཡུམ་གསུམ་གནོད་འཇོམས་མཁས་པ་ཁ་ཅིག་སློབ་དཔོན་དབྱིག་གཉེན་གྱི་གསུང་མ་ཡིན་པར་འདོད་མཁན་བྱུང་ཡོད་པ་རེད། འོན་ཀྱང་བོད་གངས་རིའི་ལྗོངས་ཀྱི་མཁས་པའི་དབང་ཕྱུག་བུ་སྟོན་ཐམས་ཅད་མཁྱེན་པ་དང་ཀུན་མཁྱེནདོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་ཕར་ཕྱིན་མདོ་ལུགས་མའི་སྐབས་སུ་སློབ་དཔོན་དབྱིག་གཉེན་གྱི་ཡིན་པར་གསུང་ཡོད་པ་རེད། དེ་བཞིན་དུ་རང་ལུགས་ཇོ་ནང་བའི་ལུགས་ལ་ཡང་སློབ་དཔོན་དབྱིག་གཉེན་གྱིས་གསུང་ཡིན་པར་སྒྲུབ་ཀྱི་ཡོད་པ་རེད། དེཡང་གཙོ་བོ་ཀུན་མཁྱེནདོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་དངོས་སློབ་ལོ་ཙཱ་བ་ཆོས་གྲགས་དཔལ་སོགས་ཀྱིས་བོད་དཔེ་མང་པོ་དང་རྒྱ་དཔེ་གཉིས་སོགས་ལ་གཏུགས་ནས་བསྒྱུར་བཅོས་མཛད་པའི་གནོད་འཇོམས་ཀྱི་མཛད་བྱང་སྐབས་སུ་རྒྱ་དཔེ་རང་ན་སློབ་དཔོན་དབྱིག་གཉེན་གྱིས་མཛད་ཅེས་དེ་འདྲའི་གསུང་ཡོད་པ་ལོ་ཙཱ་བ་ཆོས་གྲགས་དཔལ་སོགས་ཀྱིས་མཛད་པའི་མཇུག་བྱང་ན་གསུངས་ཡོད་པ་རེད། དེས་ན་སློབ་དཔོན་དབྱིག་གཉེན་གྱིས་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་གཙོ་བོར་ཡུམ་གསུམ་གནོད་འཇོམས་སྐབས་སུ་གསུངས་ཡོད་པ་རེད། གཞན་ཡང་པྲ་ཀ་ར་ཎ་སྡེ་བརྒྱད་སོགས་དང་གཞན་འགྲེལ་དུ་བརྩམ་པ་དུ་མ་ཞིག་དང་དེ་བཞིན་དུ་མདོ་སྡེ་རྒྱན་གྱི་དབྱིག་འགྲེལ། འབྱེདརྣམ་གཉིས་ཀྱི་དབྱིག་འགྲེལ་སོགས་ཀྱི་སྐབས་སུ་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་གསལ་བར་གསུངས་པ་རེད། སློབ་དཔོན་རང་ཉིད་ཀྱིས་མཛད་པའི་མངོན་པ་མཛོད་དེའི་མཇུག་ཏུ་བདག་གིས་མངོན་པའི་ཆོས་ནི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཅེས་གསུངས་པ་ལྟར་ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་སུ་བྱས་ནས་གསུངས་ཡོད་པ་རེད། མཛོད་རང་འགྲེལ་དེ་གཙོ་བོ་མདོ་སྡེ་བའི་འདོད་པའི་དབང་དུ་བྱས་ནས་གྲུབ་མཐའ་སོ་སོའི་གདུལ་བྱའི་ཁམས་དབང་དང་མཐུནཔའི་སྒོ་ནས་མཛད་ཡོད་པ་རེད། དེ་བཞིན་དུ་སྤྲོས་བྲལ་རིག་པའི་ལུང་བསྟན་པའི་དཔལ་མགོནའཕགས་པ་ཀླུ་སྒྲུབ་ཀྱིས་གཙོ་བོ་གཞན་སྟོང་དབུ་མའི་ལྟ་གྲུབ་རྒྱ་ཆེར་གསུངས་ཡོད་པ་དེ་བསྟོད་ཚོགས་དྲུག་གི་སྐབས་སུ་གསལ་བར་གསུང་ཡོད་པ་རེད། དབུ་མ་རིགས་ཚོགས་དྲུག་གི་སྐབས་སུ་གཞན་སྟོང་དབུ་མའི་ལྟ་གྲུབ་མ་བསྟན་པ་མ་རེད་དེ་དག་གི་སྐབས་སུ་མྱ་ངན་འདས་པ་བདེན་གཅིག་པུ་ཞེས་སོགས་ཀྱིས་གཞན་སྟོང་གི་ལྟ་གྲུབ་གསུངས་ཡོད་པ་རེད༌། དབུ་མ་རྩ་ཤེས་ཀྱི་སྐབསསུ་ཆོས་ཐམས་ཅད་བདེན་དངོས་སུ་གྲུབ་པ་དགག་པ་རེད། ཀུན་མཁྱེན་ཉ་དབོན་པའི་བསྟན་པ་སྤྱི་འགྲེལ་རྣམ་བཤད་ཀྱི་སྐབས་སུ་གསུངས་ཡོད་པ་རེད་མ་གཏོགས་དོན་དམ་བདེན་པ་བདེན་གྲུབ་ཡིན་པ་དེ་ཅུང་ཟད་ཙམ་ཡང་དགག་མེད་པ་དེ་འདྲ་རེད། རྒྱུ་མཚན་དེའི་ཕྱིར་ན་དབུ་མ་རྩ་བ་ཤེས་རབ་དེ་ཡང་གཞན་སྟོང་དབུ་མ་ཆེན་མོའི་རང་ལུགས་ལ་རང་གཞུང་དུ་བཀྲལ་བ་མ་ཟད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་ཨརྱ་དེ་བ་གཉིས་དབུ་མ་པའི་སྤྱིའི་སློབ་དཔོན་ཡིན་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གསུངས་ཡོད་པ་བཞིན་དཔལ་མགོན་འཕགས་པ་ཀླ་སྒྲུབ་ཀྱི་གཞུང་དེ་དག་ཡང་རང་ལུགས་ཀྱི་རང་གཞུང་དུ་བཀྲལ་གི་ཡོད་པ་རེད། དེའི་ནང་དོགས་གཅོདལྟ་བུ་བྱས་པ་ཡིན་ན་ཀ་ལའི་འཇིགས་མེད་དེ་རང་འགྲེལ་མ་རེད་རང་འགྲེལ་གྱི་དོན་ཡོད་པ་མ་རེད་དེའི་རྒྱུ་མཚན་རྩ་བ་ཤེས་རབ་རབ་བྱེད་ཉེར་བདུན་པའི་སྐབས་ཀྱི་ཀ་ལའི་འཇིགས་མེད་ཀྱི་སྐབས་སུ་འཕགས་པ་ལྷས་ཀྱང༌། ཉན་པ་པོ་དང་མཉན་བྱ་ལ། །སྨྲ་བ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་ལུང་དྲང་བཞག་ཡོད་པ་རེད། དེས་ན་སློབ་དཔོན་གྱིས་སློབ་མའི་ལུང་དྲང་བ་མ་རེད། དེས་ན་ཀ་ལའི་འཇིགས་མེདརང་འགྲེལ་མ་རེད་ཟེར་ནས་དེ་འདྲའི་དོགས་པ་གཅོད་མཁན་ཡོད་པ་རེད། ཡིན་ན་ཡང་ཉན་པ་པོ་དང་མཉན་བྱ་ལ་ཞེས་པ་དེ་དབུ་མ་བཞི་བརྒྱ་བའི་ནང་དུ་ཡོད་པ་གཞིར་བཞག་རེད་འོན་ཀྱང་དབུ་མ་བཞི་བརྒྱ་བའི་ནང་ན་ཡོད་ན་དེའི་སྔ་རོལ་དུ་མེད་པར་སྒྲུབ་མི་ཐུབ་པ་རེད། ཡིན་ཡང་གཞུང་ཁ་ཅིག་གི་སྐབས་སུ་འཕགས་པ་ལྷའི་གསུངས་པ་དེ་རྗེས་སུ་མཆན་གྱི་སྐྱོན་ཤོར་བ་ཡིན་པར་སྔོན་བྱོན་གྱི་སྐྱེས་བུ་དམ་པ་མང་པོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མང་པོ་ཡོད་པ་རེད། ཇོ་ནང་རང་ལུགས་ལ་མཚོན་ན་ཀ་ལའི་འཇིགས་མེད་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རང་འགྲེལ་ཡིན་པ་གསུངས་ཡོད་པ་རེད། ཀ་ལའི་འཇིགས་མེད་ཀྱི་སྐབས་དེར་དོན་དམ་བདེན་པའམ་ཆོས་ཀྱི་དབྱིངསདེ་དོན་དམ་པར་གྲུབ་པ་ཞེས་ཚིག་ཟིན་ལ་གསལ་བར་མང་པོ་ཐོན་ཡོད་པ་རེད། དེས་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཀ་ལའི་འཇིགས་མེད་སོགས་ཆོས་ཉིད་དེ་དོན་དམ་དུ་ཡོད་པའི་ལུང་མང་པོ་ཞིག་གོང་ནས་བཤད་ཡོད་པ་དེ་འདྲ་རེད། རྒྱ་གཞུང་མང་པོའི་སྐབས་སུ་ཡང་དག་པར་གྲུབ་པ་དང་དོན་དམ་པར་གྲུབ་པ་བདེན་པར་གྲུབ་པ་ཞེས་པ་དེ་དག་ལེགས་སྦྱར་སཾ་སྐྲི་ཏའི་སྐད་ཀྱི་དབང་དུ་བྱས་པ་ཡིན་ན་སྐད་དོད་ཐུན་མོང་ལས་གཞན་མེད་པ་ལྟ་བུ་ཆགས་ཡོད་པ་དེ་འདྲ་རེད།དེའི་དབང་གིས་དོན་དམ་བདེན་པ་དེ་གནས་ལུགས་སུ་གྲུབ་པ་དང༌། དོན་དམ་པར་གྲུབ་པ་ཡང་དག་པར་གྲུབ་པ་ཡིན་པ་ལུང་དེ་དག་གི་སྒོ་ནས་གྲུབ་པ་རེད། དཔལ་མགོན་འཕགས་པ་ཀླུ་སྒྲུབདེ་ལ་སྤྲོས་བྲལ་རིག་པ་ལུང་བསྟན་པ་ཡིན་པའི་རྒྱུ་མཚན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡོད་དང་མེད་པའི་ཕྱོགས་གཅིག་པ་ཞེས་སོགས་འཕགས་པ་ཀླུ་སྒྲུབ་ལུང་བསྟན་པའི་སྐབས་སུ་རབ་ཏུ་དགའ་བའི་ས་ཐོབ་སྟེ། །བདེ་བ་ཅན་དེར་དེ་འགྲོའོ། །ཞེས་སོགས་ཀྱི་སྐབས་སུ་ཡོད་མཐའ་དང་མེད་མཐའ་ལ་སོགས་པ་སྤྲོས་པ་དང་བྲལ་བ་རིག་པར་ལུང་བསྟན་པ་རེད། དེ་ནས་བོད་ཁ་བ་གངས་ཅན་ལ་མཚོན་ན་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དང༌། དེའི་སྲསཀུན་མཁྱེན་ཉ་དབོན་པ་དང་ཀུན་མཁྱེན་ཕྱོགས་རྒྱལ་བ་སོགས་ཀྱིས་གཞན་སྟོང་དབུ་མའི་ལྟ་གྲུབ་རྒྱ་ཆེར་མཛད་པ་རེད། དེ་བཞིན་དུ་ཀུན་མཁྱེན་དོལ་པོ་པའི་སློབ་མ་ཞིང་སྟོན་པ་བསོད་ནམསགྲགས་ཀྱིས་རྒྱུད་བླ་མའི་འགྲེལ་བ་བཀའ་འཁོར་ལོ་ཐ་མའི་གསལ་བྱེད་སོགས་ཀྱིས་སྐབས་སུ་གཞན་སྟོང་དབུ་མའི་ལྟ་གྲུབ་གསལ་བར་གསུང་ཡོད་པ་རེད། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་གཙོ་བོ་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་གཞན་སྟོངདབུ་མ་དེ་གཞི་ལམ་འབྲས་བུ་གསུམ་གྱི་སྒོ་ནས་གཙོ་བོ་གཏན་ལ་ཕབ་ནས་བཀའ་བསྡུ་བཞི་པའི་སྐབས་སུ་གསུམ་ལྡན་གཉིས་ལྡན་རྩོད་ལྡན་སོགས་བསྟན་པ་བསྲེ་སླད་ཀྱི་སྐྱོན་ཅན་དང་བྲལ་བར་བྱས་ནས་བཀའ་རྣམ་དག་སྐྱོན་མེད་གཏན་ལ་ཕབ་པའི་བཀའ་བསྡུ་བཞི་པ་མཛད་པ་དེ་འདྲ་རེད།བཀའ་བསྡུ་བ་མཛད་ལུགས་མཛད་ཚུལ་དེ་སྔོན་རྒྱ་གར་འཕགས་པའི་དབང་དུ་བྱས་པ་ཡིན་ན་དགྲ་བཅོམ་པ་ལྔ་བརྒྱ་ལ་སོགས་པ་དཔང་བོར་བཞག་ནས་བཀའ་བསྡུ་མཛད་པ་རེད། ཀུན་མཁྱེན་རིན་པོ་ཆེ་རང་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་སྡེ་ལྔ་བརྒྱ་དཔང་བོར་བཞག་ནས་བཀའ་བསྡུ་མཛད་པ་རེད། བཀའ་བསྡུ་མཛད་པ་དེ་སྤྱིར་བསྟན་པ་དག་ཐེར་བྱས་ནས་བསྟན་པ་བསྲེ་སླད་ཅན་ལ་སོགས་པ་བསྲེ་སླད་ཅན་ཡིན་པ་དང་བསྟན་པ་སྐྱོན་མེད་དག་གཙང་དུ་སྒྲུབ་པའི་སྟེང་ནས་བཀའ་བསྡུ་མཛད་པ་རེད། བཀའ་བསྡུ་བཞི་བའི་སྐབས་སུ་གཙོ་བོ་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཡེ་ཤེས་ཡིན་པ་རྩལ་འདོན་བྱས་ནས་དོན་དམ་པའིམཚན་ཡང་དག་པར་བརྗོད་པའི་ལུང་མང་པོའི་སྒོ་ནས་དབྱིངས་དེ་ཉིད་ཡེ་ཤེས་ཡིན་པ་རྩལ་འདོན་བྱས་ནས་གསུངསཡོད་པ་རེད། དེ་ནས་ལྟ་བ་ཤན་འབྱེད་ཀྱི་སྐབས་སུ་ཡོད་མེད་ཡིན་མིན་གང་ཡང་མ་ཡིན་པ་བཀག་ནས་མེད་པ་མ་ཡིན་ན་ཡོད་པ་ཡིན་དགོས་པ་དང་ཡོད་པ་མ་ཡིན་ན་མེད་པ་ཡིན་དགོས་པ་དང་ཡོད་མེད་བར་ན་ཕུང་གསུམ་མེད་པ་གསུངས་ཡོད་པ་རེད། ལྟ་བ་ཤན་འབྱེད་རང་ཉིད་ཀྱི་སྐབསསུ་དབུལ་བའི་ཕུང་བོ་གསེར་རྣམ་དག །ཡོད་མེད་དྲིས་པས་ཡོད་མེད་ཅེས། །སྨྲ་ན་གསེར་མེད་མི་ཤེས་སམ། །ཞེས་དང་དེ་ཉིད་ལས་ཡོད་མེད་བར་ན་ཕུང་གསུམ་མེད། །ཅེས་སོགས་ཡོད་མེད་བར་ན་ཕུང་གསུམ་པ་མེད་པ་ཡིན་པ་དང༌། དེ་བཞིན་དུ་རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་སོགས་གཞན་སྟོང་དབུ་མའི་ལྟ་བ་རྒྱ་ཆེར་བཀྲལ་བ་དེ་བོད་ཁ་བ་གངས་ཅན་པའི་ལྗོངས་འདིརགཞན་སྟོང་དབུ་མའི་ཤིང་རྟའི་སྲོལ་འབྱེད་དེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཡིན་པ་དང་དེའི་སློབ་མ་ཀུན་མཁྱེན་ཕྱོགས་རྒྱལ་བ་དང་ཀུན་མཁྱེན་ཉ་དབོན་པ་སོགས་ཡབ་སྲས་བཅོ་ལྔ་སོགས་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་མང་པོ་སྐབས་དེ་དུས་བྱོན་ཡོད་པ་རེད། ཡིན་ན་ཡང་རྗེས་སུ་ཇོ་ནང་བའི་བརྒྱུད་འཛིན་དེ་ཧ་ཅང་དར་མ་ཐུབ་པ་དེ་གཙོ་བོ་ཁོང་རྣམས་ཀྱིས་ཉམས་ལེན་དང་རི་ཁྲོད་ལ་འགྲིམ་ནས་སློབ་མ་མང་པོ་མ་བསྐྱང་བའི་དབང་གིས་རྗེས་ནས་རིམ་གྱིས་ཇོ་ནང་བའི་བསྟན་པ་འཕེལ་རྒྱས་མ་བྱུང་བ་རེད། དེའི་རྗེས་སུ་ཆོས་བརྒྱུད་ཕན་ཚུན་ལ་རྙོག་གྲ་དང་སྤྱིར་བཏང་བོད་ཁ་བ་གངས་ཅན་པའི་དམག་འཁྲུག་ལ་སོགས་པའི་དབང་གིས་བསྟན་པ་ལ་ཉམས་ཉེས་མང་པོ་བྱུང་བ་རེད་མ་གཏོགས་ཁོང་རྣམས་ཀྱི་སྐབས་དེ་དུས་གཞན་སྟོང་དབུ་མའི་ལྟ་བ་དེ་བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་ཧ་ཅང་དར་ཁྱབ་བྱུང་ཡོད་པ་དེ་འདྲ་རེད།དེ་ནས་ཀུན་མཁྱེན་དོལ་པོ་པ་ཡབ་སྲས་འདས་ནས་ལོ་སུམ་བརྒྱ་ལ་ཉེ་བའི་མཚམས་ན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཕེབས་ནས་ཁོང་གིས་ཐེག་མཆོག་དབུ་མ། གཞན་སྟོང་དབུ་མའི་རྒྱན་དང་སྔགས་བླ་མེད་ཀྱི་རྒྱུད་སྡེ་དུ་མའི་འགྲེལ་བ་རྒྱ་ཆེར་མཛད་ནས་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་ཉིད་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་རང་ཉིད་ཀྱིས་མ་དར་བ་རྣམས་སུ་དར་བ་དང་དར་བ་རྣམས་དག་ཅིང་འཕེལ་བ་དང་ཉམས་པ་རྣམས་གསོ་བར་བྱས་ནས་ཁོང་གིས་སྨོན་ལམ་བཏབ་པ་བཞིནདུ་དར་ཁྱབ་མཛད་པ་རེད། ཡིན་ན་ཡང་དེའི་རྗེས་སུ་བསྟན་པ་འཁྲུགས་རྩོད་ལ་སོགས་པས་བསྟན་པ་ཉམས་ཆག་བྱུང་བའི་དབང་གིས་ཧ་ཅང་དར་ཁྱབ་མ་བྱུང་བ་རེད། དེ་འདྲའི་མཁས་གྲུབ་རྣམསཀྱི་གསུངས་ལ་བརྟེན་ནས་གཞི་ལམ་འབྲས་བུའི་རྣམ་བཞག་ཚིག་ཉུང་ལ་དོན་གསལ་བའི་སྒོ་ནསམདོ་ཙམ་བཤད་པ་ལ། ས་བཅད་དང་པོ་གཞིའི་རྣམ་བཞག་དང༌། གཉིས་པ་ལམ་གྱི་རྣམ་བཞག

དང་པོ་གཞི་ཐུན་མོང་གི་རྣམ་བཞག

དང་པོ་གཞི་ཐུན་མོང་གི་རྣམ་བཞག

གསུམ་པ་འབྲས་བུའི་རྣམ་བཞག་སྟེ་ས་བཅད་གསུམ་གྱི་རྣམ་བཞག་བྱས་ནས་བཤད་པ་རེད།དེའི་ནང་ནས་དང་པོ་གཞིའི་རྣམ་བཞག་ལ་གཞི་ཐུན་མོང་དང༌། གཞི་ཐུན་མོང་མ་ཡིན་པ་གཉིསཡོད་པ་ལས། དེའི་ནང་ནས་གཞི་ཐུན་མོང་བ་ལྟ་བུ་ལ་མཚོན་ན་གཞི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་སོགས་སྣང་གྲགས་ཀྱིས་བསྡུས་པའི་ཀུན་རྫོབ་ཀྱི་ཆོས་རྣམས་ཐུན་མོང་གི་གཞི་ཡིན་པ་དང༌། ཐུན་མོང་མ་ཡིན་པའི་གཞི་བདེ་བར་གཤེགས་པའི་སྙིང་པོ་ལ་ལྟོས་ནས་ཀུན་རྫོབ་ཀྱི་ཆོས་རྣམས་ཐུན་མོང་གི་གཞི་ཆགས་ཡོད་པ་རེད། མདོར་ན་ཕུང་ཁམས་སྐྱེ་མཆེད་བདེན་པ་བཞི་སོགས་རྣམ་ཤེས་ལ་སྣང་ཞིང་སྒྲ་རྟོག་ལ་གྲགས་པའི་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཐུན་མོང་གི་གཞི་ཞེས་བྱ་བ་བཞག་དགོས་པ་རེད། བདག་དང་རྟག་པ་ལ་སོགས་པའི་གཞི་ཞེས་མིང་འདོགས་པའི་རྒྱུ་མཚན་བདག་ཏུ་མ་གྲུབ་པ་ལ་བདག་ཏུ་སྒྲོ་འདོགས་པའི་གཞི་དང༌། རྟག་པ་མ་ཡིན་པ་ལ་རྟག་པར་སྒྲོ་འདོགས་པའི་གཞི་ཡིན་པས་ན་གཞི་ཞེས་བྱ་བ་དེ་དང༌། ཡང་སྡུག་བདེན་ལ་སོགས་པ་ཕུང་པོ་དེ་དག་བདག་མེད་དུ་གཏན་ལ་ཕབ་པའི་གཞི་དང་མི་རྟག་པར་གཏན་ལ་འབེབས་པའམ་ཤེས་པར་བྱ་བའི་གཞི་ཡིན་པས་ན་གཞི་ཞེས་བྱ་བ་དེ་དང༌། མི་རྟག་པ་དང་བདག་མེད་སོགས་ཁྱད་ཆོས་རྣམས་ཀྱི་རྟེན་ནམ་ཆོས་ཅན་ཡིན་པའི་རྒྱུ་མཚན་གྱི་ཡང་གཞི་ཞེས་བྱ་བ་བརྗོད་ན་ཆོག་པ་རེད། དེ་ཡང་ཆོས་མངོན་པའི་མདོའི་སྐབས་སུ། དེ་བཞིན་ཕུང་པོ་ཁམས་དབངརྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཇི་བཞིན་ནི། །ཡིད་ལ་བྱེད་པ་དག་ལ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་གཞི་ཐུན་མོང་པའི་རྣམ་བཞག་གསུངས་པ་དང༌། དེ་བཞིན་དུ་བསྟན་བཅོས་མངོན་རྟོགས་རྒྱནལས། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་གཞི་ཕུང་ཁམས་སྐྱེ་མཆེད་རྣམས་དང་གཞི་ཤེས་ཀྱི་རྣམ་པ་སོ་བདུན་དང་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་ལ་སོགས་པ་དེ་དག་ཐུན་མོང་གི་གཞི་ཡིན་པ་བསྟན་པ་རེད། དེ་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་རྒྱས་པར་ས་སྡེ་ལྔ་དང་སྡོམ་རྣམགཉིས་དང་ས་བཟང་གི་མངོན་པ་ཀུན་བཏུས་འགྲེལ་བསོགས་ལས་རང་ལུགས་ཐུན་མོང་གི་གཞིའི་རྣམ་བཞག་རྒྱས་པར་གསལ་བར་གསུངས་ཡོད་པའི་རྒྱུ་མཚན་གྱིས་དེར་ཤེས་པར་བྱའོ། །ཞེས་ཞལ་འཕང་མཛད་པ་རེད། སྐབས་འདིར་གཙོ་བོ་གཞི་ཐུན་མོང་མ་ཡིན་པའི་རྣམ་བཞག་གཞི་ལམ་འབྲས་གསུམ་ཐུན་མོང་མ་ཡིན་པ་གཙོ་བོ་རྩལ་འདོན་བྱས་ནས་བཤད་པའི་སྐབས་ཡིན་པས་ན་གཞིའི་རྣམ་བཞག་ཐུན་མོང་བ་དེ་ཙམ་མ་གཏོགས་མ་བཤད་པ་རེད། དེ་ནས་འདི་མན་ཆད་དུ་གཞི་ཐུན་མོང་མ་ཡིན་པའི་རྣམ་བཞག་འཆད་ཀི་ཡོད་པ་དེ་འདྲ་རེད།དེ་རིང་དེ་ཙམ་གྱིས་མཚམས་འཇོག་བྱེད་རྒྱུ་ཡིན།

ཉིན་གསུམ་པ།ཉིན་གསུམ་པ།

ཉིན་གསུམ་པ།ཉིན་གསུམ་པ།

གཉིས་པ་གཞི་ཐུན་མོང་མ་ཡིན་པ་ནི།ཆོས་ཉིད་དོན་དམ་འོད་གསལ་བའི་ཆོས་སྐུའི་གཏེར་ཆེན་པོ་གཤེགས་སྙིང་རིགས་འདུས་ཆོས་ཅན་བརྟན་དང་གཡོ་བ་ཀུན་ལ་ནམ་མཁའ་ལྟར་ཁྱབ་ཀྱང༌། སྒྲིབ་བྱེད་གློ་བུར་གྱི་དྲི་མས་བསྒྲིབས་ནས་མ་མཐོང་བའི་ཆོས་དབྱིངས་དེ་ཉིད་ནི་གཞི་ཐུན་མོང་མ་ཡིན་པ་ཡིན་ལ། ཞེས་པ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་དེ་ཆོས་ཉིད་དེ་དོན་དམ་པ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་གཟིགས་པའི་ཆོས་ཉིད་དེ་ཡང་དོན་དམ་པ་ཡིན་པ་དང་རང་བཞིན་གྱི་དྲི་མ་དང་བྲལ་བའི་འོད་གསལ་བའི་ཡེ་ཤེས་ཡིན་པས་ན་འོད་གསལ་བ་ཞེས་གསུངས་པ་རེད། དེ་ནས་འོད་གསལ་དེ་དོན་དམ་པའི་ཆོས་སྐུའི་ཡོན་ཏན་གྱི་གཏེར་ཆེན་པོ་དོན་དམ་པའི་ཡོན་ཏན་ཐམས་ཅད་པ་རེད། དེ་ཡང་རྒྱུད་བླ་མའི་སྐབས་སུ།རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དོན་དམ་པའི་ཆོས་སྐུའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་པར་གསུངས་པ་རེད། རིགས་ཐམས་ཅད་ཀྱི་འདུསཔའི་བདག་ཉིད་དེ་ཡང་ཆོས་ཅན་བརྟན་པ་གཞི་ཁང་ཁྱིམ་ར་བ་སོགས་སྣོད་ཀྱི་འཇིག་རྟེན་དང་གཡོ་བ་བཅུད་ཀྱི་སེམས་ཅན་ཀུན་ལ་ནམ་མཁའ་ལྟར་ཆོས་ཉིད་ཀྱི་ཚུལ་དུ་ཡོངས་སུ་ཁྱབ་པ་དེ་འདྲ་རེད། དེ་ཡང་ཁྱབ་ཚུལ་དེ་ལ་བསམ་བློ་བཏང་དགོས་ས་ཆགས་ཡོད་པ་རེད། གང་འདྲ་རེད་ཅེ་ན་སེམས་ཅན་ཞིག་གི་ཁོག་པ་ན་གཟུངས་གཞུག་བཞག་པ་ལྟར་རྫས་གྲུབ་ཀྱི་སྐུ་ཞིག་ཡོད་ཅེས་རྩ་བ་ནས་གསུངས་མེད་པ་རེད། ཆོས་ཅན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་འཁྲུལ་བའི་སྣང་བཙམ་ཞིག་རེད་དེ་དོན་དམ་གནས་ལུགས་གཤིས་ལུགས་སུ་མ་གྲུབ་པར་དེ་དག་ཐམས་ཅད་ཀྱི་སྟོང་བའི་གཞི་ལ་ཆོས་ཉིད་ཀྱི་ཚུལ་དུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་བདག་ཉིད་ཅན་ཞིག་བཞུགས་ཡོད་པ་དེ་ལྟར་གསུངས་ཡོད་རེད། དེས་ན་ཁྱབ་ལུགས་ཁྱབ་སྟངས་དེ་གཟུགས་ཅན་ལ་ནམ་མཁས་ཁྱབ་པ་ནང་བཞིན་དུ་ཆོས་ཅན་དེ་དག་ལ་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་པ་ཡིན་པ་རེད། དེས་ན་སེམས་ཅན་ཐམས་ཅད་ལ་ཁྱབ་ཀྱང་སེམས་ཅན་རང་རང་སོ་སོའི་སྒྲིབ་གཉིས་སོགས་གློ་བུར་གྱི་དྲི་མས་བསྒྲིབས་ནས་རང་རང་སོ་སོ་མ་མཐོང་བའི་ཆོས་དབྱིངས་དེ་ཉིད་ནི་སྐབས་འདིར་གཞི་ཐུན་མོང་མ་ཡིན་པ་རེད་ཅེས་གསུངས་པ་རེད།དེས་ན་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཁོ་རང་དྲི་མའི་སྦུབས་སུ་གནས་པ་ཨེ་རེད་ཅེ་ན་དེ་ལྟར་གསུངས་པ་མ་ཡིན་པར་སེམས་ཅན་རང་རང་སོ་སོའི་གློ་བུར་གྱི་དྲི་མས་བསྒྲིབ་པ་དེའི་ཚེ་བདེ་བར་གཤེགས་པའི་སྙིང་པོ་དེ་ལ་གློ་བུར་གྱི་དྲི་མས་སྒྲིབ་ཅེས་པ་གང་ཟག་རང་རང་སོ་སོ་ལ་ལྟོས་པའི་ཐ་སྙད་ཙམ་ཞིག་རྣམ་བཞག་མཛད་པ་མ་གཏོགས་པའི་ཆོས་ཉིད་དེ་ལ་དག་པ་གཉིས་ལྡན་གྱི་དབྱིངས་ངོ་བོ་ཉིད་སྐུ་ཞིག་ཡིན་པ་རེད་དེ་ལ་གློ་བུར་གྱི་དྲི་མས་ནམ་ཡང་སྒྲིབ་ཡོད་པ་མ་རེད། དཔེར་ན་ཉི་མའི་ངོ་བོ་སྤྲིན་གྱིས་ནམ་ཡང་སྒྲིབ་པ་མེད་ཀྱང་ས་གཞི་སྤྲིན་གྱིས་སྒྲིབ་པ་ན་ཉི་མ་སྤྲིན་གྱིས་སྒྲིབ་ཞེས་ཐ་སྙད་མཛད་ཀྱིན་ཡོད་པ་དེ་བཞིན་རེད། དེ་ཡང་ཐམས་ཅད་མཁྱེན་པ་ཏཱར་ནཱ་ཐའི་ཐེག་མཆོག་དབུ་མའི་སྐབས་སུ་ཉིན་བྱེད་སྤྲིན་གྱིས་ནམ་ཡང་མ་སྒྲིབ་མོད། །ས་གཞི་སྤྲིན་གྱིས་ཁེབས་ཚེ་སྐྱེ་བོ་རྣམས། ། ཉི་མ་སྤྲིན་གྱི་སྦུབས་ནང་གནས་ཞེས་སྨྲ། །འགྲོ་བའི་བདེ་གཤེགསསྙིང་པོའང་དེ་དང་མཚུངས། །ཞེས་གསུངས་པ་ནང་བཞིན་རེད། དཔེར་ན་ཉི་མའི་དཀྱིལ་འཁོར་ལ་བསམ་བློ་བཏང་ན་རྫོགས་ལྡན་སྐབས་སུ་དཔག་ཚད་བཞི་ཁྲིའི་ཐད་ཀྱི་ནམ་མཁའ་ལ་རྒྱུ་བ་རེད་གསུམ་ལྡན་དང་གཉིས་ལྡན་རྩོད་ལྡན་གྱི་དུས་སུ་སྤྲིན་དེ་ཉིད་ས་གཞི་དང་སྤྲིན་གཉིས་བར་དུ་དཔག་ཚད་གསུམ་དང་གཉིས་དང་གཅིག་དང་དེང་སང་རྩོད་ལྡན་སྐབས་སུ་ས་གཞི་ལས་དཔག་ཚད་གཅིག་གི་མཚམས་ནས་སྤྲིན་རྒྱུ་བཞིན་ཡོད་པ་དེ་འདྲ་རེད། ཉི་མའི་དཀྱིལ་འཁོར་ལ་སྤྲིན་དེ་ཉིད་ཧ་ཅང་རིང་བར་དཔག་ཚད་ལྔ་བརྒྱ་ལ་སོགས་པ་བར་དུ་ཆོད་པ་རེད་ཡིན་ན་ཡང་ང་ཚོ་ཉི་མ་སྤྲིན་གྱིས་སྒྲིབ་ཅེས་ཐ་སྙད་མཛད་ཡོད་པ་བཞིན་དུ་རྒྱུད་བླ་མའི་སྐབས་སུ་དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །ཅེས་གསུངས་པ་དེ་ཡང་གང་ཟག་རང་རང་སོ་སོ་ལ་དྲི་མས་སྒྲིབ་པ་ན་དེའི་རྒྱུད་ཀྱི་ཆོས་ཉིད་ལ་དྲི་བཅས་དང་སྒྲིབ་པ་མཐའ་དག་བྲལ་བའི་སངས་རྒྱས་ཀྱི་རྒྱུད་ལ་བཞུགས་པའི་ཆ་ནས་དྲི་མེད་ཀྱི་དེ་བཞིན་ཉིད་ཅེས་གསུངས་པ་རེད། དེ་ཡང་ཉ་ཊཱིཀ་ལས་རྒྱུད་དབང་བཙན་པའི་དབང་དུ་བྱས་ན་ཞེས་རྒྱུད་ལྡན་གྱི་གང་ཟག་གི་སྒོ་ནས་བཞག་པ་དང་སྣང་ཚུལ་གྱི་དབང་དུ་བྱས་ནས་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གསུངས་བ་ཡིན་པ་དེ་ལྟར་ངེས་དགོས་པ་རེད། དེ་ནས་དེ་ཡང་ཆོས་ཀྱི་དབྱིངས་དེ་འཁོར་འདས་གཉིས་ཀྱི་ཆོས་ཀུན་གྱི་གཞི་དང་གནས་དང་རྟེན་བྱེད་པས་ན་གཞི་ཞེས་བྱ་བར་ཞེས་གསུངས་པ་རེད། དེ་ལྟ་བུར་གསུངས་པ་དེ་ཡང་རྒྱུད་བླ་ཐོགས་འགྲེལགྱི་སྐབས་སུ་མདོ་དྲངས་ནས་བཤད་པ་ཐོག་མ་མེད་པའི་དུས་ཀྱིདབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་ཐོག་མ་མེད་པའི་ཆོས་ཀྱི་དབྱིངས་དེ་ཆོས་ཐམས་ཅད་ཀྱི་གནས་ཡིན་པ་དང་བདེ་བར་གཤེགས་པའི་སྙིང་པོ་དེ་ཡོད་པས་ན་འགྲོ་བ་སེམས་ཅན་ཀུན་མྱ་ངན་ལས་འདས་པའང་ཐོབ་པ་རེད་ཅེས་གསུངསཔ་རེད། མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི་ཞེས་པ་ནས་གཞི་དང་གནས་དང་རྟེན་ལགས་སོ།།ཞེས་མདོའི་སྐབས་སུ་ཡང་འཁོར་འདས་ཀུན་གྱི་གཞི་དང་གནས་དང་རྟེན་ཡིན་པར་གསུངས་པ་རེད། དེ་བཞིན་དུ་ཀུན་མཁྱེན་ཕྱོགས་རྒྱལ་བའི་གཞི་ལམ་འབྲས་གསུམ་གྱི་ངོ་སྤྲོད་ཡང་དག་དོན་གསལ་གྱི་སྐབས་སུ་ཡང་འཁོར་འདས་ཀྱི་ཆོས་ཀུན་གྱི་གཞི་ཡིན་པས་སམ་ཡང་ན་གློ་བུར་གྱི་དྲི་མ་སྦྱང་བར་བྱ་བའི་གཞི་ཡིན་པས་ན་གཞི་ཞེས་བྱ་སྟེ་དེ་ནི་གཞིའི་དོན་ནོ། །ཞེས་ཀུན་མཁྱེན་ཕྱོགས་རྒྱལ་བས་གསུངས་པ་རེད། དེ་ཡང་འཁོར་འདས་གཉིས་ཀྱི་གཞི་བྱེད་པ་ཡིན་ན་གཞི་བྱེད་ཚུལ་གང་འདྲ་རེད་ཅེ་ན་ཇི་སྐད་དུ། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། ། ཞེས་རང་བཞིན་གྱི་དྲི་མ་ཡེ་གདོད་མ་ཉིད་ནས་རང་གི་རང་བཞིན་ལ་དྲི་མ་གདོད་ནས་མ་ཞུགས་པ་དང་གཉེན་པོ་ལམ་ལ་བརྟེན་ནས་དྲི་མ་གསར་དུ་སྤང་མི་དགོས་པར་དྲི་མས་གདོད་ནས་ཡོངས་སུ་དག་པ་ཡིན་པ་དང་ཉོན་མོངས་གདོད་ནས་དག་པ་རེད། དེ་ཡང་གཟུང་རྒྱལ་གྱིསཞུས་པའི་མདོ་ལས། ཟད་པ་གཉེན་པོ་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་བྱ། །ཞེས་ཉོན་མོངས་སོགས་དྲི་མ་གདོད་ནས་དག་ཚུལ་དཔེར་ན་ཆུའི་རང་བཞིན་ལ་རྙོག་གི་དྲི་མ་མ་ཞུགས་པར་ཆུ་མ་གཡོ་བར་བཞག་པ་ན་རྙོག་རང་བཞིན་དུ་དྭངས་འགྲོ་བ་བཞིན་སྒྲིབ་པ་མཐའ་དག་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་མ་ཞུགས་པར་གཉེན་པོ་ལམ་ལ་བརྟེན་ན་འབྲལ་རུང་བས་ན་ཆོས་ཉིད་ཀྱི་གཤིས་ལ་དྲི་མ་གདོད་ནས་དག་པ་རེད། དེས་ན་ཆོས་ཉིད་དེ་ནི་རང་བཞིན་མྱང་འདས་ཡིན་པ་དང་མྱང་འདས་མཚན་ཉིད་པ་ཡིན་པ་དང་མྱང་འདས་རྣམས་ཀྱི་མཆོག་ཏུ་གྱུར་བ་ཡིན་པ་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་སྨྲ་བ་རྣམས་ཀྱིས་ལུགས་ལ་དེ་ལྟར་ཁས་ལེན་པ་རེད།དེ་ཡང་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། རང་བཞིན་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་བ། །ཞེས་གསུངས་པ་དེ་ཡང་གོ་བ་དེ་ལྟར་ལེན་དགོས་པ་རེད།དེ་མ་ཟད་གཉེན་པོ་ལམ་བསྒོམ་པའི་སྟོབས་ཀྱིས་དྲི་མ་གློ་བུར་བ་ཡོངས་སུ་ཟད་པའི་སྤངས་པ་འགོག་བདེན་དེ་ལ་ཀུན་རྫོབ་ཀྱི་སྤངས་བ་ཞིག་ཡོང་བ་དེ་ནི་མཛོད་རྩ་ལས། བྲལ་བ་བློ་ཡིས་ཟད་པའོ། ། ཞེས་གསུངས་པ་ལྟར་གཉེན་པོ་ལམ་བསྒོམ་པའི་སྟོབས་ཀྱིས་ཟད་པ་དེ་འདྲ་རེད། འདིའིསྐབས་ནས་གདོད་ནས་དག་པའི་མྱང་འདས་དེ་གཉེན་པོ་ལམ་བསྒོམ་པའི་སྟོབས་ཀྱིས་མ་ཡིན་པར་གདོད་མ་ཉིད་ནས་རང་བཞིན་གྱི་དྲི་མ་དེ་གདོད་ནས་རྣམ་པར་དག་པ་ལ་བཤད་དགོས་པ་རེད།དེས་ན་སྤྱིར་ཐར་བ་ཞེས་པ་དེ་གདོད་མ་ཉིད་ནས་དྲི་མ་ཟད་པ་དེ་ཡང་ཐར་བ་ཡིན་པ་རེད། དེ་བཞིནདུ་གཉེན་པོ་ལམ་སྒོམ་པའི་སྟོབས་ཀྱིས་དྲི་མ་ཟད་པ་དེ་ཡང་ཐར་བ་ཞིག་རེད་ཐར་བ་ཞེས་པ་དེ་མདོ་རྒྱན་ལས། དེ་ཕྱིར་ཐར་བ་ནོར་བ་ཟད་ཙམ་ཡིན། །ཞེས་གསུང་པ་བཞིན་ནོར་བ་མ་རིག་པ་སོགས་ཟད་པ་ཡིན་པ་དང་ཟད་པ་དེ་ལ་གདོད་ནས་ཟད་པ་དང་གཉེན་པོ་ལམ་སྒོམ་སྟོབས་ཀྱིསཟད་པ་གཉིས་ཡོད། གོང་དུ་བཤད་པ་ལྟར་བསམ་བློ་གཏང་དགོས་པ་རེད། དོན་དམ་ཆོས་དབྱིངསརང་གི་ངོ་བོ་ལ་དྲི་མས་གདོད་ནས་གོས་མ་མྱོང་བས་དོན་དམ་པའི་མྱང་འདས་ཡིན་ཞིང༌། དེ་ལདམིགས་ནས་ལམ་ཉམས་སུ་བླང་ན་མཐར་མྱང་འདས་ཐོབ་པར་འགྱུར་པའི་རྒྱུ་མཚན་གྱིས་ཞི་བ་མྱང་འདས་ཀྱི་གཞིར་འཇོག་ཚུལ་དེ་འདྲ་རེད། ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་ཐེག་མཆོག་དབུ་མ་ལས། རང་གི་ངོ་བོ་དོན་དམ་མྱ་ངན་འདས། །འདི་ལ་དམིགས་པས་ཞི་བ་ཐམས་ཅད་ཐོབ། །ཅེས་འདི་ལ་དམིགས་ནས་ལམ་སྒོམ་པའི་སྟོབས་ཀྱིས་ཞི་བ་ཐམས་ཅད་ཐོབ་པས་ན་ཞི་བ་མྱང་འདས་ཀྱི་རྟེན་ཡིན་ཚུལ་དེ་ལྟར་གསུངས་པ་རེད། དོན་དམ་ཆོས་དབྱིངསདེ་འཁོར་བའི་གཞི་བྱེད་ཚུལ་གང་འདྲ་རེད་ཞེ་ན། དཔེར་ན་གསེར་ཡོད་ན་གཡའ་འབྱུང་བ་རེད་མེད་ན་མི་འབྱུང་བ་ལྟར་དོན་དམ་ཆོས་དབྱིངས་ཡོད་པའི་མཐུ་ལས་ཟག་བཅས་འཁོར་བ་འབྱུངབ་ཡིན་པ་རེད། དོན་དམ་ཆོས་དབྱིངས་མེད་ན་ཟག་བཅས་ཀྱི་འཁོར་བ་མི་འབྱུང་བ་རེད་ཡིན་ན་ཡང་ཆོས་དབྱིངས་དེས་འཁོར་བའི་རྐྱེན་བྱས་ནས་བསྐྱེད་པ་མ་ཡིན་ཡང་ཆོས་དབྱིངས་ཡོད་པའི་རྟེན་འབྲེལ་གྱི་མཐུ་ལས་འཁོར་བ་འབྱུང་བ་རེད། དོན་དམ་ཆོས་དབྱིངས་དེ་རྟེན་གཞིའི་ཚུལ་དུ་ཡོད་པའི་རྒྱུ་མཚན་གྱི་འཁོར་བ་འབྱུང་བ་དེ་ནི་ཆོས་ཉིད་ཀྱི་རིགས་པ་ཞིག་རེད། དཔེར་ན་ནམ་མཁའ་ལ་སྤྲིན་འབྱུང་ཞེས་པའང་ནམ་མཁའ་དེས་སྤྲིན་དངོས་སུ་བསྐྱེད་པ་མ་ཡིན་ཀྱང་ནམ་མཁའ་དེ་སྤྲིན་སོགས་གློ་བུར་བ་འབྱུང་བའི་གཞིར་འཇོག་པ་བཞིན་དུ་དོན་དམ་ཆོས་དབྱིངས་འོད་གསལ་བའི་ཀུན་གཞིའི་ཡེ་ཤེས་ལ་བརྟེན་ནས་རྣམ་ཤེས་ཚོགས་བརྒྱད་སོགས་མདོར་ན་ཀུན་རྫོབ་འཁོརབས་བསྡུས་པའི་ཆོས་རྣམས་འབྱུང་བ་ཡིན་པ་རེད། དེ་ལྟར་ཡིན་པ་དེ་ཡང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མ་ལས། གསེར་ཡོད་ན་ནི་དེ་ཡི་གཡའ་བཞིན་དུ། །འཁོརབ་ཐོག་མཐའ་མེད་པའང་དེ་ལས་ཤར། །དབྱིངས་དེ་འཁོར་བའི་རྒྱུ་ནི་མིན་མོད་ཀྱང༌། །དེ་མེད་ན་ནི་དེ་ཡང་མི་སྲིད་པས། །མཁའ་ལ་རླུང་གི་དཀྱིལ་འཁོར་རྟེན་ཞེས་ལྟར། །འཁོར་བའི་གཞི་གྱུར་ཞེས་པའི་རྣམ་བཞག་བྱས། །ཞེས་གསུངས་པ་ལྟར་རེད། དེ་ལྟ་བུའི་རང་བཞིན་རྣམ་དག་འོད་གསལ་ཆོས་ཀྱི་དབྱིངས་དོན་དམ་རང་བྱུང་གི་དེ་བཞིན་ཉིད་དེ་ཆོས་ཅན་བརྟན་དང་གཡོ་བ་ཀུན་ལ་ཉེ་རིང་མེད་པར་གདོད་ནས་གཞིའི་ཚུལ་དུ་བཞུགས་པ་ཡིན་ཏེ། རྒྱུད་བླ་མ་ལས། འོད་གསལ་བྱསམིན་དབྱེར་མེད་པའི། །འཇུག་ཅན་གངྒའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་འོད་གསལ་བ་དང་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་མ་ཐག་ཏུ་ཟབ་རྒྱས་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་འོད་གསལ་བའི་སེམས་ཡིན་པར་གསུངས་པ་བཞིན་སྐབས་འདིར་ཡང་འོད་གསལ་བའི་སེམས་ཡིན་པ་དང་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཡིན་པས་ན་ཆོས་ཀྱི་དབྱིངས་ཟེར་ན་འདྲ་ཡང་ན་ཆོསརྣམས་ཀྱི་གཞི་དང་གནས་དང་རྟེན་བྱེད་པའི་ཆ་ནས་ཆོས་ཀྱི་དབྱིངས་གསུངས་པ་རེད། ཆོས་ཀྱི་དབྱིངས་ཀྱི་གོ་དོན་དེ་ཡང་དབུས་མཐའ་རྣམ་འབྱེད་ལས། འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །ཞེསའཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་བདེན་པས་ན་དོན་དམ་དང་རྒྱུ་དང་རྐྱེན་ལས་མ་བྱུང་བས་ན་རང་བྱུང་གི་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་དེ་ལས་གཞན་དུ་མི་འགྱུར་བས་ན་ཆོས་ཅན་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་གཡོ་བ་བཅུད་ཀྱི་སེམས་ཅན་ཉེ་རིང་མེད་པར་གདོད་ནས་གཞིའི་གནས་ལུགས་མཐར་ཐུག་གི་ཚུལ་དུ་བཞུགས་པ་དང་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་པ་དང་ཡིན་ལུགས་གནས་ལུགས་མཐར་ཐུག་ཏུ་བཞུགས་ཡོད་པ་དེ་འདྲ་རེད། དཔེར་ན་ཀུན་རྫོབ་གནས་ཐབས་ཀྱི་དབང་དུ་བྱས་ན་དུང་དཀར་པོ་དེ་དུང་གི་རང་བཞིན་དུ་ཆགས་ཡོད་པ་རེད་ཡིན་ན་ཡང་མཁྲིས་ནད་སོགས་ཀྱི་དབང་གིས་དུང་དཀར་པོ་དེ་མ་མཐོང་བར་དུང་སེར་པོར་མཐོང་བ་ན་དུང་སེར་པོར་སྣང་ཡང་ཡིན་ལུགས་དུང་དཀར་པོར་གནས་པ་བཞིན་ཀུན་རྫོབ་སྤྲོས་པས་སྒྲིབ་པའི་ཡིན་ལུགས་ལ་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་དེ་འདྲ་རེད། ཡང་དག་མཐོང་བ་གང་དེ་དེ་ཉིད་དེ། །ཞེས་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པའི་སྐབས་སུ་གསུངས་པ་ནང་བཞིན་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་པ་དེ་གནས་ལུགས་མཐར་ཐུག་ཡིན་པ་དེ་འདྲ་རེད། གནས་ལུགས་མཐར་ཐུག་ལ་སྒྲིབ་བྱེད་ཀྱི་ཀུན་རྫོབ་ཀྱི་སྣང་བ་འདི་དག་ཐམས་ཅད་ཀུན་རྫོབ་ཡིན་པ་ཤེས་དགོས་པ་རེད། དཔེར་ན་ང་ཚོ་ལ་སད་པའི་སྣང་བ་སྣ་ཚོགས་འབྱུང་བ་དེ་གཉིད་ལོག་པ་ན་སད་པའི་སྣང་བ་འདི་དག་ལོག་ནས་རྨི་ལམ་གྱི་སྣང་བ་སྣ་ཚོགས་འབྱུང་བ་རེད། རྨི་ལམ་གྱིསྣང་བ་སྣ་ཚོགས་དེ་ཡང་གཉིད་འཐུག་གི་གནས་སྐབས་སུ་རྨི་ལམ་གྱི་སྣང་བ་སྣ་ཚོགས་འགག་ནས་གཉིད་འཐུག་གི་མུན་ནག་གི་སྣང་བ་ལྟ་བུ་གཉིད་འཐུག་གི་སྣང་བ་སྣ་ཚོགས་འབྱུང་བ་བཞིན་ང་ཚོ་སྔགས་བླ་ན་མེད་པའི་སྐབས་སུ་གནས་སྐབས་བཞིའི་སྒྲིབ་པ་བཞི་ལ་སོགས་པ་དག་པ་ལ་བརྟེན་ནས་སད་པའི་གནས་སྐབས་སོགས་གནས་སྐབས་བཞིའི་སྣང་བ་སྣ་ཚོགས་འབྱུང་བྱེད་ཀྱི་སྣང་བ་དང་ཐིག་ལེ་མཐའ་དག་སྤངས་པ་དེའི་ཚེ་དོན་དམ་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་པའི་སྐུ་དེ་སྣང་འགྲོ་བ་རེད། དབུས་མཐའ་རྣམ་འབྱེད་ཀྱི་སྐབས་སུ་དེ་སྣང་ཆོས་ཉིད་མི་སྣང་ཞིང༌། །དེ་མི་སྣང་བའི་ཆོས་ཉིད་སྣང༌། །ཞེས་ཀུན་རྫོབ་སྣང་བ་འདི་སྣང་བ་ན་དོན་དམ་ཆོས་ཉིད་མི་སྣང་བ་དང༌། ཀུན་རྫོབ་ཀྱི་སྣང་བ་འདི་དག་ལྡོག་པ་ན་དོན་དམ་པའི་སྐུ་དང་ཞིང་ཁམས་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་དེ་སྣང་ཐུབ་ཡོང་བ་དེ་འདྲ་རེད། དེས་ན་དབུ་མའི་གཞུང་ལུགས་རྣམས་ཀྱི་སྐབས་སུ་རྣམ་ཤེས་ཀྱི་སྣང་ཡུལ་དུ་གྱུར་བ་དེ་ཀུན་རྫོབ་ཡིན་པ་དང༌། དེ་ལས་གཞན་པ་ནི་གཅིག་ཤོསསོ་ཞེས་གསུངས་པ་བཞིན་ཀུན་རྫོབ་ཀྱི་སྣང་བ་མཐའ་དག་འགག་པ་དོན་དམ་པའི་རང་ཞལ་དེ་མཇལ་ཐུབ་པ་གསུངས་ཡོད་རེད། དེ་ཡང་དཔེར་ན་ཀུན་རྫོབ་ཀྱི་སྣང་བ་འགག་པའི་ཤུལ་དུ་དོནདམ་པའི་རྣམ་པ་ཐམས་ཅད་པ་ཡོད་པ་དེ་ལུས་བྱེད་བཅིང་གི་གནད་ལ་བརྟེན་ནས་སྔགས་བླ་ན་མེད་པའི་དུས་ཀྱི་འཁོར་ལོའི་རྒྱུད་ལས་བསྟན་པའི་སྦྱོར་བ་ཡན་ལག་དྲུག་ཐོག་མར་ཉམས་སུ་ལེན་པ་ཡིན་ན་རྩལ་བཟང་བ་དང་སྔོན་སྦྱང་ཅན་ཡིན་ན་དབེན་གསུམ་གྱི་སྐབས་བདུན་ཕྲག་གཅིག་གཉིས་ཀྱི་མཚམས་ནས་སྟོང་གཟུགས་ཀྱི་སྐུ་ཡབ་ཡུམ་དང་འདོད་ལྷ་སོགས་སྣང་དུ་ཡོད་པ་དང་མཐོང་ཐུབ་པ་དེ་རྒྱུད་ལས་གསུངས་པ་བཞིན་རྟགས་དེ་དག་མཐོང་རྒྱུ་ཡོད་པ་རེད། ཆོས་རྗེ་ཀུནམཁྱེན་རིན་པོ་ཆེའི་ཆོས་རྣམ་འབྱེད་ཀྱི་སྐབས་སུ་ཁོང་གི་སེམས་འགྲེལ་སྐོར་གསུམ་གྱི་མན་ངག་ལ་བརྟེན་ནས་མན་ངག་གི་དགོངས་དོན་ཐད་ཀ་ཐད་ཀར་ཉམས་སུ་བླངས་ནས་ཉམས་རྟོགས་མངོན་དུ་གྱུར་ནས་རང་གིས་ཆོས་ཉིད་ཀྱི་དོན་དེ་མངོན་སུམ་དུ་རྟོགས་པས་ན་སངས་རྒྱས་བྱང་སེམས་ཀྱིས་ཀྱང་བསྒྱུར་དུ་མེད་པའི་ངེས་ཤེས་ཁྱད་པར་ཅན་ཞིག་རྙེད་པ་ཡིན་ཞེས་ཁོང་གིས་བཀའ་སྩལ་བ་བཞིན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་ཉིད་ལྟ་བའི་ཕྱོགས་ནས་རྨད་དུ་བྱུང་བ་ཡིན་པ་རེད།དེ་ཡང་ས་བཟང་མ་ཏི་པཎ་ཆེན་གྱི་ཞལ་སྔ་ནས། གཞི་ལ་དོན་དམ་ཆོས་ཉིད་དེ་བཞིན་ཉིད། །རངབཞིན་རྣམ་དག་འོད་གསལ་ཆོས་ཀྱི་དབྱིངས། །རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ། །བརྟནགཡོ་ཀུན་ལ་གདོད་ནས་ཁྱབ་པར་བཞུགས། །ཞེས་གཞི་ལ་དོན་དམ་པའི་ཆོས་ཉིད་དེ་བཞིན་ཉིད་རང་བཞིན་གྱི་དྲི་མས་རྣམ་པར་དག་པའི་འོད་གསལ་བའི་ཆོས་ཀྱི་དབྱིངས་དེ་རྒྱུ་དང་རྐྱེན་གྱིས་མ་བྱས་པའི་རང་བྱུང་གི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་དེ་བརྟན་དང་གཡོ་བ་ཀུན་ལ་གདོད་མ་ཉིད་ནས་ཡོངས་སུ་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་པར་བཞུགས་ཡོད་པར་གསུངས་པ་རེད། དེ་འདྲའི་གཞི་ཆོས་དབྱིངས་དེ་ལུས་ཅན་སེམས་ཅན་ཐམས་ཅད་ལ་ཁྱད་མེད་དུ་བཞུགས་པར་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་གཉིས་ཀྱི་ནང་ནས། དང་པོ་ནི་སྒྲུབ་བྱེད་ཀྱི་ལུང་ཁ་ཅིག་འདི་ནས་བཀོད་ཡོད་པ་རེད། དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་བཞིན་གཤེགས་པ་བྱུང་ཡང་རུངམ་བྱུང་ཡང་རུང༌། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་གསུངས་པ་དེ་དང༌། དེ་བཞིན་དུ་ཡུམ་ཚུལ་བརྒྱ་ལྔ་བཅུ་པ་ལས། ཐམས་ཅད་ཀྱི་རང་བཞིནནི་ཡིན་པས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པར་གསུངས་པ་དེ་དང༌། ཡུམ་མཆོག་དང་པོའི་སྐབས་སུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སེམས་ཅན་ཐམས་ཅད་ནི་དེ་བཞིནགཤེགས་པའི་སྙིང་པོ་ཅན་ནོ། །ཞེས་སོགས་ངེས་དོན་གྱི་མདོ་རྒྱུད་མཐའ་ཡས་པ་ཡོད་ལ། རྒྱས་པར་རི་ཆོས་ངེས་དོན་རྒྱ་མཚོ་སོགས་ལས་ཤེས་པར་བྱའོ། །ཞེས་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་མདོ་སྔགས་བརྒྱ་ཕྲག་མང་པོའི་ལུང་དྲངས་ཡོད་པས་ན་དེ་ལས་ཤེས་པར་བྱ་དགོས་པ་བསྐུལ་བ་རེད། གཉིས་པ་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་དེ་སེམས་ཅན་ཐམས་ཅད་ལ་ཡོད་པ་དེ་སྒྲུབ་ལུགས་སྒྲུབ་ཚུལ་ཀྱི་རིགས་པ་ནི་གཙོ་བོ་ལུས་ཅན་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པར་བསྟན་བཅོས་རྒྱུད་བླ་མ་སོགས་ལས་རིགས་པ་གསུམ་གསུང་པ་འདི་ལྟ་སྟེ། ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། ཁྱོདལ་སངས་རྒྱས་ཆོས་ཀྱི་སྐུ་འཕྲོ་བ་སྟེ་ཁྱབ་པར་ཡོད་པའི་ཕྱིར་ཏེ། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ལ་ཞུགས་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །ཞེས་དང༌།རྒྱུད་བླ་མའི་རྒྱ་དཔེ་ཁ་ཅིག་ན་ཡོད་པ་སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །ཞེསགཞུང་ཁ་ཅིག་གི་ནང་ན་རྟགས་སྒྲུབ་ཀྱི་རིགས་པ་བཀོད་ཡོད་པ་རེད། དེ་ནས་རིགས་པ་གཉིས་པ་ནི་ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། སངསརྒྱས་དང་སེམས་ཅན་གྱི་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་ཕྱིར། དབྱེ་བ་མེད་པའི་རྒྱུ་མཚན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དྲི་མ་མེད་པ་དེ་ནི་འཁོར་བ་དང་མྱང་འདས་ཀྱི་ཆོས་ཉིད་གཉིས་སུ་དབྱེར་མེད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །ཞེས་དང༌། རང་བཞིནདྲི་མེད་དེ་ནི་གཉིས་མེད་དེ། །ཞེས་གཉིས་སུ་མེད་པ་གསུངས་པ་རེད། དེའི་སྒོ་ནས་གང་འདྲ་སྒྲུབ་པ་རེད་ཞེ་ན་མྱང་འདས་སམ་སངས་རྒྱས་ཀྱི་དེ་བཞིན་ཉིད་དང་སེམས་ཅན་གྱི་དེ་བཞིན་ཉིད་དེ་དབྱེ་བ་མེད་པ་ཡིན་ན་གཅིག་ཤོས་ངོ་བོ་ཉིད་སྐུའམ་སངས་རྒྱས་ཡིན་ན་གཅིག་ཤོས་ཡང་སངས་རྒྱས་ཡིན་དགོས་པ་དེ་འདྲ་རེད། དེའི་རྒྱུ་མཚན་གྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པར་སྒྲུབ་པ་དེ་དང༌། རིགས་པ་དང་པོའི་སྐབས་སུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་དེ་སེམས་ཅན་ཐམས་ཅད་ལ་འཕྲོ་བ་སྟེ་ཁྱབ་པར་བཞུགས་པ་ཡིན་པར་གསུངས་པ་རེད། དེའིརྒྱུ་མཚན་གྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དེ་བཞིན་གཤེགས་པའི་སྙིང་པོ་དེ་བཞུགས་ཡོད་པར་གསུངས་པ་དང་དེ་བཞིན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པའི་སྐབས་སུ། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མམེད་པར་གནས། །ཞེས་དང༌། བསྟན་བཅོས་རྒྱུད་བླ་མ་ལས།ཟག་པ་མེད་པ་ཤེས་པ་སྦྲང་མའི་རྩི་དང་འདྲ། ། ཞེས་དང༌། རིགས་ལྡན་པདྨ་དཀར་པོས་མཛད་པའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་སྐབས་སུ་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད། ཅེས་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་འདུས་མ་བྱས་ཀྱི་ཡེ་ཤེས་དེ་ནི་རྒྱལ་བ་རྣམས་ཀྱིས་ཆོས་རྣམས་ཀྱིགནས་ལུགས་དེ་ཁོ་ན་ཉིད་དུ་གྲུབ་པ་ཡིན་པ་དང༌། དེ་ནས་མདོ་དུ་མའི་སྐབས་སུ་རྣམ་ཤེས་ནི་མི་རྟག་པའོ་ཡེ་ཤེས་ནི་རྟག་པའོ། །ཞེས་དེ་འདྲའི་ལུང་དུ་མ་ཡོད་པ་རེད། དེ་ནས་རིགས་པ་གསུམ་པ་ནི། ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། སངས་རྒྱས་ཀྱི་སྟོབས་བཅུ་ལ་སོགས་པ་རང་བཞིན་གྱི་རིགས་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅདརིགས་དེ་དྲི་མ་དང་བྲལ་བའི་ཕྱིར་དང་སངས་རྒྱས་ཀྱི་རིགས་དང་ཐ་དད་མེད་པར་ཤིན་ཏུ་འདྲ་ཞིང་ཉེ་བར་སྤྱོད་ཅིང་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་ཡོད་པ་རེད། ལུས་ཅན་ཀུན་ཞེས་པ་དེ་རིགས་པ་རྣམ་པ་གསུམ་གྱི་རྩོད་གཞི་བསྟན་པ་རེད། རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་ཞེས་པ་དེ་རིགས་པ་གསུམ་གྱི་བསྒྲུབ་བྱའི་ཆོས་བསྟན་པ་རེད། རིགས་པ་གསུམ་ལས་དང་པོ་ནི་གོང་ནས་རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་ཞེས་པས་བསྟན་པ་དང༌།རིགས་པ་གཉིས་པ་ནི་དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་ཞེས་པའི་སྐབས་སུ་བསྟན་པ་དེ་དང༌། རིགས་པ་གསུམ་པ་ནི་རིགས་ཡོད་ཕྱིར་ན་ཞེས་པའི་སྐབས་སུ་བསྟན་པ་རེད། དེ་ལྟ་བུའི་ཆོས་དབྱིངས་དེ་ནི་རང་བཞིན་གནས་རིགས་ཀྱང་ཡིན་པ་དེ། རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ། ཆོས་ཉིད་རྣམ་པར་མི་རྟོག་ཅིང་རང་བཞིན་གྱི་འོད་གསལ་བའི་དབྱིངས་གང་ཡིན་པ་དེ་ནི་རང་བཞིན་གྱི་རིགས་སོ། །ཞེས་རང་བཞིན་གནསརིགས་ཡིན་པར་གསུངས་པ་རེད། དེ་ཡང་སྦྱངས་ན་བླ་མེད་བྱང་ཆུབ་འགྱུར་རུང་གི་དགེ་བ་འདུས་མ་བྱས་ཀྱི་ཡེ་ཤེས་ཅིག་རང་བཞིན་གནས་རིགས་གསུང་གི་ཡོད་པ་རེད་བསྟན་བཅོས་རྒྱུད་བླ་མའི་སྐབས་སུ་གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེརྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླང་བ་མཆོག་ཉིད་དོ།།ཞེས་གསུངས་པ་ནང་བཞིན་རེད།འོ་དེ་རིང་གི་ཆ་ལ་དེ་ཙམ་གྱིས་འཇོག་ཁུལ་བྱེད་རྒྱུ་ཡིན།

ཉིན་བཞི་པ།

ཉིན་བཞི་པ།

འོ་ལགས་སོ་དེ་ནས་ཁ་སང་གི་མཚམས་ནས་ཞུས་ན་དེ་འདྲའི་དོན་དམ་ཟག་པ་མེད་པའི་ཡེ་ཤེས་དེ་ནི་དྲི་མས་མ་དག་པའི་གནས་སྐབས་སུ་དྲི་མ་གནས་པའི་གཞི་དང༌།ཅུང་ཟད་དག་པའི་གནས་སྐབས་སུ་དྲི་མ་སྦྱོང་བའི་གཞི་དང༌། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་དྲི་མ་དག་པའི་གཞིར་བཞུགས་པ་ཡིན་པས་ནམ་མཁའ་ལྟར་ཀུན་འགྲོ་ཀུན་ཁྱབ་ཏུ་བཞུགས་པ་ཡིན་པར་གསུངས་པ་རེད།དེ་ཡང་རྒྱུད་བླ་མའི་སྐབས་སུ་དག་དང་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགསཔ་ཞེས་བརྗོད་དོ། །ཞེས་གསུངས་པ་བཞིན་དྲི་མ་དག་མ་དག་ལམ་ཞུགས་ཀྱི་གནས་སྐབས་ཐམས་ཅད་དུ་གཞི་ནམ་མཁའ་ལྟར་ཀུན་ཏུ་ཡོངས་སུ་ཁྱབ་པའི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་དེ་གསུངས་པ་རེད། དེ་ལྟ་བུ་ཆོས་ཉིད་དེ་སངས་རྒྱས་ཀྱི་རང་བཞིན་ཉིད་ཡིན་པའི་རྒྱུ་མཚན་གྱིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌།ཏིང་ངེ་འཛིན་དང་མཚན་མ་མེད་པ་ལ་སོགས་པ་མདོར་ན་དོན་དམ་ཆོས་སྐུའི་ཡོན་ཏན་མཐའ་ཡས་པའི་བདག་ཉིད་དུ་གྲུབ་པ་ཞིག་རེད། ཡིན་ནའང་ཀུན་རྫོབ་གཟུགས་སྐུ་རྣམ་པ་གཉིས་ཀྱི་ཡོན་ཏན་དེ་རང་ཆས་སུ་བཞུགས་པ་མ་རེད། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་དེ་རང་ཆས་སུ་བཞུགསཔ་མ་ཡིན། མདོར་ན་ལམ་བསྒོམས་ནས་བསྐྱེད་པའི་ཡོན་ཏན་ཐམས་ཅད་དེ་རང་ཆས་སུ་བཞུགསཔ་མ་ཡིན་དོན་དམ་ཆོས་ཉིད་འོད་གསལ་བའི་དབྱིངས་དེ་ཉིད་རང་ཆས་སུ་བཞུགས་ཡོད་པ་ཡིན་པ་དེ་ཡང་བསྟན་བཅོས་རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིདཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་བླ་ན་མེད་པའི་ཆོས་དེ་མི་སྟོང་བ་ཡིན་པར་གསུངས་པ་རེད། དེས་ན་སྐབས་འདིར་ཡང་མདོམྱང་འདས་ཆེན་པོའི་མདོ་ལས།རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མིའཇིགས་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། ཐུགས་རྗེ་ཆེན་པོ་དང༌། དྲན་པ་ཉེ་བར་བཞག་པ་གསུམ་དང༌། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་བྱེ་བ་ཕྲག་བརྒྱད་ཁྲི་རྣམས་དང༌། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ། ཞེས་པ་ནས༌། དེབཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ། །ཞེས་མདོ་མྱང་འདས་ཆེན་པོའི་སྐབསསུ་གསལ་བར་བྱས་ནས་གསུངས་པ་རེད། དེ་བཞིན་དུ་བསྟན་བཅོས་རྒྱུད་བླ་མའི་སྐབས་གཉིས་པའི་སྐབས་སུ། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་སེམས་ཀྱི་རང་བཞིནདེ་ལ་དྲི་མ་མ་ཞུགས་པའི་ཡེ་ཤེས་ཡིན་པས་ན་འོད་གསལ་བ་དང༌།རྒྱུ་དང་རྐྱེན་གྱིས་མ་བྱས་པས་རང་བྱུང་ཡིན་པ་དང༌།དེ་ནས་དོན་དམ་ཆོས་སྐུའི་ཡོན་ཏན་ཐམས་ཅད་དབྱེར་མེད་པར་འཇུག་པ་ཅན་གྱི་གངྒའི་ཀླུང་གི་རྡུལ་ལས་འདས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡེ་གདོད་མ་ཉིད་ནས་རང་ཆས་སུ་ལྡན་པ་ཡིན་པས་ན་རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད་ཞེསགསུངས་པ་རེད། མདོའི་སྐབས་སུ་ཡིན་ན་དོན་དམ་དེ་བཞིན་ཉིདལ་སངས་རྒྱས་ཀྱི་ཆོས་རྣམས་དང་ལྡན་པར་གསུངས་པ་ཡིན་ཏེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་ནས་མདོ་ལས་སངས་རྒྱས་ཆོས་རྣམས་ལྡན་པར་གསུངས༌། །དེ་ཉིད་སྔགས་ལས་རྣམ་ཀུན་མཆོག་ལྡན་གསུངས།།ཞེས་སྔགས་ཀྱི་སྐབས་སུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཀྱི་སྐུ་ཡིན་པར་གསུངས་ཡོད་པ་རེད། དེ་ཡང་དུས་འཁོར་གྱི་རྒྱུད་ལས། སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟུགས།།ཞེས་སོགས་སྔགས་ལས་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་རྡོ་རྗེའི་སྐུ་ཡིན་པ་དང་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་སྲིད་པ་གསུམ་གྱི་རྣམ་པ་ཅན་གྱི་དོན་དམ་རང་ཆས་སུ་བཞུགས་པའི་ཡེ་ཤེས་དེ་རྣམ་པ་ཀུན་ཏུ་ཇི་ལྟར་འཆར་དུ་རུང་བའི་ཆོས་ཉིད་ཡིན་པའི་ཆ་ནས་རྣལ་འབྱོར་བས་ལམ་ཉམས་སུ་ལེན་པའི་ཚེ་དང་པོ་སོར་སྡུད་ནས་བཟུང་འོད་གསལ་རྟགས་བཅུ་ལ་སོགས་པའི་སྟོང་གཟུགས་ཀྱི་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་སྣང་བའི་ཆ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཡིན་པར་གསུངས་པ་རེད། དཔེར་ན་མེ་ལོང་ནང་དུ་ཕྲ་ཕབ་པ་ན་གཟུགས་བརྙན་སྣ་ཚོགས་འཆར་ཡོང་བ་བཞིན་སྲིད་པ་གསུམ་གྱི་གཟུགས་བརྙན་རྣམ་པ་མ་ལུས་པ་ཐམས་ཅད་ཀྱི་བདག་ཉིད་དོན་དམ་པའི་ཡེ་ཤེས་རྒྱལ་ཁམས་དེ་ལ་སྣང་བའི་དོན་དམ་པའི་ཡོན་ཏན་དབྱེར་མེད་དུ་ལྡན་པ་ཡིན་པ་རེད། གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་དོན་གྱི་སྙིང་པོ་བསྡུས་ནས་རྗེ་བཙུན་བྱམས་མགོན་གྱིས་རྣམ་བཞག་རྣམ་པ་བཅུ་དང་དཔེ་དགུ་དོན་དགུ་སྒྲིབ་བྱེད་ཀྱི་དྲི་མ་དགུ་ལ་སོགས་པ་གསུངས་པ་འདི་ལྟ་སྟེ། བསྟན་བཅོས་རྒྱུད་བླ་མ་ལས།ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང༌། །གནསསྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་རང་བཞིན་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་རྣམ་བཞག་རྣམ་པ་བཅུ་དང༌། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་བྱུང་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བུར། །གློ་བུར་ཉོན་མོངས་དྲི་མས་སྒྲིབ་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདིགནས། །ཞེས་པད་མ་ངན་པའི་ནང་ན་སངས་རྒྱས་ཀྱི་སྐུ་ཡོད་པ་བཞིན་གློ་བུར་གྱི་དྲི་མས་སྒྲིབ་པའི་ནང་ན་ཁམས་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་ཡོད་པ་རེད་གསུངས་པ་རེད།སྦྲང་རྩི་སྦྲང་མ་ལ་ཞེས་པ་དེ་སྦྲང་མའི་དབུས་སུ་སྦྲང་རྩི་ཡོད་པ་བཞིན་གློ་བུར་གྱི་དྲི་མས་སྦུབ་ན་ཁམས་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་ཡོད་པ་རེད། མི་གཙང་བའི་ནང་ན་གསེར་ཡོད་པ་བཞིན་ཁམས་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་སེམས་ཅན་རང་རང་སོ་སོའི་གློ་བུར་གྱི་དྲི་མས་སྒྲིབ་ཡོད་པ་དེ་དང༌།ས་འོག་ན་གཏེར་ཡོད་ཀྱང་ང་ཚོས་མ་མཐོང་བ་བཞིན་གློ་བུར་གྱི་དྲི་མས་སྒྲིབ་པའི་ནང་ན་ཁམས་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་ཡོད་པའི་རྒྱུ་མཚན་གྱིས་ས་ལ་གཏེར་དང་ཞེས་གསུངས་པ་རེད། མྱུ་གུའི་ནང་ན་འབྲས་བུ་ཡོད་པ་དང་གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་ཡོད་པ་དཔེ་དེ་བཞིན་དང་བུད་མེད་ངན་མའི་ལྟོ་ན་མི་བདག་འཁོར་ལོ་བསྒྱུར་རྒྱལ་ཡོད་པ་དེ་དང་ས་འདམས་ཀྱི་ནང་དུ་རིན་པོ་ཆེའི་གཟུགས་ཡོད་པ་དཔེ་ཇི་ལྟ་བ་དེ་ནང་བཞིན་དུ་གློ་བུར་གྱི་དྲི་མས་སྒྲིབ་པའི་སེམས་ཅན་རྣམས་ལ་ཁམས་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོའི་ཁམས་དེ་གནས་པ་རེད།ཅེས་ཡོངས་གྲུབ་དེ་བཞིན་ཉིད་སེམས་ཅན་ལ་ལྟོས་ནས་སྒྲིབ་བྱེད་དྲི་མ་དགུསབསྒྲིབས་ནས་བཞུགས་ཚུལ་དཔེ་དོན་དང་བཅས་ཏེ་བསྟན་བཅོས་རྒྱུད་བླ་མ་ལས་གསལ་བར་གསུངས་པ་རེད།དེ་བཞིན་དུ་བསྟན་བཅོས་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སོགས་ཀྱི་སྐབས་སུ་གསལ་ཞིང་རྒྱས་པར་གསུངས་ཡོད་པ་ལྟར་རེད། དེ་ལྟར་རྗེ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་དང༌། འཇམ་མགོན་བླ་མ་སྒྲོལ་མགོན་ཡབ་སྲས་ཀྱི་གསུང་རབ་ཀྱི་གསུངས་ཟིན་དང་མཐུན་པར་འདི་ཡན་ཆད་དུ་གཞི་ལམ་འབྲས་གསུམ་དུ་ཕྱེ་བའི་གཞིའི་རྣམ་བཞག་ཚིག་མདོར་བསྡུས་པའི་སྒོ་ནས་ཅུང་ཟད་བཤད་པའོ། ། སྤྱིར་ནང་བ་སངས་རྒྱས་པའི་ཆོས་གཞུང་རྣམས་ཀྱི་སྐབས་སུ་གཞི་བདེན་པ་གཉིས། ལམ་ཚོགས་གཉིས་སམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ཟུང་འཇུག་དེ་ལྟར་གསུང་གི་ཡོད་པ་རེད། གཞི་དེ་ལ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ཡོད་པའི་ནང་ནས་ཆོས་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དོན་དམ་བདེན་པ་ཡིན་པ་རེད། ལམ་དེ་གཙོ་བོ་ཟབ་ལམ་རྡོ་རྗེ་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ལྟ་བུའམ་ཡང་ན་ལམ་ཐེག་པ་ཆེན་པོ་མདོ་ཕར་ཕྱིན་ཐེག་པ་ནས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་ལམ་དེ་དག་ཀུན་རྫོབ་བདེན་པ་ཡིན་པ་དེ་རེད། ཡིན་ན་ཡང་ལམ་གྱི་བསྒོམ་བྱ་མཐར་ཐུག་པ་དེ་ཆོས་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་དོན་དམ་བདེན་པ་རེད། ལམ་འདུས་བྱས་ཡིན་པ་ཡང་དཔེར་ན་དཔལ་དྲི་མ་མེད་པར་གྲགས་པའི་མདོ་ལ་སོགས་པའི་སྐབས་སུ་བདེན་པབཞི་ལས་བདེན་པ་གསུམ་ནི་མི་རྟག་པ་ལགས་སོ་གཅིག་ནི་རྟག་པ་ལགས་སོ་ཞེས་བདེན་པ་བཞིའི་ནང་ནས་སྡུག་བདེན་དང་ཀུན་འབྱུང་བདེན་པ་དང་ལམ་བདེན་གསུམ་འདུས་བྱས་ཡིན་པ་དང་འགོག་བདེན་ཆོས་ཀྱི་དབྱིངས་དེ་ཉིད་འདུས་མ་བྱས་ཡིན་པ་གསུང་གི་ཡོད་པས་གསུངས་ཟིན་ལྟར་བཞག་པ་རེད།དེའི་རྒྱུ་མཚན་གྱིས་ཀུན་མཁྱེན་ཉ་དབོན་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་གྱི་སྐབས་སུ་ཟག་མེད་འདུས་བྱས་གང་ཞིག་འགོག་བདེན་གྱི་བྲལ་རྒྱུ་ཡིན་པ་ཞེས་ཟག་པ་མེད་པའི་ཡེ་ཤེས་དང་འདུས་བྱས་ཡིན་པ་འགོག་བདེན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པ་ཞིག་ལ་ལམ་ཞེས་གསུངས་པ་རེད། ལམ་དེ་ལ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་དགོས་པ་དེ་དང་ཐབས་ཤེས་གཉིས་ཚོགས་དགོས་པ་དེ་འདྲ་རེད།ཡིན་ན་ཡང་ང་ཚོ་ལྟ་བུ་ལས་དང་པོ་པ་ཞིག་ཡིན་ན་བསོད་ནམས་ཀྱི་ཚོགས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང༌། ཡན་ལག་བདུན་པ་ལྟ་བུ་ཕྱག་མཆོད། སྦྱིན་པ་སྦྱིན་པ། ཚུལ་ཁྲིམས་སྲུང་བ་དེ་ནས་བཟོད་པ་བསྒོམ་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཡང་བསག་དགོས་པ་རེད། བསོད་ནམས་ཀྱི་ཚོགས་མ་བསགས་པ་ཡིན་ན་ང་ཚོས་ཡེ་ཤེས་ཀྱི་ཚོགས་ཐོས་བསམ་སྒོམ་གསུམ་ལེགས་པར་མི་ཡོང་བ་ཅིག་རེད།དཔེར་ན་རྗེ་བདག་ཉིད་ཆེན་པོས་བཟུང་ན་ཚིག་མི་ཟིན།བསམ་ན་དོན་མི་གོ །སྒོམ་ན་རྒྱུད་ལ་མི་སྐྱེ་བའི་སྐབས་དེར་ཞིང་གི་མཐུ་ལ་བརྟེན་པ་ནི་གནད་དམ་པའོ་ཞེས་གསུངས་པས་ན་ཚོགས་བསགས་སྒྲིབ་སྦྱོང་ཡང་ལས་དང་པོ་པ་ཡིན་ན་ཧ་ཅང་གལ་ཆེན་པོ་རེད།དེ་ཡང་བསོད་ནམས་ཀྱི་ཚོགས་བསགས་པའི་གང་ཟག་ཞིག་ཡིན་ན་ཐོས་བསམ་སྒོམ་གསུམ་བྱེད་ན་ལེགས་འགྲུབ་དང་མཐར་ཕྱིན་པ་ཡོང་ཐུབ་གི་རེད།དེ་ཡང་མདོ་སྡེ་རྒྱ་ཆེར་རོལ་པའི་སྐབས་སུ། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་པ་ནང་བཞིན་རེད། ལས་དང་པོ་པ་ཞིག་ཡེ་ཤེས་ཀྱི་ཚོགས་དེ་གང་འདྲ་རེད་ཅེ་ན་ཐོས་པ་བྱས་དེ་ནས་བསམ་བྱུང་གི་ཤེས་རབ་བསྐྱེད་དེའི་དོན་བསྒོམ་པའི་ཉམས་ལེན་བྱས་ཏེ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་ན་དེ་ལྟ་བུ་དེ་ཡེ་ཤེས་ཀྱི་ཚོགས་ཡིན་པ་དེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ལམ་རིམ་བདུད་རྩིའི་ཉིང་ཁུའི་སྐབས་སུ་གསལ་བར་གསུངས་ཡོད་པ་རེད། དེ་འདྲའི་སྟེང་ནས་ང་ཚོ་ལྟ་བུ་ཡིན་ན་ལམ་ཚོགས་གཉིས་བསག་དགོས་པ་རེད་མ་གཏོགས་ཡང་ཁ་ཅིག་གིས་ཚུལ་ཁྲིམས་རེ་བསྲུང་བ་ཙམ་གྱིས་འགྲིག་གི་རེད་ཟེར་བ་འདྲ་དང༌།དེ་ནས་ཡང་ཐོས་བསམ་མ་བྱས་ཀྱང་སྒོམ་རྒྱུད་ལ་སྐྱེ་བ་ཡོད་མདོག་བཤད་མཁན་ཡོད་པ་རེད། དེ་ཡང་གཞུང་ལུགས་རྒྱ་ཆེན་པོ་ལ་ཐོས་བསམ་བྱེད་མ་ཐུབ་ཀྱང་སྐྱབས་འགྲོ་དང་ངེས་འབྱུང་གི་བསམ་པ་བློ་ལྡོག་རྣམ་བཞི་དེ་ནས་སེམས་བསྐྱེད་བྱམས་སྙིང་རྗེ་རེ་བསྒོམ་ལུགས་སྒོམ་སྟངས་དང་སྐབས་དེར་ཉམས་ལེན་དམིགས་པའི་གནད་གང་ཡིན་ན་དེ་སྒོམ་ལུགས་དང་རྗེས་སུ་བསྔོ་བ་ཡན་ཆད་དེ་འདྲ་བའི་ནང་ཆོས་ཀྱི་གོ་བ་རགས་པ་རེ་མ་ཡོད་ན་ང་ཚོའི་རྒྱུད་ལ་སྒོམ་སྐྱེ་བ་ཁག་པོ་རེད། དཔེར་ན་འཆི་བ་མི་རྟག་པ་ཤེས་ནས་འཆི་བ་མི་རྟག་པ་སྒོམ། བསྒོམས་ནས་སྒོམ་དོན་གྲུབ་འབྲས་མངོན་དུ་གྱུར་དགོས་པ་རེད། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞེས་པ་དེ་ཡང་གང་ཤེས་པ་དེ་སྒོམ་མ་ཤེས་པ་དེ་ཉིད་ཤེས་པར་བྱས་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དགོས་པ་རེད། སྔོནབཀའ་གདམས་གོང་མ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལྟ་བུ་ལ་སོགས་པ་ཡིན་ན་ཡང་ང་ཐོས་བསམ་ཚེ་ན་སྒོམ་པ་འདུགབསམ་སྒོམ་ཚེ་ན་ཐོས་པ་འདུགཐོས་བསྒོམ་ཚེ་ན་བསམ་པ་འདུགང་བཀའ་བརྒྱུད་ཕྱོགས་སུ་མ་ལྷུང་བ། །ཞེས་གསུངས་པ་ནང་བཞིནཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དགོས་པ་རེད།སྔོན་རྒྱ་གར་འཕགས་པའི་དབང་དུ་བྱས་ན་དཔལ་ན་ལེནྚ་ལ་མཚོན་ན་གང་མ་ཤེས་པ་དེ་ཤེས་པར་བྱས་ནས་ཐོས་བསམ་བྱེད་གི་ཡོད་པ་རེད། ཤེས་པ་དེ་ཉིད་ཉམས་སུ་ལེན་ནས་མདོ་སྔགས་དང་བཤད་སྒྲུབ་འགལ་མེད་དུ་བྱས་ནས་སྒྲུབ་གྲྭ་ལོག་ཁ་བཤད་གྲྭ་ལོག་ཁ་དེ་འདྲ་ཡོད་པ་མ་རེད། མདོར་ན་གང་ཤེས་པ་བསྒོམ་མ་ཤེས་པ་དེ་ཤེས་པར་བྱས་ནས་ཡེ་ཤེས་ཀྱི་ཚོགས་བསག་གི་ཡོད་པ་དེ་འདྲ་རེད།དེས་ན་ང་ཚོས་དཔེ་ཆ་ལྟ་བ་དེའི་དོན་བསམ་པ་དེ་ནས་སྒོམ་ཉམས་ལེན་བྱས་པ་དེ་ཉིད་ཆོས་རྣལ་མ་ཡིན་པ་རེད་མ་གཏོགས་དེང་སང་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་དེ་རིན་ཐང་གི་ལྟ་བ་མེད་པར་ཆོས་སུ་སྒྲུབ་གི་ཡོད་པ་ཧ་གོ་བ་མེད་པར་དེ་ལས་ཅིག་མ་ཎི་རེ་འདོན་འཁོར་ལོ་རེ་སྐོར་ན་ཆོས་རྣམ་དག་ཡིན་ཆགས་བྱེད་གི་འདུགའོན་ཀྱང་དེ་འདྲ་བ་དེ་སྔོན་གྱི་སྲོལ་རྒྱུན་ཡིན་པ་མ་གཏོགས་སྤྱིར་བཏང་ང་ཚོས་འཁོར་ལོ་སྐོར་མ་ཎི་འདོན་ན་ཀུན་སློང་དག་ན་ཆོས་མ་ཡིན་ཞུས་ཀྱིན་མེད་འོན་ཀྱང་ཐོས་བསམ་སྒོམ་གསུམ་དང་སངས་རྒྱས་ཀྱི་བསྟན་པ་དངོས་དེ་ནི་ལུང་རྟོགས་ཀྱི་བསྟན་པ་གཉིས་མ་གཏོགས་ཡོད་པ་མ་རེད། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། ། སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་བསྟན་པ་འཛིན་ཚུལ་དེ་ཡང་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་བྱས་ནས་གསུང་གི་ཡོད་པ་རེད།དེ་འདྲའི་སྐལ་བ་མེད་པའི་གདུལ་བྱ་ལ་གསུང་རབ་གོས་ཐུམ་རྒྱབ་ནས་འཁོར་ལོ་སྐོར་ན་ཡང་བསོད་ནམས་ཀྱི་ཚོགས་རེ་གསོག་གི་ཡོད་པ་རེད།དེ་ནས་ཞིང་གི་མཐུ་ལ་བརྟེན་ནས་དགེ་བའི་རྩ་བ་རེ་བསགས་ནས་མངོན་མཐོ་ལྷ་མིའི་གོ་འཕང་རེ་ཐོབ་ཐུབ་པ་རེད་མ་གཏོགས་པའི་ཆོས་ཆེན་པོ་མ་ཡིན་ཀྱང་ང་ཚོས་ཆོས་རྣམ་དག་དེ་ཆོས་ཡིན་པ་ཧ་མི་གོ་བར་ཆོས་མ་ཡིན་པ་དེ་རྩ་ཆེན་དུ་བཟུང་ནས་གོམ་གཤིས་དང་སྔོན་གྱི་སྲོལ་རྒྱུན་དེ་ནས་གཙོ་བོ་ནང་ཆོས་ཀྱི་ཉམས་ལེན་གྱི་རིམ་པ་དང་ནང་ཆོས་དེ་ཉིད་ཉོན་མོངས་པའི་གཉེན་པོ་རུ་འགྲོ་ལུགས་འགྲོ་སྟངས་མི་ཤེས་མཁན་ཧ་ཅང་མང་པོ་འདུགའོན་ཀྱང་བདག་འཛིན་གྱི་གཉེན་པོ་དང་ཉོན་མོངས་པའི་གཉེན་པོར་འགྲོ་བ་ལ་ངེས་པར་དུ་མི་རྟག་སོགས་བཅུ་དྲུག་དང་བདག་མེད་རྟོགས་ནས་བདག་མེད་བསྒོམ་པའི་ཤེས་རབ་ཀྱི་སྒོ་ནས་ཉོན་མོངས་པ་སེལ་དགོས་པ་ཡིན། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས་ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཞེས་སོགས་གསུངས་པ་ནང་བཞིན་རེད། དེས་ན་ལམ་ཚོགས་གཉིས་ཟུང་འཇུག་བསག་དགོས་པ་རེད།ཡིན་ན་ཡང་གཞི་ལམ་འབྲས་གསུམ་གྱི་ནང་ནས་ལམ་གྱི་རྣམ་བཞག་དེ་འདི་མན་ཆད་དུ་གང་ལ་གང་འཚམས་ཡོང་གི་ཡོད་པ་རེད། མདོར་ན་ལམ་ཚོགས་གཉིས་ཟུང་འཇུག་གམ་ཐབ་ཤེས་ཟུང་འཇུག་དེ་རེད། འབྲས་བུའི་དབངདུ་བྱས་ན་འབྲས་བུ་དོན་དམ་པའི་ངོ་བོ་ཉིད་སྐུའམ་ཆོས་སྐུ་དང་གཟུགས་སྐུ་རྣམ་པ་གཉིས་ཡོད་པ་རེད་དེའི་ནང་གི་དོན་དམ་པའི་ཆོས་སྐུ་དེ་ཁམས་བདེ་བར་གཤེགས་པའི་སྙིང་པོ་འདི་གཞི་འབྲས་དབྱེར་མེད་དུ་འདོད་པའི་ལུགས་ལ་དེ་འཇོག་དགོས་པ་རེད།དེ་ནས་ཀུན་རྫོབ་ཀྱི་ལོངས་སྐུ་དང་སྤྲུལ་སྐུ་ལ་སོགས་པ་ལམ་སྒོམ་པའི་སྟོབས་ཀྱིས་སྔར་མེད་གསར་བྱུང་དུ་བསྐྱེད་དགོས་པ་དེ་འདྲ་རེད། དཔེར་ན་རྣམ་མཁྱེན་ལ་མཚོན་ན་ཡང་བདེན་གཉིས་ཀྱི་རྣམ་དབྱེ་ཤེས་དགོས་པ་རེད་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་དོན་དམ་པའི་རྣམ་མཁྱེན་ཡིན་པ་དང་དོན་དམ་བདེན་པ་རེད།དེ་ནས་ལམ་སྒོམ་པའི་སྟོབས་ཀྱིས་སྔར་མེད་གསར་དུ་གྲུབ་པའི་སྟོབས་བཅུ་མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པ་དེ་དག་ཀུན་རྫོབགསར་བྱུང་གི་ཀུན་རྫོབ་བདེན་པ་ཡིན་པ་འོ་དེ་འདྲའི་སྒོ་ནས་མདོར་ན་གཞིའི་རྣམ་བཞག་ལམ་གྱི་རྣམ་བཞག་འབྲས་བུའི་རྣམ་བཞག་གོ་བ་རགས་ཙམ་དང་མཛུབ་མོས་རི་སྟོན་ཙམ་དེ་འདྲའི་སྒོ་ནས་ཤེས་དགོས་པ་རེད་ཞུ་རྒྱུ་དེ་ཡིན།དེ་ཡན་ཆད་དུ་གཞིའི་རྣམ་བཞག་མདོར་བསྡུས་ཙམ་ཞུས་ཟིན་པ་དེ་ཡིན། དེ་རིང་གི་ཆ་ལ་དེ་ཙམ་གྱི་མཚམས་འཇོག་བྱས་ན་འགྲིག་གི་འདུག

ཉིན་ལྔ་པ།

ཉིན་ལྔ་པ།

འོ་དེ་ནས་ཁ་སང་གི་མཚམས་ནས་ཞུས་པ་ཡིན་ན་གཉིས་པ་ལམ་གྱི་རྣམ་བཞག་བཤད་པ་དེ་རེད།སྐབས་འདིར་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་བཤད་པའི་ནང་གཞིའི་རྣམ་བཞག་དེ་བཤད་ཟིན་པ་རེད། གཞི་ལམ་འབྲས་གསུམ་གྱི་ནང་ནས་ལམ་གྱི་རྣམ་བཞག་འཆད་པ་ལ་ལམ་ཞེས་པ་དེ་སྐབས་འདིར་ཐར་བར་བགྲོད་པའི་ལམ་ལ་གོ་དགོས་པ་རེད། དཔེརན་ང་ཚོ་འཇིག་རྟེན་ན་ཡང་གྲོང་ཁྱེར་ལྷ་ས་ལྟ་བུ་འགྲོ་སའི་མི་མང་པོ་འགྲོ་བའི་ཤུལ་དེ་ལ་ལམ་ཞེས་འཇིག་རྟེན་ནབཤད་པ་ལྟར་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཐརབ་དང་ཐམསཅད་མཁྱེན་པ་ལ་སོགས་པ་མདོར་ན་ཐར་བར་བགྲོད་པའིགཤེགས་ཤུལ་གྱི་ཐབས་མངོན་རྟོགས་དེ་ལ་ལམ་ཞེས་གསུང་གི་ཡོད་པ་རེད། དེ་འདྲའི་ལམ་གྱི་རྣམ་བཞག་བཤད་པ་ལ་དེ་ལྟར་གཞི་དོན་དམ་ཆོས་ཀྱི་དབྱིངས་ལ་དོན་དམ་གྱི་ཡོན་ཏན་ཐམས་ཅད་རྒྱུ་དང་རྐྱེན་གྱིས་བྱུང་བ་མ་ཡིན་པར་རང་བྱུང་དུ་མི་འབྲལ་བར་བཞུགས་པ་ཡིན་ཀྱང་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཏེ་ལམ་ཚོགས་གཉིས་སྒྲུབ་མི་དགོས་པ་མ་ཡིན་ཏེ། སྤྲོས་བྲལ་རྣམ་པར་མི་རྟོག་པའི་ལམ་གཙོ་བོར་གྱུར་བའི་རྒྱ་ཆེ་བའི་ལམ་མཐའ་དག་བསྒོམས་ཏེ་རྣམ་རྟོག་བདག་འཛིན་གཉིས་སོགས་གློ་བུར་གྱི་དྲི་མ་མཐའ་དག་བསལ་ནས་དོན་དམ་པའི་ཡེ་ཤེས་མངོན་དུ་བྱེད་དགོས་པ་རེད། ངཚོའི་རྒྱུད་ན་དོན་དམ་རང་ཆས་སུ་བཞུགས་ཀྱང་དོན་དམ་དེ་ཉིད་མངོན་དུ་མ་གྱུར།དེ་མ་ཐོབ་པ་ཡིན་ན་ཆོས་ཀྱི་སྐུ་ལས་ལོངས་སྐུ་དང་སྤྲུལ་སྐུ་སོགས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབད་མེད་ལྷུན་འགྲུབ་ཏུ་བྱེད་མི་ནུས་པ་རེད། དེ་བྱེད་ནུས་པའི་ཆེད་དུ་ལམ་ཚོགས་གཉིས་བསག་དགོས་པ་དང་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ལམ་གཙོ་བོར་གྱུར་བའི་རྒྱ་ཆེ་བའི་ལམ་མཐའ་དག་རང་གིས་སྒོམ་དགོས་པ་རེད། དེ་ཡང་ཀུན་རྫོབ་གཟུགས་སྐུ་ལོངས་སྐུ་དང་སྤྲུལ་སྐུ་གཉིསསྔར་མེད་པ་གསར་དུ་རང་རྒྱུད་ལ་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་འཁོར་བ་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བྱ་དགོས་པ་རེད།དེ་ཡིན་པའི་རྒྱུ་མཚན་དེ་ཡང་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་རྒྱུ་འབྲས་དབུ་མའི་ཐིག་ལེ་ལས། གཉེན་པོ་རྣམ་པར་མི་རྟོག་ལམ་བསྒོམ་བྱ། །ཞེས་བདག་འཛིན་གྱི་གཉེན་པོ་ཡིན་ན་འདྲ་མདོར་ན་རྣམ་རྟོག་མ་རིག་པ་ཆེན་པོའི་གཉེན་པོར་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་བསྒོམ་དགོས་པ་ཡིན་པ་དེ་ལྟར་གསུངས་པ་རེད།དེ་བཞིན་དུ་ཀུན་མཁྱེན་ཕྱོགས་རྒྱལ་བའི་གཞི་ལམ་འབྲས་གསུམ་ངོ་སྤྲོད་ཡང་དག་དོན་གསལ་གྱི་སྐབས་སུ་དེ་ལྟར་སངས་རྒྱས་དེ་གཞི་ལ་ཡེ་གཞི་གདོད་མ་ཉིད་ནས་དོན་དམ་པའི་སངས་རྒྱས་དེ་ཡེ་ནས་བཞུགས་པ་རེད་ཡིན་ནའང༌།སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་གྱིས་མནརནས་བསྡུག་བསྔལ་ཉམས་སུ་མྱོང་བ་ནི། སངས་རྒྱས་དེ་ཉིད་རང་རང་སོ་སོའི་ཉོན་མོངས་པ་གློ་བུར་གྱི་དྲི་མས་བསྒྲིབས་པའི་སྐྱོན་ལས་གྱུར་པ་ཡིན་པས་གློ་བུར་གྱི་དྲི་མ་དང་བྲལ་བར་བྱ་དགོས་པ་རེད།དཔེར་ན་ཉི་མ་རྟག་ཏུ་ཚ་བའི་རང་བཞིན་ཅན་ཡིན་ན་ཡང་གང་ཟག་རང་རང་སོ་སོ་ལ་སྤྲིན་གྱིས་བསྒྲིབས་ནས་ཉི་མའི་འོད་ཀྱི་ཚ་ཟེར་དེ་མ་མྱོང་ནས་གྲང་བའི་སྡུག་བསྔལ་མྱོང་བ་ཡོད་པ་དེ་བཞིན་དུ་གང་ཟག་རང་རང་སོ་སོ་ལ་གློ་བུར་གྱི་དྲི་མས་བསྒྲིབས་པའི་དབང་གིས་སངས་རྒྱས་དེ་ཉིད་མངོན་དུ་མ་གྱུར་ནས་འཁོར་བའི་རྒྱ་མཚོ་ལ་ལོངས་སྤྱོད་དགོས་པ་བྱུང་བ་རེད། གློབུར་གྱི་དྲི་མ་ནི་རྣམ་པར་རྟོག་པའི་ངོ་བོ་ཡིན་པའི་རྒྱུ་མཚན་གྱིས་དེའི་གཉེན་པོར་ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་འཁོར་དང་བཅས་པ་ངེས་པར་བསྒོམ་དགོས་པ་རེད། སྒོམ་དགོས་པའི་རྒྱུ་མཚན་ཡང་དཔལ་སཾ་བུ་ཌ་ལས།རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བ་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེསརྣམ་རྟོག་ཞེས་པ་དེ་སྐབས་འདིར་གཙོ་བོ་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་དེ་དག་རྣམ་རྟོག་གི་གཙོ་བོ་ཞིག་ཆགས་ཡོད་པ་རེད།དེ་མ་ཡིན་ནའང་ཤེས་སྒྲིབ་ཀྱི་ཕྱོགས་ཀྱིས་བསྡུས་པའི་བློ་དང་ཉོན་སྒྲིབ་ཀྱི་ཕྱོགས་ཀྱིས་བསྡུས་པའི་བློ་ལ་སོགས་པ་དེ་དག་ཐམས་ཅད་རྣམ་རྟོག་ཆགས་ཡོད་པ་དེ་འདྲ་རེད། རྣམ་རྟོག་དེ་ནི་འཁོར་བའི་རྩ་བར་གྱུར་བའི་མ་རིག་པ་ཆེན་པོ་ཡིན་པ་དང་མ་རིག་པ་དེའི་དབང་གིས་སེམས་ཅན་ལ་སོགས་པའི་རང་རྒྱུད་ལྡན་གྱི་གང་ཟག་དེ་འཁོར་བའི་རྒྱ་མཚོར་འཁོར་བྱེད་ཅིག་རེད། དེ་ཡང་བདག་འཛིན་གྱི་དབང་གིས་ཚུལ་མིན་ཡིད་བྱེད་འབྱུང༌།ཚུལ་མིན་ཡིད་བྱེད་ཀྱི་དབང་གིས་ཉོན་མོངས་པ་འབྱུང༌། ཉོན་མོངས་པའི་དབང་གིས་འཁོར་བ་རྒྱ་མཚོའི་སྡུག་བསྔལ་དེ་མྱོང་དགོས་པ་རེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཇི་ལྟར་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་པ་ནང་བཞིན་ང་ཚོའི་བདག་འཛིན་གྱི་དབང་གིས་ཉེས་པ་མཐའ་དག་འབྱུང་གི་ཡོད་པ་རེད། དེ་ལྟར་ཡང་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས།བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་བདག་ཏུ་གྲུབ་པར་འཛིན་པ་ཡོད་ན་དེའི་དབང་གིས་རང་ལ་ཆགས་པ་དང་གཞན་ལ་སྡང་བ་སོགས་འབྱུང་བ་དང་ཉོན་མོངས་པ་དེ་དང་འབྲེལ་བ་ལས་ལས་བསགས་དེའི་དབང་གིས་རང་ཉིད་འཁོར་བ་ངན་སོང་གི་སྡུག་བསྔལ་ལ་སོགས་པའི་སྡུག་བསྔལ་དེ་མྱོང་དགོས་པ་རེད།དེའི་རྒྱུ་མཚན་གྱིས་ཉེས་པ་ཐམས་ཅད་ཀྱི་འབྱུང་བྱེད་ཀྱི་རྩ་བ་དེ་བདག་འཛིན་མ་རིག་པ་འདི་ཆགས་ཡོད་པ་དེ་ངེས་པར་དུ་ཤེས་ནས་འཁོར་བའི་རྩ་བ་མ་རིག་པ་ཡིན་པ་ངོས་ཟིན་དགོས་པ་གལ་ཆེན་པོ་རེད་ཞུ་བ་ཡིན།མདོར་ན་འཁོར་བའི་རྩ་བ་དེ་མ་རིག་པ་བདག་འཛིན་ལ་ཐུག་ཡོད་པ་རེད། དཔེར་ནབདག་ཏུ་གྲུབ་པར་འཛིན་པའི་དབང་གིས་བདག་གཅེས་འཛིན་བྱུང༌།བདག་གཅེས་འཛིན་གྱི་དབང་གིས་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པ་བྱུང༌།དེའི་དབང་གིས་ལས་བསགས་ནས་རང་གི་སྟེང་དུ་ནད་གདོན་ལ་སོགས་པ་མི་འདོད་པ་བསྡུག་བསྔལ་ཅི་བྱུང་ན་ཡང་རང་རྒྱུད་ཀྱི་བདག་འཛིན་འདིས་ལན་པ་ཡིན་པ་དེ་རེད། དེའི་རྒྱུ་མཚན་གྱིས་བློ་སྦྱོང་དོན་བདུན་མ་སོགས་ཀྱི་སྐབས་སུ་ཡང༌། ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། ། ཞེས་གསུངས་པ་ནང་བཞིན་ལེ་ལན་ཐམས་ཅད་བདག་གཅེས་འཛིན་གྱི་དབང་གིས་ཡིན་པ་དང་རང་སྟེང་དུ་སྡུག་བསྔལ་ཅི་བྱུང་བ་ཐམས་ཅད་བདག་གཅེས་འཛིན་གྱི་དབང་གིས་བྱུང་བ་རེད་མ་གཏོགས་པའི་བདག་ལ་གནོད་པར་བྱེད་པའི་དགྲ་བགེགས་ལ་སོགས་པ་ཐམས་ཅད་བདག་ཉིད་ཀྱི་སྡིག་པ་སྦྱོང་མཁན་ཡིན་པའི་རྒྱུ་མཚན་གྱིས་བཀའ་དྲིན་ཆེ་སྙམ་དུ་བསྒོམ་དགོས་པ་ཡིན་པ་བདག་གཞན་མཉམ་བརྗེས་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྐབས་དེར་བློ་སྦྱོང་དོན་བདུན་མ་སོགས་ཀྱི་སྐབས་སུ་གསུང་པ་ནང་བཞིན་རེད།མདོར་ན་སྤང་བྱ་རྣམ་རྟོག་དེ་དག་ཐམས་ཅད་ཀྱི་གཉེན་པོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་ཡིན་ན་གཉེན་པོ་ཐམས་ཅད་ཀྱི་གོ་ཀུན་ཆོད་ཀྱི་སྟེང་ནས་དེ་ལྟར་ཤེས་དགོས་པ་རེད། ཡང་ཕྱོགས་གཅིག་ནས་ང་ཚོ་བདག་ཏུ་གྲུབ་པར་འཛིན་པའི་འཛིན་པ་ལ་སོགས་པ་སྤྲོས་པ་དང་བཅས་པའི་སྒོ་ནས་འཛིན་པ་རེད། དེ་ལྟ་བུ་གང་ཟག་དང་ཆོས་བདག་ཏུ་གྲུབ་པར་འཛིན་པའི་འཛིན་པ་ལ་སོགས་པ་རྣམ་རྟོག་མཐའ་དག་ཞེན་ཡུལ་སུན་ཕྱུང་བའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཀྱིས་བདག་འཛིན་མཐའ་དག་སྤོང་ཐུབ་པ་རེད། དཔེར་ན་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས།འདི་ཡུལ་སུན་བྱུང་མེད་པ་ནི། །དེསྤོང་མ་ཡིན་ནུས་མ་ཡིན། །ཞེས་གསུངས་པ་བཞིན་བདག་འཛིན་སྤངས་པ་ལ་བདག་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་དགོས་པ་རེད། དེ་བཞིན་དུ་བདག་མེད་བསྒོམ་པ་མེད་ན་ནང་བ་སངས་རྒྱས་པའི་ཆོས་ཀྱི་སྒོ་ནས་ཐར་བ་ཐོབ་པ་མེད་པར་ཁས་ལེན་པ་རེད། དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མ་ལས།གང་ཟག་བདག་མེད་བསྒོམས་པ་ཡོད་མེད་ལས། །སྲིད་ལས་གྲོལ་བ་ཡོད་མེད་རྗེས་སུ་དཔོག །དེ་ལྟར་གསུངས་པ་ནང་བཞིན་རེད། དེ་ཡང་དཔྱད་སྒོམ་བྱེད་པའི་ཚེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རབ་བྱེད་གཉིས་པ་དང་ལམ་རིམ་བདུད་རྩིའི་ཉིང་ཁུ་སོགས་ལས་གང་ཟག་གི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་གཅིག་དུ་བྲལ་གྱི་རིགས་པ།ཐབས་ཤེས་སྐྱེ་འགོག་གི་རིགས་པ།མུ་བཞི་སྐྱེ་འགོག་གི་རིགས་པ། ཤིང་རྟ་རྣམ་ལྔ་རྣམ་བདུན། རྟེན་འབྲེལ་གྱི་རིགས་པ་ལ་སོགས་པའི་རིགས་པ་མང་པོའི་སྒོ་ནས་བདེན་མེད་གཏན་ལ་ཕབ་གི་ཡོད་པ་རེད། དེ་འདྲའི་རིགས་པ་ལ་བསམ་བློ་བཏང་ན་བདག་འཛིན་གྱི་ཞེན་ཡུལ་ལ་སུན་ཕྱུང་ཐུབ་པ་རེད། དེ་མ་ཟད་འཇོག་སྒོམ་གྱི་སྐབས་སུ་ཡངསྤྲོས་པ་ཐམས་ཅད་དང་བྲལ་བར་གནས་པ་ན་བདག་འཛིན་གྱི་སྤྲོས་འཛིན་གྱི་ཞེན་ཡུལ་ལ་གནོད་པ་ཆགས་ཡོད་པ་རེད། དེས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡང་བདག་འཛིན་གྱི་གཉེན་པོ་རུ་འགྲོ་བ་ཡིན་པ་ཤེས་དགོས་པ་རེད། དེ་ལྟ་བུ་དེ་ནི་ལམ་གྱི་དོན་ཡིན་ནོ། །ཞེས་འདི་ཡན་ཆད་དུ་ཀུན་མཁྱེན་ཕྱོགས་རྒྱལ་བའི་གཞི་ལམ་འབྲས་གསུམ་ཡང་དག་དོན་གསལ་གྱི་ལུང་དྲངས་ནས་གསུངས་པ་ཡིན་ལ། འདིར་རྣམ་དག་ལེགས་པའི་ལམ་ལ། ཀུན་མཁྱེན་ཇོ་ནང་བ་ཆེན་པོའི་ལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ལས། ལྟ་སྒོམ་སྤྱོད་པ་ཆོས་ཀྱི་གཞུང༌། །ཞེས་ལྟ་བ་སྒོམ་པ་སྤྱོད་པ་གསུམ་དེ་ཆོས་ཀྱི་གཞུང་ཤིང་ལྟ་བུ་རེད་ཞེས་གསུངས་པ་ལྟར་རྣམ་དག་ལེགས་པའི་ལམ་སྒྲུབ་པ་ལ་ལྟ་བ་སྒོམ་པ་སྤྱོད་པ་གསུམ་ངེས་པར་ཚང་དགོས་པ་ཡིན་པ་རྒྱུ་མཚན་གྱིས་ལམ་གྱི་རྣམ་བཞག་དེ་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ནས་གསུངས་པ་བཞིན་སྐབས་འདིར་ཡང་ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ནས་འདིའི་ནང་ལོག་ཏུ་བཤད་པ་རེད། སྤྱིར་བཏང་ལམགྱི་རྣམ་བཞག་བཤད་པའི་སྐབས་སུ་རྗེ་བཙུན་བྱམས་པ་མགོན་པོས་མདོ་སྡེ་རྒྱན་གདམས་ངག་གི་ལེའུ་སྐབས་སུ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སྟེ་ལམ་ལྔ་ལ་སྦྱར་ནས་གསུངས་པ་རེད། དེ་བཞིན་དུ་གཞུང་ལུགས་རྣམས་ཀྱི་སྐབས་སུ་ལམ་གྱི་རྣམ་བཞག་གསུང་དུས་ལམ་ཚོགས་གཉིས་དང་ཐབས་ཤེས་གཉིས་ལ་སོགས་པ་གསུངས་པའི་སྒོ་མི་འདྲ་བ་མང་པོ་ཡོད་པ་རེད། འོན་ཀྱང་སྐབས་འདིར་ཀུན་མཁྱེན་ཕྱོགས་རྒྱལ་བ་དང༌། ཀུན་མཁྱེན་དོལཔོ་པའི་རི་ཆོས་ངེས་དོན་རྒྱ་མཚོ་སོགས་ཀྱི་སྐབས་སུ་གཙོ་བོ་ལྟ་སྒོམ་སྤྱོད་པ་ལ་སྦྱར་ནས་ལམ་གྱི་རྣམ་བཞག་དེ་གསུངས་པ་བཞིན་སྐབས་འདིར་ཡང་ལྟ་སྒོམ་སྤྱོད་གསུམ་ལས།དང་པོ་ལྟ་བ་ལ་ཐུན་མོང་གི་ལྟ་བ་དང་ཐུན་མོང་མ་ཡིན་པའི་ལྟ་བ་གཉིས་བྱས་ནས་གསུངས་པ་ལས་དང་པོ་ཐུན་མོང་གི་ལྟ་བ་ནི།རི་ཆོས་ངེས་དོན་རྒྱ་མཚོ་ལས། ཡང་དག་པའི་ལྟ་བ་ཐུན་མོང་དུ་གྲགས་པ་ལེགས་པར་རྟོགས་པ་ལ་ནི། རྣམ་ཤེས་ལ་སྣང་ཞིང་སྒྲ་རྟོག་ལ་བཏགས་པའི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གནས་ལུགས་༼ཡིན་ལུགས་གཤིས་ལུགས་ལ་༽རི་བོང་གི་རྭ་ལྟར་མ་གྲུབ་པ་དང༌། མོ་གཤམ་གྱི་བུ་ལྟར་ཅི་ཡང་མ་རེད་ཅིང་གང་དུ་ཡང་མ་གྲུབ་པས་ནམ་མཁའི་མེ་ཏོག་ལྟ་བུར་ཐག་ཆོད་པ་དགོས་ཏེ། འདིའི་ཤེས་བྱེད་རྣམས་ནི་བཀའ་འཁོར་ལོ་བར་བ་དང༌།དབུ་མ་རིགས་ཚོགས་ལ་སོགས་པ་རྣམས་སུ་རབ་ཏུ་གྲགས་པའི་ཕྱིར། ཞེས་གསུངས་པ་ནང་བཞིན་རེད། རང་ལུགས་ལ་བཀའ་འཁོར་ལོ་ཐ་མའི་དགོངས་དོན་གཞན་སྟོང་དབུ་མ་ཆེན་མོའི་ལྟ་བ་ཐུན་མོང་མ་ཡིན་པར་རྟོགས་པ་ལ་ཐོག་མར་ཐུན་མོང་གི་ལྟ་བ་དེ་ལ་བློ་སྦྱང་དགོས་པ་རེད།ཐུན་མོང་གི་ལྟ་བ་ཆོས་ཐམས་ཅད་གནས་ལུགས་ཡིན་ལུགས་གཤིས་ལུགས་ལ་མ་གྲུབ་པ་དང་རང་བཞིན་གྱིས་མ་གྲུབ་པ་མོ་གཤམ་གྱི་བུ་ལྟར་ཅི་ཡང་མ་རེད་ཅིང་གང་དུ་ཡང་མ་གྲུབ་པ་རེད།དེ་ཡང་ཆོས་ཐམས་ཅད་གཏན་ནས་མེད་པར་གསུངས་པ་མ་ཡིན་པར་སྣང་ཙམ་བཏགས་ཙམ་མ་གཏོགས་པའི་རིགས་པས་བརྟག་ཅིང་དཔྱད་ན་རིགས་པས་དཔྱད་བཟོད་དུ་མ་གྲུབ་པས་ན་གནས་ལུགས་དང་གཤིས་ལུགས་ལ་མ་གྲུབ་པ་ཡིན་པ་རེད། དེས་ན་གོང་དུ་རི་ཆོས་སྐབས་སུ་ཤེས་བྱེད་རྣམས་ནི་བཀའ་འཁོར་ལོ་བར་བ་དང༌། རིགས་ཚོགས་དྲུག་ལ་སོགས་པ་རྣམས་སུ་གྲགས་པའི་ཕྱིར་ཞེས་རང་ལུགས་ལ་བཀའ་འཁོར་ལོ་བར་བ་དང༌། རིགས་ཚོགས་དྲུག་ལ་སོགས་པའི་སྐབས་ནས་བསྟན་པའི་ལྟ་བ་དེ་རང་ལུགས་ལ་ཐུན་མོང་དུ་ལྟ་བ་ཁས་ལེན་པ་དང་རང་ལུགས་ལ་སྒོམ་གི་ཡོད་པ་དང་དེ་དག་གི་དགོངས་དོན་ཁས་ལེན་པ་དེ་འདིའི་སྐབས་སུ་གསུངས་པ་དེ་ངེས་པར་ཤེས་དགོས་པའི་གནད་འགག་གཅིག་རེད།དེ་ནས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡུམ་གྱི་སྐབས་སུ། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་༼བདེན་པར་ཞེན་པའི་སྒོ་ནས་༽སློབ་པ་མེད་དོ། །ཞེས་བདེན་སྟོང་སྒྱུ་མ་ལྟ་བུ་སློབ་པ་མ་གཏོགས་བདེན་ཞེན་དང་བདག་འཛིན་ཞེན་པ་སོགས་ཀྱི་སྒོ་ནས་འཆིང་རུང་གི་མ་རེད། སྤྱིར་ང་ཚོ་བློ་སྣང་བའི་མི་འཆིང་ཞེན་པས་འཆིང༌། ཞེན་པ་ཆོད་ཅིག་ན་རོ་པ། ཞེས་གསུངས་པ་ནང་བཞིན་བདེན་ཞེན་གྱི་སྒོ་ནས་ཆོས་གང་སྒྲུབ་པ་ཡིན་ན་དེས་འཆིང་འགྲོ་གི་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་རྗེ་བཙུན་བྱམས་པ་མགོན་པོའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པའི་རིང་བ་སྟེ། ། ཐབས་ཀྱི་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང༌། །ཞེས་སོགས་གསུངས་པ་ནང་བཞིན་དུ་ཤེས་དགོས་པ་རེད།དེ་ནས་སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ།།༼ཞེས་འདིདང་འདི་ཞེས་ནན་ཞེན་གཏད་ཞེན་གྱི་བདེན་འཛིན་གྱི་འདུ་ཤེས་དང་བྲལ་ཞིང་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཉེ་བར་ཞི་བ་ལ་སྤྱོད་དགོས་པ་རེད་གསུངས་པ་རེད།སྤྲོས་པ་ཐམས་ཅད་དང་བྲལ་བའི་ཉེ་བར་ཞི་བ་ལ་སྤྱོད་པ་༽འདི་ནི་ཤེས་རབ་ཕ་རོལ་ཕྱིན་༼པ༽མཆོག༼ལ༽སྤྱོད་༼དགོས་༽པ་ཡིན། །ཞེས་དང༌།དེ་བཞིན་དུ་སློབ་དཔོན་ཨརྱ་དེ་ཝའི་དབུ་མ་བཞི་བརྒྱ་བའི་སྐབས་སུ། ༼མཐའ་གཅིག་ཏུ་༽ ཡོད་༼པའི་མཐའ་འཛིན་པ་༽དང་མེད་༼པའི་མཐའ་འཛིན་པ༽དང་ཡོད་མེད་༼གཉིས་ཀའི་མཐའ་ལ་སོགས་པ་༽ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །ཞེས་མདོར་ན་མཐའ་ཐམས་ཅད་དང་བྲལ་བའིསྒོ་ནས་སྤྲོས་བྲལ་དུ་སྒོམ་དགོས་པ་གསུངས་པ་རེད། དེ་བཞིན་དུ་རྩོད་ཟློག་ལས།གལ་ཏེ་ངས་༼ང་ལ་བདེན་པར་གྲུབ་པ་ལ་སོགས་པ་༽དམ་བཅས་འགའ་ཡོད། །༼ན༽དེས་ན་ང་ལ་སྐྱོན་དེ་ཡོད།།ང་ལ་༼བདེན་པར་ཞེན་པ་ལ་སོགས་པ་༽དམ་བཅའ་༼གང་ཡང་༽མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་སྣང་གྲགས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་སྤྲོས་བྲལ་དུ་གཏན་ལ་ཕབ་དགོས་པ་དེ་ཐུན་མོང་དུ་གྲགས་པའི་ལྟ་བ་དེ་རེད། གཙོ་བོ་འཁོར་ལོ་བར་བའི་སྐབས་སུ་སྤྲོས་བྲལ་གྱི་གཏན་ལ་ཕབ་བཞག་གི་སྟེང་ནས་གསུངས་པ་རེད། འཁོར་ལོ་བར་བའི་སྐབས་སུ་བདེན་པ་གཉིས་ཀ་སྤྲོས་པའི་བདེན་པར་མ་གྲུབ་པ་དེ་གཏན་ལ་ཕབ་གི་ཡོད་པ་གཅིག་མཚུངས་རེད། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཀུན་རྫོབ་སྤྲོས་པའི་བདེན་གྲུབ་ངས་མི་འདོད། །སྤྲོས་པའི་བདེན་གྲུབ་ཡོད་ན་ཀུན་རྫོབ་སྟེ། །ཞེས་གསུངས་པ་ནང་བཞིན་སྤྲོས་པའི་བདེན་པར་མ་གྲུབ་པ་དེ་འཁོར་ལོ་བར་བའི་སྐབས་སུ་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྟེང་ནས་གཏན་ལ་ཕབ་གི་ཡོད་པ་རེད།ཆོས་ཀྱི་དབྱིངས་དེ་དོན་དམ་པ་ཡིན་པ་དང་གནས་ལུགས་སུ་གྲུབ་པ་གཤིས་ལུགས་སུ་གྲུབ་པ་ཡིན་པས་ན་བདེན་པ་ཡིན་པ་དང་བདེན་པར་གྲུབ་པ་རེད།དེ་བཞིན་དུ་གོང་གི་དབུ་མ་བཞི་བརྒྱ་བའི་ལུང༌།ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །ཞེས་གསུངས་པའི་དགོངས་པ་འགྲེལ་ལུགས་སྐབས་སྐབས་སུ་མཉམ་བཞག་གི་ངོར་ན་ཡོད་པ་དང་མེད་པ། ཡོད་མེད་གཉིས་ཡིན་གཉིས་མིན་ལ་སོགས་པ་གང་ཡང་ཡོད་པ་ཡིན་ན་འཆང་བ་དེ་རེད། དེས་ན་མཉམ་བཞག་གི་སྐབས་སུ་སྤྲོས་པ་ཐམས་ཅད་དང་བྲལ་བ་མ་གཏོགས་པའི་རྗེས་ཐོབ་ཤན་འབྱེད་ཀྱི་སྐབས་སུ་ཡོད་པ་ལ་ཡོད། མེད་པ་ལ་མེད་མི་རྟག་པ་ལ་མི་རྟག་པ་དང་རྟག་པ་ལ་རྟག་ཞེས་ལྟ་ན་རྟག་མཐའ་དང་ཆད་པའི་སྐྱོན་གང་ཡང་ཡོད་པ་མ་ཡིན་ལ་བཀའ་བསྡུ་བཞི་བའི་སྐབས་སུ་གསུངས་པ་རེད། དཔེར་ན་རྗེས་ཐོབ་ཀྱི་སྐབས་སུ་ལས་རྒྱུ་འབྲས་ཡོད།ཚེ་སྔ་ཕྱི་ཡོད་ཞེས་ཁས་ལེན་དགོས་པ་རེད་མ་གཏོགས་ལས་རྒྱུ་འབྲས་མེད། ཚེ་སྔ་ཕྱི་མེད་ཞེས་སྨྲ་ན་སྐུར་འདེབས་སུ་འགྱུརབ་རེད། ཡིན་ན་ཡང་མཉམ་བཞག་ལ་ཟློ་བའི་གནས་སྐབས་སུ་ལས་རྒྱུ་འབྲས་ཡོད་པ་དང་མེད་པ་སོགས་གང་དུ་ཡང་བཟུང་དུ་མེད་པར་ཆེད་བཟུང་འཛིན་ཞེན་གཏད་ཞེན་གང་ཡང་མེད་པར་སྤྲོས་པ་ཐམས་ཅད་དང་བྲལ་བ་འོད་གསལ་བའི་སེམས་ཀྱི་སྟེང་དུ་མ་བཅོས་རང་བབ་ཏུ་ལྷན་ནེ་ལྷང་ངེར་འཇོག་དགོས་པ་གསུང་གི་ཡོད་པ་དེ་ནང་བཞིན་རེད་ཞུ་བ་ཡིན།བཀའ་འཁོར་ལོ་བར་བའི་དགོངསདོན་མཐར་ཐུག་གི་ཆོས་ཀྱི་དབྱིངས་དེ་བཀའ་འཁོར་ལོ་ཐ་མའི་སྐབས་ནས་བསྟན་པའི་ཆོས་ཀྱི་དབྱིངས་དེ་རེད། དཔེར་ན་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་བཀའ་བསྡུ་བཞི་བའི་སྐབས་སུ་བར་བའི་གསུངས་པའི་དེ་བཞིན་ཉིད། །སངས་རྒྱས་ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་གསུངས་པ་རེད་ཡིན་ན་ཡང་བཀའ་འཁོར་ལོ་བར་བའི་སྐབས་སུ་གཙོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བར་གསུངས་པ་རེད།སྤྲོསཔ་ཐམས་ཅད་དང་བྲལ་བ་དེ་འཁོར་ལོ་བར་བ་དང་ཐ་མ་གཉིས་གང་གཙོ་བ་རེད་ཞེ་ན་རང་ལུགས་ལ་བཀའ་འཁོར་ལོ་ཐ་མ་གཙོ་བོ་རེད།དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཟབ་དོན་ཉེར་གཅིག་ལས། ས་སྐྱའི་མཆོག་ལྡན་གྱིས་སྤྲོས་པ་གཅོད་བྱེད་བཀའ་འཁོར་ལོ་བར་བ་མཆོག་ཡིན་པ་དང་ཀུན་མཁྱེན་དོལ་པོ་པས་སྤྲོས་པ་གཅོད་བྱེད་བཀའ་འཁོར་ལོ་ཐ་མ་མཆོག་ཏུ་གྱུར་བ་ཡིན་པ་དེ་ལྟར་གསུངས་པ་རེད། དེ་ཡན་ཆད་ཐུན་མོང་གི་ལྟ་བ་མདོར་བསྡུས་ཙམ་སོང་ནས་གཉིས་པ་ཐུན་མོང་མ་ཡིན་པའི་ལྟ་བ་ཡང༌། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཚིགསབཅད་འདི་ཧ་ཅང་རྩ་ཆེན་པོ་རེད། དཔེར་ན་ཆོས་བརྒྱུད་སུ་དང་སུཡིན་ན་གཞན་སྟོང་དབུ་མའི་ལྟ་བ་དེ་གཙོ་བོ་རྒྱུད་བླ་མ་འདིས་སྒོ་ནས་བསྟན་པ་རེད་ཅེས་སྔ་འགྱུར་རྙིང་མ་དང༌། ས་སྐྱ་བ། བཀའ་བརྒྱུད་པ་དེ་མ་ཟད་རི་བོ་དགེ་ལྡན་པའི་ཕྱོགས་ནས་ཡིན་ན་འདིའི་སྒོ་ནས་གཞན་སྟོང་གི་གོ་བ་གསུངས་ཡོད་པ་རེད་ཞེས་མཁས་པ་དག་གི་ཞལ་རྒྱུན་ཡང་གོ་ཐོས་བྱུང་སོང༌། མདོར་ན་གོང་ནས་རྣམ་དབྱེར་བཅས་པའི་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་གློ་བུར་དག་གིས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་སྟོང་གི་རེད་ཞེས་སྟོང་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ་བཞག་ཡོད་པ་དེ་གསལ་བོ་རེད། རྣམ་དབྱེར་མེད་པའི་མཚན་ཉིད་ཅན་ཞེས་པ་དེ་དོན་དམ་པའི་ཡོན་ཏན་ཐམས་ཅད་དེ་བླ་མེད་ཆོས་ཀྱིས་ཁམས་བདེ་བར་གཤེགས་པའི་སྙིང་པོ་སྟོང་བ་མ་ཡིན་ཞེས་སྟོང་དང་སྟོང་མིན་ཟུང་དུ་འཇུག་པ་ཡིན་པ་བསྟན་པ་རེད། མདོར་ན་རང་གི་ངོ་བོ་མི་སྟོང་བ་གཞན་གཟུང་འཛིན་གྱིས་བསྡུས་པའི་སྤྲོས་པ་མཐའ་དག་གདོད་ནས་སྟོང་བའི་ཆོས་དབྱིངས་ལ་གཞན་སྟོང་གི་གོ་དོན་ཡང་དེ་ལྟར་གསུངས་པ་རེད། དཔེར་ན་སྦྱོརབ་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པ་ཡིན་ན་སྤྲོས་པ་ཐམས་ཅད་དང་བྲལ་བར་གནས་ཡོང་དུས་སྤྲོས་པ་ཐམས་ཅད་དང་བྲལ་བའི་གཞི་དེ་ཆོས་དབྱིངས་ཆགས་ཡོད་པ་རེད། དེ་བསྒོམ་པ་རྩ་རླུང་ཐིག་ལེ་ལ་སོགས་པའི་ཐིག་ལེ་དེ་དག་ལུས་བྱེད་བཅིང་གིས་གནད་ལ་བརྟེན་ནས་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་ཡོང་དུས་བླ་ན་མེད་པའི་སྟོང་གཟུགས་དུ་བ་སྨུག་རྒྱུ། མེཁྱེར་ལ་སོགས་པ་འོད་གསལ་རྟགས་བཅུ་དང༌།རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཅི་རིགས་རེ་མངོན་དུ་འགྱུར་ཐུབ་པ་དེ་གནད་འགག་ཆེན་པོ་ཞིག་རེད། ཅེས་གསུངས་པ་ལྟརདོན་དམ་རང་བྱུང་འོད་གསལ་བའི་ཡེ་ཤེས་ཉིད་གཞན་གཟུང་འཛིན་སོགས་སྤྲོས་པ་མཐའ་དག་གིས་གདོད་ནས་སྟོང་ཞིང་དོན་དམ་རང་བྱུང་འདུས་མ་བྱས་པའི་ཡོན་ཏན་སྟོབས་བཅུ། མི་འཇིགསཔ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་སོགས་ཟག་མེད་ཀྱི་ཡོན་ཏན་རྣམས་ཐོག་མེད་ནས་རང་བཞིན་འགྱུར་བ་མེད་པར་གནས་པའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱི་གནས་ལུགས་ཚུལ་བཞིན་དུ་རྟོགས་པའི་མངོན་རྟོགས་ནི། རང་ལུགས་ལ་ཡང་དག་པའི་ལྟ་བ་མཐར་ཐུག་པ་ཡིན་ནོ། །དེཡང་གཞི་ཀུན་རྫོབ་དང་དོན་དམ་བདེན་པ་གཉིས་ཀ་ཟུང་འཇུག་ཏུ་ལེགས་པར་རྟོགས་ནས་ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་ལ་བླང་དོར་ཕྱིན་ཅི་མ་ལོག་པར་བྱས་ཏེ།ཀུན་རྫོབ་ཀྱི་རྟེན་འབྲེལ་བསླུ་བ་མེད་པ་ལ་སྤང་བྱ་མི་དགེ་བ་དང་ཉོན་སྒྲིབ་ཤེས་སྒྲིབ་དེ་དག་དོར་དགོས་པ་དང༌། བླང་བྱ་དགེ་བ་ལ་སོགས་པ་དེ་དག་ལེགས་པར་བླངས་ནས་སྒྲུབ་དགོས་པ་སོགས་བླང་དོར་ཕྱིན་ཅི་མ་ལོག་པར་བྱ་དགོས་པ་རེད། ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེས་ན་དངོས་པོར་ཞེན་པའི་བདག་འཛིན་སོགས་གློ་བུར་བ་རྣམས་སྤོང་བར་བྱེད་པ་ཡིན་ཏེ། ས་བཟང་མ་ཏི་པཎ་ཆེན་གྱི་ཞལ་ནས། ལྟ་བ་བདེན་གཉིས་ཟུང་འཇུག་རྟོགས་པ་ཡིས། །ཞེས་ལྟ་བ་བདེན་པ་གཉིས་དོན་དམ་པར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མེད་ཅིང་ཐ་སྙད་ཀུན་རྫོབ་ཏུ་ཡོད་པ་ལ་སོགས་པའི་ལྟ་བ་བདེན་གཉིས་ཟུང་འཇུག་དེ་དང༌། གཞན་སྟོང་དབུ་མ་ཆེན་པོ་དེ་ཆོས་རྣམས་ཀྱི་གནས་ལུགས་ཡིན་པ་དེ་དང༌། དེའི་ཆོས་ཅན་ཀུན་རྫོབ་ཆོས་ཅན་གཉིས་བདེན་གཉིས་ཟུང་དུ་འཇུག་པར་རྟོགས་པ་ཡི་སྒོ་ནས། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པ་ལ། །བླང་དོར་ཚུལ་བཞིན་བགྱིས་ཏེ་དམ་པའི་དོན། །སྟོང་ཉིད་རྟོགས་པ་༼དེ་ལ་བརྟེན་ནས་༽དངོས་འཛིན་༼ནམ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་སྐབས་སུ་ཆོས་ཀྱི་བདག་འཛིན་དངོས་པོར་ཞེན་པ་དང༌། །བདེན་འཛིན་དངོས་འཛིན་མིང་གི་རྣམ་གྲངས་སོ། ། ཞེས་གསུངས་པ་ལྟར་བདེན་པར་གྲུབ་པར་འཛིན་པའི་བདེན་འཛིན་ཆོས་ཀྱི་བདག་འཛིན་སོགས་༽མཐའ་དག་སྤངས། །༼ཐུབ་གི་རེད་ཅེས་གསུངས་པའི་ཕྱིར་རོ། ། འོ་དེ་ལྟར་ལམ་ལེགས་པར་བསྒོམ་པ་ཡིན་ན་ཆོས་ཀྱི་བདག་འཛིན་སྤང་ཐུབ་པ་རེད། ཆོས་ཀྱི་བདག་འཛིན་སྤངས་པ་ན་ཤེས་སྒྲིབ་དེ་ཡང་སྤང་ཐུབ་པས་ཤེས་སྒྲིབ་སྤངས་པ་དང་དུས་མཉམ་དུ་སངས་རྒྱས་པ་ཡིན་པ་ལ་སོགས་པ་ཤེས་དགོས་པ་རེད། སྤྱིར་སྤང་བྱ་དེ་ཉོན་མོངས་པའི་སྒྲིབ་པ་དང༌།ཤེས་བྱའི་སྒྲིབ་པ་གཉིས་ཡོད་པ་དེ་དབུས་མཐའ་རྣམ་འབྱེད་ལས། ཉོནམོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་དག་ཏུ་བསྟན། །དེ་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་སྒྲིབ་པ་ལ་གཉིས་སུ་ངེས་པ་རེད། དེའིསྟེང་དུ་རྒྱུད་བླ་མ་ལ་སོགས་པའི་སྐབས་སུ་སྙོམ་འཇུག་གི་སྒྲིབ་པ་ཞེས་གསུངས་པ་དེ་ཡང་རང་ལུགས་ལ་ཤེས་སྒྲིབ་ཀྱི་ཕྱོགས་གཅིག་ཡིན་པ་དང་ཤེས་སྒྲིབ་ཀྱི་བྱེ་བྲག་ཡིན་པར་གསུངས་པ་རེད།ཡིན་ན་ཡང་གཞན་ཕྱོགས་པ་དཔེར་ན་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་སྙོམ་འཇུག་གི་སྒྲིབ་པ་དེ་ཉོན་སྒྲིབ་མ་རེད་མ་གཏོགས་དགྲ་བཅོམ་པའི་རྒྱུད་ལ་ཁྱོད་ཡོད་པའི་ཕྱིར།ཤེས་སྒྲིབ་མ་ཡིན་ཏེ་ཁྱོད་སྤངས་པའི་ཉན་ཐོས་དགྲ་བཅོམ་པ་ཡོད་པའི་ཕྱིར་ཞེས་དེ་ལྟར་གསུངས་ཚུལ་ཡོད་པ་རེད། འོན་ཀྱང་རང་ལུགས་ལ་རྒྱུད་བླ་མའི་སྐབས་སུ་གསུངས་པ་ནང་བཞིན་དུ། འཁོརགསུམ་རྣམ་པར་རྟོག་པ་ཀུན། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་འཁོར་གསུམ་བདེན་པར་ཞེན་པ་ལ་སོགས་པ་ཤེས་སྒྲིབ་དང༌། སེར་སྣ་ལ་སོགས་རྣམ་རྟོག་ཀུན། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་སེར་སྣ་དང་གང་ཟག་གི་བདག་འཛིན་དེ་བཞིན་དུ་མདོར་ན་དུག་གསུམ་ལ་སོགས་པ་དེ་དག་ཐམས་ཅད་ཉོན་སྒྲིབ་ཏུ་འདོད་གི་ཡོད་པ་རེད་མ་གཏོགས་དཔེར་ན་དཔལ་ལྡན་ཟླ་བ་གྲགས་པའི་ལུགས་ལ་བདེན་འཛིན་ནམ་ཆོས་ཀྱི་བདག་འཛིན་དེ་ཉོན་སྒྲིབ་ཏུ་འདོད་པ་རེད།འོན་ཀྱང་རྒྱུད་བླ་མ་དེ་ཁོ་ཚོས་རང་གཞུང་ཡིན་པར་བཀྲལ་བཞིན་དུ་བདེན་འཛིན་དེ་ཉོན་སྒྲིབ་ཡིན་ལབ་ན་རྒྱུད་བླ་མའི་སྐབས་སུ། འཁོར་གསུམ་རྣམ་པར་རྟོག་པ་ཀུན། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་གསུངས་པ་འགལ་མིན་ཅུང་ཟད་དཔྱད་པ་བཏང་བའི་གནས་ཞིག་རེད་སྙམ་གི་འདུག ཡང་གནས་ལུགས་སུ་ཡོད་པ་ལ་ཡོད་ཅེས་དང་མེད་པ་ལ་མེད་ཅེས་སོགས་བཀའ་འཁོརལོ་ཐ་མ་ལྟ་བ་ཤན་འབྱེད་དོན་དུ་གསུངས་ཏེ། དེ་ལྟར་ཡིན་པ་རྗེ་ཇོ་ནང་བའི་ལྟ་བ་ཤན་འབྱེད་ཀྱི་སྐབས་སུ། ཡོད་དོ་མེད་དོ་རྟག་ཆད་སོགས། །ལྟ་བ་ཤན་འབྱེད་དོན་དུ་གསུངས། །ཞེས་གསུངས་པ་རེད། དེས་ན་འཁོར་ལོ་ཐ་མའི་སྐབས་སུ་ལྟ་བ་ཤན་ཕྱེས་ནས་ཡོད་པ་ལ་ཡོད་མེད་པ་ལ་མེད་ཅེས་དཔེར་ན་ཆོས་ཀྱི་དབྱིངས་ལྟ་བུ་དེ་གནས་ལུགས་ལ་ཡོད་པ་དང་དོན་དམ་དུ་ཡོད་པར་བསྟན། གཞན་དབང་དེ་དོན་དམ་པར་མེད་ཀྱང་རྫས་སུ་ཡོད་པར་བསྟན། ཀུན་བཏགས་དེ་རྫས་སུ་ཡང་མེད་དོན་དམ་དུ་ཡང་མེད་ཀྱང་འཁྲུལ་བའི་སྣང་ངོར་སྣང་བ་ཙམ་ཡིན་པའི་རྒྱུ་མཚན་གྱིས་བཏགས་པ་ཙམ་ཡིན་པ་དེ་ཤེས་པར་བྱ་བ་ཡིན་པར་གསུངས་པ་རེད།དེ་ལྟར་ཡང་དག་པའི་ལྟ་བ་ཚུལ་བཞིན་དུ་ཤེས་དགོས་ལ། གལ་ཏེ་ཡང་དག་པའི་ལྟ་བ་དེ་ཚུལ་བཞིན་དུ་མ་ཤེས་ན་སྤྱོད་པ་དང་སྒོམ་པ་ལས་ཀྱང་ཉམས་པར་འགྱུར་ཏེ། ལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ལས། ལྟ་བ་འཁྲུལ་ན་སྤྱོད་པ་ནོར། །དེ་ནས་སྒོམ་པ་ཉམས་པར་འགྱུར། །དེ་ཕྱིར་ཐོག་མར་ལྟ་བ་གཅེས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རང་ལུགས་ལ་གཞན་སྟོང་དབུ་མ་ཆེན་མོའི་ལྟ་བ་འདི་ངེས་པར་ཤེས་དགོས་པ་གལ་ཆེ་བ་རེད། དེས་ན་ལྟ་ཁྲིད་མཛད་པའི་བླ་མ་དགེ་བའི་བཤེས་གཉེན་རྣམ་པ་ཚོ་ཡང་གཞན་སྟོང་དབུ་མའི་ལྟ་བ་དེ་ཧ་ཅང་དོ་སྣང་དགོས་ས་ཧ་ཅང་སློབ་དགོས་ས་དེ་འདྲ་ཡིན་པ་རེད། དེས་ན་ང་ཚོ་དེང་སང་ཆོས་བརྒྱུད་གཞན་དང་གཞན་གྱི་ནང་ཡིན་ན་འདྲ་བཀའ་བརྒྱུད་པའི་ཕྱོགས་རྡོ་རྗེ་སློབ་དཔོན་རྣམ་པ་ཚོས་གཞན་སྟོང་ཕྱོགས་དེ་ཧ་ཅང་དོ་སྣང་བྱས་ནས་སློབ་སྦྱངས་དང་དྲི་བ་དྲིས་ལན་སོགས་མཛད་ཀྱིན་ཡོད་པ་རེད། ཡིན་ན་ཡང་ང་ཚོ་ཇོ་ནང་བའི་ཕྱོགས་ནས་ཡིན་ན་བླ་མ་དགེ་བའི་བཤེས་གཉེན་རྣམ་པ་ཚོས་གཞན་སྟོང་གི་ལྟ་བ་དེ་ཅུང་ཟད་དོ་སྣང་བྱེད་ཐུབ་གི་མེད་པ་འདྲ་བོ་དང་མོས་པ་དང་ཤེས་འདོད་ཞིབ་འཇུག་ཐོས་བསམ་དེ་འདྲ་དེ་ཧ་ཅང་མེད་པ་ཆགས་སོང་བ་ཡིན་ན་གཞན་སྟོང་དབུ་མའི་ལྟ་བ་དེ་མ་ཤེས་ན་གཞན་སྟོང་དབུ་མའི་ལྟ་བ་དེ་རྒྱུད་ལ་སྐྱེས་རྒྱུ་ཁེགཔོ་རེད། དེའི་རྒྱུ་མཚན་གྱིས་འདི་ནས་ཡང་ལྟ་བ་འཁྲུལ་ན་སྤྱོད་པ་ནོར། །དེ་ནས་སྒོམ་པ་ཉམས་པར་འགྱུར། །དེ་ཕྱིར་ཐོག་མར་ལྟ་བ་གཅེས། །ཞེས་ལྟ་བ་དེ་ཤེས་དགོས་པ་གལ་ཆེན་པོ་ཡིན་པ་གདམས་ཡོད་པ་རེད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་ཁོང་གི་ཡང་ལྟ་བ་ཤེས་ནསཉམས་སུ་ལེན་དགོས་པ་དང་བསྟན་པ་ཤེས་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དང༌།དཔེར་ན་འཆི་བ་མི་རྟག་པ་ལྟ་བུ་དེ་ཤེས་ནས་སྒོམ་དགོས་པ་དང་བློ་ལྡོག་རྣམ་བཞི་ཡིན་ན་ཤེས་ནས་སྒོམ་དགོས་པ་ལས་ཤེས་པ་ཙམ་གྱིས་མི་བཞག་པར་སྒོམ་དགོས་པ་དང༌། ཕ་རོལ་ལ་ཁ་ནས་ཟེར་ཤེས་པ་ཙམ་མ་ཡིན་པར་རང་གིས་ཡང་ཉམས་སུ་ལེན་སྟངས་དེ་ངེས་པར་ཤེས་དགོས་པ་གལ་ཆེན་པོ་ཞིག་རེད།དཔེར་ན་ང་ཚོས་སྲོག་གཅོད་པ་སྤང་དགོས་པ་རེད་ཅེས་ང་དང་ང་ལྟ་བུ་ཐམས་ཅད་ཀྱིས་ལབ་ཤེས་པ་རེད། ཡིན་ན་ཡང་སྲོག་གཅོད་པ་སྤང་བ་ལ་གང་འདྲ་དགོས་པ་རེད་ཅེ་ན་སྲོག་གཅོད་ཅེས་པ་ནི་མ་ནོར་གཞན་ནི་བསད་པའོ་ཞེས་གསུངས་པ་ལྟར་རང་ལས་རྒྱུད་ཐ་དད་པའི་གང་ཟག་མ་ནོར་བར་བསད་སེམས་ཡོད་པའི་སྟེང་ནས་བསམ་བཞིན་དུ་བསད་པ་ཡིན་ན་སྲོགགཅོད་ཟེར་གི་ཡོད་པ་དེ་འདྲ་རེད། དེ་འདྲའི་སྲོག་གཅོད་པ་དེ་རང་གིས་ཤེས་ནས་རང་གིས་དེ་འདྲ་མི་བྱེད་སྙམ་པའི་དམ་བཅའ་དང༌། དམ་བཅའ་ཡོད་པ་མ་ཟད་རྗེས་སུ་འབུ་སྲིན་ཡན་ཆད་གསོད་པའི་སྐབས་དང་འཕྲད་ན་ཡང་མི་བསད་པར་བྱེད་དགོས་པ་དེ་དང༌། གཞན་ལ་ཡང་སྲོག་གཅོད་པ་ལ་སོགས་པ་སྤངས་པ་ལ་བསླབ་པར་བྱེད་པ་དེ་དང་དེ་ནས་གཞན་གྱིས་བསླབ་པ་ལ་རྗེས་སུ་ཡི་རང་བྱེད་པའི་དེ་འདྲའི་སྟེང་ནས་སྲོག་གཅོད་པ་སྤང་དགོས་པས་མཚོན་ནས་ཆོས་གང་དང་གང་ཡིན་ན་ལེགས་པར་ཤེས་ནས་རང་རང་སོ་སོས་ཉམས་ལེན་བྱེད་དགོས་པ་དེ་འདྲ་རེད།སྲོག་གཅོད་པ་སྤོང་བའི་ཉམས་ལེན་བྱེད་ཚུལ་དེ་གོང་ན་ཞུས་པ་ནང་བཞིན་ལས་གཞན་ཡོད་པ་མ་རེད། དེ་འདྲའི་སྟེང་ནས་རང་རང་སོ་སོས་རྒྱུན་ལྡན་དུ་ཉམས་ལེན་བྱེད་དགོས་པ་གལ་ཆེན་པོ་རེད་ཞུ་བ་ཡིན། དེ་ཡན་ཆད་ལྟ་བ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་མདོར་བསྡུས་པ་ཞིགལྟ་སྒོམ་སྤྱོད་གསུམ་གྱི་ནང་ནས་ལྟ་བ་དེ་བཤད་ཟིན་པ་དེ་རེད། འདིའི་མཇུག་ནས་གཉིས་པ་སྒོམ་པ་བཤད་པ་ཡོང་གི་འདུག་ཡིན་ན་ཡང་དེ་རིང་མཚམས་འདི་ནས་འཇོག་རྒྱུ་ཡིན། ཐུགས་རྗེ་ཆེ།

ཉིན་དྲུག་པ།

ཉིན་དྲུག་པ།

འོ་དེ་ནས་ཁ་སང་གི་མཚམས་ནས་ཞུས་ན་གོང་ནས་ཁ་སང་ཡིན་ན་གཞི་ལམ་འབྲས་གསུམ་གྱི་ནང་ནས་ལམ་གྱི་རྣམ་བཞག་དེ་ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་ཞུས་པ་རེད།དེ་ཡང་ལྟ་བ་དེ་ཉིད་ཐུན་མོང་དང་ཐུན་མོང་མ་ཡིན་པ་སོ་སོའི་སྒོ་ནས་མདོ་ཙམ་ཞུས་ཟིན་པ་དེ་རེད།གཉིས་པ་སྒོམ་བཤད་པ་ལ།རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་དང་སྔགས་ཀྱི་དགོངས་དོན་མཐའ་དག་འགལ་བ་མེད་པར་ཚུལ་བཞིན་དུ་ཉམས་སུ་ལེན་པ་ནི་སྤྱིར་སྒོམ་པ་ཡིན་ལ།དེ་ལྟར་བཀའ་འཁོར་ལོ་གསུམ་གྱི་དགོངས་དོན་མཐར་ཐུག་ཉམས་སུ་བླངས་པསབདེ་གཤེགས་སྙིང་པོ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་བཞག་ནས་དེ་ལ་དྲི་མ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་རྣམས་སྦྱོང་བའི་ཚུལ་དང་མཐུན་པར་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་འམ་གཟུངས་ཀྱི་དབང་ཕྱུག་གིས་ཞུས་པའི་མདོ་ལས་གསུངས་ཤིང༌། དེ་ཡང་འཁོར་ལོ་དང་པོ་ནི།ཐེག་ཆེན་གྱི་ངེས་དོན་ཟབ་མོ་སྒོམ་པའི་སྔོན་འགྲོ་དང་ཡང་རྗེས་སུ་མཐུན་ཞིང༌།ཐེག་ཆེན་གྱི་ངེས་དོན་ཟབ་མོ་སྒོམ་པའི་སྔོན་འགྲོ་ལྟ་བུ་དེ་འཁོར་ལོ་དང་པོའི་སྐབས་སུ་བདེན་བཞི་མི་རྟག་བཅུ་དྲུག་སོགས་སྒོམ་དགོས་པ་ཡིན་པ་རེད།དེའི་རྒྱུ་མཚན་གྱིས་ཟབ་མོ་སྒོམ་པའི་སྔོན་འགྲོ་དང་ཡང་རྗེས་སུ་མཐུན་ཞིང་གསུངས་པ་རེད། འཁོར་ལོ་གཉིས་པ་ཡིན་ན་ཟབ་མོའི་དོན་ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཉམས་སུ་ལེན་པ་དང་ཡང་མཐུན་པ་རེད།འཁོར་ལོ་གསུམ་པ་ནི།ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་པ་ན་ཡོད་མེད་ལ་སོགས་པ་ལེགས་པར་ཕྱེ་སྟེ་ངོ་སྤྲོད་པ་གསང་སྔགས་ཟབ་མོ་དང་ཡང་མཐུན་པ་ཡིན་པ་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེས་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་དེ་ལྟར་གསུངས་པ་རེད།དེ་འདྲ་གསུངས་དུས་འཁོར་ལོ་དང་པོའི་སྐབས་སུ་གཙོ་བོ་བདེན་བཞི་མི་རྟག་བཅུ་དྲུག་སོགས་སྒོམ་དགོས་པ་དང༌། འཁོར་ལོ་བར་བའི་སྐབས་ཡིན་ན་ཟབ་མོའི་དོན་ལ་སྤྲོས་བྲལ་དུ་སྒོམ་དགོས་པ་ཡིན་པ་དང༌།འཁོར་ལོ་ཐ་མའི་སྐབས་སུ་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་དེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟེང་ནས་དོན་དམ་པའི་ཡོན་ཏན་ཐམས་ཅད་ཀྱིས་མི་སྟོང་བའི་དོན་དམ་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ་ཡིན་པ་སྒོམ་དགོས་པ་དེ་ལྟར་གསུངས་པ་རེད། དེ་ཡངསྒོམ་ཐུན་མོང་བ་བྱམས་སྙིང་རྗེ་དང༌། བདག་ལ་དེ་དག་སྡུག་སྨིན་ཅིང༌། །བདག་བདེ་མ་ལུས་དེར་སྨིན་ཤོག །ཅེས་པ་དང༌།ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་ཕམ་ཁ་རང་ལལོངས། །ཞེས་གསུངས་པ་ནང་བཞིན་བདག་ལ་བདེ་བ་དང་བདེབའི་རྒྱུ་ཇི་སྙེད་ཡོད་པ་ཐམས་ཅད་ཕངས་སེམས་མེད་པའི་སྒོ་ནས་གཞན་ལ་སྦྱིན།གཞན་གྱི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་ཐམས་ཅད་ཚུར་ལེན་པ་བདག་གཞན་མཉམ་རྗེས་ཀྱི་བྱང་ཆུབ་ཀྱི་སེམས་སྒོམ་དགོས་པ་ཡིན་པ་དེ་འདྲ་རེད། དེ་ཡང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བདག་ལ་བརྟེན་ནས་ནམ་དུ་ཡང༌། །གཞན་ལ་གནོད་པར་མ་གྱུར་ཅིག །སྒོ་གསུམ་གང་དང་གང་བརྩམ་པ། །གཞན་ལ་ཕན་པར་འགྱུར་བར་ཤོག །ཅེས་སྨོན་ལམ་གསུངས་པ་ནང་བཞིན་སྒོམ་དགོས་པ་རེད། དེ་བཞིན་དུ། བསྐྱེད་པའི་རིམ་པར་ལེགས་གནས་ཤིང༌། །སྔགསཀྱི་ནུས་པ་མཐར་ཕྱིན་ཏེ། ། ཞི་སོགས་འཕྲིན་ལས་བཅུ་གཉིས་པོ། །ཐོགས་པ་མེད་པར་འགྲུབ་པར་ཤོག །རལ་གྲི་རེག་འདྲ་བཅུད་ཀྱི་དབང༌། །བདུད་རྩི་འབྲས་བུརིལ་བུ་དང༌། །རོ་ཙ་ན་དང་མིག་སྨན་དང༌། །རྐང་མགྱོགས་གྲུབ་ཆེན་བརྒྱད་ཐོབ་ཤོག།ཅེས་གསུངས་པ་ནང་བཞིན་ཐུན་མོང་གི་དངོས་གྲུབ་ལ་སོགས་པ་དེ་དག་ཐམས་ཅད་འགྲུབ།བསྐྱེད་རིམ་གྱི་སྒོ་ནས་སྒྲུབཔའི་ལས་ཆེན་བཅུ་གཉིས་ལ་སོགས་པ་འགྲུབ་པར་བྱས་ནས་བསྐྱེད་རིམ་སྒོམ་པ་ལ་སོགས་པ་སྒོམ་ཐུན་མོང་བ་རྣམས་ཐུན་མོང་གི་གཞུང་ལུགས་སུ་གྲགས་པ་ལྟར་རོ། །དེ་ནས་ཐུན་མིན་གྱི་སྒོམ་ནི་འཁོར་ལོ་བཀའ་བར་བ་མཚན་ཉིད་མེད་པའི་འཁོར་ལོ་དང༌། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་གཉིས་དང་གསང་སྔགས་རྡོ་རྗེ་ཐེག་པ་དོན་གཅིག་མོད་ཀྱི་ཉམས་སུ་ལེན་ན་ལ་ཟློ་བ་ཆོས་ཉིད་ཟབ་མོ་ལ་འཁོར་ལོ་བར་བ་དང་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས་རྗེས་ཐོབ་ཤན་འབྱེད་པའི་ཚེ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ན་འཁོར་ལོ་ཐ་མ་དང་རྡོ་རྗེ་ཐེག་པ་ལས་གསུངས་པ་བཞིན་དུ་ལེགས་པར་རྣམ་པར་ཕྱེ་སྟེ་ངོ་སྤྲད་ན་ཡང་དག་པར་སོ་སོར་རྟོག་པ་ན་འཁོར་ལོ་ཐ་མ་དང་རྡོ་རྗེ་ཐེག་པ་ལས་གསུངས་པ་བཞིན་དུ་ལེགས་པར་རྣམ་པར་ཕྱེ་སྟེ་ངོ་སྤྲད་ན་ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ཀྱི་དོན་ཟབ་མོ་ཉམས་སུ་ལེན་པའི་དོན་ཚང་ལ་མ་ནོར་ཞིང་ཡོངས་སུ་དག་པ་ཉིད་དུ་འགྱུར་བས་གནས་ལུགས་ལ་ཡོད་པ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དང༌། གནས་ལུགས་ལ་མེད་པ་ཀུན་བཏགས་གཞན་དབང་གཉིས་ཀྱིས་བསྡུས་པའི་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་སོགས་པ་གནས་ལུགས་ལ་ཡོད་མེད་དང༌།དེ་ནས་དོན་དམ་བདེན་པ་རང་གི་ངོ་བོས་མི་སྟོང་བ་དང་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་རྣམས་རང་གི་ངོ་བོས་སྟོང་བ་དང༌།རྣམ་བཅད་ཡོངས་གཅོད་ཀྱི་ཁྱད་པར་ཡོད་པ་རེད།རང་ལུགས་ལ་དོན་དམ་བདེན་པ་སྒྲུབ་པ་རང་དབངབ་རྩ་བ་ཉིད་ནས་ཁས་ལེན་གི་མེད་པ་རེད། དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་བདག་པོ་རང་དབང་རྟག་པ་མེད། །ཅེས་གསུངས་པ་ནང་བཞིན་རེད། དོན་དམ་དེ་ཉིད་རང་གི་དགག་བྱ་རྣམ་པར་བཅད་ཙམ་གྱི་མེད་དགག་མ་ཡིན་པར་མ་ཡིན་དགག་ཡིན་པ་དེ་འདྲ་རེད།མདོར་ན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་བ་དེ་མེད་དགག་ཡིན་པ་དང་དེས་སྟོང་བའི་ཤུལ་ཆོས་ཉིད་ཡོངས་གྲུབ་དེ་མ་ཡིན་དགག་ཡིན་པ་རང་ལུགས་ལ་གསུངས་ཡོད་པ་རེད།སྤངས་པ་དང་རྟོགས་པ་ལ་སོགས་པ་མདོར་ན་གཤིས་ལུགས་ཡིན་ལུགས་ལ་སོགས་པ་ཇི་ལྟར་གནས་པ་བཞིན་དུ་ལེགས་པར་རྣམ་པར་ཕྱེ་སྟེ་ཡང་དག་པའི་གནས་ལུགས་ཕྱིན་ཅི་མ་ལོག་པ་དེ་ཐོས་བསམ་གྱིས་ལེགས་པར་རྟོགས་པར་བྱས་ནས་ཀུན་རྫོབ་གློ་བུར་བའི་ཉེས་ཚོགས་ཀྱིས་དབེན་པའི་དོན་དམ་རང་བྱུང་འདུས་མ་བྱས་པའི་ཡོན་ཏན་རང་ཆས་སུདབྱེར་མེད་པའི་ཆོས་སྐུ་དེ་བཞིན་ཉིད་དེ་ཞི་ལྷག་ཟུང་འབྲེལ་དུ་ཡང་དག་པར་སྒོམ་དགོས་པ་ཡིན་པའི་ཕྱིར་ཏེ། ཐེག་མཆོག་དབུ་མ་ལས།སྒོམ་པ་ཞི་ལྷག་ཟུང་འཇུག་དབུ་མ་ཡིན། །ཞེས་གསུངས་པ་བཞིནརེད།དེ་ཡང་མཉམ་བཞག་ལ་ཟློ་བའི་སྐབས་སུ་འཁོར་ལོ་བར་བ་དང་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་པ་མ་གཏོགས་མེད་པ་རེད།འཁོར་ལོ་ཐ་མའི་སྐབས་སུ་ཡང་མཉམ་བཞག་ལ་ཟློ་བའི་སྐབས་སུ་སྤྲོས་བྲལ་རྣམ་པར་མི་རྟོག་པར་མཉམ་པར་བཞག་པ་མ་གཏོགས་མེད་པ་རེད། གསང་བ་སྔགས་ཀྱི་སྐབས་སུ་ཡིན་ན་མཉམ་པར་བཞག་པའི་སྐབས་དེར་འདི་ཡིན་འདི་མིན་དང་མྱོང་རྒྱུ་བསམ་རྒྱུ་གང་ཡང་མེད་པར་ཡིད་ཞབས་སུ་མྱོང་སྣང་ཙམ་ཡང་བྲལ་བའི་མ་བཅོས་སོ་མ་རང་ཤར་ལྷན་ནེ་ལྷང་ངེར་འོད་གསལ་བའི་སེམས་ཀྱི་སྟེང་དུ་བཅའ་བཅོས་གང་ཡང་མེད་པར་རང་བབས་ཤུགས་འབྱུང་དུ་འོད་གསལ་བའི་སེམས་ཀྱི་སྟེང་དུ་མཉམ་པར་བཞག་དགོས་པ་དེ་འདྲ་རེད། དེ་ལྟར་མཉམ་པར་བཞག་པའི་སྐབས་དེ་ཡང་བྱིང་རྒོད་ལསོགས་པའི་དབང་དུ་མི་འགྲོ་བར་རྩེ་གཅིག་ཏུ་མཉམ་པར་བཞག་དགོས་པ་རེད། བྱིང་རྒོད་ཀྱི་དབང་དུ་མི་འགྲོ་ལུགས་དེ་གང་ལྟར་རེད་ཅེ་ན་འཇོག་སྒོམ་གཞིར་བཞག་གི་དབང་དུ་བྱས་ཏེ་བཤད་ན་སེམས་ཀྱི་ངོ་བོ་འོད་གསལ་བའི་སྟེང་དུ་མཉམ་པར་བཞག་པ་དེའི་ཚེ་སེམས་ཀྱི་འཕང་དེ་དམའ་འགྲོ་བ་དང་དམིགས་པ་མ་བོར་བའི་སྐབས་དེར་སེམས་གཞན་དུ་མ་འཕྲོས་ཀྱང་སེམས་ཀྱི་གསལ་ཆ་དེ་ཅུང་ཟད་དམའ་བའི་ཚེ་བྱིང་བ་ཕྲ་མོ་བྱུང་གི་ཡོད་པ་རེད། དེ་འདྲའི་བྱིང་བ་ཕྲ་མོ་བྱུང་བ་ན་སེམས་དེ་ཅུང་ཟད་རྩེ་གཅིག་པའི་རྣལ་འབྱོར་རང་གྲོལ་གྱི་རྣལ་འབྱོར་བསམ་མེད་ཀྱི་རྣལ་འབྱོར་རྣམས་ཀྱི་ནང་ནས་ཅུང་ཟད་སྒྲིམ་ནས་སྒོམ་དགོས་པ་རེད།ང་ཚོས་དམིགས་པ་དེ་བོར་ནས་སེམས་གཞན་དུ་འཕྲོ་མི་ཐུབ་པ་ཧད་དེ་སྡོད་པའི་སྐབས་ལྟ་བུ་དེ་བྱིང་བ་ཟེར་ན་འདྲ་རྨུགས་པ་རགས་པ་བྱུང་འགྲོ་བ་དེ་འདྲ་རེད། དེའི་རྗེས་སུ་ལུས་སེམས་རང་དབང་མེད་པར་ནང་དུ་སྡུད་ནས་གཉིད་ཀྱི་དབང་དུ་འགྲོ་བཞག་པ་དེ་འདྲ་ཡོང་བ་རེད། དེས་ན་ང་ཚོས་སྒོམ་མཐར་གཉིད་ཀྱིས་བསུ་ན་སྒོམ་ཡང་དག་ཡོང་ཐུབ་གི་ཡོད་པ་མ་རེད།མདོར་ན་ང་ཚོའི་བྱིང་བ་ཕྲ་རགས་དང་གཉིད་རྨུགས་བྱུང་བ་ན་དེའི་གཉེན་པོ་ཆེད་དུ་སྒྲིམ་ནས་སེམས་ཀྱི་གསལ་ཆ་ལ་གསལ་ལྷང་ངེར་བསྐྱེད་དགོས་པ་གལ་ཆེན་པོ་རེད།ཡང་སེམས་འོད་གསལ་བའི་སེམས་ཀྱི་སྟེང་དུ་མཉམ་པར་བཞག་པ་ཡིན་ན་གསལ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྟེང་དུ་བདེ་ཆམ་མེར་ལྷན་ནེ་རྗེན་ནེ་འོདགསལ་བའི་སེམས་ཀྱི་སྟེང་དུ་མཉམ་པར་བཞག་པའི་སྐབས་དེར་སེམསགཞན་དུ་འཕྲོ་ནས་ཅུང་ཟད་མི་གནས་པའི་སྐབས་དེར་བྱིང་རྒོད་གཉིས་ཀྱི་ནང་ནས་རྒོད་པ་འབྱུང་གི་ཡོད་པ་རེད།རྒོད་པ་ཞེས་པ་དེ་འདོད་ཆགས་ཀྱི་ཆར་གཏོགས་སྔོན་རྩེ་རྩེ་བ་ཡིན་ན་འདྲ་ཡུལ་གཟུགས་སྒྲ་ལ་སོགས་པ་ལ་ཕྱིར་འཕྲོ་བའི་རྣམ་པ་ཅན་བྱེད་ལས་སེམས་གནསཔ་ལ་བར་དུ་གཅོད་བྱེད་ཅིག་རེད།སེམས་གནས་མི་ཐུབ་པར་གཞན་དུ་འཕྲོ་བ་ན་རྒོད་པ་བྱུང་ཡོད་པ་རེད།རྒོད་པ་བྱུང་བ་ན་སེམས་ཀྱི་སྔར་གྱི་གནས་ཆ་དེས་དྲངས་ནས་དེའི་སྟེང་དུ་ཅུང་ཟད་ལྷོད་ནས་གློད་ཀྱིས་གློད་ལ་གྲོལ་གྱིས་གྲོལ་བར་བྱེད་དགོས་པ་དང་རྣམ་རྟོག་གི་དབང་དུ་མི་འགྲོ་བར་སེམས་ཀྱི་གསལ་ཆ་ཁོ་རང་སྟེང་དུ་མཉམ་པར་བཞག་ཐུབ་ན་དཔེར་ན།རྣམརྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ཉིད་རང་གི་ངང་དུ་ཞོག །ཞེས་པ་དང༌།རྩི་ཤིང་རི་བོའི་ཆོ་འཕྲུལ་ཡིན། །རི་བོ་རང་གི་ངང་དུ་ཞོག །རྦ་རླབས་རྒྱ་མཚོའི་ཆོ་འཕྲུལ་ཡིན། །རྒྱ་མཚོརང་གི་སྟེང་དུ་ཞོག །ཅེས་རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་དེ། །སེམས་ཉིད་རང་གི་ངང་དུ་ཞོག །ཞེས་གསུངས་པ་ནང་བཞིན་རྣམ་རྟོག་འཕྲོ་བ་ན་སེམས་དེ་ཅུང་ཟད་གློད་དགོས་པ་རེད། གྲུབཆེན་ས་ར་ཧ་པས་ཀྱང༌། འཇུར་བའི་བཅིང་བའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ནང་བཞིན་སྒོམ་ལུགས་སྒོམ་སྟངས་དེ་རགས་ཙམ་ཡིན་ན་དེ་འདྲ་རེད།དེ་ཕན་ཆད་ཞུ་ཡང་ཤེས་གི་མི་འདུག་ད་མང་པོ་ཞུས་ན་གསང་སྒྲོགས་ཀྱི་ཉེས་པ་འདྲ་ཡང་འབྱུངསྲིད་ཀི་རེད། སྤྱིར་ན་ང་ཚོའི་མདོ་སྔགས་གཉིས་ཀྱི་ལྟ་བ་ཐུན་མོང་བ་རང་ལུགས་ལ་གསུངས་ཀྱིན་ཡོད་པ་རེད་རི་བོ་དགེ་ལྡན་པ་ཚོས་ཡང་དེ་ལྟར་གསུངས་གི་འདུགས་སྐྱ་བའི་ཁྲོད་ན་ཡང་མདོ་སྔགས་གཉིས་ཀྱི་ལྟ་བ་གཅིག་ཡིན་ཞེས་གསུངས་པ་མང་པོ་བྱུང་བ་རེད། དེའི་རྒྱུ་མཚནགྱིས་ལྟ་བ་ངོ་སྤྲོད་ཅིག་བཤད་ན་སྤྲོས་བྲལ་རྣམ་པར་མི་རྟོག་པའི་འོད་གསལ་བའི་སེམས་དེ་ངོ་སྤྲད་ལ་གསང་སྒྲོགས་ཀྱི་ཉེས་པ་ཆེན་པོ་འབྱུང་གི་མེད་པ་འདྲ་རེད། ཡིན་ན་ཡང་ང་ཚོའི་སྲོལ་རྒྱུན་གྱི་ཐོག་ནས་བསམ་བློ་བཏང་ན་བླ་མ་གོང་མ་རྣམས་ཀྱིས་སེམས་ངོ་སྤྲད་རྒྱུ་དེ་ཧ་ཅང་གསང་བའི་ཚུལ་དུ་མཛད་ཀི་འདུགཡིན་ན་ཡང་གཙོ་བོ་གསང་དགོས་པ་དེ་སྔགས་ཀྱི་ཐབས་ཟབ་གསང་དགོས་པ་གལ་ཆེན་པོ་ཆགས་ཡོད་པ་རེད།དཔེར་ན་སྔགས་ཀྱི་ཐབས་ཟབ་གསང་དགོས་པ་དེ་གང་འདྲ་རེད་ཅེ་ན་ལུས་བྱེད་བཅིང་གི་གནད་དང༌།རྩ་རླུང་ཐིག་ལེ་གནད་དུ་བསྣུན་ཚུལ་དེ་ལ་སོགས་པ་ངེས་པར་དུ་གསང་དགོས་པ་ཅིག་རེད།ལུས་སྦྱངས་ཀྱི་འཁྲུལ་འཁོར་སྐོར་ཡིན་ན་འདྲ་མདོར་ན་སྔགས་ཀྱི་ཐབས་ལམ་ཕྱོགས་དེ་གཙོ་བོ་གསང་དགོས་པ་རེད་མ་གཏོགས་ལྟ་བ་དེ་མདོ་སྔགས་གཉིས་གཅིག་པ་ཆགས་ཡོད་པ་དེ་འདྲ་རེད། དེ་མ་ཟད་དེང་སང་ཡིན་ན་ང་ཚོའི་ཁ་ཅིག་གིས་དུས་འཁོར་དབང་ཆེན་སོགས་ཚོགས་ནས་མར་ཁྱབ་བསྒྲགས་བྱས། ཚོགས་ནས་དབང་སོགས་དེ་འདྲ་བྱེད་བཞིན་ཡོད་པ་རེད། ང་ཚོས་དྲན་མི་དྲན་གྱི་སྐབསདེར་དུས་འཁོར་དབང་ཆེན་གསུངས་ན་ཡང་ཇོ་ནང་བརྣམས་ཀྱིས་སྦྱོར་དྲུག་ལ་འདུག་མྱོང་ཡོད་པ་དང༌། ཡང་ན་རྗེས་མར་སྦྱོར་དྲུག་ལ་འདུག་འགྱུར་དེ་འདྲ་མ་གཏོགས་མང་ཚོགས་དག་ལ་དུས་འཁོར་ཁྲོམ་དབང་བྱེད་རྒྱུ་ལུགས་སྲོལ་ཡོད་པ་མ་རེད། ཡིན་ན་ཡང་སྔོན་མ་རི་བོ་དགེ་ལྡན་པ་འདྲ་དེ་ཚོས་དུས་འཁོར་དེ་ཁྲོམ་དབང་བྱེད་ཀི་འདུགཡིན་ན་ཡང་གཙོ་བོ་ཁོ་ཚོས་ཉམས་སུ་ལེན་རྒྱུ་དེ་བསྐྱེད་རིམ་རྫོགས་རིམ་ལ་སོགས་པ་དེ་བདེ་གསང་འཇིགས་གསུམ་གྱི་སྒོ་ནས་དང༌། དེ་ཡང་གཙོ་བོ་རྒྱུད་གསང་བ་འདུས་པ་ལ་བརྟེན་ནས་གསུང་གི་ཡོད་པ་རེད། གསངབ་འདུས་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིན་ན་འདྲ་དབང་ཡིན་ན་འདྲ་དེ་དག་ཁོ་ཚོས་རྩ་བ་ཉིད་ནས་ཁྲོམ་དབང་དུ་མི་བྱེད་པ་མ་ཟད་འཛིན་གྲྭ་མཐོན་པོ་གྲྭ་བ་རྒན་པ་ད་རུང་བསྙེན་ཚད་འདུག་རྒྱུ་ཁས་བླང་བ་དག་ལ་མ་གཏོགས་དར་ཁྱབ་བྱེད་ཀི་ཡོད་པ་མ་རེད། དེ་འདྲ་དར་ཁྱབ་བྱེད་སོང་བ་ཡིན་ན་གསང་བ་སྔགས་ཀྱི་བྱིན་རླབས་ཀྱི་ཚན་ཁ་དེ་ཉམས་འགྲོ་བ་དེ་འདྲ་རེད།སྔོན་མའཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་བ་ལ་སྔགས་རྙིང་མ་བཙུགས་རྒྱུ་བྱས་ནས་ཁོ་རང་ཁྲོམ་ན་ཕེབས་པའི་སྐབས་དེར་རྙིང་མས་གརའཆམ་སྣ་ཚོགས་མང་ཚོགས་ཁྲོད་དུ་བཙུགས་ཡོད་པ་མཐོང་ནས་གསང་སྔགས་དེ་ཉིད་ཁྲོམ་བསྒྲགས་བྱས་པའི་དབང་གིས་བྱིན་རླབས་ཀྱི་ནུས་པ་ཉམས་སོང་ཡོད་རྒྱུ་རེད་གསུངས་ནས་གསང་སྔགས་གསར་མ་བཙུགས་པའི་ལོ་རྒྱུས་ཡོད་པ་དེ་ལྟར་རེད། དེའི་རྒྱུ་མཚན་གྱིས་སྤྱིར་བཏང་གསང་བ་སྔགས་དང་ལྷག་པར་དུ་རང་རང་སོ་སོའི་སློབ་མ་དང་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་ནས་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་སྤེལ། དེའི་སྟེང་ནས་དབང་ལུང་མན་ངག་སྒོམ་མཉམ་བཞེསམཛད་གི་ཡོད་པ་ཚོས་བྱིན་རླབས་ཀྱི་རིམ་པ་དེ་མི་ཉམས་པར་མ་མཁའ་འགྲོའི་ཁ་རླངས་དེ་མི་ཡལ་བར་བྱེད་དགོས་པ་དེ་ལ་མ་སྨིན་པ་དག་ལ་གསང་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་པ་སོགས་དེ་འདྲའི་ཁྱད་པར་ཤེས་དགོས་པ་རེད་མ་གཏོགས་ཁ་ཅིག་གིས་དུས་འཁོར་དབང་ཆེན་ནམ་རྒྱུན་གང་ས་གང་དཔལ་འབྱོར་བསྡུ་རྐྱེན་བྱས་ནས་གསུང་གི་ཡོད་པ་རེད།ཡིན་ན་ཡང་སེམས་ངོ་རེ་ཁྲིད་རྒྱུ་དེ་ཧ་ཅང་སྐུང་གི་ཡོད་པ་རེད།དེ་ཅུང་ཟད་གོ་ལྡོག་པ་འེ་ཡིན་ན་སྙམ་གི་འདུག ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེས་མཉམ་བཞག་ལ་ཟློ་བའི་སྐབས་དེ་འཁོར་ལོ་བར་བ་དང་གསང་སྔགས་རྡོ་རྗེ་ཐེག་པ་དོན་གཅིག་ཞེས་གསུངས་ཡོད་པ་རེད་མ་གཏོགས་གཞན་གསུང་གི་ཡོད་པ་མ་རེད།དེ་ནས་མདོ་སྔགས་གང་གི་སྐབས་ཡིན་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཤེར་ཕྱིན་གྱི་མདོ་ལས་མགོ་ནས་མཇུག་བར་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམིགས་པ་མེད་པ་དེ་འདྲ་སྒོམ་དགོས་པ་དེ་གསུང་གི་ཡོད་པ་དེ་འདྲ་རེད། དེ་ལྟར་རྣམ་པ་ཐམས་ཅད་ཀྱིས་ཁྱད་པར་ཅུང་ཟད་རེ་ཤེས་དགོས་འདུག་རང་གིས་ཡིན་ན་ཕྱོགས་ཙམ་དང་མདོར་ཙམ་ཞུས་པ་དེ་ཡིན།དེ་ནས་མཁས་པ་གཞན་གྱིས་ཡིན་ན་སྒོམ་པ་ཞི་ལྷག་ཟུང་འབྲེལ་གྱི་སྒོམ་དེ་ལྟར་དུ་གསུང་གི་ཡོད་པ་དེ་རེད། འདིའི་སྐབས་སུ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཡང་ཐེག་མཆོག་དབུ་མའི་སྐབས་སུ། སྒོམ་པ་ཞི་ལྷག་ཟུང་འཇུག་དབུ་མ་ཡིན། །དེ་ལྟར་གསུངས་པ་དེ་རེད།ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཤངས་ཆོསཀྱི་སྐབས་སུ་ཡང༌། འཁོར་ལོ་དང་པོའི་སྒོམ་དེ་ཞི་ལྷག་ཟུང་འབྲེལ་གྱི་སྒོམ་ཡིན་པ་གསུངས་པ་རེད།དེའི་རྒྱུ་མཚན་གྱིས་ང་ཚོས་ཏིང་ངེའཛིན་གང་སྒོམ་པ་ཡིན་ན་ཞི་ལྷག་ཟུང་འབྲེལ་གྱི་ནང་དུ་མ་འདུས་པའི་ཉམས་ལེན་དང༌། ཞི་ལྷག་ཟུང་འབྲེལ་དུ་བྱས་ནས་ཉམས་ལེན་ཆ་ཚང་བཅིག་བྱས་ནས་སྒོམ་དགོས་པ་གལ་ཆེན་པོ་རེད། དེས་ན་གཙོ་བོ་ཞི་གནས་ཞེས་པ་དེ་གང་འདྲ་རེད་ཅེ་ན་ཤིན་སྦྱང་ཁྱད་པར་ཅན་གྱིས་ཟིན་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་ཞིག་ཞི་གནས་ཟེར་གི་ཡོད་པ་རེད། ལྷག་མཐོང་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཡུལ་དཔེར་ན་སྔགས་ཀྱི་སྐབས་ཡིན་ན་གསལ་ཆ་མ་གཏོགས་གཞན་སྦྱར་དགོས་པ་མི་འདུགམདོའི་སྐབས་སུ་ཡིན་ན་དཔྱད་སྟོབས་ཀྱིས་དྲངས་བའི་ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཅིག་དགོས་པ་རེད།མདོར་ན་ང་ཚོས་སྒོམ་པའི་སྐབས་དེ་ཡུལ་དེ་ལ་སེམས་གཞན་དུ་མི་འཕྲོ་བར་རྩེ་གཅིག་ཏུ་གནས་པ་དེ་ཞི་གནས་ཆགས་ཡོད་པ་རེད།དེའི་སྟེང་དུ་བྱིང་རྨུག་གི་དབང་དུ་མི་འགྲོ་བར་གསལ་ཆ་ཞིག་ཡོད་པ་ཡུལ་གྱི་གནས་ཚུལ་དེ་ཚུལབཞིན་དུ་མཐོང་བའི་ཤེས་རབ་ཀྱི་ཆ་ཅིག་ཡོད་པ་དེ་ལྷག་མཐོང་གི་གཙོ་བོ་ཕྱོགས་དེར་གསུངས་དགོས་པ་རེད། འོ་དེ་འདྲ་བ་གོང་དུ་བཤད་པ་ལྟར་མཉམ་བཞག་གི་སྐབས་སུ་འཁོར་གསུམ་རྣམ་པར་རྟོག་པ་བཅོམ་པའི་ཕྱིར་དུ་རང་སེམས་རང་བྱུང་གཉུག་མ་དོན་གྱི་འོད་གསལ་གྱི་ཡེ་ཤེས་ལ་སྤྲོས་བྲལ་དུ་མཉམ་པར་བཞག་དགོས་པ་སྟེ།རྒྱུད་ལས།རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེདཔར་འགྱུར། །ཞེས་གསུངས་པ་ནང་བཞིན་སྤྲོས་བྲལ་དུ་མཉམ་པར་བཞག་པ་རེད། དེའི་རྒྱུ་མཚན་གྱིས་འདིའི་སྐབས་སུ་ལྟ་སྒོམ་སྤྱོད་གསུམ་གྱི་སྒོམ་ཞེས་བཤད་ཡོད་པ་རེད།དེ་དང་འདྲ་བ་ང་ཚོས་སྐབས་གང་དུ་ཡིན་ན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་བྱས་ནས་སྒོམ་དགོས་པ་རེད། དང་པོ་ཐོས་པས་ཐོས་པར་བྱས་ནས་ཐོས་པ་དེའི་དོན་དེ་ཡང་ནས་ཡང་དུ་སྒྲོ་འདོགས་བཅད་ནས་ངེས་པ་རྙེད། ངེས་པ་རྙེད་པའི་དོན་དེ་ཡང་ནས་ཡང་དུ་སྒོམ་དགོས་པ་ཞིག་རེད།རང་གིས་གང་ཤེས་པ་དེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡིན་ན་འདྲ།བདེན་པ་བཞི་ཡིན་ན་འདྲ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡིན་ན་འདྲ་བདག་མེད་གཉིས་ལ་སོགས་པ་མདོར་ན་གསང་བ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་མདོར་ན་གང་ཐོས་དེ་ཉིད་སྒོམ་བྱར་གཞུང་བརྒྱས་འགྲུབ།ཞེས་གཞན་གྱི་གཞུང་ན་གསུངས་པ་ནང་བཞིན་མདོར་ན་གང་ཤེས་པ་དེ་ཉིད་ཡང་ནས་ཡང་དུ་སྒོམ་དགོས་པ་རེད།སྒོམ་མ་བྱས་ན་ཉོན་མོངས་པའི་གཉེན་པོར་འགྲོ་ཐུབ་གི་མ་རེད་དེས་ན་ངེས་པར་གང་ཤེས་པ་དེ་སྒོམ་དགོས་པ་གལ་ཆེན་པོ་རེད། མ་ཤེས་པར་སྒོམ་ཚུལ་མེད་པར་ཤེས་ནས་སྒོམ་དགོས་པ་རེད།ང་ཚོས་ཐོས་བསམ་སྒོམ་གསུམ་བྱེད་དགོས་པ་མཐར་ཐུག་དེ་རྣམ་པར་གྲོལ་བ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོའཕང་ཐོབ་པའི་ཆེད་ཆགས་ཡོད་པ་རེད། དེས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་སྤངས་དགོས་པ་རེད། དེ་སྤང་བ་ལ་དེའི་གཉེན་པོར་ཡིན་གཅིག་མིན་གཉིས་ལམ་དེ་སྒོམ་དགོས་པ་རེད། ལམ་དེ་སྒོམ་པ་ལ་བསྒོམ་བྱའི་ཆོས་དེ་ཐོག་མར་ཤེས་དགོས་པ་རེད་དེའི་རྒྱུ་མཚན་གྱིས་བསྒོམ་བྱའི་དོན་དེ་ལ་བསམ་བྱུང་གི་ཚད་མས་ངེས་པ་རྙེད། བསམ་བྱུང་གི་ཚད་མས་ངེས་པ་རྙེད་པ་ལ་རང་བཞིན་ཤུགས་ཀྱིས་ཤེས་མི་ཐུབ་པར་མ་སྦྱངས་མ་བསླབ་པར་ཀུན་མཁྱེན་དུ་འགྲོ་བ་མེད་པ་དེ་དཔེར་ན་ས་སྐྱ་པཎ་ཊི་ཏས་མ་བསླབ་པ་ལ་ཀུན་མཁྱེན་དུ།།འགྲོ་ན་རྒྱུ་འབྲས་ག་ལབདེན། །ཞེས་གསུངས་པ་ནང་བཞིན་རེད་ཐ་ན་བློལྡོག་རྣམ་བཞི་ཙམ་ཡང་རང་གིས་སྦྱངས།དེ་ཡང་ཚུལ་བཞིན་དུ་བརྟག་དཔྱད་བྱས།ཡང་ནས་ཡང་དུ་སྦྱངས་བ་མ་བྱས་ན་བློ་ལྡོག་གི་གོ་བ་ཡག་པོ་ཞིག་ཆགས་ཐུབ་གི་མི་འདུགདེས་ན་ཐོས་པ་བྱེད་དགོས་པ་རེད། འོ་དེ་འདྲའི་ཐོས་བསམ་བྱས་པའི་དགོས་དོན་མཐར་ཐུག་རྣམ་པར་གྲོལ་བ་ཐར་བ་ཐོབ་པའི་ཆེད་རེད། སྤྱིར་ང་ཚོས་ཐོས་པ་བྱས་ནས་དོན་རྟོགས་པ། དོན་རྟོགས་པ་དེ་ཡང་ཉོན་མོངས་པའི་གཉེན་པོར་འགྲོ་བའི་ཆེད་ཡིན་པ་དང་ཉོན་མོངས་པའི་གཉེན་པོར་འགྲོ་ན་ཉོན་མོངས་པ་སྤངས་ནས་ཐར་བ་དང་ཐམས་ཅད་མཁྱེནཔའི་གོ་འཕང་ཐོབ་པའི་ཆེད་ཡིན་པ་དེ་ཐམས་ཅད་ཀྱི་ལམ་རྣམས་ཀྱི་གཞུང་ཤིང་ལྟ་བུ་བྱས་ནས་གོ་རིམ་དང་བགྲོད་རིམ་མ་ནོར་བ་ཅིག་གི་སྟེང་ནས་འགྲོ་ཤེས་དགོས་པ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན། དེ་ལྟར་ཚུལ་བཞིན་སྒོམ་ན་བླང་དོར་མ་ནོར་བ་དེ་དང༌།ཟབ་མོའི་དོན་རྟོགས་པ་དང༌། དངོས་འཛིན་བདེན་འཛིན་ཆོས་ཀྱི་བདག་འཛིན་ལ་སོགས་པ་སྤངས་པ་དང༌།མ་སྒོམ་ན་ལྟ་སྤྱོད་བཟང་ཡང་ཕན་པར་མི་འགྱུར་ཏེ། རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་ལས། ལུས་ཀྱི་༼དགེ་བ་ལ་སོགས་པ་༽འདི་དག་སྤྱོད་༼དགོས་༽པར་བྱ།།༼ཁ་ནས་༽ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །ཅེས་བདེན་བཞི་མི་རྟག་བཅུ་དྲུག་ལ་སོགས་པ་དེ་དག་ཁ་ནས་བཤད་པ་ཙམ་གྱིས་མི་ཆོག་པར་སྒོམ་དགོས་པ་ཡིན། འོན་ཀྱང་སྤྱིར་བདེན་བཞི་མི་རྟག་བཅུ་དྲུག་སོགས་བཤད་ནས་སྒོམ་དགོས་པ་ཡིན་པའི་རྒྱུ་མཚན་གྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་དེ་དག་བཤད་ནས་ཤེས་དགོས་པ་རེད་མ་གཏོགས་མ་བཤད་པར་རང་མཁྱེན་འགྲོ་བ་མེད་པ་དེ་བརྒྱ་ཆ་བརྒྱ་རེད། དེའི་ནང་ནས་ཁ་ཅིག་གིས་གཞན་སྟོང་དབུ་མའི་ལྟ་བ་དེ་བཤད་ནས་ཤེས་མི་ཐུབ་པར་བསྒོམས་ནས་ཤེས་དགོས་པ་རེད་གསུངས་གི་འདུག།འོན་ཀྱང་དང་པོ་བཤད་ནས་ཤེས་རྒྱུ་ཡོད་པས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་འཁོར་ལོ་ཐ་མའི་ངེས་དོན་མདོ་བཅུ་དང་སྙིང་པོའི་མདོ་བཅུ་སྔགས་བླ་ན་མེད་པའི་རྒྱུད་སྡེ་རྣམ་པ་བཞི་ལ་སོགས་པའི་སྐབས་སུ་གཞན་སྟོང་དབུ་མ་དེ་ཉིད་ཡང་ནས་ཡང་དུ་གསུངས་པ་དེ་གདུལ་བྱ་རྣམས་ཀྱིས་ཤེས་པའི་ཆེད་དུ་གསུངས་པ་དེ་རེད། གདུལ་བྱ་རྣམས་ཀྱིས་ལྟ་བ་དེ་ཤེས་ནསསྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་མངོན་སུམ་དུ་རྟོགས་དགོས་པ་རེད། སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་དང་པོ་སྒྲ་སྤྱི་དང་དོན་སྤྱིའི་སྒོ་ནས་གོ་བ་ལེགས་པར་ཆགས་ཐུབ་ཀྱི་རེད་འོན་ཀྱང་སྒྲ་སྤྱི་དང་དོན་སྤྱི་ཙམ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་དོན་ཇི་ལྟ་བ་བཞིན་རྟོགས་ཐུབ་པ་མ་རེད། ཡིན་ན་ཡང་དང་པོ་ཐོས་བསམ་གྱིས་གཏན་ལ་མ་ཕབ་པར་སྒོམ་ཡང་མི་ཤེས་པ་ཡིན་པ་ལ་སོགས་པའི་ཁྱད་པར་ཤེས་དགོས་པ་རེད། སྨན་དཔྱད་བཀློག་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་སྨན་གྱི་རྒྱུད་བཞིའི་རྣམ་བཞག་ཀློག་པ་ཙམ་གྱིས་ནད་པ་དག་ལ་ཕན་མི་ཐོགས་པར་སྨན་པ་རང་ཉིད་ཀྱིས་དང་པོ་སྨན་དཔྱད་ལ་སོགས་པ་ལེགས་པར་ཤེས། ཤེསནས་རང་ཉིད་ཀྱིས་རང་རང་གི་ལག་ལེན་ལ་བཏབ་ནས་ནད་པ་ལ་སྤྱོད་ལམ་དང་སྨན་ལ་སོགས་པ་བཤད་དགོས་པ་རེད།སྨན་པ་རང་ཉིད་ཀྱིས་ནད་དེ་ལེགས་པར་ངོས་ཟིན་ན་ནད་པ་ལ་ཕན་ཐོགས་འགྲོ་བ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་གདུལ་བྱ་རིགས་ཅན་གསུམམ་ལུས་པ་རྗེས་སུ་བཟུང་བའི་ཆེད་དུ་ཐེག་པ་གསུམ་གྱི་རྟོགས་རིགས་མ་ལུས་པ་ཐམས་ཅད་མཁྱེན་པར་བྱས་ནས་གདུལ་བྱ་ཐམས་ཅད་ལ་ཆོས་ཚུལ་བཞིན་དུ་བསྟན། བསྟན་ནས་གདུལ་བྱ་རྣམས་འཁོར་བའི་འདམ་ལས་འགྲོ་བ་ཐམས་ཅད་དྲངས་བར་མཛད་པ་རེད།དེས་ན་གོང་གི་སྤྱོད་འཇུག་གི་ལུང་གི་དོན་དེ་མདོར་བསྡུས་ཙམ་ཞུས་པ་དེ་ཡིན། རྗེ་སྒྲོལ་མགོན་གྱི་མགུར་འབུམ་ལས།སྒོམ་པ་མེད་ན་ལྟ་སྤྱོད་ཀྱང༌། །ས་འོག་གཏེར་བཞིན་ཕན་མི་ཐོགས། །ཅེས་དཔེར་ན་ས་འོག་ན་གཏེར་ཡོད་པ་ཙམ་གྱིས་དབུལ་ཕོངས་བའི་གང་ཟག་ལ་ཕན་མི་ཐོགས་པ་བཞིན་ལྟ་སྤྱོད་ཡོད་ན་ཡང་མ་བསྒོམས་ན་རང་རྒྱུད་ཀྱི་ཉོན་མོངས་པ་དེ་སྤངས་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་མི་ནུས་པར་གདམས་པ་རེད། ཡང་ཁ་ཅིག་སྒོམ་མ་གཏོགས་ཆོས་ལ་ཐོས་པ་བྱེད་པ་ལ་ཕན་ཡོན་མེད་པར་བཟུང་མཁན་ཡོད་ཀྱང་ཧ་ཅང་ནོར་འཁྲུལ་ཆེན་པོ་རེད། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་སྐབས་སུ། འཆང་བ་དང་ནི་སྟོན་དམ་ཀློག་ན་ཡང༌། །དེ་ཡི་རྣམ་པརསྨིན་པའང་བསམ་མི་ཁྱབ། །ཞེས་གསུངས་པ་ནང་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསུང་རབ་དེ་ཏིང་ངེ་འཛིན་སྒོ་མང་པོས་བྱིན་གྱིས་བརླབས་པ་ཡིན་པས་ན་ཐོས་བསམ་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་རེད། དེ་མ་ཡིན་ན་ཡང་ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །ཞེས་གསུངས་པ་བཞིན་ཤེར་ཕྱིན་འབྲི་བ་དང༌།ཉན་པ་ཀློག་པ་ཐོས་པ་བསམ་པ་སྒོམ་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་སོགས་པ་ཐམས་ཅད་ཆོས་སྤྱོད་ཡིན་པ་དེ་ཤེས་དགོས་པ་རེད། དེ་མ་ཟད་གསུང་རབ་ཀྱི་སྒྲ་ཙམ་ཐོས་པ་ཡིན་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་རེད། དཔེར་ན་སྔོན་བྱོན་གྱི་དམ་པའི་ལོ་རྒྱུས་ལྟར་ཡིན་ན་འཕགས་པ་ཐོགས་མེད་ཀྱིས་ས་བཅུ་པའི་མདོ་ལ་སོགས་པ་ཞལ་འདོན་མཛད་པའི་ཚེ་ཕུག་རོན་ཅིག་གིས་གསན་ནས་ཕུག་རོན་དེ་ཚེ་འཕོས་ནས་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་མངོན་པ་རང་ལས་མཁས་པ་འཕགས་པ་བློ་གྲོས་བརྟན་པའི་སྐྱེ་བ་བཞེས་པའི་ལོ་རྒྱུས་ཡོད་པ་ལྟར་ཆོས་ཐོས་པའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པ་རེད། ལྟ་སྤྱོད་བཟང་པོ་མང་བཤད་ཀྱང༌། །སྒོམ་དང་སྒྲུབ་དང་བྲལ་བ་ལ། །སེམས་དང་ཆོས་སུ་མ་འདྲེསཔའི། །དགོས་དུས་ཕན་ཐོགས་འབྱུང་བ་དཀའ། །ཞེས་ལྟ་སྤྱོད་བཟང་པོ་མང་པོ་བཤད་ཀྱང་སྒོམ་སྒྲུབ་དང་བྲལ་བ་ཡིན་ན་སེམས་དང་ཆོས་སུ་མ་འདྲེས་པས་དགོས་དུས་ཕན་ཐོགས་འབྱུང་བ་དཀའ་བ་རེ། དེས་ན་ང་ཚོས་གང་ཤེས་པ་དེ་ངེས་པར་སྒོམ་དགོས་པ་དང་ཆོས་དང་རྒྱུད་གཉིས་འདྲེས་པར་བྱེད་དགོས་པ་གསུངས་པ་བཞིན་ཧ་ཅང་གལ་ཆེན་པོ་རེད། དེས་ན་ལམ་རིམ་བློ་སྦྱོང་སོགས་ལ་གཟིགས་ནས་རང་རྒྱུད་དང་ཆོས་གཉིས་འདྲེས་པར་བྱེད་ཨེ་ཐུབ་ལྟ་དགོས་པ་རེད་མ་གཏོགས་ཐོས་པ་མང་པོ་བྱས་ནས་ཁ་ཕྱིར་ལྟས་ཅན་ཞིག་ཆགས་ན་ཕན་ཐོགས་མེད་པ་རེད། ཐོས་པ་ཆུང་ཆུང་ང་རྒྱལ་ཅན།སྙེ་མ་སྟོང་བ་མགོ་འཕང་མཐོ་གསུངས་པ་བཞིན་ཆགས་སོང་ན་རྩ་བ་ཉིད་ནས་འགྲིག་གི་ཡོད་པ་མ་རེད།དེ་ནང་བཞིན་སྒོམ་རྒྱབ་ན་ཡང་དཔེར་ན་སྦྱོར་བ་ཡན་ལག་དྲུག་ཡིན་ན་འདྲ། ན་རོ་ཆོས་དྲུག་ཡིན་ན་འདྲ་ལོ་བཅུ་བཞིབཅོ་ལྔའི་རིང་ལ་སྒོམ་པ་ཡིན་ཟེར་ནས་མར་བུད་པའི་ཚེ་ང་རྒྱལ་ཁེངས་དྲེགས་མ་གཏོགས་རང་རྒྱུད་གྱོང་པོ་དེ་ཅུང་ཟད་ཙམ་ཡང་མ་འདུལ་བ་ཡིན་ན་སྒོམ་དེ་སྒོམ་ནང་བཞིན་མ་ཡོང་པ་རེད། དེ་ནང་བཞིན་དཔེ་ཆ་ལྟ་ན་ཡང་ཐོས་རྟགས་ཞི་ཞིང་དུལ་བ།སྒོམ་རྟགས་ཉོན་མོངས་ཆུང་བ་ཞེས་གསུངས་པ་ནང་བཞིན་མ་ཡོང་ན་གནས་སྐབས་ཕན་ཆེན་པོ་མ་ཐོགས་པ་རེད། ཡིན་ན་ཡང་ཆོས་ཐོས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་རེད།ཐོས་པ་ལ་བརྟེན་ནས་བག་ཆགས་བཞག བག་ཆགས་དེ་ལ་བརྟེན་ནས་མ་འོངས་པ་ན་ཆུད་ཟོས་སུ་མི་འགྲོ་བ་དེ་མདོ་སྡེ་ལས་བརྒྱ་བ་ལས།ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་དེ་ཉིད་སྨིན་པར་འགྱུར་ཞེས་གསུངས་པ་ནང་བཞིན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་རྒྱུ་རེད། འོན་ཀྱང་གནས་སྐབས་དེར་རང་རང་གི་ཁ་ཡོད་ལག་ཡོད་ཀྱི་སྒོ་ནས་ཉོན་མོངས་པ་འདུལ་བའི་ཐབས་སུ་མ་སོང་བ་རེད།གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་ལྟ་བ་ཡིན་ཞེས་གསུངས་པ་ནང་བཞིན་མདོར་ན་རང་རང་སོ་སོས་རྒྱུན་ལྡན་དུ་དྲན་ཤེས་བཞིན་བསྟེན་ནས་སེམས་ལ་བརྟག་དཔྱད་བྱེད་དགོས་པ་དང་རང་རྒྱུད་དེ་ཆོས་དང་འདྲེས་པར་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།ནམ་རྒྱུན་ཆོས་གང་སྒྲུབ་པ་ཡིན་ན་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཆོས་སྒྲུབ་དགོས་པ་རེད།ནང་བ་སངས་རྒྱས་པའི་བསྟན་པ་ལ་འཇུག་པའི་སྒོ་ཐོག་མ་སྐྱབས་འགྲོ། ཐར་བའི་འཇུག་སྒོ་ངེས་འབྱུང་གི་བསམ་པ། ཐེག་པ་ཆེན་པོ་འཇུག་སྒོ་སེམས་བསྐྱེད་ཡིན་པ་དང༌། དེ་དངོས་གཞི་སྐབས་ཡིན་ན་འཁོར་ལོ་དང་པོའི་སྐབས་ཡིན་ན་བདེན་བཞི་མི་རྟག་བཅུ་དྲུག་ལ་སོགས་པ་གསུང་པ་ལྟར་སྒོམ།བར་བའི་སྐབས་ཡིན་ན་རྟོག་མེད་སྤྲོས་བྲལ་ལ་སོགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒོམ་སྟངས་གསུངས་པ་དེ་དང་འཁོར་ལོ་ཐ་མའི་སྐབས་སུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་དབྱིངས་དེ་དོན་དམ་པའི་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་ཡོད་པར་གསུངས་པ་ནང་བཞིན་སྒོམ་ནས་མཐར་བསྔོ་བ་སྨོན་ལམ་ལ་སོགས་པས་རྒྱས་གདབ་ནས་སྒོམ་དགོས་པ་དེ་གལ་ཆེན་པོ་རེད་ཞུས་བ་ཡིན། དེ་རིང་དེ་ཙམ་གྱིས་ཆོག་པར་གྱིས།

ཉིན་བདུན་པ།

ཉིན་བདུན་པ།

འོ་ད་འདི་ཡན་ཆད་དུ་ལམ་གྱི་རྣམ་བཞག་ལྟ་སྒོམ་སྤྱོད་གསུམ་གྱི་ནང་གི་ལྟ་བ་དང་སྒོམ་པ་གཉིས་གང་ལ་གང་འཚམས་ཞུས་ཟིན་པ་རེད།ད་ལྟ་བ་ལ་གཙོ་བོ་ལྟ་བ་དེ་ཡུལ་གྱི་ལྟ་བ་དང་ཡུལ་ཅན་གཉིས་མེད་སོ་སོ་རང་རིག་པའི་ཡེ་ཤེས་ལ་སོགས་པ་ཡུལ་དང་ཡུལ་ཅན་གྱི་ལྟ་བགཉིས་ཡོད་པ་རེད། དེ་འདྲའི་ལྟ་བ་དེ་ཤེས་པ་ཙམ་གྱིས་མི་ཡོང་བར་ཞི་ལྷགཟུང་འབྲེལ་དུ་བྱས་ནས་སྒོམ་དགོས་པ་དེ་གོང་ནས་བཤད་ཟིན་པ་ནང་ལྟར་རེད། དེ་ནས་གསུམ་པ་སྤྱོད་པ་དེ་གལ་ཆེན་པོ་རེད།གསུམ་པ་སྤྱོད་པ་བཤད་པ་ལ།ཇོ་ནང་ས་བཟང་མ་ཏི་པཎ་ཆེན་གྱི་ཞལ་སྔ་ནས། འདུལ་བ་མདོ་སྡེ་མངོན་པའི་སྡེ་སྣོད་ལ།།གསུངས་བཞིན་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི། །བསླབ་པ་གསུམ་ལ་རྟག་ཏུ་སློབ་པ་དང༌། །སྡེ་སྣོད་གསུམ་ཡང་མཁྱེན་པར་བགྱིད། །ཅེས་ཆོས་འདུལ་བ་ལས་བསྟན་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བསླབ་པ་དང༌།ཆོས་མདོ་སྡེ་ལས་བསྟན་པའི་ཏིང་ངེ་འཛིན་གྱི་བསླབ་པ་ལ་བསླབ་པ་དང༌།ཆོས་མངོན་པ་ལས་བསྟན་པའི་ཤེས་རབ་ཀྱི་བསླབ་པ་གསུམ་ལ་རྟག་ཏུ་བསླབ་དགོས་པ་དང༌། དེ་ཡང་བསླབ་པ་གསུམ་སློབ་པ་འདུལ་བ་མངོན་པ་མདོ་སྡེའི་སྡེ་སྣོད་གསུམ་ལ་ལེགས་པར་མཁྱེན་པར་གྱིས་ཤིག་ཅེས་གདམས་པ་རེད། ཅེས་དང༌། དེ་བཞིན་དུ་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མ་ལས།སྤྱོད་པ་བླང་དོར་མ་ནོར་དབུ་མ་སྟེ། །ཞེས་ལྟ་སྒོམ་སྤྱོད་གསུམ་ལས་སྤྱོད་པ་མཐའ་གཉིས་གང་དུ་ཡང་མ་ལྟུང་བའི་དབུས་མ་ཅིག་ཡོང་བ་ལ་སྤྱོད་པ་བླང་དོར་མ་ནོར་བ་ཞིག་དགོས་པ་རེད། བླངབྱ་དགེ་བ་ཚུལ་བཞིན་དུ་བསྒྲུབ་ཤེས་དགོས་པ་དང༌།འདོར་བྱ་ཉེས་པ་དེ་དག་ཚུལ་བཞིན་དུ་འདོར་བར་ཤེས་ནས་སྤྱོད་པ་རྣམ་དག་ལ་སྤྱོད་དགོས་པ་རེད། ཅེས་གསུངས་པ་ལྟར་ཆོས་འདུལ་བའི་སྡེ་སྣོད་ལས་གསུངས་པའི་སོ་སོར་ཐར་བའི་དགག་སྒྲུབ་ཀྱི་བསླབ་བྱ་སོགས་ཚུལ་ཁྲིམས་ཀྱི་བསླབ་ཁྲིམས་ཚུལ་བཞིན་དུ་སྤྱོད་པ་དང༌།མདོ་སྡེའི་སྡེ་སྣོད་ལས་བཤད་པའི་ཏིང་ངེ་འཛིན་གྱི་བསླབ་པ་ལ་སློབ་པ་དང༌།མངོན་པའི་སྡེ་སྣོད་ལས་བཤད་པའི་ཤེས་རབ་ཀྱི་བསླབ་པ་ལ་རྟག་ཏུ་བརྩོན་པ་སོགས་བླང་དོར་མ་ནོར་བ་རྒྱལ་བའི་བཀའ་བཞིན་དུ་བསྒྲུབ་པའི་སྤྱོད་པ་དམ་པའོ། །དེ་ལྟ་བུ་ལ་སྤྱོད་དགོས་པའི་གནད་ཡང་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་ཡིན་པའི་རྒྱུ་མཚན་གྱིས་ང་ཚོས་སྤྱོད་པ་ལག་ལེན་ཚུལ་བཞིན་དུ་སྤྱོད་དགོས་པ་རེད། དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་ནས།རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་ཕྱིར། །ལག་ལེན་སྤྱོད་པ་རྣམ་པར་དག་པ་གཅེས། །ཞེས་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་རྒྱུ་མཚན་གྱིས་བླང་དོར་གྱི་སྤྱོད་པ་ལག་ལེན་ཚུལ་བཞིན་དུ་སྤྱོད་པ་རྣམ་པར་དག་པ་དེ་གཅེས་སྤྲས་བྱེད་པར་གྱིས་ཤིག་ཅེས་གདམས་པ་རེད། དེ་བཞིན་དུ་སྔ་འགྱུར་རྙིང་མའི་སློབ་དཔོན་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་ཀྱིས།ལྟ་བ་ནམ་མཁའ་ལས་མཐོ་ཡང༌།ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ་དགོས།ཞེས་གསུངས་པ་ནང་བཞིན་རེད།ང་ཚོའི་འཇིག་རྟེན་གྱི་ཁ་དཔེ་ལ་ལྟ་བ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་བསྟུན་དགོས་གསུང་པ་ནང་བཞིན་མདོར་ན་སྤྱོད་པ་བླང་དོར་ཚུལ་བཞིན་དུ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེང་སང་དུས་རབས་ཀྱི་དབང་གིས་བསམ་བློ་བཏང་ན་གང་ཟག་ནང་རྒྱུད་ཀྱི་རྟོགས་པ་དེ་ལྐོག་གྱུར་ཆགས་ནས་ཤེས་མི་ཐུབ་པ་རེད།དེ་མ་ཟད་དེང་སང་འདུ་འཛི་དང་རྣམ་གཡེང་ལ་སོགས་པ་རྐྱེན་མང་བའི་དབང་གིས་ནང་གི་རྟོགས་པ་རྒྱུད་ལ་སྐྱེ་མཁན་ཡང་ཅུང་ཟད་ཇེ་ཉུང་དུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་རེད། ཡིན་ཡང་ང་ཚོས་ཕྱིའི་སྤྱོད་པའི་ཕྱོགས་ནས་མི་མང་པོ་ཞིག་གིས་མིའི་ཚད་གཞི་དང་ཚད་འཛིན་བྱེད་གི་ཡོད་པ་རེད།དེས་ན་ནང་བ་སངས་རྒྱས་པ་སུ་དང་གང་ཡིན་ན་ཕྱིའི་ཀུན་སྤྱོད་དེ་ཡག་པོ་བྱེད་པ་ཡིན་ན་མ་འོངས་པའི་ནང་བ་སངས་རྒྱས་པའི་བསྟན་པའི་ཕུགས་ལམ་དང་མདུན་ལམ་དེ་ཡག་པོ་ཡོང་ཐུབ་གི་རེད།དེ་མ་གཏོགས་སྤྱོད་པ་འཆོལ་ཉོག་ཏུ་སོང་བ་ཡིན་ན་མ་འོངས་པའི་བསྟན་པའི་འཕེལ་འགྲིབ་དེ་འཕེལ་རྒྱས་ཡོང་རྒྱུ་ཁག་པོ་ཞིག་ཆགས་འདུག་ཡོད་པ་རེད།སྔོན་འདས་པའི་ལོ་རྒྱུས་ལ་བསམ་བློ་བཏང་ན་རྒྱ་གར་འཕགས་པའི་ཡུལ་ལ་གཅིག་ཕྱོགས་ནས་དམགས་འཁྲུག་ལ་སོགས་པ་མང་པོ་བྱུང་བའི་དབང་གིས་བསྟན་པ་ཉམས་ཆགས་སུ་སོང་བ་རེད།གཉིས་ཕྱོགས་གང་འདྲ་རེད་ཅེ་ན་རབ་ཏུ་བྱུང་བ་རྣམས་ཀྱིས་དཔལ་འབྱོར་གྱི་ཆེད་དུ་རྒྱུ་བསགས་ནས་དེ་འདྲའི་དབང་གིས་ཁྱིམ་པ་མང་པོ་དད་པ་ལོག་ནས་ནང་བ་སངས་རྒྱས་པའི་བསྟན་པ་ཉམས་ཆག་ཏུ་སོང་བ་རྒྱུ་མཚན་གཉིས་དེ་འདྲ་བྱུང་བ་རེད། གསུམནས་གང་འདྲ་རེད་ཅེ་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པའི་སྐུ་དུས་སུ་སྔགས་དེ་དར་ཁྱབ་ཏུ་བྱུང་བའི་སྐབས་དེར་རྗེས་སུ་སྔགས་ཀྱི་མཆོག་ཐུན་མོང་གི་དངོས་གྲུབ་མ་ཐོབ། མཆོགཐུན་མོང་གི་དངོས་གྲུབ་མ་ཐོབ་ཀྱང་བརྟུལ་ཞུགས་ཀྱི་སྤྱོད་པའི་ཚབ་དེ་འདོར་ཞིག་གི་སྤྱོད་པ་ཁྲིམས་འཆལ་གྱི་སྤྱོད་པ་མང་པོ་བྱུང་དུས་བརྟུལ་ཞུགས་ཀྱི་སྤྱོད་པའི་ཁ་གཡར་ནས་སྔགས་ཀྱི་ས་མ་ཐོབ་ན་ཡང་དགེ་ཚུལ་སློང་གི་སྡོམ་པ་སྲུང་མ་ཐུབ་དུས་དེ་ལས་ཀྱང་ལྷག་པའི་གོང་མའི་ས་སྔགས་ལ་ཞུགས་སོང་ཞེས་དེ་འདྲའི་ཐ་སྙད་བེད་སྤྱོད་བྱས་ནས་དེའི་དབང་གིས་མདོར་བསྡུས་ན་ང་ཚོའི་སྤྱོད་པ་འཆོལ་ཉོགས་མང་པོ་སོང་ཡོད་པ་རེད།དེང་སང་བོད་ཁ་བ་གངས་ཅན་པམཚོན་པ་ཡིན་ན་དེ་ལྟ་བུ་འགྲོ་དང་འགྲོ་བཞིན་པ་ཆགས་ཡོད་རེད། དེ་ལྟ་བུ་སྤྱོད་པ་བྱུང་བའི་དབང་གིས་རྒྱ་གར་འཕགས་པའི་ཡུལ་ན་ཡང་ཧ་ཅང་བསྟན་པ་ཉམས་ཆག་ཏུ་སོང་བ་དེ་འདྲ་ཅིག་རེད། དེས་མཚོན་པའི་དེང་སང་ཡང་རྒྱ་གར་འཕགས་པའི་ཡུལ་ན་ཧ་ཅང་བསྟན་པ་ཉམས་ཆག་ཏུ་འགྲོ་བ་དེ་འདྲ་རེད། དེས་ན་དེང་སང་ང་ཚོའི་སྤྱོད་པ་དེ་གལ་ཆེན་པོ་རེད་མ་གཏོགས་སྤྱོད་པ་ལེགས་པར་མ་བྱས་པ་ཡིན་ན་གྲྭ་བ་དེ་མི་ཆ་ཚང་གི་མིག་ལམ་དུ་མི་འགྲོ་བ་ཞིག་ཆགས་སོང་བ་ཡིན་ན་ནང་བ་སངས་རྒྱས་པའི་བསྟན་པ་འཕེལ་རྒྱས་ཀྱི་ལམ་ཁ་དེ་ལ་ཧ་ཅང་གནོད་སྐྱོན་ཐེབ་གི་ཡོད་པ་རེད། དེ་མ་ཟད་དེང་སང་བརྡ་འཕྲིན་གྱི་དུས་ཚོད་ཟེར་ན་འདྲ་མི་གཅིག་གིས་སྤྱོད་པ་ངན་པ་བྱས་ན་སྐར་མ་གཅིག་གི་རིང་ལ་འཛམ་བུ་གླིང་ལ་ཁྱབ་བསྒྲགས་འགྲོ་ཐུབ་པའི་དུས་རབས་ཤིག་ཆགས་ཡོད་པ་རེད། དེ་ལྟར་ཆགས་ཡོད་པའི་དབང་གིས་ང་ཚོའི་ཀུན་སྤྱོད་དེ་ལེགས་པར་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།དེ་ནས་ནང་བ་སངས་རྒྱས་པའི་ཆོས་གཞུང་གི་སྐབས་སུ་ཡང་ལྟ་སྒོམ་སྤྱོད་གསུམ་ཞེས་སྤྱོད་པ་གསུང་ཡོད་པ་རེད།སྤྱོད་པ་དེ་ཡང་ཐེག་པ་དམན་པའི་སྐབས་སུ་ཡིན་ན་མདོར་ན་ཆོས་ནི་མི་འཚེ་བ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་པ་ལྟར་སྤྱོད་པ་འཚེ་བ་མེད་པ་གཞན་གནོད་གཞི་བཅས་ལས་ལོག་པའི་སྤྱོད་པ་ལ་བསླབ་དགོས་པ་དེ་དང༌། ཐེག་པ་ཆེན་པོའི་སྐབས་སུ་གཞན་ཕན་གཞི་བཅས་སྒྲུབ་པའི་སྤྱོད་པ་ཅིག་གསུངས་གི་ཡོད་པ་རེད། དེ་ཡང་བསྡུ་པའི་དངོས་པོ་བཞི་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་གཞན་ལ་ཕན་འདོགས་དང་རྒྱབ་སྐྱོར་བྱེད་དགོས་པ་གཞན་ལ་འཚེ་བའི་གནོད་པ་སྤངས་ནས་གཞན་ལ་ཕན་འདོགས་ཀྱི་སྤྱོད་པ་དེ་སྒྲུབ་ན་སྤྱོད་པ་མཐའ་གཉིས་སུ་མ་ལྷུང་བའི་སྤྱོད་པ་ཡོང་ཐུབ་གི་ཡོད་པས་སྤྱོད་པ་རྣམ་པར་དག་པ་ལ་བསླབ་དགོས་པ་ཧ་ཅང་གལ་ཆེན་པོ་དེར། སྤྱིར་ཁ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཞེས་བརྗོད་ནས་སྨོན་ལམ་རྒྱབ་ན་རང་རང་སོ་སོས་བག་ཆགས་རེ་འཇོག་རྒྱུ་རེད།མ་འོངས་པའི་ཁ་ཕྱོགས་ལམ་ཕྱོགས་གཞན་ཕན་ཐོགས་ཀྱི་དངོས་ཡོད་ལག་ལེན་གྱི་སྒྲུབ་པའི་རྒྱུ་ཡང་འགྲོ་གྱི་རེད།ད་ནི་གནས་སྐབས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་པ་ལ་རང་རང་གིས་སྤྱོད་པ་གཞན་ལ་འཚེ་བ་མེད་པར་གཞན་ལ་ཕན་པ་སྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་རང་གིས་ཆོས་གང་ཉམས་ལེན་བྱེད་ན་དེའི་སྐབས་སུ་བླང་དོར་གྱི་གནས་རེ་ཡོད་པ་དེ་ལེགས་པར་བསླབ་ན་དེའི་སྐབས་ཀྱི་སྤྱོད་པ་དེ་ཡོང་གི་ཡོད་པ་རེད།ཐ་ན་འཆི་བ་མི་རྟག་པ་སྒོམ་པ་ཡིན་ན་ཀུན་རྫོབ་གནས་ཐབས་ཀྱི་དབང་དུ་བྱས་ན་བསྒོམ་བྱའི་གནས་ལུགས་དེ་འཆི་བ་མི་རྟག་པ་དེ་ཡུལ་ཀྱི་ལྟ་བ་དང་དེ་ཚུལ་བཞིན་དུ་རྟོགས་པའི་ཤེས་རབ་དེ་ཡུལ་ཅན་གྱི་ལྟ་བ་རེད། དེ་རང་རང་གིས་ཡང་ནས་ཡང་དུ་གོམས་པར་བྱས་ནས་བྱིང་རྒོད་ལ་སོགས་པའི་དབང་དུ་མི་འགྲོ་བར་སྒོམ་པ་ཡིན་ན་ལྟ་སྒོམ་སྤྱོད་གསུམ་ལས་སྒོམ་པ་རེད། དེ་ལྟར་སྒོམ་པའི་སྐབས་སུ་འཆི་བ་སོགས་རྟག་པར་འཛིན་པའི་རྟག་འཛིན་སོགས་སྤངས་ནས་མི་རྟག་པར་རྟོགས་ནས་སྤྱོད་ལམ་ཚུལ་བཞིན་དུ་བྱེད་པ་སོགས་ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་མ་གཏོགས་དེང་སང་རང་རང་གི་སྤྱོད་པ་གཙང་དག་ཡོང་མ་ཐུབ་དུས་སྔགས་ལ་ཁ་གཡར་ནས་འཁྲུལ་བ་ཞིག་སོང་ན་འགྲིག་གི་རེད། འཁྲུལ་བ་ཞིག་ནས་རྟོགས་པ་མཐོན་པོ་ལ་སླེབ་པ་སྔོན་རྒྱ་གར་འཕགས་པའི་དབང་དུ་བྱས་ན་རྒྱན་དྲུག་མཆོག་གཉིས་ལ་སོགས་པ་དང་པོ་ཉན་ཐོས་ཀྱི་སྤྱོད་པ་ལ་སོགས་པ་ཞི་ཞིང་དུལ་བ་ཅིག་རེད་འོན་ཀྱང་རྗེས་སུ་གསང་སྔགས་ཀྱི་ལམ་ལ་ཞུགས་ནས་ས་ལམ་གྱི་རྟོགས་པ་མཐོན་པོ་ལ་སླེབ་པ་ན་གྲུབ་ཆེན་བརྒྱད་ཅུའི་སྤྱོད་པ་ལ་སོགས་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྣ་ཚོགས་ཡོང་གི་ཡོད་པ་རེད།ཡིན་ན་ཡང་མཚན་འཛིན་གྱི་སྤྲོས་པ་ཐམས་ཅད་བྲལ་ནས་འཁྲུལ་བ་མཐའ་དག་སྤངས་ནས་འཁྲུལ་བ་ཞིག་སོང་བ་རེད།འཁྲུལ་བ་ཞིག་པ་དེས་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་ན་འགྲིག་གི་རེད་མ་གཏོགས་འཁྲུལ་བ་མ་ཞིག་པའི་གང་ཟག་གིས་སྤྱོད་པ་འཆོལ་ཉོག་ཏུ་འགྲོ་བ་དེ་འཁྲུལ་ཞིག་མ་ཡིན་པར་འདོར་ཞིག་གི་སྤྱོད་པ་ཆགས་རྒྱུ་ཡོད་རེད། དེས་རྒྱུ་མཚན་གྱིས་སྤྱོད་པ་རྣམ་པར་དག་པ་དགོས་པ་རེད།དེའདྲའི་ལྟ་སྒོམ་སྤྱོད་པ་ཡ་མ་བྲལ་བ་ཐམས་ཅད་མ་ཚང་བར་མེད་པར་སྤྱོད་དགོས་པ་དེ་རྗེ་ཐམས་ཅད་མཁྱེན་པ་རྗེ་བཙུན་སྒྲོལ་བའི་མགོན་པོའི་ཞལ་ནས། དེ་༼ལྟ་སྒོམ་སྤྱོད་༽ གསུམ་གཅིག་ལ་གཅིག་རྟེན་ལགས།།ལྟ་༼བ་༽མེད་ཀྱི་སྤྱོད་པ་བཟང་ན་ཡང༌། །མཚན་འཛིན་༼གྱི་༽འཁོར་བའི་རྒྱུ་ཞིག་༼མ་གཏོགས་མཚན་འཛིན་སོགས་ཉོན་མོངས་པའི་གཉེན་པོར་མི་འགྲོ་བ་༽ལགས། །སྤྱོད་པ་ཉམས་པའི་ལྟ་བ་ནི། །བསོད་ནམས་ཚོགས་ཀྱང་མ་རྫོགས་ལ། །༼རང་ཉིད་ཀྱིས་དགེ་བ་མ་བསྒྲུབ་སྡིག་པ་མ་སྤངས་ན་༽ཆད་ལྟའི་གཡང་ལ་ལྷུང་ཉེན་ཡོད། །སྒོམ་པ་མེད་ན་ལྟ་སྤྱོད་༼བཟང་༽ཀྱང༌། །ས་འོག་༼གི་༽གཏེར་བཞིན་༼གཞན་ལ་༽ཕན་མི་ཐོགས། །ཞེས་གསུངས་པ་རེད། སྤྱིར་བཏང་གི་ཆ་ནས་བསམ་བློ་བཏང་ན་གོང་དུ་མང་པོ་ཞུས་པ་ཡིན་ད་ནི་ལམ་ཚོགས་གཉིས་བསགས་དགོས་པ་རེད།དེ་ཡང་ཐར་བའི་རྒྱུར་འགྲོ་བའི་དགེ་བའི་རྩ་བ་བསགས་པ་ལ་ངེས་འབྱུང་གི་བསམ་པ་ཐོག་མར་གལ་ཆེ་བ་ཡིན་པ་གཞིར་བཞག་བྱས་ནས་ངེས་འབྱུང་གི་བསམ་པས་རྩིས་ཟིན་པའི་ཚོགས་གཉིས་དེ་ཐར་བའི་རྒྱུར་འགྲོ་བ་ཡིན་པ་འདྲ་བ་རེད།འོན་ཀྱང་བསོད་ནམས་ཀྱི་ཚོགས་དེ་ལྷན་ཅིག་བྱེད་རྐྱེན་ཙམ་ལས་ཐར་བ་དངོས་དེ་ཐོབ་པར་བྱེད་ཐུབ་པ་མ་རེད།དཔེར་ན་མྱུ་གུ་ཞིག་སྐྱེ་དགོས་པ་ཡིན་ན་ཆུ་ལུད་དྲོད་གཤེར་ལ་སོགས་པ་མྱུ་གུ་སྐྱེ་བའི་གྲོགས་ཞིག་རེད་མ་གཏོགས་དངོས་ཀྱི་ཉེར་ལེན་དེ་མྱུ་གུའི་ས་བོན་དེ་ཚང་དགོས་པ་བཞིན་ཐར་བའི་དངོས་ཀྱི་སྐྱེད་བྱེད་ལ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དེ་ཆགས་ཡོད་པ་རེད། དེ་མ་ཟད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་ལང་ཀར་གཤེགས་པའི་སྐབས་སུ། ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ། །བསྟན་པ་དང་ནི་གྲུབ་མཐའ་འོ། །བྱིས་པ་རྣམས་ལ་བསྟན་པ་བཤད། །རྣལ་འབྱོར་པ་ལ་གྲུབ་མཐའ་འོ། །ཞེས་བྱིས་པ་རྣམས་ལ་བསྟན་པ་བཤད་ཅེས་པ་དེ་གདུལ་བྱའི་ཁམས་དབང་མོས་པ་སྣ་ཚོགས་ཡིན་པའི་ཆ་ནས་གདུལ་བྱའི་ཁམས་དབང་དང་མཐུན་པའི་སྒོ་ནས་ཆོས་བསྟན་པ་དེ་བསྟན་པ་ཞེས་གསུངས་པ་རེད།དེ་བསྟན་པ་ཙམ་ཡིན་པ་ལས་ཆོས་ཀྱི་ངོ་བོ་གནས་ཚུལ་ཡིན་མིན་ཅི་རིགས་ཡོད་པ་རེད། དཔེར་ན་ང་ཚོས་ཕྱག་གཅིག་འཚལ་བ་ན་བསོད་ནམས་ཀྱི་ཚོགས་ཀྱི་ངོ་བོ་རྫོགས་འགྲོ་བ་རེད་ཟེར་བ་འདྲ་དང༌། བསྙེན་པ་རེ་བཏོནན་བསྐལ་བ་མང་པོའི་སྡིག་སྒྲིབ་འདག་འགྲོ་གསུངས་པ་དང་མཚན་ལན་གཅིག་འདོན་ན་དག་པའི་ཞིང་ཁམས་སུ་སྐྱེ་ཞེས་གསུངས་པ་སོགས་དེ་ལྟར་དྲང་དོན་དགོངས་པ་ཅན་མང་པོ་ཡོང་ཡོད་པ་རེད།ཡིན་ན་ཡང་གདུལ་བྱའི་ཁམས་དབང་དང་མཐུན་པའི་སྒོ་ནས་དེ་ལྟར་གསུངས་པ་ཡིན་ན་སྐབས་དེར་བསོད་ནམས་ཀྱི་ཚོགས་གསོག་པའི་དགོས་པ་ཡོད་པའི་རྒྱུ་མཚན་གྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཆེད་དུ་གསུང་གི་ཡོད་པ་དེ་འདྲ་རེད།རྣལ་འབྱོར་པ་ལ་གྲུབ་མཐའ་འོ། །ཞེས་གསུངས་པ་དེ་རྣལ་འབྱོར་པ་ལ་ཆོས་ཀྱི་གནས་ཚུལ་དེ་ཚུལ་བཞིན་དུ་བསྟན་དགོས་པ་རེད་ཆོས་ཀྱི་གནས་ཚུལ་ཚུལ་བཞིན་དུ་བསྟན་པ་ལ་ཆོས་ཀྱི་གནས་ཚུལ་ཡིན་པ་དང་མ་ཡིན་པ་སོ་སོར་ཕྱེས་ནས་བསྟན་དགོས་པ་དེ་རེད།ཆོས་ཀྱི་གནས་ཚུལ་ཕྱིན་ཅི་མ་ལོག་པར་བསྟན་པས་ན་གྲུབ་མཐའ་བསྟན་ཞེས་གསུངས་པ་རེད།ངོ་བོའི་གནསཚུལ་དང་མོས་སྒོམ་གྱི་སྐབས་དང་གདུལ་བྱ་འདུལ་བའི་ཆེད་དུ་བསྟན་པ་དེ་དག་མི་འདྲ་བ་སོ་སོར་ཕྱེས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལ་དྲང་ངེས་གཉིས་ཡོད་པ་དང༌། སངས་རྒྱསབཅོམ་ལྡན་འདས་ཀྱིས་ཆོས་གསུངས་པ་ཐམས་ཅད་གདུལ་བྱའི་དོན་དུ་གསུང་པ་ཡིན་པ་དེ་ཤེས་དགོས་པ་རེད་མ་གཏོགས་ཁ་ཅིག་སློབ་སྦྱང་དང་ཆོས་ཀྱི་གནས་ཚུལ་གཏན་ལ་མ་ཕབ་པའི་གང་ཟག་ཡིན་དུས་མཆོད་རྟེན་བཞེངས་པ་དང༌། སྐོར་བ་འགྲོ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་གསུངས་པ་དེ་ངེས་དོན་དུ་བཟུང་ནས་ས་རྡོ་རྐྱང་རྐྱང་ལས་ན་དངོས་གནས་ཁོས་དགེ་བ་ཆེན་པོ་བསྒྲུབ་གི་ཡོད་བསམ་གི་ཡོད་པ་དེ་འདྲ་ཡོད་པ་རེད།ཆོས་ཀྱི་ཡང་སྙིང་དང་བསྟན་པ་དངོས་གནས་པ་དེ་སློབ་དཔོན་དབྱིག་གཉེན་གྱིས།སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་ལྟར་རེད། འོན་ཀྱང་ལུང་རྟོགས་ཀྱི་བསྟན་པ་སྒྲུབ་མཁན་དག་ལཞབས་ཞུ་དང་བསྙེན་བཀུར་བྱེད་ཡང་མི་ཐུབ། རང་གིས་ཡང་སྒྲུབ་མི་ཐུབ་པར་བསྟན་པའི་ཡང་སྙིང་དེ་བོར་ནས་བསྟན་པའི་གཟུགས་བརྙན་གྱི་རྗེས་སུ་འགྲོ་བ་དེ་ཧ་ཅང་མང་པོ་ཡོད་པ་རེད།དེང་སང་མང་པོ་ཞིག་གིས་རང་རྒྱུད་ཀྱི་ཤེས་རབ་ཀྱི་བསླབ་པ་དང་ཐོས་བསམ་སྒོམ་གསུམ་གྱི་ཡེ་ཤེས་ཀྱི་ཚོགས་དེ་བསྟན་པའི་ཡང་སྙིང་ཡིན་པ་དེ་མི་ཤེས་པར་ས་རྡོ་རྐྱང་རྐྱང་ལ་འབད་པ་བྱེད་མཁན་ནི་ཆོས་ཀྱི་གནས་ཚུལ་མ་ཤེས་པའི་དབང་གིས་བྱུང་བ་རེད། སྤྱིར་ན་མདོ་ལས་མཆོད་རྟེན་མེད་པའི་ས་ཕྱོགས་སུ།ཞེས་གསུངས་པ་བཞིན་མཆོད་རྟེན་མེད་པའི་ས་ཕྱོགས་སུ་དད་ལྡན་དག་ལ་བསོད་ནམས་བསགས་པའི་ཞིང་སར་མཆོད་རྟེན་སོགས་བཞེངས་དགོས་ན་ཡང་ཧ་ཅང་མང་པོ་ཡོད་པའི་གནས་སུ་ཚོགས་གསོག་པ་ལས་ཚོགས་ངན་བསགས་པའི་རྟེན་དུ་འགྱུར་ཉེན་མང་པོ་ཡོང་གི་ཡོད་པ་རེད། དེ་ལྟར་ཁྱད་པར་ཤེས་དགོས་པ་རེད་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཡང་རྟེན་བཞེངས་ལ་སོགས་པ་མཛད་པ་མང་པོ་བྱུང་བ་རེད།ཡིན་ན་སྐྱེསབུ་དམ་པ་དེ་དུས་ཀྱི་བསམ་བློ་བཏང་ཚུལ་དང་ཐུགས་དགོངས་བཏང་ཚུལ་གང་འདྲ་ཡིན་པ་ཤེས་དགོས་པ་རེད།ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཁོང་གིས་ཡང་གཙོ་བོ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དེ་བསྟན་པའི་ཡང་སྙིང་རེད་འོན་ཀྱང་དེ་ལྟར་ཕན་མི་ཐོགས་པའི་གང་ཟག་དག་ལ་ཅུང་ཟད་རྟེན་བཞེངས་དང་བྱ་བ་ལས་ཀྱི་འཁོར་ལོའི་ཕྱོགས་ནས་ཅུང་ཟད་དགོས་པ་གསུང་གི་ཡོད་པ་རེད།མདོར་ན་བསྟན་པའི་ཡང་སྙིང་གང་ཡིན་པ་དེ་ཤེས་དགོས་པ་གལ་ཆེན་པོ་རེད།དེའི་དབང་གིས་ཇོ་ནང་ཆོས་བརྒྱུད་ལ་མཚོན་པ་ཡིན་ན་ད་སྔ་ཡན་ཆོད་བསྟན་པའི་སྙིང་པོ་སྦྱོར་བ་ཡན་ལག་དྲུག་གི་དབང་ལུང་ཁྲིད་གསུམ་གྱི་མན་ངག་གི་བརྒྱུད་པ་ཆ་ཚང་བ་ཞིག་མ་ཉམས་པར་གནས་པ་དེ་གཙོ་བོ་རྡོ་རྗེ་སློབ་དཔོན་རྣམས་ཀྱི་བཀའ་དྲིན་སྐུ་དྲིན་ཉག་གཅིགལ་བརྟེན་ནས་གནས་ཡོད་པ་དེ་མངོན་གསལ་དོད་པོ་རེད། དེ་ཚོ་ཡིན་ན་དངོས་གནས་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་ཡིན་པ་དེ་གྲྭ་མང་དང་དད་ལྡན་མང་ཚོགས་དག་གིས་ཤེས་དགོས་པ་རེད། མ་འོངས་པ་ཡིན་ན་བསྟན་པ་འཛིན་པ་ལ་གཙོ་བོ་ལུང་རྟོགས་ཀྱི་བསྟན་པ་འདི་འཛིན་ནས་དར་སྤེལ་བཏང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།དེས་ན་ང་དང་ང་ནང་བཞིན་ཆོས་འཆད་ཁྲིད་བྱེད་མཁན་དག་གིས་རང་གི་སློབ་མའི་རྒྱུད་ན་ཆོས་ཀྱི་གནས་ལུགས་རྟོགས་པའི་ལྟ་བ་སྐྱེས་ནས་ཉམས་སུ་ལེན་པར་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། རང་གི་སློབ་མ་ལ་ཐ་ན་སྐྱབས་འགྲོ་དང་རྒྱུད་ལ་ངེས་འབྱུང་གི་བསམ་པ་དང་བྱང་ཆུབ་ཀྱི་སེམས་སོགས་གང་གི་ཕྱོགས་ཡིན་ན་ཁོ་རང་གིས་ཉམས་སུ་མ་ལེན་ན་མ་ལེན་པ་རེད་མ་གཏོགས་རང་རང་གིས་བཤད་པའི་སྒོ་ནས་གོ་བརྡ་འཕྲོད་ངེས་ཅན་ཨེ་ཡོང་ལྟ་དགོས་པ་རེད་མ་གཏོགས་དེ་ལྟར་མ་བྱས་ན་ཧ་ཅང་གྱོང་གུད་རག་འགྲོ་བ་རེད།དེའི་རྒྱུ་མཚན་གྱིས་བླ་མ་ཞིག་ཡིནནས་བཟུང་རང་གི་སློབ་མ་དེ་དག་གནས་སྐབས་རང་གི་གཡོག་འཁོར་ཙམ་བྱས་པ་མ་ཡིན་པར་མ་འོངས་པའི་ཕུགས་འདང་དང་མ་འོངས་པའི་ཚེ་འདི་ཕྱི་དང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ་སྒྲུབ་མིན་སོགས་ཐུགས་བཞེད་གནང་རྒྱུ་གལ་ཆེན་པོ་རེད།དེ་ནས་ལྟ་སྒོམ་སྤྱོད་གསུམཐམས་ཅད་བསླབ་པ་གསུམ་གྱི་ནང་དུ་འདུ་སྟེ།ཇི་སྐད་དུ། སངས་རྒྱས་སེམས་ཅན་སྤྱི་མེས་དེས། །སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དུ་གྱུར་པ་སྤྱི་མེས་དེས།སེམས་ཅན་རྣམས་ལ་ཕན་༼པའི་༽དོན་དུ། །ཚུལ་ཁྲིམས་ཤེས་རབ་སེམསཞེས་པའི། །བསླབ་པ་རྣམ་པ་གསུམ་གསུངས་པ་ཡིན། །༼ལྟ་སྒོམསྤྱོད་གསུམ་ལས༽ཚུལ་ཁྲིམས་ཀྱི་བསླབ་པ་སྤྱོད་པ་སྟེ།།ཤེས་རབ་༼ཀྱི་༽བསླབ་པ་༼ལྟ་སྒོམ་སྤྱོད་གསུམ་ལས༽ལྟ་བ་ཡིན། །༼ཤེསརབ་ཀྱི་བསླབ་པ་དེ་ལྟ་སྒོམ་སྤྱོད་གསུམ་ལས་༽སྒོམ་པ་སེམས་ཀྱི་བསླབ་པ་སྟེ། །བསླབ་གསུམ་འདི་ལ་ནན་ཏན་འཚལ། །ཞེས་གསུངས་པའི་ཕྱིར་རོ། །སྤྱིར་རང་ལུགས་ཀྱི་གཞུང་རྣམས་ཀྱི་སྐབས་སུ་ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ནས་ལམ་གྱི་རྣམ་བཞག་བཤད་ཚུལ་མང་པོ་ཡོད་པ་ལས་འདིར་ལྟ་སྒོམ་སྤྱོད་གསུམ་དང་སྦྱར་ནས་ལམ་གྱི་རྣམ་བཞག་མདོར་བསྡུས་ཙམ་བཀོད་པ་ནི་རི་ཆོས་ངེས་དོན་རྒྱ་མཚོ་ལྟར་བཤད་ཁུལ་བྱས་པ་ཡིན་ལ།ལམ་གྱི་སྤང་བྱ། ལམ་གྱི་ངོ་བོ་དང༌།ལམ་གྱི་དབྱེ་བ་ལ་ཐེག་པ་གསུམ་གྱི་ལམ་གསུམ་དང༌།ལམ་ལྔ་དང༌། ས་བཅུའིརྣམ་བཞག་རྣམས་ཕར་ཕྱིན་མདོ་ལུགས་མ་དང༌།སྔོན་མེད་ལེགས་བཤད་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས་ཤེས་པར་བྱའོ། །ཞེས་ཞལ་འཕངས་མཛད་པ་རེད། སྤྱིར་ལམ་གྱི་ངོ་བོ་ནི་ངེས་འབྱུང་གི་བསམ་པ་རྣམ་པར་དག་པས་རྩིས་ཟིན་པའི་དགེ་བ་ཅིག་ལ་ལམ་གྱི་ངོ་བོ་ཟེར་ན་འདྲ་ལམ་བཞག་དགོས་པ་དེ་འདྲ་རེད། ལམ་ཞེས་པ་དེ་ཐར་བ་བགྲོད་བྱེད་ཀྱི་ཐབས་ཞིག་ལ་ལམ་ཞེས་གསུངས་པ་རེད། ལམ་གྱི་དབྱེ་བ་དེ་ལ་ཐེག་པའི་དབང་དུ་བྱས་ན་ཉན་ཐོས་ཐེག་པ་རང་རྒྱལ་ཐེག་པ། ཐེག་ཆེན་ཐེག་པ་སྟེ་ལམ་གྱི་དབྱེ་བ་རྣམ་པ་གསུམ་བྱས་ན་ཆོག་པ་རེད།ཉན་ཐོས་ཞེས་པ་ནི་ཐེག་པ་ཆེན་པོའི་ཆོས་དེ་ཉན་ནས་རང་གིས་ཉམས་སུ་མི་ལེན་པར་གཞན་ལ་ཐོས་པར་བྱེད་པས་ན་ཉན་ཐོས་དང༌།ཡང་ན་སྲིད་པ་ཐ་མའི་ཚེ་རང་གི་སློབ་དཔོན་ལསཆོས་ཉན་ནས་གཞན་ལ་སྒྲོགས་པར་བྱེད་པས་ན་ཉན་ཐོས་ཞེས་བཤད་པ་རེད།རང་རྒྱལ་ཡིན་ན་རང་གཅིག་པུར་གནས་ནས་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་ལ་མི་བརྟེན་པར་དུར་ཁྲོད་ཀྱི་རུས་གོང་ལྟ་བུ་ལ་དམིགས་ནས་རྟེན་འབྲེལ་ལུགས་འབྱུང་ལྡོག་ཏུ་སྒོམ་པ་ལ་བརྟེན་ནས་རང་རྒྱལ་གྱི་ཐར་བ་བྱང་ཆུབ་མངོན་དུ་བྱེད་པའི་གང་ཟག་ཅིག་ཡིན་པ་རེད།ཐེག་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཀྱིས་རྩིས་ཟིན་པའི་དགེ་བ་དེ་དག་ཐེག་པ་དམན་པ་གཉིས་ལས་སེམས་རྒྱ་ཆེན་པོ་བསྐྱེད་པས་ན་ཐེག་ཆེན་ཞེས་གསུངས་པ་རེད།སྤྱིར་ཐེག་པ་ཞེས་པ་ནི་ང་ཚོའི་རྟ་དང་གླང་པོ་ཆེ་ལ་སོགས་པས་རང་གང་དུ་འགྲོ་བར་འདོད་པའི་གནས་སུ་སྐྱེལ་བར་བྱེད་པ་བཞིན་ཐེག་པ་གསུམ་པོ་གང་དང་གང་ཡིན་ན་རང་ཉིད་གང་འདོད་པའི་བྱང་ཆུབ་ཀྱི་གནས་སུ་བསྐྱེལ་བར་བྱེད་སྤྱད་ཀྱི་ཐབས་ཅིག་ལ་ཐེག་པ་གསུངས་པ་རེད། དེ་ནས་ཡང་ལམ་དེ་ལ་དབྱེ་ན་ཚོགས་ལམ།སྦྱོར་ལམ། མཐོང་ལམ།སྒོམ་ལམ། མི་སློབ་ལམ་དེ་ལམ་རྣམ་པ་ལྔ་ཡོད་པ་རེད།ཐེག་པ་རང་རང་གི་ཚོགས་ལམ་དེར་ནམ་ཞུགས་པ་རེད་ཅེ་ན་ཐེག་པ་རང་རང་གི་ཐོབ་བྱའི་ཐར་བའམ་བྱང་ཆུབ་དེ་ལ་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་རྒྱུད་ལ་ནམ་སྐྱེས་པ་ན་དེའི་སྐབས་དེར་ཐེག་པ་རང་རང་གི་ཚོགས་ལམ་དུ་ཞུགས་པ་རེད།ཐེག་པ་རང་རང་གི་བསྒོམ་བྱའི་གང་ཟག་དང་ཆོས་ཀྱི་བདག་མེད་ཀྱི་ནང་ནས་ཐེག་པ་རང་རང་གི་བསྒོམ་བྱའི་གཙོ་བོ་ལ་སྒོམ་བྱུང་གི་མྱོང་བ་ཐོན་པ་ནས་སྦྱོར་ལམ་དུ་འཕོས་པ་རེད།བསྒོམ་བྱའི་བདག་མེད་ལ་སྒོམ་བྱུང་གི་མྱོང་བ་ཐོན་པ་ནས་ཐེག་པ་རང་རང་གི་བསྒོམ་བྱའི་གཙོ་བོ་དེ་མངོན་སུམ་དུ་རྟོགས་པ་ན་མཐོང་ལམ་དུ་འཕོས་པ་རེད།མཐོང་ལམ་གྱིས་མཐོང་བའི་དོན་དེ་ཡང་ནས་ཡང་དུ་གོམས་པར་བྱས་ནས་སྒོམ་སྤང་ཅི་རིགས་ཀྱི་དངོས་གཉེན་དུ་གྱུར་བའི་ལམ་ཟག་མེད་རྒྱུད་ལ་སྐྱེས་པ་དེའི་ཚེ་སྒོམ་ལམ་དུ་འཕོས་ནས་ཐེག་པ་རང་རང་གི་ངོས་སྐལ་གྱི་སྤང་བྱའི་སྒོམ་སྤང་མ་ལུས་པ་སྤངས་པ་ན་ཐེག་པ་རང་རང་གི་མི་སློབ་པ་དང་དགྲ་བཅོམ་གྱི་གོ་འཕང་དེ་ཐོབ་འགྲོ་བ་འོ་དེ་ལྟར་རགས་ཙམ་ཞུས་པ་ཡིན།དེའི་སྟེང་ནས་ཐེག་པ་ཆེན་པོའི་དབང་དུ་བྱས་ན་ཐེག་ཆེན་འཕགས་ལམ་དེ་ལ་ས་དང་པོ་རབ་ཏུ་དགའ་བ། ས་གཉིས་པ་དྲི་མ་མེད་པ།ས་གསུམ་པ་འོད་བྱེད་པ། ས་བཞི་པ་འོད་འཕྲོ་བ། ས་ལྔ་པ་སྦྱངས་དཀའ་བ།ས་དྲུག་པ་མངོན་དུ་གྱུར་པ།ས་བདུན་པ་རིངདུ་སོང་བ། ས་བརྒྱད་པ་མི་གཡོ་བ།ས་དགུ་པ་ལེགས་པའི་བློ་གྲོས།ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་ས་བཅུའི་རྣམ་བཞག་ཡོད་པ་རེད།དེ་ལྟ་བུ་རང་ལུགས་ལ་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་ཕར་ཕྱིན་དེ་གཙོ་བོ་ཤེར་ཕྱིན་གྱི་མདོའི་ཚིག་ཟིན་དང་བསྟུན་ནས་བརྩམ་པའི་མདོ་ལུགས་མ་དེ་དང༌།ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཤེར་སྙིང་གི་འགྲེལ་བ་སྔོན་མེད་ལེགས་བཤད།ཀུན་མཁྱེན་ཉ་དབོན་པས་མཛད་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་སོགས་ལས་ཤེས་པར་བྱའོ། །ཞེས་ཞལ་འཕངས་མཛད་ནས་བཤད་པ་རེད། འདི་ཡན་ཆད་དུ་ལམ་གྱི་རྣམ་བཞགམདོར་མཚོན་པ་ཙམ་ཞིག་ཞུས་པ་དེ་ཡིན།སྤྱིར་ཟབ་པ་དང་རྒྱ་ཆེ་བ་ཞེས་པའི་ལམ་གྱི་རྣམ་བཞག་ཧ་ཅང་རྒྱ་ཆེ་བའི་རྒྱུ་མཚན་གྱིས་རྒྱ་ཆེ་བ་གསུང་གི་ཡོད་པ་རེད། འདི་ཙམ་གྱིས་རྫོགས་ཡང་ཐུབ་པ་མ་རེད་ད་འདི་ཙམ་གྱིས་གོ་ཡང་ཐུབ་པ་མ་རེད་ཡིན་ན་ཡང་སྐབས་སུ་བབ་པ་མདོར་མཚོན་པ་ཙམ་ལམ་གྱི་རྣམ་བཞག་དེ་ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་ཞུས་ཟིན་པ་རེད། དེ་རིང་གི་ཆ་ལ་མཚམས་འཇོག་བྱེད་རྒྱུ་ཡིན།

ཉིན་བརྒྱད་པ།

ཉིན་བརྒྱད་པ།

འོ་ལགས་སོ་འདི་ཡན་ཆད་དུ་གཞི་ལམ་འབྲས་གསུམ་གྱི་ནང་ནས་གཞིའི་རྣམ་བཞག་དང་ལམ་གྱི་རྣམ་བཞག་གཉིས་བཤད་ཟིན་པ་རེད།གསུམ་པ་འབྲས་བུའི་རྣམ་བཞག་བཤད་པ་ལ།དེ་ལྟར་ཕྱིན་ཅི་མ་ལོག་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ལམ་ཚོགས་གཉིས་ཡོངས་སུ་རྫོགས་པ་ལས་འབྲས་བུ་སྤང་བྱ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་མ་ལུས་པ་ཟད་པའི་སངས་རྒྱས་ཀྱི་གོ་འཕང་ལེགས་པརཐོབ་ནུས་པ་ཡིན་ཏེ། དེ་ལྟར་ལམ་ཉམས་སུ་བླང་བ་ལ་བརྟེན་ནས་འབྲས་བུ་སྐུ་གཉིས་ཟུང་འཇུག་ཐོབ་ནུས་པའི་རྒྱུ་མཚན་གང་ཞེ་ན།བསྟན་བཅོས་རྒྱུད་བླ་མ་ལས།རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །༼ཆོས་ཀྱི་དབྱིངས་དེབཞིན་གཤེགས་པའི་སྙིང་པོ་ནི་རང་བཞིན་འོད་གསལ་བ་རེད་དེའི་ཞེས་བརྗོད་གང་ཡིན་པ་དེ་ནི་༽ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོ་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་བ། །༼གང་ཡིན་པ་དེ་ནི་ལམ་སྒོམཔའི་སྟོབས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་༽དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་ཐོབ། །ཅེས་གསུངས་པ་རེད། མདོར་ན་སེམས་ཅན་ཐམསཅད་ཀྱི་རྒྱུད་ན་དྲི་མེད་སངས་རྒྱས་ཀྱི་ཡོན་ཏན་ཀུན་དང་ལྡན་པ་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད་བཞུགས་པ་དེ་ནི་ཆོས་རབ་ཏུ་རྣམ་འབྱེད་དམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བརྟེན་ནས་ཐོབ་ཐུབ་པ་རེད་གསུངས་པ་རེད། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས།ས་བོན་འགྱུར་བའི་དབྱིངས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། ། རིམ་གྱིས་སྦྱངས་བར་གྱུར་པ་ལས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་ཆོས་རྣམས་ཀྱི་ས་བོན་གྱི་ཚུལ་དུ་སེམས་ཅན་དེ་དགལ་མངོན་དུ་མ་གྱུར་བའི་ཆོས་ཀྱི་དབྱིངས་དེ་ནི་ཆོས་རྣམས་ཐམས་ཅད་ཀྱི་གནས་དང་གཞི་དང་རྟེན་ཡིན་པར་འདོད་པར་གསུངས་པ་རེད། དེ་ཡང་ལམ་སྒོམ་པའི་སྟོབས་ཀྱིས་རིམ་གྱིས་དྲི་མ་སྦྱང་བར་གྱུར་པ་ལས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་དེ་ཉིད་ཐོབ་པར་འགྱུར་ཐུབ་གི་རེད་ཅེས་གསུངས་པ་རེད། དེ་ལྟར་ཐོབ་པའི་འབྲས་བུ་ལ་དབྱེ་ན་རྣམ་པ་གཉིས་ཡོད་པ་རེད།དང་པོ་བྲལ་འབྲས་ནི། ཆོས་སྐུ་གང་ཡིན་པ་འགྱུར་མེད་ཡོངས་གྲུབ་དང༌། དེ་བཞིན་ཉིད་ཀྱི་སྐུ་ལ་བྲལ་བའི་ཡོན་ཏན་སྟོབས་དང་མི་འཇིགས་པ་དང༌། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པའི་དོན་དམ་སངས་རྒྱས་ཀྱི་ཡོན་ཏན་ཀུན་དང་ལྡན་པ་དེ་ཉིད་ཡིན་པ་རེད།དང་པོ་ཡིས་ནི་དང་པོ་དང༌། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་དང་པོ་རང་བཞིན་གནས་རིགས་ལ་བརྟེན་ནས་ངོ་བོ་ཉིད་སྐུ་ཐོབ་པ་ཡིན་པ་དེ་དང༌།དེ་ལ་བྲལ་བའི་ཡོན་ཏན་སྟོབས་བཅུ།མི་འཇིགས་པ་བཞི།མ་འདྲེས་པའི་ཆོས་བཅོ་བརྒྱད་དེ་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་ལྡན་པ་དེ་རེད།གཉིས་པ་སྨིན་པའི་འབྲས་བུ་ནི་གཟུགས་སྐུ་གང་ཡིན་པ་༼ལོངས་སྐུ་དེ་རེད་དེ༽ལ་ཀུན་རྫོབ་གཟུགས་སྐུའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པ་སྨིན་པའི་ཡོན་ཏན་རྣམས་དང་ལྡན་པའི་གཟུགས་སྐུ་སྟེ་མདོར་ན་འབྲས་བུ་མཐར་ཐུག་དེ་ལ་གདོད་མ་ཉིད་ནས་རང་ཆས་སུ་བཞུགས་པའི་བྲལ་འབྲས་ངོ་བོ་ཉིད་སྐུ་དང༌།ལམ་སྒོམ་པའི་སྟོབས་ཀྱིས་སྔར་མེད་གསར་དུ་བསྐྱེད་པའི་སྨིན་འབྲས་དེ་གཟུགས་སྐུ་རྣམ་པ་གཉིས་ཡོད་པ་ཡིན་ཏེ།རྒྱུད་བླ་མ་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་དག་དང་ལྡན། །༼སྟོབས་བཅུ། མི་འཇིགས་པ་བཞི།མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པ་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡིན་པ་དེ་གསུང་པ་རེད། གཉིས་པ་སྐྱེས་བུཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་གཉིས་པ་གཟུགས་སྐུ་དེ་ལ་སྨིན་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ་ཡོན་ཏན་དྲུག་ཅུ་རྩ་བཞི་དང་ལྡན་པ་ཡིན་པ་གསུངས་པ་རེད།ཞེས་དང༌། གཞི་ལམ་འབྲས་གསུམ་ངོ་སྤྲོད་ཡང་དག་དོན་གསལ་ལས།གཞིའི་སངས་རྒྱས་དེ་གློ་བུར་གྱི་དྲི་མ་དང་བྲལ་བར་གནས་གྱུར་པ་ལ་འབྲས་བུ་སངས་རྒྱས་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ།ཞེས་པ་ནས།ཆོས་སྐུ་ཐོབ་པའི་བྱིན་རླབས་ལས་གདུལ་བྱ་རྒྱུད་དག་པ་རྣམས་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་བདག་ཉིད་ཀྱི་སྐུའི་སྣང་བ་ཤར་བ་ལ་བརྟེན་ནས་སེམས་ཅན་གཞན་གྱི་དོན་མཛད་པ་ནི་གཟུགས་ཀྱི་སྐུ་ཡིན་ཏེ། དེ་དག་ནི་འབྲས་བུའི་དོན་ནོ། ཞེས་གསུངས་པའི་ཕྱིར།དེ་ལྟར་ཐོབཔའི་འབྲས་བུ་ལ་ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ་སྟེ་སྐུ་གསུམ་དང་ཡང་ན་ངོ་བོ་ཉིད་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ།ཡེ་ཤེས་ཆོས་སྐུ་དང་སྐུ་བཞི་རྣམས་དབྱེར་ཡོད་དེ། ཇི་སྐད་དུ། སངསརྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང༌། །གཞན་ནི་སྤྲུལ་བའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་དང༌། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་བ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །ཡང་སྟོང་གཞི་དོན་དམ་ཆོས་ཀྱི་སྐུ་བཞི་ནི།གཞི་འབྲས་དབྱེར་མེད་དུ་བཞུགས་པའི་རྡོ་རྗེ་བཞི་ཡིན་ཏེ།ཡེ་ཤེས་ལེའུ་ལས།རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱི་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། །གསུང་གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གི་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས། །དྲི་མེད་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །ཞེས་འདིའི་སྐབས་ཀྱི་མཐར་ཐུག་གི་ཐོབ་བྱ་གཞི་འབྲས་དབྱེར་མེད་དུ་བཞུགས་པའི་སྐུ་བཞི།སྐུ་བཞི་དེ་ཡང་གསང་བ་སྔགས་བླ་ན་མེད་པའི་སྐབས་ནས་བསྟན་པའི་སྐུའི་རྡོ་རྗེ།གསུང་གི་རྡོ་རྗེ།ཐུགས་ཀྱི་རྡོ་རྗེ། ཡེ་ཤེས་ཀྱི་རྡོ་རྗེ་སྟེ་རྡོ་རྗེ་རྣམ་པ་བཞི་གསུང་གི་ཡོད་པ་དེ་རེད། དེའི་ནང་གི་དང་པོ་སྐུ་རྡོ་རྗེ་གསུང་དུས་རྒྱལ་བའི་སྐུ་ཡི་རྡོ་རྗེ་ཀུན་རྫོབ་ཀྱི་ཡུལ་དང་ཡུལ་ཅན་རྣམས་ཀྱི་བགྲོདབྱ་ཐམས་ཅད་དང་བྲལ་བའི་སྐུ་དོན་དམ་པའི་རྣམ་པ་ཐམས་ཅད་པའི་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་དེ་གསུང་པ་དེ་རེད། སངས་རྒྱས་ཀྱི་དོན་དམ་པའི་གསུང་རྡོ་རྗེ་སེམས་ཅན་ཐམས་ཅདརང་རང་གི་སྐད་དང་མཐུན་པའི་ཆོས་སྒོ་སྣ་ཚོགས་པ་གདུལ་བྱའི་ཁམས་དབང་མོས་པ་བཞིན་གསུང་རྣམ་པ་ཐམས་ཅད་པ་ལ་བརྟེན་ནས་བརྗོད་བྱའི་ཆོས་སྣ་ཚོགས་པ་དེ་དག་གོ་བར་བྱེད་པ་དེ་གསུང་རྡོ་རྗེ་ཡིན་པ་དེ་རེད། རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་ནི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་དྲི་མ་མཐའ་དག་དང་ཡོངས་སུ་བྲལ་བའི་གདོད་མ་ཉིད་ནས་བཞུགས་པའི་རང་བཞིན་འོད་གསལ་བ་དེ་དོན་དམ་པའི་ཐུགས་རྡོ་རྗེ་ཡིན་པ་གསུང་པ་རེད།དྲི་མ་མེད་པའི་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་པ་དེ་ཉིད་ཡེ་ཤེས་རྡོ་རྗེ་རེད་ཅེསགསུངས་པའི་ཕྱིར་རོ། །རང་ལུགས་ཀྱི་གཞུང་ལུགས་འཆད་པའི་སྐབས་རྣམས་སུ་དོན་དམ་དབྱིངས་ཀྱི་གནས་ཚུལ་གྱི་དབང་དུ་བྱས་པ་དང༌། རྣལ་འབྱོར་ཅན་གྱི་སྣང་ཚུལ་གྱི་དབང་དུ་བྱས་པ་གཉིས་རེ་ཡོད་པ་ངེས་པར་ཤེས་པར་བྱ་སྟེ།རང་ལུགས་ཀྱི་གཞུང་ལུགས་འཆད་པའི་སྐབས་དེ་མན་ངག་གི་དབང་དུ་བྱས་ན་དོན་དམ་ཆོས་ཀྱི་དབྱིངས་ཀྱི་གནས་ཚུལ་གྱི་དབང་དུ་བྱས་ནས་སྐབས་མང་པོ་གསུངས་པ་དེ་དང༌། ཡང་དྲི་མ་དང་བཅས་པ་ཡིན་ཅེས་པ་ལ་སོགས་པ་ནི་སེམས་ཅན་རང་རང་སོ་སོའི་སྣང་ཚུལ་ལ་ལྟོས་ནས་དྲི་མ་དང་བཅས་པ་གསུངས་པ་འདྲ་དང༌། གཞི་དང་གནས་དང་རྟེན་ཡིན་པར་གསུངས་པ་དང་རིགས་ཁྱད་པར་གསུམ་ལྡན་ཡིན་པར་གསུངས་པ་དེ་དག་སྣང་ཚུལ་གྱི་དབང་དུ་བྱས་ནས་མང་པོ་ཡོང་བ་དེ་འདྲ་རེད། དེའི་དབང་གིས་འདི་ནས་ཡིན་ན་སྣང་ཚུལ་གྱི་དབང་དུ་བྱས་པ་དང་གནས་ཚུལ་གྱི་དབང་དུ་བྱས་པ་ཡོད་པ་གཉིས་གསུངས་པ་དེ་རེད།དེ་ཡང་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མ་ལས།འདི་ལ་དོན་དམ་དབྱིངས་ཀྱི་གནས་ཚུལ་དང༌། །རྣལ་འབྱོར་ཅན་ལ་ཇི་ལྟར་སྣང་ཚུལ་ལོ། །ཞེས་གསུངས་པ་ནང་བཞིན་ཡིན་པ་དེ་རེད།ཅེས་གསུངས་འདུག་ལགས། དེ་ཡན་ཆད་དུ་གཞི་ལམ་འབྲས་བུའི་རྣམ་བཞགམདོར་མཚོན་པ་ཙམ་ཞུས་ཟིན་པ་དེ་རེད། འདིར་སྨྲས་པ། གཞི་ལམ་འབྲསདང་ལྟ་སྒོམ་སྤྱོད་པ་ཡི། །ཐུན་མིན་ལུགས་འདི་མདོ་རྒྱུད་ཀུན་གྱི་གནད། །འཕགས་མཆོག་ཀུན་གྱི་དགོངས་པའང་འདི་ངེས་པས། ། ཀུན་མཁྱེན་དགོངས་བཞེད་དྲང་སྲོང་གཏམ་འདི་སྨྲས། །༼གཞུང་འདིར་བཤད་པའི་གཞིའི་རྣམ་བཞག་དང་ལམ་གྱི་རྣམ་བཞག་འབྲས་བུའི་རྣམ་བཞག་དང༌།ལམ་གྱི་རྣམ་བཞག་དེ་ལ་ནང་གསེས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་དབྱེ་བའི་ཐུན་མོང་མ་ཡིན་པའི་ལུགས་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་རྒྱུད་ཐམས་ཅད་ཀྱི་གནད་ཡིན་པ་དང་འཕགས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དགོངས་པ་ཡང་སྐབས་འདིར་བཤད་པའི་ལྟ་སྒོམ་སྤྱོད་གསུམ་དང་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་འདི་ཁོ་ནར་ངེས་པའི་རྒྱུ་མཚན་གྱིས་ཀུན་མཁྱེན་ནམ་སངས་རྒྱས་ཀྱིས་དགོངས་བཞེད་དྲང་སྲོང་གཏམ་འདི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་དེ་སྨྲས་པ་ཡིན། ༼བསྟན་བཅོས༽ འདིར་བཤད་༼པའི༽དགེ་བས་༼མཐུ་ལ་བརྟེན་ནས་༽བགྲང་ཡས་༼སམ་མཐའ་ཡས་པའི་༽འགྲོ་བ་༼སམས་ཅན་༽ཀུན། །༼རྩོད་ལྡན་གཉིས་ལྡན་གསུམ་ལྡན་ལ་སོགས་པའི་ཆོས་དང་བྲལ་བའི་༽རྫོགས་ལྡན་དམ་པའི་ཆོས་༼མཆོག་༽འདིར་ལེགས་ཞུགས་ཏེ། །གློ་བུར་དྲི་མའི་རྒྱལ་ཁམས་ལས་འདས་ནས། །དོན་དམ་སྐུ་བཞིའི་རྒྱལ་ཁམས་ལ་གནས་ཤོག །ཅེས་བསྟན་བཅོས་རྩོམ་པའི་དགེ་བ་འདི་བསྔོ་བར་མཛད་པ་དེ་རེད།ཅེས་གཞི་ལམ་འབྲས་བུ་རྣམ་བཞག་ཉུང་གསལ་རིན་ཆེན་འཕྲེང་བ་ཞེས་བྱ་བ་འདི་ནི་ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་ནས་རིགས་སྨྲ་དུ་མ་ལ་ཐེག་མཆོག་དབུ་མའི་ཟིན་བྲིས་དང༌།རྟགས་རིགས་གཉིས་ཀྱི་དཔེ་ཁྲིད་ཀྱི་ཞར་ལ་འབྲས་རབ་འབྱམས་པའི་མིང་ཙམ་འཛིན་པ་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །སརྦ་མངྒ་ལམ།། ། །

གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་བཤད་པ།

གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་བཤད་པ།

འོ་དེས་ན་འདིའི་སྐབས་སུ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་བཤད་པ་དེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དང༌། ཀུན་མཁྱེན་ཉ་དབོན་པ་དང༌། ཀུན་མཁྱེན་ཕྱོགས་རྒྱལ་བ།ཐམས་ཅད་མཁྱེན་ཏཱ་ར་ནཱ་ཐ་སོགས་ཀྱི་གསུངས་ཟིན་གཞིར་བཞག་བྱས་ཏེ་ཕྱོགས་བསྡུས་བྱས་ནས་བཤད་ཁུལ་བྱས་པ་དེ་འདྲ་ཡིན།དེ་ཡན་ཆད་གཞི་ལམ་འབྲས་བུའི་རྣམ་བཞག་མདོར་བསྡུས་ཙམ་སོང་ཟིན་པ་ཡིན་པ་དེ་འདྲ་རེད། ཡིན་ན་ཡང་དེའི་ནང་དུ་མ་བཤད་པ་དང་ལོག་པར་བཤད་པ་ཡོད་སྲིད་པ་དང་ཡོད་ངེས་པ་ཅན་ཡིན་པ་རེད། དེ་ཡིན་པའིརྒྱུ་མཚན་ཡང་བདག་ལྟ་བུ་འཆིང་བ་ཀུན་ལྡན་གྱི་གང་ཟག་ཅིག་རེད། དེ་ཡིན་པའི་ཆ་ནས་ནོར་བ་ཡང་སྲིད་པ་ཆགས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་ནོར་བ་དང་ཟབ་མོའི་གནས་ལ་རང་བཟོསརྟོག་དཔྱོད་ཀྱི་ཉེས་པ་ཇི་སྙེད་ཐམས་ཅད་ཆོས་སྤྱན་དང་ལྡན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་བཟོད་པར་གསོལ་ཞུ་རྒྱུ་དེ་དང༌། དེ་ནས་ད་རེས་འདི་ལ་བརྟེན་ནས་བསྟན་བཅོས་རྩོམ་པའི་དགེ་བ་ཅུང་ཟད་རེ་མཆིས་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། སྒོས་སུ་སངསརྒྱས་བཅོམ་ལྡན་འདས་ཀྱི་བཀའ་འཁོར་ལོ་ཐ་མའི་དགོངས་དོན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་འདི་མ་དར་བ་རྣམས་སུ་དར་བར་བྱེད་ཅིང༌། དར་བ་རྣམས་དག་ཅིང་འཕེལ་བ་དང༌། ཉམསཔ་རྣམས་གསོ་ནུས་པར་བྱེད་ནས་ཡངས་བའི་རྒྱལ་ཁམས་ཀུན་ཏུ་རྒྱས་པའི་སྨོན་འདུན་དང༌།བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།རང་གི་ངོས་ནས་ཡིན་ན་ཡང་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་འཆད་པའི་ཡོན་ཏན་ཕྱོགས་གང་གི་ཆ་ནས་ཚང་བ་ཞིག་མ་རེད། འོན་ཀྱང་འདི་ནས་ལྷག་བསམ་པ་མང་པོ་ཞིག་གིས་གཞན་སྟོང་གི་དུས་ཁྲིད་ལོ་རེ་རེ་བཤད་ཁུལ་ཞུས་གསུངས་པ་དང་འབོད་སྐུལ་ཞུས་པ་ནང་བཞིན་རང་གིས་དེ་དག་གི་ངོ་མ་ལྡོག་པ་ཙམ་དང་དེ་དག་གི་རེ་བ་དེ་སྟོང་ཟད་མ་བྱས་པ་དང་དེ་དག་སྣང་མེད་མ་བྱས་པའི་མཚོན་དོན་ཙམ་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་ད་རེས་སྐབས་འདིར་བཤད་པ་དེ་འདྲ་ཡིན།གཞན་སྟོང་དབུ་མའི་ལྟ་གྲུབ་བཤད་པ་འདི་ལ་བརྟེན་ནས་ང་ཚོའི་བོད་ཁ་བ་གངས་ཅན་པ་ཐམས་ཅད་ཆོས་བརྒྱུད་དྲུག་གི་གྲུབ་ཆ་ལས་གྲུབ་པ་ཞིག་རེད།དེས་ན་ཆོས་བརྒྱུད་དྲུག་གི་ཕན་ཚུན་ལྟ་གྲུབ་དེ་རྒྱུས་ལོན་བྱས། གཅིགགིས་གཅིག་ལུང་རིགས་ཀྱིས་སྒྲུབ་ལུགས་སྒྲུབ་སྟངས་ལ་སོགས་པ་ཤེས་ནས་གཅིག་གིས་གཅིགལ་ཞིབ་འཇུག་ལེགས་པར་བྱས་ནས་ཐམས་ཅད་ལ་དམའ་འབེབས་དང་ཁྱད་གསོད་མེད་པར་རང་རང་སོ་སོའི་གྲུབ་མཐའ་ལ་རང་རང་སོ་སོས་ལུང་དང་རིགས་པ་དྲི་མ་མེད་པའི་སྒོ་ནས་བཞག་ལུགས་ཡོད་པ་དེ་དང༌།སྤྱིར་སངས་རྒྱས་ཀྱི་ཆོས་ཞེས་པ་དེ་གདུལ་བྱའི་དབང་གིས་གསུངས་པའི་རྒྱུ་མཚན་གྱིས་ཆོས་ཕུང་སྣ་ཚོགས་གསུངས་པ་ཡིན་ན་ཡང་མཐར་ཐུག་ཉམས་མྱོང་ཅན་གྱི་རྣལ་འབྱོར་བས་དཔྱད་ན་དགོངས་པ་གཅིག་ཏུ་འདུས་གསུངས་པ་ནང་བཞིན་མཐར་ཐུག་དགོངས་ཀློང་གཅིག་ཏུ་གྱུར་བ་ཡོད་པ་དང༌། སྒོམ་ན་མཐུན་པར་འགྲོ་ལུགས་འགྲོ་སྟངས་ཡོད་པའི་རྒྱུ་མཚན་གྱིས་ཐམས་ཅད་བོད་ཆོས་ལྡན་གྱི་ཞིང་ཁམས་འདིར་རིས་མེད་ཀྱི་བསྟན་པ་ལ་བྱ་ར་བྱེད་པའི་བཀྲ་ཤིས་སྨོན་འདུན་ཞུ།།། །སྔོན་བྱོན་དྲན་དབང་རྟ་ལྗང་བདུན་པ་ཡི། །བསལ་དུ་མེད་པའི་དཀའ་གནད་རིན་ཆེན་ལ། །རྡོ་རྗེའི་མདུད་གྲོལ་བླ་མ་དམ་པའི་གསུང༌། །རྣམ་པར་ཕབ་པའི་དགེ་ལེགས་ཇི་སྙེད་ཀྱིས། །བྱམས་དང་སྙིང་རྗེའི་འགྲོ་བའི་ཁུར་འཁྱེར་ཞིང༌། །ལུང་དང་རིགས་པའི་བསྟན་པ་གསལ་མཛད་དེ། །གནས་བརྟན་ཆེན་པོ་བླ་མ་མཆོག་ཉིད་ཀྱི། །གོ་འཕང་གཡོ་མེད་འགྲོ་ཀུན་ཐོབ་གྱུར་ཅིག །རྒྱལ་བསྟན་གནས་པ་དག་ཅིང་འཕེལ་བ་དང༌། །མཐའ་འཁོབ་རྣམས་སུ་མྱུར་དུ་དར་བ་ལ། །བདག་གིས་འདིས་མཚོན་དགེ་ཚོགས་ཇི་སྙེད་ཀྱིས། །སེམས་ཅན་དོན་དུ་བསྔོ་ཞིང་གཏོང་བར་བགྱི། །སྲིད་པའི་ཀུན་སྦྱོར་གཟེབ་ཀྱི་ལྕགས་སྒྲོགས་ལས། །ཐར་བ་རིན་ཆེན་པདྨའི་ཚལ་ཆེན་དུ། །འགྲོ་ཀུན་བདེ་ལེགས་འབད་མེད་ཕྱིན་པ་རུ། །སྨོན་ཞིང་བསྔོ་བའི་ལྷག་བསམ་བསྐྱེད་བགྱིས་སོ། །ཞེས་གཞི་ལམ་འབྲས་བུའི་རྣམ་བཞག་ཉུང་གསལ་རིན་ཆེན་ཕྲེང་བ་ཞེས་བྱ་བ་བླ་མའི་ཞལ་གསུང་གི་ཟིན་བྲིས་སྐལ་ལྡན་བུ་ལ་འདོད་དགུའི་དཔལ་སྟེར་ཞེས་བྱ་བ་འདི་ནི་དམ་པ་གང་ཉིད་ཀྱི་སློབ་བུ་རྒྱལ་རོང་པཱ་ལ་དགོན་གྱི་མཁན་མིང་ཙམ་འཛིན་པ་དབང་རྒྱལ་གྱིས་སྤྱི་ལོ་༢༠༡༨ལོའི་ནག་པ་ཟླ་བའི་ཚེས་བརྒྱད་བཀྲ་ཤིས་དུས་བཟང་གི་ཉིན་ཚ་ཁོ་སྟོད་ཕྱོགས་དབེན་གནས་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་དུ་མཇུག་རྫོགས་པར་ཟིན་བྲིས་སུ་ཕབ་པ་དགེའོ། །སརྦ་མངྒ་ལམ།། ། །

བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་ཀྱི་ཟིན་བྲིས་རྗེ་བཙུན་བླ་མའི་ཞལ་ལུང་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ།

བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་ཀྱི་ཟིན་བྲིས་རྗེ་བཙུན་བླ་མའི་ཞལ་ལུང་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།

ལྷུན་འགྲུབ་ཆོས་སྐུའི་མཁའ་དབྱིངས་རྟོག་པའི་སྤྲིན་བྲལ་ལས། །སྣ་ཚོགས་གཟུགས་སྐུའི་དཀྱིལ་འཁོར་ཐུགས་རྗེའི་རླུང་གིས་བསྐྱོད། །འཕྲིན་ལས་འོད་སྟོང་འཕྲོ་བས་སྒྲིབ་གཉིས་ཚོགས་འཇོམས་པ། །མཁྱེན་བརྩེའི་སྟོབས་མངའ་ཐུབ་དབང་སྐྱེ་རྒུའི་རྟག་ཏུ་སྐྱོང༌། །འཕགས་བོད་མཁས་དང་གྲུབ་པ་ཡོངས་ཀྱི་གཙུག་གི་རྒྱན། །མཐར་ཐུག་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་འབྱེད་པ། །རྒྱལ་བས་ལུང་བསྟན་ཀུན་མཁྱེན་ཆེན་པོ་ཇོ་ནང་པ། །ཡབ་སྲས་བརྒྱུད་པར་བཅས་པ་སྙིང་གའི་དབུས་སུ་འཛུམ། །མི་འགྱུར་བདེ་བས་ཐུགས་ཀྱི་མཛོད་ཆེན་རྒྱས། །མན་ངག་གདམས་པས་སྐལ་ལྡན་སྨིན་གྲོལ་མཛད། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་སྒྲོལ་མགོན་ཞབས། །མི་ཕྱེད་དད་པས་སྤྱི་བོའི་གཙུག་ཏུ་བསྟེན། །འཕོ་མེད་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་སྐུ། །དང་པོའི་སངས་རྒྱས་དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །དབང་བསྐུར་རྒྱུད་བཤད་མན་ངག་གངྒའི་ཆུ་བོའི་རྒྱུན། །འཛིན་མཛད་རྡོ་རྗེ་འཆང་དངོས་དཔལ་ལྡན་བླ་མར་འདུད། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་ལ། །ཡན་ལག་བདུན་པ་སོགས་ཀྱིས་མཆོད་པའི་ཐབས། །བདེ་ལེགས་རབ་རྒྱས་བླ་མའི་ཞལ་ལུང་ལ། །ཟིན་བྲིས་ཀུན་བཟང་མཆོད་སྤྲིན་དབྱེ་བར་བྱ། །དེ་ལ་འདིར་འཕགས་བོད་མཁས་པའི་གཙུག་རྒྱན་བཀའ་དྲིན་འགྲན་ཟླ་དང་བྲལ་བའི་མཚུངས་མེད་བླ་མ་བསྟན་པའི་ཡང་དར་བྱེད་པོ་ཡོངས་ཀྱི་བཤེས་གཉེན་རིན་པོ་ཆེ་འཕགས་ཡུལ་འབྲས་རབ་འབྱམས་པ་༧ངག་དབང་དངོས་གྲུབ་དཔལ་བཟང་པོ་མཆོག་གིས་རང་ཅག་གི་སྐལ་ལྡན་སློབ་བུ་རྣམས་ལ་རྗེ་བཙུན་སྒྲོལ་བའི་མགོན་པོའམ་ཐམས་ཅད་མཁྱེན་པ་ཏཱ་ན་ཐཱའི་ཞལ་སྔ་ནས་མཛད་པའི་བླ་མ་མཆོད་པའི་ཆོ་ག་བདེ་ལེགས་རབ་རྒྱས་ཀྱི་ཚིག་དོན་བཀའ་ཁྲིད་ཟབ་མོ་གནངབ་བླ་མའི་གསུང་ཇི་ལྟ་བ་བཞིན་ཟིན་བྲིས་འབྲི་བར་བྱའོ། །བླ་མ་རིན་པོ་ཆེའི་ཞལ་ནས་སྤྱིར་སྐྱབས་གནས་དགེ་འདུན་པ་ཁྱེད་རྣམས་ཕལ་ཆེར་སྦྱོར་དྲུག་འདུག་མྱོང་ཡོད་པ་རྐྱང་རྐྱང་རེད།དེ་ཡིན་ན་བླ་མ་མཆོད་པའི་ཁྲིད་གང་ལ་གང་འཚམས་སོང་ཡོད་རྒྱུ་རེད་མ་གཏོགས་ཚིག་རྐྱང་བ་ཙམ་ཡིན་ན་དེ་ཙམ་དེ་ཙམ་ཆག་འགྲོ་བ་རེད། ང་ཚོ་གྲྭ་བ་ཡིན་ནས་བཟུང་རྒྱུན་དུ་ཁ་འདོན་བཟླས་བརྗོད་དགོས་པ་རེད། རྒྱུན་དུ་བཟང་སྤྱོད། བླ་མཆོད། མཚན་བརྗོད་ལྟ་བུས་མཚོནཔའི་རང་རང་སོ་སོས་བྱིན་རླབས་འདི་ཆེ་སྡིག་པ་སྤང་བ་ལ་གནད་འདི་འགྲོ་སྙམ་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་ཁྱད་པར་ཅན་ཡིན་པ་མང་པོ་གསུངས་ཡོད་པ་རེད། དེ་དག་མང་པོ་མ་ཐུབ་ན་ཡང་ཅི་རིགས་རེ་ཉི་མ་རེ་རེ་བཞིན་དུ་ཁ་འདོན་ཆག་མེད་དུ་མཛད་དགོས་པ་རེད་མ་གཏོགས་གྲྭ་བ་ཡིན་ནས་བཟུང་ཉིན་རེ་སྐྱབས་འགྲོ་ཙམ་ཡང་འདོན་རྒྱུ་མེད་ན་ཧ་ཅང་ཐབས་སྐྱོ་བོ་ཅིག་རེད། དེས་ན་བླ་མཆོད་ཞལ་འདོན་མཛད་མཁན་མང་པོ་ཡོད་རྒྱུ་རེད། དེའི་རྒྱུ་མཚན་གྱི་བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་ཀྱི་ཚིག་དོན་རགས་ཙམ་མ་གཏོགས་ཞིབ་ཕྲ་ཞུ་བ་ལ་འཛིན་གྲྭ་སོ་སོའི་དཔེ་ཁྲིད་སོགས་རྐྱེན་དབང་གིས་དུས་ཚོད་ཁོམ་སྐབས་མི་འདུག དེས་ན་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་མཛད་པའི་བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་ཀྱི་དོན་འཆད་པར་བྱེད་པ་ལ།

མཚན་དོན།གཞུང་དོན།

མཚན་དོན།གཞུང་དོན།

མཇུག་གི་དོན་དང་ས་བཅདརྣམ་པ་གསུམ་ཡོད་པ་ལས། དང་པོ་མཚན་དོན་ནི་བླ་མ་མཆོད་པའི་ཆོ་ག་བདེ་ལེགས་རབ་རྒྱས་ཞེས་བྱ་བ་བཞུགས་སོ། །ཞེས་བསྟན་བཅོས་འདིའི་མཚན་ཡིན་པ་དེ་འདྲ་རེད། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དཔལ་ལྡན་བླ་མ་དམ་པ་ལ་ཡན་ལག་བདུན་པ་ལ་སོགས་པའི་སྒོ་ནས་མཆོད་པ་སྟེ་བླ་མཆོད་འདིའི་ཁོག་གཞུང་དུ་ཡན་ལག་བདུན་པ་གསུངས་ཡོད་པ་རེད། ཡན་ལག་བདུན་པོ་ལ་མཆོད་པ་ཞེས་གཞུང་ལུགས་རྣམས་ཀྱི་སྐབས་སུ་ཐ་སྙད་མཛད་ཡོད་པ་རེད། སྤྱིར་མཆོད་པ་ལ་སྒྲུབ་པའི་མཆོད་པ་ཞེས་པ་རང་རང་སོ་སོས་ཐོས་བསམ་གྱི་དགེ་བ་གང་སྒྲུབ་པ་ཡིན་ན་དཀོནམཆོག་གསུམ་གྱི་ཞིང་ས་ལ་མཆོད་པ་ཆགས་ཡོད་པ་རེད། དེ་ཡང་ལུས་ངག་ཡིད་གསུམ་དུས་གསུམ་དགེ་རྩར་བཅས།།ཞེས་གསུངས་པ་བཞིན་ལུས་ངག་ཡིད་གསུམ་གྱི་དགེ་བ་དང་དུས་གསུམ་གྱི་དགེ་རྩ་ཐམས་ཅད་མཆོད་པ་འགྲོ་བ་རེད། དེ་བཞིན་དུ་སྐབས་འདིར་མཆོད་པ་རྒྱ་ཆེར་འོག་ནས་མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང་ཞེས་སོགས་ཀྱི་སྐབས་སུ་གསུངས་ཡོད་པ་རེད། དེས་ན་དཔལ་ལྡན་བླ་མ་དམ་པ་ལ་མཆོད་པའི་ཐབས་ཆོ་ག་བདེ་ལེགས་རབ་རྒྱས་ཞེས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དཔལ་ལྡན་བླ་མ་ལ་མཆོད་པ་ཕུལ་བ་ཡིན་ན་ཚེ་འདི་ཕྱིའི་ལེགས་ཚོགས་ཀྱི་བདེ་ལེགས་ཐམས་ཅད་རབ་ཏུ་རྒྱས་པར་བྱེད་པ་ཞེས་བྱེད་ལས་ཀྱིཆ་ནས་བདེ་ལེགས་རབ་རྒྱས་ཞེས་བྱ་བའི་བསྟན་བཅོས་གང་ན་བཞུགས་ན་འདི་ན་བཞུགས་སོ། །ཞེས་མཚན་བཏགས་པ་རེད། སྤྱིར་བླ་མའི་སྐད་དོད་ལེགས་སྦྱར་སཾ་སྐྲི་ཏའི་སྐད་ཀྱི་དབང་དུ་བྱས་པ་ཡིན་ན་གུ་རུ་ཞེས་གསུངས་ཡོད་པ་རེད། དེ་ལོ་ཙཱ་བ་རྣམས་ཀྱིས་བོད་སྐད་དུ་བསྒྱུར་བ་ན་གུ་རུ་ལྕི་བའི་བྱང་གི་སྒོ་ནས་བསྒྲུདས་པ་རེད། དེ་ཡང་བླ་མ་དེ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་ཁུར་དུ་ལྕི་བ་ཡིན་པས་ན་བླ་མ་ཞེས་གོང་ན་མེད་པའི་དོན་དུ་བསྒྱུར་ནས་བླ་མ་ཞེས་གསུངས་ཡོད་པ་རེད།བྱིན་རླབས་ཀྱི་རྩ་བ་དཔལ་ལྡན་བླ་མ་དམ་པ་ཡིན་པས་བླ་མ་ལ་མཆོད་པ་འབུལ་བ་ཡིན་ན་མཆོད་ཡུལ་གྱི་ཞིང་གཞན་ལ་མཆོད་པ་བརྒྱ་འགྱུར་སྟོང་འགྱུར་དུ་བྱས་པ་ལས་ཀྱང་དཔལ་ལྡན་བླ་མ་དམ་པ་ལ་མཆོད་པ་འབུལ་བ་ཡིན་ན་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་ཐུབ་པ་ཡིན་པ་བླ་མཆོད་ཁོག་གཞུང་དུ་གསུངས་པ་ལྟར་ཡིན། བསྟན་བཅོས་ཀྱི་མཚན་བཏགས་པའི་དགོས་པ་གཞུང་སྤྱིདང་མཐུན་པ་དང༌། སྤྱིར་ཆོས་གང་དང་གང་ཡིན་ན་མིང་དུ་གདག་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་ཡི་རྨོངས་བ་བསལ་བའི་ཕྱིར། །ཆོས་རྣམས་མིང་དུ་གདག་པར་མཛད། །ཞེས་པ་ལྟར་དང༌། བསྟན་བཅོས་སྒེར་གྱི་མིང་ཡིན་ན་བསྟན་བཅོས་དང་གླེགས་བམདུ་མ་ལས་བཙལ་སླ་བ་ལ་སོགས་པ་དགོས་པ་དུ་མ་ཡོད་པ་དང༌། དེའི་མ་ཟད་མཚན་བྱང་འདི་ལ་བརྟེན་ནས་དབང་པོ་རབ་ཞིག་ཡིན་ན་བླ་མ་མཆོད་པའི་ཆོ་ག་བདེ་ལེགས་རབ་རྒྱས་སྐབས་ནས་བསྟན་པའི་བརྗོད་བྱ་ཡོངས་སུ་རྫོགས་པ་རྟོགས་ཐུབ་པ་དང༌། དབང་བོ་འབྲིང་ཡིན་ན་དབུ་མཚན་མཐོང་བས་དབུ་ཞབས་དོན་ཁོང་ཆུད་གསུངས་པ་ལྟར་བསྟན་བཅོས་འདིའི་བསྟན་བྱ་རག་ཙམ་རྟོགས་པ་དང༌། དབང་པོ་ཐ་མ་ཞིག་ཡིན་ན་ཐོག་མར་དོན་ལ་མིང་བརྡ་སྦྱར་ནས་མིང་དོན་ལ་གོམས་འདྲེས་སོང་བ་ན་བརྗོད་བྱ་རྟོགས་ཐུབ་པ་ལ་སོགས་པའི་དགོས་པ་དུ་མ་ཡོད་པས་ན་བསྟན་བཅོས་ལ་མིང་བཏགས་པ་རེད། དེ་ཡན་ཆད་མཚན་དོན་མདོར་བསྡུས་ཙམ་སོང་ཟིན་པ་རེད།གཉིས་པ་གཞུང་དོན་ལ།བཤད་པ་ལ་འཇུག་པ།བཤད་པ་ཉིད་ཉེ་བར་འགོད་པ།བཤད་པ་མཐར་ཕྱིན་པའི་ཚུལ་དང་གསུམ་ཡོད་པ་ལས། དང་པོ་བཤད་པ་ལ་འཇུག་པ་ལ་མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བ་གཉིས་ཀྱི་སྒོ་ནས་ཞུས་པ་ཡིན་ན།དང་པོ་མཆོད་བརྗོད་ནི།ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ། ཞེས་ན་མོ་ནི་ཕྱག་འཚལ་བའམའདུད་པ་དང་གུ་རུ་ལྕི་བའི་བྱང་གི་སྒོ་ནས་བླ་མ་དང་བུདྡྷ་ཞེས་པ་སངས་པ་དང་རྒྱས་པ་གཉིས་ཀ་ལ་འཇུག་པས་ན་སྒྲིབ་གཉིས་མ་ལུས་པ་སྤངས་པའམ་སངས་ཞིང་ཤེས་བྱ་ཐམས་ཅད་མཁྱེན་པའི་རྟོགས་པ་རབ་ཏུ་རྒྱས་པས་ན་སངས་རྒྱས་དང༌། བོ་དྷི་ནི་བྱང་ཆུབ་དང་སཏྭ་སེམས་དཔའ་ལ་འཇུགཔས་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ལ་སེམས་ཞིང་དཔའ་བསན་བྱང་ཆུབ་སེམས་དཔའ་དང༌། བྷྱཿ་ཞེས་པ་ནི་ལེགས་སྦྱར་སཾ་སྐྲི་ཏའི་སྐད་ལ་དུ་སོགས་རྣམདབྱེ་བརྒྱ་དང་བརྒྱད་ཅུ། སུ་སོགས་རྣམ་དབྱེ་ཉི་ཤུ་རྩ་གཅིག་ཡོད་པས་ནང་གི་བཞི་པ་དགོས་ཆེད་ལ་གཅིག་ཚིགཉིས་ཚིགམང་ཚིག་རྣམས་ཀྱི་ནང་ནས་ཕྱག་འཚལ་བ་ལ་བཞི་པའོ། །ཞེས་གསུངས་པ་ལྟར་བཞི་པ་མང་ཚིག་ཡིན་པས་ན་སྒྲ་ཐད་སོར་བསྒྱུར་ན་ཕྱག་འཚལ་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་ཞེས་གསུངས་པ་རེད། བོད་སྐད་དང་མཐུན་པའི་སྒོ་ནས་སྒྲ་ཐདལོག་ཏུ་བསྒྱུར་ན་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཞེས་ལེགས་སྦྱར་སཾ་སྐྲི་ཏའི་སྐད་ཀྱི་དབང་དུ་བྱས་ནས་མཆོད་པར་བརྗོད་པ་རེད། དེ་ནས་བླ་མ་མཆོད་པ་བདེ་ལགས་རབ་རྒྱས་ཞེས་བྱ་བ་ཞེས་བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་ཞེས་བྱ་བ་ཞེས་པ་བསྟན་བཅོས་འདིའི་མཚན་ཡིན་པ་རེད།མཆོད་བརྗོད་དངོས་ནི།བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་རང་བཞིན། །རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ནས། །ཞེས་སངས་རྒྱས་ཀུན་ལས་ཀྱང་བཀའ་དྲིན་ཆེ་བའི་བླ་མ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ་ཞེས་བསྟན་བཅོས་འདིའི་བརྗོད་བྱ་དང་མཐུན་པའི་སྒོ་ནས་མཆོད་པར་བརྗོད་པ་རེད། དེ་ནསསངས་རྒྱས་ཀུན་འདུས་པའི་ངོ་བོ་རྡོ་རྗེ་འཆང་གི་རང་བཞིན།ད་ལྟ་རང་ཉིད་དངོས་སུ་ཆོས་འབྲེལ་ཐོབ་པའི་བཀའ་དྲིན་གསུམ་ལྡན་གྱི་རྩ་བ་དང་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞེས་གསུངས་པ་རེད། ནས་ཞེས་པ་ལྷག་བཅས་ཀྱི་ཚིག་སྟེ་རྩ་རྒྱུད་བླ་མ་རྣམསལ་ཕྱག་འཚལ་ནས་ཡུལ་གང་ལ་འཇུག་རྒྱུ་ཡིན་ཞེ་ན། གཉིས་པ་རྩོམ་པར་དམ་བཅའ་བ་ནི།སྐྱབས་གནས་ཀུན་འདུས་བླ་མ་མཆོད་པའི་ཐབས། །ཐུན་མོང་མདོར་བསྡུས་ཙམ་ཞིག་འབྲི་བར་བྱ། །སངས་རྒྱས་དང་ཆོས་དང་དགེ་འདུན་ཡི་དམ་ཆོས་སྐྱོང་དང་མཁའ་འགྲོ་སོགས་མདོར་ན་སྐྱབས་གནས་ཀུན་འདུས་པའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་དེ་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པའི་ཐབས་ཐུན་མོང་མ་ཡིན་པ་མདོར་བསྡུས་ཙམ་ཞིག་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཁོང་གིས་འབྲི་བར་བྱ་ཞེས་རྩོམ་པར་དམ་བཅས་པ་རེད། དེ་ཡན་ཆད་བཤད་པ་ལ་འཇུག་པ་སོང་ནས།གཉིས་པ་བཤད་པ་ཉིད་ཉེ་བར་འགོད་པ་ལ་སྔོན་འགྲོ་དང༌།དངོས་གཞི།རྗེས་ཀྱིབྱ་བ་དང་གསུམ།དང་པོ་སྔོན་འགྲོ་ལ་མཆོད་རྫས་དང་གནས་ཁང་བྱིན་གྱིས་རླབས་པ་དང༌།སྐྱབས་གསུམ་ཚད་མེད་བཞི་བསྒོམ་པ་དང་གཉིས།དང་པོ་ནི་གནས་ཁང་བཟང་པོར་དྲི་བཟང་གི་ཆུ་ལ་སོགས་པ་ཆག་ཆག་བཏབ་ནས་སྐུ་གསུང་ཐུགས་ཀྱི་རྟེན་ལ་སོགས་བཤམས་པའམ་བཞུགས་སུ་གསོལ་ཏེ་ཡིད་ཀྱི་སྤྲུལ་བའི་མཆོད་པ་དང་དངོས་སུ་འབྱོར་བའི་མཆོད་པ་རྒྱལ་སྲིད་སྣ་བདུན་དང༌། མཆོད་པ་རྣམ་པ་བརྒྱད་སོགས་གང་འབྱོརགྱི་མཆོད་པ་རྒྱ་ཆེར་བཤམས། ཞེས་གནས་ཁང་གི་གཞལ་ཡས་ཁང་དང་མཆོད་པའི་གཞལ་ཡསཁང་གཉིས་གཅིག་ཏུ་བསྐྱེད་པ་བླ་མཆོད་ཀྱི་འགྲེལ་བ་རྣམས་ཀྱི་སྐབས་སུ་གསུངས་པ་ལྟར་གནས་ཁང་གི་གཞལ་ཡས་ཁང་དང་ལྷའི་གཞལ་ཡས་ཁང་གཉིས་གཅིག་ཏུ་བསྐྱེད་དེ་རང་ཉིད་ཡི་དམ་གྱི་ལྷ་དཔལ་དུས་ཀྱི་འཁོར་ལོ་སོགས་གསལ་བཏབ་ནས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཡིན་ན་ཤར་སྒོར་ཁོད་པར་དམིགས། དེ་ནས་གནས་ཁང་དང་མཆོད་པ་བྱིན་གྱིས་རླབས་དགོས་པ་རེད།༼བླ་མཆོད་ཀྱི་སྐབས་འདིར་མཆོད་པ་རྣམ་པ་བརྒྱད་ཀྱི་དབང་དུ་བྱས་ནས་གསུངས་པ་རེད། མཆོདཔ་རྣམ་པ་བརྒྱད་ནི། ཨརྒྷཾ་པཱདྱཾ། པུ་ཥྤེ།དྷུ་པེ།ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏྱ། ཤབྟའི་བརབརྒྱད་ཡོད་པ་རེད།དེ་ཡང་དང་པོ་མཆོད་ཡོན་ཞབས་བསིལ་གཉིས་དང༌། མེ་ཏོག བདུགསྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོའི་བར་བརྒྱད་དང༌། མཆོད་པ་རྣམ་པ་བདུན་ནིམཆོད་པ་རྣམ་པ་བརྒྱད་ཀྱི་ནང་ནས་ཞབས་བསིལ་བླངས་པའི་ལྷག་མ་བདུན་དང༌། མཆོད་པ་རྣམལྔ་ནི་སྤྱིར་མིག་གི་ཡུལ་དུ་གཟུགས་མཛེས་པ་དང༌། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲིཞིམ་པ། ལྕེའི་ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་སྟེ་ལྔ་པོ་དེ་ཡིན་པར་གཞུངལུགས་སྐབས་སུ་གསུངས་པ་རེད། འོན་ཀྱང་དེང་སང་ཡོངས་གྲགས་ལྟར་ན་མེ་ཏོག་ནས་ཞལཟས་བར་རྣམ་པ་ལྔ་པོ་དེ་ཡིན་ནོ། །༽ གནས་ཁང་བྱིན་རླབས་ནི་ཨོཾ་བཛྲ་ཨམྲི་ཏ་ཀུནྚ་ལི་ཧ་ན་ཧན་ཧཱུཾ་ཕཊ། ཞེས་པའོ། །དེ་ཡང་ཨོཾ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་དང་བཛྲ་ནི་རྡོ་རྗེ་དང་ཨམྲིཏ་ནི་བདུད་རྩི་དང་ཀུནྚ་ལི་འཁྱིལ་བ་དང་ཧ་ན་ཧ་ན་བགེགས་རྣམས་ནོན་ཅིག་ནོན་ཅིག་ཅེས་རྡོ་རྗེ་བདུད་རྩི་འཁྱིལ་བས་བགེགས་ཐམས་ཅད་ཕར་བསྐྲད་པའོ། ། དེ་ཡང་སྔར་རང་ཉིད་ཡི་དམ་གྱི་སྐུར་ལྡང་བ་ཡིན་ན་རང་གི་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྤྲུལ་ནས་མཆོད་པའི་རྫས་ལ་གནས་པའི་བགེགས་རྣམས་མ་ལུས་པ་བསངས་བའོ།།ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ་྅ཧཾ། ཨོྃནི་སྐུ་གསུང་ཐུགས་ཀྱི་རང་བཞིན་ནམ་སྔགས་ཐམས་ཅད་ཀྱི་འགོ་འདྲེན་ལྟ་བུ་རེད། སྭ་བྷ་ཝ་ནིརང་བཞིན་དང་ཤུདྡྷ་ནི་དག་པ་སྟེ་རང་བཞིན་གྱིས་སྟོང་བ་དང༌།སརྦ་ཐམས་ཅད་དང་དྷརྨ་ནི་ཆོས་ཏེ་སྒྲ་ཐད་སོར་བསྒྱུར་ན་ཐམས་ཅད་ཆོས་དང་བོད་སྐད་དང་མཐུན་པར་བསྒྱུར་ན་ཆོས་ཐམས་ཅད་སྭ་བྷ་ཝ་ནི་གོང་དུ་ཞུས་པ་ལྟར་རང་བཞིན་དང་ཤུདྡྷོ་ནི་དག་པ་དང་ཧཾ་ཞེས་པ་ངའོ་ཞེས་པ་ཡིན་པས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་དག་པ་ནི་ངའོ་ཞེས་ང་རྒྱལ་དུ་བཟུང་བ་ཡིན་ནོ། །སྐབས་འདིར་རང་བཞིན་གྱིས་དག་པ་ནི་སྤྲོས་བྲལ་གྱི་རང་བཞིན་དག་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་བདེ་མཆོག་ནག་པོའི་ཞབས་ལུགས་ཀྱི་སྒྲུབ་ཐབས་རྣམ་པར་བཤད་པ་རྒྱས་འགྲེལ་ཐུན་མོང་མ་ཡིན་པ་ལྷན་ཅིག་སྐྱེས་པའི་གཟི་འོད་ཕྱོགས་བཅུར་རྒྱས་པ་ལས། སྭ་བྷཱ་ཝའིསྔགས་དོན་ནི།སྭ་བྷཱ་ཝ་རང་བཞིན་ཤུདྡྷ་ནི་དག་པ། སརྦ་དྷརྨ་ཆོས་ཐམས་ཅད་སྭ་བྷཱ་ཝ་ཤུདྡྷོ་ཧཾ་ནི་རང་བཞིན་གྱིས་དག་པ་ངའོ། །ཞེས་པ་སྟེ།རང་བཞིན་ནི་སྤྲོས་བྲལ་གྱི་ངོས་ནས་འཇོག་པའང་ཡོད་མོད་ཀྱི། སྐབས་འདིར་ནི་གཟུང་བ་ལ་སོགས་པ་གཞན་དུ་སྣང་བ་ལྟར་གནས་ཚུལ་མ་གྲུབ་པསརང་བཞིན་ནམ་རང་ངོས་ནས་རྣམ་པར་རིག་པའི་ཤེས་པ་སྟེ། ཞེས་གཟུང་བའི་སྣང་བ་ཐམས་ཅདརྣམ་པར་རིག་པ་ཤེས་པའི་བདག་ཉིད་དུ་གྲུབ་པ་མ་གཏོགས་པ་མེད་པས་རང་བཞིན་གྱིས་དག་པ་གསུངས་པ་ནང་བཞིན་ཡིན་ནོ། །གནས་ཁང་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ།ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པམཆོད་རྫས་བཟང་ཞིང་དགེ་བ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭ་ཧཱ།ཨོཾ་བཛྲ་པཱདྱཾསྭ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་ཏྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྟ་ཨཱཿཧཱུྃ། ཞེས་རོལ་མོའི་བྱིན་དབབ། ཅེས་པའི་དོན་ནིསྟོང་བའི་ཟུར་ཆ་གཅིག་གི་ངང་ལས་གནས་ཁང་གི་ས་བོན་བྷྲུཾ་ཡིག་ཐོལ་གྱི་བྱུང༌། བྷྲུཾ་ཡིག་ཡོངསསུ་གྱུར་པ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབ་དང་བཅསཔའི་ཐོག་བརྩེགས་མཚན་ཉིད་ཐམས་ཅད་མ་ཚང་བ་མེད་པ་ཡོངས་སུ་རྫོགས་པ་གསལ་བཏབ་ནས་དེའི་དབུས་སུ། མཆོད་རྫས་རྣམས་ཀྱི་སྣོད་ཀྱི་ས་བོན་ཨོཾ་ཡིག་སྒོམ། དེ་ཡོངས་སུ་གྱུར་པ་ལསབྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་སྟེ་མཆོད་ཡོན་སྣོད་ཡངས་ཤིང་རྒྱ་ཆེ་བ་དང༌། དེ་བཞིན་དུ་ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོརྣམས་ཀྱི་སྣོད་ནང་དུ་ལྷ་རྫས་ཀྱི་ས་བོན་ཧཱུཾ་ཡིག་གསལ་བཏབ། ཧཱུཾ་ཡིག་ཞུ་བ་ལས་བྱུང་བའི་ལྷ་མཆོདཔའི་རྫས་ལས་གྲུབ་པའི་མཆོད་ཡོན་ཏེ་ལྷ་ལ་ཞལ་གྱི་གསོལ་བའི་ཆུ་མཆོད་དེ་མཆོད་ཡོན་དང༌། ལྷརྣམས་ཀྱི་ཞབས་བཀྲུ་བའི་ཆུ་མཆོད་ལ་ཞབས་བསིལ་དང༌། དབུ་ལ་འབུལ་རྒྱུ་ཡིད་དུ་འོང་བའི་མེ་ཏོག ཤངས་ལ་འབུལ་རྒྱུ་བདུག་སྤོས་ཏེ་དྲི་བཟང་སོགས་དྲི་མཉན་པ། སྤྱན་ལ་འབུལ་རྒྱུ་སྣང་གསལ་སྟེ་སྒྲོན་མེ། སྙིང་གར་འབུལ་རྒྱུ་དྲི་བཟང་གི་ཆུའམ་ཆབ། ལྗགས་ལ་འབུལ་རྒྱུ་ཞལ་ཟས། སྙན་ལ་འབུལ་རྒྱུ་རོལ་མོ་ལ་སོགས་པ་ཞེས་པས་སོགས་སྒྲས་བསྡུས་པ་འོག་ནས་འབྱུང་བ་ལྟར་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་སོགས་མཆོད་རྫས་ངོ་བོ་བཟང་ཞིང་དགེ་བ་ནམམཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར་ཞིང་དམིགས་ནས། སྐུ་གསུང་ཐུགས་གསུམགྱི་རང་བཞིན་ཨོཾ་དང་བཛྲ་རྡོ་རྗེ་ཨརྒྷཾ་མཆོད་ཡོན་ཏེ་མི་ཕྱེད་པའི་རྡོ་རྗེ་རང་བཞིན་དུ་གྱུར་བའི་མཆོད་ཡོན་འབུལ་ལ་སྭ་ཧཱ་བཞེས་པར་མཛོད། དེ་བཞིན་དུ་ཨོཾ་བཛྲ་པཱདྱཾ་སྭ་ཧཱ། ཞབས་བསིལ། ཨོཾ་བཛྲཔུཥྤེ་ཨཱཿཧཱུྃ། མེ་ཏོག ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། བདུག་སྤོས། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། རྩི་མར་འབྲུ་མར་ལསགྲུབ་པའི་སྒྲོན་མེ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། དྲི་བཟང་གི་ཆུ་ལས་གྲུབ་པའི་དྲི་ཆབ། ཨོཾ་བཛྲ་ནཻ་ཝི་ཏྱ་ཨཱཿཧཱུྃ།ཞལ་ཟས། ཨོཾ་བཛྲ་ཤབྟ་ཨཱཿཧཱུྃ། ཞེས་མཆོད་པའི་སྤྲིན་གཟུང་དང་བཅས་རོལ་མོའི་བྱིན་དབབ་བྱའོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྤྱི་དང་མཐུན་པར་བྱ། དེ་ནས་སྔོན་འགྲོའི་ས་བཅད་གཉིས་པ་ལ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྤྱི་དང་མཐུན་པར་བྱ། ཞེསཔས་དང་པོ་སྐྱབས་འགྲོ་ནི།བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅནཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ།།དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ།།ཞེས་སྐྱབས་འགྲོ་བཞི་སྐོར་ལན་གསུམ།ཚིག་དོན་རྣམས་སླ།གཉིས་པ་སེམས་བསྐྱེད་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡི།། སངས་རྒྱས་ཆོས་དང་དགེ་འདུན་ལ། ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། ། ཤེསརབ་སྙིང་བརྩེ་དང་བཅས་པའི། ། བརྩོན་པའི་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུགནས་བཅས་པའི། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ།།ཞེས་པས་ཤླཽ་ཀ་དང་པོའི་སྐབས་སུ་ཐེག་པ་ཆེན་པོའི་སྐྱབས་འགྲོ་གསུངས་ཡོད་པ་རེད། དེ་གང་རེད་ཞེ་ན་འགྲོ་བ་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་བསམ་པ་ལ་བརྟེན་ནས་སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག་དང༌། དགེ་འདུན་དཀོན་མཆོག་རྣམས་ལབླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ་དུས་རྟག་ཏུ་སྲིད་ཞིའིའཇིགས་པ་ལས་སྐྱོབས་པའི་ཆེད་དུ་བདག་ནི་སྐྱབས་སུ་མཆི་སྟེ་བསྟེན་པ་ཡིན་ཞེས་ཐེག་པ་ཆེན་པོའི་སྐྱབས་འགྲོ་གསུངས་པ་རེད། དེའི་རྗེས་སུ་ཤེས་རབ་སྙིང་བརྩེ་དང་བཅས་པས། །ཞེས་སོགས་ཤླཽ་ཀ་གཅིག་གི་སྐབས་སུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བསྟན་པ་རེད། དེ་ཡང་བདག་མེད་རྟོགས་པའི་ཤེས་རབ་ལ་སོགས་པ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་བརྩེ་བ་སྙིང་རྗེ་ཆེན་པོ་གཉིས་ཐབས་ཤེས་ཟུང་དུ་འབྲེལ་བ་དང་བཅས་པས་སྒོ་ནས་བརྩོན་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་ཀྱི་མདུན་ནམ་གོ་འཕང་གནས་པར་བགྱི་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་ཐེག་པ་ཆེན་པོའི་སེམས་བསྐྱེད་གསུངས་པ་རེད། སེམས་བསྐྱེད་པ་དེ་ཡང་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐོབ་པར་འདོད་པ་དེ་ནི་སེམས་བསྐྱེད་རེད། དེ་ནས་ཚད་མེད་བཞི་ནི་ཡོངས་གྲགས་ལྟར་ཡིན་པས་ཤེས་སླ། སྤྱིར་བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་ཀྱི་ཚིག་དོན་བཤད་ཡོད་ས་མང་པོ་མཐོང་མ་སོང༌།ཡིན་ན་ཡང་བླ་མ་ཚོགསགཉིས་རྒྱ་མཚོ་དང་སྦྱངས་བ་རིན་པོ་ཆེའི་སློབ་མ་ལྷ་བཟོ་བ་ཀུན་དགའ་བསམ་འགྲུབ་ཀྱིས་ཟིན་བྲིས་བཏབ་པ་ཞིག་འདུག དེའི་སྟེང་ནས་འཆད་ན་ཆོག་ཀྱང་སྟོང་ཉིད་ཀྱི་རིམ་པ་གསུངས་སྐབས་སོགས་སྐབས་མང་པོར་རང་ལུགས་ཐུན་མོང་མ་ཡིན་པའི་བརྡ་ཆད་མང་པོ་ཐོན་མི་འདུག འོན་ཀྱང་ཟིན་བྲིས་དེ་ལྟ་བུ་རེ་གཟིགས་ན་ཕན་ཐོག་མང་པོ་ཡོད་སྲིད་པ་རེད། སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་སྙན་ནས་སྙན་དུ་བརྒྱུད་པའི་བྱིན་རླབས་ཀྱི་སྒོ་ཁྱད་པར་ཅན་རེ་ཡོད་རྒྱུ་རེ་ཏ་དེའི་ནང་ལོག་ཏུ་རང་ལུགས་ཐུན་མོང་མ་ཡིན་པའི་བརྡ་ཆད་མང་པོ་བྱུང་མེད་པས་ན་ད་ལན་བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་ཀྱི་ཚིག་དོན་ཅུང་ཟད་ཞུ་ན་བསམ་སོང༌། མདོར་ན་བླ་མཆོད་ཀྱི་ཚིག་དོན་གང་ལགང་འཚམས་ཤེས་དགོས་པ་གལ་ཆེན་པོ་རེད།གསུམ་པ་དངོས་གཞི་རིམ་པ་ལ་མཆོད་ཡུལ་གསལ་བཏབ་པ།བདུན་རྣམ་དག་གམ་ཡནལག་བདུན་པ། མཆོད་པ་རྒྱ་ཆེར་འབུལ་བ། གསོལ་བ་འདེབས་པ། དབང་བཞི་ལེན་པ་དང་ལྔ།དང་པོ་མཆོད་ཡུལ་གསལ་བཏབ་པ་ནི། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་པའིངང་ལས་མདུན་གྱི་ནམ་མཁར་ཧཱུྃ་ཡིག་ལས་བྱུང་བའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པ། དེའི་དབུས་སུ་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན། དེའི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུམདོག་ཨིནྚ་ནི་ལ་ལྟར་རབ་ཏུ་འབར་བའི་འོད་ཅན། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀརབསྣོལ་ནས་བཟུང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པ། དར་དང་རིནཔོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་བཟང་བོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟངབོ་བརྒྱད་ཅུས་སྤྲས་པ། རང་སྣང་གི་ཤེས་རབ་མཆོག་གི་བདེ་བས་ཐུགས་དགྱེས་པ། འོད་དངའོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ།མཛད་པ་འཕྲིན་ལས་ཕྱོགས་བཅུ་དུས་གསུམ་དུ་ཁྱབ་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོ། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་སྐུའི་མཐའ་སྐོར་དུ་འཁོར་ལོ་སྡོམ་པའམ་དུས་འཁོར་སྦྱོར་དྲུག་གི་སྐབས་དེར་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་གཙོ་བོར་གྱུར་བའི་ཡི་དམ་དཀྱིལའཁོར་གྱི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་རངགི་ཚོགས་དང་བཅས་པ། འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཀྱང་རང་རང་གི་མཆོད་པའི་བཀོད་པས་ཉེ་བར་བརྒྱན་པ་དང་བཅས་ཏེ་བཞུགས་པར་གྱུར། ཞེས་པའི་ཚིག་དོན་ནི། ཨོཾ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་ནམ་སྔགས་ཐམས་ཅད་ཀྱིའགོ་འདྲེན་ལྟ་བུ་རེད། སྭ་བྷ་ཝ་ནི་རང་བཞིན་དང་ཤུདྡྷ་ནི་དག་པ་སྟེ་རང་བཞིན་གྱིས་སྟོང་བ་དང༌།སརྦ་ཐམས་ཅད་དང་དྷརྨ་ནི་ཆོས་ཏེ་སྒྲ་ཐད་སོར་བསྒྱུར་ན་ཐམས་ཅད་ཆོས་དང་བོད་སྐད་དང་མཐུན་པར་བསྒྱུར་ན་ཆོས་ཐམས་ཅད་སྭ་བྷ་ཝ་ནི་གོང་དུ་ཞུས་པ་ལྟར་རང་བཞིན་དང་ཤུདྡྷོ་ནི་དག་པ་དང་ཧཾ་ཞེས་པ་ངའོ་ཞེས་པ་ཡིན་པས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་དག་པ་ནི་ངའོ་ཞེས་པས་མ་དག་པའི་ལས་སྣང་མཐའ་དག་སྟོང་པར་སྦྱངས། སྟོང་བའི་ནང་དུ་རང་གི་སེམས་གནས་པའི་ངང་ལས་རང་ཉིད་གནས་པའི་མདུན་གྱི་ནམ་མཁར་སྲུང་འཁོར་གྱི་ས་བོན་ཧཱུཾ་ཡིག་གསལ་བཏབ་ནས་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་བྱུང་བའི་ཕྱི་རོལ་ཏུ་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་གསལ་བཏབ། དེ་འདྲའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཞལ་ཡས་ཁང་གི་ས་བོན་བྷྲུཾ་ཡིག་གསལ་བཏབ། བྷྲུཾ་ཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའིགཞལ་མེད་ཁང་གྲུ་བཞི་སྒོ་བཞི་པ་རྒྱན་རྟ་བབ་དང་བཅས་པ་བཀོད་པ་ཕུན་སུམ་ཚོགས་པ་གསལ་བཏབ་ནས། གཞལ་མེད་ཁང་དེའི་དབུས་སུ་ཕྱོགས་བཞི་ནས་སེངྒེ་གཉིས་གཉིས་ཀྱིས་བཏེག་པ་སྟེསེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སྣ་ཚོགས་ཀྱིཔདྨ་གསལ་བཏབ། པདྨའི་སྟེང་དུ་ཉི་མ་དེའི་སྟེང་དུ་ཟླ་བ་སྟེ་གསུམ་བརྩེགས་པའི་གདན། ༼སྤྱིར་དུསཀྱི་འཁོར་ལོ་ལྟར་ན་སྒྲ་གཅན་གྱི་གདན་ཡོང་བ་རེད་འོན་ཀྱང་བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་འདི་བདེ་མཆོག་གི་རྒྱུད་དང་འབྲེལ་ནས་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གསུངས་པ་ཅིག་རེད།དུས་འཁོར་སྦྱོར་དྲུག་གི་སྐབས་དེར་བླ་མ་མཆོད་པ་འདི་ཁ་བསྒྱུར་འཕང་ནས་དུས་ཀྱི་འཁོར་ལོ་ཡབ་ཡུམ་གཙོ་བོར་གྱུར་བ་ཞེས་ཡི་དམ་རྣམས་ཀྱི་ནང་ནས་གཙོ་བོ་དུས་ཀྱི་འཁོར་ལོ་ལ་སྦྱར་ནས་གསུངས་པ་རེད་མ་གཏོགས་སྤྱིར་སྐབས་འདིར་གཙོ་བོ་བླ་མ་མཆོད་པ་ཡིན་པས་ན་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྡོ་རྗེ་འཆང་གི་རྣམ་པ་མོས་དགོས་པ་རེད།༽དེའི་སྟེང་དུ་རང་གི་ངོ་བོ་ཚིགས་སུ་བཅད་པ་གཅིག་ཡན་ཆད་ཀྱི་ཆོས་འབྲེལ་དངོས་ཐོབ་ཀྱི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་བདེ་སྟོང་གཉིས་སུ་དབྱེར་མི་ཕྱེད་པའི་རིགས་ཀུན་འདུས་ཀྱི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་སྐུ་མདོག་ཨིནྚ་ནི་ལ་ལྟར་སྔོ་བ་རབ་ཏུ་འབར་བའི་སྐུ་གཟི་མདངས་ཀྱི་འོད་ཅན། ༼ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་དེ་རྩལྟུང་གི་ཡུལ་དེ་བཞག་པ་རེད་མ་གཏོགས་པའི་བརྒྱུད་པའི་བླ་མ་རྣམས་ལ་ཡང་དད་པ་དག་སྣང་དགོས་པ་རེད་མ་གཏོགས་དད་པ་དག་སྣང་མེད་ན་བརྒྱུད་པའི་བླ་མ་རྣམས་ཀྱིས་མ་བརྒྱུད་པར་རྩ་བའི་བླ་མ་ལ་བྱིན་རླབས་འཇུག་རྒྱུ་ཡོད་པ་མ་རེད། དེས་ན་བརྒྱུད་པའི་བླ་མ་མེད་ན་རང་གིས་ཆོས་འབྲེལ་དངོས་ཐོབ་ཀྱི་རྩ་བའི་བླ་མའི་བྱིན་རླབས་རང་རྒྱུད་ལ་འཇུག་མི་ཐུབ་པ་རེད།དད་པ་མེད་པའི་མི་རྣམས་ལ། །དཀར་པོ་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུསྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པ་དང༌། བླ་མ་སྐུ་བཞི་ཡི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར་རེད།དེས་ན་དེང་སང་ཆོས་ཁྲིད་ཀྱི་སྒྲ་ཐག་རེ་ཉན་ན་དད་པ་དག་སྣང་གི་སྒོནས་ཉན་ན་བྱིན་རླབས་འཇུག་རྒྱུ་རེད།དད་པ་དག་སྣང་མེད་ན་བྱིན་རླབས་འཇུག་མི་ཐུབ་པ་རེད། དེས་ན་རྩ་བརྒྱུད་བླ་མ་ཐམས་ཅད་ལ་དད་པ་དག་སྣང་བྱེད་རྒྱུ་གལ་ཆེན་པོ་རེད།༽ བདེ་སྟོངཟུང་འཇུག་གི་བརྡར་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་ཐུགས་ཀར་བསྣོལ་ནས་བཟུང་བ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པ། དར་གྱི་གོས་དང་རིནཔོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟངཔོ་བརྒྱད་ཅུས་སྤྲས་པ། རང་ཉིད་ཀྱི་སྣང་བའི་ཤེས་རབ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའམཤེར་ཕྱིན་མ་སྔོན་མོས་འཁྱུད་པའི་མཆོག་གི་བདེ་བས་ཐུགས་དགྱེས་པ། སྐུའི་འོད་དང་འོད་ཟེརདཔག་ཏུ་མེད་པ་འཕྲོ་བ། སྐུའི་གསང་བ་དང་གསུང་གི་གསང་བ་དང་ཐུགས་ཀྱི་གསང་བ་བསམགྱིས་མི་ཁྱབ་པ།མཛད་པ་འཕྲིན་ལས་ཕྱོགས་བཞི་མཚམས་བཞི་སྟེང་འོག་སྟེ་ཕྱོགས་བཅུ་དུསགསུམ་དུ་ཁྱབ་པ།ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་སུ་མེདཔའི་ངོ་བོ།སྟེང་གི་ཆ་ལ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དང་དེའི་སྐུའི་མཐའ་སྐོར་དུ་འཁོར་ལོ་སྡོམ་པ་ཡབ་ཡུམ་གཙོ་བོར་གྱུར་༼ཁ་བསྒྱུར་ལྟར་ན་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་གཙོ་བོར་གྱུར་༽བའི་ཡི་དམ་གསང་བ་འདུས་པ། ཀྱཻ་རྡོ་རྗེ་མ་ཧཱ་མ་ཡ་རྡོ་རྗེ་བདེ་མཆོག་ལསོགས་པ་དང༌། བྱ་རྒྱུ་སྤྱོད་རྒྱུད་རྣལ་འབྱོར་རྒྱུད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སོགས་ཡི་དམདཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌།༼སྐབས་འདིར་མཆོད་པ་འབུལ་ཡུལ་གྱི་གཙོ་བོ་དུས་ཀྱི་འཁོར་ལོའི་ཡབ་ཡུམ་དེ་ཡིན་པའི་རྒྱུ་མཚན་གྱི་དུས་ཀྱི་འཁོར་ལོའི་ཡབ་ཡུམ་གཙོ་བོར་གྱུར་པ་ཞེས་གསུངས་པ་མ་ཡིན་པར་སྦྱོར་དྲུག་སྐབས་སུ་ཡི་དམ་གྱི་གཙོ་བོ་དུས་ཀྱི་འཁོར་ལོ་ཡིན་པས་ན་དེ་ལྟར་བཞག་པ་ཡིན་གསུངས། སྐབས་འདིར་གཙོ་བོ་མཆོད་པ་འབུལ་ས་དེ་རྩ་བའི་བླ་མ་ཁྱབབདག་རྡོ་རྗེ་འཆང་དེ་ཡིན་པས་མཆོད་པ་འབུལ་ཡུལ་གྱི་བླ་མ་དེ་སྐུ་གསུང་ཐུགས་གསུམ་བགྲེས་རྒུད་ཅན་དང་ཤ་ཁྲག་གི་གདོས་བཅས་མ་ཡིན་པར་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྡོ་རྗེ་འཆང་གི་རྣམ་པ་ཅན་སྒོམ་དགོས་པ་རེད། དེ་ཡང་དེང་སང་བླ་མའི་སྐུ་འདྲ་རེ་བཞེངས་ན་ང་ཚོ་ཐུན་མོང་གིས་སྣང་བ་ལྟར་དབུ་སྐྲ་དཀར་ཟིལ་ཅན་དང་ཞལ་རིས་གཉེར་མ་ཅན་སོགས་བཟོས་ན་མི་འགྲིགས་པ་རེད། རྒྱུ་མཚན་བླ་མའི་སྐུ་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པའི་བདགཉིད་ཅན་ཡིན་པ་ལས་ང་ཚོ་ནང་ལྟར་སྐྱེ་འཆི་ཅན་ཞིག་མ་རེད། དེས་ན་བླ་མའི་རྣལ་འབྱོར་བསྒོམདུས་ཡང་མ་དག་པའི་ངོ་བོར་མི་སྒོམ་པར་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་དག་པའི་སྐུ་ལས་འོད་དང་འོད་ཟེར་འཕྲོས་པ་སོགས་སྒོམ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ན་ཐཱས་བླ་མ་སངས་རྒྱས་སུ་མཐོང་ན་སངས་རྒྱས་ཀྱི་བྱིན་རླབས་འཇུག བྱང་ཆུབ་སེམས་དཔར་མཐོང་ན་བྱང་ཆུབ་སེམས་དཔའི་བྱིན་རླབས་དང༌། གྲུབ་ཐོབ་ཏུ་མཐོང་ན་གྲུབ་ཐོབ་ཀྱི་བྱིན་རླབས།སོ་སོ་སྐྱེ་བོའི་དགེ་བཤེས་བཟང་པོར་མཐོང་ན་དེ་དང་མཐུན་པར་བྱིན་རླབས་འཇུག་སྟེ། ལར་མོསགུས་མེད་ན་བྱིན་རླབས་ཡེ་མི་འཇུག་གོ། །ཞེས་གསུངས་པ་ལྟར་རེད།༽བདག་ཅག་གི་སྟོན་པ་གཙོ་བོར་གྱུར་བའི་སངས་རྒྱས་སྟོང་རྩ་གཉིས་སོགས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང༌། འཕགས་པ་ཉན་རང་གི་ཚོགས་དང་བཅས་པ། འོག་གི་ཆ་ལ་ཆོས་སྐྱོང་གི་གཙོ་བོ་དཔལ་ལྡན་གུར་གྱི་མགོན་པོ་སོགས་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཀྱང་རང་རང་གི་མཆོད་པ་སྟེ་ཡི་དམ་དང་ཁྲོ་བོ་རིགས་སུ་གྱུར་པ་རྣམས་ལ་ཤ་ལྔ་བདུད་རྩི་ལྔ་དེས་མཚོན་པས་རྒྱུད་སྡེ་རང་རང་གི་སྐབས་ནས་བྱུང་བ་སོགས་བར་བར་དུ་མཆོད་པ་སྣ་ཚོགས་པ་བཀོད་པས་ཉེ་བར་བརྒྱན་པ་དང་བཅས་ཏེ་དག་ཅིང་གསལ་ལ་བཀྲ་ལམ་མེར་བཞུགས་པར་གྱུར་བར་བསམ། གང་གི་མོས་པ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངསཔ་ལྟར་མོས་གུས་ཀྱིས་ཡིད་ལ་གསལ་དགོས་པ་རེད། རབ་ཡིན་ན་ལྷ་སྐུ་བཞིན་ལག་གི་རྣམ་པཅན་དང་སྤྱན་དཀར་ནག་ལ་སོགས་པ་ཐམས་ཅད་མ་འདྲེས་པར་གསལ་དགོས་པ་རེད། འོན་ཀྱང་ལས་དང་པོ་པ་ཞིག་དེ་ལྟར་མ་བྱུང་ན་ཡང་མོས་སྒོམ་ཙམ་ཡིན་ན་ཡང་སྒོམ་དགོས་པ་གལ་ཆེན་པོ་རེད།དེ་ཡན་ཆད་དུ་མཆོད་ཡུལ་གསལ་བཏབ་པ་སོང་ཟིན་པ་རེད།

གཉིས་པ་རྣམ་དག་བདུན་ནམ་ཡན་ལག་བདུན་པ་ལ་བདུན།དང་པོ་ཕྱག་འཚལ་བའི་ཡན་ལག་ནི།རྣམ་དག་སྐུ་ནི་སྐྱོན་བྲལ་འཁྲུལ་པ།

གཉིས་པ་རྣམ་དག་བདུན་ནམ་ཡན་ལག་བདུན་པ་ལ་བདུན།དང་པོ་ཕྱག་འཚལ་བའི་ཡན་ལག་ནི།རྣམ་དག་སྐུ་ནི་སྐྱོན་བྲལ་འཁྲུལ་པ་མེད། །

ཕུན་ཚོགས་གསུང་དབྱངས་ཤེས་བྱ་མ་ལུས་ཁྱབ། །ཟབ་དང་རྒྱ་ཆེའི་དེ་ཉིད་མཁྱེན་པའི་ཐུགས། །རྡོ་རྗེ་གསུམ་དངོས་དཔལ་ལྡན་བླ་མར་འདུད། །ཞེས་ལས་དང་ཉོན་མོངས་པ་དབང་གིས་བྱུང་བའི་སྡུག་བདེན་གྱི་རྣམ་པར་དག་པའི་སྐུའམ་ཡང་ན་མ་དག་པའི་རྩ་རླུང་ཐིག་ལེ་སོགས་གདོད་ནས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་སྐུ་ནི་སྐྱོན་ཀུན་དང་བྲལ་ཞིང་སྤྱོད་པ་སོགས་འཁྲུལ་པ་མཐའ་དག་མི་མངའ་བ་སྟེ་མེད་པ་དང༌། ཞེས་པས་སྐུལ་ཕྱག་འཚལ་བ་བསྟན་པ་རེད། གསུང་ལ་ཕྱག་འཚལ་བ་ནི་དོན་གཉིས་ཕུན་སུམ་ཚོགས་པསྒྲུབ་པར་བྱེད་པའི་གསུང་འགག་པ་མི་མངའ་བ་དང་སྙན་ཞིང་འཇེབས་པ་སྟེ་གསུང་དབྱངས་ཡན་ལག་དྲུག་ཅུའི་བདག་ཉིད་ཅན་དེས་ཤེས་བྱ་མ་ལུས་པ་ཐམས་ཅད་ལ་ཁྱབ་པའོ། ། ཐུགས་ལ་ཕྱག་འཚལ་བ་ནི་ཟབ་མོ་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་བ་ཀུན་རྫོབ་ཀྱི་རྣམ་བཞག་ཡང་ན་ཟབ་པ་སྟོང་ཉིད་དང་རྒྱ་ཆེ་བ་ལམ་གྱི་རྣམ་བཞག་དེ་ཉིད་ཚུལ་བཞིན་དུ་ཅིག་ཆར་དུ་མཁྱེན་པའི་ཐུགས་དང༌། སྐུ་གསུང་ཡེ་ཤེས་རྡོ་རྗེ་གསུམ་དངོས་ཀྱི་བདག་ཉིད་དཔལ་ལྡན་བླ་མ་ལ་སྒོ་གསུམ་གུས་པ་ཆེན་པོས་འདུད། ཅེས་ཕྱག་འཚལ་བ་ཚིགས་སུ་བཅད་པ་དང་པོའི་བསྟན་དོན་སོང་ཟིན་ནས་གཉིས་པ་ནི།སྒྲིབ་གཉིས་བག་ཆགས་བཅས་པ་གཏན་ནས་སྤངས། །དག་པ་གཉིས་ལྡན་ཡོན་ཏན་ཐམས་ཅད་རྫོགས། །རང་གཞན་དོན་གྱུར་སྐུ་གཉིས་མངོན་མཛད་པ། །འཁོར་འདས་མ་ལུས་སྤྲུལ་བར་མཛད་ལ་འདུད། །ཅེས་ཐར་བ་ཐོབ་པ་ལ་གཙོ་བོ་གེགས་བྱེད་ཀྱི་སྒྲིབ་པ་རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུའི་ས་བོན་དང་བཅས་པ་ཉོན་མོངས་པའི་སྒྲིབ་པ་དང༌། བདེན་འཛིན་དང་བདེན་སྣང་གི་བག་ཆགས་ཕྲ་མོ་དངསྣང་གསུམ་འཕོ་བའི་བག་ཆགས་སོགས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ་གཙོ་བོ་གེགས་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་སྟེ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སླར་སྐྱེ་མི་རུང་བའི་ཆོས་ཅན་དུ་བྱས་ཏེ་གཏན་ནས་སྤངས་པ་ཀུན་རྫོབ་ཀྱི་སྤངས་པ་དང༌། དོན་དམ་གྱི་སྤངས་པ་ནི། རང་བཞིནགྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་གསུངས་པ་ལྟར་སྒྲིབ་གཉིས་བག་ཆགས་དང་བཅས་པ་མཐའ་དག་རང་བཞིན་གྱིས་གདོད་ནས་སྤངས་པ་དང༌། རང་བཞིནགྱི་དག་པ་དང་གློ་བུར་རྣམ་དག་སྟེ་དག་པ་གཉིས་ལྡན་གྱི་སྟོབས་བཅུ་དང་མི་འཇིགས་པ་བཞི། མའདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པའི་ཡོན་ཏན་ཐམས་ཅད་རྫོགས་པ་དང༌།རང་དོན་གཞནདོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དོ། །ཞེས་གསུངས་པ་ལྟར་རང་དོན་གྱི་སྐུ་ཆོས་སྐུ་དང་གཞན་དོན་གྱི་སྐུར་གྱུར་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་སྐུ་སྟེ་སྐུ་གཉིས་མངོན་པར་མཛད་པ་དང༌། འཁོར་བའི་སེམས་ཅན་མ་ལུས་པ་འདྲེན་པའི་ཆེད་དུ་བྱ་དང་རི་དྭགས།གཟིངས་དང་ཟམ་པ་ལ་སོགས་པའི་རྣམ་པར་སྟོན་པ་དང༌། འཁོར་བ་ལས་འདས་པའི་ཐར་བཐོབ་པའི་ཆེད་དུ་དཔེར་ན་ཉན་ཐོས་ཀྱི་ཐར་བ་འདོད་པ་དག་ལ་ཉན་ཐོས་ལྟར་སྟོན་པ་སོགས་གདུལ་བྱ་གང་ལ་གང་འདུལ་གྱི་དེ་ལ་དེར་མ་ལུས་པ་སྤྲུལ་བར་མཛད་པ་ཉིད་ལ་སྒོ་གསུམ་གུས་པས་འདུད་ཅེས་གསུངས་པ་རེད། དེ་ཡང་བླ་མའི་རྣལ་འབྱོར་ལས། ཆགས་བྲལ་རྣམས་ལ་ཤཱཀྱ་ཐུབ་པརབསྟན། །དཀའ་ཐུབ་ཅན་ལ་དྲང་སྲོང་ཚུལ་འཛིན་ཅིང༌། །ཞེས་གསུངས་པ་ལྟར་གདུལ་བྱའི་ཁམས་དབང་དང་མཐུན་པའི་སྤྲུལ་བ་སྣ་ཚོགས་ཀྱི་སྒོ་ནས་དོན་མཛད་པའོ། །གཡོ་མེད་སེམས་ཀྱིས་བསྟེན་ན་སྐད་ཅིག་ལ། །བྱིན་གྱི་རླབས་པས་བླ་མེད་བྱང་ཆུབ་བམ། །ཡང་ན་འདོད་པ་མཆོག་དང་ཐར་བ་ཡི། །དམ་པ་ངེས་པར་སྦྱིན་མཛད་ཁྱོད་ལ་འདུད། །གཡོ་སྒྱུ་དང་མ་དད་པ་སོགས་མེད་པའི་སེམས་ཀྱིས་དཔལ་ལྡན་བླ་མ་དམ་པ་ལ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ན་སྙིགས་དུས་ཀྱི་ཚེ་ཐུང་སྐད་ཅིག་གཅིག་ལ།བླ་མའི་སྐུ་གསུང་ཐུགས་གསུམ་གྱིས་རང་གི་མ་དག་པའི་ལུས་ངག་ཡིད་གསུམ་དེ་ཉིད་བྱིན་གྱིས་བརླབས་པ་ལ་བརྟེན་ནས་སྔགས་བླ་མེད་ཀྱི་རིགས་ཅན་དབང་པོ་རྣོན་པོ་གང་ཟག་དེ་ནི་བླ་ན་མེད་པའི་ཁ་སྦྱོར་བདུན་ལྡན་གྱི་རྡོ་རྗེ་འཆང་གི་བྱང་ཆུབ་ཐོབ་པར་མཛད་པའམ། ཡང་ན་རང་རང་གི་འདོད་པ་མཆོག་ཏུ་གྱུར་བ་མཆོག་གི་དངོས་གྲུབ་བམ་རྗེས་དྲན་གྱི་སྐབས་ལྟ་བུའི་སྟོང་གཟུགས་ཡེ་ཤེས་ཀྱི་ཕྱག་རྒྱ་ལང་ཚོའི་དཔལ་འཛིན་ཅིང་འདོད་པའི་སྒྱུ་རྩལ་དྲུག་ཅུ་ལ་མཁས་པའི་རིག་མ་མཆོག་གི་བདེ་བ་སྦྱིན་པ་དང༌།ཡང་ན་སྡུག་ཀུན་རགས་པ་ལས་ཐར་བ་ཡི་ཉན་རང་གི་གོ་འཕང་སོགས་དམ་པ་ངེས་པར་སྦྱིན་པར་མཛད་པ་བླ་མ་རྡོ་རྗེ་འཆང་ཆེན་པོ་ཁྱོད་ལ་འདུད་ཅེས་གསུངས་པ་རེད། དེ་རིང་གི་དཔེ་ཁྲིད་མཚམས་འདི་ནས་འཇོག་ན་ཆོག་གི།ལྷན་སྐྱེས་ཟུང་འཇུག་སྲིད་གསུམ་བདེ་ཆེན་དངོས། །དམིགས་མེད་ཐུགས་རྗེས་ཁམས་གསུམ་འགྲོ་ཀུན་སྒྲོལ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཟད་མི་མངའ། །ཆོས་དབྱིངས་རྣམ་དག་གཡོ་མེད་ཁྱོད་ལ་འདུད། །འོ་དེ་ནས་ཁ་སང་གི་དཔེ་ཁྲིད་མཚམས་ལྷན་སྐྱེས་ཟུང་འཇུག་ཅེས་སོགས་ཀྱི་ཚིག་དོན་ཅུང་ཟད་ཞུས་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགསལྷན་སྐྱེས་གཉིས་དབྱེར་མེད་ཟུང་དུ་འཇུག་པ་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་འོད་གསལ་བདེ་བ་ཆེན་པོ་ཡེ་ཤེས་དངོས། བདེན་འཛིན་སོགས་སྤྲོས་པས་མཚན་འཛིན་གྱིདམིགས་པ་མེད་པར་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རྩིས་ཟིན་པའི་བརྩེ་བ་ཐུགས་རྗེས་འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་ཏེ་ཁམས་གསུམ་གྱི་འགྲོ་བ་ཀུནལ་ཉེ་རིང་མེད་པར་ཡོངས་སུ་ཁྱབ་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལས་སྒྲོལབར་མཛད་པ་དང༌།ཁྱབ་བདག་རྡོ་རྗེ་འཆང་གི་ཐུགས་བདེན་གཉིས་ཀྱིས་བསྡུས་པའི་ཆོསཐམས་ཅད་རེས་འཇོག་མེད་པར་མཁྱེན་པའམ་གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པའི་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཡོན་ཏན་དང༌། གདུལ་བྱ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལསབསྒྲལ་འདོད་ཁུར་དུ་ཁྱེར་བའི་བརྩེ་བ་སྙིང་རྗེ་ཆེན་པོའི་ཡོན་ཏན་དང༌། སེམས་ཅན་མ་ལུས་པ་སྡུག་བསྔལ་ལས་སྒྲོལ་ནུས་པའི་ཡོན་ཏན་ཏེ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཟད་པ་མི་མངའ་བའི་ཡོན་ཏན་ཟླ་མེད་དང་ལྡན་པའོ། །ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཆོས་ཀྱི་དབྱིངས་དེ་རང་བཞིན་རྣམ་དག་དང་གློ་བུར་རྣམ་པར་དག་པའི་རྣམ་རྟོག་མཚན་མས་གཡོ་བ་མེད་པ་ཕྱག་རྒྱ་ཆེན་པོ་དང་ལྡན་པའི་བླ་མ་རྡོ་རྗེ་འཆང་ཁྱོད་ལ་སྒོ་གསུམ་གུས་པས་འདུད་ཅེས་པའོ། །ཉིད་ཀྱི་ཡེ་ཤེས་གཅིག་གི་རང་སྣང་ལས། །མ་ལུས་རྒྱལ་བ་སྲས་བཅས་སྤྲིན་སྤྲོ་བ། །བདེན་པ་གཉིས་ཀྱི་རྣམ་ཐར་ཆད་མི་མངའ། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་འདུད། །ཁྱབ་བདག་རྡོ་རྗེ་འཆང་གང་ཉིད་ཀྱི་ཐུགས་ཆོས་དབྱིངས་ཡེ་ཤེས་གཅིག་གི་རང་སྣང་ལས་མི་བསྐྱོད་པ་དང༌།རྣམ་པར་སྣང་མཛད། རིན་ཆེན་འབྱུང་ལྡན།སྣང་བ་མཐའ་ཡས། དོན་ཡོད་གྲུབཔ་སྟེ་རྒྱལ་བ་རིགས་ལྔ་སོགས་མ་ལུས་པའི་རྒྱལ་བ་ཀུན་དང་སྲས་བྱང་ཆུབ་སེམས་དཔའ་དངབཅས་པ་ཐམས་ཅད་ནམ་མཁའ་ལས་སྤྲིན་ཁྱབ་པ་ལྟར་སྤྲོ་བའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་དང༌།ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་སྟེ་བདེན་པ་གཉིས་ཀྱི་ཆོས་ཐམས་ཅད་དེའི་གནས་ཚུལ་ཇི་ལྟ་བ་བཞིན་དུ་རེས་འཇོག་མེད་པར་ཅིག་ཆར་མངོན་སུམ་དུ་རྟོགས་པའི་རྣམ་ཐར་རྒྱུན་ཆད་མི་མངའ་བ་སྟེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་འདུད་ཅེས་གསུངས་པ་རེད། །གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གང་སྤྱི་སྒྲ་ཡིན་ནའང་སྐབས་འདིར་རྡོ་རྗེ་ཅན་ཞེས་པའི་ཚིག་དང་འབྲེལ་བས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་གང་གི་རང་ལ་དབང་སྐུར་རྒྱུད་བཤད་མན་ངག་སྟོན་པ་སོགས་བཀའ་དྲིན་གྱི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཉིད་སྙིགས་དུས་ཀྱི་ཚེ་ཐུང་སྐད་ཅིག་ཉིད་ལ་བསྐྱེད་པར་མཛད་པའམ་འཆར་བར་མཛད་པ་གངཡིན་པ་བླ་མ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་འབྱུང་བ་ལྟ་བུའི་བླ་མ་ལས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བའི་སྐུ། ཐུགས་བདེ་སྟོང་གི་ཡེ་ཤེས་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་གི་སྐུའི་དམའ་ཤོས་ཞབས་ཀྱི་པདྨོ་ལ་སྒོ་གསུམ་གུས་པ་ཆེན་པོས་འདུད་ཅེས་བླ་མའི་སྐུའི་དམའ་ཤོས་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་བ་ཡིན་ན་དེས་མཚོན་པའི་བླ་མའི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལ་ཕྱག་འཚལ་བས་ན་ཞབས་པདྨའི་གཟུགས་སུ་བཀོད་ནས་དེ་ལ་འདུད་ཅེས་པའོ། །དེ་དང་མཐུན་པར་ད་ལྟའི་ཆར་རྒྱ་གར་གྱི་ཡུལ་སྲོལ་ལའང་བླ་མའི་ཞབས་ལ་མགོ་བོ་གཏུགས་ནས་ཕྱག་འཚལ་བའམ་ཡང་ན་ཞབས་ལ་ལག་པས་རེག་ནས་རང་གི་མགོ་བོར་བཞག་སྟེ་གུས་འདུད་བྱེད་པ་ལྟར་རོ། །གང་གི་དྲིན་གྱི་བདེ་ཆེན་ཉིད་ཅེས་སོགས་དེ་མཁའ་འགྲོ་ཀུན་སྤྱོད་ཀྱི་རྒྱུད་ཚིག་ཡིན་ནོ། །བདག་ནི་སྐྱབས་གནས་གཞན་ཀུན་པས། །བ་སྤུའི་ཁུང་བུ་གཅིག་ལ་ཡང། །ལྷག་པར་ཡང་ནི་དད་ལགས་པ། །རྨོངས་པས་མ་ཡིན་རྒྱུ་དང་བཅས། །སངས་རྒྱས་ཀུན་ལས་ཆེས་ལྷག་པར། །རྒྱུད་སྡེ་ཀུན་ཏུ་རྒྱལ་བས་བསྔགས། །མདོ་སོགས་ཀུན་ཏུ་མཚུངས་པར་གསུངས། །རྒྱལ་བའི་ནན་ཏན་བསྟོད་ལ་འདུད། །བདག་ནི་སྐྱབས་གནས་གཞན་དཀོན་མཆོག་གསུམ་ཀུན་བས་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་འཆང་དེ་ཉིད་ཀྱི་བ་སྤུའི་ཁུང་བུ་ཉག་མ་གཅིག་ལ་ཡངལྷག་པར་ཡང་ནི་དད་ལགས་པ་ཡིན། དེ་ལྟར་དད་པ་ཡང་རྨོངས་པའི་དབང་གིས་མ་ཡིན་པར་རྒྱུ་མཚན་དང་བཅས་པའོ། །རྒྱུ་མཚན་ནི་དཔལ་ལྡན་བླ་མ་དམ་པ་དེ་ཉིད་རང་ལ་དངོས་སུ་དབང་བསྐུར་རྒྱུད་བཤད་མན་ངག་སྟོན་པས་ན་སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བ་དང་གདུལ་བྱའི་བསོད་ནམས་བསགས་པའི་ཞིང་མཆོག་ཡིན་པས་ན་སངས་རྒྱས་ཀུན་ལས་ཀྱང་ཆེས་ལྷག་པ་ཡིན་པར་བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཀུན་ཏུ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལན་མང་དུ་བསྔགས་པར་མཛད་པ་དང༌། དེར་མ་ཟད་མདོ་དང་དེའི་དགོངས་འགྲེལ་སོགས་ཀུན་ཏུ་རྒྱུད་སྡེ་རྣམས་དང་མཚུངས་པར་ཡང་ཡང་གསུངས་ཞིང༌། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིམདོ་རྒྱུད་ཐམས་ཅད་དུ་ལན་གཅིག་ཙམ་མ་ཡིན་པར་ནན་ཏན་ཆེན་པོའི་སྒོ་ནས་ཡང་ནས་ཡང་དུ་བསྟོད་པར་མཛད་པ་དཔལ་ལྡན་བླ་མ་དམ་པ་དེ་ལ་འདུད། དེ་ཡང་དཔལ་ལྡན་བླ་མ་དམ་པ་གང་ཉིད་སངས་རྒྱས་ཀུན་ལས་ཀྱང་ལྷག་པའི་སྤངས་རྟོགས་ཀྱི་ཡོན་ཏན་མངའ་བ་མ་ཡིན་ཀྱང་རང་ལ་དངོས་སུ་དབང་ལུང་མན་ངག་སྟོན་པའི་བཀའ་དྲིན་ཆེ་བས་ན་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ཡིན་པ་དང་སྐྱབས་གནས་གཞན་ཀུན་བས་ཀྱང་བཀའ་དྲིན་ཆེ་བའི་རྒྱུ་མཚན་གྱི་མདོ་རྒྱུད་ཐམས་ཅད་དུ་བསྔགས་བརྗོད་མཛད་པ་རེད། འཇིག་རྟེན་ན་ཕ་མ་དེ་དག་ཧ་ཅང་བཀའ་དྲིན་ཆེ་བ་ཡིན་ཀྱང་དེ་དག་ནི་འཇིག་རྟེན་གྱི་མཚན་སྙན་དང་ཐོབ་མངའ་ཐང་སོགས་ཐོབ་པའི་ཆེད་དུ་བྱམས་བརྩེའི་བཟུང་བ་ཙམ་དང༌།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རེས་འཇོག་མེད་པར་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཡིན་ཡང་རང་ཉིད་སངས་རྒྱས་དང་དངོས་སུ་ཞལ་མཇལ་གསུང་ཐོས་པའི་སྐལ་བ་དང་མ་ལྡན་པ་རེད། ཡིན་ན་ཡང་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱིས་རང་དང་སྐལ་བ་མཉམ་པའི་རང་ཉིད་དངོས་སུ་མཐོང་ཐུབ་པའི་མིའི་ཤ་ཚུགས་ཅན་དུ་བཟུང་ནས་རང་ལ་དངོས་སུ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་བྱེད་ཀྱི་ཐབས་བླ་ན་མེད་པ་སྟོན་པར་བྱེད་པས་ན་སངས་རྒྱས་ཀུན་ལས་ཀྱང་ཆེས་ལྷག་པར་བཀའ་དྲིན་ཆེ་བ་ཡིན་པ་གཞུང་ལུགས་རྣམས་ཀྱི་སྐབས་སུ་གསུངས་པ་ལྟར་ཡིན་ནོ། །ཕྱོགས་བཅུའི་འདྲེན་པ་སྲས་བཅས་ཀྱིས། །བྱང་སེམས་རྡོ་རྗེ་བཞིན་དུ་བལྟ། །ཐམས་ཅད་ཉིན་རེ་དུས་བཞི་རུ།ཕྱག་འཚལ་མཆོད་ནས་འདི་སྐད་དུ། །བདག་ཅག་དེ་བཞིན་གཤེགས་ཀུན་གྱི། །ཕ་མ་སྟོན་པ་ཁྱོད་ཅེས་སྒྲོག །སྟོན་པ་རྡོ་རྗེ་འཛིན་ཁྱོད་ལ། །སྐྱོབ་པར་བཅས་པས་ཕྱག་འཚལ་ལོ། །རྡོ་རྗེ་འཆང་ཆེན་པོ་ཁྱེད་ལ་ཕྱོགས་བཞི་མཚམས་བཞི་སྟེང་འོག་སྟེ་ཕྱོགས་བཅུའི་འཇིག་རྟེན་ནབཞུགས་པའི་འགྲོ་བ་སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་བར་འདྲེན་པ་སངས་རྒྱས་དང་སྲས་བྱང་ཆུབ་སེམས་དཔའ་བཅས་ཀྱིས་རྩ་བའི་བླ་མ་དེ་ལ་བྱང་སེམས་ལས་རླུང་དབུ་མར་ཞུགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུའི་རྣམ་འགྱུར་དུ་ཤར་བ་རྡོ་རྗེ་འཆང་ཇི་ལྟ་བ་བཞིན་དུ་བལྟ་བདང༌། ཡང་སངས་རྒྱས་སྲས་བཅས་ཐམས་ཅད་ཀྱིས་ཉིན་རེ་བཞིན་དུ་སྲོད་དང་ཐོ་རེངས་གཉིས་སྔ་དྲོ་ཕྱི་དྲོ་གཉིས་ཏེ་དུས་བཞི་རུ་བླ་མ་ལ་ཕྱག་འཚལ་དང་ཕྱི་གནང་གསང་གསུམ་གྱི་མཆོད་པཕུལ་ནས་རྩ་བའི་བླ་མ་ལ་འདི་སྐད་དུ། བདག་ཅག་དང་དེ་བཞིན་གཤེགས་པ་ཀུན་གྱི་བདེ་བ་ཆེནཔོའི་ཡེ་ཤེས་བསྐྱེད་པའི་ཕ་དང་ཤེས་རབ་སྟོང་བ་ཉིད་བསྐྱེད་པའི་མ་དང༌། ཆོས་སྟོན་པ་པོ་བླ་མརྡོ་རྗེ་འཆང་ཁྱོད་ཡིན་ཅེས་སྒྲོག་པའི་སྒོ་ནས་བླ་མེད་ཀྱི་ཆོས་སྟོན་པ་རྡོ་རྗེ་འཛིན་པ་ཁྱོད་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པར་མཛད་པ་སངས་རྒྱས་སྲས་དང་བཅས་པས་ཕྱག་འཚལལོ། །ཞེས་པའོ། །དེ་ཡང་རིགས་ལྡན་པདྨ་དཀར་པོའི་དོན་དམ་བསྙེན་པ་ལས། ཡོན་ཏན་ལྡན་པའི་སྲས་རྣམས་ལ་ནི་འཁོར་བ་འཇོམས། །རང་ལུས་གཙང་བའི་འཇིག་རྟེན་ནས་ནི་ཀུན་ཏུ་སྟོན། །དེ་ནི་བླ་མ་དཔལ་དེ་བླ་མ་དཔལ་ཞེན་མིན། ། དཔག་མེད་སངས་རྒྱས་ཀྱིས་ཀྱང་རྟག་ཏུ་དེ་ལ་མཆོད། །ཕྱོགས་བཅུའི་སངས་རྒྱས་སེམས་དཔས་རྟག་ཏུ་དེ་ལ་འདུད།།ཞེས་དང༌། དཔལ་གསང་བ་འདུས་པའི་ལེའུ་བཅུ་བདུན་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུདང་གསུང་དང་ཐུགས་རྡོ་རྗེ་གསང་བ་འདུས་པའི་མངོན་པར་དབང་བསྐུར་བའི་སློབ་དཔོན་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཇི་ལྟར་ལྟ་བར་བགྱི། རིགས་ཀྱིབུ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་སེམས་ཀྱི་རྡོ་རྗེ་བཞིན་དུ་ལྟ་བར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན་སློབ་དཔོན་ནི་བྱང་ཆུབ་སེམས་དཔའ་དང་མཉམ་བཞག་རྣམ་པ་གཉིས་སུ་དབྱེར་མེད་པའོ། །ཞེས་དང༌། རིགས་ཀྱི་བུ་མདོར་བསྟན་ན་ཕྱོགས་བཅུའི་འཇིགརྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་ཀྱང་ཁོད་ཅིང་འཚོར་གྱུར་བ་དེ་དག་ཐམས་ཅད་ཐོས་བསམ་དུ་བསླང་ནས་སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པས་ཡང་དག་པར་མཆོད་ནས་སངས་རྒྱས་ཀྱི་ཞིང་དེ་དག་དུ་འགྲོ་ཞིང་སྔགས་རྡོ་རྗེའི་ཡི་གེ་ཡང་འདི་སྐད་དུ་འབྱིན་ཏོ། །བདག་ཅག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །དེ་བདག་ཅག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ། །ཞེས་དང༌། རྡོ་རྗེ་གུར་གྱི་རྒྱུད་ལས། སློབདཔོན་སྟོན་པར་གྱུར་བ་ན། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་རིག་ལ་བསམ་པར་བྱ། །ཞེས་དང༌། བསྡུས་རྒྱུད་ལས། ཁྱོད་ནི་མ་དང་ཁྱོད་ནི་ཕསྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང༌། །ཞེས་དང༌། མདོ་ཀུན་ལསབཏུས་པ་ལས།ཀུན་དགའ་བོ་གལ་ཏེ་བྱང་ཆུབ་སེམས་དཔའི་ཤིང་རྟའི་ནང་དུ་བཞུགས་ཏེ་འདོད་པའི་ཡོན་ཏན་ལྔས་རྩེ་དགའ་ཞིང་དགའ་མགུར་བྱེད་པ་དེའི་ཤིང་རྟ་འདྲེན་པ་གཞན་མེད་ན་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེའི་ཤིང་རྟ་ནི་དེ་བཞིན་གཤེགས་པའི་དབུ་ལ་ཡང་བཀུར་རོ། །ཞེས་གསུངས་སོ། །དེ་ཡང་བླ་མ་དང་རྡོ་རྗེ་འཆང་གཉིས་སུ་མི་ལྟ་བར་བླ་མ་དེ་ཉིད་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཡིན་པར་ལྟ་དགོས་པ་ཡིན་ཏེ། བླ་མ་ལྔ་བཅུ་བ་ལས།དེ་བས་སློབ་མ་སྙིང་རྗེ་གཏོང། །ཚུལ་ཁྲིམས་བཟོད་པའི་ཡོན་ཏན་ལྡན། །སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ །ཞེས་དང༌། ལྷན་ཐབས་འོད་བརྒྱ་འབར་བ་ལས། མོས་གུས་ཇི་ལྟར་བསྒོམ་པ་ནི།དངོས་པོའི་མཚན་ཉིད་ཀྱི་དབང་དུ་བྱས་ན། བླ་མ་དེ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན་པ་ཡང་སྲིད། མ་ཡིན་ཐ་མལ་པ་ཡིན་དུ་ཆུག་ཀྱང༌། རྡོ་རྗེ་སློབ་དཔོན་དེའི་སྐུ་གསུང་ཐུགས་ལ་ཡི་དམགྱི་ལྷ་རྣམས་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས་སངས་རྒྱས་དངོས་དང་ཁྱད་པར་མེད་པ་ལྟ་བུ་ནི་ཡིན། དེ་མཉེས་ན་སངས་རྒྱས་མཉེས། དེ་ལ་སྡིག་བསགས་ན་སངས་རྒྱས་ལ་སྡིག་བསགས་པར་འགྲོ །དེ་མཆོད་པས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱིར་སློབ་མའི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ཏེ། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བསྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང། །ཞེས་དང། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས། འོན་ཀྱང་མོས་གུས་བསྒོམ་པའི་ཚུལ་ནི་རྩ་བའི་བླ་མ་དེ་ཉིད། དངོས་པོ་ལ་སུ་གང་ཡིན་རུང་སོ་སོ་སྐྱེ་བོའམ། འཕགས་པ་སློབ་པ་ལྟ་བུ་དང། དགེ་བའི་བཤེས་གཉེན་ཕལ་པ་སོགས་སུ་བལྟ་བ་མ་ཡིན། སངས་རྒྱས་དངོས་སུ་བསྒོམ་དགོས་དོན་ལ་སངས་རྒྱས་གཅིག་དང་མང་པོ་ལ་ཁྱད་མེད་ཀྱང༌། མོས་གུས་འཇུག་ཚུལ་ལ་ཁྱད་ཡོད་པས་སངས་རྒྱས་ཀྱང་གཅིག་གམ་གཉིས་ལྟ་བུ་མ་ཡིན། ཕྱོགསབཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་པའི་ངོ་བོ་ཡིན། དེའི་ཕྱིར་ཆོས་དང་དགེ་འདུན་ཀུན་ཡང་འདུས། དེ་བས་ན་བདག་གི་བླ་མ་འདི་དངོས་གནས་ལ་དཀོན་མཆོག་ཀུན་འདུས། བླ་མ་ཉིད་དཀོན་མཆོག་གསུམ། དཀོན་མཆོག་གསུམ་ཉིད་བླ་མ་ཡིན། རང་རེའི་སྣང་ངོ་དང་བསྟུན་ན། དཀོནམཆོག་གསུམ་པས་ཀྱང་བླ་མ་བཀའ་དྲིན་ཆེ། ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱིར་ཏ་བཟང་སྟེ། བདག་ལ་ཞལ་མི་སྟོན་གསུང་མི་འབྱོན། སངས་རྒྱས་དང༌། ཡི་དམ་དང༌། བྱང་སེམས་མཁའ་འགྲོཆོས་སྐྱོང་སོགས་དངོས་སུ་བྱོན་ཀྱང་རུང༌། བདག་ལ་དཔལ་ལྡན་བླ་མས་མཛད་པ་ལས་ལྷག་པོམཛད་རྒྱུ་དང་སྟོན་རྒྱུ་མེད། དེ་དག་དངོས་སུ་མཇལ་བའི་སྐལ་བ་མེད་དུས་འདིར། དེ་རྣམས་ཀྱི་མཛད་རྒྱུ་ཐམས་ཅད་བླ་མས་མཛད་པ་ཡིན་བཀའ་དྲིན་རང་ཆེའོ་སྙམ། བླ་མ་སངས་རྒྱས་ཀུན་འདུས་སུ་ཤེས་ནས་ཡོན་ཏན་མཐའ་མེད་པའི་དད་པ་དང༌། བཀའ་དྲིན་ཤིན་ཏུ་ཆེ་བར་ཤེས་པ་གཉིསའཛོམ་ན་མོས་གུས་ཀྱི་ངོ་བོ་གོ་ལུགས་སྒོམ་ལུགས་བཟང་བ་ཡིན། གོ་ཡུལ་བཟང་པོ་དེ་འདྲ་ཞིགཡོད་པའི་ལུགས་བྱས་ཀྱང༌། སྐབས་སྐབས་སུ་མིན་པ་བླ་མ་མི་དྲན་པར་བརྗེད། ལན་རེ་དྲན་པའིསྐབས་ཀྱང་བ་སྤུ་གཡོ་ནུས་པའི་གདུང་ཤུགས་མི་འབྱུང་ན། གོ་བ་ཙམ་ལ་ལུས་པ་ཡིན། ཉམས་རྟོགསའཕྲལ་མར་སྐྱེད་ཐུབ་པ་དེ་མིན། གདུང་ཤུགས་དྲག་པོ་ཐ་མལ་གྱི་སྣང་བ་གཞན་འགོག་ནུས་པ། རིག་པ་བསྒྱུར་ཐུབ་པ་ཞིག་བྱུང་ན། བྱིན་རླབས་འཕྲལ་དུ་འཇུག ཉོན་མོངས་གློ་བུར་དུ་འགག ཡེ་ཤེས་སྐད་ཅིག་གིས་འབེབས། དེ་ལྟ་བུ་ཡང་ཡང་དྲན་པས་རྟག་ཏུ་སྒོམས་པར་འགྲོ། གོམས་པལས་སྐྱོན་ཐམས་ཅད་སྤོང་ཞིང་ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན། སངས་རྒྱས་དངོས་སུ་མཐོང་བ་མེད་ན། ཕྱོགས་ཞེན་དང་ཕོ་རུས་དང༌། ཡིད་འོང་གི་གདུང་ཤུགས་ཡོད་ཀྱང༌། ཟག་བཅས་འཇིགརྟེན་པའི་རྣམ་རྟོག་ཡིན་པས་གྲོལ་མི་ཐུབ། དགེ་བཤེས་ཕལ་པ་དང་གྲུབ་ཐོབ་ཕལ་པར་བརྩེ་བའིདད་པ་ཡང་རྣམ་རྟོག་འཇིག་རྟེན་པ་ཀ་ཡིན། སྐྱེ་བོ་བླུན་པོས་བླ་མ་སངས་རྒྱས་ཟེར་བ་ཞིག་ཡོདདེ། དེ་ཡང་མི་ཇོ་བཟང་གཅིག་གམ། སྨད་བུད་གཅིག་གམ། ཟས་ནོར་གྱིས་ཕན་འདོགས་བྱེད་པཞིག་ལ་སངས་རྒྱས་ཟེར་རམ། སངས་རྒྱས་སངས་རྒྱས་ཞེས་པའི་ཚིག་ཙམ་མིན་པ་བློ་རྩེ་བརྟད་འཚམས་ཅི་ཡང་མེད། དེ་འདྲས་སེམས་རྒྱུད་གྲོལ་བ་ལ་ཕན་པ་ཞིག་ཀྱང་མེད་དེས་ན་སངས་རྒྱསཀྱི་ཡོན་ཏན་ཤེས་ནས། དེ་ཉིད་བླ་མ་ལ་ཚང་བའི་མོས་གུས་དགོས་པ་ཡིན། དེ་ལྟར་བླ་མ་སངས་རྒྱས་སུ་ཤེས་པ་སྟེ། དམིགས་ཡུལ་འཇིག་རྟེན་ལས་འདས་པའི་མཆོག སངས་རྒྱས་ལ་དམིགས་པ་ཡིན་པས་ལམ་སྒོམ་པ་ཐམས་ཅད་ཀྱི་སྙིང་པོ་ཡིན། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག སྒོས་སུ་རང་རེའི་བླ་མ་དེ་ལ་ཞུས་པའི་ཡི་དམ་རྣམས་ཀྱི་བྱིན་རླབས་འཕྲལ་རང་ལ་མྱུར་དུ་འཇུག བཀའ་དྲིན་དྲན་པ་མེད་ན། སྤྱིར་བྱས་པ་མི་གཟོ་ཞིང༌། ངོ་ཚ་ཁྲེལ་མེད་དེ་བྱུར་ཆགས་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན། བསོད་ནམས་དང་དཔལ་དང་གཡང་དང་དགེ་ལེགས་ཐམས་ཅདཕྱགས་མ་བཏབ་པ་བཞིན་ཉམས་འགྲོ། སྒོས་སུ་ཆོས་ཐོབ་པ་དྲིན་དུ་མི་སེམས་པ་དེ། ཆོས་ལ་ཡངརྩིས་མེད་དད་པ་མེད་པ་ཡིན་པས། འབད་པ་བྱས་ཚད་དོན་མེད་དུ་འགྱུར། ཡང་སྒོས་སུ་རྩ་ལྟུང་དང་པོའི་ཞད་ཀྱིས་གོས་པ་ཡིན་ལ། བཀའ་དྲིན་དྲན་པས་དགེ་ལེགས་ཐམས་ཅད་ཀྱི་གཞིར་འགྱུརཞིང༌། གུས་པ་ཆེན་པོ་རང་ཤུགས་ཀྱིས་སྐྱེ་བ་ཡིན་ནོ། །དེ་ལྟར་ན་སངས་རྒྱས་སུ་ཤེས་པ། བཀའདྲིན་དྲན་ལ། གདུང་ཤུགས་དྲག་པ། ཡང་ཡང་མ་བརྗེད་པར་དྲན་པ་སྟེ་ཁྱད་པར་བཞི་དང་ལྡནཔའི་མོས་གུས་ཡོད་ན་མོས་གུས་ཚད་དུ་ཕྱིན་པ་ཞེས་བྱ། དེས་ན་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། སློབ་མ་དམ་ཚིག་དང་ལྡན་པས་མོས་གུས་དེ་ལྟ་བུའི་སྒོ་ནས་བླ་མ་བསྒོམས་ཤིང་གསོལབ་བཏབ་ན། ཐབས་གཞན་མེད་ཀྱང༌། མཆོག་ཐུན་མོང་གི་འདོད་དོན་ཐམས་ཅད་འགྲུབ་པརའགྱུར་བ་ཡིན་ནོ། །ཞེས་གསུངས་པ་ལྟར་ཐུགས་ལ་བཟུང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། །གྲངས་མེད་བསྐལ་བར་རྒྱལ་རྣམས་ལ། །རིན་ཆེན་ཞིང་མཆོག་ཕུལ་བ་བས། །ཁྱོད་ཀྱི་སྐུ་ལ་ཏིལ་མར་གྱིས། །ཐིགས་པས་མཆོད་ནའང་བསོད་ནམས་མཆོག །ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱི། །ཡེ་ཤེས་མ་ལུས་ཁྱོད་ལས་བྱུང༌།མཆོད་པ་ཐམས་ཅད་སྤངས་ནས་ནི། །རྗེ་བཙུན་ཁྱེད་ལ་མཆོད་ཅིང་འདུད། །དུས་ཀྱི་ཡུན་ཚད་གྲངས་མེད་བསྐལ་བའི་བར་དུ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིན་པོ་ཆེ་གསེར་དངུལ་སོགས་ཀྱིས་ཞིང་མཆོག་བཀང་བ་ཕུལ་བ་བས། དཔལ་ལྡན་བླ་མདམ་པ་ཁྱོད་ཀྱི་སྐུ་ལ་ཏིལ་མར་གྱི་ཐིག་པས་མཆོད་ནའང་བསོད་ནམས་མཆོག་ཏུ་གྱུར་པ་རེད།རྒྱུ་མཚན་ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱི་ཡོན་ཏན་ཡེ་ཤེས་སྟོབས་བཅུ་དང་མི་འཇིགས་པ་བཞི་མ་འདྲེས་པའི་ཆོས་བཅོ་བརྒྱད་སོགས་ཡོན་ཏན་མ་ལུས་པ་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་ཁྱོད་ལས་བྱུང་བས་ན་བླ་མ་ལ་མ་ལྟོས་པའི་མཆོད་པ་ཐམས་ཅད་སྤངས་ནས་ནི།ཀུན་གྱི་རྗེ་བོ་སྒོ་གསུམ་ཉེས་སྤྱོད་ལས་བཙུན་པའི་བླ་མ་ཁྱེད་ལ་མཆོད་ཅིང་སྒོ་གསུམ་གུས་པ་ཆེན་པོ་སྒོ་ནསའདུད།། ཅེས་པའོ། །དེ་ཡང་གསང་འདུས་རིམ་ལྔ་ལས་ཀྱང༌། མཆོད་པ་ཐམས་ཅད་ཡོངས་སྤངསནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ཡིན་ནོ། །དེ་ཡང་དཔལ་ལྡན་བླ་མ་དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་འཕྲིན་ལས་འཇུག་པའི་སྒོ་དང་སངས་རྒྱས་ཐམས་ཅད་ཀྱི་སྔོན་སློབ་ལམ་གྱི་གནས་སྐབས་སུ་ཐུགས་བསྐྱེད་པ་ནང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་རེད།འགྲོ་བའི་དོན་མཛད་པ་ཡང་དུས་ལས་ཡོལ་བ་མེད་པར་འབད་རྩོལ་སོགས་མི་དགོས་པར་རང་བཞིན་ལྷུན་འགྲུབ་ཀྱི་སྒོ་ནས་མཛད་པ་རེད། དཔལ་ལྡན་བླ་མ་དེ་སངས་རྒྱས་དངོས་ཀྱི་སྤྲུལ་བ་ཡིན་ན་འདྲ་གལ་ཏེ་སངས་རྒྱས་དངོས་ཀྱི་སྤྲུལ་བ་མ་ཡིན་དུ་ཆུག་ཀྱང་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བ་སྤུ་བུ་ག་ཐམས་ཅད་ཀྱི་བྱིན་གྱིས་རླབས་ནས་འགྲོ་བ་སེམས་ཅན་རང་རང་གི་ཁམས་དབང་མོས་པ་ལྟར་དུས་ལས་ཡོལ་བ་མེད་པར་འགྲོ་བའི་དོན་མཛད་པ་རེད།རང་རང་སོ་སོའི་བསོད་ནམས་མེད་ན་སངས་རྒྱས་དངོས་སུ་བྱོན་ཀྱངམཇལ་བའི་སྐལ་བ་མེད་པ་ཡིན་པ་དེ་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། ལྷ་ཡི་རྒྱལཔོས་ཆར་ཕབས་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ཞེས་གསུངས་པ་ལྟར་ཡིན་ནོ། །རྡོ་རྗེ་གསུམ་གྱི་དངོས་གྲུབ་ཚོགས། །ཉིད་ཀྱི་སྐུ་གསུང་ཐུགས་ལ་གནས། །ཁྱེད་ནི་གང་ལའང་མི་གནས་ཏེ། །མཁའ་མཉམ་འོད་གསལ་རྨད་བྱུང་ཆེ། །རྩོད་པའི་དུས་འདིར་རྡོ་རྗེ་སེམས། །དངོས་སུ་མཐོང་བའི་སྐལ་མེད་པས། །སློབ་དཔོན་གཟུགས་ཀྱི་སྒྲུབ་རྣམས་ལ། །བརྩེ་བས་མཆོད་པ་ལེན་ལ་འདུད། །སྐུ་གསུང་ཐུགས་གསུམ་སྟེ་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཀྱི་ཚོགས་དེ་ཉིད་གང་ལ་བརྟེན་ནས་བྱུང་བ་རེད་ཅེ་ན་དཔལ་ལྡན་བླ་མ་ཁྱེད་ཉིད་ཀྱི་སྐུ་གསུང་ཐུགས་གསུམ་ལ་བརྟེན་ནས་གནས་པ་ཡིན་ཀྱང་དཔལ་ལྡན་བླ་མ་དམ་པ་དོན་དམ་ཆོས་ཀྱི་སྐུ་གསུང་ཐུགས་ཁྱེད་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་བདེན་སྣང་འཁྲུལ་བའི་སྒོ་ནས་གང་ལའང་མི་གནས་ཏེ། ཆོས་ཀྱི་སྐུ་དེརེས་འཇོག་མེད་པར་ནམ་མཁའ་ལྟར་བརྟན་གཡོ་ཐམས་ཅད་ལ་ཆ་མཉམ་དུ་ཁྱབ་པ་དང་དེ་འདྲའི་ཆོས་ཉིད་དེ་ནི་རང་བཞིན་འོད་གསལ་དོན་དམ་པའི་ཡོན་ཏན་ཐམས་ཅད་བརྒྱན་པའི་ངོ་མཚར་རྨད་དུ་བྱུང་བ་ཆེན་པོའོ།། བཀའ་བསྡུ་བཞི་བ་ལས། དུས་བཞི་གཉིས་ཀྱི་རབ་དབྱེ་རབ་བཤད་བྱ། །དུས་བཞི་ཆེན་པོ་བསྐལ་དུས་བཟང་ངན་ཏེ། །དུས་བཞི་ཆུང་བ་བསྟན་པའི་བཟང་ངན་ཡིན། །དང་པོའི་ལོ་ནི་ས་ཡ་ཕྲག་བཞི་དང། །སུམ་འབུམ་ཉི་ཁྲིའོ་དེའི་བཅུ་ཆ་ནི། །རྐང་པ་ཞེས་གསུངས་རྐང་པ་གཅིག་དང་གཉིས། །གསུམ་དང་བཞི་ལ་རིམ་བཞིན་རྩོད་ལྡན་དང། །གཉིས་ལྡན་གསུམ་ལྡན་རྫོགས་ལྡན་ཞེས་གསུངས་སོ། །དུས་བཞི་ཆུང་བ་བསྟན་པའི་བཟང་ངན་ནི། །མི་ལོ་ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་བར། །དེ་ཡི་བཞི་ཆ་དུས་བཞི་སོ་སོའི་ཚད། །སྐྱོན་མེད་ཡོན་ཏན་ཚང་བ་རྫོགས་ལྡན་ཆོས། །དེ་ནས་བཞི་ཆ་ཉམས་པ་གསུམ་ལྡན་སྟོད། །ཕྱེད་ཉམས་གྱུར་ན་གསུམ་ལྡན་སྨད་དུ་འགྱུར། །བཞི་གསུམ་ཉམས་པའི་ལྷག་མ་གཉིས་ལྡན་ཡིན། །བཞི་ཆ་གཅིག་ཀྱང་མེད་ན་རྩོད་ལྡན་ཏེ། །ཞེས་གསུངས་པ་ལྟར་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཆ་བཞི་བྱས་ཏེ་དེ་ཡོངས་རྫོགས་གནས་པའི་ཚེ་བསྟན་པ་རྫོགས་ལྡན་དང་དེའི་ཆ་གཅིག་ཉམས་ཚེ་གསུམ་ལྡན་དང༌། ཆ་གཉིས་ཉམས་ཚེགཉིས་ལྡན་དང༌། ཆ་གསུམ་ཉམས་ཚེ་རྩོད་ལྡན་ཡིན་པའི་དུས་འདིར་རྡོ་རྗེ་འཆང་ངམ་རྡོ་རྗེ་སེམསདཔའ་དངོས་སུ་མཐོང་བའི་སྐལ་བ་མེད་པས་ཚེ་བླ་མ་རྡོ་རྗེ་སློབ་དཔོན་ནི་རང་རང་སོ་སོའི་སྐལ་བ་དང་མཐུན་པའི་མིའི་བཞིན་ལག་གི་གཟུགས་ཀྱི་རྣམ་པར་བསྟན་ནས་ཆོས་སྒྲུབ་པ་པོ་སྐལ་བ་དང་ལྡན་པ་རྣམས་ཀྱིས་མཆོད་པ་ཕུལ་བ་རྣམས་ལ་ཐུགས་བརྩེ་བས་མཆོད་པ་ལེན་ལ་འདུད།ཅེས་པའོ། །དེ་ཡང་མཐུ་སྟོབས་དབང་ཕྱུག་བིར་ཝ་པའི་ཞལ་ནས། རྩོད་པའི་དུས་འདིར་བདགདོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱིས། །བསྟེན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་བདེ་ཆེན་ཐོབ་པར་འགྱུར། །ཞེས་དང༌། རྡོ་རྗེ་གུར་གྱི་རྒྱུདལས། ང་ནི་རྡོ་རྗེ་སེམས་དཔའ་ཞེས། །ང་ཉིད་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་བཏགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་དང༌།མདོ་ལས། ལྔ་བརྒྱཐ་མར་གྱུར་བ་ན། །ང་ནི་སློབ་དཔོན་གཟུགས་སུ་གནས། །ང་ཡི་མཉམ་དུ་ཡིད་བཅོས་ལ། །དེ་ལྟར་དེ་ལ་གུས་པ་བསྐྱེད། །ཅེས་གསུངས་སོ། །རིགས་ལྔའི་དཀྱིལ་འཁོར་ཡེ་ཤེས་ལྔ། །འགྲོ་བ་འདུལ་ཕྱིར་ཕུང་པོ་ལྔ། །ཚད་མེད་ལྷ་མོ་བཞིའི་དཀྱིལ་འཁོར། །འབྱུང་བཞིར་སྟོན་པ་ཡ་མཚན་རྨད། །སྤྱན་སོགས་ཡང་ནི་སེམས་དཔའ་བརྒྱད། །ཚིགས་སོགས་ཡང་དག་ཁྲོ་བོ་བཅུ། །གཟུགས་སོགས་ཡང་ནི་རྡོ་རྗེ་མ། །ཡེ་ཤེས་སྐུ་ལ་བདག་ཕྱག་འཚལ། །རྡོ་རྗེ་འཆང་ཁྱོད་ཀྱི་སྐུ་ནི་རིགས་ལྔའི་དཀྱིལ་འཁོར་ཏེ་མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས། རྣམསྣང་མེ་ལོང་ཡེ་ཤེས། རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས། སྣང་བ་མཐའ་ཡས་སོར་རྟོགསཡེ་ཤེས། དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་ཏེ་ཡེ་ཤེས་ལྔ་དང༌། འགྲོ་བ་སེམས་ཅན་ཐམས་ཅད་འདུལ་བའི་ཕྱིར་ཕུང་པོ་ལྔ་སྟེ། རྣམ་ཤེས་ཀྱི་ཕུང་པོ་མི་བསྐྱོད་པ། གཟུགས་ཕུང་སྣང་བ་མཐའཡས། ཚོར་ཕུང་རིན་ཆེན་འབྱུང་ལྡན།འདུ་ཤེས་སྣང་བ་མཐའ་ཡས། འདུ་བྱེད་ཀྱི་ཕུང་པོ་དོནཡོད་གྲུབ་པ་སྟེ་རིགས་ལྔ་དང༌། བྱམས་པ་སོགས་ཚད་མེད་བཞི་དང་དེའི་ངོ་བོ་ལྷ་མོ་བཞིའི་དཀྱིལའཁོར་ནི་ཁྱོད་ཀྱི་སྐུའི་འབྱུང་བཞིར་སྟོན་པ་སྟེ། དེ་ཡང་ས་ཁམས་སྤྱན་མ། ཆུ་ཁམས་མ་མ་ཀི། མེ་ཁམས་གོས་དཀར་མོ། རླུང་ཁམས་དམ་ཚིག་སྒྲོལ་མ་སྟེ་འབྱུང་བ་བཞིའི་ཚུལ་དུ་སྟོན་པ་ཡམཚན་རྨད་དུ་བྱུང་བའོ། །བླ་མའི་སྤྱན་སོགས་ཡང་ནི་སེམས་དཔའ་བརྒྱད་བཞུགས་པ་རེད། དེཡང་བླ་མའི་སྤྱན་ལ་ས་ཡི་སྙིང་པོ་དང༌། སྙན་ལ་ཕྱག་ན་རྡོ་རྗེ། ཤངས་ལ་ནམ་མཁའི་སྙིང་པོ། ལྕེ་ལ་འཇིག་རྟེན་དབང་ཕྱུགལུས་ལ་སྒྲིབ་པ་རྣམ་སེལ། ཡིད་ལ་དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས་པའོ། །ཚིགས་བཅུ་སོགས་གསང་འདུས་ཀྱི་དཀྱིལ་འཁོར་ལྟར་ཡང་དག་པའི་ཁྲོ་བོ་བཅུ་ཡིན་པ་དང༌།བླ་མའི་གཟུགས་སོགས་ཡང་ནི་རྡོ་རྗེ་མ་སྟེ་གཟུགས་རྡོ་རྗེ་མ་སྒྲ་རྡོ་རྗེ་མ་དྲི་རྡོ་རྗེ་མ་རོ་རྡོ་རྗེ་མ་རེག་བྱ་རྡོ་རྗེ་མ་ཆོས་ཁམས་རྡོ་རྗེ་མ་སོགས་ཡེ་ཤེས་ཀྱི་སྐུའི་རང་བཞིན་རྡོ་རྗེ་འཆང་ཁྱོད་ལ་བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་ཞེས་པའོ།།དེ་དག་གི་དོན་ཡང་གསང་བ་འདུས་པའི་རྒྱུད་ལས། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །རྡོ་རྗེ་སློབ་དཔོན་སྐུ་ལ་ནི། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་ཡང་དག་བཞུགས། །དེ་རྗེས་ནམ་མཁའ་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། ། འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །ལས་རྣམས་ཀྱི་ནི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །ཡང་འདིའི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་བཞུགས་སོ། །ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །མི་བསྐྱོད་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །དེ་མིག་དབང་པོ་གཉིས་ལ་ནི། །དེ་བཞིན་གཤེགས་པ་ས་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་བུག་གཉིས་ལ་ནི། །དེ་བཞིན་གཤེགས་པ་ནམ་མཁའི་མཛོད། །དེ་བཞིན་གཤེགས་པ་འཇིག་རྟེན་དབང༌། །དེ་ཡི་ལྕེ་ཡི་དབང་ལ་གནས། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིནགཤེགས་པ་འཇམ་དབྱངས་བཞུགས། །ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཞེས་བྱ་བར་བརྟགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། །དེ་བཞིན་གཤེགས་པ་དེ་བཞུགས་སོ། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་དུ་བཟང༌། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པའོ། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེའི་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཞན་མི་ཐུབ། །ཁ་ཡི་པད་མར་བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱིག་པ་སྔོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་མགོ་སྟེངས་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོ་སྒྱུར། །རྐང་པའི་འོག་ཏུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ། །རྡོ་རྗེ་སེམས་དཔའི་དབྱེ་བ་ཡིས། །རྫོགས་པའི་སངས་རྒྱས་མ་ལུས་འདི། །ལུས་པ་མེད་པ་སངས་རྒྱས་སྐུ། །སྐྱེ་བ་འདི་ལ་རྣལ་འབྱོར་པ། །མྱ་ངན་འདས་པ་མྱུར་དུ་འཐོབ། །ཁྱོད་ཀྱི་དགེ་བ་ཡོངས་སྦྱིན་པ། །དེ་བས་རྡོ་རྗེ་སློབ་དཔོན་གྱི། །ལུས་ལ་རྒྱལ་བ་ཐམས་ཅད་བཞུགས། །མཐོང་ན་དོན་ནི་ཡོད་པ་ཀྱེ། །ཕྱི་མའི་དུས་ན་སེམས་དཔའ་ཆེ། ། དེ་བས་སེམས་ཅན་ཐམས་ཅད་ཀྱི། །ལྷ་ཡི་མཆོད་པའི་ཡོ་བྱད་ཀྱིས། །རབ་ཏུ་འབད་དེ་བླ་མ་བསྟེན། །དེ་ནས་མཐོང་བ་དོན་ཡོད་བཅས། །བྱང་ཆུབ་སེམས་དཔའ་གྲགས་པ་ཆེ། །དགའ་ཞིང་མགུ་བས་ཕྱག་བྱས་ནས། །བཅོམ་ལྡན་འདས་ལ་མཆི་མ་བླགས། །གསུང་དང་ཐུགས་ཀྱི་དཀྱིལ་འཁོར་བཞུགས། །ཞེས་གསུངས་པ་ལྟར་རོ། །སྐྱེ་འཆི་ཅན་གྱི་སྐུའོ་ཞེས། །ལོག་པར་བཟུང་བ་གནོང་ཞིང་འགྱོད། །དེ་བས་བསམ་པ་ཐག་པས་བཤགས། །བདག་ཀྱང་ཁྱེད་ལྟར་མངོན་གྱུར་ཅིག །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །བཅོམ་ལྡན་སྐུ་ཡི་ཆ་ཤས་ལགས། །ཅོད་པཎ་རིགས་ལྔ་བ་སྤུ་རྣམས། །དགྲ་བཅོམ་ལགས་ཏེ་དེ་བས་འདུད། །དཔལ་ལྡན་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས་གདུལ་བྱའི་ངོར་སྐྱེ་འཆི་ཅན་དང་བགྲེས་རྒུད་ཅན་སོགས་སྟོན་ན་ཡང་དོན་དངོས་པོ་གནས་ཚུལ་ལ་བགྲེས་རྒུད་དང་སྐྱེ་འཆི་སོགས་དང་བྲལ་བ་ཡིན་པས་དེ་ལྟར་མ་རྟོགས་པས་སྐྱེ་འཆི་ཅན་གྱི་སྐུ་ཡིན་པའོ་ཞེས་ལོག་པར་བཟུང་བ་དེ་གནོང་ཞིང་འགྱོད་པ་བྱེད་དགོས་ཏེ། བླ་མའི་སྐུའི་སྐྱེ་འཆི་དང་བྲལ་བ་ལ་རང་ཉིད་ཕྱིན་ཅི་ལོག་ཏུ་བཟུང་བ་དེ་བས་ན་བསམ་པ་ཐག་པས་སྒོ་ནས་བཤགས་སོ། །བདག་ཀྱང་སྐྱེ་འཆི་མཐའ་དག་དང་བྲལ་བའི་ཡེ་ཤེས་ཀྱི་སྐུ་མཐར་ཐུག་པ་དཔལ་ལྡན་བླ་མ་དམ་པ་ཁྱེད་ལྟར་མངོན་དུ་གྱུར་བར་ཤོག་ཅིགདཔལ་ལྡན་བླ་མ་དམ་པ་དེ་ཉིད་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་དེ་དྲན་པ་ཉེ་བར་བཞག་པ་བཞི་དང༌།ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་བ་བཞི།དབང་པོ་ལྔ། སྟོབས་ལྔ།བྱང་ཆུབ་ཀྱི་ཡན་ལག་བདུན།འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་བདག་ཉིད་དུ་བཞུགསཔ་དང༌། བྱང་ཆུབ་ཀྱི་ཆོས་སོ་བདུན་ནི་བཅོམ་ལྡན་འདས་ཀྱི་སྐུ་ཡི་ཆ་ཤས་ལགས་པའམ་ཡིན་པ་དང༌།ཁྱེད་ཀྱི་དབུའི་ཅོད་པཎ་ནི་རྡུལ་རྫས་ལས་གྲུབ་པ་མ་ཡིན་པར་རྒྱལ་བ་རིགས་ལྔ་དངོས་ཡིན་པ་དང༌། བ་སྤུ་བྱེ་བ་ཕྲག་གསུམ་རྣམས་ནི་སྤྲུལ་བའི་དགྲ་བཅོམ་པ་བྱེ་བ་ཕྲག་གསུམ་ལགས་ཏེ་རྒྱུ་མཚན་དེ་བས་སྒོ་གསུམ་གུས་པ་ཆེན་པོས་འདུད། དེ་ཡང་རྡོ་རྗེ་མཁའ་འགྲོ་སོ་གཉིས་པའི་རྒྱུད་ལས།སངསརྒྱས་ཀུན་གྱི་རང་བཞིན་སྐུ། །ཡན་ལག་བྱང་ཆུབ་སེམས་དཔའ་དེ། །བ་སྤུ་རྣམས་ནི་དགྲ་བཅོམ་ཉིད། །སྤྱི་གཙུག་རིགས་ལྔ་སངས་རྒྱས་ཏེ། །ཞེས་གསུངས་པ་ལྟར་རོ། །འཇིག་རྟེན་ལྷ་རྣམས་ཁྱོད་ཀྱི་གདན། །སྲིད་གསུམ་བླ་མ་ཁྱོད་ཉིད་ལགས། །ཁྱོད་ནི་དཀོན་མཆོག་གསུམ་ལགས་ཤིང། །རིན་ཆེན་གསུམ་གྱི་བྱེད་པོར་གསུངས། །གཡོ་སྒྱུའི་ཚིག་ཙམ་མ་ཡིན་པར། །དེང་ནས་བྱང་ཆུབ་སྙིང་པོའི་བར། །བསམ་པ་ཐག་པས་སྐྱབས་སུ་མཆི། །ལྷག་པར་དད་པས་ཕྱག་འཚལ་ལོ། །འཇིག་རྟེན་པའི་ལྷ་ཚངས་པ་སོགས་དཀར་ཕྱོགས་ལ་མངོན་པར་མི་དགའ་བ་རྣམས་དབང་མེད་དུ་བཀུག་ནས་ཁྱབ་བདག་རྡོ་རྗེ་འཆང་ཁྱོད་ཀྱི་ཞབས་འོག་མནན་པའི་གདན་དང་འདྲ་ལ། ཁམསགསུམ་མམ་སྲིད་གསུམ་བླ་མ་ནི་དཔལ་ལྡན་བླ་མ་དམ་པ་ཁྱོད་གཅིག་པུ་ཉིད་ལགས་ཏེ། རྡོ་རྗེའཆང་ཁྱོད་ནི་དཀོན་མཆོག་གསུམ་ཀུན་འདུས་པའི་བདག་ཉིད་ལགས་ཤིང༌།དཀོན་མཆོག་རིན་པོ་ཆེ་གསུམ་གྱི་བྱེད་པོ་སྟེ་ཁྱོད་ནི་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཐམས་ཅད་ཀྱིས་དང་པོ་སེམས་བསྐྱེད་པ་དང༌། བར་དུ་རྒྱལ་སྲས་ཀྱི་སྤྱོད་པས་གྲོགས་བྱེད་པའི་སྒོ་ནས་བྱེད་པ་པོདང༌། གདུལ་བྱ་སེམས་ཅན་ཐམས་ཅད་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པ་པོཡིན་པར་མདོ་རྒྱུད་ཀུན་ཏུ་གསུངས་པ་ཡིན་ཏེ། དཔལ་མཆོག་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ཡིན་ནོ། །བླ་མ་ལ་དད་པ་མེད་བཞིན་དུ་ཡོད་པའི་ཚུལ་སྟོན་པ་གཡོ་སྒྱུ་དང་རྒྱུ་མཚན་མེད་པའི་གཞན་གྱི་གཡམ་ལ་རྒྱུག་པ་ཚིག་ཙམ་མ་ཡིན་པར་དུས་དེང་ནས་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྙིང་པོའི་མ་ཐོབ་ཀྱི་བར་དུ་བསམ་པ་སྙིང་ཐག་པས་རང་གཞན་སེམས་ཅན་ཐམས་ཅད་སྲིད་ཞི་འཇིགས་པ་ལས་སྐྱོབས་པའི་སྐྱབས་སུ་མཆི་བ་སྟེ་བསྟེན་པ་དང༌། རྡོ་རྗེ་འཆང་དངོས་རྩ་བའི་བླ་མ་བཀའ་དྲིན་སངས་རྒྱསཀུན་ལས་ཀྱང་ལྷག་པར་ཆེ་བས་སྒོ་གསུམ་དད་པས་ཕྱག་འཚལ་ལོ།། དེ་ཡང་རྡོ་རྗེ་མཁའ་འགྲོ་སོ་གཉིས་པའི་རྒྱུད་ལས། འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོག་ཟུར་གནོད་ཅན་ཚངས་ལ་སོགས། །དེ་དག་ཡོན་ཏན་རང་བཞིན་ལུས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་ལྟ། །ཞེས་པའི་དོན་ཡང་ཡིན་ནོ། །དཔལ་ལྡན་བླ་མ་དམ་པ་ལ་རང་ཉིད་དངོས་གྲུབ་ཐོབ་པའི་ཆེད་ཙམ་ཕྱག་འཚལ་བ་མ་ཡིན་པར་འཕགས་པའི་དགེ་འདུན་རྒྱ་མཚོའི་མངའ་བདག་ནི་རྡོ་རྗེ་སློབ་དཔོན་ཡིན་ལ་ཐམས་ཅད་ཀྱིས་སྔོན་དུ་ལྷག་པར་དད་པ་བྱ་དགོས་པ་ཡིན་ཏེ། ཏ་ལ་ལའི་མདོར། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །མི་དགེ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པས་རྟོག་པ་སེལ་ཞིང་སེམས་དད་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་བའི་སྡུད་རྩ་ཡིན། །དད་པས་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པས་རྒྱལ་བའི་ཆོས་ལ་རབ་དགའ་བསྐྱེད། །དད་པས་ཡོན་ཏན་ཡེ་ཤེས་ཁྱད་པར་འཕགས། །སངས་རྒྱས་གོ་འཕང་ཐོབ་ཅིང་ཐོབ་པར་བྱེད། །ཅེས་དང༌། ཆོས་བཅུ་བའི་མདོ་ལས། དད་པ་ཐེག་པའི་མཆོག་ཡིན་ཏེ། །དེསནི་འདྲེན་པ་ངེས་པར་འབྱུང། །དེ་ཕྱིར་བློ་དང་ལྡན་པའི་མི། །དད་པའི་རྗེས་སུ་འབྲང་ལ་བརྟེན། །དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།། ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དང༌། །མདོ་སྡེ་རྒྱ་ཆེར་རོལ་པར། ཀུན་དགའ་བོ་དད་པ་ལ་བརྩོན་པར་གྱིས་ཤིག །ཅེས་དང། སེང་གེས་ཞུས་པའི་མདོར། དད་པས་མི་ཁོམ་སྤོང་བར་འགྱུར། །ཞེས་གསུངས། འོད་དཔག་མེད་ཞིང་གི་བཀོད་པའི་མདོ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་དང་སློབ་དཔོན་དང་མཁན་པོ་དང། དགེ་བའི་བཤེས་གཉེན་ལ་གུས་པ་དང་བཅས་པ་ནི་སྔོན་དུ་འགྲོའོ།། ཞེས་སོ། །འཕགས་པ་སྡོང་པོ་བཀོད་པའི་མདོར། དད་པ་ཡིད་བཞིན་ནོར་བུ་བུམ་པ་བཟང༌། །འདོད་དགུ་འཇོ་བའི་བཞོན་མཚུངས་པ། །བླ་མ་དང་ནི་སངས་རྒྱས་ལ།། དེ་ལྟ་བས་ན་མགུ་བར་བྱ། །སངས་རྒྱས་དད་པའི་བསོད་ནམས་གང། །སངས་རྒྱས་ཞིང་དུ་སྐྱེ་བར་འགྱུར། །ཞེས་གསུངས།འཕགས་པ་ཡན་ལག་མེ་ཏོག་མཆོག་གི་མདོར། སངས་རྒྱས་ཕྲད་ན་ཤིན་ཏུ་དད། །དད་ནས་ཤིན་ཏུ་གུས་པར་འགྱུར། །གུས་པས་ནན་ཏན་བྱེད་པས་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོགས་མང་དུ་གསུངས་སོ། །དེ་ཡང་བླ་མ་རྡོ་རྗེ་སློབ་དཔོན་མ་ཟད་ཚིགས་སུ་བཅད་པ་གཅིག་ཙམཞུས་པའི་བླ་མ་ལ་དད་པ་དང་གུས་པ་བྱེད་དགོས་ཏེ། ཁྱིམ་བདག་དྲག་ཤུལ་གྱིས་ཞུས་པའི་མདོལས། ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལ་མཉན་ནམ། ལུང་ནོད་དམ། བླངས་པའི་སློབ་དཔོནདེ་ལ་ཆོས་ཀྱི་གུས་པར་བྱའོ། །ཞེས་སོགས་མང་དུ་བསྡུའོ། །དེ་ནས་དད་པའི་ཞིང་ནི་སློབ་དཔོན་ཡིན་པས་བླ་མའི་རྣམ་ཐར་བཤད་པར་བྱ། ཞེས་མདོ་རྒྱུད་དུ་མར་གསུངས་ཏེ། དྲི་མེད་གྲགས་པསཞུས་པའི་མདོ་ལས། རབ་འབྱོར། གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིཁམས་འདིར། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། སྦྱིན་པ་བྱིན་ན་བསོད་ནམསམང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བརགཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གང་ལ་ལ་ཞིགགིས་བླ་མའི་རྣམ་ཐར་གྱི་ཚིག་བཞི་པའི་ཕྱེད་ཙམ་སྟོན་ན། དེ་བས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ནང་ཆོས་ལ་སློབ་སྦྱངས་བྱེད་མཁན་གྱི་མི་སུ་དང་གང་ཡིན་ན་ཆོས་ཚིགས་སུ་བཅད་པ་གཅིག་ཙམ་ཞུས་སའི་བླ་མ་ལ་དད་པས་སྒོ་ནས་ཆོས་ཞུས་དགོས་པ་ལས་དད་པ་དང་མོས་གུས་མེད་ན་བླ་མའི་གསུང་གི་དོན་ཤེས་པར་མི་འགྱུར་བ་དང་ཆོས་ལ་དབུལ་ཕོངས་བར་འགྱུར་ཏེ། བརྒྱད་སྟོང་བ་ལས། མི་ཉན་ན་མི་ཐོས། མ་ཐོས་ན་མི་ཤེས། མ་ཤེས་ན་མི་མཐོང༌།མ་མཐོང་ན་དེའི་དོན་རྟོགས་པར་མི་འགྱུར། དེའི་དོན་མ་རྟོགས་ན་ཆོས་ཀྱི་དབུལ་འཕོངས་བར་འགྱུར་རོ། །ཞེས་གསུངས་པ་ནང་བཞིན་ཡིན་ནོ། །གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ལ་ཞིང་མཆོག་ཏུ་སྒྲུབ་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་དང༌། མཆོད་པ་འབུལ་བ་དངོས་དང་གཉིས། དང་པོ་ཞིང་མཆོག་ཏུ་སྒྲུབ་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི།དམངས་རིགས་ཉིས་སྟོང་བྲམ་ཟེ་གཅིག་དང་མཉམ། །དེ་བཞིན་བྲམ་ཟེ་དགེ་སློང་རྡུལ་མེད་དང། །ཡེ་ཤེས་ལྡན་རྣམས་སྟོང་ཕྲག་གཉིས་གཉིས་སུ། །བསྒྲེས་པའང་སློབ་དཔོན་གཅིག་དང་ཞིང་མཉམ་པར། །གསུངས་ཕྱིར་མགོན་པོ་རྡོ་རྗེ་སློབ་དཔོན་ཁྱོད། །ཞིང་གི་རབ་མཆོག་ཕུལ་དུ་དབྱུང་མེད་པས། །སྲོག་གཅོད་མ་བྱིན་ལེན་སོགས་མི་དགེ་བཅུ་ལ་ལོངས་སྤྱོད་པ་ཐ་མལ་བ་དམངས་རིགས་ཉིས་སྟོང་ལ་བཟའ་བཏུང་སོགས་སྦྱིན་པ་སྦྱིན་པ་དང་བྲམ་ཟེ་རྩ་བཞི་ཆང་ལྔ་བསྲུང་བའི་དམ་བཅའ་དང་ལྡན་པའི་དགེ་བསྙེན་གཅིག་ལ་བསོད་སྙོམས་འབུལ་བ་དེ་གཉིས་ཞིང་མཉམ་པ་དང༌། དེ་བཞིན་དུ་བྲམ་ཟེ་གཉིས་སྟོང་ལ་མཆོད་པ་འབུལ་བ་དང་དགེ་སློང་རྣམ་དག་གཅིག་དང་ཞིང་མཉམ་པ་ཡིན་པ་དང༌། དགེ་སློང་གཉིས་སྟོང་ལ་མཆོད་པ་ཕུལ་བ་དང་ཐེག་དམན་གྱི་མཐོང་སྤང་གི་རྡུལ་དང་བྲལ་ཞིང་མེད་པའི་མཐོང་ལམ་པ་དངཞིང་མཉམ་པ་དང༌། ཐེག་དམན་འཕགས་པ་སྟོང་གཉིས་ལ་མཆོད་པ་ཕུལ་བ་དང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དང་ལྡན་པ་རྣམས་ལ་མཆོད་པ་ཕུལ་བ་ཡིན་ན་བསོད་ནམས་ཀྱི་ཞིང་མཉམ་པ་ཡིན་པ་དང༌། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དང་ལྡན་པའི་སྟོང་ཕྲག་གཉིས་ལ་མཆོད་པ་ཕུལ་བ་སོགས་སྟོང་ཕྲག་གཉིས་གཉིས་སུ་བསྒྲེས་པ་ནའང་བླ་མ་རྡོ་རྗེ་སློབ་དཔོན་གཅིག་དང་ཞིང་མཉམ་པ་ཡིན་པར་མདོ་རྒྱུད་དུ་མར་ཡང་ཡང་གསུངས་པའི་ཕྱིར་ན་སྲིད་ཞི་འཇིགས་པ་ལས་སྐྱོབས་པའི་མགོན་པོ་རྡོ་རྗེ་སློབ་དཔོན་ཁྱོད་ནི་གདུལ་བྱ་རྣམས་ཀྱི་ཚོགས་བསགས་པའི་ཞིང་གི་རབ་དང༌། མཆོག་དང་ཕུལ་དུ་དབྱུང་བ་མེད་པ་སྟེ་བླ་ན་མེད་པའོ། །དེ་ཡང་རྡོ་རྗེ་གདན་གྱི་རྒྱུད་འགྲེལ་ལས། སངས་རྒྱས་ཞིང་སོགས་ཞིང་རྣམས་ལ། །ཁྱད་པར་དུ་ནི་སྦྱིན་ལ་སྤྱོད། །དམངས་རིགས་སྟོང་ཕྲག་གཉིས་དག་ཀྱང༌། །བྲམ་ཟེ་གཙང་མ་གཅིག་དང་འདྲ། །བྲམ་ཟེ་སྟོང་ཕྲག་གཉིས་དག་ནི། །དགེ་སློང་གཅིག་དང་རབ་ཏུ་སྦྱར། །དགེ་སློང་སྟོང་ཕྲག་གཉིས་དག་ནི། །རྡུལ་མེད་པ་ནི་གཅིག་དང་མཉམ། །རྡུལ་མེད་སྟོང་ཕྲག་གཉིས་དག་ནི། །ཡེ་ཤེས་ལྡན་པ་གཅིག་དང་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས། །སློབ་དཔོན་གཅིག་དང་མཉམ་པར་བརྟག །དེ་ལྟར་སྦྱིན་པའི་ཞིང་བྱས་ནས། །བློ་དང་ལྡན་པས་རྟག་ཏུ་སྦྱིན། །ཞེས་གསུངས་སོ། །རྒྱལ་ཁྱོད་མཉེས་པར་བྱས་ན་ཀུན་མཁྱེན་མཆོག །ཡེ་ཤེས་བླ་མེད་ཐོབ་པར་ཡང་ཡང་གསུངས། །སློབ་དཔོན་རྡོ་རྗེ་སེམས་དཔའ་མཆོད་པ་དེས། །བསོད་ནམས་ཀུན་བྱས་དཀའ་ཐུབ་ཐམས་ཅད་བསྟེན། །རྒྱལ་བ་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཁྱོད་མཉེས་པར་བྱས་ན་ཤེས་བྱའི་ཆོས་ཐམས་ཅད་ཅིག་ཆར་མངོན་སུམ་དུ་མཁྱེན་པའི་ཀུན་མཁྱེན་མཆོག་དང༌། ཡེ་ཤེསབླ་ན་མེད་པ་ཐོབ་པར་མདོ་རྒྱུད་ཐམས་ཅད་དུ་ཡང་ཡང་གསུངས་པ་རེད། དེ་ཡང་གསང་འདུས་རིམ་ལྔ་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེསཔས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་གང་ཞིག་ཡོད། །དེ་ཉིད་མི་བཟང་འདོད་པ་ཡིས། །ཤིན་ཏུ་ཡིད་འོང་གང་དང་གང། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་འབུལ། །ཞེས་དང༌། བླ་མ་ལྔ་བཅུ་པ་ལས། འདིར་མང་སྨྲས་པས་ཅི་ཞིག་བྱ། །བླ་མ་མཉེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་པ་ནི། །དེ་དང་དེ་ལ་འབད་པས་སྤྱད། །དངོས་གྲུབ་སློབ་དཔོན་རྗེས་འབྲང་བར། །རྡོ་རྗེ་འཛིན་པ་ཉིད་གསུངས་ཕྱིར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། ། ཞེས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱིརྒྱུད་ལས།དེ་བས་ཐབས་ནི་ཐམས་ཅད་ཀྱིས། །རྡོ་རྗེ་འཛིན་པ་བླ་མ་མཆོག །རྗེས་སུ་མཐུན་པས་མཉེས་པར་བྱ། །དེ་མཉེས་སངས་རྒྱས་ཐམས་ཅད་མཉེས། །ཞེས་གསུངས་སོ། །འདིར་སློབ་དཔོན་རྡོ་རྗེ་སེམས་དཔའ་ལ་ཐ་མ་ཟང་ཟིང་དང་འབྲིང་བཀུར་སྟི་དང་རིམ་གྲོ་བྱེད་པའི་མཆོད་པ་དང༌། རབ་བཀའ་བཞིན་སྒྲུབ་པའི་མཆོད་པ་བྱེད་པ་དེས་སྐྱེས་བུ་ཆུང་ངུས་ལས་འབྲས་ལ་དད་པའིབསོད་ནམས་དང༌། སྐྱེས་བུ་འབྲིང་གིས་བདེན་བཞི་མི་རྟག་བཅུ་དྲུག་རྟོགས་པའི་བསོད་ནམསདང༌། སྐྱེས་བུ་ཆེན་པོས་བྱང་ཆུབ་ཀྱི་སེམས་དང་བསྡུ་པའི་དངོས་པོ་བཞི་ཕ་རོལ་ཏུ་ཕྱིན་པ་དྲུགདང་ཟག་མེད་སྡེ་ཚན་ཉེར་གཅིག་སོགས་བསོད་ནམས་ཀུན་བྱས་པ་མཉམ་པ་དང༌།རྩ་བཞི་ཆངལྔ་བསྲུང་བའི་དགེ་བ་དགེ་བསྙེན་གྱི་དཀའ་ཐུབ་དང༌། བླང་འདས་སུམ་ཅུ་བསྲུང་བའི་དགེ་ཚུལ་གྱི་དཀའ་ཐུབ་དང༌། ཁྲིམས་གཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསྲུང་བའི་དགེ་སློང་གི་དཀའ་ཐུབདང༌། བདག་ཡལ་བར་དོར་ནས་གཞན་གཅེས་པར་འཛིན་པའི་སྒོ་ནས་བྱང་ཆུབ་སེམས་ཀྱི་དཀའཐུབ་དང༌། གང་སྣང་ལྷའི་རྣལ་འབྱོར་དུ་ཤར་བའི་བསྐྱེད་རིམ་གྱི་དཀའ་ཐུབ་དང༌། གཟུང་འཛིནགྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་སྐུ་རྣམ་རོལ་དུ་ཤར་བ་རྫོགས་རིམ་གྱི་དཀའ་ཐུབ་དེ་ཐམས་ཅད་ཚུལ་བཞིན་དུ་བསྟེན་པ་དང་འདྲ་བའོ་ཞེས་གསུངས་པ་ཡིན་ནོ། །སྡིག་འཇོམས་སྡུག་བསྔལ་ཞི་མཛད་སྲིད་པ་ཡི། །རྒྱ་མཚོའི་འཇིངས་ལས་སྒྲོལ་མཛད་ལ་ཕྱག་འཚལ། །རང་གིས་ཐོག་མེད་ནས་བསགས་པའི་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་མི་དགེ་བའི་ལས་ཅི་མཆིས་པ་ཐམས་ཅད་འཇོམས་པར་མཛད་པ་དང་སྡུག་བསྔལ་མ་ལུས་པ་ཞི་བར་མཛད་ཅིང་སྲིད་པ་འཁོར་བ་ཡི་སྡུག་བསྔལ་རྒྱ་མཚོའི་འཇིངས་སྟེ་དཀྱིལ་དང༌། ངམ་ཀློང་ལས་སྒྲོལ་བར་མཛད་པ་དཔལ་ལྡན་བླ་མ་དམ་པ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།འདིདག་སྐབས་སུ་མཆོད་པ་འབུལ་བའི་ཡུལ་ཞིང་ཁྱད་པར་ཅན་གསུངས་པ་ཡིན་དེ་ཡང་སློབ་དཔོན་ལ་མཆོད་པ་འབུལ་བ་ཡིན་ན་བསོད་ནམས་ཐམས་ཅད་བསགས་པའི་གོ་ཆོད་པ་དང་དཀའ་ཐུབ་ཐམས་ཅད་བསྟེན་པའི་གོ་ཆོད་པ་ཡིན་པས་སྡིག་པ་ཐམས་ཅད་འཇོམས་ཐུབ་པ་དང་སྡུག་བསྔལ་མ་ལུས་པ་ཞི་བར་མཛད་པ་དང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཆོའི་འཇིངས་ལས་སྒྲོལ་ཐུབ་པ་ཡིན་པ་ལ་སོགས་པ་སློབ་དཔོན་དེ་ཉིད་ཞིང་ཁྱད་པར་ཅན་ཡིན་པ་ངོ་སྤྲད་པ་ཡིན་ནོ། །གསང་འདུས་རིམ་ལྔ་ལས། བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་གང་ཞིག་ཡོད། །ཅེས་དང༌། བླ་མ་ཡིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོ་འཇིངས་ལས་ཕ་རོལ་སྒྲོལ། །ཞེས་གསུངས་པ་ལྟར་བླ་མ་རྡོ་རྗེ་སློབ་དཔོན་དེ་ཉིད་ཞིང་ཁྱད་པར་ཅན་ཡིན་པ་ཧ་གོ་སོང་ན་དེ་ལ་མཆོད་པ་འབུལ་བ་དང་ཕྱག་འཚལ་བ་སོགས་སྤྲོ་བ་སྐྱེ་ཐུབ་པ་དང༌། སྤྲོ་བ་སྐྱེ་ཐུབན་སློབ་དཔོན་ལ་མཆོད་པ་འབུལ་བ་དངོས་དེ་ཡོང་ཐུབ་པ་དང༌། མཆོད་པ་འབུལ་བ་དངོས་སུ་ལགལེན་ཐེབ་པ་ཡིན་ན་བསོད་ནམས་ཀྱི་ཚོགས་རླབ་པོ་ཆེ་གསོག་ཐུབ་པ་ཡིན་པས་རྒྱུ་མཚན་གྱིས་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གདུལ་བྱ་སེམས་ཅན་རྣམས་ལ་ངོ་སྤྲད་པ་ཡིན་ནོ། །ཁྱོད་ལ་རྗེས་མཐུན་གུས་པས་ཡོན་ཕུལ་ན། །རིམས་སོགས་གནོད་པ་མི་འབྱུང་ཕྱོགས་བཅུ་ཡི། །རྒྱལ་བ་ཀུན་ལ་ཕུལ་བར་འགྱུར་བས་ན། །དངོས་གྲུབ་མཆོག་ནི་ངེས་པར་ཐོབ་པར་གསུངས། །བླ་མ་དགེ་བའི་བཤེས་གཉེན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཁྱོད་ཀྱི་རྟེན་དགེ་ཚུལ་སློང་ཡིན་ན་དེ་དང་རྗེས་མཐུན་པའི་རབ་བྱུང་གི་གོས་རྣམ་གསུམ་སོགས་ལ་སྒོ་གསུམ་གུས་པས་ཡོན་ཕུལ་ན་རིམས་ནད་དང་མི་དང་མི་མ་ཡིན་གྱི་གནོད་པ་ཐམས་ཅད་མི་འབྱུང་བ་དང༌། དེ་ལྟ་བུའི་མཆོད་པའི་ཕན་ཡོན་དེར་མ་ཟད་ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་ཀུན་ལ་མཆོད་པ་ཕུལ་བར་འགྱུར་བས་ན་དངོས་གྲུབ་མཆོག་ནི་ངེས་པར་ཐོབ་པ་ཡིན་པར་མདོ་རྒྱུད་ཐམས་ཅད་དུ་གསུངས། དེ་ཡང་གསང་འདུས་རིམ་ལྔ་ལས། དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་དང༌།དེ་ཉིད་མི་བཟད་འདོད་པ་ཡིས། །ཤིན་ཏུ་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་འབུལ། །གསུངས་པ་ལྟར་རང་ཉིད་ཀྱི་ཡིད་དུ་འོང་བའི་དངོས་པོ་ཅི་མཆིས་པ་དེ་དག་བླ་མ་ལ་མཆོད་པ་ཕུལ་བ་ཡིན་ན་དངོས་གྲུབ་མཆོག་ཐོབ་ཐུབ་པ་ཡིན་པ་དེ་སྔོན་བྱོན་དམ་པ་གོང་མའི་རྣམ་ཐར་ལས་གྲུབ་ཆེན་ས་ར་ཧ་དང་ཨིནྚ་བྷོ་དྷི་སོགས་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་ཐོབ་པ་དང༌། གཞན་ཡང་རྗེ་བཙུན་མི་ལ་རས་པ་ཡང་ཚེ་གཅིག་གིས་ཟུང་འཇུག་གི་སྐུ་གྲུབནས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ངོར་སངས་རྒྱས་པ་ལ་སོགས་པ་བླ་མ་ལ་མཆོད་པ་འབུལ་བ་དང་གུས་པས་བསྟེན་ན་མཆོག་གི་དངོས་གྲུབ་དེ་ཉིད་ངེས་པར་ཐོབ་པ་དེ་མདོ་རྒྱུད་དུ་མ་ནས་གསུངས་པ་ཡིན། དེ་ཡན་ཆད་དུ་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་འཆང་དེ་ཉིད་མཆོད་པའི་ཞིང་ཁྱད་པར་ཅན་ཡིན་པ་སྒྲུབ་ནས་མཆོད་པ་ལ་སྤྲོ་བ་བསྐྱེད་པ་དེ་སོང་ཟིན་པའོ། །རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུངས་བླ་མཆོད་ཀྱི་བཤད་བྱ་རྩ་བ་ནི་རྒྱུད་སྡེ་ལས་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་གསུངས་པ་དེ་སངས་རྒྱས་བྱང་སེམས་རྣམས་དང་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་དེ་བྱིན་རླབས་ཀྱི་སྒོ་ཁྱད་པར་ཅན་ཡིན་པས་རྒྱུ་མཚན་གྱི་རྗེ་བཙུན་རིན་པོ་ཆེ་ཁོང་གིས་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་གི་བརྡའ་ཆད་མ་བསྒྱུར་བར་རང་སོར་བཞག་ན་བྱིན་རླབས་ཀྱི་སྒོ་ཁྱད་པར་འཕགས་པ་ཡོང་ཞེས་གསུངས་པ་རེད།རྒྱུ་མཚན་ནི་སྔོན་བྱོནགྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུངས་རབ་དེ་གཟུངས་ཁྱད་པར་ཅན་དང་ཏིང་ངེ་འཛིན་གྱི་སྒོ་མང་པོས་བྱིན་གྱིས་བརླབས་པའི་གཟུངས་ཁྱད་པར་ཅན་ཞིག་ཡིན་པས་ན་བྱིན་རླབས་ཀྱི་སྒོ་ཡང་ཁྱདཔར་ཅན་འཇུག་ཐུབ་པ་རེད། དེ་ཡང་འཆང་བ་དག་ནི་སྟོན་དམ་ཀློག་ན་ཡང༌། །དེ་ཡི་རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་དང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུངས་ཐམས་ཅད་གསུངས་ཁྱད་པར་ཅན་ཡིན་པ་དེ་བཀའ་བརྒྱུད་པའི་སིཏུ་པཎ་ཆེན་རིན་པོ་ཆེ་ཁོང་གིས་དབུས་གཙང་ཕྱོགས་སུ་ཕེབས་པའི་སྐབས་སུ་དབུས་གཙང་ཕྱོགས་ངེས་དོན་གྱི་བསྟན་པ་ཉམས་ཡོད་འདུག་རྒྱུ་མཚན་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ལྟ་བུའི་གསུངས་ཁྱད་པར་ཅན་གྱི་སྒྲ་ཙམ་ཡང་མི་འདུག་ཅེས་གསུངས་པ་ལྟར་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུངས་རབ་ཐམས་ཅད་བྱིན་རླབས་ཀྱི་སྒོ་ཁྱད་པར་ཅན་ཡིན་པ་བཀའ་གདམས་གོང་མ་རྣམས་ཀྱིས་ཡང་ནས་ཡང་དུ་བསྔགས་བརྗོད་མཛད་པ་ལྟར་རེད།

གཉིས་པ་མཆོད་པ་འབུལ་བ་དངོས།

གཉིས་པ་མཆོད་པ་འབུལ་བ་དངོས་ནི།

བདག་གི་དུས་གསུམ་དགེ་བ་ལུས་ལོངས་སྤྱོད། །ཡོངས་སུ་བཟུང་བ་མེད་པའི་མཆོད་རྫས་དང། །སྨོན་ལམ་སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །རབ་བསྒྲུབ་ཕྱི་ནང་གསང་བའི་མཆོད་པ་འབུལ། །བདག་གི་འདས་མ་འོངས་ད་ལྟ་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་ཡོད་པ་དེ་དག་དང་བདག་གི་ལུས་དང་རྒྱུ་ནོར་ལོངས་སྤྱོད་ཅི་ཡོད་ཐམས་ཅད་དང༌། འཇིག་རྟེན་ཁམས་ན་བདག་པོ་ཡོངས་སུ་བཟུང་བ་མེད་པའི་གསེར་གྱི་ས་གཞི་དང་རི་བདུན། མཚོ་བདུན་སོགས་རིན་པོ་ཆེ་རིགསཅི་སྙེད་ཡོད་པ་དང༌། ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས་དང༌། ཡན་ལག་བརྒྱད་ལྡན་གྱི་ཆུ་གཙང་མ་སོགས་མདོར་ན་སྟོང་གསུམ་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་མཐའ་དག་ན་དངོས་པོ་བཟང་ལ་ཡིད་དུ་འོང་བའི་མཆོད་རྫས་ཅི་སྙེད་ཡོད་པ་དང༌། སྨོན་ལམ་གྱི་སྟོབས་ལས་བྱུང་བའི་ཕྱི་ནངགསང་གསུམ་གྱི་མཆོད་པ་དང༌། སྔགས་ཀྱི་སྟོབས་ལས་བྱུང་བའི་ཕྱི་ནང་གསང་གསུམ་གྱི་མཆོད་པ་དང༌། ཕྱག་རྒྱ་ལས་བསྒྲུབ་པའི་ཕྱི་ནང་གསང་གསུམ་དང༌། ཏིང་ངེ་འཛིན་གྱིས་རབ་ཏུ་བསྒྲུབཔའི་ཕྱིའི་མཆོད་པ་ཉེར་སྤྱོད་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་འདོད་ཡོན་རྣམ་ལྔ་སོགས་དང༌། ནང་གི་མཆོད་པ་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་སོགས་དམ་རྫསདཔག་ཏུ་མེད་པ་བཀང་ནས་འབུལ་བ་དང༌། གསང་བའི་མཆོད་པ་རིག་མ་མཆོག་ལང་ཚོ་དར་ལབབ་པ་མཛེས་ཤིང་སྡུག་པའི་ཕྱག་རྒྱ་མོ་ལ་སོགས་པ་གསང་བའི་མཆོད་པ་དཔལ་ལྡན་བླ་མ་དམ་པ་དེ་ལ་འབུལ། དེ་ཡན་ཆད་དུ་ཡན་ལག་བདུན་པ་ནང་གི་སེར་སྣའི་གཉེན་པོ་མཆོད་པ་འབུལ་བའི་ཡན་ལག་སོང་ཟིན་པ་ཡིན་པས་ཐ་མ་རང་རང་སོ་སོས་ཅི་ཟ་ཅི་འཐུང་གི་མཆོད་པ་སྐྱབས་འགྲོའི་བསླབ་བྱ་དང་མཐུན་པའི་མཆོད་པ་འབུལ་རྒྱུ་དང༌། རྒྱུན་ལྡན་དུ་ཆུ་མཆོད་དང་སྤོས་དང་མར་མེསོགས་རང་ལ་ཅི་དང་ཅི་འབྱོར་བ་ཐམས་ཅད་བླ་མ་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་དགོས་པ་གལ་ཆེན་པོ་རེད། མདོར་ན་ཐ་མ་བླ་མ་ལ་ཟང་ཟིང་གི་མཆོད་པ་དང༌། འབྲིང་ཞབས་ཏོག་དངབསྙེན་བཀུར་གྱི་མཆོད་པ། རབ་སྒྲུབ་པའི་མཆོད་པ་སྟེ་བཀའ་ཅི་གསུང་གི་མཆོད་པ་དང་ལྷག་པརདུ་ཐོས་བསམ་སྒོམ་གསུམ་གྱིས་སྒོ་ནས་བླ་མའི་བཀའ་ལྟར་སྒྲུབ་པ་ཡིན་ན་བླ་མའི་ཐུགས་དགྱེས་པའི་མཆོད་སྤྲིན་གཙོ་བོ་ཡིན་པས་རང་གི་ལུས་ངག་ཡིད་གསུམ་དུས་གསུམ་བསགས་པའི་དགེ་ཚོགས་དང་བཅས་པའི་སྒོ་ནས་བླ་མ་ལ་མཆོད་པ་འབུལ་བར་བརྩོན་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི།ཁྱོད་ལ་བརྙས་པར་བྱེད་པ།

གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི།ཁྱོད་ལ་བརྙས་པར་བྱེད་པ་ཀུན། །

རྒྱལ་པོ་མེ་དང་དུག་དང་རིམས། །ལོག་འདྲེན་རྣམས་ཀྱིས་བསད་ནས་ཀྱང། །རྟག་ཏུ་དམྱལ་བར་འཚེད་པར་གསུངས། །ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཁྱོད་ལ་ཡོན་ཏན་མེད་པས་ཁྲི་སྟན་ཆེན་པོ་སྟོབ་པར་མི་འོས་སྙམས་པས་དམའ་སར་བཞག་པ་དང༌། ཡོན་ཏན་བཟང་པོ་འདི་ལྟ་བུ་སྟོབ་པར་མི་འོས་སྙམས་པས་གོས་དང་ཟང་ཟིང་སོགས་ངན་ངོན་འབུལ་བ་དང༌། ཚིག་གིསབརྙས་བཅོས་སོགས་མདོར་ན་བརྙས་པར་བྱེད་པ་སློབ་མ་རིགས་མཐོ་དམན་དང་མཁས་བླུན་ཀུན་ལ་ཚེ་འདིར་རྒྱལ་པོས་ཆད་པ་དང༌། མེའི་འཇིགས་པ་དང༌། སྦྱར་དུག་གིས་གནོད་པ་དང་ཀླུ་གདུགསཔ་ཅན་གྱི་ཁ་རླངས་ཕོག་པའི་དུག་དང༌། ཉིན་གཅིག་པའི་ཡམས་ནད་དང་རིམས་ནད་སོགས་ཕོགནས་ཉིན་གཅིག་ནས་ཤི་བ་དང༌། དེ་བཞིན་དུ་ཉིན་གཉིས་པ་དང་གསུམ་པ་དང་བདུན་པའི་རིམས་ནད་ཕོག་ན་ཉིན་གཉིས་དང་གསུམ་པ་བདུན་པ་ནས་འཆི་བར་བྱེད་པ་ཡང་དཔེར་ན་སྦྲུལ་གོམ་པ་བདུན་པ་ཅན་གྱིས་ལྕེ་དུག་གིས་བཟུང་ན་གོམ་པ་བདུན་བོར་ནས་འཆི་བ་བཞིན་ཡིན་ནོ། །འབྱུང་པོ་ལོག་པར་འདྲེན་པ་རྣམས་ཀྱིས་ཚེ་འདིར་བསད་པར་བྱས་ནས་ཀྱང་ཚེ་ཕྱི་མར་རྟག་ཏུ་སྟེ་བསྐལ་བའི་བར་དུ་དམྱལ་བར་ཁྲོ་ཆུ་ཁོལ་མའི་ནང་དུ་འཚེད་པར་བྱེད་པ་སོགས་ཉེས་པ་མང་པོ་ཡང་ཡང་ཉམས་སུ་མྱོང་དགོས་པ་གསུངས་ཏེ། བླ་མ་ལྔ་བཅུ་པ་ལས། སློབ་དཔོན་ལ་ནི་སྨོད་པ་དེ། །ཡམསདང་འཚེ་བའི་ནད་རྣམས་དང། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་བོ་མེ་དང་སྦྲུལ་གདུག་དང༌། །ཆུ་དང་མཁའ་འགྲོ་རྐུན་པོ་དང༌། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང༌། །བསད་ནས་སེམས་ཅན་དམྱལ་བར་འགྲོ །ཞེས་གསུངས་པ་ལྟར་ཡིན་ནོ། །ཁྱོད་ལ་བརྙས་ཤིང་སྨད་ན་ནི། །སངས་རྒྱས་ཀུན་ལ་བརྙས་ཤིང་སྨད། །ཁྱབ་བདག་རྡོ་རྗེ་འཆང་དངོས་དཔལ་ལྡན་བླ་མ་དམ་པ་ཁྱོད་ལ་ཁོང་ཁྲོ་དང་སེར་སྣ་སོགས་ཆེ་བ་དང་ཚུལ་ཁྲིམས་དང་ཐོས་པ་དང་བསྒོམ་པ་སོགས་མེད་དོ་ཞེས་ཟེར་བ་སོགས་བརྙས་ཤིང་སྨད་ན་ནི།ཕྱོགས་བཅུ་ཞིང་རབ་འབྱམས་ན་བཞུགས་པའི་སངས་རྒྱས་ཀུན་ལ་བརྙས་ཤིང་སྨད་པ་དང་མཚུངས་པ་ཡིན་ཏེ། རྒྱུད་ལས། དེ་ཉིད་མགོན་ལ་བསམ་བྱས་ནས། །སློབ་མར་གྱུར་ནས་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་པས་ན། །དེ་ནི་རྟག་ཏུ་སྡུག་བསྔལ་ཐོབ། །ཅེས་དང༌། སློབ་དཔོནཤནྟི་བས་ཞལ་ནས། སྨད་པར་མི་བྱ་ཞེས་བྱ་བ་ནི་རང་གི་སློབ་དཔོན་ཚུལ་ཁྲིམས་འཆལ་བ་སོགསམཐོང་ན་ཡང་མ་གུས་པར་མི་བྱའོ། །ཞེས་གསུངས་པ་དང༌། འཇམ་དཔལ་ཞལ་ལུང་ལས། མ་འོངསརྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང༌། །ཞེས་དང༌། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས། སྤྱིར་རང་གི་རྩ་བའི་བླ་མ་དེས་རང་ལ་ཆོས་གང་མ་བསླབ་པར་ཆོས་ལ་གནོད་པ་དགོན་པ་བཤིག་དགོས་པ་དང་འཇིག་རྟེན་གྱི་གནོད་པ་མི་གསོད་དང་གཡོ་སྒྱུ་ཁྲམ་གསུམ་རྐྱང་རྐྱང་བསླབ་པ་ཡིན་ན་བླ་མ་དེ་ལ་ཆོས་ཞུས་ཟིན་ན་ཡང་བླ་མ་དེ་ལྟ་བུའི་རྗེས་སུ་མ་འབྲང་ན་ཆོག་པར་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེས་གསུངས་ཡོད་པ་རེད། འོན་ཀྱང་བླ་མ་དེ་ལ་ཐུགས་མི་དགྱེས་པ་མི་བྱེད་པར་བླ་མ་དེ་ལ་མཆོད་པ་འབུལ་བ་དང་ཚིག་གི་སྒོ་ནས་བསྟོད་པ་སོགས་བྱས་ནས་དེའི་རྗེས་སུ་མི་འབྲང་བར་གསུངས་ཡོད་པ་རེད། སློབ་དཔོན་ལ་རང་གིས་མི་སྨོད་པ་མ་ཟད་གཞནགྱིས་སྨད་པར་བྱས་པ་དང་གྲོགས་བྱེད་མི་རུང་བ་ཡིན་པ་ཡང་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། སློབདཔོན་སྨོད་པར་བྱེད་པ་དང༌། །རྨི་ལམ་དུ་ཡང་མཐོང་མི་བྱ། །སློབ་དཔོན་སྨོད་པ་གང་ཡིན་དེ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་བཟུང༌། །ངན་པ་གཏུམ་པོའི་ལས་བྱེད་པ། །མཁས་པས་རྟག་ཏུ་སྤངས་བར་བྱ། །ཅེས་དང༌། རྡོ་རྗེ་མཁའ་འགྲོ་རྒྱུད་ལས། སློབ་དཔོན་དམོད་བྱེད་གང་ཡིན་པ། །རྨི་ལམ་དུའང་དངོས་གྲུབ་མེད། །ཅེས་གསུངས་སོ། །གཟིམས་ཆ་སྟན་དང་ལྷམ་དང་གདུགས། །འགོམས་ཤིང་ཅོ་འདྲི་བྱེད་པ་ནི། །དོན་རིངས་དཔལ་ཉམས་ནད་ཀྱི་ཐེབས། །སྐུ་ཡི་གྲིབ་མ་ལ་འགོམས་པ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །ཡང་བླ་མའི་གཟིམས་ཆ་སྟན་དང་ཞབས་ལྷམ་དང་ཚ་གྲང་སྐྱོབས་པའི་ཉི་གདུགས་སོགས་འགོམ་ཤིང་བླ་མ་ལ་ཚོད་ཉེ་བར་བྱེད་པ་ནི་ཅོ་འདྲི་བྱེད་པ་ཡིན་པས་ཉེས་པ་ཤིན་ཏུ་ལྕི་སྟེ་དེ་ནི་འདི་ཕྱི་གཉིས་ཀྱི་དོན་སྒྲུབ་ཀྱང་རིངས་པོར་མི་འགྲུབ་པ་དང༌། ཚེ་རིང་ནད་མེད་ལོངས་སྤྱོད་དཔལ་ཕུན་སུམ་ཚོགསཔ་རྣམས་ཉམས་ནས་ནད་སྣ་ཚོགས་ཀྱིས་ཐེབས་པར་འགྱུར་བ་དང༌། དེ་མ་ཟད་དཔལ་ལྡན་བླ་མ་ཁྱེད་ཀྱི་སྐུ་ཡི་གྲིབ་མ་ལ་འགོམས་པར་བྱས་ན་དེ་བཞིན་གཤེགས་པའི་རིང་བསྲེལ་ཅན་གྱི་མཆོད་རྟེན་བཤིགས་པ་དང་འདྲ་བར་མདོ་རྒྱུད་ཀུན་ལས་གསུངས་པ་ཡིན་ཏེ། དེ་ཡང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། འདི་ཡི་གྲིབ་མ་མི་འགོམས་ཏེ། །མཆོད་རྟེན་བཤིགས་དང་འདྲ་བར་གསུངས། །ཅེས་དང༌། དཔལ་ལྡན་གུར་གྱི་མགོན་པོའི་རྒྱུད་ལས། བླ་མའི་གདུགས་དང་གྲིབ་མ་དང༌། །བཅང་ལྷམ་སྟན་དང་སྔས་རྣམས་ལ། །རྨོངས་ཆེན་གང་ཞིག་འགོམ་བྱེད་ན། །དེས་ནི་མི་རྣམས་སྤུ་གྲིར་ལྟུང༌། །ཞེས་དང༌། རྡོ་རྗེ་མཁའ་འགྲོ་སོ་གཉིས་པའི་རྒྱུད་ལས། སློབ་དཔོན་གྱིས་ནི་མལ་སྟན་དང༌། །ལྷམདང་གདུགས་དང་ན་བཟའ་སོགས། །ཉེ་བར་ལོངས་སྤྱོད་ཐམས་ཅད་དང༌། །གྲིབ་མའང་བགོམ་པར་མི་བྱ་ཞིང༌། །ཅོ་འདྲི་བར་ནི་མི་བྱའོ། །གལ་ཏེ་བྱས་ན་དུས་ཀུན་ཏུ། །དེ་ནི་ཀུན་ཏུ་གཟེར་འགྱུར་ཞིང༌། །དོན་ཉམས་དཔལ་ལས་རིང་དུ་གྱུར། །བདུད་དང་སྡང་བས་གཟིར་འགྱུར་ཏེ། །མཆོད་རྟེན་བཤིག་དང་སྡིག་མཚུངས་པས། །དེ་བས་གྲིབ་མ་འགོམ་མི་བྱ། །ཞེས་དང༌། དེ་བཞིན་དུ་བླ་མ་ལྔ་བཅུ་བ་ལས། མཆོད་རྟེན་བཤིག་འདྲའི་སྡིག་འཇིགས་པས། །གྲིབ་མའང་བགོམ་པར་མི་བྱ་ན། །ལྷམ་དངསྟན་དང་བཞོན་པ་སོགས། །བགོམ་མི་བྱ་བ་སྨོས་ཅི་དགོས། །ཞེས་སོགས་མདོ་རྒྱུད་དུ་མ་ནས་རང་གི་རྩ་བའི་བླ་མའི་སྐུའི་གྲིབ་མ་དང་ན་བཟའ་དང་སྟན་དང་ཞབས་ལྷམ་ཡན་ཆད་མདོར་ན་དཔལ་ལྡན་བླ་མའི་གནས་ལུས་ལོངས་སྤྱོད་མཐའ་དག་མ་གུས་པ་དང་གོམས་པ་སོགས་མི་བྱེད་པར་དུས་རྒྱུན་དུ་དྲན་ཤེས་བསྟེན་ནས་གཟབ་གཟབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།དེ་འདྲ་བགྱིས་གང་སོ་སོར་བཤགས། །སྙིང་ནས་སློབ་དཔོན་སྨོད་པ་ནི། །རྨི་ལམ་དུ་ཡང་འགྲུབ་མི་འགྱུར། །སློབ་དཔོན་ཡོན་ཏན་བཟུང་བྱ་ཡི། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །དཔལ་ལྡན་བླ་མའི་སྐུའི་གྲིབ་མ་བགོམ་པ་སོགས་དེ་འདྲ་བའི་ལས་ངན་ཅི་བགྱིས་པ་གང་ཡོད་པ་ཐམས་ཅད་བཤགས་པའི་ཡུལ་གཙོ་བོར་གྱུར་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཁྱེད་ཀྱི་སྤྱན་སྔར་མི་འཆབ་པའི་སེམས་ཀྱི་སྒོ་ནས་ཉེས་པ་དེ་དག་སོ་སོར་བཤགས་ཞེས་གསུངས་པ་ཡིན། རང་ཉིདཚིགས་སུ་བཅད་པ་གཅིག་ཡན་ཆད་ཀྱི་དབང་ལུང་ཁྲིད་གསུམ་ཞུས་པའི་སློབ་དཔོན་དེ་ལ་སྙིང་ཐག་པ་ནས་སློབ་དཔོན་ལ་སྨོད་པར་བྱེད་ན་ནི་རང་རྒྱུད་ལ་དངོས་སུ་ཡོན་ཏན་སྐྱེ་བ་ལྟ་ཅི་སྨོས་ཐ་ན་རྨི་ལམ་དུ་ཡང་དགེ་བའི་མཚན་མ་འགྲུབ་པའི་ལྟས་ཅུང་ཟད་ཙམ་ཡང་མི་འགྱུར་བའི་ཕྱིར་རོ། ། དེ་ཡང་འདུས་པ་ལྔ་བཅུ་བའི་རྒྱུད་ལས། སེམས་ཅན་ཚད་མེད་ལ་སོགས་པའི། །སྡིག་པ་ཆེན་པོ་བྱེད་པ་ཡང༌། །རྡོ་རྗེ་ཐེག་པ་རྒྱ་མཚོ་སྟེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །སྙིང་ནས་སློབ་དཔོན་སྨོད་པ་དག། །བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར། །ཞེས་སྙིང་ནས་སློབ་དཔོན་སྨོད་པ་བྱེད་ན་ནི་ཆོས་དངོས་སུ་མི་འགྲུབ་པ་མ་ཟད་རྨི་ལམ་ཙམ་དུ་ཡང་དགེ་བའི་རྟགས་མཚན་འབྱུང་བར་མི་འགྱུར་བ་ཡིན་པས་རྒྱུ་མཚན་གྱིས་བླ་མ་རྡོ་རྗེ་སློབ་དཔོན་ནི་བཀའ་དྲིན་གྱི་ཕྱོགས་དང་ཡོན་ཏན་གྱི་ཆ་ནས་སངས་རྒྱས་དངོས་སུ་བཟུང་བར་བྱ་ཡི། སྐྱོན་གྱི་ཆ་ནི་ནམ་ཡང་ལྟ་བ་མ་ཡིན་ནོ།། སྒྱུ་འཕྲུལ་དྲྭ་བའིརྒྱུད་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཡི་རྟག་ཏུ་རྡོ་རྗེའཆང༌། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ཉིད་ཡེ་ཤེས་རྒྱ་མཚོ་སྟེ། །ཡིད་བཞིན་ནོར་བུ་རིན་ཆེན་བཞིན། །སློབ་དཔོན་གྱི་ནི་ཡོན་ཏན་བཟུང༌། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཐོག་མར་བླ་མ་མ་བསྟེན་པའི་སྔ་རོལ་ཏུ་བླ་མ་བརྟག་ན་ཆོག་པ་དང་བརྟག་དགོས་པ་ཡང་རེད།བླ་མ་མ་བརྟག་དུག་ཐུང་འདྲ། སློབ་མ་མ་བརྟག་གཡང་མཆོང་འདྲ། ཞེས་གསུངས་པ་ལྟར་དང་པོབླ་མ་བརྟག་དགོས་པ་རེད། ཆོས་འབྲེལ་ཐོབ་ཚར་བ་ནས་བཟུང་བླ་མའི་མཛད་སྤྱོད་གང་མཛད་པདེ་མོས་གུས་དད་པ་དག་སྣང་སྦྱང་དགོས་པ་རེད། བླ་མ་དེའི་སྐུ་གསུང་ཐུགས་ཀྱི་སྐྱོན་མཐོང་བའམ། མཛད་སྤྱོད་ཀྱི་སྒོ་ནས་མི་དགེ་བ་བཅུ་མཛད་པར་མཐོང་ཡང། བླ་མས་མཛད་པ་འདི་ལྟ་བུ་མཛད་པ་ནི། གདུལ་བྱ་གང་ལ་གང་འདུལ་གྱི་དབང་ལས། སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་དུ་མཛདཔའི་འཕྲིན་ལས་ཡིན། དེད་དཔོན་སྙིང་རྗེ་ཆེན་པོ་དང༌། ཁྱེའུ་སྐར་མ་དང༌། བྱང་ཆུབ་སེམས་དཔའཆོས་འཕགས་སོགས་ཀྱི་དཔེ་དང་མཚུངས། དཔེར་ན་བླ་མས་རྫུན་གསུང་པར་ཤེས་ན། ད་ལྟ་འདི་ན་སྐྱེ་བོ་མང་པོ་རྫུན་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་པ་ཡོད་པ་ཡང༌། དགེ་བ་ངོ་མཚར་ཆེ་སྟེ། དེ་ཀུན་ལས་བདག་གི་བླ་མས་དགོངས་པ་ཅན་གྱི་ཚིག་རྫུན་ལྟར་སྣང་བ་གསུང་པ་འདི་བརྒྱ་སྟོང་འབུམ་འགྱུར་གྱི་ངོ་མཚར་ཆེ། འདིས་སེམས་ཅན་དཔག་ཏུ་མེད་པ་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་འགོད་པར་མཛད་པ་ཞིག་ཡིན་པ་འདུག་སྙམ་དུ་བསམ་པ་ལྟ་བུ་སྟེ། དེས་ཐམས་ཅད་ལ་རིགས་འགྲེ། ཁྱད་པར་དུ་རང་ལ་བཀའ་བཀྱོན་པ་དང༌། མི་དགྱེས་པའི་རྣམ་འགྱུར་མཛདན། བཀའ་བཀྱོན་མི་ཐེག་དད་པ་ལོག ལོག་ལྟ་བྱེད་ན་དངོས་གྲུབ་དང་སྒོམ་གྱི་ཏ་རེ་བ་ཟད་དེ།དེ་བས་ཐུ་བ་དམ་ཚིག་ཉམས། རྡོ་རྗེ་དམྱལ་བའི་གཞི་ཐིངས་པ་ཡིན། བཀའ་བཀྱོན་བྱུང་ན་རངགི་ལས་ངན་སྡིག་སྒྲིབ་འཛད། བགེགས་དང་ལོག་འདྲེན་རིང་དུ་བྲོས། ལྷག་པར་ཡང་བདག་ལཐུགས་ཉེ་བས་གསུངས་པ་ཡིན་ཏེ། ཕས་བུ་ལ་བྱ་བ་བཞིན་ཟོལ་འགྲོག་མི་མཛད་པ་བཀའ་དྲིནརེ་ཆེ་སྙམ་དུ་བསམ། མི་དགྱེས་པ་ལྟར་སྣང་ན་རང་གི་ལས་སྒྲིབ་མ་དག་པ་ཡོད་པས་དེ་མཛུབབཙུགས་སུ་བརྡ་སྤྲོད་མཛད་པར་འདུག་སྙམ། སྤྱིར་སྒྲིབ་སྦྱོང་དང༌། སླར་ཡང་བླ་མ་དགྱེས་པརབྱེད་པའི་ཐབས་ལ་འབད་དགོས་པ་ཡིན། ཕྱག་ཆེན་པ་འགའ་ཞིག་བླ་མའི་བཀའ་བཀྱོན་ཐེགཔར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཟེར་བ་ཡང་མོས་གུས་ཀྱི་གནད་དང་ལྡན་པ་ཡིན། བོདསྒོམ་འགའ་ཞིག་གི་ཞལ་ན་རེ། མཚན་ལྡན་བླ་མ་རིན་ཆེན་འདིས། །གང་མཛད་ཐམས་ཅད་ལེགསཔ་ཡིན། །ཅི་མཛད་ཐམས་ཅད་ཡོན་ཏན་ཡིན། །མི་གསོད་ཤན་པ་མཛད་ན་ཡང། དེ་ཁས་འཚེངས་ཤིང་དེ་ཁ་ལེགས། །སེམས་ཅན་ཐུགས་རྗེས་འཛིན་པར་ངེས། །ལོག་གཡེམ་འཆལ་བའི་ཚུལ་སྟོན་ཡང༌། །ཡོན་ཏན་འཕེལ་ཞིང་ཡོན་ཏན་འབྱུང། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡ། ། རྫུནགྱིས་གཞན་མགོ་བསྐོར་བ་ན། །བརྡ་ཐབས་རྣམ་པ་སྣ་ཚོགས་ཀྱིས། །འགྲོ་ཀུན་ཐར་བའི་ལམ་ལ་འདྲེན། །རྐུ་འཕྲོག་ཆོམ་པོ་མཛད་ན་ཡང༌། །གཞན་གྱི་ཡོ་བྱད་ཚོགས་སུ་བསྒྱུར། །སྐྱེ་བོ་འཕོངསཔ་ཞི་བ་ཡིན། །དོན་ལ་འདི་འདྲའི་བླ་མ་ཡིས། །བཀའ་བཀྱོན་མཛད་ན་དྲག་སྔགས་ཡིན། རྐྱེནངན་བར་ཆད་སེལ་བར་ངེས། །བརྡུངས་བརྡེགས་མཛད་ན་བྱིན་རླབས་ཡིན། །དངོས་གྲུབ་ཐམས་ཅད་དེ་ལས་འབྱུང། །མོས་གུས་ཅན་ཚོ་ཉམས་རེ་དགའ། །ཞེས་སྐད་དེ། བླ་མའི་མོས་གུས་ཀྱི་གནད་དེ་ལྟ་བུ་ཞིག་རང་ཡིན། རྗེ་གྲོལ་མཆོག་གིས་ཀྱང༌། དངོས་གྲུབ་ཀྱི་རྩ་བ་དེ་བླ་མ་སྐད། །བླ་མ་དེ་སངསརྒྱས་དངོས་བྱོན་སྐད། །ཅི་མཛད་དེ་ལེགས་པར་བལྟ་དགོས་སྐད། །མཛེས་མཛེས་སུ་སྨྲ་ཀྱང་སྒྲ་སྐད་ལགས། །དངོས་གྲུབ་ལ་ཐོབ་རུང་མ་ཐོབ་རུང༌། །སངས་རྒྱས་དང་སེམས་ཅན་གང་ཡིན་ཡང༌། ། མཛད་པ་ཡང་ལེགསཉེས་ཅི་སྟོན་རུང༌། །མི་ང་ལ་སྙེམས་ཁྲིགས་རྡུལ་ཙམ་མེད། །ཅེས་འབྱུང་བ་ཐག་ཆོད་ཀྱི་མོས་གུས་དེ་ལྟ་བུ་ཞིག་དགོས། བླ་མ་རང་དེ་ཅུང་ཟད་ངན་པའི་སྐྱོན་ཡོད་པས་སངས་རྒྱས་སུ་བཏེག་སྟེ་ཡར་སྐྱེལ་མི་དགོས། བླ་མ་རང་གིས་གོ་ཆོད། མཛད་པ་ཉེས་པ་དེ་བསྒྱུར་ནས་ལེགས་པར་སྒོམ་མི་དགོས། གང་མཛདདེ་ཀ་དོན་ཆེན་ཡིན་དེ་ཀས་ཆོག་མཛད་པ་ལེགས་ཉེས་ལ་ཁྱད་མི་གདོགས། །རང་ལ་དངོས་གྲུབ་རེནས་མོས་གུས་སྒོམ་པ་མིན། བླ་མ་དང་མ་བྲལ་ན་དམྱལ་བར་གནས་དགོས་ཀྱང་འདོད་ཐོག་ཡིན། བླ་མ་དང་བྲལ་ན་དངོས་གྲུབ་སངས་རྒྱས་སམ་དེ་ཡོད་ནའང་ང་ལ་དགོས་ཆེད་མེད་དོ་གཞན་སྨོས་ཀྱང་ཅི་དགོས་སྙམ་པ་ཞིག་ཡིན་ནོ། །མདོར་ན་མོས་གུས་ལ་རེ་དོགས་སྤངས་པ་ཞིག་གལ་ཆེ། ཞེས་པ་ནས། ཁོ་བོ་ཅག་ནི་དོན་ལ་བརྟོན་པར་བྱེད་པའི་ཕྱིར་འདིར་ཡང་དེ་ཙམ་ཞིག་སྨོས་སོ། །ཞེས་སོགས་བླ་མའི་ཇིམཛད་ལེགས་པར་མཐོང་ནས་མོས་གུས་བྱེད་དགོས་པ་གསུངས་པ་ལྟར་འབད་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་ནོ། །ཡོན་ཏན་བཟུང་ན་དངོས་གྲུབ་སྟེ། །སྐྱོན་བརྗོད་པ་ལས་དངོས་གྲུབ་ཉམས། །བདག་གི་སྒོ་གསུམ་བག་མེད་པས། །ཉེས་པར་བགྱིས་ཀུན་མཐོལ་ལོ་བཤགས། །བླ་མའི་ཇི་མཛད་ཡོན་ཏན་དུ་བཟུང་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་སྟེ། ཅི་མཛད་ཡོནཏན་ཤེས་པའི་དད་པ་དེའི་སྟོབས་ཀྱིས་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་ཟླ་བ་ཡར་ངོ་ལྟར་གོང་འཕེལ་དུ་འགྲོ་ཐུབ་པ་ལས་བླ་མའི་སྐྱོན་བརྗོད་པ་ལས་དངོས་གྲུབ་ཐམས་ཅད་ཉམས་ཤིང་མི་ཐོབ་པས་བདག་གིས་སྒོ་གསུམ་ཉོན་མོངས་པ་ལས་མ་བསྡམ་ཞིང་བག་མེད་པས་སྤྱིར་རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་ལྟུང་ཉེས་པར་བགྱིས་པ་དེ་དག་ཀུན་དང་དགོས་སུ་དཔལ་ལྡན་བླ་མ་ལ་མ་དད་པའི་སྒོ་ནས་བརྙས་བཅོས་དང་སྨད་པ་སོགས་གང་བགྱིས་པ་དང་སྐུ་གསུང་ཐུགས་གསུམ་གྱི་དམ་ཚིག་དང་འགལ་བའི་ཉེས་པ་དེ་དག་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་ཉེས་པ་འདི་བཞིན་བྱས་ཞེས་བཤགས་པའི་ཡུལ་གཙོ་བོར་གྱུར་བའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་གཙོ་བོར་གྱུར་བའི་ཚོགས་སུ་སྒྲོགས་པའམ་གནོང་ཞིང་འགྱོད་པའི་སྒོ་ནས་མི་འཆབ་པར་མི་སྦེད་པར་མཐོལ་ལོ་བཤགས་སོ་ཞེས་གསུངས་པ་རེད། དེ་ཡང་བླ་མའི་ཐུགས་དཀྲུག་ན་ཕྱི་མ་རྡོ་རྗེ་དམྱལ་བར་འགྲོ་དགོས་པ་དེ་ཡང་བླ་མ་ལྔ་བཅུ་པ་ལས།དེ་འདྲའི་མགོན་ལ་བསམས་བྱས་ནས། །སློབ་མར་གྱུར་ནས་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་པས་ན། །དེས་ནི་རྟག་ཏུ་སྡུག་བསྔལ་འཐོབ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུགས་མི་བྱ་སྟེ། །གལ་ཏེ་རྨོངས་བས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚེད་པར་འགྱུར། །ཞེས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུདལས། གང་གིས་སློབ་དཔོན་ཡང་དག་སྨད། །དེ་ཡི་རྒྱུད་ཀུན་བསྒྲུབ་པའི་མཆོག །གཉིད་དང་འདུའཛི་རྣམས་སྤངས་ཏེ། །སྐལ་བ་སྟོང་དུ་ལེགས་འགྲུབ་ཀྱང༌། །དམྱལ་སོགས་སྒྲུབ་པར་བྱེད་པའོ། །ཞེས་དང༌། བདེ་མཆོག་རྩ་རྒྱུད་ལས། ཤིན་ཏུ་ཉམ་བཞག་སྒྲུབ་པ་པོས། །རྟག་ཏུ་དམ་ཚིག་བསྐྱངབར་བྱ། །དམ་ཚིག་ཉམས་པའི་དཀྱིལ་འཁོར་དུ། །དབང་སྒྲུབ་དངོས་གྲུབ་ཐོབ་མི་འགྱུར། །ཞེས་གསུངས་པ་ལྟར་དངོས་གྲུབ་ཐམས་ཅད་སློབ་དཔོན་གྱིས་རྗེས་སུ་བཟུང་བ་ཡིན་པས་བླ་མའི་དམ་ཚིག་བསྲུང་དགོས་པ་གལ་ཆེན་པོ་ཡིན་ནོ། །དེ་ཡན་ཆད་དུ་ཡན་ལག་བདུན་པའི་ནང་གི་གསུམ་པ་སྡིག་པ་བཤགས་པའི་ཡན་ལག་དེ་སོང་ཟིན་པ་ཡིན་ནོ། །

བཞི་བ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རངས་བའི་ཡན་ལག་ནི།ཁྱོད་ཀྱི་བ་སྤུ་ཉག

བཞི་བ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རངས་བའི་ཡན་ལག་ནི།ཁྱོད་ཀྱི་བ་སྤུ་ཉག་རེ་ཡི། །

བསོད་ནམས་ལ་ཡང་དུས་གསུམ་གྱི། །རྒྱལ་བའི་འཕྲིན་ལས་ཐམས་ཅད་ཀྱི། །ཆར་ཡང་བསྐྲུན་པར་མི་ནུས་པས། །ཉིད་དང་ཉིད་ཀྱི་རྗེས་བཟུང་དང། །ཉིད་ལ་མཆོད་དང་ཕྱག་འཚལ་སོགས། །བསོད་ནམས་མི་ཟད་བྱེད་པ་ལ། །ལྷག་པར་དང་བས་ཡི་རང་ངོ། །བླ་མ་རྡོ་རྗེ་འཆང་ཆེན་པོ་ཁྱོད་ཀྱི་སྐུའི་བ་སྤུ་ཉག་མ་རེ་རེ་ཡིས་སེམས་ཅན་གྱི་དོན་སྒྲུབ་པ་དང༌། རྒྱལབའི་བསྟན་པ་སྤེལ་བའི་བསོད་ནམས་ལ་ཡང་འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྒྱལ་བའི་འཕྲིན་ལས་ཐམས་ཅད་ཀྱིས་བརྒྱ་སྟོང་གི་ཆར་ཡང་བསྐྲུན་པར་མི་ནུས་པ་རྒྱུ་མཚན་དེ་བས་ན་དཔལ་ལྡན་བླ་མ་དམ་པ་ཁྱོད་ཀྱིས་བསྟན་པ་དང་འགྲོ་བའི་དོན་མཛད་པ་ཉིད་དང་གདུལ་བྱ་ཐམས་ཅད་ཀྱིས་བསམ་སྦྱོར་གཉིས་ཀྱིས་སྒོ་ནས་བླ་མ་ཉིད་ཀྱི་མཛད་པ་ལ་རྗེས་སུ་ཡི་རངས་བར་བཟུང་བ་དང༌། དཔལ་ལྡན་བླ་མ་གང་ཉིད་ལ་གསོལ་ཆས་དང་ནབ་བཟའ་དང་ཁྲུས་སྐུ་མཉེ་སོགས་ཟང་ཟིང་འབུལ་བའི་མཆོད་པ་དང་ཕྱག་འཚལ་བ་གདན་བཏིང་བ་བསྙེན་བཀུར་བྱས་པ་སོགས་བཀུར་སྟིའི་མཆོད་པ་དང༌། འཇིག་རྟེན་གྱི་ཁམས་ན་བཀའ་བཞིན་སྒྲུབ་པའི་མཆོད་པའི་བསོད་ནམས་ནི་མི་ཟད་པའི་གཏེར་ལྟ་བུའི་སྒྲུབ་པར་བྱེད་པ་གང་ཡོད་པ་ཐམས་ཅད་ལ་ནི་ལྷག་པར་དང་བས་སྒོ་ནས་རྗེས་སུ་ཡི་རང་ངོ༌། ། དེ་ཡང་བདེ་སྨོན་ལས།གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེ་སེམས་སྤངས་ནས། །སྙིང་ནས་དགའ་བའི་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །ཞེས་གསུངས་པ་ལྟར་གྲོགས་ཚང་བར་མཚུངས་བར་སྤྱོད་པ་སོགས་མདོར་ན་གཞན་གྱིས་བསྟན་འགྲོའི་དོན་དུ་མཛད་པའི་དགེ་བའི་རྩ་བ་དང༌། ལྷག་པར་དུ་དཔལ་ལྡནབླ་མ་དམ་པ་དེ་ལ་བརྟེན་ནས་ཚོགས་བསགས་སྒྲིབ་སྦྱངས་སོགས་བསོད་ནམས་ཀྱི་དགེ་བའི་རྩ་བ་གང་ཡོད་པ་དེ་དག་ཐམས་ཅད་རྗེས་སུ་ཡི་རང་བ་དེ་ནི་བསོད་ནམས་དགེ་བ་མང་དུ་སྤེལ་བ་ཡིན་པ་དང་གཞན་གྱིས་དགེ་བ་བྱས་པ་ལ་རྗེས་སུ་ཡི་རང་བ་དེ་ནི་ཕྲག་དོག་གི་གཉེན་པོ་ཡང་ཡིན་ནོ། །

ལྔ་བ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག

ལྔ་བ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི།

བསྐལ་པ་བྱེ་བ་མདོ་རྒྱུད་ལ། །ཐོས་བསམ་སྒོམ་ལ་རབ་སྦྱངས་ཀྱང༌། །བླ་མའི་མན་ངག་མེད་པ་ཡིས། །བྱིན་རླབས་རིམ་པ་མི་རྙེད་གསུངས། །བླ་མའི་ལུང་ཐོབ་དངོས་གྲུབ་མཆོག །འབད་མེད་ཐོབ་པར་འགྱུར་བས་ན། །བདག་སོགས་འཆིངས་བ་ལས་གྲོལ་ཕྱིར། །ཟབ་མོའི་འཁོར་ལོ་བསྐོར་བར་བསྐུལ། །བསྐལ་པ་བྱེ་བའི་བར་དུ་མདོའི་བསྡུས་པའི་སྡེ་སྣོད་གསུམ་དང་རྒྱུད་ཀྱི་བསྡུས་པའི་རྒྱུད་སྡེ་བཞིའི་གསུང་རབ་སོགས་ཀྱི་དོན་ལ་ཕྱོགས་མགོ་ཙམ་རྟོགས་པའི་བློའི་ངོ་བོར་གྱུར་བའི་སེམས་བྱུང་ཤེས་རབ་ཐོས་པའི་ཤེས་རབ། ཐོས་པའི་ཡུལ་དེའི་དོན་ལ་ཐེ་ཚོམ་གསར་དུ་ཆོད་པའི་བློ་ཚད་མས་ངེསཔ་རྙེད་པའི་བསམ་བྱུང་གི་ཤེས་རབ། དེའི་དོན་སྒྲ་སྤྱི་དང་བྲལ་བའི་དོན་སྤྱིའི་སྒོ་ནས་རྟོགས་པ་ཡན་ཆད་ཀྱི་བློའི་ངོ་བོར་གྱུར་བའི་ཤེས་རབ་སྒོམ་པའི་ཤེས་རབ་སྟེ། མདོར་ན་ཐོས་བསམ་སྒོམགསུམ་ལ་རབ་ཏུ་སྦྱངས་ཀྱངབླ་མའི་མྱོང་ཁྲིད་དམ་མན་ངག་མེད་པ་ཡིས་ནི་གོ་བ་ཙམ་དང་དཔེ་ཁྲིད་ཙམ་གྱིས་བྱིན་རླབས་རིམ་པ་སྟེ་སྔགས་བླ་མེད་ཀྱི་སྒྱུ་ལུས་དང་བསྐྱེད་རྫོགས་ཀྱི་ཉམས་ལེན་ཁྱད་པར་ཅན་མི་རྙེད་གསུངས།དེ་ཡང་གལ་ཏེ་བླ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་དང་གདམས་ངག་ལ་སོགས་མ་ཐོབ་པ་ཡིན་ན་རང་རྒྱུད་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་ཁྱད་པར་ཅན་ཐོབ་མི་ཐུབ་པས་ན་ངེས་པར་བླ་མའི་མདུན་དུ་དབང་ལུང་ཁྲིད་གསུམ་གསན་དགོས་པའོ། །རྟོགས་པ་ཁྱད་པར་ཅན་དང་ལྡན་པའི་དཔལ་ལྡན་བླ་མ་དམ་པ་ལ་བརྟེན་ནས་བླམ་ལས་དབང་ལུང་ཁྲིད་གསུམ་ཐོབ་ནས་སྒྱུ་ལུས་སོགས་ཀྱི་དངོས་གྲུབ་མཆོག་དཀའ་ཚེགས་མེད་པར་འབད་མེད་ཐོབ་པར་འགྱུར་བས་ན་བདག་སོགས་སེམས་ཅན་ཐམས་ཅད་ལས་ཉོན་གྱི་འཆིངས་བ་དམ་པོ་ལས་གྲོལ་བའི་ཕྱིར་དུ་ཟབ་པ་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་བ་ལམ་གྱི་རིམ་པ་ལ་སོགས་པའི་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ་ཞེས་ཆོས་འཁོར་བསྐོར་བར་བསྐུལ་བ་རེད།དེ་ཡང་ཡན་ལག་བདུན་པའི་ནང་གི་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་དེ་སྔོན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་རྒྱ་གར་རྡོ་རྗེ་གདན་དུ་སངས་རྒྱས་ནས་ཞག་བཞི་བཅུ་ཞེ་དགུའི་བར་དུ་ཆོས་མི་གསུང་བའི་ཚུལ་དུ་བཞུགས་ཡོད་པ་རེད། དེ་ཡང་བདག་ཅག་གི་སྟོན་པའི་ཞལ་སྔ་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུ་ཆོས་ཞིག་ཁོ་བོ་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་ཁོང་གིས་བདུད་རྩིའི་ལྟ་བུ་ཐོབ་པ་འདི་གཞན་ལ་བསྟན་ཀྱང་གོ་བར་མི་འགྱུར་བ་ཞིག་གོ་དགོངས་ཏེ་ཐུགས་ཆུང་ངུར་གྱུར་པ་ན། ལྷ་ཚངས་པ་ཆེན་པོས་ཤེས་ཏེ་གསོལ་བ་བཏབ་པ་ནི། མ་ག་དྷར་ན་སྔོན་ཆད་ཆོསབྱུང་བ། །དག་པ་མ་ལགས་དྲི་མར་བཅས་པར་རྟོགས། །བདུད་རྩི་ཆོས་ཀྱི་སྒོ་ནི་ཕྱེ་མཛོད་ལ། །དྲི་མ་མེད་པའི་རྟོགས་པ་བཤད་པར་མཛོད། །ཅེས་ཞུས་པ་ལ། བཀའ་སྩལ་པ། བདུད་རྩིའི་སྒོ་ནི་བདགགིས་དབྱེ་བར་བྱ། །ཉན་པ་སུ་འདོད་སོམ་ཉི་གསོལ་ཞིག་དང༌། །ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། །གླན་ཀ་མི་བཙལ་མདོ་ཙམ་བཤད་པར་བྱ། །ཞེས་ཐུགས་ཀྱི་བཞེས་ཏེ། ཞག་བདུན་ཕྲགབདུན་པར་བབས་པ་ན་ད་ནི་ལྔ་སྡེར་དཀའ་བ་སྤྱོད་དུས་གུས་པ་དང་ལྡན་པ་ཡིན་པས། ཆོས་ཐོགམར་བསྟན་པར་བྱ་དགོངས་ནས།ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་གཤེགས།འཁོར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞིའི་ཆོས་འཁོར་བསྐོར་བར་མཛད་པ་ཡིན་པ་རེད། དེ་བཞིན་དུ་དཔལ་ལྡན་བླ་མ་དམ་པ་ལ་ཆོས་འཁོར་བསྐོར་བར་གསོལ་བ་འདེབས་དགོས་པ་དང་དེ་ལྟར་གསོལ་བ་བཏབ་ན་དགེ་བ་རྒྱ་ཆེན་པོ་གསོགས་ཐུབ་པས་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ་གསུངས་པའོ། །ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལྟར་བླ་མས་འགྲོ་བ་སེམས་ཅན་ལ་ཆོས་འཁོར་སྐོར་དགོས་པ་རེད།སྟོང་གསུམ་རིན་པོ་ཆེས་བཀང་ཏེ་སྦྱིན་པ་བྱིན་པ་བས་ཚིགས་སུ་བཅད་པ་གཅིག་གི་དོན་བསྟན་ན་ཕན་ཡོན་ཆེ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་རེད། བདག་ཅག་གི་སྟོན་པའི་བཀའ་གནམ་ལྕགས་རལ་གྲིས་བཅད་པ་དངགསུངས་རྡོ་རྗེ་ཐེག་པས་མདུད་པ་ལས་ལྷག་པའི་ཚད་མར་བྱེད་ཐུབ་པ་དང་ཡིད་སྟོན་ཐུབ་ས་མེད་པས་ན་སངས་རྒྱས་ཀྱི་གསུངས་མདོ་རྒྱུད་དུ་མ་ནས་ཆོས་འཁོར་བསྐོར་བར་བསྐུལ་བ་ལ་སོགས་པ་ཡན་ལག་བདུན་པ་བྱས་པ་ཡིན་ན་བསོད་ནམས་ཀྱི་ཚོགས་གསོག་ཐུབ་པར་གསུངས་པ་ལྟར་ཡིད་ཆེས་བྱེད་དགོས་པ་གལ་ཆེན་པོ་རེད།

དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི།འོད་གསལ་ལྷན་སྐྱེས་བདེ་བ།

དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི།འོད་གསལ་ལྷན་སྐྱེས་བདེ་བ་ཆེ། །

ཐམས་ཅད་སྟོང་པ་བླ་མ་ཡི། །དྲིན་གྱི་གསལ་བར་འགྱུར་བས་ན། །བདག་བྱིན་རླབས་པ་མ་རྙེད་ན། །ངལ་བ་འབྲས་མེད་དེ་བཞིན་དུ། །བླ་མས་ཕོངས་པ་སྔགས་དང་ནི། །ཕྱག་རྒྱ་རྙེད་པར་མི་འགྱུར་བས། །མྱ་ངན་མི་འདའ་བདག་གསོལ་འདེབས། །སྔར་གྱི་འོད་གསལ་སྒྱུ་ལུས་ཀྱིས་གཉིས་སྤེལ་མའི་ཚུལ་དུ་བསྒོམ་ནས་མཐར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཚན་མ་རྙེད་འོང༌། དེའི་ཚེ་བླ་མ་ལ་ཚོགས་འཁོར་འབུལ་བ་དང༌། དེ་ནས་འོད་གསལ་གྱི་གདམས་པ་ཞུས་ནས་སྒོམ་པའི་ཚེ་རྩ་རླུང་སེམས་ཀྱི་དྲི་མ་ཉོན་སྒྲིབ་ཀྱི་ཆར་གྱུར་པ་ཕྲ་མོ་དང་བཅས་པ་སྙིང་གར་མི་ཤིགས་པའི་ཐིག་ལེའི་ཆོས་ཉིད་དང་གཉུགས་སེམས་ལ་ཐིམ་པའི་ཚེ་འཆི་བ་འོད་གསལ་བརྒྱ་འགྱུར་གྱིས་ཤེད་ཆེ་བའི་ཁམས་དྲུག་ཐིམ་པའི་རྟགས་དྲུག་དང་སྣང་བ་མཆེད་པ་ཐོབ་པ་འོད་གསལ་ཏེ་སྟོང་བཞིའི་འོད་གསལ་ལྷན་སྐྱེས་བདེ་བ་ཆེན་པོ་ཤར་བའི་ཚེ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་མ་དག་སྒྱུ་ལུས་ཀྱི་མཚན་མ་དབྱིངས་སུ་ཡལ་བ་སྔགས་བླ་མེད་ཀྱི་མཐོང་ལམ་ཐོབ་པ་དོན་གྱི་འོད་གསལ་གྱི་རྟགས་ཐོབ་པ་ཡིན། དེ་འདྲའི་ཐམས་ཅད་སྟོང་པ་འོད་གསལ་བའི་རྟོག་པ་ཤར་བ་ནི་བླ་མ་རྡོ་རྗེ་འཆང་མཉེས་པར་བྱེད་པ་ཡིས་བཀའ་དྲིན་གྱིས་ཡིན་ཏེ་རང་རྒྱུད་འོད་གསལ་གྱི་རྟོགས་པ་གསལ་བར་འགྱུར་བ་བླ་མ་མཉེས་པ་ལ་རག་ལས་པ་ཆོས་ཉིད་ཡིན་པའི་ཕྱིར། མཉམ་བཞག་ལས་ལྡང་བའི་ཚེ་སྔོན་གྱི་འོད་གསལ་ལས་ལྡང་བའི་དག་པའི་སྒྱུ་ལུས་འགྲུབཔ་ཡིན་ཏེ། སྔགས་བླ་མེད་ཀྱི་མཐོང་ལམ་རྣམ་གྲོལ་ལམ་ཐོབ་པ་དང་དོན་གྱི་འོད་གསལ་ལས་ལྡང་བ་དུས་མཉམ་ཡིན་ལ། དེའི་ཚེ་གང་ཟག་དེ་ལུས་རག་པ་ལས་ལོགས་སུ་ཆུ་ལས་ཉ་ལྡང་བ་ལྟར་སྙིང་གར་མི་ཤིགས་པའི་ཐིག་ལེ་དེར་སྒྱུ་མའི་དཔེ་བཅོ་ལྔ་དང་ཆོས་མཚུངས་བའི་གསང་བ་འདུས་པའི་སྐུ་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་རྫོགས་པ་མངོན་སུམ་དུ་གྱུར་བ་ནི་བདག་བྱིན་གྱིས་རླབས་པའི་ཟུང་འཇུག་སྟེ། དེ་ལྟ་བུའི་ཐམས་ཅད་སྟོང་པ་ནི་བླ་མའི་དྲིན་གྱིས་རང་རྒྱུད་ལ་གསལ་བར་འགྱུར་བས་ན་སྟེ་ཐོབ་པ་ཡིན་ལ། ཐམས་ཅད་སྟོང་བ་དོན་གྱི་འོད་གསལ་ལས་ནི་དག་པའི་སྒྱུ་ལུས་འགྲུབ་པ་ཡིན་པས་བླ་མ་མ་མཉེས་ན་འོད་གསལ་མི་འགྲུབ།འོད་གསལ་མ་འགྲུབ་ན་བདག་བྱིན་རླབ་ཟུང་འཇུག་མི་ཐོབ།དེ་འདྲ་བདག་བྱིན་གྱིས་རློབས་པའི་ཟུང་འཇུག་གིརྟོགས་པ་དེ་མ་རྙེད་ན་ལམ་སྒྲུབ་པ་པོའི་གང་ཟག་དེས་མཆོག་སྒྲུབ་པའི་ལས་བྱས་པ་ངལ་བ་འབྲས་བུ་མེད་པར་འགྱུར་རོ། །དེ་བཞིན་དུ་བླ་མ་ལས་གདམས་ངག་མ་ཐོབ་པའི་ཕོངས་པ་དག་གིས་སྔགས་དང་ནི་སྔགས་ཀྱི་འབྲས་བུ་ཞི་རྒྱས་དབང་དྲག་གི་ལས་གང་ཡང་མི་འགྲུབ་པ་དང༌། སྡིག་མཛུབཀྱི་ཕྱག་རྒྱ་བསྟན་པ་ཙམ་གྱིས་ཞི་རྒྱས་སོགས་འགྲུབ་པ་ལྟ་བུར་རྙེད་པར་མི་འགྱུར་བས་ན་བླ་མ་རྡོ་རྗེ་འཆང་ཁྱེད་ནི་འཇིག་རྟེན་ཁམས་སུ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་མྱ་ངན་ལས་མི་འདའ་བར་བསྐལ་བརྒྱའི་བར་དུ་བཞུགས་པར་བདག་གིས་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་གསོལ་བ་འདེབས་ཞེས་གསོལ་བ་འདེབ་པ་ཡིན་ནོ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། བདག་བྱིན་བརླབ་པའི་ཏིང་འཛིན་དང༌། །དེ་བཞིན་འོད་གསལ་བ་ཡི་གནས། །རྒྱུ་དངའབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །བདག་བྱིན་བརླབ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་འགྱུར། །དེ་བས་རྡོ་རྗེ་སློབ་དཔོན་གྱིས། །དང་པོར་བདག་ལ་བྱིན་བརླབ་བསྟན། །འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་དང༌། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས། ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་རྙེད་པར་འགྱུར། །བླ་མ་སྨད་པའི་སེམས་ཅནརྣམས། །སྔགས་དང་ཕྱག་རྒྱ་རྙེད་མི་འགྱུར། །ཞེས་སོགས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དཔལལྡན་བླ་མ་དམ་པ་ཡིན་པའི་རྒྱུ་མཚན་གྱིས་བླ་མ་ལས་དབང་ལུང་ཁྲིད་གསུམ་ཞུ་དགོས་པ་དང༌།དཔལ་ལྡན་བླ་མ་སྨད་པའི་གང་ཟང་ལ་ཕྱག་རྒྱ་ཆེན་མོའི་མཆོག་གི་དངོས་གྲུབ་སོགས་ཐོབ་མི་ཐུབ་པར་གསུངས་པའོ། །དེ་ཡན་ཆད་ཡན་ལག་བདུན་པའི་ནང་གི་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་སོང་ཟིན་པ་རེད། སྤྱིར་རང་གི་དཔལ་ལྡན་བླ་མ་དམ་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ལ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་བ་མ་སྟོང་གི་བར་དུ་སྐུ་ཚེ་བསྐལ་བརྒྱའི་བར་དུ་བཞུགས་པར་གསོལ་བ་འདེབས་དགོས་པ་དང་རང་གི་དགེ་བའི་རྩ་བ་གང་བསགས་པ་ཡིན་ན་བསྟན་འཛིན་གྱི་སྐྱེས་བུ་ཇི་སྙེད་ཡོད་པ་དང་ལྷག་པར་དུ་དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་གི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་བསྔོ་བ་བྱས་ནས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་དགོས་པ་རེད་ཞུས་པ་ཡིན།

བདུན་པ་ལ་སྐྱབས་འགྲོ་དང་བསྔོ་བ་སྨོན་ལམ་གྱི་ཡན་ལག་དངོས།

བདུན་པ་ལ་སྐྱབས་འགྲོ་དང་བསྔོ་བ་སྨོན་ལམ་གྱི་ཡན་ལག་དངོས་དང་གཉིས།

དངཔོ་སྐྱབས་འགྲོ་ནི།མཐོ་རིས་གནས་སུ་ལྷ་ཡི་དབང༌། །ས་སྟེང་འཁོར་ལོ་སྒྱུར་བ་ཉིད། །ས་འོག་གདེངས་ཅན་བདག་པོའི་ཚུལ། །ཨོཾ་ཡིག་གཙང་མ་རིག་བྱེད་མཆོག །འགྲོ་བའི་བླ་མ་ཕ་མ་གཉེན། །གྲོགས་དང་མགོན་དང་བྱེད་པོ་དང༌། །སྐྱོན་འཇོམས་ཡོན་ཏན་ཀུན་གྱི་གནས། །རྡོ་རྗེའི་རྣལ་འབྱོར་ཅན་ལ་འདུད། །ཀུན་འགྲོའི་ཡེ་ཤེས་བརྟན་གཡོ་ཅན། །འགྲོ་འོང་མེད་པར་ཁྱབ་མཛད་པ། །སྐྱེས་བུའི་ཁྱུ་མཆོག་ཐུབ་དབང་པོ། །དབུལ་དང་མགོན་མེད་ཐམས་ཅད་ཀྱི། །སྐྱོབ་པ་ཡིད་བཞིན་ནོར་བུ་ལ། །མི་ཟད་འཁོར་བའི་འཇིགས་པ་བདག །འདི་ཕྱི་ཀུན་དུ་སྙིང་ཐག་པས། །སྒོ་གསུམ་དད་པས་ཁྱོད་བསྟེན་ནོ། །ཁྱབ་བདག་རྡོ་རྗེ་འཆང་དཔལ་ལྡན་བླ་མ་དམ་པ་ཁྱོད་ནི་མཐོ་རིས་ལྷའི་གནས་སུ་ལྷ་ཡི་དབང་པོ་ཚངས་པ་དང་བརྒྱ་བྱིན་ཁྱབ་འཇུག་སོགས་ཀྱི་གཟུགས་སུ་བསྟན་ནས་ལྷ་རྣམས་འདུལ་བར་མཛད་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་ནས། ཚངས་དང་ཁྱབ་འཇུག་འདོད་ལྷ་དབངཔོ་དང༌། །དབང་ཕྱུག་ལ་སོགས་ལྷ་ཡི་གཟུགས་སུའང་སྟོན། །ཞེས་གསུངས་པ་ལྟར་རོ། ། ས་སྟེང་གླིང་བཞི་ལ་དབང་བའི་གསེར་གྱི་འཁོར་ལོ་ཅན་ལ་སོགས་པ་མི་དབང་འཁོར་ལོ་སྒྱུར་བ་ཉིད་སྐྱེ་བ་བཞེས་ནས་སེམས་ཅན་གྱི་དོན་མཛད་པ་དང༌། ས་འོག་ཀླུ་ཡུལ་ནས་སྦྲུལ་གྱི་གདེངས་ཅན་ཐམས་ཅད་ཀྱི་བདག་པོའི་དགའ་བོ་དང་ཉེ་དགའ་སོགས་ཀླུ་ཆེན་བརྒྱད་ཀྱི་ཚུལ་བཟུང་བ་དང༌། ཨོཾ་ཡིགགཙང་མ་དྲི་མ་དང་བྲལ་བའི་དེའི་སྒྲ་གདངས་ལས་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་རྣམས་སྐྱེ་བར་འདོད་པའི་མུ་སྟེགས་བརྡ་སྤྲོད་པ་དག་གི་རྗེས་སུ་འཛིན་པའི་ཆེད་དུ་དེ་དག་གི་ལྷའིཚུལ་དུ་བཟུང་བ་དང༌། ངེས་བརྗོད། མཆོད་སྦྱིན།སྙན་ཚིག སྲིད་སྲུང་གི་རིག་བྱེད་བཞི་སྨྲ་བ་ཕྱི་རོལབྱེ་བྲག་པ་དང་རིག་པ་ཅན་གཉིས་སོགས་དང༌། གྲངས་ཅན་ལ་སོགས་དག་གི་གྲུབ་མཐའ་འམཆོས་ལུགས་ལས་མཆོག་ཏུ་སྨྲ་བ་མུ་སྟེགས་རིག་བྱེད་གྲུབ་མཐའ་སྨྲ་བའི་གྲུབ་མཐའ་བསྟན་པར་མཛད་པའི་སློབ་དཔོན་གྱི་ཚུལ་བཟུང་ནས་འགྲོ་དོན་མཛད་པ་དང༌། རྡོ་རྗེ་འཆང་དངོས་དཔལལྡན་བླ་མ་དམ་པ་ཁྱོད་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ལ་མ་བཅོལ་བཞིན་དུ་ཕན་བདེ་སྒྲུབ་པས་བླ་མ་དང༌། མཐོ་རིས་དང་ཐར་བ་དག་གི་ས་བོན་བསྐྲུན་པས་ཕ་ལྟ་བུ་དང༌། ཡོན་ཏན་གྱི་ལུསབསྐྱེད་པར་བྱེད་པས་མ་ལྟ་བུ་དང༌། ཐར་བའི་ལམ་ལ་ཁྲིད་པ་དང་གནོད་པའི་ལམ་ལས་སྐྱོབ་པར་བྱེད་པས་གཉེན་ལྟ་བུ་དང༌། སྡུག་བསྔལ་ལས་ཐར་བར་བྱེད་པའི་ལམ་སྒྲུབ་པའི་གྲོགས་ཡིན་པསགྲོགས་དང༌། དཔལ་ལྡན་བླ་མ་གང་ཉིད་སྡུག་བསྔལ་གྱིས་དབུགས་མ་འབྱུང་བ་རྣམས་དབུགས་དབྱུང་བར་བྱེད་པའི་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་མགོན་དང༌།བདེ་ལེགས་ཐམསཅད་ཀྱི་བྱེད་པོ་དང༌། མདོར་ན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དཔལ་ལྡན་བླ་མ་ཁྱོད་ནི་འགྲོབ་སེམས་ཅན་ཐམས་ཅད་ཀྱི་སྐྱོན་ཐམས་ཅད་འཇོམས་པའམ་ཞི་བར་བྱེད་པ་པོ་ཡིན་པ་དང༌། ཡོནཏན་ཆེ་སྐྱེ་ཆུང་སྐྱེ་ཐམས་ཅད་དཔལ་ལྡན་བླ་མས་གདམས་ངག་བརྩལ་བ་ལས་བྱུང་བས་ན་ཡོན་ཏན་ཀུན་གྱི་འབྱུང་གནས་ཡིན་པས་རྡོ་རྗེའི་རྣལ་འབྱོར་ཅན་སྟེ་བདེ་སྟོང་ཟུང་འཇུག་གི་དཔལ་ལྡན་བླ་མའི་སྐུ་ལ་སྒོ་གསུམ་གུས་པ་ཆེན་པོས་འདུད། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཀུན་ཏུ་འགྲོ་བའི་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་དེ་ནི་བརྟན་པ་སྣོད་ཀྱི་གཞལ་ཡས་ཁང་དང༌། གཡོ་བ་བཅུདཀྱི་ལྷ་སྐུའི་རྣམ་པ་ཅན་ཡིན་ཏེ། རྒྱུད་ལས། སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམཔ་ཅན། །ཕྲ་རབ་རྡུལ་གྱི་ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟིགས། །ཞེས་གསུངས་པ་ལྟར་བརྟན་གཡོ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པ་དང༌། དོན་དམ་ཁམས་བདེ་བར་གཤེགསཔའི་སྙིང་པོ་དེ་ཉིད་འགྲོ་དོན་རྫོགས་མཚམས་སུ་འགྲོ་བ་དང༌། གསར་དུ་འོང་བའམ་ལེན་པ་སོགསསྐྱེ་འགགས་མེད་པར་ཤེས་བྱའི་ཆོས་ཐམས་ཅད་ལ་ཁྱབ་པར་མཛད་པ་དང༌། དཔེར་ན་ཕྱུགསཐམས་ཅད་ཀྱི་ནང་ནས་ལམ་གྱི་སྣ་འདྲེན་པར་བྱེད་པ་ཁྱུ་མཆོག་ཡིན་པ་བཞིན་དུ་སྐྱེ་དགུ་ཐམས་ཅད་བླངས་དོར་གྱི་གསན་ཚུལ་བཞིན་དུ་སྟོན་པའི་སྒོ་ནས་མཐོ་རིས་དང་ཐར་བའི་ལམ་དུ་འདྲེན་པར་བྱེད་པ་པོ་སྐྱེས་བུའི་རྣམས་ཀྱི་ཁྱུ་མཆོག་སངས་རྒྱས་དང༌། དེ་ཉིད་སྒོ་གསུམ་གྱི་ཉོན་མོངས་པའི་དགྲ་ཐུབ་པ་དང་ལུང་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པས་ཐུབ་པའི་དབང་པོ་ཡིན་པ་དང༌།རྣམ་དཀར་གྱི་དགེ་བ་དང་ལོངས་སྤྱོད་མེད་པའི་དབུལ་ཕོངས་བའི་སེམས་ཅན་དང༌། སྡུག་བསྔལམནར་བའི་སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལས་སྐྱོབ་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཁྱབ་བདག་རྡོ་རྗེ་འཆང་ཁྱེད་ལ་གཏིང་མཐའ་མེད་པའི་གནས་སུ་སྡུག་བསྔལ་མྱོང་ཞིང་ཡུན་རིང་ལ་དོས་དྲག་པའི་སྡུག་བསྔལ་མི་བཟོད་ཅིང་ཁམས་གསུམ་འཁོར་བའི་མི་འདོད་པ་འདི་ལས་འཇིགས་ཤིང་སྐྲག་པའི་བློ་ཀུན་ནས་བླངས་ཏེ། བདག་དེང་ནསབཟུང་ཚེ་འདི་ཕྱི་ཀུན་ཏུ་སྙིང་ཐག་པ་ནས་སྒོ་གསུམ་དད་པས་དབང་གིས་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ་ཁྱོད་རང་གཞན་སེམས་ཅན་ཐམས་ཅད་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་སུ་བསྟེན་པ་ཡིན་ནོ། །ཞེས་དེ་ཡན་ཆད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དཔལ་ལྡན་བླ་མ་དམ་པ་ལ་འདུད་པ་དང་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་སུ་བསྟེན་པའི་སྐྱབས་འགྲོ་གསུངས་པའོ། །གཉིས་པ་བསྔོ་བ་སྨོན་ལམ་གྱི་ཡན་ལག་དངོས་ནི།རྡོ་རྗེའི་རིགས་ལ་སློབ་དཔོན་བཟུང་བ་ནི། །དམ་ཚིག་ཀུན་གྱི་རྩ་བར་ཡང་ཡང་གསུངས། །མྱོས་བྱེད་དམན་པའི་མཆོད་དང་སྦྱིན་སྲེག་ནི། །མར་དང་བྲལ་ན་འབྲས་མེད་རིགས་ཀྱི་ཆོས། །བཏང་བའི་མི་རིགས་དོན་མེད་དེ་ལྟ་བུར། །སློབ་དཔོན་དང་བྲལ་ཆོས་ཀྱང་དོན་མི་འགྲུབ། །དེ་ཕྱིར་དམ་ཚིག་ཀུན་ལས་ཁྱད་པར་དུ། །སློབ་དཔོན་དམ་ཚིག་འབད་ནས་བཟུང་བར་བགྱི། །དུས་དང་གནས་སྐབས་དག་ནི་ཐམས་ཅད་དུ། །དཔལ་ལྡན་བླ་མའི་འཕྲིན་ལས་བསྒྲུབ་པར་ཤོག །སྤྱིར་སངས་རྒྱས་ཀྱི་གཟུགས་སྐུ་འགྲུབ་པའི་རྒྱུ་དེ་མདོ་ཕར་ཕྱིན་ཐེག་པ་ལྟར་ན་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པ་དང༌། དེ་ཡང་ཚོགས་གཉིས་ལས་གཙོ་བོ་བསོད་ནམས་ཀྱི་ཚོགས་ལས་གཟུགས་སྐུ་འགྲུབ་པ་དང༌། གསང་བ་སྔགས་ལ་ནི་རྒྱུད་སྡེ་བཞི་ག་ལ་ལྷའི་གསལ་སྣང་སྒོམ་དུ་ཡོདཔས་ལྷ་སྒོམ་པ་གཟུགས་སྐུའི་རྒྱུ་ཡིན་ལ། ལྷའི་རྣལ་འབྱོར་དེ་ཐམས་ཅད་རིག་ལྔའི་དམ་ཚིག་བསྲུངབ་དང༌། དེའི་ཉམས་ལེན་ཡིན་ལ་དེའི་ནང་ནས་རྡོ་རྗེ་ཐེག་པའི་དམ་ཚིག་ནི་མི་བསྐྱོད་པའི་དམ་ཚིག་སྟེ་རྡོ་རྗེ་དྲིལ་བུ་བཟུང་བ་དང་ཕྱག་རྒྱ་ལྷའི་རྣལ་འབྱོར་སློབ་དཔོན་བཟུང་བའམ་སློབ་དཔོན་ཚུལ་བཞིན་དུ་བསྟེན་པ་དེ་རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན་ནོ། །དེའི་ཕྱིར་རྡོ་རྗེའི་རིགས་ལ་སློབ་དཔོནགྱི་དམ་ཚིག་དེ་ནི་སློབ་དཔོན་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས་སུ་བཟུང་བའི་སམ་ཚིག་ཡིན་པས་དེ་ནི་རིགས་ལྔའི་དམ་ཚིག་གཞན་ཀུན་ལས་ཀྱང་ཁྱད་པར་དུ་འཕགས་པ་མ་སྐྱེས་པ་རྣམས་སྐྱེས་པར་བྱེད་པ་དང༌། སྐྱེས་པ་རྣམས་གོང་འཕེལ་དུ་བྱེད་པས་དམ་ཚིག་ཀུན་གྱི་རྩ་བ་ཡིན་པརརྒྱུད་སྡེ་ཀུན་ལས་ཡང་ཡང་གསུངས་པའོ། །གསང་བ་སྔགས་ཀྱི་ཚོགས་འཁོར་ལ་སོགས་པ་མཆོདཔའི་སྐབས་མྱོས་བྱེད་དམན་པའི་ཆང་གི་མཆོད་པ་དང༌། སྦྱིན་སྲེག་གི་སྐབས་ནི་མར་དང་བྲལ་ན་འདོད་པའི་འབྲས་བུ་མི་འགྱུར་བའམ་མེད་པའི་རིགས་ཀྱི་ཆོས་ཡིན་ཕྱིར་རིགས་དེ་བཏང་བ་སྟེ་འདོར་བ་མི་རིགས་པར་དོན་མེད་པར་འདོད་པ་དེ་ལྟ་བུ་ནི་རྡོ་རྗེ་སློབ་དཔོན་གྱི་དམ་ཚིག་བཟུང་བ་དང་བྲལ་ན་ལེགས་པའི་ཆོས་གང་གིས་ཀྱང་དོན་མི་འགྲུབ་པའམ་འགྲུབ་པར་མི་འགྱུར་བ་ནི་གསང་བསྔགས་ཀྱི་མཆོག་ཐུན་གྱི་ལས་སྒྲུབ་པའི་རིགས་ཀྱི་ཆོས་ཡིན་ནོ། ། མདོར་ན་གསང་བ་སྔགསཀྱི་ཚོགས་འཁོར་གྱི་མཆོད་པ་འབུལ་བ་ཡིན་ན་མྱོས་བྱེད་དམན་པའི་ཆང་མེད་པ་དང་སྦྱིན་སྲེག་གི་སྐབས་སུ་བསྲེག་རྫས་མར་ལ་སོགས་པ་དང་བྲལ་བ་ཡིན་ན་འབྲས་བུའི་དོན་མི་འགྱུར་བ་བཞིན་དུ་སློབ་དཔོན་གྱི་དམ་ཚིག་བཟུང་བ་དང་བྲལ་ན་རང་གི་འདོད་དོན་འགྲུབ་མི་ཐུབ་པ་རེད། རྒྱུ་མཚནདེའི་ཕྱིར་ན་རིགས་ལྔའི་དམ་ཚིག་གཞན་ཀུན་ལས་ཁྱད་པར་དུ་འཕགས་པ་ནི་སློབ་དཔོན་གྱི་དམ་ཚིག་ཡིན་པས་འབད་པ་ཆེན་པོ་སྒོ་ནས་སློབ་དཔོན་གྱི་དམ་ཚིག་བཟུང་བར་བགྱིའོ། །དེ་ལྟར་ཡན་ལག་བདུན་པ་བྱས་པ་ལ་མཚོན་ནས་རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱི་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས་དུས་འཁོར་བ་མ་སྟོང་གི་བར་དང༌། གནས་སྐབས་དག་ནི་ལྷཡུལ་དུ་སྐྱེ་བ་དང་མིའི་སྐྱེ་བ་ལེན་པའི་ཚེ་མཐོ་དམན་དར་རྒུད་གང་བྱུང་བའི་དུས་ཐམས་ཅད་དུ་དཔལ་ལྡན་བླ་མའི་སེམས་ཅན་གྱི་དོན་སྒྲུབ་པ་དང༌། རྒྱལ་བའི་བསྟན་པ་སྤེལ་བའི་འཕྲིན་ལས་མལུས་པ་ཐམས་ཅད་བདག་གཅིག་པུས་བསྒྲུབ་པར་ཤོག་ཅིག་ཅེས་བསྔོ་བ་སྨོན་ལམ་བཏབ་པ་རེད།ཁྱོད་ཉིད་གང་ལ་མཉེས་པ་དེ་སྒྲུབ་ནས། །མི་བརྙེས་བྱེད་པ་ཐམས་ཅད་སྤངས་བར་ཤོག །ཁྱོད་ཉིད་དགྱེས་པར་གྱུར་ན་བདག་ཅག་རྣམས། །བྱང་ཆུབ་མཆོག་ཐོབ་ལས་ཀྱང་ལྷག་པ་ཉིད། །གལ་ཏེ་ཁྱེད་མི་མཉེས་ན་ཚེ་འདི་ལ། །བྱང་ཆུབ་ཐོབ་ཀྱང་དོན་མཆོག་འགའ་མ་མཆིས། །བདག་གཞན་དུས་གསུམ་དགེ་བ་མ་ལུས་པ། །གཅིག་ཏུ་བསྡུས་པའི་སྟོབས་ལས་ཚེ་འདི་ལ། །མཆོག་གི་དངོས་གྲུབ་དམ་པ་མངོན་གྱུར་ཞིང༌། །རྟག་ཏུ་བླ་མ་མཉེས་ཤིང་མཆོད་བྱེད་ཤོག །བདག་ཅག་འཁོར་བའི་བཙོན་རར་ཚུད་རྣམས་ལ། །འདྲེན་པ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །མོས་གུས་རྒྱུན་ཆད་མེད་པར་གསོལ་བ་འདེབས། །ཐུགས་རྗེས་གཡེལ་བ་མེད་པར་གཟིགས་སུ་གསོལ། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ་ཁྱོད་ཉིད་ཐུགས་གང་ལ་མཉེས་པ་དེ་ཐམས་ཅད་སྒྲུབ་ནས།ཐུགས་མི་བརྙེས་པར་བྱེད་པ་ཐམས་ཅད་སྤངས་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པ་རེད། དཔལལྡན་བླ་མ་དམ་པ་ཁྱོད་ཉིད་མཆོད་པ་གསུམ་གྱི་སྒོ་ནས་ཐུགས་དགྱེས་པར་གྱུར་བ་ནི་བདག་ཅག་གདུལ་བྱ་རྣམས་ཉན་རང་གི་བྱང་ཆུབ་དང་བྱང་ཆུབ་མཆོག་ཐོབ་པ་ལས་ཀྱང་ལྷག་པ་ཉིད་ཡིན་ལ། གལ་ཏེ་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ་ཁྱོད་ཀྱི་ཐུགས་མི་མཉེས་པར་གྱུར་ན་བདག་གི་ཚེ་འདི་ཉིད་ལ་བྱང་ཆུབ་སྟེ་ཉན་རང་དགྲ་བཅོམ་པའི་གོ་འཕང་སོགས་ཐོབ་ཀྱང་དེའི་སྐྱེ་དགུའི་རེ་འདོད་མ་ལུས་པ་སྐོང་བའི་དོན་མཆོག་འགའ་ཡང་མ་མཆིས་སོ། །བདག་དང་གཞན་དག་གིས་འདས་མའོངས་ད་ལྟ་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་མ་ལུས་པ་ཐམས་ཅད་གཅིག་ཏུ་བསྡུས་པའི་སྟོབས་ལས་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་གི་དམ་པ་མངོན་དུ་གྱུར་ཞིང༌།དུས་རྟག་ཏུ་དཔལ་ལྡན་བླ་མའི་ཐུགས་མཉེས་པར་བྱས་ཤིང་མཆོད་པ་རྒྱ་ཆེན་པོ་བྱེད་པར་ཤོག་ཅིག་ཅེས་བསྔོ་བ་མཛད་པ་རེད། བདག་ཅག་ལས་ཉོན་ལས་འཁོར་བའི་ཉེར་ལེན་གྱི་ཕུང་པོ་ལྔནི་འཁོར་བའི་བཙོན་ཁང་ལྟ་བུ་དང༌། ཕུང་པོ་ལྔའམ་བཞིའི་ཚོགས་པ་གང་ཟག་ཏུ་བཏགས་པའིང་ནི་བཙོན་པ་ལྟ་བུ་ཡིན་ལ། དེ་ལྟ་བུའི་བཙོན་རར་ཚུད་ནས་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་མྱོང་བ་རྣམས་ལ་དམ་པའི་ཆོས་ཀྱི་ཞི་བསིལ་ཐར་བའི་གྲོང་ཁྱེར་དུ་འདྲེན་པ་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཁྱོད་ལས་སྐྱབས་གཞན་མ་མཆིས་པས་དཔལ་ལྡན་བླ་མ་ཉིད་ཀྱི་སྐུ་གསུངཐུགས་ལ་མོས་གུས་དད་པ་དང༌། བཀའ་དྲིན་དྲན་པའི་གུས་པ་ཆེན་པོ་སྒོ་ནས་རྒྱུན་ཆད་པ་མེདཔར་གསོལ་བ་རྩེ་གཅིག་ཏུ་འདེབས་ཞེས་ཞུ་བ་འབུལ་བ་ལགས་ན། ཁྱེད་ཀྱི་ཐུགས་བརྩེ་བ་སྙིངརྗེ་ཆེན་པོས་སྒོ་ནས་དུས་སྐད་ཅིག་ཀྱང་གཡེལ་བ་མེད་པར་གཟིགས་སུ་གསོལ་ཞེས་པའོ། །རྡོ་རྗེ་སློབ་དཔོན་སྐུ་དང་བདག་གི་ལུས། །དབྱེར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ཅི་གསུང་སྒྲུབ་པ་དང༌། །གསུང་ངག་དབྱེར་མེད་རྡོ་རྗེའི་གསུང་ཐོབ་ཤོག །ཐུགས་ཀྱི་གསང་བའི་མཛོད་ཀུན་འཛིན་པ་དང༌། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །རྡོ་རྗེ་སློབ་དཔོན་ཁྱོད་ཀྱི་གཙང་བདེ་རྟག་བདག་གི་ཕ་རོལ་ཏུ་ཕྱིན་པའི་སྐུ་དེ་དང་བདག་གི་ལུས་གཉིས་དབྱེར་མེད་པར་དཔལ་ལྡན་བླ་མའི་སྐུ་ལྟ་བུའི་རྣམ་པ་ཐམས་ཅད་པའི་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས་ཤིག བདག་གིས་དུས་དང་གནས་སྐབས་ཐམས་ཅད་དུ་དཔལ་ལྡན་བླ་མའི་ཅི་གསུང་ཚུལ་བཞིན་དུ་སྒྲུབ་པ་དང༌། གསུངས་དེ་ཚུལ་བཞིན་དུ་སྒྲུབས་པའི་སྟོབས་ཀྱིས་ཐར་ཐུག་ཏུ་བླམའི་གསུང་དང་རང་གི་ངག་གཉིས་དབྱེར་མེད་པའི་དུས་དང་གནས་སྐབས་ཐམས་ཅད་དུ་ཆོས་ཀྱི་སྒོའི་མཐའ་ཡས་པ་ཅིག་ཆར་སྟོན་ནུས་པའི་རྡོ་རྗེའི་གསུང་ཐོབ་པར་ཤོག་ཅིག དཔལ་ལྡན་བླ་མའི་ཐུགས་ཀྱི་གསང་བའི་མཛོད་སྐྱེ་དགུའི་བདེ་སྐྱིད་སྤེལ་བ་དང༌། ལུང་རྟོགས་ཀྱི་བསྟན་པ་སྤེལབའི་འཕྲིན་ལས་ཀུན་འཛིན་པ་དང༌། མཐར་ཐུག་ཏུ་ཁྱོད་ཀྱི་ཐུགས་ཤེས་བྱའི་རྣམ་པ་མ་ལུས་པཅིག་ཆར་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དང་བདག་གི་ཡིད་གཉིས་དབྱེར་མེད་དུ་འདྲེས་པར་བྱིན་གྱིས་རླབས་དུ་གསོལ།བདེ་སྟོང་ཟུང་འཇུག་སྟོང་ཉིད་སྙིང་རྗེའི་ངང༌། །ཐབས་ཤེས་དབྱེར་མེད་བསྐྱེད་རྫོགས་ཟུང་འཇུག་མཆོག །སྐྱེ་མེད་འོད་གསལ་མངོན་སུམ་མཐོང་ཞིང་རྟོགས། །རྡོ་རྗེ་འཆང་དངོས་ཁྱོད་དང་མཚུངས་པར་ཤོག །བླ་མ་སངས་རྒྱས་དངོས་སུ་མཐོང་བ་དང༌། །ཞི་ལྷག་དབྱེར་མེད་ཏིང་འཛིན་རབ་འབྱམས་ཅན། །སྒོ་གསུམ་སྤྱོད་པ་རྣམ་དག་དྲི་མེད་ཀྱིས། །གཟུང་འཛིན་འཁོར་བའི་གནས་ལས་གྲོལ་བར་ཤོག །དཔལ་ལྡན་བླ་མ་དམ་པ་ཉིད་ཀྱི་ཐུགས་ལྷན་སྐྱེས་བདེ་བ་ཆེན་པོ་དང༌།རྣམ་ཀུན་མཆོག་ལྡནགྱི་སྟོང་ཉིད་གཉིས་དབྱེར་མེད་རོ་གཅིག་ཏུ་འདྲེས་པ་ཟུང་འཇུག་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོངབ་ཉིད་དང་བདེ་བ་ཆེན་པོའི་སྙིང་རྗེའི་ངང༌། ཐབས་བདེ་བ་ཆེན་པོའི་རང་བཞིན་ཡབ་དང་ཤེས་རབ་སྟོང་བ་ཉིད་རྟོགས་པའི་རང་བཞིན་ཡུམ་སྟེ་དེ་གཉིས་དབྱེར་མེད་པའི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ཟུང་འཇུག་མཆོག་དང༌། ཆོས་ཐམས་ཅད་བདེན་པའི་སྐྱེ་བ་མེད་པའི་གནསལུགས་འོད་གསལ་བའི་བདེ་བ་ཆེན་པོ་ཡེ་ཤེས་མངོན་སུམ་དུ་མཐོང་ཞིང་ཅི་ལྟ་བ་བཞིན་རྟོགས་པའི་སྒོ་ནས་བདག་ཀྱང་ཁྱབ་བདག་རྡོ་རྗེ་འཆང་དངོས་ཁྱོད་དང་མཚུངས་པར་ཤོག་ཅིག་ཅེས་པའོ། །ལམ་ཀུན་གྱི་རྩ་བ་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་དད་པ་དང༌། ལམ་དངོས་དགེ་བའིདམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང༌། དམིགས་ཡུལ་དེའི་དོན་སོ་སོར་འབྱེད་པའི་ལྷག་མཐོང་སྟེ་དེ་གཉིས་དབྱེར་མི་བྱེད་པའི་ཏིང་ངེ་འཛིན་འཇུག་སྒོ་བློ་ལྡོག་རྣམ་པ་བཞི་ལ་དམིགས་པའི་ཏིང་ངེ་འཛིན་དང༌། བདེན་བཞིའི་གནས་ལུགས་རྟོགས་པའི་ཏིང་ངེ་འཛིན་དང༌། ཕྱིན་དྲུག་རྟོགས་པའི་ཏིང་ངེ་འཛིན་དང༌། བྱང་ཆུབ་ཀྱི་སེམས་ལ་དམིགས་པའི་ཏིང་ངེ་འཛིན་དང༌། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་སོགས་ཏིང་ངེ་འཛིན་རབ་འབྱམས་ཅན་སྒོམ་པ་དང༌། ལུས་ཀྱི་བྱསྤྱོད་རྣམ་པར་དག་པ་དང༌། ངག་སྨྲ་བརྗོད་རྫུན་ཕྲ་མ་ཚིག་རྩུབ་ངག་ཁྱལ་མེད་པ་དང༌། ཡིད་རྣབ་སེམས་ཆགས་སྡང་རྨོངས་གསུམ་སོགས་མེད་པར་སྒོ་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་མ་འདྲེས་པ་རྣམ་པར་དག་པ་དང༌། རང་དོན་ཡིད་བྱེད་དང་བསྙེན་བཀུར་སྙན་གྲགས་སོགས་ཀྱི་བློའི་དྲིམེད་ཀྱིས་མཐུས་ལས་བདག་གཞན་སེམས་ཅན་ཐམས་ཅད་གཟུང་འཛིན་འཁོར་བའི་བཙོན་རའི་གནས་ལས་གྲོལ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པའོ། ། ཐེག་པ་ཆེན་པོ་ལམ་གྱི་ཡོན་ཏན་ས་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཉན་རང་གི་བསམ་ཡས་སྟེ་བསམ་ཡུལ་ལས་འདས་པ་བརྗོད་པའི་མཐའ་དང་བྲལ་བའི་རླབས་པོ་ཆེ་ལམ་གྱི་ཐབས་མཆོག་དཔག་ཏུ་མེད་པ་ལ་བརྟེན་ནས་ད་ལྟ་ཉིད་དུ་མཆོག་གི་དངོས་གྲུབ་སྐུ་བཞིའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་གི་གོ་འཕང་མྱུར་ཏུ་ཐོབ་ནས་སྤྲུལ་བ་གང་ལ་གང་འདུལ་གྱིས་ནམ་མཁའི་མཐར་ཐུག་པའི་འགྲོ་བ་སེམས་ཅན་རྣམས་ལ་ཐེག་པ་གསུམ་སོ་སོའི་རིགས་ཅན་རྣམས་དེའི་ལམ་ལ་བཀོད་པ་དང༌།གསང་སྔགས་བླ་མེད་ཀྱི་རིགས་ཅན་རྣམས་ལ་དེའི་ཐེག་པ་མཆོག་ལ་བཀོད་ནས་མྱུར་བ་མྱུར་དུགནས་སྐབས་ཀྱི་ཕན་པ་མངོན་མཐོ་ལྷ་མིའི་བདེ་བ་ནས་ས་བཅུའི་བདེ་བའི་བར་དང༌། མཐརཐུག་གི་བདེ་བ་རྡོ་རྗེ་འཆང་གི་གོ་འཕང་སྟེ་དེ་ལྟ་བུ་ཕན་བདེའི་ཕྱོགས་བཅུའི་ཞིང་ཀུན་ཁྱབ་པར་བྱིན་གྱིས་རློབས་ཞེས་པའོ། །དེ་ཡན་ཆད་ཡན་ལག་བདུན་པའི་ནང་གི་བདུན་པ་བསྔོ་བ་སྨོན་ལམ་གྱི་ཡན་ལག་བཤད་ཟིན་པ་རེད།གསུམ་པ་མཆོད་པ་རྒྱ་ཆེར་འབུལ་བ་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་དང་གསུམ། དངཔོ་ཕྱིའི་མཆོད་པ་ལ་བཅུ་གཉིས།

དང་པོ་ཉེར་སྤྱོད་བདུན་གྱི་མཆོད་པ་ནི།མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ།

དང་པོ་ཉེར་སྤྱོད་བདུན་གྱི་མཆོད་པ་ནི།མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང༌། །

མཆོད་ཡོན་བཀོད་པའི་འོད་ཟེར་རབ་རྒྱས་ཤིང༌། །མཆོད་ཡོན་སྣ་ཚོགས་ཀུན་དུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དཔལ་ལྡན་བླ་མ་མཆོད། །ཨོཾ་གུ་རུ་བུདྷ་བོ་དྷི་སྭཏྭ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ།དྲིམཆོག ཞལ་ཟས། སིལ་སྙན་སོགས་བརྗོད། ཨརྒྷཾ་གྱི་ཚབ་ཏུ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻཝི་ཏྱ། ཤབྟ་རྣམས་བཅུག་ནས་ཐོག་མཐའི་སྔགས་གོང་བཞིན། རིན་པོ་ཆེའི་གསེར་དངུལ་སོགས་ཀྱི་སྣོད་གྲངས་མེད་པའི་ནང་དུ་ལྷའི་བདུད་རྩི་ཡན་ལག་བརྒྱད་ལྡན་གྱི་ཆུ་གཙང་གི་མཆོད་ཡོན་ཕལ་ཆེ་བ་ནི་ནམ་མཁའི་ཁམས་ཐམས་ཅད་དུ་མཆོད་ཡོན་གྱི་བླ་རེ་ལྟ་བུ་དང༌། དེ་བཞིན་དུ་མཆོད་ཡོན་གྱི་གདུགས་དང་རྒྱལ་མཚན་བ་དན་སོགས་མཆོད་རྫས་སྣ་ཚོགས་ཀྱིས་རྣམ་པའི་བཀོད་པ་དང༌། ཡང་ཕལ་ཆེ་བ་མཆོད་ཡོན་ལས་གྲུབ་པའི་བར་སྣང་གི་ཁམས་ཐམས་ཅད་དུ་ཁང་བཟང་དང༌། སྐྱེད་མོས་ཚལ་དང་བཀྲ་ཤིས་རྟགས་བརྒྱད་རིན་ཆེན་སྣ་བདུན་དང་རྫས་བརྒྱད་རིན་པོ་ཆེ་སྣ་ཚོགས་ཉི་ཟླ་ལ་སོགས་པའི་བཀོད་པའི་འོད་ཟེར་རབ་ཏུ་རྒྱས་པར་བྱས་ཤིང༌། ཕལ་ཆེ་བ་མཆོད་ཡོན་ལས་གྲུབ་པའི་སངས་རྒྱས་ཀྱི་ཞིང་ལྟ་བུ་གསེར་གྱི་ས་གཞི་ལྗོན་ཤིང་ཆུ་མཚོ་ཆུ་བྱ་སོགས་མཆོད་རྫས་སྣ་ཚོགས་ཀྱིས་ཕྱོགས་ཀུན་ཏུ་གང་ཞིང་རིན་པོ་ཆེའི་བྱེ་མ་གྲམ་བུར་བདལ་བ་ཙནྡན་གྱི་དྲི་བསུང་ལྡང་ཞིང་མེ་ཏོག་གི་ཆར་འབེབས་པ་སོགས་ལྷ་མིའི་ལོངས་སྤྱོད་དཔག་ཏུ་མེད་པའི་བཀོད་པའི་རྣམ་པར་བཀྲམ་པར་བྱས་ནས། ལུང་རྟོགས་ཀྱི་ཡོན་ཏན་དང་ལྡན་པའི་བདག་ཉིད་ཆེན་པོ་ཁྱབབདག་རྡོ་རྗེ་འཆང་དཔལ་ལྡན་བླ་མ་དམ་པ་ལ་མཆོད་ཅེས་པའོ། །ཨོཾ་ནི་ཨ་ཨོ་མ་གསུམ་འདུས་པས་སྐུ་གསུང་ཐུགས་གསུམ་གྱི་བདག་ཉིད་དང་གུ་རུ་ནི་བླ་མ་སྟེ་རང་ལ་སངས་རྒྱས་ཀུན་ལས་ཀྱང་ཆོས་བསྟན་པའི་ཡོན་ཏན་གྱི་ཁུར་དུ་ལྕི་བའི་བླ་མ་དང༌། བུདྷ་ནི་སྒྲིབ་གཉིས་མཐའ་དག་ལསསངས་བ་དང་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་བློ་གྲོས་པདྨའི་འདབ་མ་ལྟར་རྒྱས་པའི་སངས་རྒྱས་དང་བོ་དྷི་ནི་སྤངས་བ་བྱང་ཆུབ་དང་རྟོགས་པ་བྱང་ཆུབ་སྟེ་འཕགས་པ་ཐོགས་མེད་ཀྱི་ས་སྡེ་ལས། བྱང་ཆུབ་ནི་རྣམ་པ་གཉིས་ཏེ་སྤངས་བ་དང་རྟོགས་པའོ། །ཞེས་གསུངས་པ་ལྟར་རོ། ། སྭ་ཏྭ་ནི་གཞན་དོན་ཁུར་དུ་ཁྱེར་བའི་སྙིང་སྟོབས་དང་ལྡན་པའམ་བླ་མེད་བྱང་ཆུབ་སྒྲུབ་པ་ལ་དཔའ་བས་སེམས་དཔའ་དང༌། ས་པ་རི་ཝཱ་ར་ནི་འཁོར་དང་བཅས་པ། བཛྲ་ནི་རྡོ་རྗེ། ཨརྒྷཾ་ནི་མཆོད་ཡོན་དེཉིད་གཙོ་བོ་ཞལ་དུ་འབུལ་བ་དང༌། པྲ་ཏཱིཙྪ་སོ་སོ་དང༌། པུ་ཛ་ནི་མཆོད་པ། མེ་གྷ་ནི་སྤྲིན།ས་མུདྲ་ནི་རྒྱ་མཚོ། སྥ་ར་ཎ་ནི་སྤྲོ་བ། ས་མ་ཡ་ནི་མི་འདའ་བའི་དམ་ཚིག ཤྲཱི་ནི་དཔལ་སྟེ་བདེ་སྟོང་ཟུངའཇུག་གི་བདག་ཉིད། ཧཱུཾ་ནི་ཐུགས་ཡེ་ཤེས་ལྔའི་རང་བཞིན་གྱི་སྒོ་ནས་བཞེས་པའི་དོན་ནོ། །དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་ཞབས་བསིལ་ལ་གྲུབ་པའི་ནམ་མཁའི་བླ་རེ་སྣ་ཚོགས་སོགས་གོང་ལྟར་འགྲེས། ཞབས་བསིལ་ནི་ཞབས་རྐང་ལ་འབུལ་བ་དང༌། མེ་ཏོག་དབུ་ལ་འབུལ་བ་དང༌།ཨ་ཀར་སོགས་དྲི་བཟང་གི་བདུག་སྤོས་ནི་ཤངས་ལ་འབུལ་བ་དང༌། ཉི་ཟླའི་ནོར་བུའི་འོད་སོགསསྣང་གསལ་སྤྱན་ལ་འབུལ་བ་དང༌། སྐུ་ལ་ཕྱུག་པའི་དྲི་བཟང་སྟེ་དྲི་ཆབ་ནི་ཐུགས་སྙིང་ག་ལ་འབུལབ་དང༌། བཟའ་བཏུང་སོགས་ཞལ་ཟས་རོ་བརྒྱ་ལྡན་པ་ལྗགས་ལ་འབུལ་བ་དང༌།པི་ཝཱང་གླིང་བུསིལ་སྙན་སོགས་སྙན་ཅིང་འཇེབས་པ་རོལ་མོའི་རིགས་སྙན་ལ་འབུལ་བ་མཆོད་ཡུལ་གྱི་ཐུགས་ལ་བདེ་སྟོང་ཟག་མེད་ཀྱི་ཡེ་ཤེས་ཁྱད་པར་ཅན་རེ་རེ་སྐྱེས་པས་མྱེས་ཤིང་ཚིམ་པར་མོས་པའོ།། ཨརྒྷཾ་གྱི་ཚབ་ཏུ། པཱདྱཾནི་ཞབས་བསིལ། པུཥྤེ་མེ་ཏོག དྷུ་པེ་བདུག་སྤོས། ཨཱ་ལོ་ཀེ་སྣང་གསལ། གནྡེདྲི་ཆབ། ནཻཝི་ཏྱ་ཞལ་ཟས། ཤབྟ་སིལ་སྙན་རྣམས་བཅུག་ནས་ཐོག་མཐའི་སྔགས་གོང་བཞིན་མཆོད།འདི་དག་ཡང་དཀོན་མཆོག་ཏ་ལ་ལའི་མདོ་ལས་བྱུང་བ་རྣམས་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་བླ་མཆོད་དུ་བཀོད་པ་ཡིན་ཏེ། དཀོན་མཆོག་ཏ་ལ་ལའི་མདོ་ལས། མེ་ཏོག་ཕལ་ཆེར་མེ་ཏོག་བླརེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཅེས་གསུངས་སོ། །

གཉིས་པ་གོས་ཀྱི་མཆོད་པ།

གཉིས་པ་གོས་ཀྱི་མཆོད་པ་ནི།

སྲབ་འཇམ་ཡངས་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་ལ་གསོལ། །མུ་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་བཛྲ་ཝསྟྲ་ཡེ་ཨཱ༔ཧཱུྃ་སྭཱཧཱ།མགོན་ཁྱོད་བཀྲེས་སྐྱེམ་མི་མངའ་ཡང༌། །འོ་ཐུག་བུར་ཁུ་བདུད་རྩིའི་ཆུ། །བཟའ་དང་བཅའ་བ་རྒྱ་ཆེན་པོ། །ཁ་དོག་དྲི་དང་རོ་ལྡན་པ། །ཐམས་ཅད་སྦྱར་བའི་བཤོས་ཀྱི་མཆོག །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། །གོས་བཟང་པོ་སྲབ་ཅིང་འཇམ་པ་ཡངས་པ་སོགས་ལྷ་ཡི་གོས་དར་ཟབ་སྣ་ཚོགས་སྤྲུལ་ནས་སྐྱེ་འཆི་བགྲེས་རྒུད་སོགས་ཀྱི་མི་བསྐྱོད་པ་སྟེ་བསྐྱོད་མི་ནུས་པའི་རྡོ་རྗེ་འཆང་གི་སྐུ་ལ་གསོལ་ལོ། ། སྒོགསུམ་མི་ཕྱེད་པའི་དད་པའི་སྒོ་ནས་བདག་གིས་འབུལ་བར་བྱས་ན་བདག་ཀྱང་རྡོ་རྗེ་འཆང་གི་སྐུ་ཐོབ་པར་ཤོག ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཞེས་པ་ཡན་གྱི་སྔགས་དོན་གོང་ལྟར་དང༌།ཨོཾ་བཛྲ་ནི་སྐུ་རྡོ་རྗེ་ཝསྟྲ་ཡེ་ནི་གོས་བཟང་དང༌། ཨཱ༔ནི་གསུང་རྡོ་རྗེ། ཧཱུཾ་ནི་ཐུགས་རྡོ་རྗེ། སྭཱ་ནི་ཡོནཏན་ཧཱ་ནི་འཕྲིན་ལས་ཀྱི་བདག་ཉིད་ཅན་གྱིས་བཞེས་པར་མཛོད་ཅིག་ཅེས་པའོ།། རྡོ་རྗེའི་འཆངའགྲོ་བའི་མགོན་པོ་ཁྱོད་ནི་བཀྲེས་པ་དང༌། སྐྱེམ་པ་སྟེ་སྐོམ་པ་མི་མངའ་ཡང༌། འགྲོ་བས་ཚོགསབསགས་པའི་ཆེད་དུ་འོ་མ་དང་འབྲས་སོགས་ཐུག་པ་བུ་རམ་གྱི་ཁུ་བ་ལྷའི་བདུད་རྩིའི་ཡན་ལག་བརྒྱད་ལྡན་གྱི་ཆུ་གཙང་དང༌། བཟའ་བ་རྩམ་པ་དང་མར་སོགས་དང་བཅའ་བ་ཤིང་ཏོག་གི་རིགསཐམས་ཅད་རྒྱ་ཆེན་པོ་སྤྲུལ་བ་དང༌། ཁ་དོག་སྣ་ཚོགས་དང་དྲི་ཕུན་སུམ་ཚོགས་པ་དང་རོ་བརྒྱ་དངལྡན་པ་དཀར་དམར་འབྲུ་སྨན་སོགས་ཐམས་ཅད་སྦྱར་བའི་བཤོས་ཀྱི་མཆོག་འདི༌། རྡོ་རྗེ་འཆངཆེན་པོ་འཕྲིན་ལས་དུས་ཀུན་ཐོག་མར་བཟང་བོ། བར་དུ་བཟང་པོ། ཐ་མར་བཟང་པོ་དང་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་དང་ལྡན་པ་བརྩེ་བས་སྒོ་ནས་བཞེས་སུ་གསོལ་ཞེས་པའོ། །དེ་ཡན་ཆད་གོས་ཀྱི་མཆོད་པ་འབུལ་བ་སོང་ཟིན་པ་རེད།

གསུམ་པ་རྒྱལ་སྲིད་སྣ་བདུན་གྱི་མཆོད་པ།

གསུམ་པ་རྒྱལ་སྲིད་སྣ་བདུན་གྱི་མཆོད་པ་ནི།

འཁོར་ལོ་ནོར་བུ་བཙུན་མོ་དམ་པ་དང༌། །བློན་པོ་གླང་བོ་རྟ་མཆོག་དམག་དཔོན་ཏེ། །རྒྱལ་སྲིད་རིན་ཆེན་སྣ་བདུན་དཔག་མེད་ཀྱང༌། །མངོན་པར་སྤྲུལ་ནས་བླ་མ་མཆོག་ལ་འབུལ། །རྒྱལ་སྲིད་སྣ་བདུན་ལས་འཁོར་ལོ་རིན་པོ་ཆེ་ནི་རྒྱུ་གསེར་ལས་གྲུབ་པ་རྩིབས་སྟོང་དང་ལྡན་པ་ལྷའི་བཟོ་བོས་བྱས་པའི་དཔག་ཚད་ལྔ་བརྒྱ་ཡོད་པ་འཁོར་སྒྱུར་གྱི་གོ་ས་ཐོབ་པ་ལ་ཉེ་བའི་ཚེ་ཤར་ཕྱོགས་ཀྱི་ནམ་མཁའ་ལས་བབས་པ་དང༌། འཁོར་ལོའི་སྟེང་དུ་འཁོར་བསྒྱུར་གྱི་དཔུང་ཚོགས་ཐམསཅད་ཤོང་བ་དང༌། རྒྱལ་པོའི་བསམ་པ་བཞིན་འདུག་སྙམས་ན་འདུག་པའམ་སྡོད་པ་དང༌། འགྲོབར་བསམ་ན་འགྲོ་བ་སོགས་ཡོན་ཏན་དུ་མ་དང་ལྡན་པའོ། །ནོར་བུ་རིན་པོ་ཆེ་ནི་སྔོན་ཚེ་ལོ་བརྒྱ་བའི་དུས་ཀྱི་མིའི་འགྲོ་བའི་བརླའི་ཚད་ཙམ་ཡོད་པ་ཕྱོགས་ཀུན་ཏུ་ཟུར་བརྒྱད་དང་ལྡན་པ་དགོས་འདོད་ལས་འབྱུང་བའོ། །བཙུན་མོ་རིན་པོ་ཆེ་ནི་འཁོར་བསྒྱུར་གྱི་བཙུན་མོ་སྟེ་ལུས་ལ་ཙནྡན་དང་ཁ་ལས་ཨུཏྤལའི་དྲི་འབྱུང་བ་ལ་སོགས་པ་བཙུན་མོའི་དམ་པ་དང༌། བློན་པོ་རིན་པོ་ཆེ་ནི་མཁས་ཤིང་གསལ་ལ་གཞུངས་པས་བྱ་བ་ཐམས་ཅད་མ་བསླབ་པར་ཤེས་ནས། རྒྱལ་པོའི་བསམ་པ་དངམཐུན་པར་སྒྲུབ་པ་ལ་སྐྱོ་བ་མེད་པའོ། །གླང་བོ་རིན་པོ་ཆེ་ནི་ཅང་ཤེས་ཤིང་བཀའ་ཉན་པ། ཆུ་དངསྐམ་དང་བར་སྣང་ལ་གཡུལ་འགྱེད་ཅིང་ཕ་རོལ་ལས་རྒྱལ་བར་བྱེད་པ་ཉིན་གཅིག་ལ་འཛམ་བུའི་གླིང་ལན་གསུམ་དུ་བསྐོར་བར་ནུས་པ་ལ་སོགས་པ་དང༌། རྟ་མཆོག་རིན་པོ་ཆེ་ནི་ཀུ་མུད་དང་དུངལྟར་དཀར་བ་གླང་པོ་དང་ཡོན་ཏན་མཚུངས་པ་ཞིག་དབང་པོས་གནང་སྟེ། རྟའི་རྒྱལ་པོ་སྤྲིན་གྱིཤུགས་ཅན་གྱི་བུ་ཐུ་བོར་གསུངས་སོ། །དམག་དཔོན་རིན་པོ་ཆེ་ནི་དཔའ་བཟང་འཕྲུལ་གསུམ་དང་ཕོ་རྩལ་སྣ་དགུ་འཛོམས་པ་སོགས་ཏེ་དེ་ལྟ་བུའི་རྒྱལ་སྲིད་རིན་ཆེན་སྣ་བདུན་དཔག་མེད་པ་དག་ཀྱངམངོན་པར་སྤྲུལ་ནས་བླ་མ་མཆོག་ལ་འབུལ་ཞེས་པའོ།། རྒྱལ་སྲིད་སྣ་བདུན་བཤད་པ་ནི།ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་ཚོགས་ཆོས་བདེན་བཞི་གསལ་བ་ལས། རིན་པོ་ཆེ་སྣ་བདུན་འབྱུང་སྟེ། དེ་ཚེས་བཅོ་ལྔ་ལ་ཁྲུས་བྱས་ནས་གསོ་སྦྱོང་ལགནས་ཤིང༌། བློན་པོའི་ཚོགས་ཀྱིས་བསྐོར་ཏེ་འདུག་པ་ན། ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོངདང་ལྡན་པ་ལྟེ་བ་མུ་ཁྱུད་དང་བཅས་པ་དག་ཅིང་གཙང་བ། བརྒྱ་བྱིན་གྱི་བཀས་བཟོ་བ་ལས་ཐམསཅད་པས་སྤྲུལ་ཏེ། རྒྱལ་ཆེན་བཞི་ལ་བརྒྱུད་ནས། ལྷའི་ཕོ་ཉ་བས་ཤར་ཕྱོགས་ནས་འབུལ་བརགསུངས་ཤིང༌། དྲན་པ་ཉེར་བཞག་ཏུ། གསེར་གྱི་འཁོར་ལོ་དཔག་ཚད་ལྔ་བརྒྱ་ཡོད་པ་རྩིབས་སྟོངརང་ལྡན་ཞིང་མཛེས་པ། ཉི་མ་གཅིག་གིས་ནམ་མཁའ་ལ་དཔག་ཚད་འབུམ་དུ་འགྲོ་བར་ནུསཔ། དེའི་མཐུས་གླིང་བཞི་དང་ལྷའི་རིས་སུ་ཡང་གླང་པོ་ལ་སོགས་པ་ཐམས་ཅད་འགྲོ་བ། རྒྱལཔོས་མ་ཐོབ་པ་ཐོབ་པར་བྱེད་ཅིང། འགྲན་ཟླ་སུ་ཡང་མེད་པར་བྱེད་པའོ། །ནོར་བུ་ནི་ཟུར་བརྒྱད་དང་ལྡན་པ། འོད་སྣ་ཚོགས་པ་འཕྲོ་ཞིང༌། མཚན་མོ་དཔག་ཚད་བརྒྱར་འོད་འབྱུང་བ་ཉིན་པར་ཚབ་ན་བསིལ་བར་བྱེད་ཅིང༌། སྐོམ་པ་ན་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་བ། རྒྱལ་པོས་ཅི་བསམཔ་ཐམས་ཅད་འབྱུང་ཞིང༌། ལས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་འགྲུབ་པ། དཔག་ཚད་བརྒྱདནད་མེད་པར་བྱེད་ཅིང༌། མྱ་ངན་དང་གཡང་སའི་ཡུལ་ཐམས་ཅད་ཀྱང་ལྗོན་ཤིང་དང་མཚེའུ་ལསོགས་པའི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་བ། མི་རྣམས་ལ་དུས་མ་ཡིན་པའི་འཆི་བམེད་པར་བྱེད་ཅིང་སྲོག་ཆགས་གདུག་པ་ཅན་གང་གིས་ཀྱང༌། གནོད་པ་མེད་པར་བྱེད་པ་ཞིགལྷའི་དབང་པོས་གནང་བར་འགྱུར་རོ། །བཙུན་མོ་ནི་ལུས་ལ་ཙནྡན་དང་ཁ་ལས་ཨུཏྤལའི་དྲི་འབྱུང་ཞིང༌། རེག་པ་ན་ཉོན་མོངས་པ་མེད་པར་འགྱུར་བ། གླིང་དེའི་བཀྲེས་སྐོམ་དང་མྱ་ངན་སེལ་བརབྱེད་ཅིང༌། རྒྱལ་པོས་མཐོང་བ་ན་གྲང་དུས་སུ་དྲོ་བ་དང། དྲོ་དུས་སུ་བསིལ་བར་བྱེད་པ། མ་དང་སྲིངམོ་ལྟར་ཐམས་ཅད་ཀྱི་བསམ་པ་དང་མཐུན་པ། ཁྱིམ་ཐབ་བུད་མེད་གཞན་དང་འགྲོགས་ཀྱང་ཕྲགདོག་མི་འབྱུང་ཞིང། འདོད་ཡོན་གྱི་དབང་དུ་མི་འགྱུར་བ་ཞིག་བློན་པོས་འབུལ་ཏེ་ཤི་འཕོས་ནས་ལྷར་སྐྱེ་བའོ། །བློན་པོ་ནི་མཁས་ཤིང་གསལ་ལ་གཞུངས་པས། བྱ་བ་ཐམས་ཅད་མ་བསླབ་པརཤེས་ནས། རྒྱལ་པོའི་བསམ་པ་དང་མཐུན་པར་སྒྲུབ་པ་ལ་སྐྱོ་བ་མེད་པ། མི་དགེ་བ་སྤངས་ཤིངསྐྱེ་རྒུ་ཐམས་ཅད་ལ་ཕ་མ་ལྟར་ཕན་འདོགས་པའོ། ། གླང་པོ་ནི་ཅང་ཤེས་ཤིང་བཀའ་ཉན་པ། ཆུདང་སྐམ་དང་བར་སྣང་ལ་གཡུལ་འགྱེད་ཅིང་ཕ་རོལ་ལས་རྒྱལ་བར་བྱེད་པ། ཉིན་གཅིག་ལ་འཛམབུའི་གླིང་ལན་གསུམ་དུ་བསྐོར་བར་ནུས་པ། རྐུད་པས་ཀྱང་དཀྲིར་རུང་ཞིང་རྒྱལ་པོས་ཞོན་པ་ནགང་འདོད་པར་བསྐུལ་མི་དགོས་པར་དལ་གྱིས་འགྲོ་བ་ཞིག་བརྒྱ་བྱིན་གྱི་བཀའ་གནང་བར་འགྱུར་ཏེ་གླང་པོ་རབ་བརྟན་གྱི་བུ་ཐུ་བོའི་ཞེས་སོ། །རྟ་མཆོག་ཀྱང་ཀུ་མུད་དང་དུང་ལྟར་དཀར་བ་གླང་པོ་དང་ཡོན་ཏན་མཚུངས་པ་ཞིག་དབང་པོས་གནང་སྟེ། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་བུ་ཐུབོར་གསུངས་སོ། །ཁྱིམ་བདག་ནི་ལོངས་སྤྱོད་ཆེ་ཞིང། ལྷའི་མིག་གིས་གཏེར་མཐོང་བ། བང་མཛོདཐམས་ཅད་རིན་པོ་ཆེས་འགེངས་ཤིང༌། །ནོར་གྱི་སྒོ་ནས་རྒྱལ་པོའི་དོན་སྒྲུབ་པ། །གཡོ་སྒྱུ་མེད་ཅིང་གཞན་ལ་མི་གནོད་པ། །སྐྱེ་བོ་ཐམས་ཅད་དགའ་བར་བྱེད་པའོ། ། རྒྱལ་པོ་སྲས་ཀྱིས། ཁྱིམ་བདགནི་མཛོད་ཀྱི་སྤྱན་ལྟ་བུ་དང་བློན་པོ་ནི་དམག་གི་སྤྱན་ལྟ་བུའོ། །ཞེས་གསུངས་སོ། །

བཞི་པ་ཉེ་བའི་རིན་ཆེན་བདུན་གྱི་མཆོད་པ།

བཞི་པ་ཉེ་བའི་རིན་ཆེན་བདུན་གྱི་མཆོད་པ་ནི།

རལ་གྲི་ལྤགས་པ་སྐྱེད་ཚལ་ཁང་ཁྱིམ་དང༌། །གཟིམས་ཆ་གོས་དང་མཆིལ་ལྷམ་རིན་པོ་ཆེ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་བཅས་ལ་འབུལ། །བཞེས་ནས་བདག་ལ་བྱིན་གྱིས་རླབས་དུ་གསོལ། །འཁོར་བསྒྱུར་གྱི་རལ་གྲི་རིན་པོ་ཆེ་ནི། གཅིག་ལས་གཅིག་ཏུ་བརྒྱུད་པ་འཁོར་བསྒྱུར་ཐོབ་པའིཚེ་ཕྱག་ཏུ་ཐོགས་པས་འཕྱར་བ་ཙམ་གྱིས་ས་འོག་གཏེར་མཐོང་བར་བྱེད་པ་དང༌། རྒོལ་བ་ཐམསཅད་འཇོམས་པའོ། །ལྤགས་པ་ནི་ཀླུའི་པགས་པ་ཆུར་དཔག་ཚད་བཅུ་དང་ཞེང་དུ་ལྔ་ཡོད་པ། ཆརགྱིས་མི་བརླན་ཞིང༌། རླུང་གིས་མི་བསྐྱོད་པ། གྲང་དུས་ན་དྲོ་ཞིང༌། དྲོ་དུས་ན་བསིལ་བར་བྱེད་པའོ། ། སྐྱེད་ཚལ་ནི་རིན་པོ་སྣ་ཚོགས་ཀྱི་ལྗོན་ཤིང་སྐྱེད་མོའི་ཚལ་ཡིད་དུ་འོང་བ་ཚ་བའི་ཚེ་བསིལ་བ་དང༌།གྲང་བའི་ཚེ་དྲོ་བར་བྱེད་པའི་ཡོན་ཏན་དུ་མ་དང་ལྡན་པའོ། །ཁང་ཁྱིམ་ནི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་ཁྱིམ་མཚན་ཉིད་དངལྡན་པའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་དང་གཟིམས་ཆ་གོས་སྣ་ཚོགས་དང་གང་འདོད་པ་ཙམ་གྱི་སླེབ་ནུས་པའི་མཆིལ་ལྷམ་རིན་པོ་ཆེ་སོགས་མཆོད་རྫས་གྲངས་མེད་པ་སྤྲུལ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་བཅས་ལ་འབུལ་བར་བྱས་པས་ཐུགས་རྗེ་དབང་གི་སེམས་ཅན་རྣམས་ཀྱིས་ཚོགས་བསགས་པའི་ཕྱིར་དུ་བཞེས་ནས་བདག་ལ་དཔལ་ལྡན་བླ་མ་ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ་གྱིས་བདག་གི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་རླབས་དུ་གསོལ། ཞེས་གསུངས་པ་རེད། ཉེ་བའི་རིན་ཆེན་བདུན་ཡང་ཆོས་རྗེ་ཀུན་མཁྱེནརིན་པོ་ཆེའི་ཚོགས་ཆོས་བདེན་བཞི་གསལ་བ་ལས། དེ་བཞིན་དུ། རལ་གྲི་པགས་པ་ཁང་པ་ཚལ། །མལ་ཆ་གོས་དང་ལྷམ་གྱི་མཆོག །ཅེས་ཉེ་བའི་རིན་པོ་ཆེ་བདུན་ཡང་འབྱུང་སྟེ། རྒྱལ་པོ་དང་འགལབར་བྱེད་འདོད་པ་དེར་སོང་ནས་མ་བཏབ་ཀྱང༌། ཀུན་གྱིས་འདུད་པར་བྱེད་པའི་རལ་གྲི་དང༌། ཀླུའིཔགས་པ་ཆུར་དཔག་ཚད་བཅུ་དང་ཞེང་དུ་ལྔ་ཡོད་པ། ཆར་གྱིས་མི་བརླན་ཞིང༌། རླུང་གིས་མི་བསྐྱོདཔ། གྲང་དུས་ན་དྲོ་ཞིང། དྲོ་དུས་ན་བསིལ་བར་བྱེད་པ། བུད་མེད་མི་སྡུག་པ་མི་མཐོང་ཞིང༌། ཉིཟླའི་འོད་སྣང་བའི་པགས་པ་དང༌། ཆུར་དཔག་ཚད་བཅུ་གཉིས་དང་ཞེང་དུ་དཔག་ཚད་བདུན་ཡོདཔ། རིན་པོ་ཆེ་དང༌། ཟླ་བ་དང་རྒྱུ་སྐར་རྣམས་ཀྱང་ལྟ་བར་འདོད་ན་དེ་ཉིད་དུ་འོང་བ། བདེ་བརགཉིད་དུ་འགྲོ་ཞིང་རྨི་ལམ་དགེ་བ་མཐོང་བ། གྲང་དུས་སུ་དྲོ་ཞིང་དྲོ་དུས་སུ་བསིལ་བའི་ཁང་པ་དང༌།ལྷ་རྫས་ཀྱི་མེ་ཏོག་དང༌། ལྗོན་ཤིང་ལ་སོགས་པས་བརྒྱན་ཅིང༌། ལྷའི་བུ་མོ་རྣམས་འོང་ནས། རོལམོ་སྣ་ཚོགས་པ་བྱེད་པ་དང༌། ལྷན་ཅིག་འདོད་ཡོན་ལ་རྩེ་བའི་ཚལ་དང༌། ཡངས་ཤིང་འཇམ་ལབསམ་གཏན་དང་མཐུན་པ། དེར་འདུག་ན་རྣམ་པར་གྲོལ་ཞིང༌། བློ་གསལ་ལ་ཀུན་ནས་ཉོན་མོངས་པ་མི་འབྱུང་བའི་མལ་ཆ་དང། ཐགས་བཟང་ཞིང་འཇམ་ལ་དྲི་མ་མེད་པ་གྱོན་པ་ན། ཚ་གྲང་དངབཀྲེས་སྐོམ་དང༌། ངལ་དུབ་ཀྱིས་མི་གནོད་ལ། མེས་མི་ཚུགས་ཤིང་མཚོན་གྱིས་མི་ཆོད་པའི་གོསདང༌། གོན་པ་ན་ཆུ་ལ་མི་བྱིང་ཞིང། ཡུད་ཙམ་གྱིས་དཔག་ཚད་བརྒྱར་འགྲོ་བ་ལ་ཡང་ངལ་བ་ཅུངཟད་ཀྱང་མི་འབྱུང་བའི་ལྷམ་རྣམས་སོ། །ཞེས་གསུངས་སོ། །

ལྔ་པ་ལྷ་མོའི་མཆོད་པ་ལྔ་འབུལ་བ།

ལྔ་པ་ལྷ་མོའི་མཆོད་པ་ལྔ་འབུལ་བ་ནི།

རྒྱལ་བ་རྣམས་ཀྱི་འདོད་འབྱུང་ལྷ་མོའི་ཚུལ། །གཟུགས་སྒྲ་དྲི་རོ་རེག་བྱའི་བདེ་སྟེར་མ། །མེ་ལོང་པི་ཝང་སྤོས་ཁང་བཟའ་བཏུང་སྣོད། །རས་ཕྲན་བཟང་དང་པདྨ་བྷཉྫ་ནཾ། །ཅང་ཏེའུ་སྒྲ་སྒྲོག་ཁ་ཊཱཾ་ལ་བསྟེན་མ། །དཀར་སྔོ་སེར་དང་དམར་དང་ལྗང་བའི་གཟུགས། །གཟུགས་མཛེས་དབྱངས་སྙན་དྲི་དང་བཅུད་ལྡན་མ། །བདེ་ལྡན་ལང་ཚོས་དྲེགས་པའི་སྨིན་ལེགས་མ། །ནམ་མཁའ་གང་བའི་བླ་མ་ལྷ་ཚོགས་མཆོད། །རྡོ་རྗེ་གུར་གྱི་རྒྱུད་ལས། རྒྱལ་བ་རྣམས་ཀྱི་འདོད་འབྱུང་ཞེས་གསུངས་པ་ལྟར་བདུད་བཞི་ལསརྒྱལ་བ་རྣམས་ཀྱི་སློབ་ལམ་གྱི་སྐབས་སུ་འདོད་དགུ་མ་ལུས་པ་འབྱུང་བའི་ཏིང་ངེ་འཛིན་ལ་མངའ་བརྙེས་པ་མཛད་པའི་འབྲས་བུ་ཡུལ་ལྔ་གཟུགས་སྒྲ་དྲི་རོ་རེག་བྱ་དག་པ་ལྷ་མོ་ལྔའི་ཚུལ་དུ་ཤར་བའི་གཟུགས་ལྷ་མོ་དཀར་མོ་ཞལ་གཅིག་ཕྱག་བཞི་མ་ཕྱག་དང་པོ་གཉིས་ཐུགས་ཀར་མེ་ལོང་འཛིན་པ། ཐ་མ་གཉིས་པདྨ་བྷཉྫ་ནཾ་ཞེས་པ་ཐོད་པ་བདུད་རྩིའི་གང་བ་དང་ཆོས་ཉིད་ཀྱི་སྒྲ་སྒྲོག་པའི་ཅངཏེའུ་དང་མཆན་ཁུང་དུ་རྡོ་རྗེ་མཚན་པའི་ཁ་ཊཱཾ་ལ་བསྟེན་པ་སྟེ་འཛིན་པའོ། །སྒྲས་ལྷ་མོ་སྐུ་མདོག་སྔོན་མོ་ཕྱག་གཉིས་ཀྱི་པི་ཝང་དང་ཅང་ཏིའུ་དང་ཁ་ཌཾ་འཛིན་པ་གོང་བཞིན་ནོ། །དྲིའི་ལྷ་མོ་སེར་མོ་ཕྱག་དང་པོ་གཉིས་ཨ་དཀར་སོགས་སྤོས་ཁང་ངམ་དྲིའི་དུང་ཆོས་འཛིན་པ་ཐ་མ་གཉིས་གོང་ལྟར་རོ། །རོ་ཡི་ལྷ་མོ་དམར་མོ་བཟའ་བཏུང་གི་སྣོད་དང་བཅས་པ་བཟུང་ཞིང་ཐ་མ་གཉིས་གོང་དང་འདྲ། རེག་བྱའི་ལྷ་མོ་ལྗང་ཁུ་རས་ཕྲན་གོས་བཟང་པོ་འཛིན་པ་ཐམས་ཅད་ཀྱང་ཞལ་གཅིགཕྱག་བཞི་སོགས་གོང་བཞིན་ནོ། །གཟུགས་ཀྱི་ལྷ་མོ་གཟུགས་མཛེས་པ། སྒྲའི་ལྷ་མོ་དབྱངས་སྙནཔ། དྲིའི་ལྷ་མོ་དྲི་བཟང་གི་ངད་དང་ལྡན་པ། རོའི་ལྷ་མོ་ཁ་ནས་སྦྲང་རྩིའི་བཅུད་ཀྱི་རོ་དང་ལྡན་མ།རེག་བྱའི་ལྷ་མོ་ལུས་ལ་རེག་པ་ཙམ་གྱིས་བདེ་བ་དང་ལྡན་པ་ལང་ཚོ་རྒྱས་ཤིང་ནུ་མ་འབུར་བ་བྷ་ག་ནས་དྲི་བཟང་གིས་ཁྱབ་པ་ཆགས་པའི་ཟུར་མིག་གཡོ་བ་དྲེགས་པའི་སྨིན་མ་ལེགས་མ་སོགས་ཡིད་དུ་འོང་བའི་ཡོན་ཏན་དུ་མ་དང་ལྡན་པ་ནམ་མཁའ་གང་བར་སྤྲུལ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་ཅེས་པའོ། །

དྲུག་པ་རིག་མ་བཅུ་དྲུག་འབུལ་བ།

དྲུག་པ་རིག་མ་བཅུ་དྲུག་འབུལ་བ་ནི།

བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་གསལ་མ། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །རྒོད་དང་སྒེག་དང་གླུ་ལེན་བྲོ་གར་མཁན། །མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་མ། །གཟུགས་མ་རོ་མ་རེག་མ་ཆོས་འབྱུང་མ། །བཅུ་དྲུག་དགའ་མའི་ཆ་ཤས་ཡོངས་རྫོགས་མ། །རྡོ་རྗེ་རིག་མ་དགའ་བས་རོལ་པ་འདིས། །ཧེ་རུ་ཀ་ཁྱོད་རྡོ་རྗེ་ཡིད་དགྱེས་མཛོད། །ལྷ་མོ་ཐམས་ཅད་ཀྱང་བདེ་བ་ཆེན་པོ་མཆོག་སྟེར་བའི་ཡེ་ཤེས་ཀྱི་སྒྱུ་མའི་གཟུགས་དང༌། ཡང་ན་ཆགས་སོགས་མེད་པའི་སྒྱུ་མའི་འཕྲུལ་ལྟར་ཕྱག་རྒྱ་ལོ་བཅུ་དྲུག་གི་ན་ཚོད་ཅན་གཟུགས་དང་ལང་ཚོ་སོགས་ལོངས་སྤྱོད་ཐམས་ཅད་ཡོངས་སུ་རྫོགས་པ་མཚན་དཔེ་གསལ་རྫོགས་ཀྱིས་བརྒྱན་པའི་རྡོ་རྗེ་རིག་མ།རྡོ་རྗེ་པི་ཝང་མ་སྔོན་མོ་ཕྱག་གཉིས་པི་ཝཾ་འཛིན་པ། རྡོ་རྗེ་གླིང་བུ་མ་སེར་མོ་ཕྱགགཉིས་གླིང་བུ་འཛིན་པ། རྡོ་རྗེ་རྔ་ཟླུ་མ་དམར་མོ་ཕྱག་གཉིས་རྔ་ཟླུམ་འཛིན་པ། རྡོ་རྗེ་རྫ་རྔ་མལྗང་མོ་ཕྱག་གཉིས་རྫ་རྔ་འཛིན་པ་ཅན། རྡོ་རྗེ་བཞད་པ་མ་དམར་མོ་རྒོད་པའི་གད་མོའི་སྒྲོགསཔ་དང༌། རྡོ་རྗེ་སྒེག་པ་མ་མཐིང་ག་ཕྱག་གཉིས་རྡོར་དྲིལ་བཟུང་ཞིང་སྒེག་པའི་ཕྱག་རྒྱ་ཅན་དང༌།རྡོ་རྗེ་དབྱངས་མཁན་མའམ་གླུ་མ་ནི་ལི་ཁྲིའི་མདོག་ཅན་བདེ་སྟོང་གི་གླུ་དབྱངས་སྣ་ཚོགས་ལེན་པ།རྡོ་རྗེ་གར་མ་མོ་ལྗང་མོ་བྲོ་གར་སྣ་ཚོགས་བྱེད་མཁན་དང༌། རྡོ་རྗེ་མེ་ཏོག་མ་དམར་མོ་མེ་ཏོག་གིའཕྲེང་བ་འཛིན་པ། རྡོ་རྗེ་བདུག་པ་མ་དཀར་མོ་ཕྱག་གཉིས་བདུག་སྤོས་ཀྱིས་གང་བའི་སྣོད་འཛིནཔ། རྡོ་རྗེ་སྣང་གསལ་མ་སེར་མོ་མར་མེ་འཛིན་པ། རྡོ་རྗེ་དྲི་མཆོག་མ་དཀར་མོ་དྲི་ཡི་དུང་ཆོསའཛིན་པ། རྡོ་རྗེ་གཟུགས་མ་དཀར་མོ་པི་ཝཾ་འཛིན་པ། རྡོ་རྗེ་རོ་མ་དམར་མོ་ཞལ་ཟས་འཛིན་པ།རྡོ་རྗེ་རེག་བྱ་མ་ལྗང་མོ་གོས་བཟང་འཛིན་པ། རྡོ་རྗེ་ཆོས་ཁམས་མ་སྔོན་མོ་ཆོས་འབྱུང་དཀར་པོའཛིན་པ་ཐམས་ཅད་ཀྱང་བཅུ་དྲུག་དགའ་མའི་རིག་མ་མཆོག་མཚན་ཉིད་ཀྱི་ཆ་ཤས་ཐམས་ཅད་ཡོངས་རྫོགས་པ་མ་རྡོ་རྗེ་རིག་མ་རྩེ་ཞིང་དགའ་བས་རྩེ་ཞིང་རོལ་པ་ནམ་མཁའི་གང་བར་སྤྲོས་པའི་མཆོད་པ་འདིས་ཧེ་རུ་ཀ་ནི་ཁྲག་འཐུང་སྟེ། གཉིས་སྣང་འཁྲུལ་བ་ཐམས་ཅད་ནི་ཁྲག་དང་དེ་གཉིསམེད་ཡེ་ཤེས་ཀྱི་ངང་དུ་ཐིམ་པ་ནི་འཐུང་བ་སྟེ། དེ་འདྲའི་ཧེ་རུ་ཀ་རྡོ་རྗེ་འཆང་ཁྱོད་རྡོ་རྗེ་ཡིད་དམ་ཐུགས་དགྱེས་པའི་སྒོ་ནས་བཞེས་པར་མཛོད་ཅིག་ཅེས་པའོ། ། རིག་མ་བཅུ་དྲུག་ཡང་བརྟག་པདང་པོའི་རྒྱུད་ལས། མེ་ལོང་པི་ཝང་གླིང་བུ་རྫ་རྔ་དང༌། །བཞད་མ་གླུ་མ་ཕྲེང་མ་གར་མ་དང༌། །རྫ་རྔ་ཆེ་དང་མེ་ཏོག་བདུག་སྤོས་དང༌། ། མར་མེ་དྲི་ཆབ་ཞལ་ཟས་སྣོད་འཛིན་དང༌། །གོས་དང་ཆོསའབྱུང་ལ་སོགས་འཛིན་པ་ཡི། །བཅུ་དྲུག་རིག་མ་ལྷ་མོ་རྣམ་སྒེག་ཅིང༌། །རོལ་པའི་ལག་པས་ཀུན་དུ་སྒྱུར་བ་ནི། །འོད་ཀྱི་སྣང་བས་སྤྲུལ་པ་སྣ་ཚོགས་པའི། ། མཆོད་པའི་སྤྲིན་གྱི་དྲ་བས་ཁྱབ་པ་དང༌། །དངོས་རྣམས་སྒྱུ་མ་ལྟ་བུར་སོ་སོར་ནི། །ཡང་དག་རིག་ཅིང་འཇིག་རྟེན་ལྟ་མཁས་པ། །རྟོག་པ་མ་ལུས་ཀུན་ལས་ངེས་གྲོལ་ཞིང༌། །མཆོག་ཏུ་བདེ་བ་བསྐྱེད་པའི་རྒྱུར་གྱུར་པ། །གཟུགས་ལ་སོགས་པ་ལྷ་མོ་རྣམས་དང་ནི། །དེ་བཞིན་ཕྱི་ཡི་དྲི་སོགས་ཐམས་ཅད་ཀྱིས། །རྒྱལ་བའི་དབང་པོ་རྣམས་ནི་ལེགས་མཆོད་ཅིང༌། །ཐ་དད་རྣམ་པར་རྟོག་ལས་ངེས་གྲོལ་བའོ། །ཞེས་གསུངས་སོ། །

བདུན་པ་མཆོད་པའི་རྣམ་གྲངས་སྣ་ཚོགས་འབུལ་བ་ནི།ཁྲུས་ཀྱི་རྫིང་བུ་དམ་པ།

བདུན་པ་མཆོད་པའི་རྣམ་གྲངས་སྣ་ཚོགས་འབུལ་བ་ནི།ཁྲུས་ཀྱི་རྫིང་བུ་དམ་པ་དང༌། །

རེག་ན་བདེ་བ་ལྷ་ཡི་གོས། །མཁའ་ལྡིང་ཁྱུ་མཆོག་རྨ་བྱ་དང༌། །གླ་བོ་རྟ་སོགས་ཐེག་པའི་མཆོག །དགོས་འདོད་འབྱུང་བའི་འདོད་འཇོའི་བ། །མ་རྨོས་འཁྲུངས་པའི་ལོ་ཏོག་དང༌། །དཔག་བསམ་ཤིང་དང་འབྲས་བུའི་མཆོག །བུམ་བཟང་ནམ་མཁའ་གང་བས་མཆོད། །རིན་པོ་ཆེའི་ཁྲུས་ཀྱི་ཁང་པ་གྲུ་བཞི་པ་ཀ་བ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་དྲི་བཟང་གི་ཆུས་ཁྱབ་པའི་རྫིང་བུ་དམ་པ་དང༌། ལུས་ལ་རེག་པ་ཙམ་གྱིས་བདེ་བབསྐྱེད་པའི་ལྷ་ཡི་གོས་དང༌། བྱའི་རིགས་ནམ་མཁའ་ལ་ལྡིང་བའི་བྱ་ཁྱུང་དང་རི་སྐེགས་ཁུ་བྱུགབཞད་པ་ཁྲུང་ཁྲུང་རྨ་བྱ་སོགས་དང༌། གཞན་ཡང་གླང་བོ་རིན་པོ་ཆེ་ནི་ཐལ་དཀར་མཆེ་བ་དྲུགདང་ལྡན་པ་གསེར་གྱི་དྲྭ་བས་གཡོག་པ་ནོར་བུ་སྣ་ཚོགས་ཀྱིས་སྤྲས་པ་དང༌། རྟ་མཆོག་རིན་པོ་ཆེནི་སྤུ་མདོག་རྨ་བྱའི་མགྲིན་འདྲ་ནོར་སྣ་ཚོགས་པས་བརྒྱན་པ་སོགས་རང་ཉིད་གང་འདོད་པའི་གནས་སུ་ཐེག་པའི་མཆོག་དང༌། སྤུ་ཉག་མ་རེ་རེ་ལས་ཀྱང་དགོས་འདོད་འབྱུང་བའི་འདོད་འཇོའི་བ་དང༌།མ་རྨོས་མ་བཏབ་པར་འཁྲུངས་པའི་འབྲས་སཱ་ལུ་སོགས་ལོ་ཏོག་ཕུན་སུམ་ཚོགས་པ་དང༌། དགོས་འདོད་ཐམས་ཅད་ཆར་བཞིན་འབེབས་པའི་དཔག་བསམ་གྱི་ལྗོན་ཤིང་དང་ནགས་ཚལ་མེ་ཏོག་སྣ་ཚོགས་དང༌། འབྲས་བུའི་མཆོག་དུ་མ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་གཏེར་བུམ་བཟང་པོ་སོགས་ནམ་མཁའ་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་གང་བར་སྤྲུལ་ནས་བླ་མ་ལྷ་ཚོགས་ལ་མཆོད་ཅེས་པའོ། །

བརྒྱད་པ་ལུས་ལོངས་སྤྱོད་དང་དུས་གསུམ་དུ་བསགས་པའི་དགེ་རྩ་ཀུན་འབུལ་བ།

བརྒྱད་པ་ལུས་ལོངས་སྤྱོད་དང་དུས་གསུམ་དུ་བསགས་པའི་དགེ་རྩ་ཀུན་འབུལ་བ་ནི།

བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཀུན་ཡང་འབུལ། །གསེར་དངུལ་མུ་ཏིག་བཻཌཱུརྱ། །རིན་ཆེན་ཞིང་རྣམས་བཀང་ནས་འབུལ། །བདག་གི་ལུས་དང་ལོངས་སྤྱོད་ཅི་མཆིས་པ་དང༌། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་མ་ལུས་པ་ཀུན་ཡང་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཁྱེད་ལ་འབུལ། གཞན་ཡང་གསེར་དང་དངུལ་དང་མུ་ཏིགདང་བཻཌཱུརྱ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་སངས་རྒྱས་ཀྱིས་ཞིང་རྣམས་བཀང་ནས་ཁྱེད་ལ་འབུལ།

དགུ་པ་རིན་པོ་ཆེ་རིགས་བདུན་འབུལ་བ།

དགུ་པ་རིན་པོ་ཆེ་རིགས་བདུན་འབུལ་བ་ནི།

དབང་སྔོན་རྡོ་རྗེ་པདྨ་དམར། །མརྒད་བྱུ་རུ་ཛམ་བུའི་གསེར། །ཟླ་ཤེལ་རིན་ཆེན་བདུན་གྱི་རི། །ཞིང་གི་རྡུལ་རྙེད་དབུལ་བར་བགྱི། །རིན་པོ་ཆེའི་ཨིནྡྲ་ནཱི་ལའམ་དབང་སྔོན་དང་རྡོ་རྗེ་ཕ་ལམ་དང་པདྨ་རཱ་ག་དམར་པོ་དང༌། མརྒདལྗང་ཁུ་དང༌། བྱུ་རུ། ཛམ་བུའི་ཆུ་བོའི་གསེར་དང༌། ཟླ་འོད་ཕོག་ན་ཆུ་འབྱུང་བའི་རིན་པོ་ཆེ་རྡོ་རིགསདཀར་པོ་དྭངས་ཤིང་གསལ་ལ་འོད་འཚེར་བ་ཟླ་བ་ཆུ་ཤེལ་གྱི་ནོར་བུ་རིན་པོ་ཆེ་བདུན་གྱི་རི་ལ་སོགས་པ་དངོས་པོ་བཟང་ལ་གྱ་ནོམ་པ་ཅི་ཡོད་པ་ཐམས་ཅད་ཞིང་གི་རྡུལ་ཅི་སྙེད་པའི་གྲངས་དང་མཉམ་པར་སྤྲུལ་ནས་རྡོ་རྗེ་འཆང་ཁྱེད་ལ་དབུལ་བར་བགྱིའོ། །

བཅུ་པ་མེ་ཏོག་སྣ་ཚོགས་འབུལ་བ།

བཅུ་པ་མེ་ཏོག་སྣ་ཚོགས་འབུལ་བ་ནི།

ཨུཏྤལ་པདྨ་ཁ་དོག་ལྔ། །ཛཱ་ཏི་ཁ་དོག་རྣམ་པ་གསུམ། །མེ་ཏོག་ཀརྞི་ཀ་ར་དང༌། །མ་ལི་ག་དང་ཡུ་ཐི་ཀ།མེ་ཏོག་ཀ་ར་ཝི་ར་ཡང༌། །བསམ་གཏན་སྟོབས་ཀྱིས་ཁྱེད་ལ་འབུལ། །མེ་ཏོག་ཨུཏྤལ་སྔོན་པོ་སོགས་ཁ་དོག་ལྔ་བ་དང༌། པདྨའི་ཁ་དོག་ལྔ་པ་དང༌། ཛཱ་ཏིའི་མེ་ཏོག་ཁ་དོགརྣམ་པ་གསུམ་དང༌། མེ་ཏོག་ཀརྞི་ཀ་ར་དང༌། མ་ལི་ག་དང་ཡུ་ཐི་ཀ་དང༌། མེ་ཏོག་ཀ་ར་ཝི་ར་ལསོགས་པའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ཡོད་པ་དེ་སྙེད་དུ་མེ་ཏོག་ཡིད་འོང་གི་དངོས་པོ་གང་ཡོད་པ་ཐམས་ཅད་ཡངབདག་གི་ཡིད་ཀྱིས་སྤྲུལ་བའི་བསམ་གཏན་སྟོབས་ཀྱིས་ཁྱབ་བདག་རྡོ་རྗེ་འཆང་དངོས་འཁོར་དང་བཅས་པ་ཁྱེད་རྣམས་ལ་འབུལ།

བཅུ་གཅིག་པ་མི་འཇིགས་པ་སེངྒེ་ཁྲི་སོགས་གདན་དང་རྒྱན་འབུལ་བ།

བཅུ་གཅིག་པ་མི་འཇིགས་པ་སེངྒེ་ཁྲི་སོགས་གདན་དང་རྒྱན་འབུལ་བ་ནི།

མི་འཇིགས་སེངྒེ་རིན་ཆེན་ཁྲི། །པདྨ་ཉི་ཟླའི་གདན་མཆོག་དང༌། །རྣ་རྒྱན་དང་ནི་གདུ་བུའམ། །མགུལ་རྒྱན་སོར་གདུབ་དམ་པ་དང༌། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །དབུ་རྒྱན་དར་དཔྱངས་དོ་ཤལ་བཅས། །རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་ནག་དང་སེར་སྐྱ་དང༌། །དེ་བཞིན་གོས་ནི་སྣ་ཚོགས་དང༌། །མེ་ཏོག་ཕྲེང་བ་དུ་མ་དང༌། །བླ་བྲེ་དག་དང་དར་དཔྱངས་པའི། །མདའ་དང་ཡོལ་བས་ཤིན་དུ་མཛེས། །དེ་བཞིན་བཟའ་བཅའ་བཏུང་བ་ཡི། །རབ་མཉམ་བཞག་པས་མཆོད་པར་བྱ། །མི་འཇིགས་པ་བཞིའི་མཚོན་དོན་སེངྒེ་བཏགས་པའི་རིན་པོ་ཆེ་ཁྲི་གྲངས་མེད་པ་དང༌། འཁོརབའི་སྐྱོན་གྱིས་མ་གོས་པའི་པདྨའི་གདན་དང༌། མ་རིག་པའི་མུན་པ་སེལ་བའི་ཉི་མའི་གདན་དང༌།ཉོན་མོངས་པའི་ཚ་གདུང་སེལ་བའི་ཟླ་བའི་གདན་མཆོག་ཏུ་གྱུར་བ་དང༌། ཕྱིན་དྲུག་མཚོན་པའིརིན་པོ་ཆེའི་རྣ་རྒྱན་དང་ནི་གདུ་བུའམ་རིན་པོ་ཆེའི་མགུལ་རྒྱན་དང༌། རིན་པོ་ཆེའི་སོར་གདུབ་དང༌།རིན་པོ་ཆེའི་རྐང་གདུབ་དམ་པ་དང༌། གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས་དང༌། ཕུང་པོ་ལྔརིགས་ལྔར་གནས་གྱུར་པས་རིན་པོ་ཆེའི་དབུ་རྒྱན་དང༌། དར་དཔྱངས་དང༌། དོ་ཤལ་དང་བཅས་པ་དང༌། གཞན་ཡང་རྒྱལ་མཚན་དམར་པོ་དང༌། དེ་བཞིན་དུ་སེར་པོ་དང༌། དཀར་པོ་དང་ནགཔོ་དང་སེར་སྐྱ་ལ་སོགས་པ་གྲངས་མེད་སྤྲུལ་བ་དང༌། དེ་བཞིན་གོས་ནི་དཀར་གསེར་དམར་ལྗང་ལ་སོགས་པ་སྣ་ཚོགས་དང༌། ཨུ་དུམ་ཝ་རའི་མེ་ཏོག་སོགས་ཀྱི་ཕྲེང་བ་དུ་མ་དང༌། དཀྱིལ་འཁོརགྱི་རྒྱན་རིན་པོ་ཆེའི་བླ་བྲེ་སྣ་ཚོགས་དག་དང༌། དར་དཔྱངས་པའི་ཕན་གདུགས་དང༌། ཐབསཤེས་ཀྱིས་མ་རིག་པ་འབིག་པར་མཚོན་པའི་མདའ་དུ་མ་དང༌། ཡོལ་བའི་ཁ་ཏོག་ཤིན་དུ་མཛེས་པ་དུ་མ་དང༌། དེ་བཞིན་དུ་བཟའ་བ་དང་བཅའ་བ་བཏུང་བའི་རིགས་སྣ་ཚོགས་པ་ཚོགས་ཞིང་གི་གྲངས་དང་རབ་ཏུ་མཉམ་པར་མདུན་དུ་བློས་དམིགས་པའི་བཞག་ཏེ་མཆོད་ཡུལ་དཔལ་ལྡན་བླ་མ་ཁྱབ་བདག་རྡོ་རྗེ་འཆང་དང་རྒྱལ་བ་སྲས་དང་བཅས་པ་དེ་དག་ལ་མཆོད་པར་བྱའོ། །

བཅུ་གཉིས་པ་མཆོད་པ་སྣ་ཚོགས་བསྡུས་ནས་མཆོད་པ།

བཅུ་གཉིས་པ་མཆོད་པ་སྣ་ཚོགས་བསྡུས་ནས་མཆོད་པ་ནི།

གསེར་ནི་བརྒྱ་སྟོང་དུ་མ་དང༌། །རིན་ཆེན་རྣམ་པ་སྣ་ཚོགས་དང༌། །རས་ནི་ཟུང་གྱུར་བརྒྱ་ཉིད་དང༌། །གླང་བོ་རྟ་དང་ཡུལ་འཁོར་དང༌། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་དང༌། །བློ་ལྡན་ཀུན་ནས་དང་བ་ཡི། །བདག་ཉིད་ཀྱང་ནི་དབུལ་བར་བགྱི། །གསེར་གྱི་རིགས་ས་གསེར་དང་ཆུ་གསེར་དང་རྡོ་གསེར་དང་ཤིང་གསེར་ལ་སོགས་པ་དང༌། དགཔའི་ཞིང་གསེར་གྱི་རིགས་མི་འདྲ་བ་ནི་བརྒྱ་སྟོང་དུ་མ་ཡོད་པ་རྣམས་དང༌། རིན་པོ་ཆེ་རྣམ་པ་སྣཚོགས་ཅི་ཡོད་པ་དང༌། རས་ནི་ཟུང་གྱུར་སྟེ་སྟོད་གཡོག་དང༌། སྨད་གཡོག་གི་རྒྱུ་རས་སྣ་ཚོགསཔ་དཀྱིལ་འཁོར་གྱི་མཐའ་ལས་རས་ནི་ཟུང་དུ་འགྱུར་བ་བུབ་བརྒྱ་ཉིད་མཆོད་པའི་ཕྱིར་དུ་སྤུང་བ་སྟེ། མངོན་བརྗོད་བླ་མའི་རྒྱུད་ལས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དྲི་དང་མེ་ཏོག་དེབཞིན་སྤོས། །ཆོ་ག་བཞིན་དུ་དེ་བཞིན་མཆོད། །མར་མེ་བརྒྱ་ཡང་དབུལ་བྱ་ཞིང། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གནས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད། །རྒྱལ་མཚན་དམར་དང་དེ་བཞིན་སེར། །ཞེས་པ་ནས་རས་ནི་ཟུང་འགྱུར་ཞེས་པ་ལྟར་རས་ཟུང་བུབ་བརྒྱ་སྟོང་དུ་མ་དང༌། གླང་བོ་ཆེ་དང་རྟ་མཆོག་དང་འཁོར་བསྒྱུར་གྱི་ཡུལ་ལྗོངས་འཁོར་གཡོག་དུ་མ་དང༌། རང་གི་ཆུངམ་བཟང་པོ་དང་བུ་མོ་ཉིད་དང༌། བྲན་ཕོ་དང༌། བྲན་མོ་དང༌། སྲིང་མོ་ལ་སོགས་པ་མཆོད་པའི་རྣམགྲངས་དེ་དག་ཐམས་ཅད་དང༌། གཞན་ཡང་བདག་གཅེས་པར་འཛིན་པ་དང་སེར་སྣ་ལ་སོགསཔ་སྤང་བའི་འཁོར་གསུམ་བདེན་སྟོང་དུ་རྟོགས་པའི་བློ་གྲོས་དང་ལྡན་ཞིང་མ་དད་པ་ལ་སོགས་པའི་རྙོགས་པ་དང་བ་ཡི་ཀུན་ནས་བསླངས་སྟེ་བདག་ཉིད་ཀྱི་ལུས་ཀྱང་ནི་ཁྱེད་ལ་དབུལ་བར་བགྱི་ཅེས་པ་སྟེ། དཔལ་སཾབྷོ་ཊའི་རྒྱུད་ལས། དེ་ནས་ཕྱག་འཚལ་མཆོད་ནས་ནི། །བླ་མ་ལ་ནི་ཡོན་རྣམས་དབུལ། །གསེར་ནི་སྟོང་ཕྲག་བརྒྱ་དང་ནི། །རིན་ཆེན་རྣམ་པ་སྣ་ཚོགས་དང༌། །གོས་ནི་ཟུང་འགྱུར་བརྒྱ་ཉིད་དང། །གླང་པོ་རྟ་དང་ཡུལ་འཁོར་ཉིད། །རྣ་ཆ་དང་ནི་རྐང་གདུབ་དང། །ནོར་བུ་དང་ནི་སོར་གདུབ་མཆོག །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །རང་གི་ཆུང་མ་བུ་མོ་དང། །བྲན་ཕོ་བྲན་མོ་སྲིང་མོ་ཉིད། །ཕྱག་འཚལ་ནས་ནི་དབུལ་བར་བྱ། །བདག་གི་དངོས་པོ་ཐམས་ཅད་ཀྱིས། །བློ་དང་ལྡན་པས་བླ་མར་དབུལ། །དེ་རིང་ཚུན་ཆད་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ཞེས། །དེ་ལྟར་ཞུ་བ་བྱས་གྱུར་པས། །མངོན་པར་འདོད་པའི་གནས་ཐོབ་ནས། །ད་ནི་སངས་རྒྱས་ཐམས་ཅད་ཀྱིས། །བདག་ལ་བཀའ་དྲིན་ལེགས་པར་སྐྱོབས། །ཞེས་གསུངས་སོ། །

གཉིས་པ་ནང་གི་མཆོད་པ།

གཉིས་པ་ནང་གི་མཆོད་པ་ནི།

བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །སྒྲོན་མ་ལྔ་ཡི་བཟའ་བ་ནི། །སངས་རྒྱས་ཀུན་གྱི་དམ་ཚིག་གཙོ། །ཉེས་བྲལ་ཞི་བའི་བཏུང་བ་མཆོག །སྦྲང་རྩི་བུ་རམ་འབྲུ་དང་ཤིང༌། །བཅོས་པའི་མྱོས་བྱེད་རྣམ་པ་ལྔ། །ཤེས་རབ་རང་བཞིན་དབུལ་བར་བགྱི། །ཐོད་པའི་སྣོད་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་དམ་རྫས་དཔག་ཏུ་མེད་པ་སྦྱང་སྤེལ་སྦར་གསུམ་གྱི་སྒོ་ནས་ཨོཾ་སྐུ་རྡོ་རྗེ་ཞུ་བ་ལས་བྱུང་བའི་དངུལ་ཆུ་ལྟར་དཀར་བ་དང༌། ཨཱཿགསུངརྡོ་རྗེ་ཞུ་བ་ལས་པདྨ་ར་ག་ལྟར་དམར་བ་དང༌། ཧཱུཾ་ཐུགས་རྡོ་རྗེ་ཞུ་བ་ལས་བེ་ཌཱུརྱ་ལྟར་སྔོ་བ་དང༌།དེ་དག་བདེ་སྟོང་གི་ཡེ་ཤེས་ལས་གྲུབ་པའི་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་རླབས་ཏེ་འབུལ་བ་སྟེ།བདུད་རྩི་ལྔ་ནི། བྱང་སེམས། དྲི་ཆུ། དྲི་ཆེན། རཀྟ། གླད་པའམ་རྐང་དམར་སྟེ་བདུད་རྩི་ལྔ་ཡི་བཟའབ་ནི་རང་ཉིད་ཡུམ་ལྔའི་གཟུགས་སྐུ་འགྲུབ་པ་དང་ཐུན་མོང་གི་དངོས་གྲུབ་བརྒྱད་དང་མཆོག་གི་དངོས་གྲུབ་ཀུན་གྱི་དེ་ཉིད་རང་རྒྱུད་ལ་འགྲུབ་པར་བྱེད་པའི་ཐབས་མཆོག་དང༌། ཤ་ལྔ་ནི། མིའིཤ། བ་གླང་གི་ཤ། རྟའི་ཤ། གླང་པོ་ཆེའི་ཤ། ཁྱིའི་ཤ་སྟེ་སྒྲོན་མ་ལྔ་ཡི་བཟའ་བ་ནི་སངས་རྒྱས་སྟེརྒྱལ་བ་རིགས་ལྔ་ཀུན་གྱི་རང་ཉིད་ལྷའི་གསལ་སྣང་མ་སྐྱེས་པ་སྐྱེས་པར་བྱེད་པ་དང་མཐར་ཐུག་གི་གཟུགས་སྐུ་འགྲུབ་བྱེད་ཀྱི་དམ་ཚིག་གི་རྫས་ཀྱི་གཙོ་བོ་ཡིན་པ་དང༌། ཐ་མལ་གྱི་ཉེས་སྐྱོན་དང་བྲལ་བ་ཉོན་མོངས་པའི་སྐྱོན་ཞི་བའི་བཏུང་བ་མཆོག་སྦྲང་རྩིའི་ཆང་དང༌། བུ་རམ་གྱི་ཆང་དང༌།འབྲུའི་ཆང་དང༌། ཤིང་ལས་སྐྱེས་པའི་ཆང་དང༌། ཕབ་བཏབ་པའི་བཅོས་པའི་ཆང་སྟེ། མྱོས་བྱེདརྣམ་པ་ལྔ་ནི་ཤེས་རབ་ཡེ་ཤེས་སྐྱེ་བྱེད་ཀྱི་རང་བཞིན་ཏུ་བལྟ་བའི་སྒོ་ནས་མཆོད་ཡུལ་རྣམས་ལ་དབུལ་བར་བགྱིའོ་ཞེས་ནང་མཆོད་འབུལ་བ་དེ་ཡན་ཆད་དུ་སོང་ཟིན་པ་རེད། དེ་ཡང་ཤ་ལྔ་བདུད་རྩི་ལྔ་མྱོས་བྱེད་ཀྱི་ཆང་ལྔ་སོགས་ནང་གི་མཆོད་པ་རྣམས་ཐོག་མར་མ་དག་པ་སྦྱངས། དག་པའི་རྫས་དེ་མང་དུ་སྤེལ་ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོར་བསྒྱུར་བ་གསུམ་གྱི་དབང་དུ་བྱས་ན་དེ་ལྟར་དགོས་པ་དང་བཞིའི་དབང་དུ་བྱས་ན་མ་དག་པ་སྦྱངས་དག་པ་རྣམས་ཕན་ཚུན་སྤེལ་ནས་བསྲེས། དེ་མང་དུ་སྦར་དེ་ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོར་བསྒྱུར་ནས་ཨོཾ་ཨཱཿ་ཧཱུཾ་ཧོཿཞེས་པས་བྱིན་གྱིས་རླབས་དགོས་པ་རེད།

གསུམ་པ་གསང་བའི་མཆོད་པ།

གསུམ་པ་གསང་བའི་མཆོད་པ་ནི།

ཨོཾ་ཨཱཿཧཱུྃ།ཐབས་ཤེས་ལྷན་ཅིག་སྦྱོར་བ་ལས། །རང་བཞིན་སྣང་བ་ཡོངས་དག་པའི། །ཞི་བདེའི་ཁམས་གསུམ་ཀུན་ཁྱབ་པ། །གསང་བའི་མཆོད་པས་མཉེས་པར་བགྱི། །བདག་རང་གི་ཐུགས་ཀ་ནས་རིག་མ་གྲངས་མེད་པ་སྤྲུལ་ནས་ཐམས་ཅད་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་རླབས་ནས་ཐབས་བདེ་བ་ཆེན་པོ་རྡོ་རྗེ་འཆང་ལ་ཕུལ་བས་མཛེས་ཤིང་ཡིད་དུ་འོང་བའི་ཤེས་རབ་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་འཁྱུད་པ་ཙུམ་པ་སོགས་སྦྱོར་བ་ལས་བྱུང་བའི་ཐ་མལ་གྱི་སྣང་ཞེན་བདེན་འཛིན་གྱི་རྟོག་པ་སོགས་ཀྱི་མཚན་མ་རང་བཞིན་གྱི་གྲུབ་པའི་སྣང་བ་སོགས་དང་རང་བཞིན་གྱི་སྣང་བ་ཡོངས་སུ་དག་པའི་ངང་ནས་གཙུག་ཏོར་ནས་བྱང་སེམས་ཞི་ཞིང་འབབས་པའི་བདེ་བ་ཆེན་པོས་ཁམས་གསུམ་ཀུན་ཏུ་ཁྱབ་པར་བྱེད་པ་དང༌། ཁྱད་པར་ནང་གིཁམས་གསུམ་རྩ་འཁོར་ཐམས་ཅད་ཁམས་དཀར་ཆ་ཞི་བས་ཁྱབ་པར་བྱེད་པའི་གསང་བའི་མཆོད་པས་ཐུགས་མཉེས་པར་བགྱིའོ་ཅེས་གསུངས་པའོ། །

ས་བཅད་བཞི་པ་གསོལ་བ་འདེབས་པ།

ས་བཅད་བཞི་པ་གསོལ་བ་འདེབས་པ།

ས་བཅད་བཞི་པ་གསོལ་བ་འདེབས་པ་ནི་བར་འདིར་བླ་མ་སྤྱི་དང་སྒོས་ཀྱི་གསོལ་འདེབས་རྣམས་དང༌། བརྟན་བཞུགས་ལ་སོགས་པའི་རིམ་པ་ཅི་ཤེས་སུ་བྱའོ།།དེ་བཞིན་དུ་རྒྱུན་བཤགསདང་ཡན་ལག་བདུན་པ་སོགས་གང་འགྲུབ་བྱའོ། །

ལྔ་པ་དབང་བཞི་ལེན་པ་ལ་གསུམ།

ལྔ་པ་དབང་བཞི་ལེན་པ་ལ་གསུམ།

ལྔ་པ་དབང་བཞི་ལེན་པ་ལ་དབང་བཞི་ལེན་པ་དངོས་དང༌། བླ་མའི་སྐུ་གསུང་ཐུགས་དངདབྱེར་མེད་དུ་བྱིན་གྱིས་རླབས་པ་དང༌།བླ་མ་དགྱིས་པའི་བྱ་བ་ཀུན་སྒྲུབ་པ་དང་གསུམ།དང་པོ་དབང་བཞི་ལེན་པ་དངོས་ནི།བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་བས། །བདག་ལུས་གང་བའི་བུམ་པའི་དབང་བསྐུར་ཐོབ། །བྱང་ཆུབ་སེམས་རྒྱུན་མཁའ་སྒོའི་ལམ་ནས་ཐོན། །བདུད་རྩི་མྱང་བས་གསང་བའི་དབང་བསྐུར་ཐོབ། །སྐུ་ལས་རིག་མ་སྤྲོས་ཏེ་བདག་ལ་འཁྱུད། །བདེ་བ་བསྐྱེད་པས་ཤེར་དབང་ཐོབ་པར་བསམ། །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། །དབྱེར་མེད་གྱུར་པས་བཞི་བ་ཐོབ་པར་བསམ། །བསམ་མེད་ངང་དུ་ཅུང་ཟད་ཀློད་དེ་བཞག །མ་བཅོས་སོ་མ་རང་ཤར་ལྷན་ནེ་བ། །ལྷུན་འགྲུབ་འབད་རྩོལ་མེད་པའི་ངང་དུ་བཞག །བླ་མ་རྡོ་རྗེ་འཆང་ལ་མཆོད་པ་དང་གསོལ་བ་བཏབས་པའི་རྐྱེན་གྱིས་བླ་མ་རྡོ་རྗེ་འཆང་གཟི་འབྱིན་འོད་རབ་ཏུ་འབར་བ་དང༌། བདག་ལ་ཐུགས་བརྩེ་བ་ཆེན་པོས་དགྱེས་བཞིན་པའི་ངང་ནས་སྐུལས་ཡེ་ཤེས་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་དཀར་བ་དཔག་ཏུ་མེད་པ་བྱུང་བས་བདག་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་ཞིང་ཁྱབ་པས་སད་པའི་གནས་སྐབས་ཀྱི་དྲི་མ་དག དགའབའི་དགའ་བཞི་རྒྱུད་ལ་སྐྱེ། བུམ་པའི་དབང་བསྐུར་ཐོབ་པར་མོས་ཤིང་ཆོས་ཐམས་ཅད་རང་བཞིནསྟོང་པ་ཉིད་ལ་མཉམ་པར་བཞག་པའོ། །བུམ་དབང་ནི་བླ་མེད་ཀྱི་སྐབས་འདིར་ཤེས་རབ་མའི་ནུ་མ་ལ་ལག་པས་རེག་པའི་རྗེས་ཆགས་ཀྱིས་བྱང་ཆུབ་ཀྱི་སེམས་གཙུག་ཏོར་ནས་དཔྲལ་བའི་བར་དུ་རྣལ་འབྱོར་གྱི་སྟོབས་ཀྱིས་དཔྲལ་བར་ཅུང་ཟད་བཅིང་བའི་མཉམ་པར་བཞག་པས་བདེ་བའི་ཡེ་ཤེས་དང་དེའི་བག་ཆགས་སེམས་རྒྱུད་ལ་བཞག་པ་ནི་བུམ་དབང་ངོ༌། །ཡང་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པས་སྤྱི་བོ་ནས་བྱང་ཆུབ་སེམས་ཀྱི་རྒྱུན་བབས་པས་ཡུམ་གྱི་པདྨའི་མཁའ་སྒོའི་ལམ་ནས་ཕྱིར་ཐོན་ཏེ། རང་གི་ལྕེ་ཐོག་ཏུ་བདུད་རྩི་མྱང་བས་ལུས་ཐམས་ཅདགང་ཞིང་བདེ་བས་ཁྱབ་པ་དང༌། ངག་དང་རྨི་ལམ་གྱི་གནས་སྐབས་ཀྱི་དྲི་མ་དག མཆོག་དགའི་དགའ་བ་བཞི་རྒྱུད་ལ་སྐྱེ། གསང་བའི་དབང་བསྐུར་བ་ཐོབ་པར་མོས་ཏེ། ཆོས་ཐམས་ཅད་རངབཞིན་སྟོང་བ་ཉིད་ཀྱི་དབྱིངས་ལ་མཉམ་པར་བཞག་པའོ། །གསང་དབང་ནི་བྱང་ཆུབ་ཀྱི་སེམས་དཔྲལ་བ་ནས་ཞུས་ཏེ་སྙིང་གའི་བར་དུ་སླེབ་པ་རྣལ་འབྱོར་གྱི་སྟོབས་ཀྱིས་ཅུང་ཟད་འཛག་མེད་དུ་བཅིང་བ་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པའི་ཡེ་ཤེས་དང་དེའི་བག་ཆགས་སེམས་རྒྱུད་ལ་བཞག་པ་དེ་གསང་བའི་དབང་ངོ༌། ཡང་རྡོ་རྗེ་འཆང་གི་སྐུ་ལས་རིག་མ་རྡོ་རྗེ་དབྱིངས་ཀྱི་དབངཕྱུག་མ་གྲི་ཐོད་འཛིན་པ་སྤྲོས་ཏེ་བདག་ཉིད་བླ་མ་རྡོ་རྗེ་འཆང་ཆེན་པོ་རྟོག་ཚོགས་ཀྱི་ཤུན་པའི་དྲི་མས་མ་བསླད་པའི་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པར་གྱུར་བ་དེའི་པང་དུ་ཡེ་ཤེས་ཀྱི་ཕྱག་རྒྱས་འཁྱུད་པ་ལས་བྱུང་བའི་ལུས་ཐམས་ཅད་བདེ་བས་ཁྱབ་པ་དང༌། ཡིད་དང་གཉིད་འཐུག་གི་གནས་སྐབས་ཀྱི་དྲི་མ་དག ཁྱད་པར་གྱི་དགའ་བའི་དགའ་བ་བཞི་རྒྱུད་ལ་བསྐྱེད་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ་པའི་ངང་ནས་ཆོས་ཐམས་ཅད་རང་བཞིན་གནས་ལུགས་སྟོང་བ་ཉིད་འོད་གསལ་གྱི་དབྱིངས་ལ་མཉམ་པར་བཞག་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི་བླ་མས་སྣང་བའི་ཤེས་རབ་མ་ལ་བརྟེན་ནས་རང་གི་ཐིག་ལེ་ཞུས་ཏེ་རང་གི་སྙིང་གའི་བར་དུ་སླེབནས་རྣལ་འབྱོར་གྱི་ཡེ་ཤེས་སྟོབས་ཀྱིས་འཛག་མེད་དུ་བཅིང་བ་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པའི་ཡེ་ཤེས་དང་དེའི་བག་ཆགས་སེམས་རྒྱུད་ལ་བཞག་པ་དེ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། དེནས་མཆོད་ཡུལ་རྣམས་འོད་དུ་ཞུ་ནས་བླ་མ་རྡོ་རྗེ་འཆང་ལ་ཐིམ། བླ་མ་ཡང་འོད་ཕུང་གི་རྣམ་པར་འོད་དུ་ཞུ་ནས་རང་གི་ལུས་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང༌། རང་གི་ལུས་ངག་ཡིད་གསུམདབྱེར་མེད་རོ་གཅིག་ཏུ་གྱུར་པས་སྐུ་དག་པ་ཟུང་འཇུག་སྒྱུ་མའི་སྐུ་ཡབ་ཡུམ་ཁ་སྦྱོར་གྱི་རྗེས་ཆགས་ལས་ཐུགས་དག་པ་འོད་གསལ་དག་པ་གཉིས་ལྡན་གྱི་བདེ་བ་མངོན་དུ་གྱུར། ཆགས་པའི་གནསསྐབས་ཀྱི་དྲི་མ་དགལྷན་སྐྱེས་ཀྱི་དགའ་བ་བཞི་རྒྱུད་ལ་སྐྱེ། དབང་བཞི་བ་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་ཐོབ་པར་བསམ་ལ།དོན་དམ་པའི་མཚན་ཡང་དག་བརྗོད་པ་ལས། ཐོག་མ་མེད་བདག་སྤྲོས་མེད་བདགཅེས་དང༌། རྒྱུད་བླ་མ་ལས། བདག་དང་བདག་མེདསྤྲོས་པ་དགཉེ་བར་ཞི་བར་དམ་པའི་བདགཅེས་གསུངས་པ་ལྟར་ལྷ་སྐུ་བདེ་སྟོང་གི་ཆོས་ཉིད་དུས་གསུམ་དང་གཉིས་སྣང་གི་སྤྲོས་པ་སོགས་སྤྲོས་པའི་མཚན་མ་གང་ཡང་བསམ་དུ་མེད་པའི་འོད་གསལ་སྟོང་བ་ཉིད་ཀྱི་ངང་དུ་བཅའ་བཅོས་གང་ཡང་མེད་པར་ཅུང་ཟད་གཟེང་སྟོད་ལ་ཀློད་དེ་བཞག་ཅིང་བྱིང་རྒོད་ཕྲ་རགས་སོགས་ཀྱིས་མ་བཅོས་པའི་གནས་ལུགས་གསལ་སེང་ངེ་བ་སོ་མ་བཅོས་མིན་གྱི་རང་བྱུང་དུ་ཤར་བ་ལྷན་ནེ་བ་རང་བཞིན་ལྷུན་འགྲུབ་འབད་རྩོལ་མེད་པའི་ངང་དུ་བཞག་པའི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །གཉིས་པ་བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་བྱིན་གྱིས་རླབས་པ་ནི།དཔལ་ལྡན་བླ་མའི་སྐུ་དང་བདག་གི་ལུས། །དབྱེར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ཅི་གསུང་སྒྲུབ་པ་དང༌། །གསུང་ངག་དབྱེར་མེད་གསུང་གི་རྡོ་རྗེར་ཤོག །ཐུགས་ཀྱི་གསང་བའི་མཛོད་ཀུན་འཛིན་པ་དང༌། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །བླ་མ་དགྱེས་པའི་བྱ་བ་ཀུན་བསྒྲུབ་ནས། །མཛད་པ་འཕྲིན་ལས་མཚུངས་པར་བྱིན་གྱིས་རློབས། །ཁྱབ་བདག་རྡོ་རྗེ་འཆང་དཔལ་ལྡན་བླ་མའི་སྐུ་དང་བདག་གི་ལུས་དབྱེར་མེད་མི་ཆོད་པ་མི་ཤིགས་པའི་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། གནས་སྐབས་དཔལ་ལྡན་བླ་མའི་ཅི་གསུང་པ་དེ་རང་གིསསྒྲུབ་པ་དང༌། མཐར་ཐུག་དཔལ་ལྡན་བླ་མའི་གསུང་དང་རང་གི་ངག་གཉིས་དབྱེར་མེད་པའིགསུང་གི་རྡོ་རྗེར་གྱུར་བར་ཤོག་ཅེས་སྨོན་ལམ་བཏབ་པ་རེད། དུས་དང་རྣམ་པ་ཀུན་ཏུ་དཔལ་ལྡནབླ་མས་བདག་ལ་ཆོས་ཀྱི་གདམས་ངག་བརྩལ་བ་དེ་ངེས་པར་དུ་རང་གིས་དོན་ཉམས་སུ་ལེན་པ་དང་སྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔལ་ལྡན་བླ་མ་ལ་དད་པ་དག་སྣང་དང་དཔལ་ལྡན་བླ་མས་རང་ལ་ཐོས་བསམ་སྒོམ་གསུམ་སོགས་བཀའ་བསྒོ་བ་ཇི་བཞིན་སྒྲུབ་ན་སུ་ལ་ཕན་ཐོག་ན་སློབ་མ་རང་རང་སོ་སོ་ལ་ཕན་ཐོག་པ་ལས་དཔལ་ལྡན་བླ་མ་ཁོང་གི་ཆེད་དུ་གསུངས་པ་མ་ཡིན་པར་སློབ་མ་རང་རང་སོ་སོའི་ཆེད་ཡིན་པ་ཤེས་དགོས་པ་གལ་ཆེན་པོ་རེད་མ་གཏོགས་དེང་སང་ལ་ལས་སློབ་མ་མང་པོ་འདུས་ན་བླ་མའི་ཆེད་ཡིན་པར་བཟུང་བ་མང་པོ་ཡོད་རེད། མདོར་ན་བླམའི་གང་གསུངས་པ་དེ་རང་དོན་ཡིན་པ་ངོ་ཤེས་དགོས་པ་དང་གདམས་ངག་ཡིན་པ་དོན་རྟོགས་པ་གལ་ཆེན་པོ་རེད། དཔལ་ལྡན་བླ་མའི་ཡོན་ཏན་སྟོབས་བཅུ་དང་མི་འཇིགས་པ་བཞི་མ་འདྲེསཔའི་ཆོས་བཅོ་བརྒྱད་ལ་སོགས་པ་ཐུགས་ཀྱི་གསང་བའི་མཛོད་ཀུན་མ་ལུས་པ་འཛིན་པ་དང༌། བླམའི་ཐུགས་དང་རང་གི་ཡིད་གཉིས་དབྱེར་མེད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས་ཤིག་ཅེས་པའོ།། ཁྱབ་བདག་རྡོ་རྗེ་འཆང་དཔལ་ལྡན་བླ་མ་ཁྱེད་ལ་མཆོད་པ་གསུམ་གྱིས་མཆོད་ཅིང་ཐུགསདགྱེས་པའི་བྱ་བ་ཀུན་རང་གིས་བསྒྲུབ་ནས་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་འཕྲིན་ལས་དང་བདག་གི་ལུས་ངག་ཡིད་གསུམ་དབྱེད་མེད་དུ་འདྲེས་པའི་སྒོ་ནས་བདག་ཀྱང་དེ་ལྟ་བུའི་དཔལ་ལྡན་བླ་མའི་མཛད་པ་འཕྲིན་ལས་དང་མཚུངས་པར་འཁོར་བ་མ་སྟོང་གི་བར་དུ་འགྲོ་བ་སེམས་ཅན་གྱི་དོན་སྒྲུབ་ནུས་པར་བྱིན་གྱིས་རླབས་ཏུ་གསོལ།རྗེས་ཀྱི་བྱ་བ་ལ་སྨོན་ལམ་དང༌། ཚོགས་འཁོར། བཀྲ་ཤིས་དང་གསུམ་ཡོད་པ་ལས།

དང་པོ་སྨོན་ལམ།

དང་པོ་སྨོན་ལམ་ནི།

མགོ་བོར་བླ་མའི་ཅོད་པཎ་འཆང༌། །ལག་ཏུ་རྡོ་རྗེ་དྲིལ་བུ་འཛིན། །ངག་ཏུ་གསང་སྔགས་རྒྱལ་བོ་བཟླ། །ཡིད་ཀྱིས་ཟུང་འཇུག་བསྒོམ་པར་ཤོག །བདག་གི་དུས་རྟག་ཏུ་མགོ་བོར་ཁྱབ་བདག་རྡོ་རྗེ་འཆང་དཔལ་ལྡན་བླ་མ་ཅོད་པཎ་འཆང་བ་བཞིན་དུ་བསྟེན་པ་དང༌། ལག་ཏུ་ཐབས་བདེ་བ་ཆེན་པོ་ཡེ་ཤེས་དང་ཤེས་རབ་སྟོང་བ་ཉིད་སྟེ་ཐབསཤེས་ཟུང་འཇུག་མཚོན་པའི་དམ་ཚིག་གི་རྫས་རྡོ་རྗེ་དང་དྲིལ་བུ་འཛིན་པ་དང༌། ངག་ཏུ་གསང་སྔགས་རྒྱལ་བོ་སྟེ་ཡིད་སྐྱོབ་བྱེད་ཀྱི་ཏིང་ངེ་འཛིན་གྱི་བྱིན་གྱིས་རླབས་པའི་གསང་སྔགས་ཟབ་མོ་བཟླས་པ་དང༌། ཡིད་ཀྱིས་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་མོ་ཏིང་ངེ་འཛིན་ཚུཾལ་བཞིན་དུ་བསྒོམ་ནུས་པར་ཤོག་ཅེས་སྨོན་ལམ་བཏབ་པའོ། །གཉིས་པ་ཚོགས་འཁོར་ནི་དེ་ནས་ཚོགས་ཀྱི་ཡོ་བྱད་བྱིན་གྱིས་རླབས་ཤིང་ཚོགས་ཀྱི་ཆོ་གནི་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་གཞུང་བཞིན་བྱའོ།།ཚོགས་མཆོད་དེ་ཡང་བྱིནརླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་དང་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་དང༌། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་རྣམས་དང༌། དམ་ཚིག་གི་རྩ་བ་མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་སོགས་ལ་ཚོགས་མཆོད་འབུལ་དགོས་པར་གསུངས་ཡོད་པ་རེད། དེས་ན་ཚོགས་རྫས་རྣམསཐོག་མར་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་བྱིན་གྱིས་རླབས་ནས་དེ་ཕན་ཆད་དུ་གཙང་སར་འཇོག་དགོས་པ་ལས་གོམ་ཡིག་དུ་འགྲོ་བ་སོགས་འཇོག་མི་རུང་བ་ཡིན་པ་ཤེས་དགོས། དེའི་རྗེས་སུ་ཡི་གེ་བརྒྱ་པའི་སྒོ་ནས་ཆོ་ག་ལྷག་ཆད་བྱུང་བའི་ཉམས་ཆགས་བསྐང་ཞིང་རྟེན་སོགས་ལ་ཡེ་དྷརྨས་བརྟན་བཞུགས་བྱའོ། །མཇུག་ཏུ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གསུང་སྐྱེ་འཕྲེང་བཅུ་བཞི་བྱས་ནས་གསུངས་པ་སོགས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱ། དེ་ལྟར་ཡང་དང་ཡང་དུ་ཚོགསགཉིས་བསགས་པའི་ཐབས་མཆོག་དཔལ་ལྡན་བླ་མ་ལ་མཆོད་པས་ནི་བདུད་བཞི་མ་ལུས་པ་རྒྱལ་བའི་རྒྱལ་བ་སངས་རྒྱས་རྣམས་དང་དེའི་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པར་འགྱུར་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་ཆེས་ཆེར་འཕེལ་བ་ཡིན། བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ཐུགས་མཉེས་པར་བྱེད་པའི་ཐབས་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཁོང་གིས་མདོ་ཙམ་ཉེ་བར་བཀོད་པ་གང་ཡིན་པ་འདི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་ཆེན་པོ་སྤེལ་བའི་ཐབས་བླ་ན་མེད་པ་མཆོག་ཏུ་གྱུར་བ་སྟེ་སྲིད་པ་འཁོར་བའི་དཔལ་ཡོན་དང་ཞི་བ་ཐར་བ་ཕུན་སུམ་ཚོགས་པའི་དཔལ་འབྱོར་མཆོག་ཏུ་རྒྱས་བྱེད་ཡིན་ཅེས་པའོ། །ཞེས་བླ་མ་མཆོད་པའི་ཆོ་ག་བདེ་ལེགས་རབ་རྒྱས་ཞེས་བྱ་བའི་ཆོ་ག་འདི་ནི་ས་སྐྱོང་གཞོན་ནུ་འབུར་ཆེན་ཞེས་བྱ་བའི་ཉེ་བར་བསྐུལ་ནས། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའམ་རྗེ་སྒྲོལ་བའི་མགོན་པོས་ཉེ་བར་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། ། །དེ་ཡན་ཆད་བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་ཀྱི་ཚིག་དོན་གང་ལ་གང་འཚམས་རྣམ་པ་ཐམས་ཅད་ལ་ཞུས་ཟིན་པ་ཡིན།གསུམ་པ་བཀྲ་ཤིས་ནི་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཁོང་གིས་མཛད་པའི་བཀྲ་ཤིས་ཀྱི་ཚིག་དོན་མདོར་བསྡུས་ཙམ་ཞུས་ན།ན་མོ་གུ་རུ།བཀྲ་ཤིས་གང་ཞིག་དཔལ་ལྡན་སྤྱོད་པའི་རྡོ་རྗེ་ཞེས། །འཛམ་གླིང་འདི་ན་མ་སྦས་གསལ་བར་ཡོངས་གྲགས་པ། །རྣལ་འབྱོར་དབང་ཕྱུག་ནག་པོ་སྤྱོད་པའི་བཀྲ་ཤིས་གང༌། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །ན་མོ་ཕྱག་འཚལ་བ་དང་གུ་རུ་བླ་མ་སྟེ་བླ་མ་ལ་ཕྱག་འཚལ་ལོ།། བཀྲ་ཤིས་སྐུ་འཕྲེང་དང་པོ་རྒྱགར་གྱི་སློབ་དཔོན་པནྚི་ཏ་འབར་བའི་གཙོ་བོ་གང་ཞིག་དཔལ་ལྡན་སྤྱོད་པའི་རྡོ་རྗེ་ཞེས་འཛམ་བུ་གླིང་འདི་ན་མ་སྦས་གསལ་བར་ཡོངས་སུ་གྲགས་པ་དང༌། སྐུ་འཕྲེང་གཉིས་པ་སྒོམ་ཉམས་ལེནགྱི་རྣལ་འབྱོར་ལ་དབང་འབྱོར་ཞིང་ཕྱུག་པའི་ལི་དྲི་ནག་གསུམ་གྱི་ནང་གི་སློབ་དཔོན་ནག་པོ་སྤྱོད་པའི་བཀྲ་ཤིས་གངཡིན་པ་བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་སུམ་ཚོགས་པ་སྩོལ།ར་ཏན་བྷ་ལ་ངེས་མེད་སྤྱོད་པའི་ཤུགས་འབྱུང་སྐྱོང༌། །རོང་ཟོམ་ལོ་ཙྪ་སྒྲ་བསྒྱུར་མཁས་པའི་ཕུལ་ཏུ་ཕྱིན། །བྷ་རོམ་དར་མ་ཕྱག་རྒྱ་ཆེ་ལས་མ་གཡོས་ལ། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །སྐུ་འཕྲེང་གསུམ་པ་རྒྱ་གར་གྱི་སློབ་དཔོན་ར་ཏན་བྷ་ལ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་སོགས་པ་ངེས་མེད་ཀྱི་སྤྱོད་པ་འབད་མེད་དུ་ཤུགས་འབྱུང་སྐྱོངབ་དང༌། སྐུ་འཕྲེང་བཞི་བ་སྔ་འགྱུར་རོང་ཟོམ་ལོཙྪ་བ་ཆོས་བཟང་སྒྲ་བསྒྱུར་མཁས་པ་རྣམས་ཀྱི་ཕུལ་ཏུ་ཕྱིན་པ་དང༌། སྐུ་འཕྲེང་ལྔ་བ་བཀའ་བརྒྱུདཆེ་བཞི་ཆུང་བརྒྱད་ཀྱི་ནང་ཚན་བྷ་རོམ་དར་མ་དབང་ཕྱུག་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལས་མ་གཡོས་པ་ལ་བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་སུམ་ཚོགས་པ་སྩོལ་ཅིག ཨ་ཝ་དྷུ་ཏི་མ་བཅོས་ལྷུག་པའི་ངང་ལ་བཞུགས། །ཞང་སྟོན་འཁྲུལ་ཞིག་དགྲ་བགེགས་ཚར་གཅོད་དྲག་ལས་བསྒྲུབས། །གཉོས་བན་རས་ཆེན་སྣ་ཚོགས་རྟེན་འབྲེལ་མིག་འཕྲུལ་ཅན། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །སྐུ་འཕྲེང་དྲུག་པ་ཤངས་བ་བཀའ་བརྒྱུད་པ་ཨ་ཝ་དྷུ་ཏི་འོད་ཟེར་དཔལ་མ་བཅོས་ལྷུག་པའི་རང་བཞིན་འོད་གསལ་གྱི་ངང་ལ་བཞུགས་པ་དང༌། སྐུ་འཕྲེང་བདུན་པ་སྔ་འགྱུར་རྙིང་མ་ཞང་སྟོན་འབྲུགསྒྲ་རྒྱལ་མཚན་རྣམ་རྟོག་གི་འཁྲུལ་བ་མཐའ་དག་ཞིག་ཅིང་གཉིས་སྣང་གི་དགྲ་བགེགས་ཐམས་ཅད་ཚར་གཅོད་དྲག་ལས་བསྒྲུབས་པ་དང༌། སྐུ་འཕྲེང་བརྒྱད་པ་འབྲི་གུང་བཀའ་བརྒྱུད་པ་གཉོས་བན་སངས་རྒྱས་རས་ཆེན་སྣ་ཚོགས་རྟེན་འབྲེལ་མིག་འཕྲུལ་ཅན་གྱིས་བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་སུམ་ཚོགས་པ་སྩོལ།སངྒ་བྷ་ཊ་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །འཇམ་དབྱངས་ཆོས་རྗེ་གཞུང་བརྒྱའི་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་ཉིན་བྱེད་གནས་ལྔ་རིག་པའི་པནྚི་ཏ། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །སྐུ་འཕྲེང་དགུ་པ་སངྒ་བྷ་དྲ་དགེ་འདུན་བཟང་པོ་ལྷ་སྲིན་སྡེ་བརྒྱད་རྣམས་བྲན་དུ་འཁོལ་བའི་གྲུབཔའི་དབང་ཕྱུག་དང༌། སྐུ་འཕྲེང་བཅུ་པ་འབྲས་སྤུངས་ཕྱག་འདེབས་མཛད་མཁན་འཇམ་དབྱངསཆོས་རྗེ་གཞུང་ལུགས་བརྒྱ་ཕྲག་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། སྐུ་འཕྲེང་བཅུ་གཅིག་པ་རྒྱགར་གྱི་པནྚི་ཏ་ཆོས་ཀྱི་ཉིན་བྱེད་རིག་པའི་གནས་ལྔ་ལ་པནྚི་ཏ་བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་སུམ་ཚོགས་པ་སྩོལ་ཅིག་ཅེས་གསུངས་པ་རེད།འཇམ་མགོན་བླ་མ་གྲུབ་པའི་དཔའ་བོའི་མཚན་འཆང་བ། །དཔལ་ལྡན་ཀུན་ཏུ་དགའ་བ་རང་གྲོལ་མཆོག་གི་རྗེ། །བློ་གསལ་རྒྱ་མཚོའི་སྡེ་ཞེས་འགྲོ་བ་འདྲེན་པའི་གཙོ། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །སྐུ་འཕྲེང་བཅུ་གཉིས་པ་ཀུན་དགའ་གྲོལ་མཆོག་དེ་ཉིད་འཇམ་མགོན་བླ་མ་གྲུབ་པའི་དཔའ་བོའི་མཚན་འཆང་བ་དཔལ་ལྡན་ཀུན་ཏུ་དགའ་བ་རང་གྲོལ་མཆོག་གི་རྗེ། བློ་གསལ་རྒྱ་མཚོའི་སྡེ་ཞེས་འགྲོ་བ་སེམས་ཅན་ཐམས་ཅད་འདྲེན་པའི་གཙོ་བོ། བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིསཕུན་སུམ་ཚོགས་པ་སྩོལ།ཆོས་བཞིན་སྤྱོད་པ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ནས། །མཐའ་དག་འགྲོ་ལ་ཆོས་ཀྱི་དགའ་སྟོན་སྤེལ་བྱེད་པ། །ངོ་མཚར་མཛད་པས་ས་སྐྱོང་ཀུན་གྱིས་གྲུབ་པར་བསྔགས། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །སྐུ་འཕྲེང་བཅུ་གསུམ་པ་དགའ་བྱེད་ས་སྐྱོང་ནི་ལུས་ངག་ཡིད་གསུམ་དམ་པའི་ཆོས་བཞིན་སྤྱོད་པ་རྒྱལཔོའི་སྲས་སུ་སྐུ་འཁྲུངས་ནས། འགྲོ་བ་མཐའ་དག་ལ་ཆོས་ཀྱི་དགའ་སྟོན་སྤེལ་བར་བྱེད་པ་ངོ་མཚར་བའི་མཛད་པས་ས་སྐྱོང་ཀུན་གྱིས་གྲུབ་པར་བསྔགས་བརྗོད་ཐོབ་པ་བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་སུམ་ཚོགས་པ་སྩོལ།འཇམ་དབྱངས་གཞོན་ནུ་མཁས་ཀུན་དགའ་བར་བྱེད་པ་ཀུན། །སྙིང་པོའི་དོན་སྟོན་བཀྲ་ཤིས་ཆོས་སྒོ་འབྱེད་པའི་ཕུལ། །ཐར་བའི་རྒྱལ་མཚན་དཔལ་ཡོན་བཟང་བོ་སྩོལ་མཁས་པ། །བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །སྐུ་འཕྲེང་བཅུ་བཞི་པ་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་ནམ་ཏཱ་ར་ནཱ་ཐ་ས་བརྒྱད་པ་ཐོབ་པའི་འཇམ་པའི་དབྱངས་དངོས་གཞོན་ནུ་མཁས་པ་ཀུན་དགའ་བར་བྱེད་པ་གང༌། ཁམས་བདེབར་གཤེགས་པའི་སྙིང་པོའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་བཀྲ་ཤིས་པའི་ཆོས་སྒོ་འབྱེད་པའི་ཕུལ་དུ་བྱུང་བ་ཐར་བའི་རྒྱལ་མཚན་དཔལ་ཡོན་བཟང་བོ་སྩོལ་བར་མཁས་པ་བདེན་པ་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་སུམ་ཚོགས་པ་སྩོལ། ཞེས་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་སྦྱརབ་དགེ་ལེགས་འཕེལ། །དེ་ཡན་ཆད་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་ཁོང་གི་སྐྱེ་འཕྲེང་བཅུ་བཞིའི་སྒོ་ནས་བཀྲ་ཤིས་པའི་བདེན་ཚིག་ཏུ་གསུངས་བའི་དོན་རགས་རིམ་ཙམ་ཞུས་པ་ཡིན། ཞིབ་པར་རྗེ་ཀུནདགའ་གྲོལ་མཆོག་གི་རང་རྣམ་དང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་རང་རྣམ་དང་ཇོ་ནང་ཆོསའབྱུང་སོགས་ལྟ་རྒྱུ་གལ་ཆེན་པོ་རེད།ད་ལོ་ཡིན་ན་བླ་མ་མཆོད་པའི་ཆོ་ག་བདེ་ལེགས་རབ་རྒྱས་ཀྱི་དོན་རགས་རིམ་ཙམ་རེ་ཞུས་པ་ཡིན།སྤྱིར་བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་འདིཉིད་རྒྱུན་དུ་ཞལ་འདོན་མཛད་ཐུབ་ན་ཧ་ཅང་ཡག་པོ་རེད།དེ་ཡང་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་སྦྱོར་དྲུག་བཞུགས་པ་ནས་བཟུང་རྒྱུན་དུ་ནང་ཐུན་ནུབ་ཐུན་རེ་གཅད་རྒྱུ་དང༌།བླ་མཆོད་དང་གཏོ་བསྔོ་སོགས་འདོན་རྒྱུ་སྔ་དྲོ་ཆུ་གཏོར་དང་དགུང་མོ་གསུར་བསྔོ་རྒྱུ་སོགས་སྲོལ་རྒྱུན་ཧ་ཅང་ཡག་པོ་ཡོད་པ་རེད།དེ་མ་ཟད་རྗེས་ཁྲིད་ཀྱི་སྐབས་སུ་ཡང་དེ་ལྟར་ཡོང་གི་ཡོད་པ་ལྟར་རྣམ་པ་ཚང་མས་ཅི་ཐུབ་གང་ཐུབ་གིས་ཉམས་ལེན་རེ་མཛད་དགོས་པ་གལ་ཆེན་པོ་ཡིན་པ་རེད།དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དཔལ་ལྡན་བླ་མ་དམ་པ་ལ་བླ་མཆོད་སོགས་འདོན་ན་ཚེ་འདི་ཕྱི་ཐམས་ཅད་དགེ་ཞིང་ལེགས་པ་ཡོན་ཏན་རྣམས་ཡར་ངོ་ཟླ་ལྟར་འཕེལ་ཐུབ་པ་རེད། དེས་ན་བླ་མ་བསམ་སྦྱོར་གཉིས་ཀྱིས་བསྟེན་ཚུལ་བླ་མ་ལྔ་བཅུ་པ་སོགས་ཀྱི་གསུངས་པ་ལྟར་ལོ་སྔོན་མ་ཞུས་ཟིན་པ་རེད། ད་ལོ་ཡང་ལྷན་ཐབས་འོད་བརྒྱ་འབར་བ་ལས་བྱུང་བའི་བླ་མའི་མཚད་ཉིད།སློབ་མའི་མཚན་ཉིད། བླ་མ་བསམ་སྦྱོར་གཉིས་ཀྱིས་བསྟེན་ཚུལ་མདོ་རྒྱུད་ཀྱི་ལུང་དུ་མ་དང་སྦྱར་ནས་རྣམ་པ་ཚང་མ་ལ་ཞུས་པ་ཡིན། ཞུས་པ་དེ་ཡང་རང་རང་སོ་སོའི་སེམས་ལ་བཟུང་ནས་བླམ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ཡང་དག་པ་རེ་ཨེ་ཡོང་ལྟ་རྒྱུ་དང༌། བླ་མ་དགེ་བའི་བཤེས་གཉེན་བསྟེན་ན་སློབ་མ་རང་རང་གི་དོན་ཡིན་པ་གོ་རྒྱུ་གལ་ཆེན་པོ་རེད་མ་གཏོགས་དེང་སང་དུས་ངན་སྙིགས་མའི་སྐབས་འདིར་བླ་མ་བསྟེན་ན་ཡང་རང་གི་དོན་ཡིན་པ་ཧ་མི་གོ་བ་དང༌། བླ་མ་ལ་དད་པ་དག་སྣང་ཧ་ཅང་ཞན་པ་ཡིན་ན་རང་རྒྱུད་ལ་གོང་མའི་ཡོན་ཏན་གང་ཡང་སྐྱེ་མི་ཐུབ་པ་རེད།དེས་ན་བླ་མ་ལ་ཡིད་ཆེས་དང་བླ་མའི་བཀའ་གསུངས་བླང་དོར་འབྱེད་ཚུལ་ཕྱིན་ཅི་མ་ལོག་པར་གདམས་པ་ལྟར་རང་གིས་བླང་དོར་ཚུལ་བཞིན་དུ་བྱས་པ་ཡིན་ན་རང་དོན་འགྲུབ་ཐུབ་པ་རེད།དེ་བཞིན་དུ་བླ་མཆོད་འདོན་ན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཁྱབ་བདག་རྡོ་རྗེ་འཆང་དཔལ་ལྡན་བླ་མ་དམ་པ་ལ་མཆོད་པ་འབུལ་བ་ཡིན་ན་མཆོད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་བ་ཡིན་པདང་ཚོགས་རྒྱ་ཆེན་པོ་གསོག་ཐུབ་པར་མདོ་རྒྱུད་ཐམས་ཅད་ལས་གསུངས་པ་ལྟར་དང༌། ཚོགསགཉིས་རླབ་ཆེན་པོ་བསགས་ན་རང་ཉིད་མ་འོངས་པར་ས་བཅུ་ལམ་ལྔ་བགྲོད་ནས་མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་ཐོབ་བྱེད་ཀྱི་རྒྱུར་འགྱུར་ཐུབ་པ་རེད་མ་གཏོགས་དཔལ་ལྡན་བླ་མ་དམ་པས་འབྲས་བུ་ཁྱེར་འགྲོ་བ་མ་ཡིན་པས་ན་རྒྱུན་དུ་བླ་མཆོད་རེ་མ་ཆག་པར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་རང་གིས་ཡིན་ན་ཁ་འདོན་ཆེན་པོ་འདོན་ཐུབ་པ་མིན་ཀྱང་སྦྱོར་དྲུག་འདུག་ཚུད་ཆོད་ནས་བཟུང་ད་ལྟའི་བར་དུ་མི་ལོ་སུམ་ཅུ་ནང་འགྲོ་བཞིན་པ་རེད་ཏ་རྒྱུན་དུ་བླ་མཆོད་འདོན་པ་ཡིན།སྤྱིར་རྟེན་འབྲེལ་ཐམས་ཅད་ཀྱི་སྒོ་བླ་མ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ཡག་པོ་ཡོང་ན་མཇུག་ཡང་བཀྲ་ཤིས་ཕུན་སུམ་ཚོགས་པ་ཡོང་ཐུབ་པ་རེད། རྟེན་འབྲེལ་འགོ་ནས་མའགྲིག་ན་མཇུག་བཀྲ་ཤིས་པ་ཡོང་ཚུལ་མེད་པ་དེ་དཔེར་ན་ཚེས་པ་གཅིག་ནས་ནོར་སོང་བ་ཡིན་ན་གནམ་གང་བར་དུ་འཆུག་འགྲོ་བ་བཞིན་རེད། འོན་ཀྱང་བདག་ལྟ་བུ་མཚོན་ན་དུས་ངན་སྙིགས་མ་ལྔ་བདོ་བའི་སྐབས་འདིར་བླ་མའི་མིང་ཙམ་འཛིན་པ་ཡིན་པའི་ཆ་ནས་བླ་མ་བསྟེན་ཚུལ་ཡག་པོ་ཡོང་དགོས་པ་ཧ་ཅང་གལ་ཆེན་པོ་དང་རྩ་ཆེན་པོ་ཡིན་པ་ལབ་ན་སྤྱིར་ལོག་རྟོག་གི་མཐའ་མ་བཀག་པ་དང༌། དེང་སང་གླད་པ་གསར་བ་ཆགས་པའི་སྐབས་དང་ལས་འབྲས་དང་སྐྱབས་གནས་དཀོན་མཆོག་གསུམ་ལ་ཡིད་ཆེས་མེད་པར་རང་རང་སོ་སོའི་ཁེ་བསང་དང་རང་རང་སོ་སོའི་ཐོབ་མངའ་ཐང་མཚན་སྙན་གྲགས་རྒྱས་པའི་ཆེད་དུ་བྱ་བ་སྒྲུབ་པའི་དུས་སྐབས་སླེབས་ཡོད་པས་ན་ཕན་ཐོག་ཏུ་འགྱུར་བ་ལས་ལོག་རྟོག་གི་རྒྱུར་འགྱུར་བ་ཉེན་ཁ་ཆེ་བ་རེད། བདག་དང་བདག་ལྟབུ་ཆོས་འཆད་ན་ཡང་ལ་ལར་ཕན་ཐོག་ཀྱང་ལ་ལར་གནོད་བྱེད་དུ་འགྲོ་བ་ཡོད་སྲིད་ན་ཡང་བསྟན་པ་ཧ་ཅང་ཉམས་དམའ་ཉག་འཕྲ་བའི་སྐབས་འདིར་བསྟན་པ་ལ་ཤ་ཞེན་འདྲ་བོས་མ་བཟོད་ནས་དཀའ་ལས་རྒྱབ་ནས་འཇིག་རྟེན་ཁ་དཔེར་བཟོ་མ་ཤེས་ན་བཟོ་བའི་འདུག་སྟངས་དང་མགར་མ་ཤེས་ན་མགར་བའི་འདུག་སྟངས་དེ་འདྲ་བྱས་ནས་དཀའ་ལས་རྒྱབ་བཞིན་ཡོད་པ་ཡིན། ཁྱེདརང་རྣམས་ཀྱི་ངོས་ནས་ཡིན་ན་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་ཆེད་དུ་ཐུགས་བསམ་རྒྱ་ཆེན་པོ་བཞེས་ནས་མི་ཚེ་བསྟན་འགྲོའི་དོན་དུ་ཐོས་བསམ་སྒོམ་གསུམ་ལས་མི་འདའ་བར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལས་ལྷག་གི་བྱ་བ་མེད་པ་དང་དེ་ལས་ལྷག་གི་ཆོས་འཇིག་རྟེན་གང་ལ་བསམ་བློ་གཏོང་ན་ཡང་གྲྭ་བ་ཞིག་གི་བྱ་བ་མེད་པ་ཡིན་པ་བསམ་བློ་རྒྱ་ཆེན་པོ་གཏོངདགོས་པ་རེད། དེ་རིང་ང་ཚོས་ཀུན་མཁྱེན་ཡབ་སྲས་རྣམས་ཀྱི་རྣམ་ཐར་འདོན་པ་རེད། ལ་ལསཀུན་མཁྱེན་ཡབ་སྲས་རྣམས་རི་ཕུག་དང་བྲག་ཕུག་ནང་དུ་བཞུགས་པ་རྐྱང་རྐྱང་ཡིན་པ་ལས་ཐོས་བསམ་རྒྱ་ཆེན་པོ་གནང་མེད་པ་ཡིན་ཆགས་བྱེད་མཁན་མང་པོ་ཡོད་ཀྱང་ཁོང་རྣམས་ཀྱི་དབུས་གཙང་ཕྱོགས་ནས་བླ་མ་དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་མང་པོ་བསྟེན་ནས་མདོ་སྔགས་རབ་འབྱམས་དང་བཅས་པ་ལ་བསླབ་པ་རེད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་ཁོང་གིསཐ་ན་ལྷམ་བཟོ་རྒྱུ་ཡན་ཆད་བསླབ་པ་ཡིན་པ་རྣམ་ཐར་ནང་ལོགས་སུ་གསུངས་པ་རེད། མདོརན་དེ་བཞིན་དུ་ང་ཚོ་ཡང་ཐོས་བསམ་སྒོམ་གསུམ་ལ་ཆོག་ཤེས་མི་བྱེད་པར་ཡང་ནས་ཡང་དུ་གསན་བསམ་བྱེད་དགོས་པ་རེད།དཔེར་ན་སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་གྱིས་དུས་འཁོར་རྒྱུད་འགྲེལ་གཅིག་པུ་དེ་ལ་ཚར་བཅུ་དྲུག་རེ་གསན་པའི་ལོ་རྒྱུས་ཁོང་གི་རྣམ་ཐར་ནང་ལོག་ཏུ་གསལ་བ་ལྟར་རེད།དེང་སང་འཛམ་བུ་གླིང་ན་སློབ་གསོ་བ་རྣམས་ཀྱིས་ཀྱང་སྐྱར་སྦྱོང་ཡང་སྦྱོང་བྱེད་པ་ནི་སློབ་སྦྱོང་ལ་ཡར་རྒྱས་འགྲོ་བའི་ཐབས་ལམ་བླ་ན་མེད་པ་ཡིན་པ་གསུངས་པ་བཞིན་རྣམ་པ་ཚང་མས་ཐུགས་ལ་བཟུང་ནས་མི་ཚེ་དོན་ལྡན་བྱེད་རྒྱུ་རེ་བ་ཞུས་པ་ཡིན་ནོ། །སྨྲས་པ། ལེགས་ཚོགས་ཀུན་གྱི་གཞིར་གྱུར་དྲིན་ཆེན་རྗེ། །མ་ལུས་སྐྱེ་དགུ་འདྲེན་པའི་དེད་དཔོན་མཆོག །བསམ་སྦྱོར་ཚུལ་བཞིན་བསྟེན་ཏེ་བཀའ་བཞིན་དུ། །སྒྲུབ་པར་མཛད་པ་འབད་ཅིང་བརྩོན་པར་རིགས། །དམ་པའི་ཆོས་ཀྱི་གྲུ་ཆར་རྩོལ་མཁས་བཤེས་གཉེན་རྗེ། །བཀའ་དྲིན་གཞལ་མཐའ་མེད་པའི་ངེས་པ་མ་རྙེད་ན། །མཛའ་བ་ཙམ་གྱིས་བྱིན་རླབས་ཆུ་རྒྱུན་མི་འབབ་པས། །བཀའ་དྲིན་ལན་བརྒྱར་བསམ་ནས་མི་ཕྱེད་དད་ཅིང་གུས། །བླ་མ་མཆོད་པའི་ལམ་འདི་མདོ་རྒྱུད་ཐམས་ཅད་དུ། །ལན་གཅིག་མིན་པར་ཐུབ་པས་ཡང་ཡང་གསུངས། །དེ་ཕྱིར་རིགས་དྲུག་སྲིད་པའི་འདམ་རྫབ་ལས། །ཐར་འདོད་རྣམས་ཀྱིས་བླ་མ་རྟག་ཏུ་མཆོད། །སྲིད་པའི་འདམ་དུ་བྱིང་བའི་འགྲོ་ཀུན་ལ། །མགོན་གཅིག་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང༌། །དམ་ཆོས་ཚུལ་བཞིན་སྟོན་མཛད་འདྲེན་པ་རྗེ། །རབ་སྒྲུབ་ཕྱི་ནང་གསང་བའི་མཆོད་པ་འབུལ། །བདག་ནི་རྣམ་དཔྱོད་སྦྱངས་བ་རབ་ཏུ་དམན། །བརྩོན་འགྲུས་དཀའ་བ་ཁྱད་བསད་ཞན་ཅིང་ཕྲ། །མ་བཤད་པ་དང་ལོག་བཤད་ཅི་མཆིས་པ། །བླ་མ་རྒྱལ་བ་སྲས་བཅས་མདུན་སར་བཤག །སྔོན་བྱོན་དྲན་དབང་རྟ་ལྗང་བདུན་པ་ཡིས། །བསལ་དུ་མེད་པའི་དཀའ་གནད་རིན་ཆེན་ལ། །རྡོ་རྗེའི་མདུད་གྲོལ་བླ་མ་དམ་པའི་གསུང༌། །རྣམ་པར་ཕབ་པའི་དགེ་ལེགས་ཇི་སྙེད་ཀྱིས། །བྱམས་དང་སྙིང་རྗེའི་འགྲོ་བའི་ཁུར་འཁྱེར་ཞིང༌། །ལུང་དང་རིགས་པའི་བསྟན་པ་གསལ་མཛད་དེ། །གནས་བརྟན་ཆེན་པོ་བླ་མ་མཆོག་ཉིད་ཀྱི། །གོ་འཕང་གཡོ་མེད་འགྲོ་ཀུན་ཐོབ་གྱུར་ཅིག །ཅེས་༢༠༢༠ལོར་ཡོངས་ཀྱི་བཤེས་གཉེན་རིན་པོ་ཆེ་ངག་དབང་དངོས་གྲུབ་དཔལ་བཟང་པོ་མཆོག་གིས་གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ནས་སློབ་གཉེར་བ་ཡོངས་ལ་བླ་མ་མཆོད་པ་བདེ་ལེགས་རབ་རྒྱས་ཉིན་བཅུ་གཉིས་རིང་བཀའ་ཁྲིད་གནང་བའི་ཟིན་བྲིས་འདི་ནི་གང་ཉིད་ཀྱི་སློབ་འབངས་སུ་གཏོགས་པ་རྒྱལ་རོང་བ་པཱ་ལ་དགོན་དབང་རྒྱལ་གྱིས་རང་ལོ་སོ་བདུན་པ་སྟེ་ཕྱི་ལོ་༢༠༢༡ལྕགས་མོ་གླང་གི་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་༨ལ་དབུ་བཟུང་ཀྱང་བར་སྐབས་བྱ་བ་ག་གེ་མོ་རྐྱེན་གྱིས་དབོ་ཟླ་ཚེས་༡༥་ལ་མཇུག་རྫོགས་པར་ཡི་གེར་ཕབ་སྟེ་པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་དུ་སླར་ཡང་ཞུ་དག་ཅུང་ཟད་བྱས་པའོ།།སརྦ་མངྒ་ལཾ།། བཀྲ་ཤིས།

ཚུལ་གཉིས་རྣམ་པར་འབྱེད་པ་ངེས་པའི་དོནགྱི་འཇུག་ངོགས།

ཚུལ་གཉིས་རྣམ་པར་འབྱེད་པ་ངེས་པའི་དོནགྱི་འཇུག་ངོགས་ཞེས་བྱ་བབཞུགས་སོ། །

རྗེ་བཙུན་ཏཱ་ར་ནཱ་ཐས་བརྩམས། ཨོཾ་སྭ་སྟི། སྐབས་ཀྱི་དགོངས་དོན་ལ། ཐེག་པ་ཆེན་པོ་ལ་ཚུལ་རྣམ་པ་གཉིས་ལས། རྣལ་འབྱོར་སྤྱོད་པའི་གཞུང་ལུགས། རྗེ་བཙུན་བྱམས་པ་དང༌། འཕགས་པ་ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས་སོགས་རྣམ་རིག་སྨྲ་བའི་གཞུང་ལུགས་རྣམས་ཀྱི་གྲུབ་མཐའ། མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་བཀའ་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་ཀྱི་དགོངས་དོན་དང༌། དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ལུགས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་རྣམས་ཀྱི་དགོངས་པ། སངས་རྒྱས་བསྐྱངས་ལེགས་ལྡན་ཟླ་བ་གྲགས་པ་ལ་སོགས་པ་རྣམས་ཀྱི་བཞེད་པ་བཀའ་འཁོར་ལོ་བར་བའི་དངོས་བསྟན་གྱི་རིམ་པ་གཉིས་ལས། བོད་འདིར་དབུ་མ་རང་སྟོང་དུ་ཡོངས་སུ་གྲགས་པའི་དབུ་མ་ངོ་བོ་ཉིད་མེད་པའི་གཞུང་ལུགས་འཛིན་པ་རྣམས་ནི། ལུགས་སྔ་མ་དེ་ལ་སེམས་ཙམ་ལུགས་དང༌། ཕྱི་མ་ལ་དབུ་མའི་ལུགས་ཞེས་གསུངས་ཤིང༌། གཞན་སྟོང་སྨྲ་བར་ཡོངས་སུ་གྲགས་པ་འཁོར་ལོ་ཐ་མའི་མདོ་ངེས་དོན་མཐར་ཐུག་ཏུ་བཞེད་པ་རྣམས་ནི། ལུགས་ཕྱི་མ་དེ་སྤྱིར་དབུ་མའི་གྲུབ་མཐའ་ཡིན་ཡང༌། དབུ་མ་ལ་གནས་སྐབས་པའི་ངེས་དོན་དང་མཐར་ཐུག་གི་ངེས་དོན་གཉིས་ཡོད་པ་ལས། དེ་གནས་སྐབས་པའི་ངེས་དོན་ཡིན་ཞིང། ལུགས་སྲོལ་སྔ་མ་དེ་ལ་གནས་སྐབས་ཀྱི་གྲུབ་མཐའ་གཞན་དབང་བདེན་གྲུབ་ཏུ་འདོད་པ་དང༌། གཞན་ཡང་རྣམ་པ་བདེན་པར་སྨྲ་བའི་ལུགས་ཀྱི་གྲུབ་མཐའ་རྣམ་ནི་སེམས་ཙམ་ཡིན་ལ། ཀུན་བཏགས་དང་གཞན་དབང་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པ་མེད་ཅིང༌། ཡོངས་གྲུབ་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་སྟོན་པའི་གྲུབ་མཐའ་བོད་གཞན་དག་སེམས་ཙམ་རྣམ་བརྫུན་ཞེས་ཟེར་བ་འདི་ནི་ངེས་དོན་མཐར་ཐུག་གི་དབུ་མ་ཆེན་པོ་ཡིན་ནོ་ཞེས་བརྗོད་དོ། །དེས་ན་རང་སྟོང་སྨྲ་བ་རྣམས་ནི། བཀའ་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ནི་དྲང་དོན་དང༌། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ནི་ངེས་དོན་མཐར་ཐུག ཐ་མ་ལེགསཔར་རྣམ་པར་ཕྱེ་བའི་ཆོས་འཁོར་གནས་སྐབས་ཀྱི་ངེས་དོན་ཏེ་དྲངས་དོན་ཡིན་པར་བཞེད་ལ། གཞན་སྟོང་སྨྲ་བ་རྣམས་ནི་དང་པོ་དྲང་དོན་དང༌། བར་བ་གནས་སྐབས་ཀྱི་ངེས་དོན། ཐ་མ་མཐར་ཐུག་གི་ངེས་དོན་སྟོན་པར་བཞེད། དེ་ཡང་འཁོར་ལོ་དང་པོ་ཉན་ཐོས་དང་ཐུན་མོང་གི་སྡེ་སྣོད་ཡིན་པས་ཀུན་རྫོབ་ཀྱི་ཆོས་རྣམས་ཡོད་པར་གསུངས་ལ། བར་བ་ཤེར་ཕྱིན་གྱི་མདོ་རྣམས་སུ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་ངོ་བོས་མ་གྲུབ་ཅིང་ཡོད་པའི་ཆོས་རྡུལ་ཙམ་ཡང་མེད་པར་བཤད། ཐ་མ་ནས་ནི་འཕགས་པའི་ཡེ་ཤེས་ཀྱི་གཟིགས་ངོ་དོན་དམ་བདེན་པ་དབྱིངས་རིག་དབྱེར་མེད་ནི། ངོ་བོ་གདོད་མ་ནས་འགྱུར་བ་མེད་པའི་ཕྱིར་རྟག་བརྟན་ཐེར་ཟུག་འདི་ནི་བདེན་པར་ཡོད་ལ། དངོས་མེད་རྣམས་དང་གཟུགས་སོགས་ཡུལ་མིག་སོགས་དབང་པོ་སེམས་སེམས་བྱུང་སྟེ། རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་ལྔ་བཅུ་རྩ་གཅིག་ལ་སོགས་པ་གཟུང་འཛིན་གྱིས་བསྡུས་པ་རྣམས་ནི། དོན་དམ་དེའི་རྣམ་འགྱུར་ཙམ་མེ་ལོང་གི་གཟུགས་བརྙན་ལྟར་གདོད་ནས་མ་སྐྱེས་པ་བདེན་མེད་དུ་གསུངས། དེས་ན་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་ལ་འཁོར་ལོ་དང་པོ་དང༌། ཐེག་པ་ཆེན་པོ་ལ་ཞུགས་པ་ལ་བར་པ་དང༌། ཐེག་པ་སྣ་ཚོགས་ལ་ཞུགས་པ་ལ་ཐ་མ་གསུང་བར་བཤད་ཅིང༌། དང་པོ་དང་བར་པ་གཉིས་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིར་གྱུར་པ་དང༌། ཐ་མ་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་རྩོད་པའི་གཞི་མ་ཡིན་པ་དང༌། གཞན་ཡང་འཁོར་ལོ་བརབར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ནི། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་ལ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་སྦྱོར་བ་ལ་དགོངས་ནས་དེ་ལྟར་གསུངས་ཀྱི། དོན་དམ་དུ་ཡོད་པའི་ཆོས་གཏན་ནས་མི་སྲིད་པ་ལ་དགོངས་པ་ནི་མ་ཡིན་པ་དང༌། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་འཁོར་ལོ་དང་པོར་ཐམས་ཅད་ཡོད་པར་གསུངས་པའི་རྗེས་ཐོག་ཉིད་དུ་དོན་དམ་བདེན་གྲུབ་འདི་ཡོད་པར་གསུངས་ན། སེམས་ཅན་རྣམས་ལ་ཐོག་མ་ཉིད་ནས་བདག་ཏུ་ལྟ་བའི་བག་ཆགས་ཡོད་པ་དང་རྗེས་སུ་འབྲེལ་བའི་རྐྱེན་གྱིས་གང་ཟག་གི་བདག་ཏུ་རྟོག་པར་འགྱུར་བའི་གནས་ཡོད་པས། འཁོར་ལོ་བར་བར་ཟག་མེད་ཀྱི་དབྱིངས་འདི་ཡོད་ཅེས་མ་གསུངས་པར། ཆོས་ཐམས་ཅད་མ་གྲུབ་པ་ལྟར་གསུངས་པ་ཡིན་པའི་ཚུལ་ཞིབ་རྒྱས་སུ་གསུངས་སོ། །དེ་ལ་རང་སྟོང་བ་རྣམས་ནི་སྤྱིར་འཁོར་ལོ་ཐ་མའི་མདོ་དང༌། ཁྱད་པར་མདོ་འདི་ཉིད་ཀྱང་དྲང་དོན་ཡིན་ཞིང༌། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་བར་བ་གདུལ་བྱ་ཐེག་ཆེན་གྱི་རིགས་འབའ་ཞིག་ལ་གསུངས་པར་སྣང་པའི་ངེས་དོན་དང༌། ཐ་མ་ཐེག་པ་སྣ་ཚོགས་ལ་ཞུགས་པའི་བསམ་པ་ཐ་དད་པ་མང་པོ་འདུལ་བའི་ཕྱིར་བསྟན་པས་དྲང་དོན་ཡིན་པར་གྲུབ་ལ། རིགས་པས་ཀྱང་འཐད་དེ་དཔེར་ན་གཅིག་དུ་བྲལ་གྱི་རིགས་པས་བུམ་པ་ལྟ་བུ་ཞིག་བདེན་མེད་དུ་གཏན་ལ་འབེབས་ནུས་ན། རིགས་པ་དེས་གཉིས་མེད་ཀྱི་ཡེ་ཤེས་ཀྱང་བདེན་མེད་དུ་གཏན་ལ་འབེབས་ནུས་ཏེ། བདེན་པའི་གཅིག་དང་དུ་མར་མ་གྲུབ་པ་སོགས་དཔྱད་པ་ཐམས་ཅད་མཚུངས་པར་འཇུག་པའི་ཕྱིར་བདེན་མེད་དུ་གྲུབ་ལ། གཞན་ཡང་རྣམ་རྫུན་གྱི་གྲུབ་མཐའ་དེ་དབུ་མ་ཡིན་ན། སེམས་ཙམ་པའི་མདོ་སྡེ་དང་བསྟན་བཅོས་མེད་པར་འགྱུར་བ་སོགས་ཀྱི་སྐྱོན་ཡོད་གསུང་ངོ༌། །གཞན་སྟོང་སྨྲ་བ་རྣམས་ནི། འཁོར་ལོ་རིམ་པ་གསུམ་པོ་འདི་ཡང་དུས་ཐོག་མཐའ་ནི་མ་ཡིན་ཏེ། འཁོར་ལོ་ཐ་མའི་མདོ་ཕལ་པོ་ཆེའི་ལེའུ་ཤས་ཆེ་བ་ཞིག་བདེན་བཞིའི་ཆོས་འཁོར་མ་བསྐོར་བའི་སྔོན་རྡོ་རྗེ་གདན་དུ་སངས་རྒྱས་མ་ཐག་ཏུ་ལྷའི་རྒྱལ་པོ་དབང་སྒྱུར་གྱི་གནས་སུ་གསུངས་པ་ཡང་ཡོད་ལ། མདོ་སྡེ་མྱང་འདས་ལྟ་བུ་མྱ་ངན་ལས་འདའ་ཁར་གསུངས་པ་ཡང་ཡོད། དེ་བཞིན་ཏུ་མི་རྟག་པ་ཉིད་ཀྱི་མདོ་ལ་སོགས་པ་འཁོར་ལོ་དང་པོའི་མདོ་ལ་མྱ་ངན་ལས་འདའ་ཁར་གསུངས་པ་ཡང་ཡོད་པས་སོ། །དེས་ན་འདི་ནི་བརྗོད་བྱའི་དོན་གྱི་གོ་རིམ་མམ། གདུལ་བྱའི་རྒྱུད་སྦྱོང་ཚུལ་གྱི་རིམ་པ་གསུམ་ཡིན་པས་དེ་ལྟ་བུའི་རིམ་པ་ཐ་མ་ཡིན་པའི་ཕྱིར། འཁོར་ལོ་ཐ་མ་ངེས་དོན་དུ་གྲུབ་སྟེ། བརྗོད་བྱའི་དོན་གྱི་མཐར་ཐུག་དྲང་དོན་ཡིན་པ་མི་རུང་ཞིང༌། གདུལ་བྱ་ངེས་དོན་ལ་ཁྲིད་ཟིན་པའི་འོག་ཏུ་སླར་ཡང་དྲང་དོན་ལ་ཁྲིད་པ་མི་རུང་བའི་ཕྱིར། འཁོར་ལོ་བར་བ་ཐེག་ཆེན་ལ་ཞུགས་ཞེས་གསུངས་པ་ཡང་ཐེག་ཆེན་གྱི་ཐེག་པའི་རིམ་པ་མང་པོ་ལ། བློ་མ་སྦྱངས་བའི་གང་ཟག་དབང་པོ་ཤིན་ཏུ་སྨིན་པ་མ་ཡིན་པ་རྣམས་ལ་གསུངས་པས་མཐར་ཐུག་གི་ངེས་དོན་མ་ཡིནཞིང༌། འཁོར་ལོ་ཐ་མ་གསུངས་པའི་ཡུལ་ཐེག་པ་སྣ་ཚོགས་ལ་ཞུགས་པ་ཞེས་གསུངས་པ་ནི། ལ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ། ལ་ལ་རང་རྒྱལ་ལ་ཞུགས་པ། ལ་ལ་ཐེག་ཆེན་ལ་ཞུགས་པ། ལ་ལ་དབང་པོ་རྣོ། ལ་ལ་དབང་པོ་རྟུལ་ཞེས་བྱ་བའི་དོན་མ་ཡིན་ཏེ། དེ་ལྟར་ཡིན་ན་བདག་ཏུ་རྟོག་པར་གྱུར་ན་མི་རུང་སྟེ། ཞེས་གསུངས་པ་ཡང་མི་འགྲིག་སྟེ། ཉན་ཐོས་ཀྱི་ཐེག་པ་པ་ཐེག་ཆེན་ལ་གསར་དུ་འཇུག་པའི་སྐབས་ཟག་མེད་ཀྱི་དབྱིངས་འདི་ཡོད་པར་གསུང་ན་བདག་ཏུ་ལྟ་བ་འབྱུང་བའི་གནས་སྲིད་པ་དང༌། དེ་ལྟར་ཡོད་པས་རེ་ཞིག་ཟབ་མོའི་དོན་དེ་མ་བསྟན་པར་ཆོས་ཐམས་ཅད་བདེན་མེད་དུ་གསུངས་པར་བཤད་པས། འཁོར་ལོ་བར་བས་བློ་སྦྱངས་ཟིན་པའི་གང་ཟག་ལ་ལམ་འདི་སྟོན་རྒྱུ་ཡིན་པའི་ཕྱིར་སྔར་ཐེག་ཆེན་ལ་མ་ཞུགས་པ་དང༌། འཁོར་ལོ་བར་བས་རྒྱུད་སྦྱངས་པ་གཉིས་འགལ་བས་སོ། །དེས་ན་ཐེག་པམཐའ་དག་ལ་ཡང་དག་པར་ཞུགས་པའི་དོན་ཐེག་པ་མཐའ་དག་ལ་ཞུགས་པས་རྒྱུད་སྦྱངས་ཟིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབང་རྣོན་གདུལ་བྱ་ཤིན་ཏུ་སྨིན་པ་རྣམས་ལ་གསུངས་པ་ཡིན་པའི་ཕྱིར་འདི་ཉིད་ངེས་དོན་དུ་གྲུབ་ལ། ཡང་རྣམ་པ་གཅིག་ཏུ་རང་སྟོང་བ་རྣམས་ཀྱི་ལུགས་དེ་ལྟར་ན། འཁོར་ལོ་དང་པོ་དང་འཁོར་ལོ་ཐ་མ་གཉིས་མཐུན་པ་ཤས་ཆེ་དགོས་པ་ལས་འདིར་ནི་དེ་ལྟར་མེད་པར་འཁོར་ལོ་བར་བ་དང་པོ་དང་མཐུན་ཤས་ཆེཞིང༌། འཁོར་ལོ་ཐ་མ་ཐེག་དམན་དང་ཤིན་ཏུ་འགལ་བའི་ཕྱིར་འདི་ཉིད་མཐར་ཐུག་ཡིན་ལ། དེ་ལྟར་ཡིན་པ་ནི་མངོན་སུམ་གྱིས་གྲུབ་སྟེ། འཁོར་ལོ་དང་པོ་གཉིས་ཆར་དུ་སྣང་པ་སེམས་སུ་མ་གསུངས་པ་དང༌། རྣམ་ཤེས་ཚོགས་བརྒྱད་མ་བཤད་པ་དང༌། ཆོས་ལྔ་དང་རང་བཞིན་གསུམ་སོགས་ཀྱི་རྣམ་བཞག་ཀྱང་དང་པོ་ནས་གཏན་ནས་མ་བཤད་ཅིང་བར་བ་ནས་ཀྱང་རྒྱས་པར་མ་བྱུང་པ་དང༌། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་འདི་ལྟ་བུ་འཁོར་ལོ་དེ་གཉིས་ཆར་ནས་མ་བཤད་ཅིང་ཉན་ཐོས་རྣམས་དེ་ལྟ་བུ་གཏན་ནས་མེད་པར་འདོད་ལ། དབུ་མ་རང་སྟོང་བ་རྣམས་ཀྱང་སྐབས་འདིར་ཉན་ཐོས་སྡེ་གཉིས་དང་མཐུན་པར་ཁས་བླངས་པའི། ཆོས་ཐམས་ཅད་བདེན་མེད་དུ་འདོད་མི་འདོད་ཙམ་མ་གཏོགས་གྲུབ་མཐའ་ལ་ཁྱད་ཆེན་པོ་མ་ཞུགས་ཤིང༌། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པ་ཐེག་པ་ཆེ་ཆུང་གི་འདོད་པ་ཐམས་ཅད་ལ་ཡོད་པར་འདོད་པ་ལྟར་ན། ཉན་ཐོས་སྡེ་གཉིས་དང་རང་བཞིན་མེད་རྟོགས་ཀྱི་ལྟ་པའི་ཁྱད་པར་ཙམ་མ་གཏོགས། ཐེག་པ་གསུམ་བསྒོམ་བྱའི་ལམ་གཅིག་པར་འདོད་པ་སོགས་ཕལ་ཆེར་མཐུན་ཞིང༌། དེས་ན་སྤྱོད་པའི་ཁྱད་པར་མ་གཏོགས། ལྟ་བའི་སྒོ་ནས་ཉན་ཐོས་དང་ཐེག་ཆེན་ཡང་ཉམས་ལེན་གཅིག་པར་དོན་གྱིས་ཁས་བླངས་པ་ཡིན་ནོ། །འཁོར་ལོ་ཐ་མ་ནི་འཁོར་ལོ་དང་པོ་དང་ཤིན་ཏུ་ཁྱད་ཆེ་སྟེ། སྣང་བ་སེམས་སུ་གསུངས་པ་དང༌། རྣམ་ཤེས་ཚོགས་བརྒྱད་དང་ཆོས་ལྔ་རང་བཞིན་གསུམ་སོགས་རྒྱས་པར་བསྟན་པ་དང༌། ཉན་ཐོསརྣམས་ཡོད་པར་འདོད་པའི་ཕྱི་དོན་འདིར་གཏན་ནས་མེད་པར་གསུངས་ཤིང༌། ཉན་ཐོས་རྣམས་གཏན་ནས་མི་འདོད་པའི་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་གསུངས་ལ། ཉན་རང་དང་ཐེག་ཆེན་གཉིས་ལ་ལྟ་བའི་ཁྱད་པར་ཤིན་ཏུ་ཆེ་བར་གསུང་བས་སོ། །དེའི་ཕྱིར་རང་སྟོང་པ་རྣམས་ཀྱི་ལུགས་ལྟར་ན། ཉན་ཐོས་ཀྱི་མདོ་རྣམས་ངེས་དོན་ཤས་ཆེ་ཞིང༌། ཤེར་ཕྱིན་ཙམ་མ་གཏོགས་ཐེག་ཆེན་གྱི་མདོ་སྡེ་འབྱམས་ཀླས་པ་རྣམས་དྲང་དོན་འབའ་ཞིག་ཡིན་ནོ་ཞེས་ཐེག་པ་ཆེ་ཆུང་ལ་དྲང་ངེས་གོ་ལོག་ཏུ་འགྱུར་རོ། །གཞན་སྟོང་འདི་བཀའ་ཐ་མར་མ་ཟད། བར་པའི་ཡང་དགོངས་པ་ཡིན་པར་ཤེར་ཕྱིན་གྱི་བྱམས་ཞུས་ཀྱི་ལེའུར། མཚན་ཉིད་གསུམ་ཁས་བླངས་ཕྱིན་ཆོས་ཐམས་ཅད་བདེན་མེད་དུ་ཁྱད་པར་མེད་པར་འདོད་ན། མཚན་ཉིད་གསུམ་གྱི་རྣམ་བཞག་བྱས་པ་དགོས་མེད་དུ་འགྱུར་བ་དང༌། མདོ་སྡེ་རྒྱན་ལས་ཀྱང༌། ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །ཅེས་པའང་ཤེར་ཕྱིན་གྱི་མདོ་ཚིག་གིས་དངོས་བསྟན་ཙམ་མཐར་ཐུག་གི་ངེས་དོན་དུ་བཟུང་རྒྱུ་མིན་པའི་དོན་ཏུ་སྣང་བས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་སྟེང་གི་ཀུན་བརྟགས་དང་གཞན་དབང་གཉིས་བདེན་མེད་དུ་གསུངས་ནས། ཡོངས་གྲུབ་ལ་རེ་ཞིག་བཏང་སྙོམས་སུ་མཛད་པ་ཡིན་ནོ། །དབུ་སེམས་གཉིས་ལ་མདོ་སྡེ་ཐ་དད་དུ་མེད་པར་ནི་འདོད་དེ། མདོ་སྡེ་གཅིག་ལ་དགོངས་པ་འགྲེལ་ལུགས་ཀྱི་ཁྱད་པར་ཙམ་ཡིན་པས་འདི་ལ་མི་འཐད་པ་མེད་དེ། བྱེ་མདོ་གཉིས་ལ་ཡང་མདོ་སྡེ་ཐ་དད་མེད་ཀྱང་དགོངས་པ་ལེན་ལུགས་ཀྱི་ཁྱད་པར་ཙམ་ཡིན་པའི་ཕྱིར་རོ། །སྤྱིར་སེམས་ཙམ་རྣམ་བདེན་པའི་གྲུབ་མཐའ་འཛིན་པ་མང་དུ་བྱུང་ཕྱིན་ཆད་ན། བསྟན་བཅོས་ཀྱི་པོ་ཏི་ཡོད་མེད་ལ་མ་རེག་ཅིང། གླེགས་བམ་ཡོད་ཀྱང་བོད་དུ་འགྱུར་ནི་མི་དགོས་ཏེ། དགོས་ན་ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་ནང་ནས་གོས་དམར་སྡེ་བ་མ་གཏོགས། གཞན་རྣམས་ཀྱི་སྡེ་སྣོད་གསུམ་དང་མདོ་སྡེ་བའི་གཞུང་ལུགས་ཀྱང་མེད་པར་འགྱུར་ཏེ་བོད་ན་མི་འདུག་པའི་ཕྱིར་ཞེས་པར་མི་འགྱུར་རམ། དེས་ན་ཚད་མ་རྣམ་འགྲེལ་སྤྱིར་མདོ་སྡེ་པའི་བསྟན་བཅོས་མ་ཡིན་ཞིང༌། ཡིན་དུ་ཆུག་ཀྱང་ཆོས་སྐད་ཟར་ཟུར་ཙམ་ལས་གྲུབ་མཐའ་རྫོགས་པར་མེད་པ་དང༌། མདོ་སྡེ་པའི་ལྟ་བའི་རྣམ་བཞག་ཙམ་བྱུང་བས་དེ་ཡོད་པར་འགྱུར་ན།རྣལ་འབྱོར་སྤྱོད་པའི་གཞུང་ཐམས་ཅད་དུ་རྣམ་བདེན་གྱི་ལྟ་བའི་རྣམ་བཞག་བྱུང་བས་སེམས་ཙམ་གྱི་གཞུང་ཡང་ཡོད་པར་ཅིའི་ཕྱིར་མི་འགྱུར། གཞན་ཡང་འཁོར་ལོ་བར་བ་ངེས་དོན་དང། ཐ་མ་དྲང་དོན་དུ་བསྟན་པའི་མདོའི་ལུང་ཡང་མེད་ཅིང༌། དགོངས་འགྲེལ་དུ་བར་བདྲང་དོན་དང་ཐ་མ་ངེས་དོན་དུ་གསུངས་པས་དྲང་ངེས་སོ་སོར་ཕྱེ་ཞིང༌། དྲང་དོན་དགོངས་པ་ཅན་དུ་བཀྲལ་བས་མདོ་སྡེ་འདི་ཉིད་ཀྱང་དགོངས་པ་ཅན་དུ་འགྲེལ་དགོས་ན་ཧ་ཅང་ཐལ་བ་དང༌། རང་ཕྱོགས་ལ་དྲང་ངེས་དགོངས་པ་ཅན་དུ་ཕྱེ་བའི་མདོའི་ལུང་མེད་བཞིན་དུ། གཞན་ལུགས་ཀྱི་ལུང་དགོངས་པ་ཅན་ཡིན་ནོ་ཞེས་ཟེར་བ་དབང་ཆེ་བའི་སྤྱོད་པ་ཙམ་ཡིན་པའི་ཕྱིར་དང༌། ཀླུ་སྒྲུབ་ཀྱི་རིགས་ཚོགས་སུ་རང་སྟོང་གསུངས་ཀྱང༌། བསྟོད་ཚོགས་སུ་གཞན་སྟོང་གསུང་བའི་ཕྱིར་ཕྱོགས་གཉིས་ཆར་ལ་རྗེས་སུ་འགྲོ་ཞིང༌། གཞན་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པ་ལ་སོགས་པ་རྣམས་སྤྱིར་པཎྜི་ཏ་མཆོག་ཡིན་ཡང༌། རྒྱན་དྲུག་གི་ནང་དུ་ཚུད་པ་སངས་རྒྱས་ཉིད་ཀྱི་བསྟན་པ་འཛིན་པར་ལུང་བསྟན་པ་ཐོབ་པའི། ཐོགས་མེད་སྐུ་མཆེད་ཕྱོགས་གླང་ཆོས་གྲགས་དང་དོ་བརྡོ་བའི་ཡུལ་མ་ཡིན་ཞིང༌། ཁྱད་པར་འཕགས་པ་ཐོགས་མེད་ནི་མདོ་སྡེ་དྲང་ངེས་འབྱེད་པར་སངས་རྒྱས་ཉིད་ཀྱིས་ལུང་བསྟན་ལ། དབྱིག་གཉེན་འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་བཞུགས་པ་དང༌། དབྱིག་གཉེན་ཕྱོགས་གླང་ཆོས་སྐྱོང་རྣམས་ལ། ཟླ་བ་གྲགས་པ་དང་ཡེ་ཤེས་སྙིང་པོ་སོགས་ཀྱིས་ཀྱང་རང་ལས་མཁས་ཤིང་གསན་རྒྱ་ཆེ་བ་དང༌། ཤིང་རྟ་ཆེན་པོ་ཡིན་པར་དག་པ་བྱིན་པའི་ཕྱིར་ཟླ་གྲགས་སོགས་ཀྱི་ལུང་ལ་བརྟེན་ཏེ་ཐོགས་མེད་སྐུ་མཆེད་འགོག་པ་ནི་གཟུ་ལུམ་ཡིན་ནོ་ཞེས་གསུངས་སོ། །གཞན་གྲུབ་མཐའི་སྟེང་ནས་ཕྱོགས་འདི་གཉིས་ལ་དགག་སྒྲུབ་ཤིན་ཏུ་མང་བར་འདུག་ནའང་ཡི་གེ་མངས་པར་འགྱུར་ཞིང། རེ་ཞིག་གཟིགས་མི་བདེ་བར་སྣང་བས་མ་བྲིས་ལ། དེ་ལ་རང་སྟོང་གི་དོན་ནི་ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང་བདེན་པར་མེད་པའི་ཕྱིར་ཆོས་ཐམས་ཅད་རང་སྟོང་ཡིན་ཞེས་འདོད་པའི་དོན་ཡིན་ལ། གཞན་སྟོང་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་མེད་རང་གི་ངོ་བོས་སྟོང་བས་རང་སྟོང་ཡིན་ཡང༌། དོན་དམ་གྱི་དབྱིངས་ནི་བདེན་པར་གྲུབ་པའི་ཕྱིར་རང་གི་ངོ་བོས་མི་སྟོང་ལ།འོན་ཀྱང་སྟོང་ཉིད་ནི་ཡིན་ཏེ་གཞན་གཟུང་འཛིན་སོགས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་དོན་དམ་ནི་གཞན་སྟོང་ཡིན་ནོ། །ཞེས་བཞེད་པའི་དོན་ཡིན་པས་ཀུན་རྫོབ་རང་སྟོང་ཡིན་པ་ལ་མཐུན་ཡང༌། དོན་དམ་རང་སྟོང་དུ་བཞེད་མི་བཞེད་ཀྱི་ཁྱད་པར་ཡིན་ནོ། །ཀུན་རྫོབ་དང་དོན་དམ་ཡང་འཇོག་ལུགས་མི་འདྲ་སྟེ། རང་སྟོང་བ་རྣམས་ནི་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་ལྟར་སྣང་བ་ནི་ཀུན་རྫོབ་ཡིན་ལ། དེ་རྣམས་རང་བཞིན་མེད་པ་གང་ཡིན་པ་དེ་ནི་དོན་དམ་བདེན་པར་འཇོག་སྟེ། དོན་དམ་དེ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་ཙམ་ལ་འཇོག གཞན་སྟོང་བ་རྣམས་ནི་དངོས་པོ་དངོས་མེད་གཟུང་འཛིན་སོགས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ནི་ཀུན་རྫོབ་ཡིན་ལ། དོན་དམ་པའི་དབྱིངས་གཉིས་སྟོང་གི་ཡེ་ཤེས་རང་རིག་པ་ནི་དོན་དམ་དུ་འཇོག་པས། དོན་དམ་སྤྲོས་པ་དང་བྲལ་ཙམ་ལ་མི་འཇོག་པར་གཟུང་འཛིན་གཉིས་ཀྱི་སྤྲོས་པས་དབེན་པའི་རིག་པ་ལ་འཇོག སྤྲོས་པ་དང་བྲལ་ཙམ་ནམ་མཁའ་ལྟ་བུ་ནི་བེམ་སྟོང་དང་ཆད་སྟོང་ཡིན་པར་འདོད། དེས་ན་རང་སྟོང་བ་རྣམས་ཀྱིས་དོན་དམ་མེད་དགག་དང་དངོས་མེད་ལ་འཇོག གཞན་སྟོང་བ་རྣམས་ཀྱིས་དོན་དམ་དངོས་པོ་ཡིན་པ་རྒྱུ་རྐྱེན་གྱིས་གསར་དུ་འདུས་བྱས་པ་མ་ཡིན་པ། སྔ་ཕྱི་ཐམས་ཅད་འགྱུར་བ་མེད་ལ་རྟག་བརྟན་གཡུང་དྲུང་ཡིན་པའི་ཕྱིར་ཆད་མཐར་མི་འགྱུར། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རྟག་པའི་མཐར་མི་འགྱུར་བ་ཚིག་གིས་བརྗོད་པའི་ཡུལ་ལས་འདས་ཤིང༌། རྣམ་རྟོག་གིས་འདི་ལྟ་བུའོ་ཞེས་བཞག་ཏུ་མེད་པས་རྟོག་གེའི་ཡུལ་ལས་འདས་པདང༌། སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་ཡིན་པར་བཞེད་དོ། །དེས་ན་མཚན་ཉིད་གསུམ་ལས་གཞན་དབང་ནི་འཁྲུལ་སྣང་ཅན་གྱི་ཤེས་པ་ཡིན་ལ། ཀུན་བརྟགས་དེ་ལ་སྣང་བའི་འཁྲུལ་བ་ཡིན་ཞིང༌། ཡོངས་གྲུབ་ནི་ཤེས་པ་དེ་གཟུང་འཛིན་གཉིས་ཀྱི་འཁྲུལ་བས་སྟོང་ཞིང་རང་རིག་གི་ངོ་བོས་མི་སྟོང་བ་འདི་ཡིན་པས། ཀུན་བརྟགས་བརྡའ་དང་ཐ་སྙད་ཀྱིས་བཞག་པ་ཙམ་མ་གཏོགས་གཏན་ནས་མེད་པ་དང༌། གཞན་དབང་ཀུན་རྫོབ་ཏུ་ཡོད་དོན་དམ་དུ་མེད་པ་དང༌། ཡོངས་གྲུབ་དོན་དམ་དུ་ཡོད་པ་སྟེ། ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། ཡོངས་གྲུབ་གཟུང་འཛིན་གྱི་ངོ་བོར་མེད་པས་དོན་དམ་ངོ་བོ་ཉིད་མེད་པའོ། །དེས་ན་རང་སྟོང་ལྟར་ན་ཆོས་དེ་དང་དེའི་ངོ་བོ་ཉིད་མེད་པས་ཆོས་ཐམས་ཅད་སྟོང་བ་ཉིད་དུ་འདོད་མོད་ཀྱང༌། ཀུན་རྫོབ་ཀྱི་ཆོས་དེ་དང་དེའི་ངོས་ནས་སྟོང་ཉིད་དུ་མི་འཇོག་སྟེ། དཔེར་ན་བུམ་པ་རང་བཞིན་མེད་པའི་ཆ་ནས་བུམ་པ་སྟོང་པ་ཉིད་ཡིན་པར་ཡང་འདོད་མོད། ཀུན་རྫོབ་བུམ་པ་རང་གི་ཆ་དེ་སྟོང་ཉིད་དུ་མི་འདོད་དེ། བདེན་གཉིས་གཅིག་ཏུ་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པས་སོ། །གཞན་སྟོང་བ་རྣམས་ནི་སྟོང་ཉིད་ལ་དོན་དམ་བདེན་པའི་མ་ཁྱབ་སྟེ་ཀུན་བརྟགས་ནི་མེད་པའི་སྟོང་ཉིད་དང༌། གཞན་དབང་ནི་ཡོད་པའི་སྟོང་ཉིད་དང༌། ཡོངས་གྲུབ་ནི་རང་བཞིན་སྟོང་ཉིད་དུ་བཞེད་པས་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་འཆའ་བ་ཡིན་ནོ། །དེས་ན་རང་སྟོང་བ་རྣམས་ནི་གཞི་གྲུབ་ན་སྟོང་ཉིད་ཀྱིས་ཁྱབ་མཐའ་མི་འཆའ་ཞིང༌། སྟོང་ཉིད་དོན་དམ་གཅིག་པ་རང་སྟོང་ཉིད་ཡིན་ན་སྤྲོས་པ་དང་བྲལ་བའི་དབྱིངས་ཙམ་པོ་ཡིན་པས་ཁྱབ་པར་འདོད། གཞན་སྟོང་བ་རྣམས་དེ་ལས་ཟློག་པ་ཡིན་ཏེ། དོན་དམ་སྟོང་ཉིད་ཀྱི་གཙོ་བོ་ཤེས་རིག་གི་ཆ་ནས་འཇོག དོན་དམ་གྱི་དབྱིངས་དེ་ནི་གཅིག་དུ་བྲལ་ལ་སོགས་པ་རིགས་པའི་ལམ་ལས་འདས་པ། ཀུན་རྫོབ་ཀྱི་ཆོས་རྣམས་དང་མི་འདྲ་བས་རིགས་པ་དེས་གནོད་པ་མེད་དེ། ཀུན་རྫོབ་ཀྱི་ཆོས་དངོས་མེད་རྣམས་ནི་ངོ་བོས་མེད་ཅིང༌། དངོས་པོ་རྣམས་ནི་དུས་དང་ཕྱོགས་ཀྱིས་བསྡུས་པ་ཡིན་པས་རིགས་པ་དེ་འཇུག་ལ། གཉིས་མེད་ཀྱི་ཡེ་ཤེས་དེ་ནི་ཕྱོགས་དུས་ཀྱིས་མ་བསྡུས་པས་རིགས་པ་དེ་མི་འཇུག་སྟེ། ཡེ་ཤེས་དེ་ལ་སྐད་ཅིག་མང་པོར་དབྱེ་པ་དང༌། སྐད་ཅིག་དེའི་ཐོག་མཐའ་བར་གསུམ་དཔྱོད་པ་སོགས་ནི་ཡེ་ཤེས་དེ་དུས་ལས་འདས་པ་ཡིན་པའི་ཕྱིར། དེ་ལ་དུས་གསུམ་གང་ཡང་མེད་པས་དེའི་སྐད་ཅིག་སོགས་ཤེས་བྱ་ལ་མི་སྲིད་པའི་ཕྱིར། རིག་པ་དེའི་རྩ་བ་སྟོང་པ་ཡིན་ལ། དེ་བཞིན་ཏུ་དོན་དམ་དེ་རྟེན་འབྲེལ་དུ་ཡང་མི་བཞེད་དོ། །དེས་ན་ཤེས་པ་ལ་རྣམ་ཤེས་དང་ཡེ་ཤེས། རིག་པ་ལ་རང་རིག་དང་གཞན་རིག སྟོང་པ་ལ་རང་སྟོང་དང་གཞན་སྟོང༌། ཆོས་ལ་ཆོས་ཅན་དང་ཆོས་ཉིད་སོགས་ཞིབ་མོར་ཕྱེ་ནས་སྣང་བ་ཐམས་ཅད་སེམས་སུ་འདོད་པ་དང༌། གཟུགས་སྐུ་གདུལ་བྱ་གཞན་སྣང་གིས་བསྡུས་ཀྱི་སངས་རྒྱས་མ་ཡིན་པར་བཞེད་པ་དང༌། སེམས་སྤྲོས་བྲལ་སངས་རྒྱས་ཀྱི་རྒྱུ་ཡིན་པར་མ་ཟད། སེམས་ཀྱི་གསལ་བ་མ་འགགས་པ་ལ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དབྱེར་མེད་ཀྱི་ངོ་བོས་གནས་པས་སེམས་ཅན་གྱི་རྒྱུད་ལ། མཚན་དཔེ་གསལ་རྫོགས་ཡོན་ཏན་དྲུག་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སངས་རྒྱས་ཡོན་ཏན་དབྱེར་མེད་ཀྱི་ཚུལ་གྱིས་ཡོད། མངོན་འགྱུར་གསར་ཐོབ་ཀྱི་སྒོ་ནས་ཡོད་པར་མི་འདོད་པའི་སྤྱིར་སེམས་ཅན་ཙམ་སངས་རྒྱས་སུ་ཐལ་བའི་སྐྱོན་མེད། སེམས་ཅན་གྱི་ཆོས་ཉིད་སངས་རྒྱས་ཡིན་པ་དང༌། ཆོས་ཉིད་དེ་སྤྲོས་བྲལ་གྱིས་ཁྱད་པར་དུ་བྱས་པའི་གསལ་ཆ་མ་འགགས་པ་ལ་བཞེད་འདིར་ཟག་མེད་ཀྱི་སེམས་རྒྱུན་མདོ་ནས་བཤད་པས་ཀྱང་གྲུབ། སེམས་ཅན་དང་སངས་རྒྱས་གཉིས་ཀ་སེམས་ཀྱི་རྒྱུན་ལ་འཇོག བེམ་ཤེས་གཉིས་ཚོགས་པ་མ་ཡིན་ཏེ། དངོས་གནས་ལ་བེམ་ཤེས་གཉིས་ཚོགས་པ་དང་དེ་འདྲ་མི་སྲིད་པ་སོགས་ཀྱིས་ཕྱིར་རོ། །དེས་ན་དེ་དག་ལ་སོགས་པ་ནི་གཞན་སྟོང་གི་གྲུབ་མཐའི་མཐིལ་ཡིན་ཞིང༌། སྡུག་ཀུན་ལམ་བདེན་གསུམ་པོ་ཀུན་རྫོབ་འདུས་བྱས་བདེན་མེད། འགོག་བདེན་དོན་དམ་འདུས་མ་བྱས་པ་བདེན་གྲུབ་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ལམ་བདེན་གྱི་མིང་ཅན། འགོག་བདེན་དང་དབྱེར་མེད་ཡིན་པས་དོན་དམ་འདུས་མ་བྱས་ཡིན་ལ། དེ་འདྲའི་འགོག་བདེན་དེ་ཡང་སྟོང་པ་ནམ་མཁའ་ལྟ་བུ་ལ་མི་འཇོག་པར་རང་རིག་ཆེན་པོ་ཡིན་པའི་སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དང༌། ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན། འགོག་ལམ་སྤངས་རྟོགས་ངོ་བོ་དབྱེར་མེད་ཅེས་ཀྱང་གསུངངོ༌། །ཁོ་བོ་ཕྱོགས་སུ་ལྷུང་བ་མ་ལགས་ཏེ། འདི་དག་ངེས་པའི་དོན་ལ་ནི་ཤིན་ཏུ་འབྱོར་བར་སེམས་ལགས། དབུ་མ་ངོ་བོ་ཉིད་མེད་པ་རྣམས་ཀྱི་ནང་ནས་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་འདི་ངེས་དོན་ལ་ལྷག་པར་འབྱོར་པར་སེམས་ཤིང༌། རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ཀྱི་དགོངས་པའང་གཞན་སྟོང་གསལ་བ་དང༌། རང་སྟོང་གིས་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་འདིའི་ཕྱོགས་སུ་བསླན་པ་ཁོ་ན་མཐོང་ངོ། །རང་སྟོང་གཞན་སྟོང་གི་ཁྱད་པར་གསལ་ལ་གོ་བདེ་བ་ཞིག་ཡི་གེར་བྲིས་གསུང་པ་རེ་ཞིག་དེ་ཙམ་མོ། །ཞེས་པའང་ཏཱ་ར་ནཱ་ཐས་ཕུལ་བའོ། །རྡོ་རྗེ་འཛིན་པ་ཆེན་པོ་བླ་ཆེན་བྱམས་པ་ངག་དབང་གིས་བསྐུལ་བ་ཡིན། དགེའོ། །གཅིག་ཞུས། །

ཚུལ་གཉིས་རྣམ་འབྱེད་ཀྱི་འཆད་ཁྲིད་ཟིན་བྲིས།ཚུལ་གཉིས་རྣམ་འབྱེད་ཀྱི་འཆད་ཁྲིད་ཟིན་བྲིས་ངེས་དོན་ཆོས་ཀྱི་འབྲུག་སྒྲ།

ཚུལ་གཉིས་རྣམ་འབྱེད་ཀྱི་འཆད་ཁྲིད་ཟིན་བྲིས།ཚུལ་གཉིས་རྣམ་འབྱེད་ཀྱི་འཆད་ཁྲིད་ཟིན་བྲིས་ངེས་དོན་ཆོས་ཀྱི་འབྲུག་སྒྲཞེས་བྱ་བ་བཞུགས་སོ། །

ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཆོས་འཁོར་གསུམ་གྱི་དགོངས་པ་ཇི་བཞིན་མཁྱེན། །རྒྱུབ་སྡེ་བཞི་ཡི་དེ་ཉིད་ཐུགས་སུ་ཆུད། །འགྲོ་བ་ཀུན་ལ་མ་ནོར་ལམ་སྟོན་པ། །ཀུན་མཁྱེན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །དེ་རིང་འདི་ནས་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་ཚུལ་གཉིས་རྣམ་པར་འབྱེད་པའི་གཞུང་ལུགས་དེ་ཉུང་ཙམ་ཞིག་ཞུ་རྒྱུ་དེ་ཡིན། དེ་འདྲ་ཞུ་དགོས་པའི་དམིགས་ཡུལ་དང༌། རྒྱུ་མཚན་གང་འདྲ་ཡོད་ཟེར་ན། གཞན་སྟོང་ལ་མོས་པ་ཡོད་མཁན་དང༌། དེར་མ་ཟད། དགོན་པ་རང་རང་སོ་སོའི་ནང་ནས་ཆོས་ཁྲིད་ཀྱི་བྱ་བ་དང༌། ཡང་ན་ཕྱག་ལས་རྒྱ་ཆེར་གནང་ནས་སློབ་གླིང་འདིར་ཕེབས་ནས། ཆོས་ཁྲིད་ཞུ་བའི་ཁོམ་སྐབས་མེད་མཁན་ཚོའི་རེ་བ་ལྟར་གཞན་སྟོང་གི་སྐོར་ནས་ཉུང་བསྡུས་ཤིག་ཞུ་རྒྱུ་དེ་ཡིན། ཡིན་ན་ཡང༌། གཞན་སྟོང་ཟེར་བ་དེ་བདག་ལྟ་བུའི་བློ་ཡུལ་ལས་འདས་པ་ཞིག་ཏུ་ཆགས་འདུག་ཡོད་པ་རེད། འོན་ཀྱང༌། སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་རབ་ལ་བརྟེན་ནས། དེ་དག་གི་རྗེས་ཟློས་ཙམ་ཞིག་གཙོ་བོར་ཞུ་རྒྱུའི་དམིགས་ཡུལ་དེ་འདྲ་ཡིན། ཡིན་ཡང༌། དྲྭ་བ་འདི་ཅུང་ཟད་ཆུང་དྲགས་པས།¿ཚོགས་པ་འདིའི་ནང་དུ་མི་མང་པོ་ཞིག་ཞུགས་ཐུབ་ཡོད་པ་མ་རེད། རེད་དེ། དེ་རིང་ང་ཚོས་དུས་ཚོད་གཏན་ཁེལ་བྱས་ཚར་བའི་དབང་གིས་ས་བཅད་མ་སྟོང་བ་ཙམ་ཞིག་ཞུ་རྒྱུ་དེ་ཡིན། སྤྱིར་བཏང༌། ཆོས་ཁྲིད་ཀྱི་ཡུན་ཚད་སྐར་མ་ཉི་ཤུ་ནས་སུམ་ཅུའི་བར་ཞུ་བསམ་གྱིན་ཡོད། ཡིན་ན་ཡང༌། མཚམས་མཚམས་སུ་ཁོམ་སྐབས་ཡོད་མེད་ཀྱི་དབང་གིས་དུས་ཚོད་ཀྱང་གཏན་ཁེལ་ཡོང་རྒྱུ་མ་རེད། ཚོགས་པ་འདིའི་ནང་མཁས་དབང་ཡང་མང་པོ་ཡོད་པ་རེད་བསམ་གྱིན་འདུགདེ་ཡིན་དུས། ཁྱེད་རྣམས་ལ་ངས་འདི་ནས་སྔོན་མེད་ལེགས་བཤད་ཅིག་དང༌། ཟབ་པ་དང༌། རྒྱ་ཆེ་བ། གཏིང་ཟབ་པ་ཞིག་གོ་རིགས་གང་གི་ཕྱོགས་ནས་ཡིན་ཡང་བརྡ་སྤྲོད་ཐུབ་པ་ཞིག་འོང་རྒྱུ་ཁག་པོ་རེད། དེ་འདྲ་ཡིན་དུས། ཁྱེད་རྣམ་པར་དུས་ཚོད་འཕྲོག་བརླག་འགྲོ་བ་ཙམ་མ་གཏོགས་ཕན་ཐོགས་ཆེན་པོ་ཡོད་རྒྱུ་མ་རེད་བསམ་གྱིན་འདུགཡིན་ཡང༌། ཁྱེད་རྣམས་པར་ཉན་རྒྱུའི་སྤྲོ་བ་ཡོད་ན་རང་རང་སོ་སོའི་འདོད་མོས་ལྟར་རེད་ཞུ་རྒྱུ་དེ་ཡིན། སྤྱིར་བཏང༌། ང་རང་ལ་གྲྭ་པ་རྒན་པ་མང་པོ་ཞིག་གིས་སྔོན་མར་དུས་འཁོར་བསྐྱེད་རྫོགས་ཀྱི་ཕྱོགས་ནས་བཤད་པ་གནང་རོགས་ཟེར་ནས་མང་པོ་ཞིག་ལབ་སོང༌། ཡིན་ན་ཡང༌། སྤྱིར་བཏང་དྲྭ་ལམ་ནས་ཆོས་བཤད་ཤེས་ཀྱིན་མི་འདུགདགོས་སུ་གསང་བ་སྔགས་ཀྱི་ཆོས་ཤིག་བཤད་དགོས་ན་དེ་ལས་ཀྱང་ཁག་པོ་རེད། སྤྱིར་ན། དྲྭ་ཚོམས་འདི་ལྟ་བུའི་ནང་དུ་དད་པ་ཡོད་མེད་མང་པོ་ཡོང་གི་རེད། དེར་མ་ཟད། དམ་ཚིག་གི་ཕྱོགས་ནས་ཡིན་ན་ཡང་ཕལ་ཆེར་གཙང་མ་ཡིན་རྒྱུ་རེད། མ་ཡིན་པ་ཡང་ཡོད་སྲིད་རྒྱུ་རེད། དེ་འདྲ་ཡིན་དུས། གསང་བ་སྔགས་ཀྱི་ཆོས་ཁྲིད་བཤད་དགོས་པ་ཡིན་ན་ཁག་པོ་རེད། དེར་མ་ཟད། གཞན་སྟོང་དབུ་མའི་ལྟ་གྲུབ་ལ་བསམ་བློ་བཏང་བ་ཡིན་ན། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་མཇུག་ན། བློ་ལྡན་གཟུ་བོར་གནས་ཤིང༌། ངེས་དོན་ཆོས་ཉིད་བསྒོམས་པའི་ཉམས་མྱོང་ཅན་མ་ཡིན་པ་རྣམས་ལ་བསྟན་དུ་མི་རུང་བའི་བཀའ་རྒྱ་དམ་པོ་ཡོད་པས། དེ་ཁོ་ན་བཞིན་མཛད་པར་ཞུ། ཅི་སྟེ་དེ་ལས་འདས་ན་དམ་ཚིག་ལས་འདས་སོ། །ཅེས་གསུངས་པ་ལྟར་རེད། དེའི་དབང་གིས་ང་ཚོའི་ཚོགས་པ་འདིའི་ནང་དུ་ཆོས་དམ་ཚིག་ལྡན་མཁན། མོས་པ་ཡང་ཡོད་མཁན། དེ་འདྲ་ཞིག་ཡིན་ན། ང་རང་གི་ངོས་ནས་རེ་བ་ཡོད་ཞུ་རྒྱུ་དེ་ཡིན། ཡིན་ཡང༌། ཆོས་ཞུ་ཆོག་མི་ཆོག་གི་སྐད་ཆ་དེ་འདིའི་ནང་དུ་ཕན་ཚུན་གཅིག་གིས་གཅིག་ངོ་ཡང་མི་ཤེས་པས། དམིགས་བསལ་བཤད་མ་བཤད་མི་འདུག་ཞུ་རྒྱུ་དེ་ཡིན། སྤྱིར་བཏང༌། ང་ཚོ་ཆོས་ལུགས་ལ་དད་ན་ཡང་རང་དབང་རེད་ལ། མ་དད་ན་ཡང་རང་དབང་རེད། ཡིན་ཡང༌། དྲྭ་ཚིགས་འདི་ལྟ་བུའི་ནང་དུ་ཞུགས་ཚར་ཕྱིན། དྲྭ་ཚོམས་འདིའི་སྒྲིག་གཞིའི་འོག་འགྲོ་དགོས་པ་དེ། དུས་རབས་ཉེར་གཅིག་པའི་མི་ཚང་མ་སྤྱི་མཚུངས་ཀྱི་ཁྲིམས་ལུགས་དེ་འདྲ་ཞིག་གི་སྟེང་ནས་འགྲོ་གིན་ཡོད་པ་ཁྱེད་ཚོས་མཁྱེན་གསལ་ལྟར་རེད། དེ་ནང་བཞིན་དུ་གནང་རོགས་ཞུ་རྒྱུདེ་ཡིན།

མཚན་དོན་བསྟན་པ།

མཚན་དོན་བསྟན་པ།

དེ་ནས། རྩ་བར། ཚུལ་གཉིས་རྣམ་པར་འབྱེད་པ་ངེས་པའི་དོན་གྱི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །ཞེས་གསུངས་ཏེ། འདིའི་སྐབས་སུ་ཚུལ་གཉིས་རྣམ་པར་འབྱེད་པ། ཞེས་ཚུལ་རྣམ་པ་གཉིས་དེ་གཙོ་བོ་རང་སྟོང་གི་ལྟ་བུའི་ཚུལ་ཞིག་དང༌། གཞན་སྟོང་གི་ལྟ་བའི་ཚུལ་དེ་དག་རྣམ་པར་འབྱེད་པ་ངེས་དོན་མཐར་ཐུག་གི་འཇུག་ངོགས་ཞེས་བྱ་བའི་ཚིག་ཉུང་ངུ་དོན་རྣམ་པར་གསལ་བ་དག་ཅིང་ཚང་པ་བཞུགས་སོ། །ཞེས་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཁོང་གིས་བསྟན་བཅོས་འདིའི་མཚན་བཏགས་པ་དེ་འདྲ་རེད། སྤྱིར་བཏང༌། མཚན་བཏགས་པའི་དགོས་པ། མཚན་འདོགས་ཚུལ་སོགས་གསུངས་རབ་སྤྱིའི་སྤྱི་གཞུང་ནང་བཞིན་ལས། སྐབས་འདིར་ང་ཚོས་གཞུང་གི་འཕྲོས་དོན་དེ་གཞན་སྟོང་གི་ལྟ་བ་མ་གཏོགས་གཞན་རྒྱལ་ཆེར་མ་ཞུས་ན་ཆོག་གིན་འདུག དེ་ནས། རྩ་བར། ཨོྃ་སྭ་སྟི། ཞེས་གསུངས་ཏེ། དེའི་དོན་ནི་བདེ་ལེགས་སུ་གྱུར་ཅིག་ཟེར་བ་རེད། སྤྱིར་ན་གཞུང་ལུགས་གང་ཡིན་ན། མགོ་ནས་ངོ་བོ་དངོས་བསྟན་རེ་དང༌། བཀྲ་ཤིས་པའི་ཚིག་བརྗོད་པ་དེ་གཞུང་སྤྱིའི་འགྲོ་སྟངས་དང༌། རྩོམ་ལུགས་ཀྱི་དབང་དུ་བྱས་ན་དེ་འདྲ་ཞིག་གསུང་གིན་ཡོད་པ་རེད། དེ་ཡང་ང་ཚོ་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་གཞུང་རྩོམ་ལུགས་དེ་གང་ལྟར་ཡོང་གིན་ཡོད་པ་རེད་ཟེར་ན། རྗེ་བཙུན་བྱམས་པ་མགོན་པོ་ནས་བརྒྱུད་པའི་མན་ངག་དང་ལྡན་པའི་སྒོ་ནས་གཙོ་བོ་ཡོང་གིན་ཡོད་པ་རེད། མན་ངག་དེ་བརྒྱུད་པའི་སྒོ་ནས་རྩོམ་ལུགས་དེ་གང་འདྲ་རེད་ཟེར་ན། དེ་ཡང་བཤད་ཐབས་རྣམ་པ་ལྔའི་སྒོ་ནས་འཆད་ཀྱིན་ཡོད་པ་རེད། དེ་ལྟར་ཡང༌། སློབ་དཔོན་དབྱིག་གཉེན་གྱི་རྣམ་བཤད་རིགས་པའི་སྐབས་སུ། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་ནང་བཞིན་དུ་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་རིམ་པ་བཞིན་དུ་འཆད་གྱིན་ཡོད་པ་རེད། དེའི་སྒོ་ནས་ང་ཚོ་ནང་པ་སངས་རྒྱས་པའི་སྔོན་གྱི་རྩོམ་ལུགས་དེ། དེ་ལྟར་ཡོང་གིན་ཡོད་པ་རེད། དེང་སང་རྒྱ་ནག་དང་ནུབ་ཕྱོགས་ཀྱི་རྩོམ་ལུགས་ཀྱི་རྗེས་སུ་འབྲངས་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་རྩོམ་ལུགས་སོགས་དོར་བཞག་པ་ཡིན་ན། ང་ཚོ་བོད་གངས་ཅན་པའི་སྲོལ་རྒྱུན་གྱི་རིག་གནས་གཅིག་མེད་འགྲོ་བ་དེ་འདྲ་རེད་བསམ་གྱིན་ཡོད། དེས་ན། ང་ཚོས་གཞུང་ལུགས་གང་རྩོམ་པ་ཡིན་ན། སྔོན་མའི་སྲོལ་རྒྱུན་སྟེང་ནས་འགྲོ་དགོས་པ་གལ་ཆེན་པོ་རེད། ཐུན་མིན་སྲོལ་རྒྱུན་གྱི་དབང་དུ་བྱས་ན། གཞུང་ལུགས་གང་ཡིན་ཡང་མགོ་ན་ངོ་བོ་དངོས་བསྟན་རེ་དང༌། བཀྲ་ཤིས་པའི་ཚིག་སོགས་ཡོང་གིན་ཡོད་པ་རེད། དེས་ན། འདིའི་སྐབས་སུ་ཨོྃ་སྭི་སྟི་ཞེས་པ་དེ་ཡང༌། བདེ་ལེགས་སུ་གྱུར་ཅིག་ཅེས་བཀྲ་ཤིས་པའི་ཚིག་སྔོན་དུབཏང་བ་དེ་འདྲ་རེད།

ཐེག་པ་ཆེན་པོའི་ཚུལ་གཉིས་སོ་སོར་བསྟན་པ།

ཐེག་པ་ཆེན་པོའི་ཚུལ་གཉིས་སོ་སོར་བསྟན་པ།

དེ་ནས། རྩ་བར། སྐབས་ཀྱི་དགོངས་དོན་ལ། ཐེག་པ་ཆེན་པོ་ལ་ཚུལ་རྣམ་པ་གཉིས་ལས། ཞེས་གསུངས་ཏེ། སྐབས་ཀྱི་བཤད་བྱའི་དགོངས་དོན་ཐེག་པ་ཆེན་པོ་ལ་ཚུལ་རྣམ་པ་གཉིས་ཡོད་པ་རེད་ཅེས་དེ་ལྟར་གསུངས་པ་རེད། འདིའི་སྐབས་སུ་ཐེག་པ་ཆེན་པོ་ལ་ཞེས་གསུངས་པ་དེ། གྲུབ་མཐའ་ཐེག་ཆེན་པ་ལ་ཞུགས་པ་གཅིག་དང༌། ལམ་ཐེག་ཆེན་དུ་ཞུགས་པ་སྟེ་རྣམ་པ་གཉིས་ཡོད་པ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་རང་གིས་གཞན་སྟོང་སྙིང་པོའི་སྐབས་སུ་གསུངས་ཡོད་པ་ཞིག་རེད། དེ་གང་འདྲ་གསུངས་ཡོད་ཟེར་ན། གྲུབ་མཐའ་ཐེག་དམན་དུ་ཞུགས་ལ་ལམ་ཐེག་ཆེན་དུ་ཞུགས་པ་དང༌། གཉིས་ཀ་ཐེག་དམན་དུ་ཞུགས་པ། གཉིས་ཀ་ཐེག་ཆེན་དུ་ཞུགས་པ་ཡོད་ཅེས་གསུངས་ཡོད་པ་རེད། འདིའི་སྐབས་སུ་གཙོ་བོ་ཐེག་པ་ཆེན་པོ་ལ་ཚུལ་རྣམ་པ་གཉིས་གསུངས་པ་དེ། གཙོ་བོ་ཐེག་ཆེན་གྱི་གྲུབ་མཐའ་དེ་ལ་ཚུལ་རྣམ་པ་གཉིསཞེས་དེ་འདྲའི་སྒོ་ནས་གསུངས་པ་རེད།དེ་ནས། རྩ་བར། རྣལ་འབྱོར་སྤྱོད་པའི་གཞུང་ལུགས། རྗེ་བཙུན་བྱམས་པ་དང༌། འཕགས་པ་ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས་སོགས་རྣམ་རིག་སྨྲ་བའི་གཞུང་ལུག་རྣམས་ཀྱི་གྲུབ་མཐའ། ཞེས་གསུངས་ཏེ། དེ་ལྟར་ཚུལ་རྣམ་པ་གཉིས་ཡོད་པ་ལས། རྣལ་འབྱོར་སྤྱོད་པའི་གཞུང་ལུགས་དེ་གསུངས་པ་རེད། རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ཟེར་བ་དེ་གང་འདྲ་ཞིག་རེད་ཅེ་ན། རྣལ་འབྱོར་སྤྱོད་པ་ཟེར་བ་དེ་མདོར་ན་གཟུང་འཛིན་རྫས་ཐ་དད་དུ་མ་གྲུབ་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་དེ་ལ་སྤྱོད་པའི་སེམས་ཙམ་པ་དེ་དང་སྒོ་མཐུན་པར་སྨྲ་བའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཅིག་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་སྟེ་རང་རྒྱུད་པ་ལ་གཉིས་ཡོད་པའི་ནང་ནས། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དེ་དག་གིས་རྣལ་འབྱོར་སྤྱོད་པའི་སེམས་ཙམ་པ་དང་སྒོ་བསྟུན་ནས་གཞི་ལམ་འབྲས་གསུམ་གྱི་གྲུབ་མཐའ་དེ་སྨྲ་བ་བྱེད་ཀྱིན་ཡོད་པ་དེ་རེད། དེ་ནང་བཞིན་དུ། གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་སྨྲ་བ་དག་གིས་ཀྱང༌། ཕྱི་དོན་དུ་མ་གྲུབ་པ་དང༌། ཀུན་གཞི་ཁས་ལེན་པ་དང༌། རང་རིག་ཁས་ལེན་པ་ལ་སོགས་པའི་སྒོ་ནས་རྣལ་འབྱོར་སྤྱོད་པའི་སེམས་ཙམ་པ་དང་སྒོ་བསྟུན་ནས་སྨྲ་གིན་ཡོད་པ་དེ་འདྲ་རེད། འདིའི་སྐབས་སུ་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ཟེར་བ་དེ། གཙོ་བོ་འཁོར་ལོ་ཐ་མའི་གཞུང་ལུགས་ལ་བརྟེན་ནས་གཞི་ལམ་འབྲས་གསུམ་གྱི་གྲུབ་མཐའི་རྣམ་བཞག་སྨྲ་བ་དེ་དག་ལ་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ཟེར་བ་རེད། དེ་ཡང་རྗེ་བཙུན་བྱམས་པ་དང༌། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས་སོགས་ཀྱིས་གསུངས་པ་དེ་རེད། དེ་ནས། རྗེ་བཙུན་བྱམས་པ་མགོན་པོས་བྱམས་ཆོས་སྡེ་ལྔ་མཛད་པ་དེ་དང༌། འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཐུན་མོང་མ་ཡིན་པའི་སྡོམ་ཐེག་བསྡུས་དང༌། ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་ལས་བཏུས་པ་དང༌། ས་སྡེ་ལྔ་སོགས་མཛད་ཡོད་པ་དེ་དང༌། སློབ་དཔོན་དབྱིགས་གཉེན་གྱིས་པྲ་ཀ་ར་ཎ་སྡེ་བརྒྱད་དང༌། ཡུམ་གསུམ་གནོད་འཇོམས་སོགས་མཛད་ཡོད་པ་དེ་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་མདོ་ལ་སོགས་པའི་ཚད་མའི་བསྟན་བཅོས་བརྒྱ་རྩ་བརྒྱད་སོགས་མཛད་ཡོད་པ་དེ་དང༌། ལྷག་ཏུ་འཁོར་ལོ་བར་བའི་དགོངས་འགྲེལ་གཞན་སྟོང་དུ་བཀྲལ་བ་བརྒྱད་སྟོང་དོན་བསྡུས་ཏེ། བརྒྱད་སྟོང་བའི་དོན་སུམ་ཅུ་སོ་གཉིས་སུ་བྱས་ནས་གསུངས་ཡོད་པ་དེ་དག་དང༌། དཔལ་ལྡན་ཆོས་གྲགས་ཀྱིས་ཚད་མ་རྣམ་འགྲེལ་སོགས་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང༌། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ་ཚད་མ་སྡེ་བདུན་གསུངས་པ་དེ་རེད། དེ་དག་ཐམས་ཅད་དབུ་མ་གཞནསྟོང་བའི་ལུགས་ལ་བསམ་ན་རང་གཞུང་དུ་བཀྲལ་གྱིན་ཡོད་པ་དེ་འདྲ་རེད།དེ་ནས། རྩ་བར། མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་བཀའ་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་ཀྱི་དགོངས་དོན་དང༌། དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ལུགས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་རྣམས་ཀྱི་དགོངས་པ། སངས་རྒྱས་བསྐྱངས་ལེགས་ལྡན་ཟླ་བ་གྲགས་པ་ལ་སོགས་པ་རྣམས་ཀྱི་བཞེད་པ་བཀའ་འཁོར་ལོ་བར་བའི་དངོས་བསྟན་གྱི་རིམ་པ་གཉིས་ལས། ཞེས་གསུངས་ཏེ། དེས་ན། རྣམ་རིག་སྨྲ་བའི་གཞུང་ལུགས་རྣམས་ཀྱི་གྲུབ་མཐའ་དེ། མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་མདོར་ན་བཀའ་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་ཀྱི་དགོངས་དོན་དེ། གཙོ་བོ་ཁོ་ཚོའི་རྟེན་གཞིའི་མདོ་རུ་འདོད་ཀྱིན་ཡོད་པ་དེ་རེད། དེའི་ཚུལ་རྣམ་པ་གཉིས་ཀྱི་ནང་ནས་གཙོ་བོ་ཚུལ་གཅིག་སྟེ་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ཀྱི་ཚུལ་འཁོར་ལོ་ཐ་མའི་དགོངས་དོན་རྩལ་འདོན་བྱས་པའི་ཚུལ་དེ་ཚུལ་གཅིག་དང༌། དེ་ནང་བཞིན་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་ཞིག་ཀྱང་གསུངས་པ་རེད། དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བ་ཟེར་བ་དེ། རྒྱ་གར་འཕགས་ཡུལ་དུ་དབུ་མ་ངོ་བོ་ཉིད་མེད་པ་སྨྲ་བ་ཞེས་གྲགས་པ་རེད། བོད་ཡུལ་འདིར་ཡིན་ན་དབུ་མ་རང་སྟོང་བ་ཞེས་གྲགས་པ་དེ་དང༌། དེ་ལས་ཀྱང་གཙོ་བོ་གང་རེད་ཟེར་ན། འཁོར་ལོ་བར་བའི་རྗེས་འབྲང་གི་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བའི་དབུ་མ་བ་དེ་དག་འཇོག་དགོས་པ་རེད། དབུ་མ་ངོ་བོ་ཉིད་མེད་པ་སྨྲ་བའི་གཞུང་ལུགས་དེ། གཙོ་བོ་ཁོ་ཚོས་རྟེན་གཞིའི་བཀའ་དང་བསྟན་བཅོས་རྣམས་ཀྱི་ནང་ནས་བསྟན་བཅོས་ལ་མཚོན་པ་ཡིན་ན། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་རྣམས་ཀྱི་དགོངས་པ་དང་ཞེས་གསུངས་པ་རེད། དབུ་མ་རིགས་ཚོགས་དྲུག་ཅེས་གཞན་གྱི་གཞུང་དུ་དེ་འདྲ་གསུངས་པ་ཡོད་རེད་དེ། ཡིན་ན་ཡང༌། དབུ་མ་རིགས་ཚོགས་དྲུག་གི་ནང་དུ་ཐ་སྙད་གྲུབ་པ་བགྲངས་པ་ཞིག་དང༌། ཐ་སྙད་གྲུབ་པ་མི་བགྲང་བར་དབུ་མ་རིགས་ཚོགས་ཀྱི་ནང་ན་དབུ་མ་རིན་ཆེན་ཕྲེང་བ་བགྲངས་ནས་གསུངས་པའི་ལུགས་རྣམ་པ་གཉིས་ཡོད་པ་དང༌། མདོར་ན། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་རྩ་ཤེས་ཀྱི་འགྲེལ་བ་ཚིག་གསལ་གྱི་མཇུག་ཏུ་བལྟས་ན། དབུ་མ་རིགས་ཚོགས་ལྔ་ཞེས་རིགས་ཚོགས་ལྔ་མ་གཏོགས་གསུངས་ཀྱིན་མེད་པ་དེ་འདྲ་རེད། ཡིན་ན་ཡང༌། དབུ་མ་རིགས་ཚོགས་དྲུག་འཐད་མིན་ལ་དཔྱད་པ་གཏོང་རྒྱུ་ཞིག་ཏུ་ཆགས་འདུག་ཡོད་པ་རེད། རང་གཞུང་གི་དབང་དུ་གཏང་ན། ཀུན་མཁྱེན་ཉ་དབོན་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་གྱི་མགོ་ན་དབུ་མ་རིགས་ཚོགས་དྲུག་བགྲངས་ཡོད་པ་རེད། གཞན་གྱིས་རིགས་ཚོགས་དྲུག་བགྲང་བའི་ཚེ་དབུ་མ་རིན་ཆེན་ཕྲེང་བ་གཅིག་ཏུ་བགྲངས་ཡོད་རེད་དེ། ཉ་ཊཱིཀ་སྐབས་སུ་དེ་མ་བགྲངས་པར་ཐ་སྙད་གྲུབ་པ་བགྲངས་ནས་དབུ་མ་རིགས་ཚོགས་དྲུག་བཤད་ཡོད་པ་དེ་འདྲ་ཞིག་རེད། དེས་ན། དབུ་མ་རིགས་ཚོགས་རྣམས་ཀྱིས་དགོངས་པ་དེ་ཡང་སངས་རྒྱས་བསྐྱངས་ཀྱིས་དབུ་མ་རྩ་ཤེས་ཀྱི་འགྲེལ་བ་བུདྡྷ་པ་ལི་ཏ་མཛད་པ་དེ་དང༌། ལེགས་ལྡན་འབྱེད་ཀྱིས་དབུ་མ་རྩ་ཤེས་ཀྱི་འགྲེལ་བ་ཤེས་རབ་སྒྲོན་མེ་མཛད་པ་དང༌། དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་རྩ་ཤེས་ཀྱི་འགྲེལ་བ་ཚིག་གསལ་མཛད་པ་དེ་ལྟར་རེད། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མའི་གཞུང་ལུགས་དབུ་མ་བཞི་བརྒྱ་པའི་འགྲེལ་བ་དེ་དང༌། རིག་པ་དྲུག་ཅུ་པའི་འགྲེལ་བ་དང༌། དེ་ནང་བཞིན་དབུ་མ་འཇུག་པ་རྩ་འགྲེལ་ལ་སོགས་པའི་དབུ་མའི་གཞུང་ལུགས་དུ་མ་ཞིག་མཛད་པ་དེ་ལྟར་རེད། དེ་རྣམས་ཀྱི་བཞེད་པ་གོང་ནས་བཤད་པ་ནང་བཞིན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་དྲུག་གི་དགོངས་པ་ཡིན་ཟེར་ནས་དེ་འདྲ་བཤད་པ་རེད། དེ་ལྟར་བསྟན་པའི་མདོ་དེ་གང་རེད་ཟེར་ན། བཀའ་འཁོར་ལོ་བར་བའི་མདོ་དེ་བཞག་པ་རེད། མདོར་ན། བཀའ་འཁོར་ལོ་ཐ་མའི་མདོ་སྡེའི་དགོངས་དོན་གྱི་རིམ་པ་གཅིག་དང༌། བཀའ་འཁོར་ལོ་བར་བའི་མདོ་སྡེའི་དངོས་བསྟན་གྱི་རིམ་པ་གཉིས་ཞེསགསུངས་པ་རེད།

ཐེག་པ་ཆེན་པོའི་ཚུལ་གཉིས་པོ་སོ་སོ་ངོས་འཛིན་ཚུལ་བསྟན་པ་ལ་གཉིས།

ཐེག་པ་ཆེན་པོའི་ཚུལ་གཉིས་པོ་སོ་སོ་ངོས་འཛིན་ཚུལ་བསྟན་པ་ལ་གཉིས་ལས།

༡ རང་སྟོང་སྨྲ་བའི་བཞེད་ཚུལ།དེ་ནས། རྩ་བར། བོད་འདིར་དབུ་མ་རང་སྟོང་དུ་ཡོངས་སུ་གྲགས་པའི་དབུ་མ་ངོ་བོ་ཉིད་མེད་པའི་གཞུང་ལུགས་འཛིན་པ་རྣམས་ནི། ལུགས་སྔ་མ་དེ་ལ་སེམས་ཙམ་ལུགས་དང༌། ཕྱི་མ་ལ་དབུ་མའི་ལུགས་ཞེས་གསུངས་ཤིང༌། ཞེས་གསུངས་ཏེ། དེའི་ནང་ནས་ཀྱང་བོད་འདིར་དབུ་མ་རང་སྟོང་དུ་ཡོངས་སུ་གྲགས་པའི་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ལུགས་འཛིན་པ་རྣམས་ནི་ལུགས་སྔ་མ་དེ་ལ་སེམས་ཙམ་པའི་ལུགས་ཟེར་ཏེ། རང་སྟོང་སྨྲ་བ་རྣམས་ཀྱིས་འཁོར་ལོ་ཐ་མའི་རྗེས་འབྲང་གི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དེ་ལ་སེམས་ཙམ་པ་ཞེས་དེ་འདྲ་འཇོག་གིན་ཡོད་པ་རེད། ཕྱི་མ་ལ་གསུངས་པ་དེ། འཁོར་ལོ་བར་བའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་རུ་བཀྲལ་བའི་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་དེ་ལ་དབུ་མ་པའི་ལུགས་ཞེས་ཟེར། དེ་ནིབོད་ཡུལ་འདིར་ཡོངས་སུ་གྲགས་པ་ཞིག་རེད་ཅེས་གསུངས་པ་རེད།

གཞན་སྟོང་སྨྲ་བའི་བཞེད་ཚུལ།

༢ གཞན་སྟོང་སྨྲ་བའི་བཞེད་ཚུལ།

དེ་ནས། རྩ་བར། གཞན་སྟོང་སྨྲ་བ་ཡོངས་སུ་གྲགས་པ་འཁོར་ལོ་ཐ་མའི་མདོ་ངེས་དོན་མཐར་ཐུག་ཏུ་བཞེད་པ་རྣམས་ནི། ལུགས་ཕྱི་མ་དེ་སྤྱིར་དབུ་མའི་གྲུབ་མཐའ་ཡིན་ཡང༌། དབུ་མ་ལ་གནས་སྐབས་པའི་ངེས་དོན་དང་མཐར་ཐུག་གི་ངེས་དོན་གཉིས་ཡོད་པ་ལས། དེ་གནས་སྐབས་པའི་ངེས་དོན་ཡིན་ཞིང༌། ཞེས་གསུངས་ཏེ། གཞན་སྟོང་སྨྲ་བ་ཡོངས་སུ་གྲགས་པ་འཁོར་ལོ་ཐ་མའི་མདོ་ངེས་དོན་མཐར་ཐུག་ཏུ་བཞེད་པ་རྣམས་ཀྱིས་ནི། ལུང་ཕྱི་མ་གསུངས་པ་དེ་འཁོར་ལོ་བར་བའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་རུ་བཀྲལ་མཁན་གྱི་དབུ་མ་རང་སྟོང་བ་ཞེས་གྲགས་པ་དེ་ལ་གང་འདྲ་ལབ་གིན་ཡོད་རེད་ཟེར་ན། ལུགས་ཕྱི་མ་དེ་སྤྱིར་དབུ་མ་པའི་གྲུབ་མཐའ་རེད་ཅེས་གསུངས་པ་རེད། ཡིན་ན་ཡང༌། དབུ་མ་པ་ལ་གནས་སྐབས་ཀྱི་དབུ་མ་པ་ཞིག་དང༌། མཐར་ཐུག་གི་དབུ་མ་པ་གཉིས་ཡོད་པའི་ནང་ནས། གནས་སྐབས་ཀྱི་དབུ་མ་པ་ཡིན་པར་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ་དེ་ལྟར་བཞེད་པ་རེད། དེ་ལྟར་བཞེད་པ་ཡང༌། སྐབས་འདིར་ཡིན་ན་དབུ་མ་གཞན་སྟོང་པའི་རང་ལུགས་གཞིར་བཞག་བྱས་ནས་བཤད་པས་དེ་འདྲ་གསུངས་པ་རེད། དེའི་ཕྱིར། འཁོར་ལོ་བར་བའི་རྗེས་འབྲང་གི་ངོ་བོ་ཉིད་མེད་པར་སྨྲ་བ་ཟེར་ཡང་འདྲ། རང་སྟོང་སྨྲ་བ་དེ་དག་གནས་སྐབས་ཀྱི་དབུ་མ་བ་རེད་ཅེས་དེ་འདྲ་གསུང་གིན་ཡོད་པ་རེད། གནས་སྐབས་ཀྱི་དབུ་མ་པ་ཡིན་པ་དེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གང་འདྲ་གསུངས་པ་རེད་ཟེར་ན། རང་སྟོང་སེམས་ཙམ་ལས་ནི་འདས་པའི་ཕྱིར། །དབུ་མ་ཡིན་མོད་དབུ་མའི་མཐར་ཐུག་མིན། །ཞེས་གསུངས་པ་ནང་བཞིན་དུ། མདོར་ན་རང་སྟོང་སྨྲ་བ་དེ་སེམས་ཙམ་ལས་འདས་པ་རེད་ཅེས་གསུངས་པས། སེམས་ཙམ་པ་ལས་གོང་མའི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ན་དབུ་མ་པ་ཡིན་དགོས་པར་གསུངས་པ་རེད། དེས་ན། དབུ་མ་པ་ཡིན་ཡང་དབུ་མའི་གྲུབ་མཐའ་སྨྲ་བ་མཐར་ཐུག་མ་ཡིན་པར་གནས་སྐབས་ཀྱི་དབུ་མ་ཞེས་དེ་ལྟར་གསུངས་པ་དང༌། དེ་ཡིན་པའི་རྒྱུ་མཚན། དེའི་རྟོགས་གཞིའམ་རྟོགས་བྱ་མཐར་ཐུག་དེ་གང་འདྲ་འཇོག་གིན་ཡོད་པ་རེད་ཟེར་ན། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པས་སྟོང་བ་དང༌། རང་བཞིན་གྱིས་སྐྱེ་བ་མེད་པ་དེ་དེ་དག་གི་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཏུ་འདོད་རྒྱུ་ཆགས་འདུག་ཡོད་པ་དེ་རེད། དེ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་གཞན་སྟོང་སྨྲ་བ་རྣམས་ཀྱི་ལུགས་ལ། དེ་རྣམ་གྲངས་ཙམ་གྱི་ངེས་དོན་ཡིན་གྱི་ངེས་དོན་མཐའ་ཐུག་མ་ཡིན་པ་ལུང་རིགས་དུ་མའི་སྒོ་ནས་བསྒྲུབས་ཤིང་གསུང་གིན་ཡོད་པ་རེད། དེས་ན་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པས་སྟོང་པ་དེ་དང༌། སྤྲོས་པའི་བདེན་གྲུབ་ཀྱིས་སྟོང་པ་དང༌། དགག་བྱ་བདེན་གྲུབ་ཀྱིས་སྟོང་པ་དེ་དག་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ་ངེས་པར་བཤད་ཅིང་བཞེད་པར་མ་ཟད། འཁོར་ལོ་དང་པོ་གཉིས་ཀྱིས་རྒྱུད་སྦྱངས་པ་སྔོན་དུ་སོང་བའི་སྒོ་ནས་གཞན་སྟོང་དབུ་མའི་ལྟ་གྲུབ་དེ་སྒོམ་དགོས་པ་རེད་མ་གཏོགས། དེ་དག་གིས་རྒྱུད་སྦྱངས་པ་སོགས་སྔོན་དུ་མ་སོང་བར་ཁམས་བདེ་བར་གཤེགས་པའི་སྙིང་པོ་བསྟན་པའི་སྣོད་རུང་དུ་མི་འགྱུར་ཞིང༌། སྤྱིར་བཏང༌། མཉམ་བཞག་ལ་ཟློ་བའི་སྐབས་དེར། འཁོར་ལོ་བར་བ་དང་མཐུན་པར་རྟོགས་མེད་སྤྲོས་བྲལ་དུ་མཉམ་པར་བཞག་དགོས་པ་དེ། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེས་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་གཞི་ལམ་འབྲས་གསུམ་ལས་ལམ་གྱི་རྣམ་བཞག་གཏན་ལ་ཕབས་པའི་སྐབས་སུ། མཉམ་བཞག་ལ་ཟློ་བའི་སྐབས་དེར་འཁོར་ལོ་བར་བ་དང་མཐུན་པར་རྟོགས་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས་སྒོམ་དགོས་པར་གསུངས་པ་ནང་བཞིན་དུ་ཆགས་འདུག་ཡོད་པ་རེད། དེ་ནས་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་གཞིར་བཞག་བྱས་ནས་བཤད་པ་ཡིན་ན། ཆོས་ཐམས་ཅད་རང་ངོས་ནས་གྲུབ་པས་སྟོང་པའམ་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་སོགས་པ་རྣམ་གྲངས་ཙམ་གྱི་དོན་དམ་རེད་ཅེས་གསུངས་པ་རེད། དོན་དམ་བདེན་པའང་རང་བཞིན་གྱིས་གྲུབ་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་ཅེས་དེ་འདྲ་གསུང་གིན་ཡོད་པ་རེད། རྣམ་གྲངས་པའི་དོན་དམ་བདེན་པ་དེ་ཡང་དབུ་མ་བདེན་གཉིས་ཀྱི་ལུང་ལ་བརྟེན་ནས་སྒྲུབ་ཀྱིན་ཡོད་པ་རེད། གང་འདྲའི་སྒོ་ནས་བསྒྲུབས་པ་རེད་ཟེར་ན། ཀུན་མཁྱེན་ཉ་དབོན་ཀུན་དགའ་དཔལ་ཉིད་ཀྱི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་སྐབས་ལྔ་བའི་ནང་དུ། དོན་དམ་ལ་དབྱེ་ན་རྣམས་གྲངས་པའི་དོན་དམ་དང་རྣམས་གྲངས་མ་ཡིན་པའི་དོན་དམ་གཉིས་ཏེ། དང་པོ་ནི། དོན་དམ་པར་སྐྱེ་བ་མེད་པར་རང་བཞིན་མེད་པ་ཙམ་སོགས་ཏེ། བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དོན་དམ་པ་དང་མཐུན་པའི་ཕྱིར། ། དོན་དམ་ཡིན་པར་ཁོ་བོས་འདོད། །ཅེས་གསུངས་པ་ལྟར། ཆོས་ཐམས་ཅད་རང་བཞིན་སྐྱེ་བ་ལ་སོགས་པ་བཀག་པ་ཡང༌། དོན་དམ་བདེན་པ་དང་མཐུན་པ་ཞིག་རེད་ཅེས་དོན་དམ་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོས་འདོད། །ཅེས་གསུངས་པ་རེད། དེའི་དོན་དེ་ཀུན་མཁྱེན་ཉ་དབོན་པའི་གང་འདྲ་ཞིག་ལ་གསུངས་པ་རེད་ཟེར་ན། དེས་ན་དེ་དག་དོན་དམ་བདེན་པ་དངོས་མིན་ཏེ། མེད་དགག་ཡིན་པའི་ཕྱིར་དང༌། ཀུན་རྫོབ་དང་རི་བོང་རྭ་ལ་སོགས་པ་ཀུན་ཁོ་ཡིན་པའི་ཕྱིར་ཞེས་གསུངས་པ་ལྟར་རོ། །དེའི་རྒྱུ་མཚན་གྱིས་ཇོ་ནང་རང་གི་ནང་ཁྲོད་ན་ཡང༌། དོན་དམ་བདེན་པ་མེད་དགག་ཡིན་ཞེས་གསུངས་པ་དེ་ཀུན་མཁྱེན་ཉ་དབོན་པས་དེ་དག་དོན་དམ་བདེན་པ་དངོས་མ་ཡིན་ཏེ། མེད་དགག་ཡིན་པའི་ཕྱིར་ཞེས་པའི་ཚིག་དང་དངོས་སུ་འགལ་འགྲོ་བ་ཞིག་དང༌། དེ་ཀུན་རྫོབ་དང་རི་བོང་རྭ་ལ་སོགས་པ་ཀུན་ཁོ་ཡིན་པའི་ཕྱིར། ཞེས་དེ་དག་ཐམས་ཅད་བདེན་པར་མེད་པ་ལས་བདེན་དངོས་སུ་མ་གྲུབ་པ་རེད། དེའི་ཕྱིར་དེ་དག་དོན་དམ་བདེན་པ་འཇོག་གི་མ་རེད་ཅེས་གསལ་ཁ་བྱས་ནས་གསུང་འོང་དུས་རྣམ་གྲངས་པའི་དོན་དམ་དང༌། རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཀྱི་སྒོ་ནས་གསུངས་པ་དེ་འདྲ་རེད། དེ་ཡང་དཔེར་ན་སྔ་འགྱུར་རྙིང་མའི་ལུགས་ལྟ་བུར་མཚོན་པ་ཡིན་ན། སྔ་འགྱུར་རྙིང་མའི་མཁས་དབང་ཆེན་མོ་ལོ་ཆེན་དྷརྨ་ཤྲཱིའི་སྡོམ་འགྲེལ་སྐབས་སུ་འཁོར་ལོ་བར་བ་རྣམ་གྲངས་ཙམ་གྱི་ངེས་དོན་སྟོན་པའི་མདོ་ཡིན་པ་དེ་དང༌། འཁོར་ལོ་ཐ་མ་ངེས་དོན་མཐར་ཐུག་གི་མདོ་ཡིན་པ་དེ་ལྟར་གསུངས་པས། དེ་ཡང་གཞན་སྟོང་དབུ་མའི་ལུགས་ནང་བཞིན་དུ། རང་སྟོང་སྨྲ་བའི་ལུགས་དེ་ངེས་དོན་མཐར་ཐུག་ཅིག་མ་ཡིན་པར་གནས་སྐབས་ཀྱི་ངེས་དོན་གྱི་ལུགས་ཡིན་ཞེས་ཚུལ་གཉིས་རྣམ་འབྱེད་སྐབས་སུ་གསུངས་པར་ལྟར་ཕལ་ཆེར་བཞེད་པ་ཨེ་ཡིན་སྙམ། ཡིན་ན་ཡང༌། བོད་པ་སྤྲུལ་སྐུས་འཁོར་ལོ་བར་བ་དང་ཐ་མ་གཉིས་ཀ་ངེས་དོན་གྱི་མདོ་ཡིན་ཞེས་གསུངས། དེའི་ཕྱིར། སྔར་འགྱུར་རྙིང་མའི་མཁས་པ་ལ་ལས་དེ་འདྲ་གསུངས་པ་ཡང་ཡོད་པ་རེད། ཡིན་ན་ཡང་ཀ༔ཐོག་དགེ་རྩེ་མ་ཧ་པཎྜི་ཏ་མཆོག་གི་གྲུབ་མཐའི་ནང་ལོག་ན། འཁོར་ལོ་ཐ་མ་དེ་ངེས་དོན་མཐར་ཐུག་ཡིན་ཞེས་གསུངས་པ་དང༌། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་འཁོར་ལོ་དང་པོ་གཉིས་ཀྱི་གྲུབ་དོན་གྱི་སྐབས་སུ། བླ་ན་མཆིས་པ། སྐབས་མཆིས་པ། དྲང་པའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ཞེས་གསུངས་པ་ནང་བཞིན་དུ་འགྲེལ་གྱིན་ཡོད་པ་དེ་རང་ལུགས་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དང་མཐུན་གྲུབ་ཏུ་བྱས་ནས་གསུང་གིནཡོད་པ་རེད།

དེ་ནས། རྩ་བར། ལུགས་སྲོལ་སྔ་མ་དེ་ལ་གནས་སྐབས་ཀྱི་གྲུབ་མཐའ་གཞན་དབང་བདེན་གྲུབ་ཏུ་འདོད་པ་དང༌། གཞན་ཡང་རྣམ་པ་བདེན་པར་སྨྲ་བའི་ལུགས་ཀྱི་གྲུབ་མཐའ་རྣམས་ནི་སེམས་ཙམ་ཡིན་ལ། ཀུན་བཏགས་དང་གཞན་དབང་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་མེད་ཅིང༌། ཡོངས་གྲུབ་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་སྟོན་པའི་གྲུབ་མཐའ་བོད་གཞན་དག་སེམས་ཙམ་རྣམ་རྫུན་ཞེས་ཟེར་བ་འདི་ནི་ངེས་དོན་མཐར་ཐུག་གི་དབུ་མ་ཆེན་པོ་ཡིན་ནོ་ཞེས་བརྗོད་དོ། །ཞེས་གསུངས་ཏེ། དེ་ནས་ལུགས་སྲོལ་སྔ་མ་དེ་ལ་ཞེས་གསུངས་པ་ནི་འཁོར་ལོ་ཐ་མའི་རྗེས་འབྲང་གི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དེ་ལ་ནངགསེས་ཀྱི་སེམས་ཙམ་པ་ཞིག་དང༌། དབུ་མ་བ་ཞིག་སྟེ་རྣམ་པ་གཉིས་ཡོད་པར་གསུངས་པ་རེད། དེ་གང་ལྟར་གསུངས་པ་རེད་ཟེར་ན། ལུགས་སྲོལ་སྔ་མ་དེ་ལ་གནས་སྐབས་ཀྱི་གྲུབ་མཐའ་གཞན་དབང་བདེན་གྲུབ་དུ་འདོད་མཁན་དང༌། གཞན་དབང་རྣམ་པ་བདེན་པར་སྨྲ་བའི་ལུགས་ཀྱི་གྲུབ་མཐའ་སྨྲ་བ་རྣམས་ནི་སེམས་ཙམ་པ་རེད་ཅེས་སེམས་ཙམ་པ་དངོས་གནས་ཡིན་པ་དེ། གཞན་སྟོང་དབུ་མ་བས་ཀྱང་ཁས་ལེན་གི་རེད་ཅེས་གསུངས་པ་རེད། གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ། སེམས་ཙམ་པས་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང༌། ཀུན་རྫོབ་ཀྱི་ཆོས་རྣམས་བདེན་མེད་དུ་འདོད་པ་དེ། གནད་འགག་གང་རེད་ཟེར་ན། གོ་རམས་པའི་ལྟ་བའི་ཤན་འབྱེད་དེ་ཚོའི་སྐབས་སུ། གཞན་སྟོང་བའི་གྲུབ་མཐའ་སྨྲ་བ་ཟེར་ཡང་འདྲ། ཇོ་ནང་བའི་གྲུབ་མཐའ་དེ་དབུ་མ་བའི་གྲུབ་མཐའ་མ་ཡིན་པར་སེམས་ཙམ་པའི་གྲུབ་མཐའི་ནང་ནས་བཟང་ཤོས་རྣམ་ཤེས་བདེན་གྲུབ་ཏུ་འདོད་པ་བོར་ནས། ཡོངས་གྲུབ་བདེན་གྲུབ་ཏུ་འདོད་པའི་གྲུབ་མཐའ་མ་དོར་བའི་སྐབས་ཤིག་རེད་ཟེར་ནས་དེ་འདྲ་བཤད་ཡོད་པ་རེད། དེ་འདྲ་བཤད་པ་དེ་རང་ལུགས་ལ་མི་འཐད་དེ། སེམས་ཙམ་པ་ཡིན་ན་གཞན་དབང་བདེན་གྲུབ་ཏུ་འདོད་དགོས་པ་དེ། ཡེ་ཤེས་སྙིང་པོའི་ཀུན་ལས་བཏུས་པ་དང༌། འཇམ་དཔལ་གྱི་ལྟ་བ་མདོར་བསྟན། འགྲེལ་ཆེན་དྲི་མེད་འོད་སོགས་རྒྱ་གར་གྱི་གཞུང་ལུགས་རྒྱ་ཆེན་པོ་མང་པོའི་སྐབས་སུ་དྲངས་ཡོད་པའི་ཚིགས་སུ་བཅད་པ་ཞིག་ཡོད་པ་རེད། སྐབས་འདིར་གྲུབ་མཐའ་སྨྲ་བ་བཞིའི་འདོད་པ་རེ་རེ་ནས་བསྟན་གྱིན་ཡོད་པ་རེད། དེ་ལས་སེམས་ཙམ་པའི་འདོད་པ་བསྟན་པའི་སྐབས་དེར། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །ཅེས་དེ་ལྟར་གསུངས་པ་དེ་སེམས་ཙམ་པའི་འདོད་པ་ཡིན་པ་རེད། དེའི་རྒྱུ་མཚན་གྱིས། རྣམ་པར་ཤེས་པ་དོན་དམ་དུ་འདོད་པ་ཡིན་ན་སེམས་ཙམ་པ་ཡིན་དགོས་པ་རེད། ཡིན་ཡང༌། གཞན་སྟོང་དབུ་མ་ཆེན་པོའི་ལུགས་ལ་ཀུན་བཏགས་དང༌། གཞན་དབང་ཐམས་ཅད་བདེན་པར་མེད་པ་དེ་ཁས་ལེན་གྱིན་ཡོད་པ་རེད། དེས་ན་སེམས་ཙམ་པ་ཡིན་པའི་གནས་མེད་པ་ལྟ་བུ་ཞིག་ཏུ་ཆགས་འདུག་ཡོད་པ་རེད། དེ་ལྟར། ཇོ་ནང་བ་རང་གིས་གཞན་སྟོང་དབུ་མ་ཆེན་པོའི་ལུགས་ལ་ཚུལ་དེ་འདྲའི་སྒོ་ནས་གོ་རམས་པས་གསུངས་པ་དེ་ལ་ལན་ཞིག་གསུངས་གིན་ཡོད་པ་རེད། གོང་ནས་དྲངས་མ་ཐག་པའི་གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །ཟེར་བ་འདྲ་དང༌། གཞན་ཡང༌། བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་དུ་གྲགས། །ཞེས་དེ་འདྲ་ཞིག་རྗེ་བདག་ཉིད་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་པོའི་སྐབས་སུ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས་ཞེས་དྲངས་ཡོད་པ་རེད། སློབ་དཔོན་ཡེ་ཤེས་སྙིང་པོའི་ཀུན་ལས་བཏུས་པ་དེ་སློབ་དཔོན་ཨཱརྱ་དེ་ཝའི་གསུང་ཞིག་ཡིན་པ་རེད། དེའི་འགྲེལ་བ་ཞིག་ཀྱང་བླ་མ་མི་ཕམ་ཚང་གིས་གསུངས་པ་དེའི་ནང་ལོགས་སུ་ཚིག་དེ་དག་ཇི་ལྟ་བ་བཞིན་དུ་ཡོད་པ་དེ་འདྲ་རེད། ཡིན་ན་ཡང༌། ཚིག་དེ་དང༌། འཇམ་དཔལ་གྱི་ལྟ་བ་མདོར་བསྟན་དང༌། དུས་འཁོར་གྱི་འགྲེལ་ཆེན་དྲི་མེད་འོད་དེ་དག་གི་སྐབས་ན་ཡང་ཚིག་གཅིག་པ་ཡོང་གིན་ཡོད་པ་རེད། ཡིན་ཡང༌། སྟག་ཚང་ལོ་ཙཱ་བས་དེ་འདྲའི་ཚིག་དེ་དུས་འཁོར་རྩ་རྒྱུད་ཀྱི་ཚིག་ཡིན་པར་གསུངས་བཞག་འདུགདེས་ན་ཕལ་ཆེར་དུས་འཁོར་རྩ་རྒྱུད་ཀྱི་ཚིག་ཡིན་པ་འདྲ། ལུང་དེ་དག་གི་སྐབས་སུ་སེམས་ཙམ་པས་རྣམ་ཤེས་བདེན་གྲུབ་ཏུ་འདོད་པ་ཞིག་གསུང་གིན་ཡོད་པ་རེད། སེམས་ཙམ་པས་རྣམ་ཤེས་བདེན་གྲུབ་ཏུ་འདོད་པ་དེ་གསལ་བོ་གསལ་རྐྱང་བྱས་ཏེ། དཔལ་ལྡན་ཟླ་བ་གྲགས་པའི་འཇུག་པ་རང་འགྲེལ་དང་འཇུག་པ་རྩ་བའི་སྐབས་སུ་སེམས་ཙམ་པ་དག་གིས་ཤེས་བྱ་ཕྱི་རོལ་དུ་གྲུབ་པ་མེད་ཀྱང་ཤེས་བྱ་ཡུལ་བདེན་པར་གྲུབ་པ་ཡོད་ཅེས་ཟེར། དེ་འདྲའི་ཤེས་བྱ་ཡུལ་གཞན་དབང་བདེན་གྲུབ་ཏུ་འཇོག་བྱེད་དེ་གང་ཡིན་ཟེར་ན། རང་རིག་ཡིན་ཞེས་ཟེར་ཏེ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་དབང་ལ་སོགས་པ་དེ་དོན་དམ་པར་འདོད་པ་ཁོ་རང་གི་ལུགས་གཞིར་བཞག་བྱས་ནས། དཔལ་ལྡན་ཟླ་བ་གྲགས་པས་ལུང་རིགས་མང་པོ་ཞིག་གིས་དགག་པ་མཛད་པ་དང༌། དེའི་རྗེས་སུ། གལ་ཏེ་གཞན་དབང་རང་མཚན་གྱིས་གྲུབ་པའི་རྣམ་ཤེས་ཞིག་ཡོད་ན་དེ་འཇོག་བྱེད་གང་ཡིན་ཟེར་ན། རང་རིག་ཡིན་ཞེས་ཟེར། དེ་ལྟར་ཚད་འགོག་གི་སྐབས་སུ་རྣམ་བཞག་དེ་ཡང་རྒྱ་ཆེར་ཡོང་གི་ཡོད་པ་དང༌། དེ་ཚོ་སེམས་ཙམ་པའི་ལུགས་ལ་རྣམ་ཤེས་བདེན་གྲུབ་ཏུ་འདོད་པ་དེ་རྒྱ་གར་འཕགས་པའི་གཞུང་ལུགས་སྐབས་སུ་གསལ་བོ་གསལ་རྐྱང་གི་སྒོ་ནས་ཡོང་བ་ཞིག་རེད། དེའི་རྒྱུ་མཚན་གྱིས། གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་དེ་སེམས་ཙམ་པའི་གྲུབ་མཐའ་མ་ཡིན་པར་གྲགས་ཤིང་གྲུབ་པ་ཞིག་རེད་བསམ་གྱིན་ཡོད། དེའི་སྟེང་ནས་འཁོར་ལོ་ཐ་མའི་རྗེས་འབྲང་གི་གྲུབ་མཐའ་སྨྲ་བ་དེ་ལ་ཡང༌། ཀུན་བཏགས་དང་གཞན་དབང་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་མེད་པ་ཁས་ལེན་པ་དེ་དང༌། ཡོངས་གྲུབ་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་འདོད་པའི་གྲུབ་མཐའ་ཞིག་ཡོང་གིན་ཡོད་པ་རེད། དེ་ལྟའི་གྲུབ་མཐའ་དེ་བོད་ཀྱི་མཁས་པ་ཁ་ཅིག་གིས་སེམས་ཙམ་རྣམ་རྫུན་པ་ཞེས་ཟེར་གྱིན་འདུག་ཞེས་གསུངས་པ་རེད། སེམས་ཙམ་རྣམ་རྫུན་ཟེར་མཁན་དེ་ཕལ་ཆེར་གོ་རམས་པ་སོགས་ཀྱིས་དེ་འདྲ་གསུངས་འདུགགོ་རམས་པའི་སྔོན་ནས་ཀྱང་དེ་འདྲ་གསུང་མཁན་ཨེ་ཡོད་སྙམ། དེས་ན་སེམས་ཙམ་རྣམ་རྫུན་ཟེར་བ་དེ་ནི་བོད་གཞན་དག་གིས་ངེས་དོན་མཐར་ཐུག་གི་དབུ་མ་ཆེན་པོ་ཡིན་ནོ་ཞེས་བརྗོད་དོ། །ཞེས་དེ་ལྟར་གསུངས་པ་རེད། སྤྱིར་བཏང་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་བའི་གྲུབ་མཐའ་སྨྲ་བ་དེ་ལ། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་སེམས་ཙམ་པ་གཅིག་དང༌། དེ་ནང་བཞིན་དུ་དབུ་མ་རང་རྒྱུད་པར་གྱུར་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གཅིག་དང༌། དེ་ནང་བཞིན་དུ་འཁོར་ལོ་ཐ་མའི་རྗེས་འབྲང་གི་གྲུབ་མཐའ་སྨྲ་བ་གོང་ན་བཤད་པ་ནང་བཞིན་དུ། ཀུན་བཏགས་དང་གཞན་དབང་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་མེད་ཀྱང༌། ཡོངས་གྲུབ་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་འདོད་པའི་གྲུབ་མཐའ་སྨྲ་བ་དེ་ངེས་དོན་མཐར་ཐུག་གི་དབུ་མ་ཆེན་པོ་པ་སྟེ་རྣམ་པ་གཉིས་ཡོད་པར་བརྗོད་དོ་ཞེས་དེ་འདྲ་གསུངས་པ་རེད། ཡིན་ན་ཡང༌། འདིའི་སྐབས་སུ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་རང་རྒྱུད་པ་རེད། དེས་བརྟེན་སའི་གཞུང་ལུགས་གཙོ་བོ་དེ་འཁོར་ལོ་ཐ་མའི་རྗེས་འབྲང་གི་གཞུང་མ་ཡིན་པར་འཁོར་ལོ་བར་བའི་རྗེས་འབྲང་གི་གཞུང་ཡིན་པ་རེད། ཡིན་ན་ཡང༌། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དེས་གཞིའི་རྣམ་བཞག་མང་ཆེ་བ་སེམས་ཙམ་པ་དང་སྒོ་བསྟུན་ནས་སྨྲ་གིན་ཡོད་པའི་རྒྱུ་མཚན་གྱིས། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དེ་དེའི་སྐབས་སུ་ཡོང་གིན་ཡོད་པ་རེད། ཡིན་ན་ཡང༌། འདིའི་སྐབས་སུ་འཁོར་ལོ་ཐ་མའི་རྗེས་འབྲང་གི་གྲུབ་མཐའ་སྨྲ་བ་དེ་ལ་སེམས་ཙམ་པ་ཞིག་དང༌། གཞན་སྟོང་བ་གཉིས་ལས་མ་གསུངས་པ་དེ་གཙོ་བོ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལྟ་བུ་ཡིན་ན། གཙོ་བོ་འཁོར་ལོ་བར་བའི་རྗེས་འབྲང་ཡིན་པའི་རྒྱུ་མཚན་གྱིས་རེད་ཅེས་ཞུ་རྒྱུ་དེ་ཡིན། དེས་ན་ཇོ་ནང་རང་ལུགས་ལ་སྤྱིར་བཏང་གྲུབ་མཐའ་སྨྲ་བ་བཞི་ལས་གྲུབ་མཐའ་ལྔ་བ་ཞིག་ཁས་ལེན་གྱིན་ཡོད་མ་རེད། དེ་ལྟར་མེད་པ་ཡང༌། རྡོ་རྗེའི་སྙིང་འགྲེལ་སྐབས་སུ། སངས་རྒྱས་པ་ལ་བཞི་བ་དང༌། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པས་ནའོ། །དེ་ལྟར་ཡང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ལྷན་ཐབས་འོད་བརྒྱ་འབར་བའི་མགོར་རྡོ་རྗེའི་སྙིང་འགྲེལ་གྱི་ལུང་དེ་དྲངས་ནས་ཐེག་པ་གསུམ་ལས་ཐེག་པ་བཞི་བ་དང༌། གྲུབ་མཐའ་བཞི་ལས་གྲུབ་མཐའ་ལྔ་པ་ཡོད་མ་རེད། དེའི་རྒྱུ་མཚན་གྱིས། གསང་སྔགས་རྡོ་རྗེ་ཐེག་པ་དེ་ཐེག་པ་གསུམ་གྱི་ནང་དུ་འདུ་དགོས་པ་དང༌། དེ་ཡང་ཐེག་ཆེན་གྱི་ནང་དུ་འདུ་དགོས་པ་རེད། ཐེག་ཆེན་ལ་ཡང་མདོ་སྔགས་གཉིས་དང༌། སྔགས་ལ་ཡང་སྔགས་བླ་ན་མེད་པའི་ཐེག་པ་སོགས་ནང་གསེས་ཀྱི་སྒོ་ནས་དབྱེ་ན་དུ་མ་ཡོད་ཆོག་པ་རེད་ཅེས་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ལྷན་ཐབས་འོད་བརྒྱ་འབར་བའི་སྐབས་སུ་གསུངས་ཡོད་པ་ནང་བཞིན་རེད་ཞུ་རྒྱུ་དེ་ཡིན། དེ་བས་ན། གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ། གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་དང་པོ་བྱེ་བྲག་སྨྲ་བ་ལྟ་བུར་མཚོན་ན། བྱེ་བྲག་སྨྲ་བའི་མཚན་ཉིད་དེ་ཡང༌། ཀུན་མཁྱེན་ཉ་དབོན་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། སངས་རྒྱས་པ་གང་ཞིགབློ་རང་རིག་མེད་པ་དང༌། ཤེས་པ་རྣམ་མེད་དུ་སྨྲ་བའི་གང་ཟག་གོ་ཞེས་གསུངས་པ་བཞིན། དེ་འོག་ཏུ་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་ནང་ནས་ཉན་ཐོས་སྡེ་བའི་མདོ་སྡེ་བའི་མཚན་ཉིད་འཇོག་དུས། ཉན་ཐོས་པ་གང་ཞིགཟེར་བ་དེ་ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་གང་ཞིག་ཟེར་དགོས་པ་ཨེ་ཡིན་སྙམ། དེ་ནི་རང་གི་ཞིབ་ཆ་ཡིན། མདོར་ན། ཚིག་ཟིན་ལ་ཉན་ཐོས་པ་གང་ཞིག བློ་རང་རིག་ཡོད་པར་འདོད་པའོ། །ཞེས་དེ་འདྲ་གསུངས་པ་རེད། དེ་ནས། སེམས་ཙམ་པའི་མཚན་ཉིད་ནི། ཐེག་ཆེན་པ་གང་ཞིག་ཟེར་བ་དེ་ཡང༌། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་གང་ཞིག རང་རིག་པའི་འདུས་བྱས་བདེན་དངོས་སུ་འདོད་པའོ། །ཞེས་དེ་ལྟར་གསུངས་པ་རེད། སེམས་ཙམ་པས་གཞན་དབང་ཡོངས་གྲུབ་བདེན་གྲུབ་ཏུ་འདོད་པས། རང་རིག་གི་འདུས་བྱས་བདེན་དངོས་སུ་འདོད་པའོ་ཞེས་དེ་ལྟར་གསུངས་བཞག་པ་རེད། དེ་ལ་དབྱེ་ན། སེམས་ཙམ་རྣམ་བདེན་པ་དང༌། རྣམ་རྫུན་པ་གཉིས་ཡོད་པའི་ནང་ནས་སེམས་ཙམ་རྣམ་བདེན་པའི་མཚན་ཉིད་དེ། ཐེག་ཆེན་སེམས་ཙམ་པ་གང་ཞིགསྒོ་ལྔའི་དོན་རྣམ་དོན་དམ་པར་སེམས་སུ་བདེན་པར་འདོད་པའི་གྲུབ་མཐའ་སྨྲ་བ་དེ་སེམས་ཙམ་རྣམ་བདེན་པའི་མཚན་ཉིད་དུ་བཞག་ནས། སེམས་ཙམ་རྣམ་རྫུན་པས་སེམས་བདེན་པ་མི་འདོད་པས་ན། མཚན་ཉིད་དེར་དོན་དམ་པར་སེམས་སུ་བདེན་པར་མི་འདོད་ཅེས་སྦྱར་བ་རེད། གང་ཞིག་ཟེར་བ་དེ་སེམས་ཙམ་པ་གང་ཞིགདོན་དམ་པ་སེམས་སུ་མི་བདེན་པར་འདོད་ཅེས་དེ་ལྟར་གསུངས་པ་རེད། དེའི་རྒྱུ་མཚན་གྱིས་མཁས་པ་གཞན་གོ་རམས་པ་སོགས་ཀྱིས་གཞན་སྟོང་སྨྲ་བའི་གྲུབ་མཐའ་དེ་ལ་སེམས་ཙམ་རྣམ་རྫུན་པ་ཞེས་བཤད་པ་ཡོང་གིན་ཡོད་པ་རེད། སྤྱིར་བཏང༌། རང་ལུགས་ལ་སེམས་ཙམ་རྣམ་རྫུན་པ་དེ་གཞན་སྟོང་དབུ་མ་ཆེན་པོའི་གྲུབ་མཐའ་སྨྲ་བ་ཡིན་ཞེས་གསུང་གིན་མེད། འདིའི་སྐབས་སུ་འདི་འདྲའི་ཞིབ་ཆ་ཞིག་མཛད་དགོས་པ་ཡིན་པར་འདྲ་སྟེ། སྐབས་འདི་དག་ཏུ་གཞན་གྱི་ལུགས་གསུངས་འོང་དུས། ཁ་ཅིག་གིས་དབུ་མ་ལ་གནས་སྐབས་ཀྱི་ངེས་དོན་དང༌། མཐར་ཐུག་གི་ངེས་དོན་གཉིས་ཡོད་པ་ལས་ཞེས་པ་ནས་འོག་ཏུ་བོད་གཞན་དག་སེམས་ཙམ་རྣམ་རྫུན་ཟེར་བ་འདི་ནི་ངེས་དོན་མཐར་ཐུག་ཡིན་ནོ་ཞེས་བརྗོད། ཅེས་གཞན་གྱིས་གཞན་སྟོང་དབུ་མ་ཆེན་པོའི་ལུགས་སྲོལ་དེ་ལ་སེམས་ཙམ་རྣམ་རྫུན་པ་ཞེས་བཤད་མཁན་ཡོང་གིན་ཡོད་པ་རེད་ལ། དེའི་དབང་དུ་བྱས་ནས་གསུངས་བཞག་པ་རེད་མ་གཏོགས། རང་ལུགས་ལ་སེམས་ཙམ་རྣམ་རྫུན་པ་དེ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་སེམས་ཙམ་པ་ཞིག་ཏུ་འདོད་ལ། སེམས་ཙམ་པ་ཡིན་ཕྱིན་དབུ་མ་པ་མིན་དགོས་པ་རེད། དེ་ལྟར་ཡང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་རང་གིས་རང་སྟོང་སྨྲ་བའི་གྲུབ་མཐའ་སྨྲ་བ་རྣམས་དབུ་མ་པ་ཡིན་པ་དེ། རང་སྟོང་སེམས་ཙམ་ལས་ནི་འདས་པའི་ཕྱིར། །དབུ་མ་ཡིན་མོད་དབུ་མའི་མཐར་ཐུག་མིན། །ཞེས་གསུངས་པ་དེའི་སྒོ་ནས་བསྒྲུབ་ཐུབ་པ་ཞིག་རེད་དྲན་གྱིན་ཡོད། དབུ་མ་པའི་མཚན་ཉིད་དེ་ནི། དཔལ་ལྡན་རྒྱལ་བ་ཇོ་ནང་པའམ་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ་གང་འཇོག་གི་རེད་ཟེར་ན། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་གང་ཞིགདོན་དམ་པར་བདེན་དངོས་ཁས་མི་ལེན་པ། ཞེས་དེ་ལྟར་གསུངས་པ་རེད། དེའི་ཕྱིར་བདེན་གྲུབ་ཀྱི་དངོས་པོ་ཞིག་ཁས་ལེན་གྱིན་ཡོད་མ་རེད། དེས་ན་དབུ་མ་རིགས་ཚོགས་དྲུག་གི་སྐབས་སུ་བདེན་དངོས་སུ་གྲུབ་པའི་དངོས་པོ་དེ་དགག་གི་ཡོད་པ་རེད་མ་གཏོགས། ཆོས་ཉིད་བདེན་པ་ཡིན་པ་དེ་དགག་གིན་ཡོད་པ་མ་རེད། ཆོས་ཉིད་བདེན་པར་གྲུབ་ཀྱང་བདེན་གྲུབ་ཟེར་བའི་སྒྲ་སྦྱར་བ་དེ་དགག་བྱའི་བདེན་གྲུབ་ལ་གོ་དགོས་པ་མ་རེད། དེས་ན་དོན་དམ་བདེན་པ་ཞེས་པའི་བདེན་པ་དེ་ཡང་གང་ལ་བྱེད་དགོས་པ་རེད་ཟེར་ན། རང་ལུགས་ཀྱི་དབང་དུ་བྱས་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རིག་པ་དྲུག་ཅུ་པའི་སྐབས་སུ། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་གསུངས་པ་ལྟར་བདེན་པ་ཡིན་པར་དེ་ལྟར་གསུངས་པ་རེད། དེ་ནང་བཞིན་དུ། དབུ་མ་རྩ་ཤེས་ཀྱི་འགྲེལ་བ་ག་ལས་འཇིགས་མེད་ཀྱི་སྐབས་སུ་དོན་དམ་པར་གྲུབ་པ་ཡིན་པའི་ཕྱིར། ཞེས་དེ་ལྟར་ཁོ་རང་གི་ཚིག་ཟིན་ལ་གསུང་གིན་ཡོད་པ་རེད། དེ་བས་ན། དབུ་མ་རིགས་ཚོགས་དྲུག་གི་ནང་ནས་དབུ་མ་རྩ་ཤེས་ལ་མཚོན་ན་རབ་བྱེད་ཉི་ཤུ་རྩ་བདུན་ཡོད་པ་ལས། རྒྱུ་བརྟགས་པ་དང་རྐྱེན་བརྟགས་པ་སོགས་ཀྱི་སྐབས་སུ། གཙོ་བོ་དངོས་སྨྲ་པ་ཕྱོགས་སྔ་ལ་བཞག་ནས། དེ་དག་གིས་རྒྱུ་རྐྱེན་ལ་སོགས་པ་རང་མཚན་གྱིས་གྲུབ་པ་དང༌། རང་ངོས་ནས་གྲུབ་པ་དང༌། བདེན་པར་གྲུབ་པ་འདོད་པ་སོགས་དགག་བྱའི་བདེན་པར་གྲུབ་པའམ་བདེན་དངོས་སུ་གྲུབ་པ་ཁས་ལེན་པས་ན། དགག་དགོས་པའི་རྒྱུ་མཚན་གཙོ་བོ་ཡང༌། ཀུན་མཁྱེན་ཉ་དབོན་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་སྐབས་སུ། དབུ་མ་རྩ་ཤེས་ལས་བདེན་དངོས་སུ་གྲུབ་པ་དེ་དགག་གི་ཡོད་པ་རེད། དབུ་མ་རྩ་བ་ཤེས་རབ་དེ་ཡང་རང་ལུགས་ཀྱིས་རང་གཞུང་དུ་ཁས་ལེན་གྱིན་ཡོད་རེད། ཡིན་ན་ཡང༌། རང་སྟོང་སྨྲ་བ་རྣམས་ཀྱིས་གཙོ་བོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་ཀྱི་དགོངས་པ་དེ་ལ་བརྟེན་ནས། འཁོར་ལོ་བར་བའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པར་འདོད་ཅེས་ཟེར་ཏེ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དེ་ཡང་ཆོས་ཐམས་ཅད་རང་ངོས་ནས་མ་གྲུབ་པ་དང༌། བདེན་པར་མ་གྲུབ་པ། རང་གཞིན་གྱིས་སྐྱེ་བ་མེད་པའི་མེད་དགག་ཅིག་ཏུ་ཁས་ལེན་འགྲོ་མཁན་ཡོད་པ་རེད། ཡིན་ན་ཡང༌། དབུ་མ་རང་སྟོང་བ་ཡིན་ན་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་དེ་རང་ངོས་ནས་གྲུབ་པས་སྟོང་པ་མེད་དགག་ཙམ་དུ་ཁས་ལེན་པས་ཁྱབ་པ་ཡོད་པ་མ་རེད། དཔེར་ན་བོད་འདིར་བསམ་བློ་བཏང་ན་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ཡིན་ཟེར་མཁན་མ་གཏོགས་གཅིག་ཀྱང་ཡོད་མ་རེད། དེའི་ནང་ནས་ཐམས་ཅད་དབུ་མ་པ་ཡིན་ཟེར་མཁན་མ་གཏོགས་གཅིག་ཀྱང་ཡོད་མ་རེད། ཡིན་ན་ཡང༌། ཕྱག་རྫོགས་དབུ་གསུམ་ཞེས་གྲགས་པ་རེད་དེ་ཁོ་ཚོས་དབུ་མ་པ་ཡིན་པར་ཞལ་གྱིས་བཞེས་ཀྱིན་ཡོད་པ་དེ་རེད། དེས་ན་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་ནང་ནས་དབུ་མ་པ་ཡིན་པར་ཐམས་ཅད་ཀྱིས་ཞལ་གྱིས་བཞེས་པ་གཅིག་མཚུངས་ཡིན་པ་དང༌། རང་རང་སོ་སོའི་ལྟ་བ་མཐའ་ཐུག་དེ་སྤྲོས་བྲལ་གྱི་ལྟ་བ་ཡིན་ཟེར་བ་ཡང་ཐམས་ཅད་གཅིག་མཚུངས་ཡིན་པ་རེད། རི་བོ་དགེ་ལྡན་པ་ལྟ་བུ་ལ་མཚོན་ན། ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པ་དེ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཞིག་ཡིན་པར་འདོད་པ་རེད། དེ་ནང་བཞིན་དུ། བོད་ཉིད་ལ་ལྟ་བ་གྲགས་ཆེ་ཤོས་དེ་ལ་རྣམ་པ་གསུམ་ཡོད་པའི་ནང་ནས། གཅིག་ད་ལྟ་གོང་ན་ཞུས་པ་ནང་བཞིན་དུ་རི་བོ་དགེ་ལྡན་པས་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པས་སྟོང་པ་དེ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཏུ་ཁས་ལེན་པ་རེད། དེ་བཤད་སྲོལ་ཆེན་པོ་གཅིག་དང༌། བཤད་སྲོལ་གཉིས་པ་དེ་ཀུན་མཁྱེན་གོ་རམས་པ་སོགས་ཀྱིས་ཆོས་ཐམས་ཅད་ཡོད་པ་ཡིན་པར་ཡང་ཁས་ལེན་གྱིན་མེད། མེད་པ་ཡིན་པར་ཡང་ཁས་ལེན་གྱིན་མེད། དེ་ལྟར་ཡོད་མེད་གང་ཡང་མ་ཡིན་པའི་ཁས་ལེན་ཀུན་བྲལ་གྱི་ལྟ་བ་ཞིག་འཇོག་གིན་ཡོད་པ་རེད། དེ་ལྟའི་བཤད་སྲོལ་གཅིག་དང༌། དེ་ནས་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་ནི། ཆོས་ཐམས་ཅད་རང་གི་ངོ་བོ་བདེན་དངོས་སུ་གྲུབ་པས་སྟོང་པ་དང༌། དོན་དམ་བདེན་པའང་བདེན་དངོས་དང་དགག་བྱའི་བདེན་གྲུབ་དང་སྤྲོས་པའི་བདེན་གྲུབ་སོགས་ཀྱིས་སྟོང་ཞིང༌། བདེན་པས་མི་སྟོང་པ་ཡིན་པར་གྲུབ་པས་བདེན་པར་གྲུབ་པ་ཞེས་འདོད་དོ། །དེ་ལྟར་ཞལ་གྱིས་བཞེས་པའི་དབུ་མ་གཞན་སྟོང་བའི་ལུགས་སྲོལ་གཅིག་སྟེ། མདོར་ན་བོད་ཉིད་ལ་ལྟ་བ་གྲགས་ཆེ་བ་གསུམ་བྱུང་བ་དེ་འདྲ་རེད། ཡིན་ན་ཡང༌། སྔར་འགྱུར་རྙིང་མ་དང༌། དཔལ་ལྡན་ས་སྐྱ་པ། བཀའ་རྒྱུད་པ་དེ་ཚོའི་མཁས་པའི་ཁྲོད་ན་ཡང༌། གནས་སྐབས་ཡོད་མིན་མེད་མིན་གང་ཡང་ཁས་མི་ལེན་པའི་ཁས་ལེན་ཀུན་བྲལ་གྱི་ལྟ་བ་དེའི་སྟེང་ནས་འཇོག་གིན་ཡོད་པ་རེད། རེད་དེ། ཁོ་ཚོས་སྔགས་ཀྱི་དགོངས་པ་འགྲེལ་ཡོང་དུས། དཔེར་ན་དཔལ་ལྡན་ས་སྐྱ་པ་ལྟ་བུར་མཚོན་ན་ལམ་འབྲས་སོགས་ཀྱི་སྐབས་སུ་གསལ་སྟོང་ཟུང་འཇུག་གི་ལྟ་བ་ཟེར་བ་དེ་གནས་ལུགས་མཐར་ཐུག་འོད་གསལ་བའི་སེམས་ཀྱི་སྟེང་ནས་འཇོག་འགྲོ་བ་མང་པོ་ཞིག་ཡོང་གིན་ཡོད་པ་རེད། སྔ་འགྱུར་རྙིང་མ་ལྟར་བུར་མཚོན་ན་བླ་མ་མི་ཕམ་ཚང་གིས་དབུ་མ་ངེས་ཤེས་སྒྲོན་མེའི་སྐབས་སུ། གོ་རམས་པ་དང་མཐུན་པར་ཡོད་མིན་མེད་མིན་གྱི་ཁས་ལེན་ཀུན་བྲལ་གྱི་ལྟ་བ་དེ་ཉིད་སྤྲོས་བྲལ་གྱི་ལྟ་བ་ཡིན་ཞེས་དེ་ལྟར་གསུང་གིན་ཡོད་པ་རེད། ཡིན་ནཡང༌། འཁོར་ལོ་ཐ་མའི་དགོངས་འགྲེལ་དང༌། བླ་མ་མི་ཕམ་ཚང་གི་གཞན་སྟོང་ལྟ་བ་ཁས་ལེན་སེང་གེའི་ང་རོ། སྟོང་ཐུན་སེང་གེའི་ང་རོ། གཞུང་སྤྱིའི་བཀའ་འགྲེལ་རིན་པོ་ཆེའི་ཟ་མ་ཏོགདེ་ནང་བཞིན། བླ་མ་མི་ཕམ་ཚང་གི་དུས་འཁོར་གྱི་འགྲེལ་བ་དེ་ཚོའི་སྐབས་དེར་གཞན་སྟོང་གི་ཕྱོགས་ནས་གསུངས་འགྲོ་གིན་ཡོད་ས་དེ་འདྲ་འདུགདེར་མ་ཟད། ལྷག་ཏུ་མཁས་པ་ས་སྐྱ་པ་དང༌། བཀའ་རྒྱུད་པ། སྔ་འགྱུར་རྙིང་མ་བ་གང་ཡིན་ཡང་རང་རང་སོ་སོས་གཙོ་བོ་སྔགས་ལ་བརྟེན་ནས། སྔགས་བླ་ན་མེད་པའི་དགོངས་པ་འགྲེལ་སྐབས། འོད་གསལ་བའི་སེམས་ཞིག་གི་སྟེང་ནས་དབྱིངས་རིག་གཉིས་སུ་མེད་པའི་དབྱིངས་དེ་ཉིད། ཡེ་ཤེས་ཡིན་པ་དང་ཡེ་ཤེས་དེ་དང་དོན་དམ་པའི་རང་བྱུང་ཡེ་ཤེས་དེ་གཉིས། དབྱིངས་རིག་དབྱེར་མེད་ཀྱི་སྟེང་ནས་དེ་ལྟར་རྩལ་འདོན་བྱས་ནས་གསུང་སྐབས། གཞན་སྟོང་དབུ་མ་དང་ཧ་ཅང་སྒོ་མཐུན་པ་དེ་འདྲ་མང་པོ་ཞིག་ཡོང་གིན་ཡོད་པ་རེད། དང་པོ་ང་ཚོའི་གྲུབ་མཐའ་རང་རང་གིས་མདོ་ཕར་ཕྱིན་ཐེག་པའི་སྐབས་སུ། ཐུན་མོང་གིས་དཔལ་ལྡན་ཟླ་བའི་དབུ་མ་འཇུག་པ་ལྟ་བུ་ལས། དཔེར་ན་སྔར་འགྱུར་རྙིང་མ་ལྟ་བུར་མཚོན་ན་མདོ་སྒྱུ་སེམས་གསུམ་གྱི་དགོངས་པ་སོགས་ལ་ལྟ་མ་མྱོང་པ་འདྲ་དང༌། དེ་ནས་དཔལ་ལྡན་ས་སྐྱ་པ་ཡིན་ན་ལམ་འབྲས་ཀྱི་གཞི་ལམ་འབྲས་གསུམ་དང༌། ལམ་གྱི་མཐར་ཐུག་སོགས་ལ་གཟིགས་མ་མྱོང་པ་ལྟ་བུ་སྟེ། དེ་ལྟར་མང་པོ་ཞིག་གིས་གནས་སྐབས་གཞན་སྟོང་གི་ལྟ་བ་ཁས་མི་ལེན་ཟེར་བ་སོགས། དེ་འདྲ་གཞོན་སྐྱེས་རྣམ་པ་ཚོའི་ནང་ན་ཡོང་གིན་འདུགཡིན་ན་ཡང༌། གྲུབ་མཐའ་དེ་དག་གི་མཐར་ཐུག་གི་དགོངས་པ་སྔགས་བླ་ན་མེད་པའི་སྐབས་ཀྱི་དགོངས་པ་ནང་བཞིན་བཞེད་ཀྱིན་ཡོད་པ་དེ་ཤེས་དགོས་པ་རེད། སྔ་འགྱུར་རྙིང་མ་ལྟ་བུར་མཚོན་ན་གནས་ལུགས་མཐར་ཐུག་དེ། གཞི་ན་བཞུགས་པའི་ཡེ་ཤེས་ཉིད། །ཡེ་ཤེས་དབྱིངས་ལ་སྐུ་གསུམ་རྫོགས། །ཞེས་ཟེར་བ་ལྟ་བུ་སྟེ། ཡེ་ཤེས་དབྱིངས་ལ་སྐུ་གསུམ་རྫོགས་པ་ཞིག་ཁས་ལེན་གྱིན་ཡོད་པ་དེ་ལས་ལྷག་པའི་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་སྨྲ་བ་རྣམས་ཀྱི་ལུགས་ལ་ཡང་ཁས་ལེན་མེད་པའི་ཕྱིར་ཟེར་བ་འདྲ་ཡོང་གི་ཡོད་པ་རེད། སྤྱིར་ང་ཚོའི་ལྟ་བའི་བཞེད་མཚམས་དང་ཚིག་གི་འཛིན་མཚམས་ཀྱི་སྟེང་ནས་དེ་འདྲ་ཞིག་རེད་མ་གཏོགས། དོན་དམ་བདེན་པ་བདེན་པར་གྲུབ་མ་གྲུབ་ཀྱི་སྐད་ཆའི་སྟེང་ནས་བཤད་ཡོང་ན། དཔལ་ལྡན་རྒྱལ་བ་ཇོ་ནང་པའམ་གཞན་སྟོང་དབུ་མ་ཁས་ལེན་པ་རྣམས་ཀྱིས། དོན་དམ་བདེན་པ་དེ་བདེན་པར་གྲུབ་ཅེས་གསུངས་པ་དེ་གང་འདྲ་རེད་ཟེར་ན། དོན་དམ་བདེན་པ་དེ་ཉིད་འཇོག་བྱེད་ཀྱི་གཙོ་བོ་དེ་འཕགས་པའི་མཉམ་བཞག་གི་ཡེ་ཤེས་དེས་འཇོག་དགོས་པ་རེད། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་དོན་དམ་པར་བཞག་ནས། དེའི་ངོར་སྣང་ཚུལ་དང་གནས་ཚུལ་མཐུན་པས་ན་བདེན་པ་དང༌། གནས་ལུག་དང་མཐུན་པ་དང༌། བདེན་པར་གྲུབ་ཅེས་གསུངས་པ་རེད། ཡིན་ན་ཡང༌། གཞན་གྱིས་འདོད་པའི་དགག་བྱའི་བདེན་པར་མ་གྲུབ་ཟེར་དེ། རང་ལུགས་ལ་སྤྲོས་པའི་བདེན་པར་མ་གྲུབ་ཟེར་གྱིན་ཡོད་པ་རེད། དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། ཀུན་རྫོབ་སྤྲོས་པའི་བདེན་གྲུབ་ངས་མི་འདོད། །སྤྲོས་པའི་བདེན་གྲུབ་ཡོད་ན་ཀུན་རྫོབ་སྟེ། །ཞེས་དེ་ལྟར་གསུངས་པ་རེད། ཐེག་མཆོག་དབུ་མའི་རབ་བྱེད་དྲུག་པའི་སྐབས་སུ་ཡང༌། དགག་བྱའི་བདེན་པར་མ་གྲུབ་པ་དེ་རྒྱས་ཤིང་རྒྱས་པར་ལུང་རིགས་མང་པོའི་སྒོ་ནས་གསུང་གིན་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་ཚིག་གིས་ཟིན་ཚོད་ཙམ་མ་གཏོགས་དོན་གྱི་གནད་འགག་ཐོག་ནས་རང་གིས་བསམ་ཚུལ་ཡིན་ན། རྒྱ་ཆེན་པོ་ཞིག་ཁྱད་པར་ཡོད་པ་མཐོང་གིན་མེད། ཡིན་ན་ཡང༌། དབུ་མ་གཞན་སྟོང་པ་དང་རང་སྟོང་པ་གཉིས་ལ་བསམ་བློ་གཏང་བ་ཡིན་ན་ཁྱད་པར་ཆེན་པོ་དེ་གང་རེད་ཟེར་ན། ཆོས་ཀྱི་དབྱིངས་དེ་ཉིད་ཡེ་ཤེས་ཡིན་པ་དེ་ཇོ་ནང་པ་རང་གིས་དམིགས་ཀྱིས་དེ་ལྟར་སྒྲུབ་ཀྱིན་ཡོད་པ་རེད། དཔེར་ན། ཁས་ལེན་ཀུན་བྲལ་གྱི་ལྟ་བ་ཙམ་ལ་བསམ་བློ་བཏང་བ་ཡིན་ཡང་ཆོགཡང་ན། ཆོས་ཐམས་ཅད་རང་ངོས་ནས་སྟོང་པའི་མེད་དགག་ཙམ་ཁས་ལེན་པའི་ལུགས་ལྟར་ན། དབྱིངས་དེ་ཡེ་ཤེས་ཡིན་པ་ཞིག་ཏུ་འཇོག་གིན་མེད་པ་རེད། དེའི་ཕྱིར་རང་ལུགས་ཀྱིས་ཀྱང་དེ་ལྟར་བཞེད་ན། ཆོས་དབྱིངས་དེ་ཉིད་ཡེ་ཤེས་ཡིན་པར་འཇོག་མི་ཐུབ་པ་འདྲ་དང༌། དབྱིངས་རིག་དབྱེར་མེད་ཅིག་ཏུ་འཇོག་མི་ཐུབ་པ་དང༌། འདུས་མ་བྱས་པའི་ཡེ་ཤེས་ཞིག་ཏུ་འཇོག་མི་ཐུབ་པ་དང༌། རང་བྱུང་གི་ཡེ་ཤེས་ཞིག་ཏུ་འཇོག་མི་ཐུབ་པ་ལ་སོགས་པའི་སྐྱོན་ཡོད་ཅེས་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་བཀའ་བསྡུ་བཞི་པའི་སྐབས་སུ་དེ་ལྟར་གསུང་གིན་ཡོད་པ་རེད། དེ་ནི་རང་སྟོང་དང་གཞན་སྟོང་གཉིས་ཀྱི་བཞེད་ཚུལ་ཆེ་ཤོས་ཞིག་ཏུ་ཆགས་འདུགསྤྱིར་བཏང༌། དཔེར་ན་བཀའ་རྒྱུད་པ་ཚོས་ཀརྨ་པ་སྐུ་འཕྲེང་རིམ་བྱོན་ཐམས་ཅད་གཞན་སྟོང་སྨྲ་བ་ཡིན་ཞེས་བཀའ་བརྒྱུད་པ་རང་གི་མཁས་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང༌། སི་ཏུ་པཎ་ཆེན་སོགས་ཀྱིས་གསུངས་ཡོད་པ་རེད། ཡིན་ན་ཡང༌། དེ་ཚོས་གཞན་སྟོང་ཁས་ལེན་པ་དེ། གཙོ་བོ་དབྱིངས་དེ་ཉིད་འོད་གསལ་བའི་ཡེ་ཤེས་ཡིན་པ་རྒྱ་ཆེར་རྩལ་འདོན་བྱས་ནས་གསུང་གིན་ཡོད་པ་ཞིག་ཏུ་ཆགས་འདུག་ཡོད་པ་རེད། དེར་མ་ཟད། ཀརྨ་པ་མི་བསྐྱོད་རྡོ་རྗེའི་རྗེ་བཙུན་ངལ་གསོའི་སྐབས་སུ། ཇོ་ནང་པ་ནང་བཞིན་དུ་ཁས་ལེན་གྱིན་ཡོད་པ་མ་རེད་དེ། ཡིན་ན་ཡང༌། རིགས་ཀྱི་ཁ་ཐུག་དེར་དབྱིངས་དེ་ཉིད་ཡེ་ཤེས་ཡིན་པར་མ་ཟད་བདེན་པར་གྲུབ་ཟེར་ནས་ཚིག་ཟིན་ལ་གསལ་བོ་གསལ་རྐྱང་བྱས་ནས་གསུངས་ཡོད་པ་རེད། ཡང་འདི་ནས་གཞན་སྟོང་དབུ་མ་ཆེན་པོའི་འདོད་ཚུལ་ཞིག་བཤད་པ་ཡིན་ན། གོང་དུ་བདེན་གྲུབ་ཏུ་སྟོན་པའི་གྲུབ་མཐའ་བོད་གཞན་དག་སེམས་ཙམ་རྣམ་རྫུན་ཞེས་ཟེར་བ་འདི་ནི་ངེས་དོན་མཐར་ཐུག་གི་དབུ་མ་ཆེན་པོ་ཡིན་ནོ་ཞེས་གསུངས་པ་དེའི་འདོད་པ་གང་རེད་ཟེར་ན། དེའི་གོང་ན་ཀུན་བཏགས་དང་གཞན་དབང་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པ་མེད་ཅིང༌། ཡོངས་གྲུབ་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་སྟོན་པའི་གྲུབ་མཐའ་ཞེས་དེ་ལྟར་གསུངས་པ་རེད། འོན་ཀྱང༌། གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་རྩལ་འདོན་བྱས་ནས་དེའི་ཁྱད་པར་མི་འདྲ་བའི་ཚུལ་ཞིག་བཤད་པ་ཡིན་ན། ཡོངས་གྲུབ་གཉིས་མེད་ཀྱི་ཡེ་ཤེས་དེ་བདེན་པར་གྲུབ་པ་རེད་ཅེས་གསུངས་པ་བཞིན་དེ་འདྲ་ཞལ་གྱིས་བཞེས་ཀྱིན་ཡོད་པ་རེད། ཁ་སང་གོང་དུ་གང་འཚམ་ཞིག་ཞུས་པ་ཡིན་མོད། ཡིན་ཡང༌། ཁ་སང་བྱ་བ་ཞིག་གི་དབང་གིས་མདོར་བསྡུས་ཤིག་མ་གཏོགས་ཞུ་ཐུབ་མ་སོང༌། དེ་བས་ན། འདི་གནད་འགག་ཆེ་ཤོས་འདྲ་བོ་རེད། འདིའི་སྐབས་འདིར་བོད་གངས་རིའི་ལྗོངས་ན་ཡོངས་གྲུབ་བདེན་པར་གྲུབ་མ་གྲུབ་ཅེས་དེའི་ཐོག་ནས་གཞན་སྟོང་བ་དང༌། རང་སྟོང་བ་གཉིས་ཀྱི་རྩོད་མཚམས་འདྲ་བོ་ཞིག་ཏུ་ཆགས་འདུག་ཡོད་པ་རེད། སྔོན་བྱོན་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་སྐུ་དུས་སུའམ། བུ་སྟོན་ཐམས་ཅད་མཁྱེན་པའི་སྐུ་དུས་སུ་བུ་དོལ་རྣམ་གཉིས་དེ་བོད་ཁ་བ་གངས་ཅན་པའི་ལྗོངས་ན་སྙན་གྲགས་འབྲུག་སྟོང་ལྡིར་བ་ལྟར་གྲགས་པའི་སྐབས་ཞིག་རེད། དེ་ཡང་འཇིག་རྟེན་པ་ཡོངས་ཀྱིས་ངག་རྒྱུན་དུ། གནམ་ལ་ཉི་ཟླ་གཉིས། ས་ལ་བུ་དོལ་གཉིས་ཞེས་དེ་འདྲ་ཡོངས་སུ་གྲགས་པ་ཞིག་རེད། དེའི་སྐབས་སུ་ཐམས་ཅད་ཀྱིས་ཆོས་རའི་ངག་རྒྱུན་ནམ་མཁས་དབང་རྣམས་ཀྱི་ངག་རྒྱུན་ལ། བུ་དོལ་རྣམ་གཉིས་ཚིག་གི་ར་ལ་རྩོད། །ཅེས་དེ་འདྲ་གསུངས་པ་རེད། ཚིག་གི་ར་ལ་རྩོད་ཅེས་གསུངས་པ་དེ་གཅིག་གིས་དོན་དམ་བདེན་པ་དེ་བདེན་པ་ཡིན་ཡང་བདེན་པར་མ་གྲུབ་ཅེས་ར་སྒྲ་ཡོད་མེད་ཀྱི་ཁྱད་པར་ཙམ་སྟེ། བུ་སྟོན་རིན་པོ་ཆེས་དེ་ལྟར་གསུངས་པ་རེད། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས། དོན་དམ་བདེན་པ་དེ་བདེན་པ་ཡིན་ཞིང༌། བདེན་པ་ཡིན་ན་བདེན་པར་གྲུབ་དགོས། དཔེར་ན། ཡོད་པ་ཡིན་ན་ཡོད་པར་གྲུབ་དགོས་པ་དང༌། ཤེས་བྱ་ཡིན་ན་ཤེས་བྱར་གྲུབ་དགོས་པ་སོགས་དང་མཚུངས་པར་གསུངས་པ་རེད། དེ་ནི་མཁས་པ་ཡོངས་ཀྱི་ངག་རྒྱུན་ཞིག་སྟེ། ཚིག་གི་ར་ལ་རྩོད་ཅེས་ཚིག་ཙམ་མ་གཏོགས་དོན་གྱིས་གནད་འགག་ཆེན་པོ་ཞིག་མེད་པ་ཨེ་ཡིན་བསམ་གྱིན་འདུགདེ་ལྟར་མེད་པའི་རྒྱུ་མཚན་གང་ཞེ་ན། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས། བདེན་པར་གྲུབ་ཅེས་པའི་བདེན་པ་ཡིན་པར་གྲུབ་ཚུལ་དེ་གང་འདྲ་རེད་ཟེར་ན། རིག་པ་དྲུག་ཅུ་པའི་སྐབས་སུ། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་པའི་བདེན་པ་དེ་དང༌། དོན་དམ་བདེན་པ་ཞེས་པའི་བདེན་པ་དེའི་གྲུབ་ཚུལ་ནི། མཉམ་བཞག་ཡེ་ཤེས་ཀྱི་ངོར་བདེན་པ་ཡིན་པས་ན་བདེན་པར་གྲུབ་ཅེས་དེ་འདྲའི་སྒོ་ནས་གསུངས་བཞག་ཡོད་པ་རེད། བུ་སྟོན་ཐམས་ཅད་མཁྱེན་པས། བདེན་པར་མ་གྲུབ་ཅེས་ར་སྒྲ་སྦྱར་སྐབས་བདེན་པ་ཡིན་མིན་གྱི་སྐད་ཆ་ཙམ་མིན་པར། བདེན་པར་མ་གྲུབ་ཅེས་པའི་བདེན་པ་དེ་དགག་བྱའི་བདེན་གྲུབ་ལ་བྱས་ནས། བདེན་པར་འཛིན་པའི་བདེན་འཛིན་གྱིས་འཛིན་པ་ལྟར་མ་གྲུབ་པས་ན་དེ་ལྟར་སྦྱར་བ་རེད། དེ་བས་ན་བདེན་པར་མ་གྲུབ་ཅེས་དེ་ལྟར་གསུངས་པ་རེད་དེ། དེའི་དོན་དེ་ཀུན་མཁྱེན་དོལ་པོ་པ་དང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ། ཉ་དབོན་ཀུན་དགའ་དཔལ། ས་བཟང་མ་ཏི་པཎ་ཆེན་སོགས་ཡབ་སྲས་རྣམས་ཀྱི་རང་ལུགས་ལ། དགག་བྱའི་བདེན་པར་མ་གྲུབ་པ་དང༌། ཆོས་བདག་ཏུ་མ་གྲུབ་པའོ་ཞེས་གསལ་ཞིང་རྒྱས་པར་རྩལ་འདོན་བྱས་ནས་གསུངས་དང་གསུང་བཞིན་པ་རེད། མདོར་ན། བདེན་པར་གྲུབ་ཞེས་པ་དེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱ་མཚན་གྱིས་དོན་དམ་བདེན་པ་ཞེས་པའི་བདེན་པའམ་ཡང་ན། སྣང་ཚུལ་དང་གནས་ཚུལ་མཐུན་པས་བདེན་པར་གྲུབ་ཟེར་བ་རེད། ཡིན་ཡང༌། དགག་བྱའི་བདེན་པར་མ་གྲུབ་པར་འདོད། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། ཀུན་རྫོབ་སྤྲོས་པའི་བདེན་གྲུབ་ངས་མི་འདོད། །སྤྲོས་པའི་བདེན་གྲུབ་ཡོད་ན་ཀུན་རྫོབ་ཏེ། །ཞེས་གསུངས་པ་ནང་བཞིན་དུ་སྤྲོས་པའི་བདེན་པར་མ་གྲུབ་པ་ཡིན་པ་དེ། དགག་བྱའི་བདེན་པར་མ་གྲུབ་པ་རུ་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཐེག་མཆོག་དབུ་མའི་རབ་བྱེད་དྲུག་པའི་བདག་མེད་གཉིས་གཏན་ལ་འབེབས་པའི་སྐབས་དེར་གསུང་གིན་ཡོད་པ་རེད། དེ་ག་ནང་བཞིན་དུ། གངས་ཅན་མཁས་པའི་གཙུག་རྒྱན་རྗེ་བདག་ཉིད་ཆེན་པོས་འཇུག་ཊཱིཀ་དགོངས་པ་རབ་གསལ་གྱི་སྐབས་སུ། སྔ་མའི་དོན་དམ་ནི་ཤེས་བྱ་ལ་ཡོད་པ་ཡིན་ལ། ཕྱི་མའི་དོན་དམ་ནི་ཤེས་བྱ་ལ་མི་སྲིད་ཅེས་དེ་འདྲ་གསུངས་པ་རེད། དེས་ན། རིགས་ངོ་ཟེར་ཡང་འདྲ། དོན་དམ་དཔྱོད་བྱེད་ཀྱི་རིགས་ངོའི་སྟོང་ཉིད་དེ་སྔ་མའི་དོན་དམ་ལ་བྱས་ནས་དེ་ཤེས་བྱ་ལ་སྲིད་པ་ཞིག་རེད་གསུངས་པ་དང་འདྲ་བོ་རེད། དགག་བྱའི་བདེན་གྲུབ་དེ་ཤེས་བྱ་ལ་མི་སྲིད་ཅེས་གསུངས་པས། ཚིག་ཙམ་མི་འདྲ་བ་མ་གཏོགས་དོན་ལ་ཁྱད་པར་མེད་པ་རེད། རྗེ་ཡབ་སྲས་ཀྱི་རང་ལུགས་ལ། བདེན་པར་མེད་ཅེས་དོན་དམ་བདེན་པ་ཡང་བདེན་པར་མེད། བདེན་པར་མ་གྲུབ་པ། རང་ངོས་ནས་མ་གྲུབ་པ། རང་བཞིན་གྱིས་མ་གྲུབ་པ། རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཞེས་དེ་ལྟར་བཞེད་ཀྱིན་ཡོད་པ་རེད། ཡིན་ན་ཡང༌། དོན་གྱི་གནད་འགག་གི་སྟེང་ནས། དཔེར་ན། ཇོ་ནང་པས་དོན་དམ་བདེན་པ་ཞེས་པའི་བདེན་པ་དེ་སྣང་ཚུལ་དང་གནས་ཚུལ་མཐུན་པའི་བདེན་པ་དེ་ལ་བྱས་ནས་དེ་བདེན་པར་གྲུབ་ཟེར་བ་ནང་བཞིན་དུ། རི་བོ་དགེ་ལྡན་པས་ཀྱང་དོན་དམ་བདེན་པ་གྲུབ། དོན་དམ་བདེན་པ་དེ་དོན་དམ་བདེན་པ་ཡིན་པར་གྲུབ་པ་དང༌། དོན་དམ་བདེན་པ་དེ་བདེན་པ་ཡང་ཡིན་ཞེས་དེ་འདྲ་གསུང་གིན་ཡོད་པ་རེད། དེའི་ཐོག་ནས་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་མ་རེད། དེ་བཞིན་དུ་སྔར་འགྱུར་རྙིང་མའི་མཁས་པའི་དབང་ཕྱུག་འཇམ་དབྱངས་མིའི་རྣམ་པར་རོལ་བ་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱིས་ཀྱང་གཞན་སྟོང་ལྟ་བ་ཁས་ལེན་སེང་གེའི་ང་རོའི་སྐབས་སུ། སྣང་སྟོང་ཟུང་འཇུག་གི་བདེན་གཉིས་འཇོག་ཚུལ་གཅིག་དང༌། གནས་སྣང་བདེན་གཉིས་འཇོག་ཚུལ་གཅིག་སྟེ། འཇོག་ཚུལ་རྣམ་པ་གཉིས་བཀའ་བསྩལ་ཡོད་པ་རེད། དེ་ལྟར་གསུང་དུས། དང་པོ་སྣང་བ་གང་ཞིག་ཀུན་རྫོབ་བདེན་པ་དང༌། སྟོང་པ་གང་ཞིག་དོན་དམ་བདེན་པ་ཞེས་དེ་འདྲའི་སྒོ་ནས་སྣང་སྟོང་ཟུང་འཇུག་གི་བདེན་གཉིས་དེ། གཙོ་བོ་བླ་མ་མི་ཕམ་རང་གི་དབུ་མ་ངེས་ཤེས་སྒྲོན་མེའི་དགོངས་པ་དེ་དེ་ལྟར་གཙོ་ཆེར་གཏན་ལ་ཕབས་བཞག་ཡོད་པ་དེ་འདྲ་རེད། ཡིན་ན་ཡང༌། བླ་མ་མི་ཕམ་ཚང་གི་གཞན་སྟོང་ལྟ་བ་ཁས་ལེན་སེང་གེའི་ང་རོའི་སྐབས་དེར། གང་ལྟར་གསུངས་ཡོད་པ་རེད་ཟེར་ན། སྣང་ཚུལ་དང་གནས་ཚུལ་གཉིས་ལས། སྣང་ཚུལ་ནི་དེ་ལྟར་སྣང་ཡང་སྣང་བ་ལྟར་མ་གྲུབ་པ་ཀུན་རྫོབ་ཀྱི་ཆོས་ལ་བཞག་ཅིང༌། སྣང་ཚུལ་དང་གནས་ཚུལ་མཐུན་པའི་ཆོས་དེར་དོན་དམ་བདེན་པ་ཞེས་བཞག་ནས། དེར་བདེན་གྲུབ་ཅེས་ཚིག་ཟིན་ལ་ཡང་ནས་ཡང་དུ་བཀའ་བསྩལ་གྱིན་ཡོད་པ་རེད། དེ་དང་འདྲ་བར་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་རང་ལུགས་ལ་ཡང༌། སྣང་ཚུལ་དང་གནས་ཚུལ་མཐུན་པའི་བདེན་པ་དེ་ལས་ལྷག་ཅིག་བདེན་གྲུབ་ཏུ་བཞེད་ཀྱིན་མེད་པ་རེད། དཔེར་ན་བཀའ་བརྒྱུད་པའི་ཕྱོགས་ནས་བསམ་བློ་བཏང་བ་ཡིན་ན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དེ་ནི་རིས་མེད་ཀྱི་མཁས་དབང་བསམ་གྱིས་མི་ཁྱབ་པ་དེ་འདྲ་ཞིག་རེད། ཁོང་གི་བྱ་བཞག་རླབས་ཆེན་གང་ལ་བལྟས་ཀྱང་རིས་མེད་ཀྱི་མཁས་དབང་ཆེན་མོ་ཞིག་ཏུ་ཆགས་འདུག་ཡོད་པ་རེད། གཞན་ཀརྨ་པ་སྐུ་འཕྲེང་རིམ་བྱོན་པ་ཐམས་ཅད་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་སྨྲ་བ་ཡིན་ཞེས་གསལ་བོ་བཤད་བཞག་ཡོད་པ་དེ་འདྲ་རེད། དེ་ལྟར་བཞེད་ཚུལ་ཡང་འོག་ནས་ངས་ཁྱེད་རྣམ་པར་ལུང་ཁ་ཤས་ཡི་གེའི་ལམ་ནས་གཏོང་འོང་ན་འགྲིག་གིན་འདུགདེ་འདྲ་ཡིན་དུས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཁོང་གིས་རྒྱུད་བླ་མའི་འགྲེལ་བ་མཛད་ཡོད་པ་རེད། དེའི་སྐབས་དེར་གསལ་ཞིང་རྒྱས་པར་ཇོ་ནང་པ་དང་མཐུན་པར། རྒྱུད་བླ་མའི་ཚིག་ཟིན་ལ། བདག་དང་བདག་མེད་སྤྲོས་པ་དང༌། །ཉེར་བར་ཞི་བ་དམ་པའི་བདག།ཅེས་དམ་པའི་བདག་ཅིག་བསྟན་པ་དེ། རྒྱུད་བླ་མ་དང་དེའི་བཤད་བྱ་རྩ་བའི་མདོ་ལ་སོགས་པའི་སྐབས་སུ་གསུངས་པ་ནང་བཞིན་དུ། ཇོ་ནང་བས་ཁས་ལེན་པ་དེར། ཁ་ཅིག་གིས་དེ་མུ་སྟེགས་པས་འདོད་པའི་བདག་ལ་སོགས་པ་ལ་འཁྲུལ་ནས་མང་དུ་སྨྲས་པ་དེ་ལ། དེ་དང་ཁྱད་པར་ཆེན་པོ་ཡོད་པ་དེ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཁོང་གིས་རྒྱུད་བླ་མའི་འགྲེལ་བའི་སྐབས་སུ་གསལ་བར་གསུངས་ཡོད་པ་རེད། ཐམས་ཅད་ཀྱིས་གཞུང་དེར་སྤྱན་གཡོ་སྟེ་གཟིགས་པར་ཞུ་ཟེར་རྒྱུ་དེ་ཡིན། རྒྱུ་མཚན་དེ་དག་གི་ཕྱིར་ན། བདེན་པར་གྲུབ་མ་གྲུབ་བཤད་པ་དེར། ང་ཚོ་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་མེད་ནི་འདྲ་བོར་ཆགས་འདུག་ཡོད་པ་རེད། དེར་མ་ཟད། ང་རང་གིས་ནམ་རྒྱུན་དེ་འདྲ་བསམ་བཞིན་ཡོད། དེ་གང་འདྲ་ཞིག་ཡིན་མིན་ནི་ཞིབ་འཇུག་བྱ་བའི་གནས་ཏེ། དཔེར་ན། སྔོན་མ་མདོ་སྡེ་བ་ལྟ་བུར་ཆ་མཚོན་ན། དངོས་པོ་དང་བདེན་གྲུབ་དོན་གཅིག་ཏུ་འདོད་ཅིང༌། དངོས་པོ་ཐམས་ཅད་བདེན་པར་གྲུབ་ཅེས་དེ་ལྟར་གསུངས་པ་རེད། ཡིན་ན་ཡང༌། ཁོས་བདེན་པར་གྲུབ་པ་ཅེས་ཚིག་དེ་ལྟར་ལབ་ན་ཡང༌། བདེན་པར་གྲུབ་ན་ཁོ་རང་ལྟོས་མེད་ཚུགས་ཐུབ་རང་དབང་བ་སྟེ་གང་ལ་ཡང་མ་ལྟོས་པར་དེ་འདྲ་ཞིག་ཏུ་གྲུབ་པར་ཁས་ལེན་གྱི་ཡོད་མ་རེད། དེ་འདྲ་ཡིན་དུས། ཁོས་བདེན་པར་གྲུབ་ཟེར་བ་རེད་དེ། ཁོ་རང་གི་དོན་དམ་བདེན་པ་ཡིན་ཚུལ་དེ་ལས་གཞན་གང་ཡང་མ་ཡིན་པ་རེད། ཁོ་རང་གི་ལུགས་ཀྱི་དོན་དམ་བདེན་པ་ཡིན་ཚུལ་དེ། དོན་དམ་པ་དེ་མངོན་སུམ་དུ་བྱས་ནས་དེའི་ངོར་དོན་བྱེད་ནུས་པས་ན་དོན་དམ་བདེན་པ་ཞེས་དང༌། རང་མཚན་དངོས་པོ་རྣམས་དོན་གཅིག་ཅེས་ཟེར། དེ་འདྲ་གསུངས་པ་རེད་མ་གཏོགས། ཁོས་བདེན་པར་གྲུབ་ཅེས་ལབ་ན་ཡང་དབུ་མ་པས་འདོད་པ་ནང་བཞིན་དུ། བདེན་པར་གྲུབ་པ་ཡིན་ན་ལྟོས་མེད། ཚུགས་ཐུབ། རང་དབང་བ། གང་ལ་ཡང་ལྟོས་པར་མེད་པ། བསྒྱུར་དུ་མེད་པ་དེ་འདྲ་ཞིག་ཏུ་གྲུབ་དགོས་པར་ཁས་ལེན་གྱིན་ཡོད་མ་རེད། དེའི་རྒྱུ་མཚན་གྱིས། མདོ་སྡེ་བས་འདོད་པ་ལྟར་གྱི་བདེན་པར་གྲུབ་ཚུལ་དེ་དང༌། དབུ་མ་པས་འདོད་པའི་བདེན་པར་གྲུབ་ཚུལ་གཉིས་ཀྱི་བར་ལ་ཡང༌། ཁྱད་པར་གནམ་ས་ཙམ་ཞིག་ཡོད་པ་ཨེ་ཡིན་སྙམ། དེ་དག་གི་སྒོ་ནས་དཔེར་ན། སེམས་ཙམ་པས་ཕྱི་དོན་དུ་མ་གྲུབ་ཟེར་བ་དང༌། ཐར་འགྱུར་བས་ཕྱི་དོན་དུ་གྲུབ་ཟེར་བ་གཉིས་ཀ་ཡང༌། ཚིག་གི་ཐོག་ནས་ཕྱི་དོན་དུ་གྲུབ་མ་གྲུབ་ཟེར་ནས་འགལ་བ་ཆགས་སོང་བ་ལས། དོན་གྱི་ཐོག་ནས་ཁྱད་པར་ཆེན་པོ་ཞིག་ཡོད་མེད་དེར་ང་ཚོས་རིགས་པའི་ལམ་ལ་དྲངས་ནས་དཔྱད་བརྗོད་བྱས་ན་གོ་ཡོང་རྒྱུ་ཞིག་ཡོད་པ་དེ་རང་གིས་དེ་ལྟར་བསམ་གྱིན་ཡོད། ཁ་སང་གོང་དུ་བདེན་པར་གྲུབ་མ་གྲུབ་ཀྱི་དོན་ལ་གསལ་བཤད་མདོ་ཙམ་ཞུས་པ་དེ་ཡིན། སྤྱིར་བཏང༌། ཇོ་ནང་རང་གིས་བདེན་པར་གྲུབ་པ་ཞེས་གོང་དུ་བཤད་པ་ལྟར་གྱི་བདེན་གྲུབ་ཅིག་ཁས་ལེན་པ་རེད་དེ། དེ་ཙམ་ཁས་ལེན་པའི་རྒྱུ་མཚན་གྱིས་ཕྱི་རོལ་མུ་སྟེགས་པའི་བདག་དང་རྩ་བ་ཉིད་ནས་འདྲ་དགོས་པ་མ་རེད། བདེན་པར་གྲུབ་པ་ཙམ་ཁས་ལེན་པས་ཕྱི་རོལ་པའི་བདག་ལ་སོགས་པ་དང་འདྲ་དགོས་ན། སེམས་ཙམ་པས་འདོད་པའི་ཡོངས་གྲུབ་དེ་ཡང་ཕྱི་རོལ་པའི་བདག་དང་འདྲ་བར་འགྱུར་ཏེ། དེ་རྟག་པ་ཡིན་པར་ཁས་ལེན་པར་མ་ཟད། བདེན་པར་གྲུབ་པ་ཡང་ཁས་ལེན་པའི་ཕྱིར། དེས་ན་བདེན་པར་གྲུབ་པ་འདོད་པའི་དངོས་སྨྲ་བ་སོགས་མང་པོ་ཞིག་འབྱུང་གིན་ཡོད་པ་རེད། ཁ་ཅིག་གིས། ཇོ་ནང་བས་འདོད་པའི་གཞི་བདེ་བར་གཤེགས་པའི་སྙིང་པོ་དེ་མུ་སྟེགས་པས་འདོད་པའི་བདག་དང་འདྲ་བ་ཨེ་ཡིན་ཞེ་ན། དེ་དང་མི་འདྲ་བར་བློ་གྲོས་རྒྱ་མཚོའི་མདོ་དང༌། ལང་ཀར་བཤེགས་པའི་མདོ་སོགས་ཀྱི་སྐབས་སུ་རྒྱས་པར་གསུངས་ཡོད་པ་རེད། དེ་ཡང༌། དཔེར་ན་དབུ་མ་འཇུག་པ་རང་འགྲེལ་ལས། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་པའི་སྐབས་ཀྱི་རང་འགྲེལ་དུ་ལང་གཤེགས་ཀྱི་ལུང་དྲངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། མྱ་ངན་ལས་འདས་པ་དང༌། མ་སྐྱེས་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བར་བྱ་བའི་དོན་དུ། དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པ་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུ་ལ་སྟོན་ཏེ། བློ་གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ལ་མངོན་པར་ཞེན་པར་མི་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་བཞག་ཡོད་པ་རེད། གཞན་ཡང༌། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱ་མཚན་གྱིས་མུ་སྟེགས་པའི་བདག་ལྟ་ལ་སོགས་པ་དང་མི་མཚུངས་པའི་ཁྱད་པར་དོན་མདོར་བསྡུས་ནས་བཤད་ན། གང་འདྲ་གསུངས་པ་རེད་ཟེར་ན། ཇོ་ནང་རང་ལུགས་ཀྱིས་འདོད་པའི་གཞི་བདེ་བར་གཤེགས་པའི་སྙིང་པོ་དེ། གང་ཟག་གི་བདག་དང་ཆོས་བདག་གིས་སྟོང་པ་རེད་ཅེས་ཆོས་ཀྱི་བདག་ཏུ་མ་གྲུབ་པ་དང༌། གང་ཟག་གི་བདག་ཏུ་མ་གྲུབ་པར་ཁས་ལེན་པ་ཡིན་ལ། ཕྱི་རོལ་གྲངས་ཅན་པ་ལ་སོགས་པས། ཁོ་རང་ཚོས་འདོད་པའི་བདག་ཤེས་རིག་གི་སྐྱེས་བུ་དང༌། སྤྱིའི་གཙོ་བོ་སོགས་གང་ཡིན་ཡང༌། བདག་ཏུ་གྲུབ་པར་ཁས་ལེན་པའི་རྒྱུ་མཚན་གྱིས་ཁས་ལེན་གྱི་ཐོག་ནས་མི་འདྲ་བ་ཡིན་པར་གསུངས་བཞག་པ་ཡིན་ལ། ཁོ་རང་གི་ངོ་བོར་བསམ་བློ་བཏང་བ་ཡིན་ན་བདག་ཤེས་རིག་གི་སྐྱེས་བུ་དང༌། སྤྱིའི་གཙོ་བོ་ལ་སོགས་པ་མེད་པ་གང་ཞིགཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་ཡོད་པ་ཡིན་པའི་ཕྱིར། ཞེས་ཟེར་ན་ཡང༌། དེ་གཉིས་ཀྱི་ཁྱད་པར་ཙམ་ཞིག་ཡོང་གིན་ཡོད་པ་རེད། འོན་ཀྱང༌། ཁས་ལེན་ལུགས་ལེན་སྟངས་ཀྱི་ཐོག་ནས་མི་འདྲ་བའི་ཁྱད་པར་བདག་གཉིས་ཀྱིས་སྟོང་པར་ཁས་ལེན་པའི་ཕྱིར་ཞེས་དེ་ལྟར་གསུངས་པ་རེད། དེས་ན། ཇོ་ནང་རང་ལུགས་ལ་ཆོས་ཐམས་ཅད་གང་ཟག་གི་བདག་མེད་ཀྱང་ཡིན་ལ། ཆོས་ཀྱི་བདག་མེད་ཀྱང་ཡིན་པར་འདོད། ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེད་གཉིས་སྟོང་གཞིའི་སྒོ་ནས་འཇོག་པ་མིན་པར། དགག་བྱའི་སྒོ་ནས་འཇོག་པར་ཁས་ལེན་པ་རེད། དེ་ལྟར་ཡང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་དབུ་མའི་མན་ངག་ཁྱད་འཕགས་ལས། ཆོས་རྣམས་བདག་མེད་གཉིས་ཀ་ཡིན་པའི་ཕྱིར། །ངོ་བོའི་སྒོ་ནས་དབྱེ་བ་ཡོད་མིན་ཏེ། །དགག་བྱ་ལོག་ཚུལ་སྒོ་ནས་ལྡོག་པས་དབྱེ། །ཞེས་གསུངས་པ་ལྟར་དང༌། དེའི་འགྲེལ་བ་དབུ་མ་ཐེག་མཆོག་གི་སྐབས་སུ་ཡང༌། ཆོས་ཀུན་བདག་མེད་གཉིས་ཀ་ཡིན་པའི་ཕྱིར། །ངོ་བོའི་སྒོ་ནས་དབྱེ་བ་ཡོད་མིན་ཏེ། །དགག་བྱ་ལོག་ཚུལ་སྒོ་ནས་ལྡོག་པས་དབྱེ། །ཞེས་གོང་དང་ཚུལ་ཇི་ལྟ་བ་བཞིན་གསུངས་པ་རེད། ཡིན་ན་ཡང༌། དགག་བྱའི་སྒོ་ནས་འཇོག་ཚུལ་གང་ལྟར་རེད་ཟེར་ན། མདོར་ན། གང་ཟག་གི་བདག་མེད་ཟེར་བ་དེ་བརྟག་པ་མཐའ་བཟུང་གི་དབང་དུ་བྱས་པའི་རྟག་གཅིག་རང་དབང་གིས་གྲུབ་པའི་བདག་ཅིག་བཞག་ནས། དེས་སྟོང་བ་དེ་ལ་གང་ཟག་གི་བདག་མེད་ཅེས་དེ་ལྟར་གསུངས་པ་རེད། དེ་ནི་དགག་བྱ་རགས་པ་ཞིག་རེད། དེ་ནང་བཞིན་དུ། ཆོས་ཀྱི་བདག་མེད་ཟེར་བ་དེ། བརྟག་པ་མཐའ་བཟུང་གི་དབང་དུ་བྱས་ན་བདེན་དངོས་སུ་གྲུབ་པ་དང༌། མཚན་མར་གྲུབ་པ། དགག་བྱའི་ཆོས་བདག་ཏུ་གྲུབ་པ་སོགས་ལ་ཆོས་བདག་ཞེས་བཞག་ནས། དེ་ལྟར་མ་གྲུབ་པ་དེ་ལ་ཆོས་ཀྱི་བདག་མེད་ཅེས་གསུངས་ཏེ། ཆོས་ཐམས་ཅད་བདག་མེད་གཉིས་ཀ་ཡིན་པར་གསུངས་པ་དེ་གནད་འགག་ཆེ་ཤོས་ཞིག་རེད། ཇོ་ནང་རང་གི་ལུགས་ལ་བདག་མེད་གཉིས་ཀ་འཇོག་ཚུལ་དེ་དེ་ལྟར་གསུངས་གིན་ཡོད་པ་རེད། དེའི་ཕྱིར། ཇོ་ནང་རང་གི་བདག་མེད་གཉིས་གཏན་ལ་འབེབས་པའི་གཞུང་གཙོ་བོ་དེ་གང་ལ་ལྟ་དགོས་པ་རེད་ཟེར་ན། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ལམ་རིམ་བདུད་རྩིའི་སྙིང་ཁུ་དང༌། དེའི་སྐབས་དེར་གང་ཟག་གི་བདག་མེད་དེ་རྒྱས་པར་གཏན་ལ་ཕབ་ཡོད་པ་ཞིག་རེད། དེ་ནང་བཞིན་དུ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དབུ་མ་ཐེག་མཆོག་གི་རབ་བྱེད་དྲུག་པ་སྟེ། རབ་བྱེད་ཀྱི་མཚན་ལ་ཡང་བདག་མེད་གཉིས་གཏན་ལ་ཕབས་པའི་རབ་ཏུ་བྱེད་པ་ཞེས་གསུངས་པ་བཞིན། དང་པོར་གང་ཟག་གི་བདག་མེད་རྒྱས་པར་གཏན་ལ་ཕབས་པ་དང༌། དེའི་རྗེས་སུ་ཆོས་ཀྱི་བདག་མེད་དེ་གཅིག་དུ་བྲལ་གྱི་རིགས་པ་དང༌། མཐའ་བཞི་སྐྱེ་འགོག་གི་རིགས་པ། རྡོ་རྗེ་གཟེགས་མའི་རིག་པ། ཡོད་མེད་སྐྱེ་འགོག་གི་རིགས་པ་ལ་སོགས་པའི་རིགས་པ་སྣ་ཚོགས་ཀྱི་སྒོ་ནས། ཆོས་ཀྱི་བདག་མེད་དེ་གཏན་ལ་ཕབ་ནས་གསུངས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས། དགག་བྱ་ངོས་འཛིན་ཚུལ་དང༌། དེ་བདག་མེད་དུ་གཏན་ལ་ཕབ་ཚུལ་དང༌། དེ་གཏན་ལ་འབེབ་བྱེད་ཀྱི་རིགས་པ་ལ་སོགས་པ་དེ། ཐེག་མཆོག་དབུ་མའི་རབ་བྱེད་དྲུག་པའི་སྐབས་དེར་རྣམ་པ་ཚོས་གཟིགས་ན་གསལ་བོར་ཤེས་ཐུབ་རྒྱུ་རེད་ཅེས་ཞུ་རྒྱུ་དེ་ཡིན། དེས་ན་ཇོ་ནང་རང་ལུགས་ལ། དཔེར་ན། གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་ན་ཐེག་པ་གསུམ་གྱི་ཤེས་རབ་ཀྱི་རྟོགས་རིགས་ཟེར་ཡང་འདྲ། བདག་མེད་རྟོགས་པའི་ཤེས་རབ་ཀྱི་རྟོགས་རིགས་དེ། འདྲ་བར་འདོད་པའི་ལུགས་གཅིག་དང༌། མི་འདྲ་བ་འདོད་པའི་ལུགས་གཉིས་བྱས་ནས་གསུང་གིན་ཡོད་པ་དེ་འདྲ་ཞིག་རེད། དཔེར་ན། རྒྱལ་གར་འཕགས་པའི་ཡུལ་གྱི་གྲུབ་མཐའ་སྨྲ་བ་བཞིའི་འདོད་པ་དེ། རྣམ་པ་ཚོས་ཕལ་ཆེར་མཁྱེན་རྒྱུ་རེད། དེ་ཧ་ལམ་ཞུ་མི་དགོས་པ་ལྟ་བུ་རེད། བོད་གངས་རིའི་ལྗོངས་སུ་བསམ་བློ་བཏང་པ་ཡིན་ན་ཡང༌། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པར་འདོད་མཁན་དེ། རི་བོ་དགེ་ལྡན་པ་དང་དེའི་ལུགས་ལ་མཐའ་ཅིག་ཏུ་རྩལ་འདོན་བྱས་ནས་གསུང་གིན་ཡོད་པ་རེད། ཡིན་ན་ཡང༌། སྔ་འགྱུར་རྙིང་མ་པར་མཚོན་ན་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པའི་རྒྱུ་མཚན་དེ། གང་ཟག་གི་བདག་མེད་རྟོགས་དགོས་པའི་གནད་ལ་ཐུག་སྟེ། གང་ཟག་གི་བདག་མེད་དེ་ཆོས་ཀྱི་བདག་མེད་ཀྱི་བྱེ་བྲག་ཅིག་ཡིན་ཞིང༌། དེ་རྟོགས་ན་ཆོས་ཀྱི་བདག་མེད་རྟོགས་དགོས་པ་ཡིན་ཏེ། དཔེར་ན། རྒྱ་མཚོ་ཧུབ་གཅིག་བཏུང་བས་རྒྱ་མཚོ་བཏུང་ཞེས་ཟེར་དགོས་པ་བཞིན་དུ། ཆོས་ཐམས་ཅད་ཀྱི་བདག་མེད་མ་རྟོགས་ཞིང་ཆོས་ཀྱི་བདག་མེད་ཀྱི་བྱེ་བྲག་ཙམ་རྟོགས་པས། ཆོས་ཀྱི་བདག་མེད་རྟོགས་ཞེས་དེ་ལྟར་གསུང་གིན་ཡོད་པ་དེ་འདྲ་རེད། ཡིན་ན་ཡང༌། དབུ་མ་འཇུག་པ་རང་འགྲེལ་གྱི་སྐབས་དེར། ཆོས་ཐམས་ཅད་རང་བཞིན་མེད་པ་དང༌། བདེན་པར་མེད་པ་རྟོགས་ཞེས་གསུངས་ཡོད་ལ། དེས་ན་རྒྱ་གར་འཕགས་པའི་ཡུལ་དུ་དཔལ་ལྡན་ཟླ་བ་གྲགས་པས་ཉན་རང་གི་ཐར་བ་ཐོབ་པ་ལ། ཆོས་ཀྱི་བདག་མེད་རྟོགས་དགོས་པ་དེ་གསལ་བར་བྱས་ནས་གསུང་གིན་ཡོད་པ་ལྟ་བུ་ཞིག་ཏུ་ཆགས་འདུག་ཡོད་པ་རེད། དེ་ལྟར་བོད་དུ་ཡང་བཞེད་ཚུལ་མང་པོ་ཞིག་ཡོད་པའི་ནང་ནས་སྐབས་འདིར་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་སམ། ཀུན་མཁྱེན་ཇོ་ནང་པའི་རང་ལུགས་ལ། ཉན་རང་གི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་མི་དགོས་ཞེས་བཞེད། བདག་མེད་གཉིས་ཀ་རྟོགས་པའི་བྱང་སེམས་ཞིག་དམན་ལམ་དུ་ལྟུང་བ་ལྟ་བུར་བསམ་བློ་བཏང་བ་ཡིན་ན། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་འདོད་དགོས་པ་འདྲ་ཞིག་རེད། གདན་ས་གསུམ་གྱི་མཁས་དབང་སོགས་མཁས་པ་མང་པོ་ཞིག་གིས་ཡོངས་གྲགས་སུ་རྟོགས་རིགས་མི་འདྲ་བའི་ལུགས་ལ། ཉན་ཐོས་རིགས་ངེས་པས་ཆོས་ཀྱི་བདག་མེད་རྟོགས་པ་མེད་པ་དང༌། འོན་ཀྱང༌། ཉན་ཐོས་རིགས་ངེས་པས་ཆོས་ཀྱི་བདག་མེད་རྟོགས་པ་མེད་ཅེས་གསུང་གིན་ཡོད་པ་རེད་དེ། དེ་ལ་དོགས་པ་ཞིག་འདུགདེ་གང་འདྲ་རེད་ཟེར་ན། ཉན་ཐོས་རིགས་ངེས་པ་ཞིག་གིས་ཐེག་པ་ཆེན་པོའི་ཆོས་ཉན་ཞིང༌། དེ་རང་གིས་ཉམས་སུ་མི་ལེན་པར་གཞན་ལ་སྒྲོགས་པ་ཞིག་ཡོད་ཆོག་ལ། དེ་འདྲའི་ཉན་ཐོས་རིགས་ངེས་པ་དེས་རང་གིས་གཙོ་བོ་ཉམས་སུ་མི་ལེན་ཡང༌། ཆོས་ཀྱི་བདག་མེད་རྟོགས་ནས་གཞན་ལ་འཆད་པ་ཡོད་ན་ཆོག་མིན་དེར་དཔྱད་པ་ཞིག་འདུགདཔེར་ན། ཤེར་ཕྱིན་གྱི་མདོའི་གླེང་གཞིའི་སྐབས་དེར། ཉན་ཐོས་ཀྱི་འཁོར་དང༌། བྱང་ཆུབ་སེམས་པའི་འཁོར་དེ་འཁོར་རྣམས་པ་གཉིས་གསུངས་པའི་ནང་ནས། དེའི་འཁོར་དུ་བྱུང་བའི་ཉན་ཐོས་ཡིན་ན་མཐའ་གཅིག་ཏུ་ཉན་ཐོས་རིགས་མ་ངེས་པ་ཁོ་ན་ཡིན་དགོས་མིན་དེར། དཔྱད་གཞི་ཞིག་འདུག་སྙམ། དེ་ནི་ཞར་བྱུང་ཙམ་མོ། །དེས་ན་ཇོ་ནང་རང་ལུགས་ལ། ཉན་རང་གིས་ངེས་པར་དུ་ཆོས་ཐམས་ཅད་ཆོས་ཀྱི་བདག་མེད་དུ་མ་རྟོགས་ཀྱང༌། དེ་དག་གིས་ཐར་བ་ཐོབ་ནུས་པར་འདོད། དེས་ན། བདེན་འཛིན་དེ་ཉོན་སྒྲིབ་མ་ཡིན་པར་ཤེས་སྒྲིབ་ཏུ་འདོད་པའི་ལུགས་ལྟར་གསུང་གིན་ཡོད་པ་རེད། ཇོ་ནང་རང་གཞུང་དུ་གང་འདྲ་གསུངས་པ་རེད་ཟེར་ན། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་གྱི་སྐབས་སུ། དེ་ཕྱིར་ཐེག་དམན་འཕགས་པས་ཆོས་ཐམས་ཅད། །ཆོས་བདག་མེད་པར་རྟོགས་ཞེས་འདི་མི་འཐད། །ཅེས་དེ་ལྟར་གསུངས་པ་དང༌། དེ་ནང་བཞིན་དུ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དྲིས་ལན་གནད་ཀྱི་གསལ་བྱེད་ལས། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ཉན་རང་ལའང་ཡོད་པ་དང༌། མདོ་ཆེན་པོ་སྟོང་པ་ཉིད་སོགས་སྟོང་ཉིད་ཀྱི་རྣམ་གྲངས་ཐེག་དམན་ལ་ཡང་མང་དུ་འབྱུང་ཞིང༌། འོན་ཀྱང་དེ་དག་གིས་དངོས་བསྟན་ཕལ་ཆེར་བ་ནི། དངོས་པོ་རྣམས་རྒྱུ་རྐྱེན་སྣ་ཚོགས་པའི་རྟེན་འབྲེལ་ལས་འབྱུང་བས། བྱེད་པོ་ལ་སོགས་པས་སྟོངས་པ་དང༌། རགས་པ་དང༌། རྒྱུན་དུ་སྣང་བ་རྣམས་འཁྲུལ་བ་ཙམ་དུ་སྟོན་ཞིང༌། ཆོས་གང་ལ་ཡང་ང་བདག་གི་དངོས་པོས་སྟོངས་པ་ཙམ་ཁོ་ན་སྣང་མོད། དེ་ཙམ་རྟོགས་པ་ལ་སྟོང་ཉིད་རྟོགས་པའི་ཐ་སྙད་འཇུག་ཏུ་རུང་སྟེ། གང་ཟག་གི་བདག་མེད་རྟོགས་པ་ལ། བདག་མེད་རྟོགས་པའི་ཐ་སྙད་ཐོབ་པ་བཞིན་ནོ། །ཞེས་པ་ནས། དེའི་འོག་ཏུ་གྲུབ་དོན་ལ་གང་འདྲ་གསུངས་པ་རེད་ཟེར་ན། དེ་ལས། སྤྱིར་ནི་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པ་ཉིད། ལུང་རིགས་རྣམ་དག་གིས་གྲུབ་སྟེ། ཞེས་གསུངས་པའི་ཕྱིར་རོ། །དེ་དང་འདྲ་བར་ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། ཉན་རང་གི་བྱང་ཆུབ་གཉིས་པོ་དེ་རང་དོན་སྤངས་རྟོགས་མ་རྫོགས། གཞན་དོན་སེམས་ཅན་ལ་ཕན་འདོགས་རྒྱ་ཆེན་པོ་དང་བྲལ། སྤངས་པ་མ་རྫོགས་ཏེ། ཉོན་མོངས་པའི་སྒྲིབ་པ་ཁོ་ན་སྤངས་ཀྱི་ཤེས་བྱའི་སྒྲིབ་པ་མ་སྤངས། རྟོགས་པ་མ་རྫོགས་ཏེ། གང་ཟག་གི་བདག་མེད་དང་གནས་སྐབས་ཀྱི་རྟེན་འབྲེལ་ཉི་ཚེ་ཙམ་རྟོགས་ཀྱི་ཆོས་ཀྱི་བདག་མེད་དང༌། རྟེན་འབྲེལ་མཐར་ཐུག་མ་རྟོགས། ཞེས་གསུངས་པ་དང༌། དེ་དང་མཚུངས་པ་ཉ་དབོན་ཀུན་དགའ་དཔལ་བཟང་པོའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། བཀའ་བར་བའི་མདོ་བསྟན་བཅོས་དུ་མ་ལས་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཤད་ཅིང༌། ཞེས་པ་ནས། ཡུམ་གྱི་མདོ་བསྟན་བཅོས་རྒྱན་རྗེས་འབྲང་དང་བཅས་པར་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པར་མེད་པར་ཆེས་གསལ་བར་བཤད་པས། ས་བཅུ་བ་དང་འཕགས་པ་ཀླུའི་གསུངས་དེ་དག་དགོངས་པ་ཅན་དུ་བྱ་དགོས་སམ་སྙམ་སྟེ། ཞེས་གསུངས་པ་དང༌། དེས་ན། ཇོ་ནང་རང་ལུགས་ཀྱིས་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པ་དེ། མདོ་དང་བསྟན་བཅོས་གང་ལ་ཁུངས་བཅོལ་བ་རེད་ཟེར་ན། དང་པོ་མདོའི་དབང་དུ་བྱས་ན་རྒྱན་སྟུག་པོ་བཀོད་པའི་མདོ་དང༌། ལང་ཀར་གཤེགས་པའི་མདོ། དམ་ཆོས་པད་དཀར་སོགས་ལ་བརྟེན་ནས་གསུང་གིན་ཡོད་པ་རེད། དེ་ཡང་རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང༌། །ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགསགྱུར། །བདག་མེད་གཉིས་ལ་མཁས་པ་རྣམས། །རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། །ཞེས་གསུངས་པའི་དོན་ནི་ཕུང་པོ་གང་ཟག་བདག་མེད་པར་རབ་ཏུ་ཕྱེ་ཞིང་མཐོང་བ་དང༌། ཆོས་ཀྱི་དངོས་པོར་འཛིན་པའི་འཛིན་པ་དེ་མ་བཤིག་པའི་མངོན་རྟོགས་དེ་ཉན་ཐོས་ཀྱི་མངོན་རྟོགས་རེད་ཅེས་གསུངས་པ་དང༌། བདག་མེད་གཉིས་ཀ་ནི། རྒྱལ་བུའི་སྲས་བྱང་ཆུབ་སེམས་པ་རྣམས་ཀྱིས་སྒོམ་པར་བྱེད་ཅེས་དེ་ལྟར་གསུངས་བཞག་པ་དེ་འདྲ་རེད། དེ་ནང་བཞིན་དུ། དམ་ཆོས་པད་དཀར་ལས། འོད་སྲུང་ཆེན་པོས། ཆོས་འདི་ཐམས་ཅད་ཟག་མེད་ཞི་བ་སྟེ། །འགོག་པ་དང་ནི་སྐྱེ་བ་རྣམ་པར་སྤངས། །འདི་ན་ཆོས་རྣམས་གང་ཡང་མ་མཆིས་ཤེས། །དེ་ལྟར་བསམ་ན་དད་པར་མ་གྱུར་ཏོ། །ཞེས་དང༌། དེ་ནང་བཞིན་དུ་མདོ་ལང་ཀར་གཤེགས་པ་ལས། གཞན་ཡང་བློ་གྲོས་ཆེན་པོ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང༌། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་ཆོས་ལ་བདག་མེད་པ་མ་བསྒོམས་ཤིང༌། ཞེས་ཉན་ཐོས་དང་རང་སངས་རྒྱས་དེ་དག་གིས་ཆོས་ལ་བདག་མེད་པ་མ་བསྒོམས་ཤིང་ཞེས་ཚིག་ཟིན་ལ་གསལ་བོར་གསུངས་པ་རེད། དེའི་རྒྱུ་མཚན་གྱིས། མདོར་ན། སངས་རྒྱས་ཀྱི་བཀའ་ཐམས་ཅད་ཀྱི་སྐབས་སུ་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་ཞེས་པའི་ཚིག་ཟིན་གསལ་བོར་ཐོན་ཡོད་པ་ཞིག་རེད། ཕལ་ཆེར་ང་རང་གིས་མ་མཐོང་བ་ཨེ་ཡིན་ནམ། དཔལ་ལྡན་ཟླ་བ་གྲགས་པས་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་དགོས་པ་དེ། ལུང་དགུ་དང་རིགས་པ་གསུམ་ལ་སོགས་པའི་སྒོ་ནས་བསྒྲུབས་པ་རེད་དེ། ལུང་དེ་དག་གི་ཚིག་ཟིན་ལ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་ཞེས་པའི་ཚིག་ཅིག་གསལ་བོར་དྲངས་མི་འདུགང་རང་གིས་མ་མཐོང་བ་ཙམ་གྱིས་མིན་ཏེ། གལ་སྲིད་དེ་ལྟར་ཚིག་ཟིན་ལ་ཡོད་ན་དཔལ་ལྡན་ཟླ་བ་གྲགས་པས་ཚིག་དེ་འདྲེན་རིགས་ལ། དེ་ལྟར་མ་དྲངས་པའི་རྒྱུ་མཚན་ཅི་ཡིན་ནམ་དཔྱད། ཇོ་ནང་རང་ལུགས་ལ། ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པ་དེ་གཉིས་པ་བསྟན་བཅོས་ཀྱི་དབང་དུ་བྱས་པ་ཡིན་ན། མངོན་པར་རྟོགས་པའི་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་དེ་ལྟར་གསུང་ཡོང་དུས། རང་རྒྱལ་གྱིས། གཟུང་བ་བདེན་པ་མེད་པའམ་ཆོས་ཀྱི་བདག་མེད་ཕྱེད་ཙམ་རྟོགས་པ་མ་གཏོགས། ཆོས་ཐམས་ཅད་ཆོས་ཀྱི་བདག་མེད་ཡིན་པར་མ་རྟོགས་ཞེས་དེ་ལྟར་གསུངས་པ་རེད། ཡིན་ན་ཡང། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཤེར་འགྲེལ་སྔོན་མེད་ལེགས་བཤད་ཀྱི་སྐབས། རང་རྒྱལ་གྱིས་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་སམ་ཞེ་ན་མ་རྟོགས་པ་ཞེས་བྱའོ་ཞེས་གསུངས་ཟིན་ལ་ལ་དེ་ལྟར་གསུངས་པ་རེད། ཡིན་ན་ཡང༌། རང་ལུགས་ཀུན་མཁྱེན་དོལ་པོ་པ་དང༌། ས་བཟང་མ་ཏི་པཎ་ཆེན། ཉ་དབོན་ཀུན་དགའ་དཔལ་བཟང་པོ་སོགས་རང་ལུགས་ཀྱི་མཁས་དབང་ཕལ་ཆེ་བས། ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་ཀྱང༌། རང་རྒྱལ་གྱིས་ཆོས་ཀྱི་བདག་མེད་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས་ཞེས་དེ་ལྟར་གསུངས་ཡོད་པའི་རྒྱུ་མཚན་གྱིས། ང་རང་ལ་མཚོན་ན་རང་རྒྱལ་གྱིས་གཟུང་བ་བདེན་པར་མེད་པ་རྟོགས་པར་འདོད་པའི་རྗེས་སུ་འབྲངས་ནས་བཤད་དགོས་ཀྱིན་འདུག་སྙམ་མོ། །འོན་ཀྱང༌། རི་བོ་དགེ་ལྡན་པའི་རྗེའི་རྗེས་འབྲང་གི་ཡིག་ཆའི་ཁྲོད་ན། རང་རྒྱལ་གྱིས་ཕྱི་དོན་དུ་མ་གྲུབ་པ་ཙམ་རྟོགས་པ་དང༌། གཟུང་བ་རང་བཞིན་གྱིས་བདེན་པ་མེད་པར་མ་རྟོགས་ཞེས་དེ་གཉིས་ལ་ཁྱད་པར་སྦྱར་ནས་གསུང་གིན་ཡོད་པ་དེ་འདྲ་ཞིག་རེད། ཡིན་ནའང༌། རྗེ་བདག་ཉིད་ཆེན་པོའི་འཇུག་ཊཱིཀ་དགོངས་པ་རབ་གསལ་སོགས་སུ་དེ་གཉིས་ལ་ཁྱད་པར་གསལ་བར་ཕྱེ་བ་མི་སྣང་བར་མ་ཟད། ཁྱད་མེད་ལྟ་བུར་གསུངས་པ་དེ་ཕལ་ཆེར་ཚིག་ཉམས་མང་པོ་ཞིག་ཐོན་འདུག་པ་དེ། ང་རང་གིས་གཞུང་དེ་དག་ལ་ལྟ་སྐབས་བློ་ངོར་དེ་འདྲ་ཞིག་ཏུ་བསམས་སོང་ཞེས་ཞུ་རྒྱུ་དེ་ཡིན། དེ་ནང་བཞིན་དུ། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་སུ་ཡང༌། ཉོན་མོངས་ཤེས་བྱ་ལམ་གསུམ་གྱིས། །ཉམས་ཕྱིར་སློབ་མ་བསེ་རུདང༌། །རྒྱལ་སྲས་རྣམས་ཀྱིས་དག་པ་སྟེ། །ཞེས་སོགས་ཀྱིས་དེ་དག་གི་སྤངས་རྟོགས་ཐ་དད་ཡིན་པར་གསལ་བོར་གསུང་གིན་ཡོད་པ་དེ་དང༌། དེ་དང་འདྲ་བར་བསྟན་བཅོས་རྒྱུད་བླ་མའི་སྐབས་སུ་ཡང༌། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་འཁོར་གསུམ་བདེན་པར་འཛིན་པའི་བདེན་འཛིན་དེ་ཤེས་སྒྲིབ་ཡིན་པར་གསུངས་པ་དང༌། སེར་སྣ་ལ་སོགས་པའི་ཉོན་མོངས་པ་དེ་དག་ནི་ཉོན་མོངས་པའི་སྒྲིབ་པ་ཡིན་པར་གསུངས་པ་དེར་བསམ་བློ་བཏང་བ་ཡིན་ན། རྒྱུད་བླ་མའི་དགོངས་པ་དེ་ཡང་འཁོར་གསུམ་བདེན་པར་འཛིན་པའི་བདེན་འཛིན་དེ་ཤེས་སྒྲིབ་ཡིན་པར་གསུངས་འདུག་བསམ་གྱིན་འདུགམདོར་ན། དེ་འདྲ་ཞིག་གི་ཐོག་ནས་རགས་ཙམ་ཞུས་པ་དེ་ཡིན། ཡིན་ན་ཡང༌། དཔལ་ལྡན་ཟླ་བ་གྲགས་པའི་དགོངས་པ་དེ་དང༌། རྗེ་བདག་ཉིད་ཆེན་པོའི་དགོངས་པ་ལྟར་ན་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་དགོས་པ་གསུང་གིན་ཡོད་པ་རེད། དེ་ཡང༌། རིགས་པ་གསུམ་དང་ལུང་དགུ་ལ་སོགས་པའི་སྒོ་ནས་སྒྲུབ་ཀྱིན་ཡོད་པ་རེད། དེས་ན་རིགས་པ་གསུམ་དེ་མདོར་བསྡུས་ཙམ་ཞིག་ཞུ་བ་ཡིན་ན། རིགས་པ་དང་པོ་ནི། ཉན་རང་རྣམས་ཆོས་ཅན། ས་དང་པོ་བས་དོན་དམ་སེམས་བསྐྱེད་ཀྱི་སྒོ་ནས་ཁྱོད་ཟིལ་གྱིས་གནོན་པར་ཐལ། ཁྱོད་ལ་ཆོས་ཀྱི་བདག་མེད་རྟོགས་པ་དང་བྲལ་བའི་ཕྱིར། ཞེས་དང༌། དེ་ལྟར་དུ་འཇུག་པ་རང་འགྲེལ་གྱི་སྐབས་སུ་ཡང༌། དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར། དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཞེས་གསུངས་པ་དང༌། རིགས་པ་གཉིས་པ་ནི། ཉན་རང་དགྲ་བཅོམ་པ་ཆོས་ཅན། ཁམས་གསུམ་གྱི་ཕྲ་རྒྱས་མ་སྤངས་པར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་གོམས་པ་མེད་པའི་ཕྱིར། དཔེར་ན་ཕྱི་རོལ་བའི་དྲང་སྲོང་བཞིན། ཞེས་པ་དང༌། འཇུག་པ་རང་འགྲེལ་གྱི་སྐབས་སུ་ཡང༌། ཕྱི་རོལ་པ་བཞིན་དུ་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་རོ། །ཞེས་གསུངས་པ་དང༌། རིགས་པ་གསུམ་པ་ནི། ཉན་རང་དགྲ་བཅོམ་པ་ཆོས་ཅན། གང་ཟག་གི་བདག་མེད་མཚན་ཉིད་ཚང་བ་མ་རྟོགས་པར་ཐལ། གཟུགས་ལ་སོགས་པའི་ཕུང་པོ་ལ་བདེན་པ་དམིགས་པའི་བློ་ཕྱིན་ཅི་ལོག་གི་ཞེན་ཡུལ་སུན་ཅུང་ཟད་ཀྱང་མ་བྱུང་པའི་ཕྱིར། ཞེས་གསུངས་པ་དང༌། འཇུག་པ་རང་འགྲེལ་དུ་ཡང༌། གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། གང་ཟག་གི་བདག་མེད་པ་རྟོགས་པར་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པ་ལ་དམིགས་པའི་ཕྱིར། ཞེས་སོགས་གསུངས་སོ། །དེ་དག་ནི་སྒྲུབ་བྱེད་ཀྱི་རིགས་པ་གསུམ་དང༌། དེའི་རྗེས་སུ་འཇུག་པ་རང་འགྲེལ་དུ་བཀོད་པའི་ལུང་བདུན་དང༌། ཚིག་གསལ་དུ་བཀོད་པའི་ལུང་གཉིས་ཏེ་མདོར་ན། ལུང་དགུ་གསུངས་པ་རེད། དེ་ཡང་འདི་ལྟར་ཡིན་ཏེ། དབུ་མ་རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཟེར་བའི་ལུང་དེ་དང༌། ཡང་དབུ་མ་རིན་ཆེན་འཕྲེང་བ་ལས། ཇི་ལྟར་མིག་ནི་འཁྲུལ་བ་ཡིས། །ཞེས་པ་ནས། གནས་མེད་ལེན་མེད་མངའ་ངན་འདའ། །ལུང་གསུམ་པ་ནི། ཡང་དེ་ལས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་པ་འདྲདང༌། ལུང་བཞི་པ་ནི། ཉན་ཐོས་ལ་བསྟན་པའི་མདོ་ལས། གཟུགས་ནི་དབུ་བ་བརྡོས་པའདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་གསུངས་འདྲ་དང༌། ལུང་ལྔ་པ་ནི། དབུ་མ་རྩ་བ་ཤེས་རབ་ལས། བཅོམ་ལྡན་དངོས་དང་དངོས་མེདཔ། །མཁྱེན་པས་ཀ་ཏྱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀའང་དགག་པར་མཛད། །ཀ་ཏྱ་ན་གདམས་པའི་མདོ་ནི་ལུང་ཕྲན་ཚེག་ལས་འདི་ལྟར་གསུངས་ཏེ། ཀ་ཏྱ་ན་གང་གི་ཕྱིར་འཇིག་རྟེན་འདི་ནི་ཕལ་ཆེར་ཡོད་པ་ཉིད་དང་མེད་པ་ཉིད་མངོན་པར་ཞེན་ཏེ། དེས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང་ཡིད་མི་བདེ་དང༌། འཁྲུག་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར། འགྲོ་བ་ལྔའི་འཁོར་བ་ལས་གྲོལ་བར་མི་འགྱུར། འཆི་བའི་སྡུག་བསྔལ་ལས་གྲོལ་བར་མི་འགྱུར། ཞེས་གསུངས་པ་རེད། ལུང་དྲུག་པ་ནི། ཡུམ་ལས། གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི་ཤེར་ཕྱིན་ལ་སྤྱོད་པ་མ་ཡིན་ནོ། །ཞེས་དང༌། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་སོགས་དང༌། ལུང་བདུན་པ་ནི། སྡུད་པ་ལས། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཕ་རོལ་ཚུལ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་གསུངས་པ་དང༌། ལུང་བརྒྱད་པ་ནི། ལྷག་བསམ་བསྟན་པའི་མདོ་ལས། དཔེར་ན་མི་ལ་ལ་ཞིག་གིས་སྒྱུ་མ་མཁན་གྱི་རོལ་མོ་བྱུང་བའི་ཚེ། སྒྱུ་མ་མཁན་གྱིས་སྤྲུལ་བའི་བུད་མེད་མཐོང་ནས། འདོད་ཆགས་ཀྱི་སེམས་བསྐྱེད་དེ། དེ་འདོད་ཆགས་ཀྱིས་སེམས་བཀྲིས་ནས་འཁོར་གྱིས་འཇིགས་ཤིང་བག་ཚ་སྟེ། སྟན་ལས་ལངས་ནས་སོང་སྟེ་དེ་སོང་ནས་ཀྱང་བུད་མེད་དེ་ཉིད་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བདང༌། སྟོང་བ་བདག་མེད་པར་ཡིད་ལ་བྱེད་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། མི་དེ་ཡང་དག་པར་ཞུགས་པ་ཡིན་ནམ་འོན་ཏེ་ལོག་པར་ཞུགས་པ་ཡིན། ཞེས་སོགས་ཀྱི་སྒོ་ནས་གསུང་གིན་ཡོད་པ་དང༌། ལུང་དགུ་བ་ནི། བསམ་གཏན་དཔེ་མཁྱུད་ཀྱི་མདོ་ལས། འཇམ་དཔལ་འཕགས་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བའི་སེམས་ཅན་ཕྱིན་ཅི་ལོག་བཞིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་འཁོར་བ་ཡང་དག་པ་མ་ཡིན་པ་འདི་ལས་འདའ་བར་མི་འགྱུར་རོ། །ཞེས་སོགས་ལུང་དགུའི་སྒོ་ནས་གསལ་བར་གསུངས་པ་དང༌། གཞན་ཡང༌། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། མཚན་མ་མེད་པར་མ་རྟོགས་པར། །ཁྱོད་ཀྱི་ཐར་བ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱི་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པལགས། །ཞེས་སོགས་མདོ་བསྟན་བཅོས་ཀྱི་ལུང་མང་པོ་དྲངས་ནས་བསྒྲུབས་ཡོད་པ་རེད་ཅེས་ཞུ་རྒྱུ་དེ་ཡིན། དེས་ན། གཞན་སྟོང་པའི་ལུགས་སམ་ཇོ་ནང་རང་ལུགས་ལ་མཚོན་ན། ཉན་རང་གིས་ངེས་པར་གང་ཟག་གི་བདག་མེད་སྒོམ་དགོས་པ་རེད་ལ། གང་ཟག་གི་བདག་མེད་མ་བསྒོམས་ན་ཐེག་ཆེན་དང༌། ཐེག་དམན་གང་གི་ཡང་ཐར་བ་ཐོབ་པ་མེད་པ་དེ་ངེས་པར་ཤེས་དགོས་པ་གལ་ཆེན་ཞིག་རེད། དེ་ཡང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གང་ལྟར་གསུངས་པ་རེད་ཟེར་ན། གང་ཟག་བདག་མེད་སྒོམ་པ་ཡོད་མེད་ལས། །སྲིད་ལས་གྲོལ་བ་ཡོད་མེད་རྗེས་སུ་དཔོག།ཅེས་དེ་ལྟར་གསུངས་པ་རེད། ནང་པ་སངས་རྒྱས་པའི་ལུགས་ལ། གང་ཟག་བདག་མེད་སྒོམ་པ་ཡོད་པར་འདོད་པ་རྣམས་ལ་སྲིད་པ་འཁོར་བ་ལས་གྲོལ་བའི་ཐབས་ཡོད་ཀྱི། སྒོམ་པ་མེད་པར་འདོད་པ་དག་ལ་སྲིད་པ་འཁོར་བ་ལས་གྲོལ་བའི་ཐབས་མེད་པ་ཡིན་པར་གསུངས་པ་དེ། ཐམས་ཅད་ཀྱིས་མཁྱེན་དགོས་པ་ཞིག་རེད། གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ་འཇུག་རིམ་གྱི་དབང་དུ་བྱས་པ་ཡིན་ན་ཡང༌། དང་པོ་འཁོར་ལོ་དང་པོས་རྒྱུད་སྦྱོང་ཚུལ་ཡང༌། བདེན་བཞི་མི་རྟག་སོགས་བཅུ་དྲུག་དང༌། ཡང་ན་བློ་ལྡོག་རྣམ་བཞི་དེ་འདྲ་བསྒོམས་ནས་འཁོར་བ་འཇུག་ལྡོག་གི་རིམ་པ་དང༌། བདེན་བཞིའི་བླང་དོར་ཤེས་ནས་འཁོར་ལོ་དང་པོས་རྒྱུད་སྦྱངས། དེའི་རྗེས་སུ་འཁོར་ལོ་བར་བས་རྒྱུད་སྦྱངས་ཤིང༌། གཟོད་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་བསྟན་ན། བདག་ཏུ་གྲུབ་པར་འཛིན་པའི་གནས་ལ་སོགས་པ་མེད་པར་འགྲོ་ཐུབ་པ་ཞིག་རེད་མ་གཏོགས། འཁོར་ལོ་དང་པོ་དང་བར་བས་རྒྱུད་མ་སྦྱངས་བར། གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་དེ་བསྟན་པ་ཡིན་ན་རྟག་མཐའ་ལ་ལྷུང་ཉེན་ཆེ་བ་དེ་ཡང༌། སངས་རྒྱས་བཅོམ་ལྡན་འདས་རང་གིས་ཀྱང༌། བདག་ཏུ་རྟོགས་པར་འགྱུར་ན་མི་རུངཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་དེ་འདྲའི་སྒོ་ནས་རྒྱ་ཆེར་གསུངས་ཡོད་པ་དེ་རྣམས་པ་ཐམས་ཅད་ཀྱིས་མཁྱེན་དགོས་པ་རེད་ཅེས་ཞུ་རྒྱུ་དེ་ཡིན། དེ་ལྟར་སྤྱི་དོན་གྱི་ཚུལཅུང་ཟད་ཅིག་ཞུས་ནས། ད་ནི་དཀྱུས་ཀྱི་གཞུང་དངོས་ལ་འཇུག་ན།

འཁོར་ལོ་གསུམ་གྱི་དྲང་ངེས་ཀྱི་རྣམ་བཞག་འཇོག་ཚུལ་བསྟན་པ།

འཁོར་ལོ་གསུམ་གྱི་དྲང་ངེས་ཀྱི་རྣམ་བཞག་འཇོག་ཚུལ་བསྟན་པ་ལ་གཉིས་ལས།

༡ རང་སྟོང་སྨྲ་བའི་བཞེད་ཚུལ།དེ་ནས། རྩ་བར། དེས་ན་རང་སྟོང་སྨྲ་བ་རྣམས་ནི། བཀའ་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ནི་དྲང་དོན་དང༌། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ནི་ངེས་དོན་མཐར་ཐུག་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གནས་སྐབས་ཀྱི་ངེས་དོན་ཏེ་དྲང་དོན་ཡིན་པར་བཞེད་ལ། ཞེས་གསུངས་ཏེ། དེ་ལྟར་གསུངས་པ་དེ་ཡང༌། རང་སྟོང་སྨྲ་བ་ཡིན་ན་ཞེས་ཁྱབ་མཐའ་བཅད་ནས་གསུངས་པ་ཕལ་ཆེར་མ་ཡིན་པ་ཨེ་ཡིན་སྙམ། དེ་ལྟར་མ་ཡིན་པའི་རྒྱུ་མཚན་གང་ཡིན་ཟེར་ན། རང་སྟོང་སྨྲ་བ་རྣམས་ཀྱི་ནང་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་དྲང་ངེས་ལྟར་བྱས་ནས་བཀའ་འཁོར་ལོ་བར་བའི་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་ཞེས་གསུངས་པ་དེ། དཔེར་ན་ཤེར་སྙིང་གི་མདོར་གཟུགས་མེད༌། སྒྲ་མེད། དྲི་མེད། རོ་མེད་ཅེས་གསུངས་པ་དེ་ཚོ་སྒྲ་ཇི་བཞིན་པ་མ་ཡིན་པར་བསྟན་ནས། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་དྲང་ངེས་ཇི་ལྟར་བཤད་པ་བཞིན་འདོད་ཀྱིན་ཡོད་པ་དེ་འདྲ་རེད། དེས་ན། རང་སྟོང་སྨྲ་བ་རྣམས་ཟེར་བ་དེ་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཁོང་གིས། རི་བོ་དགེ་ལྡན་པ་དང༌། དེ་ནང་བཞིན་དུ་ཆོས་ཐམས་ཅད་ཡོད་མེད་ཡིན་མིན་གང་ཡང་ཁས་མི་ལེན་པའི་གོ་རམས་པ་ལྟ་བུར་གསུངས་པ་ཨེ་ཡིན་བསམས། གོ་རམས་པས་ཀྱང་ལམ་རིམ་དང་སྔགས་གསུང་འོང་དུས། གསལ་སྟོང་འཛིན་མེད་ཀྱི་རིག་པ་ཟེར་བ་འདྲ་མང་པོ་སྦྱར་ནས་གསུང་གིན་འདུགདེས་ན། དེ་ཚོའི་ཕྱོགས་དེར་ཕལ་ཆེར་རང་སྟོང་བ་གསུངས་པ་ཨེ་ཡིན་བསམ་གྱིན་འདུགའོ་ན་གང་ཞིག་ལ་རང་སྟོང་སྨྲ་བ་ཞེས་ཟེར་བ་རེད་ཟེར་ན། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་རང་གིས་རང་སྟོང་སྨྲ་བ་རྣམས་ཀྱིས། དོན་དམ་བདེན་པ་དོན་དམ་བདེན་པས་སྟོང་བའམ་ཡང་ན། དོན་དམ་བདེན་པ་དེ་ཉིད་རང་ངོས་ནས་གྲུབ་པས་སྟོང་བ་ཁས་ལེན་པ་དེ་ལ། རང་སྟོང་སྨྲ་བ་ཞེས་དེ་འདྲ་གསུང་གིན་ཡོད་པ་རེད། ཡིན་ན་ཡང༌། རི་བོ་དགེ་ལྡན་པ་རང་གི་བརྡ་ཆད་ལ་ཁོ་རང་རང་སྟོང་སྨྲ་བ་ཡིན་ཞེས་གསུངས་པའི་གསུངས་ཟིན་གསལ་བོ་ཡོད་མེད་མི་ཤེས། ཤིང་བཟའ་པཎྜི་ཏའི་དྲང་ངེས་སྐབས་ན་འདི་འདྲ་ཞིག་གསུངས་ཡོད་པ་རེད། རི་བོ་དགེ་ལྡན་པ་དེ་ཁ་ཅིག་གིས་རང་སྟོང་བ་ཡིན་ཞེས་ཟེར། ཁ་ཅིག་གིས་རང་སྟོང་བ་དང་གཞན་སྟོང་བ་གང་གི་ཡང་ཐ་སྙད་མི་འདོགས་ཞེས་གསུངས་འདུགཡིན་ན་ཡང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་རི་བོ་དགེ་ལྡན་པ་དེ་རང་སྟོང་གི་ཕྱོགས་སུ་གསུང་གིན་ཡོད་རེད། དེས་ན་རི་བོ་དགེ་ལྡན་པ་ལྟ་བུར་མཚོན་ན། བཀའ་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་དེ་དྲང་དོན་ཡིན་པར་འདོད་པ་དང༌། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་དེ་ངེས་དོན་མཐར་ཐུག་ཏུ་འདོད་ཀྱིན་ཡོད་པ་རེད། དེ་ངེས་དོན་མཐར་ཐུག་གི་མདོ་ཡིན་པར་ཡང་འདོད་ཀྱིན་ཡོད་རེད། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དེ་དྲང་དོན་གྱི་མདོ་ཡིན་པར་གསུངས་པ་རེད། དེའི་ཕྱོགས་ནས་ཁ་སང་གང་ལ་གང་འཚམས་ཞིག་ཞུས་ཡོད་ལ། དཔེར་ན་སྔ་འགྱུར་རྙིང་མ་པར་མཚོན་པ་ཡིན་ན། བོད་པ་སྤྲུལ་སྐུས། འཁོར་ལོ་བར་ཐ་གཉིས་ཀ་ངེས་དོན་གྱི་མདོ་ཡིན་ཞེས་གསུངས་པ་དང༌། ལོ་ཆེན་དྷརྨ་ཤྲཱིས། བར་བ་གནས་སྐབས་ཀྱི་ངེས་དོན་གྱི་མདོ་དང་ཐ་མ་ངེས་དོན་མཐར་ཐུག་གི་མདོ་ཡིན་ཞེས་དེ་ལྟར་གསུངས་པ་རེད། ། དེས་ན། ངས་ཁ་སང་ཞིག་ལ་གཞན་གྱི་མཁས་པ་ཆེན་པོ་ཞིག་གིས་ཇོ་ནང་པ་དང་སེམས་ཙམ་པ་མ་གཏོགས། བཀའ་འཁོར་ལོ་ཐ་མ་དེ་ངེས་དོན་ཡིན་ཟེར་མཁན་གཞན་ཡོད་མ་རེད་ཅེས་གསུངས་བཞག་པ་ཞིག་མཐོང་སོང་བ་ཡིན་སྙམ་ཏེ། དེ་ཕལ་ཆེར་ཡིན་ས་མ་རེད་ཅེས་ཞུ་རྒྱུ་དེ་ཡིན། དེ་ནས་རང་སྟོང་སྨྲ་བ་རྣམས་ཀྱིས་དྲང་ངེས་ཕྱེ་ཚུལ་གཙོ་བོ་དེ། བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལ་སོགས་པ་ལ་བརྟེན་ནས་གསུང་གིན་ཡོད་པ་དེ་འདྲ་རེད། སྤྱིར་ན་བློ་གྲོས་མི་ཟད་པའི་མདོའི་སྐབས་སུ་དྲང་ངེས་ཕྱེ་ཚུལ་སྒོ་མི་འདྲ་བ་མང་པོ་ཞིག་གསུངས་ཡོད་པ་རེད། ཡིན་ན་ཡང༌། དེའི་སྐབས་སུ་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་དེར་ངེས་དོན་གྱི་མདོ་དང༌། ཀུན་རྫོབ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་དེར་དྲང་དོན་གྱི་མདོ་ཞེས་དྲང་ངེས་ཀྱི་འཇོག་ཚུལ་ཞིག་གསུངས་པ་རེད། དེའི་དབང་དུ་བྱས་ནས་རི་བོ་དགེ་ལྡན་པས་ཀྱང་དེ་ལྟར་འདོད་པ་རེད་ལ། དེ་ནང་བཞིན་དུ། ཇོ་ནང་པས་ཀྱང་དེ་ལྟར་འདོད་ཀྱིན་ཡོད་པ་རེད། དེས་ན་ཇོ་ནང་རང་ལུགས་ལ། བློ་གྲོས་མི་ཟད་པའི་མདོ་དང༌། མདོ་སྡེ་དགོངས་པ་ངེས་འགྲེལ། མྱང་འདས་ཆེན་པོའི་མདོ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དེ་དག་ཐམས་ཅད་ཀྱིས་དྲང་ངེས་ཕྱེ་ཚུལ་དེ་རང་ལུག་འཐད་ཕྱོགས་སུ་བཟུང་ནས་བཀྲལ་འགྲོ་གིན་ཡོད་པ་རེད། དེའི་ཚུལ་འོག་ནས་ཀྱང་གང་འཚམས་ཞིག་ཞུ་ན་ཆོག་གི་རེད་ཞུ་རྒྱུ་དེ་ཡིན། དེའི་ཕྱིར་གཞན་སྟོང་སྨྲ་བ་རྣམས་ཀྱིས་འཁོར་ལོ་ཐ་མ་དེ་ངེས་དོན་དུའདོད་པ་དེ་ཡང༌། ཚུལ་གཉིས་རྣམ་འབྱེད་ཀྱི་སྐབས་དེར་འདི་ལྟར་གསུངས་ཏེ།༢ གཞན་སྟོང་སྨྲ་བའི་བཞེད་ཚུལ།དེ་ནས། རྩ་བར། གཞན་སྟོང་སྨྲ་བ་རྣམས་ནི་དང་པོ་དྲང་དོན་དང༌། བར་བ་གནས་སྐབས་ཀྱི་ངེས་དོན། ཐ་མ་མཐར་ཐུག་གི་ངེས་དོན་སྟོན་པར་བཞེད། ཞེས་གསུངས་ཏེ། གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ། འཁོར་ལོ་དང་པོ་དྲང་དོན་དང༌། བར་བ་ཡང་དྲང་དོན། ཐ་མ་ངེས་དོན་གྱི་མདོ་སྡེ་ཡིན་པ་དེ་གཞུང་གང་ལ་བརྟེན་པ་རེད་ཅེ་ན། གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་རང་གི་དགོངས་པ་རང་གིས་འགྲེལ་བར་བྱེད་པའི་མདོ་སྡེ་དགོང་པ་ངེས་འགྲེལ་ལ་བརྟེན་ནས་གསུངས་པ་རེད། དེ་ཡང་ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱ་མཚན་ཁོང་གིས་མན་ངག་གང་འདྲ་ཞིག་གསུང་གིན་ཡོད་པ་རེད་ཟེར་ན། ཁོང་གིས་གཞུང་འགྲེལ་དེ་དག་ལ་བརྟེན་ཡོང་དུས། གཙོ་བོ་ས་བཅུའི་བྱང་ཆུབ་སེམས་པ་རྣམས་ཀྱི་འགྲེལ་བ་ལ་བརྟེན་པ་མ་གཏོགས། སོ་སྐྱེས་ཕལ་བ་དང་པཎྜི་ཏ་ཕལ་བ་རྣམས་ཀྱིས་གསུངས་པ་དེ་དག་རྒྱལ་བ་དང་དེའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསུང་རྣམས་དང་འགལ་ན། ཁོང་གིས་གཞུང་དེ་དག་ཚད་གྲུབ་དང་དཔང་པོར་བཞག་གི་མིན་ཞེས་དེ་ལྟར་གསུངས་པ་རེད། དེས་ན། ཁོང་གིས་བྱང་ཆུབ་སེམས་པའི་དགོངས་འགྲེལ་ལ་སོགས་པ་དེ་ལ་བརྟེན་པ་དེ་ལྟར་རེད། ཡང་ཁོང་གིས་མདོ་ནི་མདོ་ཡིས་ཤེས་པར་བྱ་ཞེས་མན་ངག་དེ་གསུངས་པ་རེད། མདོའི་དགོངས་པ་དེ་སངས་རྒྱས་བཅོམ་ལྡན་འདས་རང་གི་དགོངས་པ་རང་གིས་འགྲེལ་བའི་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་སོགས་པ་ལ་བརྟེན་ནས། ཤེས་དགོས་པའི་རྒྱུ་མཚན་གྱིས། མདོ་ནི་མདོ་ཡིས་ཤེས་པར་བྱ། །ཞེས་གསུངས་པ་དང༌། མདོ་ཡང་རྒྱུད་ཀྱིས་ཤེས་པར་བྱ། །ཞེས་རྒྱུད་ཀྱང་སྔགས་བླ་ན་མེད་པའི་རྒྱུད་སྡེ་ལ་སོགས་པ་དེ་དག་ལ་བརྟེན་ནས་ཤེས་དགོས་པ་དང༌། དེ་ཡང་སྔགས་བླ་ན་མེད་པའི་རྒྱུད་སྡེ་ལ་སོགས་པའི་དགོངས་པ་གསུངས་འོང་དུས། བྱང་ཆུབ་སེམས་པ་རྡོ་རྗེ་སྙིང་པོས་མཛད་པའི་རྡོ་རྗེའི་སྙིང་འགྲེལ་དང༌། དེ་ནང་བཞིན་དུ་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་བསྟོད་འགྲེལ། བྱང་ཆུབ་སེམས་པ་སྤྱན་རས་གཟིགས་སམ་རིགས་ལྡན་པདྨ་དཀར་པོས་མཛད་པའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལ་སོགས་པ་སྟེ། སེམས་འགྲེལ་སྐོར་གསུམ་གྱི་དགོངས་འགྲེལ་དེ་ལ་བརྟེན་ནས་ཁོང་གིས་བཀྲལ་རྒྱུ་ཡིན་ཞེས་དེ་ལྟར་གསུངས་ཡོད་པ་རེད། དེ་འདྲ་ཡིན་དུས། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་འགྲེལ་བ་ལ་རང་ཉིད་ལས་ལྷག་པའི་མཁས་པ་ཞིག་ཡོད་མ་རེད། དེའི་ཕྱིར་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་བརྟེན་པ་དང༌། ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་འགྲེལ་བ་ལ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་འགྲེལ་སྐོར་གསུམ་ལྟ་བུ་ལས་ལྷག་གི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་འགྲེལ་ཚུལ་གཞན་མེད་པས། དེ་དག་ལ་བརྟེན་པ་ཡིན་པ་རེད། རྒྱུ་མཚན་དེ་དག་གི་ཕྱིར་ན། མདོ་སྡེ་དགོངས་པ་ངེས་འགྲེལ་ལ་བརྟེན་ནས་རང་ལུགས་ཀྱིས་འཁོར་ལོ་དང་པོ་དྲང་དོན་དང༌། བར་བ་ཡང་དྲང་དོན། ཐ་མ་ངེས་དོན་དུ་བསྟན་བཞག་པ་དེ་འདྲ་རེད། ཡིན་ན་ཡང༌། མདོ་སྡེ་དགོངས་པ་ངེས་འགྲེལ་དེ་ལ་ལེའུ་བཅུ་ཡོད་པ་ལས། དེའི་ནང་གི་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུའི་སྐབས་སུ། འཁོར་ལོ་བར་བའི་སྐབས་སུ་ངོ་བོ་ཉིད་མེད་པར་གསུངས་པ་དེའི་དགོངས་པ་བཀྲལ་ནས་དེའི་གྲུབ་དོན་གསུངས་པའི་སྐབས་དེར། བཅོམ་ལྡན་འདས་ཀྱི་ཡུལ་ཝ་ར་ནཱ་སི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུག་པ་རྣམས་ལ་ཞེས་དེ་ལྟར་གསུངས་པ་རེད། སྤྱིར་བཏང༌། ཉན་ཐོས་ཀྱི་ཐེག་པ་ཟེར་བ་དེ་ཐེག་པ་མཚན་ཉིད་པའམ་བརྗོད་བྱ་དོན་གྱི་ཐེག་པའི་དབང་དུ་བྱས་ན། ཉན་ཐོས་ཀྱི་ཐེག་པ་དང་ཉན་ཐོས་ཀྱི་ལམ་དོན་གཅིག་པ་རེད། ཡིན་ན་ཡང༌། སྐབས་འདིར་རྗོད་བྱེད་ཚིག་གི་ཐེག་པར་བྱས་ནས། གདུལ་བྱ་སོ་སོས་དང་པོར་འཁོར་ལོ་དང་པོས་རྒྱུད་སྦྱངས། དེ་ནས་བར་བས་རྒྱུད་སྦྱངས། དེ་ནས་ཐ་མས་རྒྱུད་སྦྱོང་དགོས་པར་གསུང་གིན་ཡོད་པ་རེད། དེའི་ཕྱིར་འཁོར་ལོ་དང་པོས་རྒྱུད་སྦྱོང་དགོས་ཀྱི་གང་ཟག་རྣམས་ལ་འདི་ལྟར་གསུངས་ཏེ། འཕགས་པའི་བདེན་པ་བཞིའི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷ་གྱུར་བའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་ཏུ་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། ཞེས་འཁོར་ལོ་དང་པོ་དེ་བླ་ན་མཆིས་པ་དང༌། སྐབས་མཆིས་པ་ཡིན་པས། དེ་དྲང་བའི་དོན་དང་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ་ཞེས་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་བཀའ་བསྩལ་པ་དེ་ལྟར་རེད། དེ་ནས་འཁོར་ལོ་བར་བ་གསུང་དུས། ཡང་དེ་ལས། བཅོན་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ། འགག་པ་མ་མཆིས་པ། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། ཞེས་དེ་ལྟར་གསུངས་པ་རེད། དེས་ན་འཁོར་ལོ་བར་ཐ་གཉིས་པོ་དེས་བླ་ན་མཆིས་པ། སྐབས་མཆིས་པ། དྲངས་པའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ཞེས་དེ་འདྲ་གསུངས་བཞག་པ་རེད། དེས་ན། དེ་གཉིས་ཀའི་སྐབས་སུ་བླ་ན་མཆིས་པ་ཞེས་གསུངས་པ་དེ་ག་འདྲ་རེད་ཟེར་ན། དཔེར་ན་འཁོར་ལོ་གཉིས་པ་ལྟ་བུ་ལ་སྦྱར་ནས་བཤད་པ་ཡིན་ན། འཁོར་ལོ་གཉིས་པ་དེ་བླ་ན་མཆིས་པའི་རྒྱུ་མཚན་ནི། ས་བཟང་མ་ཏི་པཎ་ཆེན་གྱི་བླང་དོར་རབ་གསལ་གྱི་མཆན་གྱི་སྐབས་སུ་འདི་ལྟར་གསུངས་ཏེ། ཆོས་འཁོར་གཉིས་པ་བླ་ན་མཆིས་པའི་རྒྱུ་མཚན་ནི་འདི་ལྟར་ལགས་ཏེ། ཆོས་འཁོར་གཉིས་པ་འདིའི་གོང་ན་ཆོས་འཁོར་གསུམ་པ་ཡོད་པའི་ཕྱིར། ཆོས་འཁོར་གཉིས་པ་ལ་སྐབས་མཆིས་པའི་རྒྱུ་མཚན་ནི། མདོ་ལས། སུ་ཡང་སངས་མ་རྒྱས་མི་རྒྱ་རྒྱ་བར་མི་འགྱུར་ཞེས་སོགས་བསྟན་ནས། སངས་རྒྱས་བྱ་བ་མེད་སྙམ་པའི་ལོ་རྟོག་སྐྱེ་བའི་སྐབས་འབྱུང༌། ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཤེར་ཕྱིན་དང་ཐབས་མཁས་ལ་བརྟེན་ནས། སངས་རྒྱས་ཞེས་སོགས་བསྟན་པས། རེས་སངས་རྒྱས་རེས་མ་རྒྱས་ཟེར་བ་དེ་ནི་ཅི་ཡིན་སྙམ་དུ་ཐེ་ཚོམ་སྐྱེ་བའི་སྐབས་འབྱུང༌། དེ་ལ་སོགས་དེ་འདྲའི་ལོག་རྟོག་དང་ཐེ་ཚོམ་སྐྱེ་བའི་སྐབས་ཤིན་ཏུ་མང་བའི་ཕྱིར་རོ། །དྲང་བའི་དོན་ཞེས་པའི་རྒྱུ་མཚན་ཡང༌། མེད་པར་བཤད་ཚད་སྒྲ་ཇི་བཞིན་དུ་བཟུང་དུ་མི་རུང་ཞིང་ཞེས་དཔེར་ན། གཟུགས་མེད། སྒྲ་མེད། དྲི་མེད་སོགས་སྒྲ་ཇི་བཞིན་པ་མ་ཡིན་པ་ལྟ་བུར་གསུངས་པ་འདྲ་དང༌། དེ་ལས། ད་དུང་དགོངས་པ་གཞན་དུ་དྲང་དགོས་པའི་ཕྱིར། ཞེས་དང༌། རྩོད་པའི་གཞིའི་གནས་པའི་རྒྱུ་མཚན་ཡང་གང་དང་ཡང་བྲལ་བས་མ་ཡིནནོ། །གཟུགས་སྡུག་བསྔལ་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་གསུངས་པས་བདེ་བ་ཡིན་ན་སྡུག་བསྔལ་ཡིན་པར་འགལ་ཟེར་བ་ལ་སོགས་པ་རྩོད་པ་འཇུག་པའི་གཞི་མང་པོའི་རྟེན་དུ་གྱུར་པའི་ཕྱིར་རོ། །ཞེས་སོགས་གསུངས་པ་ལྟར་ལགས་ཡིན་ལ། ལྷག་ཏུ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱ་མཚན་དཔལ་བཟང་པོ་མཆོག་གི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ། འཁོར་ལོ་བར་བ་དེ་དྲང་དོན་ཡིན་པ་དེ་དགོས་པ། དགོངས་གཞི། དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་བཀྲལ་འོང་དུས། འཁོར་ལོ་བར་བའི་མདོ་ཐམས་ཅད་དེ་དགོངས་དོན་གཞན་དུ་བཀྲལ་གྱིན་མེད་པར་དེའི་ནང་ནས་ཀྱང༌། ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོངས་ཟེར་བ་འདྲ་དང༌། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང་ཞེས་པའི་ཚིག་དེ་དག་སྒྲས་ཟིན་སྒྲ་ཇི་བཞིན་པ་མ་ཡིན་པར་གསུང་གིན་ཡོད་རེད། དེའི་རྒྱུ་མཚན་གྱིས་དེ་དག་དགོངས་པ་གཞན་དུ་དྲང་དགོས་པ་རེད། དེའི་ཕྱིར་འཁོར་ལོ་བར་བ་དེ་ལ་དྲང་དོན་གྱི་མདོ་ཞེས་དེ་ལྟར་གསུངས་པ་རེད། དེ་འདྲ་ཡིན་དུས། འཁོར་ལོ་བར་བ་དེ་དགོས་པ་དགོངས་གཞི། དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་དྲང་དོན་དུ་གང་ལྟར་བཀྲལ་གི་རེད་ཟེར་ན། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང་ཞེས་པའི་དགོས་པ་གང་རེད་ཟེར་ན། དེའི་སྟེང་གི་སྤྲོས་པའི་བདེན་པར་འཛིན་པའི་འཛིན་པ་ལ་སོགས་པ་དེ་བཟློག་པའི་ཕྱིར་དུ་གསུངས་པ་རེད། དགོངས་གཞི་གང་ལ་དགོངས་པ་རེད་ཟེར་ན། དེ་བཞིན་ཉིད་དེ་སྤྲོས་པའི་བདེན་གྲུབ་ཀྱིས་སྟོང་པ་དང༌། ཆོས་བདག་གིས་སྟོང་པ་སོགས་ལ་དགོངས་ནས་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང་ཞེས་གསུངས་པ་རེད། དེ་ནས་དངོས་ལ་གནོད་བྱེད་དེ་གང་ལྟར་གསུངས་པ་རེད་ཟེར་ན། དེ་བཞིན་ཉིད་དེ་དེ་བཞིན་ཉིད་ཀྱང་ཡིན། དེ་ཡོད་པ་དང་ཡིན་པ་གང་གིས་ཀྱང་མ་སྟོངས་པའི་རྒྱུ་མཚན་དེའི་ཕྱིར་ན། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོངས་ཟེར་བ་དེ་ལ་དེ་དངོས་སུ་གནོད་བྱེད་ཡོད་པར་བསྟན་པ་རེད། རྒྱུ་མཚན་དེ་དག་གིས་ཕྱིར་ན་དྲང་དོན་དུ་བཀྲལ་འགྲོ་གིན་ཡོད་པ་རེད། དེ་ནས་འཁོར་ལོ་དང་པོ་དང༌། བར་བ་གཉིས་ཀ་ལ་རྩོད་པའི་གཞིའི་གནས་སུ་གྱུར་པ་ཞེས་གསུངས་པའི་རྒྱུ་མཚན་གང་རེད་ཟེར་ན། དཔེར་ན་འཁོར་ལོ་བར་བ་ལྟ་བུར་མཚོན་ན། ཤེར་ཕྱིན་གྱི་མདོའི་ཚིག་ཟིན་ལ་གཟུགས་བདེ་བ་དེ་གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་གསུངས་ཀྱང༌། བདེ་བ་ཡིན་ན་སྡུག་བསྔལ་ཡིན་པ་འགལ་བའི་རྒྱུ་མཚན་གྱིས་རྩོད་པ་འཇུག་པའི་གཞི་མང་པོའི་རྟེན་དུ་འགྱུར་བས་ན། རྩོད་པའི་གཞིའི་གནས་སུ་གྱུར་པ་ཞེས་དེ་ལྟར་གསུངས་པ་རེད། མདོར་ན། ཤེར་ཕྱིན་གྱི་མདོའི་སྐབས་སུ་གཟུགས་བདེ་བ་དེ་གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་པ་དང༌། གཟུགས་སྡུག་བསྔལ་བ་དེ་གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་གོང་འོག་ཀུན་ཏུ་ཚིག་ཟིན་འགལ་བ་མང་པོ་ཞིག་འབྱུང་གིན་ཡོད་པ་དེ། རྩོད་པ་འཇུག་པའི་གཞི་མང་པོའི་རྟེན་དུ་འགྱུར་བས་ན་རྩོད་པའི་གཞིའི་གནས་སུ་གྱུར་པ་ཞེས་དེ་ལྟར་གསུངས་པ་རེད། འཁོར་ལོ་ཐ་མ་ངེས་དོན་ཡིན་པ་དེ་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་མདོ་སྡེ་དགོང་པ་ངེས་འགྲེལ་གྱི་སྐབས་སུ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཞེས་དེ་ལྟར་གསུངས་པ་རེད། གནད་འགག་དེའི་དབང་གིས་ཕྱི་རོལ་བ་ལ་སོགས་པའི་འདོད་པ་དང་མི་འདྲ་བ་སྟེ། ཕྱི་རོལ་བ་སོགས་ཀྱིས་སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ། གདོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞིག་ཁས་ལེན་གྱིན་ཡོད་པ་མ་རེད། དེའི་རྒྱུ་མཚན་གྱིས། དཔེར་ན། ཆོས་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ། གཟོད་མ་ནས་ཞི་བ། གདོད་ནས་རང་བཞིན་གྱིས་ཡོངས་སུ་དག་པའི་མྱ་ངན་ལས་འདས་པ་ཞིག་ཏུ་གསུང་གིན་ཡོད་པ་རེད། དེ་ཡང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་པ་དེ། སེམས་ཀྱི་རང་བཞིན་འོད་གསལ་བའི་གཞི་བདེ་བཤེགས་སྙིང་པོ་དེ་ཉིད་ཀྱི་རང་བཞིན་ལ་དྲི་མ་གདོད་ནས་མ་ཞུགས་པའི་རྒྱུ་མཚན་གྱིས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་གསུངས་པ་རེད། དེ་ལ་རང་བཞིན་གྱི་དྲི་མ་ཞུགས་པ་ཡིན་ན་གང་འདྲ་ཞིག་རེད་ཟེར་ན། མེ་དང་ཚ་བ། ཆུ་དང་བརླན་ནང་བཞིན་དུ་འགྲུབ་མོད། འོན་ཀྱང༌། བདེ་གཤེགས་སྙིང་པོ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་དྲི་མ་དེ་འབྲལ་རུང་བ་ཡིན་པས་དྲི་མ་དེ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་རེད། དཔེར་ན་ང་ཚོས་ཆུ་ཞིག་རྙོག་མར་བཏང་པ་ཡིན་རུང༌། ཆུ་དེ་ཁོ་རང་རང་སར་བཞག་བཞག་པ་ཡིན་ན་ཆུ་དེའི་རྙོག་མ་དེ་བྲལ་འགྲོ་བ་རེད། དེ་ནི་ཆུ་དེའི་རང་གཤིས་ལ་རྙོག་དེ་མ་ཞུགས་པའི་རྒྱུ་མཚན་གྱིས་རེད། དེ་ནང་བཞིན་དུ། སེམས་ཀྱི་རང་བཞིན་དེ་ནི་འོད་གསལ་བ་ཡིན་པའི་རྒྱུ་མཚན་ནི། སེམས་ཀྱི་སྟེང་གི་ཉོན་མོངས་རྟོག་ཚོགས་དེ་དག་གཉེན་པོ་ལམ་བསྒོམས་པའི་སྟོབས་ཀྱིས་བྲལ་འགྲོ་བ་དེ། སེམས་ཀྱི་རང་བཞིན་འོད་གསལ་བ་དེའི་གཤིས་ལ་གདོད་མ་ཉིད་ནས་དྲི་མ་མ་ཞུགས་པས་ན། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་གསུངས་པ་རེད། དེ་ཡང༌། གཟུངས་རྒྱལ་གྱིས་ཞུས་པའི་མདོའི་སྐབས་སུ། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །གདོད་ནས་ཟད་པས་དེའི་ཕྱིར་ཟད་ཅེས་བྱ། །ཞེས་གསུངས་པ་དེ་དང༌། རྒྱུད་བླ་མ་ལས་ཀྱང༌། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་སོགས་གསུང་གིན་ཡོད། དེ་ནང་བཞིན་དུ། དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་སྐབས་སུ། ཉེར་བའི་ཉོན་མོངས་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་གདོད་མ་ཉིད་ནས་རང་བཞིན་གྱི་དྲི་མ་ཡོངས་སུ་སྤངས་བའི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་གསུངས་སོ། །གཞན་གྱིས་ལུགས་ལ། རང་བཞིན་གྱི་མྱང་འདས་ཡིན་ན་མྱང་འདས་ཡིན་པས་མ་ཁྱབ་ཅེས་དེ་ལྟར་གསུང་གིན་ཡོད་རེད། འོན་ཀྱང༌། གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ། མྱང་འདས་མཐར་ཐུག་པ་དེ་རང་བཞིན་གྱི་མྱང་འདས་ཡིན་པ་དང༌། རང་བཞིན་མྱང་འདས་ཡིན་ན་མྱང་འདས་ཡིན་པས་ཁྱབ་ཅེས་དེ་ལྟར་གསུངས་འགྲོ་གིན་ཡོད་པ་རེད། དེས་ན། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ནས་བརྩམས་ཏེ་ཞེས་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་དེ་ལྟར་གསུངས་པ་རེད། ཡང་དགོངས་འགྲེལ་དུ། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་གསུངས་པའི་ཐེག་པ་དེ་རྗོད་བྱེད་ཚིག་གི་ཐེག་པ་ལ་བྱས་ནས། ཐོག་མར་འཁོར་ལོ་དང་པོས་རྒྱུད་སྦྱངས། དེར་མ་ཟད་འཁོར་ལོ་བར་བས་ཀྱང་རྒྱུད་སྦྱངས། གཟོད་འཁོར་ལོ་ཐ་མའི་གདུལ་བྱ་རྣམས་འཁོར་ལོ་ཐ་མའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་དགོས་ཤིང༌། དེས་ན། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་ཞེས་པས་འཁོར་ལོ་ཐ་མའི་གདུལ་བྱ་ངོས་བཟུང་བ་རེད། ཡང་དགོངས་འགྲེལ་དུ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པཞེས་གསུངས་པ་དེ། གཞན་དབང་དང་ཀུན་བཏགས་བདེན་པར་མེད་ཅིང༌། ཡོངས་གྲུབ་བདེན་པ་དང་མི་བསླུ་བ་ཡིན་པ་དེ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཉིད་དུ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་དེ་བསྐོར་བ་རེད། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་དེ་ལྟར་གསུངས་པ་རེད། དེའི་དོན་གང་འདྲ་རེད་ཟེར་ན། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན། རྩོད་པའི་གཞིའི་གནས་སུ་མ་གྱུར་པ་ཞེས་འཁོར་ལོ་ཐ་མ་དེ་ལ་ཁྱད་ཆོས་བཞི་སྐབས་དེར་གསུངས་པ་རེད། དེས་ན་འཁོར་ལོ་གསུམ་པ་དེ་བླ་ན་མ་མཆིས་པའི་རྒྱུ་མཚན་གང་རེད་ཟེར་ན། དེའི་གོང་མར་གྱུར་པའི་ཆོས་འཁོར་བཞི་བ་ཞིག་མེད་པས། བླ་ན་མ་མཆིས་པ་ཡིན་པ་དང༌། དེ་ངེས་པའི་དོན་ཡིན་པའི་རྒྱུ་མཚན་གང་རེད་ཟེར་ན། སྒྲས་ཟིན་སྒྲ་ཇི་བཞིན་པར་བཟུང་དུ་རུང་ཞིང༌། རུང་བར་མ་ཟད་གནས་ལུགས་མཐར་ཐུག་ཆོས་ཀྱི་དབྱིངས་དེ་ཉིད་བསྟན་བྱའི་གཙོ་བོར་བྱས་ནས་ཐང་མར་བརྡལ་བའི་ཚུལ་གྱིས་གསལ་བར་བསྟན་པའི་རྒྱུ་མཚན་གྱིས་ངེས་པའི་དོན་ཞེས་གསུངས་པ་དང༌། དེ་ནས་སྐབས་མ་མཆིས་པ་ཟེར་བ་དེ་ནི། གོང་ནས་བཤད་པ་བཞིན་རྒོལ་བ་གཞན་གྱི་ཀླན་ཀའི་སྐབས་འཇུག་པ་མེད་པས། སྐབས་མ་མཆིས་པ་ཞེས་གསུངས་པ་དང༌། རྩོད་པའི་གཞིའི་གནས་མ་མཆིས་པ་ཞེས་པའི་དོན་ནི། སྒྲས་ཟིན་གྱི་ཚིག་དེ་དག་སྔ་ཕྱི་འགལ་བ་མེད་པའི་སྒོ་ནས་ཚིག་ཟིན་དེ་དག་ལ་རྩོད་པ་འཇུག་པའི་གཞིའམ་གནས་མ་མཆིས་པས། རྩོད་པའི་གཞིའི་གནས་མ་མཆིས་པ་ཞེས་གསུངས་པ་རེད། དེ་ཡང་གཞན་གྱིས་བརྩད་པ་དེ་དངོས་པོའི་གནས་ཚུལ་ལ་མི་མཐུན་ཞིང་ལན་གྱིས་ཡང་དག་པར་བཟློག་ནུས་པས། རྩོད་པ་འཇུག་པའི་སྐབས་མེད་པ་ལ་ཡང་རྩོད་པའི་གཞིའི་གནས་མ་མཆིས་པ་ཞེས་ཀྱང་བཤད་དོ། ། དེ་ཡང༌། ས་བཟང་མ་ཏི་པཎ་ཆེན་གྱི་བླང་དོར་རབ་གསལ་གྱི་སྐབས་སུ། རྩོད་པའི་གཞིའི་གནས་མ་མཆིས་པའི་རྒྱུ་མཚན་ཡང༌། གཟུགས་ནས་རྣམ་མཁྱེན་གྱི་བར་ལེགས་པར་ཕྱེས་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་མེད་པ་བཤད་པ་ཐམས་ཅད་གང་ཡིན་པ་དེ་ནི། ཐམས་ཅད་གཟུགས་ནས་རྣམ་མཁྱེན་གྱི་བར་ཀུན་བཏགས་ཀྱི་ཆོས་ཐམས་ཅད་བདེན་པར་མེད་པ་ལྟར་སྨོས་ཀྱང་ཅི་དགོས་རྨི་ལམ་ལྟ་བུའི་ཀུན་རྫོབ་ཀྱི་དངོས་པོར་ཡང་མེད་དོ། །རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའི་མི་རྟག་པ་སོགས་བཤད་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གཞན་དབང་གིས་བསྡུས་པའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཡོད་ཀྱང༌། དོན་དམ་དུ་མེད་པར་བཤད་ལ། དེས་ན་ཀུན་བཏགས་ནི་ཀུན་རྫོབ་ཙམ་དུ་ཡོད་ལ་ཀུན་རྫོབ་བདེན་པར་མེད་པ་དང༌། གཞན་དབང་ནི་ཀུན་རྫོབ་བདེན་པར་ཡོད་ཅིང༌། གཉིས་ཀའང་དོན་དམ་པ་མེད་པའི་ཕྱིར། དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་མེད་པ་ལ་མེད་པར་ཡང་དག་པར་ཇི་ལྟར་བཞིན་དུ་ཤེས་སོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་དང་བྲལ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ། གོང་དུ། ཀུན་བཏགས་ཀུན་རྫོབ་ཙམ་དུ་ཡོད་ལ་ཀུན་རྫོབ་བདེན་པར་མེད་པར་གསུངས་པ་ནི། ཀུན་རྫོབ་དེ་ལ་ཀུན་རྫོབ་ཀྱི་ཀུན་རྫོབ་དང༌། ཀུན་རྫོབ་ཀྱི་དོན་དམ་གཉིས་སུ་ཕྱེ་བའི་ཀུན་རྫོབ་ཀྱི་དོན་དམ་དེ་མིན་ཞེས་པའི་དོན་དང༌། གཞན་དབང་ནི་དེ་གཉིས་སུ་ཕྱེ་བའི་ཀུན་རྫོབ་བདེན་པའི་ངོ་བོར་ཡོད་ཅེས་གསུངས་པ་ཡིན་ནོ། །དེ་འདྲའི་སྒོ་ནས་འཁོར་ལོ་ཐ་མ་དེ་ངེས་དོན་ཡིན་པ་དེ་རྒྱ་ཆེར་གསུང་གིན་ཡོད་པ་རེད། དེས་ན་མདོ་སྡེ་དགོངས་པ་ངེས་འགྲེལ་དེ། རང་ལུགས་ཀྱིས་ཁུངས་རྟེན་གཞི་ཞིག་ཏུ་གསལ་བོར་ཆགས་འདུག་ཡོད་རེད། སྤྱིར་བཏང༌། སངས་རྒྱ་བཅོམ་ལྡན་འདས་ཀྱི་མདོ་ཐམས་ཅད་ཀྱི་སྐབས་སུ་འཁོར་ལོ་བར་ཐ་གསུམ་ལ་ཐ་སྙད་དངོས་སུ་སྦྱར་ནས། དྲང་ངེས་ཕྱེ་བ་དེ་མདོ་སྡེ་དགོངས་པ་ངེས་འགྲེལ་གཅིག་པུ་མ་གཏོགས་མེད་པ་རེད། ཡིན་ན་ཡང། བརྗོད་བྱའི་གཙོ་བོའི་སྒོ་ནས་དྲང་ངེས་ཕྱེ་ཚུལ་ཞིག་སྐབས་མང་པོ་ཞིག་ཏུ་ཡོང་གིན་ཡོད་པ་རེད། ཡང་རང་ལུགས་ཀྱིས་དྲང་ངེས་ཕྱེ་ཡུལ་གཞན་ཞིག་ནི། གཟུངས་རྒྱལ་གྱིས་ཞུས་པའི་མདོ་ལ་བརྟེན་ནས་གསུང་གིན་ཡོད་པ་རེད། དེའི་སྐབས་སུ་ནོར་བུ་ཞིག་གི་དྲི་མ་བཀྲུ་བའི་དཔེ་དང་སྦྱར་ཏེ། ཐོག་མར་འཁོར་ལོ་དང་པོ་གསུངས། དེ་ནས་བར་བ་གསུངས། དེ་ནས་ཐ་མ་གསུངས་པ་དེ་ཡང་རྒྱུད་སྦྱོང་ཚུལ་གྱི་རིམ་པ་ཡིན་པར་གསུངས་པ་རེད། དེ་ཡང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་ཆེའི་པོ་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལྭ་བའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་ཡང་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻ་ཌརྱའི་རིགས་ཆེན་པོ་ཞེས་བརྗོད་དོ། །ཞེས་པ་སྟེ། དེ་ཡན་གྱིས་ནོར་བུ་ཞིག་དྲི་མ་སྦྱོང་ཚུལ་གསུམ་གྱི་དཔེ་རུ་བཞག་སྟེ་གསུངས་ལ། དོན་ནི་འདི་ལྟར་གསུངས་ཏེ། ཡང་དེ་ལས་རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམ་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་དང༌། སྡུག་བསྔལ་བདང༌། བདག་མེད་པ་དང༌། མི་གཙང་བ་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞེས་གསུངས་ལ། དེ་དང་མཐུན་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བའི་སྐབས་སུ། བརྡ་སྤྲོད་པ་དག་ཇི་ལྟ་བར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་གསུངས་པ་དང༌། གཞན་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་དུ་མྱང་འདས་ཆེན་པོར་འོ་མའི་སྨན་གྱི་དཔེ་དང་སྦྱར་ཚུལ་སོགས་རྒྱས་པར་གསུངས་ཡོད་པ་དང༌། སོར་ཕྲེང་གི་མདོ་དང༌། བློ་གྲོས་མི་ཟད་པའི་མདོ་སོགས་ཀྱིས་དྲང་ངེས་ཕྱེ་ཚུལ་སོགས་རྒྱས་པར་ཡོད་མོད་ཀྱང་འདིར་དེ་ཙམ་གྱིས་ཆོག་པར་གྱིས། སྤྱིར་བཏང༌། བློ་གྲོས་མི་ཟད་པའི་མདོ་དེ་དྲང་ངེས་ཕྱེ་ཚུལ་གྱི་གཞུང་གྲགས་ཆེ་བ་ཞིག་ཏུ་ཆགས་འདུག་ཡོད་པ་རེད། དཔེར་ན་རི་བོ་དགེ་ལྡན་པ་ལྟ་བུར་མཚོན་ན་ཡང༌། དྲང་ངེས་ཕྱེ་ཚུལ་དེ་གཙོ་བོ་བློ་གྲོས་མི་ཟད་པའི་མདོ་ལ་བརྟེན་ནས་གསུངས་པ་རེད། དེས་ན་མདོ་སྡེ་དགོང་པ་ངེས་འགྲེལ་གྱི་སྐབས་སུ་དྲང་ངེས་ཕྱེ་ཚུལ་གསུངས་པ་དེ་ཁ་སང་ངས་གོང་དུ་ཅུང་ཙམ་ཞིག་ཞུས་པ་ཡིན་མོད། མཚམས་འདི་ནས་ཀྱང་བློ་གྲོས་མི་ཟད་པའི་མདོའི་ཚིག་དེ་དག་ཅུང་ཙམ་ཞིག་ཞུ་ན་བསམ་སོང༌། དེས་ན། བློ་གྲོས་མི་ཟད་པའི་མདོའི་སྐབས་སུ། མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པ་བསྟན་པ་དེ་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་སྒྲུབ་པ་བསྟན་པ་དེ་ནི་ངེས་པའི་དོན་ཞེསབྱའོ། །ཞེས་པའི་ལུང་དེ་ལ་བརྟེན་ནས་ཀུན་རྫོབ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཞིག་ལ་དྲང་བའི་དོན་དང༌། དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཞིག་ལ་ངེས་དོན་གྱི་མདོ་ཞེས་གསུངས་ཡོད་པ་རེད། དེ་ལ་ང་རང་གིས་ཞིབ་ཆ་གང་འདྲ་ཞིག་ཕྱེ་གིན་ཡོད་ཅེ་ན། དྲང་དོན་ཀུན་རྫོབ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོའི་སྡེར་གཏོགས་པའི་མདོ་དེ། དྲང་དོན་གྱི་མདོའི་མཚན་ཉིད་དང༌། ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོའི་སྡེར་གཏོགས་པའི་མདོ་དེ། ངེས་དོན་གྱི་མདོའི་མཚན་ཉིད། ཅེས་དེ་ལྟར་ཤོད་ཀྱིན་ཡོད། ཡིན་ན་ཡང༌། བློ་གྲོས་མི་ཟད་པས་ཞུས་པའི་མདོའི་སྐབས་སུ་འོག་ནས་ཡང་དྲང་ངེས་ཕྱེ་ཚུལ་གྱི་སྒོ་མི་འདྲ་བ་མང་པོ་ཞིག་གསུངས་ཡོད་རེད། དེ་ག་འདྲ་རེད་ཟེར་ན། དེ་ལས། མདོ་སྡེ་གང་དག་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་དེ་ལྟར་དྲང་ངེས་ཕྱེ་ཚུལ་སྒོ་མི་འདྲ་བ་མང་པོ་ཞིག་རིམ་པ་བཞིན་དུ་གསུང་གིན་ཡོད་པ་དེ་འདྲ་ཞིག་རེད༌། མྱང་འདས་ཆེན་པོའི་མདོའི་སྐབས་སུ་ཡང༌། ངེས་པའི་དོན་ལ་གནས་པ་གང་ཞེ་ན། ངེས་པའི་དོན་ཞེས་བྱ་བ་ནི་ཆོས་ཤེས་པ་སྟེ། ནམ་དུ་ཡང་སྒྱུས་མི་འཚོ། སྤྱོད་ལམ་མི་འཆོས། ང་རྒྱལ་མི་བྱེད། རྙེད་པ་དང་གྲགས་པ་ལ་མི་ཆགས། དེ་བཞིན་བཤེགས་པས་སྦྱོར་བའི་ཐབས་སུ་གསུངས་པའི་ཆོས་ལ་ཆགས་པར་མི་བྱེད་པ་སྟེ། དེ་ནི་ངེས་པའི་དོན་ཅེས་བྱའོ། །གང་ཞིག་དེ་ལ་གནས་ན་གང་ཟག་དེ་ནི་དོན་དམ་པ་ལ་གནས་པ་ཞེས་བྱ་སྟེ། དེ་བས་ན་ངེས་པའི་དོན་ལ་གནས་སོ། །ཞེས་སོགས་མདོར་ན། མྱང་འདས་ཆེན་པོའི་མདོའི་སྐབས་སུ་དྲང་ངེས་ཕྱེ་ཚུལ་མང་པོ་ཞིག་གསུངས་ཡོད་རེད། དེ་བས་ན་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་སམ་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་ལུགས་ལ། མདོ་སྡེ་དེ་དག་ཐམས་ཅད་ཀྱི་དྲང་ངེས་ཕྱེ་ཚུལ་དེ་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་པ་ལས། ཁ་ཅིག་དྲང་དོན་ཡིན་པ་དང༌། ཁ་ཅིག་ངེས་དོན་ཡིན་པ་དེ་ལྟར་བཀྲལ་མི་དགོས་པ་རེད། ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་འཁོར་ལོ་ཐ་མ་དེ་ངེས་དོན་ཡིན་པར་སྒྲུབ་བྱེད་ཀྱི་རིགས་པ་ལ། འཁོར་ལོ་ཐ་མ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་པར་ཐལ། ངེས་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པའི་ཕྱིར། ཞེས་གསུངས་པ་འདྲ་དང༌། སྒྲུབ་བྱེད་ཀྱི་རིགས་པ་གཞན་ཡང༌། ཁ་ཅིག་གིས་འདོད་པ་ལྟར་འཁོར་ལོ་བར་བ་ངེས་དོན་དང་ཐ་མ་དྲང་དོན་ཡིན་ན། གདུལ་བྱ་ངེས་དོན་ལ་ཁྲིད་ཟིན་པའི་འོག་ཏུ་སླར་ཡང་དྲང་དོན་ལ་ཁྲིད་དགོས་པས་ན། དེ་ལྟར་མི་རུང་བའི་ཕྱིར་ཞེས་གཞན་སྟོང་དབུ་མའི་རྒྱན་གྱི་སྐབས་སུ་གསུངས་པ་བཞིན་དང༌། དེ་ལྟར་མི་རུང་བའི་ཚུལ་ཡང་འཁོར་ལོ་བར་ཐ་གསུམ་གདུལ་བྱ་གཅིག་ལམ་ལ་ཁྲིད་པའི་རིམ་པ་ཡིན་པ་དེ། གཟུངས་རྒྱལ་གྱིས་ཞུས་པའི་མདོ་དང༌། ང་ཚོས་གོང་ན་ཞུས་པ་ནང་བཞིན་དུ་མདོ་དེ་དག་གིས་འགྲུབ་ཐུབ་པ་ཞིག་ཏུ་ཆགས་འདུག་ཡོད་པ་རེད།དེ་ནས། རྩ་བར། དེ་ཡང་འཁོར་ལོ་དང་པོ་ཉན་ཐོས་དང་ཐུན་མོང་གི་སྡེ་སྣོད་ཡིན་པས། ཀུན་རྫོབ་ཀྱི་ཆོས་རྣམས་ཡོད་པར་གསུངས་ལ། བར་བ་ཤེར་ཕྱིན་གྱི་མདོ་རྣམས་སུ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་ངོ་བོས་མ་གྲུབ་ཀྱང་ཡོད་པའི་ཆོས་རྡུལ་ཙམ་ཡང་མེད་པར་བཤད། ཐ་མས་ནི་འཕགས་པའི་ཡེ་ཤེས་ཀྱི་གཟིགས་ངོར་དོན་དམ་བདེན་པ་དབྱིངས་རིག་དབྱེར་མེད་ནི། ངོ་བོ་གདོད་མ་ནས་འགྱུར་བ་མེད་པའི་ཕྱིར། རྟག་བརྟན་ཐེར་ཟུག་འདི་ནི་བདེན་པར་ཡོད་ལ། དངོས་མེད་རྣམས་དང་གཟུགས་སོགས་ཡུལ་མིག་སོགས་དབང་པོ་སེམས་སེམས་བྱུང་སྟེ། རྣམ་ཤེས་ཚོགས་བརྒྱད་སེམས་སེམས་བྱུང་ལྔ་བཅུ་རྩ་གཅིག་ལ་སོགས་པ་གཟུང་འཛིན་གྱིས་བསྡུས་པ་རྣམས་ནི། དོན་དམ་དེའི་རྣམ་འགྱུར་ཙམ་མེ་ལོང་གི་གཟུགས་བརྙན་ལྟར་གདོད་མ་ནས་མ་སྐྱེས་པ་བདེན་མེད་དུ་གསུངས། ཞེས་གསུངས་ཏེ། འཁོར་ལོ་དང་པོ་དེ་ཉན་ཐོས་དང་ཐུན་མོང་གི་སྡེ་སྣོད་ཡིན་པས། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་གྲུབ་གྲུབ་ལྟ་བུར་གསུང་གིན་ཡོད་པ་རེད། འཁོར་ལོ་དང་པོ་ཉན་ཐོས་དང་ཐུན་མོང་གི་སྡེ་སྣོད་ཡིན་པས་ཞེས་ཉན་ཐོས་རྣམས་ཀྱི་བསྒོམ་བྱའི་གཙོ་བོ་དེ། བདེན་བཞི་མི་རྟག་བཅུ་དྲུག་སོགས་ཡིན་པ་དང་འཁོར་ལོ་དང་པོའི་སྐབས་སུ་ཡང༌། བདེན་བཞི་མི་རྟག་བཅུ་དྲུག་སོགས་རྒྱ་ཤིང་གསལ་བར་གསུང་གིན་ཡོད་པས་ཉན་ཐོས་དང་ཐུན་མོང་གི་སྡེ་སྣོད་ཅེས་གསུངས་པ་དང༌། ཡང་དེའི་སྐབས་སུ་ཀུན་རྫོབ་ཀྱི་ཆོས་རྣམས་ཡོད་པ་དང༌། རང་མཚན་གྱིས་གྲུབ་པ་ལྟ་བུའི་ཚུལ་དུ་གསུངས་ཡོད་པས་ཀུན་རྫོབ་ཀྱི་ཆོས་རྣམས་ཡོད་པར་གསུངས་ལ་ཞེས་བཞེད་པ་རེད། འཁོར་ལོ་བར་བའི་ཤེར་ཕྱིན་གྱི་མདོ་རྣམས་སུ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་ངོ་བོས་མ་གྲུབ་ཅིང༌། རང་གི་ངོ་བོ་བདེན་པར་ཡོད་པའི་ཆོས་རྡུལ་ཙམ་ཡང་མེད་པ་ཡིན་པ་དེ་ལྟར་གསུངས་པ་རེད། འཁོར་ལོ་ཐ་མའི་སྐབས་སུ། འཕགས་པའི་ཡེ་ཤེས་ཀྱི་གཟིགས་ངོར་དོན་དམ་བདེན་པ་དབྱིངས་རིགས་དབྱེར་མེད་ནི། ངོ་བོ་གདོད་མ་ནས་འགྱུར་བ་མེད་པའི་ཕྱིར། རྟག་བརྟན་ཐེར་ཟུག་འདི་ནི་བདེན་པར་ཡོད་ལ། ཞེས་བདེན་པར་ཡོད་པ་ཉིད་དུ་གསུངས་པ་དང༌། དངོས་མེད་རྣམས་དང་གཟུགས་སོགས་ཡུལ་མིག་སོགས་དབང་པོ་སེམས་སེམས་བྱུང་སྟེ། རྣམ་ཤེས་ཚོགས་བརྒྱད་སེམས་སེམས་བྱུང་ལྔ་བཅུ་རྩ་གཅིག་ལ་སོགས་པ་གཟུང་འཛིན་གྱིས་བསྡུས་པ་རྣམས་ནི། དོན་དམ་དེའི་རྣམ་འགྱུར་མེ་ལོང་གི་གཟུགས་བརྙན་ལྟར་གདོད་མ་ནས་མ་སྐྱེས་པ་བདེན་མེད་དུ་ཞེས་བདེན་པར་མེད་པ་ཉིད་དུགསུངས་པ་རེད།

དགོངས་འགྲེལ་ལས་དྲང་ངེས་ཕྱེ་ཚུལ་བསྟན་པ།

དགོངས་འགྲེལ་ལས་དྲང་ངེས་ཕྱེ་ཚུལ་བསྟན་པ།དེ་ནས།

རྩ་བར། དེས་ན་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་ལ་འཁོར་ལོ་དང་པོ་དང༌། ཐེག་པ་ཆེན་པོ་ལ་ཞུགས་པ་ལ་བར་པ་དང༌། ཐེག་པ་སྣ་ཚོགས་ལ་ཞུགས་པ་ཐ་མ་གསུང་བར་བཤད་ཅིང༌། དང་པོ་དང་བར་བ་གཉིས་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིར་གྱུར་པ་དང༌། ཐ་མ་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་རྩོད་པའི་གཞི་མ་ཡིན་པ་དང༌། ཞེས་གསུངས་ཏེ། དེ་དག་གི་དོན་ནི་གོང་དུ་གང་འཚམས་ཞིག་ཞུས་ཟིན་པ་ཡིན་པ་དེ་ལྟར་རེད། དེས་ན་ཐམས་ཅད་ཀྱིས་དེ་ལྟར་གསུངས་པ་དེ་དག་ཐུགས་ལ་ངེས་དགོས་པར་འདུགཡང་སྐབས་འདིར་གསལ་བཤད་ཉུང་བསྡུས་ཤིག་བྱེད་པ་ཡིན་ན། འཁོར་ལོ་དང་པོ་ཉན་ཐོས་དང་ཐུན་མོང་གི་སྡེ་སྣོད་ཅེས་གསུངས་པ་རེད་དེ། ཡིན་ན་ཡང༌། དེ་དག་ནི་འཁོར་ལོ་དང་པོའི་སྒྲས་ཟིན་དང་དེའི་དངོས་བསྟན་ཙམ་རེད་མ་གཏོགས། འཁོར་ལོ་དང་པོ་དང་བར་བ་གཉིས་ཀས་ཀྱང་དགོངས་པ་མཐར་ཐུག་ནི་གཞི་བདེ་བར་བཤེགས་པའི་སྙིང་པོ་དེ་ཡིན་པར་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་ཟིན་བྲིས་ཀྱི་སྐབས་སུ། དང་པོ་དང་བར་བ་ཡང་གཞན་སྟོང་གསུངས་ཀྱང་མི་གསལ་བ་ཙམ་དུ་གསུངས་པ་ཡིན་ལ། ཐ་མར་ཐང་མར་བརྡལ་བའི་ཚུལ་གྱིས་གསུངས་ལ་ཞེས་དེ་ལྟར་གསུངས་པ་རེད། འཁོར་ལོ་བར་བ་ཤེར་ཕྱིན་གྱི་མདོ་རྣམས་སུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་ངོ་བོས་མ་གྲུབ་ཅིང་ཞེས་རང་གི་ངོ་བོ་བདེན་པར་མ་གྲུབ་པ་ཡིན་ཚུལ་དེ། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་རྫུན་པ་བསླུ་བའི་ཆོས་ཤིག་ཏུ་ཆགས་འདུག་ཡོད་པས་དེ་ལྟར་གསུངས་པ་རེད། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མ་ལས། ཀུན་རྫོབ་ཡིན་ཕྱིར་སྤྱི་ནི་རྫུན་པ་ཉིད། །ཅེས་གསུངས་པ་ནང་བཞིན་རེད། ཡོད་པའི་ཆོས་རྡུལ་ཙམ་ཡང་མེད་པར་བཤད་ཅེས་པའི་དོན་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དམ། ཡང་ན་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འཁོར་ལོ་བར་བ་ལ་སྦྱར་ནས་རང་ངོས་ནས་གྲུབ་པའམ། བདེན་པར་གྲུབ་པའི་ངོ་བོར་ཡོད་པའི་ཆོས་རྡུལ་ཙམ་ཡང་མེད་པ་ཡིན་པར་སྒྲས་ཟིན་ལ་གསུངས་པ་རེད་དེ། དེ་ཡང་ཕལ་ཆེ་བའམ་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། འཁོར་ལོ་བར་བའི་མདོ་ཉི་ཁྲི་བྱམས་ཞུས་ཀྱི་ལེའུའི་སྐབས་དེར་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གྱི་ཁྱད་པར་ཕྱེས་ནས། ཡོངས་གྲུབ་དེ་གནས་ལུགས་སུ་གྲུབ་པ་དང༌། དོན་དམ་པར་ཡོད་པར་གསུང་གིན་ཡོད་པ་རེད། དེའི་རྒྱུ་མཚན་ཡང༌། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེས་ངེས་དོན་མདོ་བཅུ་དང༌། སྙིང་པོ་མདོ་བཅུ་སོགས་བགྲང་བའི་སྐབས་དེར་ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་དང་ཤེར་ཕྱིན་ལྔ་རྒྱ་པ་སོགས་དེའི་ནང་དུ་བགྲང་གི་ཡོད་པ་དེ་འདྲ་ཞིག་རེད། དེས་ན། ང་ཚོར་ཡོངས་སུ་གྲགས་པའི་ཤེར་ཕྱིན་གྱི་མདོར་གྲགས་པ་ཐམས་ཅད་དྲང་དོན་གྱི་མདོ་ཡིན་པས་ཁྱབ་པ་མེད་པ་རེད། ཡིན་ན་ཡང༌། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་དང༌། ཤེར་ཕྱིན་ལྔ་བརྒྱ་པ་སོགས་འཁོར་ལོ་བར་བར་གྲགས་ཀྱང༌། རང་ལུགས་ལ་འཁོར་ལོ་ཐ་མ་ངེས་དོན་གྱི་མདོ་ཡིན་ཞེས་ཕལ་ཆེར་བཤད་དགོས་པ་ཨེ་ཡིན་སྙམ། འོན་ཀྱང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། བར་བར་དོན་དམ་དབྱིངས་སུ་འགོག་ན་ནི། །བྱམས་ཞུས་སོགས་དང་ནང་འགལ་ཡོད་པར་འགྱུར། །ཞེས་དེ་འདྲ་ཞིག་གསུངས་ཡོད་པ་རེད་དེ། དེའི་དོན་ནི། བྱམས་ཞུས་ཀྱི་ལེའུའི་སྐབས་སུ་ཆོས་ཀྱི་དབྱིངས་དེ་དོན་དམ་པར་འགོག་གིན་མེད་པར། དོན་དམ་དུ་ཡོད་པར་གསུངས་པ་རེད། འོ་ན། རང་ལུགས་ལ་བྱམས་ཞུས་ལེའུ་དེ་འཁོར་ལོ་བར་བ་ཨེ་རེད་ཟེར་ན། མིན་པར་སྣང་སྟེ། རང་ལུགས་ལ་ངེས་དོན་དོན་དམ་བདེན་པ་བརྗོད་བྱ་གཙོ་བོར་བྱས་ནས་བསྟན་པའི་མདོའི་སྡེར་གཏོགས་པ་ཞིག་ལ་འཁོར་ལོ་ཐ་མར་བཞེད་པས། བྱམས་ཞུས་སྐབས་སུ་ཡང་དེ་ལྟར་བསྟན་ལ། འོན་ཀྱང༌། བྱམས་ཞུས་སོགས་དང་ནང་འགལ་འགྱུར་གསུངས་པ་ནི། བྱམས་ཞུས་ལེའུ་དེ་ཕྱོགས་སྔ་མ་ཁ་གཅིག་གིས་འཁོར་ལོ་བར་བའི་མདོར་བཞད་ཅིང་དེ་ལྟར་གྲགས་ལ། དེའི་ཕྱིར། གཞན་ངོར་གྲགས་པ་དབང་བཙན་དུ་བྱས་ནས་འཁོར་ལོ་བར་བའི་མདོ་རུ་གསུངས་པ་ཨེ་ཡིན་སྙམ། དེ་ནས། ཐ་མ་ནས་ནི་འཕགས་པའི་ཡེ་ཤེས་ཀྱི་གཟིགས་ངོར་དོན་དམ་བདེན་པ་དབྱིངས་རིག་དབྱེར་མེད་ཅེས་གསུངས་པའི་དོན་ནི། འདི་ལ་བོད་ཁ་བ་གངས་ཅན་པའི་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱི་བཞེད་ཚུལ་མི་འདྲ་བའི་གནད་འགག་ཆེ་ཤོས་ཞིག་ནི། དབྱིངས་རིག་དབྱེར་མེད་ཅེས་པའི་དོན་གྱི་ཐོག་ནས་ཡོང་གིན་ཡོད་པ་རེད། དེ་ཡང༌། མཁས་ཤིང་གྲུབ་པའི་གཙུག་རྒྱན་རྗེ་བླ་མ་ཤར་ཙོང་ཁ་པ་སོགས་ཀྱིས། ཆོས་ཀྱི་དབྱིངས་དེ་རིག་པ་ཡིན་པར་གསུང་གིན་ཡོད་མ་རེད། དེས་ན། དབྱིངས་རིག་དབྱེར་མེད་ཟེར་བ་དེ། དབྱིངས་དེ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་རྟོགས་འོང་དུས། དབྱིངས་དེ་དང་དེ་རྟོགས་པའི་མཉམ་བཞག་ཡེ་ཤེས་གཉིས་ཡུལ་ཡུལ་ཅན་དང༌། ཀུན་རྫོབ་མྱོང་སྣང་གི་གཉིས་སྣང་ལ་སོགས་པའི་གཉིས་སྣང་མཐའ་དག་ལས་ལོག་པར་རྟོགས་འགྲོ་བ་དེ་འདྲ་ཞིག་གི་ཐོག་ནས་དབྱིངས་རིག་དབྱེར་མེད་ཟེར་བ་དེ་ཕལ་ཆེར་འཇོག་དགོས་པ་ཞིག་བཞེད་ཀྱིན་ཡོད་པ་རེད། ཡིན་ནའང༌། བོད་ཀྱི་ཆོས་བརྒྱུད་མང་ཆེ་བ་ཞིག་གིས་ཆོས་ཀྱི་དབྱིངས་དེ་ཉིད་ཡེ་ཤེས་ཡིན་པར་འདོད་ལ། དེའི་རྒྱུ་མཚན་གྱིས་དབྱིངས་དེ་ཉིད་བེམ་སྟོང་དང༌། ཆད་སྟོང་ཙམ་མ་ཡིན་པར་དབྱིངས་དེ་ཉིད་ཡེ་ཤེས་ཡིན་པར་གསུངས་འགྲོ་གི་ཡོད་པ་ཞིག་རེད། འོ་ན། ཆོས་ཀྱི་དབྱིངས་དེ་ཡེ་ཤེས་ཡིན་པར་གང་འདྲའི་སྒོ་ནས་བསྒྲུབ་གི་རེད་ཟེར་ན། དཔེར་ན། རྒྱུད་བླ་མའི་སྐབས་སུ་ཡང༌། ཟག་པ་མེད་པ་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་གསུངས་པ་དང༌། དེ་ནང་བཞིན་དུ། རིགས་ལྡན་པདྨ་དཀར་པོའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་སྐབས་སུ་ཡང༌། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །ཞེས་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ཞིག་ཡོད་པ་དེ། རྒྱལ་བ་སངས་རྒྱས་རྣམས་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཡིན་པར་གསུངས་པ་རེད། དེ་ནང་བཞིན་མདོའི་སྐབས་སུ་ཡང༌། རྣམ་ཤེས་ནི་མི་རྟག་པའོ། །ཡེ་ཤེས་ནི་རྟག་པའོ། །ཞེས་གསུངས་པ་དང༌། དཔེར་ན། འཇུ་མི་ཕམ་པའི་གཉུག་སེམས་སྐོར་གསུམ་གྱི་སྐབས་སུ། སྔར་འགྱུར་རྙིང་མའི་རང་ལུགས་ལ་གཉུག་སེམས་འདུས་མ་བྱས་ཡིན་པར་ཁོང་གི་བསྒྲུབ་འོང་དུས། གོང་གི་མདོ་ལུང་དེ་ཤེས་བྱེད་དུ་དྲངས་ནས་གསུངས་ཡོད་པ་རེད། ཀྱེ་རྡོ་རྗེའི་རྒྱུད་ཀྱི་སྐབས་སུ། སོ་སོ་རང་རང་རྟག་ཞུགས་པ། །རྣལ་འབྱོར་གཅིག་པུའི་རྟོགས་པ་དེ། །རྟོག་གེ་བ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་པ་དང༌། དེ་དང་འདྲ་བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པའི་སྐབས་སུ། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་ཕྱིར་དྲི་མ་མེད་པར་གནས། །ཞེས་དང༌། ལྷག་པར་དུ་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་བཀའ་བསྡུ་བཞི་བའི་སྐབས་སུ། ཆོས་ཀྱི་དབྱིངས་དེ་ཡེ་ཤེས་ཡིན་པར་རྩལ་འདོན་བྱེད་པའི་རང་ལུགས་ཀྱི་གཞུང་གཙོ་བོ་དེ་བཀའ་བསྡུ་བཞི་བ་ཆགས་འདུག་ཡོད་པ་རེད། དེའི་སྐབས་སུ་ཆོས་ཀྱི་དབྱིངས་དེ་ཡེ་ཤེས་ཡིན་པར་རྩལ་འདོན་བྱས་ནས་བསྒྲུབས་ཤིང༌། སྒྲུབ་བྱེད་ཀྱི་ལུང་གཙོ་བོ་དེ་ཡང་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་སྐབས་སུ། ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་སོགས་རྩལ་འདོན་བྱས་ནས་ཤེས་པ་བཅུ་སོགས་ཡིན་པར་གསུངས་པ་རེད། དེ་ཡང་ཁ་ཅིག་གིས་ཀུན་རྫོབ་ཀྱི་ཡེ་ཤེས་ལ་དགོངས་པ་རེད་ཟེར་ན། དེ་མི་རིགས་ཏེ། མཚན་གྱི་ཐོག་ནས་བསམ་བློ་བཏང་ན་ཡང༌། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་གསུངས་པ་རེད་མ་གཏོགས། ཀུན་རྗོབ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་གསུངས་ཡོད་མ་རེད། དེས་ན། རང་ལུགས་ལ་ཆོས་ཀྱི་དབྱིངས་དེ་ཉིད་ཡེ་ཤེས་ཡིན་པར་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་དེ་དག་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་བཀའ་བསྡུ་བཞི་བའི་རྩ་བ་དང༌། དེའི་འགྲེལ་བ་ཕྱོགས་མེད་རིས་མེད་སོགས་ལ་གཟིགས་ན། དབྱིངས་དེ་ཡེ་ཤེས་ཡིན་པ་གསལ་བོར་བསྒྲུབས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས། རང་ལུགས་ལ་སྔགས་ཀྱི་སྐབས་དང་འབྲེལ་ན་ཡང་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ཡེ་ཤེས་གཉིས་ཡིན་པར་གསུངས་པ་དང༌། དུས་འཁོར་གྱི་སྒྲ་དོན་ལ་བསམ་བློ་བཏང་ན་ཡང༌། དུས་ནི་འགྱུར་མེད་བདེ་ཡེ་ཤེས། །ཐབས་དང་སྙིང་རྗེའི་བདག་ཉིད་དེ། །འཁོར་ལོ་ཤེས་བྱའི་རྣམ་འགྲོདཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དོ། །ཞེས་གསུངས་འོང་དུས། དུས་ནི་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་དང་ཐབས་ནི་སྙིང་རྗེའི་བདག་ཉིད་ཡིན་པ་དང༌། དུས་ཀྱི་འཁོར་ལོ་ཞེས་དེ་གཉིས་བར་གྱི་འབྲེལ་སྒྲ་དེ་ཡང༌། བདེ་བ་ཆེན་པོའི་ཡེ་ཤེས་དེ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་དེ་གཉིས་དབྱེར་མེད་ཟུང་འཇུག་ཡིན་པའི་ཐོག་ནས་དུས་ཀྱི་འཁོར་ལོ་ཞེས་པའི་སྒྲ་དོན་ཡང༌། དེ་ལྟར་ཡོང་གིན་ཡོད་པ་རེད། ཡང་ཚུལ་གཉིས་རྣམ་འབྱེད་དུ། རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་ལྔ་བཅུ་རྩ་གཅིག་ལ་སོགས་པ་ཞེས་པའི་དོན་ནི། ཀུན་མཁྱེན་ཇོ་ནང་པའི་རང་ལུགས་ནི། རྣམ་ཤེས་ཚོགས་བརྒྱད་ཁས་ལེན་པའི་ལུགས་ལྟར་རེད། དེས་ན་ཀུན་གཞི་ཡང་ཁས་ལེན་པ་རེད། རྒྱ་གར་འཕགས་པའི་ཡུལ་དུ་ཡང༌། རྣམ་ཤེས་ཚོགས་བརྒྱད་འདོད་པ་དང་མི་འདོད་པའི་ལུགས་མང་པོ་ཡོང་གིན་ཡོད་པ་རེད། དཔེར་ན། རྒྱ་གར་འཕགས་པའི་ཡུལ་གྱི་དབུ་མ་པའི་བྱེ་བྲག་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་བརྩམ་དུས་སུ་ཀུན་གཞི་ཁས་མི་ལེན་པ་དེ་ཕལ་ཆེར་ང་རང་གིས་གསལ་བོ་རེད་བསམ་གྱིན་ཡོད། དེ་ཡོད་པའི་རྒྱུ་མཚན་གང་འདྲ་ཡིན་ཟེར་ན། དབུ་མ་འཇུག་པའི་རང་འགྲེལ་སྐབས་སུ། སྟོང་པ་ཉིད་ལ་ཀུན་གཞིའི་སྒྲས་བསྟན་པ་རིགས་པར་བྱའོ། །ཞེས་འཇུག་པ་རང་འགྲེལ་དུ་དེ་ལྟར་གསུངས་པ་རེད། གལ་སྲིད་ཀུན་གཞི་ཁས་ལེན་པ་ཡིན་ན། ཀུན་གཞི་གསུངས་པ་དེ་སྟོང་པ་ཉིད་ལ་དགོངས་པ་ཞེས་གསུངས་དགོས་དོན་ཡང་ཡོད་མ་རེད། ཁ་ཅིག་གིས། སེམས་ཙམ་པས་འདོད་པ་ལྟར་གྱི་བག་ཆགས་ཐམས་ཅད་པའི་ཀུན་གཞི་ཞིག་ཁས་ལེན་གི་མ་རེད་མ་གཏོགས། དཔལ་ལྡན་ཟླ་བ་གྲགས་པས་ཀུན་གཞི་ཁས་ལེན་གི་རེད་ཟེར་བའི་བོད་ཀྱི་ཆོས་བརྒྱུད་ནང་ཁ་ཤས་དེ་ལྟར་ཡོང་གིན་ཡོད་རེད་དེ། དེ་ཕར་ཆེར་དཔལ་ལྡན་ཟླ་བ་གྲགས་པའི་དགོངས་པ་ཨེ་ཡིན་སྙམ། རྒྱུ་མཚན་གོང་ནས་ཞུས་པ་བཞིན་ཀུན་གཞི་ཞིག་འདོད་པ་ཡིན་ཕྱིན། ཀུན་གཞི་གསུངས་པ་དེ་སྟོང་པ་ཉིད་ལ་དགོངས་ནས་ཀུན་གཞིའི་སྒྲས་བསྟན་པ་རིགས་པར་བྱའོ། །ཞེས་གསུངས་པས་ཟླ་བས་ཕལ་ཆེར་ཀུན་གཞི་མི་འདོད་པ་ཨེ་ཡིན་བསམས་སོང༌། ཡིན་ན་ཡང༌། དཔལ་ལྡན་ཟླ་བའི་ལུགས་གཞིར་བཞག་ན་ཡང༌། སྟོང་པ་ཉིད་ལ་ཀུན་གཞིའི་སྒྲས་བསྟན་དགོས་ཀྱི་གདུལ་བྱ་དེ་གང་ལྟར་འཇོག་དགོས་པ་ཡིན་མིན་སོགས་ལ་དཔྱད་པ་གཏོང་རྒྱུ་ཞིག་སླེབ་ཀྱིན་འདུགའོན་ཀྱང༌། དཔལ་ལྡན་ཟླ་བའི་གསང་འདུས་ཀྱི་འགྲེལ་བ་བརྩམས་དུས་སུ་ཀུན་གཞི་འདོད་པ་འདྲ་ལ། མདོར་ན། འཇུག་པ་བརྩམ་དུས་ཀྱི་དཔལ་ལྡན་ཟླ་བས་ཀུན་གཞི་མི་བཞེད་པ་ནང་བཞིན་དུ་རི་བོ་དགེ་ལྡན་པས་ཀྱང་ཀུན་གཞི་ཁས་མི་ལེན་པ་དེ་ལྟར་རེད། ཡིན་ན་ཡང༌། སྔར་འགྱུར་རྙིང་མ་པ་དང༌། ས་སྐྱ་པ། བཀའ་བརྒྱུད་པ་དེ་དག་གིས་སྐབས་རེར་དཔལ་ལྡན་ཟླ་བ་གྲགས་པ་དེ་ཁས་ལེན་པའི་ཟོལ་ཡང་གསུང་གིན་ཡོད་རེད། ཡང་ཁོ་ཚོས་འཁོར་ལོ་ཐ་མའི་སྒྲས་ཟིན་ལ་བརྟེན་ནས་རྣམ་ཤེས་ཚོགས་བརྒྱད་ཁས་ལེན་པས། རང་རིག་དང་ཕྱི་དོན་དུ་མ་གྲུབ་པར་ཁས་ལེན་འོང་དུས། དཔལ་ལྡན་ཟླ་བའི་དགོངས་པ་ལ་ཕྱི་དོན་དུ་གྲུབ་པ་ཡོད་པ་དེ་འཇུག་པ་རང་འགྲེལ་དུ། ཕྱི་རོལ་གྱིས་གྲུབ་པའི་ཡུལ་མི་འགོག་པས་ཞེས་དེ་ལྟར་གསུངས་ཟིན་མང་པོ་ཞིག་ཐོན་གྱིན་ཡོད་པ་དེ་འདྲ་ཞིག་རེད། གཞན་ཡང་དཔལ་ལྡན་ཟླ་བས། སེམས་ཙམ་པས་གཞན་དབང་རང་མཚན་གྱིས་གྲུབ་པ་འདོད་པར། དེ་འདྲའི་གཞན་དབང་དུ་གྱུར་པའི་རྣམ་ཤེས་བདེན་གྲུབ་འཇོག་བྱེད་གང་གིས་འཇོག་ཅེ་ན། སེམས་ཙམ་པས་དེ་རང་རིག་གིས་འཇོག་ཟེར་བར། དཔལ་ལྡན་ཟླ་བས་རང་རིག་འགོག་བྱེད་ཀྱི་རིགས་པ་དེ་རྒྱས་པར་གསུང་གིན་ཡོད་པས། ཟླ་བས་རང་རིག་ཀྱང་ཁས་མི་ལེན་པ་ཡིན་ནམ་བསམས་སོང༌། ཡིན་ན་ཡང༌། བོད་ཀྱི་ཆོས་བརྒྱུད་རྣམས་ཀྱི་ནང་ནས་བཀའ་བརྒྱུད་པ་དང༌། དེ་ནང་བཞིན་དུ་ས་སྐྱ་པ། རྙིང་མ་པ། དཔལ་ལྡ་རྒྱལ་བ་ཇོ་ནང་པ་རྣམས་ཀྱིས་ཀུན་གཞི་དང༌། རང་རིག་དང༌། ཕྱི་དོན་དུ་མ་གྲུབ་པ་སོགས་ཁས་ལེན་གྱིན་ཡོད་རེད། དེ་ཡང་གཙོ་བོ་འཁོར་ལོ་ཐ་མའི་དགོངས་པ་ལ་བརྟེན་དགོས་པ་ལྟ་བུར་ཆགས་འདུག་ཡོད་པ་རེད། གལ་སྲིད་དེ་ལྟར་མ་ཡིན་ན། འཁོར་ལོ་དང་པོ་དང་བར་བ་གཉིས་ཀྱི་སྐབས་སུ། ཀུན་གཞི་ཞེས་པའི་ཚིག་ཙམ་ཡང་དངོས་སུ་ཐོན་མེད་པ་ལྟ་བུ་ཞིག་ཡིན་པར་ཕལ་ཆེར་བཤད་དགོས་པ་ཨེ་ཡིན་བསམ་གྱིན་འདུགདེས་ན། གཞུང་ཁ་ཤས་ཞིག་ཏུ་རྣམ་ཤེས་ཚོགས་བརྒྱད་དེ་གཙོ་བོ་འཁོར་ལོ་ཐ་མའི་ཆོས་སྐད་ཐུན་མོང་མ་ཡིན་པར་གསུངས་པས་རང་གིས་ཀྱང་དེ་ཁུངས་སུ་བྱས་ན་ཞུས་པ་ཡིན། འོན་ཀྱང་ཞིབ་པར་བཤད་ན་ཐེག་དམན་གྱི་སྡེ་སྣོད་འགའ་ཞིག་གི་སྐབས་སུ་ཡང་ཀུན་གཞི་སོགས་གསུངས་ཡོད་པར་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། དེའི་ཕྱིར་ཐེག་པ་ཆེ་ཆུང་ལུང་མང་ཡོད། །ཅེས་པ་དང༌། གཞན་གྱིས་ཀྱང་སེམས་ཙམ་པའི་ལུགས་ལ་ཀུན་གཞི་སྒྲུབ་བྱེད་ཀྱི་ལུང་དྲངས་ཡོང་དུས། ཐེག་པ་ཆེ་ཆུང་གཉིས་ཀའི་ལུང་དྲངས་པ་ཡང་ཡོད་རེད། འོན་ཀྱང་རང་གི་འདོད་པ་ནི། ཀུན་གཞི་སྒྲས་ཟིན་ལ་སྟོན་པའི་ཐེག་དམན་གྱི་སྡེ་སྣོད་ཅིག་མེད་ཟེར་གི་ཡིན། འོ་ན་གོང་དུ་དྲངས་མ་ཐག་པའི་དེའི་ཕྱིར་ཐེག་པ་ཆེ་ཆུང་ལུང་མང་ཡོད། །ཟེར་བ་དེ་ནི་ཐེག་པ་དམན་པའི་སྡེ་སྣོད་དུ་གྲགས་པའམ་དེས་ཁས་ལེན་པའི་སྡེ་སྣོད་ཅིག་ཡིན་པ་ལས། ཐེག་དམན་གྱི་གང་ཟག་ཅིག་ལ་ཀུན་གཞི་བསྟན་དགོས་ཀྱི་གདུལ་བྱ་ཞིག་མེད་པར་འདོད་ཀྱིན་ཡོད། དེ་ལྟར་འདོད་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན་མདོའི་སྐབས་སུ། བདག་ཏུ་རྟོགས་པར་འགྱུར་ན་མི་རུང་ཞིང༌། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་སོགས་གསུངས་པའི་ཕྱིར་ན། ཀུན་གཞི་དེ་ཐེག་དམན་གྱི་གདུལ་བྱ་རྣམས་ལཕལ་ཆེར་མ་བསྟན་ཟེར་དགོས་པ་ཨེ་ཡིན་སྙམ་མོ། །དེ་ནས། རྩ་བར། གཞན་ཡང་འཁོར་ལོ་བར་བར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ནི། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་ལ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་སྦྱོར་བ་ལ་དགོངས་ནས་དེ་ལྟར་གསུངས་ཀྱི། དོན་དམ་དུ་ཡོད་པའི་ཆོས་གཏན་ནས་མི་སྲིད་པ་ལ་དགོངས་པ་ནི་མ་ཡིན་པ་དང༌། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོགས་པར་འགྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་འཁོར་ལོ་དང་པོར་ཐམས་ཅད་ཡོད་པར་གསུངས་པའི་རྗེས་ཐོག་ཉིད་དུ་དོན་དམ་བདེན་གྲུབ་འདི་ཡོད་པར་གསུངས་ན། སེམས་ཅན་རྣམས་ལ་ཐོག་མ་ཉིད་ནས་བདག་ཏུ་ལྟ་བའི་བག་ཆགས་ཡོད་པ་དང་རྗེས་སུ་འབྲེལ་བའི་རྐྱེན་གྱིས་གང་ཟག་གི་བདག་ཏུ་རྟོགས་པར་འགྱུར་པའི་གནས་ཡོད་པས། འཁོར་ལོ་བར་བར་ཟག་མེད་ཀྱི་དབྱིངས་འདི་ཡོད་ཅེས་མ་གསུངས་པར། ཆོས་ཐམས་ཅད་མ་གྲུབ་པ་ལྟར་གསུངས་པ་ཡིན་པའི་ཚུལ་ཞིབ་རྒྱས་སུ་གསུངས་སོ། །ཞེས་གསུངས་ཏེ། གཞན་ཡང་ཞེས་གསུངས་པ་དེ་ནི་གོང་དུ་འཁོར་ལོ་དང་པོ་གཉིས་དྲང་དོན་དང༌། ཐ་མ་ངེས་དོན་ཡིན་པ་དེ་བཤད་ཟིན་པ་རེད། དེ་ནས་གཞན་ཡང༌། འཁོར་ལོ་བར་བ་དྲང་དོན་ཡིན་པ་དེ་སངས་རྒྱས་བཅོམ་ལྡན་ཀྱི་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་གང་ལྟར་གསུངས་པ་རེད་ཟེར་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་གསུངས་པ་ནི། མཚན་ཉིད་གསུམ་ལ་དགོངས་ནས་གསུངས་པ་སྟེ། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུའི་སྐབས་སུ། དོན་དམ་ཡང་དག་འཕགས་ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །ཞེས་མདོར་བསྟན་ཏེ། དེའི་འོག་ཏུ་དེ་ལས་རྒྱས་པར་བསྟན་ཚུལ་ནི། ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན་ཀུན་བརྟགས་པའི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་མིང་དང་བརྡར་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས། དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པར་གསུངས་ལ། ཡང་དེ་ལས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི། བདག་ཉིད་ཀྱིས་ནི་མ་ཡིན་པས་དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པར་གསུངས་ལ། ཡང་དེ་ལས། ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། རྟེན་ཅིང་འབྲེལ་བར་་འབྱུང་བའི་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་དག་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པཉིད་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་ཆོས་རྣམས་ལ་རྣམ་པར་དག་པའི་དམིགས་པ་དོན་གང་ཡིན་པ་དེ་ནི་ངེས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ལ། ཞེས་དོན་དམ་ངོ་བོ་ཉིད་མེད་པ་དེ་གསུངས་པ་རེད། མདོར་ན། ཤེར་ཕྱིན་གྱི་མདོའི་སྐབས་སུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་ཅེས་གསུངས་པ་དེ་ནི། ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་གསུངས་པར་བསྟན་པ་རེད། དེས་ན་ངོ་བོ་ཉིད་མེད་པ་གསུམ་པོ་གང་རེད་ཟེར་ན། མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་གསུམ་པོ་དེ་རེད། དེའི་སྐབས་སུ་མཚན་ཉིད་ངོ་བོ་ཉིད་མེད་པ་དེ་ལ་ཀུན་བརྟགས་བཞག་པ་དང༌། དེ་ནས་སྐྱེ་བ་ངོ་བོ་ཉིད་མེད་པ་དེ་ལ་གཞན་དབང་བཞག་པ་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ལ་སྔ་ཕྱི་གཉིས་སུ་བྱས་ནས། སྔ་མ་དེ་གཞན་དབང་དང་ཕྱི་མ་དེ་ཡོངས་གྲུབ་ཏུ་བཞག་ནས་གསུང་གིན་ཡོད་པ་རེད། ཡིན་ན་ཡང༌། སློབ་དཔོན་དབྱིག་གཉེན་གྱིས་སུམ་ཅུ་པའི་སྐབས་སུ། ངོ་བོ་ཉིད་ནི་རྣམ་གསུམ་གྱིས། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་ཤེར་ཕྱིན་གྱི་མདོའི་སྐབས་སུ་ངོ་བོ་ཉིད་མེད་གསུངས་པ་དེ། ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་གསུངས་པ་རེད་ཅེས་སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་དེ་ལྟར་གསུངས་པ་རེད། དེ་ནང་བཞིན་དུ་གཞུང་འདིར་ཡང་དེ་ལྟར་གསུངས་པ་རེད། དོན་དམ་དུ་ཡོད་པའི་ཆོས་གཏན་ནས་མི་སྲིད་པ་ལ་དགོངས་པ་ནི་མ་ཡིན་པ་དང་ཞེས་གསུངས་པའི་དོན་ནི། དོན་དམ་པའི་ཆོས་དེ་དག་གཏན་ནས་མི་སྲིད་པ་མ་ཡིན་པར། ཡོད་པ། གཞི་གྲུབ། བདེན་པ། མི་བསླུ་བ་ཡིན་པ་དང༌། སྣང་ཚུལ་དང་གནས་ཚུལ་མཐུན་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་རྙེད་དོན་ཡིན་པར་གསུངས་པ་རེད། དེ་ཡང༌། མདོ་སྡེ་དགོང་པ་ངེས་འགྲེལ་གྱི་སྐབས་སུ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་པ་ཞིང༌། ངོ་བོ་ཉིད་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། ཞེས་གསུངས་པའི་དོན་འདི་ལྟར་འགྲེལ་དགོས་ཏེ། དེ་ལ་ཡོངས་གྲུབ་ཅེས་བྱ་བ་ནི། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་སམ་འདོགས་པའི་གཞི་དང་འདུ་བྱེད་ཀྱི་མཚན་མ་སྟེ། ཁྱད་ཆོས་གསུམ་ལྡན་གྱི་གཞན་དབང་དེ་རེ་ཞིག་སྟོང་གཞིར་བཟུང་ནས། དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་པ་ཞེས་བྱ་ཞིང༌། ཀུན་བརྟགས་ཀྱི་ངོ་བོ་ཉིད་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཉིད་ཅེས་པས་སྟོང་གཞི་མཐར་ཐུག་ཡོངས་གྲུབ་དེ་ཉིད་ཀུན་བརྟགས་ཀྱིས་སྟོང་བ་ལས་རང་གི་ངོ་བོས་མི་སྟོང་པར་བསྟན་སྙམ། ཆོས་ལ་བདག་མ་མཆིས་པའམ་གཟུང་འཛིན་གཉིས་ཀྱིས་སྟོང་བའི་གཞི་དེ་བཞིན་ཉིད་དང་རྣམ་པར་དག་པའི་འཕགས་པའི་མཉམ་བཞག་གི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། ཞེས་བཤད་དགོས་པ་འདྲ༌། ཡང་གཞན་ཁ་ཅིག་གིས་ཇོ་ནང་པ་ལ་དགག་པ་གཏོང་འོང་དུས་གང་འདྲ་གཏོང་བ་རེད་ཟེར་ན། ཇོ་ནང་པ་ཁྱེད་ཅག་གིས་མདོ་སྡེ་དགོངས་པ་ངེས་འགྲེལ་དེ་སྒྲས་ཟིན་སྒྲ་ཇི་བཞིན་པ་ཡིན་པར་ཁས་ལེན་གྱིན་འདུག་ཟེར། དེ་ལྟར་ཁས་ལེན་ན། མདོ་སྡེ་དགོངས་པ་ངེས་འགྲེལ་གྱིས་སྐབས་སུ་ཡོངས་གྲུབ་དེ་མེད་དགག་ཡིན་པར་གསུངས་ཡོད་པ་རེད་ཟེར། དེ་གང་ལྟར་གསུངས་པ་རེད་ཟེར་ན། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ཡོངས་གྲུབ་གསུངས་པའི་སྐབས་དེར། ངོ་བོ་ཉིད་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ། ཞེས་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཞེས་པས་མེད་པ་ཙམ་གྱི་མེད་དགག་དེ་བསྟན་འདུག་ཅེས་ཟེར། ཡིན་ན་ཡང༌། ཇོ་ནང་རང་ལུགས་ལ་གཞིར་བཞག་བྱས་པ་ཡིན་ན། ངོ་བོ་ཉིད་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཞེས་པས་མེད་དགག་བསྟན་པ་རྟགས་མ་གྲུབ་ཅེས་ལབ་དགོས་པ་རེད། འོ་ན་དེ་ཁོ་ན་ཞེས་པའི་རྣམ་བཅད་གང་རེད་ཟེར་ན། ཀུན་བརྟགས་དེ་གཞན་དབང་གིས་སྟོང་བ་མ་གཏོགས། ཡོངས་གྲུབ་དེ་ཉིད་གནས་སྣང་མཐུན་པའི་དོན་དམ་གནས་ལུགས་མཐར་ཐུག་པ་ཡིན་པའི་རྒྱུ་མཚན་གྱིས་ཡོངས་གྲུབ་དེ་རང་གི་ངོ་བོས་མི་སྟོང་བ་ཡིན་པར་གསུངས་པ་རེད། ཡིན་ན་ཡང༌། ཤེར་ཕྱིན་གྱི་མདོའི་སྒྲས་ཟིན་ལ་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང༌། ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང་ཞེས་སོགས་ཀྱི་དགོངས་དོན་ནི། གོང་དུ་འཁོར་ལོ་ཐ་མའི་མདོ་དེ་དག་གི་སྐབས་སུ་བཀྲལ་བ་ནང་བཞིན་དུ། གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ་ཡང་དེ་ལྟར་བཀྲལ་གྱིན་ཡོད་པ་རེད་ཅེས་ཞུ་རྒྱུ་དེ་ཡིན། དེའི་འོག་ཏུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོགས་པར་འགྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་པའི་དོན་ནི་རྒྱན་སྟུག་པོ་བཀོད་པའི་མདོ་སོགས་སུ་དོན་འདི་ཀུན་གཞིའི་རྣམ་ཤེས་ལ་སྦྱར་ནས་བཤད་ཚུལ་ཡང་ཡོད་རེད། དེ་ནང་བཞིན་དུ་བདེ་བར་བཤེགས་པའི་ཡེ་ཤེས་སྙིང་པོ་ལ་སྦྱར་ནས་གསུངས་པ་ཡོད་རེད། སྐབས་མང་པོ་ཞིག་ཏུ་ཀུན་གཞི་རྣམ་ཤེས་ཀྱིས་མཚོན་ནས་བདེ་བཤེགས་སྙིང་པོ་བསྟན་ཚུལ་ཞིག་འབྱུང་གིན་ཡོད་པ་རེད། དེའི་དབང་གིས་བུ་སྟོན་ཐམས་ཅད་མཁྱེན་པ་ལྟ་བུར་མཚོན་ན། བདེ་བཤེགས་སྙིང་པོ་དེ་གང་ལ་དགོངས་ནས་གསུངས་པ་རེད་ཟེར་ན། ཀུན་གཞིའི་རྣམ་ཤེས་ལ་དགོངས་ནས་གསུངས་པ་རེད་ཟེར། དེས་ན་བདེ་བཤེགས་སྙིང་པོ་དང་ཀུན་གཞིའི་རྣམ་ཤེས་གཉིས་གཅིག་ཏུ་འདོད་ནས་གསུང་གིན་ཡོད་པ་རེད། འོན་ཏེ། ཇོ་ནང་རང་གི་ལུགས་བསམ་བློ་བཏང་བ་ཡིན་ན། བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་དགེ་བ་དང་རྟག་པ་ཡིན་པར་མདོའི་སྐབས་སུ་གསུངས་པར་འདོད་པ་རེད། ཀུན་གཞིའི་རྣམ་ཤེས་ནི་མ་བསྒྲིབས་ལུང་མ་བསྟན་ཡིན་པ་དང་རྣམ་ཤེས་ཡིན་པ་ལས། ཡེ་ཤེས་ཡིན་པར་གསུངས་ཡོད་མ་རེད། དེས་ན། ཀུན་གཞིའི་རྣམ་ཤེས་དེ་ཉིད་བདེ་གཤེགས་སྙིང་པོ་མ་ཡིན་པ་དེ། ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་གྱི་འཁྲུལ་འཇོམས་ཆེ་ཆུང་ལ་སོགས་པའི་སྐབས་སུ་གསལ་ཞིང་རྒྱས་པར་ཤན་ཕྱེས་ཏེ། བུ་སྟོན་གྱི་འདོད་པ་དེ་གཙོ་བོ་འགོག་གིན་ཡོད་རེད། དེས་ན་འདིའི་སྐབས་སུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །ཅེས་གསུངས་པ་དེ་ཀུན་གཞི་ལ་སྦྱར་ན། ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་ཀུན་གྱིས་རྟོགས་མི་ཐུབ་པ་དང༌། ངོ་བོ་ཕྲ་བ་ཡིན་པ། དགེ་མི་དགེའི་བག་ཆགས་སྣ་ཚོགས་པའི་འཇོག་གཞི་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་དུ་ཆུ་ཕྲན་སྣ་ཚོགས་པ་འབབ་པ་ནང་བཞིན་དུ། ཀུན་གཞིའི་རྣམ་ཤེས་སྟེང་དུ་དགེ་མི་དགེ་སྣ་ཚོགས་པའི་བག་ཆགས་སྣ་ཚོགས་ཆུ་བོའི་རྒྱུན་བཞིན་དུ་འབབ་གིན་ཡོད་པར་གསུངས་པ་རེད། དེས་ན། འཁོར་ལོ་བར་བས་རྒྱུད་མ་སྦྱངས་པའི་གང་ཟག་ཅིག་ལ་ཀུན་གཞིའི་རྣམ་པར་ཤེས་པ་དེ་བསྟན་པ་ཡིན་ན། གང་ཟག་གི་བདག་ཏུ་འཁྲུལ་ནས་བདག་ཏུ་རྟོགས་པའི་གནས་ཡོད་པས། འདི་ནི་བྱིས་པ་རྣམ་ལ་ངས་མ་བསྟན། །ཞེས་འཁོར་ལོ་བར་བས་རྒྱུད་མ་སྦྱངས་པའི་གང་ཟག་རྣམས་ལ་བསྟན་པ་སྐབས་སུ་མ་བབས་པ་རེད་ཅེས་དེ་ལྟར་གསུངས་པ་རེད། དེས་མཚོན་ནས་ཁམས་བདེ་བ་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་དེ་ཉིད་ཀྱང་འཁོར་ལོ་བར་བས་རྒྱུད་མ་སྦྱངས་པའི་གང་ཟག་ཅིག་ལ་བསྟན་པ་ཡིན་ན། བདག་ཏུ་རྟོགས་པར་འགྱུར་བའི་གནས་ཡོད་པའི་རྒྱུ་མཚན་གྱིས་འཁོར་ལོ་དང་པོ་དང་བར་བས་རྒྱུད་སྦྱངས་ནས། རྗོད་བྱེད་ཚིག་གི་ཐེག་པ་ཐམས་ཅད་ལེགས་པར་ཞུགས་ཤིང༌། འཁོར་ལོ་ཐ་མ་དེ་ལ་ཐོས་བསམ་གྱི་སྒོ་ནས་འཇུག་པའི་གང་ཟག་དེ་ལ་བསྟན་དགོས་པར་གསུངས་པ་དེ་འདྲ་རེད། སྤྱིར་བཏང་དཔལ་ལྡན་ཟླ་བ་གྲགས་པའི་ལུགས་མཚོན་ན། འཇུག་པ་རང་འགྲེལ་གྱི་སྐབས་སུ་ཡང༌། བདེ་གཤེགས་སྙིང་པོ་བསྟན་པའི་མདོའམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཚན་བཟང་གིས་བརྒྱན་པའི་སྐུ་ཡོད་པར་གསུངས་པའི་མདོ་དེ་དྲང་དོན་ཡིན་པར་སྒྲུབ་འོང་དུས། ཀུན་གཞིའི་རྣམ་ཤེས་བསྟན་པའི་མདོ་དེ་ཡང་དྲང་དོན་ཡིན་པར་སྒྲུབ་ཐུབ་གི་རེད་ཅེས་རྗེ་བདག་ཉིད་ཆེན་པོས་དེ་ལྟར་གསུངས། རྒྱུ་མཚན་གང་ཞེ་ན། བདེ་གཤེགས་སྙིང་པོ་དེ་རྟག་པ་དང་དགེ་བ་སོགས་ཡིན་པར་གསུངས་ནའང༌། ངོ་བོ་ཕྱོགས་ཙམ་རེ་འདྲ་བའི་རྒྱུ་མཚན་གྱིས་དོན་གཅིག་པ་ལྟ་བུ་རེད། དེས་ན་གཅིག་ཤོས་དྲང་དོན་ཉིད་དུ་བསྟན་ན་གཅིག་ཤོས་ཀྱང་དྲང་དོན་ཡིན་པར་བཞེད་པ་རེད་ཅེས་རྗེ་རིན་པོ་ཆེས་དེ་ལྟར་གསུང་གིན་ཡོད་པ་རེད། ཡིན་ན་ཡང༌། སྐབས་འདིར་བདེ་གཤེགས་སྙིང་པོ་བསྟན་དགོས་ཀྱི་གདུལ་བྱ་དེ་དང༌། ཀུན་གཞི་རྣམ་ཤེས་བསྟན་དགོས་ཀྱི་གདུལ་བྱ་དེ་གཉིས་ཀ་དེ། འཁོར་ལོ་བར་བ་ལ་སོགས་པས་རྒྱུད་སྦྱངས་ཟིན་པའི་གང་ཟག་ཅིག་གི་དབང་དུ་བྱས་ནས་གསུངས་བཞག་པ་རེད། ལྷག་ཏུ་སྐབས་འདིར། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཞེས་གསུངས་པ་དེས་མཚོན་ནས་དོན་དམ་པའི་ཆོས་སྐུ་ཀུན་གཞིའི་ཡེ་ཤེས་དེ་ཉིད་བསྟན་པ་ཡིན་ན། འཁོར་ལོ་བར་བས་རྒྱུད་མ་སྦྱངས་པའི་གང་ཟག་དག་གིས་བདག་ཏུ་རྟོགས་པར་འགྱུར་པའི་གནས་ཡོད་པ་རེད་ཅེས་མདོ་ཙམ་ཞུས་པ་དེ་ཡིན། ཡང་ཚུལ་གཉིས་རྣམ་འབྱེད་ཀྱི་སྐབས་སུ། འཁོར་ལོ་དང་པོར་ཐམས་ཅད་ཡོད་པ་དང༌། མཚན་ཉིད་ཀྱིས་གྲུབ་པ། བདེན་པར་ཡོད་པའི་ཚུལ་དུ་གསུངས་པ་རེད་ཅེས་བརྗོད་ན་ཡང༌། སྤྱིར་ན་འཁོར་ལོ་དང་པོའི་སྐབས་སུ་འདྲེས་རྐང་བརྒྱ་རྩ་བརྒྱད་ལ་སོགས་པ་ཐམས་ཅད་གསུངས་པ་མ་ཡིན་པར། གཟུགས་ནས་བྱང་ཆུབ་ཕྱོགས་ཏེ་འཕགས་ལམ་ཡན་ལག་གི་བར་ཙམ་བརྩམ་གཞིར་བྱས་ནས། ཐམས་ཅད་ཡོད་ཡོད་དང་བདེན་པར་གྲུབ་གྲུབ་ལྟ་བུར་གསུངས་བཞག་པ་རེད། འོན་ཀྱང་དེ་ལྟར་གསུངས་པའི་རྗེས་ཐོག་དེ་ཉིད་དུ་དོན་དམ་བདེན་གྲུབ་འདི་ཡོད་པར་གསུངས་ན། སེམས་ཅན་རྣམས་ལ་ཐོག་མ་ཉིད་ནས་བདག་ཏུ་ལྟ་བའི་བག་ཆགས་ཡོད་པ་དང་རྗེས་སུ་འབྲེལ་བའི་རྐྱེན་གྱིས་གང་ཟག་གི་བདག་ཏུ་རྟོགས་པར་འགྱུར་པའི་གནས་ཡོད་པའི་རྒྱུ་མཚན་གྱིས། འཁོར་ལོ་བར་བའི་སྐབས་སུ་ཟག་མེད་ཀྱི་དབྱིངས་དེ་ཉིད་དོན་དམ་པར་ཡོད་ཅེས་མ་གསུངས་པར། དོན་དམ་དབྱིངས་དེ་ཉིད་བདེན་པར་མེད་པའི་ཚུལ་དུ་གསུངས་པ་མ་གཏོགས། བདེན་པར་ཡོད་པའི་ཚུལ་དུ་མ་གསུངས་པས་ན། ཆོས་ཐམས་ཅད་མ་གྲུབ་པ་ལྟར་གསུངས་པ་ཡིན་པའི་ཚུལ་ཞིབ་རྒྱས་སུ་གསུངས་སོ། །ཞེས་འཁོར་ལོ་བར་བའི་སྐབས་སུ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང༌། གཙོ་བོ་བདེན་དངོས་སུ་མ་གྲུབ་པ་དང་ལྟོས་པའི་བདེན་གྲུབ་མ་ཡིན་པ་དེ་ཞིབཅིང་ཕྲ་བའི་སྒོ་ནས་རྒྱས་པར་གསུངས་སོ་ཞེས་དེ་ལྟར་གསུངས་པ་རེད།

འཁོར་ལོ་བར་ཐའི་མདོ་སྡེ་དག་དྲང་ངེས་སོ་སོར་ཕྱེ་ཚུལ་བསྟན་པ།

འཁོར་ལོ་བར་ཐའི་མདོ་སྡེ་དག་དྲང་ངེས་སོ་སོར་ཕྱེ་ཚུལ་བསྟན་པ་ལ་གཉིས་ལས།

༡ རང་སྟོང་སྨྲ་བའི་བཞེད་ཚུལ། དེ་ནས། རྩ་བར། དེ་ལ་རང་སྟོང་བ་རྣམས་ནི་སྤྱིར་འཁོར་ལོ་ཐ་མའི་མདོ་དང༌། ཁྱད་པར་མདོ་འདི་ཉིད་ཀྱང་དྲང་དོན་ཡིན་ཞིང༌། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་བར་བ་གདུལ་བྱ་ཐེག་ཆེན་གྱི་རིགས་འབའ་ཞིག་ལ་གསུངས་པར་སྣང་བའི་ངེས་དོན་དང༌། ཐ་མ་ཐེག་པ་སྣ་ཚོགས་ལ་ཞུགས་པའི་བསམ་པ་ཐ་དད་པ་མང་པོ་འདུལ་བའི་ཕྱིར་བསྟན་པས་དྲང་དོན་ཡིན་པར་གྲུབ་ལ། རིགས་པས་ཀྱང་འཐད་དེ་དཔེར་ན། གཅིག་དུ་བྲལ་གྱི་རིགས་པས་བུམ་པ་ལྟ་བུ་ཞིག་བདེན་མེད་དུ་འབེབས་ནུས་ན། རིགས་པ་དེས་གཉིས་མེད་ཀྱི་ཡེ་ཤེས་ཀྱང་བདེན་མེད་དུ་གཏན་ལ་འབེབ་ནུས་ཏེ། བདེན་པའི་གཅིག་དང་དུ་མར་མ་གྲུབ་པ་སོགས་དཔྱད་པ་ཐམས་ཅད་མཚུངས་པར་འཇུག་པའི་ཕྱིར་བདེན་མེད་དུ་གྲུབ་ལ། གཞན་ཡང་རྣམ་རྫུན་གྱི་གྲུབ་མཐའ་དེ་དབུ་མ་ཡིན་ན། སེམས་ཙམ་པའི་མདོ་སྡེ་དང་བསྟན་བཅོས་མེད་པར་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པར་གསུང་ངོ༌། །ཞེས་གསུངས་ཏེ། རང་སྟོང་སྨྲ་བ་རྣམས་ཀྱིས་སྤྱིར་འཁོར་ལོ་ཐ་མའི་མདོ་སྡེ་དག་དང༌། ཁྱད་པར་དུ་མདོ་སྡེ་དགོངས་པ་ངེས་འགྲེལ་འདི་ཉིད་ཀྱང་དྲང་དོན་གྱི་མདོ་ཡིན་པ་རེད་ཅེས་གསུངས་པ་རེད། འདིའི་ཚིག་དང་འབྲེལ་ཏེ་གོང་དུ། ཆོས་ཐམས་ཅད་བདེན་པ་མ་གྲུབ་པ་ཡིན་པའི་ཚུལ་ཞིབ་རྒྱས་སུ་གསུངས་ཟེར་བ་དེ། འཁོར་ལོ་བར་བའི་གསུངས་ཚུལ་དེ་ཉིད་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་དེའི་དགོངས་པ་དེ། ཞིབ་རྒྱས་སུ་གསུངས་པ་རེད་ཅེས་པའི་དོན་དང༌། དེ་ནས་རང་སྟོང་པ་རྣམས་འཁོར་ལོ་ཐ་མའི་མདོ་དང་ཁྱད་པར་མདོ་འདི་ཉིད་ཀྱང་དྲང་དོན་འགྲེལ་ཞེས་གསུངས་པ་རེད། རང་སྟོང་པ་རྣམས་ཀྱིས་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་དང་ཁྱད་པར་དུ་མདོ་སྡེ་དགོང་པ་ངེས་འགྲེལ་འདི་ཉིད་དྲང་དོན་དུ་འགྲེལ་ཞིང༌། རྒྱུ་མཚན་ཡང༌། བར་བ་གདུལ་བྱ་ཐེག་ཆེན་འབའ་ཞིག་ལ་གསུངས་པར་སྣང་བས་ངེས་དོན་ཉིད་དུ་འགྲེལ་ཞིང༌། ཐ་མ་ཐེག་པ་སྣ་ཚོགས་ལ་ཞུགས་པའི་བསམ་པ་ཐ་དད་པ་མང་པོ་འདུལ་བའི་ཕྱིར་བསྟན་པས་དྲང་བའི་དོན་ཡིན་པར་གྲུབ་ཅེས་གསུངས་པ་དང༌། དེ་ལྟར་རིགས་པས་ཀྱང་འཐད་དེ་དཔེར་ན། གཅིག་དུ་བྲལ་གྱི་རིགས་པའི་སྒོ་ནས་བུམ་པ་ལྟ་བུ་ཞིག་བདེན་མེད་དུ་གཏན་ལ་འབེབས་ནུས་ན། རིགས་པ་དེའི་སྒོ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཀྱང་བདེན་མེད་དུ་གཏན་ལ་འབེབས་ཐུབ་པ་ཡིན་ཏེ། བདེན་པའི་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པ་སོགས་དཔྱད་པ་ཐམས་ཅད་མཚུངས་པར་འཇུག་པའི་ཕྱིར་ན། བདེན་མེད་དུ་གྲུབ་གི་རེད་ཅེས་རང་སྟོང་སྨྲ་བ་རྣམ་ཀྱི་ལུགས་ལ་དེ་ལྟར་གསུངས་པ་དང༌། གཞན་ཡང་རྣམ་རྫུན་གྱི་གྲུབ་མཐའ་དེ་དབུ་མ་ཡིན་ན། སེམས་ཙམ་པའི་མདོ་སྡེ་དང་བསྟན་བཅོས་མེད་པར་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པ་རེད་ཅེས་རང་སྟོང་པ་རྣམས་ཀྱིས་དེ་ལྟར་གསུངས་པ་རེད། ཡིན་ན་ཡང༌། གཞན་སྟོང་སྨྲ་བ་རང་གི་ལུགས་ལ་དབུ་མ་པ་དང་སེམས་ཙམ་པ་གཉིས་ཀྱི་མདོ་སྡེ་ལ་ཐུན་མོང་པ་ཡོད་ན་ཡང་ཆོག་པ་རེད། དེ་གང་འདྲ་རེད་ཟེར་ན། མདོ་སྡེ་དགོངས་པ་ངེས་འགྲེལ་དང་དེ་ནང་བཞིན་སེམས་ཙམ་མདོ་བཞི་སོགས་གཞན་སྟོང་དབུ་མ་པ་དང་སེམས་ཙམ་པ་གཉིས་ཀྱི་ངེས་དོན་མཐར་ཐུག་གི་མདོ་སྡེ་ཐུན་མོང་བ་ཡིན་ཡང༌། དེའི་དགོངས་པ་བཀྲལ་ཚུལ་མི་འདྲ་བ་གཉིས་འབྱུང་གི་ཡོད་པ་རེད་ཅེས་གསུངས་གིན་ཡོད་རེད། དེས་ན། སེམས་ཙམ་པའི་སློབ་དཔོན་ཡང་མཁས་པ་གཞན་མང་པོ་ཞིག་གིས་ཐོགས་མེད་སྐུ་མཆེད་སོགས་ཡིན་པར་ཤོད་ཀྱིན་ཡོད་རེད། ཡིན་ན་ཡང༌། གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ་སེམས་ཙམ་པའི་སློབ་དཔོན་ནམ་ཤིང་རྟའི་སྲོལ་འབྱེད་དེ་ལ་ཐོགས་མེད་སྐུ་མཆེད་སོགས་མི་འཇོག་པར། སྔོན་འཕགས་པ་ཀླུ་སྒྲུབ་སོགས་མ་བྱོན་པའི་སྔ་རོལ་དུ། སེམས་ཙམ་པའི་སློབ་དཔོན་ཨ་བི་ཏརྐ་དང་ཛྙཱ་ན་ཏ་ལ་ལ་སོགས་པའི་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་བྱུང་བ་རེད་ཅེས་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་སྙིང་པོ་དང༌། དེ་ནང་བཞིན་དུ་རྒྱ་གར་ཆོས་འབྱུང་སོགས་ཀྱི་སྐབས་སུ་གསུངས་ཡོད་པ་རེད། གཞན་ཡང་སྔ་འགྱུར་རྙིང་མའི་མཁས་དབང་ཆེན་མོ་དགེ་རྩེ་མ་ཧཱ་པཎྜི་ཏས་ཀྱང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་བཞེད་ཚུལ་དང་དགོངས་པ་གཅིག་ཉིད་དུ་གསུངས་ཡོད་པ་རེད། འོན་ཀྱང༌། དེ་དག་གིས་མཛད་པའི་བསྟན་བཅོས་དེ་དག་བོད་དུ་མ་འགྱུར་པ་རེད། དཔེར་ན། ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་ནང་ནས་སྡེ་བ་མང་པོ་ཞིག་གི་གཞི་ལམ་འབྲས་གསུམ་གྱི་གྲུབ་མཐའ་སྟོན་པའི་མདོ་སོགས་བོད་དུ་མ་འགྱུར་བ་ནང་བཞིན་ཡིན་ཞེས། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ་དེ་འདྲའི་སྒོ་ནས་གསུང་གིན་ཡོད་པ་རེད། དེས་ན་བསྟན་བཅོས་ཀྱི་དབང་དུ་བྱས་ན། བྱམས་ཆོས་སྡེ་ལྔ་སོགས་གཞན་སྟོང་དབུ་མ་ཆེན་པོའི་རང་གཞུང་དུ་བྱས་ནས་གསུང་གིན་ཡོད་རེད། མཁས་པ་གཞན་གྱི་ཁྲོད་དུ་བྱམས་ཆོས་སྡེ་ལྔའི་ནང་ནས་རྒྱུད་བླ་མ་དེ་དཔལ་ལྡན་ཐལ་འགྱུར་བའི་ལུགས་སུ་བཀྲལ་ནས། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་དགོངས་པ་མཐར་ཐུག་དེ་ཐལ་འགྱུར་བར་གནས་ཀྱང༌། གནས་སྐབས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་སུ་བཀྲལ་བ་དང༌། མདོ་སྡེ་རྒྱན་དང་འབྱེད་རྣམ་གཉིས་དེ་སེམས་ཙམ་པའི་རང་གཞུང་དུ་བཀྲལ་གྱིན་ཡོད་པ་རེད། དེ་ནང་བཞིན་དུ། ས་སྡེ་ལྔ་དང་སྡོམ་རྣམ་གཉིས་སོགས་ཀྱང་སེམས་ཙམ་པའི་རང་གཞུང་དུ་བཀྲལ་མཁན་མང་པོ་ཡོད་པ་རེད། ཡིན་ན་ཡང༌། གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་ལ་བྱམས་ཆོས་སྡེ་ལྔ་དང༌། ས་སྡེ་ལྔ། སྡོམ་རྣམ་གཉིས་ཐམས་ཅད་གཞན་སྟོང་དབུ་མའི་རང་ལུགས་སུ་བཀྲལ་ནས་དེ་དག་གི་སྐབས་སུ་གཞན་སྟོང་དབུ་མ་ཆེན་མོའི་ཐུན་མོང་གི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་རྒྱས་པར་བསྟན་ཏེ་གསུངས་ཡོད་པ་རེད་ཅེས་ཞུ་རྒྱུ་དེ་འདྲ་ཞིག་ཡིན། དེས་ན། སྐབས་འདི་དག་ཏུ། རང་སྟོང་གཞན་སྟོང་གི་ཚུལ་རྣམ་པ་གཉིས་མར་འབྱེད་འོང་དུས། གྲུབ་མཐའ་ལ་ཡང་རང་སྟོང་གི་གྲུབ་མཐའ་སྨྲ་བ་ཞིག་དང་གཞན་སྟོང་གི་གྲུབ་མཐའ་སྨྲ་བ་ཞིག་ཏེ་རྣམ་པ་གཉིས་གསུངས་ཡོད་པ་རེད། ཡང་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ལ་ཡང༌། གཞི་བདེན་པ་གཉིས་དང༌། ལམ་ཚོགས་གཉིས་སམ་ཐབས་ཤེས་ཟུང་འཇུགའབྲས་བུ་སྐུ་གཉིས་ལ་སོགས་པ་དེ་ལྟར་གསུང་གིན་ཡོད་པ་རེད། རང་ལུགས་ལ། དང་པོ་གཞིའི་རྣམ་བཞག་དེ་ལ་གཞི་བདེན་པ་གཉིས་ཞེས་གསུངས་པའི་བདེན་པ་གཉིས་ཀྱི་ནང་ནས། ཀུན་རྫོབ་བདེན་པ་དང་རང་སྟོང་གཉིས་དོན་གཅིག་ཡིན་པ་དང༌། དེ་གཞིན་དུ་དོན་དམ་བདེན་པ་དང༌། གཞན་སྟོང་གཉིས་དོན་གཅིག་ཡིན་པར་གསུངས་པ་རེད། དེ་ལྟར་གསུངས་པ་དེ་གཙོ་བོ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་རི་ཆོས་ངེས་དོན་རྒྱ་མཚོ་ལ་སོགས་པའི་སྐབས་སུ། གཞན་སྟོང་དབུ་མ་དང་དོན་དམ་བདེན་པ་གཉིས་དོན་གཅིག་ཡིན་པར་གསལ་བར་བྱས་ནས་ཡང་ནས་ཡང་དུ་གསུངས་ཡོད་པ་རེད། དཔེར་ན་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཀའ་བསྡུ་བཞི་པའི་སྐབས་སུ་ཡང༌། བདེ་གཤེགས་སྙིང་པོ་གཞན་སྟོང་ཡིན་པ་དང༌། །གློ་བུར་དྲི་མ་གཞན་སྟོང་ཡིན་ནམ་ཅི། །ཞེས་གློ་བུར་དྲི་མ་གཞན་སྟོང་མ་ཡིན་པར་གསུངས་ཡོད་པ་རེད། དེ་ནང་བཞིན་དུ། རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་ཡང༌། གྲོང་ཁྱེར་མིས་སྟོང་བ་དང༌། གཙུག་ལག་ཁང་དགེ་འདུན་གྱིས་སྟོང་བ། ཆུ་ཀླུང་ཆུ་མི་འབབ་པས་སྟོང་བ་སྟེ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གཅིག་གིས་གཅིག་སྟོང་བ་དེ་ནི་གཞན་སྟོང་གི་དཔེར་གསུངས་ཀྱི། གཞན་སྟོང་གི་དོན་ཡིན་པར་མ་གསུངས་པའི་ཕྱིར་ཞེས་དེ་འདྲའི་སྒོ་ནས་གསུངས་པ་རེད། དེ་ལྟར་གསུངས་པར་མ་ཟད། མདོ་སྡེ་ལང་ཀར་གཤེགས་པའི་སྐབས་སུ་ཡང༌། སྟོང་ཉིད་ཀྱིས་སྟོང་ཚུལ་བདུན་གསུངས་པའི་ནང་ནས་ཐ་མ་དེ་དེ་དག་གི་ནང་ནས། ཐ་ཤལ་གྱི་སྟོང་ཉིད་ཡིན་པར་གསུངས་པ་དེ། ཀུན་རྫོབ་ཀྱི་ཆོས་གཅིག་གིས་གཅིག་སྟོང་བ་དེ་ལ་བྱེད་ཀྱི། གཞན་སྟོང་དབུ་མ་ཆེན་པོའི་སྟོང་ཚུལ་དེ་ཉིད་མ་ཡིན་ཞེས་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་གསུངས་ཡོད་རེད། དེར་མ་ཟད། རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་ཐམས་ཅད་རང་སྟོང་དུ་འདོད་པ་དང༌། ཐམས་ཅད་གཞན་སྟོང་དུ་འདོད་པ་ནི་ཕྱིན་ཅི་མ་ལོག་པ་མ་ཡིན་ཏེ་ཞེས་གསུངས་ཏེ། ཐམས་ཅད་རང་སྟོང་འདོད་པ་དེ་དང་ཐམས་ཅད་གཞན་སྟོང་དུ་འདོད་པ་གཉིས་ཕྱིན་ཅི་མ་ལོག་པ་མ་རེད་ཕྱིན་ཅི་ལོག་པ་རེད་ཅེས་དེ་ལྟར་གསུངས་པ་རེད། དེའི་རྒྱུ་མཚན་གྱིས་དོན་དམ་བདེན་པ་གཞན་སྟོང་དང༌། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་སྟོང་རེད་ཅེས་གསུངས་པ་རེད། དེ་ལྟར་དུ་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཀྱང༌། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་སྟོང་ཡིན་ཞེས་པ་དེ་རྒྱལ་བ་སྲས་བཅས་ཀྱིས་བཞེད་པའི་རང་སྟོང་སྟེ། རང་ལུགས་ཀྱིས་ཁས་ལེན་པའི་རང་སྟོང་རེད་ཅེས་དེ་འདྲ་གསུངས་པ་རེད། དེས་ན་དོན་དམ་བདེན་པ་དེ་རང་སྟོང་དུ་འདོད་པ་རྒྱལ་བ་སྲས་བཅས་ཀྱིས་འདོད་པའི་རང་སྟོང་ཡང་མ་རེད་ལ། རང་ལུགས་ཀྱིས་དོན་དམ་བདེན་པ་དེ་རང་སྟོང་ཡིན་པར་ཁས་ཀྱང་ལེན་གི་ཡོད་མ་རེད། དེས་ན། དོན་དམ་བདེན་པ་དེ་རང་སྟོང་མ་ཡིན་པར་གཞན་སྟོང་ཡིན་པ་དེ་གསལ་བོར་གསུངས་པ་ཞིག་ཏུ་དེ་ཆགས་འདུག་ཡོད་རེད། ཡིན་ན་ཡང། རང་ལུགས་ཀྱི་མཁས་པ་ཚང་མ་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་པར་ཆགས་ཡོད་མ་རེད། དཔེར་ན། ཀུན་མཁྱེན་ཉ་དབོན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་དྲིས་ལན་ཡིད་ཀྱི་མུན་སེལ་སྐབས་སུ། སྔ་རབས་པའི་འཆད་ཚུལ་དང་བསྟུན་ན་དོན་ལ་རང་སྟོང་དང་གཞན་སྟོང་དང་གཉིས་ཀའོ། །ཞེས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དེ་གཉིས་ཀ་ཡིན་པར་གསུངས་པ་རེད། ཡིན་ན་ཡང༌། དེར་དམིགས་གསལ་གྱི་དོགས་པ་ཆེན་པོ་ཞིག་མི་འདུག་བསམ་གྱིན་ཡོད། དེ་གང་ཡིན་ཟེར་ན། གོང་ནས་མར་གསུང་ཚུལ་ལ་ལྟ་འོང་དུས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཟེར་བ་དེ། བུམ་པ་བུམ་པའི་ངོ་བོ་ཉིད་མེད་པར་བཤད་ན་འཐད་གི་མི་འདུགདེ་ལྟར་ན་གཞི་གྲུབ་པའི་ཆོས་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །ཞེས་དང༌། དེ་ལྟར་ན་བཀའ་བསྟན་བཅོས་ཐམས་ཅད་ནོར་བ་ཁོ་ནར་འགྱུར་རོ། །ཞེས་དེ་འདྲའི་སྒོ་ནས་གསུངས་འོང་དུས། ཆོས་ཐམས་ཅད་བུམ་པ་བུམ་པས་སྟོང་པ་ལྟ་བུར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་རང་གིས་མ་སྟོང་ཟེར་བ་དེ་དགག་ནས། རང་གི་ངོ་བོས་གྲུབ་པའམ་རང་བཞིན་གྱིས་གྲུབ་པས་སྟོང་ཞེས་དགག་བྱ་གཞན་ཙམ་གྱིས་སྟོང་པ་ལ་དེ་ལྟར་གསུངས་པ་ཡིན་པར་བསམ་མོ། །ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཀྱང་གསུང་ཟིན་ལ་གང་ཟག་བདག་མེད་རྟག་ཏུ་གཞན་སྟོང་སྟེ། ཞེས་གཞན་སྟོང་དབུ་མའི་རྒྱན་གྱི་སྐབས་སུ་དེ་ལྟར་གསུངས་ཡོད་པ་རེད། རེད་དེ། དེ་ནི་ཁ་ཅིག་གིས་གཞན་སྟོང་ཡིན་ན་ཐ་ཤལ་བའི་སྟོང་ཉིད་ཡིན་པས་ཁྱབ་པ་ཁས་ལེན་པ་ལ། དེ་ལྟར་ན་གང་ཟག་གི་བདག་མེད་སོགས་ཀྱང་སྟོང་ཉིད་ཐ་ཤལ་བ་ཡིན་པར་འགྱུར་ཞེས་གང་ཟག་བདག་མེད་རྟག་ཏུ་གཞན་སྟོང་སྟེ། །ཞེས་དེ་འདྲའི་སྒོ་ནས་གསུངས་པ་དང༌། དེ་ནང་བཞིན་དུ་གོང་དུ་དྲངས་མ་ཐག་པའི་ཉ་དབོན་ཀུན་དགའ་དཔལ་གྱི་གསུང་ཚུལ་དེ་ཡང་གཞན་ཞིག་གིས་སྟོང་བ་ཙམ་ལ་གཞན་སྟོང་ཞེས་གསུངས་པ་ལས། གཞན་སྟོང་དངོས་གནས་པ་ལ་དགོངས་པ་མ་ཡིན་པར་འདྲ་སྙམ། འོན་ཀྱང༌། རང་ལུགས་ཀྱི་མཁས་དབང་ཆེན་མོ་ངག་དབང་ཚོགས་གཉིས་རྒྱ་མཚོས། གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་ཅེས་གསུང་གིན་ཡོད་པ་དང༌། དེ་ནང་བཞིན་དུ་བླ་མ་བློས་གྲགས་ཀྱིས་ཀྱང་གཞི་གྲུབ་ན་གཞན་སྟོང་ཡིན་པས་ཁྱབ་ཅེས་དེ་ལྟར་གསུངས་ཡོད་པ་རེད། ཁོང་རྣམ་པ་ནི་མཁས་དབང་བསམ་གྱིས་མི་ཁྱབ་པ་ཡིན་མོད། ཡིན་ན་ཡང༌། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་གསུང་ཟིན་དེ་དང་ཅུང་ཟད་མི་འདྲ་བར་ཆགས་འདུག་ཡོད་པ་རེད། དེར་མ་ཟད། མདོ་དང་བསྟན་བཅོས་གང་གི་སྐབས་སུ་ཡང་གཞན་སྟོང་བསྟན་འོང་དུས། དོན་དམ་བདེན་པའི་ཐོག་ནས་བཤད་པ་མ་གཏོགས་ཀུན་རྫོབ་ཀྱི་ཆོས་ཞིག་གི་ཐོག་ནས་གཞན་སྟོང་གསུངས་པ་རང་ལུགས་ཀྱི་གཞུང་ལུགས་ཁུངས་ཐུབ་རྣམས་ཀྱི་སྐབས་སུ་བཀྲལ་གྱིན་མེད་པ་ཞིག་རེད། དཔེར་ན། གཞན་སྟོང་དབུ་མ་སྟོན་བྱེད་དེ་ལ་རིས་མེད་ཀྱི་མཁས་དབང་མང་པོ་ཞིག་གིས་རྒྱུད་བླ་མའི་སྐབས་སུ། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དེའི་ཐོག་ནས་གཞན་སྟོང་གི་གོ་བ་དེ་མར་སྦྱར་ནས་གསུང་གིན་ཡོད་པ་རེད། དེའི་ཐོག་ནས་གཞན་སྟོང་གི་གོ་བ་སྦྱར་ཚུལ་གང་འདྲ་རེད་ཟེར་ན། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཞེས་ཀུན་རྫོབ་གློ་བུར་བའི་ཆོས་དག་གིས་ཁམས་བདེ་བར་གཤེགས་པའི་སྙིང་བོ་དེ་སྟོང་པ་ཡིན་པ་སྟེ། ཁམས་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་སྟོང་གཞི་བྱས་ནས། དེ་རྣམ་དབྱེར་བཅས་པའི་ཀུན་རྫོབ་གློ་བུར་བའི་ཆོས་ཐམས་ཅད་ཀྱིས་སྟོང་གི་རེད་ཅེས་དེ་ལྟར་གསུངས་པ་རེད། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དོན་དམ་བདེན་པ་དེ་རྣམ་དབྱེར་མེད་པའི་དོན་དམ་པའི་ཡོན་ཏན་ཐམས་ཅད་སྐུ་དང་ཞིང་ཁམས་ཀྱི་བདག་ཉིད་དུ་གྲུབ་པས་མི་སྟོང་ཞེས། དེའི་སྐབས་སུ་གཞན་སྟོང་གི་གོ་བ་ཞིག་གསུང་གིན་ཡོད་པ་རེད། དེ་ནང་བཞིན་དུ། དེའི་བཤད་བྱའི་མདོའི་སྐབས་སུ་ཡང༌། གང་ལ་གང་མེད་པ་ནི་དེས་སྟོངཔའོ། །དེའི་ལྷག་མ་གང་ཡིན་པ་ནི་ཡོད་པའོ། ། ཞེས་དང༌། དབུས་མཐའ་རྣམ་འབྱེད་སྐབས་སུ་ཡང༌། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་གཞན་སྟོང་གསུང་བྱེད་ཀྱི་མདོ་དང་བསྟན་བཅོས་ཐམས་ཅད་ཀྱི་སྐབས་སུ་རང་གི་ངོ་བོ་མི་སྟོང་བར་གཞན་ཀུན་རྫོབ་ཀྱི་ཆོས་ཀྱིས་སྟོང་པ་ལ་གཞན་སྟོང་ཟེར་བ་དེ་འདྲ་རེད། ཡིན་ན་ཡང༌། གཞན་སྟོང་གི་སྒྲ་བཤད་ཙམ་རང་གི་ངོ་བོ་མི་སྟོང་ཞིང༌། གཞན་གྱིས་སྟོང་པ་ཙམ་ལ་གཞན་སྟོང་ཞེས་དེ་འདྲ་གསུངས་པ་ཡོང་གི་ཡོད་རེད་དེ། དེ་ཙམ་གྱིས་གཞན་སྟོང་མཐར་ཐུག་པའམ་མཚན་ཉིད་པ་ཞིག་ཏུ་འཇོག་མི་ཐུབ་པར་ཆགས་འདུག་ཡོད་རེད། དེའི་རྒྱུ་མཚན་གྱིས་ཀུན་རྫོབ་ཀྱི་ཆོས་རྣམས་རང་སྟོང་ཟེར་བ་རང་གི་ངོ་བོ་བདེན་པས་སྟོང་བའམ་རང་བཞིན་གྱིས་གྲུབ་པས་སྟོང་པ་དང༌། གཅིག་དུ་བྲལ་གྱི་རིགས་པ་དང༌། ཤིང་རྟ་རྣམ་བདུན་གྱི་རིགས་པ། མཐའ་བཞི་སྐྱེ་འགོག་གི་རིགས་པ། མུ་བཞི་སྐྱེ་འགོག་གི་རིགས་པ་ལ་སོགས་པས་དཔྱད་འོང་དུས། དཔྱད་བཟོད་དུ་མ་གྲུབ་པ་བྱེད་ཀྱི། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་རང་གིས་མི་སྟོང་པ་སྟེ། དཔེར་ན། བུམ་པ་བུམ་པས་མ་སྟོང༌། ཀ་བ་ཀ་བས་མ་སྟོང་ཞེས་སྟོང་ཚུལ་ལ་ཡོད་པ་དང་ཡིན་པའི་སྟོང་ཚུལ་གཉིས་ལས་མ་འདས་པ་རེད། དེས་ན་བུམ་པ་ཁོ་རང་རང་གིས་ཡིན་པ་དང་ཡོད་པ་གང་གིས་ཀྱང་མ་སྟོང་པ་རེད་ཅེས་ཞུ་རྒྱུ་དེ་ཡིན། དེ་དག་གི་སྒོ་ནས་རང་སྟོང་གཞན་སྟོང་གི་ཁྱད་པར་བསྟན་བྱེད་ཀྱི་མདོ་དང་བསྟན་བཅོས་ལ་སོགས་པའི་དགོངས་པ་རགས་ཙམ་ཞིག་ཞུས་པ་དེ་ཡིན། དེས་ན་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སྟོང་ཡིན་པ་དེ་དང༌། དོན་དམ་བདེན་པ་ཆོས་ཀྱི་དབྱིངས་དེ་གཞན་སྟོང་ཡིན་པར་གསུངས་འགྲོ་གིན་ཡོད་པ་དེ་རེད། དེས་ན་ད་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་སྟོང་ཡིན་ཟེར་བ་དེ་ལ། འཆད་ཚུལ་མི་འདྲ་བ་གཉིས་མཁས་པ་རྣམས་ཀྱི་ཁྲོད་ན་ཡོང་གིན་ཡོད་པ་རེད། དེ་གང་འདྲ་རེད་ཟེར་ན། གོང་དུ་ཞུས་པ་བཞིན། བུམ་པ་བུམ་པས་སྟོང་ཟེར་མཁན་ཞིག་དང༌། བུམ་པ་རང་གིས་མི་སྟོང་ཡང་དགག་བྱ་རང་བཞིན་གྱིས་གྲུབ་པས་སྟོང་ཟེར་མཁན་དེ་རྣམ་པ་གཉིས་བྱུང་བ་རེད། བླ་མ་མི་ཕམ་པའི་དབུ་མ་ངེས་ཤེས་སྒྲོན་མེའི་སྐབས་དེར་ཀ་བ་ཀ་བས་མ་སྟོང་ན་ཀ་བ་གཞན་གྱིས་སྟོང་དགོས་ལ། ཀ་བ་གཞན་གྱིས་སྟོང་ན་ཚིག་ཙམ་མ་གཏོགས་དོན་གྱིས་གཞན་སྟོང་དུ་ཆགས་འགྲོ་གི་རེད་ཅེས་དེ་འདྲའི་སྒོ་ནས་གསུངས་ཡོད་རེད། ཡིན་ན་ཡང༌། བླ་མ་མི་ཕམ་ཚང་གིས་གཞན་སྟོང་ཁས་ལེན་སེང་གེའི་ང་རོའི་སྐབས་སུ། སྣང་གནས་གཉིས་ཀྱི་སྒོ་ནས་བདེན་གཉིས་ཀྱི་རྣམ་བཞག་ཅིག་གསུངས་ཏེ། སྣང་ཚུལ་དང་གནས་ཚུལ་མཐུན་པའི་དོན་དམ་བདེན་པ་དེ་ཉིད་གཞན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་གི་རང་གི་ངོ་བོ་བདེན་པས་མི་སྟོང་པའི་བདེན་གྲུབ་ཅེས་ཚིག་ཟིན་ན་གསལ་བོར་གསུངས་ཡོད་པ་དེ་འདྲ་ཞིག་རེད། འོ་ན་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་རང་ལུགས་ལ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བུམ་པ་བུམ་པས་སྟོང་པ་བཞིན་རང་རང་གིས་ཨེ་སྟོང་ཞེ་ན། དེ་མི་སྟོང་ཟེར་དགོས་པ་ལྟ་བུར་ཆགས་འདུག་ཡོད་པ་རེད། དེ་ཅིའི་ཕྱིར་ཞེ་ན། ཀུན་མཁྱེན་ཉ་དབོན་པའི་གཞི་ལམ་འབྲས་གསུམ་ལས་བརྩམས་པའི་དྲིས་ལན་ཡིད་ཀྱི་མུན་སེལ་གྱི་སྐབས་སུ། དྲི་མ་མེད་པའི་མདོ་བསྟན་བཅོས་ལ་བརྟེན་ནས་གཟུ་བོའི་བློས་དཔྱད་ན། ཕྱི་ནང་གི་ཆོས་ཀུན་དང་དེའི་སྟོང་ཉིད་དེ་བཞིན་ཉིད་སོགས་ཀྱང་སྟོང་ངོ་མེད་དོ་ཞེས་གསུངས་ཀྱང་དྲང་དོན་དགོངས་པ་ཅན་ཡིན་གྱི་སྒྲ་ཇི་བཞིན་པ་མིན་ཏེ། དགེ་སྡིག་སོགས་ལས་རྒྱུ་འབྲས་ལ་བསྐུར་བ་བཏབ་པར་འགྱུར་བའོ། །ཞེས་ཚིག་གསལ་བོར་བྱས་ནས་དེ་ལྟར་གསུངས་བཞག་པ་རེད། མདོར་ན། དེ་དག་སྟོང་ངོ་མེད་དོ་ཞེས་གསུངས་པ་དེ་དག་ནི་དྲང་དོན་དགོངས་པ་ཅན་ཡིན་གྱི་སྒྲ་ཇི་བཞིན་པ་མིན་ཏེ་ཞེས་སོགས་ཚིག་ཟིན་ལ་གསལ་བོར་གསུངས་ཡོད་པ་དེ་ཤེས་དགོས་པ་ཞིག་རེད། དེ་ནང་བཞིན་དུ། འཇམ་པའི་དབྱངས་དངོས་ཉ་དབོན་ཀུན་དགའ་དཔལ་བཟང་པོ་རང་ཉིད་ཀྱིས་མཛད་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། རང་སྟོང་སྟོང་ཉིད་མཆོག་ཏུ་སྨྲ་བ་རྣམས་ཀྱིས་ནི་དགེ་བ་དགེ་བས་སྟོང༌། སྡིག་པ་སྡིག་པས་སྟོང་ཞེས་སོགས་སྒྲ་ཇི་བཞིན་པར་ཆོས་ཐམས་ཅད་རང་གིས་སྟོང་བར་ཁས་བླངས་སོ། །དེ་ལྟར་ཁས་ལེན་ན་ཆད་ལྟ་ལས་ཀྱང་ཆེས་ཆད་ལྟར་འགྱུར་རོ། །ཞེས་དེ་ལྟར་གསུངས་པའི་རྒྱུ་མཚན་གྱིས། ཇོ་ནང་རང་ལུགས་ལ་སྡིག་པ་སྡིག་པས་སྟོང་བ་དང་དགེ་བ་དགེ་བས་སྟོང་ཞེས་དེ་ལྟར་ཁས་ལེན་པ་ཡིན་ན་ཆད་ལྟ་ལས་ཀྱང་ཆེས་ཆད་ལྟར་འགྱུར་རོ་ཞེས་དེ་ལྟར་ཚིག་གསལ་བོའི་སྒོ་ནས་གསུངས་ཡོད་པ་དང༌། ཡང་དེ་ལས། གལ་ཏེ་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་ཞེས་ཁྱད་པར་གྱི་ཚིག་གང་ཡང་མ་སྦྱར་བར་སྤྱིར་དེ་སྐད་འདོད་དམ་བརྟགས་ཤིང་དཔྱད་པའི་དེ་ཁོ་ན་ཉིད་ཀྱི་དོན་དམ་པར་ཞེས་དེ་སྐད་འདོད། དང་པོ་ལྟར་ན་བདེན་པ་གཉིས་སུ་རྣམ་དབྱེ་བྱས་པའི་བཀའ་བསྟན་བཅོས་ཐམས་ཅད་ནོར་བ་ཁོ་ནར་འགྱུར་ཞིང༌། གཞི་གྲུབ་པ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །ཞེས་ཆོས་རང་རང་གི་ངོ་བོ་བདེན་གྲུབ་ཀྱིས་སྟོང་པ་དང༌། རང་བཞིན་གྱིས་གྲུབ་པས་སྟོང་པ་སོགས་ཁྱད་པར་གྱི་ཚིག་གང་ཡང་མ་སྦྱར་བར་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་ཞེས་ཁས་ལེན་པ་ནི། དང་པོ་ལྟར་ཏེ། བདེན་པ་གཉིས་སུ་ཕྱེ་བའི་བཀའ་བསྟན་བཅོས་ཐམས་ཅད་ནོར་བ་ཁོ་ནར་འགྱུར་བ་དང༌། གཞི་གྲུབ་པའི་ཆོས་ཅུང་ཟད་ཀྱང་མེད་པར་འགྱུར་རོ་ཞེས་ཆད་མཐར་ལྟུང་བ་ཡིན་པར་གསུངས་པ་དེ་ཐམས་ཅད་ཀྱིས་ཐུགས་ལ་ཉར་དགོས་པ་ཞིག་རེད། རྒྱུ་མཚན་གང་རེད་ཟེར་ན། ཆོས་བརྒྱུད་གཞན་པའི་ཁྲོད་ན་ཡང༌། ཇོ་ནང་པས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མེད་པར་འདོད་པ་རེད་ཅེས་དེ་འདྲའི་ལོག་པར་བཤད་པ་རེ་ཟུང་ཐོན་གྱིན་འདུགདེ་ནང་བཞིན་དུ། ཇོ་ནང་རང་གི་ངོས་ནས་ཀྱང་ཇོ་ནང་གི་གཞུང་ལུགས་ཆེན་པོ་དག་ལ་ལྟ་མ་མྱོང་པའི་ཁྲོད་དུ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མེད་པ་རེད་ཅེས་ཚིག་ཟིན་ཁ་ཤས་ལ་འཁྲུལ་ནས་དེ་འདྲ་ལབ་མཁན་ཡོང་གིན་ཡོད་པ་རེད། དེའི་གནད་འགག་གང་འདྲའི་ཐོག་ནས་ཡོང་གིན་ཡོད་རེད་ཟེར་ན། ཁོ་ཚོས་དཔེར་ན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་རྒྱལ་བ་རྒྱ་མཚོ་ལ་སོགས་པའི་སྐབས་སུ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གདོད་མ་ཉིད་ནས་མ་གྲུབ་པའི་ཞེས་སོགས་ཀྱི་ཚིག་ཁ་ཤས་ཁུངས་སུ་འདྲེན་གྱིན་འདུགདེས་ན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གདོད་མ་ནས་ཡོད་པ་ཕྱི་ནང་སུ་གཅིག་གིས་ཀྱང་ཁས་ལེན་གི་ཡོད་མ་རེད། དེས་ན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཆོས་ཅན། མེད་པར་ཐལ། གདོད་མ་ནས་ཡོད་མ་མྱོང་པའི་ཕྱིར་ཞེ་ན། ཁྱབ་པ་མ་བྱུང༌། དེ་ཚིག་ཟིན་སྒྲ་ཇི་བཞིན་པ་རེད། དེ་དང་འདྲ་བར་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་གི་སྒྲས་ཟིན་ཁ་ཅིག་ལ་དགག་བྱའི་ཁྱད་པར་མ་སྦྱར་བར་སྐབས་འགའ་རེར་གསུངས་པ་ཡོད་རེད་དེ། དེ་ནི་དོན་དམ་གཏན་ལ་འབེབས་པའི་སྐབས་གཞིར་བཞག་བྱས་ནས་གསུང་གིན་ཡོད་པ་རེད། དེ་ལྟར་ཡང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་རང་གིས་སྐབས་མང་པོ་ཞིབ་ཆ་བྱས་ཏེ། དཔེར་ན་གནས་ལུགས་ལ་ཞེས་སོགས་གནས་ལུགས་དཔྱོད་པའི་དབང་དུ་བྱས་ནས། རང་གི་ངོ་བོ་ཉིད་མེད་ཅེས་གསུང་གིན་ཡོད་པ་རེད། དེར་མ་ཟད། རྗེ་བཙུན་བྱམས་པ་མགོན་པོའི་མདོ་སྡེ་རྒྱན་གྱི་སྐབས་སུ། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་བཞིན་དུ་འཛིན་བཞིནཏེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཅེས་ངོ་བོ་ཉིད་མེད་ཟེར་བ་དེ་དེ་འདྲ་ཞིག་གི་ཐོག་ལ་སྦྱར་ནས་གསུངས་ཡོད་པ་རེད། དེ་ནང་བཞིན་དུ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་སྐབས་སུ། རང་བཞིན་ཡོད་མིན་དེ་ནི་མེ་ལོང་ལས། །ཞེས་དགག་བྱའི་ཁྱད་པར་སྦྱར་ཏེ་རང་བཞིན་ཡོད་མིན་ཞེས་གསུང་གིན་ཡོད་པ་དེ་འདྲ་རེད། ཉ་དབོན་ཀུན་དགའ་དཔལ་བཟང་པོས་གསུངས་པ་ནང་བཞིན་དུ། རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་ཡང༌། ཆོས་ཐམས་ཅད་གནས་ལུགས་ལ་ཞེས་དགག་བྱའི་ཁྱད་པར་སྦྱར་ཏེ། གནས་ལུགས་ལ་རི་བོང་རྭ་དང༌། མོ་ཤམ་གྱི་བུ་ལྟར་ཅི་ཡང་མ་རེད་ཅིང་གང་དུ་མ་གྲུབ་པས་ནམ་མཁའི་མེ་ཏོག་ལྟ་བུར་ཐག་གཅོད་དགོས་ཞེས་གསལ་བོར་གསུངས་ཡོད་པ་དེ་ཤེས་དགོས་གི་འདུག་ཅེས་ཞུ་རྒྱུ་དེ་ཡིན། དེ་ནང་བཞིན་དུ། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་བཀའ་བསྡུ་བཞི་པའི་སྐབས་སུ། སྣང་གྲགས་འདི་ཀུན་གཤིས་ཀྱི་གནས་ལུགས་ལ། །རི་བོང་རྭ་བཞིན་གཏན་ནས་མ་གྲུབ་ཀྱང༌། །ཐ་སྙད་འཁྲུལ་ངོར་རྨི་ལམ་སྒྱུ་མ་བཞིན། །ཞེས་གཤིས་ཀྱི་ཡིན་ལུགས་ལ་མ་གྲུབ་ཅེས་དེ་འདྲའི་སྒོ་ནས་གསུངས་ཡོད་པ་རེད། རང་ལུགས་ཀྱི་ཡིག་ཆའི་གསུང་ཟིན་མང་པོའི་སྐབས་སུ། ཀུན་རྫོབ་ཀྱི་ཆོས་ཙམ་དོན་དམ་ལ་མེད་ཅེས་དང༌། གནས་ལུགས་ལ་མེད་པ་དང༌། ཡིན་ལུགས་ལ་མེད་ཅེས་དེ་ལྟར་སྦྱར་བ་མ་གཏོགས། སྤྱིར་བཏང་མེད་ཅེས་གསུང་གིན་མེད་པ་དེ་ཐམས་ཅད་ཀྱིས་ཤེས་དགོས་པ་རེད། གཞན་ཡང༌། ས་བཟང་མ་ཏི་པཎ་ཆེན་གྱི་དངོས་སློབ་འཇམ་དཔལ་གྲགས་པའི་བཀའ་བསྡུ་ལྔ་པའི་སྐབས་སུ། ལས་རྒྱུ་འབྲས་ལ་བླང་དོར་བྱེད་པ་ལས་བྱུང་བའི་འབྲས་བུ་མཐོ་རིས་དང་ཐར་བ། འཁོར་བ་དང་ངན་སོང་སོགས་མེད་པར་ཁས་བླང་དགོས་ཏེ། རྒྱང་འཕེན་པའི་གསང་ཚིག་འཛིན་པ་དང་བཟོད་བྱུང་མི་གདའ་འམ། ཞེས་དགག་བྱའི་ཁྱད་པར་མ་སྦྱར་ན། ཆད་མཐར་ལྟུང་འགྲོ་བ་སྟེ་རྒྱང་འཕེན་པའི་ལྟ་བར་འགྱུར་བར་གསུངས་པ་དང༌། ཡང་དེ་ལས། ཀུན་རྫོབ་ལས་འབྲས་མེད་པར་ཤེས་ཀྱང་ཤེས་པ་མ་ཡིན་ངན་སོང་གསུམ་དུ་འཕེན་བྱེད་ཡིན། དོན་དམ་དྲི་མ་དོན་དམ་ཡོད་པ་ཤེས་ཀྱང་ཤེས་པ་མ་ཡིན་རྨོངས་པའི་རྟག་ལྟ་ཡིན། ཞེས་དགག་བྱའི་ཁྱད་པར་མ་སྦྱར་བར་ཆོས་ཐམས་ཅད་དོན་དམ་པར་ཡོད་ཟེར་ན་རྟག་མཐར་ལྟུང་བ་སོགས་གསུངས་པ་དེ་ཤེས་དགོས་ཀྱིན་འདུགདེར་མ་ཟད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་ལྟ་བ་ཤན་འབྱེད་ཀྱི་མགོ་ནས་མཇུག་བར་དུ་གཙོ་བོ་གང་འགོག་གིན་ཡོད་རེད་ཟེར་ན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཡོད་མེད་ཡིན་མིན་གང་ཡང་མ་ཡིན་ཟེར་བ་དེ་གཙོ་བོ་བཀག་ཡོད་པ་རེད། དེ་ཡང་གཞུང་དེ་ཉིད་ལས། ཡོད་པ་མིན་ཞེས་བརྗོད་པ་ཡིས། །དོན་དེ་མེད་པར་མི་སྟོན་ན། །དབུལ་བའི་ཕུང་བོ་གསེར་རྣམས་དག།ཡོད་མེད་དྲིས་པས་ཡོད་མེད་ཅེས། །སྨྲ་ན་གསེར་མེད་མི་ཤེས་སམ། །མེད་པ་མིན་ཞེས་བརྗོད་པ་ཡིས། །ཆོས་དེ་ཡོད་པར་མི་སྟོན་ན། །ཕྱུག་པོ་དག་ལ་ལོངས་སྤྱོད་དག།ཡོད་མེད་དྲིས་པས་མེད་མིན་ཞེས། །སྨྲ་ན་ནོར་ཡོད་མི་ཤེས་སམ། །ཞེས་དང༌། ཡོད་མེད་བར་ན་ཕུང་སུམ་མེད། །དེ་ཕྱིར་ཡོད་མེད་མེད་མིནགྱི། །རྒོལ་འདི་སྤོང་ལ་གང་རུང་སྨྲོས། །ཞེས་དཔེར་ན། མི་དབུལ་པོ་ཞིག་ལ་ཁྱོད་ལ་གསེར་ཨེ་ཡོད་ཅེས་དྲིས་པར་གསེར་ཡོད་པ་མིན་ཞེས་ལབ་ན། མི་དེ་ལ་གསེར་མེད་པར་གོ་འགྲོ་བ་དང༌། ཡང་མི་ཕྱུག་པོ་ཞིག་ལ་ཁྱོད་ལ་ནོར་ཡོད་དམ་མེད་ཅེས་དྲིས་པ་ན། ནོར་མེད་པ་མིན་ཞེས་བརྗོད་དུས་ནོར་ཡོད་པ་དེ་གོ་འགྲོ་བ་རེད། དེས་ན། ཡོད་མེད་བར་ལ་ཕུང་པོ་སུམ་པ་ཞིག་ཡོད་ན་དེ་ལྟར་གོ་དགོས་དོན་ཡོད་མ་རེད། དཔེར་ན། བུམ་པ་མ་ཡིན་ཞེས་བརྗོད་པས་ཀ་བ་གོ་ཐུབ་གི་མ་རེད། རྒྱུ་མཚན་ཀ་བ་དང་བུམ་པ་གཉིས་ཀྱི་བར་ན་དེ་གཉིས་གང་ཡང་མིན་པའི་ཕུང་སུམ་པའི་ཆོས་གཟུགས་སྒྲ་ལ་སོགས་པའི་ཆོས་མང་པོ་ཞིག་ཡོད་པས་རེད། དེས་ན། བདག་ཏུ་མ་གྲུབ་པ་ཡིན་ན་ཡོད་མེད་གང་རུང་ཡིན་པས་ཁྱབ། ཡོད་པ་མ་ཡིན་ན་མེད་པ་ཡིན་པས་ཁྱབ། མེད་པ་མ་ཡིན་ན་ཡོད་པ་ཡིན་པས་ཁྱབ་དགོས་པ་ལས། དེ་ལྟར་ཁྱབ་པ་མེད་ན་ཁ་ཅིག་ལ་གནོད་བྱེད་མང་པོ་ཞིག་བརྗོད་ཡོད་རེད། ཁ་ཅིག་གིས་དོན་དམ་བདེན་པ་ཡོད་པ་མིན་ཞེས་ཟེར། དོན་དམ་བདེན་པ་ཡོད་པ་མིན་ན། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱང་མེད་པར་འགྱུར་ལ། དེ་ལྟར་ན་ལས་རྒྱུ་འབྲས་སོགས་ཀྱང་མེད་པར་ཐལ་ཞེས་ཕྱོགས་སྔ་མ་ཁ་ཅིག་ལ་དགག་པ་མང་པོ་བཏང་ཡོད་པ་རེད། དེའི་ཕྱིར་ན། རང་ལུགས་ཀྱི་མཁས་པ་ཐམས་ཅད་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་ཙམ་བཏགས་ཙམ་དུ། ཡོད་པ་ཡིན་པ་དང༌། རྟེན་འབྲེལ་ཡིན་པ། བསླུ་བ་ཡིན་པ་སོགས་དེ་ལྟར་གསུང་གིན་ཡོད་པ་རེད། གཞན་ཡང་སྔགས་བླ་མེད་ཀྱི་སྐབས་སུ་ཡང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་སྦྱོར་དྲུག་ངོ་སྤྲོད་ནང་མའི་སྐབས་དེར་གང་འདྲ་གསུངས་ཡོད་ཟེར་ན། ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྟེན་འབྲེལ་བདེན་སྟོང་སྒྱུ་མ་ལྟ་བུ་ངོ་སྤྲད་ཅེས་གསུངས་ཡོད་པ་དེ་དག་ཐུགས་ལ་ཉར་ནས་ཤེས་དགོས་པ་རེད། གཞན་གྱིས་ཀྱང་དཔེར་ན། བླ་མ་མི་ཕམ་སོགས་ཀྱིས་ཤེར་འགྲེལ་ཀེ་ཏ་ཀའི་ནང་དུ། སྣང་ཙམ་དུ་འགོག་པའི་མཁས་པ་སུ་ཡང་མེད་པའི་ཕྱིར་ཞེས་གསུངས་པ་དང༌། དེ་ནང་བཞིན་དུ། ཆོས་བརྒྱུད་གཞན་བཀའ་བརྒྱུད་པ་དང༌། སྔ་འགྱུར་རྙིང་མ་པ་སོགས་ཀྱིས་མེད་ཟེར་བ་དེ་གནས་ལུགས་དོན་དམ་དུ་མེད་པ་ཡིན་གྱི། སྣང་ཙམ་བཏགས་ཙམ་དུ་མི་འགོག་པ་ལྟ་བུར་གསུངས་པ་བཞིན་དུ་རང་ལུགས་ཀྱིས་ཀྱང༌། སྣང་ཙམ་བཏགས་ཙམ་དེ་ཉིད་འགོག་གི་མེད་པ་དེ་ཐམས་ཅད་ཀྱིས་མཁྱེན་དགོས་པ་རེད་ཅེས་ཞུ་རྒྱུ་དེ་ཡིན། གཞན་ཡང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཀུན་གཞི་མེད་ཟེར་མཁན་རྣམས་ལ་ཀུན་གཞི་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པ་མང་པོ་ཞིག་ཐེག་མཆོག་དབུ་མ་སོགས་ཀྱི་སྐབས་སུ་གསུངས་ཡོད་ལ། གལ་ཏེ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མེད་ན་ཀུན་གཞི་ཀུན་རྫོབ་ཡིན་པས། དེ་ཡོད་པར་བསྒྲུབ་ཚུལ་ཡང་མེད་པར་འདོད་དགོས་སོ། ། ཡིན་ན་ཡང༌། ང་ཚོས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་འཁྲུལ་བ་མ་ཡིན་ཡང་འཁྲུལ་བའི་སྣང་བ་ཙམ་ཞིག་ཡིན་པ་དེ་འདྲ་གསུང་གིན་ཡོད་པ་རེད། འཁྲུལ་བའི་སྣང་བ་ཡིན་ན་འཁྲུལ་བའི་དབང་གིས་སྣང་དགོས་པ་ཞིག་ཡིན་པའི་དབང་གིས། སངས་རྒྱས་ཀྱི་ས་ན་ཀུན་རྫོབ་ཀྱི་སྣང་བ་མེད་ཅེས་ཀུན་མཁྱེན་དོལ་པོ་པའི་བདེན་གཉིས་གསལ་བའི་ཉི་མ་སོགས་ཀྱི་སྐབས་སུ། སངས་རྒྱས་ལ་ཀུན་རྫོབ་སྣང་བ་ཡིན་ན། འཁྲུལ་བར་ཐལ། ཀུན་རྫོབ་ཁམས་གསུམ་པ་སྣང་བའི་ཕྱིར། ཞེས་སོགས་དེ་འདྲའི་སྒོ་ནས་ཐལ་བ་མང་པོ་ཞིག་བཏང་ཡོད་པ་རེད། དེ་ནང་བཞིན་དུ། ཉ་དབོན་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་སྐབས་སུ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི། ཀུན་རྫོབ་སྣང་ནས་མི་མཁྱེན་ལ་མི་སྣང་བར་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་ཞེས་གསུངས་སོ། །འོན་ཀྱང་སོ་སོ་སྐྱེ་བོ་ལ་ཇི་ལྟར་སྣང་བ་ལྟར་དུ་སྣང་ནས་མི་མཁྱེན་ཞིང་སོ་སྐྱེ་ལ་མི་སྣང་བ་ལྟར་སྣང་ནས་མཁྱེན་ཏེ། སོ་སྐྱེ་ལ་བདེན་བདེན་པོར་སྣང་ཞིང་སངས་རྒྱས་ལ་བདེན་མེད་སྒྱུ་མ་ལྟར་སྣང་ངོ༌། །ཞེས་དེ་ལྟར་གསུངས་ཡོད་པ་རེད། ཡིན་ན་ཡང༌། སངས་རྒྱས་ཀྱིས་བདེན་མེད་སྒྱུ་མ་ལྟ་བུར་ཀུན་རྫོབ་ཀྱི་ཆོས་སྣང་ཞེས་གསུངས་པ་དེར། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་སྔོན་མེད་ལེགས་བཤད་ཀྱི་སྐབས་སུ། སངས་རྒྱས་ཀྱིས་མ་དག་པའི་སྣང་བ་ཐམས་ཅད་གཟིགས་ཀྱང༌། བདེན་འཛིན་མེད་པས་མ་འཁྲུལ་བ་ཡིན་ནོ་སྐད་ཟེར་བ་ནི། སྐྱེས་བུ་འདི་ཆོམ་པོས་བཟུང་བའི་ཆོ་ངེས་འདེབས་མོད་ཀྱི་ནོར་འཕྲོག་རྒྱུ་མེད་པའི་སྡུག་བསྔལ་མེད་དོ་ཞེས་ཟེར་བ་དང༌། སྒྱུ་མའི་ཆ་རྒྱུའི་ཤེས་པའི་མི་འདིས་ནི་སྒྱུ་མའི་སྤྲུལ་པའི་ཁང་པ་མཐོང་མོད་ཀྱི། སྒྱུ་མར་ཤེས་པའི་ཕྱིར་མ་འཁྲུལ་ལོ་ཞེས་ཟེར་བ་དང་འདྲ་སྟེ། ཞེས་ཀུན་རྫོབ་སྣང་བ་དེ་ཡང་འཁྲུལ་རྒྱུའི་དབང་གིས་སྣང་དགོས་པ་རེད་ཅེས་ཚིག་གསལ་བོའི་སྒོ་ནས་བཀག་པ་དེ། དགོངས་པ་གཞན་དུ་དྲངས་པ་དང་ཚིག་དཀྱོག་ནས་བཤད་ཁག་པོ་འདྲ་ཆགས་ཡོད་པ་རེད། རྒྱུ་མཚན་དེའི་ཕྱིར་ན། རང་ལུགས་ཀྱི་རི་ཆོས་ངེས་དོན་རྒྱ་མཚོ་སོགས་གཞུང་མང་པོའི་སྐབས་སུ་ཀུན་རྫོབ་ཀྱི་ཆོས་སངས་རྒྱས་ལ་མི་སྣང་བར་གསུངས་ཡོད་དོ། །ཡིན་ན་ཡང༌། གཞུང་ལུགས་ཆེན་པོརྣམས་ཀྱི་དགོངས་པ་ལྟར་ན། རྣམ་འགྲེལ་ལེའུ་གཉིས་པའི་སྐབས་དེར་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པ། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །གོམས་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་ཆོས་དེ་ལ་ཡང་ནས་ཡང་དུ་གོམས་པ་བྱས་ན་གོམས་པ་ཡོངས་སུ་རྫོགས་ཏེ། གསལ་སྣང་འབྱུང་བ་སེམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། ཞེས་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པ་དེ་ཚོའི་སྒོ་ནས་རང་ལུགས་ལ་དཔྱད་པ་རེ་གཏོང་རྒྱུ་སླེབ་ཀྱིན་འདུགདེ་ནང་བཞིན་དུ། རྣམ་མཁྱེན་ཉམས་མྱོང་གི་རང་རིག་ཀྱང་རང་ལུགས་ལ་ཁས་ལེན་པ་རེད། རང་རིག་དེ་ལ་དོན་དམ་པའི་རང་རིག་དང་ཀུན་རྫོབ་པའི་རང་རིག་གཉིས་ཏེ། ཆོས་ཀྱི་དབྱིངས་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་དོན་དམ་པའི་རང་རིག་ཡིན་པར་འཇོག་གི་ཡོད་པ་དང༌། དེ་མ་ཡིན་པའི་ཀུན་རྫོབ་ཀྱི་ཤེས་པ་དེ་དང་དེ་ཉམས་སུ་མྱོང་གི་རང་རིག་ཐམས་ཅད་ཀུན་རྫོབ་ཀྱི་རང་རིག་འཇོག་གིན་ཡོད་རེད། དེས་ན་རྣམ་མཁྱེན་ཉམས་མྱོང་གི་རང་རིག་དེ་ཀུན་རྫོབ་ཀྱི་རང་རིག་ཡིན་པར་འཇོག་དགོས་ལ། དེས་ན་རྣམ་མཁྱེན་ཉམས་མྱོང་གི་རང་རིག་དེ་འཛིན་རྣམ་ཞིག་ཀྱང་ཡིན་དགོས་པས། དེ་ལ་རྣམ་མཁྱེན་གྱི་རྣམ་པ་སྣང་མིན་དང་སྣང་ན་དེ་ཀུན་རྫོབ་ཀྱི་སྣང་བ་ཞིག་ཏུ་ཆགས་ཡོད་པས་ན། དེ་ལ་དཔྱད་པ་ཞིག་ཡོང་གིན་ཡོད་རེད། དེའི་ཕྱིར། རང་ལུགས་ལ་ཀུན་རྫོབ་ཀྱི་ཆོས་སྟོང་ལུགས་སྟོང་སྟངས་དེ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་ལྟ་བུར་ཕར་སྣང་ཙམ་བཏགས་ཙམ་སྟེ། སྒྲ་རྟོག་གི་ངོར་བྱ་བྱེད་སྨྱོན་མེད་ཅིག་ཡོད་པར་བཤད་ཀྱང་ཐུབ་པ་ཞིག་རེད། དེས་ན། གང་ལ་སྟོང་བ་ཉིད་རུང་ན། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས་པ་ནང་བཞིན་དུ་རང་གི་ངོ་བོ་བདེན་པས་མ་གྲུབ་པའམ་རང་ངོས་ནས་མ་གྲུབ་པའི་སྟོང་པ་ཡིན་ན་ཡང༌། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་སོགས་ཀྱི་བླང་དོར་ཚུལ་བཞིན་དུ་རུང་བ་ཡིན་པར་གསུངས་པ་རེད། ཡང༌། གང་ལ་སྟོང་ཉིད་མི་རུང་པ། །དེ་ལ་ཐམས་ཅད་རུང་མ་ཡིན། །ཞེས་གསུངས་པ་ནང་བཞིན་དུ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་ཡིན་ན་དེ་ལ་བྱ་བྱེད་དང༌། ལས་རྒྱུ་འབྲས། ཚེ་སྔ་ཕྱི་ལ་སོགས་པའི་རྣམ་བཞག་གང་ཡང་འཇོག་མི་ཐུབ་པ་ཞིག་ཡིན་པར་གསུངས་པ་རེད། ཡིན་ན་ཡང༌། རང་ལུགས་ལ་ཀུན་རྫོབ་འཁྲུལ་བའི་ངོར་སྣང་ཙམ་བཏགས་ཙམ་གྱིས་ཀུན་རྫོབ་ཀྱི་ཆོས་དེ་དག་ཕར་བཞག་དགོས་པ་མ་གཏོགས། གཅིག་དུ་བྲལ་གྱི་རིགས་པ་དང་མཐའ་བཞི་སྐྱེ་འགོག་གི་རིགས་པ་སོགས་ཀྱིས་ཕར་དཔྱད་པ་ཡིན་ན་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་པ་རེད། ང་ཚོས་ཀུན་རྫོབ་ཀྱི་ཆོས་དེ་དག་གཅིག་དུ་བྲལ་གྱི་རིགས་པ་སོགས་ཀྱིས་དཔྱད་འོང་དུས། དེ་དག་གང་དུ་ཡང་གཟུང་དུ་མེད་པར་སྟོང་སང་ངེའི་རྣམ་པ་འཆར་འོངས་པ་དེའི་ཚེ་གཏན་ནས་མ་གྲུབ་པ་དང༌། དཔྱད་བཟོད་དུ་མ་གྲུབ་པ་གཉིས་སོ་སོར་འབྱེད་མི་ཤེས་པའི་དབང་གིས། ཀུན་རྫོབ་ཐ་སྙད་ཙམ་དུ་ཡང་འཇོག་མི་ཐུབ་པས་སྟོང་ཉིད་ལ་འཇིགས་སྐྲག་སྐྱེ་རྒྱུ་སོགས་ཡོང་གིན་ཡོད་པ་རེད། ཡིན་ན་ཡང༌། ཀུན་རྫོབ་སྣང་གྲགས་ཙམ་དུ་ཡོད་པ་དང༌། རང་གི་ངོ་བོ་བདེན་པས་སྟོང་བ་དང༌། རང་བཞིན་གྱིས་མ་གྲུབ་པ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་དུ་མ་གྲུབ་པ་སོགས་ཀྱི་ཁྱད་པར་ཡོད་པ་མ་ཤེས་པའི་དབང་གིས་ཆད་མཐར་ལྟུང་ཉེན་ཆེ་བ་རེད། དེས་ན། དེང་སང་དཔེ་ཆ་བའི་ཁྲོད་ན་གཞུང་གི་སྒྲས་ཟིན་ཁ་ཤས་ལ་འཁྲུལ་ནས་ཆད་མཐར་ལྟུང་ཉེན་ཆེ་བས་གཟབ་དགོས་པར་སྣང་ངོ༌། །དེས་ན་གཞུང་ལུགས་གང་ཡང་སྦྱངས་མ་མྱོང་པར་ཐད་ཀར་ལྟ་སྐད་མཐོན་པོའི་སྒོ་ནས་ལྟ་བ་ངོ་སྤྲོད་མཁན་གྱི་ཁྲོད་ན་ཡང༌། ཐམས་ཅད་ཡོད་མ་རེད། གང་ཡང་ཡོད་མ་རེད་ཅེས་ཟེར་ཏེ། ཚེ་སྔ་ཕྱི་ལས་རྒྱུ་འབྲས་སོགས་གང་ཡང་འཇོག་མི་ཐུབ་པར་ཆད་མཐར་ལྟུང་སྟེ། མཐའ་གཅིག་ཏུ་མེད་པ་ལྟ་བུ་ཞིག་ངོ་སྤྲོད་མཁན་གྱིས་དེ་སྤྲོད་ཀྱིན་ཡོད་པ་དང༌། འཛིན་མཁན་ཚོས་དེ་ལྟར་བཟུང་སྟེ་ཆད་མཐར་ལྟུང་སོང་བ་མི་སྲིད་པ་མིན་པས། དེ་ཚོའི་ཁྱད་པར་དེ་དག་མ་འདྲེས་པར་ཤེས་རྒྱུ་གལ་ཆེ་བས་ཚུལ་དེ་དག་མདོ་བསྡུས་ཙམ་ཞིག་ཞུས་པ་དེ་ཡིན། དེ་ཡང་གཙོ་བོ་དཔྱད་སྒོམ་གྱི་ཚེ་དེ་འདྲར་ལྟུང་ཉེན་ཆེ་བ་མ་གཏོགས། འཇོག་སྒོམ་གྱི་ཚེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་བའི་ངང་དུ་མཉམ་པར་འཇོག་དགོས་པས། སྐབས་དེར་གཙོ་བོ་ཆད་མཐར་ལྟུང་པའི་གནས་ཆེན་པོ་ཞིག་མེད་པའི་ཟོལ་ཉིད་དུ་ཆགས་འདུག་ཡོད་པ་རེད། དེས་ན་རང་སྟོང་གི་གོ་བ་དེ་རྗེས་མར་ཡང་ཞུ་ཆོག་པར་བྱོས་སྐབས་འདིར་དེ་ཙམ་ཡིན། འོ་ན། དོན་དམ་བདེན་པ་གཞན་སྟོང་ཡིན་ཚུལ་དེ་གང་འདྲ་ཞིག་རེད་ཟེར་ན། མདོ་ཕར་ཕྱིན་ཐེག་པའི་སྐབས་སུ་ཁ་སང་གོང་དུ་ཞུས་པ་བཞིན་བསྟན་བཅོས་རྒྱུད་བླ་མར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དེའི་སྒོ་ནས་གསུངས་པ་ལྟར་རེད། མདོར་ན། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གནས་ལུགས་སུ་མ་གྲུབ་པ་དང༌། གནས་ལུགས་སུ་གྲུབ་པ་ནི་ཆོས་ཀྱི་དབྱིངས་གཅིག་ཉིད་ཡིན་ལ། དེའི་ཕྱིར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གནས་ལུགས་གྲུབ་པའི་ངོ་བོར་མ་གྲུབ་པས། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་གང་སྟོང་པ་རེད་ཅེ་ན། གནས་ལུགས་དོན་དམ་ཆོས་ཀྱི་དབྱིངས་དེ་ཉིད་སྟོང་གི་རེད་ཅེས་གསུངས་པ་རེད། ཡིན་ན་ཡང༌། བཀའ་འཁོར་ལོ་ཐ་མའི་གནས་ལུགས་དོན་དམ་བདེན་པ་དེ། ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་འཛིན་པའི་བདེན་འཛིན་གྱིས་སྤྲོས་པ་དང༌། གཉིས་སྣང་གི་སྤྲོས་པ། ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་དང་བྲལ་བ་རེད་ཅེས་པའི་སྐབས་སུ། ཆོས་ཉིད་ཡོངས་གྲུབ་དེ་སྟོང་གཞིར་བཟུང་ནས་གསུངས་པ་རེད། ཆོས་ཀྱི་དབྱིངས་སྟོང་གཞིར་བཟུང་ནས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གནས་ལུགས་ཡིན་ལུགས་སུ་མ་གྲུབ་པར་རྟོགས་འོང་དུས། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་འཛིན་པའི་བདེན་འཛིན་དེ་ལྡོག་འགྲོ་བ་དང༌། གནས་ལུགས་དེ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་པར་རྟོགས་པ་ལ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གནས་ལུགས་ཡིན་ལུགས་སུ་མ་གྲུབ་པ་དང༌། བདེན་པར་མ་གྲུབ་པ་སོགས་མ་རྟོགས་པར་གནས་ལུགས་དེ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་བར་རྟོགས་ཚུལ་ཡོད་མ་རེད། དེའི་ཕྱིར་ན་ཀུན་རྫོབ་ཀྱི་ཆོས་དེ་དག་ཆོས་བདག་ཏུ་གྲུབ་པའམ་བདེན་དངོས་སུ་གྲུབ་པར་འཛིན་པའི་འཛིན་པ་དེ་བཟློག་པའི་ཐབས་ཤིག་གསུང་གིན་ཡོད་པ་རེད། གཞན་ཡང༌། རང་ལུགས་ལ་ཆོས་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་བར་རྟོགས་པ་ལ། ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དེར་མ་ཟད། དོན་དམ་བདེན་པ་ཡང་སྤྲོས་པའི་བདེན་པར་མ་གྲུབ་པ་རུ་རྟོགས་དགོས་པར་གསུངས་ཡོད་པ་རེད། དེས་ན་ཀུན་རྫོབ་ཀྱི་ཆོས་སྟོང་གཞིར་བཟུང་ནས་དེ་བདེན་མེད་དུ་གཏན་ལ་འབེབ་པའི་ཚེ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་འཛིན་པའི་བདེན་འཛིན་དེའི་ཞེན་ཡུལ་སུན་ཕྱུང་བའི་སྒོ་ནས་སྤང་དགོས་པ་ཡིན་ཏེ། ཚད་མ་རྣམ་འགྲེལ་གྱི་སྐབས་སུ། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་པའི་གནད་འགག་ཀྱང་དེ་འདྲའི་ཐོག་ནས་གསུང་གིན་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་ཇོ་ནང་རང་ལུགས་ཀྱི་བཤད་ཚུལ་དེ་ཡང་དེ་ལྟ་བུའི་སྒོ་ནས་ཤེས་དགོས་པ་དེ་གལ་ཆེན་པོ་རེད་སྙམ་མོ། །གཞན་གྱིས་ཀྱང་དཔེར་ན། གངས་ཅན་མཁས་པའི་དབང་ཕྱུག་རྗེ་བླ་མ་ཤར་ཙོང་ཁ་བ་ཆེན་པོའི་ལེགས་བཤད་གསེར་འཕྲེང་གི་སྐབས་སུ་ཡུམ་གསུམ་གནོད་འཇོམས་ཀྱི་གསུངས་ཚུལ་དང༌། ཇོ་ནང་པའི་གསུངས་ཚུལ་གཉིས་དགོངས་པ་གཅིག་ཡིན་པ་ལྟ་བུར་གསུངས་བཞག་ཡོད་པ་རེད། ཡང་རྗེ་བདག་ཉིད་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་པོའི་སྐབས་དེར་ཡུམ་གསུམ་གནོད་འཇོམས་ཀྱི་གསུངས་ཚུལ་དང༌། བོད་ཀྱི་ཆོས་ཉིད་ཡོངས་གྲུབ་སྟོང་གཞིར་བཟུང་ནས་དེ་མཚན་ཉིད་གཞན་གཉིས་ཀྱིས་སྟོང་པ་གཏན་ལ་དབབ་ཚུལ་གཉིས་དགོངས་པ་མི་འདྲ་བ་ལྟ་བུར་དེ་འདྲ་ཡང་གསུངས་ཡོད་པ་རེད། མདོར་ན། སྐབས་དེར་དཔེར་ན་ཐག་ཁྲ་ཞིག་སྦྲུལ་དུ་འཁྲུལ་བ་ལ་ཐག་ཁྲ་སྟོང་གཞིར་བཟུང་ནས་དེ་སྦྲུལ་དུ་མ་གྲུབ་པའམ་སྦྲུལ་གྱིས་སྟོང་པ་དེ་རྟོགས་དགོས་པ་མ་གཏོགས། ཤིང་ལོ་ལྟ་བུ་གཞན་ཞིག་སྦྲུལ་གྱིས་སྟོང་པར་རྟོགས་པས་སྦྲུལ་འཛིན་དེ་ཟློག་མི་ཐུབ་པ་རེད་ཅེས་དགག་པ་གཏོང་ཡུལ་དེ་ཇོ་ནང་པ་ཡིན་མིན་གསལ་བོ་མི་ཤེས་ཏེ། མཁས་པ་སྔ་མའི་འདོད་པ་ཞིག་དེ་ལྟར་དགག་ཡོད་པ་རེད། ཡིན་ན་ཡང༌། ཇོ་ནང་རང་གི་དགོངས་པ་དེ་གོང་ནས་ཞུས་པ་བཞིན་དེ་ལྟར་གསུངས་བཞག་པ་རེད། དེས་ན་གཅིག་གིས་གཅིག་ལ་དགག་པ་གཏོང་བ་དེ་སོང་ཡོད་མེད་དེ་ནི་ང་དང་ང་ལྟ་བུ་ཞིག་གི་གཞལ་བྱའི་གནས་ལས་འདས་པ་ཞིག་ཏུ་ཆགས་ཡོད་པས་རྣམ་པ་ཐམས་ཅད་ཀྱིས་བློ་གཟུ་བོར་གནས་པའི་ཐོག་ནས་དཔྱད་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་དེ་ཡིན། དེས་ན་སྐབས་འདིར་ང་རང་གིས་གཙོ་བོ་ཇོ་ནང་གི་ལྟ་གྲུབ་གཞིར་བཞག་བྱས་ནས་ཞུ་གིན་ཡོད་པས་དེའི་ལུགས་གཙོ་བོར་བྱས་ནས་བཤད་དགོས་པ་ཞིག་ཀྱང་རེད། དཔེར་ན། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་གཞིར་བཞག་བྱས་ནས་ཞུ་བའི་སྐབས་དེར་དེའི་ལུགས་གཙོ་བོ་དང་འཐད་ཕྱོགས་བཟུང་ནས་བཤད་དགོས་པ་བཞིན་ཡིན་གྱི། དེ་མིན་ལྟ་གྲུབ་ཀྱི་དགག་བཞག་དེ་དག་རྒྱལ་ཕམ་རྩོད་པ་ལྟ་བུའི་ཆེད་མ་ཡིན་པར་ཐམས་ཅད་རྣམ་གྲོལ་ཐར་བ་དོན་གཉེར་གྱིས་ཆེད་དུ་རང་རང་སོ་སོའི་ལྟ་གྲུབ་གཏན་ལ་འབེབས་དགོས་པ་དེ་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ལས། བསྟན་བཅོས་ལས་དཔྱད་རྩོད་ལཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ན་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་དཔྱད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་བསྟན་བཅོས་ལས་དཔྱད་པ་གཏོང་བ་དེ་རྩོད་པ་ལ་ཆགས་པའི་ཕྱིར་རམ་རྒྱལ་ཕམ་རྩོད་པའི་ཆེད་དུ་མི་མཛད་པར། རྣམ་གྲོལ་ཐར་བ་ཐོབ་པའི་ཆེད་དུ་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་གཏན་ལ་འབེབས་དགོས་པར་གསུངས་པ་དང༌། གལ་ཏེ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་རྣམ་པར་དཔྱད་པའི་སྐབས་དེར་རང་ལུགས་ལ་རྒོལ་བ་གཞན་གྱིས་ལུང་རིགས་ཀྱིས་གནོད་བྱེད་འབབ་སྟེ།གཞན་གཞུང་འཇིག་པར་འགྱུར་ན་ཡང༌། ཆགས་སྡང་ལ་སོགས་པའི་དབང་གིས་མ་ཡིན་པར་ཆོས་ཐམས་ཅད་གྱི་གནས་ལུགས་དེ་ཁོ་ན་ཉིད་གཏན་ལ་ཕབ་པའི་དབང་གིས་ཡིན་པས་ན། ཁོང་ལ་ཉེས་པ་ཡོད་མ་རེད་ཅེས་དེ་འདྲ་གསུངས་པ་དང༌། ཡང་དཔལ་ལྡན་ཟླ་བའི་འཇུག་པའི་སྐབས་སུ། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པཉིད། །དེའི་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམས་བསལ་ཏེ། །རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་གསུངས་པ་ནང་བཞིན་དུ། རང་གི་ལྟ་ལ་ཆགས་པའི་འདོད་ཆགས་དང༌། གཞན་གྱི་ལྟ་ལ་སེམས་འཁྲུགས་པའི་ཁོང་ཁྲོ་སོགས་གང་རྟོག་པ་དེ་དག་ནི་འདོད་ཆགས་ཞེ་སྡང་གཏི་མུག་གི་དབང་དུ་སོང་བས། དེ་དག་མ་སྤངས་བར་དུ་ཐར་བ་ཐོབ་པ་མེད་པ་དང༌། རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་པ་དེ་དག་བསལ་ཏེ་གནས་ལུགས་ཀྱི་དོན་ལ་རྣམ་པར་དཔྱོད་པ་དག་ནི་མྱུར་དུ་ཐར་བ་ཐོབ་པ་གྱུར་ཏོ་ཞེས་འོ་དེ་ལྟར་གསུངས་པ་རེད། དེ་ནང་བཞིན་དུ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་དྲུག་ཅུ་བའི་སྐབས་སུ། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་མེད་དོ། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཞེས་པ་ལྟར་རང་ཕྱོགས་ལ་ཆགས་པ་མེད་ན་གཞན་ཕྱོགས་ལ་སྡང་བ་ཡང་མེད་པས་ཆགས་སྡང་གི་དབང་དུ་འགྲོ་བ་མེད་པ་དང༌། དེ་མེད་ན་མྱུར་དུ་ཕྱོགས་རིས་ཆགས་སྡང་ཉིད་ལས་གྲོལ་ཐུབ་པར་གསུངས་པ་རེད། དེ་བཞིན་དུ་འཕག་པ་ཨརྱ་དེ་ཝའི་དབུ་མ་བཞི་བརྒྱ་པའི་སྐབས་སུ། རང་གི་ཕྱོགས་ལ་ཆགས་ཡོད་ཅིང༌། །གཞན་ཕྱོགས་ལ་ཁྱོད་མི་དགའ་ན། །མྱ་ངན་འདས་པ་མི་འགྲོ་སྟེ། །གཉིས་སྤྱོད་ཞི་བར་ཡོང་མི་འགྱུར། །ཞེས་ཆགས་སྡང་དང་ཕྱོགས་རིས་སོགས་ཀྱི་དབང་དུ་སོང་མྱང་འདས་ཐོབ་མི་ནུས་པ་དང༌། འདོད་ཆགས་ཞེ་སྡང་གཏི་མུག་གཉིས་ལ་སྤྱོད་པ་ཡིན་ན་ཞི་བ་ཐར་བ་དེ་ཐོབ་མི་ནུས་པར་གསུངས་པས་ན། ངེས་པར་དུ་ཆགས་སྡང་དབང་དུ་མི་འགྲོ་རྒྱུ་དེ་གལ་ཆེན་པོ་རེད། དེས་ན། ང་ཚོས་ཆོས་ཉན་པའི་སྣོད་རུང་ངོས་འཛིན་པའི་ཚེ་ན་ཡང༌། སློབ་དཔོན་ཨརྱ་དེ་བའི་དབུ་མ་བཞི་བརྒྱ་པའི་སྐབས་སུ། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པའི་སྣོད་ཅེས་བྱ་བ་བཤད། །ཞེས་གསུངས་པ་བཞིན་དུ་ཆགས་སྡང་གི་རིས་སུ་མ་སོང་བའི་གཟུར་བོར་གནས་པ་ཞིག་མ་ཡིན་ན། བསྟན་བཅོས་ཉན་པའི་སྣོད་རུང་མ་ཡིན་པ་གསུངས་པ་དེ་དག་ཤེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱིན་ཡོད། ཡིན་ན་ཡང༌། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཀྱི་གནས་ལུགས་དེ་ལ་ལུང་དང་རིགས་པའི་སྒོ་ནས་བརྟག་དཔྱད་བྱེད་ན་བྱེད་ཆོག་པ་ཞིག་ཏུ་གསུངས་ཡོད་པ་རེད་མ་གཏོགས། དཔེར་ན། འཛམ་བུ་གླིང་གི་ཆོས་ལུགས་གྲགས་ཆེ་བ་གསུམ་གྱི་ནང་ནས་ཁ་ཆེ་ཆོས་ལུགས་པ་དག་གིས་ཁོ་ཚོའི་སྟོན་པས་གང་གསུངས་པ་དེ་ལས་གཞན་པའི་དཔྱད་པ་གཏོང་མི་ཆོག་པར་བཤད་ཡོད་པ་རེད། འོན་ཏེ། ང་ཚོ་ནང་པ་སངས་རྒྱས་པའི་བསྟན་པ་དེ་ལྟར་མ་ཡིན་པར་རིགས་པས་བརྟགས་ཤིང་དཔྱད་དགོས་པ་ཞེས་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིནདུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་དང༌། སློབ་དཔོན་དཔའ་བོའི་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག།དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་དེ་ལྟར་གསུངས་པ་ནང་བཞིན་དུ་ང་ཚོས་ནམ་རྒྱུན་ཆགས་སྡང་དང་ཕྱོགས་རིས་མི་བྱེད་པར་སོ་སོས་དག་སྣང་སྦྱོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང༌། །དབུ་མའི་ལྟ་གྲུབ་ལ་སོགས་པ། །སོ་སོར་མིང་འདོག་མང་ན་ཡང༌། །ངེས་དོན་ལུང་རིགས་ལ་མཁས་ཤིང༌། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། ། ཞེས་དང༌། ཤར་སྐལ་ལྡན་རྒྱ་མཚོའི་གསུང་སྒྲོས་ལས། ཆོས་རང་རང་མོས་པའི་ངོ་ན་ཟབ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །ཅེས་སོགས་གསུངས་པ་ལྟར་སངས་རྒྱས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་ཡང༌། གདུལ་བྱའི་ཁམས་དབང་མོས་པ་མི་འདྲ་བའི་དབང་གིས་གདུལ་བྱ་རྗེས་སུ་འཛིན་པའི་ཐབས་ཉག་གཅིག་ཡིན་པ་མ་གཏོགས། ཐམས་ཅད་མཐར་ཐུག་ན་ཐར་བ་ཐོབ་པའི་ཐབས་སུ་འགྲོ་བ་དེ་ང་ཚོས་དགོངས་པ་གཅིག་ཏུ་འགྲེལ་རྒྱུ་ཡོད་པ་དང་སྒྲུབ་ཐུབ་པ་ཡིན་པས་ན། ང་ཚོ་ཆགས་སྡང་དང་ཕྱོགས་རིས་ཆབ་སྲིད་ཀྱི་དབང་དུ་སོང་པ་ཡིན་ན། ཆོས་ཆོས་བཞིན་དུ་མ་སོང་ན། ཆོས་ཀྱི་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་གསུངས་པ་ནང་བཞིན་དུ་འགྲོ་རྒྱུ་རེད་སྙམ་མོ། །གཞན་ཡང་ང་ཚོས་ཁ་ནས་བསྟན་པ་བསྟན་པ་ཟེར་བཞིན་དོན་གྱིས་ཆགས་སྡང་གི་རུ་མར་སོང་བ་ཡིན་ན། གུང་ཐང་བསྟན་པའི་སྒྲོན་མེས། བསྟན་པའི་བྱ་བར་སྒྲོ་བཏགས་ནས། །ཆགས་སྡང་རུ་མར་སོང་བ་ཡིད་རེ་མུག།ཅེས་དང༌། རྒྱལ་སྲས་ལག་ལེན་གྱི་སྐབས་སུ་ཡང༌། ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །ཞེས་སོགས་གསུངས་པ་ལྟར་ཐམས་ཅད་ཀྱིས་མདོར་ན་ཆོས་ཟེར་བ་དེ། ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན་པ་དང༌། ཉོན་མོངས་པའི་གཉེན་པོར་མ་སོང་ན་ཆོས་མ་ཡིན་པ་དེ་འདྲ་རེད། དེས་ན། ནམ་རྒྱུན་རྟག་པར་རང་རང་སོ་སོས་ཆོས་སྒྲུབ་པའི་སྐབས་དེར་ཀུན་སློང་ཀུན་སྤྱ ོད་དེར་བརྟགས་ནས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་དམ་པའི་ཆོས་སྒྲུབ་དགོས་པ་དེ་ཧ་ཅང་གལ་ཆེ་བ་རེད། དེ་བཞིན་དུ་འཆད་རྩོད་རྩོམ་གསུམ་དང༌། ཐོས་གསུམ་སྒོམ་གསུམ། ཁ་འདོན་བཟླས་བརྗོད་སོགས་སྐབས་གང་དུ་ཡང༌། ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་སོགས་དང་མ་འདྲེས་པ་ཞིག་བྱེད་དགོས་པ་དེ་ཧ་ཅང་གལ་ཆེ་ཤོས་ཞིག་ཏུ་ཆགས་འདུག་ཡོད་པ་རེད་མ་གཏོགས། ཆོས་ཆོས་བཞིན་དུ་མ་བྱས་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཅེས་གསུངས་པ་ལྟར་དུ་འགྲོ་ཉེན་ཆེ་བ་རེད། ལ་ལར་ཚུལ་ཁྲིམས་བདེ་བའི་རྒྱུ། །ལ་ལར་ཚུལ་ཁྲིམས་སྡུག་བསྔལ་རྒྱུ། །ཞེས་གསུངས་པ་ནང་བཞིན་དུ་ལ་ལ་ཆོས་ལ་བརྟེན་ནས་ངན་སོང་དུ་འགྲོ་བ་ཡང་ཡོད་པར་གསུངས་པས་དེ་དག་ལ་གཟབ་པར་འཚལ་ཞེས་པ་ནི་སྐབས་ཀྱི་འཕྲོས་དོན་ཙམ་མོ། །ད་ནི་གཞུང་དངོས་ལ་འཇུག་ན།དོན་དམ་བདེན་པ་དེ་ཉིད་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་བདེན་པ་ཡིན་པའི་རྒྱུ་མཚན་གྱིས་གནས་ལུགས་སུ་གྲུབ་པ་དང༌། བདེན་པར་གྲུབ་པ་རེད་ཅེས་གསུང་གིན་ཡོད་པ་དེ་རང་ལུགས་ཀྱི་གསུང་ཚུལ་ཞིག་རེད། ཡིན་ན་ཡང༌། དགག་བྱའི་བདེན་པར་མ་གྲུབ་ཅེས་གསུང་གིན་ཡོད། དེ་ཡང་དགག་བྱའི་བདེན་པར་མ་གྲུབ་ཅེས་གསུངས་པ་དེ་ཐ་སྙད་གསར་བ་ཞིག་མ་ཡིན་པར། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རབ་བྱེད་དྲུག་པའི་སྐབས་སུ། དགག་བྱའི་མཚན་ཉིད་ནམ་ཡང་ཡོད་མ་ཡིན། །ཞེས་དེ་འདྲ་སྔར་ནས་གསུངས་ཡོད་པ་དེ་ཤེས་དགོས་ཀྱིན་འདུགདགག་བྱའི་མཚན་ཉིད་ནམ་ཡང་ཡོད་མ་ཡིན་ཞེས་པའི་དགག་བྱའི་བདེན་པར་གྲུབ་ཚུལ་དེ་གང་འདྲ་རེད་ཟེར་ན། དཔེར་ན། ང་ཚོའི་རྟོག་པས་ཇི་ལྟར་སྒྲོ་བཏགས་པ་ནང་བཞིན་དུ་བདེན་པར་གྲུབ་པ་ཞིག་ཡོད་སོང་ན་དེ་སྤྲོས་པའི་བདེན་གྲུབ་དང་དགག་བྱའི་བདེན་གྲུབ་ཉིད་དུ་ཆགས་སོང་པ་རེད། དེ་འདྲ་ཞིག་ཡོད་མ་རེད་ཅེས་གསུང་གིན་ཡོད་པ་རེད། དེས་ན། བརྟག་པ་མཐའ་བཟུང་གིས་སྤྲོས་པའི་བདེན་པར་གྲུབ་པའི་ཚད་ཅིག་ཞོག་ཟེར་ན། སྒྲ་རྟོག་གིས་བཏགས་པ་ལྟར་གྱི་བདེན་པར་གྲུབ་པ་དེ་སྤྲོས་པའི་བདེན་གྲུབ་ཀྱི་ཚད་དུ་འཇོག་དགོས་ཤིང༌། དེ་ལྟ་བུ་ཞིག་མ་གྲུབ་ཅེས་གསུངས་ཡོད་པ་དེ་ཤེས་དགོས་པར་འདུགདེར་མ་ཟད་རང་ལུགས་ལ། སྤྲོས་པའི་བདེན་པར་མ་གྲུབ་ཟེར་བ་དེ་སྒྲ་རྟོག་གི་ངོར་སྤྲོས་པའི་བདེན་གྲུབ་མ་གཏོགས་སྤྲོས་བྲལ་གྱི་བདེན་གྲུབ་ཅིག་ཇི་ལྟ་བར་འཇོག་མི་ཐུབ་པས། སྒྲ་རྟོག་གིས་བཞག་པའམ་ཆོས་ཀྱི་བདག་འཛིན་གྱིས་འཛིན་པ་ལྟར་དུ་གྲུབ་པའི་སྤྲོས་པའི་བདེན་གྲུབ་ཅིག་མི་འདོད་པ་དེ་ཡང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། ཀུན་རྫོབ་སྤྲོས་པའི་བདེན་གྲུབ་ངས་མི་འདོད། །སྤྲོས་པའི་བདེན་གྲུབ་ཡོད་ན་ཀུན་རྫོབ་སྟེ། །ཞེས་གསུངས་པ་ལྟར་དུ་ཤེས་དགོས་པ་རེད་ཅེས་ཞུ་རྒྱུ་དེ་ཡིན། ཡང་མཁས་པ་གཞན་གྱིས་ཇོ་ནང་པས་མུ་སྟེགས་པས་འདོད་པའི་བདག་ཏུ་གྲུབ་པ་ལྟར་དུ་ཁས་ལེན་པ་རེད་ཅེས་སྐྱོན་གཏོང་མཁན་ཡང་རེ་ཟུང་ཡོང་གིན་ཡོད་རེད། དེར་མ་ཟད། ཇོ་ནང་རང་གི་ཁྲོད་དུ་ཡང་གཞུང་ཆེན་པོ་ལ་གོ་བ་མ་ཆགས་ཤིང༌། སོ་སོའི་བཞེད་ཕྱོགས་ཙམ་དང་སློབ་གསོའི་དབང་དུ་སོང་བའི་གང་ཟག་རེ་འགས་དོན་དམ་བདེན་པ་དེ་རྟག་གཅིག་རང་དབང་ཅན་དུ་གྲུབ་ཅེས་གཞན་གྱིས་ཐལ་བ་བཏང་པ་ནང་བཞིན་དུ་འདོད་མཁན་དང༌། དེ་ལྟར་ལབ་མཁན་འབྱུང་གིན་ཡོད་པ་རེད། འོན་ཀྱང༌། རང་ལུགས་ཀྱི་གཞུང་ན་རྟག་པ་གཅིག་པུ་རང་དབང་དུ་གྲུབ་པ་ཞིག་འདོད་ཀྱིན་མེད་པ་དེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཟབ་དོན་ཉེར་གཅིག་གི་སྐབས་སུ་གང་འདྲ་གསུངས་པ་རེད་ཟེར་ན། སྒྲུབ་པ་རང་དབང་ཅན་གྱི་རྟག་པ་དེ་འདྲ་འདོད་པ་མིན། ཞེས་གསུངས་པ་དང༌། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་དབུ་མའི་མན་ངག་ཁྱད་འཕགས་ལས། ཆོས་རྣམས་བདག་མེད་གཉིས་ཀ་ཡིན་པའི་ཕྱིར། །དགག་བྱ་ལོག་ཚུལ་སྒོ་ནས་ལྡོག་པས་ཕྱེ། །ཞེས་གསུངས་པ་ལྟར་དང༌། ལྷག་པར་དུ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ལམ་རིམ་བདུད་རྩིའི་ཉིང་ཁུའི་སྐབས་སུ། གང་ཟག་གི་བདག་ཏུ་གྲུབ་པར་འཛིན་པའི་འཛིན་པ་དེས་འཛིན་ཚུལ་ངོས་བཟུང་པའི་སྐབས་དེར། ང་ཚོས་འཛིན་པ་ལྟར་གྱི་རྟག་པ་གཅིག་པུ་རང་དབང་བའི་བདག་ཅིག་མ་གྲུབ་པ་དེ་གསལ་བོར་གསུངས་ཡོད་པ་རེད། མདོར་ན་གང་ཟག་གི་བདག་མེད་གཏན་ལ་དབབ་ཚུལ་དེ་ཐམས་ཅད་ཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རབ་བྱེད་གཉིས་པ་དང༌། ལམ་རིམ་བདུད་རྩིའི་ཉིང་ཁུ་སོགས་ལ་བརྟེན་ནས་རྟག་པ་གཅིག་པུ་རང་དབང་བའི་བདག་ཏུ་མ་གྲུབ་པ་དེ་ངེས་པར་ཤེས་དགོས་པ་རེད་ཅེས་ཞུ་རྒྱུ་དེ་ཡིན། དེས་ན་རང་ལུགས་ལ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་རང་དབང་དུ་མ་གྲུབ་པའི་རྒྱུ་མཚན་གང་རེད་ཟེར་ན། རང་དབང་བའི་དོན་ནི་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ལམ་རིམ་བདུད་རྩིའི་ཉིང་ཁུའི་སྐབས་སུ་གང་འདྲ་གསུངས་པ་རེད་ཟེར་ན། གཞན་ལ་མ་ལྟོས་པར་རང་ཉིད་ཕར་དབང་སྒྱུར་པ་པོ་ལྟ་བུ་ཞིག་ཏུ་འཇོག་གི་ཡོད་རེད། འོན་ཀྱང༌། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་དབང་སྒྱུར་པ་པོ་ཞིག་ཏུ་རང་ལུགས་ཀྱིས་གཞི་ནས་ཁས་ལེན་གི་ཡོད་མ་རེད། རྒྱུ་མཚན་དེ་དག་གིས་ཕྱིར་ན། ཁ་ཅིག་གིས་བདག་མེད་ཟེར་བ་དེ་ཅི་ཡང་ཁས་ལེན་དུ་མེད་པ་སྟེ། ཚེ་འདི་ནས་ཕྱི་མར་འགྲོ་བའི་གང་ཟག་ང་ཙམ་པོ་དེ་ཡང་མེད་པར་བསམས་ཏེ་ཆད་པའི་མཐར་ལྟུང་བ་ཡང་སྲིད་པས། ང་ཚོས་ལས་འབྲས་ཀྱི་རྟེན་དུ་གྱུར་བའི་ཚེ་སྔ་ཕྱི་འགྲོ་བ་ཞིག་ཡོད་པར་ཤེས་དགོས་ཀྱིན་འདུགདེ་ཡང༌། སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་གྱི་མདོ་སྡེ་རྒྱན་དབྱིག་འགྲེལ་གྱི་སྐབས་སུ། གང་ཟག་གི་བདག་ཡོད་དམ་མེད་ཅེས་འདྲི་བ་དེའི་ཚེ་མགོ་གཅིག་ཏུ་མི་སྨྲ་སྟེ། གང་ཟག་རྫས་སུ་མེད་ཀྱང་སྣང་ཙམ་བཏགས་ཙམ་དུ་ཡོད་ཅེས་གསལ་བོར་གསུངས་ཡོད་པ་དེ་ཐམས་ཅད་ཀྱིས་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་ཞིག་རེད་ཅེས་ཞུ་རྒྱུ་དེཡིན།

གཞན་སྟོང་སྨྲ་བའི་བཞེད་ཚུལ་ལ།འཁོར་ལོ་གསུམ་པོ་བརྗོད་བྱ་དོན་གྱི་རིམ་པར་བསྟན་པ།

༢ གཞན་སྟོང་སྨྲ་བའི་བཞེད་ཚུལ་ལ།འཁོར་ལོ་གསུམ་པོ་བརྗོད་བྱ་དོན་གྱི་རིམ་པར་བསྟན་པ།

དེ་ནས། རྩ་བར། གཞན་སྟོང་སྨྲ་བ་རྣམས་ནི། འཁོར་ལོ་རིམ་པ་གསུམ་པོ་འདི་ཡང་དུས་ཐོག་མཐའ་ནི་མ་ཡིན་ཏེ། འཁོར་ལོ་ཐ་མའི་མདོ་ཕལ་བོ་ཆེའི་ལེའུ་ཤས་ཆེ་བ་ཞིག་བདེན་བཞིའི་ཆོས་འཁོར་མ་བསྐོར་བའི་སྔོན་རྡོ་རྗེ་གདན་དུ་སངས་རྒྱས་མ་ཐག་ཏུ་ལྷའི་རྒྱལ་པོ་དབང་སྒྱུར་གྱི་གནས་སུ་གསུངས་པའང་ཡོད་ལ། མདོ་སྡེ་མྱང་འདས་ལྟ་བུ་མྱ་ངན་ལས་འདའ་ཁར་གསུངས་པ་ཡང་ཡོད། དེ་བཞིན་དུ་མི་རྟག་པ་ཉིད་ཀྱི་མདོ་ལ་སོགས་པ་འཁོར་ལོ་དང་པོའི་མདོ་ལ་མྱ་ངན་ལས་འདའ་ཁར་གསུངས་པ་ཡང་ཡོད་པས་སོ། །དེས་ན་འདི་ནི་བརྗོད་བྱའི་དོན་གྱི་གོ་རིམ་མམ། གདུལ་བྱའི་རྒྱུད་སྦྱོང་ཚུལ་གྱི་རིམ་པ་གསུམ་ཡིན་པས་དེ་ལྟ་བུའི་རིམ་པ་ཐ་མ་ཡིན་པའི་ཕྱིར། ཞེས་གསུངས་ཏེ། གཞན་སྟོང་སྨྲ་བ་རྣམས་ནི་འཁོར་ལོ་རིམ་པ་གསུམ་པོ་འདི་དུས་ཐོག་མཐའི་སྒོ་ནས་འཇོག་གི་མ་རེད་ཅེས་གསུངས་པ་རེད། དེ་མི་འཇོག་པའི་རྒྱུ་མཚན་གང་རེད་ཟེར་ན། འཁོར་ལོ་ཐ་མའི་མདོ་ཕལ་བོ་ཆེའི་ལེའུ་ཤས་ཆེ་བ་ཞིག་བདེན་བཞི་ཆོས་འཁོར་མ་བསྐོར་པའི་སྔོན་རྡོ་རྗེ་གདན་དུ་སངས་རྒྱས་སངས་རྒྱས་མ་ཐག་ཏུ་ལྷའི་རྒྱལ་པོ་དབང་སྒྱུར་གྱི་གནས་སུ་ཡང་གསུངས་པ་ཡོད་རེད་ཅེས་དེའི་རྒྱུ་མཚན་གྱིས་འཁོར་ལོ་བར་ཐ་གསུམ་རྒྱུད་སྦྱོང་པའི་རིམ་པ་ཡིན་ན་ཡང༌། སངས་རྒྱས་སངས་རྒྱས་མ་ཐག་ཏུ་སྐྱེ་བ་སྔོན་མ་རུ་འཁོར་ལོ་དང་པོ་དང་བར་བས་རྒྱུད་སྦྱངས་ཟིན་པའི་གང་ཟག་གདུལ་བྱ་ཁ་ཅིག་ལ་འཁོར་ལོ་ཐ་མ་གསུངས་པ་དང༌། འཁོར་ལོ་དང་པོས་རྒྱུད་སྦྱངས་ཟིན་པའི་གང་ཟག་ལ་འཁོར་ལོ་བར་བ་གསུངས་པ་དང༌། འཁོར་ལོ་དང་པོས་རྒྱུད་མ་སྦྱངས་པའི་གང་ཟག་རྣམས་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བ་རེད་ཅེས་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བ་དེ་ཡང༌། གདུལ་བྱའི་ཁམས་དབང་མོས་པ་སྣ་ཚོགས་པ་ཡིན་པའི་རྒྱུ་མཚན་གྱིས་དེའི་རིམ་པ་དང་མཐུན་པར་ཆོས་འཁོར་བསྐོར་བ་ཡིན་གྱི། ཆོས་འཁོར་རིམ་པ་གསུམ་པོ་དུས་ཐོག་མཐའི་སྒོ་ནས་ནི་མ་ཡིན་ཞེས་དེ་འདྲ་གསུངས་པ་རེད། དེས་ན་རང་ལུགས་ལ། ཆོས་འཁོར་རིམ་པ་གསུམ་པོ་བརྗོད་བྱ་སྟོན་ཚུལ་གྱི་སྒོ་ནས་འཇོག་དགོས་པ་ཞང་སྟོན་པའི་རྒྱུད་བླའི་འགྲེལ་བའི་སྐབས་སུ། གསལ་བོརགསུངས་ཡོད་པ་བཞིན་དུ་བརྗོད་བྱ་སྟོན་ཚུལ་ཇི་ལྟར་ཡིན་ཞེ་ན། ལེགས་པར་རྣམ་པར་ཕྱེ་བའི་སྒོ་ནས་འཁོར་ལོ་ཐ་མ་འཇོག་དགོས་པ་དང༌། དེ་ནང་བཞིན་དུ་འཁོར་ལོ་བར་མཐའ་གསུམ་ཀ་དེ་བརྗོད་བྱ་སྟོན་ཚུལ་གྱི་སྒོ་ནས་བཞག་པ་ཡིན་པ་དེ་གསལ་བོར་གསུངས་པ་ལྟར་རེད། མདོ་སྡེ་མྱང་འདས་ལྟ་བུ་མྱ་ངན་ལས་འདའ་ཁར་གསུངས་པའང་མང་པོ་ཡོད། དེ་ནང་བཞིན་དུ་འཁོར་ལོ་ཐ་མ་ལ་ཡང༌། མི་རྟག་པ་ཉིད་ཀྱི་མདོ་ལ་སོགས་པ་འཁོར་ལོ་དང་པོའི་མདོ་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་གསུངས་པ་ཡོད་པས་ན། འདི་ནི་བརྗོད་བྱ་དོན་གྱི་གོ་རིམ་མམ་ཡང་ན་གདུལ་བྱའི་རྒྱུད་སྦྱོང་ཚུལ་གྱི་རིམ་པ་ཐ་མ་ཡིན་པའི་རྒྱུ་མཚན་གྱིས་འཁོར་ལོ་ཐ་མ་ཞེས་གསུངས་པ་མ་གཏོགས་དུས་ཐ་མར་གསུངས་པའི་རྒྱུ་མཚན་གྱིས་འཁོར་ལོ་ཐ་མ་མ་ཡིན་ཞེས་དེ་འདྲའི་སྒོ་ནས་གསུངས་པ་རེད། དེའི་ཕྱིར་རང་ལུགས་ལ་བརྗོད་བྱ་སྟོན་ཚུལ་གྱི་སྒོ་ནས་བསམ་བློ་བཏང་ན་ཡང་སངས་རྒྱས་ཀྱི་ཆོས་འཁོར་ཐམས་ཅད་རྫས་ཕྱི་གཉིས་མགོ་སོགས་ཆོད་ན། ཕལ་ཆེར་འཁོར་ལོ་རིམ་པ་གསུམ་གྱི་ནང་དུ་འདུ་ཟེར་དགོས་པ་འདྲ་ལ། རང་ལུགས་ལ་ཡང༌། སྐབས་གཞན་དུ་འཁོར་ལོ་གསུམ་གྱི་རིམ་པ་དེ་དུས་ཀྱི་རིམ་པའི་སྒོ་ནས་གསུང་ཚུལ་ཞིག་ཀྱང་ཉ་དབོན་ཀུན་དགའ་དཔལ་དང༌། ས་བཟང་མ་ཏི་པཎ་ཆེན་གྱི་ཀུན་བཏུས་ས་འགྲེལ་གྱི་སྐབས་དང༌། མཚལ་མིན་པ་བསོད་ནམས་བཟང་པོའི་ཆོས་འབྱུང་རིན་པོ་ཆེའི་གཏེར་སོགས་ཀྱི་སྐབས་གསུངས་པ་དེ་གདུལ་བྱ་ཐུན་མོང་བ་སྟེ། དཔེ་ན་ཉན་ཐོས་སྡེ་གཉིས་ལྟ་བུ་ལ་དང་པོར་བདེན་བཞི་ཆོས་འཁོར་བསྐོར་བ་དང༌། དེའི་རྗེས་སུ་གདུལ་བྱ་ཐུན་མོང་བ་ཁ་ཅིག་གི་ངོར་བཀའ་འཁོར་ལོ་བར་བ་དེ་བསྐོར་བ་དང༌། དེའི་རྗེས་སུ་བཀའ་འཁོར་ལོ་ཐ་མ་གསུངས་ཞེས་བསྟན་པ་དེ་དག་ཐུན་མོང་སྣང་ཚུལ་ཙམ་གཙོ་བོར་བྱས་ཏེ་གསུངས་པ་རེདཅེས་དེ་ལྟར་བཤད་དགོས་པ་ཨེ་ཡིན་སྙམ་མོ། །

ཐ་མ་ཐེག་པ་སྣ་ཚོགས་ལ་ཞུགས་པ་ཞེས་པའི་མདོའི་དགོངས་པ་བསྟན་པ།

ཐ་མ་ཐེག་པ་སྣ་ཚོགས་ལ་ཞུགས་པ་ཞེས་པའི་མདོའི་དགོངས་པ་བསྟན་པ།

དེ་ནས། རྩ་བར། འཁོར་ལོ་ཐ་མ་ངེས་དོན་དུ་གྲུབ་སྟེ། བརྗོད་བྱའི་དོན་གྱི་མཐར་ཐུག་དྲང་དོན་ཡིན་པ་མི་རུང་ཞིང༌། གདུལ་བྱ་ངེས་དོན་ལ་ཁྲིད་ཟིན་པའི་འོག་ཏུ་སླར་ཡང་དྲང་དོན་ལ་ཁྲིད་པ་མི་རུང་བའི་ཕྱིར། འཁོར་ལོ་བར་བ་ཐེག་ཆེན་ལ་ཞུགས་ཞེས་གསུངས་པ་ཡང་ཐེག་ཆེན་གྱི་ཐེག་པའི་རིམ་པ་མང་པོ་ལ། བློ་མ་སྦྱངས་པའི་གང་ཟག་དབང་པོ་ཤིན་ཏུ་སྨིན་པ་མཡིན་པ་རྣམས་ལ་གསུངས་པས་མཐར་ཐུག་གི་ངེས་དོན་མ་ཡིན་ཞིང༌། འཁོར་ལོ་ཐ་མ་གསུངས་པའི་ཡུལ་ཐེག་པ་སྣ་ཚོགས་པ་ལ་ཞུགས་པ་ཞེས་གསུངས་པ་ནི། ལ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ། ལ་ལ་རང་རྒྱལ་ལ་ཞུགས་པ། ལ་ལ་ཐེག་ཆེན་ལ་ཞུགས་པ། ལ་ལ་དབང་པོ་རྣོ། ལ་ལ་དབང་པོ་རྟུལ་ཞེས་བྱ་བའི་དོན་མ་ཡིན་ཏེ། དེ་ལྟར་ཡིན་ན་བདག་ཏུ་རྟོག་པར་འགྱུར་ན་མི་རུང་སྟེ། །ཞེས་གསུངས་པ་ཡང་མི་འགྲིག་སྟེ། ཉན་ཐོས་ཀྱི་ཐེག་པ་པ་ཐེག་ཆེན་ལ་གསར་དུ་འཇུག་པའི་སྐབས་ཟག་མེད་ཀྱི་དབྱིངས་འདི་ཡོད་པར་གསུངས་ན་བདག་ཏུ་ལྟ་བ་འབྱུང་བའི་གནས་སྲིད་པ་དང་དེ་ལྟར་ཡོད་པས་རེ་ཞིག་ཟབ་མོའི་དོན་དེ་མ་བསྟན་པར་ཆོས་ཐམས་ཅད་བདེན་མེད་དུ་གསུངས་པར་བཤད་པས། འཁོར་ལོ་བར་བས་བློ་སྦྱངས་ཟིན་པའི་གང་ཟག་ལ་ལམ་འདི་སྟོན་རྒྱུ་ཡིན་པའི་ཕྱིར་སྔར་ཐེག་ཆེན་ལ་མ་ཞུགས་པ་དང༌། འཁོར་ལོ་བར་བས་རྒྱུད་སྦྱངས་པ་གཉིས་འགལ་བས་སོ། །ཞེས་གསུངས་ཏེ། འཁོར་ལོ་རིམ་པ་གསུམ་འཇོག་ཚུལ་དེ། བརྗོད་བྱ་སྟོན་ཚུལ་གྱི་སྒོ་ནས་བཞག་པ་དེ་རེད། དེའི་ནང་ནས་འཁོར་ལོ་དང་པོ་གཉིས་ཀྱིས་རྒྱུད་སྦྱངས་ཟིན་པའི་ཆེད་དུ་བྱ་བའི་གདུལ་བྱ་ལ་གསུངས་པའི་མདོ་ཞིག་འཁོར་ལོ་ཐ་མ་ཞེས་གསུངས་ཀྱིན་ཡོད་པ་རེད། དེས་ན་དེ་འདྲའི་འཁོར་ལོ་ཐ་མ་དེ་ངེས་དོན་གྱི་མདོ་ཡིན་པར་གྲུབ་སྟེ་ཞེས་གསུངས་པ་རེད། བརྗོད་བྱའི་དོན་གྱི་མཐར་ཐུག་དྲང་དོན་ཡིན་པ་མི་རུང་ཞིང༌། ཞེས་གསུངས་པ་དེ། བརྗོད་བྱའི་དོན་གྱི་མཐར་ཐུག་དེ་དོན་དམ་བདེན་པ་ཆགས་འདུག་ཡོད་པ་རེད། དེ་དྲང་དོན་ཡིན་པར་མི་རུང་ཞིང༌། ཞེས་གསུངས་པ་རེད། དཔེར་ན། འཁོར་ལོ་བར་བ་ངེས་དོན་གྱི་མདོ་དང་འཁོར་ལོ་ཐ་མ་དྲང་དོན་གྱི་མདོ་ཡིན་ན། འཁོར་ལོ་བར་བའི་སྐབས་སུ་གདུལ་བྱ་ངེས་དོན་ལ་ཁྲིད་ཟིན་པའི་འོག་ཏུ་སླར་ཡང་འཁོར་ལོ་ཐ་མའི་སྐབས་སུ་དྲང་དོན་ལ་འཁྲིད་དགོས་པ་ལ་དེ་མི་རུང་པའི་ཕྱིར། ཞེས་རིགས་པས་སྒོ་ནས་འཁོར་ལོ་ཐ་མ་ངེས་དོན་ཡིན་པར་སྒྲུབ་ཀྱིན་ཡོད་པ་རེད། ཞེས་གསུངས་པ་ཡང་ཞེས་པ་དེ། འཁོར་ལོ་བར་བ་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་དེ་ལྟར་གསུངས་པའང་ཐེག་ཆེན་གྱི་ཐེག་པ་རིམ་པ་མང་པོ་ལ་བློ་མ་སྦྱངས་པའི་གང་ཟག་དབང་པོ་ཤིན་ཏུ་མ་སྨིན་པ་རྣམས་ལ་འཁོར་ལོ་བར་བ་དེ་ཉིད་གསུངས་པ་རེད། ཅེས་གསུངས་པ་དང༌། དེ་ལྟར་གསུངས་པའི་རྒྱུ་མཚན་གྱིས་འཁོར་ལོ་བར་བ་དེ་མཐར་ཐུག་གི་ངེས་དོན་གྱི་མདོ་མ་ཡིན་པར་གསུངས་པ་རེད། འཁོར་ལོ་ཐ་མ་གསུང་བའི་ཡུལ་དེ། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ། ཞེས་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་དེ་ལྟར་གསུངས་པ་རེད། འདི་ལྟར་གསུངས་པ་ནི་ལ་ལ་ཉན་ཐོས་ཀྱི་ཐེག་པ་ཞུགས་པ། ལ་ལ་རང་རྒྱལ་ལ་ཞུགས་པ། ལ་ལ་ཐེག་ཆེན་ལ་ཞུགས་པ། ལ་ལ་དབང་པོ་རྣོ། ལ་ལ་དབང་པོ་རྟུལ་ཞེས་བྱ་བའི་དོན་མ་ཡིན་ཞེས་གསུངས་པ་རེད། གལ་ཏེ་དེ་ལྟར་ཡིན་ན། བདག་ཏུ་རྟོག་པར་འགྱུར་ན་མི་རུངཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་རྒྱན་སྟུག་པོ་བཀོད་པའི་མདོའི་སྐབས་སུ་གསུངས་པ་དེ་མི་འགྲིག་པར་འགྱུར་འགྲོ་བར་འདུགཅེས་གསུངས་པ་རེད། གལ་ཏེ་ཉན་ཐོས་ཀྱི་ཐེག་པ་བ་ཐེག་ཆེན་ལ་གསར་དུ་ཞུགས་པའི་སྐབས་ཟག་མེད་ཀྱི་དབྱིངས་འདི་ཡོད་པར་གསུང་ན་བདག་ཏུ་ལྟ་བར་འགྱུར་བའི་གནས་སྲིད་པ་དེ་དང༌། དེ་ལྟར་ཡོད་པས་ཟེར་བ་ནི་བདག་ཏུ་ལྟ་བ་འབྱུང་པའི་གནས་ཡོད་པས་རེ་ཞིག་ཟབ་མོའི་དོན་ཆོས་ཉིད་དེའམ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་མ་བསྟན་པར་ཆོས་ཐམས་ཅད་བདེན་མེད་དུ་གསུངས་པ་ཡིན་པ་དེ་འཁོར་ལོ་བར་བའི་སྐབས་སུ་བཤད་པས། འཁོར་ལོ་བར་པས་བློ་སྦྱངས་ཟིན་པའི་གང་ཟག་ཅིག་ལ་འཁོར་ལོ་ཐ་མའི་སྐབས་སུ་བསྟན་པའི་ལམ་འདི་སྟོན་རྒྱུ་ཡིན་པའི་རྒྱུ་མཚན་གྱིས་སྔར་ཐེག་ཆེན་ལ་མ་ཞུགས་པ་དང༌། འཁོར་ལོ་བར་བས་རྒྱུད་སྦྱངས་ཟིན་པ་གཉིས་ཀ་འགལ་བ་རེད་གསུངས། དེའི་རྒྱུ་མཚན་འཁོར་ལོ་བར་བ་དེ་ཐེག་པ་ཆེན་པོའི་སྡེ་སྣོད་ཅིག་རེད། དེས་ན་ཐེག་པ་ཆེན་པོ་ལ་མ་ཞུགས་པ་དང་འཁོར་ལོ་བར་པས་རྒྱུད་སྦྱངས་ཟིན་པ་གཉིས་འགལ་བ་རེད་ཅེས་གསུངས་པ་རེད། སྐབས་འདིར་འཁོར་ལོ་དང་པོའི་གསུངས་ཚུལ་གསུངས་ཡོང་དུས། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞེས་གསུངས་པ་དེ་དང༌། འཁོར་ལོ་བར་བའི་སྐབས་སུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་གསུངས་པ་དང༌། ཡང་གྲུབ་དོན་གྱི་སྐབས་ཟེར་ནའང་འདྲ་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་པའི་ཐེག་པ་དེ། རྗོད་བྱེད་ཚིག་གི་ཐེག་པ་ལ་བྱས་ནས་འཁོར་ལོ་རིམ་པ་གསུམ་གྱི་དང་པོས་རྒྱུད་སྦྱངས༌། དེའི་རྗེས་སུ་འཁོར་ལོ་བར་བ་ཐེག་ཆེན་གྱི་མདོས་རྒྱུད་སྦྱངས། དེ་ནས་འཁོར་ལོ་དང་པོ་དང་བར་བའི་ཐེག་པ་གཉིས་ཀས་རྒྱུད་སྦྱངས་ཟིན་པའི་གང་ཟག་ལ། ཐེག་པ་ཐམས་ཅད་ལ་ཞུགས་པའམ་ཡང་ན་འཁོར་ལོ་ཐ་མས་རྒྱུད་སྦྱོང་པ་སྐབས་སུ་བབ་པ་ཡིན་པ་དེ་འདྲ་ཞིག་གི་གོ་རིམ་གྱི་སྟེང་ནས་གསུངས་ཀི་ཡོད་པ་དེ་ཤེས་དགོསཀྱིན་འདུག་ཅེས་ཞུ་རྒྱུ་དེ་ཡིན། དེ་ནས། རྩ་བར། དེས་ན་ཐེག་པ་མཐའ་དག་ལ་ཡང་དག་པར་ཞུགས་པའི་དོན་ཐེག་པ་མཐའ་དག་ལ་ཞུགས་པས་རྒྱུད་སྦྱངས་ཟིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབང་རྣོན་གདུལ་བྱ་ཤིན་ཏུ་སྨིན་པ་རྣམས་ལ་གསུངས་པ་ཡིན་པའི་ཕྱིར་འདི་ཉིད་ངེས་དོན་དུ་གྲུབ་ལ། ཞེས་གསུངས་ཏེ། དེས་ན་ཐེག་པ་མཐའ་དག་ལ་ཡང་དག་པར་ཞུགས་པའི་དོན་ཞེས་པ། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་གྲུབ་དོན་གྱི་གསུང་ཚུལ་གསུང་པའི་སྐབས་དེར་ཐེག་པ་མཐའ་དག་ལ་ཡང་དག་ཞུགས་པ་ཞེས། གསུངས་པ་རེད། དེའི་དོན་གང་རེད་ཟེར་ན། ཐེག་པ་མཐའ་དག་ལ་ཞུགས་པའམ་ཐེག་པ་མཐའ་དག་ལ་བརྟེན་ནས་རྒྱུད་སྦྱངས་ཟིན་པའི་གང་ཟག་གི་དབང་དུ་བྱས་ནས་གསུངས་པ་རེད་ཅེས་གསུངས་པ་དེ་རེད། དེ་ནས་བྱང་ཆུབ་སེམས་དཔའ་དབང་རྣོན་གདུལ་བྱ་ཤིན་ཏུ་སྨིན་པ་སྟེ། སྤྱིར་བཏང༌། དང་པོ་ཉིད་ནས་ཐེག་པ་ཆེན་པོ་དབང་རྣོན་ཞིག་མ་ཡིན་ནའང་འཁོར་ལོ་དང་པོ་དང་བར་བ་གཉིས་ཀྱིས་རྒྱུད་སྦྱངས་ཟིན་པའི་གདུལ་བྱ་དབང་རྟུལ་དེའང༌། དབང་རྣོན་དུ་འཕོ་བ་ཡོད་པ་རེད། སྤྱིར་ན་སེམས་ཅན་ཡིན་ན་འཚང་རྒྱ་རུང་ཡིན་པའི་རྒྱུ་མཚན་གྱིས་དབང་པོ་རྟུལ་པོའི་ཆ་སྦྱངས་ནས། དབང་པོ་རྣོན་པོར་འགྱུར་བ་དེ་ངེས་པར་ཡོད་པ་ཞིག་ཆགས་ཡོད་པ་རེད། དེས་ན་བྱང་ཆུབ་སེམས་པ་དབང་རྣོན་གདུལ་བྱ་ཤིན་ཏུ་སྨིན་པ་རྣམས་ལ་གསུངས་པ་ཡིན་པའི་ཕྱིར་འཁོར་ལོ་ཐ་མ་འདི་ཉིད་ངེས་དོན་མཐར་ཐུག་གི་མདོ་ཡིན་པར་གྲུབ་ཅེས། གསུངས་པ་རེད། སྤྱི་བཏང༌། འཁོར་ལོ་ཐ་མའི་མདོ་ཟེར་བ་དེ། མདོ་སྔགས་གཉིས་སུ་ཕྱེས་པའི་མདོ་མ་རེད། སངས་རྒྱས་ཀྱི་བཀའ་ཐམས་ཅད་ལ་འདིའི་སྐབས་སུ་མདོ་ཞེས་སྦྱར་ནས། སངས་རྒྱས་ཀྱི་གསུང་ཐམས་ཅད་བཀའ་འཁོར་ལོ་གསུམ་དུ་འདུ་བའི་དབང་དུ་བྱས་ནས་གསུང་གིན་ཡོད་པ་རེད། དེས་ན་འཁོར་ལོ་ཐ་མ་དེ་ལ་མདོ་སྔགས་གཉིས་སུ་ཕྱེ་བའི་སྔགས་ཆ་ཚང་འཁོར་ལོ་ཐ་མའི་ནང་དུ་འདུས་ཡོད་པ་རེད། དེ་ལྟར་གསུངས་ཀྱིན་ཡོད་པ་དེ་ཤེས་དགོས་བར་འདུགདེ་ཡང་རང་ལུགས་ལ་བཀའ་འཁོར་ལོ་རིམ་པ་གསུམ་གྱི་དགོངས་པ་མཐར་ཐུག་དེ་ཆོས་ཀྱི་དབྱིངས་ཡིན་པ་དེ་གཅིག་པ་གཅིག་རྐྱང་བྱས་ནས་གསུངས་ཡོད་པ་རེད། དེ་ལྟར་ཡིན་པ་དེའང༌། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་སོགས་ཀྱི་སྐབས་སུ་གསུངས་ཡོད་པ་རེད། འོ་ན་རང་ལུགས་ལ་འཁོར་ལོ་རྣམ་གསུམ་དགོངས་པ་གཅིག་ཡིན་པ་དེ་གང་ལྟར་སྒྲུབ་ཀྱིན་ཡོད་པ་རེད་ཟེར་ན། འཁོར་ལོ་རྣམ་གསུམ་དགོངས་པ་གཅིག་ཡིན་པ་དེ། གཞན་སྟོང་དབུ་མའི་རྒྱན་གྱི་སྐབས་སུ། ཀླུ་སྒྲུབ་དང་ནི་ཐོགས་མེད་སྐུ་མཆེད་ཀྱིས། །འཁོར་ལོ་རྣམ་གསུམ་དགོངས་པ་གཅིག་ཏུ་བསྒྲུབས། །ཞེས་གསུངས་ཡོད་པ་དེ་དང༌། དེའི་ཐད་ཀྱི་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ལས། འཁོར་ལོ་དང་པོའི་སྐབས་སུ་ཁམས་བདེ་བར་གཤེགས་པའི་སྙིང་པོ་བསྟན་པ་ཇི་ལྟར་བསྒྲུབས་པ་རེད་ཟེར་ན། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱཏྱཱ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀ་འང་དགག་པ་མཛད། །ཅེས་གསུངས་པ་རེད། ཀཱཏྱཱ་ནའི་གདམས་ངག་གི་སྐབས་སུ་གསུངས་པ་དེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་སྐབས་སུ་དྲང་ཡོང་དུས། ཀཱཏྱཱ་ན་གང་གི་ཕྱིར། འཇིག་རྟེན་འདི་ནི་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ། དེས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང༌། མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར། འགྲོ་བ་ལྔའི་འཁོར་བ་ལས་གྲོལ་བར་མི་འགྱུར། ཞེས་གསུངས་པ་རེད། མདོར་ན། ཡོད་པ་དང་མེད་པ་གཉིས་བཀག་པར་མཛད་ནས་སྤྲོས་བྲལ་དུ་བསྟན་ཡོད་པ་རེད། ཅེས་གསུངས་པ་དེའི་རྒྱུ་མཚན་གྱིས་འཁོར་ལོ་དང་པོའི་དགོངས་དོན་མཐར་ཐུག་ཀྱང་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་རེད་ཅེས། གསུངས་པ་རེད། ཀ་ཏྱ་ཡ་ནས་ཞུས་པའི་མདོ་དེ་འཁོར་ལོ་དང་པོར་གྲགས་ཀྱང༌། རང་ལུགས་ལ་འཁོར་ལོ་དང་པོར་འཇོག་མིན་བརྗོད་བྱ་སྟོན་ཚུལ་གྱི་སྒོ་ནས་བསམ་མནོ་བཏང་ཡོང་དུས་ཅུང་ཟད་དཔྱད་རྒྱུ་ཞིག་ཡོད་པ་རེད། དེ་ནས་འཁོར་ལོ་བར་བའི་དགོངས་པ་རིག་པ་དྲུག་ཅུ་པའི་སྐབས་སུ། མྱ་ངན་འདས་པ་བདེན་གཅིགཔུ། །ཞེས་གསུངས་པ་དེས་མྱ་ངན་ལས་འདས་པ་བདེན་པ་ཡིན་པ། མི་བསླུ་བ་ཡིན་པ། རང་གི་ངོ་བོས་མི་སྟོང་བ་ཡིན་པར་གསུངས་པ་རེད། དེ་ཡང་དབུ་མ་རྩ་ཤེས་ཀྱིས་འཁོར་ལོ་བར་བའི་དགོངས་པ་འགྲེལ་གྱིན་ཡོད་པ་རེད། དེའི་སྒོ་ནས་ཀྱང་རང་ལུགས་ལ་འཁོར་ལོ་བར་བའི་སྐབས་སུ་གཞན་སྟོང་དབུ་མ་གསུངས་པར་སྒྲུབ་ཚུལ་ཞིག་ཡོད་པ་རེད། གཞན་ཡང་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་བཀའ་བསྡུ་བཞི་བའི་སྐབས་སུ་ཡང༌། ཆོས་འཁོར་གཉིས་པའི་དོན་ཡང་དེ་བཞིན་ཉིད། །ཡོན་ཏན་དཔག་ཡས་ཚང་པ་ཡིན་ཕྱིར་དང༌། །ཞེས་འཁོར་ལོ་བར་བར་གསུངས་པའི་དེ་བཞིན་ཉིད་དོན་དམ་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་པར་གསུངས་པས་ན། འཁོར་ལོ་རྣམ་གསུམ་དགོངས་པ་གཅིག་ཡིན་པ་དེ་ལྟར་གསུངས་ཀྱིན་ཡོད་པ་རེད། དེ་མ་གཏོགས་ཇོ་ནང་པས་འཁོར་ལོ་བར་བའི་དགོངས་པའི་སྟོང་ཉིད་དེ་བེམ་སྟོང་ཆད་སྟོང་ཁས་ལེན་གི་རེད་ཅེས་མཁས་པའི་ཁྲོད་ནའང་མང་པོ་གསུངས་ཀྱིན་འདུགཡིན་ནའང༌། ཇོ་ནང་རང་ལུགས་ལ་མཚོན་ན་བདེན་གྲུབ་ཀྱིས་སྟོང་པ་དེ་བེམ་སྟོང་ཆད་སྟོང་རེད་ཅེས་གསུངས་ཡོད་རེད་མ་གཏོགས། འཁོར་ལོ་བར་བའི་སྐབས་ནས་བསྟན་པའི་དེ་བཞིན་ཉིད་དེ་བེམ་སྟོང་ཆད་སྟོང་མ་ཡིན་པར་དེ་ཡེ་ཤེས་ཡིན་པ་དང༌། འཁོར་ལོ་རིམ་པ་གསུམ་གྱི་དགོངས་དོན་མཐར་ཐུག་དགོངས་པ་གཅིག་དང་དབྱངས་གཅིག་ཡིན། ཞེས་གསུངས་ཡོད་པ་རེད། དེས་ན་ཇོ་ནང་རང་ལུགས་ལ་བེམ་སྟོང་ཆད་སྟོང་ཟེར་བ་དེ་གང་འདྲ་རེད་ཟེར་ན། དེའ་བེམ་པོ་ཟེར་བ་དེ་རྡུལ་དུ་གྲུབ་པའི་བེམ་པོ་དེ་ལ་བྱེད་ཀྱིན་མེད་པར། ཤེས་པ་དང་རིག་པ་མ་ཡིན་པའི་ཆོས་ཡིན་པས་ན་བེམ་པོ་ཟེར་བ་རེད། དཔེར་ན་ཚད་མ་རྣམ་འགྲེལ་ལ་སོགས་པའི་སྐབས་སུ། གྲངས་ཅན་པས་བདག་ཤེས་རིག་ལས་གཞན་པའི་ཤེས་བྱ་ཉེར་གསུམ་པོ་བེམ་པོར་འདོད་པ་དེ་ཤེས་པ་མ་ཡིན་པའི་བེམ་པོ་ཞེས་གསུང་ཚུལ་ཡོད་རེད་ཨ། དེ་བཞིན་དུ་སྤྱོད་འཇུག་སོགས་ཀྱི་སྐབས་སུའང༌། ཤེས་པ་བེམ་མིན་ལོག་པ་སྟེ། །ཞེས་གསུང་ཚུལ་ཡོད་པ་རེད། དེའི་སྒོ་ནས་བཞག་པའི་བེམ་པོ་དེ་གསུངས་ཀྱིན་ཡོད་པ་རེད། དེས་ན་ཤེས་པ་མ་ཡིན་པའི་ཆོས་ཡིན་པའི་རྒྱུ་མཚན་གྱིས་བེམ་སྟོང་ཟེར་ཞིང་བེམ་པོའི་སྟོང་ཉིད་ཀྱང་རེད། ཅེས་གསུངས་པ་རེད། དེས་ན་རང་ལུགས་ལ་བེམ་པོ་མ་ཡིན་པར་ཡེ་ཤེས་ཡིན་དགོས་པར་གསུངས་ཡོད་པ་རེད། ཆད་སྟོང་ཞེས་པ་རྟག་ཆད་ཀྱི་ཆད་སྟོང་དེ་མ་ཡིན་པར། འདིར་ཆད་སྟོང་ཞེས་པ་དེ་དོན་དམ་པའི་སྐུ་དང་ཞིང་ཁམས་ཐམས་ཅད་དང་ལྡན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ཞིག་ཏུ་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཁས་ལེན་གྱིན་ཡོད་པ་ལ། བདེན་གྲུབ་ཀྱི་སྟོང་པ་དེ་དོན་དམ་པའི་ཡོན་ཏན་ཐམས་ཅད་ཆད་པའི་བདག་ཉིད་ཅན་ཡིན་པས་ན་ཆད་སྟོང་ཞེས་གསུངས་པ་རེད། རྒྱུད་བླ་མའི་སྐབས་སུའང༌། རྣམ་དབྱེར་མེད་པའི་མཚན་ཉིདཅན། ། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་ནས་བླ་ན་མེད་པའི་དོན་དམ་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་པར་གསུང་གིན་ཡོད་པ་དེ་རེད། ཡོན་ཏན་དེ་དག་མ་ལྡན་ན་དོན་དམ་པའི་ཡོན་ཏན་ཐམས་ཅད་ཆད་པས་སྟོང་བ་རེད། ཅེས་གསུངས་བཞག་པ་རེད། དེས་ན་རང་ལུགས་ལ་འཁོར་ལོ་རྣམ་པ་གསུམ་གྱི་མཐར་ཐུག་དགོངས་པ་གཅིག་རེད། ཅེས་གསུངས་པ་དེ་འདྲ་རེད། དེས་ན་ཁ་སང་གོང་ནས་གང་ལ་གང་འཚམ་ཞུས་ཟིན་པ་དེ་ཡིན། དེའི་ཐོག་ནས་འཁོར་ལོ་རིམ་པ་གསུམ་གྱི་ནང་ནས་ཀྱང༌། འཁོར་ལོ་ཐ་མ་དེ་རང་ལུགས་ལ་མཆོག་ཏུ་གྲུབ་པ་དེ། ས་བཟང་མ་ཏི་པཎ་ཆེན་གྱི་བླང་དོར་རབ་གསལ་གྱི་རྩ་བའི་སྐབས་སུ། འཁོར་ལོ་གསུམ་ཀའང་གདུལ་བྱའི་སྐལ་བ་དང༌། །མཐུན་པར་གང་ལ་གང་འདུལ་སྟོན་པསཟབ། །འོན་ཀྱང་རིམ་གྱིས་དྲངས་ནས་ངེས་པའི་དོན། །མཐར་ཐུག་སྟོན་པས་ཕྱི་མ་མཆོག་ཏུ་གསུངས། །ཞེས་འཁོར་ལོ་ཕྱི་མ་དེ་མཆོག་ཏུ་གྱུར་བ་ཡིན་པར་གསུངས་པ་རེད། ཡང་ཕྱི་མ་ལ་ཡང་ག་འདྲ་ཡོད་པ་རེད་ཟེར་ན། བླང་དོར་རབ་གསལ་ལས། ཕྱི་མ་ལ་ཡང་མཚན་ཉིད་ཐེག་པ་ལས། །གསང་སྔགས་ཟབ་མོའི་ཐེག་པ་མཆོག་ཏུ་གསུངས། །ཞེས་མདོ་ཕར་ཕྱིན་ཐེག་པ་ཟེར་ན་འདྲ་ངེས་དོན་མདོ་བཅུ་དང༌། སྙིང་པོའི་མདོ་བཅུ་ལ་སོགས་པ་དེ་དག་ལས་གསང་སྔགས་ཟབ་མོའི་ཐེག་པ་དེ་མཆོག་ཏུ་གྱུར་པ་རེད། ཅེས་གསུངས་པ་རེད། གསང་སྔགས་ཟབ་མོ་དེ་ལ་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་བཞི་ཡོད་པ་རེད། དེ་ཡང༌། ས་བཟང་གི་བླང་དོར་རབ་གསལ་ལས། གསང་སྔགས་ལ་ཡང་བྱ་སྤྱོད་རྣལ་འབྱོར་ལས། །རྣལ་འབྱོར་བླ་མེད་རིམ་གྱིས་ཟབ་པར་གསུངས། །ཞེས་རྣལ་འབྱོར་བླ་ན་མེད་པ་དེ་ཟབ་པ་རེད་ཅེས་གསུངས་པ་རེད། རྣལ་འབྱོར་བླ་ན་མེད་པའི་ནང་ནས་ཀྱང་གང་ཟབ་པ་རེད་ཟེར་ན། ཕ་རྒྱུད། མ་རྒྱུད། གཉིས་མེད་རྒྱུད་རྣམས་ཀྱི་ནང་ནས་གཉིས་མེད་ཀྱི་རྒྱུད་དེ་ཉིད་ཟབ་པ་ཡིན་ཏེ། ས་བཟང་མ་ཏི་པཎ་ཆེན་གྱིས། བླ་མེད་ལ་ཡང་ཕ་རྒྱུད་མ་རྒྱུད་ལས། །གཉིས་མེད་རྩ་བའི་རྒྱུད་རྣམས་མཆོག་ཏུ་གསུངས། །ཞེས་གཉིས་མེད་རྩ་བའི་རྒྱུད་དེ་ཉིད་མཆོག་ཡིན་པར་གསུངས་པ་རེད། དེའི་རྒྱུ་མཚན་གང་ལྟར་གསུངས་པ་རེད་ཟེར་ན། མདོར་ན་གདུལ་བྱ་རྣམས་རིམ་གྱིས་དྲང་བའི་དོན་དུ། རྡོ་རྗེ་གུར་གྱི་རྒྱུད་ཀྱི་སྐབས་དེར། སྐྱེས་པ་རྣམས་ནི་གདུལ་བའི་ཕྱིར། །རྣལ་འབྱོར་རྒྱུད་ནི་ཡང་དག་བཤད། །བུད་མེད་རྣམས་ནི་བསྡུ་ཆེད་དུ། །རྣལ་འབྱོར་མ་རྒྱུད་རབ་ཏུ་བཤད། །ཅེས་གསུངས་པ་ལྟར། ཞུ་བ་པོ་སྐྱེས་པས་ཞུས་ཤིང་དེ་དག་འདུལ་བའི་ཆེད་དུ་ཐབས་བདེ་བ་ཆེན་པོ་གཙོ་བོར་སྟོན་པ་གསང་བ་འདུས་པ་དང༌། གཤིན་རྗེ་གཤེད་ལ་སོགས་པ་ཐབས་ཀྱི་རྒྱུད་དང༌། ཞུ་བ་པོ་རྣལ་འབྱོར་མས་ཞུས་ཤིང་དེ་དག་འདུལ་བའི་ཆེད་དུ་ཤེས་རབ་སྟོང་པ་ཉིད་གཙོར་བོར་སྟོན་པ་ཀྱཻའི་རྡོ་རྗེ་དང༌། བདེ་མཆོག་འཁོར་ལོ་ལ་སོགས་པ་ཤེས་རབ་ཀྱི་རྒྱུད་ཅེས་གསུངས་ཤིང༌། ངེས་པའི་དོན་དུ་ནི་རྩ་བའི་རྒྱུད་ལས། རྣལ་འབྱོར་ཐབས་ཀྱི་ལུས་དང་ནི། །ཤེས་རབ་གཅིག་པུ་དག་གིས་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་གསུངས་ནས་ཆ་མཉམ་དུ་སྟོན་པའི་གཉིས་མེད་ཀྱི་རྒྱུད་ཀྱིས། དང་པོའི་སངས་རྒྱས་རྡོ་རྗེ་འཛིན་པ་ཡེ་ཤེས་ཀྱི་སྐུ་དེ་ཉིད་གསལ་བར་སྟོན་པའི་རྒྱུ་མཚན་གྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་ལྟ་བུ་དེ་རྒྱུད་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ཡིན་པར་གསུངས་པ་རེད། དེས་ན་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་ཡང༌། ཕ་རྒྱུད། མ་རྒྱུད། གཉིས་མེད་ཀྱི་རྒྱུད་གསུམ་ཡོད་པའི་ནང་ནས་གཉིས་མེད་ཀྱི་རྒྱུད་དེ་མཆོག་ཏུ་དགོངས་པར་གསུངས་ནས། རང་ལུགས་ལ་གཞན་སྟོང་དབུ་མ་ཆེན་པོ་དེ་ཉིད་གཙོ་བོ་གཉིས་མེད་ཀྱི་རྒྱུད་སྡེ་དང༌། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་བོའི་མན་ངག་གི་བརྟེན་ས་སེམས་འགྲེལ་སྐོར་གསུམ་གྱི་མན་ངག་ལ་བརྟེན་ནས་གསལ་ཐག་ཆོད་པ་ཞིག་གསུངས་ཡོད་པ་རེད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་རང་གི་བཀའ་བསྡུ་བཞི་པའི་རང་འགྲེལ་སྐབས་དེར་གང་འདྲ་གསུངས་ཡོད་པ་རེད་ཟེར་ན། སེམས་འགྲེལ་སྐོར་གསུམ་གྱི་མན་ངག་ལ་བརྟེན་ནས་རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་དོན་ལ་སྦྱངས་པ་བྱས། སྦྱངས་པ་བྱས་པར་མ་ཟད་ཐད་ཀ་ཐད་ཀར་ཉམས་སུ་བླངས་ཞིང་ཉམས་རྟོགས་རྒྱུད་ལ་སྐྱེས་ནས། གྲུབ་ཐོབ་ཕལ་བ་དང༌། རྟོག་གེ་བ་ཕལ་བ་མ་ཟད། སངས་རྒྱས་བྱང་སེམས་ཀྱིས་ཀྱང་བསྒྱུར་དུ་མེད་པའི་ངེས་ཤེས་ཁྱད་པར་ཅན་ཞིག་རྙེད་དོ་ཞེས་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་རང་གིས་དེ་འདྲ་བཀའ་བསྩལ་ཀྱིན་ཡོད་པ་རེད། དེས་རྒྱུ་མཚན་གྱིས། རང་ལུགས་ལ་འཁོར་ལོ་རིམ་པ་གསུམ་གྱི་ནང་ནས་འཁོར་ལོ་ཐ་མ། ཐ་མའི་ནང་ནས་གསང་སྔགས། གསང་སྔགས་ཀྱི་ནང་ནས་བླ་མེད། བླ་མེད་ཀྱི་ནང་ནས་གཉིས་མེད་ཀྱི་རྒྱུད་ལ་གཙོ་བོར་བརྟེན་ནས་གསུངས་ཡོད་པ་རེད། སྤྱིར་བཏང༌། ང་ཚོའི་མདོ་སྔགས་གཉིས་ཀྱི་ལྟ་བ་མཐར་ཐུག་དེ་གཅིག་པ་ཆགས་འདུག་ཡོད་པ་རེད། དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང༌། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་གྱི། །ཞེས་གསུངས་པ་དེ་ཐབས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་སོགས་པ་དང་ལུས་བྱེད་བཅིངས་ཀྱིས་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པ་དེ་སྔགས་ཀྱི་ཐབས་ལམ་ཁྱད་པར་དུ་འཕགས་པ་ཡིན་པར་གསུངས་བཞག་པ་རེད་མ་གཏོགས། ཡུལ་སྟོང་པ་ཉིད་དེ་ལ་ཁྱད་ཡོད་པར་གསུངས་ཡོད་མ་རེད། དེའི་རྒྱུ་མཚན་གྱིས། རང་ལུགས་ལ་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྣལ་འབྱོར་དེ་ཤེར་ཕྱིན་གྱི་སྐབས་སུའང་གསུངས་ཡོད་པ་རེད། དེ་ཡང་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་ལམ་གྱི་སྐབས་དེར། ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་གཏན་ལ་ཕབ་ཡོད་པ་རེད། དེའི་སྐབས་དེར་ལྟ་བ་ཐུན་མོང་བ་བཤད་པའི་སྐབས་སུ། འཁོར་ལོ་བར་བ་དང་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས། ཞེས་གསུངས་པ་རེད། སྔགས་ཀྱི་སྐབས་སུ་ཡང་དང་པོ་དབེན་པ་གསུམ་ལྡན་གྱི་སྐབས་ཡིན་ནའང་འདྲ། དེ་ནས་སོར་སྡུད་དང་བསམ་གཏན་ལ་སོགས་པའི་སྐབས་སུ་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མཉམ་པར་བཞག་པ་ལས་ལྷག་གི་ལྟ་བ་སྐྱོང་སྟངས་ཤིག་མེད་པ་རེད། ལུས་བྱེད་བཅིངས་ལ་སོགས་པའི་སྒོ་ནས་སྔགས་ཀྱི་ཐབས་ལམ་དེ་ཁྱད་པར་དུ་འཕགས་པ་ཞིག་རེད་ཅེས་ཞུ་རྒྱུ་དེ་འདྲ་ཡིན། དེ་ནས་རང་ལུགས་ལ་རྟེན་སའི་མདོ་དེ་གོང་དུ་ཞུས་པ་དེ་འདྲ་ཞིག་ཏུ་ཆགས་ཡོད་པ་རེད། བསྟན་བཅོས་དང༌། དགོངས་འགྲེལ་མཁན་པོ། རང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་ལ་སོགས་པའི་རིམ་པ་དེ། རྗེས་མར་རིམ་པ་བཞིན་དུ་ཞུ་ཡོང་ན་འགྲིག་གི་འདུགམདོར་ན། འཁོར་ལོ་ཐ་མའམ་གཞན་སྟོང་དབུ་མའི་ལྟ་བ་མཆོག་ཏུ་གྱུར་བ་ཡིན་པ་དེ། རྒྱུད་ཀྱི་སྐབས་ནའང་དཔེར་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ལྟ་བ་མདོར་བསྟན་སྐབས་སུ། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །ཅེས་ཕུང་པོ་གཅིག་དུ་བྲལ་གྱི་རིགས་པ་ལ་སོགས་པས་རྣམ་པར་དཔྱད་པའི་བདེན་དངོས་སུ་གྲུབ་པས་སྟོང་བ་དེ། ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །ཅེས་དོན་དམ་པའི་ཡོན་ཏན་སྐུ་དང་ཞིང་ཁམས་རྣམ་པ་ཐམས་ཅད་པས་བརྒྱན་པའི་སྙིང་པོ་དེ་འདྲ་མེད་ཅེས་གསུངས་པ་དང༌། རྣམ་པ་ཐམས་ཅད་མཆོག་ལྡནཔའི། །སྟོང་ཉིད་དེ་ལྟར་གྱུར་མ་ཡིན། །ཞེས་དེའི་མཇུག་ན་གསུངས་པ་དེས་རྣམ་པ་ཐམས་ཅད་དང་ལྡན་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་རྡོ་རྗེའི་སྐུ་དེ། ཕུང་པོ་རྣམ་པར་དཔྱད་པའི་སྟོང་པ་དེ་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་དེ་སྔགས་ཀྱི་སྐབས་སུ་གསུངས་ཀྱིན་འདུག་ལ། དེ་ནང་བཞིན་དུ་མདོ་སྡེ་ལང་ཀར་གཤེགས་པའི་སྐབས་སུ། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ཡང་མི་རྟོག་གོ། །ཞེས་ཐེག་ཆེན་གྲུབ་མཐའ་སྨྲ་བའི་ནང་ཚན་སེམས་ཙམ་པའི་གྲུབ་མཐའ་ལ་བརྟེན་ནས། ཕྱི་རོལ་དོན་དུ་གྲུབ་པར་འདོད་པའི་མདོ་སྡེ་བའི་གྲུབ་མཐའ་ལ་སོགས་པ་དེ་ལས་འདའ་བར་གསུངས་པ་རེད། སྣང་བ་མེད་ལ་བརྟེན་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །ཞེས་གསུངས་ཡོང་དུས། རྣལ་འབྱོར་སྣང་མེད་དབུ་མ་ཟེར་བ་དེ་གཙོ་བོར་ཇོ་ནང་པ་རང་གིས་འཆད་ཚུལ་ལྟར་ན། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང༌། དཔལ་ལྡན་ཟླ་བའི་རྗེས་འབྲང་གི་དབུ་མ་ཐལ་འགྱུར་བ་སོགས་ལ་བྱས་ནས། དེ་དག་གི་གྲུབ་མཐའ་ལ་བརྟེན་ནས་སེམས་ཙམ་ལས་འདའ་བར་བྱ་བ་གསུངས་པ་དང༌། སྣང་མེད་གནས་པའི་རྣལ་འབྱོར་པས། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་རྣལ་འབྱོར་སྣང་བ་མེད་པ་ལ་གནས་ནས། ཐེག་པ་ཆེན་པོའི་མཐར་ཐུག་གི་དོན་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་དེ་རྟོགས་ཐུབ་ཀྱིན་མི་འདུགདེའི་རྒྱུ་མཚན་གྱིས། ཡང་དག་དམིགས་ལ་བརྟེན་ནས་སུ། །སྣང་མེད་ལས་ཀྱང་འདའ་བར་བྱ། །ཞེས་གསུངས་པ་རེད། ཡང་དག་པའི་དམིགས་པ་ཟེར་ནའང་འདྲ། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་དམིགས་པ་མཐར་ཐུག་ཆོས་ཀྱི་དབྱིངས་དེ་ལ་བརྟེན་ནས་སྣང་བ་མེད་པའི་དབུ་མ་དེ་ལས་འདའ་བར་བྱ། ཞེས་མཐར་ཐུག་གི་དབུ་མ་དེ་དེལྟར་གཏན་ལ་ཕབ་བཞག་ཡོད་པ་རེད།

འཁོར་ལོ་ཐ་མ་ཐེག་དམན་གྱི་མདོ་སོགས་ལས་ཁྱད་པར་དུ་འཕགས་ཚུལ་བསྟན་པ།

འཁོར་ལོ་ཐ་མ་ཐེག་དམན་གྱི་མདོ་སོགས་ལས་ཁྱད་པར་དུ་འཕགས་ཚུལ་བསྟན་པ།

དེ་ནས། རྩ་བར། ཡང་རྣམ་པ་གཅིག་ཏུ་རང་སྟོང་པ་རྣམས་ཀྱི་ལུགས་དེ་ལྟར་ན། འཁོར་ལོ་དང་པོ་དང་འཁོར་ལོ་ཐ་མ་གཉིས་མཐུན་པ་ཤས་ཆེ་དགོས་པ་ལས་འདིར་ནི་དེ་ལྟར་མེད་པར་འཁོར་ལོ་བར་བ་དང་པོ་དང་མཐུན་ཤས་ཆེ་ཞིང༌། འཁོར་ལོ་ཐ་མ་ཐེག་དམན་དང་ཤིན་ཏུ་འགལ་བའི་ཕྱིར་འདི་ཉིད་མཐར་ཐུག་ཡིན་ལ། དེ་ལྟར་ཡིན་པ་ནི་མངོན་སུམ་གྱིས་གྲུབ་སྟེ། འཁོར་ལོ་དང་པོ་གཉིས་ཆར་དུ་སྣང་བ་སེམས་སུ་མ་གསུངས་པ་དང༌། རྣམ་ཤེས་ཚོགས་བརྒྱད་མ་བཤད་པ་དང༌། ཆོས་ལྔ་དང་རང་བཞིན་གསུམ་སོགས་ཀྱི་རྣམ་བཞག་ཀྱང་དང་པོ་ནས་གཏན་ནས་མ་བཤད་ཅིང་བར་བ་ནས་ཀྱང་རྒྱས་པར་མ་བྱུང་པ་དང༌། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་འདི་ལྟ་བུ་འཁོར་ལོ་དེ་གཉིས་ཆར་ནས་མ་བཤད་ཅིང་ཉན་ཐོས་རྣམས་དེ་ལྟ་བུ་གཏན་ནས་མེད་པར་འདོད་ལ། ཞེས་གསུངས་ཏེ། ཡང་རྣམ་པ་གཅིག་ཏུ་རང་སྟོང་པ་རྣམས་ཀྱི་ལུགས་དེ་ལྟར་ན། འཁོར་ལོ་དང་པོ་དང་ཐ་མ་གཉིས་མཐུན་པ་ཤས་ཆེ་དགོས་པ་ལས། འདིར་ནི་དེ་ལྟར་མེད་པར་འཁོར་ལོ་བར་པ་དང་པོ་དང་མཐུན་ཤས་ཆེ་ཞིང༌། ཞེས་གསུངས་པ་དེ་འཁོར་ལོ་དང་པོའི་སྐབས་སུ་ཡང་ཕུང་པོ་ལྔ་སྐྱེ་མཆེད་བཅུ་གཉིས་ཁམས་བཅོ་བརྒྱད་དང་བྱང་ཕྱོགས་ཀྱི་ཆོས་སོ་བདུན་ལ་སོགས་པ་བརྩམས་གཞི་བྱས་ནས་གསུངས་ཡོད་པ་རེད། འཁོར་ལོ་བར་བའི་སྐབས་སུ་ཡང་དེ་དག་བརྩམས་གཞིར་བྱས་ཤིང་དེའི་སྟེང་དུ་འགྲེས་རྐང་ཁ་ཤས་བསྣན་ནས་གསུངས་བཞག་པ་ཡིན་པ་རེད། དེར་མ་ཟད་འཁོར་ལོ་ཐ་མའི་སྐབས་སུ་ཐེག་པ་ཆེན་པོའི་ཆོས་ལྔ་ཟེར་བ་དང་རང་བཞིན་གསུམ་གྱི་རྣམ་བཞག་ཡིན་ནའང་འདྲ་དེ་ནང་བཞིན་རྣམ་ཤེས་ཚོགས་བརྒྱད་དང་རང་རིག་སོགས་ཀྱི་རྣམ་གཞག་མང་ཆེ་བ་ཞིག་འཁོར་ལོ་དང་པོ་དང་བར་བའི་སྐབས་སུ་མ་གསུངས་པ་རེད། དེ་ལྟར་མ་གསུངས་པ་དེའང་འཁོར་ལོ་དང་པོ་དང་བར་བ་གཉིས་མཐུན་པར་ཆགས་འདུག་ཡོད་པ་རེད། ཅེས་བཤད་པ་རེད། འཁོར་ལོ་ཐ་མ་ཐེག་དམན་དང་ཤིན་ཏུ་འགལ་བའི་ཕྱིར། ཞེས་གསུངས་པ་རེད། འཁོར་ལོ་ཐ་མ་དང་ཐེག་པ་དམན་པའི་སྐབས་ནས་བསྟན་པའི་སྡེ་སྣོད་དང་ཤིན་ཏུ་འགལ་བ་མང་པོ་ཞིག་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་འཁོར་ལོ་ཐ་མ་འདི་ཉིད་མཐར་ཐུག་ཡིན་པར་གྲུབ་ཐུབ་པ་རེད། ཅེས་གསུངས་པ་རེད། འཁོར་ལོ་ཐ་མ་དང་ཐེག་པ་དམན་པའི་སྡེ་སྣོད་འཁོར་ལོ་དང་པོ་ལ་སོགས་པ་དེ་དག་བརྗོད་ཚུལ་གྱི་སྒོ་ནས་འགལ་ཚུལ་གང་འདྲ་རེད་ཟེར་ན། གོང་དུ་ཞུས་པ་ལྟར་རྣམ་ཤེས་ཚོགས་བརྒྱད་བསྟན་པ་དང་ཆོས་ལྔ་དང་རང་བཞིན་གསུམ་དེ་ནས་ཁམས་བདེ་བར་གཤེགས་པའི་སྙིང་པོ་མཚན་བཟང་གིས་བརྒྱན་པ་ཞིག་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་སུ་བཞུགས་ཡོད་པ་ལ་སོགས་པ་གསུངས་མ་གསུངས་སོགས་ཀྱི་གསུང་ཟིན་དང་སྒྲས་ཟིན་འགལ་བ་མང་པོ་ཞིག་ཡོད་པ་དེ་ལྟར་གསུངས་བཞག་པ་རེད། དེས་ན་འཁོར་ལོ་ཐ་མ་འདི་ཉིད་མཐར་ཐུག་ཡིན་ལ། དེ་ལྟར་ཡིན་པ་ནི་མངོན་སུམ་གྱིས་གྲུབ་སྟེ། ཞེས་གསུངས་པ་རེད། འཁོར་ལོ་དང་པོ་གཉིས་ཆར་དུ་སྣང་བ་སེམས་སུ་མ་གསུངས་པ་དང༌། ཞེས་གསུངས་པ་འཁོར་ལོ་དང་པོ་དང་བར་བ་གཉིས་ཀའི་སྐབས་སུ་གང་སྣང་ཐམས་ཅད་སེམས་ཀྱི་བདག་ཉིད་ཡིན་པར་མ་གསུངས་པ་དེ་དང༌། དེ་གཉིས་ཀྱི་སྐབས་སུ་རྣམ་ཤེས་ཚོགས་བརྒྱད་ཡང་མ་བཤད་པ་རེད་ཅེས། དེ་གསུངས་པ་རེད། དེ་ནང་བཞིན་དུ། མིང་རྒྱུ་མཚན་རྣམ་རྟོག་དེ་བཞིན་ཉིད་ཡང་དག་པའི་ཡེ་ཤེས་ཏེ། ཐེག་པ་ཆེན་པོའི་ཆོས་ལྔ་དང་རང་བཞིན་གསུམ་སོགས་ཀྱི་རྣམ་བཞག་འཁོར་ལོ་དང་པོ་ནས་གཏན་ནས་མ་བཤད་པ་རེད། ཅེས་གསུངས་པ་རེད། བར་བ་ནས་ཀྱང་མཚན་ཉིད་གསུམ་གྱི་རྣམ་བཞག་ཅུང་ཟད་བཤད་ཡོད་པ་རེད། ཡིན་ནའང་རྒྱས་པར་མ་བྱུང་པ་རེད། ཅེས་དེ་ལྟར་གསུངས་པ་རེད། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་འདི་ལྟ་བུ་འཁོར་ལོ་དེ་གཉིས་ཆར་ནས་མ་བཤད་ཅིང༌། ཞེས་གསུངས་པ་དེ། གཟུང་འཛིན་རྫས་ཐ་དད་དུ་གྲུབ་པས་སྟོང་བའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའམ་གཟུང་འཛིན་གཉིས་ཀྱིས་སྟོང་བས་དོན་དམ་རང་བྱུང་གི་ཡེ་ཤེས་འདི་ལྟ་བུ་འཁོར་ལོ་བར་བ་དང་དང་པོ་གཉིས་ཆར་ནས་མ་བཤད་པ་རེད། ཅེས་གསུངས་པ་དང་ཉན་ཐོས་རྣམས་དེ་ལྟ་བུ་གཏན་ནས་མེད་པར་འདོད་ལ། ཞེས་གསུངས་པ་རེད། ཉན་ཐོས་རྣམས་ཡིན་ན་གཟུང་འཛིན་གཉིས་ཀྱིས་སྟོང་བའི་ཡེ་ཤེས་ཞིག་གཏན་ནས་མེད་པར་ཁས་ལེན་པའམ་འདོད་ལ། ཞེས་དེ་འདྲ་གསུངས་པ་རེད། འདིའི་སྐབས་སུ་གསུངས་པའི་རྣམ་ཤེས་ཚོགས་བརྒྱད་ཡོངས་གྲགས་ལྟར་རྣམ་པ་ཚོས་མཁྱེན་གི་རེད། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་དང༌། དེའི་སྟེང་དུ་ཉོན་ཡིད་དང་ཀུན་གཞིའི་རྣམ་ཤེས་གཉིས་བསྣན་པའི་བརྒྱད་པོ་དེ་རེད། ཉོན་ཡིད་ཟེར་བ་དེ། འཁོར་ཀུན་འགྲོ་ལྔ་དང་དེའི་སྟེང་དུ། བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཏུ་འདུ་ཤེས་པ། །ཞེས་པ་ལྟར་ཉོན་མོངས་པ་རྫས་ཡོད་བཞི་དང་རྟག་ཏུ་འགྲོགས་པ་དང༌། དམིགས་པ་ཀུན་གཞི་ལ་དམིགས་ནས་དེ་ངར་སེམས་པའི་རྣམ་པ་ཅན་གྱི་གཙོ་བོའི་རྣམ་རིག་ཁྱད་པར་ཅན་ཞིག་ཡིན་པ་དེ་ལྟར་བཤད་ཡོད་པ་རེད། ཀུན་གཞིའི་རྣམ་པར་ཤེས་པ་ནི། བག་ཆགས་ཐམས་ཅད་བསྒོ་གཞིའི་རྣམ་ཤེས་རྣམ་པར་སྨིན་པ་སྟེ། དེ་ལ་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །ཞེས་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པའི་རྩ་བའི་སྐབས་སུ་གསུངས་པ་ནང་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་དེ། སྔ་མའི་དགེ་བ་ཟག་བཅས་དང་མི་དགེ་བའི་ནུས་པ་རིམ་གྱིས་སྨིན་པ་ལས་བྱུང་བའི་མ་བསྒྲིབས་ལུང་མ་བསྟན་གྱི་ཉེར་ཕུང་ཡིན་པ་དེ་དང༌། བག་ཆགས་ཐམས་ཅད་བྱང་བས་ཆུ་འཛིན་པ་བཞིན་དུ་བསྒོ་བའི་གཞི་ཡིན་པ་དང༌། དཔེར་ན་རྒྱ་མཚོ་ཆེན་པོ་ལ་ཆུ་ཕྲན་སྣ་ཚོགས་འབབ་པ་ནང་བཞིན་དུ། དགེ་མི་དགེ་ལུང་མ་བསྟན་ཐམས་ཅད་ཀྱི་བག་ཆགས་འཛིན་པའི་གཙོ་སེམས་དམིགས་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ངོ་བོ་སྣང་ལ་མ་ངེས་པ་ཡིན་ཞེས་གསུངས་པའང་ཡོད་པ་རེད། ཡིན་ནའང༌། རང་གི་ངོ་བོ་གསལ་ཞིང་རིག་པ་ཡིན་ཡང་དམིགས་པ་གསལ་བའི་རང་བཞིན་ཅན་མ་ཡིན་པར། རྣམ་པར་རིག་པ་མི་རིག་པ། །ཞེས་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པའི་རྩ་བའི་སྐབས་སུ་གསུངས་ཡོད་པ་དེ་ལྟར་རེད། དེ་ཡང་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་འཇོག་སྒོམ་བྱེད་པའི་སྐབས་དེར། ཀུན་རྟོག་བརྒྱད་ཅུའི་རྟོག་ཚོགས་འདྲ་བའི་ཉོན་མོངས་པའི་རྟོག་ཚོགས་རགས་པ་འདི་ཡིན་འདི་མིན་ཆེད་གཟུང་གཏད་ཞེན་འཛིན་ཞེན་ལ་སོགས་པ་དང་བྲལ་ཡོང་དུས། དེའི་ཤུལ་ན་རྣམ་རྟོག་འཕྲོ་མ་ཐུབ་པའི་ཧད་དེ་སྡོད་པའི་སེམས་ཡིད་ཞབས་སུ་མྱོང་སྣང་ཙམ་ཡོད་པའི་སྐབས་དེར་ཀུན་གཞི་རྣམ་པར་ཤེས་པའི་སྟེང་དུ་སླེབ་ཀྱིན་ཡོད་པ་རེད། འཛིན་པ་མེད་པར་མ་ཟད། མྱོང་སྣང་ཙམ་ཡང་མེད་པའི་སྐབས་སུ་དོན་དམ་འོད་གསལ་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་ཐུབ་པ་ལྟ་བུ་ཆགས་འདུག་ཡོད་པ་རེད། ཡིན་ནའང༌། དེ་ཚོར་མཉམ་པར་འཇོག་ལུགས་འཇོག་སྟངས་དང་དེའི་སྐབས་སུ་བྱང་རྒོད་དང་གཉིད་རྨུགས་ལ་སོགས་པ་བྲལ་དགོས་ཚུལ་སོགས་ཅུང་ཟད་རྗེས་ནས་བཤད་ན་འགྲིག་གི་འདུག་ཅེས་ཞུ་རྒྱུ་དེ་ཡིན། རྣམ་ཤེས་ཚོགས་བརྒྱད་ཟེར་བ་དེ་དེ་འདྲ་ཞིག་རེད། དེ་ནས་ཐེག་པ་ཆེན་པོའི་ཆོས་ལྔ་ཟེར་བ་ཞིག་གསུངས་ཡོད་པ་རེད། ཐེག་པ་ཆེན་པོའི་ཆོས་ལྔ་དེ་གཙོ་བོ་འཁོར་ལོ་ཐ་མ་མདོ་སྡེ་ལང་ཀར་གཤེགས་པ་ལ་སོགས་པའི་སྐབས་སུ་རྒྱ་ཆེར་གསུངས་ཡོད་པ་ཞིག་རེད། མདོ་སྡེ་ལང་ཀར་གཤེགས་པ་སྡེ་དགེའི་བཀའ་འགྱུར་གྱི་དབང་དུ་བྱས་ན། མདོ་སྡེ་ཆ་པོད་ཤོག་གྲངས་༢༧༦ངོས་ན་གསུངས་ཡོད་པ་རེད། གཞན་ཡང་བློ་གྲོས་ཆེན་པོ་ཆོས་ལྔ་ནི། རྒྱུ་མཚན་དང༌། མིང་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་སོ། །ཞེས་གསུངས་པ་རེད། ཡང་ཐེག་པ་ཆེན་པོའི་ཆོས་ལྔ་བོ་དེ། འཕགས་པ་བློ་གྲོས་བརྟན་པའི་དབུས་མཐའི་འགྲེལ་བཤད་སྐབས་སུ། བསྟན་འགྱུར་གྱི་སེམས་ཙམ་བི་ཤོག་གྲངས་༢༥༣ངོ་ན། དངོས་པོ་ལྔ་ནི། རྒྱུ་མཚན་དང༌། མིང་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་ཏེ། ཞེས་གསུངས་ཡོད་པ་རེད། ཐེག་པ་ཆེན་པོའི་ཆོས་ལྔའི་གྲངས་འདྲེན་ཙམ་ཡིན་ན་དེ་རེད། དེ་ཡང་མིང་དང་རྒྱུ་མཚན་གཉིས་རྣམ་རྟོག་གི་ཡུལ་དང་རྣམ་རྟོག་དེའི་ཡུལ་ཅན་དུ་བྱས་ནས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དེའི་ནང་དུ་བསྡུ་བ་དང༌། དེ་བཞིན་ཉིད་ཅེས་པ་ཡུལ་དུ་བྱས་ནས་ཡང་དག་པའི་ཡེ་ཤེས་དེ། དེ་རྟོགས་པའི་ཡུལ་ཅན་མཉམ་བཞག་ཡེ་ཤེས་དེར་བཞག་ནས། དེ་གཉིས་དོན་དམ་པའི་ཡུལ་ཡུལ་ཅན་དུ་བྱས་ཏེ་ཐེག་པ་ཆེན་པོའི་ཆོས་ལྔ་དེ་མདོར་མཚོན་པ་ཙམ་དེ་ལྟར་གསུངས་ཡོད་པ་རེད། དེ་ནས་རང་བཞིན་གསུམ་ནི། ངོ་བོ་ཉིད་མེད་པ་གསུམ་བཞག་པའི་ཚེ་མཚན་ཉིད་ངོ་བོ་ཉིད་མེད་པ། སྐྱེ་བ་ངོ་བོ་ཉིད་མེད་པ། དོན་དམ་པ་ངོ་བ་ཉིད་མེད་པ་དང་གསུམ་ལ་སྦྱར་དགོས་པ་རེད། མཚན་ཉིད་གསུམ་དང་རང་བཞིན་གསུམ་བཞག་དུས། ཀུན་བཏག་གཞན་དབང་ཡོངས་གྲུབ་གསུམ་བཞག་དགོས་པ་འདྲ། དེ་དག་མཚན་གཞིའི་དབང་དུ་བྱས་དུས་གཅིག་པར་འགྱུར་འགྲོ་གིན་ཡོད་པ་ཞིག་རེད། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་རྣམ་གྲངས་མདོ་སློབ་ཀྱི་སྐབས་སུ་ངོ་བོ་ཉིད་མེད་པ་གསུམ་གྲངས་འདྲེན་པ་དེའི་ཚེ། མཚན་ཉིད་ངོ་བོ་ཉིད་མེད་པ། སྐྱེ་བ་ངོ་བོ་ཉིད་མེད་པ། དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་རེད། མཚན་ཉིད་གསུམ་གྱི་གྲངས་འདྲེན་གསུངས་པའི་སྐབས་དེར། ཀུན་བཏག་གཞན་དབང་ཡོངས་གྲུབ་གསུམ་དེ་བགྲངས་ཡོད་པ་རེད། གསུང་རབ་ཀྱི་བརྡ་ཆད་ཀྱི་དབང་གིས་དེ་ལྟར་བགྲངས་པ་རེད་མ་གཏོགས། དོན་གྱིས་དེ་ཚོ་གཅིག་པ་འདྲ་ཆགས་འགྲོ་གིན་འདུགདཔེར་ན་མཚན་ཉིད་ངོ་བོ་ཉིད་མེད་པ་ཟེར་དུས་ཀུན་བཏགས་ལ་སྦྱར་ནས་བཤད་དགོས་པ་ནང་བཞིན་གཞན་དག་ལའང་མཚུངས་པ་ཞིག་རེད། དེ་ནས་སྐབས་འདིར་བར་བ་ནས་ཀྱང་རྒྱས་པར་མ་བྱུང༌། ཞེས་གསུངས་པ་རེད། བྱམས་ཞུས་ཀྱི་ལེའུ་གཉིས་དང་ཤེས་ཕྱིན་ལྔ་བརྒྱ་པ་ལ་སོགས་པ་བར་བ་བྱས་ན། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གསུངས་ཡོད་པ་རེད། དེ་མ་གཏོགས་ཀུན་གཞིའི་རྣམ་ཤེས་དང༌། རྣམ་ཤེས་ཚོགས་བརྒྱད། དེ་བཞིན་དུ་རང་རིག་དེ་དག་གཙོ་བོ་འཁོར་ལོ་ཐ་མའི་སྐབས་སུ་གསུངས་པ་ལས་བར་བའི་སྐབས་སུ་རྒྱས་པར་མ་བྱུང་ཞེས་གསུངས་པ་འདུགགཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་འདི་ལྟ་བུ་འཁོར་ལོ་དེ་གཉིས་ཆར་ནས་མ་བཤད། ཅེས་གསུངས་པ་དེ། གཟུང་འཛིན་གཉིས་ཀྱིས་སྟོང་པའི་དོན་དམ་རང་བྱུང་སོ་སོ་རང་རིག་པའི་ཡེ་ཤེས་འདི་ལྟ་བུ་ཞིག་འཁོ་ལོ་དང་པོ་དང་བར་བ་གཉིས་ཆར་ནས་མ་བཤད་ཅིང་ཉན་ཐོས་རྣམས་དེ་ལྟ་བུ་གཏན་ནས་མེདཔར་ཁས་ལེན་གྱིན་འདུག་ཅེས་གསུངས་བཞག་པ་རེད།

དབུ་མ་རང་སྟོང་པ་རྣམས་ཉན་ཐོས་སྡེ་གཉིས་དང་ཕྱོགས་ཉེར་བ་བསྟན་པ།

དབུ་མ་རང་སྟོང་པ་རྣམས་ཉན་ཐོས་སྡེ་གཉིས་དང་ཕྱོགས་ཉེར་བ་བསྟན་པ།

དེ་ནས། རྩ་བར། དབུ་མ་རང་སྟོང་པ་རྣམས་ཀྱང་སྐབས་འདིར་ཉན་ཐོས་སྡེ་གཉིས་དང་མཐུན་པར་ཁས་བླངས་པའི། ཆོས་ཐམས་ཅད་བདེན་མེད་དུ་འདོད་མི་འདོད་ཙམ་མ་གཏོགས་གྲུབ་མཐའ་ལ་ཁྱད་ཆེན་པོ་མ་ཞུགས་ཤིང༌། ཞེས་གསུངས་ཏེ། ཉན་ཐོས་སྡེ་གཉིས་ཟེར་བ་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ་གཉིས་རེད། དེ་གཉིས་ནི་ཉན་ཐོས་ཀྱི་སྡེ་སྣོད་ལ་བརྟེན་ནས་གྲུབ་མཐའི་རྣམ་བཞག་དེ་མཛད་ཀྱིན་ཡོད་པའི་རྒྱུ་མཚན་གྱིས། ཉན་ཐོས་ཀྱི་སྡེའམ་ཉན་ཐོས་གྲུབ་མཐའ་སྨྲ་བ་ཞེས་གསུངས་པ་རེད། ཉན་ཐོས་སྡེ་གཉིས་ཀྱིས་ཆོས་ཐམས་ཅད་བདེན་མེད་དུ་ཁས་མི་ལེན་པ་དང༌། དབུ་མ་རང་སྟོང་པ་རྣམས་ཀྱིས་ཆོས་ཐམས་ཅད་བདེན་མེད་དུ་ཁས་ལེན་པ་རེད། དེ་ལྟ་བུའི་ཁྱད་པར་མ་གཏོགས་གྲུབ་མཐའ་ལ་རྣམ་ཤེས་ཚོགས་བརྒྱད་འདོད་མི་འདོད་དང༌། ཐེག་པ་ཆེན་པོའི་ཆོས་ལྔ་རང་བཞིན་གསུམ་ཟེར་བ་ལ་སོགས་པ་དེ་དག་གི་ཐོག་ནས་ཁྱད་པར་ཆེན་པོ་མེད་པ་རེད། ཅེས་གསུངས་པ་རེད། ཡིན་ན་ཡང༌། སྔོན་མ་ཀུན་མཁྱེན་དོལ་པོ་ཡབ་སྲས་མ་བྱུང་བའི་སྔ་རོལ་གྱི་འདོད་པ་དེ་འདྲ་ཨེ་ཡིན་ནམ་སྙམ། རི་བོ་དགེ་ལྡན་པའི་མཁས་དབང་རྣམས་ཀྱིས། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གྱི་རྣམ་གཞག་དེ། དབུ་མ་རང་སྟོང་པའི་ལུགས་ལའང་རྒྱ་ཆེར་རྩལ་འདོན་བྱས་ནས་གསུངས་ཡོད་པའི་ཁྱདཔར་ཞིག་འདུག་བསམ་གྱིན་ཡོད། དེ་ནས། རྩ་བར། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པ་ཐེག་པ་ཆེ་ཆུང་གི་འདོད་པ་ཐམས་ཅད་ལ་ཡོད་པར་འདོད་པ་ལྟར་ན། ཉན་ཐོས་སྡེ་གཉིས་དང་རང་བཞིན་མེད་རྟོགས་ཀྱི་ལྟ་བའི་ཁྱད་པར་ཙམ་མ་གཏོགས། ཐེག་པ་གསུམ་བསྒོམ་བྱའི་ལམ་གཅིག་པར་འདོད་པ་སོགས་ཕལ་ཆེར་མཐུན་ཞིང༌། དེས་ན་སྤྱོད་པའི་ཁྱད་པར་མ་གཏོགས། ལྟ་བའི་སྒོ་ནས་ཉན་ཐོས་དང་ཐེག་ཆེན་ཡང་ཉམས་ལེན་གཅིག་པར་དོན་གྱིས་ཁས་བླངས་པ་ཡིན་ནོ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པ་དེ་ཐེག་པ་ཆེ་ཆུང་གི་འདོད་པ་ཐམས་ཅད་ལ་ཡོད་པ་ལྟར་ན། ཞེས་དེ་ལྟར་གསུངས་པ་དེ། དེ་དག་གི་ལུགས་ལྟར་ན་ཉན་ཐོས་ཀྱིས་ཀྱང་ཐར་བ་ཐོབ་པ་ལ་བདེན་མེད་རྟོགས་དགོས་པ་རེད། བདེན་མེད་མ་རྟོགས་ན་ཉན་ཐོས་ཀྱི་ཐར་བ་ཐོབ་ཐུབ་ཀྱིན་ཡོད་པ་མ་རེད། ཅེས་གསུངས་པ་སོགས་མདོར་ན། ཉན་རང་གཉིས་ཀྱི་ཤེས་རབ་ཀྱི་རྟོགས་རིགས་འདྲ་ལ་བདག་མེད་གཉིས་རྟོགས་དགོས་པའང་འདྲ་ཟེར་བ་དེའི་ལུགས་ལ། ཉན་ཐོས་སྡེ་གཉིས་དང་རང་བཞིན་མེད་རྟོགས་ཀྱི་ལྟ་བའི་ཁྱད་པར་ཙམ་མ་གཏོགས། ཐེག་པ་གསུམ་བསྒོམ་བྱའི་ལམ་གཅིག་པར་འདོད་པ་སོགས་ཕལ་ཆེར་མཐུན་འདུག་ཡོད་པ་རེད་ཅེས་བཤད་པ་རེད། སྐབས་འདིར་གོ་བ་འདི་འདྲ་ལེན་དགོས་ཀྱིན་འདུགཐེག་པ་གསུམ་གྱི་བསྒོམ་བྱའི་ལམ་གྱི་ཤེས་རབ་ཀྱི་རྟོགས་རིགས་སམ་བསྒོམ་བྱའི་བདག་མེད་དེ་འདྲ་བ་ཡིན་པར་འདོད་ཀྱིན་ཡོད་པ་རེད། དེ་ནང་བཞིན། རང་སྟོང་སྨྲ་བ་རྣམས་ཀྱིས་ནང་ནས་ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་དགོས་པ་རེད་ཅེས་པའི་ལུགས་དེར་ཐེག་པ་གསུམ་གྱི་ཤེས་རབ་ཀྱི་རྟོགས་རིགས་འདྲ་བ་རེད། ཅེས་སྐབས་འདིར་གསུངས་པ་རེད། སྐབས་འདིར་དེས་ན་སྤྱོད་པའི་ཁྱད་པར་མ་གཏོགས། ལྟ་བའི་སྒོ་ནས་ཉན་ཐོས་དང་ཐེག་ཆེན་ཡང་ཉམས་ལེན་གཅིག་པར་དོན་གྱིས་ཁས་བླངས་པ་ཡིན་ནོ། །ཞེས་སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་མ་གཏོགས། ལྟ་བའི་སྒོ་ནས་ཉན་ཐོས་དང་ཐེག་ཆེན་གཅིག་པ་ཡིན་པར་དོན་གྱིས་ཁས་བླངས་སོང་པ་རེད་ཅེས་རང་སྟོང་སྨྲ་བའི་འདོད་པ་དེ་གསུངས་པ་རེད། དེ་མན་ཆོད་དུ་གཞན་སྟོང་སྨྲ་བའི་ལུགས་ལ་དེ་དང་མི་འདྲ་བའི་ཁྱད་པར་གསུངས་ཀྱིན་ཡོད་པ་ཞིག་རེད། དེས་ན་རང་སྟོང་སྨྲ་བ་རྣམས་ཀྱི་ནང་ནས་ཉན་རང་དང་ཐེག་ཆེན་པ་སྟེ། ཐེག་པ་ཆེ་ཆུང་གཉིས་ཀས་བདག་མེད་གཉིས་རྟོགས་པར་ཁས་ལེན་པའི་ལུགས་ལ་འཁོར་ལོ་རིམ་པ་གསུམ་གྱི་སྐབས་སུ་ཡང༌། ཆོས་ཀྱི་བདག་མེད་གཏན་ལ་ཕབ་པ་དང་གང་ཟག་གི་བདག་མེད་ཀྱང་གཏན་ལ་ཕབ་ལ། ལྟ་བ་ཡང་བདག་མེད་གཉིས་ཀ་བཞག་པ་དེ་འདྲ་གསུངས་པ་རེད། ཡིན་ནའང༌། གཞན་སྟོང་དབུ་མ་པའི་ལུགས་ལ་མཚོན་ན་འཁོར་ལོ་དང་པོ་དང་བར་བ་གཉིས་ཀྱི་ཁྱད་པར་མང་པོ་ཞིག་སྦྱར་ནས་གསུངས་ཀྱིན་ཡོད་པ་རེད། གང་འདྲ་རེད་ཅེ་ན། འཁོར་ལོ་དང་པོ་ལྟ་བུར་མཚོན་ན་ལྟ་བ་གང་ཟག་གི་བདག་མེད་གཙོ་བོར་གཏན་ལ་ཕབ་ཡོད་པ་མ་གཏོགས། ཆོས་ཀྱི་བདག་མེད་གཏན་ལ་མ་ཕབ་པ་ཡིན་པ་སོགས་ལྟ་བའི་སྒོ་ནས་གསུངས་པ་རེད། དེས་རྒྱུ་མཚན་གྱིས། འཁོར་ལོ་བར་བ་དང་ཐ་མ་གཉིས་ཐེག་པ་ཆེན་པོའི་སྡེ་སྣོད་ཡིན་པ་དང༌། འཁོར་ལོ་དང་པོ་ཐེག་དམན་གྱི་སྡེ་སྣོད་ཡིན་པ་རེད། དེས་ན་འཁོར་ལོ་དང་པོའི་སྐབས་སུ་ལྟ་བ་གང་ཟག་གི་བདག་མེད་ཙམ་མ་གཏོགས་གཏན་ལ་མ་ཕབ་ཟེར་བ་དང༌། འཁོར་ལོ་བར་བ་དང་ཐ་མ་གཉིས་ཀྱི་སྐབས་སུ་ལྟ་བ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ཀ་གཏན་ལ་ཕབ་ཟེར་ནས་གསུང་གིན་ཡོད་པ་རེད། དེས་དབང་གིས་འཁོར་ལོ་དང་པོའི་སྐབས་དེར་བརྗོད་བྱ་བདེན་པ་བཞི་ལ་སོགས་པ་གཏན་ལ་ཕབ་སྐབས་སུ། ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་སྟེ། བསླབ་པ་གསུམ་འཁོར་ལོ་དང་པོའི་བརྗོད་བྱ་དང༌། འཁོར་ལོ་དང་པོའི་ལྟ་བ་གང་ཟག་གི་བདག་མེད། སྒོམ་པ་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར། སྤྱོད་པ་འཚེ་བ་མེད་པ། ཞེས་དེ་འདྲའི་སྒོ་ནས་བཤད་དགོས་པ་ཞིག་དང༌། འཁོར་ལོ་དང་པོའི་སྐབས་སུ་གཙོ་བོ་ཐེག་པ་དམན་པའི་བྱང་ཆུབ་དེ་གཏན་ལ་ཕབ་ཡོད་པ་རེད། དེ་ཡང་ཉན་ཐོས་ཀྱི་ཐར་བ་ལ་མཚོན་ན། བརྩོན་འགྲུས་ཅན་གྱིས་ཚེ་གསུམ་ལ་བསྒོམས་ན་དགྲ་བཅོམ་ཐོབ་ཐུབ་ཀི་ཡོད་པ་དང༌། རང་རྒྱལ་གྱི་ཐར་བ་བསྐལ་པ་བརྒྱ་ལ་སོགས་པར་ཚོགས་བསག་པའི་སྒོ་ནས་འཐོབ་དགོས་པ་རེད། དེས་ན་འཁོར་ལོ་དང་པོར་ཐེག་པ་ཆེན་པོའི་ཆོས་ཕར་ཕྱིན་དྲུག་ལ་སོགས་པའི་མིང་ཙམ་བྱུང་བ་མ་གཏོགས། ཐེག་པ་ཆེན་པོའི་ས་ལམ་གྱི་རྣམ་གཞག་རྒྱས་པ་དང་ཆ་ཚང་བར་མ་བསྟན་པའི་རྒྱུ་མཚན་གྱིས། འཁོར་ལོ་དང་པོ་ཁོ་ན་ལ་བརྟེན་ནས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་པ་ལྟ་བུ་གསུངས་འགྲོ་གིན་ཡོད་པ་རེད། འཁོར་ལོ་བར་བ་དང་ཐ་མ་གཉིས་ཀའི་སྐབས་སུ་བརྗོད་བྱ་སེམས་བསྐྱེད་དང༌། སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་དང༌། བསྡུ་བའི་དངོས་པོ་བཞི་དང། ལྟ་བ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་དང༌། སྒོམ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། རྗོད་བྱེད་ཡུམ་འབུམ་པ་དང༌། ཉི་ཁྲི་ལྔ་སྟོང་པ། ཁྲི་བརྒྱད་སྟོང་པ་ལ་སོགས་པ་བཞག་ནས་གསུངས་ཀི་ཡོད་པ་རེད། དེ་འདྲའི་ཁྱད་པར་རྣམས་སྐབས་འདིར་ཤེས་དགོས་ཀྱིན་འདུག་ཅེས་ཞུ་རྒྱུ་དེ་ཡིན། སྤྱིར་བཏང༌། ང་ཚོ་ནང་པ་སངས་རྒྱས་པའི་སྤྱོད་པ་འཚེ་བ་མེད་པ་ཟེར་བ་དེ་ཡང༌།གཞན་གནོད་གཞི་བཅས་ལས་ལྡོག་དགོས་པ་དེ་གཙོ་བོ་ཐེག་པ་དམན་པའི་སྡེ་སྣོད་ཀྱི་སྐབས་སུ་གསུངས་ཡོད་པ་དང༌། ཐེག་པ་ཆེན་པོའི་སྐབས་སུ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་གཞན་དོན་བསྒྲུབས་ནས། གཞན་དག་ལ་ཕན་པ་སྒྲུབ་དགོས་ཀྱིན་ཡོད་པར་གསུངས་ཡོད་པ་རེད། དེས་ན་ཐེག་པ་དམན་པའི་སྤྱོད་པ་དེ་སྤྱོད་པ་འཚེ་བ་མེད་པ་དང༌། ཐེག་པ་ཆེན་པོའི་སྤྱོད་པ་དེ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞིའི་སྤྱོད་པ་ཟེར་ནས། སྤྱོད་པའི་སྒོ་ནས་ཀྱང་མི་འདྲ་བ་བཞག་ན་ཆོག་པ་ཞིག་རེད། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཤངས་པའི་ཆོས་འབྱུང་གི་མགོ་ན་དེ་ལྟར་བཞག་ཀྱང་ཡོད་པ་རེད། དེ་དང་མཐུན་པར་ངས་ཀྱང་མཚམས་འདི་ནས་ཅུང་ཟད་ཞུས་པ་ཡིན། གོང་ནས་རང་སྟོང་པ་རྣམས་ཀྱི་འདོད་པ་གསུངས་པའི་སྐབས་དེར་ལྟ་བའི་སྒོ་ནས་ཉམས་ལེན་གཅིག་པ་ཡིན་པར་དོན་གྱིས་ཁས་བླངས་པ་ཡིན་ནོ། །ཞེས་གསུངས་པ་དེ་རེད། དེ་ལྟར་བཤད་པ་དེའང་བོད་ཁ་བ་གངས་ཅན་པའི་ནང་ལ་རང་སྟོང་པ་ཟེར་ན་འདྲ་དཔལ་ལྡན་ཟླ་བ་གྲགས་པའི་རྗེས་འབྲང་གི་གྲུབ་མཐའ་སྨྲ་བ་མང་བོ་བྱུང་ཡོད་པ་རེད། དེའི་ནང་ནས་དཔེར་ན། མཁས་པའི་གཙུག་རྒྱན་དུ་གྱུར་པ་རི་བོ་དགེ་ལྡན་པ་ལྟ་བུའི་ལུགས་གཞིར་བཞག་བྱས་པ་ཡིན་ན། ཉན་ཐོས་དང་ཐེག་ཆེན་གཉིས་ཀས་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་རྟོགས་དགོས་པ་དང༌། རྟོགས་དགོས་པར་མ་ཟད། ཆོས་ཐམས་ཅད་ཆོས་བདག་མེད་པར་རྟོགས་དགོས་པར་འདོད་པ་རེད། དེས་ན་ཆོས་ཐམས་ཅད་བདག་གཉིས་ཀྱིས་སྟོང་པ་ཁས་ལེན་པ་རེད་དེ། དེ་གཉིས་འཇོག་ཚུལ་དེ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་སྟོང་གཞིའི་སྒོ་ནས་སོ་སོར་འཇོག་གིན་ཡོད་པ་དེ་རེད། དེ་ལྟར་ཡོད་པ་དེའང་དཔལ་ལྡན་ཟླ་བ་གྲགས་པ་རང་གིས། བདག་མེད་འདི་ནི་འགྲོ་བ་རྣམས་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་གསུངས་པ་ནང་བཞིན་དུ་བདག་མེད་འདི་ནི་འགྲོ་བ་རྣམས་རྣམ་གྲོལ་ཐར་བ་འཐོབ་པའི་ཕྱིར་དུ། སྟོང་གཞི་ཆོས་བཞག་ནས་དེའི་སྟེང་གི་རང་ངོས་ནས་གྲུབ་པའི་སྟོང་བ་དེ་ཆོས་ཀྱི་བདག་མེད་དང༌། སྟོང་གཞི་གང་ཟག་བཞག་ནས་དེའི་སྟེང་གི་རང་ངོས་ནས་གྲུབ་པས་སྟོང་པ་དེ་གང་ཟག་གི་བདག་མེད་ཡིན་པས་ན། ཆོས་དང་གང་ཟག་དབྱེ་བས་རྣམ་པ་གཉིས་སུ་གསུངས་ཞེས་གསུངས་པ་རེད། དེ་འདྲ་ཡིན་དུས། རི་བོ་དགེ་ལྡན་པ་ལྟ་བུ་ཡིན་ན་ཉན་ཐོས་ཀྱི་ཐར་བ་ཐོབ་པའམ་ཡང་ན་ཐེག་པ་དམན་པའི་ཐར་བ་ཐོབ་ལའང་ཆོས་ཐམས་ཅད་ཆོས་བདག་མེད་པར་རྟོགས་དགོས་པ་རེད་ཅེས་ཟེར་ནས་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པའི་རང་འགྲེལ་གྱི་སྐབས་ནས་གསུངས་པ་ལྟར་བཞག་འགྲོ་གིན་ཡོད་པ་རེད། ཡིན་ནའང་སྔ་འགྱུར་རྙིང་མའི་མཁས་དབང་ཆེན་པོ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་དབུ་མ་ངེས་ཤེས་སྒྲོན་མེའི་སྐབས་དང༌། དེ་ནང་བཞིན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་མཛོད་བདུན་སོགས་སུ་གསུངས་པ་ལྟར་ཡིན་ན། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ཕལ་ཆེར་སྟོང་གཞིའི་སྒོ་ནས་མི་བཞག་པ་འདྲ་བོ་ཞིག་ཨེ་ཡིན་བསམ་གྱིན་འདུགདེ་གང་རེད་ཟེར་ན། གང་ཟག་གི་བདག་མེད་རྟོགས་ཡོང་བ་ན་ཆོས་ཀྱི་བདག་མེད་ཀྱང་རྟོགས་ཡོད་པ་རེད། དེས་ན་གང་ཟག་གི་བདག་མེད་རྟོགས་པས་ཆོས་ཀྱི་བདག་མེད་རྟོགས་དགོས་པས་ན་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་ཟེར། དཔེར་ན་རྒྱ་མཚོ་ཧུབ་གཅིག་བཏུང་ན་རྒྱ་མཚོ་འཐུང་པ་རེད་ཟེར་བ་མ་གཏོགས། ཉན་རང་གི་ཐར་བ་ཐོབ་པ་ལ་ཆོས་ཐམས་ཅད་ཆོས་བདག་མེད་པར་དེ་རྟོགས་མི་དགོས་པའི་ཟོལ་འདྲ་བོ་གསུངས་བཞག་ཡོད་པ་རེད་དེ། དབུ་མ་འཇུག་པའི་རང་འགྲེལ་གྱི་གྲུབ་དོན་གྱི་སྐབས་དེར་རིགས་པ་གསུམ་དང་ལུང་ལྔས་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་དགོས་པར་བསྒྲུབས་བཞག་ཡོད་པ་ཞིག་རེད། ཡང་འཇུག་པ་རང་འགྲེལ་གྱི་སྐབས་ལ་ལར་ཚིག་ཟིན་རེ་ན་ཆོས་ཐམས་ཅད། ཅེས་ཐོན་ཡོད་པ་རེད་དེའི་རྒྱུ་མཚན་གྱིས། དེ་ལའང་དཔྱད་རྒྱུ་ཞིག་འདུག་བསམ་གྱིན་ཡོད། མདོར་ན་ལྟ་བའི་སྒོ་ནས་ཉན་ཐོས་དང་ཐེག་ཆེན་ཡང་ཉམས་ལེན་གཅིག་པར་དོན་གྱིས་ཁས་བླངས་སོང་པ་ཡིན་ནོ། །ཞེས་དེ་འདྲ་གསུངས་པ་རེད། ཡང་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་གི་གསུངས་ཚུལ་དེ་རི་བོ་དགེ་ལྡན་པས། ཐལ་འགྱུར་བའི་ལུགས་སམ་དཔལ་ལྡན་ཟླ་བ་གྲགས་པ་དང་དགོངས་པ་གཅིག་ཏུ་བྱས་ནས། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་དགོས་པར་འདོད་པའི་ལུགས་ལྟར་གསུངས་ཡོད་པ་རེད། རང་ལུགས་ལ་ས་བཟང་མ་ཏི་པཎ་ཆེན་གྱི་གསུངས་ཟིན་གཞིར་བཞག་པ་ཡིན་ན། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་གི་སྐབས་སུ་གསུངས་པ་དེ། ཉན་རང་གིས་བདེན་བཞི་མི་རྟག་བཅུ་དྲུག་སོགས་སྒོམ་པ་ལ་བརྟེན་ནས་ཉོན་སྒྲིབ་དེ་སྤངས་པ་ཡོད་པའི་ཟོལ་འདྲ་བོ་དེ་ཡང༌། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་པ་ཡིན། །ཞེས་པའི་ཁ་ཐུག་དེ་ལ་སྤྱོད་འཇུག་ས་འགྲེལ་སོགས་ཀྱི་སྐབས་སུ། དགྲ་བཅོམ་པ་ཞིག་མཚན་གཞིར་བཟུང་ནས་གསུངས་འགྲོ་གིན་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་ཀྱང༌། ཉོན་མོངས་སྤངས་ཐུབ་པ་དེ་རེད། འོན་ཀྱང་སེམས་ནི་དམིགས་དང་བཅས་པ་ལས། །ཟེར་བ་འདྲ་བའི་སྟོང་ཉིད་མ་རྟོགས་པ་ཡིན་ན་ཉོན་མོངས་པ་ལས་སླར་ལྡོག་པ་ཡོད་པ་ལྟ་བུ། དེ་ཡང༌། སྟོང་ཉིད་དང་ནི་བྲལ་བའིསེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་སོགས་ཀྱི་ཚིག་ཟིན་ནང་བཞིན་བྱས་ན་དེ་འདྲ་གསུངས་པ་རེད། ཡིན་ཡང༌། རང་ལུགས་ལ་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་མ་རྟོགས་ཀྱང༌། ཉོན་མོངས་སྤངས་རྗེས་སུ་སྤངས་པ་སླར་ལྡོག་པ་ཡོད་པ་དེ་སྤྱི་ཡོངས་ཀྱི་ཆ་ནས་ཁས་མི་ལེན་པ་ཨེ་ཡིན་བསམ་གྱིནའདུགདེ་འདྲའི་སྟེང་ནས་མདོར་མཚོན་པ་ཙམ་ཞུས་པ་ཡིན།

འཁོར་ལོ་དང་པོ་དང་ཐ་མ་གཉིས་ཀྱི་ཁྱད་པར་བསྟན་པ།

འཁོར་ལོ་དང་པོ་དང་ཐ་མ་གཉིས་ཀྱི་ཁྱད་པར་བསྟན་པ།

དེ་ནས། རྩ་བར། འཁོར་ལོ་ཐ་མ་ནི་འཁོར་ལོ་དང་པོ་དང་ཤིན་ཏུ་ཁྱད་ཆེ་སྟེ། སྣང་བ་སེམས་སུ་གསུངས་པ་དང༌། རྣམ་ཤེས་ཚོགས་བརྒྱད་དང་ཆོས་ལྔ་རང་བཞིན་གསུམ་སོགས་རྒྱས་པར་བསྟན་པ་དང༌། ཉན་ཐོས་རྣམས་ཡོད་པར་འདོད་པའི་ཕྱི་དོན་འདིར་གཏན་ནས་མེད་པར་གསུངས་ཤིང༌། ཉན་ཐོས་རྣམས་གཏན་ནས་མི་འདོད་པའི་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་གསུངས་ལ། ཉན་རང་དང་ཐེག་ཆེན་གཉིས་ལ་ལྟ་བའི་ཁྱད་པར་ཤིན་ཏུ་ཆེ་བར་གསུངས་པས་སོ། །ཞེས་གསུངས་ཏེ། ཁྱད་པར་ཤིན་ཏུ་ཆེ་བའི་རྒྱུ་མཚན་གང་རེད་ཟེར་ན། སྣང་བ་སེམས་སུ་སྒྲུབ་པའི་རིགས་པ་དེ་འཁོར་ལོ་ཐ་མའི་སྐབས་སུ་གསུངས་པ་མ་གཏོགས། འཁོར་ལོ་དང་པོའི་སྐབས་སུ་སྣང་བ་སེམས་སུ་སྒྲུབ་པའི་རིགས་པ་མ་གསུངས་པ་མ་ཟད། ཕྱི་དོན་ཡོད་པར་སྟོན་པའི་མདོ་མང་དུ་གསུངས་ཡོད་པ་རེད། གང་རེད་ཟེར་ན། དགེ་སློང་དགཇི་ལྟར་སྣང་བ་ལྟར་འཛིན་པར་གྱིས་ཤིགདེ་ལས་ལྡོག་སྟེ་འཛིན་པར་མ་བྱེད་ཅིགཅེས་གསུངས་པ་དེ། འུ་ཡུག་པ་རིགས་པའི་སེང་གེའི་རྣལ་འབྱོར་ཊཱིཀ་མཛོད་ཀྱི་སྐབས་སུ་ཕྱི་དོན་ཡོད་པར་སྟོན་པའི་མདོའི་མཚན་གཞི་དེ་འདྲའི་སྒོ་ནས་གསུངས་ཡོད་པ་རེད། འཁོར་ལོ་ཐ་མའི་སྐབས་སུ་ཕྱི་དོན་མེད་པ་དེ་གཏན་ལ་ཕབ་པ་རེད། དེའི་རྒྱུ་མཚན་གྱིས་འཁོར་ལོ་ཐ་མ་དང་དང་པོ་གཉིས་ཁྱད་པར་ཡོད་པར་གསུངས་པ་རེད། ཡིན་ནའང༌། སྣང་བ་སེམས་སུ་སྒྲུབ་ཅེས་གསུངས་ཡོང་བ་དེ། སྣང་བ་སེམས་ཀྱི་བདག་ཉིད་དུ་སྒྲུབ་པ་མ་གཏོགས། སྣང་བ་སེམས་ཨེ་ཡིན་ཟེར་ན་མིན་ལབ་དགོས་པ་སྟེ། དཔེར་ན། གཟུགས་སྒྲ་དྲི་རོ་ལ་སོགས་པ་ཕྱི་དོན་མ་གྲུབ་པའི་ལུགས་ལ་ཡང་ཡོད་མོད། དེ་དག་ནང་སེམས་ཀྱི་བདག་ཉིད་དུ་མ་གྲུབ་པར་ཉན་ཐོས་སྡེ་གཉིས་ཀྱིས་འདོད་པ་ལྟར། ཕྱི་རོལ་གྱི་རྡུལ་ཆ་མེད་བསགས་སྟོབས་ཀྱིས་གྲུབ་པའི་དངོས་པོ་ཞིག་མེད་ཅེས་གསུངས་ཚུལ་ཞིག་ཡོད་པ་རེད། དེ་ཡང་སྣང་བ་སེམས་སུ་སྒྲུབ་པའི་རིགས་པ་འཕགས་པ་ཐོགས་མེད་ཀྱི་ཐེག་བསྡུས་ལས་གསུངས་པ། ཡི་དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པཡིན། །ཞེས་གསུངས་པ་དེ་དཔེར་ན་ཕྱི་རོལ་གྱི་རྡུལ་བསགས་སྟོབས་ཀྱིས་གྲུབ་པ་ཞིག་ཡོད་ན་མི་ལ་ཆུར་སྣང་བ་དེ། ལྷ་ལའང་ཆུར་སྣང་དགོས་པ་དང་ཡི་དྭགས་དང་དུད་འགྲོ་ཐམས་ཅད་ལ་ཆུར་སྣང་དགོས་ལ། དེ་ལྟར་མི་སྣང་བར་མི་ལ་ཆུ་དང༌། ཡི་དྭགས་ལ་རྣག་ཁྲག་དང༌། དམྱལ་བ་པ་ལ་ཁྲོ་ཆུ་ཁོལ་མ་དང༌། ལྷ་ལ་བདུད་རྩི་སོགས་སྣང་བ་དེ། སོ་སོའི་ཀུན་གཞིའི་སྟེང་གི་བག་ཆགས་ཀྱི་དབང་གིས་སམ་ལས་ཀྱི་དབང་གིས་སྣ་ཚོགས་པ་སྣང་བ་འདི། ཕྱི་དོན་དུ་མ་གྲུབ་པའི་གནད་ཀྱིས་རེད། ཅེས་སྣང་བ་སེམས་ཀྱི་བདག་ཉིད་དུ་གྲུབ་པ་དེ་འཕགས་པ་ཐོགས་མེད་ཀྱི་ས་སྡེའི་སྐབས་སུ། ལྟ་བྱ་ཐུན་མོང་མ་ཡིན་པའམ་སོ་སོའི་སྣང་ཚུལ་མི་འདྲ་བའི་སྒོ་ནས་བསྒྲུབས་བཞག་པ་རེད། དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་གྱི་སྐབས་སུ་སྐྱེས་ལ་འདྲ་བ་འགོག་པའི་རིགས་པ་ལ་སོགས་པའི་སྒོ་ནས་ཀྱང༌། ཕྱི་དོན་དུ་མ་གྲུབ་པར་སྒྲུབ་པ་དང༌། ཚད་མ་རྣམ་འགྲེལ་ལེའུ་གསུམ་པའི་སྐབས་སུ་ཡང་གཏན་ལ་ཕབ་ཡོད་པ་རེད། དེ་ནང་བཞིན་དུ་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པའི་སྐབས་སུ་ཡང༌། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོགས་ཀྱིས་རྡུལ་ཆ་མེད་བཀག་པས། ཉན་ཐོས་སྡེ་གཉིས་ཀྱིས་ཕྱི་དོན་དུ་གྲུབ་པ་ཁས་བླངས་ནས་ཕྱི་དོན་བེམ་པོའི་རྩོམ་གཞིར་རྡུལ་ཆ་མེད་ཁས་ལེན་པ་དེ། པྲ་ཀ་ར་ཎ་སྡེ་བརྒྱད་ཀྱི་ནང་ཚན་སུམ་ཅུ་པའི་སྐབས་སུ་བཀག་པ་རེད། དེས་ན་འདིའི་སྐབས་སུ། སྣང་བ་སེམས་སུ་གསུངས་པ་དང༌། ཞེས་འཁོར་ལོ་ཐ་མའི་སྐབས་སུ་དེ་འདྲ་གསུངས་པ་རེད་ཅེས་གསུངས་པ་རེད། དེ་བཞིན་དུ་རྣམ་ཤེས་ཚོགས་བརྒྱད་དང་ཆོས་ལྔ་རང་བཞིན་གསུམ་སོགས་རྒྱས་པར་འཁོར་ལོ་ཐ་མའི་སྐབས་སུ་བསྟན་པ་རེད། དེ་དག་གོང་ནས་གང་ལ་གང་འཚམ་ཞུས་ཟིན་པ་དེས་ཆོག་པར་གྱིས། དེ་ནས་སྐབས་འདིར་ཉན་ཐོས་རྣམས་ཀྱིས་ཡོད་པར་འདོད་པའི་ཕྱི་དོན་འདིར་གཏན་ནས་མེད་པར་གསུངས་ཤིང་ཞེས་གསུངས་པ་རེད། དེས་ན་རང་ལུགས་ལ་ཕྱི་དོན་དུ་གྲུབ་པ་དང་གཟུང་བ་བདེན་པར་གྲུབ་པ་གཉིས་ཁྱད་མེད་ལྟ་བུར་བྱས་ནས་སྐབས་དུ་མར་གསུངས་འདུགགཞན་ཕྱོགས་པར་མཚོན་ན། རྗེ་བདག་ཉིད་ཆེན་པོའི་གསུང་རབ་ཀྱི་དགོངས་པ་ལ་བརྟགས་ན་ཕྱི་དོན་དུ་གྲུབ་པ་དང་གཟུང་བ་བདེན་པར་གྲུབ་པ་གཉིས་ལ་ཁྱད་པར་ཆེན་པོ་ཕྱེས་ཡོད་པ་གསལ་བོ་ཤེས་མ་སོང་ཞུ་རྒྱུ་དེ་ཡིན། ཡིན་ན་ཡང༌། རྗེའི་རྗེས་འབྲང་གི་ཡིག་ཆ་པ་རྣམས་ཀྱི་ནང་ནས་དཔེར་ན་སྒོ་མང་ཡིག་ཆའི་སྐབས་དེར་ཕྱི་དོན་དུ་གྲུབ་པ་དང༌། ཕྱི་དོན་བདེན་པར་གྲུབ་པ་གཉིས་ལ་ཅུང་ཟད་ཁྱད་པར་ཡོད་པ་ལྟ་བུ་དཔེར་ན། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལྟ་བུར་མཚོན་ན། ཕྱི་དོན་དུ་གྲུབ་པས་སྟོང་པ་དང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པས་སྟོང་པ་གཉིས་ཆོས་ཀྱི་བདག་མེད་རགས་པ་དང༌། བདེན་གྲུབ་ཀྱིས་སྟོང་པ་ལྟ་བུ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཁས་ལེན་གྱིན་ཡོད་པ་དེ་འདྲ་རེད། དེའི་རྒྱུ་མཚན་གྱིས། ཕྱི་དོན་དུ་གྲུབ་པ་དང་གཟུང་བ་བདེན་པར་གྲུབ་པ་གཉིས་ཅུང་ཟད་ཁྱད་ཕྱེ་ནས་གསུངས་ཡོད་པ་རེད། རང་ལུགས་ཡིན་ན་ཕྱི་དོན་མེད་པར་འདོད་པའི་ལུགས་རེད། འོ་ན་ཕྱི་དོན་བདེན་པར་གྲུབ་ན་གང་འདྲ་གྲུབ་དགོས་པ་རེད་ཟེར་ན། ནང་ཀུན་གཞིའི་སྟེང་གི་བག་ཆགས་སྨིན་པ་ལ་མ་ལྟོས་པར་ཕྱི་རོལ་གྱི་རྡུལ་བསགས་སྟོབས་ཀྱིས་ཕྱི་རོལ་ན་ཡོད་ཡོད་འདྲ་བ་ཞིག་སྣང་གི་ཡོད་པ་སྟེ། དཔེར་ན་སྔོན་པོ་མཐོང་བའི་ཚེ་སྔོ་ལྷང་ལྷང་བ་ཞིག་ཤེས་པ་དང་རྒྱང་ཆད་པའི་ཚུལ་གྱིས་སྣང་བ་ལྟར་དུ་གྲུབ་སོང་ན་ཕྱི་དོན་དུ་གྲུབ་པ་རེད་དེ། དེ་འདྲ་ཞིག་ཡོད་པ་མ་རེད། ནང་ཀུན་གཞིའི་བག་ཆགས་ཀྱི་དབང་གིས་ཡུལ་སྔོན་པོ་དེ་དང་དེ་འཛིན་པའི་ཤེས་པ་གཉིས་སྐྱེད་བྱེད་ཀུན་གཞིའི་སྟེང་གི་བག་ཆགས་གཅིག་གིས་བསྐྱེད་པས་རྫས་གཅིག་པ་རེད། འདུས་བྱས་གང་ཞིག་རྫས་གཅིག་པ་ཡིན་ན་བདག་ཉིད་གཅིག་ཡིན་དགོས་པ་རེད། དེའི་རྒྱུ་མཚན་གྱིས། དེ་དག་བདག་ཉིད་གཅིག་ཡིན་པར་གྲུབ་པ་རེད་ཅེས་ཞུ་རྒྱུ་དེ་ཡིན། མདོར་ན་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་མ་གཏོགས། ཕྱི་དོན་དུ་གྲུབ་པ་དང་རང་ངོས་ནས་གྲུབ་པ་ཞིག་གང་ཡང་མེད་པར་གསུངས་ཡོད་པ་རེད། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་གི་སྐབས་སུ། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །ཞེས་པ་ནས། སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་ཐམས་ཅད་སྡིག་པའི་སེམས་ལས་བྱུང་པ་ཞིག་གསུངས་ཡོད་པ་ལྟར་རེད། དེས་ན་ཕྱི་དོན་དུ་མ་གྲུབ་ཀྱང་སྔོན་པོ་ཡོད་པར་ཁས་ལེན་དགོས་པ་དང༌། ཁས་ལེན་ཚུལ་དེ་གང་འདྲ་རེད་ཟེར་ན། ཕྱི་རོལ་ན་ཡོད་ཡོད་འདྲ་བ་ཞིག་རྒྱང་ཆད་ཀྱི་ཚུལ་དུ་སྣང་བ་དེ་ཡང་མ་རེད་ལ། ནང་ཤེས་པ་གསལ་རིག་དེའང་མ་རེད། དེ་གཉིས་གང་ཡིན་མིན་པའི་གསལ་རིག་དེའི་ངོར་ཤར་ཙམ་སྣང་ཙམ་གྱི་སྟེང་ནས་བཞག་ཐུབ་དགོས་པ་ཨེ་ཡིན་བསམ་གྱིན་འདུགདཔེར་ན། འཕགས་པ་ཐོགས་མེད་ཀྱི་བསྡུ་བའི་སྐབས་སུ་བརྗོད་དུ་མེད་པའི་དངོས་པོ་ཟེར་བ་དེ་བཞག་ཡོང་དུས། ང་ཚོའི་རྨི་ལམ་གྱི་གནས་སྐབས་སུ་གླང་པོ་ཆེའི་ཁྱུ་འཁྲིགས་པ་ལྟ་བུ་རྨིས་པ་ཡིན་ན། ཕྱི་རོལ་གྱི་གཟུགས་ཤིག་ཀྱང་མ་ཡིན་ལ། ནང་ཤེས་པ་ཁོ་ཡང་མ་ཡིན་པར། ཡིད་ཤེས་ཁོ་ནའི་ཡུལ་དུ་གྱུར་བའི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་རུང་ལྟ་བུ་རྨི་ལམ་གྱི་གནས་སྐབས་སུ་གླང་པོ་ཆེའི་ཁྱུ་འཁྲིགས་པ་དེ། རྣམ་པར་རྟོག་པའི་རྣམ་བཏགས་ཀྱི་ཆ་ཞིག་འཇོག་གིན་ཡོད་པ་རེད། དེ་ནང་བཞིན་དུ་སད་པའི་གནས་སྐབས་སུ་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་ཡུལ་སྣ་ཚོགས་སྣང་ཡོང་དུས། ཕྱི་རོལ་ན་ཡོད་ཡོད་འདྲ་བ་དེ་ཡང་མ་ཡིན། ནང་སེམས་དེ་ཡང་མ་ཡིན་པའི་དེ་གཉིས་གང་ཡང་མིན་པའི་བརྗོད་དུ་མེད་པའི་དངོས་པོ་ཟེར་བ་དེ། ང་རང་ཡིན་ན་དེ་འདྲའི་སྟེང་ནས་འཇོག་མཁན་དང་འདོད་མཁན་ཡིན་ཞུ་རྒྱུ་དེ་ཡིན། སྤྱིར་བཏང༌། སེམས་ཙམ་པའི་ལུགས་ལ་གཞི་གྲུབ་ན་ཤེས་པ་ཡིན་པས་ཁྱབ་ཟེར་མཁན་ཡོང་གིན་ཡོད་པ་རེད། རང་ལུགས་ཀྱི་ཡིག་ཆའི་གསུངས་ཟིན་ལ་ཡང་སྐབས་རེར། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་ཟིན་བྲིས་ཀྱི་སྐབས་སུ། ཅི་ཙམ་སྣང་བ་གསལ་བའི་སེམས་ཡིན་ཏེ། །ཟེར་བ་དེ་འདྲ་གསུངས་ཡོད་པ་རེད། ཡང་རང་ལུགས་ཀྱི་ཡིག་ཆ་མང་པོའི་སྐབས་སུ། སེམས་དང་བེམ་པོ་གཉིས་འགལ་བར་གསུངས་པ། སེམས་ཀྱི་མཚན་ཉིད་གསལ་ཞིང་རིག་པ་ལ་སོགས་པ་བེམ་པོར་གྱུར་པའི་ཆོས་རྣམས་ལ་མེད་པའི་ཕྱིར་རོ། །ཞེས་གསུངས་ཡོད་པ་རེད། དེས་ན་རང་ལུགས་རྫོགས་ལྡན་ཆོས་མཆོག་གི་ལུགས་ལ་བེམ་པོ་གཏན་ནས་མེད་པ་མ་ཡིན་པ་དེ། ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོན་ཆོད། །དེ་ཕྱིར་དེ་ལ་ཕུང་པོ་གསུམ་པ་མེད། །ཅེས་བཀའ་བསྡུ་བཞི་བའི་རྩ་བའི་སྐབས་སུ་གསུངས་ཡོད་པ་དེ་འདྲ་རེད། དེའི་སྐབས་ཀྱི་བེམ་པོ་དེ་ཤེས་པ་མ་ཡིན་པའི་ཆོས་ཞིག་ལ་ཟེར་བ་མ་གཏོགས་རྡུལ་དུ་གྲུབ་པའི་བེམ་པོ་ཞེས་པ་དེ་མ་རེད། དཔེར་ན་སྤྱོད་འཇུག་སོགས་ཀྱི་སྐབས་སུའང་ཤེས་པ་བེམ་མིན་ལོག་པ་སྟེ། །ཞེས་སོགས་གསུངས་པ་ནང་བཞིན་དུ་ཤེས་དགོས་ཀྱིན་འདུགགསལ་ཞིང་རིག་པའི་བློ་ཞིག་ཤེས་པར་བཞག་ཡོང་དུས་དེའི་ལྡོག་ཟླ་ཡུལ་མི་གསལ་བའི་ཆོས་ཞིག་ལ་བེམ་པོ་ཞེས་གསུངས་པ་དེ་རེད། བཀའ་བསྡུ་བཞི་བའི་རང་འགྲེལ་སྐབས་སུ་ཡང༌། འདུས་མ་བྱས་ལ་བེམ་རིག་གཉིས་འདུས་བྱས་ལའང་བེམ་རིག་གཉིས། ཞེས་དེ་འདྲ་གསུངས་ཡོང་དུས། ཐམས་ཅད་རིག་པ་ཡིན་པས་ཁྱབ་པ་ཞིག་གསུངས་མེད་པ་དེ་ལྟ་བུའི་སྟེང་ནས་བསམ་བློ་བཏང་ན་ཡང་འདྲ། གཞན་རིགས་པའི་སྟེང་ནས་བསམ་མནོ་བཏང་ན་ཡང༌། གཟུགས་སྒྲ་ལ་སོགས་པའི་སྣང་བ་འདི་དག་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་དུ་གྲུབ་པ་མ་གཏོགས། དེ་དག་སེམས་དང༌། ཤེས་པ། གསལ་ཞིང་རིག་པ་ཡིན་ཞེས་ཟེར་མི་ཐུབ་པ་ཨེ་ཡིན་བསམ་གིན་འདུགཡིན་ནའང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་སྙིང་པོའི་སྐབས་སུ། གྲུབ་མཐའ་སྨྲ་བ་བཞིའི་འདོད་པ་གསུངས་པའི་སྐབས་དེར་སེམས་ཙམ་པའི་ལུགས་ལ་སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་མཐོང་བ་ན་སྔོ་འཛིན་མིག་ཤེས་རང་གིས་རང་མཐོང་པ་ཡིན་པ་ལྟ་བུར་གསུངས་ཏེ། དེ་འདྲའི་གསུངས་ཚུལ་ལ་བལྟས་ན་དཔྱད་པ་ཅུང་ཙམ་རེ་གཏོང་རྒྱུ་སླེབ་ཡོང་གིན་ཡོད་པ་རེད། སྤྱིར་བོད་གངས་ཅན་པའི་གྲུབ་མཐའ་སྨྲ་བ་ལ་བསམ་བློ་བཏང་ན། རི་བོ་དགེ་ལྡན་པས་ཕྱི་དོན་དུ་གྲུབ་པར་ཁས་ལེན་གྱིན་ཡོད་པ་རེད། དེ་གང་རེད་ཟེར་ན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་རྩ་བའི་སྐབས་སུ། ཐ་སྙད་དཔྱོད་བློས་མི་འཁེགས་མི་འགྲུབ་ཕྱིར། །ཞེས་གསུངས་ནས་ཐ་སྙད་དཔྱོད་བྱེད་ཀྱི་བློས་ཁེགས་མི་ཐུབ་པའི་རྒྱུ་མཚན་གྱིས་ཕྱི་དོན་དུ་གྲུབ་པ་རེད་ཅེས་སྒྲུབ་ཀྱིན་ཡོད་པ་རེད། ཐལ་འགྱུར་བའི་ལུགས་ལ་སྣང་ཙམ་བཏགས་ཙམ་གྱི་སྒོ་ནས་ཕར་འཇོག་ཐུབ་ཀྱིན་ཡོད་པ་རེད་ལ། བཞག་དགོས་པའང་རེད། དེའི་དབང་གིས་ཕྱི་དོན་དུ་གྲུབ་པ་རེད་ཟེར་ནས་དེ་ལྟར་གསུངས་གིན་ཡོད་པ་རེད། དེ་མ་གཏོགས་པའི་དཔལ་ལྡན་ས་སྐྱ་པ་ཡིན་ནའང་འདྲ། ཇོ་ནང་པ། བཀའ་བརྒྱུད་པ། སྔ་འགྱུར་རྙིང་མ་པ་ཐམས་ཅད་ཀྱིས་ཕྱི་དོན་དུ་མ་གྲུབ་ཟེར་ནས་གསུངས་འགྲོ་གིན་ཡོད་པ་རེད། དེ་ཡང་གཙོ་བོ་འཁོར་ལོ་ཐ་མ་དང་སྔགས་བླ་ན་མེད་པའི་རྒྱུད་སྡེ་ལ་སོགས་པ་ལ་བརྟེན་ནས་གསུངས་ཡོད་པ་འདྲ་ཞིག་རེད། དཔལ་ལྡན་ཟླ་བ་གྲགས་པའི་ལུགས་ལ་ཕྱི་དོན་དུ་གྲུབ་མ་གྲུབ་གཉིས་ཀྱི་ནང་ནས་གྲུབ་པར་ཁས་ལེན་པའི་ལུགས་ཡིན་པ་དེ། དཔལ་ལྡན་ཟླ་བའི་འཇུག་པ་རང་འགྲེལ་གྱི་སྐབས་སུ། ཕྱི་རོལ་གྱིས་གྲུབ་པ་དེ་མི་འགོག་པས། ཞེས་ཚིག་ཟིན་ལ་གསལ་བར་ཚད་འགོག་གི་འོག་བདག་འགོག་ལ་ཅུང་མ་སླེབས་པའི་མཚམས་དེར་གསུངས་ཡོད་པ་རེད། དེ་ནས་སྐབས་འདིར་ཉན་ཐོས་རྣམས་གཏན་ནས་མི་འདོད་པའི་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་གསུངས་ལ། ཞེས་འཁོར་ལོ་ཐ་མའི་སྐབས་དེར་ཉན་ཐོས་སྡེ་གཉིས་ཏེ། བྱེ་བྲག་སྨྲ་བ་དང་མདོ་སྡེ་བ་རྣམས་ཀྱིས་གཏན་ནས་ཁས་མི་ལེན་པའམ་མི་འདོད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟེར་ན་འདྲ། ཡང་ན་གཟུང་འཛིན་གཉིས་སུ་མེད་པའི་དོན་དམ་རང་བྱུང་གི་ཡེ་ཤེས་དེ་དོན་དམ་པར་གྲུབ་པའམ་བདེན་པར་གྲུབ་པར་གསུངས་པ་རེད་ཅེས་གསུངས་པ་དེ་རེད། དེ་ཡང་འཁོར་ལོ་དང་པོ་གཉིས་དང་སྒྲས་ཟིན་མི་འདྲ་བ་ཞིག་ཏུ་ཆགས་འདུག་ཡོད་པ་དང༌། ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་དེ་དང་ཡང་མི་མཐུན་པ་རེད། དེས་ན་འཁོར་ལོ་ཐ་མའི་སྐབས་སུ་ཉན་རང་དང་ཐེག་ཆེན་གཉིས་ལ་ལྟ་བའི་ཁྱད་པར་ཤིན་ཏུ་ཆེ་བར་གསུངས་པས་སོ། །ཞེས་གསུངས་པ་རེད། ཁ་སང་གོང་ནས་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་མི་དགོས་པར་སྒྲུབ་བྱེད་ཀྱི་ཁུངས་ལ་མདོ་སྡེ་པདྨ་དཀར་པོ་སོགས་འཁོར་ལོ་ཐ་མའི་མདོ་སྡེ་མང་པོ་དྲངས་ཟིན་པ་དེ་རེད། དེ་ནང་བཞིན་རྒྱུད་བླ་མའི་སྐབས་སུ། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པས་བདེན་འཛིན་དེ་ཤེས་སྒྲིབ་ཡིན་པར་གསུངས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས། འཁོར་ལོ་ཐ་མའི་སྐབས་སུ་ཐེག་ཆེན་གྱིས་ཆོས་ཀྱི་བདག་མེད་རྟོགས་དགོས་ཀྱང༌། ཉན་རང་གིས་ཆོས་ཐམས་ཅད་ཆོས་ཀྱི་བདག་མེད་རྟོགས་མི་དགོས་པར་འདོད་པའི་ལུགས་ལྟར་གསུངས་པས་ཁྱད་པར་ཤིན་ཏུ་ཆེ་བ་རེད། དཔེར་ན་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་སུ། ཐབས་མ་ཡིན་པས་རིང་བ་དང༌། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང༌། །ཞེས་གསུངས་པ་དེ་ཉན་ཐོས་ཀྱི་རྒྱུད་ཀྱི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དེ་མཚན་འཛིན་གྱིས་བཅིང་པ་རེད། ཅེས་གསུངས་པ་དེའི་ཕྱིར་ན་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་མི་དགོས་པར་གསུངས་པ་དང་དེའི་འོག་ནས་ཀྱང༌། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང༌། །རྒྱལ་སྲས་རྣམས་ཀྱི་དག་པསྟེ། །ཞེས་གསུངས་པ་དང་དེ་ནང་བཞིན་སྐབས་དང་པོའི་སྦྱོར་ལམ་སྐབས་སུ་གཟུང་འཛིན་གྱི་རྟོག་པ་བཞི་དང༌། གཉེན་ཚོགས་ཀྱི་སྐབས་སུ་གཟུང་འཛིན་གྱི་རྟོག་པ་བཞི། སྐབས་ལྔ་བའི་སྐབས་སུ་ཡང་བསྐྱར་མཐོང་སྒོམ་གི་སྤང་བྱའི་གཟུང་རྟོག་དང་འཛིན་རྟོག་བཞི་བཞི་ཡོད་པར་གསུངས་པ་དེ་དག་ཐམས་ཅད་ཤེས་སྒྲིབ་ཡིན་པར་གསུངས་འགྲོ་གིན་ཡོད་པ་དེ་འདྲ་ཞིག་ཡིན་པ་རེད། དེས་ན་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་རང་ལུགས་ལ། བསྟན་བཅོས་རྒྱུད་བླ་མ་དང༌། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་སོགས་བྱམས་ཆོས་སྡེ་ལྔ་བོ་དེ། གཞུང་ཚད་ཐུབ་ཅིག་ཏུ་ཁས་བླངས་ནས་རང་གཞུང་དུ་འགྲེལ་གྱིན་ཡོད་པ་རེད། གཞུང་གཅིག་ཉིད་ལ་གྲུབ་མཐའ་གཉིས་ཡོད་སྐྱོན། །ཞེས་གཞན་སྟོང་དབུ་མའི་རྒྱན་གྱི་སྐབས་སུ་ཕལ་ཆེར་བྱམས་ཆོས་སྡེ་ལྔ་དེ་གཞུང་གཅིག་ཡིན་པ་ལྟ་བུར་བྱས་ནས་གསུངས་ཡོད་པས་གྲུབ་མཐའ་གཅིག་གི་ལུགས་སུ་གསུངས་ཡོད་པ་རེད། དེས་ན་བྱམས་ཆོས་སྡེ་ལྔ་དང་པྲ་ཀ་ར་ཎ་སྡེ་བརྒྱད་ལ་སོགས་པ་རང་གཞུང་ཡིན་ལུགས་ཡིན་ཚུལ་དེ། འདིའི་འོག་ནས་འཆད་ན་འབྲེལ་དང་ཡང་མཐུན་པས་དེ་ལྟར་ཞུ་རྒྱུ་དེ་ཡིན། ཡང་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་འདོད་ཟེར་ནས་གསུངས་ཡོང་དུས། དེ་བདེན་པ་དང༌། མི་བསླུ་བ་ཡིན་པ། གནས་ལུགས་ཡིན་ལུགས་སུ་གྲུབ་པ་ཡིན་པ་དེ་གོང་ནས་ཇོ་ནང་རང་ལུགས་ལ་དགག་བྱ་བདེན་གྲུབ་དང་སྤྲོས་པའི་བདེན་པར་མ་གྲུབ་ཀྱང༌། བདེན་པར་གྲུབ་ཟེར་ནས་དེའི་བདེན་པ་དེ་དོན་དམ་བདེན་པའམ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་སྣང་ཚུལ་དང་གནས་ཚུལ་མཐུན་པར་མི་བསླུ་བ་ཡིན་པའི་རྒྱུ་མཚན་གྱིས་བདེན་པ་ཡིན་ཞེས་དེ་ལྟར་གསུངས་ཀྱིན་ཡོད་པ་དེ། སྐབས་གོང་འོག་ཐམས་ཅད་དུ་ཐུགས་ལ་ཉར་དགོས་པ་མ་གཏོགས་དེ་འདྲའི་བཤད་ཚུལ་གྱི་སྟེང་ནས་དོགས་པ་སྐྱེ་ཉེན་ཆེན་པོ་འདུགདོན་དམ་རང་བྱུང་གི་ཡེ་ཤེས་བདེན་པར་གྲུབ་པ་དེ། ཆོས་ཀྱི་བདག་མ་ཡིན་པར་དོན་དམ་རང་བྱུང་གི་ཡེ་ཤེས་དེ་དགག་བྱའི་བདེན་པར་གྲུབ་པ་དང་སྤྲོས་པའི་བདེན་པར་གྲུབ་པ་དེ་བརྟག་པ་མཐའ་བཟུང་གིས་བཞག་ན་ཆོས་བདག་ཏུ་གྲུབ་པ་རེད་མ་གཏོགས། དོན་དམ་བདེན་པ་བདེན་པར་གྲུབ་པ་ཆོས་ཀྱི་བདག་མེད་ཡིན་པ་སྐབས་ཀུན་ཏུ་ཤེས་དགོས་པར་འདུགདེས་ན་དོན་དམ་བདེན་པ་བདེན་པར་གྲུབ་པར་འཛིན་པ་དེ་དོན་དམ་བདེན་པ་བདེན་གྲུབ་ཏུ་འཛིན་པ་རེད་དེ། དེ་བདེན་འཛིན་མ་རེད་དངོས་འཛིན་མ་རེད་ཅེས་འདི་དག་གི་སྐབས་སུ་དེ་ལྟ་བུའི་ཁྱད་པར་དེ་ཤེས་དགོས་པར་འདུགདཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་རྟག་པར་རྟོགས་པའི་བློ་དེ། རྟག་འཛིན་མིན་ཟེར་དགོས་པ་རེད། རྟག་པར་འཛིན་པའི་ཕྱིར་ན་མ་ཁྱབ་ཟེར་བ་ནང་བཞིན་དུ་ཤེས་དགོས་པ་རེད། རང་ལུགས་ལ་ཆོས་ཀྱི་བདག་འཛིན་ཟེར་བ་དང༌། བདེན་འཛིན་དངོས་འཛིན་སོགས་མིང་གི་རྣམ་གྲངས་ཡིན་པ་ནི། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་སྐབས་སུ། ཆོས་ཀྱི་བདག་འཛིན་དངོས་པོར་ཞེན་པ་དང༌། །བདེན་འཛིན་དངོས་འཛིན་མིང་གི་རྣམ་གྲངས་སོ། །ཞེས་གསུངས་པ་ནང་བཞིན་རེད། དེས་ན་རང་ལུགས་ལ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ཐེག་པ་ཆེ་ཆུང་གི་ལྟ་བའི་དབང་དུ་བྱས་ནས། ཐེག་མཆོག་དབུ་མའི་སྐབས་སུ། དེ་ལྟར་གང་ཟག་བདག་མེད་ནི། །ཐེག་པ་ཆེ་ཆུང་ཀུན་ལ་ཡོད། །ཐེག་ཆེན་ཐུན་མོང་མིན་ལམ་དུ། །བསྒོམ་བྱ་ཆོས་ཀྱི་བདག་མེད་དོ། །ཞེས་ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྒོམ་བྱ་དེ་ཆོས་ཀྱི་བདག་མེད་ཡིན་པ་གསལ་བར་གསུངས་བཞག་པ་དེའི་སྟེང་ནས་ཤེས་དགོས་ཀྱིན་འདུགདེ་ནས་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུའི་སྐབས་སུའང༌། ངའམ་བདག་ཅེས་བྱ་བ་དེ། གནས་ལུགས་ལ་ཡོད་ན་དེ་གང་ཟག་གི་བདག་ཡིན་མོད། དེ་འདྲ་དངོས་པོ་ལ་ཡེ་མ་གྲུབ་པས་གང་ཟག་གི་བདག་དེ་འདྲ་ངོ་བོའི་སྒོ་ནས་སྟོན་རྒྱུ་མེད། འོན་ཀྱང་མེད་པ་ལ་ཡོད་པར་འཛིན་པའི་བདག་འཛིན་གྱི་འཛིན་སྟངས་རློམ་ཚུལ་དང་བསྟུན་ན་རྟག་པ་གཅིག་པུ་རང་དབང་ཅན་དུ་འཛིན་པ་ཡིན། ཞེས་གང་ཟག་གི་བདག་འཛིན་ཞེས་པ་དེ་འདྲ་ཞིག་ཏུ་གསུངས་པ་རེད། འོ་ན་རྟག་པ་གཅིག་པུ་རང་དབང་ཅན་དུ་འཛིན་ཚུལ་དེ་གང་འདྲ་རེད་ཟེར་ན། ལམ་རིམ་བདུད་རྩིའི་ཉིང་ཁུ་འདི་ཉིད་ཀྱི་སྐབས་སུ། དེ་ཡང་ན་ནིང་ངས་འདི་བྱས། ངས་ད་གཟོད་འདི་བྱེད་སྙམ་པ། ན་ནིང་གི་ང་དེ་ད་ལྟའི་ང་འདི་ཡིན། འདི་ད་གཟོད་འགྲོ་སྙམ་པ་དེ་ལ་རྟག་པར་འཛིན་པ་ཟེར། ཞེས་རྟག་འཛིན་ཟེར་བ་དེ་འདྲ་རེད། འདི་ལྟར་བསམ་བློ་བཏང་ཡོང་དུས། རྟག་འཛིན་དེ་ལ་ཀུན་བཏགས་ཅིག་མི་དགོས་པར་དེ་ལ་ལྷན་སྐྱེས་ཡོད་པ་རེད། ང་སྙམ་པ་ཤར་དུས་ཕྱི་ནང་གི་དངོས་པོ་གཞན་སུ་དང་ཡང་མ་འདྲེས་པའི་ཁོ་རང་གི་ངོ་བོ་ཚུགས་ཐུབ་གཅིག་ཡོད་པའི་ཁུངས་སུ་སྣང་བ་དེ་གཅིག་པུར་འཛིན་པ་ཡིན། ཞེས་གསུངས་པ་རྟག་པ་གཅིག་པུ་རང་དབང་པ་ཞེས་པའི་གཅིག་པུ་འཛིན་ཚུལ་རེད། དེ་ལ་ཡང་ཀུན་བཏགས་མི་དགོས་པ་རེད། ཇི་ལྟར་རིགས་པའི་ལོངས་སྤྱོད་དམ། རྫས་སམ་འཁོར་ལ་རང་ཉིད་བདག་པོའི་ཚུལ་དུ་ཡོད་པ་ལྟར་སྣང་བ་དེ་རང་དབང་ཅན་དུ་འཛིན་པ་ཞེས་བྱ་ཡིན། ཞེས་གསུངས་པ་ལྟར་རང་དབང་ཅན་གྱི་དོན་ཡང་དེ་འདྲ་གོ་དགོས་འདུག་མ་གཏོགས། གཞན་ལ་མ་ལྟོས་པ་ཙམ་གྱིས་རང་དབང་ཅན་དུ་གྲུབ་ཟེར་བ་མ་རེད། རི་བོང་རྭ་ཡང་གཞན་ལ་མ་ལྟོས་པ་རེད་དེ། རང་དབང་ཅན་དུ་མ་གྲུབ་པ་ནང་བཞིན་རེད། ཁ་ཅིག་འཁྲུལ་ནས་གཞན་ལ་མ་ལྟོས་པ་ཙམ་གྱིས་རང་དབང་བ་ཞེས་འགྲེལ་བཤད་གནང་མཁན་ཡོང་གིན་འདུག་ཏེ་དེ་འདྲ་མ་རེད། རང་ལུགས་ལ་གང་ཟག་གི་བདག་འཛིན་གྱིས་རང་དབང་ཅན་དུ་གྲུབ་པར་འཛིན་ཚུལ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ལམ་རིམ་བདུད་རྩིའི་ཉིང་ཁུ་འདིའི་སྐབས་སུ། ཇི་ལྟར་རིགས་པའི་ལོངས་སྤྱོད་དམ། རྫས་སམ་འཁོར་ལ་རང་ཉིད་བདག་པོའི་ཚུལ་དུ་ཡོད་པ་ལྟར་སྣང་བ་དེ་རང་དབང་ཅན་དུ་འཛིན་པ་ཞེས་བྱ་ཡིན། ཞེས་གསལ་བོར་གསུངས་པ་དེ་རེད། དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། བདག་དངོས་ནམ་ཡང་མི་སྲིད་དེ་ཙམ་ལ། །གང་ཟག་བདག་མེད་ཅེས་སུ་ཐ་སྙད་མཛད། །ཅེས་ཐེག་མཆོག་དབུ་མར་གསུངས་པ་ནང་བཞིན་རེད། ཡང་རང་ལུགས་ལ་ཐེག་ཆེན་གྱིས། སྤྲོས་བྲལ་གྱི་གང་ཟག་གི་བདག་མེད་སྒོམ་ཚུལ་ཞིག་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཤེར་སྙིང་ཚིག་འགྲེལ་རྨད་དུ་བྱུང་པའི་སྐབས་སུ་གསུངས་ཡོད་པ་རེད། དེ་གང་འདྲ་རེད་ཟེར་ན། གང་ཟག་གི་བདག་མེད་བྱང་ཆུབ་སེམས་དཔས་མི་སྒོམ་པ་ལྟ་བུ་གསུངས་པ་ནི། དགག་གཞི་ཕུང་པོ་ཡོད་པར་བྱས་ནས་དེའི་སྟེང་དུ་ང་བདག་མེད་པར་སྒོམ་པའི་གང་ཟག་གི་བདག་མེད་སྒོམ་ཚུལ་དེ་འདྲ་མི་བྱེད་ཅེས་པའི་དོན་ཡིན་གྱི། སྤྲོས་བྲལ་གྱི་རྣམ་པ་ཅན་གྱི་གང་ཟག་གི་བདག་མེད་ནི། རྒྱལ་སྲས་རྣམས་ཀྱི་བསྒོམ་བྱ་ཁོ་ནའོ། །གནས་ཚུལ་ལ་ང་བདག་གང་ཡང་མ་གྲུབ་པ་ནི། གང་ཟག་གི་བདག་མེད་ཡིན་ལ། གནས་ཚུལ་ལ་སྣང་གྲགས་ཀྱི་ཤེས་བྱ་གང་ཡང་ཡོད་མ་མྱོང་བ་ནི་ཆོས་ཀྱི་བདག་མེད་ཡིན་པས། སྔ་མ་ཕྱི་མའི་ནང་དུ་འདུས་པའི་ཕྱིར་ཆོས་ཀྱི་བདག་མེད་བསྒོམས་པས་གང་ཟག་གི་བདག་མེད་སྒོམ་པར་ཤུགས་ལ་འགྲུབ་བོ། །ཞེས་དེ་འདྲ་གསུངས་པ་རེད། གོང་ནས་ཀྱང་ཞུས་པ་རེད་གང་ཟག་གི་བདག་མེད་སྒོམ་པ་མེད་ན་སྲིད་པ་འཁོར་བ་ལས་གྲོལ་བའི་ཐབས་མེད་པ་དེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་སྐབས་སུ། གང་ཟག་བདག་མེད་སྒོམ་པ་ཡོད་མེད་ལས། །སྲིད་ལས་གྲོལ་བ་ཡོད་མེད་རྗེས་སུ་དཔོག།ཞེས་གསུངས་པ་རེད། དེ་ནང་བཞིན་དུ་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་སྐབས་སུ། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཡོངས་འབྲེལལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པ་བཞིན་དུ་མདོར་ན། གང་ཟག་གི་བདག་ཏུ་གྲུབ་པར་འཛིན་པ་དེའི་དབང་གིས་ཉོན་མོངས་པ་འདོད་ཆགས། ཞེ་སྡང༌། གཏི་མུག་ལ་སོགས་པ་འབྱུང༌། དེའི་དབང་གིས་ལས་བསགས་ལས་གྱི་དབང་གིས་འཁོར་བར་འཁོར་བ་ཡིན་པ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། ཇི་སྲིད་ཕུང་པོ་འཛིན་ཡོདཔ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །ཞེས་གསུངས་པ་ལྟར་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཞུ་རྒྱུ་དེ་ཡིན། འཁོར་ལོ་དང་པོའི་སྐབས་སུའང་སྡུག་བདེན་མི་རྟག་པ་དང་སྡུག་བསྔལ་བ་སྟོང་བ་བདག་མེད་པར་སྒོམ་དགོས་པར་གསུངས་ཡོད་པ་རེད། སྤྱིར་ན་ཐེག་པ་ཆེན་པོའི་ཆོས་དང༌། ཐེག་པ་དམན་པའི་ཆོས། སྔགས་བླ་མེད་ཀྱི་ཆོས་གང་ཉམས་སུ་ལེན་པ་ཡིན་ནའང་འདྲ། སྐྱབས་འགྲོ་དང་ངེས་འབྱུང་གི་བསམ་པས་ཟིན་དགོས་པ་དེ་གལ་ཆེན་པོ་ཞིག་དང་ཐུན་མོང་གི་བསྒོམ་བྱ་མི་རྟག་སྡུག་བསྔལ་སྟོང་བདག་མེད་སོགས་ཀྱིས་རྒྱུད་མ་སྦྱངས་པ་ཡིན་ན། ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་ཞིག་སྐྱེ་ཁག་པོ་རེད། ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་མ་སྐྱེས་ན་འཁོར་བ་ལས་ཐར་བའི་ཐབས་སུ་མི་འགྲོ་བ་ཞིག་རེད། དེས་ན་དགེ་བའི་རྩ་བ་ཆེ་ཆུང་གང་སྒྲུབ་པ་ཡིན་ནའང་ངེས་འབྱུང་གི་བསམ་པས་མ་ཟིན་ན་འཁོར་བའི་ནང་ནས་མངོན་མཐོ་ལྷ་མིའི་གོ་འཕང་ཙམ་ཐོབ་པའི་ཐབས་མ་གཏོགས། ཞི་བ་མྱང་འདས་ཐོབ་པའི་ཐབས་སུ་མི་འགྲོ་བ་དེ། སློབ་དཔོན་ཨཱརྱ་དེ་ཝའི་དབུ་མ་བཞི་བརྒྱ་བའི་སྐབས་སུ། གང་ལ་འདིར་སྐྱོ་ཡོད་མིན་ན། །དེ་ལ་ཞི་སྒོ་ག་ལ་ཡོད། །ཅེས་གསུངས་པ་ནང་བཞིན་དུ་གང་འཁོར་བ་ལ་སྐྱོ་བ་སྐྱེ་བ་མེད་ན་དེ་ཞི་བ་ཐར་བ་འཐོབ་པ་ག་ལ་ཡོད་དེ་མེད་པས་སོ་ཞེས་གསུངས་པའི་རྒྱུ་མཚན་གྱིས། ངེས་འབྱུང་གི་བསམ་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། ངེས་འབྱུང་གི་བསམ་པ་སྐྱེས་ཞེས་པ་དེ། ཤར་མཉམ་མེད་ཙོང་ཁ་པ་ཆེན་པོས། ཉིན་མཚན་ཀུན་ཏུ་ཐར་བ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་གསུངས་པ་ནང་བཞིན་ཞིག་ཡོང་དགོས་པ་རེད། རྗེ་བཙུན་མི་ལས། མི་མེད་ལུང་བའི་བྲག་ཕུག་ན། །སྐྱོ་ཆད་དེ་བ་ལ་སངས་དུས་མེད། །ཅེས་གསུངས་པར་ལྟར་ཆོས་གང་སྒྲུབ་པ་ཡིན་ནའང་དེ་འདྲའི་བློ་རེས་ཟིན་ཨེ་ཐུབ་ལྟ་རྒྱུ་དང་ནི། མཆོག་གསུམ་ལ་དད་པ་རེས་སྣ་གྲངས་དགོས་པ་རེད། ཆོས་ཐམས་ཅད་ཀྱི་རྩ་བ་སྐྱབས་འགྲོ་དང༌། སྐྱབས་འགྲོའི་རྩ་བ་དད་པ། དད་པའི་རྩ་བ་དཀོན་མཆོག་གསུམ་གྱི་རྣམ་པར་ཐར་བ་ཤེས་པ། ཞེས་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་རྣམ་ཐར་མ་བཅོས་ལྷུག་མའི་སྐབས་སུ་གསུངས་ཡོད་པ་དེ་ནང་བཞིན་དུ། སོ་སོ་བསྟན་པ་ལ་གོ་རིམ་ཡོད་པའི་སྒོ་ནས་འཇུག་དགོས་པ་དང་རྒྱུད་ཚོད་དང་མཐུན་པའི་ཆོས་རང་གིས་ཉམས་སུ་ལེན་རྒྱུ་དང་གཞན་ལའང་དེ་ལྟར་སྟོན་རྒྱུ་གལ་ཆེན་རེད་མ་གཏོགས། ཆོས་ཀྱི་ངོས་ནས་ཐེག་པ་ཆེན་པོའི་ཆོས་དང༌། དེའི་ནང་ནས་ཀྱང་སྔགས་བླ་ན་མེད་པའི་ཆོས་ཡིན་ནའང་སོ་སོའི་རྒྱུད་སྦྱངས་པ་སྔོན་དུ་མ་སོང་ན་ཕན་ཐོགས་རྒྱུ་དཀའ་མོ་རེད། དཔེར་ན་ཁྱི་ཞིག་གི་སྔུན་ལ་གསེར་སྒོང་སྒོང་ཞིག་གཡུགས་ན་ཕན་ཐོགས་པ་མ་རེད། དེ་ལས་ཁོ་རང་ལ་རྩམ་སྒོང་ཞིག་སྦྱིན་ན་ཕན་ཐོགས་པ་ནང་བཞིན་ཆགས་འགྲོ་བ་རེད། དེའི་དབང་གིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་པའི་སྐབས་སུ་བླ་མ་སྐྱབས་འགྲོ་པ་དང༌། བླ་མ་ལས་འབྲས་པ། ཞེས་ཐོག་སོང་པ་དེའང་དེ་འདྲའི་གནད་ཀྱིས་རེད། དེ་ལྟར་རྣམ་པ་ཐམས་ཅད་ཀྱིས་ཐུགས་ལ་འཛིན་དགོས་པ་དང་སེམས་ལ་ཉར་དགོས་པདེ་འདྲ་རེད་ཞུ་རྒྱུ་དེ་ཡིན།

རང་སྟོང་བ་རྣམས་ཀྱི་བཞེད་པ་དྲང་ངེས་གོ་ལོག་ཏུ་འགྱུར་བར་ཐལ་བར་བསྟན་པ།

རང་སྟོང་བ་རྣམས་ཀྱི་བཞེད་པ་དྲང་ངེས་གོ་ལོག་ཏུ་འགྱུར་བར་ཐལ་བར་བསྟན་པ།

དེ་ནས། རྩ་བར། དེའི་ཕྱིར་རང་སྟོང་པ་རྣམས་ཀྱི་ལུགས་ལྟར་ན། ཉན་ཐོས་ཀྱི་མདོ་རྣམས་ངེས་དོན་ཤས་ཆེ་ཞིང༌། ཤེར་ཕྱིན་ཙམ་མ་གཏོགས་ཐེག་ཆེན་གྱི་མདོ་འབྱམས་ཀླས་པ་རྣམས་དྲང་དོན་འབའ་ཞིག་ཡིན་ནོ་ཞེས་ཐེག་པ་ཆེ་ཆུང་ལ་དྲང་ངེས་གོ་ལོག་ཏུ་འགྱུར་རོ། །ཞེས་གསུངས་ཏེ། དེའི་དོན་གང་རེད་ཟེར་ན་གོང་ནས་རང་ལུགས་ཀྱིས་དྲང་ངེས་ཀྱི་ཁྱད་པར་ཕྱེ་སྟངས་དང་འཁོར་ལོ་རིམ་པ་གསུམ་གྱི་དགོངས་དོན་གསུངས་པས་ན་ཞེས་དེའི་གྲུབ་དོན་དེ་གསུང་གིན་ཡོད་པ་རེད། རང་སྟོང་པ་རྣམས་ཀྱི་ལུགས་ལྟར་ན་ཉན་ཐོས་ཀྱི་མདོ་རྣམས་ངེས་དོན་ཤས་ཆེ་ཞིང༌། ཞེས་གསུངས་པ་རེད། རང་སྟོང་པ་རྣམས་ཀྱི་ལུགས་ཡིན་ན། ཉན་ཐོས་ཀྱི་སྡེ་སྣོད་སྐབས་སུ། ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་སྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་གསུངས་པ་དེ་དག་ཆོས་ཀྱི་བདག་མེད་སྟོན་བྱེད་དུ་དྲངས་ནས། ངེས་དོན་དུ་ཁས་ལེན་འགྲོ་གིན་ཡོད་པ་དང༌། དེ་དང་འདྲ་བར་ཉན་ཐོས་ཀྱི་སྡེ་སྣོད་ནང་དུ་བདག་མེད་ཀྱི་རིམ་པ་གསུངས་པའི་ནང་གི་གང་ཟག་གི་བདག་མེད་ཕྲ་མོ་ཡང༌། ངེས་དོན་དོན་དམ་བདེན་པར་ཁས་ལེན་གྱིན་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་གང་ཟག་གི་བདག་མེད་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་དེ་ངེས་དོན་གྱི་མདོ་ཡིན་ཞེས་བཤད་དགོས་པ་ཆགས་འདུག་ཡོད་པ་རེད། དེའི་དབང་གིས་སྐབས་འདིར་ཉན་ཐོས་ཀྱི་མདོ་རྣམས་ངེས་དོན་ཤས་ཆེ་ཞིང༌། ཞེས་གསུངས་པ་རེད། གོང་ནས་ཀྱང་མང་པོ་ཞུས་པ་ཡིན་ཏེ། འདི་དག་གི་སྐབས་གོང་འོག་ཐམས་ཅད་དུ་རང་སྟོང་པ་ཟེར་ཡོང་དུས། རང་སྟོང་པ་སྤྱིའི་ཁོག་ཕུབ་ནས་གསུངས་པ་མ་གཏོགས་ཁྱབ་མཐའ་བཅད་ནས་གསུངས་པ་ཕལ་ཆེར་མ་རེད་བསམ། དེ་ནས་འདིར་ཤེར་ཕྱིན་ཙམ་མ་གཏོགས་ཐེག་ཆེན་གྱི་མདོ་སྡེ་འབྱམས་ཀླས་པ་རྣམས་དྲང་དོན་འབའ་ཞིག་ཡིན་ནོ་ཞེས་ཐེག་པ་ཆེ་ཆུང་ལ་དྲང་ངེས་གོ་ལོག་ཏུ་འགྱུར་རོ། །ཞེས་གསུངས་པའི་ཤེར་ཕྱིན་ཙམ་ཟེར་བ་དེ་སྤྱིར་བཏང་ཤེར་ཕྱིན་དེ་ལ་ཡུམ་རྒྱས་འབྲིང་བསྡུས་གསུམ་ཟེར་བ་འདྲ་དང༌། ཡུམ་སྲས་སྐོར་དགུ་དང༌། སྔ་རབས་པ་རྣམས་ཀྱི་ལུགས་ལ་ཡུམ་སྲས་བཅུ་བདུན་ཟེར་བ་སོགས་ཤེར་ཕྱིན་གྱི་མདོ་མང་པོ་གསུངས་ཡོད་པ་དང༌། ཤེར་ཕྱིན་བམ་པོ་ལྔ་བརྒྱ་བ་དང་བཞི་བརྒྱ་དེ་ཡང་བོད་དུ་འགྱུར་བ་ཤོ་ལོ་ཀ་སྟོང་ཕྲག་བརྒྱའམ་འབུམ་ཡོད་པས་འབུམ་ཟེར་བ་དང༌། ཤོ་ལོ་ཀ་ཉི་ཁྲི་ལྔ་སྟོང་ཡོད་པས་ཉི་ཁྲིའམ་ཉི་ཁྲི་ལྔ་སྟོང་པ་དང༌། བརྒྱད་སྟོང་པ་སོགས་གཞུང་ཚད་ཀྱི་སྒོ་ནས་མིང་བཏགས་པའི་གཞུང་དེ་དག་ཤེར་ཕྱིན་གྱི་མདོ་རེད། དེ་མ་གཏོགས་པའི་ཐེག་ཆེན་གྱི་མདོ་སྡེ་ལ། མདོ་སྡེ་དགོངས་པ་ངེས་འགྲེལ་དང༌། མདོ་སྡེ་ལང་ཀར་གཤེགས་པ། ཁམས་གསུམ་སེམས་ཙམ་དུ་སྟོན་པའི་མདོ། དེ་ནང་བཞིན་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་སྐུ་དང་ཞིང་ཁམས་རྣམ་པ་ཐམས་ཅད་པའི་བདག་ཉིད་ཡིན་པར་སྟོན་པའི་མདོ་རྣམས་དྲང་དོན་དང་ངེས་དོན་གཉིས་ཀྱི་ནང་ནས་དྲང་དོན་ཡིན་པར་ཁས་ལེན་པ་དང༌། ཀུན་གཞི་བསྟན་པའི་མདོ་དང་ཕྱི་དོན་མེད་པར་བསྟན་པའི་མདོ། མཐར་ཐུག་ཐེག་པ་གསུམ་གྲུབ་བསྟན་པའི་མདོ་སོགས་དྲང་དོན་ཡིན་པར་དཔལ་ལྡན་ཟླ་བའི་དབུ་མ་འཇུག་པའི་སྐབས་སུ་གསུངས་ཡོད་པ་སྟེ། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་སོགས་ཀྱི་སྐབས་སུ། ལུང་འདིས་གསལ་བར་བྱེད་པ་ཞེས་པ་དེ་མདོ་སྡེ་ལང་ཀར་གཤེགས་པའི་སྐབས་སུ། ཇི་ལྟར་ནད་པ་ན་བ་ལ། །སྨན་པས་སྨན་རྣམས་གཏོང་པ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ནི་རབ་ཏུ་གསུངས། །ཞེས་དཔལ་ལྡན་ཟླ་བས་ལུང་དེ་ལ་བརྟེན་ནས་སེམས་ཙམ་དུ་གསུངས་པ་སོགས་དྲང་དོན་དགོངས་པ་ཅན་རེད། ཅེས་གསུངས་པ་རེད། དེ་དག་ལ་འདིའི་སྐབས་སུ་ཐེག་ཆེན་གྱི་མདོ་སྡེ་འབྱམས་ཀླས་པ་རྣམས་དྲང་དོན་འབའ་ཞིག་ཡིན་ནོ་ཞེས་ཐེག་པ་ཆེ་ཆུང་ལ་དྲང་ངེས་གོ་ལོག་ཏུ་འགྱུར་རོ། །ཞེས་གནོད་བྱེད་བརྗོད་པ་དེ་རེད་དེས་ན་གཞན་སྟོང་དབུ་མ་འདི་བཀའ་འཁོར་ལོ་གསུམ་གྱི་དགོངས་པ་རེད་དམ་གཅིག་གི་དགོངས་པ་རེད་ཟེར་ན། གཞན་སྟོང་དབུ་མ་ཆེན་པོ་འདི་བཀའ་འཁོར་ལོ་རིམ་པ་གསུམ་གྱི་དགོངས་པ་རེད་ཟེར་ནས་གསུངས་ཡོད་པ་རེད། གང་འདྲ་གསུངས་པ་རེདཟེར་ན།

གཞན་སྟོང་དབུ་མ་འདི་ཉིད་བཀའ་བར་ཐ་གཉིས་ཀྱི་དགོངས་པ་ཡིན་པར་བསྟན་པ།

གཞན་སྟོང་དབུ་མ་འདི་ཉིད་བཀའ་བར་ཐ་གཉིས་ཀྱི་དགོངས་པ་ཡིན་པར་བསྟན་པ།

དེ་ནས། རྩ་བར། གཞན་སྟོང་འདི་བཀའ་ཐ་མར་མ་ཟད། བར་བའི་ཡང་དགོངས་པ་ཡིན་པར་ཤེར་ཕྱིན་གྱི་བྱམས་ཞུས་ཀྱི་ལེའུར། མཚན་ཉིད་གསུམ་ཁས་བླངས་ཕྱིན་ཆོས་ཐམས་ཅད་བདེན་མེད་དུ་ཁྱད་པར་མེད་པ་འདོད་ན། མཚན་ཉིད་གསུམ་གྱི་རྣམ་བཞག་བྱས་པ་དགོས་མེད་དུ་འགྱུར་བ་དང༌། ཞེས་གསུངས་ཏེ། གཞན་སྟོང་འདི་བཀའ་ཐ་མར་མ་ཟད་བར་བའི་ཡང་དགོངས་པ་ཡིན་ཞེས་གསུངས་པ་རེད། བར་བའི་དགོངས་པ་ཡིན་པའི་རྒྱུ་མཚན་གང་རེད་ཟེར་ན། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུའི་སྐབས་སུ་མཚན་ཉིད་གསུམ་བསྟན་པ་ཁས་བླངས་ཕྱིན་ཆད། ཆོས་ཐམས་ཅད་བདེན་མེད་དུ་ཁྱད་པར་མེད་པར་འདོད་པ་ཡིན་ན། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་སྟེ་མཚན་ཉིད་གསུམ་གྱི་རྣམ་གཞག་དགོས་མེད་དུ་འགྱུར་འགྲོ་བ་རེད་ཅེས་གསུངས་པ་རེད། དེ་ཡང་ཤེར་ཕྱིན་ལྔ་བརྒྱ་བའི་སྐབས་སུ། རབ་འབྱོར་གཟུགས་ནི། དངོས་པོར་མེད་པ་དང༌། དངོས་པོ་ངན་པ་དང༌། དངོས་པོར་ཡོད་པའོ། །ཞེས་གསུངས་པ་རེད་དེའི་དོན་ཇི་ལྟར་རེད་ཅེ་ན། རབ་འབྱོར་གཟུགས་ནི་དངོས་པོར་མེད་པའོ། །ཞེས་གསུངས་དུས་གཟུགས་ཀྱི་སྟེང་གི་ངོ་བོ་ལ་ཀུན་བཏགས་པའི་ཀུན་བཏགས་དང༌། ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་སོགས་པ་གང་ཟག་གི་བདག་ཏུ་སྒྲོ་བཏགས་པ་དང་ཆོས་བདག་ཏུ་སྒྲོ་བཏགས་པ་ལ་སོགས་པའི་ཆོས་ཀྱི་བདག་དང་གང་ཟག་གི་བདག་དེ་དག་དངོས་པོར་མེད་པ་རེད་ཟེར་ནས་གསུངས་པ་རེད། དེའི་སྟོང་གཞིའི་གཟུགས་དེ་ཉིད་དངོས་པོ་ངན་པ་རེད་ཅེས་པའི་སྐབས་དེར། ཀུན་བཏགས་ཀྱི་སྟོང་གཞི་དེ་གཟུགས་སམ་གཞན་དབང་བཞག་ནས་གསུངས་པ་རེད། གཞན་དབང་དེ་ཀུན་བཏགས་ལ་སོགས་པའི་ངོར་མ་གྲུབ་པ་དེ་གཏན་ལ་ཕབ་ནས། དེའི་རྗེས་སུ་ཡོངས་གྲུབ་སྟོང་གཞིར་བཞག་ནས་ཀུན་བཏགས་དང་གཞན་དབང་གཉིས་ཀ་དེ་གནས་ལུགས་མཐར་ཐུག་ཏུ་མ་གྲུབ་པ་ཞེས་དེ་ལྟར་གཏན་ལ་ཕབ་ཡོད་པ་རེད། དེའི་རྒྱུ་མཚན་གྱིས། འདི་ནས་དངོས་པོ་ངན་པའོ་ཟེར་བ་དེ་གཞན་དབང་གསུངས་པ་རེད། དེ་ནས་གཟུགས་ནི་དངོས་པོར་ཡོད་པའོ་ཞེས་གསུངས་དུས་གཟུགས་ཀྱི་སྟེང་གི་ཆོས་ཉིད་ཡོངས་གྲུབ་དེ་དོན་དམ་པར་ཡོད་པ་རེད། ཅེས་དེས་ན་གཟུགས་ནི་དངོས་པོར་ཡོད་པའོ། །ཞེས་ཤེར་ཕྱིན་ལྔ་བརྒྱ་བའི་ཚིག་ཟིན་ལ་དོན་དམ་བདེན་པ་དེ་ཉིད་གནས་ལུགས་ལ་ཡོད་པར་དགོངས་ནས་གཟུགས་ནི་དངོས་པོར་ཡོད་པའོ་ཞེས་དང༌། གཞན་དབང་ནི་དངོས་པོ་ངན་པ་དང་ཞེས་གསུངས་པ་དེ་དང༌། དེ་ནས་ཀུན་བཏགས་གསུངས་ཡོང་དུས། གཟུགས་ནི་དངོས་པོར་མེད་པ་དང་ཞེས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པའམ་རྫས་སུ་མེད་པ་ཡིན་པར་གསལ་བོར་གསུངས་བཞག་པ་དེ་རེད། སྤྱིར་བཏང༌། བྱམས་ཞུས་ཀྱི་ལེའུ་ཟེར་བ་དེ་མདོ་སྡེ་དགོངས་པ་ངེས་འགྲེལ་དེ་ལ་བྱང་ཆུབ་སེམས་དཔའ་བཅུས་ཞུས་པའི་ལེའུ་བཅུ་ཡོད་པ་རེད། དེ་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཞུས་པའི་ལེའུ་ཞིག་ཡོད་པ་དེ་བྱམས་ཞུས་ཀྱི་ལེའུ་ཟེར་གིན་ཡོད་པ་རེད། ཡིན་ན་ཡང་འཁོར་ལོ་བར་བའི་དགོངས་པ་གཞན་སྟོང་ཡིན་པར་གསུངས་པའི་སྐབས་འདིར་བྱམས་ཞུས་ཀྱི་ལེའུ་གསུངས་པ་དེ་ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་དེ་རེད། དེའི་ནང་དྲི་བ་དྲིས་ལན་གྱི་ཚུལ་རྒྱས་པར་གསུངས་ཡོད་པ་རེད་དེའི་ནང་གི་ཚིག་མདོར་བསྡུས་པ་ཞིག་ཞུ་བ་ཡིན་ན། འདིའི་སྐབས་སུ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་བསྩལ་བ། བྱམས་པ་ཡོངས་སུ་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྫས་སུ་མེད་པར་བལྟའོ། །ཞེས་གཟུགས་ཀྱི་སྟེང་གི་ངོ་བོ་ལ་ཀུན་བརྟགས་པའི་ཀུན་བཏགས་དང་ཁྱད་པར་ལ་ཀུན་བརྟགས་པའི་ཀུན་བཏགས་པ་གང་ཡིན་པ་དེ་དག་རྫས་སུ་མེད་པ་ཡིན་པ་མིང་དང་བརྡས་རྣམ་པར་བཞག་པ་ཙམ་མ་གཏོགས། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་མ་ཡིན་པའི་སྒོ་ནས་གསུངས་པ་རེད། དེའི་རྗེས་སུ་རྣམ་པར་རྟོག་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རྟོག་པའི་རྫས་སུ་ཡོད་པའི་ཕྱིར། རྫས་སུ་ཡོད་པར་བལྟ་ཡི། རང་དབང་དུ་ནི་འཇུག་པ་མ་ཡིན་ནོ། །ཞེས་པས་གཞན་དབང་བསྟན་པ་རེད་གཞན་དབང་དེ་རང་གི་ངོ་བོ་རྫས་སུ་གྲུབ་པ་རེད། ཡིན་ན་ཡང༌། རང་ཉིད་རྒྱུ་གཞན་གྱི་སྟོབས་ཀྱིས་བྱུང་བ་མ་གཏོགས་རང་དབང་དུ་འཇུག་པ་མ་ཡིན་ནོ། །ཞེས་གསུངས་པ་དེ་རེད། དེའི་རྗེས་སུ་ཆོས་ཉིད་ཡོངས་གྲུབ་གསུངས་ཡོང་དུས། ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི། རྫས་མེད་པ་ཡང་མ་ཡིན་རྫས་ཡོད་པའང་མ་ཡིན་ཏེ། དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཞེས་དེ་ནི་དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པར་གསུངས་པ་དེས་མཚོན་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་འགྲེས་རྐང་བརྒྱ་རྩ་བརྒྱད་པོ་ཐམས་ཅད་རེ་རེ་ལ་གསུམ་རེ་གསུམ་རེ་ཕྱེ་བའི་སྒོ་ནས་གཏན་ལ་ཕབ་པ་ཡིན་པ་དེ་འདྲ་རེད། དེ་ལྟར་གསུམ་དུ་བྱས་ནས་གཏན་ལ་ཕབ་ཡོང་བ་ན། ཀུན་བཏགས་གཞན་དབང་གཉིས་བདེན་མེད་དང༌། ཡོངས་གྲུབ་བདེན་གྲུབ་ཡིན་པ་དང༌། ཀུན་བཏགས་རྫས་སུ་མེད་པ་གཞན་དབང་རྫས་སུ་ཡོད་ཀྱང༌། དོན་དམ་པར་མེད་པ་ཆོས་ཉིད་ཡོངས་གྲུབ་དེ་རྫས་སུ་མེད་ཀྱང་དོན་དམ་གནས་ལུགས་ལ་ཡོད་པ་དེ་འདྲའི་ཁྱད་པར་ལེགས་པར་ཕྱེས་ནས་གསུངས་པ་དེ་རེད། དེས་ན་སྐབས་འདིར་མཚན་ཉིད་གསུམ་གྱི་རྣམ་བཞག་བྱས་པ་དགོས་མེད་དུ་འགྱུར་བ་དང་ཞེས་དེ་འདྲ་གསུངས་པ་དེ་མདོར་ན་དོན་དམ་ཆོས་ཀྱི་དབྱིངས་དེ་གནས་ལུགས་ལ་མེད་ཟེར་བ་དང་ཆོས་ཐམས་ཅད་བདེན་མེད་དུ་ཁྱད་པར་མེད་པར་ཁས་བླངས་པ་ཡིན་ན། མཚན་ཉིད་གསུམ་གྱི་རྣམ་གཞག་བྱས་པ་དགོས་མེད་དུ་འགྱུར་བའི་ཐལ་བ་འཕེན་པ་རེད། དེ་འདྲ་ཤེར་ཕྱིན་བྱམས་ཞུས་ཀྱི་སྐབས་མང་པོ་ན། འདི་ལྟར་འདི་ནི་ཡོངས་སུ་དག་པའི་གཟུགས། འདི་ནི་རྣམ་པར་དག་པའི་གཟུགས། འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །ཟེར་བ་ལྟ་བུ་ཡང་ནས་ཡང་དུ་གསུངས་ཡོད་པ་ཤེས་དགོས་ཀྱིན་འདུགདེས་ན་གཞན་སྟོང་དབུ་མ་ཆེན་པོ་དེ་འཁོར་ལོ་བར་བའི་དགོངས་པ་ཡིན་པ་བསྒྲུབས་ཡོད་པ་རེད། དེས་ན་འཁོར་ལོ་བར་བའི་དགོངས་པ་གཞན་སྟོང་ཡིན་ཞེས་པའི་གཞན་སྟོང་དེ་གང་འཇོག་དགོས་པ་རེད་ཟེར་ན། ཡོངས་གྲུབ་བཞག་པ་མ་གཏོགས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བཞག་གི་མེད་པ་རེད། དེས་ན་ཡོངས་གྲུབ་དེ་ཀུན་བཏགས་གཞན་དབང་གཉིས་ཀྱི་སྟོང་པ་ཙམ་མ་ཡིན་པར་སྟོང་གཞི་ཡིན་པ་དང་སྟོང་པ་དང་སྟོང་གཞི་གཉིས་ཀྱི་ཁྱད་པར་ཤེས་དགོས་ཞེས། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་མང་བོར་གསུངས་ཡོད་པ་རེད། དེའི་སྟེང་ནས་གཞན་སྟོང་ཞེས་པའི་གོ་བ་གཙོ་བོ་དེ། རྣམ་ཤེས་ལ་སྣང་ཞིང་སྒྲ་རྟོག་ལ་གྲགས་པའི་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཕར་འཁྲུལ་བའི་ངོར་སྣང་ཙམ་མ་གཏོགས། གནས་ལུགས་གཤིས་ལུགས་ཡིན་ལུགས་སུ་གྲུབ་པ་མེད་པའི་རྒྱུ་མཚན་གྱིས་གནས་ལུགས་ཡིན་ལུགས་ཀྱིས་སྟོང་འདུག་ཡོད་པ་རེད། དེའི་ཕྱིར་ན་ཆོས་ཉིད་ཡོངས་གྲུབ་དེ་ལ་ཀུན་བཏགས་གཞན་དབང་ལ་སོགས་པས་སྟོང་པ་ཡིན་པ་དེ། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ། ཆོས་ལ་བདག་མ་མཆིས་པ། དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་སོ། །ཞེས་གསུངས་པ་ནང་བཞིན་རེད། གོང་ནས་ཡང་གང་ལ་གང་འཚམ་ཞུས་པ་རེད། མདོའི་སྐབས་སུ་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དང༌། ཀུན་བཏགས་གཞན་དབང་ལ་སོགས་པ་ཀུན་བཏགས་དེ་ལ་ཡོད་རྒྱུའི་ཀུན་བཏགས་དང་མེད་རྒྱུའི་ཀུན་བཏགས། མེད་རྒྱུའི་ཀུན་བཏགས་དེ་ལ་གང་ཟག་གི་བདག་ཆོས་བདག་ལ་སོགས་པ་བཞག་ནས། དེ་དག་ཐམས་ཅད་ཀྱིས་སྟོང་པ་ཡིན་པ་དེ་ཤེས་པ་དང༌། དེའི་སྟེང་ནས་གཞན་དབང་དེ་ཡང་གནས་ལུགས་སུ་མ་གྲུབ་པའི་རྒྱུ་མཚན་གྱིས། ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡུལ་ཡུལ་ཅན་གྱི་གཉིས་སྣང༌། བདེན་འཛིན་གྱི་གཉིས་སྣང་སོགས་ཀུན་རྫོབ་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་གཞིའི་ཆོས་ཉིད་ཡོངས་གྲུབ་དེ་སྤྲོས་བྲལ་རེད་ཅེས་གསུངས་པ་རེད། དེ་ལ་མཉམ་པར་བཞག་པའི་སྐབས་དེའང༌། འདི་ཡིན་འདི་མིན་ཆེད་གཟུང་གཏད་ཞེན་འཛིན་ཞེན་བསམ་རྒྱུ་མྱོང་རྒྱུ་གང་ཡང་མེད་པར། རྟོག་མེད་སྤྲོས་བྲལ་འོད་གསལ་བའི་ངང་དུ་མཉམ་པར་བཞག་དགོས་པ་དེ་གལ་ཆེན་པོ་རེད། དཔྱད་སྒོམ་གྱི་ཆ་ནས་ཡིན་ན་གཅིག་དུ་བྲལ་ལ་སོགས་པའི་སྒོ་ནས་གཏན་ལ་ཕབ་ཚུལ་གོང་ནས་ཅུང་ཟད་ཞུས་པ་དེ་ལྟར་རེད། དེས་ན་ཆོས་ཉིད་བདེ་གཤེགས་སྙིང་པོ་དེ་སྤྲོས་པ་དང་བྲལ་ལུགས་ཅུང་ཟད་ཤེས་དགོས་ཀྱིན་འདུགའཁོར་ལོ་ཐ་མའི་སྐབས་སུ། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་ཡོང་དུས་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་བོ་དེ་སེམས་ཀྱི་རང་བཞིན་འོད་གསལ་བའམ་རང་བཞིན་གནས་རིགས་མཐར་ཐུག་སྟེ་གསལ་ཞིང་རིག་པའི་ཆོས་ཉིད་ཀྱི་ཡེ་ཤེས་ཤིག་ཆགས་འདུག་ཡོད་པ་རེད། དེ་ལ་ཀུན་རྫོབ་ཀྱི་རྟོག་པ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ལ་སོགས་པའི་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཁོ་རང་གི་གཤིས་ལ་མ་ཞུགས་པ་རེད། དེ་ལྟར་གཤིས་ལ་མ་ཞུགས་པས་ན་འབྲལ་དུ་རུང་པ་ཡིན་པར་ཆགས་འདུག་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་ང་ཚོས་སེམས་རང་བཞིན་འོད་གསལ་བའི་ངང་དུ་བཅའ་བཅོས་གང་ཡང་མེད་པར་མཉམ་པར་བཞག་པ་ཡིན་ན། དེ་ལྟར་མཉམ་པར་བཞག་པའི་སྐབས་དེར་འདི་ཡིན་འདི་མིན་ཆེད་གཟུང་གཏད་ཞེན་ལ་སོགས་པའི་སྤྲོས་པ་རགས་པ་རང་ཤུགས་ཀྱིས་ཞི་འགྲོ་པ་དང་མ་བཅོས་རང་བབས་སུ་བཞག་དུས། གསལ་སྟོང་ཟུང་འཇུག་གི་ནང་ནས་གསལ་ཆ་དེ་མངོན་དུ་གྱུར་ཐུབ་པར་ཆགས་འདུག་ཡོད་པ་རེད། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཀྱང༌། ཆོས་རྣམས་ཐམས་ཅད་རང་གི་སེམས་སྣང་ཙམ། །རང་གི་སེམས་ཀྱང་གསལ་སྟོང་བརྗོད་དུ་མེད། །ཅེས་གསུངས་པའི་གསལ་སྟོང་གཉིས་ཀྱི་ནང་ནས་རང་གི་རང་བཞིན་ལ་རྣམ་རྟོག་ལ་སོགས་པའི་དྲི་མ་གང་ཡང་མ་ཞུགས་པའི་རང་གི་རང་བཞིན་འོད་གསལ་བའི་ཡེ་ཤེས་ཡིན་པས་ན། གསལ་བ་དང་སྟོང་པ་ཞེས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ལ་མི་གོ་བར་རང་གི་ངོ་བོ་སྤྲོས་པ་མཐའ་དག་གིས་གདོད་ནས་སྟོང་པའི་སྤྲོས་བྲལ་ཡིན་པ་དེ་ལ་བྱེད་དགོས་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་པ་ལྟར་ཟབ་པ་ཞི་བ་སྤྲོས་པའི་མཐའ་བརྒྱད་ལ་སོགས་པ་དང་བྲལ་བའི་སྤྲོས་བྲལ་ཞིག་གསུངས་ཡོད་པ་དེ་བཞིན་དུ། ང་ཚོས་ཀྱང་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སེམས་ཀྱི་རང་བཞིན་མཐར་ཐུག་དེ་མངོན་དུ་གྱུར་ཐུབ་པ་ཡིན་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་མཚན་ཉིད་པ་མངོན་དུ་གྱུར་ཐུབ་པ་ཡོང་ཡོད་པ་རེད་ལ། གསལ་སྟོང་ཟུང་འཇུག་དེ་ཡང་གྲུབ་ཡོད་པ་རེད། དཔེར་ན་ཆུ་ཞིག་གཡོ་མེད་དུ་བཞག་པ་ཡིན་ན་ཆུ་དེ་ལ་རྙོག་གིས་གོས་ཡོད་ནའང༌། རང་བཞིན་གྱིས་དྭངས་འགྲོ་བ་དེ་ཆུའི་རང་བཞིན་ལ་རྙོག་དེ་ཉིད་མ་ཞུགས་པས་རེད། དེ་བཞིན་དུ། སེམས་ལ་བཅོས་མ་དང་བློས་བྱས་ཀྱི་བསླད་མ་ཞུགས་པར་རང་བབ་ཏུ་བཞག་པ་ཡིན་ན། སེམས་ཀྱི་གསལ་ཆ་དེ་མངོན་དུ་གྱུར་ཐུབ་པ་དང་དེ་ཉིད་སྤྲོས་པ་མཐའ་དག་གིས་སྟོང་ཡོད་པ་རེད། དེའི་རྒྱུ་མཚན་གྱིས། གཞན་སྟོང་ཟེར་བ་དེའང་གཞན་སྤྲོས་པ་མཐའ་དག་གིས་སྟོང་བ་དང༌། སེམས་ཀྱི་རང་བཞིན་འོད་གསལ་བའམ་གསལ་སྟོང་ཟུང་དུ་འཇུག་པའི་ཆ་དེས་རང་གི་ངོ་བོ་ལ་མི་སྟོང་པ་རེད། དེས་ན་གཞན་སྟོང་ཟེར་བ་དང་བདེ་གཤེགས་སྙིང་པོ་ཞེས་པའི་མཛུབ་མོ་བཙུགས་ས་དེ་ཡང་དེ་རེད། རྒྱུད་གསང་བ་འདུས་པ་ལ་སོགས་པའི་སྐབས་སུ་སྟོང་བ་བཞི་ཟེར་བ་དང༌། སྦྱོར་བ་ཡན་ལག་དྲུག་གི་ནང་ནས་རྗེས་དྲན་གྱི་སྐབས་དེར་སྣང་བ་མཆེད་པ། ཐོབ་པ། ཉེར་ཐོབ། འཆི་བ་འོད་གསལ་བའི་སྟོང་བ་བཞི་དེ་རིམ་པ་བཞིན་དུ་རྣལ་འབྱོར་བའི་ཉམས་སྣང་གི་ཚུལ་དུ་ཟེར་ནའང་འདྲ། དེ་འདྲའི་རྟགས་མཚན་ཁྱད་པར་ཅན་ཞིག་རྗེས་དྲན་གྱི་སྨད་ཀྱི་སྐབས་སུ་ཡོང་གིན་ཡོད་པ་རེད། དེ་དག་གི་སྐབས་སུ་གང་འདྲ་ཞིག་རེད་ཟེར་ན། ཀུན་རྟོག་བརྒྱད་ཅུའི་རྟོག་ཚོགས་གསང་འདུས་ཀྱི་རྒྱུད་ལ་སོགས་པའི་སྐབས་ན་འདོད་ཆགས་ཀྱི་རྟོག་པ། ཞེ་སྡང་གི་རྟོག་པ། གཏི་མུག་གི་ཆར་གཏོགས་ལ་སོགས་པའི་རྟོག་པ་མང་པོ་གསུངས་ཡོད་པ་རེད། དེ་ལྟ་བུའི་རྟོག་ཚོགས་རགས་པ་ཐམས་ཅད་ཀྱིས་དྭངས་འགྲོ་དུས། དེར་སྟོན་ནམ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བ་ཞིག་ཡོང་གིན་ཡོད་པ་རེད། དེ་འདྲའི་སྣང་བ་དེའང་བློས་བྱས་ཀྱིས་བསླད་ཞུགས་ཡོད་པ་རེད་དེ། རྣམ་རྟོག་རགས་པ་ཞིག་མ་ཡིན་པར་ཕྲ་མོར་ཆགས་འདུག་ཡོད་པ་རེད། དེའི་སྐབས་སུ་རྟོག་ཚོགས་རགས་པས་སྟོང་སོང་པ་དེ་འདྲའི་སྟེང་ནས་གཞན་གྱིས་སྟོང་ཚུལ་ཞིག་ཡོད་པར་ཆགས་འདུག་ཡོད་པ་རེད། དེའི་རྗེས་སུ་སྟོན་ནམ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བ་འཆར་ཡོང་དུས། སྣང་བ་དེ་ལས་ཅུང་ཟད་རགས་པའི་སྔར་གྱི་དཀར་འོད་ཀྱི་སྣང་བ་དེ་བྲལ་ནས། མཆེད་པའི་སྣང་བ་དེ་འཆར་བ་རེད། དེའི་རྗེས་སུ་སྟོན་ནམ་གཡའ་དག་པ་ལ་མུན་ནག་གིས་ཁྱབ་པ་ལྟ་བུའི་སྣང་བ་འཆར་དུས། འདི་དང་འདིའོ་ལ་སོགས་པའི་ནན་ཞེན་དང་ངེས་ཞེན་སྔར་ནས་བྲལ་སོང་ཡོད་པ་རེད་དེ། མུན་གི་སྣང་བ་ཙམ་ཞིག་ཡོད་པས་བློས་བྱས་ཀྱི་བསླད་ཡོད་པ་རེད། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་སྟོང་བྱེད་ཡིན། །ཞེས་པའི་རྣམ་རྟོག་ཕྲ་མོ་ཞིག་ད་རུང་ཁེགས་མེད་པ་རེད། དེའི་རྗེས་སུ་བརྒྱལ་བ་ལྟ་བུའི་སྣང་བ་ཤར་ནས་དེའི་རྗེས་སུ་སྣང་བ་བཞི་པ་འོད་གསལ་བའི་སེམས་ཤིག་མངོན་དུ་འགྱུར་ཀྱིན་ཡོད་པ་རེད། སྐབས་དེར་ནན་ཞེན་ངེས་ཞེན་གཏད་ཞེན་ལ་སོགས་པ་དེ་འདྲ་གང་ཡང་མེད་པ་རེད་དེ། རྣམ་རྟོག་ཕར་མ་འཕྲོ་བར་ཧད་དེ་འདུག་པའི་གནས་སྐབས་ཟེར་ནའང་འདྲ། ཡང་ན་ཡིད་ཞབས་སུ་མྱོང་སྣང་ཙམ་མ་འགགས་པའི་གནས་སྐབས་ཤིག་རེད། དེ་ཀུན་གཞི་རྣམ་ཤེས་ཀྱི་སྐབས་སམ་སྔགས་ཀྱི་ཆོས་སྐད་བྱས་ན་འཆི་བ་འོད་གསལ་བའི་སྐབས་ཤིག་ཏུ་ཆགས་འདུག་ཡོད་པ་རེད། འཆི་བ་འོད་གསལ་བའི་སྐབས་ཀྱི་མྱོང་སྣང་ཙམ་ཡོད་པ་དེ་ཡང་འགགས་ནས་ཡེ་གདོད་མ་ནས་བཞུགས་པའི་རང་བཞིན་འོད་གསལ་བའི་རང་བྱུང་ཡེ་ཤེས་གསལ་སྟོང་བརྗོད་དུ་མེད་པའམ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞག་ཐུབ་པ་ཡིན་ན། དེ་དུས་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་དེ་མ་གཏོགས་གཞན་པའི་རྣམ་རྟོག་ཕྲ་རགས་ཐམས་ཅད་ཀྱིས་སྟོང་སོང་བ་ཞིག་རེད། དེ་སྟོང་སོང་དུས་རྣམ་རྟོག་གི་ངོར་ཤར་བའི་གཉིས་སྣང་གི་རྟོག་པ་མཐའ་དག་དང་བྲལ་འགྲོ་དགོས་པར་འདུགདེ་བྲལ་སོང་དུས། ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་གིས་སྟོང་སོང་པ་རེད། དེས་ན་རང་བཞིན་གྱི་དྲི་མས་དག་ཅེས་པའི་གོ་བ་དེ་ཡང་དེ་འདྲ་ཞིག་རེད། དཔེར་ན་ཁོ་རང་གི་རང་བཞིན་ལ་དྲི་མ་ཞུགས་སོང་ན། མེ་དང་ཚ་བ་ཆུ་དང་རླན་ནང་བཞིན་དུ་འབྲལ་མི་རུང་བ་ཞིག་ཡིན་དགོས་པ་ལ། དེ་ལྟར་མ་ཡིན་པར་འབྲལ་དུ་རུང་བའི་རྒྱུ་མཚན་གྱིས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པ་རེད། དེ་ལྟ་བུའི་ཉམས་དངོས་གནས་པ་དེ་རྗེས་དྲན་མཚན་ཉིད་པའི་སྨད་ཀྱི་སྐབས་དེར། དེ་འདྲའི་སྟོང་བཞིའི་ཡེ་ཤེས་ཀྱི་འཆར་སྣང་དེ་འབྱོངས་ཐུབ་ཀྱིན་ཡོད་པ་ཞིག་རེད། ང་ཚོ་འཆི་བའི་སྐབས་དེ་ཡང༌། ཀུན་རྟོག་བརྒྱད་ཅུའི་རྟོག་ཚོགས་འགག་ནས་དེའི་རྗེས་སུ་ཕ་ལས་ཐོབ་པའི་དཔྲལ་བའི་ཁམས་ཀུན་ད་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ། སྙིང་ཁའི་རྩ་འཁོར་གྱི་དབུས་ཀྱི་དབུ་མའི་ནང་དུ་བབས་ནས་རྣམ་ཤེས་དེའི་ནང་དུ་མཚམས་སྦྱོར་དུས། སྟོན་ནམ་གཡའ་དག་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བ་ཤར་བའི་རྒྱུ་མཚན་ཡང་འཆི་བའི་སྐབས་ལ་མཚོན་ནའང་དེ་རེད། དེ་ནས་མ་ལས་ཐོབ་པའི་ཁྲག་གི་དྭངས་མའི་དམར་ཆ་དེ་ལྟེ་བ་ནས་དབུ་མ་བརྒྱུད་དེ་སྙིང་ཁར་སླེབས་པ་ན། སྟོན་ནམ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བ་འབྱུང་གིན་ཡོད་པ་རེད། དེ་ནས་ཐིག་ལེ་དཀར་དམར་གྱི་དབུས་སུ་རང་སེམས་དེ་མཚམས་སྦྱོར་བ་ཟེར་ནའང་འདྲ། གང་ལྟར་ཞུགས་འགྲོ་དུས་སྟོན་ནམ་གཡའ་དག་པ་ལ་མུན་ནག་གིས་ཁྱབ་པ་ལྟ་བུའི་ཐོབ་པ་དེ་ཤར་འགྲོ་གིན་ཡོད་པ་རེད། དེའི་རྗེས་སུ་འཆི་བ་འོད་གསལ་བའི་སེམས་དེ་མངོན་དུ་གྱུར་ནས། སྙིང་གི་ཐིག་ལེ་དཀར་དམར་གྱི་དབུས་སུ་བར་དོ་བའི་ལུས་བཞིན་ལག་གི་རྣམ་པ་ཅན་དེ་སྐད་ཅིག་གིས་གྲུབ་དུས། ཐ་མལ་བ་ཞིག་ཡིན་ན་སྣ་ཡི་ནང་ནས་ཁམས་དམར་ཆ་འོངས་པ་དང༌། རྟགས་ཀྱི་རྩེ་ནས་དཀར་ཆ་ཡོང་པ་དེ་བརྒྱལ་སངས་པའི་རྟགས་དང་བར་དོ་གྲུབ་པའི་རྟགས་ཡིན་པར་གསུངས་ཡོད་པ་རེད། དེ་ལྟར་སྟོང་བཞིའི་སྟེང་ནས་བསམ་བློ་བཏང་ན། དེའི་སྐབས་ཀྱི་འཆི་བ་འོད་གསལ་བའི་སེམས་དེ། འོད་གསལ་བའི་སེམས་མཚན་ཉིད་པ་ཞིག་མ་རེད་དེ། རྣལ་འབྱོར་བ་ཞིག་གིས་དེའི་སྟེང་ནས་སྤྲོས་བྲལ་གྱི་ལྟ་བ་ལ་མཉམ་པར་བཞག་ཐུབ་ན་འཆི་བ་ཆོས་སྐུར་གྲོལ་ཐུབ་པ་ཡིན་པར་གསུངས་ཡོད་པ་རེད། དེའི་སྟེང་ནས་གཞན་སྟོང་གི་སྟོང་ལུགས་དང་སྔགས་ཀྱི་སྟོང་བཞིའི་རིམ་པ་དང་སྦྱར་ནས་དེ་འདྲ་ཞུ་རྒྱུ་ཡོད་པ་ཞིག་རེད། དེ་ནས་དཔལ་དུས་འཁོར་ལོའི་རྒྱུད་ལ་སོགས་པའི་རྒྱུད་ཀྱི་སྐབས་སུ་བསྐྱེད་རིམ་དང་རྫོགས་རིམ་གང་གི་སྐབས་སུ་ཡིན་ནའང་སྦྱང་བྱ་ཁམས་དྲུགདབང་པོ་དྲུགལས་དབང་དྲུགལས་ཀྱི་དབང་པོའི་བྱ་བ་དྲུག་ལ་སོགས་པ་ཡོད་པ་རེད། དེ་དག་ཐམས་ཅད་གདོད་ནས་དག་པའི་དག་གཞི་དེ་ལྷ་དྲུག་ཚན་པ་དྲུག་ལ་སོགས་པ་གདོད་མ་ནས་བཞུགས་ཡོད་པར་གསུངས་འགྲོ་གིན་ཡོད་པ་རེད། ཁམས་དྲུག་དབང་བོ་དྲུག་ལ་སོགས་པ་དེ་དག་ཀུན་རྫོབ་ཡིན་ལ། ཀུན་རྫོབ་དེ་དག་ཐམས་ཅད་ཀྱིས་དག་པའི་གཞིའི་ཆོས་དབྱིངས་དེ་གདོད་མ་ནས་རང་ཆས་སུ་རང་གི་ངོ་བོ་མི་སྟོང་བའི་སྒོ་ནས་བཞུགས་ཡོད་པ་རེད། དེའི་སྟེང་ནས་ཀྱང་གཞན་སྟོང་གི་གོ་བ་དེ་ཅུང་ཟད་རྙེད་ཐུབ་པ་ཞིག་ཆགས་འདུག་ཡོད་པ་རེད། སྔགས་ཀྱི་སྐབས་ཡིན་ན་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་དྲུག་དྲུག་སོ་དྲུག་གི་གསོལ་འདེབས་སྐབས་སུ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱགས་འཚལ་ལོ། །རྣམ་དག་ཕུང་པོ་དྲུག་དང་ཁམས་དྲུག་དང༌། །དབང་པོ་དྲུག་དང་དབང་པོའི་ཡུལ་དྲུག་དང༌། །ལས་དབང་དྲུག་དང་དེ་ཡི་བྱ་བ་དྲུག། ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །ཞེས་པ་དང་དེའི་འོག་ཏུ། ཚོར་བའི་ཕུང་པོ་ཆུ་ཡི་ཁམས་དག་པ། །རིན་ཆེན་འབྱུང་ལྡན་ལྷ་མོ་མཱ་མ་ཀཱི། །དམར་དཀར་ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །ཞེས་དེ་འདྲའི་སྒོ་ནས་གསུངས་ཡོང་བ་ན། དཔེར་ན་ཚོར་བའི་ཕུང་པོ་དེ་དག་བྱ་རེད། དེས་དག་པའམ་དེས་སྟོང་པའི་གཞི་ཟེར་བ་འདྲ་བོ་རེད། ཚོར་བའི་ཕུང་པོ་དེ་ཁམས་དྲུག་གི་ནང་ནས་ཆུ་ཡི་ཁམས་སུ་གཏོགས་པ་རེད། རིན་ཆེན་འབྱུང་ལྡན་ལྷ་མོ་མཱ་མ་ཀཱི། །ཞེས་པས་ཟུང་འཇུག་ཡིན་པར་གསུངས་པ་རེད། དམར་དཀར་ཟེར་དུས། མེ་ཁམས་རྣམ་པར་དག་པ་སྐུ་མདོག་དམར་པོ་དང༌། ཆུ་ཁམས་རྣམ་པར་དག་པ་སྐུ་མདོག་དཀར་པོ་ཡིན་པའམ་ཡང་ལུས་བསམ་གྱི་སྒོ་ནས་ཐབས་ཤེས་སྦྱོར་བ་བྱས་ན་ཆོག་པར་འདུགདག་པའི་གཞིའི་ལྷ་དེ་དེ་ལྟར་བཞུགས་ཡོད་པ་དེ་འདྲ་གསུངས་ཡོད་པ་རེད། སྦྱོར་བ་ཡན་ལག་དྲུག་སོ་སོའི་དག་འབྲས་ལ་ལྷ་དྲུག་ཚན་པ་དྲུག་ཏེ། དྲུག་དྲུག་སུམ་ཅུ་སོ་དྲུག་ཡོད་པ་དེ་དག་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྐབས་སུ་ཕུང་པོ་དྲུགཁམས་དྲུགདབང་པོ་དྲུགདབང་པོའི་ཡུལ་དྲུགལས་དབང་དྲུགལས་དབང་གི་བྱ་བ་དྲུག་སྟེ་སྦྱང་བྱ་སུམ་ཅུ་སོ་དྲུག་དང༌། སྦྱོང་བྱེད་ཟབ་ལམ་རྡོ་རྗེ་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་དང༌། སྦྱང་འབྲས་མཐར་ཐུག་གི་ཐོབ་བྱའི་ལྷ་དྲུག་ཚན་དྲུག་ལ་སོགས་པ་གདོད་མ་ཉིད་ནས་རང་ཆས་སུ་བཞུགས་པ་དེ་མངོན་དུ་གྱུར་བ་ཡིན་པའི་སྟེང་ནས་གཞན་སྟོང་གི་གོ་བ་ཕྱོགས་རེ་ཙམ་ཞུས་པ་དེ་ཡིན། གཞན་ཡང་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཡིན་སྟངས་དང༌། བུམ་པའི་ཆོས་ཉིད་ཀ་བའི་ཆོས་ཉིད་ཞེས་པ་ལྟ་བུ་སོ་སོའི་ཆོས་ཉིད་ཡིན་ཚུལ། རང་ལུགས་ལ་དོན་དམ་པའི་སྡུག་བདེན་ཟེར་བ་དང༌། དོན་དམ་པའི་ཀུན་འབྱུང་བདེན་པ་ཟེར་བ་དེ་དག་འཇོག་ཚུལ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་དེ་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅནཡིན་ཚུལ་སོགས་འོག་ནས་ཞུས་ན་ཆོག་པར་འདུག དེ་ནས། རྩ་བར། མདོ་སྡེ་རྒྱན་ལས་ཀྱང༌། ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །ཅེས་པའང་ཤེར་ཕྱིན་གྱི་མདོ་ཚིག་གིས་དངོས་བསྟན་ཙམ་མཐར་ཐུག་གི་ངེས་དོན་དུ་བཟུང་རྒྱུ་མིན་པའི་དོན་དུ་སྣང་བས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་སྟེང་གི་ཀུན་བརྟགས་དང་གཞན་དབང་གཉིས་བདེན་མེད་དུ་གསུངས་ནས། ཡོངས་གྲུབ་ལ་རེ་ཞིག་བཏང་སྙོམས་སུ་མཛད་པ་ཡིན་ནོ། །ཞེས་གསུངས་ཏེ། མདོ་སྡེ་རྒྱན་ལས་ཀྱང༌། ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །ཅེས་གསུངས་པ་དེ་སྔར་འཁོར་ལོ་བར་བའི་སྐབས་སུ་ཇི་ལྟར་བཤད་པ་ནང་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་གཞི་དེ་མིན་མོད། གདུལ་བྱ་ཁ་དྲངས་པའི་ཆེད་དུ་དེ་འདྲ་གསུངས་པ་རེད། དེའི་ཕྱིར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དེ་ཤིན་ཏུ་ཟབ་ཅིང་རྟོག་དཀའ་བ་ཞིག་རེད་ཅེས་གསུངས་པ་རེད། སྔོན་མ་ཞིག་ལ་དགེ་བཤེས་ཤིག་གིས། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དེ་ཁོ་འདྲ་བ་ཞིག་གིས་ཤེས་ཀྱིན་ཡང་མི་འདུག་ལ། ཤེས་ཀྱང་མི་རུང་སྟེ། དེ་ལྟར་ན་སངས་རྒྱས་བཅོམ་འདས་ཀྱི་དགོངས་པ་དེ་མི་ཟབ་པ་ཉིད་དུ་ཆགས་སོང་བ་རེད་ཅེས་བཤད་པའི་གསུང་རྒྱུན་ཞིག་ཡོད་པ་དེ་ནང་བཞིན་རེད། སངས་རྒྱས་བཅོམ་འདས་ཀྱིས་ཆོས་གསུངས་པ་དེ་གདུལ་བྱའི་ཁམས་དབང་མོས་པ་བཞིན་གསུངས་པ་ཡིན་པ་དང༌། གདུལ་བྱའི་ཁམས་དབང་མོས་པ་སྣ་ཚོགས་པ་ཡིན་པའི་རྒྱུ་མཚན་གྱིས། གང་ཟག་གི་བདག་ཡོད་པར་སྟོན་དགོས་ཀྱི་གདུལ་བྱ་ལ་གང་ཟག་གི་བདག་ཡོད་པར་བསྟན་པ་དང༌། གང་ཟག་གི་བདག་མེད་པར་སྟོན་དགོས་པའི་གདུལ་བྱ་ལ་གང་ཟག་གི་བདག་མེད་པར་བསྟན་པ་ལ་སོགས་པ་ཡིན་པས། དེས་ན་སངས་རྒྱས་བཅོམ་འདས་ཀྱི་དགོངས་པ་དེ་ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བ་ཞིག་ཡིན་པ་དེ་འདྲ་རེད། དེ་ཡང་ཤེར་ཕྱིན་གྱི་མདོའི་ཚིག་གིས་དངོས་བསྟན་ཟེར་བ་མ་གཏོགས། ཤེར་ཕྱིན་གྱི་མདོའི་བསྟན་བྱ་མཐར་ཐུག་དེ་གཞན་སྟོང་དབུ་མ་ཡིན་པ་དེ་ཐེག་མཆོག་དབུ་མའི་རྩ་འགྲེལ་གཉིས་ཀའི་སྐབས་སུ་ཡང་གསུངས་འདུགདེ་བཞིན་དུ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཤེར་སྙིང་ཚིག་འགྲེལ་རྨད་དུ་བྱུང་བའི་སྐབས་སུ། འདི་ནི་གཞན་སྟོང་དབུ་མ་ཆེན་པོ་གསལ་བར་སྟོན་པའི་ཚིག་དང་པོའོ། །འདི་ནི་གཞན་སྟོང་དབུ་མ་ཆེན་པོ་གསལ་བར་སྟོན་པའི་ཚིག་གཉིས་པའོ། །ཞེས་འཁོར་ལོ་བར་བ་ཤེར་སྙིང་གི་མདོའི་དོན་དེ་གཞན་སྟོང་དབུ་མར་སྦྱར་ནས་གསུངས་ཡོད་པ་རེད། དེ་ནས་འདིར་མཐར་ཐུག་གི་ངེས་དོན་དུ་བཟུང་རྒྱུ་མིན་པའི་དོན་དུ་སྣང་བས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་སྟེང་གི་ཀུན་བརྟགས་དང་གཞན་དབང་གཉིས་བདེན་མེད་དུ་གསུངས་ནས། ཡོངས་གྲུབ་ལ་རེ་ཞིག་བཏང་སྙོམས་སུ་མཛད་པ་ཡིན་ནོ། །ཞེས་གསུངས་པའི་ཡོངས་གྲུབ་ལ་རེ་ཞིག་བཏང་སྙོམས་སུ་མཛད་ཟེར་བ་དེ། གདུལ་བྱ་ལ་ཡོངས་གྲུབ་བདེན་པར་ཡོད་པ་འཁོར་ལོ་ཐ་མ་ནང་བཞིན་དུ་གསལ་བར་མ་གསུངས་པས། བཏང་སྙོམས་སུ་མཛད་ཟེར་ནས་བཤད་ཚུལ་ཞིག་དང༌། ཡང་ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་དང༌། ཤེར་ཕྱིན་ལྔ་བརྒྱ་པ་སོགས། རང་ལུགས་ལ་ངེས་དོན་མདོ་བཅུ་དང་སྙིང་པོའི་མདོ་བཅུའི་གྲངས་སུ་བགྲངས་འགྲོ་གིན་ཡོད་པ་རེད། དེ་ལྟར་བགྲངས་པ་ག་འདྲ་རེད་ཟེར་ན། སྤྱིར་བཏང༌། རང་ལུགས་ལ་ཤེར་ཕྱིན་གྱི་མདོའི་ནང་ཚན་དུ་ཡོད་པའི་རྒྱུ་མཚན་གྱིས་ཤེར་ཕྱིན་གྱི་མདོ་ཟེར་བ་དང༌། ཡོངས་གྲགས་སུ་འཁོར་ལོ་བར་བའི་ཤེར་ཕྱིན་གྱི་མདོ་ཡིན་པར་གྲགས་ཆེ་བའི་དབང་དུ་བྱས་ནས་གསུངས་པ་མ་གཏོགས། རང་ལུགས་ལ་འཁོར་ལོ་རིམ་པ་གསུམ་བརྗོད་བྱ་སྟོན་ཚུལ་གྱི་ཆ་ནས་བཞག་པའི་སྐབས་དེར། དེ་དག་འཁོར་ལོ་ཐ་མར་བཞག་དགོས་པ་དེ་འདྲ་ཞིག་རེད། ཡང་གདུལ་བྱ་ཐུན་མོང་གི་ངོར་འཁོར་ལོ་རིམ་པ་གསུམ་དུས་ཀྱི་རིམ་པའི་སྒོ་ནས་གསུངས་པ་ལྟར་ཡིན་ན། དེ་དག་འཁོར་ལོ་བར་བར་བཞག་ན་ཆོག་པ་ཨེ་ཡིན་བསམ་གྱིན་འདུགདེ་འདྲའི་དབང་གིས་སྐབས་འདིར་ཞིབ་ཆ་ཡང་དེ་འདྲ་བྱེད་དགོས་པརསེམས།

དབུ་སེམས་གཉིས་ཀྱི་མདོ་སྡེ་ཐ་དད་དུ་མེད་པར་བསྟན་པ།

དབུ་སེམས་གཉིས་ཀྱི་མདོ་སྡེ་ཐ་དད་དུ་མེད་པར་བསྟན་པ།

དེ་ནས། རྩ་བར། དབུ་སེམས་གཉིས་ལ་མདོ་སྡེ་ཐ་དད་དུ་མེད་པར་ནི་འདོད་དེ། ཞེས་གསུངས་ཏེ། སྐབས་འདིའི་དབུ་མ་དེ་འཁོར་ལོ་ཐ་མའི་དབུ་མ་པའམ་དབུ་མ་གཞན་སྟོང་པ་ལ་བྱས་ན། སྐབས་ཐོབ་ཀྱི་འབྲེལ་འདྲ་བོ་ཞིག་ཡོང་ཡོད་པ་རེད། དེ་དང་སེམས་ཙམ་པ་གཉིས་ཀས་འཁོར་ལོ་ཐ་མ་ངེས་དོན་དུ་འདོད་པ་དང༌། མདོ་སྡེ་དགོངས་པ་ངེས་འགྲེལ་ལྟ་བུ་དེ་དབུ་མ་གཞན་སྟོང་པས་ངེས་དོན་གྱི་མདོ་ཡིན་པར་ཁས་ལེན་པ་རེད་ལ། སེམས་ཙམ་པས་ཀྱང་ངེས་དོན་གྱི་མདོ་སྡེ་ཡིན་པར་ཁས་ལེན་པ་རེད། ཡིན་ནའང༌། སེམས་ཙམ་པའི་གཞུང་མང་པོར་བརྟགས་ན་སེམས་ཙམ་པའི་ལུགས་ལ་ཕལ་ཆེར་དྲང་ངེས་ཀྱི་ཁྱད་པར་དེ། སྒྲས་ཟིན་སྒྲ་ཇི་བཞིན་པར་ཁས་ལེན་དུ་རུང་མི་རུང་གི་སྒོ་ནས་བཞག་ཡོད་ས་མང་པོ་འདུགདབུ་མ་པས་ཡིན་ན། ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་འམ་དེའི་སྡེར་གཏོགས་པའི་སྟེང་ནས་ཕལ་ཆེར་བཞག་དགོས་པ་ཨེ་ཡིན་ནམ་བསམ་གྱིན་འདུག དེ་ནས། རྩ་བར། མདོ་སྡེ་གཅིག་ལ་དགོངས་པ་འགྲེལ་ལུགས་ཀྱི་ཁྱད་པར་ཙམ་ཡིན་པས་འདི་ལ་མི་འཐད་པ་མེད་དེ། བྱེ་མདོ་གཉིས་ལ་ཡང་མདོ་སྡེ་ཐ་དད་མེད་ཀྱང་དགོངས་པ་ལེན་ལུགས་ཀྱི་ཁྱད་པར་ཙམ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཏེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལྟ་བུའི་མདོ་སྡེ་གཅིག་ལ་དགོངས་པ་འགྲེལ་ལུགས་ཀྱི་ཁྱད་པར་ཙམ་རེད་ཅེས་གསུངས་པ་རེད། རང་ལུགས་ལ་ཡང༌། སེམས་ཙམ་མདོ་བཞི་ཟེར་བ་དེ་འདྲ་ཡོད་པ་རེད། དེ་ཚོའི་སྐབས་སུ་དངོས་བསྟན་རགས་པ་ཙམ་གྱི་དབང་དུ་བྱས་ན་སེམས་ཙམ་པའི་འདོད་པ་དེ་བསྟན་ཡོད་པར་རང་ལུགས་ཀྱིས་ཁས་ལེན་པ་རེད། མདོ་སྡེ་ཐ་དད་པ་མེད་ཟེར་བ་ཡང་གང་ལྟར་གཞི་མཐུན་ཡོད་པ་ཙམ་ལ་གསུངས་པ་རེད། དེ་ལྟར་བཞག་པ་འདི་ལ་མི་འཐད་པ་མེད་པ་དེ། བྱེ་མདོ་གཉིས་ལ་ཡང་མདོ་སྡེ་ཐ་དད་པ་ཡོད་པ་མ་རེད། བྱེ་མདོ་གཉིས་ཀའི་བརྟེན་ས་དེ་ཉན་ཐོས་ཀྱི་སྡེ་སྣོད་མ་གཏོགས་པའི་ལོགས་སུ་མདོ་སོ་སོ་བ་ཡོད་པ་མ་རེད། མདོ་སྡེ་ཐ་དད་པ་མེད་ན་ཡང༌། དགོངས་པ་ལེན་ལུགས་ཀྱི་སྒོ་ནས་བྱེ་བྲག་སྨྲ་བ་དང༌། མདོ་སྡེ་བའི་གྲུབ་མཐའ་ཞེས་སོསོར་གཉིས་སུ་གྱེས་སོང་པ་རེད། དེ་ནས། རྩ་བར། སྤྱིར་སེམས་ཙམ་རྣམ་བདེན་པའི་གྲུབ་མཐའ་འཛིན་པ་མང་དུ་བྱུང་ཕྱིན་ཆད་ན། བསྟན་བཅོས་ཀྱི་པོ་ཏི་ཡོད་མེད་ལ་མ་རེག་ཅིང༌། གླེགས་བམ་ཡོད་ཀྱང་བོད་དུ་འགྱུར་ནི་མི་དགོས་ཏེ། དགོས་ན་ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་ནང་ནས་གོས་དམར་སྡེ་བ་མ་གཏོགས། གཞན་རྣམས་ཀྱི་སྡེ་སྣོད་གསུམ་དང་མདོ་སྡེ་བའི་གཞུང་ལུགས་ཀྱང་མེད་པར་འགྱུར་ཏེ། བོད་ན་མི་འདུག་པའི་ཕྱིར་ཞེས་པར་མི་འགྱུར་རམ། ཞེས་གསུངས་ཏེ། སྤྱིར་སེམས་ཙམ་རྣམ་བདེན་པའི་གྲུབ་མཐའ་འཛིན་པ་མང་དུ་བྱུང་ཕྱིན་ཆད་ན། བསྟན་བཅོས་ཀྱི་པོ་ཏི་ཡོད་མེད་ལ་མ་རེག་ཅིང༌། ཞེས་གསུངས་པ་ནི་སེམས་ཙམ་རྣམ་བདེན་པའི་གྲུབ་མཐའ་སྨྲ་བ་བྱུང་ཕྱིན་ཆད་བསྟན་བཅོས་ཀྱི་པོ་ཏི་ཟེར་ནའང་འདྲ། གཞུང་ལོགས་སུ་གྱུར་པ་ཡོད་མེད་ལ་མ་ལྟོས་ཞིང༌། གལ་ཏེ་གླེགས་བམ་ཡོད་ཀྱང་བོད་དུ་འགྱུར་དགོས་པར་མི་འདུགདེ་དགོས་ན་ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་ནང་ནས་གོས་དམར་སྡེ་བ་མ་གཏོགས་པའི་ཉན་ཐོས་སྡེ་བ་གཞན་རྣམས་ཀྱི་སྡེ་སྣོད་གསུམ་དང༌། མདོ་སྡེ་བའི་གཞུང་ལུགས་ཀྱང་མེད་པར་འགྱུར་ཏེ། བོད་ན་མདོ་སྡེ་བའི་མདོ་ཞེས་ལོགས་སུ་གྱུར་པ་མི་འདུག་པའི་ཕྱིར། ཞེས་པར་མི་འགྱུར་རམ། ཞེས་ཕར་དོགས་པ་བྱསནས་མགོ་མཚུངས་ཀྱི་རིགས་པ་བཏང་པ་རེད། དེ་ནས། རྩ་བར། དེས་ན་ཚད་མ་རྣམ་འགྲེལ་སྤྱིར་མདོ་སྡེ་བའི་བསྟན་བཅོས་མ་ཡིན་ཞིང༌། ཡིན་དུ་ཆུག་ཀྱང་ཆོས་སྐད་ཟ་ཟུར་ཙམ་ལས་གྲུབ་མཐའ་རྫོགས་པར་མེད་པ་དང༌། མདོ་སྡེ་པའི་ལྟ་བའི་རྣམ་བཞག་ཙམ་བྱུང་བས་དེ་ཡོད་པར་འགྱུར་ན་རྣལ་འབྱོར་སྤྱོད་པའི་གཞུང་ཐམས་ཅད་དུ་རྣམ་བདེན་གྱི་ལྟ་བའི་རྣམ་བཞག་བྱུང་བའི་སེམས་ཙམ་གྱི་གཞུང་ཡང་ཡོད་པར་ཅིའི་ཕྱིར་མི་འགྱུར། ཞེས་གསུངས་ཏེ། དེས་ན་ཚད་མ་རྣམ་འགྲེལ་སྤྱིར་མདོ་སྡེ་བའི་བསྟན་བཅོས་མ་ཡིན་ཞིང༌། ཡིན་དུ་ཆུག་ཀྱང་ཆོས་སྐད་ཟར་ཟུར་ཙམ་ལས་གྲུབ་མཐའ་རྫོགས་པར་ཡོད་པ་མ་རེད། ཅེས་གསུངས་པ་རེད། དེ་བརྟགས་པ་མཐའ་བཟུང་གི་དབང་དུ་བྱས་ནས་གསུངས་པ་མ་གཏོགས། སྤྱིར་བཏང་ཚད་མ་རྣམ་འགྲེལ་དེ། དབུ་མ་པའི་རང་གཞུང་དུ་རང་ལུགས་དཔལ་ལྡན་རྒྱལ་བ་ཇོ་ནང་བས་བཀྲལ་གྱིན་ཡོད་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་གྱི་རྩ་བ་ལ་སོགས་པའི་སྐབས་སུ། རྣམ་འགྲེལ་རང་གཞུང་དུ་ཁས་ལེན་ཀྱང་དེའི་ནང་དུ་མདོ་སྡེ་བ་ལ་སོགས་པའི་འདོད་པ་རེ་ཟུང་བསྟན་པ་ལ་སྐྱོན་ཡོད་པ་མ་རེད། ཅེས་གསུངས་ནས་དཔེར་ན། ཤེར་མདོར་ཉན་ཐོས་ཀྱི་ལམ་ལ་སོགས་པ་བཤད་ཀྱང་ཉན་ཐོས་ཀྱི་སྡེ་སྣོད་ཡིན་པར་མི་འགྱུར་བ་ནང་བཞིན་རེད་ཅེས་དེ་ལྟར་བཤད་པ་རེད། སྤྱིར་བཏང་རྣམ་འགྲེལ་གྱི་སྐབས་དེར། ལུགས་མང་པོ་ཞིག་བཤད་ཡོད་པ་དེ་ཡང་ཤཱཀྱ་བློའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་སྐབས་སུ། རྣམ་འགྲེལ་ལུགས་བརྒྱ་ལྡན་པ་རྣམ་པར་དབྱེ། །ཞེས་གསུངས་པ་ནང་བཞིན་རེད། རང་ལུགས་ལ། ཚད་མ་རྣམ་འགྲེལ་དེ་དབུ་མ་པའི་གཞུང་དུ་བཀྲལ་བ་ལྟར། རྒྱ་གར་འཕགས་པའི་ཡུལ་ནའང༌། ཚད་མ་རྣམ་འགྲེལ་དབུ་མའི་གཞུང་དུ་འགྲེལ་མཁན་རྒྱན་མཁན་པོ་ལ་སོགས་པ་དུ་མ་བྱུང་ཡོད་པ་རེད། བོད་གངས་རིའི་ལྗོངས་ཡིན་ནའང༌། ཀརྨ་པ་སྐུ་འཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་རིགས་གཞུང་རྒྱ་མཚོའི་སྐབས་དེར། ཚད་མ་རྣམ་འགྲེལ་དེ་གཞན་སྟོང་གི་ལུགས་སུ་བཀྲལ་ཡོད་པ་རེད། དེ་ནས་འདིར་མདོ་སྡེ་བའི་ལྟ་བའི་རྣམ་གཞག་བྱུང་བས་དེ་ཡོད་པར་འགྱུར་ན་ནི། ཞེས་གསུངས་པ་དེ་ཚད་མ་རྣམ་འགྲེལ་སྐབས་སུ་མདོ་སྡེ་བའི་ལྟ་བའི་རྣམ་གཞག་ཙམ་བསྟན་པས། གྲུབ་མཐའ་རྒྱས་པར་བསྟན་པར་འགྱུར་ན་ནི་རྣལ་འབྱོར་སྤྱོད་པའི་གཞུང་དུ་རྣམ་བདེན་པའི་ལྟ་བའི་རྣམ་བཞག་བྱུང་བའི་རྒྱུ་མཚན་གྱིས། སེམས་ཙམ་པའི་གཞུང་ཡོད་པར་ཅིས་ཕྱིར་མི་འགྱུར་ཏེ། འགྱུར་བའི་ཕྱིར་ཞེས་མགོ་མཚུངས་ཀྱི་རིགས་པ་བརྗོད་པ་རེད། དེ་འདྲ་ཡིན་དུས། རང་ལུགས་ལ་སྤྱིར་བཏང༌། བྱམས་ཆོས་སྡེ་ལྔ་དང༌། པྲ་ཀ་ར་ཎ་སྡེ་བརྒྱད་ལ་སོགས་པ་ཐམས་ཅད་སེམས་ཙམ་པའི་རང་གཞུང་མ་ཡིན་པར་དེ་དག་ཐམས་ཅད་རང་ལུགས་ལ་དབུ་མ་པའི་གཞུང་ལུགས་དང༌། དབུ་མ་པའི་ནང་ནས་ཀྱང་དབུ་མ་ཆེས་མཆོག་ཏུ་གྱུར་བ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་བསྟན་པ་ཡིན་ཞེས་དཔལ་ལྡན་རྒྱལ་བ་ཇོ་ནང་བས་དེ་ལྟར་ཁས་ལེན་གྱིན་ཡོད་པ་རེད། སྤྱིར་ན། གྲུབ་མཐའ་སུ་ཡིན་ནའང༌། རང་རང་གི་ལུགས་དེ་དབུ་མར་འདོད་པ་ཡིན་ཏེ། མཁས་པའི་དབང་ཕྱུག་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་རྩ་བའི་སྐབས་སུ། སྟོན་སོགས་ཕལ་ཆེར་རང་སྡེར་འདྲེན་དགོས་མང༌། །ཞེས་གསུངས་པ་ནང་བཞིན་དུ། བྱེ་བྲག་སྨྲ་བས་བདག་ཅག་གི་སྟོན་པ་བྱེ་བྲག་སྨྲ་བ་ཡིན་ཟེར་བ་དང༌། མདོ་སྡེ་བས་བདག་ཅག་གི་སྟོན་པ་དེ་མདོ་སྡེ་བ་ཡིན་ཟེར་བ་དང༌། དེ་བཞིན་དུ། སེམས་ཙམ་པ་དང༌། རང་རྒྱུད་པ། དབུ་མ་གཞན་སྟོང་པ་ཐམས་ཅད་ཀྱིས་བདག་ཅག་གི་སྟོན་པ་རང་རང་གི་གྲུབ་མཐའ་སྨྲ་བ་ཡིན་ཞེས་ལབ་པ་རེད། དེ་བཞིན་དུ་སེམས་ཙམ་པ་ལྟ་བུ་ཡིན་ན། ཁོ་མཐའ་གཉིས་གང་དུ་མ་ལྷུང་བའི་དབུས་ལ་གནས་པ་ཡིན་ཞེས་ལབ་ཀི་རེད། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་བ། ངོ་བོ་ཉིད་མེད་པར་སྨྲ་བ། དབུ་མ་གཞན་སྟོང་རྣམས་ཀྱིས་ཀྱང༌། རང་རང་གི་ལྟ་བ་དེ་དབུ་མ་ཡིན་པར་མ་ཟད་དབུ་མའི་མཐར་ཐུག་ཡིན་ཞེས་གསུངས་པ་རེད། དཔལ་ལྡན་རྒྱལ་བ་ཇོ་ནང་པའི་རང་ལུགས་གཞིར་བཞག་པ་ཡིན་ན། ཚད་མ་རྣམ་འགྲེལ་དེ་རང་གཞུང་ཡིན་པ་ལས། སེམས་ཙམ་པའི་ལུགས་མ་ཡིན་པ་དེ་ཚད་མ་རྣམ་འགྲེལ་ལེའུ་གསུམ་པ་མངོན་སུམ་ལེའུའི་སྐབས་སུ། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་ཡིན། །ཐ་དད་མེད་ཅན་ཤེས་པ་ཡི། །ཐ་དད་སྣང་བ་བསླད་པ་ཉིད། །དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་གཟུང་བ་ཡུལ་བདེན་པར་མེད་ན་འཛིན་པ་ཡུལ་ཅན་བདེན་པར་མེད་པ་དེ། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་གསུངས་པ་དེ་འདྲའི་སྒོ་ནས་དབུ་མ་གཞན་སྟོང་པའི་རང་གཞུང་ཡིན་པར་བསྒྲུབས་པ་དང༌། དེ་ནང་བཞིན། འཕགས་པ་ཐོགས་མེད་ཀྱི་ཐེག་བསྡུས་ལྟ་བུ་ཡིན་ནའང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཇི་ལྟར་འཇུག་ཅེ་ན། རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ། ཞེས་རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་བཟློག་ནས་འཇུག་དགོས་པར་གསལ་བོར་གསུངས་བཞག་པ་དང༌། དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་དེ་ལ། ཡིད་ཀྱི་བརྗོད་པ་ཐོས་པའི་ཆོས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་དེ་དག་ལ་དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་སྐབས་མེད་པ་ཡིན་ནོ། །དེས་ན་རྣམ་པར་རིག་པ་ཙམ་ཡང་མི་འབྱུང་སྟེ། ཞེས་གསུངས་པ་འདྲ་བ་དང་དེའི་འོག་ནས། ཡེ་ཤེས་རྒྱུ་བ་རྟོག་མེད་ལ། །དོན་རྣམས་ཐམས་ཅད་མི་སྣང་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་ནང་སེམས་དེ་ཡང་བདེན་པ་མེད་པར་གསུངས་པ་དང༌། སློབ་དཔོན་དབྱིག་གཉེན་གྱི་པྲ་ཀ་ར་ཎ་སྡེ་བརྒྱད་ཀྱི་ནང་གི་སུམ་ཅུ་པ་ལྟ་བུར་མཚོན་ན་ཡང༌། ནམ་ཞིག་ཤེས་པའི་དམིགས་པ་རྣམས། །མི་དམིགས་དེ་ཡི་ཚེ་ན་ནི། །རྣམ་པར་རིག་པ་ཙམ་ལ་གནས། །གཟུང་བ་མེད་ན་དེ་འཛིན་མེད། །ཅེས་གཟུང་བ་མེད་ན་དེ་འཛིན་པའི་ཡུལ་ཅན་ཡང་བདེན་པར་མེད་པ་དེ་གསལ་བར་གསུངས་བཞག་པ་སྟེ། གཟུང་བ་མེད་ན་དེ་འཛིན་མེད། །དེ་ནི་སེམས་མེད་མི་དམིགསཔ། །ཞེས་སོགས་གསུངས་པ་དེ་རེད། དེ་ནང་བཞིན་དུ། ཉི་ཤུ་པ་དེའང་སེམས་ཙམ་པའི་རང་གཞུང་མ་ཡིན་པ་དེ། འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣངཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །ཞེས་དང༌། དེའི་ཐད་ཀྱི་རང་འགྲེལ་སྐབས་སུ། རྣམ་པར་ཤེས་པ་འདི་ཉིད་དོན་དུ་སྣང་བ་འབྱུང་སྟེ། དཔེར་ན་རབ་རིབ་ཅན་རྣམས་ཀྱིས་སྐྲ་ཟླ་ལ་སོགས་པ་མེད་པར་མཐོང་བ་བཞིན་ཏེ། དོན་གང་ཡང་མེད་དོ། །ཞེས་གསུངས་པ་དང༌། དེའི་སྐབས་ཀྱི་དུལ་བ་ལྷའི་འགྲེལ་བཤད་སྐབས་སུ། དོན་སྔོན་པོ་ལ་སོགས་གུད་ན་གང་ཡང་མེད་དོ། །ཞེས་བྱ་བ་མཇུག་བསྡུ་བའོ། །རབ་རིབ་དང་ལྡན་པ་ནི་རབ་རིབ་ཅན་ནོ། །དེ་སྟེ་རེ་ཞིག་གཟུང་བ་བཀག་གོ། གཟུང་བ་བཀག་ན་འཛིན་པ་ཡང་བཀག་པ་དེ་ཉིད་ཀྱིས་གྲུབ་སྟེ། ཞེས་གསུངས་ཡོང་དུས། གཟུང་བ་བཀག་ན་འཛིན་པ་ཡུལ་ཅན་ཡང་བདེན་པར་གྲུབ་པ་དེ་བཀག་ཐུབ་པ་ཡིན་པར། གཟུང་བ་བཀག་ན་འཛིན་པ་ཡང་བཀག་པ་དེ་ཉིད་ཀྱིས་གྲུབ་སྟེ། འདི་ལྟར་གཟུང་བ་མེད་ན་འཛིན་ཡང་མེད་དོ། །ཞེས་དེ་ལྟར་ཉི་ཤུ་བ་རྩ་འགྲེལ་གྱི་དགོངས་དོན་ཡང་དེ་འདྲའི་སྒོ་ནས་ཤེས་དགོས་པ་རེད། དེའི་སྟེང་ནས་བྱམས་ཆོས་སྡེ་ལྔ་དེ་ཡང་དབུ་མའི་གཞུང་ཡིན་པར། རྒྱུད་བླ་མ་དང༌། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གཉིས་ཀའི་སྐབས་སུ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་པ་ལ་སོགས་པའི་སྐབས་སུ་ཡང༌། དབུ་མ་བའི་འདོད་པའི་དོན་དམ་བདེན་པ་དེ་གསལ་བར་གསུངས་པ་དང༌། ཡང་རྒྱུད་བླ་མའི་སྐབས་སུ། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་ལ་སོགས་པའི་སྒོ་ནས་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ལ་སོགས་པའི་སྐབས་སུ། རྒྱུད་བླ་མ་དང༌། བསྟན་བཅོས་མངོན་རྟོགས་རྒྱན་སོགས་གཞན་སྟོང་དབུ་མའི་རང་གཞུང་ཡིན་པར་གསུངས་ཡོད་པ་རེད། བོད་ན་གྲགས་ཆེ་བ་ལྟར་ཡིན་ན་མདོ་སྡེ་རྒྱན་དང༌། འབྱེད་རྣམ་གཉིས། སེམས་ཙམ་པའི་རང་གཞུང་རེད་ཅེས་ཁས་ལེན་མཁན་ཡོང་གིན་ཡོད་པ་རེད། དེའི་རྒྱུ་མཚན་ཡང༌། སེམས་ཙམ་པའི་འདོད་པ་ལྟར་རིགས་ཆད་བསྟན་ཡོད་པ་རེད་ཅེས་གསུངས་ཀྱིན་འདུག་སྟེ། མདོ་སྡེ་རྒྱན་གྱི་སྐབས་སུ། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་དག་ཡང་དག་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་གསུངས་པ་དེ་མཐར་ཐུག་ཐེག་པ་གཅིག་དྲང་དོན་དུ་བསྟན་པ་ཅུང་ཟད་ཀྱང་མེད་པར། མཐར་ཐུག་ཐེག་གཅིག་ཏུ་བསྟན་པའི་དགོས་པ་བསྟན་པ་རེད་ཅེས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་གསུངས་ཡོད་པ་རེད། ཡང་ཁ་ཅིག་གིས་མདོ་སྡེ་རྒྱན་གྱི་སྐབས་སུ། མཐར་ཐུག་ཐེག་པ་གསུམ་བསྟན་པ་རེད། མཐར་ཐུག་ཐེག་གཅིག་བསྟན་པ་དེ་དྲང་དོན་རེད་ཅེས་གསུངས་ནས་དེའི་རྒྱུ་མཚན། མདོ་རྒྱན་རྩ་བའི་སྐབས་སུ། ཆོས་དང་བདག་མེད་གྲོལ་བ་རྣམས། །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཐུག་ཕྱིར་ནི་ཐེག་གཅིག་ཉིད། །ཅེས་པ་སྒྲུབ་བྱེད་འདྲེན་མཁན་ཡོད་པ་རེད་དེ། དེས་མཐར་ཐུག་ཐེག་གཅིག་བསྟན་པའི་དགོས་པ་བསྟན་པ་རེད། དེ་དག་ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་སྐབས་སུ་གསལ་བོར་བྱས་ནས་གསུངས་ཡོད་པ་རེད། མདོར་ན། མདོ་སྡེ་རྒྱན་རྩ་བའི་སྐབས་སུ། དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་དེ། དེ་བཞིན་གཤེགས་པ་ཡིན་པར་གསུངས་བཞག་ཡོད་པ་དང༌། འགྲོ་བ་ཐམས་ཅད་ཁམས་བདེ་བར་གཤེགས་པའི་སྙིང་བོ་ཅན་ཡིན་པར་གསུངས་བཞག་པ་རེད། དེ་ལྟར་དུ་སེམས་ཙམ་པས་ཁས་ལེན་གྱིན་མེད་པའི་རྒྱུ་མཚན་གྱིས། དེ་དབུ་མ་པའི་རང་གཞུང་ཡིན་པ་བསྒྲུབས་ཡོད་པ་རེད། སྤྱིར་བཏང་མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད་ལ་སོགས་པ་ཁ་ཅིག་གིས་སེམས་ཙམ་པའི་གཞུང་ཡིན་པར་གསུངས་པ་ན། རང་ལུགས་ལ་དེ་སེམས་ཙམ་པའི་གཞུང་མ་ཡིན་པར་གང་འདྲ་གསུངས་པ་རེད་ཟེར་ན། འདི་དག་གི་སྐབས་སུ་རྣམ་ཤེས་དོན་དམ་པར་མེད་པར་གསུངས་པ་དང༌། སེམས་ཙམ་པས་རྣམ་ཤེས་དོན་དམ་དུ་ཡོད་པར་འདོད་པའི་རྒྱུ་མཚན་གྱིས། མདོ་སྡེ་རྒྱན་སོགས་སེམས་ཙམ་པའི་གཞུང་མ་ཡིན་པར་གསུངས་ཀྱིན་ཡོད་པ་རེད། དེས་ན་མདོ་སྡེ་རྒྱན་གྱི་སྐབས་སུ་རྣམ་ཤེས་དོན་དམ་དུ་མེད་པར་གང་ལྟར་གསུངས་པ་རེད་ཟེར་ན། སེམས་ལས་གཞན་མེད་པར་ཡང་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རིག། ཅེས་སེམས་ཀྱང་བདེན་པ་མེད་པ་ཉིད་དུ་རིག་ཅེས་གསལ་བར་གསུངས་བཞག་ཡོད་པ་དེ་འདྲ་རེད། བློ་དང་ལྡན་པས་གཉིས་པོ་མེད་རིག་ན། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པ་དེ་བློ་དང་ལྡན་པས་གཉིས་པོ་མེད་པར་རིག་པ་ཡིན་ན། གཟུང་འཛིན་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ལ་གནས་པ་ཡིན་ཞེས་དེ་འདྲ་གསུངས་འདུགདེ་ནང་བཞིན་དུ། དབུས་མཐའ་རྣམ་འབྱེད་ཀྱི་སྐབས་སུ་ཡང༌། དོན་དང་སེམས་ཅན་བདག་རྣམ་རིག།སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་དེའི་དོན་མེད། །ཞེས་ཕྱི་རོལ་ཏུ་དོན་གྲུབ་པ་མེད་ཅེས་པ་དང༌། དེ་མེད་པས་ན་དེ་ཡང་མེད། །ཅེས་བཟུང་བ་ལ་སོགས་པ་བདེན་པར་མེད་པས་ན། ནང་རྣམ་པར་ཤེས་པ་དེ་ཡང་བདེན་པར་གྲུབ་པ་མེད་ཅེས་གསུངས་པ་རེད། ཆོས་ཉིད་རྣམ་འབྱེད་སྐབས་སུ། གཟུང་བར་སྣང་བ་མེད་གྲུབ་ན། །འཛིན་པར་སྣང་བ་མེད་གྲུབ་པོ། །ཞེས་གཟུང་བ་བདེན་པར་མེད་ན་འཛིན་པ་དེ་ཡང་བདེན་པ་མེད་པར་གྲུབ་པོ་ཞེས། དེ་འདྲ་གསུངས་ཡོད་པ་ཤེས་དགོས་ཀྱིན་འདུགའོ་ན་སེམས་ཙམ་པས་རྣམ་ཤེས་བདེན་གྲུབ་འདོད་པ་དེ་གང་ལྟར་འགྲུབ་པ་རེད་ཅེ་ན། གཟུང་དང་འཛིན་པའི་རྣམ་རོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་གསུངས་པ་དེ་འདྲའི་སྒོ་ནས་སྒྲུབ་ཐུབ་པ་དེ། གོང་ནས་ཞུས་པ་ནང་བཞིན་རེད། དེ་དུས་འཁོར་རྩ་རྒྱུད་ཀྱི་གཞུང་རེད་ཟེར་བ་དང༌། ཡང་ཡེ་ཤེས་སྙིང་བོ་ཀུན་ལས་བཏུས་པའི་ལུང་རེད་ཅེས་གསུངས་པ་སོགས་ཡོད་པ་རེད། དེས་ན་རིགས་ལྡན་པདྨ་དཀར་པོའི་འགྲེལ་ཆེན་དྲི་མེད་འོད་ཀྱི་སྐབས་སུ། དེ་འདྲའི་ཚིག་དེ་ཡོད་པ་རེད། འཇམ་དཔལ་གྱི་ལྟ་བ་མདོར་བསྟན་ལ་སོགས་པའི་གཞུང་མང་པོའི་སྐབས་སུ་དྲངས་ནས་གསུངས་ཀྱིན་ཡོད་པ་རེད། མདོ་སྡེ་རྒྱན་དང༌། དབུས་མཐའ་རྣམ་འབྱེད་སོགས་ཀྱི་སྐབས་སུ་སྤྲོས་བྲལ་དང༌། དེ་བཞིན་ཉིད་སངས་རྒྱས་ཡིན་པ་དང༌། འགྱུར་མེད་ཡོངས་གྲུབ་ཡིན་པ་སོགས་གསུངས་ཡོད་པ་དེ་གང་ལྟར་རེད་ཟེར་ན། མདོ་སྡེ་རྒྱན་གྱི་སྐབས་སུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་བྲི་བར་མི་འགྱུརཞིང༌། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཞེས་དོན་དམ་པ་མཚན་ཉིད་ལྔ་ལྡན་གསུངས་པའི་སྟེང་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྤྲོས་བྲལ་ཞིག་གསུངས་ཡོད་པ་རེད། དེར་མ་ཟད། ཡང་མདོ་སྡེ་རྒྱན་གྱི་སྐབས་སུ། དེ་བཞིན་ཉིད་ནི་སངས་རྒྱས་འདོད། །ཞེས་གསུངས་པ་རེད་མ་གཏོགས། གལ་ཏེ་སེམས་ཙམ་པས་ཆོས་ཉིད་མེད་དགག་ཁས་ལེན་བཞིན་དུ་དེ་སངས་རྒྱས་ཡིན་པར་བཤད་ཀྱིན་ཡོད་པ་མ་རེད། དབུས་མཐའ་རྣམ་འབྱེད་ཀྱི་སྐབས་སུ་ཡང༌། སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་སྤྲོས་བྲལ་ཡིན་པ་དེ་དེ་འདྲའི་ཐོག་ནས་གསུངས་ཡོད་པ་རེད། དེ་ལྟར་ཤེས་དགོས་རྒྱུ་གལ་ཆེན་རེད། ཡིན་ན་ཡང༌། སྔོན་མར་གཞུང་ལུགས་སོགས་ཏེ། དྲང་ངེས་སྐོར་དང༌། ཕར་ཕྱིན་གྱི་སྐོར་འདི་དག་ལ་གཟིགས་མྱོང་མེད་མཁན་ཞིག་ཡིན་ན་ངས་བཤད་པ་དེ་དག་གོ་དཀའ་བ་འདྲ་ཞིག་ཏུ་ཆགས་སོང་ཡོད་རྒྱུ་རེད་དེ། ཡིན་ན་ཡང༌། འདིའི་ནང་ལ་དཔེ་ཆ་ལྟ་མྱོང་བའི་ཤེས་རིག་ཡོན་ཏན་ཅན་དང༌། ཉམས་མྱོང་ཅན་གཞུང་ལུགས་རྒྱ་ཆེན་པོ་ལྟ་མ་མྱོང་ནའང་རང་རང་སོ་སོའི་རྒྱུད་ལ་རྟོགས་པ་ཐད་ཀར་འཁྲུངས་ཡོད་ས་དེ་འདྲ་ཡོད་རྒྱུ་རེད། དེའི་ཆ་ནས་རང་གིས་ཡིན་ན་ཅུང་ཟད་ཅིག་ཞུས་བཞག་པ་ཡིན། དེ་ནས་འདིའི་གོང་དུ་སྤྱིར་སེམས་ཙམ་རྣམ་བདེན་པའི་གྲུབ་མཐའ་ཟེར་བ་ཞིག་གསུང་གིན་འདུགདེ་ཡིན་དུས། སྤྱིར་བཏང་རང་ལུགས་ལ་སེམས་ཙམ་པ་ལ་སེམས་ཙམ་རྣམ་བདེན་རྫུན་གཉིས་ཡོད་ཟེར་བ་རེད། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཀྱང༌། ཤངས་པའི་ཆོས་འབྱུང་གི་མགོ་ནའང་དེ་འདྲ་ཞིག་གསུངས་ཡོད། དེ་ནང་བཞིན་དུ་ཉ་དབོན་པའི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་གྱི་སྐབས་ལྔ་བའི་སྐབས་དེར། སེམས་ཙམ་པ་ལ་དབྱེ་ན་ཞེས་གསུངས་ནས་དེའི་མཇུག་ཏུ་སེམས་ཙམ་རྣམ་བདེན་པའི་མཚན་ཉིད་དང༌། སེམས་ཙམ་རྣམ་རྫུན་པའི་མཚན་ཉིད་བཞག་པ་རེད། སེམས་ཙམ་རྣམ་བདེན་རྫུན་གཉིས་ཀྱི་མཚན་ཉིད་ཀྱི་ཟུར་དང་པོ་ལའང༌། ཐེག་ཆེན་སེམས་ཙམ་པ་གང་ཞིགཅེས་སེམས་ཙམ་པ་ཡིན་པ་གཞིར་བཞག་བྱས་ནས་གསུངས་ཡོད་པ་རེད། དེ་ནས་སྒོ་ལྔའི་དོན་སྣང་དོན་དམ་པར་སེམས་སུ་བདེན་པར་འདོད་པ་དེ། སེམས་ཙམ་རྣམ་བདེན་པའི་ལུགས་དང༌། སྒོ་ལྔའི་དོན་སྣང་དོན་དམ་པར་སེམས་སུ་མི་བདེན་པར་འདོད་པ་དེ། སེམས་ཙམ་རྣམ་རྫུན་པའི་ལུགས་ཡིན་པར་གསུངས་པ་རེད། རི་བོ་དགེ་ལྡན་པས་ཀྱང༌། རྣམ་བདེན་རྫུན་གཉིས་ཀྱི་ཁྱད་པར་དེ། སེམས་ཙམ་པ་གང་ཞིག་ལ་སྔོན་པོ་སྔོན་པོར་སྣང་བ་ལྟར་གྲུབ་པར་འདོད་པའི་ལུགས་དེ། སེམས་ཙམ་རྣམ་བདེན་པ་དང༌། སྔོན་པོ་སྔོན་པོར་སྣང་བ་ལྟར་མ་གྲུབ་པར་འདོད་པའི་ལུགས་དེ། སེམས་ཙམ་རྣམ་རྫུན་པའི་ལུགས་ཡིན་པའི་ཁྱད་པར་གསུངས་ཡོད་པ་རེད། རྣམ་བདེན་རྫུན་གཉིས་ཀྱི་ལུགས་ལ་སྔོན་པོ་ཕྱི་དོན་དུ་གྲུབ་པར་སྣང་བ་དང༌། སྔོན་པོ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་དུ་གྲུབ་པའི་སྣང་བ་ལ་སོགས་པ་སྣང་བ་ལྟར་མ་གྲུབ་པ་དེ། གཅིག་མཚུངས་སུ་འདོད་པ་རེད། ཡིན་ན་ཡང༌། སྔོན་པོ་སྔོན་པོར་སྣང་བ་ལྟར་གྲུབ་མ་གྲུབ་ཀྱི་སྟེང་ནས་གསུང་གིན་ཡོད་པ་རེད། དེས་ན་རང་ལུགས་ཀྱི་མཁས་པ་འཇམ་པའི་དབྱངས་དངོས་ཉ་དབོན་ཀུན་དགའ་དཔལ་གྱི་གསུངས་ཚུལ་དང༌། ཁྱད་པར་ཆེན་པོ་མེད་པ་ལྟ་བུ་དེ་འདྲ་ཞིག་ཨེ་ཡིན་བསམ་གྱིན་འདུག

འཁོར་ལོ་བར་བ་ངེས་དོན་དང་ཐ་མ་དྲང་དོན་དུ་འདོད་པ་ལ་ཁུངས་མེད་པར་བསྟན་པ།

འཁོར་ལོ་བར་བ་ངེས་དོན་དང་ཐ་མ་དྲང་དོན་དུ་འདོད་པ་ལ་ཁུངས་མེད་པར་བསྟན་པ།

དེ་ནས། རྩ་བར། གཞན་ཡང་འཁོར་ལོ་བར་བ་ངེས་དོན་དང༌། ཐ་མ་དྲང་དོན་དུ་བསྟན་པའི་མདོའི་ལུང་ཡང་མེད་ཅིང༌། དགོངས་འགྲེལ་དུ་བར་བ་དྲང་དོན་དང༌། ཐ་མ་ངེས་དོན་དུ་གསུངས་པས་དྲང་ངེས་སོ་སོར་ཕྱེ་ཞིང༌། དྲང་དོན་དགོངས་པ་ཅན་དུ་བཀྲལ་བས་མདོ་སྡེ་འདི་ཉིད་ཀྱང་དགོངས་པ་ཅན་དུ་འགྲེལ་དགོས་ན་ཧ་ཅང་ཐལ་བ་དང༌། ཞེས་གསུངས་ཏེ། གཞན་ཡང་འཁོར་ལོ་བར་པ་ངེས་དོན་དང༌། ཐ་མ་དྲང་དོན་དུ་བསྟན་པའི་མདོའི་ལུང་མེད་ཅིང༌། ཞེས་གསུངས་པ་རེད། རང་ལུགས་ལ་འཁོར་ལོ་བར་བ་དྲང་དོན་དང༌། ཐ་མ་ངེས་དོན་ཡིན་པ་དེ་མདོ་སྡེ་དགོངས་པ་ངེས་འགྲེལ་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོའི་གསུངས་ཚུལ། མྱང་འདས་ཆེན་པོའི་མདོའི་གསུངས་ཚུལ། བློ་གྲོས་མི་བཟད་པའི་མདོའི་གསུངས་ཚུལ་ལ་སོགས་པ་གོང་ནས་མང་པོ་ཞུས་ཟིན་པ་རེད། རང་སྟོང་སྨྲ་བ་རྣམས་ཀྱི་ལུགས་སུ་མཚོན་པ་ཡིན་ན། འཁོར་ལོ་བར་པ་ངེས་དོན་དང༌། ཐ་མ་དྲང་དོན་དུ་བསྟན་པའི་མདོའི་ལུང་མེད་ཅིང༌། མདོ་སྡེ་དགོངས་པ་ངེས་འགྲེལ་དུ་བར་པ་དྲང་དོན་ཐ་མ་ངེས་དོན་དུ་གསུངས་པའམ། འཁོར་ལོ་རིམ་པ་གསུམ་གྱི་བརྡ་ཆད་གསལ་བོར་སྦྱར་ནས་དྲང་ངེས་སོ་སོར་ཕྱེས་པ་རེད། མདོ་སྡེ་དགོངས་པ་ངེས་འགྲེལ་སྐབས་སུ་འཁོར་ལོ་བར་པ་དྲང་དོན་དགོངས་པ་ཅན་དུ་བཀྲལ་བའི་རྒྱུ་མཚན་གྱིས། མདོ་འདི་ཉིད་ཀྱང་ཞེས་པ་དེ་མདོ་སྡེ་དགོངས་པ་ངེས་འགྲེལ་རེད། དེས་ན་ཤེར་ཕྱིན་གྱི་མདོ་དྲང་དོན་ཡིན་པར་བཀྲལ་བའི་རྒྱུ་མཚན་གྱིས། མདོ་སྡེ་དགོངས་པ་ངེས་འགྲེལ་ཡང་དྲང་དོན་དགོངས་པ་ཅན་དུ་འགྲེལ་དགོས་ན་ཧ་ཅང་ཐལ་བར་འགྱུར་ཞེས་གསུངས་པ་རེད། ཧ་ཅང་ཐལ་བར་འགྱུར་ཚུལ་དེའང༌། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་གི་དགོངས་པ་རང་གིས་བཀྲལ་པའི་མདོ་དེ་ཡང་དྲང་དོན་ཡིན་ན། ངེས་དོན་གྱི་མདོ་འདི་རེད་ཅེས་མཛུབ་མོ་འཛུགས་ས་མི་རྙེད་པར་ཆགས་འགྲོ་བས་ན། ཧ་ཅང་ཐལ་བར་འགྱུར་བ་དང༌། ཞེས་གསུངས་པ་རེད། སྤྱིར་ན། འཁོར་ལོ་བར་བ་ངེས་དོན་འདོད་མཁན་རྣམས་ཀྱིས་ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་པའི་རྒྱུ་མཚན་གྱིས། ངེས་དོན་གྱི་མདོ་རེད་ཅེས་གསུངས་པ་མ་གཏོགས། མདོའི་སྐབས་སུ་འཁོར་ལོ་བར་བ་ངེས་དོན་དུ་གསུངས་པའི་ཚིག་གསལ་བོ་མེད་པས་ན། མདོའི་ལུང་མེད་ཅིང་ཞེས་པའི་དོན་དེ་ལྟར་འགྲེལ་དགོས་པ་ཨེ་ཡིནབསམ་གྱིན་ཡོད། དེ་ནས། རྩ་བར། རང་ཕྱོགས་ལ་དྲང་ངེས་དགོངས་པ་ཅན་དུ་ཕྱེ་བའི་མདོའི་ལུང་མེད་བཞིན་དུ། གཞན་ལུགས་ཀྱི་ལུང་དགོངས་པ་ཅན་ཡིན་ནོ་ཞེས་ཟེར་བ་དབང་ཆེ་བའི་སྤྱོད་པ་ཙམ་ཡིན་པའི་ཕྱིར་དང༌། ཀླུ་སྒྲུབ་ཀྱི་རིགས་ཚོགས་སུ་རང་སྟོང་གསུངས་ཀྱང༌། བསྟོད་ཚོགས་སུ་གཞན་སྟོང་གསུངས་པའི་ཕྱིར་ཕྱོགས་གཉིས་ཆར་ལ་རྗེས་སུ་འགྲོ་ཞིང༌། ཞེས་གསུངས་ཏེ། རང་ཕྱོགས་ལ་དྲང་ངེས་དགོངས་པ་ཅན་དུ་ཕྱེ་བའི་མདོའི་ལུང་མེད་བཞིན་དུ། གཞན་ལུགས་ཀྱི་ལུང་དགོངས་པ་ཅན་ཡིན་ནོ་ཞེས་ཟེར་བ་དབང་ཆེ་བའི་སྤྱོད་པ་ཙམ་ཡིན་པའི་ཕྱིར་དང༌། ཞེས་གསུངས་པ་དེ་འཁོར་ལོ་བར་བ་ངེས་དོན་དུ་འདོད་པ་རྣམས་ཀྱི་ལུགས་ལ། དྲང་ངེས་དགོངས་པ་ཅན་དུ་ཕྱེ་བའི་མདོའི་ལུང་མེད་བཞིན་དུ། གཞན་འཁོར་ལོ་བར་བ་དྲང་དོན་དང༌། ཐ་མ་ངེས་དོན་འདོད་པ་རྣམས་ཀྱིས་སྒྲུབ་བྱེད་དུ་དྲངས་པའི་ལུང་དགོངས་པ་ཅན་རེད་ཟེར་བ་དབང་ཆེ་བ་ཙམ་མ་གཏོགས། རྒྱུ་མཚན་དང་ལུང་རིགས་ཡོད་པ་མ་རེད་ཅེས་གསུངས་པ་ཨེ་ཡིན་སྙམ། སྐབས་གང་དུ་ཡིན་ན། རང་ལུགས་རྩལ་འདོན་བྱས་ཡོང་དུས། གཞན་ལུགས་དག་ཅུང་ཟད་དགག་པ་བྱས་པ་ཡོད་པ་དེ་འདྲ་ཡོང་གིན་ཡོད་རེད། ཡིན་ན་ཡང༌། སྔོན་བྱོན་དམ་པ་རྣམས་ཡིན་ན་དགག་གཞག་བསྟན་པའི་མཛེས་རྒྱན་ཟེར་བ་ནང་བཞིན་དུ་འགྲོ་གིན་ཡོད་པ་མ་གཏོགས། རང་གི་ལྟ་བ་ལ་ཆགས་པ་དང༌། གཞན་གྱི་ལྟ་བ་ལ་སྡང་བའི་སྒོ་ནས་དགག་གཞག་དང་རྩོད་པ་བྱས་པ་ཡིན་ན་འཇིག་རྟེན་པའི་རྩོད་པ་ཆགས་སོང་པ་རེད། དེ་འགྲིག་གིན་ཡོད་པ་མ་རེད། སྤྱིར་བཏང༌། འཆད་རྩོད་རྩོམས་གསུམ་མཁས་པའི་བྱ་བ་རེད། རྩོད་པ་དེའང་བདག་རྒྱལ་གཞན་ཕམ་ཙམ་མ་ཡིན་པར། ཆོས་ཀྱི་གནས་ལུགས་གཏན་ལ་འབེབས་པའི་ཆེད་དུ་གནང་དགོས་པ་རེད། སྐབས་འདིར་སྤྱི་ཡོངས་ནས་ཅུང་ཟད་ཞུས་པ་ཡིན་ན། ཆོས་ཀྱི་གནས་ཚུལ་དེ་མ་ཐོས་པ་ཐོས་པ་དང༌། གང་ཐོས་པ་དེ་ལ་བསམ་པས་སྒྲོ་འདོགས་བཅད་དེ། ཚད་མས་ངེས་པ་རྙེད། ཚད་མས་ངེས་པ་རྙེད་པའི་དོན་དེ་ཡང་ནས་ཡང་དུ་གོམས་པར་བྱས་ནས་མཐར་མངོན་སུམ་དུ་རྟོགས་པ་ཡིན་ན། དེ་ལ་བརྟེན་ནས་ཉོན་མོངས་ཕྲ་རགས་དང་ཤེས་སྒྲིབ་ཕྲག་རགས་རྣམས་རིམ་གྱིས་སྤོང་ཐུབ་པ་ཞིག་ཡིན་པ་རེད། དེས་ན། ང་ཚོས་ཆོས་བསྒྲུབས་པའི་དགོས་དོན་མཐར་ཐུག་དེ་གང་འདྲ་རེད་ཟེར་ན། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་ནས། དོན་གཉིས་མཐར་ཕྱིན་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་འབད་ཀྱིན་ཡོད་པ་རེད། དེ་ཐོབ་པ་ལ་ལམ་ཚོགས་གཉིས་ལ་སློབ་དགོས་པ་དང༌། ཚོགས་གཉིས་ཀྱི་ནང་ནས་བསོད་ནམས་ཀྱི་ཚོགས་ནི་ངེས་འབྱུང་གི་བསམ་པ་དང༌། གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དང༌། མཆོད་པ་འབུལ་ཞིང་སྡིག་སྒྲིབ་སྦྱོང་པ། ཕྱག་མཆོད་ཡན་ལག་བདུན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཡིན་པ་རེད། དེའི་སྟེང་ནས་ཤེས་རབ་ཀྱི་ཚོགས་སམ་ཡེ་ཤེས་ཀྱི་ཚོགས་དེ། ལས་དང་པོ་པ་ཞིག་གིས་བསགས་པ་ཡིན་ན། ཐོས་བསམ་སྒོམ་གསུམ་དེ་ཡེ་ཤེས་ཀྱི་ཚོགས་ཡིན་པར། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ལམ་རིམ་བདུད་རྩིའི་ཉུང་ཁུའི་སྐབས་སུ་གསུངས་ཡོད་པ་ནང་བཞིན་རེད། སྤྱིར་བཏང་ང་ཚོས་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང༌། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར། སྦྱིན་སོགས་དགེ་བ་མང་པོས་གྲོགས་བྱས་པ་ཡིན་ན། མངོན་མཐོ་ལྷ་མིའི་གོ་འཕང་ཙམ་ཐོབ་ཐུབ་པ་རེད། དཔེར་ན། རྐྱང་ཕྱག་གཅིག་འཚལ་བ་ཡིན་ན་ལུས་ཀྱིས་ནོན་པའི་རྡུལ་གྲངས་དང་མཉམ་པའི་འཁོར་ལོས་བསྒྱུར་རྒྱལ་གྱི་སྐྱེ་བ་ལེན་པ་སོགས་མངོན་མཐོའི་གོ་འཕང་ཐོབ་ཐུབ་པ་རེད་དེ། ཉོན་མོངས་པ་ལས་གྲོལ་བའི་ཐར་བ་ཐོབ་པ་ལ། ཉོན་མོངས་པའི་རྩ་བ་གང་ཟག་གི་བདག་འཛིན་ཆགས་ཡོད་པ་རེད། གང་ཟག་གི་བདག་འཛིན་དེའི་ཞེན་ཡུལ་མེད་པར་མ་རྟོགས་པར་བདག་འཛིན་དེ་སུན་ཕྱུང་སྟངས་མེད་པ་རེད། དཔལ་ཆོས་ཀྱི་གྲགས་པས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤངས་པ་ནི་ནུས་མ་ཡིན། །ཞེས་གསུངས་པ་རེད། དེའི་རྒྱུ་མཚན་གྱིས། སྲིད་པའི་རྩ་བ་དངོས་སུ་གཅོད་བྱེད་དེ་ཤེས་རབ་ཡིན་པ་ཐམས་ཅད་ཀྱིས་ཤེས་ནས་ཐོས་བསམ་སྒོམ་གསུམ་དེ་ཚོགས་གཉིས་ལས་ཡེ་ཤེས་ཀྱི་ཚོགས་ཡིན་པ་དང༌། དགེ་བའི་ཆོས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་དེ་བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་ནང་ནས་ཡེ་ཤེས་ཀྱི་ཚོགས་དེ་མཆོག་ཏུ་གྱུར་བ་ཡིན་པ་དེ་ཤེས་དགོས་པ་དང༌། དེ་བཞིན་དུ། ང་ཚོ་ཉོན་མོངས་པ་ལས་གྲོལ་བའི་ཐར་བ་དེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མེད་པར་ཐོབ་མི་ཐུབ་པར། སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་བའི་སྐབས་སུའང༌། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཞེས་གསུངས་པ་ནང་བཞིན་རེད། དེའི་རྒྱུ་མཚན་གྱིས། ང་ཚོས་ཆོས་ཀྱི་གནས་ལུགས་རྟོགས་པའི་ཤེས་རབ་ཅིག་རྒྱུད་ལ་སྐྱེས་པ་དང་ལམ་མ་ནོར་བ་ཞིག་རྙེད་ན། ཐར་བའི་ལམ་དུ་འགྲོ་ཐུབ་པ་ཞིག་རེད། དེས་ན་ཐོས་བསམ་སྒོམ་གསུམ་བྱེད་པའམ་འཆད་རྩོད་རྩོམ་གསུམ་སོགས་ཀྱིས། བཤད་སྒྲུབ་ཀྱི་བསྟན་པ་འཛིན་པ་གང་ཡིན་ན་ཡང༌། མཐར་ཐུག་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དང༌། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་དགོས་པས་ན། དེ་སྤང་པའི་ཆེད་དུ་འབད་ཀྱིན་ཡོད་པ་རེད། མདོར་ན། ཆོས་སྒྲུབ་པ་ལ་ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན། ཉོན་མོངས་པའི་གཉེན་པོར་མི་འགྲོ་ན་ཆོས་མིན། ཞེས་གསུངས་པ་ལྟར་ཤེས་དགོས་པ་རེད། ཆོས་གང་ཉམས་སུ་ལེན་པ་ཡིན་ན། རང་ལའང་ཕན་མི་ཐོགས་ཤིང༌། གཞན་ལ་ཡང་ཕན་མ་ཐོགས་ན་ཆོས་ཆོས་བཞིན་དུ་འགྲོ་གི་མེད་པ་རེད། དེས་ན། སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་གོ་རིམ་མ་ནོར་བ་དང༌། ཐོས་བསམ་སྒོམ་གསུམ་རྒྱུ་འབྲས་ཡིན་པ་རྗེ་བཙུན་བྱམས་པ་མགོན་པོའི་མདོ་སྡེ་རྒྱན་གྱི་སྐབས་སུ་གསལ་བོར་གསུངས་ཡོད་པ་རེད། ཡིན་ནའང༌། དང་པོར་ཐོས་པས་གཞུང་ལུགས་ཆ་ཚང་གཏན་ལ་ཕབ་དགོས་ན། དེ་མི་ནུས་པ་ཞིག་རེད་དེ། སོ་སོས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། བློ་ལྡོག་རྣམ་བཞི། བདེན་བཞིའི་འཇུག་ལྡོག་གི་རིམ་པ། ཕ་རོལ་ཏུ་ཕྱིན་པ་དྲུགརྒྱལ་སྲས་བྱང་ཆུབ་སེམས་པ་རྣམས་ཀྱི་ས་ལམ་གྱི་བགྲོད་ཚུལ། མཐར་ཐུག་སྐུ་གཉིས་ཟུང་འཇུག་ཐོབ་ཚུལ་ལ་སོགས་པའི་ནང་ཆོས་ཀྱི་གོ་བ་རགས་པ་རེ་ངེས་པར་ཆགས་དགོས་པ་རེད་མ་གཏོགས། གཞུང་ལུགས་མཐའ་དག་གོ་རྒྱ་བཅད་དགོས་ན་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཡོང་ཐུབ་པ་ཞིག་མིན་པ་དེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང༌། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང༌། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་ལོངས་ཤིག་ཨང༌། །ཞེས་གསུངས་པ་ལྟར་རེད། དང་པོར་རང་གིས་གང་ཉམས་སུ་ལེན་དགོས་ན་དེ་ཐོག་མར་ཤེས་པར་བྱས་ནས། ཉམས་སུ་ལེན་རྒྱུ་གལ་ཆེན་པོ་རེད། ཇོ་བོ་རྗེ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལྟ་བུ་ལས་ལྷག་པའི་ཉམས་ལེན་པ་ཞིག་མེད་པ་རེད་དེ། ཁོང་རྣམ་པ་ཚོས་ནི། ཐོས་བསམ་ཚེ་ན་སྒོམ་པ་འདུག།བསམ་སྒོམ་ཚེ་ན་ཐོས་པ་འདུག།ཐོས་སྒོམ་ཚེ་ན་བསམ་པ་འདུག།ང་བཀའ་རྒྱུད་ཕྱོགས་སུ་མ་ལྷུང་བ། །ཞེས་གསུངས་པ་རེད། དེའི་རྒྱུ་མཚན་གྱིས། སྦྱོར་དྲུག་ཅིག་ཏུ་འདུག་པའི་དབང་དུ་བྱས་ན་ཡང༌། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ལ་གོ་བ་ལེགས་པར་ཆགས་ནས། ངེས་འབྱུང་གི་བསམ་པ་རྒྱུད་ལ་མ་སྐྱེས་ན་ཐར་བའི་འཇུག་སྒོ་ངེས་འབྱུང་གི་བསམ་པ་ཡིན་པའི་རྒྱུ་མཚན་གྱིས། ཐར་བའི་རྒྱུར་མི་འགྲོ་བ་དང༌། སྐྱབས་འགྲོ་རྒྱུད་ལ་མ་སྐྱེས་ན། ནང་པ་སངས་རྒྱས་པའི་གྲལ་དུ་མི་ཚུད་པ་རེད། དེས་ན་སྐྱབས་འགྲོའི་རྣམ་བཞག་ཤེས་པར་བྱས་ནས། ཕྱག་འབུམ་ལ་སོགས་པ་བྱེད་དགོས་པ་ཞིག་དང༌། སྐྱབས་འགྲོ་ལ་དད་པ་གལ་ཆེ་བ་དང༌། དད་པའི་རྩ་བ་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་དགོས་པ་དང༌། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ་ཡང༌། དཀོན་མཆོག་རྗེས་དྲན་གྱི་མདོ་ལྟ་བུ་ལ་བརྟེན་ནས་མཆོག་གསུམ་གྱི་ངོ་བོ་རགས་རིམ་ཙམ་ངེས་པར་ཤེས་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་དེ་ཡིན། དེང་སང་གི་སྐད་ཆ་བྱས་ན་རིན་ཐང་གི་ལྟ་བ་ཡོད་དགོས་པ་དེ་གལ་ཆེན་པོ་རེད། དཔེར་ན་འཁོར་ལོ་བསྐོར་བ་དང༌། ཕྱག་འཚལ་བ། མ་ཎི་འདོན་པ་དེ་འདྲ་བྱས་ན་ཆོས་པ་རེད་ཟེར་བ་དང༌། ཐོས་བསམ་སྒོམ་གསུམ་བྱེད་པ་དང༌། ལོ་བཅུ་ཕྲག་ལྷག་ལ་དཔེ་ཆར་བལྟས་ནའང་ཆོས་པ་ཞེས་པའི་སྒྲ་ཙམ་ཡང་མེད་པ་དེ། ཆོས་ངོས་མ་ཟིན་པས་རེད། དེས་ན། ང་ཚོའི་ཆོས་དེ་གྲོང་ཆོས་ཆགས་འགྲོ་བ་རེད། ཕྱག་སྐོར་བྱེད་པ་ལ་ཕན་ཡོན་མེད་པ་མ་རེད། བསོད་ནམས་ཀྱི་ཚོགས་ཀྱང་བསགས་གི་རེད། ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པ་རེད། ཡིན་ན་ཡང༌། ཡེ་ཤེས་ཀྱི་ཚོགས་ལ་ལྟོས་ཏེ་བསོད་ནམས་ཀྱི་ཚོགས་དེ་རྒྱ་ཆུང་ངུ་རེད། ཐེག་པ་ཆེན་པོ་རྒྱ་མཚོ་ལྟ་བུ་དང༌། ཐེག་པ་ཆུང་ངུ་བ་རྗེས་ཆུ་ཟེར་བ་ལྟ་བུ་རེད། ཐོས་བསམ་སྒོམ་གསུམ་ཡོད་ན་གཞན་གང་དང་ཡང་མི་འདྲ་བ་ཡིན་པ་དེ། སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་ཡོད་པ་དེ་ངས་དེ་རིང་འདི་ནས་རྗེས་ཟློས་ཙམ་བྱས་པ་ཡིན། དེས་མཚོན་ནས། ཁ་ཅིག་སྒོམ་པ་རྐྱང་བ་མ་གཏོགས་ཐོས་པ་མི་དགོས་པར་བསམ་ན་རྩ་བ་ནས་ནོར་བ་རེད། དཔེར་ན། ངེས་དོན་མདོ་བཅུ་སྙིང་བོའི་མདོ་བཅུ་སྔགས་རྒྱུད་སྡེ་བཞི་ལ་སོགས་པའི་སྐབས་སུ་གཞན་སྟོང་ཡང་ནས་ཡང་དུ་གསུངས་པ་དེ། བཤད་ན་ཤེས་རྒྱུ་དང་གོ་རྒྱུ་ཞིག་ཡོད་པའི་རྒྱུ་མཚན་གྱིས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་རེད་མ་གཏོགས། ཐོས་པ་མི་དགོས་ན་ངེས་དོན་མདོ་བཅུ་ལ་སོགས་པ་གསུངས་པ་དོན་མེད་དུ་ཆགས་འགྲོ་བ་རེད། རྒྱལ་ཚབ་བྱམས་པ་མགོན་པོའི་མདོ་སྡེ་རྒྱན་གྱི་སྐབས་སུ། སྒོམ་པ་རྐྱང་བ་ཙམ་གྱིས་ཆོག་ན་ཐོས་པ་དོན་མེད་ཡིན་པ་དང༌། ཐོས་པ་རྐྱང་བ་ཙམ་གྱིས་ཆོག་ན་སྒོམ་པ་དོན་མེད་དུ་འགྱུར་བས་ན། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དགོས་པ་རེད། ཅེས་གསུངས་པ་ལྟར་རེད། ཐོས་བསམ་བྱས་ནས་གཞན་སྟོང་གི་ལྟ་བ་ལེགས་པར་ཤེས་སོང་ན། དེ་ནས་ཉམས་སུ་ལེན་པ་ཡིན་ན་སོ་སོ་ལམ་མ་ནོར་བ་ཞིག་དང༌། གོལ་ནོར་མེད་པ་ཞིག་གི་སྟེང་ནས་འགྲོ་ཐུབ་པ་རེད། རྗེ་བཙུན་བྱམས་པ་མགོན་པོས། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཅེས་གསུངས་པ་དེ་ཡང༌། དེ་ལྟར་ཤེས་དགོས་པ་རེད། བླ་མའི་མན་ངག་གི་སྒོ་ནས་ཐད་ཀར་ངོ་སྤྲད་པ་དེའང་གསུང་རབ་ཀྱི་དོན་གྱི་སྙིང་པོ་དེ་དྲིལ་ནས་གསུངས་པ་ཡིན་པ་རེད། སྤྱིར་བཏང་མན་ངག་ཟེར་བ་དེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་འདི་ལྟར་གསུངས་ཡོད་པ་རེད། དཔེར་ན་གཞུང་ཞིག་ཡིན་ན་མདོར་བསྟན་དང༌། རྒྱས་བཤད། བསྡུས་དོན་གསུམ་ཡོད་པའི་བསྡུས་དོན་དེ་མན་ངག་རེད། མན་ངག་ཞེས་པ་གཞུང་ལས་ལོགས་སུ་གོ་ན་རྩ་བ་ནས་མི་འགྲིག་ཅེས་གསུངས་པ་རེད། དེ་ནང་བཞིན་རྒྱལ་བ་ཙོང་ཁ་པས་ཀྱང༌། གཞུང་ལུགས་ལ་སོགས་པ་བཤད་པའི་གོ་རྒྱ་བཅད་ཙམ་མ་གཏོགས། སྒོམ་པ་ཉམས་ལེན་ལ་ཕན་མི་ཐོགས་ཟེར་ན་ཆོས་སྤོང་གི་ལས་བསགས་པར་འགྱུར། ཞེས་གསུངས་པ་ཡོད་རེད། ཁ་ཅིག་བཀའ་མདོ་རྒྱུད་ཐམས་ཅད་བློར་བཟུང་ནའང༌། ཕན་ཐོགས་ཡོད་པ་མ་རེད། ཉོན་མོངས་པ་འདུལ་དགོས་པ་རེད་ཅེས་བཤད་མཁན་ཡོད་པ་རེད། དངོས་གནས་ཉོན་མོངས་པ་འདུལ་དགོས་པ་རེད་དེ། ཉོན་མོངས་པ་འདུལ་མ་ཐུབ་པའི་དབང་དུ་བྱས་ནའང༌། ཆོས་གཅིག་ཐོས་པ་ཙམ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་དེ། སྔོན་ཆད་འཕགས་པ་ཐོགས་མེད་ཀྱིས་ས་བཅུ་བའི་མདོ་ཞལ་འདོན་མཛད་པ་དེ་ཕུག་རོན་ཞིག་གིས་ཐོས་ནས། རྗེས་སུ་ཕུག་རོན་དེ་ཚེ་འཕོས་ནས་སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ། མངོན་པ་རང་ལས་མཁས་པ་འཕགས་པ་བློ་གྲོས་བསྟན་པའི་སྐྱེ་བ་བཞེས་ཚུལ་ལ་སོགས་པ་ཐོས་པའི་ཕན་ཡོན་བསམ་མི་ཁྱབ་པ་རེད། ཐོས་པས་བག་ཆགས་ཞིག་བཞག་ནཡང༌། མདོ་སྡེ་ལས་བརྒྱ་བའི་སྐབས་སུ། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་དེ་ཉིད་སྨིན་པར་འགྱུར། །ཞེས་གསུངས་པ་ནང་བཞིན་རེད། ངས་ཡིན་གཅིག་མིན་གཉིས་གཞུང་བཀའ་པོད་ལྔ་མདོ་སྔགས་རིག་གནས་དང་བཅས་པ་ལྟ་དགོས་པ་རེད་ཅེས་རྣམ་པ་ཚོར་ཞུས་པ་མིན། མདོར་ན། བླ་མ་ཞིག་ཡིན་ནས་བཟུང་རང་གི་སློབ་མ་དེ་སྐྱབས་འགྲོའི་སྐབས་སུ་སྐྱབས་འགྲོ་སྒོམ་ཤེས་མཁན་ཞིག་དང༌།ངེས་འབྱུང་གི་བསམ་པ་ཡིན་ནའང༌། འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་ལེགས་པར་ཤེས་ནས། དེ་ལ་སྐྱོ་ལྷང་ངེ་བ་ཞིག་གིས་ཟིན་པའི་སྒོ་ནས་ལམ་བསྒོམ་ཤེས་མཁན་ཞིག་ཨེ་ཡོང་ལྟ་དགོས་པ་དང༌། རྡོར་སེམས་བསྒོམ་བཟླས་ཡིན་ཡང་འདྲ། སེམས་བསྐྱེད། དངོས་གཞི། དེ་ནས་བསྐྱེད་རིམ་གྱི་སྐབས་ཡིན་ཡང༌། ལས་རྒྱལ་མཆོག་དཀྱིལ་འཁོར་རྒྱལ་མཆོགཕྲ་ཐིག་གི་རྣལ་འབྱོར། དག་དྲན་སྦྱར་ཚུལ་སོགས་ཤེས་པ་གལ་ཆེ་བ་རེད་མ་གཏོགས། བསྐྱེད་རིམ་གྱི་གོ་ཆོད་ཀྱིན་མེད་པ་རེད། ཡིན་ནའང༌། སྦྱངས་པ་སྔོན་དུ་སོང་པའི་གང་ཟག་ཡོད་པ་རེད། དེ་འདྲ་ཡིན་ན་དངོས་གནས་སྟོང་ཉིད་ཀྱི་དོན་རྟོགས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ཡོད་ན་འགྲིག་གིན་ཡོད་པ་རེད། དེ་མཐའ་འཕེར་བ་དང་རྒྱུན་སྐྱོང་ཐུབ་ན་ཕུན་སུམ་ཚོགས་པ་རེད་དེ། ཉི་མ་ཁ་ཤས་ལ་མཚམས་རེ་འདུག་ཁུལ་བྱས་ཀྱང༌། ཅུང་མ་འགོར་བར་མར་གྲོང་ཆོག་ལ་བརྒྱུག་པ་དང༌། དགྲ་འདུལ་གཉེན་སྐྱོང་ཚོང་ཁེ་སྤོགས་སོགས་མི་ཚེའི་མཐའ་མཇུག་དེ་འདྲ་ཞིག་གིས་མཇུག་རྫོགས་སོང་ན་མི་འགྲིག་པ་རེད། དེ་ནང་བཞིན་དུ། དཔེ་ཆ་པ་ཡིན་ནའང༌། རང་རང་སོ་སོས་སྐབས་དེར་གང་ཤེས་པ་དེ་ཉམས་ལེན་བྱེད་དགོས་པ་རེད་མ་གཏོགས། ཉམས་ལེན་མ་བྱས་ན་འགྲིག་གིན་ཡོད་པ་མ་རེད། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དགོས་པ་རེད། སྔོན་དཔལ་ནཱ་ལེནྡྲ་ལ་མཚོན་པ་ཡིན་ནའང༌། བཤད་གྲྭ་དང་སྒྲུབ་གྲྭ་ཞེས་ལོགས་སུ་དེ་འདྲ་ཡོད་མ་རེད། མ་ཤེས་པ་ཤེས་པའི་ཆེད་དུ་ཐོས་བསམ་གནངས་ནས། གང་ཤེས་པ་དེ་སྒོམ་ཉམས་ལེན་གནང་གིན་ཡོད་པ་རེད། དེ་ལྟར་བཤད་སྒྲུབ་ཟུང་འབྲེལ་བྱས་ཏེ་གྲུབ་བརྙེས་ཀྱི་སར་གཤེགས་པའི་གྲུབ་ཆེན་བརྒྱད་ཅུ་རྒྱན་དྲུག་མཆོག་གཉིས་ལ་སོགས་པ། དང་པོ་ཉན་ཐོས་ཀྱི་སྤྱོད་པས་ཞི་ཞིང་དུལ་བར་བྱས་ཏེ། མཁས་ཤིང་གྲུབ་པའི་སར་གཤེགས་ནས། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་རེད། དེས་ན་དཔལ་ལྡན་བླ་མའི་རྣམ་ཐར། རྗེས་འཇུག་སློབ་མའི་ཉམས་ལེན། ཟེར་བ་ནང་བཞིན་ཨེ་ཡོང་བལྟ་དགོས་པ་རེད། དཔེར་ན་སྔོན་ཆད་ང་རང་གིས་དྲན་མི་དྲན་གྱི་སྐབས་དེར། ཇོ་ནང་གི་རྡོ་རྗེ་སློབ་དཔོན་རྣམ་པ་ཚོ་འདི་འདྲ་ཞིག་ཡིན་རེད། གཞུང་ལུགས་རྒྱ་ཆེན་པོའི་སྟེང་ནས་གོ་རྒྱ་བཅད་མེད་ན་ཡང༌། སྐབས་དེའི་བསྒོམ་བྱའི་དོན་དེ་སྔོན་བྱོན་དམ་པའི་མན་ངག་གིས་བརྒྱན་ནས་གསལ་བོར་གསུངས་རྒྱུ་ཡོད་པ་དེ། དཔེར་ན། བསྐྱེད་རིམ་ཞིག་ཡིན་ན་ལྷའི་ཞལ་ཕྱག་དང༌། ཕྱག་མཚན། རིན་པོ་ཆེའི་བརྒྱན་དང༌། རུས་བརྒྱན། ན་བཟའ་མནབས་ལུགས། དག་དྲན་སྦྱར་ཚུལ་ལ་སོགས་པ་ཆ་ཚང་ཐུགས་ཐོག་ན་ཡོད་པ་སྔོན་བྱོན་དམ་པ་རྣམས་ཀྱི་དཀའ་སྤྱད་དང༌། སྡུག་རུས་དེ་འདྲ་རེད། དེས་ན། ང་ཚོའི་དུས་འདིར་ཡང་རྗེས་འཇུག་གི་སློབ་མ་རྣམས་ལ་གྱོང་མི་རག་པ་ཞིག་དང༌། ནང་པ་སངས་རྒྱས་པའི་བསྟན་པ་ལ་གནོད་སྐྱོན་མི་ཐེབ་པར། འཕེལ་རྒྱས་ཡོང་པའི་ལམ་ཁ་ཞིག་ལ་ཐམས་ཅད་ཀྱིས་ཐུགས་བསྐྱེད་བླ་ན་མེད་གནང་དགོས་ཀྱིན་འདུགདེའི་རྒྱུ་མཚན་གྱིས། ཆོས་ཉན་པ་པོས་ཀྱང་ཆོས་སྦྱང་དགོས་པ་དང༌། འཆད་པ་པོས་ཀྱང་ཆོས་འཆད་དགོས་པ་དེ་གལ་ཆེན་པོ་རེད་མ་གཏོགས། རང་གི་འཁོར་ལ་སྙིང་རྗེ་ཡོད་པ་ཙམ་གྱིས་སྐྱོང་ཐུབ་ཀི་མ་རེད། བླ་མ་མི་ཕམ་ཚང་གིས། ཤེས་རབ་མེད་ན་ཡུལ་འཁོར་ལ། །བྱམས་པ་ཙམ་གྱིས་སྐྱོང་མི་ནུས། །ཞེས་གསུངས་པ་ནང་བཞིན་ཆགས་འགྲོ་བ་རེད། དེས་ན་ང་ཚོས་སློབ་མ་དཔལ་འབྱོར་གྱིས་སྐྱོང་རྒྱུ་མ་ཡིན་པར། གཙོ་བོ་ཆོས་ཀྱིས་སྐྱོང་དགོས་པ་རེད། རྒྱུད་ལ་ཤེས་ཡོན་དང་བསླབ་གསུམ་ཉམས་ལེན་ཡོད་མཁན་ཞིག་དགོས་པ་རེད། མདོར་ན། བསྟན་པའི་སྙིང་བོའམ་ཡང་སྙིང་ཤེས་ནས་བསྟན་པ་འཛིན་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། དེ་མིན་རང་ལ་འཁོར་སློབ་ཡོད་པའི་ཆེད་དུ་ཆགས་སྡང་རྐྱང་རྐྱང་བསག་ན་འགྲིག་གི་མེད་པ་དེ། གུང་ཐང་བསྟན་པའི་སྒྲོན་མེས། བསྟན་པའི་བྱ་བར་སྒྲོ་བཏགས་ནས། །ཆགས་སྡང་རུ་མར་སོང་པ་ཡིད་རེ་མུག།ཅེས་གསུངས་པ་རེད། སྐབས་འདིར་མང་པོ་ཞུ་དགོས་པ་མི་འདུག་སྟེ། གང་ལྟར་དེ་འདྲ་ཞིག་ཞུས་པ་ཡིན། དེས་ན། ང་རང་ཉིད་ཡིན་ན་གཞན་སྟོང་དབུ་མའི་ལྟ་གྲུབ་འདི་འཁོར་ལོ་ཐ་མའི་དགོངས་དོན་མཐར་ཐུག་ཡིན་སྙམ་པའི་ཡིད་ཆེས་ཙམ་ཡོད་པ་མ་གཏོགས། ང་རང་ལྟ་བུ་ཞིག་གི་རྒྱུད་ལ་གཞན་སྟོང་དབུ་མའི་ལྟ་གྲུབ་འདི་སྐྱེ་ཐུབ་རྒྱུ་ཞིག་མ་རེད་དེ། སྔོན་ཆད་རང་ཉིད་དབེན་གསུམ་ལ་འདུག་པའི་སྐབས་དེ་ནས་གཞན་སྟོང་དབུ་མའི་ལྟ་གྲུབ་འདི་བསྒོམས་ན་གྲུབ་འབྲས་ཐོན་པ་ཞིག་དང༌། རྒྱུད་ཀྱི་དགོངས་པ་ནང་བཞིན་དུ་ཉམས་རྟོགས་རྒྱུད་ལ་སྐྱེ་རྒྱུ་ཡོད་པ་ཞིག་ཡིན་པའི་ཡིད་ཆེད་ཙམ་ཡོད་ཟེར་བ་མ་གཏོགས། རང་རྒྱུད་ལ་ས་ལམ་གྱི་ཡོན་ཏན་གང་ཡང་སྐྱེས་མེད་པ་མ་ཟད། འཆིང་བ་ཀུན་ལྡན་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་གི་གཞན་དབང་དུ་གྱུར་བ་ཞིག་ཡིན་པ་རེད། ཡིན་ཡང༌། གཞན་སྟོང་དབུ་མའི་ལྟ་གྲུབ་དེ་ཉམ་དམའ་ལ་ཉག་ཕྲ་བའི་སྐབས་ཡིན་པ་དང༌། འདི་ཉིད་ཉམས་ན་འཁོར་ལོ་ཐ་མའི་དགོངས་པ་ཉམས་སོང་པ་དང༌། སངས་རྒྱས་ཀྱི་བསྟན་པའི་ཕྱོགས་གཅིག་ཉམས་པ་རེད་བསམ་ནས་རང་ཉིད་ཀྱིས་གང་ལ་གང་འཚམ་རེ་ཞབས་ཞུ་སྒྲུབ་ཁུལ་བྱས་པ་ཡིན། དེ་ནང་བཞིན་དུ། ཇོ་ནང་པའི་གྲུབ་མཐའ་དགག་བཞག་བྱས་པ་དེར་ལུང་རིགས་ཀྱིས་སྒོ་ནས་རང་གིས་ཤེས་ཚོད་ཀྱིས་ལན་འདེབས་ཀྱིན་ཡོད། དེས་ན། ང་རང་ཉིད་བསྟན་པ་ལ་ཕྱོགས་སུ་མ་ལྷུང་བ་དང༌། རིས་སུ་མ་མཆིས་པ་ཞིག་ཨེ་ཡོང་བསམ་ནས་སྨོན་ལམ་འདེབས་མཁན་གྱི་གྲས་ཡིན་ཞེས་ཞུ་རྒྱུ་དེ་ཡིན། དེ་དག་ནི་འཕྲོས་དོན་ཙམ་སྟེ། གཞུང་དཀྱུས་ལ་འཇུག་ན། ཀླུ་སྒྲུབ་ཀྱི་རིགས་ཚོགས་སུ། ཞེས་གསུངས་པའི་ཀླུ་སྒྲུབ་ཀྱི་རིགས་ཚོགས་དེ། དབུ་མ་རྩ་བ་ཤེས་རབ་དང༌། སྟོང་ཉིད་བདུན་ཅུ་བ། རིགས་པ་དྲུག་ཅུ་བ་སོགས་རེད། འཇམ་པའི་དབྱངས་དངོས་ཉ་དབོན་ཀུན་དགའ་དཔལ་གྱི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་གྱི་མགོ་ན། བོད་དུ་མ་འགྱུར་བའི་ཐ་སྙད་གྲུབ་པ་བསྣན་ནས་རིགས་ཚོགས་དྲུག་བགྲངས་ཡོད་པ་རེད། མཁས་པ་གཞན་གྱིས་དབུ་མ་རིན་ཆེན་འཕྲེང་བ་རིགས་ཚོགས་སུ་བགྲངས་པ་རེད་དེ། རང་ལུགས་ལ་ཕལ་ཆེར་དབུ་མ་རིན་ཆེན་ཕྲེང་བ་དེ། རིགས་ཚོགས། གཏམ་ཚོགས། བསྟོད་ཚོགས་གསུམ་གྱི་ནང་ནས་རྒྱལ་བོ་བདེ་བྱེད་ལ་སྤྲིངས་པའི་གཏམ་ཚོགས་སུ་བགྲངས་དགོས་པ་ཨེ་ཡིན་བསམ་གྱིན་འདུགདེར་མ་ཟད། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་གྱི་མཇུག་ན། ཁོང་གིས་བརྟེན་སའི་གཞུང་ལུགས་རྣམས་བགྲང་པའི་སྐབས་དེར། རིགས་ཚོགས་ལྔ་མ་གཏོགས་བགྲངས་མེད་པས་ན། དེ་ཚོ་དཔྱད་གཞི་ཅན་ཞིག་རེད། རིགས་ཚོགས་སུ་རང་སྟོང་གསུངས་ཀྱང༌། ཞེས་པ་རིགས་ཚོགས་ཀྱི་སྐབས་སུ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་སྟོང་དུ་བསྟན་པ་མ་གཏོགས། དོན་དམ་བདེན་པ་རང་སྟོང་དུ་བསྟན་པའི་སྐད་ཆ་མ་རེད། གལ་ཏེ་གཞན་གྱིས་འདོད་པ་ལྟར། རིགས་ཚོགས་སུ་རང་སྟོང་གསུངས་པའི་དབང་དུ་བྱས་ན་ཡང༌། བསྟོད་ཚོགས་སུ་གཞན་སྟོང་གསུངས་པ་དེ་གསལ་བོར་ཡིན་པ་རེད་ཅེས་གསུངས་པ་རེད། ཆོས་དབྱིངས་བསྟོད་པ་སོགས་ཀྱི་སྐབས་སུ། སེམས་ཅན་རྣམས་ཀྱི་རྒྱུད་ལ་མཚན་དཔེ་གསལ་རྫོགས་ཀྱིས་བརྒྱན་པའི་དེ་བཞིན་གཤེགས་པའི་སྐུ་ཡོད་པ་ལ་སོགས་པ་གསལ་བོར་བྱས་ནས་གསུངས་ཡོད་པ་རེད། ཆོས་དབྱིངས་བསྟོད་པའི་སྐབས་སུ། ཆུ་ཤིང་སྙིང་པོ་མེད་དོ་ཞེས། ། འཇིག་རྟེན་ན་ནི་དཔེར་བྱེད་ཀྱང༌། །དེ་ཡི་འབྲས་བུ་སྙིང་པོ་ཉིད། །མངར་བོ་ཟ་བར་བྱེད་པ་ལྟར། །སྙིང་པོ་མེད་པའི་འཁོར་བ་ལས། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སྙིང་པོ་ཉིད། །ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། །ཞེས་གསུངས་པ་ལྟར་རེད། དེས་ན་བསྟོད་ཚོགས་སུ་གཞན་སྟོང་གསུངས་པའི་ཕྱིར་ན། གལ་ཏེ་རིགས་ཚོགས་སུ་རང་སྟོང་གསུངས་ཡོད་ཀྱང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུངས་དེ་ཕྱོགས་གཉིས་ཆར་ལ་འཇུག་པ་རེད། ཅེས་གསུངས་པ་རེད། དེས་ན་རིགས་ཚོགས་རང་ལུགས་སུ་ཁས་ལེན་པ་ཡིན་ན་ཡང༌། རང་གཞན་གཉིས་ཀྱི་ཕྱོགས་ན་དེ་ཧ་མ་གོ་བ་ཡོང་གིན་འདུགགལ་ཏེ་རིགས་ཚོགས་ཁས་ལེན་ན། འགྲོ་བ་འདི་ཡི་རང་བཞིན་མེད། །དེ་བཞིན་གཤེགས་པའི་རང་བཞིན་མེད། །ཅེས་སོགས་ཀྱིས་དེ་བཞིན་གཤེགས་པ་རང་བཞིན་གྱིས་མ་གྲུབ་པར་གསུངས་འདུག་ཅེས་དེ་ལྟར་གསུང་མཁན་ཡོད་པ་རེད། ཡིན་ན་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྩ་འགྲེལ་གྱི་སྐབས་སུ། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་ཡོད་ཅེས་གསུངས་ནས། འགྲོ་བ་འདི་ཡི་རང་བཞིན་མེད། །དེ་བཞིན་གཤེགས་པའི་རང་བཞིན་མེད། །ཅེས་གསུངས་ཡུལ་གྱི་ཕྱོགས་སྔ་ཉན་ཐོས་སྡེ་གཉིས་ལ་སོགས་པ་རེད། དེ་དག་གིས་མྱ་ངན་ལས་འདས་པ་དེ་རང་བཞིན་གྱིས་གྲུབ་པའི་མཚན་མ་ལ་སོགས་པ་ཁས་ལེན་པས་ན་དེའི་མཚན་འཛིན་གྱི་སྤྲོས་པ་བཅད་པའི་ཆེད་དུ་གསུངས་པ་ཡིན་ཞེས་གསལ་བོར་བྱས་ནས་གསུངས་ཡོད་པ་རེད། དེ་བཞིན་དུ་འཇམ་པའི་དབྱངས་དངོས་ཉ་དབོན་ཀུན་དགའ་དཔལ་གྱི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ཀྱི་སྐབས་དེར་ཡང༌། རིགས་ཚོགས་སྐབས་སུ་གཙོ་བོ་བདེན་དངོས་དགག་པ་རེད། ཅེས་གསུངས་ཡོད་པ་རེད། དེས་ན་རིགས་ཚོགས་རང་གཞུང་ཡིན་པར་གསུངས་ཀྱིན་ཡོད་པ་རེད། དེ་ཡང་རིགས་ཚོགས་ཀྱི་སྐབས་སུ། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་སོགས་ཀྱིས་མྱ་ངན་ལས་འདས་པ་བདེན་པ་ཡིན་པ། མི་བསླུ་བ་ཡིན་པ། རང་གི་ངོ་བོས་མི་སྟོང་བ་ཡིན་པ། རྫུན་པའི་ཆོས་མ་ཡིན་པར་གསུངས་པ་ལ་སོགས་པ་དེ་དག་ཀྱང༌། རང་ལུགས་ལ་རིགས་ཚོགས་གཞན་སྟོང་དབུ་མའི་གཞུང་ཡིན་པའི་སྒྲུབ་བྱེད་དུ་འགྲོ་བ་ཞིག་ཏུ་ཆགས་འདུག་ཡོད་པརེད།

སངས་རྒྱས་ཉིད་ཀྱིས་ལུང་བསྟན་པ་རྣམས་ལ་ཡིད་རྟོན་དགོས་པར་བསྟན་པ།

སངས་རྒྱས་ཉིད་ཀྱིས་ལུང་བསྟན་པ་རྣམས་ལ་ཡིད་རྟོན་དགོས་པར་བསྟན་པ།

དེ་ནས། རྩ་བར། གཞན་ལེགས་ལྡན་འབྱེད་དང༌། ཟླ་བ་གྲགས་པ་ལ་སོགས་པ་རྣམས་སྤྱིར་པཎྜི་ཏ་མཆོག་ཡིན་ཡང༌། རྒྱན་དྲུག་གི་ནང་དུ་ཚུད་པ་སངས་རྒྱས་ཉིད་ཀྱི་བསྟན་པ་འཛིན་པ་ལུང་བསྟན་པ་ཐོབ་པའི་ཐོགས་མེད་སྐུ་མཆེད་ཕྱོགས་གླང་ཆོས་གྲགས་དང༌། དོ་བརྡོ་བའི་ཡུལ་མ་ཡིན་ཞིང༌། ཁྱད་པར་འཕགས་པ་ཐོག་མེད་ནི་མདོ་སྡེ་དྲང་ངེས་འབྱེད་པར་སངས་རྒྱས་ཉིད་ཀྱིས་ལུང་བསྟན་ལ། དབྱིག་གཉེན་འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་བཞུགས་པ་དང༌། དབྱིག་གཉེན་ཕྱོགས་གླང་ཆོས་སྐྱོང་རྣམས་ལ། ཟླ་བ་གྲགས་པ་དང༌། ཡེ་ཤེས་སྙིང་པོ་སོགས་ཀྱིས་ཀྱང་རང་ལས་མཁས་ཤིང་གསན་རྒྱ་ཆེ་བ་དང༌། ཤིང་རྟ་ཆེན་པོ་ཡིན་པར་དག་པ་བྱིན་པའི་ཕྱིར་ཟླ་གྲགས་སོགས་ཀྱི་ལུང་ལ་བརྟེན་ཏེ་ཐོགས་མེད་སྐུ་མཆེད་འགོག་པ་ནི་གཟུ་ལུམ་ཡིནནོ། །ཞེས་གསུངས་སོ། །གཞན་གྲུབ་མཐའི་སྟེང་ནས་ཕྱོགས་འདི་གཉིས་ལ་དགག་སྒྲུབ་ཤིན་ཏུ་མང་བར་འདུག་ནའང༌། ཡི་གེ་མངས་པར་འགྱུར་ཞིང༌། རེ་ཞིག་གཟིགས་མི་བདེ་བར་སྣང་བས་མ་བྲིས་ལ། ཞེས་གསུངས་ཏེ། དེ་ནས་གཞན་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པ་ལ་སོགས་པ་རྣམས་སྤྱིར་པཎྜི་ཏ་མཆོག་ཡིན་ཡང༌། རྒྱན་དྲུག་གི་ནང་དུ་ཚུད་པ་སངས་རྒྱས་ཉིད་ཀྱི་བསྟན་པ་འཛིན་པར་ལུང་བསྟན་པ་ཐོབ་པའི། ཐོགས་མེད་སྐུ་མཆེད་ཕྱོགས་གླང་ཆོས་གྲགས་དང་དོ་བརྡོ་བའི་ཡུལ་མ་ཡིན་ཞིང༌། ཞེས་དེ་དག་དང་མི་འདྲ་བར་གསུངས་པ་རེད། རྒྱན་དྲུག་མཆོག་གཉིས་ལ་སོགས་པ་བསྟན་བྱེད་ཀྱི་ལུང་དེ་དག་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ནང་དུ་འདུག་ལ། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ནང་ནའང༌། འཇམ་དཔལ་རྩ་རྒྱུད་ལ་སོགས་པའི་ལུང་དེ་དག་བཀོད་ཡོད་པ་རེད། ཁྱར་པར་འཕགས་པ་ཐོགས་མེད་ནི་མདོ་སྡེ་དྲང་ངེས་འབྱེད་པར་སངས་རྒྱས་ཉིད་ཀྱིས་ལུང་བསྟན་ལ། དབྱིག་གཉེན་འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་བཞུགས་པ་དང༌། དབྱིག་གཉེན་ཕྱོགས་གླང་ཆོས་སྐྱོང་རྣམས་ལ། ཟླ་བ་གྲགས་པ་དང་ཡེ་ཤེས་སྙིང་པོ་སོགས་ཀྱིས་ཀྱང་རང་ལས་མཁས་ཤིང་གསན་རྒྱ་ཆེ་བ་དང༌། ཤིང་རྟ་ཆེན་པོ་ཡིན་པར་དག་པའམ་བསྟོད་བསྔགས་ལ་སོགས་པ་སྦྱིན་པ་རེད་ཅེས་གསུངས་པ་རེད། ཟླ་གྲགས་སོགས་ཀྱི་ལུང་ལ་བརྟེན་ཏེ་ཐོགས་མེད་སྐུ་མཆེད་འགོག་པ་ནི་གཟུ་ལུམ་ཡིན་ནོ་ཞེས་གསུངས་པ་རེད། དཔལ་ལྡན་ཟླ་བ་གྲགས་པའི་ལུང་ལ་བརྟེན་ནས་འཕགས་པ་ཐོགས་མེད་སྐུ་མཆེད་ལ་སོགས་པ་འགོག་པ་ནི་བློ་གཟུ་བོར་གནས་པ་མ་ཡིན་པ་དང༌། འགོག་ཐུབ་མིན་མ་བརྟགས་པ་ཙམ་རེད་མ་གཏོགས། ཐོགས་མེད་སྐུ་མཆེད་ལ་སོགས་པ་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡིན་པ་དང༌། དཔལ་ལྡན་ཟླ་བ་ལ་སོགས་པ་གོང་ནས་བཤད་པ་ནང་བཞིན་སོ་སོའི་སྐྱེ་བོ་པཎྜི་ཏ་ཡིན་པར་གསུངས་པ་དང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་གྱི་སྐབས་སུ་ཡང་མང་པོགསུངས་ཡོད་པ་རེད་དེ། དེ་དག་ཧ་ཅང་སྤྲོས་བཤད་མ་བྱས་ན་ཆོག་པར་འདུག

རང་སྟོང་གཞན་སྟོང་གི་ངོ་བོ་སོ་སོ་ནས་བསྟན་པ།

རང་སྟོང་གཞན་སྟོང་གི་ངོ་བོ་སོ་སོ་ནས་བསྟན་པ།

དེ་ནས། རྩ་བར། དེ་ལ་རང་སྟོང་གི་དོན་ནི་ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང་བདེན་པར་མེད་པའི་ཕྱིར་ཆོས་ཐམས་ཅད་རང་སྟོང་ཡིན་ཞེས་འདོད་པའི་དོན་ཡིན་ལ། གཞན་སྟོང་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་མེད་རང་གི་ངོ་བོས་སྟོང་བས་རང་སྟོང་ཡིན་ཡང༌། དོན་དམ་གྱི་དབྱིངས་ནི་བདེན་པར་གྲུབ་པའི་ཕྱིར་རང་གི་ངོ་བོས་མི་སྟོང་ལ། འོན་ཀྱང་སྟོང་ཉིད་ནི་ཡིན་ཏེ། གཞན་གཟུང་འཛིན་སོགས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར། དོན་དམ་ནི་གཞན་སྟོང་ཡིན་ནོ། །ཞེས་བཞེད་པའི་དོན་ཡིན་པས་ཀུན་རྫོབ་རང་སྟོང་ཡིན་པ་ལ་མཐུན་ཡང༌། དོན་དམ་རང་སྟོང་དུ་བཞེད་མི་བཞེད་ཀྱི་ཁྱད་པར་ཡིན་ནོ། །ཞེས་གསུངས་ཏེ། གཞན་ཡང༌། གྲུབ་མཐའི་སྟེང་ནས་ཕྱོགས་འདི་གཉིས་ལ་དགག་སྒྲུབ་ཤིན་ཏུ་མང་བར་འདུག་ནའང༌། ཡི་གེ་མངས་པར་འགྱུར་ཞིང༌། རེ་ཞིག་གཟིགས་མི་བདེ་བར་སྣང་བས་མ་བྲིས་ལ། ཞེས་གསུངས། དེ་ལ་རང་སྟོང་གི་དོན་ནི་ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང༌། བདེན་པར་མེད་པའི་ཕྱིར་རང་སྟོང་ཡིན་ཞེས་འདོད་པའི་དོན་ཡིན་ལ། ཞེས་གསུངས་པའི་འདོད་པ་ཟེར་བ་གཙོ་བོ་རང་སྟོང་བའི་དོན་དེ་གསུངས་ནས་རང་སྟོང་པས་ནི། ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང་བདེན་པར་མེད་པའི་རྒྱུ་མཚན་གྱིས་ཆོས་ཐམས་ཅད་རང་སྟོང་དུ་འདོད་པ་རེད་ཅེས་གསུངས་པ་རེད། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་མེད་ཅིང་རང་གི་ངོ་བོས་སྟོང་པ་ཡིན་ན་ཡང༌། ཆོས་དབྱིངས་བདེ་བར་གཤེགས་པའི་ཡེ་ཤེས་དེ་བདེན་པར་གྲུབ་པའི་རྒྱུ་མཚན་གྱིས། རང་གི་ངོ་བོས་མི་སྟོང་ལ། འོན་ཀྱང་དེ་ནི་སྟོང་ཉིད་རེད་ཅེས་གསུངས་པ་རེད། སྟོང་ཉིད་ཡིན་པའི་རྒྱུ་མཚན་གང་རེད་ཟེར་ན། གཟུང་འཛིན་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པས་ན་དོན་དམ་བདེན་པ་གཞན་སྟོང་ཡིན་ནོ་ཞེས་བཞེད་མཁན་གྱི་གང་ཟག་དེ་གཞན་སྟོང་པ་རེད་ཅེས་གསུངས་པ་རེད། དེས་ན་སྐབས་འདིར་རང་སྟོང་གཞན་སྟོང་ཞེས་གསུངས་ཡོད་པ་དེ་རང་སྟོང་པ་དང༌། གཞན་སྟོང་པའི་དོན་ལ་བཞག་པ་རེད། དེས་ན་རང་སྟོང་གི་དོན་ནི། རང་གི་ངོ་བོ་བདེན་པས་སྟོང་བའི་ཆོས་ཞིག་ལ་རང་སྟོང་ཟེར། གཞན་སྟོང་གི་དོན་ནི། རང་གི་ངོ་བོ་བདེན་པས་མི་སྟོང་ཞིང་གཞན་གཟུང་འཛིན་སོགས་སྤྲོས་པ་མཐའ་དག་གིས་གདོད་ནས་སྟོང་པའི་ཆོས་དེ། གཞན་སྟོང་གི་ཚད་དུ་བཞག་ཆོག་པ་རེད། རང་ལུགས་ལ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་སྟོང་མཚན་ཉིད་པ་དང༌། ཀུན་རྫོབ་རང་སྟོང་ཡིན་པ་དེ་དབུ་མ་རང་སྟོང་བ་དང༌། གཞན་སྟོང་བ་གཉིས་ཀྱི་ལུགས་ལ་མཐུན་པ་རེད་ཅེས་གསུངས་པ་རེད། དོན་དམ་རང་སྟོང་དུ་བཞེད་མི་བཞེད་ལ་ཁྱད་པར་ཆེན་པོ་ཡོད་པ་དེ། རང་སྟོང་བ་རྣམས་ཀྱིས། དོན་དམ་བདེན་པ་ཡང་རང་སྟོང་རེད་ཟེར་བ་དང༌། གཞན་སྟོང་པ་རྣམས་ཀྱིས། དོན་དམ་བདེན་པ་རང་གི་ངོ་བོ་བདེན་པས་མི་སྟོང་པའི་རྒྱུ་མཚན་གྱིས་རང་སྟོང་མ་ཡིན་ཀྱང༌། གཞན་ཀུན་རྫོབ་གློ་བུར་གྱིས་སྟོང་པ་ཡིན་པའི་རྒྱུ་མཚན་གྱིས་གཞན་སྟོང་ཡིན་ཟེར་དགོས་པ་རེད། རྒྱུད་བླ་མའི་སྐབས་སུའང༌། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིདཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་སྤྲོས་པ་མཐའ་དག་གིས་སྟོང་བར་གསུངས་ཡོད་པ་རེད། དེས་ན་ང་ཚོས་སེམས་གནས་ལ་མཉམ་པར་བཞག་ན་ཡང༌། ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་དང་བྲལ་བའི་དབྱིངས་དེ་ཉིད་བསྒོམ་ཐུབ་ན། སྤྲོས་བྲལ་གྱི་ལྟ་བ་དང༌། གཞན་སྟོང་གི་ལྟ་བ་དེ་བསྒོམ་ཐུབ་ཀྱིན་ཡོད་པ་རེད། སྤྲོས་པ་དང་མ་བྲལ་བས་སྤྲོས་བཅས་སུ་ཆགས་ཡོད་པ་རེད། སྤྲོས་བཅས་ཀྱི་གཞན་སྟོང་ཞིག་ཡོད་པ་མ་རེད། དེས་ན་རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། གློ་བུར་དག་གིས་ཁམས་བདེ་བར་གཤེགས་པའི་སྙིང་པོ་སྟོང་ཞེས་གསུངས་པ་རེད། དེའི་རྒྱུ་མཚན་གྱིས། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྒོ་ནས་མ་བཅོས་པ་བློས་བྱས་ཀྱི་བསླད་མ་ཞུགས་པའི་སྟེང་ནས་བསྒོམ་དགོས་པ་དེ་དང༌། བསྒོམ་པའི་ཚེ་ན་ཡང༌། བྱང་རྨུགས་རྒོད་པ་ལ་སོགས་པའི་སྐྱོན་གང་ཡང་མེད་པར་བསྒོམ་རྒྱུ་གལ་ཆེན་རེད།

བདེན་གཉིས་འཇོག་ཚུལ་སོ་སོར་བསྟན་པ་ལ་གཉིས་ལས།

བདེན་གཉིས་འཇོག་ཚུལ་སོ་སོར་བསྟན་པ་ལ་གཉིས་ལས།

༡ རང་སྟོང་སྨྲ་བའི་བཞེད་ཚུལ།དེ་ནས། རྩ་བར། ཀུན་རྫོབ་དང་དོན་དམ་ཡང་འཇོག་ལུགས་མི་འདྲ་སྟེ། རང་སྟོང་བ་རྣམས་ནི་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་ལྟར་སྣང་བ་ནི་ཀུན་རྫོབ་ཡིན་ལ། དེ་རྣམས་རང་བཞིན་མེད་པ་གང་ཡིན་པ་དེ་ནི་དོན་དམ་བདེན་པར་འཇོག་སྟེ། དོན་དམ་དེ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་ཙམ་ལ་འཇོགཅེས་གསུངས་ཏེ། ཀུན་རྫོབ་དང་དོན་དམ་འཇོག་ལུགས་ཀྱང་མི་འདྲ་བར་གསུངས་པ་དེ། རང་སྟོང་པ་རྣམས་ནི་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་ལྟར་སྣང་བ་ནི་ཀུན་རྫོབ་ཡིན་ལ། དེ་རྣམས་རང་བཞིན་མེད་པ་གང་ཡིན་པ་དེ་ནི་དོན་དམ་བདེན་པར་འཇོག་སྟེ། དོན་དམ་དེ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་ཙམ་ལ་འཇོགཅེས་གསུངས་པ་དེ་བདེན་གྲུབ་ཀྱི་སྤྲོས་པ་དང་བྲལ་བའི་བདེན་མེད་མེད་དགག་ཅིག་རེད། དེ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཏུ་འཇོག་པ་རེད་ཅེས་རང་སྟོང་པ་རྣམས་ཀྱི་ནང་ནས། རིབོ་དགེ་ལྡན་པ་ལྟ་བུས་དེ་འདྲ་གསུངས་ཡོད་པ་རེད།

གཞན་སྟོང་སྨྲ་བའི་བཞེད་ཚུལ།

༢གཞན་སྟོང་སྨྲ་བའི་བཞེད་ཚུལ།

དེ་ནས། རྩ་བར། གཞན་སྟོང་བ་རྣམས་ནི་དངོས་པོ་དང་དངོས་མེད་གཟུང་འཛིན་སོགས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ནི་ཀུན་རྫོབ་ཡིན་ལ། དོན་དམ་པའི་དབྱིངས་གཉིས་སྟོང་གི་ཡེ་ཤེས་རང་རིག་པ་ནི་དོན་དམ་དུ་འཇོག་པས། དོན་དམ་སྤྲོས་པ་དང་བྲལ་ཙམ་ལ་མི་འཇོག་པར་གཟུང་འཛིན་གཉིས་ཀྱི་སྤྲོས་པས་དབེན་པའི་རིག་པ་ལ་འཇོགཅེས་གསུངས་ཏེ། གཞན་སྟོང་པ་རྣམས་ཀྱིས་དངོས་དངོས་མེད་གཟུང་འཛིན་སོགས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ཀུན་རྫོབ་རེད་ཅེས་གསུངས་པ་རེད། དོན་དམ་པའི་དབྱིངས། གཉིས་སྟོང་གི་ཡེ་ཤེས་རང་རིག་པ་དེ། དོན་དམ་ཡིན་པར་འཇོག་པའི་རྒྱུ་མཚན་གྱིས་དོན་དམ་སྤྲོས་པ་དང་བྲལ་ཙམ་ལ་མི་འཇོག་པར་གཟུང་འཛིན་གྱི་སྤྲོས་པས་སྟོང་པའི་རིག་པ་ཡེ་ཤེས་ཞིག་ཏུ་འཇོག་གིན་ཡོད་པ་རེད། དེས་ན་རང་ལུགས་ལ་གཞན་སྟོང་དེ། དབྱིངས་རིག་དབྱེར་མེད་འདོད་མཁན་དང༌། ཆོས་ཀྱི་དབྱིངས་ཡེ་ཤེས་ཡིན་པར་འདོད་མཁན་མང་པོ་ཞིག་གིས་གཞན་སྟོང་ཁས་ལེན་དང་མི་ལེན་གྱི་ཐ་སྙད་གང་བྱས་ཀྱང༌། དོན་གྱིས་གཞན་སྟོང་ཁས་ལེན་པར་སོང་པ་རེད་བསམ་གྱིན་འདུགདེའི་རྒྱུ་མཚན་གྱིས། དཔེར་ན་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའི་ཟབ་མོ་སྣང་བའི་སྐབས་སུ། ཀུན་གཞི་དང་ཡེ་ཤེས་ཀྱི་ཁྱད་པར་ཕྱེས་ནས་དབྱིངས་དེ་ཉིད་ཡེ་ཤེས་ཡིན་པར་གསུངས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་གཞན་སྟོང་ཁས་ལེན་གྱིན་ཡོད་པ་འདྲ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་རྗེ་བཙུན་ངལ་གསོའི་རིགས་ཀྱི་སྐབས་སུ་དབྱིངས་དེ་ཉིད་ཡེ་ཤེས་ཡིན་པ། བདེན་གྲུབ་ཡིན་པར་གསུངས་པ་རེད། ཡིན་ནའང༌། དང་པོ་ཉིད་ནས་མཚན་བཟང་གིས་བརྒྱན་པ་ཞིག་མ་ཡིན་པར་སངས་རྒྱས་པའི་ཚེ་ན་མཚན་བཟང་གིས་བརྒྱན་པ་ཞིག་ཏུ་འགྱུར་བ་ཞིག་ཏུ་ཁས་ལེན་གྱིན་ཡོད་པ་རེད། ཁ་ཅིག་གིས་དེ་ཀརྨ་མི་བསྐྱོད་རྡོ་རྗེའི་རང་གི་དགོངས་པ་མ་རེད། ཁོང་གི་བླ་མ་ཇོ་ནང་པ་ཞིག་གི་བཞེད་དགོངས་ལྟར་བཤད་པ་རེད་ཅེས་དེ་འདྲ་བཤད་མཁན་ཡོད་པར་འདུག་སྟེ། ཇོ་ནང་པའི་འདོད་པ་དང་བསྟུན་བཞག་པ་རྩ་བ་ནས་མ་རེད། དེ་མ་ཡིན་པ་ཀརྨ་མི་བསྐྱོད་རྡོ་རྗེ་རང་གིས་དེའི་གོང་ནས། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་བ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པའི་དོན་གསུངས་པའི་སྐབས་སུ། ཀུན་མཁྱེན་ཇོ་ནང་པ་ན་རེ། ཞེས་གསུངས་ནས་ཀུན་མཁྱེན་ཇོ་ནང་པ་ཕྱོགས་སྔ་བྱས་ནས་བཀག་ཡོད་པ་དང༌། རིགས་ཀྱི་སྐབས་སུ་ཡང་ཇོ་ནང་པ་དགག་ཡོད་པ་རེད། ཇོ་ནང་བས་ངོ་བོ་ཉིད་སྐུ་དོན་དམ་པའི་མཚན་བཟང་གིས་བརྒྱན་པ་ཁས་ལེན་པ་དེ། ཀརྨ་མི་བསྐྱོད་རྡོ་རྗེའི་འདོད་པ་དང་མི་འདྲ་བར་ཆགས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་ཀུན་མཁྱེན་ཇོ་ནང་པ་དང་བསྟུན་པ་རེད་ཅེས་བཤད་རྒྱུ་ཡོད་པ་མ་རེད། ཡིན་ན་ཡང༌། ཀརྨ་མི་བསྐྱོད་རྡོ་རྗེའི་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལྟ་བུར་མཚོན་པ་ཡིན་ན། དཔལ་ལྡན་ཟླ་བ་གྲགས་པའི་ལུགས་ལྟར་གསུངས་ཡོད་པ་རེད། དེ་ལྟར་གསུངས་དགོས་པ་ཡང༌། དཔལ་ལྡན་ཟླ་བའི་དབུ་མ་འཇུག་པའི་འགྲེལ་བ་ཡིན་པའི་རྒྱུ་མཚན་གྱིས་དབུ་མ་འཇུག་པ་ནང་བཞིན་བཤད་དགོས་པ་རེད། དཔེར་ན་མཛོད་ཀྱི་དབང་དུ་བྱས་ན་ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་ལྟར་བཤད་ཡོད་པ་དེ། མཛོད་རང་གི་སྐབས་སུའང༌། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཅེས་གསུངས་པ་ནང་བཞིན་རེད། སི་ཏུ་པཎ་ཆེན་དང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཀརྨ་སྐུ་ཕྲེང་རིམ་བྱོན་ཐམས་ཅད་ཀྱིས་གཞན་སྟོང་གསུངས་པ་ཡིན་པར་བསམ་གྱིན་ཡོད། དེ་ནས་བླ་མ་མི་ཕམ་ཚང་གི་གཞན་སྟོང་ལྟ་བ་ཁས་ལེན་སེང་གེའི་ང་རོའི་སྐབས་སུ་ཡང༌། དོན་དམ་བདེན་པ་བདེན་པར་གྲུབ་ཅེས་སོགས་གསུངས་ཡོད་པ་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལྟ་བུར་མཚོན་ན། གཞི་ན་བཞུགས་པའི་རིག་པ་ཉིད། །ཡེ་ཤེས་དབྱིངས་ན་སྐུ་གསུམ་རྫོགས། །ཞེས་གསུངས་ནས། གཞི་ན་བཞུགས་པའི་ཡེ་ཤེས་དེ་སྐུ་གསུམ་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་ཡིན་པར་གསུངས་ཀྱིན་འདུགདེས་ན་དོན་གྱིས་གཞན་སྟོང་ཁས་བླངས་པ་ལྟ་བུ་རེད། ཡང་རང་སྟོང་གཞན་སྟོང་མི་འགལ་ཟེར་མཁན་ཡོད་པ་རེད། དེའི་རྒྱུ་མཚན་དོན་དམ་བདེན་པ་སྤྲོས་པ་མཐའ་དག་གིས་སྟོང་པས་ན་རང་སྟོང༌། དོན་དམ་པའི་ཡོན་ཏན་གྱིས་མི་སྟོང་པས་ན་གཞན་སྟོང་ཟེར་ནས་བཤད་པ་ཙམ་ཡིན་ན་རང་སྟོང་གཞན་སྟོང་མི་འགལ་ཟེར་ནས་བཤད་པའི་རྣམ་གྲངས་རེ་ཡོད་ཆོག་པ་རེད། ང་རང་ཡིན་ན། བོད་ན་གྲགས་ཆེ་བའི་ལྟ་བ་གསུམ་གྱི་ནང་ནས་རི་བོ་དགེ་ལྡན་པས། ཆོས་ཐམས་ཅད་རང་ངོས་ནས་གྲུབ་པས་སྟོང་པར་གསུངས་པ་དེ། ཇོ་ནང་པ་གཞིར་བཞག་བྱས་པ་ཡིན་ན་ཡང་འཁོར་ལོ་བར་བའི་རྒྱུད་སྦྱངས་པའི་གང་ཟག་ལ་ཆོས་ཐམས་ཅད་སྤྲོས་པ་མཐའ་དག་གིས་སྟོང་བའམ། སྤྲོས་པའི་བདེན་གྲུབ་ཀྱིས་སྟོང་པ་གཏན་ལ་ཕབ་དགོས་ཀྱིན་ཡོད་པ་རེད། དེས་ན་དེ་ཡང་ཤེས་དགོས་པ་དང༌། ཉམས་ལེན་བྱེད་དགོས་པར་ཆགས་ཡོད་པ་རེད། གོ་རམས་པ་ལ་སོགས་པས། ཡོད་མེད་ཡིན་མིན་གང་ཡང་ཁས་མི་ལེན་པའི་སྤྲོས་བྲལ་གྱི་ལྟ་བ་ཞིག་གསུངས་ཡོད་པ་དེ་ཡང༌། མཉམ་བཞག་ལ་ཟློ་བའི་སྐབས་དེར་འདི་ཡིན་འདི་མིན་ཡོད་མིན་མེད་མིན་གང་ཡང་ཁས་ལེན་མེད་པར་སྤྲོས་པ་ཐམས་ཅད་དང་བྲལ་བ་ཞིག་དགོས་པ། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུའང་གསུངས་ཡོད་པ་དེ་རེད། རྗེས་ཐོབ་ཤན་འབྱེད་ཀྱི་སྐབས་སུ་ཡིན་ན་དོན་དམ་པར་ཡོད་པ་ལ་ཡོད། མེད་པ་ལ་མེད་ཅེས་སོ་སོར་ལེགས་པར་ཕྱེ་བའི་སྐབས་དེར་གཞན་སྟོང་གི་ལྟ་བའམ། འཁོར་ལོ་ཐ་མའི་དགོངས་པ་ནང་བཞིན་དུ་འཇོག་དགོས་པ་ཞིག་རེད། དེའི་རྒྱུ་མཚན་གྱིས་དེ་དག་དགོངས་པ་འགལ་མེད་སྒྲུབ་ཚུལ་ཡོད་པ་ཨེ་ཡིན་ན་བསམ་གྱིན་འདུགསྤྱོད་འཇུག་སོགས་ཀྱི་སྐབས་སུའང་ཤེས་པ་བེམ་མིན་ལོག་པ་སྟེ། །ཞེས་གསུང་ཚུལ་ཡོད་པ་རེད། དེ་ལྟ་བུའི་ཚིག་སྤྱོད་འཇུག་ནཕལ་ཆེར་མེད་པ་འདྲ་བས་དཔྱད། དེ་ནས། རྩ་བར། སྤྲོས་བྲལ་ཙམ་ནམ་མཁའ་ལྟ་བུ་ནི་བེམ་སྟོང་དང་ཆད་སྟོང་ཡིན་པར་འདོད། ཞེས་གསུངས་ཏེ། སྤྲོས་པ་དང་བྲལ་ཙམ་དེ་མེད་དགག་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་དེ་ཐོགས་རེག་བཀག་ཙམ་གྱི་མེད་དགག་གམ། ཡང་ན། བསྒྲིབ་བྱ་སྒྲིབ་བྱེད་དང་བྲལ་བའི་གཟུགས་སོགས་བཀག་པའི་བཀག་ཆ་སྟེ། དེ་འདྲའི་གཟུགས་སོགས་བཀག་པའི་བཀག་ཆ་ལྟ་བུ་དེ་མེད་དགག་ཅིག་ཡིན་པ་རེད། དེ་འདྲའི་ནམ་མཁའ་ལྟ་བུ་དེ་ནི་བེམ་སྟོང་དང༌། ཆད་སྟོང་ཡིན་པར་འདོད་ཅེས་གསུངས་པ་རེད། བེམ་སྟོང་ཟེར་བ་དེ་ལ་རང་ལུགས་ཀྱིས་གོ་བ་གང་འདྲ་ཞིག་རྒྱག་གིན་ཡོད་ཅེས་ཟེར་ན། བེམ་པོ་དང་སྟོང་ཉིད་གཉིས་ཀྱི་གཞི་མཐུན་དེ་འདྲ་ལ་གོ་བ་རེད། དེས་ན། བེམ་སྟོང་ཟེར་བ་དེ་སྤྱིར་བཏང་ང་ཚོ་རྫོགས་ལྡན་ཆོས་མཆོག་གི་ལུགས་ལྟར་ན། བཀའ་བསྡུ་བཞི་པའི་སྐབས་སུ། ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོན་ཆོད། །དེའི་ཕྱིར་དེ་ལ་ཕུང་པོ་གསུམ་པ་མེད། །ཅེས་གསུངས་པ་ལྟར་བཤད་པ་རེད། དེས་ན། རང་གི་བདག་ཉིད་གསལ་རིག་ལས་གྲུབ་པ་སྟེ། གསལ་ཞིང་རིག་པའི་རྫས་ལས་གྲུབ་པའི་ཤེས་པ་ཞིག་ལ་རིག་པ་ཞེས་གསུངས་པ་དང༌། དེ་འདྲའི་རིག་པ་མ་ཡིན་པའི་ཆོས་ཤིག་ལ་བེམ་པོ་ཞེས་གསུངས་པ་རེད། དེས་ན། མེད་དགག་ལ་སོགས་པ་དེ་དག་ནི་བེམ་པོ་དང༌། སྟོང་ཉིད་ཡིན་པ་དེས་ན་བེམ་སྟོང་ཞེས་དེ་ལྟར་གསུངས་པ་རེད། དེ་ནས་ཆད་སྟོང་ཟེར་བ་དེ་ནི། རྟག་ཆད་ཀྱི་མཐའ་གཉིས་ཀྱི་ནང་ནས་ཆད་པ་དེ་ལ་སྦྱར་རྒྱུ་མ་ཡིན་པར༌། སྐབས་འདིའི་ཆད་སྟོང་ཟེར་བ་དེ་དོན་དམ་པའི་ཡོན་ཏན་ཐམས་ཅད་ཀྱིས་དབེན་པའམ་མེད་པའི་སྟོང་པ་ཉིད་ཡིན་པའི་རྒྱུ་མཚན་གྱིས་ཆད་སྟོང་ཞེས་དེ་ལྟར་གསུངས་པ་རེད། དེས་ན། དཔལ་ལྡན་རྒྱལ་བ་ཇོ་ནང་པའི་རང་ལུགས་ལ་མཚོན་ན། སྟོང་ཉིད་དེ་དགག་སྒྲུབ་གཉིས་ཀྱི་ནང་ནས་དགག་པ་དང༌། དགག་པ་དེ་ལ་དབྱེ་ན་མ་ཡིན་དགག་དང༌། མེད་དགག་གཉིས་ཡོད་པའི་ནང་ནས་མ་ཡིན་དགག་ཡིན་པ་དེ་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་མང་པོ་ཞིག་ཏུ། མེད་ཙམ་མིན་པར་མེད་གཞི་ཡིན་པ་དང༌། དེ་མ་ཡིན་དགག་ཀྱང་ཡིན་ཏེ། ཞེས་སློབ་དཔོན་མ་ཏི་ཙེ་ཊའི་གསུང་ལ་སོགས་ཤེས་བྱེད་དུ་བཀོད་ནས་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་གསུང་གི་ཡོད་པ་དེ་འདྲ་རེད། དེའི་རྒྱུ་མཚན་གྱིས། མདོར་ན་རང་ལུགས་ལ་ཆད་སྟོང་དང་བེམ་སྟོང་ཞེས་པ་དེ་དེ་ལྟར་ཁས་ལེན་དགོས་པ་རེད། འོ་ན། དེའི་ཚིག་ཟུར་གྱི་སྟོང་ཞེས་པ་དེ་སྟོང་ཉིད་ལ་གོ་ན་ཆོག་པ་ཨེ་རེད་ཅེས་ཟེར་ན། སྤྱིར་བཏང་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་འཆའ་བ་ཡིན་ནོ་ཞེས་འདིའི་འོག་ཏུ་ཚུལ་གཉིས་རྣམ་འབྱེད་སྐབས་སུ་གསུངས་ཡོད་པ་རེད། དེས་ན་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་འཆའ་བ་དེ་རང་ལུགས་ཀྱིས་གཞུང་གང་ལ་བརྟེན་པ་རེད་ཟེར་ན། ཤེར་ཕྱིན་གྱི་མདོའི་སྐབས་སུ། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། ཅེས་ཆོས་ཐམས་ཅད་སྟོང་ཉིད་ཡིན་པར་དེ་འདྲ་གསུང་ཟིན་ལ་ཡོད་པ་རེད། དེ་ནང་བཞིན་དུ་རྒྱལ་ཚབ་བྱམས་པ་མགོན་པོའི་མདོ་སྡེ་རྒྱན་གྱི་སྐབས་སུ། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིདདང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་བཞིན་ཆོས་ཐམས་ཅད་སྟོང་ཉིད་ཡིན་ཞེས་ཀུན་བརྟགས་སོགས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་སོགས་ཀྱིས་སྟོང་པ་ཡིན་པའི་རྒྱུ་མཚན་གྱིས་སྟོང་ཉིད་ཡིན་ཞེས་པ་ལ་སོགས། མདོར་ན་རང་ལུགས་ལ་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་འཆའ་བ་དེ་ཡང་དེ་འདྲ་ཞིག་གི་ཐོག་ནས་ཤེས་དགོས་པ་རེད། ཡིན་ན་ཡང༌། ཀུན་མཁྱེན་ཉ་དབོན་པས་སྟོང་ཉིད་དང་སྟོང་པ་ཉིད་གཉིས་ཅུང་ཙམ་མི་འདྲ་བ་དེ་གཉིས་ཀྱི་སྐད་དོད་དང༌། དོན་སོགས་མི་འདྲ་བའི་སྒོ་ནས་ཁྱད་པར་དེ་ལྟར་གསུང་གིན་ཡོད་པ་རེད། སྟོང་པ་ཉིད་ཅེས་གསུངས་པའི་ཉིད་ཀྱི་སྒྲ་དེ་ཡང༌། ངོ་བོའི་རྐྱེན་གྱི་དབང་དུ་བྱས་ནས། དཔེར་ན། ཆོས་ཉིད་ཅེས་པའི་སྐད་དོད་ལ་མཚོན་ན། དྷརྨ་ཞེས་པ་དེ་ཆོས་ཀྱི་སྐད་དོད་ཡིན་པ་དང༌། ཉིད་ཅེས་པའི་སྐད་དོད་ལ་དྷརྨ་ཏཱ་ཟེར་བ་ནང་བཞིན། ཤུ་ནྱཱ་ཏཱ་ཟེར་བའི་ཏཱ་དེ་ཡང་ངོ་བོའི་རྐྱེན་གྱི་དབང་དུ་བྱས་པ་ཡིན་ན། གཞི་གྲུབ་ན་སྟོང་ཉིད་ཡིན་པས་མ་ཁྱབ་ལ། དེའི་སྟོང་ཉིད་ཅེས་པ་དེ་ཡང་དག་པའི་མཐའ་དང༌། ཆོས་ཉིད། དོན་དམ་བདེན་པ་སོགས་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་སྟོང་ཉིད་དེ་ལ་གོ་བ་རེད། དེ་ལྟར་ཡང༌། མདོ་སྡེ་རྒྱན་གྱི་སྐབས་སུ། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དགམཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་གསུངས་པ་ལྟར་དུ་གོ་བའི་སྐབས་གཅིག་སྟེ་སྐབས་སོ་སོ་རྣམ་པར་ཕྱེ་དགོས་པ་ལས། ཚིག་འདྲ་ཡང་དོན་མི་འདྲ་བ་དཔེར་ན། སྟོང་ཉིད་ཅེས་པའི་ཚིག་ཟུར་གྱི་ཉིད་ཀྱི་སྒྲ་དེ་རྣམ་བཅད་ཀྱི་དབང་དུ་བྱས་ན། གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་ཅེས་པ་དང༌། སྟོང་ཉིད་ཅེས་པའི་ཚིག་ཟུར་གྱི་ཉིད་ཀྱི་སྒྲ་དེ་ངོ་བོའི་རྐྱེན་གྱི་དབང་དུ་བྱས་ན། དེའི་སྟོང་ཉིད་དེ་དང་དོན་དམ་བདེན་པ་དང༌། ཡང་དག་པའི་མཐའ་ལ་སོགས་པ་དོན་གཅིག་ཡིན་པས། གཞི་གྲུབ་ན་སྟོང་ཉིད་ཡིན་པས་མ་ཁྱབ་པ་ཡིན་པ་སོགས་དེ་ལྟར་འཆད་ཀྱིན་ཡོད་པ་དེ་ཤེས་དགོས་ཀྱི་འདུགདེས་ན། རང་ལུགས་ལ་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་བཞེད་པའི་ལུགས་ལྟར་བཤད་ན་ཡང༌། རང་ལུགསཀྱི་གཞུང་ཕལ་ཆེ་བའི་སྐབས་སུ་གསུང་གིན་ཡོད་པ་རེད།གནས་ལུགས་མཐར་ཐུག་མེད་དགག་ཏུ་འདོད་ན་ཆད་མཐར་སྟོང་ཚུལ་སོགས་ཕྱེ་ནསབསྟན་པ་ལ་གཉིས་ལས།

རང་སྟོང་སྨྲ་བའི་བཞེད་ཚུལ།

༡ རང་སྟོང་སྨྲ་བའི་བཞེད་ཚུལ།

དེ་ནས། རྩ་བར། དེས་ན་རང་སྟོང་བ་རྣམས་ཀྱིས་དོན་དམ་མེད་དགག་དང༌། དངོས་མེད་ལ་འཇོགཅེས་གསུངས་ཏེ། རང་སྟོང་པ་རྣམས་ཀྱིས་ནི་དོན་དམ་བདེན་པ་དེ་མེད་དགག་དང༌། དངོས་མེད་ཡིན་པར་ཁས་ལེན་རྒྱུ་རེད་ཅེས་དེ་ལྟར་གསུངས་པ་རེད། ཡིན་ན་ཡང༌། རང་ལུགས་ལ་དོན་དམ་བདེན་པ་དེ་དངོས་པོ་ཨེ་རེད་ཅེས་ཟེར་ན། དངོས་པོ་མ་ཡིན་ཞེས་དེ་ལྟར་བཤད་དགོས་པ་རེད། འོན་ཀྱང༌། གཞན་ཕྱོགས་ཀྱི་མཁས་པ་གུང་ཐང་བསྟན་པའི་སྒྲོན་མེའི་དྲང་ངེས་མཆན་གྱི་སྐབས་སུ། ཇོ་ནང་པས་དོན་དམ་བདེན་པ་དེ་དངོས་པོ་ཡིན་པར་དོན་གྱིས་ཁས་ལེན་པར་མ་ཟད། དངོས་སུ་ཁས་ལེན་གྱིན་འདུག་ཅེས་དངོས་སུ་ཁས་ལེན་པའི་ཤེས་བྱེད་ལ། བཀའ་བསྡུ་བཞི་པ་ལས། དངོས་མེད་མ་ཡིན་དངོས་པོ་ཡིན། །ཞེས་པའི་ཚིག་དེ་དྲངས་ནས་གསུངས་བཞག་འདུགཡིན་ན་ཡང༌། བཀའ་བསྡུ་བཞི་པ་རང་གི་ནང་ན་དེ་འདྲའི་ཚིག་ཅིག་ཡོད་པ་མ་རེད་མོད། འོན་ཀྱང༌། དངོས་མེད་མ་ཡིན་དངོས་ཡོད་ཡིན། །ཟེར་བའི་ཚིག་ཅིག་ཡོད་པ་རེད། དེས་ན། དངོས་མེད་མ་ཡིན་དངོས་ཡོད་ཡིན་ཞེས་པ་ནི། །དངོས་སུ་ཡོད་པ་ཡིན་པ་ལས་དངོས་སུ་མེད་པ་ཞིག་མ་རེད་ཅེས་པའི་དོན་ཡིན་ལ། དེས་ན། ཁ་ཅིག་གིས་ལུང་དེ་ཙམ་ལ་བརྟེན་ནས་གསུངས་པ་རེད་མ་གཏོགས། བཀའ་བསྡུ་བཞི་པ་རང་གི་སྐབས་སུ། དངོས་དང་དངོས་མེད་གང་ཡང་མ་ཡིན་པའི། །ཕུང་བོ་གསུམ་པ་བཞེད་པ་རྫོགས་ལྡན་ལུགས། །ཞེས་གསུངས་པ་ནང་བཞིན་དོན་དམ་བདེན་པ་དེ་དངོས་པོ་མ་ཡིན་པར་མ་ཟད། དངོས་མེད་ཀྱང་མ་ཡིན་ཞེས་མདོར་ན་དངོས་པོ་དང་དངོས་མེད་གཉིས་ཀ་སྒྲ་རྟོག་གིས་ཕར་བཞག་པ་ཙམ་ཡིན་ལ། དེའི་རྒྱུ་མཚན་གྱིས་དངོས་མེད་ཀྱང་མ་ཡིན་ཞེས་འདོད་པ་རེད། འོན་ཀྱང༌། དངོས་པོ་ལས་ལོག་ཙམ་སྟེ། དངོས་པོ་མ་ཡིན་པ་ཙམ་ལ་བསམ་བློ་བཏང་སྟེ། དངོས་མེད་ཅེས་འཇོག་ཚུལ་ཡོད་པ་དེ་ལྟར་བྱས་ན། དེ་འདྲའི་དངོས་མེད་ཙམ་རེད་ཅེས་བཤད་ནས། མདོར་ན། དངོས་དང་དངོས་མེད་གང་ཡང་མ་ཡིན་པའི། །ཕུང་བོ་གསུམ་པ་བཞེད་པ་རྫོགས་ལྡན་ལུགས། །ཞེས་པ་དང༌། དངོས་དང་དངོས་མེད་འདས་པའི་གཙོ། །ཟེར་བ་སོགས་རྒྱུད་སྡེ་རྣམས་ཀྱི་སྐབས་སུ་ཡང་དེ་ལྟར་གསུངས་པ་རེད། དེས་ན། དེའི་གསུང་ཟིན་བཞིན་དུ་དོན་དམ་བདེན་པ་དེ་དངོས་པོདང༌། དངོས་མེད་གང་ཡང་ཁས་མི་ལེན་པ་དེ་འདྲ་རེད།༢གཞན་སྟོང་སྨྲ་བའི་བཞེད་ཚུལ།དེ་ནས། རྩ་བར། གཞན་སྟོང་པ་རྣམས་ཀྱིས་དོན་དམ་དངོས་པོ་ཡིན་པ་རྒྱུ་རྐྱེན་གྱིས་གསར་དུ་འདུས་བྱས་པ་མ་ཡིན་པ། སྔ་ཕྱི་ཐམས་ཅད་འགྱུར་བ་མེད་ལ་རྟག་བརྟན་གཡུང་དྲུང་ཡིན་པའི་ཕྱིར་ཆད་མཐར་མི་འགྱུར། ཞེས་གསུངས་ཏེ། གཞན་སྟོང་པ་རྣམས་ཀྱིས་དོན་དམ་བདེན་པ་དེ་དངོས་པོ་ཡིན་པ་དང༌། རྒྱུ་རྐྱེན་གྱིས་གསར་དུ་འདུས་བྱས་པ་མ་ཡིན་ཞེས་གསུངས་པ་མ་གཏོགས། དངོས་པོ་ཡིན་ཞེས་གསུང་གིན་མེད་པ་དེ་འདྲ་རེད། དེར་བརྟེན། སྔ་ཕྱི་ཐམས་ཅད་དུ་འགྱུར་བ་མེད་པ་ཞིག་ཏུ་ཁས་ལེན་གྱིན་ཡོད་པ་རེད། དེ་ཡང་རྒྱུད་བླ་མའི་སྐབས་སུ། ཇི་ལྟར་སྔར་ཡོད་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ནང་བཞིན་གྱིས་ཇི་ལྟར་སྔ་མ་སྔ་མའི་དུས་སུ་སྐུ་དང་ཞིང་ཁམས་ཀྱི་རྣམ་པ་ཐམས་ཅད་པའི་བདག་ཉིད་ཡིན་པ་ནང་བཞིན་དུ། ཕྱི་མ་ཕྱི་མའི་དུས་སུ་ཡང་འགྱུར་བ་མེད་པ་དེ་འདྲ་རེད། དེའི་ངོ་བོ་ལ་སྔར་གློ་བུར་གྱི་དྲི་མ་དང༌། རང་བཞིན་གྱི་དྲི་མ་སོགས་བསལ་བར་བྱ་བ་ཡང་ཡོད་པ་མ་རེད་ལ། སྔར་མེད་པའི་ཡོན་ཏན་སོགས་གཞག་པར་བྱ་བ་ཡང་ཡོད་པ་མ་རེད། དེའི་རྒྱུ་མཚན་གྱིས། བསྟན་བཅོས་རྒྱུད་བླ་མ་དང༌། མངོན་པར་རྟོགས་པའི་རྒྱན་གཉིས་ཀྱི་སྐབས་སུ་ཚིག་གཅིག་དབྱངས་གཅིག་གིས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པ་ནང་བཞིན་དུ་ཤེས་དགོས་ཀྱིན་འདུགདེས་ན། རང་གི་ངོ་བོ་རྟག་བརྟན་གཡུང་དྲུང་ཡིན་པས་རང་གི་ངོ་བོ་ཡོན་ཏན་ཐམས་ཅད་ཀྱིས་ཆད་ཙམ་ཞིག་འདོད་པ་དང༌། ཀུན་རྫོབ་ཀྱི་ཆོས་ལ་སོགས་མེད་པར་སྨྲ་བདང༌། དོན་དམ་པའི་ཡོན་ཏན་དེ་ཉིད་མེད་པར་ཁས་བླངས་ཆགས་སོང་ན། ཆད་མཐར་ལྟུང་འགྲོ་བ་རེད། དེ་འདྲ་མ་ཡིན་པར། རང་གི་ངོ་བོ་སྔ་མ་སྔ་མའི་དུས་སུ་མི་འགྱུར་བས་རྟག་པདང༌། ཕྱི་མ་ཕྱི་མའི་དུས་སུ་མི་འགྱུར་བས་བརྟན་པ་ཟེར་བ་ལྟ་བུ་དང༌། གཞན་ཡང༌། རྒྱ་ནག་མཁན་པོ་ཝེན་ཚེག་གི་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་བ་སོགས་ཀྱི་སྐབས་སུ་འདི་ལྟར་གསུངས་ཏེ། གཡུང་དྲུང་ཞེས་པའི་སྐད་དོད་ལེགས་སྦྱར་སམ་ཀྲི་ཏའི་སྐད་དུ་བྱས་ན། ཤ་ཤྭཏྲ་ཞེས་པ་དེ་རྟག་པ་དང་བརྟན་པའི་དོན་ལ་འཇུག་པ་གསུངས་ཡོད་པ་རེད། ཡང་ན། ཕྱི་མ་ཕྱི་མའི་དུས་སུ་མི་འགྱུར་བས་ན་གཡུང་དྲུང་ལ་འཇུག་པ་ཡང་གསུངས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས། ཆད་མཐར་མི་འགྱུར་ཞེས་གསུང་གིན་ཡོད་པ་དེ་ལྟར་རེད། འོན་ཀྱང༌། ང་ཚོའི་རང་གཞུང་ལ་ལྟ་མ་མྱོང་མཁན་དེ་འདྲ་ཁ་ཅིག་གིས། ཇོ་ནང་པས་རྟག་བརྟན། གཡུང་དྲུང་ཁས་ལེན་རྒྱུ་རེད་ཅེས་ཟེར་ཏེ། དེ་འདྲའི་སྒོ་ནས་ཟུར་ཟའི་ཚིག་གཏོང་མཁན་ཆེས་མང་པོ་ཡོང་གིན་འདུགདེ་ཚོ་ནི་དགག་བཞག་བྱ་བའི་གནས་ཀྱང་མ་རེད། ཁོ་ཚོས་གཞུང་ལུགས་ལ་ལྟ་མ་མྱོང་བ་རེད་མ་གཏོགས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་སྡེ་དུ་མ་དང༌། རྗེ་བཙུན་བྱམས་པ་མགོན་པོའི་བསྟན་བཅོས་རྒྱུད་བླ་མ་སོགས་ཀྱི་སྐབས་སུ་གཡུང་དྲུང་དང༌། རྟག་བརྟན་ཟེར་བའི་ཚིག་མང་པོ་ཡོང་གི་ཡོད་པ་རེད། དཔེར་ན། བསྟན་བཅོས་རྒྱུད་བླ་མའི་རྩ་བའི་མགོ་ནས་མཇུག་བར་དུ་རྟག་བརྟན་ཟེར་བ་དང༌། གཡུང་དྲུང་ཟེར་བ་འདྲ་བའི་ཚིག་ཕལ་ཆེར་བཅོ་ལྔ་ནས་ཉི་ཤུའི་བར་ཡོད་རྒྱུ་རེད་བསམ་གྱིན་འདུགདེ་ཡང་དཔེར་ན། རྒྱུད་བླ་མའི་སྐབས་སུ། སྐྱེ་བ་མེད་ཅིང་འཆི་བ་མེད། །གནོད་མེད་རྒ་བ་མེད་པ་སྟེ། །དེ་ཡི་རྟག་དང་བརྟན་ཕྱིར་དང༌། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །ཞེས་སུངས་ཏེ། རྒ་བ་མེད་པའི་རྒྱུ་མཚན་ལ་གཡུང་དྲུང་ཡིན་པའི་ཕྱིར་དང༌། གནོད་པ་མེད་པའི་རྒྱུ་མཚན་ལ་ཞི་བའི་ཕྱིར་ཟེར་བ་འདྲ་དང༌། འཆི་བ་མེད་པའི་རྒྱུ་མཚན་ལ་བརྟན་པའི་ཕྱིར་དང༌། སྐྱེ་བ་མེད་པའི་རྒྱུ་མཚན་ལ་རྟག་པ་ཡིན་པའི་ཕྱིར་ཟེར་བ་དེ་འདྲའི་སྒོ་ནས། སྐྱེ་བ་མེད་ཅིང་འཆི་བ་མེད། །གནོད་མེད་རྒ་བ་མེད་པ་སྟེ། །དེ་ཡི་རྟག་དང་བརྟན་ཕྱིར་དང༌། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །ཞེས་སོགས་དེ་ལྟ་བུའི་སྒོ་ནས་གསུང་གིན་ཡོད་པ་དེ་ལྟར་རེད། དེའི་རྒྱུ་མཚན་གྱིས་མདོར་ན། རྟག་བརྟན་གཡུང་དྲུང་ཟེར་བ་དེ་གཞན་གྱིས་ཡིན་ན། ཐ་ཆད་འདྲ་བ་ཞིག་ཡིན་རྒྱུའི་དབང་དུ་བཏང་སྟེ་སྔོན་མར་དགག་བཞག་མང་པོ་མཛད་བཞག་པའི་དབང་གིས། ཁ་ཅིག་གིས་རྟག་བརྟན་གཡུང་དྲུང་ཟེར་བ་དེ། ཐ་ཆད་ཅིག་ཏུ་འཇོག་གིན་ཡོད་པ་རེད་དེ། དེ་འདྲ་ཞིག་མ་རེད། སངས་རྒྱས་བཅོམ་ལྡན་འདས་རང་གིས་ཀྱང༌། དོན་དམ་ཆོས་ཀྱི་དབྱིངས་ལ་རྟག་བརྟན། ཞི་བ། གཡུང་དྲུང་ཞེས་དེ་འདྲའི་ཚིག་ཟིན་ངེས་དོན་མདོ་བཅུ་དང༌། སྙིང་བོའི་མདོ་བཅུ་སོགས་ཀྱི་སྐབས་སུ་གསལ་བོར་གསུངས་ཡོད་པ་དང༌། གཞན་ཡང༌། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་འགྲེལ་བ་ལ་རྗེ་བཙུན་བྱམས་པ་མགོན་པོ་ལས་ལྷག་ཅིག་ས་སྟེང་འདི་ན་ཡོད་པ་མ་རེད་ལ། ས་འོག་ན་ཡོད་པ་མ་རེད། དེ་བཞིན་ས་བླ་ན་ཡང་ཡོད་པ་མ་རེད། དེ་ལྟར་ཡིན་དུས། ཁོང་གིས་རྟག་བརྟན། ཞི་བ། གཡུང་དྲུང་ཞེས་རྒྱུད་བླ་མ་སོགས་ཀྱི་སྐབས་སུ་ཡང་ནས་ཡང་དུ་གསུངས་ཡོད་པ་དེ་ཤེས་དགོས་ཀྱི་འདུགའོན་ཀྱང༌། ཁ་ཅིག་གིས་གཞན་སྟོང་ཟེར་བ་དེ་སྔོན་མར་ཆབ་སྲིད་ཀྱི་འཁོར་ཕྱོགས་ཀྱི་དབང་གིས། ལག་ཡོད་ཡོད་གཉིས་ཀས་གཞན་སྟོང་ལ་དགག་པ་ཕྲིས། ཁ་ཡོད་ཡོད་གཉིས་ཀས་གཞན་སྟོང་ལ་དགག་པ་གྱིས་ཞེས་དེ་འདྲའི་སྒོ་ནས་མང་པོ་ཞིག་བཤད་སོང་བའི་དབང་གིས་གཞན་སྟོང་ཟེར་འོང་དུས། ངན་པ་ཞིག་ཡིན་པར་བཞག་སྟེ། ཞིབ་འཇུག་གང་ཡང་མེད་ཐོག་གཞན་སྟོང་ལ་ཁ་བཏང་བ་རེད། འོན་ཀྱང༌། གཞན་སྟོང་དགག་ན་དགག་མི་ཆོག་ཟེར་བ་གང་ཡང་ཡོད་པ་མ་རེད། ཡིན་ན་ཡང༌། སོ་སོས་ཞིབ་འཇུག་གང་ཡང་མེད་པའི་སྐད་ཆ་མང་པོ་དེང་སང་བཤད་འོང་གིན་འདུག་སྟེ། དེ་ལྟ་བུ་དེ་ནི་ཧ་ཅང་ནོར་འཁྲུལ་རེད་བསམ་གྱིན་འདུགརང་ལུགས་ཀྱི་གཞུང་རྣམས་ཀྱི་སྐབས་སུ་གཞན་སྟོང་ཇི་བཞིན་པ་དངོས་སུ་གསུངས་ཡོད་པ་དེ་དག་དོར་ནས། དེ་ནས་རང་གར་གཞན་སྟོང་ཞེས་དགག་པ་གཏོང་མཁན་རེ་ཟུང་དེང་སང་ཡོང་གིན་འདུག་མོད། དེ་འདྲ་དེ་ཧ་ཅང་ནོར་འཁྲུལ་རེད་བསམ་གྱིན་ཡོད། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་རང་སྟོང་དང་གཞན་སྟོང་ཞེས་ཕན་ཚུན་ཕྱོགས་བཟུང་ནས། དགག་བཞག་བྱས་པ་དེ་བསྟན་པའི་མཛེས་རྒྱན་ཡང་རེད་ལ། བསྟན་པ་དེ་ཕན་ཚུན་འགྲན་པ་ནང་བཞིན་འཕེལ་བ་ཡང་ཡོང་ཐུབ་ཡོད་རྒྱུ་རེད། དེ་ཚོ་ཡག་པོ་རེད། སྤྱིར་བཏང༌། ང་ཚོ་ཕན་ཚུན་འགྲན་པ་ནང་བཞིན་གོང་འཕེལ་དུ་འགྲོ་བའི་ཐབས་སུ་སོང་ན་ཡག་པོ་འདུག་ཟེར་གྱིན་ཡོད། དེ་ལས་ལྡོག་ཏེ། ཕན་ཚུན་མགོ་གནོན་རེས་དང༌། དམའ་འབེབས། ཁྱད་གསོད་བྱེད་པ་དེ་རང་ཉིད་ཡར་རྒྱས་སུ་མི་འགྲོ་བར་མ་ཟད། གཞན་གྱིས་མགོ་གནོན་བྱེད་པ་དེ་ཡག་པོ་ཡང་མ་རེད། དེ་ལྟར་མིན་པར། གཞན་ལ་འགྲན་རྩོད་བྱེད་པའི་དབང་གིས་རང་ཉིད་ཡར་རྒྱས་ལ་བཏང་སོང་ན་དེ་ཡང་ཕྱོགས་གཅིག་ནས་འགྲིག་འདུག་ཡོད་པ་རེད་ཅེས་ཞུ་གིན་ཡོད། གཞན་སྟོང་ཡང་དེ་དང་འདྲ་བར་མདོར་ན། རང་རང་སོ་སོས་གཞན་སྟོང་གི་ལྟ་གྲུབ་དང༌། གཞན་སྟོང་གི་ལུང་རིགས་ཀྱི་སྒྲུབ་ཕྱོགས་སེམས་འགྲེལ་སྐོར་གསུམ་གྱི་མན་ངག་ལ་བརྟེན་ཚུལ་དང༌། བཀའ་མདོ་རྒྱུད་དྲི་མ་མེད་ལ་སོགས་ཀྱི་སྐབས་སུ་བསྒྲུབ་ལུགས། བསྒྲུབ་སྟངས། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་ལུང་རིགས་སྟོང་ཕྲག་ལྷག་བཀོད་ནས་གསུངས་པ་དེ་ཚོའི་དགོངས་པ་ལ་ཞིབ་པར་དཔྱད་ནས། དེ་དག་འཐད་མི་འཐད་ཀྱི་དགག་བཞག་གི་སྤྲོས་པ་བྱེདན་ཡག་པོ་འདུག་བསམ་གྱིན་ཡོད། དེ་འདྲ་ཞིག་རེད། དེ་ནས། རྩ་བར། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར། རྟག་པའི་མཐར་མི་འགྱུར་བ་ཚིག་གིས་བརྗོད་པའི་ཡུལ་ལས་འདས་ཤིང༌། ཞེས་གསུངས་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། སྤྲོས་པའི་བདག་དང་སྤྲོས་པའི་བདེན་པར་གྲུབ་པ་དེ་འདྲ་ཞིག་ཡོད་སོང་ན། རྟག་མཐར་ལྟུང་སོང་བ་རེད། དེ་འདྲ་མེད་པའི་རྒྱུ་མཚན་དང་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབང་གིས་རྟག་པའི་མཐར་ཡང་མི་འགྱུར་ཞེས་གསུངས་པ་རེད། ཚིག་གིས་ཇི་ལྟ་བ་བཞིན་དུ་བརྗོད་པའི་ཡུལ་ལས་འདས་པ་ཞིག་རེད། ཚིག་གིས་བརྗོད་ཡོང་དུས། ཚིག་གི་དངོས་ཡུལ་དེ་སྒྲ་རྟོག་ལ་སོགས་པའི་ཡུལ་དུ་བྱེད་འགྲོ་དགོས་པ་རེད། དེ་བྱེད་དུས། སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་དེ་སྤྲོས་པ་དང་མ་འདྲེས་པར་ཡུལ་དུ་བྱེད་ཐུབ་གིན་ཡོད་པ་མ་རེད། དེའི་རྒྱུ་མཚན་གྱིས་མདོར་ན། ཚིག་གིས་བརྗོད་པའི་ཡུལ་ལས་སམ་བརྗོད་བྱའི་ཡུལ་ལས་འདས་པ་ཡིན་པརདེ་ལྟར་གསུངས་པ་རེད། དེ་ནས། རྩ་བར། རྣམ་རྟོག་གིས་འདི་ལྟ་བུའོ་ཞེས་བཞག་ཏུ་མེད་པས་རྟོག་གེའི་ཡུལ་ལས་འདས་པ་དང༌། ཞེས་གསུངས་ཏེ། འདི་དག་རྟོག་གེའི་ཡུལ་ལས་འདས་ཞེས་པ་འདྲ་དང༌། བརྗོད་བྱའི་ཡུལ་ལས་འདས་ཞེས་པ་ལ་སོགས་ཀྱང་གཏན་ནས་བརྗོད་མི་ཐུབ་པ་དང༌། གཏན་ནས་རྟོག་པ་གང་གིས་ཀྱང་རྟོགས་མི་ཐུབ་པ་དེ་འདྲ་ལ་གོ་རྒྱུ་མིན་པར། ཇི་ལྟ་བ་བཞིན་དུ་རྟོགས་མི་ཐུབ་པའམ་མངོན་གསུམ་གྱིས་རྟོགས་པ་ནང་བཞིན་དུ་སྤྲོས་བྲལ་ལ་སོགས་པ་རྟོགས་ཐུབ་ཀྱིན་ཡོད་པ་མ་རེད་ཅེས་པའི་དོན་རེད། རྒྱུ་མཚན་དེའི་ཕྱིར་ན། དེ་ལྟར་གོ་བ་དེ་གནད་ཆེན་པོ་ཞིག་ཏུ་ཆགས་ཡོད་པ་རེད་མ་གཏོགས་དེ་ལྟར་མ་ཡིན་ན། ངེས་དོན་མདོ་བཅུ་དང༌། སྙིང་བོའི་མདོ་བཅུ་སོགས་ཀྱི་སྐབས་སུ་ཆོས་ཉིད་ཀྱང་མ་བསྟན་ཟེར་དགོས་ལ། དེ་ལྟར་ན། ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་པའི་མདོ་ཡང་མེད་ཟེར་དགོས་པ་འདྲ་དང༌། ངེས་དོན་གྱི་མདོ་ཡང་མེད་ཟེར་དགོས་པ་སོགས་སུ་ཆགས་འགྲོ་བ་དེ་དང༌། གཞན་ཡང༌། ཆོས་ཉིད་ལ་ཐོས་པ་དང༌། དེ་ནས་བསམ་པ། བསམས་པའི་དོན་ཡང་ནས་ཡང་དུ་གོམས་པར་བྱས་ནས་བསྒོམས་བྱུང་དང༌། བསྒོམས་བྱུང་དེ་ཡང་རྣལ་འབྱོར་མངོན་སུམ་དུ་འཕོས་པ་སོགས་ཀྱང་མེད་པར་ཐལ་འགྲོ་བ་དང༌། དེ་ལྟར་ཐལ་བ་ཡིན་ན། རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པ། ཡང་དག་ཡང་དག་མ་ཡིན་པའི། །གང་གང་ཤིན་ཏུ་གོམས་གྱུར་པ། །གོམས་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོགས་བློ་འབྲས་ཅན། །ཞེས་པ་ལ་སོགས་པས་ཀྱང་གནོད་འགྲོ་བ་དེ་འདྲ་རེད། དེས་ན། རྟོག་གེའི་ཡུལ་ལས་འདས་པ་དང་ཞེས་པའི་གོ་རྒྱུ་དེ་དེ་འདྲ་ཞིག་གི་ཐོག་ནས་ཁས་ལེན་དགོས་པ་དེ་རེད། སྤྱིར་བཏང་ངས་ཁ་སང་གོང་དུ་ཞུས་པ་བཞིན་དུ། སྒྲ་རྟོག་སོགས་ཀྱིས་ཡུལ་ཆོས་ཉིད་སོགས་རྟོགས་ཚུལ་དེ། དོན་སྤྱིའི་སྒོ་ནས་རྟོགས་པ་མ་གཏོགས་རང་མཚན་དང་འདྲ་བར་མངོན་སུམ་གྱིས་ཡུལ་དུ་བྱེད་ཐུབ་ཀྱིན་ཡོད་པ་མ་རེད། དེས་ན། མངོན་སུམ་དུ་རྟོགས་པ་ལ་ཡང་ནས་ཡང་དུ་བསྒོམས་ནས་རྟོགས་དགོས་པ་རེད་མ་གཏོགས། སྒྲ་རྟོག་གིས་རྟོགས་པ་ཙམ་གྱིས་མངོན་སུམ་དུ་རྟོགས་པའི་གོ་ཆོད་ཀྱིན་ཡོད་པ་མ་རེད། དེས་ན། ཡང་ནས་ཡང་དུ་གོམས་པར་བྱས་ནས་རྟོགས་དགོས་པ་ཞིག་རེད། དེར་བརྟེན། ཆོས་ཉིད་ཡིན་ཡང་འདྲ། སྤྲོས་བྲལ་གྱི་ལྟ་བ་གང་ཡིན་ཡང༌། དེ་ཚོ་ཐམས་ཅད་རང་གིས་རྟོགས་དགོས་ཤིང༌། རྟོགས་པ་དེ་ཡང་མཐར་ཐུག་ན་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་རང་གིས་ཉམས་སུལེན་ཞིང༌། དེ་ནས་མངོན་སུམ་དུ་རྟོགས་དགོས་པ་དེ་གལ་ཆེན་པོ་རེད། དེ་ནས། རྩ་བར། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་ཡིན་པར་བཞེད་དོ། ཞེས་གསུངས་ཏེ། དོན་དམ་བདེན་པ་ཆོས་ཀྱི་དབྱིངས་དེ་རིག་པ་ཡིན་པར་མ་ཟད། རང་ལུགས་ལ་རང་བྱུང་ཡེ་ཤེས་ཀྱི་རིག་པ་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་དེ་ཡང༌། རང་རིག་དེ་ལ་འདུས་བྱས་དང༌། འདུས་མ་བྱས་གཉིས་ཡོད་པའི་ནང་ནས་འདུས་མ་བྱས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མྱོང་བྱའམ་རྟོགས་བྱ་ཞིག་རེད་ཅེས་མངོན་སུམ་དུ་མྱོང་བྱ་ཡིན་པར་དེ་ལྟར་གསུངས་པ་རེད། ཡིན་པར་བཞེད་དོ། །ཞེས་གཞན་སྟོང་དབུ་མ་པ་རྣམས་ཀྱིས་དེ་ལྟར་བཞེད་དོ་ཞེསགསུངས་པ་རེད། དེའི་གྲུབ་དོན་གསུང་འོང་དུས།

མཚན་ཉིད་གསུམ་གྱི་རྣམ་བཞག་སྤྱིར་བསྟན་པ།

མཚན་ཉིད་གསུམ་གྱི་རྣམ་བཞག་སྤྱིར་བསྟན་པ།

དེ་ནས། རྩ་བར། དེས་ན་མཚན་ཉིད་གསུམ་ལས་གཞན་དབང་ནི་འཁྲུལ་སྣང་ཅན་གྱི་ཤེས་པ་ཡིན་ལ། ཀུན་བརྟགས་དེ་ལ་སྣང་བའི་འཁྲུལ་བ་ཡིན་ཞིང༌། ཡོངས་གྲུབ་ནི་ཤེས་པ་དེ་གཟུང་འཛིན་གཉིས་ཀྱི་འཁྲུལ་བས་སྟོང་ཞིང་རང་རིག་གི་ངོ་བོས་མི་སྟོང་པ་འདི་ཡིན་པས། ཀུན་བརྟགས་བརྡའ་དང་ཐ་སྙད་ཀྱིས་བཞག་པ་ཙམ་མ་གཏོགས་གཏན་ནས་མེད་པ་དང༌། ཞེས་གསུངས་ཏེ། ཀུན་བརྟགས་ཞེས་པ་དེ་མིང་གི་བརྡ་དང་ཐ་སྙད་ཀྱི་སྒོ་ནས་བཞག་པ་ཙམ་མ་གཏོགས་ཞེས་གསུངས་པ་ལས། དེས་བཞག་པ་ཙམ་ཡང་མེད་ཅེས་གསུངས་པ་མ་རེད། འོ་ན་གང་ཞེ་ན། མིང་དང་ཐ་སྙད་ཀྱིས་བཞག་པ་ཙམ་ལས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་དེ་མེད་ཅེས་པའི་དོན་རེད། དེ་ཡང༌། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ། མིང་དང་བརྡས་རྣམ་པར་བཞག་པ་ཙམ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་བཞག་པ་མ་ཡིན་པས། དེའི་ཕྱིར། དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཞེས་དེ་ལྟར་གསུངས་པ་ནང་བཞིནརེད། དེས་ན། གཏན་ནས་མེད་པ་དང༌། ཞེས་གསུངས་པ་རེད། དེ་ནས། རྩ་བར། གཞན་དབང་ཀུན་རྫོབ་ཏུ་ཡོད་དོན་དམ་དུ་མེད་པ་དང༌། ཞེས་གསུངས་ཏེ། གཞན་དབང་ལ་སོགས་པ་དེ་ནི་དོན་དམ་པར་མེད་པ་ཡིན་ཡང༌། ཀུན་རྫོབ་ལ་ཀུན་རྫོབ་ཀྱི་ཀུན་རྫོབ་དང༌། ཀུན་རྫོབ་ཀྱི་དོན་དམ་གཉིས་ཡོད་པའི་རྒྱུ་མཚན་གྱིས། ཡང་དག་ཀུན་རྫོབ་ཀྱི་ངོར་ཕལ་ཆེར་ཡོད་པར་དེ་ལྟར་སྦྱར་བ་རེད། དེས་ན། གཞན་དབང་དེ་ཀུན་རྫོབ་ཏུ་ཡོད་དོནདམ་དུ་མེད་ཅེས་གསུངས་པ་རེད། དེ་ནས། རྩ་བར། ཡོངས་གྲུབ་དོན་དམ་དུ་ཡོད་པ་སྟེ། ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། ཞེས་གསུངས་ཏེ། མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མཚན་ཉིད་དེ་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ། རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་མ་ཡིན་པས། དེའི་ཕྱིར། དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་གསུངས་པ་ནངབཞིན་ཡིན་པ་དེ་ལྟར་རེད། དེ་ནས། རྩ་བར། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། ཞེས་གསུངས་ཏེ། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པའི་རྒྱུ་མཚན་ནི། མདོར་ན། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ། རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི། བདག་ཉིད་ཀྱིས་ནི་མ་ཡིན་པས། དེའི་ཕྱིར། དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་མེད་ཅེས་བྱའོ། །ཞེས་གསུངས་པ་ནང་བཞིན་ཡིན་པ་དེ་ལྟར་རེད། དེ་ནས། རྩ་བར། ཡོངས་གྲུབ་གཟུང་འཛིན་གྱི་ངོ་བོར་མེད་པས། དོན་དམ་ངོ་བོ་ཉིད་མེད་པའོ། །ཞེས་གསུངས་ཏེ། ཡོངས་གྲུབ་དེ་ནི། གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་ལ་སོགས་པ། མདོར་ན་ཀུན་བརྟགས་དང་གཞན་དབང་གང་གི་ངོ་བོར་མེད་པ་སྟེ། སྤྲོས་པ་མཐའ་དག་དང་བྲལ་བའི་སྟོང་པ་ཉིད་ཡིན་པ་དང༌། སྤྲོས་པ་མཐའ་དག་མེད་པས་དོན་དམ་པའི་ངོ་བོ་ཉིད་མེད་པ་ཡིན་པ་དེ་འདྲ་རེད། ཁོ་རང་དོན་དམ་ཡིན་པ་དང༌། སྤྲོས་པ་མཐའ་དག་གི་ངོ་བོས་སྟོང་པའི་རྒྱུ་མཚན་གྱིས་དོན་དམ་ངོ་བོ་ཉིད་མེད་པ་ཞེས་དེ་ལྟར་གསུངས་བཞག་པ་རེད། ཡིན་ན་ཡང༌། གཞན་དབང་དེ་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ཞེས་སྐབས་རེར་འཇོག་ཚུལ་ཞིག་ཡོད་པ་རེད། དེ་ཡང༌། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་དེ་ན། དོན་དམ་པ་ངོ་བོ་ཉིད་མེད་པ་གང་ཡིན་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་དག་ནི། དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ནོ། །ཞེས་གསུངས་པ་ལྟར། དེའི་དབང་དུ་བྱས་ན། གཞན་དབང་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཡིན་ཞེས་ཟེར། དེའི་རྒྱུ་མཚན། གཞན་དབང་ཁོ་རང་དོན་དམ་པ་མ་ཡིན་པ་སྟེ། དོན་དམ་པ་མ་ཡིན་པའི་རྒྱུ་མཚན་གྱིས་དོན་དམ་པ་ངོ་བོ་ཉིད་མེད་ཅེས་དེ་ལྟར་གསུངས་པ་རེད། གཞན་ཡང༌། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་ཅེས་གསུངས་པ་དེ། སྤྱིར་ཡོངས་གྲུབ་དོན་དམ་པའི་ངོར་གྲུབ་ཀྱང༌། སྤྲོས་པ་མཐའ་དག་གི་ངོ་བོ་ཉིད་མེད་པའི་རྒྱུ་མཚན་གྱིས་ཡོངས་གྲུབ་དེ། དོན་དམ་ངོ་བོ་ཉིད་མེད་ཅེས་འཇོག་ཚུལ་ཞིག་ཚུལ་གཉིས་རྣམ་འབྱེད་ཀྱི་སྐབས་འདིར། དོན་དམ་ངོ་བོ་ཉིད་མེད་པ་དེ། ཡོངས་གྲུབ་གཟུང་འཛིན་གྱི་ངོར་མེད་པས་དོན་དམ་ངོ་བོ་ཉིད་མེད་པ་པའོ། །ཞེས་གསུངས་པ་དེ་ཡང་དེ་འདྲའི་སྒོ་ནས་གསུང་གིན་ཡོད་པ་རེད། དེ་ནང་བཞིན་དུ། འཕགས་པ་ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་དང༌། སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པའི་རྩ་བ་དེ་དག་གི་སྐབས་སུ། དོན་དམ་པ་ངོ་བོ་ཉིད་མེད་ཟེར་བ་དེ་ཡོངས་གྲུབ་ལ་སྦྱར་ནས་གསུང་གིན་ཡོད་པ་དེ་འདྲ་རེད། དེ་ནས། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་དབང་དུ་བྱས་པ་ཡིན་ན། དོན་དམ་པ་ངོ་བོ་ཉིད་མེད་པ་དེ། དང་པོ་གཞན་དབང་ལ་སྦྱར་ནས་གསུངས་པའི་སྐབས་དེར་འདི་ལྟར་གསུངས་ཏེ། ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་དག་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ནོ། །དེའི་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་ཆོས་རྣམས་ལ་རྣམ་པར་མི་རྟོག་པའི་དམིགས་པ་གང་ཡིན་པ་དེ་ནི། ངེས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ལ། གཞན་གྱི་དབང་གི་མཚན་ཉིད་དེ་ནི་རྣམ་པར་མི་རྟོག་པའི་དམིགས་པ་མ་ཡིན་པས། དེའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་སོགས་ཀྱི་སྐབས་སུ་དོན་དམ་པ་ངོ་བོ་ཉིད་མེད་པ་དེ། གཞན་དབང་ལ་སྦྱར་ནས་གསུངས་བཞག་པ་དེ་ལྟར་རེད། དེ་ནས། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ། ཡོངས་གྲུབ་དེ་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་སྦྱར་ནས་གསུངས་ཚུལ་ནི། གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དེའི་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་དེ་ནི། དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ། དེ་ནི་དོན་དམ་པ་ཡིན་ལ། དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས། དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་ཡོངས་གྲུབ་ལ་སྦྱར་ནས་གསུངས་ཚུལ་ཏེ། གསུངས་ཚུལ་གཉིས་ཡོད་པ་རེད། ཡིན་ན་ཡང༌། མངོན་པ་ཀུན་བཏུས་དང་སུམ་ཅུ་པའི་སྐབས་སུ། དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ཡོངས་གྲུབ་ལ་སྦྱར་ནས་གསུངས་པ་མ་གཏོགས། གཞན་དབང་སོགས་ལ་མ་སྦྱར་བ་དེ་འདྲ་རེད། དེ་འདྲ་ཡིན་དུས། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་འཁོར་ལོ་བར་ཐ་གསུམ་གྱི་དགོངས་པ་བཀྲལ་ཡོང་སྐབས་སུ། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །ཞེས་གསུངས་ནས། དེའི་རྗེས་སུ། ངོ་བོ་ཉིད་མེད་པ་གསུམ་དེ་རྒྱས་པར་གསུངས་པ་དང༌། དེ་ནས་ཡང་ཤེར་ཕྱིན་གྱི་མདོ་ལ་སོགས་ཀྱི་སྐབས་སུ་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ་ཞེས་གསུངས་པ་དེའི་དགོངས་པ་ཡང་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ། གང་ལྟར་གསུངས་པ་རེད་ཟེར་ན། ངའི་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་ཏེ། ཆོས་དེ་ལ་མོས་པ་ཡོད་ཀྱང་ཆོས་འདི་དག་ཐམས་ཅད་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ། །ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ནའོ། །མ་འགགས་པ་ཁོ་ནའོ། །གཟོད་མ་ནས་ཞི་བ་ཁོ་ནའོ། །རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཁོ་ནའོ་ཞེས་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་དེ། དེ་དག་གཞི་དེས་ན་ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང༌། མཚན་ཉིད་མེད་པར་ལྟ་བ་འཐོབ་པར་འགྱུར་ཏེ། མེད་པར་ལྟ་བ་དང༌། མཚན་ཉིད་མེད་པར་ལྟ་བ་ཐོབ་ནས་ཀྱང་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་ཀྱིས་སྐུར་པ་འདེབས་ཏེ། ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་ལ་སྐུར་པ་འདེབས། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཡང་སྐུར་པ་འདེབས་སོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་འདི་ལྟར་གཞན་གྱི་དབང་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་ན་ནི། ཀུན་བརྟགས་མཚན་ཉིད་ཀྱང་རབ་ཏུ་ཤེས་པར་གྱུར་ན། དེ་ལ་གང་དག་གཞན་གྱི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མཚན་ཉིད་མེད་པར་མཐོང་བ་དེ་དག་གིས་ནི་ཀུན་བརྟགས་པའི་མཚན་ཉིད་ལ་ཡང་སྐུར་པ་བཏབ་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་དག་གི་ནི་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་པ་འདེབས་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར། དེ་འདྲའི་སྒོ་ནས་གསལ་བར་ཤེར་ཕྱིན་གྱི་མདོའི་སྐབས་སུ། གསུངས་ལུགས། གསུངས་སྟངས་དེ། དེ་ལྟ་བུའི་སྒོ་ནས་བཤད་དགོས་པ་རེད། དེའི་རྒྱུ་མཚན་གྱིས། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་ཆོས་ཐམས་ཅད་མ་སྐྱེས་པ་ཞེས་གསུངས་པའི་དགོངས་པ་དེ། མཚན་ཉིད་ངོ་བོ་ཉིད་མེད་པ་ལ་དགོངས་ནས། ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དེའི་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་འདི་ལྟར་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན། མ་སྐྱེས་པ་གང་ཡིན་པ་དེ་ནི་མ་འགགས་པ་ཡིན་ཞེས་སོགས་རྒྱ་ཆེར་གསུང་གིན་ཡོད་པ་དེ་ལྟར་རེད། དེའི་འོག་ཏུ་ཡང༌། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ། དོན་དམ་པ་ངོ་བོ་ཉིད་མེད་པ་ཆོས་བདག་མེད་པའི་རབ་ཏུ་ཕྱེ་བ་ལ་དགོངས་ནས། ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །ཞེས་སོགས་དེ་ལྟར་གསུངས་པ་རེད། དེ་དག་ནི་ཤེར་ཕྱིན་གྱི་མདོའི་དགོངས་པ་ལྟར་བཤད་པ་རེད། ཡིན་ན་ཡང༌། མངོན་པ་ཀུན་བཏུས་ཀྱི་སྐབས་སུ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ། གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་སུ་གྲུབ་པ་ལ་དོན་དམ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཞེས་གསུངས་པ་དང༌། ཡང༌། མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ། །ཞེས་པའི་དགོངས་པ་གང་ཡིན་ཞེ་ན། དེ་ལས། ཇི་ལྟར་ངོ་བོ་ཉིད་མེད་པ་དེ་ལྟར་མ་སྐྱེས་སོ། །ཇི་ལྟར་མ་སྐྱེས་པ་དེ་ལྟར་མ་འགགས་སོ། །ཇི་ལྟར་མ་སྐྱེས་པ་དང་མ་འགགས་པ་དེ་ལྟར་གཟོད་མ་ནས་ཞི་བའོ། །དེ་ལྟར་རང་བཞིན་གྱི་མྱ་ངན་ལས་འདས་པའོ། །ཞེས་སོགས་ཀྱི་སྐབས་སུ་དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ཡོངས་གྲུབ་གཅིག་པུ་ལ་སྦྱར་བ་དེ་དང༌། དེ་ནས་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་དེ་ཡང་མདོ་སྡེ་དགོངས་པ་ངེས་འགྲེལ་ནང་བཞིན་དུ། འཕགས་པ་ཐོགས་མེད་ཀྱིས་ཀྱང་དེ་ལྟར་གསུངས་ཡོད་པ་རེད། ཡང༌། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་མཚན་ཉིད་གསུམ་ལས་ཀུན་བརྟགས་ངོས་བཟུང་བའི་སྐབས་སུ་འདི་ལྟར་གསུངས་ཏེ། རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ། གཟུགས་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་བཞག་པ་དང༌། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེའམ། འགག་གོ་ཞེའམ། གཟུགས་ཀྱི་ཕུང་པོ་སྤང་བ་དང༌། ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་མཚན་ཉིད་ལགས་ཏེ། ཞེས་ཀུན་བརྟགས་ཀྱི་ངོ་བོ་དེ་དེ་འདྲའི་སྒོ་ནས་གསུངས་བཞག་པ་དེ་ལྟར་རེད། གཞན་དབང་གི་ངོ་བོ་ཡང༌། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ་འདི་ལྟར་གསུངས་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་མཚན་ཉིད་ལགས་ཏེ། ཞེས་གཞན་དབང་གི་མཚན་ཉིད་གསུམ་ལྡན་གྱི་སྒོ་ནས་དེ་ལྟར་གསུངས་པ་རེད། ཡོངས་གྲུབ་ཀྱི་ངོ་བོ་ཡང༌། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འདི་ལྟར་གསུངས་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང༌། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། ཞེས་ཡོངས་གྲུབ་ཀྱི་ངོ་བོ་དེ་ལྟར་གསུངས་པ་རེད། སྐབས་འདིར། ངས་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ལུང་སོགས་རྒྱས་པར་མ་བཤད་ན་ཡང་ཆོག་མོད། འོན་ཀྱང༌། ལུང་ཙམ་སྐྱོར་བ་དེ་ཡིས་ཀྱང་གཞན་སྟོང་དབུ་མ་ཆེན་མོ་ལ་མོས་པ་ཡོད་མཁན་རྣམས་ཀྱིས་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་དེ། མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་ལ་བརྟེན་ནས་དྲང་ངེས་འབྱེད་ཀྱིན་ཡོད་པ་དེ་ཤེས་པའི་དགོས་པ་ཡོད་པ་དེ་འདྲ་རེད། དེས་ན། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལུང་དེ་དག་རྣམ་པ་ཐམས་ཅད་ཀྱི་ཐུགས་ལ་ངེས་ཆ་ཡོད་པ་ཞིག་བྱེད་རྒྱུ་དེ་གལ་ཆེ་བར་མཐོང་ནས། སྐབས་འདིར་ངས་ལུང་དེ་དག་མར་བཀླགས་པ་ཙམ་ཞིག་དེ་འདྲ་ཡིན། དེའི་ཚིག་དོན་ཞིབ་པར་བཤད་ན་ཧ་ཅང་ཉོག་འགྲོ་བས་དེ་ཙམ་གྱིས་ཆོག་པར་བྱས་པཡིན།

བྱེ་བྲག་མཚན་ཉིད་གསུམ་གྱི་རྣམ་བཞག་སོ་སོའི་འདོད་ཚུལ་བསྟན་པ་ལ་གཉིས།

བྱེ་བྲག་མཚན་ཉིད་གསུམ་གྱི་རྣམ་བཞག་སོ་སོའི་འདོད་ཚུལ་བསྟན་པ་ལ་གཉིས་ལས།

༡ རང་སྟོང་སྨྲ་བའི་བཞེད་ཚུལ།དེ་ནས། རྩ་བར། དེས་ན་རང་སྟོང་ལྟར་ན་ཆོས་དེ་དང་དེའི་ངོ་བོ་ཉིད་མེད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་འདོད་མོད་ཀྱང༌། ཀུན་རྫོབ་ཀྱི་ཆོས་དེ་དང་དེའི་ངོས་ནས་སྟོང་ཉིད་དུ་མི་འཇོག་སྟེ། དཔེར་ན། བུམ་པ་རང་བཞིན་མེད་པའི་ཆ་ནས་བུམ་པ་སྟོང་པ་ཉིད་ཡིན་པར་ཡང་འདོད་མོད། ཀུན་རྫོབ་བུམ་པ་རང་གི་ཆ་དེ་སྟོང་ཉིད་དུ་མི་འདོད་དེ། བདེན་གཉིས་གཅིག་ཏུ་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པས་སོ། །ཞེས་གསུངས་ཏེ། ཆོས་དེ་དང་དེའི་རང་གི་ངོ་བོ་བདེན་པའི་ངོ་བོ་ཉིད་མེད་པ་ལ་སོགས་ལ་བརྟེན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཁས་ལེནཔའམ་འདོད་གི་རེད་ཅེས་གསུངས་པ་རེད།

གཞན་སྟོང་སྨྲ་བའི་བཞེད་ཚུལ།དེ་ནས།

༢ གཞན་སྟོང་སྨྲ་བའི་བཞེད་ཚུལ།དེ་ནས།

རྩ་བར། གཞན་སྟོང་པ་རྣམས་ནི་སྟོང་ཉིད་ལ་དོན་དམ་བདེན་པས་མ་ཁྱབ་སྟེ། ཀུན་བརྟགས་ནི་མེད་པའི་སྟོང་པ་ཉིད་དང༌། གཞན་དབང་ནི་ཡོད་པའི་སྟོང་པ་ཉིད་དང༌། ཡོངས་གྲུབ་ནི་རང་བཞིན་སྟོང་པ་ཉིད་དུ་བཞེད་པས་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་འཆའ་བ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལྟར་བཞེད་པ་དེ་རྗེ་བཙུན་བྱམས་པ་མགོན་པོའི་མདོ་སྡེ་རྒྱན་གྱི་སྐབས་སུ་གསུངས་པ་དེ་གོང་དུ་བཤད་པ་ལྟར། མེད་པའི་སྟོང་པ་ཉིད་ཤེསཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །ཞེས་གསུངས་པའི་དགོངས་པ་དེ་བཀྲལ་ནས་གསུང་གིན་ཡོད་པ་དེ་ལྟར་རེད། རྒྱུ་མཚན་དེའི་དབང་གིས་གཞན་སྟོང་པ་རྣམས་ཀྱི་ལུགས་ལ་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་འཆའ་བ་ཡིན་ནོ། །ཞེས་དེ་ལྟར་ཁས་ལེན་གི་རེད་ཅེས་དེ་ལྟར་གསུངས་པ་རེད། དེ་ནས། རྩ་བར། དེས་ན་རང་སྟོང་པ་རྣམས་ནི་གཞི་གྲུབ་ན་སྟོང་ཉིད་ཀྱིས་ཁྱབ་མཐའ་མི་འཆའ་ཞིང༌། ཞེས་གསུངས་ཏེ། དཔེར་ན། བོད་ཁ་བ་གངས་ཅན་པ་ལ་མཚོན་ན། མཁས་པའི་དབང་པོ་རྒྱལ་བ་བློ་བཟང་གྲགས་པས། གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་ཁས་ལེན་གི་ཡོད་པ་མ་རེད། ཡིན་ན་ཡང༌། སྔ་འགྱུར་རྙིང་མ་པ་དང༌། ས་སྐྱ་བ། བཀའ་བརྒྱུད་པ་དེ་ཚོས་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་འཆའ་བ་དེ་གསུངས་ཟིན་ལ་ཇོ་ནང་པ་ནང་བཞིན་གྱིསཁས་ལེན་མཁན་ཡང་མང་པོ་ཡོང་གིན་འདུག དེ་ནས། རྩ་བར། སྟོང་ཉིད་དོན་དམ་གཅིག་པ་རང་སྟོང་ཉིད་ཡིན་ན། སྤྲོས་པ་དང་བྲལ་བའི་དབྱིངས་ཙམ་པོ་ཡིན་པས་ཁྱབ་པར་འདོད། གཞན་སྟོང་པ་རྣམས་དེ་ལས་ཟློག་པ་ཡིན་ཏེ། ཅེས་གསུངས་ཏེ། རང་སྟོང་པ་རྣམས་ཀྱིས་དེ་ལྟར་འདོད་པའམ་ཁས་ལེན་གི་རེད་ཅེས་དེ་ལྟར་གསུངས་པ་རེད། གཞན་སྟོང་པ་རྣམས་དེ་ལས་ཟློག་པ་ཡིན་ཏེ་ཞེས་གསུངས་པ་དེ། གོང་དུ་རང་སྟོང་པ་རྣམས་ནི་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་མི་འཆའ་བ་ཡིན་པ་དང༌། སྟོང་ཉིད་དང་དོན་དམ་དོན་གཅིག་པ་དང༌། སྟོང་ཉིད་ཡིན་ན་སྤྲོས་པ་དང་བྲལ་བའི་དབྱིངས་ཙམ་པོ་ཡིན་པས་ཁྱབ་པར་འདོད་པ་དེ་ལྟར་གསུང་གི་ཡོད་པ་རེད། གཞན་སྟོང་པ་རྣམས་ཀྱིས་གཞིགྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་ཅེས་འདོད་ཀྱིན་ཡོད་པ་དེ་ལྟར་རེད། དེ་ནས། རྩ་བར། དོན་དམ་སྟོང་ཉིད་ཀྱི་གཙོ་བོ་ཤེས་རིག་གི་ཆ་ནས་འཇོགཅེས་གསུངས་ཏེ། དོན་དམ་བདེན་པ་དེ་ཡང་སྤྲོས་པ་དང་བྲལ་ཙམ་མམ་སྤྲོས་པ་དང་བྲལ་བའི་དབྱིངས་ཙམ་ལ་མི་འཇོག་པར། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དབྱིངས་རིག་དབྱེར་མེད་ཀྱི་ཡེཤེས་ཤིག་ལ་འདོད་གི་ཡོད་པ་དེ་ལྟར་རེད།

དོན་དམ་དབྱིངས་དེ་ལ་གཅིག་དུ་བྲལ་སོགས་ཀྱི་རིགས་པས་མི་གནོད་ཚུལ་བསྟན་པ།

དོན་དམ་དབྱིངས་དེ་ལ་གཅིག་དུ་བྲལ་སོགས་ཀྱི་རིགས་པས་མི་གནོད་ཚུལ་བསྟན་པ།

དེ་ནས། རྩ་བར། དོན་དམ་གྱི་དབྱིངས་དེ་ནི་གཅིག་དུ་བྲལ་ལ་སོགས་པ་རིགས་པའི་ལམ་ལས་འདས་པ། ཞེས་གསུངས་ཏེ། སྤྱིར་བཏང་གཅིག་དང་དུ་མ་ཟེར་བ་དེ། སྒྲ་དང་རྟོག་པའི་སེལ་ངོར་ལ་ལྟོས་ནས་ཕར་བཞག་པ་ཙམ་ཞིག་རེད། དེས་ན། དོན་དམ་བདེན་པ་དེ་ནི་རྟོག་པའི་སེལ་ངོར་ལ་ལྟོས་ནས་བཞག་པ་མ་ཡིན་པར། འཕགས་པའི་མཉམ་བཞག་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངོར་འཇོག་པ་ཞིག་རེད། དེའི་རྒྱུ་མཚན་གྱིས་གཅིག་དུ་བྲལ་ལ་སོགས་པའིརིགས་པའི་ལམ་ལས་འདས་པ་ཞེས་གསུངས་པ་རེད། དེ་ནས། རྩ་བར། ཀུན་རྫོབ་ཀྱི་ཆོས་རྣམས་དང་མི་འདྲ་བས་རིགས་པ་དེས་གནོད་པ་མེད་དེ། ཞེས་གསུངས་ཏེ། དོན་དམ་བདེན་པ་དེ་གནས་ལུགས་སམ་ཡིན་ལུགས་སུ་གྲུབ་པ་ཡིན་པ་དང༌། དོན་དམ་པར་གྲུབ་པ་ཡིན་པས་དོན་དམ་བདེན་པ་དེ་དོན་དམ་ཡིན་ལུགས་གཤིས་ལུགས་སུ་གྲུབ་པ་ལ་གཅིག་དུ་བྲལ་གྱི་རིགས་པ་ལ་སོགས་པས་གནོད་པ་གང་ཡང་ཡོད་པ་མ་རེད་ཅེས་དེ་ལྟར་གསུངས་པ་རེད། གནོད་པ་མེད་པའི་རྒྱུ་མཚན་ནི། གོང་དུ་ཞུས་པ་བཞིན། གཅིག་དུ་བྲལ་ལ་སོགས་པའི་རིགས་པའི་ལམ་ལས་འདས་པ་ཞིག་སྟེ། གཅིག་དུ་བྲལ་ལ་སོགས་པའི་རིགས་པ་རྣམས་ནི་རྟོག་པའི་སེལ་ངོར་ལ་ལྟོས་ནས་འཇོག་དགོས་པ་ཞིག་ཡིན་མོད། འོན་ཀྱང༌། དོན་དམ་བདེན་པ་དེ་ནི་རྟོག་པའི་ངོར་ལ་ལྟོས་ནས་བཞག་པ་མ་ཡིན་པའི་གནད་ཀྱིས། གཅིག་དུ་བྲལ་ལ་སོགས་པའི་རིགས་པའི་ལམ་ལས་འདས་ཚུལ་ཡང་དེ་ལྟར་བཤདདགོས་པ་ཞིག་རེད་བསམ་གྱིན་ཡོད། དེ་ནས། རྩ་བར། ཀུན་རྫོབ་ཀྱི་ཆོས་དངོས་མེད་རྣམས་ནི་ངོ་བོས་མེད་ཅིང༌། དངོས་པོ་རྣམས་ནི་དུས་དང་ཕྱོགས་ཀྱིས་བསྡུས་པ་ཡིན་པས་རིགས་པ་དེ་འཇུག་ལ། ཞེས་གསུངས་ཏེ། ཀུན་རྫོབ་ཀྱི་ཆོས་བདེན་དངོས་སུ་གྲུབ་པའི་དངོས་པོ་མེད་པ་རྣམས་ནི། རང་གི་ངོ་བོ་གཤིས་ལུགས་ཡིན་ལུགས་སུ་གྲུབ་པ་མེད་ཅིང། དེ་ནས་དངོས་པོ་རྣམས་ནི་དུས་ཀྱིས་ཀྱང་བསྡུས་པ་ཡིན་པ་དང༌། ཕྱོགས་ཀྱིས་ཀྱང་བསྡུས་པ་ཡིན་པའི་རྒྱུ་མཚན་གྱིས་གཅིག་དུ་བྲལ་ལ་སོགསཔའི་རིགས་པ་དེ་འཇུག་གི་རེད་ཅེས་གསུངས་པ་རེད། དེ་ནས། རྩ་བར། གཉིས་མེད་ཀྱི་ཡེ་ཤེས་དེ་ནི་ཕྱོགས་དུས་ཀྱིས་མ་བསྡུས་པས་རིགས་པ་དེ་མི་འཇུག་སྟེ། ཞེས་གསུངས་ཏེ། གཉིས་མེད་ཀྱི་ཡེ་ཤེས་གསུངས་པ་དེ་རང་ལུགས་ལ། གཙོ་བོ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཤིག་ལ་འདོད་ལ། དེ་འདྲའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་དེ་ནི། ཕྱོགས་དང་དུས་ཀྱིས་མ་བསྡུས་པས་གཅིག་དུ་བྲལ་ལ་སོགས་པའི་རིགས་པ་མི་འཇུག་སྟེ་ཞེས་གསུངས་པ་རེད། གཅིག་དུ་བྲལ་ལ་སོགས་པའི་རིགས་པ་འཇུག་འོང་དུས། ཆོས་དེའི་ངོ་བོ་གཅིག་ཏུ་མ་གྲུབ་པ་དང༌། བདེན་པའི་གཅིག་ཏུ་མ་གྲུབ་པ། ཆ་བཅས་ཡིན་པ་དེ་ལྟར་སྒྲུབ་ཀྱིན་འདུག་མོད། དོན་དམ་བདེན་པ་དེ་ཆ་མེད་ཆ་ལས་འདས་པ་པོ། །ཞེས་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལ་སོགས་ཀྱི་སྐབས་སུ་གསུངས་པ་ནང་བཞིན་ཡིན་པས། ཆ་བཅས་ལ་སོགས་པའི་རིགས་པ་ཟེར་ན་འདྲ། གཅིག་དུ་བྲལ་ལ་སོགསཔའི་རིགས་པ་དེ་མི་འཇུག་ཅེས་དེ་ལྟར་གསུངས་པ་རེད། དེ་ནས། རྩ་བར། ཡེ་ཤེས་དེ་ལ་སྐད་ཅི་མང་པོར་དབྱེ་བ་དང༌། སྐད་ཅིག་དེའི་ཐོག་མཐའ་བར་གསུམ་དཔྱོད་པ་སོགས་ནི་ཡེ་ཤེས་དེ་དུས་ལས་འདས་པ་ཡིན་པའི་ཕྱིར། དེ་ལ་དུས་གསུམ་གང་ཡང་མེད་པས་དེའི་སྐད་ཅིག་སོགས་ཤེས་བྱ་ལ་མི་སྲིད་པའི་ཕྱིར། རིགས་པ་དེའི་རྩ་བ་སྟོང་པ་ཡིན་ལ། ཞེས་གསུངས་ཏེ། དེའི་སྐད་ཅིག་ཟེར་བ་དེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་དམ་རང་བྱུང་གི་ཡེ་ཤེས་དེ་ལ་སྐད་ཅིག་མ་དང༌། ཕྱོགས་དང༌། དུས་སོགས་ཤེས་བྱ་ལ་མི་སྲིད་པ་ཞིག་རེད་ཅེས་དེ་ལྟར་གསུངས་པ་རེད། ཁོ་རང་གི་ངོ་བོ་གཅིག་ཏུ་མ་གྲུབ་པ་ཡིན་ན། བདེན་པའི་གཅིག་དང་བདེན་པའི་དུ་མར་གྲུབ་མ་གྲུབ་ཀྱི་དཔྱད་པའི་གཞི་མེད་པ་ཞིག་ཏུ་ཆགས་སོང་བའི་གནད་ཀྱིས་རིགས་པ་དེའི་རྩ་བ་སྟོང་ཚུལ་ཡང༌། དེ་ལྟར་རེད། འོན་ཀྱང༌། དོན་དམ་བདེན་པ་དེ་ཐ་དད་ལས་ལོག་ཙམ་གྱི་གཅིག་ཙམ་ཞིག་ཏུ་འཇོག་པ་ཡིན་ན་ཡང༌། གཅིག་དང་ཐ་དད་ཅེས་པ་དེ་ཚད་མ་རྣམ་འགྲེལ་གྱི་གཞུང་ཡིན་ན་འདྲ། དབུ་མའི་གཞུང་ལུགས་རྣམས་ཀྱི་སྐབས་སུ་མདོར་ན་རྟོག་པའི་སེལ་ངོར་ལ་ལྟོས་ནས་སྒྲ་རྟོག་གིས་བཏགས་པ་ཡིན་པའི་རྒྱུ་མཚན་གྱིས་དོན་དམ་བདེན་པ་དེ། གཅིག་དང་དུ་མ་སོགས་དང་བྲལ་བ་ཟེར་ན་འདྲ། གཅིག་དང་དུ་མ་གང་དུ་མ་གྲུབ་པར་ཁས་ལེན་དགོས་པ་དེ་འདྲ་རེད། དེ་ཡང་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ། གཅིག་དང་དུ་མ་དང་བྲལ་བའི་མཚན་ཉིད་ཅན་ཞེས་གཅིག་དང་དུ་མ་དང་བྲལ་བའི་མཚན་ཉིད་ཅན་ཡིན་པར་གསུངས་པ་ནང་བཞིན་གྱིས་རང་ལུགས་ལ་དེལྟར་ཁས་ལེན་དགོས་པ་རེད།

དོན་དམ་དབྱིངས་དེ་ཉིད་རྟེན་འབྲེལ་ལས་འདས་པར་བསྟན་པ།

དོན་དམ་དབྱིངས་དེ་ཉིད་རྟེན་འབྲེལ་ལས་འདས་པར་བསྟན་པ།

དེ་ནས། རྩ་བར། དེ་བཞིན་དུ་དོན་དམ་དེ་རྟེན་འབྲེལ་དུ་ཡང་མི་བཞེད་དོ། །ཞེས་གསུངས་ཏེ། དེས་ན་རང་ལུགས་ལ་གཞན་དབང་དང་ཀུན་བརྟགས་གཉིས་རྟེན་འབྲེལ་ཡིན་གྱི། དོན་དམ་བདེན་པ་དེ་རྟེན་འབྲེལ་ལས་འདས་པར་གསུངས་པ་རེད། དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མ་ལས། ཀུན་བརྟགས་གཞན་དབང་རྟེན་འབྲེལ་ཉིད་དུབརྗོད། །ཅེས་ཀུན་བརྟགས་དང་གཞན་དབང་གཉིས་རྟེན་འབྲེལ་ཡིན་པར་གསུངས་པ་དེ་འདྲ་རེད། ཡང་དེ་ཉིད་ལས། དོན་དམ་རྟེན་འབྲེལ་ལས་ནི་འདས་པའི་ཕྱིར། །ཞེས་དོན་དམ་བདེན་པ་དེ་རྟེན་འབྲེལ་ལས་འདས་པ་ཡིན་པ་དེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་དང༌། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་གཉིས་ཀྱིས་གསུང་གཅིག་དབྱངས་གཅིག་དགོངས་པ་གཅིག་གིས་གསུང་གིན་ཡོད་པ་དེ་འདྲ་རེད། དེས་ན། རང་ལུགས་ལ་དོན་དམ་བདེན་པ་རྟེན་འབྲེལ་མ་ཡིན་པ་དེ་གཞུང་གང་ལ་བརྟེན་པ་རེད་ཟེར་ན། གཙོ་བོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལ་བརྟེན་ནས། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རི་ཆོས་ངེས་དོན་རྒྱ་མཚོ་སོགས་ཀྱི་སྐབས་སུ་དེ་ལྟར་གསུང་གིན་ཡོད་པ་རེད། དེས་ན་ཁོང་གིས་བརྟེན་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་ལུང་དེ་གང་ཡིན་ན། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །ཞེས་ཆོས་ཐམས་ཅད་ཀྱི་རང་བཞིན་གནས་ལུགས་མཐར་ཐུག་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བ་ནི་རིགས་པ་མ་ཡིན་ནོ་ཞེས་ཚིག་ཟིན་ལ་གསལ་བར་ཐོན་ཡོད་པ་རེད། ཡང་དེ་ལས། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །ཞེས་རྒྱུ་དང་རྐྱེན་ལས་བྱུང་བའི་ཆོས་ཤིག་ཡིན་ནས་བཟུང་སྟེ། དེའི་རང་བཞིན་བྱས་པ་ཅན་དུ་འགྱུར་དགོས་པ་རེད་ཅེས་དེ་ལྟར་གསུངས་པ་རེད། ཡང་དེ་ལས། རང་བཞིན་བྱས་པ་ཅན་ཞེས་བྱར། །ཞེས་དེས་ན་རྒྱུ་དང་རྐྱེན་ལས་བྱུང་བའི་ཆོས་གང་དང་གང་ཡིན་ན། དེ་དག་ཐམས་ཅད་ཀྱི་རང་བཞིན་དེ་བྱས་པ་ཡིན་པར་གསུངས་པ་རེད། བྱས་པ་དེ་ལ་ཡང༌། སྒྲ་རྟོག་གིས་བྱས་པ་ཞིག་དང༌། དེ་ནས་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་ལ་སོགས་པས་བྱས་པ་ཞིག་སྟེ། གཉིས་ཡོད་པ་ལས། སྐབས་འདིའི་བྱས་པ་ཟེར་བ་དེ། དེ་གཉིས་གང་རུང་ལ་བསམ་བློ་བཏང་ན་ཆོག་པ་རེད། སྤྱིར་བཏང་རྫོགས་ལྡན་ཆོས་མཆོག་གི་ལུགས་ལ་དངོས་མེད་ཀྱི་ཆོས་ལ་སོགས་པ་སྒྲ་རྟོག་གིས་བྱས་པ་ཡིན་པར་འཇོག་ཚུལ་ཞིག་ཡོད་པ་རེད། ཡང་དེ་ལས། ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དེ་ལྟར་གསུངས་པ་རེད། རྒྱུ་དང་རྐྱེན་ལས་བྱས་པའི་འདུས་བྱས་ཀྱི་ཆོས་ལ་སོགས་པ་སྒྲ་རྟོག་གིས་ཁོ་རང་ཕར་བསྒྱུར་བཅོས་གཏོང་ཐུབ་པ་ཞིག་དང༌། རྒྱུ་དང་རྐྱེན་ལས་ཀྱང་ཕར་བསྒྱུར་དུ་ཡོད་པ་ཞིག་རེད། དེས་ན། ཇི་ལྟར་བུར་ན་རུང་བར་འགྱུར། །ཞེས་གསུངས་པ་རེད། དེ་ནས་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་གི་རང་བཞིན་དེ་ནི་བཅོས་མ་མ་ཡིན་པ་རེད། དེའི་རྒྱུ་མཚན་གྱིས་གཞན་ལ་ལྟོས་པ་མེད་པ་ཡིན་ཞེས་དབུ་མ་རྩ་བ་ཤེས་རབ་ཀྱི་སྐབས་སུ། རང་བཞིན་དང་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་སོགས་ལ་བརྟེན་ནས་གསུང་གིན་ཡོད་པ་དེ་འདྲ་རེད། མདོར་ན་དབུ་མ་རྩ་བ་ཤེས་རབ་ཀྱི་སྐབས་དེར་རང་བཞིན་དོན་དམ་བདེན་པ་དེ་གཞན་གང་ལ་ཡང་མ་ལྟོས་པ་ཞིག་ཡིན་ལ། གལ་ཏེ་ལྟོས་ན་རྒྱུ་རྐྱེན་སོགས་ལ་ལྟོས་དགོས་ཀྱིན་འདུགརྒྱུ་རྐྱེན་སོགས་ལ་ལྟོས་སོང་ན་རང་བཞིན་བཅོས་མ་དང་བྱས་པ་ཡིན་པར་འགྱུར་བ་གསུངས་པའི་གནད་ལ་བརྟེན་ཏེ། རང་བཞིན་དོན་དམ་བདེན་པ་དེ་རྟེན་འབྲེལ་མ་ཡིན་པ་རང་ལུགས་ཀྱིས་འདོད་ཀྱིན་ཡོད་པ་རེད། ཡིན་ན་ཡང༌། དབུ་མ་རྩ་བ་ཤེས་རབ་ཀྱི་སྐབས་སུ། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དེ་འདྲ་ཞིག་གསུངས་ཡོད་པ་རེད། འོན་ཀྱང་ཆོས་ཡིན་ན་རྟེན་འབྲེལ་ཡིན་པས་ཁྱབ་པ་མཐའ་དག་པའི་དོན་དུ་འགྲེལ་རྒྱུ་མེད་པ་ཡིན་པ་དེ་འདྲ་རེད། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱི་མདོའི་སྐབས་སུ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གཟིགས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ཞེས་གསུངས་པའི་སྐབས་དེར་ཡང༌། ཆོས་ཐམས་ཅད་ཅེས་ཆོས་ཐམས་ཅད་གསུངས་བཞག་པ་ཡིན་ན་ཡང༌། དེའི་ཆོས་ཐམས་དེ་འདུས་བྱས་ཀྱི་ཆོས་ཐམས་ཅད་ལ་སྦྱར་དགོས་པ་རེད། དེ་ཡང་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཞེས་རྒྱུ་དང་རྐྱེན་ལས་བྱུང་བ་ལ་སྦྱར་ནས་གསུང་གིན་ཡོད་པ་དེ་ལྟར་རེད། དེར་མ་ཟད་དཔེར་ན། དབུ་མ་རྩ་བ་ཤེས་རབ་ཀྱི་རང་བཞིན་དང་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པའི་སྐབས་ཀྱི་སངས་རྒྱས་བསྐྱངས་ཀྱི་བུདྡྷ་པཱ་ལི་ཏའི་སྐབས་སུ་འདི་ལྟར་གསུངས་ཏེ། ངོ་བོ་ཉིད་ནི་བཅོས་མིན་ཡང༌། །གཞན་ལ་ལྟོས་པ་མེད་པ་ཡི། །གང་བྱ་བས་སྒྲུབ་པར་མི་འགྱུར་བ་དང༌། རྒྱུ་དང་རྐྱེན་ལ་ཡང་ལྟོས་པར་མི་འགྱུར་བ་དང༌། ཞེས་དོན་དམ་བདེན་པའི་རང་བཞིན་དེ་གཞན་ལ་ལྟོས་པ་མེད་པ་ཡིན་པ་དང༌། གང་བྱ་བས་སྒྲུབ་པར་མི་འགྱུར་བ་དང༌། རྒྱུ་དང་རྐྱེན་ལ་ལྟོས་པ་མི་འགྱུར་བ་སོགས་སངས་རྒྱས་བསྐྱངས་ཀྱིས་དེ་ལྟར་གསུངས་པ་རེད། དེ་ནང་བཞིན་དུ་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་གྱི་རང་བཞིན་དང་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པའི་འགྲེལ་བའི་སྐབས་སུ། གང་གི་ཕྱིར་དེ་ལྟར་བཅོས་མ་དང༌། གཞན་ལ་ལྟོས་པ་ནི། རང་བཞིན་ཉིད་དུ་མི་འདོད་པ་དེ་ཉིད་ཀྱི་ཕྱིར་ཚ་བ་མེ་ཡི་རང་བཞིན་ཉིད་ཡིན་ནོ། །ཞེས་བྱ་བ་འདི་མི་རིགས་ཏེ་རྒྱུ་དང་རྐྱེན་ལ་རག་ལས་པའི་ཕྱིར་དང༌། སྔར་མ་བྱུང་བ་ལས་ཕྱིས་འབྱུང་བས་བྱས་པ་ཡིན་པའི་ཕྱིར་རོ། །ཞེས་དེ་ལྟར་གསུངས་པ་རེད། དེ་ནང་བཞིན་དུ་སྤྱ ོད་བསྡུས་སྒྲོན་མེའི་སྐབས་སུ། དོན་དམ་པའི་བདེན་པ་དེ་ཡང༌། མ་བཅོས་པ་ནམ་མཁའ་དང་མཉམ་པ་ན་དྲི་མ་མེད་པའི་ངོ་བོ་ཉིད་དོ། །ཞེས་དཔལ་ལྡན་ཟླ་བ་གྲགས་པ་རང་གིས་སྐབས་གོང་འོག་དུ་མར་མང་པོ་གསུང་གིན་ཡོད་པ་རེད། དེས་ན་རང་ལུགས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ཡང༌། རྟེན་འབྲེལ་དེ་དོན་དམ་བདེན་པ་ལ་སྦྱར་རྒྱུ་མེད་པར་གསུངས་ཡོད་པ་དེ་འདྲ་རེད། དེ་ཡང་དབུ་མ་རྩ་བ་ཤེས་རབ་ཀྱི་སྐབས་སུ། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་བ་ཉིད་དུ་བཤད། །དེ་ནི་རྒྱུ་བྱས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་རེད། དེས་ན་སྤྱིར་བཏང་རྟེན་འབྲེལ་རྟོགས་པ་དེ་དབུ་མའི་ལམ་དུ་འཇུག་པའི་རྟགས་ཤིག་ཡིན་ཞེས་རང་ལུགས་ཀྱིས་ཀྱང་ཁས་ལེན་གྱིན་ཡོད་པ་རེད། དེ་ཡང་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་བཀའ་བསྡུ་བཞི་པའི་སྐབས་སུ། ཀུན་རྫོབ་རྟེན་འབྲེལ་ལེགས་པར་རྟོགས་པ་ནི། །དབུ་མ་ཆེན་པོའི་དྲུང་དུ་འཇུག་པའི་ལམ། །ཞེས་གསུངས་པ་ནང་བཞིན་དུ་ཤེས་དགོས་ཀྱིན་འདུགགཞན་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་འཕྲེང་བའི་སྐབས་སུ་ཡང༌། འདི་ཡོད་པས་ནི་འདི་འབྱུང་དཔེར། །རིང་བོ་ཡོད་པས་ཐུ ང་ངུ་བཞིན། །འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་འབྱུང་བས་འོད་བཞིན་ནོ། །ཞེས་སོགས་ཀྱི་སྐབས་སུ་རྟེན་འབྲེལ་དེ་རྒྱུ་རྐྱེན་ལ་ལྟོས་ནས་གསུངས་བཞག་པ་སྐབས་དུ་མར་མང་པོ་ཡོད་པ་རེད། དེར་མ་ཟད་མདོའི་སྐབས་སུ་ཡང༌། རྟེན་འབྲེལ་གསུང་སྐབས་རྒྱུ་དང་རྐྱེན་ལ་ལྟོས་པའམ༌། ཡང་ན་སྒྲ་རྟོག་གིས་བྱས་པའི་ཀུན་བརྟགས་ཀྱི་ཆོས་རྣམས་དེ་འདྲ་མ་གཏོགས། དོན་དམ་བདེན་པ་རྟེན་འབྲེལ་ཡིན་པར་དུས་ནམ་ཡང་གསུང་གིན་མེད་པའི་ཟོལ་མདོ་སྡེ་རྣམས་ལ་གཟིགས་དང་གསལ་རྒྱུ་རེད། དཔེར་ན། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་སྐབས་སུ། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། གང་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་དེ་འདི་ལྟར། འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། ཞེས་དེ་ལྟར་གསུངས་པ་རེད། དེ་ནང་བཞིན་དུ། མ་དྲོས་པས་ཞུས་པའི་མདོ་དེ་ཉིད་དཔལ་ལྡན་ཟླ་བ་གྲགས་པས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིསནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་པའི་རྟེན་འབྲེལ་གྱི་རིགས་པ་འགོད་སྐབས་སུ་དེའི་ཐད་ཀྱི་འཇུག་པ་རང་འགྲེལ་གྱི་སྐབས་དེར་མདོ་དྲངས་ནས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་བར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་རྟེན་འབྲེལ་དེ་རྐྱེན་ལས་སྐྱེས་པ་དང༌། རྐྱེན་ལ་རག་ལས་པ་ཡིན་པ། སྟོང་བ་ཉིད་ཡིན་པ་དེ་ལྟར་གསུངས་བཞག་ཡོད་པ་དེ་འདྲ་རེད། ཡང་མདོའི་སྐབས་སུ་འདི་ལྟར་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་བརྡ་ནིའདི་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད། ཅེས་སོགས་གསུངས་པ་འདྲ་དང༌། ཡང་ཁྱེའུ་བཞིའི་ཏིང་ངེ་འཛིན་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོའི་སྐབས་སུ། གང་རྟེན་ཅིང་འབྲེལ་པ་ལས་བྱུང་བ་དེ་ནི་མི་རྟག་པའོ། །ཞེས་སོགས་རིམ་པ་བཞིན་དུ་རྒྱས་ཤིང་རྒྱས་པ་མང་པོ་ཞིག་གསུང་གིན་ཡོད་པ་དེ་ལྟར་རེད། ཡིན་ན་ཡང༌། འདི་དག་གི་སྐབས་སུ་ཞིབ་ཆ་མང་པོ་ཞིག་བྱེད་དགོས་པ་འདྲ་སྟེ། སྐབས་མང་པོ་ཞིག་ལ་གང་རྟེན་འབྲེལ་གྱི་ཆོས་རྣམས་མི་རྟག་པ་ཡིན་པ་དང༌། བསླུ་བ། རྫུན་པ་སོགས་ཡིན་པ་མདོ་དུ་མར་གསུང་གིན་ཡོད་པ་དེ་ལྟར་རེད། འོན་ཀྱང༌། སྤྱིར་བཏང་རྟེན་འབྲེལ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དེ་ཅུང་ཙམ་འཇོག་མི་ཐུབ་པ་དེ་འདྲ་རེད། ཡིན་ན་ཡང་རྒྱུ་དང་རྐྱེན་ལས་བྱུང་བའི་འདུས་བྱས་ཀྱི་རྟེན་འབྲེལ་ལ་མི་རྟག་པས་ཁྱབ་པ་དེ་ཁས་ལེན་ཐུབ་པ་རེད། འོན་ཀྱང་རང་ལུགས་ལ། ཀུན་བརྟགས་ཀྱི་ཆོས་རྣམས་རྟེན་འབྲེལ་དུ་འཇོག་པ་དེ་སྒྲ་རྟོག་གིས་ཕར་བྱས་པའམ། སྒྲ་རྟོག་ལ་ལྟོས་པ་ཡིན་པ་དེའི་རྒྱུ་མཚན་གྱིས་རྟེན་ཅིང་འབྲེལ་འབྱུང་ཡིན་པ་དེ་འདྲའི་སྒོ་ནས་འཇོག་གིན་ཡོད་པ་དེ་ལྟར་རེད། དེའི་གནད་ཀྱིས་སྒྲ་རྟོག་གིས་བྱས་པ་ལ་འདུས་བྱས་ཙམ་དང༌། ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་ལས་བྱུང་བ་ལ་འདུས་བྱས་མཚན་ཉིད་པ་ཞིག་འཇོག་གིན་ཡོད་པ་དེ་རེད། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ཀྱི་སྐབས་སུ། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་གསུངས་པ་ལྟར་གྱིས་འཇོག་དགོས་ལ། དེས་ན་རང་ལུགས་ལ་གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་མ་ཁྱབ་ཅེས་དེ་ལྟར་གསུངས་པ་རེད། དེ་དང་འདྲ་བར་བླ་མ་མི་ཕམ་ཚང་གི་གཉུག་སེམས་སྐོར་གསུམ་སྐབས་ན་ཡང༌། གཉུག་མའི་ཡེ་ཤེས་དེ་རྟེན་འབྲེལ་མ་ཡིན་པ་དེ་གསུང་འགྲོ་གིན་ཡོད་པ་དེ་འདྲ་ཞིག་ཡིན་པ་རེད། སྤྱིར་བཏང་རང་སྡེ་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་ནས་བསམ་བློ་བཏང་ན། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་བ་སོགས་ཀྱི་ལུགས་ལ་རྟེན་འབྲེལ་དང་འདུས་བྱས་གཉིས་དོན་གཅིག་ཏུ་འདོད་པའི་ཟོལ་འདྲ་བོ་དང༌། དེ་ནང་བཞིན་དུ་སེམས་ཙམ་པས་ཀྱང༌། གཞན་དབང་དང་རྟེན་འབྲེལ་གཉིས་དོན་གཅིག་ཏུ་ཁས་ལེན་གྱིན་ཡོད་པ་དང༌། དབུ་མ་པ་རྣམས་ཀྱི་ལུགས་ལ་ཡང༌། ཕལ་ཆེར་ཀུན་བརྟགས་ཀྱི་ཆོས་དང་གཞན་དབང་གཉིས་རྟེན་འབྲེལ་ཡིན་པ་དེ་གསལ་བོར་ཆགས་ཡོད་པ་འདྲ་རེད། འོན་ཀྱང༌། དོན་དམ་བདེན་པ་རྟེན་འབྲེལ་ཡིན་པ་དེ་སྐབས་གང་དུ་ཡང༌། ཚིག་ཟིན་ལ་གསལ་བོར་གསུངས་ཡོད་པ་ཞིག་ཕལ་ཆེར་མདོ་དང་བསྟན་བཅོས་སྔོན་གྱི་རྒྱ་གཞུང་ཚད་ཐུབ་སོགས་གང་ན་གསལ་ཁ་བཏོད་ནས་གསུང་གིན་མེད་པ་དེ་འདྲ་རེད། ཡིན་ན་ཡང༌། ང་ཚོས་ལྟ་བ་རྟེན་ཅིང་འབྲེལ་འབྱུང༌། སྤྱོད་པ་འཚེ་བ་མེད་པ་ཞེས་ལབ་ཀྱིན་ཡོད་པ་རེད། དེ་ལྟར་ཚིག་ཟིན་ནང་བཞིན་དུ་བཞག་ན་ཡང་འགལ་བ་ཆེན་པོ་མི་འདུག་མོད། འོན་ཀྱང༌། ལྟ་བ་མཐར་ཐུག་ལ་བསམ་བློ་བཏང་ན། དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པར་འཇོག་མི་ཐུབ་པ་དེ་འདྲ་རེད། སྤྱིར་བཏང༌། ང་ཚོ་ནང་པ་སངས་རྒྱས་པའི་ཐུན་མོང་གི་ལྟ་བ་དེ་ལྟ་བ་བཀར་བཏགས་ཀྱི་བཞི་དེ་འཇོག་དགོས་པ་རེད། ལྟ་བའི་ཆ་ནས་ནང་པ་སངས་རྒྱས་པ་ཡིན་མིན་དེ་ལྟ་བ་བཀར་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་མི་ལེན་གྱི་སྒོ་ནས་འཇོག་དགོས་པ་དེ། རང་ལུགས་དང་དབུ་མའི་གཞུང་སྨྲ་མཁན་གྱི་བོད་ཁ་བ་གངས་ཅན་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཕལ་ཆེར་གཅིག་མཚུངས་སུ་ཆགས་འདུག་ཡོད་པ་རེད། དེ་འདྲའི་ཐོག་ནས་རྟེན་འབྲེལ་གྱི་རིགས་པ་དེ་ལ་ཡང༌། འདོད་པ་སྣ་ཚོགས་པ་ཞིག་བཤད་རྒྱུ་ཡོད་པ་རེད། རང་ལུགས་གཞིར་བཞག་བྱས་ན་ཡང་ཀུན་བརྟགས་དེ་རྟེན་འབྲེལ་ཡིན་པར་གསུངས་པ་ཡིན་ན། རྟེན་འབྲེལ་ཡིན་ན་གཞན་དབང་ཡིན་མི་དགོས་པའི་ཟོལ་འདྲ་དང༌། རྟེན་འབྲེལ་ཡིན་ན་གཞན་དབང་ཡིན་མི་དགོས་ན། ཀུན་མཁྱེན་ཆོས་རྗེ་རིན་པོ་ཆེའི་ཆོས་ཤན་འབྱེད་ཀྱི་སྐབས་སུ། གཞན་དབང་དང༌། གཞན་སྐྱེས། རྟེན་འབྲེལ་རྣམས་དོན་གཅིག་ཏུ་གསུངས་གིན་ཡོད་པའི་དོན་ཅི་ཡིན་ཞེ་ན། དེ་ལ་ཁ་ཅིག་གིས་འདུས་བྱས་ཀྱི་རྟེན་འབྲེལ་དང་གཞན་དབང་སོགས་དོན་གཅིག་ཡིན་ཞེས་པའི་ལུང་དོན་དུ་མང་པོ་ཞིག་གིས་ལབ་ཀྱིན་འདུག་མོད། དེ་ལྟར་ལབ་པ་ཡིན་ན། གོང་དུ་ཕྱོགས་སྔ་མས་གང་ལྟར་ཁས་ལེན་པ་རེད་ཟེར་ན། རྟེན་འབྲེལ་དང་སྟོང་ཉིད་དོན་གཅིག་ཏུ་འདོད་པ་དེ་ལ་དགག་པ་གཏོང་གིན་ཡོད་པ་དེ་རེད། དེ་འདྲ་ཡིན་དུས། འདུས་བྱས་ཀྱི་རྟེན་འབྲེལ་དང༌། གཞན་དབང༌། གཞན་སྐྱེས་རྣམས་དོན་གཅིག་ཡིན་པའི་ལུང་དོན་དུ་འགྲེལ་ན། གོང་ནས་དགག་པ་གནང་བ་དེ་དགག་པ་ཡང་དག་ཏུ་མི་འགྲོ་བ་ཞིག་ལ་ཆགས་འདུག་ཡོད་རེད། དེར་མ་ཟད། དེའི་སྐབས་ན་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་མདོ་ཁ་ཤས་མར་དྲང་ཡོང་དུས། རྟེན་འབྲེལ་དེ་གཞན་དབང་ལ་སྦྱར་ནས་གསུང་གིན་ཡོད་པ་ཞིག་རེད། དེ་ཡང་འདི་ལྟར་གསུངས་ཏེ། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། གང་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་དེ་འདི་ལྟར། འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། ཞེས་ཆོས་ཤན་འབྱེད་ཀྱི་སྐབས་སུ་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ལུང་དྲངས་ནས་གསུང་གིན་ཡོད་པ་རེད། གཞན་ཡང༌། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུའི་སྐབས་སུ་ཡང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་གང་དག་སྐྱེ་བ་ངོ་བོ་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་དག་ནི། དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ། །ཞེས་གསུང་ཡོང་དུས་སྐྱེ་བ་ངོ་བོ་ཉིད་མེད་པ་དེ་དང༌། གཞན་དབང་དོན་གཅིག་ཏུ་བཤད་དགོས་པས། དེས་ན་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་གསུང་ཟིན་ལ་རྟེན་འབྲེལ་དེ་གཞན་དབང་ལ་སྦྱར་ནས་གསུང་འགྲོ་གིན་ཡོད་པ་ཨེ་ཡིན་སྙམ་མོད། དེ་འདྲའི་དཔྱད་པ་ཞིག་ཀྱངཡོང་གིན་འདུག་པས་ཞིབ་ཏུ་དཔྱད་པར་ཞུ།

ཤེས་པ་ལ་རྣམ་ཤེས་དང་ཡེ་ཤེས་གཉིས་སུ་དབྱེ་བ།

ཤེས་པ་ལ་རྣམ་ཤེས་དང་ཡེ་ཤེས་གཉིས་སུ་དབྱེ་བ།

དེ་ནས། རྩ་བར། དེས་ན་ཤེས་པ་ལ་རྣམ་ཤེས་དང་ཡེ་ཤེས། ཞེས་གསུངས་ཏེ། ཚུལ་གཉིས་རྣམ་འབྱེད་ཀྱི་སྐབས་སུ་རང་ལུགས་ཐུན་མོང་མ་ཡིན་གྲུབ་དོན་གསུང་ཡོང་དུས། ཤེས་པ་ལ་དབྱེ་ན་རྣམ་ཤེས་དང་ཡེ་ཤེས་གཉིས་སུ་གསུངས་པ་རེད། སྤྱིར་བཏང་གཞན་སྟོང་སྨྲ་བ་རྣམས་ཀྱིས་ལུགས་ལ་རྣམ་ཤེས་ཀྱི་རྒྱལ་ཁམས་དང་ཡེ་ཤེས་ཀྱི་རྒྱལ་ཁམས་གཉིས་བཤད་ཀྱིན་ཡོད་པ་རེད། རྣམ་ཤེས་ཀྱི་ཡུལ་ལ་རྒྱལ་ཁམས་བཟུང་འོང་དུས་ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ལ་རྣམ་ཤེས་ཀྱི་རྒྱལ་ཁམས་དང༌། དེ་ཡང་རྣམ་ཤེས་ཀྱི་རྒྱལ་ཁམས་ཟེར་བ་དེ། ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྣམ་ཤེས་ལ་སྣང་ཞིང༌། སྒྲ་རྟོག་ལ་གྲགས་པས་ཀུན་རྫོབ་ཀྱི་ཆོས་འདི་དག་ཐམས་ཅད་ལ་རྣམ་ཤེས་ཀྱི་རྒྱལ་ཁམས་ཞེས་གསུངས་པ་རེད། ཡེ་ཤེས་ཀྱི་རྒྱལ་ཁམས་ཟེར་བ་དེ། དོན་དམ་རང་བྱུང་སོ་སོ་རང་རིག་པའི་ཡེ་ཤེས་དེ་དང༌། ཡེ་ཤེས་དེ་ལ་སྣང་བའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ལ་སོགས་པ་དེ་ལ་སྔགས་ཀྱི་སྐབས་སུ་དེ་ལྟར་སྦྱར་བ་དང༌། མདོའི་སྐབས་སུ་དོན་དམ་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལ་སྦྱར་བ་དེ་ལྟར་རེད། སྤྱིར་བཏང༌། དོན་དམ་དབྱིངས་སམ་གཞན་སྟོང་དེ་ཉིད་མདོའི་སྐབས་སུ་ཡིན་ན་དོན་དམ་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དམ། ཡོན་ཏན་ཐམས་ཅད་ལྡན་པར་གསུངས་པ་དེ་དང༌། སྔགས་ཀྱི་སྐབས་སུ་དེ་ལས་ཁྱད་པར་དུ་འཕགས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་རྡོ་རྗེའི་སྐུ་ཡིན་པར་དེ་ལྟར་གསུང་འགྲོ་གིན་ཡོད་པ་རེད། དེའི་དབང་གིས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། མདོ་ལས་སངས་རྒྱས་ཆོས་རྣམས་ལྡན་པར་གསུངས། །དེ་ཉིད་སྔགས་ལས་རྣམ་ཀུན་མཆོག་ལྡན་གསུངས། །ཞེས་སྔགས་ཀྱི་སྐབས་སུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཡིན་པར་གསུངས་གིན་ཡོད་པ་རེད། འོན་ཀྱང་ཕྱོགས་རྒྱལ་བ་སོགས་ཀྱིས་མདོ་སྔགས་ཀྱི་ཁྱད་པར་བཤད་སྐབས་མདོ་ལས་རྣམ་ཀུན་མཆོག་ལྡན་གསུངས་པར་བཞེད་པས་དཔྱད་རྒྱུ་ཡོད་དོ། །དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྐབས་སུ། ཕྲ་རགས་རྡུལ་གྱི་ཆོས་ཉིད་འདས། །ཕྲ་ཕབ་པ་ཡི་རང་བཞིན་ཅན། །ཞེས་གསུངས་པ་དང༌། དེ་དང་འདྲ་བར། ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཞེས་དེ་ལྟར་གསུངས་པ་ཡིན་ན། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་དེ་རྡོ་རྗེའི་སྐུ་ཡིན་པ་དེ་ལྟར་གསུངས་ཡོད་པ་རེད། དེ་འདྲའི་སྒོ་ནས་རང་ལུགས་ལ་རྣམ་ཤེས་ཀྱི་རྒྱལ་ཁམས་དང་ཡེ་ཤེས་ཀྱི་རྒྱལ་ཁམས་སོ་སོ་ངེས་པར་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་རེད། མདོར་ན་ང་ཚོས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པའི་སངས་རྒྱས་ཀྱི་གོ་འཕངས་ཐོབ་པ་དེའི་ཚེ་ན་ཀུན་རྫོབ་ཀྱི་སྣང་བ་གང་ཡང་མེད་པའི་ཚེ་རྣམ་ཤེས་ཀྱི་རྒྱལ་ཁམས་ལས་འདས་སོང་བ་དང༌། རྣམ་ཤེས་ཀྱི་རྒྱལ་ཁམས་ལས་འདས་ཏེ་ཡེ་ཤེས་ཀྱི་རྒྱལ་ཁམས་ལ་སླེབས་འོང་ཚེ། དེ་འདྲའི་ཡེ་ཤེས་ཀྱི་རྒྱལ་ཁམས་དེ་དོན་དམ་པའི་ཁམས་བདེ་བར་གཤེགས་པའི་ཡེ་ཤེས་སྐུ་དང་ཞིང་ཁམས་ཀྱི་རྣམ་པ་ཐམས་ཅད་པའི་བདག་ཉིད་དེ་སྣང་འོང་གིན་ཡོད་པ་དེ་འདྲ་རེད། དེ་འདྲ་སྣང་ཚེ་ཡེ་ཤེས་ཀྱི་རྒྱལ་ཁམས་ལ་སླེབས་པ་རེད། དེའི་སྐབས་དེར་གང་འདྲ་ཞིག་རེད་ཅེ་ན། ང་ཚོ་མི་ཞིག་གཉིད་ལོག་པ་དེའི་ཚེ་རྨི་ལམ་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འཁྲུལ་བའི་སྣང་བ་སྣ་ཚོགས་པ་ཞིག་ཡོད་པ་ཡིན་ན། སད་པ་དེའི་ཚེ་སྔར་གྱི་རྨི་ལམ་གྱི་གནས་སྐབས་དེ་ལས་ལྡོག་ཅིང༌། དེ་ནས་སད་པའི་སྣང་བ་སྣ་ཚོགས་ཀྱི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་སྣང་བ་དེ་སྣང་གིན་ཡོད་པ་རེད། དེ་ནང་བཞིན་དུ། ཀུན་རྫོབ་འཁྲུལ་བའི་སྣང་བ་འདི་དག་ཐམས་ཅད་སྣང་བྱེད་ཀྱི་རྒྱུ་བག་ཆགས་ཐམས་ཅད་གཏན་ནས་སྤངས་པ་དེའི་ཚེ་དེ་དོན་དམ་ཡེ་ཤེས་ཀྱི་རྒྱལ་ཁམས་དེ་སྣང་འོང་གིན་ཡོད་པ་དེ་འདྲ་ཞིག་རེད། དེ་ཡང་ཐམས་ཅད་མཁྱེན་པ་རྗེ་སྒྲོལ་བའི་མགོན་ཞབས་ཀྱི་སྔོན་མེད་ལེགས་བཤད་ཀྱི་སྐབས་སུ་དཔེ་གང་འདྲའི་སྒོ་ནས་གསུངས་ཡོད་པ་རེད་ཟེར་ན། མཁྲིས་ནད་ཅན་གྱི་གང་ཟག་ལ་མཁྲིས་ནད་ཀྱི་དབང་གིས། སྤྱིར་བཏང་དུང་དེ་དཀར་པོ་ཡིན་ཡང༌། དུང་དེ་སེར་བོ་ཉིད་དུ་སྣང་བ་ཡིན་ན། ཁོ་རང་ལ་དུང་སེར་བོ་ཉིད་དུ་སྣང་བ་དེ་འཁྲུལ་རྒྱུའི་དབང་གིས་སྣང་སོང་བ་དེ་འདྲ་རེད། དཔེ་དེ་བྱས་ནས། དོན་དེ་གང་ཡིན་ན། ང་ཚོ་ཡང་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་གཟུང་འཛིན་གཉིས་སྣང་གི་འཁྲུལ་བ་སྣ་ཚོགས་ཀྱི་དབང་གིས། ཀུན་རྫོབ་ཀྱི་ཆོས་འདི་དག་ཐམས་ཅད་སྣང་གིན་ཡོད་པ་རེད། དེ་ཡང་བདེན་པ་དང༌། མི་བསླུ་བ་ཡིན་པ་དེ་འདྲའི་སྒོ་ནས་སྣང་བ་རེད། ཡིན་ན་ཡང༌། དུང་སེར་བོ་སྣང་བྱེད་ཀྱི་མཁྲིས་ནད་ལ་སོགས་པ་དེ་ལྡོག་སོང་བ་ཡིན་ན། དེ་འདྲའི་དུང་སེར་བོ་མི་སྣང་བའི་ཚེ་སྟོང་རྐྱང་ཙམ་ཞིག་མིན་པར། དེའི་ཤུལ་དུ་དུང་དཀར་པོ་དེ་ཚུར་སྣང་རྒྱུ་ཡོད་པ་དེ་ཀུན་རྫོབ་ཀྱི་གནས་ཐབས་ཀྱི་དབང་དུ་བྱས་ན་དེ་ལྟར་རེད། དེ་ནང་བཞིན་དུ་དོན་དམ་པའི་དབང་དུ་བྱས་ན། ཀུན་རྫོབ་ཀྱི་འཁྲུལ་བ་འདི་དག་ཐམས་ཅད་ལྡོག་འགྲོ་བ་དེའི་ཚེ་དེའི་ཤུལ་དུ་སྟོང་བ་སྟོང་རྐྱང་ཙམ་མིན་པར། དོན་དམ་པའི་སྐུ་དང་ཞིང་ཁམས་ཀྱི་རྣམ་པ་ཐམས་ཅད་པའི་ཡོན་ཏན་ཚུར་སྣང་རྒྱུ་ཡོད་པའི་རྒྱུ་མཚན་གྱིས་རྣམ་ཤེས་ཀྱིརྒྱལ་ཁམས་དང༌། ཡེ་ཤེས་ཀྱི་རྒྱལ་ཁམས་གཉིས་འབྱེད་ཀྱིན་ཡོད་པ་དེ་ལྟར་རེད།

རིག་པ་ལ་རང་རིག་དང་གཞན་རིག་གཉིས་སུ་དབྱེ་བ།།

རིག་པ་ལ་རང་རིག་དང་གཞན་རིག་གཉིས་སུ་དབྱེ་བ།དེ་ནས།

རྩ་བར། རིག་པ་ལ་རང་རིག་དང་གཞན་རིགཅེས་གསུངས་ཏེ། རིག་པ་དབྱེ་གཞི་བྱས་ནས་དེ་ལ་རང་རིག་དང་གཞན་རིག་ཅེས་གཉིས་འཇོག་གིན་ཡོད་པ་རེད། རང་རིག་གི་ཤེས་པ་དེ་ལ་ཡང༌། རང་ལུགས་ཀྱིས་ཀུན་རྫོབ་ཀྱི་རང་རིག་དང༌། དོན་དམ་པའི་རང་རིག་གཉིས་འཇོག་གིན་ཡོད་པ་དེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཟབ་དོན་ཉེར་གཅིག་གི་སྐབས་སུ་གསུངས་པ་དེ་ག་ནང་བཞིན་དུ། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་བཀའ་བསྡུ་བཞི་པ་རྩ་འགྲེལ་གཉིས་སུ་གསུངས་ཡོད་པ་དེ་ལྟར་རེད། དེ་ནས་གཞན་རིག་གི་ཤེས་པ་དེ་དཔེར་ན་སྒོ་ལྔའི་རྣམ་ཤེས་ལ་སོགས་པ་ལྟ་བུ་དེ་རེད། དེས་ན། རིགཔ་དེ་ལ་རང་རིག་དང་གཞན་རིག་གཉིས་ཡོད་པ་དེ་ལྟར་རེད།

སྟོང་པ་ལ་རང་སྟོང་དང་གཞན་སྟོང་གཉིས་སུ་དབྱེ་བ།

སྟོང་པ་ལ་རང་སྟོང་དང་གཞན་སྟོང་གཉིས་སུ་དབྱེ་བ།དེ་ནས།

རྩ་བར། སྟོང་པ་ལ་རང་སྟོང་དང་གཞན་སྟོང༌། ཞེས་གསུངས་ཏེ། སྟོང་པ་དབྱེ་གཞི་བྱས་ནས་དེ་ལ་དབྱེ་ན། རང་སྟོང་དང་གཞན་སྟོང་གཉིས་ཡོད་པ་རེད་ཅེས་དེ་ལྟར་གསུངས་པ་རེད། རང་སྟོང་དེ་ལ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་འཇོག་པ་དང༌། གཞན་སྟོང་དེ་ལ་དོན་དམ་ཆོས་ཀྱི་དབྱིངས་འོད་གསལ་བའི་སྐུ་དང་ཞིང་ཁམས་ཀྱི་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་གྲུབ་པ་དེ་འཇོག་གིན་ཡོད་པ་རེད། དེ་ཡང་འཇམ་པའི་དབྱངས་དངོས་ཉ་དབོན་ཀུན་དགའ་དཔལ་གྱི་བསྟན་པ་སྤྱི་འགྲེལ་གྱི་སྐབས་སུ་ཡང་དེ་ལྟར་གསུངས་ལ། དེ་ནང་བཞིན་དུ་ཐེག་མཆོག་དབུ་མའི་རྩ་བའི་སྐབས་སུ། ཀུན་རྫོབ་གང་ཡིན་རང་སྟོང་དང༌། །དོན་དམ་གང་ཡིན་གཞན་སྟོང་ཉིད་དུ་གསུངས། །ཞེས་དེ་ལྟར་གསུངས་པ་ནང་བཞིན་གྱིས་མདོར་ན་རང་ལུགས་ལ་སྟོང་ཉིད་དེ་ལ་རང་སྟོང་དང་གཞན་སྟོང་གཉིས་སུ་ཕྱེ་ནས་གསུང་གིན་ཡོད་པ་དེ་ལྟར་རེད།

ཆོས་ལ་ཆོས་ཅན་དང་ཆོས་ཉིད་གཉིས་སུ་དབྱེ་བ།

ཆོས་ལ་ཆོས་ཅན་དང་ཆོས་ཉིད་གཉིས་སུ་དབྱེ་བ།དེ་ནས། རྩ་བར།

ཆོས་ལ་ཆོས་ཅན་དང་ཆོས་ཉིད་སོགས་ཞིབ་མོར་ཕྱེ་ནས་སྣང་བ་ཐམས་ཅད་སེམས་སུ་འདོད་པ་དང༌། ཞེས་གསུངས་ཏེ། གོང་དུ་གསུངས་པ་ནང་བཞིན་དུ། ཡང་ཆོས་དེ་དབྱེ་གཞི་བྱས་ནས་དེ་ལ་དབྱེ་ན། ཆོས་དང་ཆོས་ཉིད་གཉིས་ཡོད་པ་དེ་འདྲ་རེད། དེ་དག་ཞིབ་མོར་ཕྱེ་ནས་མདོར་ན་རང་ལུགས་ལ། གང་སྣང་བ་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་མ་གཏོགས། ཕྱི་རོལ་གྱི་རྡུལ་བསགས་སྟོབས་ཀྱིས་གྲུབ་པ་ཞིག་དང༌། ནང་སེམས་ཀྱི་བདག་ཉིད་དུ་མ་གྲུབ་པའི་ཕྱི་རོལ་ཡུལ་གྱི་སྟེང་ནས་གྲུབ་པ་ཞིག་མེད་པ་དེ་ལྟར་རེད། དེའི་རྒྱུ་མཚན་གྱིས་གཟུང་བ་བདེན་པར་མེད་པ་དེ་བསྟན་བཅོས་མངོན་རྟོགས་རྒྱན་གྱི་རང་རྒྱལ་གྱི་ལམ་ཤེས་བཤད་པའི་སྐབས་སུ། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དངནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་པ་ནང་བཞིན་ཡིན་པ་དེ་འདྲ་རེད། དེ་ལྟར་དུ་གོང་དུ་ཞུས་པ་བཞིན་འཕགས་པ་ཐོགས་མེད་ཀྱི་ཐེག་བསྡུས་སུ། དམྱལ་བ་ཡི་དྭགས་དུད་འགྲོ་མི། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་ཕྱི་དོན་དུ་མ་གྲུབ་པར་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་དུ་གྲུབ་པ་ཡིན་པར་གསུང་གིན་ཡོད་པ་དེ་དང༌། དེ་ནང་བཞིན་དུ་ས་བཅུ་པའི་མདོའི་སྐབས་སུ། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་སེམས་ཀྱི་བདག་ཉིད་དུ་གྲུབ་པ་ཡིན་པར་གསུངས་པ་དེ་ལྟར་རེད། ལུང་དེ་དུས་འཁོར་རྩ་རྒྱུད་ཀྱི་ཚིག་ཡིན་པར་ཡང་གསུང་གིན་ཡོད་པ་རེད་ལ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་ཚིག་ཡིན་པར་གསུངས་པ་ཡང་འདུགམདོར་ན། སེམས་ཙམ་པའི་གྲུབ་མཐའ་དེ་ལ་བརྟེན་པའམ། སེམས་ཙམ་པའི་གྲུབ་མཐའ་དེ་ལ་འཇུག་འོང་དུས། གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་བའི་སྟོང་བ་ཞིག་གསུང་གིན་འདུགཚད་མ་རྣམ་འགྲེལ་གྱི་སྐབས་སུ། ལྷན་གཅིག་དམིགས་པར་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དེ་འདྲ་ཡང་གསུང་གི་ཡོད་པ་རེད། ཡིན་ན་ཡང༌། དབུ་མའི་གྲུབ་མཐའི་སྐབས་སུ་སེམས་ལས་ཐ་དད་པའི་ཕྱི་དོན་དུ་གྲུབ་པ་ཙམ་ཞིག་གཏན་ལ་ཕབ་པ་མ་ཡིན་པར། དེའི་སྟེང་དུ་ནང་འཛིན་པ་རྣམ་པར་ཤེས་པ་དེ་ཡང་བདེན་པ་མེད་པར་གཏན་ལ་འབེབས་ཀྱིན་ཡོད་པ་དེ་ལྟར་རེད། དེའི་རྒྱུ་མཚན་ལ་བརྟེན། སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱེད། །ཡང་དག་དམིགས་པ་ལ་བརྟེནནས། །སྣང་བ་མིན་ལས་འདའ་བར་བྱེད། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་མདོ་སྡེ་ལང་ཀར་གཤེགས་པ་ལས་གསུངས་པ་ནང་བཞིན་ཡིན་པ་རེད། དཔལ་ལྡན་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་ལེའུ་གསུམ་པའི་སྐབས་སུ། སྐྱེས་ལ་འདྲ་བ་འགོག་པའི་རིགས་པའི་སྒོ་ནས་ཕྱི་དོན་དུ་འགོག་པའི་རིགས་པ་དང༌། སྣང་བ་སེམས་ཀྱི་བདག་ཉིད་དུསྒྲུབ་པའི་རིགས་པ་ལ་སོགས་པ་གསུང་གིན་ཡོད་པ་དེ་ལྟར་རེད།

གཟུགས་སྐུ་དོན་དམ་པའི་སངས་རྒྱས་མ་ཡིན་པར་བསྟན་པ།

གཟུགས་སྐུ་དོན་དམ་པའི་སངས་རྒྱས་མ་ཡིན་པར་བསྟན་པ།

དེ་ནས། རྩ་བར། གཟུགས་སྐུ་གདུལ་བྱ་གཞན་སྣང་གིས་བསྡུས་ཀྱི་སངས་རྒྱས་མ་ཡིན་པར་བཞེད་པ་དང༌། ཞེས་གསུངས་ཏེ། དེའི་སྐབས་སུ་གཟུགས་སྐུ་རྣམ་པ་གཉིས་གསུངས་པ་དེ་ཀུན་རྫོབ་ཀྱི་གཟུགས་སྐུ་གཉིས་ཡིན་པ་དང༌། ཀུན་རྫོབ་ཀྱི་གཟུགས་སྐུ་གཉིས་ནི་ལོངས་སྐུ་དང་སྤྲུལ་སྐུ་རྣམ་པ་གཉིས་པོ་དེ་རེད། དེ་གདུལ་བྱ་གཞན་སྣང་གིས་བསྡུས་ཀྱི་སངས་རྒྱས་མ་ཡིན་པར་བཞེད་པ་དང་ཞེས་གསུང་ཟིན་ལ་དེ་ལྟར་གསུངས་པ་རེད། ཡིན་ན་ཡང༌། འདིའི་ཕྱོགས་ནས་རང་ལུགས་ཀྱི་མཁས་དབང་རྣམས་གསུང་ཟིན་ཅུང་ཙམ་མི་འདྲ་བ་རེད། དཔེར་ན། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་ཕར་ཕྱིན་མདོ་ལུགས་མའི་སྐབས་སུ་ཀུན་རྫོབ་ཀྱི་གཟུགས་སྐུ་རྣམ་པ་གཉིས་དེ་སངས་རྒྱས་དངོས་མ་ཡིན་པ་ལྟ་བུ་དེ་གང་འདྲ་གསུངས་པ་རེད་ཟེར་ན། ཕར་ཕྱིན་མདོ་ལུགས་མའི་སྐབས་སུ། ཆོས་སྐུའི་རྣམ་འགྱུར་ཡིན་པས་དོན་དམ་ལ་ཆོས་སྐུ་མ་ཡིན་པའི་གཟུགས་སྐུ་མེད་ཅེས་པའི་དོན་ཏོ། །ཞེས་དང༌། གཟུགས་སྐུ་གཉིས་ནི་སངས་རྒྱས་རང་ཉིད་ཀྱི་ཆ་ནས་དོན་དམ་པ་ཆོས་ཉིད་ཀྱི་སྐུ་འབའ་ཞིག་ཡིན་ཡང༌། གདུལ་བྱ་སེམས་ཅན་གྱིས་ཆོས་ཅན་དངོས་པོའི་སྐུར་མཐོང་བའི་ཆ་ནས་ཀུན་རྫོབ་པའི་སྐུ་དང། བཏགས་པ་པ་ཡི་སྐུ་དང༌། བརྡའི་སྐུ་ལ་སོགས་པར་གསུངས་སོ། །དེས་ཆོས་ཉིད་ཀྱི་ལོངས་སྐུ་དང། སྤྲུལ་སྐུ་དེ་ཉིད་གདུལ་བྱ་དངོས་པོར་འཛིན་པའི་བག་ཆགས་ཤས་ཆེ་བ་རྣམས་ལ་དངོས་པོའི་སྐུ་སྣ་ཚོགས་པར་སྣང་ཡང་དངོས་པོའི་སྐུ་ནི་གདགས་གཞི་དེ་ཉིད་ལ་བརྟགས་པ་ཙམ་དུ་ཟད་ཀྱི། དོན་ལ་ནི་གཟུགས་སྐུའི་རྣམ་པར་སྣང་ཡང་ཆོས་སྐུ་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང༌། དེས་ན་ཆོས་ཀྱི་སྐུ་ཉིད་གཟུགས་སྐུའི་རྣམ་པར་ཤར་བ་ལ་སེམས་ཅན་གྱིས་དངོས་པོའི་སྐུར་མཐོང་བའི་ཆ་དེ་ཉིད་སྐུ་བཏགས་པ་བ་དང་ཀུན་རྫོབ་པ་དང༌། བརྡའི་སྐུ་ཡིན་ནོ། །ཞེས་དེ་ལྟ་བུའི་སྒོ་ནས་ཆོས་སྐུ་ལ་སྦྱར་ནས་གསུངས་པ་དེ་འདྲ་རེད། དེ་ནང་བཞིན་དུ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་འདིའི་སྐབས་སུ། གཟུགས་སྐུ་རྣམ་པ་གཉིས་ཏེ་གདུལ་བྱ་གཞན་སྣང་གིས་བསྡུས་ཀྱི་སངས་རྒྱས་མ་ཡིན་པར་བཞེད་ཅེས་གསུངས་པ་ཡིན་ན་ཡང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་རང་ཉིད་ཀྱིས་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཀྱི་ནང་ནས་ལོངས་སྐུ་དེ་དོན་དམ་པའི་ལོངས་སྐུ་ལ་སྦྱར་ནས་གསུང་གིན་ཡོད་པ་རེད། དེ་ལྟར་ཡང་ཐེག་མཆོག་དབུ་མའི་རབ་བྱེད་བརྒྱད་པའི་སྐབས་སུ། དེ་བཞིན་རང་སྣང་ཞིང་དང་སྐུ་དང་འཁོར། །མཆོད་པ་གསུང་དབྱངས་བཅས་པ་ལོངས་སྐུདངོས། །ཞེས་ལོངས་སྐུ་དངོས་ལ་སྦྱར་ནས་དེ་ལྟར་གསུངས་པ་རེད། དེའི་རྗེས་སུ་གང་འདྲ་གསུངས་པ་རེད་ཟེར་ན། སྡུག་པོའི་ཞིང་ན་ངེས་པ་ལྔ་ལྡན་པ། །དེ་ནི་གཞན་དོན་སྣང་ཚུལ་ལོངས་སྤྱོད་རྫོགས། །གནས་གཙང་ཆེན་པོར་སྤྲུལ་བའི་སྐུ་རེ་ལས། །འཛམ་གླིང་སོགས་སུ་བྱེ་བ་ཕྲག་བརྒྱ་སྟོན། །མཆོག་གི་སྤྲུལ་སྐུ་རྩ་བ་ཡན་ལག་གཉིས། །སྤྲུལ་བ་པོ་ནི་ཐུགས་རྗེས་དབྱིངས་ཉིད་དུ། །རང་སྣང་མཛད་པ་སྟོན་པ་དེ་ཉིད་ཡིན། །ཞེས་དེ་འདྲའི་སྒོ་ནས་གསུངས་པ་རེད། མདོར་ན། ལོངས་སྐུ་དང་སྤྲུལ་སྐུ་དངོས་ལྟ་བུ་དེ་ཆོས་ཀྱི་དབྱིངས་ལ་སྦྱར་བའི་གསུང་ཟིན་ཡོང་གིན་ཡོད་པ་རེད། ཡིན་ན་ཡང༌། དེ་ལྟར་གསུངས་པ་དེ་དོན་དམ་པའི་ལོངས་སྐུ་དང༌། དོན་དམ་པའི་སྤྲུལ་སྐུ་དེ་ཆོས་ཉིད་ཀྱི་སྐུ་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་བཞག་ནས། དེ་ནས་ཀུན་རྫོབ་གཟུགས་སྐུ་རྣམ་པ་གཉིས་དེ་གདུལ་བྱ་གཞན་ལ་སྣང་བ་མ་གཏོགས། སངས་རྒྱས་རང་ལ་མི་སྣང་ཞེས་ཟེར་དགོས་པ་དེ་འདྲ་ཆགས་ཡོད་པ་རེད། དེས་ན་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་ཕར་ཕྱིན་མདོ་ལུགས་མའི་སྐབས་དེར་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཀ་དོན་དམ་པའི་ལོངས་སྐུ་དང༌། དོན་དམ་པའི་སྤྲུལ་སྐུ་ལ་གཙོ་བོར་སྦྱར་ནས་གསུངས་པ་རེད། དེ་ཡང་དོན་དམ་པའི་ལོངས་སྐུ་དང༌། དོན་དམ་པའི་སྤྲུལ་སྐུ་ངོས་འཛིན་པའི་དབང་དུ་བྱས་ན་ཕལ་ཆེར་འགྲིག་པ་ཨེ་ཡིན་བསམ་གྱིན་འདུགདེ་ལྟར་བསམས་པ་གང་ཡིན་ཟེར་ན། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་རང་ཉིད་ཀྱིས་མཛད་པའི་རི་ཆོས་ངེས་དོན་རྒྱ་མཚོ་དང༌། རྒྱུད་བླ་དོལ་ཊཱིཀ་གཉིས་ཀྱི་སྐབས་དེར་གཟུགས་སྐུ་རྣམ་པ་གཉིས་དེ་ལོངས་སྐུ་དང་སྤྲུལ་སྐུ་ལ་སྦྱར་ནས་དེ་གཉིས་ཀུན་རྫོབ་བསྐྱེད་འབྲས་སམ། ཡང་ན་ཀུན་རྫོབ་གསལ་བྱུང་གི་སངས་རྒྱས་ཡིན་པར་ཁས་ལེན་ནས། དོན་དམ་རང་བྱུང་གི་ཆོས་ཉིད་འདུས་མ་བྱས་པའི་ཡེ་ཤེས་དེ། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོའམ་བདེ་གཤེགས་སྙིང་པོ་ལ་སྦྱར་ནས་གསུང་གིན་ཡོད་པ་དེ་འདྲ་རེད། དེའི་རྒྱུ་མཚན་ལ་བརྟེན། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་རང་གི་ལུགས་ལ་ཡང༌། སངས་རྒྱས་ཡིན་ན་དོན་དམ་པའི་སངས་རྒྱས་ཡིན་པས་མ་ཁྱབ་པ་དེ་ལ་ཀུན་རྫོབ་གཟུགས་སྐུ་རྣམ་པ་གཉིས་ལ་སོགས་པ་འཇོག་དགོས་པ་ཞིག་གསུང་གིན་ཡོད་པ་རེད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་སེམས་ཅན་ཐམས་ཅད་ལ་ཀུན་རྫོབ་ཀྱི་སངས་རྒྱས་ཡོད་པར་ཁས་མ་བླངས་པའི་ཕྱིར། ཞེས་གསུང་ཡོང་དུས། ཀུན་རྫོབ་ཀྱི་སངས་རྒྱས་སངས་རྒྱས་མ་ཡིན་ན། དེ་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའམ་གདུལ་བྱ་གཞན་སྣང་གིས་བསྡུས་པ་ནི་ཡིན་ལ། དེ་ལྟར་ན་དེ་སེམས་ཅན་ཐམས་ཅད་ལ་ཐོབ་དགོས་པ་ལྟ་བུར་ཡང་ཆགས་ཡོད་པ་རེད། དེར་མ་ཟད་རི་ཆོས་ངེས་དོ་ན་རྒྱ་མཚོའི་སྐབས་སུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཡོད་པར་ཁས་ལེན་ཡང་སངས་རྒྱས་ཡིན་པར་ཁས་མ་བླངས་པའི་ཕྱིར། ཞེས་སོགས་གསུངས་པ་འདྲ་དང༌། གཞན་ཡང་ཀུན་རྫོབ་ཀྱི་གཟུགས་སྐུ་དེ་སེམས་ཅན་ལ་ཐོབ་པར་ཁས་མ་བླངས་པའི་ཕྱིར། ཞེས་དེ་ལྟར་གསུང་གིན་འདུགསྤྱིར་བཏང་གཟུགས་སྐུ་རྣམ་པ་གཉིས་དེ་སངས་རྒྱས་མ་ཡིན་ན། དེ་ཐོབ་བྱ་ནི་ཡིན་དགོས་པ་འདྲ་ལ། དེས་ན་དེ་སེམས་ཅན་ལ་ཐོབ་དགོས་པ་ལྟ་བུར་ཆགས་ཡོད་པ་ཡིན་ཡང༌། རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་ཀུན་རྫོབ་གསར་བྱུང་ཟེར་ན་འདྲ། ཀུན་རྫོབ་ཀྱི་སངས་རྒྱས་ཐོབ་པར་ཁས་མ་བླངས་པའི་ཕྱིར། ཞེས་གཞན་ལ་རྩོད་ལན་བྱས་པ་དེའི་སྒོ་ནས་བསམ་བློ་བཏང་ན། གཟུགས་སྐུ་རྣམ་པ་གཉིས་དེ་སངས་རྒྱས་ཡིན་དགོས་པ་ཞིག་ཏུ་ཆགས་ཡོད་པ་རེད། དེར་མ་ཟད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་རང་ཉིད་ཀྱིས་མཛད་པའི་ཀུན་གཞི་ཡེ་ཤེས་ལྔའི་རབ་ཏུ་ཕྱེ་བ་ཞེས་པའི་གཞུང་དེའི་སྐབས་སུ། ཀུན་གཞི་ཡིན་ལ་སངས་རྒྱས་མིན་པ་ཡོད། །སངས་རྒྱས་ཡིན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་ལ་གཉིས་ཀ་མིན་པ་ཡོད། །ཅེས་དེ་ལྟར་གསུངས་པ་རེད། དེས་ན་སངས་རྒྱས་ཡིན་ལ་ཀུན་གཞི་མིན་པ་ཡོད་ཅེས་གསུངས་དུས། དེ་ལ་ཀུན་རྫོབ་གསར་བྱུང་གི་སངས་རྒྱས་ལྟ་བུ་དེ་མ་བཞག་ན། དོན་དམ་རང་བྱུང་གི་ཆོས་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་ནི། ཀུན་གཞིའི་ཡེ་ཤེས་ཡིན་པར་རང་ལུགས་ཀྱིས་ཁས་ལེན་གྱིན་ཡོད་པ་རེད། དེའི་རྒྱུ་མཚན་གྱིས། སངས་རྒྱས་ཡིན་ལ་ཀུན་གཞི་མ་ཡིན་པ་དེ་ཀུན་རྫོབ་གཟུགས་སྐུ་དེ་མ་བཞག་ན་གཞན་འཇོག་རྒྱུ་མི་རྙེད་པ་ལྟ་བུ་རེད། དེར་བརྟེན། ཀུན་རྫོབ་གསར་བྱུང་གི་སངས་རྒྱས་དེ་སངས་རྒྱས་ཡིན་པར་ཁས་ལེན་དགོས་པ་དེ་རང་ལུགས་ཚད་གྲུབ་བྱས་ནས་བཞག་ན་འཇོག་ཐུབ་པ་ཞིག་ཏུ་ཆགས་འདུག་ཡོད་པ་དེ་འདྲ་རེད། ལྷག་པར་དུ་ཉ་དབོན་ཀུན་དགའ་དཔལ་གྱི་གཞི་ལམ་འབྲས་གསུམ་གྱི་དྲིས་ལན་ཡིད་ཀྱི་མུན་སེལ་སྐབས་སུ་ཀུན་རྫོབ་གཟུགས་སྐུ་རྣམ་པ་གཉིས་དེ་སངས་རྒྱས་མ་ཡིན་ན། ལུང་རིགས་ཞིབ་རྒྱས་ཀྱིས་སྐྱོན་འདི་ལྟར་ཁ་གསལ་ཞིང་གོ་སླ་བའི་སྒོ་ནས་གསུངས་ཏེ། དེ་ལས། ཇི་སྐད་དུ། བཅོམ་ལྡན་འདས་ཀྱི་དོན་ལ་རྟོན་པར་བྱ་ཡི་ཚིག་འབྲུ་ལ་སྟོན་པར་མི་བྱའོ། །ཞེས་བཀའ་བསྩལ་བ་ལྟར་དགོངས་པ་ཟབ་མོ་གང་ཡིན་དཔྱད་ནས་དེ་དང་མི་འགལ་བ་ཁས་བླངས་ཀྱི་སྒྲ་ཅི་བཞིན་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་རྒྱུད་བླ་མའི་ལུང་དོན་སྒྲ་ཅི་བཞིན་པར་བྱས་ནས་མཆོག་གི་སྤྲུལ་བའི་སྐུ་གདུལ་བྱ་སོ་སྐྱེའི་རང་སེམས་ཀྱི་སྣང་བ་ཡིན་གྱི་སངས་རྒྱས་སས་བསྡུས་ཀྱི་སྐུ་མཚན་ཉིད་པ་མིན་ན་ཆུ་ནང་གི་ཟླ་གཉིས་ལྟ་བུ་མེད་པ་སྣང་བ་གཅིག་ཡིན་ནམ་རྫས་སུ་ཡོད་པའི་སྣང་བ་ཡིན། དང་པོ་ལྟར་ན་ཤཱཀྱ་ཐུབ་པ་ལྟ་བུ་མཆོག་གི་སྤྲུལ་བའི་སྐུ་དེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གིས་ཆོས་འཁོར་བསྐོར་བའང་མིན་པར་འགྱུར་རོ། །ཆུ་ནང་གི་ཟླ་བའི་གཟུགས་བརྙན་བཞིན་སྣང་བ་ལྟར་མ་གྲུབ་པ་ཡིན་པའི་ཕྱིར་རོ། །འདོད་མི་ནུས་ཏེ། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག།གང་རྣམས་ཐུབ་པའི་གསུངས་དེདག། ཅེས་སོགས་དང༌། མངོན་རྟོགས་རྒྱན་དུ། གང་དང་ཡང་དག་ལྡན་པའི་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུང་བ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་མཐའ་ཡས་སོ། །གཉིས་པ་ལྟར་ན། མཐའ་གཞན་བཀག་པའི་ལུང་རིགས་ཀྱིས་གདུལ་བྱ་སོ་སྐྱེས་རང་ཉིད་ཀྱི་རྣམ་ཤེས་ཀྱིས་བསྡུས་པའི་དངོས་པོ་ཞིག་ཏུ་ཁས་ལེན་དགོས་པར་འགྱུར་བ་ལས་མ་འདས་ལ། དེ་ལྟར་ན་དེས་གསུངས་པའི་འཁོར་ལོ་རིམ་གསུམ། གསུང་རབ་ཡན་ལག་བཅུ་གཉིས་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་མ་ཡིན་པར་འགྱུར། དེ་གསུང་བ་པོ་སངས་རྒྱས་ཡིན་པའི་གཟུགས་སྐུ་མེད་ཀྱི་དེ་གསུང་པ་པོར་འདོད་པའི་གཟུགས་སྐུ་དེ་ནི་གདུལ་བྱ་སོ་སྐྱེའི་རྣམ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར། འདོད་ན། བཀའ་འཁོར་ལོ་རིམ་པ་གསུམ་དང། གསུང་རབ་ཡན་ལག་བཅུ་གཉིས་སངས་རྒྱས་ཀྱི་བཀའ་མཚན་ཉིད་པ་མ་ཡིན་པར་ཐལ་བར་འགྱུར། དེ་ཡང་འདོད་ན། དེ་རྣམས་སྟོན་པ་སངས་རྒྱས་ཀྱི་བཀར་མཛད་དེ་སེམས་དཔའ་ཆེན་པོ་རྣམས་དང་དགྲ་བཅོམ་ཆེན་པོ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པར་མཛད་པ་མི་འཐད་པར་ཐལ་བ་དང༌། རྒྱན་དྲུག་ལ་སོགས་པའི་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀའི་དགོངས་འགྲེལ་མཛད་དེ་བསྟན་པ་རྒྱས་པར་མཛད་པ་མི་འཐད་པར་ཐལ་བ་ལ་སོགས་པ་སྐྱོན་དུ་མ་ཡོད་ཅིང༌། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་ལུང་དང་རྟོགས་པའི་དམ་པའི་ཆོས་ལ་འཇུག་ཅིང་བསྒྲུབ་པ་ནན་ཏན་དུ་བྱེད་པའི་སོ་སྐྱེས་དང་འཕགས་པའི་གང་ཟག་སློབ་ལམ་མེད་པར་འགྱུར་ཏེ། ཆོས་གསུང་བ་པོའི་སངས་རྒྱས་གཟུགས་སྐུ་མེད་ཅིང༌། སྔར་བཤད་ཀྱི་རྟོགས་པ་ཡེ་ཤེས་ཆོས་སྐུ་དང༌། ངོ་བོ་ཉིད་སྐུ་ནི། གང་ཟག་དེ་དག་ལ་དངོས་སུ་ཆོས་སྟོན་པར་ཁྱེད་ཀྱིས་ཁས་ལེན་པར་མི་ནུས་ཏེ། དེ་གཉིས་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་གྱི་གང་ཟག་དེ་དག་གི་སྤྱོད་ཡུལ་མ་ཡིན་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་གདུལ་བྱ་སོ་སྐྱེས་རྣམས་ཀྱིས་མཚན་བཟང་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་བོ་བརྒྱད་ཅུའང་ཐོབ་པར་འགྱུར། སངས་རྒྱས་མཆོག་གི་སྤྲུལ་བའི་སྐུ་དེ་རང་སེམས་ཀྱི་རྫས་ཡིན་ཅིང༌། རང་སེམས་དེ་རང་རྒྱུད་ལ་རྫས་སུ་མེད་ཀྱིས་བསྙོན་དུ་མེད་པའི་སྐྱེས་བུ་ཡིན་པའི་ཕྱིར། ཡང་ལོངས་སྐུ་བྱང་སེམས་འཕགས་པའི་རང་སྣང་ཡིན་གྱི་སངས་རྒྱས་མཚན་ཉིད་པ་མ་ཡིན་ན། གནས་འོག་མིན་ཆེན་པོ་ཁོ་ནར་བཞུགས་པ་ལ་སོགས་པའི་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་དེ། གནས་མ་ལུས་པར་གྱུར་བའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དུ་བྱམས་པས་གསུངས་པ་མི་འཐད་པར་ཐལ་བར་འགྱུར་ཏེ། གདུལ་བྱ་སློབ་ལམ་པ་འགའ་ཞིག་གི་སེམས་ཀྱི་རང་སྣང་ཡིན་གྱི་སངས་རྒྱས་མིན་པའི་ཕྱིར། འདོད་མི་ནུས་ཏེ། མདོ་སྡེ་རྒྱན་དུ། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། །ཞེས་སོ། །བྱང་སེམས་འཕགས་པ་སློབ་ལམ་པ་དེ་རྣམས་ཀྱང་གནས་འོག་མིན་ཆེན་པོར་སངས་རྒྱས་ཟིན་པར་འགྱུར་ཏེ། མདོ་བསྟན་ཆོས་རྣམས་སུ་གསུངས་པའི་སྐུ་གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་དེ། དེའི་རང་སེམས་ཀྱི་རང་སྣང་གི་རྫས་ཉིད་ཡིན་པའི་ཕྱིར། ཇི་སྐད་དུ། ལང་ཀར་གཤེགས་མདོར། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་པོ་ནི་འདིར་འཚངརྒྱ། །ཞེས་བཤད་དོ། །རྐང་བ་ཕྱི་མ་འདིས་མཆོག་གི་སྤྲུལ་སྐུ་ཡང་སངས་རྒྱས་སུ་འགྲུབཔོ། །ཞེས་གསུངས་པ་དང༌། སངས་རྒྱས་ཀྱི་གཟུགས་སྐུ་སངས་རྒྱས་ཀྱི་སས་མ་བསྡུས་པར་གདུལ་བྱའི་སེམས་ཀྱི་སྣང་བ་ཙམ་དུ་སྟོན་པ་མ་ཡིན་ནོ། །དེ་ལྟར་མ་ཡིན་པར་གཟུགས་སྐུ་གདུལ་བྱའི་རང་སྣང་ཁོ་ན་ཡིན་ན། དབུ་མ་རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། ། རྒྱལ་བོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པས། གང་ཟག་ལྷས་སྦྱིན་གྱིས་སྐལ་བ་གྲངས་མེད་དུ་མར་བསོད་ནམས་ཀྱི་ཚོགས་རབ་ཀྱི་མཐར་ཕྱིན་པར་བསགས་པའི་འབྲས་བུ་དངོས་དེ་ཁོང་གིས་མ་ཐོབ་པར་གདུལ་བྱ་མཆོད་སྦྱིན་གྱིས་ཐོབ་པར་འགྱུར་ཞིང༌། འདོད་ན་ལས་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་འཕྲད་པར་འགྱུར་རོ། །གཞན་ཡང་མདོ་གསེར་འོད་དམ་པ་ལས། དཔེར་ན་ནམ་མཁའ་ལ་བརྟེན་ནས་གློག་འབྱུང་ངོ༌། །གློག་ལ་བརྟེན་ནས་འོད་འབྱུང་ངོ༌། །དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུངངོ༌། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ནས་སྤྲུལ་བའི་སྐུ་འབྱུང་ངོ༌། །ཞེས་གསུངས་ཏེ། དཔེ་དོན་རྣམ་པ་ཐམས་ཅད་དུ་མཚུངས་དགོས་པ་མ་ཡིན་མོད། སྐབས་སུ་བབ་པའི་མཚུངས་ཆོས་ངེས་པར་སྦྱོར་དགོས་པས་འདིར་གློག་གི་འོད་དེ་གློག་དེ་ཉིད་ཀྱི་རང་གི་མདངས་གསལ་བའི་ཆ་གཅིག་ཡིན་ལ། གློག་དང་བྲལ་མི་ཤེས་པ་ཡིན་ཞིང༌། དེ་གཉིས་ལ་མཆོག་དམན་གྱི་ཁྱད་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ལོངས་སྐུ་དང་སངས་རྒྱས་རང་ཉིད་ཀྱིས་སྤྲུལ་བའི་སྤྲུལ་སྐུ་དང༌། སངས་རྒྱས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་གདུལ་བྱའི་སྤྱོད་ཡུལ་དུ་གསལ་བའི་ཡེ་ཤེས་ཀྱི་རྣམ་འགྱུར་ཉིད་ཡིན་པས། སངས་རྒྱས་ཀྱི་ས་ཉིད་ཀྱིས་བསྡུས་པའི་ཕྱིར། དེ་གཉིས་ལ་བཟང་ངན་གྱི་ཁྱད་མེད་ཅིང་གདུལ་བྱའི་སེམས་རྒྱུད་ཀྱིས་བསྡུས་པ་མ་ཡིན་ནོ། །ཞེས་པ་ནས། དེས་ན་རྫོགས་པའི་སངས་རྒྱས་ཀྱི་ལོངས་སྤྲུལ་གཉིས་པོ་ཡང་སངས་རྒྱས་ཀྱི་སས་བསྡུས་ཀྱི་ཡོན་ཏན་ཁོ་ནར་ངེས་སོ། །ཞེས་པ་ལ་སོགས་་པ་མདོར་ན་ལུང་རིགས་སྣ་ཚོགས་པའི་སྒོ་ནས་དགག་གཞག་ཞིབ་རྒྱས་གནང་འདུག་པས། དེ་ཚོ་ལ་རྣམ་པ་ཐམས་ཅད་ཀྱིས་བལྟ་དགོས་པ་དེ་གལ་ཆེན་པོ་རེད། མདོར་ན། གཟུགས་སྐུ་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་ལོངས་སྐུ་དང་ཀུན་རྫོབ་ཀྱི་སྤྲུལ་སྐུ་གཉིས་པོ་དེ་སངས་རྒྱས་དངོས་ཡིན་པ་དེ་ཕལ་ཆེར་ཁས་ལེན་དགོས་པ་དེ་ལྟར་རེད། དེ་ཡང་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རྒྱུད་བླ་དོལ་ཊཱིཀ་གི་སྐབས་སུ་ཡང་དེ་ལྟར་གསུངས་ཡོད་པ་དང༌། བསྟན་བཅོས་རྒྱུད་བླ་མའི་སྐབས་སུ་ཡང་རིགས་ལ་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་གསུང་སྐབས། གཏེར་དང་འབྲས་བུ་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླང་བ་མཆོག་ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོའི་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་དེ་འདྲའི་སྒོ་ནས་དང་པོ་རང་བཞིན་གནས་རིགས་ལ་བརྟེན་ནས་ཆོས་སྐུ་ཐོབ་པ་ཡིན་པ་དེ་དང༌། དེ་ནང་བཞིན་རྒྱས་འགྱུར་གྱི་རིགས་ལ་བརྟེན་ནས། གཟུགས་སྐུ་རྣམ་པ་གཉིས་ཐོབ་པར་ཡིན་པ་དེ་གསལ་བར་གསུངས་བཞག་པ་དེ་འདྲ་རེད། ཡང་བསྟན་བཅོས་རྒྱུད་བླ་མའི་སྐབས་སུ། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག།བདག་ཉིད་ཀྱི་ནི་འབྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡའ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་གསུངས་པ་ནང་བཞིན་གྱིས་དང་པོ་ངོ་བོ་ཉིད་སྐུ་དེ་ལ་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པའི་བྲལ་བའི་ཡོན་ཏན་ཞེས་དེ་ལྟར་གསུངས་པ་རེད། གཉིས་པ་གཟུགས་སྐུ་རྣམ་པ་གཉིས་དེ་ལ་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པའི་ཡོན་ཏན་དག་དང་ལྡན་པ་རེད་ཅེས་གསུངས་པ་དེ་དང༌། རྒྱུད་བླ་དོལ་ཊཱིཀ་ལས་ཀྱང་འདི་ལྟར་གསུངས་ཏེ། དེ་དག་ལ་ཡོད་པ་ལ་བརྟེན་པའི་ཡོན་ཏན་ལ་ཕྱེ་ནའང་ཆོས་སྐུ་ལ་ཡོད་པ་བྲལ་བའི་འབྲས་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང༌། གཟུགས་སྐུ་ལ་ཡོད་པ་རྣམ་པར་སྨིན་པའི་འབྲས་བུ་ནི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ། གཉིས་ཀ་བསྡོམས་པ་ལས་ཡོན་ཏན་གྱི་དབྱེ་བ་དྲུག་ཅུ་རྩ་བཞི་པོ་འདི་དག་ཡིན་ནོ། །ཞེས་སོགས་གསུངས་པ་དེ་ཤེས་དགོས་པ་རེད། དེ་ག་ནང་བཞིན་དུ་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་ཡང་འདི་ལྟར་གསུངས་ཏེ། དེ་ལྟར་སྐུ་གསུམ་སྐུ་བཞི་གང་ལྟར་བཞག་ཀྱང་གཟུགས་སྐུ་གཉིས་ནི་ཀུན་རྫོབ་བརྡའི་སྐུ་སྟེ། འདིར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ལ་བདེན་གཉིས་ཀྱི་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ལ་གཟུགས་སྐུ་རྣམ་པ་གཉིས་ནི་ཀུན་རྫོབ་ཀྱི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟེ་ཐུན་མོང་དུ་རབ་ཏུ་གྲགས་སོ། །ཞེས་གསུངས་པ་དང༌། གཞན་ཡང་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རྒྱུད་བླའི་སྐབས་སུ་ཡང་འདི་ལྟར་གསུངས་ཏེ། སངས་རྒྱས་ཞེས་པའང་རང་དོན་ཕུན་སུམ་ཚོགས་པ་དང། གཞན་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་རྟེན་རང་དོན་དོན་དམ་པ་ཆོས་ཀྱི་སྐུ་དང་ནི། དེ་ལ་བརྟེན་པའི་གཞན་དོན་ཀུན་རྫོབ་གཟུགས་ཀྱི་སྐུ་དེ་ཉིད་དེ། སྐུ་གཉིས་ཀྱི་བདག་ཉིད་ཅན་ཡིན་ཞིང༌། ཞེས་སངས་རྒྱས་དེ་ལ་རང་དོན་དང་གཞན་དོན་གྱི་དབྱེ་བའི་སྐུ་རྣམ་པ་གཉིས་ཡོད་པ་དེ་གསལ་བར་གསུངས་པ་དེ་ལྟར་རེད། མདོར་ན་གཟུགས་སྐུ་རྣམ་པ་གཉིས་དེ་སངས་རྒྱས་ཡིན་པར་ལུང་རིགས་དེ་དག་ལ་བརྟེན་ནས་བསྒྲུབ་ཐུབ་པ་ཞིག་ཏུ་ཆགས་འདུག་ཡོད་པ་རེད། དེར་མ་ཟད་ཉ་དབོན་པའི་གཞི་ལམ་འབྲས་གསུམ་གྱི་དྲིས་ལན་ཡིད་ཀྱི་མུན་སེལ་གྱི་སྐབས་སུ། རྫོགས་པའི་སངས་རྒྱས་ཀྱི་ལོངས་སྤྲུལ་གཉིས་པོ་ཡང་སངས་རྒྱས་ཀྱི་སས་བསྡུས་ཀྱི་ཁོ་ནར་ངེས་སོ། །ཞེས་དེ་ལྟར་གསལ་བོར་གསལ་རྐྱང་སྒོ་ནས་གསུང་གིན་ཡོད་པ་རེད། གཞན་ཡང་སངས་རྒྱས་ཀྱི་ས་ན་ཀུན་རྫོབ་གཟུགས་སྐུའམ་ཀུན་རྫོབ་གསལ་བྱུང་ཡོད་པ་དེ། ཆོས་དབྱིངས་ཡེ་ཤེས་ལ་སངས་རྒྱས་སའི་དོན་དམ་པའི་སྐུས་ཁྱབ་ཅེས་གསུངས་པ་དང༌། མེ་ལོང་ཡེ་ཤེས་དང༌། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱད་སྒྲུབ་ཡེ་ཤེས་བཞི་ལ་འདུས་བྱས་ཀྱང་ཡོད་ཀྱི་འདུས་མ་བྱས་ཀྱང་ཡོད་པས། ཀུན་རྫོབ་ཀྱང་ཡོད་ལ། གཞན་བྱུང་ཡེ་ཤེས་བཞི་དང་རང་བྱུང་ཡེ་ཤེས་ལྔ་སྟེ། ཀུན་རྫོབ་གཟུགས་སྐུ་སྐྱེས་ནས་སེམས་ཅན་གྱི་དོན་བྱར་དགོས་སོ། །ཞེས་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་དེ་ལྟར་གསུང་གི་ཡོད་པ་སོགས་ཀྱིས་ཀྱང་བསྒྲུབ་ཐུབ་པ་ཞིག་རེད། དེའི་རྒྱུ་མཚན་གྱིས་འདིའི་སྐབས་སུ་གཟུགས་སྐུ་རྣམ་པ་གཉིས་གདུལ་བྱ་གཞན་སྣང་གིས་བསྡུས་ཀྱི་སངས་རྒྱས་མ་ཡིན་པར་བཞེད་ཅེས་པ་དེ། སངས་རྒྱས་རང་སྣང་གིས་བསྡུས་པའི་སྐུ་མ་ཡིན་ཞེས་པའི་དོན་དང༌། སངས་རྒྱས་མ་ཡིན་པར་བཞེད་ཅེས་པ་དེ། དོན་དམ་པའི་སངས་རྒྱས་མ་ཡིན་པར་བཞེད་པ་དེ་ལྟར་དུ་རང་ལུགས་ཀྱིས་ཁས་ལེན་དགོས་པ་དེ། ཀུན་མཁྱེན་དོལ་པོ་པ་སོགས་ཀྱི་གསུང་ཟིན་གྱི་དགོངས་པ་ལ་བརྟགསན་དེ་འདྲ་ཞིག་ཏུ་འབབ་ཀྱིན་ཡོད་པ་རེད་ཅེས་དེ་ལྟར་ཞུ་རྒྱུ་དེ་ཡིན།

སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་བཞུགས་ཀྱང་དེ་སངས་རྒྱས་སུ་ཐལ་བའི་སྐྱོན་མེད་པར་བསྟན་པ།

སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་བཞུགས་ཀྱང་དེ་སངས་རྒྱས་སུ་ཐལ་བའི་སྐྱོན་མེད་པར་བསྟན་པ།

དེ་ནས། རྩ་བར། སེམས་སྤྲོས་བྲལ་སངས་རྒྱས་ཀྱི་རྒྱུ་ཡིན་པར་མ་ཟད། སེམས་ཀྱི་གསལ་བ་མ་འགགས་པ་ལ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དབྱེར་མེད་ཀྱི་ངོ་བོས་གནས་པས་སེམས་ཅན་གྱི་རྒྱུད་ལ། མཚན་དཔེ་གསལ་རྫོགས་ཡོན་ཏན་དྲུག་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སངས་རྒྱས་ཡོན་ཏན་དབྱེར་མེད་ཚུལ་གྱིས་ཡོད། ཅེས་གསུངས་ཏེ། སེམས་སྤྲོས་བྲལ་སངས་རྒྱས་ཀྱི་རྒྱུ་ཡིན་པར་མ་ཟད་ཅེས་སེམས་དེ་སྒྲ་རྟོག་གི་སྤྲོས་པ་དང༌། ཀུན་རྫོབ་གཉིས་སྣང་གི་སྤྲོས་པ། བདེན་འཛིན་གྱི་སྤྲོས་པ། མཚན་མའི་སྤྲོས་པ་ལ་སོགས་པ་དང་བྲལ་བའི་སེམས་དེ་ཉིད་སངས་རྒྱས་ཀྱི་རྒྱུ་ཡིན་པར་མ་ཟད། སེམས་ཀྱི་གསལ་བ་ངོ་བོ་རང་བཞིན་མ་འགགས་པ་ལ་སངས་རྒྱས་ཀྱི་ཡོན་ཏན་དབྱེར་མེད་ཀྱི་ངོ་བོས་གནས་པས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཚན་དཔེ་གསལ་རྫོགས་ཀྱི་རྣམ་པ་དང༌། ཡོན་ཏན་དྲུག་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་ཡོན་ཏན་དབྱེར་མེད་ཀྱི་ཚུལ་གྱིས་ཡོད་ཅེས་དེ་ལྟར་གསུངས་པ་རེད། དེ་ཡང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དབྱེ་མེད་ཀྱི་ངོ་བོར་གནས་པ་དེ་རེད། དེ་ལྟར་ཡང་རྒྱུད་བླ་མའི་ལེའུ་གཉིས་པའི་སྐབས་སུ། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་ཕྱིར་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་གསུངས་པ་ནང་བཞིན་དུ། འོད་གསལ་བའི་སེམས་དེ་ཉིད་བྱས་པ་མ་ཡིན་པ་དང་རྒྱུ་དང་རྐྱེན་གྱིས་བྱས་པ་མ་ཡིན་པས་འོད་གསལ་བྱས་མིན་ཞེས་དང༌། དབྱེར་བ་མེད་པའི་འཇུག་ཅན་གང་གཱའི་ཀླུང་གི་རྡུལ་གྲངས་དང་མཉམ་པའི་དོན་དམ་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་པ་དེའི་རྒྱུ་མཚན་གྱིས། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དབྱེར་མེད་ཀྱི་ངོ་བོར་གནས་པས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཚན་དཔེ་གསལ་རྫོགས་ཀྱི་རྣམ་པ་ཐམས་ཅད་པ་ཡོད་ཅེས་དེ་ལྟར་གསུངས་པ་རེད། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་ཡོད་པ་དེ་བསྟན་བཅོས་རྒྱུད་བླ་མའི་སྐབས་སུ་དཔེ་དགུ་དང་དོན་དགུ་སྒྲིབ་བྱེད་ཀྱི་དྲི་མ་དགུ་ལ་སོགས་པའི་སྒོ་ནས་གསལ་བར་གསུངས་ཏེ། དེ་ཉིད་ལས། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྤུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཕྱུང་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སོགས་རྒྱས་པར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ། ཁམས་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་ཆོས་ཀྱི་དབྱིངས་ཡིན་པ་དེ་ལྟར་གསལ་བར་གསུངས་པ་རེད། ཡིན་ན་ཡང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་ཀྱི་དབྱིངས་ཡོད་ཟེར་བ་དེ་ཡང༌། དེའི་རྒྱུད་ལ་གཟུངས་གཞུག་བཞག་པའི་ཟོལ་ལྟ་བུའི་ཡོད་པ་མ་ཡིན་པར་ཆོས་དང་ཆོས་ཉིད་ཀྱི་ཚུལ་དུ་ཡོད་པ་དེ་དང༌། ཆོས་ཉིད་ཀྱི་ཚུལ་དུ་བརྟན་དང་གཡོ་བ་ཐམས་ཅད་ལ་ཡོངས་སུ་ཁྱབ་པ་ཞིག་རེད། དེ་ལྟར་ཁྱབ་ཚུལ་གང་འདྲ་ཞིག་རེད་ཟེར་ན། ང་ཚོའི་ཀུན་རྫོབ་ཀྱི་སྣང་བའམ་འཁྲུལ་བའི་སྣང་བ་དེ་ནམ་ལྡོག་པ་དེའི་ཚེ་དེའི་ཤུལ་དུ་སྟོང་རྐྱང་ཙམ་མིན་པར་གནས་ལུགས་ཡིན་ལུགས་དོན་དངོས་གནས་ལ་ཡོད་མཁན་དེ། ཆོས་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་སྐུ་དང་ཡེ་ཤེས་ཐམས་ཅད་པའི་བདག་ཉིད་དེ་བཞུགས་ཡོད་པའི་རྒྱུ་མཚན་གྱིས་ཆོས་ཉིད་དེ་དོན་དམ་གནས་ལུགས་ཡིན་ལུགས་ཤིག་ཡིན་པ་དེ་རེད། དེ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་དེ་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོའི་མདོ་བཅུ་ལ་སོགས་པའི་སྐབས་སུ་རྒྱས་པར་གསུང་གིན་ཡོད་པ་དེ་ལྟར་རེད། སྤྱིར་བཏང༌། ངེས་དོན་མདོ་བཅུ་དང་སྙིང་པོའི་མདོ་བཅུ་པོ་གཉིས་ཀྱི་ནང་ནས་སྙིང་པོའི་མདོ་བཅུའི་སྐབས་སུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གློ་བུར་གྱི་དྲི་མས་བསྒྲིབས་པའི་ཚུལ་གྱིས་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་སོགས་དོན་དམ་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་པ་དང༌། མཚན་བཟང་སོགས་ཀྱིས་བརྒྱན་པ་ཡིན་པར་དེ་ལྟར་གསུང་གིན་ཡོད་པ་རེད། འོ་ན། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དེ་རང་ལུགས་ལ་ངེས་དོན་གྱི་མདོ་ཡིན་པར་ཁས་ལེན་དགོས་ན། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པའི་སྐབས་སུ། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་དྲང་དོན་དགོངས་པ་ཅན་དུ་བཀྲལ་བའི་ཕྱིར་ཟེར་ན། རང་ལུགས་ལ་མ་ཁྱབ་ཟེར་དགོས་པའི་ཟོལ་ཞིག་ཆགས་འདུག་ཡོད་པ་རེད། རྒྱུ་མཚན་གང་གི་ཕྱིར་ན། དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་ལ་སོགས་པ་བརྩམས་པའི་སྐབས་དེར་གཞན་སྟོང་གི་ཕྱོགས་བཟུང་ནས་གསུངས་པ་མ་ཡིན་པར། གཙོ་བོ་དཔལ་ལྡན་ཟླ་བ་གྲགས་པ་རང་གིས་བྱས་པའི་གྲུབ་མཐའི་རྗེས་སུ་གཟུང་བའི་ཕྱིར་དུའམ། ཡང་ན་དགོས་པ་གཞན་དབང་གིས་དེ་བཞིན་གཤེགས་པའི་སྙིང་པོ་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཚན་དཔེ་གསལ་རྫོགས་ཀྱིས་བརྒྱན་པའི་རྣམ་པ་ཅན་ཞིག་ཏུ་ཁས་ལེན་གྱིན་ཡོད་པ་མ་རེད། དེ་ཁས་མ་ལེན་པའི་དབང་གིས། དེ་བཞིན་སྙིང་པོ་གསུངས་པ་དེ་སྟོང་ཉིད་ལ་དགོངས་ནས་གསུངས་པ་རེད་ཅེས་དེ་ལྟར་ལབ་ཀྱིན་ཡོད་པ་རེད། དེས་ན་སྟོང་ཉིད་ལ་དགོངས་ནས་གསུངས་པ་མ་གཏོགས། སྒྲས་ཟིན་ཇི་བཞིན་པ་ཡིན་པར་ཁས་མི་ལེན་པ་དེ་འདྲ་རེད། དེའི་རྒྱུ་མཚན་གྱིས་དཔལ་ལྡན་ཟླ་བས། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་པའི་དྲང་དོན་དུ་འགྲོ་རྒྱུའི་ལུང་ལ་ཀུན་གཞི་ལ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་དེ་འཇོག་མཁན་མང་པོ་ཡོད་རེད། དེར་བརྟེན། ཁོ་ཚོའི་རང་ལུགས་གཞིར་བཞག་བྱས་ན་གང་འདྲ་རེད་ཟེར་ན། ཀུན་གཞི་དང་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་གཉིས་ཀ་སྤྱིར་བཏང་ཁྱད་ཆོས་ཐམས་ཅད་བསྟན་ཚུལ་ལ་དོན་གཅིག་མ་རེད་ཀྱང༌། དགོངས་པའི་དོན་ལ་ལྟོས་ཏེ་མིང་གི་རྣམ་གྲངས་པས་ཀུན་གཞི་སྟོན་པའི་དྲང་དོན་དུ་བསྟན་པས་བདེ་གཤེགས་སྙིང་པོ་བསྟན་པའི་མདོ་དྲང་དོན་དུ་གྲུབ་ཅེས་བཞེད་པ་རེད། དེའི་རྒྱུ་མཚན་གྱིས། ཀུན་གཞི་རྣམ་ཤེས་བསྟན་པའི་མདོ་དེ་དྲང་དོན་ཡིན་པར་གྲུབ་ན། བདེ་གཤེགས་སྙིང་པོ་བསྟན་པའི་མདོ་དེ་ཡང་དྲང་དོན་ཉིད་དུ་འགྲུབ་ཐུབ་པ་ཞིག་རེད་ཅེས་དེ་ལྟར་གསུངས་ཚུལ་ཞིག་ཡོང་གིན་ཡོད་པ་རེད། འོནཀྱང༌། རང་ལུགས་ལ་དེ་གཉིས་མི་འདྲ་ཞེས་ཀུན་གཞི་རྣམ་ཤེས་དང་ཀུན་གཞི་ཡེ་ཤེས་སམ། བདེ་གཤེགས་སྙིང་པོ་གཉིས་ངོ་བོ་དང༌། རྣམ་སྨིན་ཡིན་མིན་གྱི་སྒོ་ནས་ཁྱད་པར་དང༌། བག་ཆགས་གཏན་གྱི་བགོ་གཞི་ཡིན་མིན་གྱི་ཁྱད་པར་དང༌། རྟག་མི་རྟག་གི་སྒོ་ནས་ཀྱང་ཁྱད་པར་ཡོད་པ་དེ་འདྲ་རེད། གཞན་ཡང༌། ཀུན་གཞི་རྣམ་ཤེས་མ་བསྒྲིབས་ལུང་མ་བསྟན་ཡིན་པ་དང་ཀུན་གཞི་ཡེ་ཤེས་དེ་དགེ་བ་ཡིན་པ་དང༌། དགེ་བའི་ནང་ནས་ཀྱང་ཆེས་མཆོག་ཏུ་གྱུར་པ་རང་བཞིན་གྱི་དགེ་བ་དང༌། དོན་དམ་པའི་དགེ་བ། མྱ་ངན་ལས་འདས་པའི་དགེ་བ་ཡིན་པ་སོགས་ཀྱི་སྒོ་ནས་ཁྱད་པར་མང་པོ་གསུངས་པ་དེ་ལྟར་རེད། དེས་ན་ཡོན་ཏན་དྲུག་ཅུ་རྩ་གཉིས་ཞེས་གསུངས་པ་དེ་རྒྱུད་བླ་མའི་སྐབས་སུ་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས། སྨིན་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ། དེ་གཉིས་བསྡོམས་པའི་དྲུག་ཅུ་རྩ་བཞི་གསུང་གིན་ཡོད་པ་རེད། དེ་ཡང་བསྟན་བཅོས་རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག།བདག་ཉིད་ཀྱི་ནི་འབྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡའ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་སོགས་གསུངས་པ་བཞིན་དེ་ལྟར་བཞག་དགོས་པ་ཨེ་ཡིན་སྙམ་མོ། །དེ་ནང་བཞིན་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རྒྱུད་བླ་མའི་སྐབས་དེར་འདི་ལྟར་གསུངས་ཏེ། སངས་རྒྱས་ཞེས་པའང་རང་དོན་ཕུན་སུམ་ཚོགས་པ་དང༌། གཞན་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་རྟེན་རང་དོན་དོན་དམ་པ་ཆོས་ཀྱི་སྐུ་དང་ནི། དེ་ལ་བརྟེན་པའི་གཞན་དོན་ཀུན་རྫོབ་གཟུགས་ཀྱི་སྐུ་དེ་ཉིད་དེ། སྐུ་གཉིས་ཀྱི་བདག་ཉིད་ཅན་ཡིན་ཞིང༌། དེ་དག་ལ་ཡོད་པ་ལ་བརྟེན་པའི་ཡོན་ཏན་ལ་ཕྱེ་ནའང་ཆོས་སྐུ་ལ་ཡོད་པ་བྲལ་བའི་འབྲས་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང༌། གཟུགས་སྐུ་ལ་ཡོད་པ་རྣམ་པར་སྨིན་པའི་འབྲས་བུ་ནི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ། གཉིས་ཀ་བསྡོམས་པ་ལས་ཡོན་ཏན་གྱི་དབྱེ་བ་དྲུག་ཅུ་རྩ་བཞི་པོ་འདི་དག་ཡིན་ནོ། །ཞེས་གསུངས་པ་དེ་ལྟར་རེད། ཡིན་ན་ཡང༌། འདིའི་སྐབས་དེར་ཡོན་ཏན་དྲུག་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་ཡོན་ཏན་དབྱེར་མེད་པའི་ཚུལ་གྱིས་ཞེས་དང༌། བདེ་མཆོག་བསྟོད་འགྲེལ་དུ་དྲུག་ཅུ་རྩ་གཉིས་ཞེས་གསུངས་འདུག་མོད། འོན་ཀྱང༌། སྐབས་འདིའི་རྩ་གཉིས་ཟེར་བ་དེ་ཡི་གེ་མ་དག་པ་ཡིན་ནམ། སྤྱིར་བཏང་དྲུག་ཅུ་རྩ་བཞི་ཞེས་གསུངས་དགོས་པ་ཨེ་ཡིན་སྙམ་མོ། །བསྟན་བཅོས་རྒྱུད་བླ་མ་རང་གི་གསུང་ཟིན་ལ་དེ་ལྟར་ཐོན་གྱིན་འདུག་ལ། དེ་ནང་བཞིན་དུ་རྒྱུད་བླ་དོལ་ཊཱིཀ་གི་སྐབས་ཡང་དེ་ལྟར་གསུངས་འདུག དེས་ན་དེ་ལྟར་བསམ་གཞིག་གནང་དགོས་པ་ཨེ་ཡིན་བསམས་ཏེ། དེ་དག་དེ་འདྲ་ཞིག་གི་སྟེང་ནས་ཤེས་དགོས་པ་རེད། དེ་ཚོའི་སྒོ་ནས་བསམ་བློ་བཏང་ན། ལོངས་སྐུ་དང་སྤྲུལ་སྐུ་སྟེ་གཟུགས་སྐུ་རྣམ་པ་གཉིས་པོ་སངས་རྒྱས་ཡིན་པར་དེ་སྒྲུབ་ཐུབ་པ་ཞིག་ཏུ་ཆགས་འདུག་ཡོད་པ་རེད། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་འཕྲེང་བའི་སྐབས་སུ། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་བའི་ཡེ་ཤེས་ཚོགས་ལསའཁྲུངས། །ཞེས་སངས་རྒྱས་ཀྱི་གཟུགས་སྐུ་དང༌། ཡེ་ཤེས་ཆོས་སྐུ་གཉིས་རྒྱུ་སློབ་པ་ལམ་གྱི་ཐབས་ཤེས་ཟུང་འབྲེལ་ཉམས་སུ་བླངས་པའི་ཆ་ནས། ཐབས་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་གཟུགས་སྐུ་རྣམ་པ་གཉིས་བྱུང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ལ་བརྟེན་ནས་མཐར་ཐུག་གི་ཆོས་ཀྱི་སྐུ་དེ་འཁྲུངས་པ་རེད། དེ་རྒྱུ་མཚན་གྱིས་ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལབའི་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་དེ་ལྟར་ཁས་ལེན་དགོས་པ་རེད། དེ་ནས། རྩ་བར། མངོན་གྱུར་གསར་ཐོབ་ཀྱི་སྒོ་ནས་ཡོད་པར་མི་འདོད་པས་སྤྱིར་སེམས་ཅན་ཙམ་སངས་རྒྱས་སུ་ཐལ་བའི་སྐྱོན་མེད། ཅེས་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཚན་དཔེ་གསལ་རྫོགས་ཀྱི་རྣམ་པ་ཅན་གྱི་སངས་རྒྱས་སམ་དོན་དམ་པའི་སྐུ་ངོ་བོ་ཉིད་སྐུ་དེ་ཡོད་ན་ཡང༌། དེ་དེའི་རྒྱུད་ལ་མངོན་གྱུར་གསལ་བའི་སྒོ་ནས་ཡོད་དགོས་པ་མ་རེད། དེར་བརྟེན། སེམས་ཅན་ཙམ་སངས་རྒྱས་སུ་ཐལ་བའི་སྐྱོན་ཡོད་པ་མ་རེད་ཅེས་དེ་ལྟར་གསུངས་པ་རེད། སེམས་ཅན་སངས་རྒྱས་མིན། སེམས་ཅན་སེམས་ཅན་ཡིན་ཞེས་དེ་ལྟར་གསུངས་པ་རེད། སེམས་ཅན་གྱི་ཆོས་ཉིད་སངས་རྒྱས་ཡིན་པའི་རྒྱུ་མཚན་གྱིས་སེམས་ཅན་སངས་རྒྱས་ཡིན་དགོས་པ་མ་རེད། དཔེར་ན། སེམས་ཅན་གྱི་རང་བཞིན་བདེན་པར་མེད་པ་དེ་མེད་དགག་ཡིན་པའི་རྒྱུ་མཚན་གྱིས་སེམས་ཅན་མེད་དགག་ཡིན་མི་དགོས་པ་ནང་བཞིན་རེད། དེས་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཚན་དཔེ་གསལ་རྫོགས་ཀྱིས་བརྒྱན་པའི་སངས་རྒྱས་དེ་ཡོད་པ་རེད། དེ་ཡང་བརྟན་དང་གཡོ་བ་ཐམས་ཅད་ལ་ནམ་མཁའ་ལྟར་ཆོས་ཉིད་ཀྱི་ཚུལ་དུ་ཡོངས་སུ་ཁྱབ་པ་ཞིག་རེད། ཡིན་ན་ཡང༌། གང་ཟག་དེ་ལ་མངོན་དུ་མ་གྱུར་པ་རེད་ཅེས་གསུངས་པ་རེད། མངོན་དུ་མ་གྱུར་པ་དེ་ཡང་གང་ཟག་དེ་ལ་གློ་བུར་གྱི་དྲི་མས་བསྒྲིབས་པའི་དབང་གིས་ཡིན་པ་ལས། དེ་གློ་བུར་གྱི་དྲི་མའི་སྦུབས་ན་ཡོད་པར་ཐལ། ཟེར་ན། ཅིའི་ཕྱིར། དྲི་བཅས་ཡིན་པར་ཐལ། ཟེར་ན། ཅིའི་ཕྱིར་ཞེས་ཟེར་དགོས་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། དྲི་བཅས་དེ་བཞིན་ཉིད་ནི་ནམ་ཡང་མེད། །ཅེས་གསུངས་པ་ནང་བཞིན་རེད། འོན་ཀྱང༌། སེམས་ཅན་ལ་ལྟོས་དྲི་བཅས་རྣམ་བཞག་ཙམ། །ཞེས་སེམས་ཅན་རང་རང་གི་ངོས་ནས་གློ་བུར་གྱི་དྲི་མས་བསྒྲིབས་ཡོད་པ་རེད། དཔེར་ན། ཉི་མའི་ངོ་བོ་དེ་སྤྲིན་ལས་གྲོལ་ཞིང་སྤྲིན་གྱིས་བསྒྲིབས་ཡོད་པ་མ་རེད་དེ། ས་གཞི་ལ་ཉི་མ་སྤྲིན་གྱིས་བསྒྲིབ་ཚེ། ཉི་མ་སྤྲིན་གྱིས་བསྒྲིབས་ཞེས་དེ་ལྟར་གསུང་གིན་ཡོད་པ་རེད། དེ་ནང་བཞིན་དུ། གང་ཟག་སོ་སོ་གློ་བུར་གྱི་དྲི་མས་བསྒྲིབས་ནས་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་མངོན་དུ་གྱུར་མ་ཐུབ་པ་དེ་ལ་ཆོས་ཉིད་དེ། གློ་བུར་གྱི་དྲི་མས་བསྒྲིབས་ཞེས། དཔེར་ན། ས་གཞི་སྤྲིན་གྱིས་བསྒྲིབས་པ་དེའི་ཚེ་སྤྲིན་གྱིས་ཉི་མ་བསྒྲིབས་ཞེས་ཐ་སྙད་ཅིག་བརྗོད་ཀྱིན་ཡོད་པ་རེད་མ་གཏོགས། ཉི་མ་དང་སྤྲིན་གཉིས་ཀྱི་བར་ལ་དཔག་ཚད་མང་པོས་ཆོད་ཡོད་པ་རེད། འོན་ཀྱང༌། ས་གཞི་དང་སྤྲིན་གཉིས་ཀྱི་བར་ལ་དཔག་ཚད་མང་པོས་ཆོད་ཡོད་པ་མ་རེད། དེ་འདྲ་ཞིག་དཔེ་བྱས་ནས་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་སྐབས་སུ་ཡང་དེ་ལྟར་གསུངས་ཡོད་པ་རེད། དེ་དང་འདྲ་བར་འཇམ་པའི་དབྱངས་དངོས་ཉ་དབོན་ཀུན་དགའ་དཔལ་བཟང་པོས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དྲི་བཅས་དེ་བཞིན་ཉིད་ཡོད་ཅེས་བཤད་པ་དེ། རྒྱུད་དབང་བཙན་པའི་དབང་དུ་བྱས་པ་རེད། རྒྱུད་དབང་བཙན་ཚུལ་ཇི་ལྟར་ཡིན་ཞེ་ན། དྲི་མ་དང་བཅས་པའི་སེམས་ཅན་གྱི་རྒྱུད་ལ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཡོད་པའི་རྒྱུ་མཚན་གྱིས་དྲི་བཅས་དེ་བཞིན་ཉིད་ཅེས་དེ་ལྟར་འཇོག་ཚུལ་ཞིག་གསུང་གི་ཡོད་པ་རེད། དེས་ན་རང་ལུགས་ལ་དྲི་བཅས་དེ་བཞིན་ཉིད་ཡོད་མེད་ཀྱི་ཐད་ལ། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །ཅེས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་དྲི་བཅས་ཀྱང་ཡིན་ལ། དྲི་མེད་ཀྱང་ཡིན་ཞེས་འགལ་འདུ་སྐྱོན་མེད་བསམ་གྱིས་མི་ཁྱབ་པ་ཡིན་པར་དེ་ལྟར་གསུངས་ལུགས་ཀྱི་དབང་དུ་བྱས་ན། དྲི་བཅས་དེ་བཞིན་ཉིད་ཀྱང་ཡིན། དྲི་མེད་དེ་བཞིན་ཉིད་ཀྱང་ཡིན་ཞེས་བསམ་གྱི་མི་ཁྱབ་པའི་གནས་ཡིན་པ་དེ་ལྟར་གསུངས་ཚུལ་ཞིག་ཀྱང་རྒྱུད་བླ་མའི་འགྲེལ་བ་རྣམས་སུ་གསུང་གིན་ཡོད་པ་རེད། གཞན་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། དྲི་བཅས་དེ་བཞིན་ཉིད་དང་དྲི་མེད་དེ་བཞིན་ཉིད་ཟེར་བ་དེ་རྣལ་འབྱོར་ཅན་གྱི་སྣང་ཚུལ་དང་གོ་བསྡུར་ནས་གསུང་གིན་ཡོད་པ་དེ་ལྟར་རེད། ཉ་དབོན་ཀུན་དགའ་དཔལ་གྱིས་དྲི་བཅས་དེ་བཞིན་ཉིད་དང་དྲི་མེད་དེ་བཞིན་ཉིད་ཟེར་བ་དེ། རྒྱུད་དབང་བཙན་པའི་ཚུལ་དུ་བྱས་ནས་གསུངས་ཡོད་པ་རེད། སྤྱིར་བཏང༌། དངོས་པོའི་གནས་ལུགས་མཐར་ཐུག་གི་དབང་དུ་བྱས་ན། ཆོས་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་ནི་དག་པ་གཉིས་ལྡན་དང་དབྱིངས་ཡིན་དགོས་པས། རང་བཞིན་གྱི་དྲི་མས་དག་པར་མ་ཟད་གློ་བུར་གྱི་དྲི་མས་ཀྱང་དག་པ་རེད། རྒྱུ་མཚན་དེས་ན་སངས་རྒྱས་ཀྱང་ཡིན་མོད། སེམས་ཅན་རང་རང་སོ་སོ་གློ་བུར་གྱི་དྲི་མས་བསྒྲིབས་ནས་མ་མཐོང་བར་ཡོད་པར་བརྟེན། ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་དེ་སེམས་ཅན་ཐམས་ཅད་མངོན་གྱུར་དང་གསར་དུ་ཐོབ་པའི་སྒོ་ནས་ཡོད་པར་མི་འདོད་པའི་རྒྱུ་མཚན་གྱིས། སྤྱིར་སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཐལ་བའི་སྐྱོན་ཡོད་པ་མ་རེད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ། སེམས་ཅན་ཐམས་ཀྱི་རྒྱུད་ལ་ཆོས་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་ཡོད་པར་ཁས་བླངས་ཀྱང༌། དེ་ཡིན་པར་ཁས་བླངས་པ་མེད་པས། ཡོད་པས་ཡིན་པར་མི་འགྲུབ་པའི་ཕྱིར། ཞེས་དེ་ལྟར་གསུངས་པ་རེད། དཔེར་ན། ང་ཚོ་ལ་མགོ་ཡོད་ཀྱང་མགོ་ཡིན་མི་དགོས་པ་དང༌། མི་གཙང་བ་ཡོད་ཀྱང་མི་གཙང་བ་ཡིན་མི་དགོས་པ་ནང་བཞིན་གྱིས། ཡོད་པས་ཡིན་པར་མི་འགྲུབ་པའི་གནད་ཀྱང་དེ་ལྟར་ཡིན་པ་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པར་ཁས་མ་བླངས་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཀུན་རྫོབ་གསལ་བྱུང་གི་སངས་རྒྱས་ཡོད་པ་དེ་དག་ཁས་མ་བླངས་པའི་ཕྱིར་ཞེས་དེ་ལྟརགསུངས་པ་རེད།

སེམས་ཅན་གྱི་ཆོས་ཉིད་སངས་རྒྱས་ཡིན་པར་བསྟན་པ།

སེམས་ཅན་གྱི་ཆོས་ཉིད་སངས་རྒྱས་ཡིན་པར་བསྟན་པ།

དེ་ནས། རྩ་བར། སེམས་ཅན་གྱི་ཆོས་ཉིད་སངས་རྒྱས་ཡིན་པ་དང༌། ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་ཉིད་ཡོད་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་མི་དགོས་ཞེས་དེ་ལྟར་གསུངས་པ་རེད། དེའི་ཐོག་ནས་མཁས་དབང་རྣམ་པ་བཞེད་ཚུལ་མི་འདྲ་བ་དུ་མ་བྱུང་སྟེ། ཁ་ཅིག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་ཟེར་བ་འདྲ་དང༌། ཡང་ཁ་ཅིག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་ཉིད་ཡོད་ཀྱང་ཆོས་ཉིད་དེ་སངས་རྒྱས་མིན་ཟེར་བའི་གྲུབ་མཐའ་སྨྲ་བ་ཞིག་དང༌། ཡང་ལ་ལས་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཡོད༌། དེ་སངས་རྒྱས་ཀྱང་ཡིན། ཡིན་ན་ཡང༌། དེ་རྒྱུད་ལྡན་གྱི་གང་ཟག་དེ་སངས་རྒྱས་ཡིན་མི་དགོས་པར་ཁོ་རང་སེམས་ཅན་ཡིན་ཞེས་གསུངས་ཏེ། དེ་ཡང་ཡོད་པས་ཡིན་པར་མི་འགྲུབ་པའི་ཕྱིར། ཞེས་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་ལུགས་ལྟར་འཇོག་མཁན་གྱི་མཁས་པ་མང་པོ་ཡོང་གིན་ཡོད་པ་རེད། དཔེར་ན། ཆེ་བ་དྲུག་ལྡན་གྱི་སྔ་འགྱུར་རྙིང་མའི་ལུགས་ལྟ་བུར་མཚོན་ན། དག་གཟིགས་ཚད་མའི་ངོར་སེམས་ཅན་སངས་རྒྱས་ཡིན་ཞེས་པ་དང༌། མ་དག་པའི་ངོར་སེམས་ཅན་སེམས་ཅན་ཡིན་དེ་འདྲའི་གསུངས་ཚུལ་ཞིག་ཀྱང་ཡོད་པ་རེད། ཡིན་ན་ཡང༌། ཆོས་ཉིད་དེ་སངས་རྒྱས་ཡིན་པའི་རྒྱུ་མཚན་གྱིས། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་པ་སོགས་དེ་འདྲའི་སྒོ་ནས་གོ་བ་ལེན་རྒྱུ་ཡིན་མིན་སོགས་ཀྱི་ཐད་ལ་མཁས་པ་རྣམས་བཞེད་ཚུལ་མི་འདྲ་བ་ཡོང་གིན་ཡོད་པ་རེད། གཞན་ཡང༌། སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཡོད་པ་དེ་རྒྱུད་བླ་མའི་སྐབས་སུ་རིགས་པ་རྣམ་པ་གསུམ་གྱི་སྒོ་ནས་སྒྲུབ་ཀྱིན་ཡོད་པ་རེད། དེ་གང་ལྟར་བསྒྲུབས་པ་རེད་ཟེར་ན། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པའི་སྐབས་དེར་གསུངས་པ་རེད། དེའི་ཚིགས་སུ་བཅད་པའི་ནང་གི་ལུས་ཅན་ཀུན་ཞེས་པའི་སྐབས་སུ་རྩོད་གཞི་དེ་བསྟན་པ་དང༌། རྟག་ཏུ་སངས་རྒྱས་སྙིང་པོ་ཅན་ཞེས་པའི་སྐབས་སུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ་ཞེས་གསལ་བ་བསྟན་པ་དང༌། རྫོགས་སངས་ཀྱི་སྐུ་འཕྲོ་བའམ་ཁྱབ་པའི་ཕྱིར་ཞེས་རྟགས་སམ་རིགས་པ་དང་པོ་དེ་བསྟན་པ་རེད། དེ་ནས། སེམས་ཅན་གྱི་དེ་བཞིན་ཉིད་དང་སངས་རྒྱས་ཀྱི་དེ་བཞིན་ཉིད་གཉིས་ལ་དབྱེ་བ་མེད་པའི་ཕྱིར་ཞེས་རིགས་པ་གཉིས་པ་དེ་བསྟན་པ་དང༌། རིགས་ཡོད་ཕྱིར་ན་ཞེས་རིགས་ཀྱི་སྐད་དོད་གོ་ཏྲ་ཞེས་པ་དེ་མི་འདྲ་བར་གཏན་མིན་པར་འདྲ་བ་ཁོ་ན་བསྟན་པ་ཡིན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་གྱི་རིགས་ཡོད་པར་བརྟེན། སེམས་ཅན་གྱི་རིགས་དང་སངས་རྒྱས་ཀྱི་རིགས་གཉིས་འདྲ་ཙམ་ལ་ཕན་ཚུན་ཡིན་མི་དགོས་ཀྱང༌། མི་འདྲ་བ་གཏན་མ་ཡིན་པར་འདྲ་བ་ཁོ་ན་ཡིན་པ་ལ་ཕར་ཡིན་ཚུར་ཡིན་ཡིན་དགོས་པས། སེམས་ཅན་གྱི་རིགས་དང་སངས་རྒྱས་ཀྱི་རིགས་གཉིས་ཕར་ཡིན་ཚུར་ཡིན་ཡིན་པར་བརྟེན། དེ་གཉིས་ཡིན་ཁྱབ་མཉམ་ཡང་ཡིན་ལ། དེས་ན། ཅིག་ཤོས་སངས་རྒྱས་ཡིན་ན་ཅིག་ཤོས་ཀྱང་སངས་རྒྱས་ཡིན་དགོས་པས། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་སངས་རྒྱས་ཡིན་པ་སོགས་རིགས་པ་རྣམ་པ་གསུམ་གྱི་སྒོ་ནས་རྒྱུད་བླ་མའི་རྩ་འགྲེལ་སོགས་ཀྱི་སྐབས་སུ་གསལ་བར་སྒྲུབ་ཀྱིན་ཡོད་པས་དེ་དག་ལ་ལྟ་རྒྱུ་དེ་གལ་ཆེན་པོ་རེད། དེས་ན་སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཐལ་བའི་ཐལ་བ་དེ་རང་ལུགས་ལ་མེད་གསུངས་པ་དེ་འདྲ་རེད། སེམས་ཅན་ཐམས་ཅད་སངས་རྒྱས་པ་ལ་ཚོགས་བསགས་སྒྲིབ་པ་སྦྱངས་མཐར་མངོན་པར་རྫོགས་པའི་སངས་རྒྱས་པའི་གོ་འཕང་མངོན་དུ་བྱེད་དགོས་པ་ཡིན་པ་དེ་ལྟར་རེད། གཞན་ཡང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཡོད་ཀྱང༌། དེ་སངས་རྒྱས་ཡིན་མི་དགོས་པའི་རིགས་པ་ཇི་ལྟར་ཡིན་ཞེ་ན། གདན་ཁྲི་ལ་སངས་རྒྱས་བཞུགས་ཀྱང་གདན་ཁྲི་སངས་རྒྱས་ཡིན་མི་དགོས་པ་དང༌། དེ་ནང་བཞིན་དུ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་སངས་རྒྱས་བཞུགས་ཀྱང༌། ཡུམ་སྒྱུ་འཕྲུལ་མ་སངས་རྒྱས་ཡིན་པར་མི་འགྱུར་བ་དེ་ལ་སོགས་པའི་རིགས་པའི་སྒོ་ནས། ཡོད་པས་ཡིན་པར་མི་འགྲུབ་པ་བཞིན་སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཐལ་བ་དང༌། སེམས་ཅན་ཐམས་ཅད་ཀྱིས་ཚོགས་བསགས་སྒྲིབ་པ་སྦྱང་མི་དགོས་པར་ཐལ་བའི་ཐལ་བ་དེ་མི་འཇུག་པ་དེ་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ་གསལ་ཞིང་རྒྱས་པའི་སྒོ་ནས་གསུངས་པ་དེ་དག་ལ་ལྟ་རྒྱུ་དེ་གལ་ཆེན་པོ་རེད། མདོར་ན། སེམས་ཅན་ཐམས་ཅད་སངས་རྒྱས་པ་ལ་ཀུན་རྫོབ་གསལ་བྱུང་གི་རྣམ་མཁྱེན་ལ་སོགས་པ་འཐོབ་དགོས་པ་དང༌། དེ་འཐོབ་པ་ལ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱངས་དགོས་པར་མདོ་ཕར་ཕྱིན་ཐེག་པའི་སྐབས་དེར་གསུང་གིན་ཡོད་པ་དང༌། སེམས་ཅན་ཁོ་རང་ལ་སྤངས་རྟོགས་ཀྱི་ཡོན་ཏན་ལྡན་ཞིང༌། མཐར་ཕྱིན་པ་དེའི་ཚེ་རང་ཉིད་སངས་རྒྱས་སུ་འགྱུར་ཐུབ་པ་རེད། དེ་ཡང༌། སྒྲིབ་སྤངས་སངས་རྒྱས་འཕགས་པའོ། །ཞེས་གསུངས་པ་ལྟར་སེམས་ཅན་རང་རང་གིས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྙོམས་འཇུག་གི་སྒྲིབ་པ་ཐམས་ཅད་སྤངས་པ་དེའི་ཚེ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་གི་ཡོད་པ་རེད། སྤྱིར་བཏང༌། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀྱི་ནང་དུ་སྒྲིབ་པ་ཐམས་ཅད་འདུས་ཡོད་པ་ཡིན་པ་དེ། རྗེ་བཙུན་བྱམས་པ་མགོན་པོས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་འདོད། །དེ་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་པ་ལས་གྲོལ་བར་འདོད། །ཅེས་གསུངས་པ་ནང་བཞིན་རེད། སྒྲིབ་པ་དེ་དག་མ་ཟད་པར་སངས་རྒྱས་ཀྱི་གོ་འཕངས་འཐོབ་མི་ཐུབ་པ་དང༌། དེ་འཛད་པའི་ཐབས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམས་ནས། གློ་བུར་གྱི་དྲི་མ་སྤྲིན་དང་འདྲ་བ་དེ་བསལ་ཞིང༌། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་རང་ཆས་སུ་བཞུགས་པའི་ནམ་མཁའ་ལྟ་བུའམ་ཆོས་ཉིད་ཀྱི་སྐུ་དེ་མངོན་དུ་བྱེད་དགོས་པ་དེ་འདྲ་རེད། དེས་ན། དཔལ་ལྡན་རྒྱལ་བ་ཇོ་ནང་པའི་རང་ལུགས་ལ་བྲལ་འབྲས་དང་སྨིན་འབྲས་གཉིས་ཀྱི་ནང་ནས་གཙོ་བོ་བྲལ་འབྲས་དེ་ཁས་ལེན་པའི་ལུགས་ལྟར་རེད། འོན་ཀྱང༌། རང་ལུགས་ལ་བྲལ་འབྲས་གཅིག་པུ་ཡང་ཁས་ལེན་པ་མ་རེད། སྔར་མེད་པའི་བསྐྱེད་འབྲས་ཀྱང་གོང་དུ་བཤད་པ་བཞིན་དུ། གཉིས་པ་ཡི་ནི་ཕྱི་མ་གཉིས། །ཞེས་རིགས་དེ་ལ་རང་བཞིན་གནས་རིགས་དང༌། རྒྱས་འགྱུར་གྱི་རིགས་གཉིས་ཡོད་པའི་ནང་ནས་རྒྱས་འགྱུར་གྱི་རིགས་དེ་ལ་གཟུགས་སྐུ་རྣམ་པ་གཉིས་སྔར་མེད་གསར་དུ་ཐོབ་པ་ཡིན་པ་དེ་འདྲ་རེད། དེ་ནང་བཞིན་དུ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་སྔོན་མེད་ལེགས་བཤད་ཀྱི་སྐབས་སུ། ལམ་བདེན་དངོས་ནི་མཐོང་སྒོམ་མི་སློབ་ལམ་ཀུན་རྫོབ་གསལ་བྱུང་རྒྱུ་རྐྱེན་ལས་སྐྱེས་པ་རྣམས་སོ། །ཞེས་གསུངས་པ་ལྟར་དུ་རྒྱུ་དང་རྐྱེན་ལས་སྐྱེས་པའི་ཀུནརྫོབ་གསལ་བྱུང་ཞིག་ཀྱང་འཇོག་གིན་ཡོད་པ་རེད། དེ་ནས། རྩ་བར། ཆོས་ཉིད་དེ་སྤྲོས་བྲལ་གྱི་ཁྱད་པར་དུ་བྱས་པའི་གསལ་ཆ་མ་འགགས་པ་ལ་བཞེད། ཅེས་གསུངས་ཏེ། ཆོས་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་སྒྲ་རྟོག་གི་སྤྲོས་པ་དང༌། ཀུན་རྫོབ་ཀྱི་སྤྲོས་པ། གཟུང་འཛིན་གཉིས་སྣང་གི་སྤྲོས་པ། བདེན་འཛིན་གྱི་སྤྲོས་པ། མེད་རྒྱུའི་ཀུན་བརྟགས་དཔེར་ན་གང་ཟག་གི་བདག་དང་ཆོས་ཀྱི་བདག་ལ་སོགས་པའི་སྤྲོས་པ་སྟེ། སྤྲོས་པ་ཐམས་ཅད་དང་བྲལ་བ་ཞིག་ཡིན་པ་དང༌། དེའི་ཁྱད་པར་དུ་བྱས་པའི་རང་གི་ངོ་བོ་དེ་སྟོང་པ་མེད་དགག་ཙམ་དང་ཡོད་མེད་ཡིན་མིན་ལ་སོགས་པ་གང་དུ་ཡང་བརྗོད་དུ་མེད་པ་ཙམ་མ་ཡིན་པར། རང་གི་ངོ་བོ་གསལ་ཞིང་རིག་པའི་ཤེས་པ་ཡིན་པས་ན། གསལ་ཆ་མ་འགགས་པ་དེ་འདྲ་ཞིག་ཡིན་པར་བཞེད་ཅེས་དེ་ལྟར་གསུངས་པ་རེད། དེ་ཡང་གཙོ་བོ་རང་ལུགས་ཀྱིས་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་གཞི་རྒྱུད་ཀྱི་ཡེ་ཤེས་ཤིག་ཏུ་ཁས་ལེན་གྱིན་ཡོད་པ་དང༌། ཀུན་གཞིའི་རྣམ་ཤེས་དང༌། ཀུན་གཞིའི་ཡེ་ཤེས་གཉིས་སུ་ཕྱེ་བའི་ཀུན་གཞི་ཡེ་ཤེས་ཡིན་པར་ཁས་ལེན་གྱིན་ཡོད་པ་རེད། རང་བྱུང་ཡེ་ཤེས་དང་ཀུན་རྫོབ་གསལ་བྱུང་གི་ཡེ་ཤེས་གཉིས་ཡོད་པའི་ནང་ནས་རང་བྱུང་ཡེ་ཤེས་དོན་དམ་འདུས་མ་བྱས་ཡིན་པར་དེ་ལྟར་གསུང་གིན་ཡོད་པ་རེད། དེ་ཡང་གོང་དུ་ཞུས་པ་བཞིན། རིགས་ལྡན་པདྨ་དཀར་པོའི་འགྲེལ་ཆེན་དྲི་མེད་འོད་ཀྱི་སྐབས་དེར། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད། ཅེས་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ཤིག་ཡིན་པ་དང༌། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་དེ་ཁོ་ན་ཉིད་ཡིན་པར་གསུངས་པ་རེད་ཅེས་པའི་དོན་དང༌། དེ་དང་འདྲ་བར་བསྟན་བཅོས་རྒྱུད་བླ་མའི་སྐབས་གཉིས་པའི་སྐབས་སུ། འོད་གསལ་བྱས་མིན་དབྱེར་མེད་པར། །ཞེས་འོད་གསལ་བ་ཞིག་ཡིན་པ་གསལ་བར་གསུངས་ཡོད་པ་རེད། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་དང་པོར་སངས་རྒྱས་པའི་ཚུལ་མཛད་པ་ན། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་ཟབ་པ། ཞི་བ། འོད་གསལ་བ། སྤྲོས་བྲལ། འོད་གསལ་བ་ཞེས་འོད་གསལ་བའི་ཡེ་ཤེས་ཤིག་ཡིན་པར་གསལ་བར་གསུངས་ཡོད་པ་རེད། དེས་ན་གསལ་ཆ་མ་འགགས་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དབྱིངས་རིག་དབྱེར་མེད་ཀྱི་ཡེ་ཤེས་ཤིག་ཏུ་གསུང་གིན་ཡོད་རེད། གལ་ཏེ། དབྱིངས་རིག་དབྱེར་མེད་ཀྱི་ཡེ་ཤེས་ཤིག་མ་ཡིན་ན། ཆོས་ཀྱི་དབྱིངས་དང་ཡེ་ཤེས་གཉིས་ཀྱི་ཡིན་པ་མེད་དགོས་པ་དང༌། དེ་མེད་ན་ཆོས་དབྱིངས་ཡེ་ཤེས་མེད་དགོས་པ་དང༌། དེ་མེད་ན་དབྱིངས་རིག་དབྱེར་མེད་དང་རང་བྱུང་ཡེ་ཤེས་ཀྱང་མེད་ཟེར་དགོས་ལ། དེ་མེད་ན་བཀའ་དང་བསྟན་བཅོས་མདོ་རྒྱུད་དུ་མའི་སྐབས་སུ། རང་བྱུང་ཡེ་ཤེས་ཟེར་བ་འདྲ་དང༌། དབྱིངས་རིག་དབྱེར་མེད། ཆོས་དབྱིངས་ཡེ་ཤེས་ཟེར་བ་སོགས་སྒྲས་ཟིན་ལ་གསལ་བར་གསུངས་པ་དེ་དག་ཐམས་ཅད་ཀྱང་ཚིག་ཟིན་ལ་འགལ་བར་འགྱུར་འགྲོ་བསོགས་གསུངས་ཡོད་པ་རེད། དེ་ནས། རྩ་བར། འདིར་ཟག་མེད་ཀྱི་སེམས་རྒྱུན་མདོ་ནས་བཤད་པས་ཀྱང་གྲུབ། ཅེས་གསུངས་ཏེ། སྐབས་འདིར་ཟག་པ་མེད་པའི་སེམས་ཀྱི་རྒྱུན་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁོར་ལོ་ཐ་མ་རྣམས་དང༌། དེའི་དགོངས་འགྲེལ་རྣམས་ཀྱི་སྐབས་སུ་སེམས་ཀྱི་ཟག་མེད་ཀྱི་སེམས་རྒྱུན་ཞིག་ཁས་ལེན་ན། དེ་ཟག་མེད་ཀྱི་གཞི་ཡིན་དགོས་ལ། དེ་ཟག་མེད་ཡིན་ན། ཟག་པ་མེད་པའི་སེམས་དང་ཆོས་དབྱིངས་ཡེ་ཤེས་གཉིས་ཀྱི་གཞི་མཐུན་ཡོད་པ་དེ་འདྲ་རེད། དེའི་རྒྱུ་མཚན་གྱིས། མདོ་ལས་བཤད་པའི་སྒོ་ནས་ཀྱང་ཆོས་ཉིད་དེ་སྤྲོས་བྲལ་ཡིན་པརགྲུབ་པ་རེད་ཅེས་དེ་ལྟར་གསུངས་པ་རེད།

སེམས་ཅན་དང་སངས་རྒྱས་གཉིས་ཀ་སེམས་ཀྱི་རྒྱུན་ཡིན་པར་བསྟན་པ།

སེམས་ཅན་དང་སངས་རྒྱས་གཉིས་ཀ་སེམས་ཀྱི་རྒྱུན་ཡིན་པར་བསྟན་པ།

དེ་ནས། རྩ་བར། སེམས་ཅན་དང་སངས་རྒྱས་གཉིས་ཀ་སེམས་ཀྱི་རྒྱུན་ལ་འཇོགཅེས་གསུངས་ཏེ། སེམས་ཅན་ཟེར་བ་དེ་ཡང་ཀུན་གཞིའི་རྣམ་ཤེས་ཀྱི་རྒྱུན་ལ་འཇོག་གིན་ཡོད་པ་དེ་དང༌། སངས་རྒྱས་འཕགས་པ་ཡང་ཀུན་གཞི་རྣམ་ཤེས་ཀྱི་རྒྱུན་ལ་འཇོག་པ་རེད། ཡིན་ན་ཡང༌། དོན་དམ་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་དེ། འོད་གསལ་བའི་ཆོས་དབྱིངས་ཡེ་ཤེས་ཀྱི་སེམས་ཀྱི་རྒྱུན་ནམ་ཀུན་གཞི་ཡེ་ཤེས་ཀྱི་རྒྱུན་ལ་འཇོག་པ་ཡིན་པར་དེ་ལྟར་རེད། དེ་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ལྷན་ཐབས་འོད་བརྒྱ་འབར་བའི་སྐབས་དེར། སྔགས་ཀྱི་སྐད་དོད་མནྟྲ་ཡ་ཞེས་པ་དེ་ཡིད་སྐྱོབ་པ་ལ་འཇུག་པ་དང༌། དེ་ཡང་བོད་སྐད་དུ་བསྒྱུར་ན། སེམས་ཀྱི་རྒྱུན་ཞིག་ལ་གསུངས་ཡོད་པ་དང་སེམས་ཀྱི་གཞི་རྒྱུད་དེ་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོ་དེ་ལ་འཇོག་གིན་ཡོད་པ་རེད། དེ་འདྲ་ཡིན་དུས། སེམས་ཀྱི་རྒྱུན་དེ་ཡང་བདེ་བར་གཤེགས་པའི་སྙིང་པོ་སྟེ། སངས་རྒྱས་ཤིག་ཡིན་པ་རེད། དེ་ཡང༌། བར་དུ་ལམ་གྱི་སྐབས་ཀྱི་ཆོས་ཉིད་དེ་ཡང་བདེ་བར་གཤེགས་པའི་སྙིང་པོ་རེད་ལ། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་སྐབས་ཀྱི་ཆོས་ཉིད་དེ་ཡང་བདེ་བར་གཤེགས་པའི་སྙིང་པོ་རེད། དེ་ལྟར་དབྱེར་མེད་ཡིན་དུས། རང་ལུགས་ཀྱི་ལྟ་གྲུབ་གཙོ་བོ་དེ་ཡང་གཞི་འབྲས་གཉིས་དབྱེར་མེད་པའི་ལུགས་སུ་གསུང་གིན་ཡོད་པ་དེ་ལྟར་རེད། སྤྱིར་བཏང༌། གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས་སམ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས། འབྲས་བུ་སྐུ་གཉིས་སམ་དོན་གཉིས་ཀྱི་སྐུ་ལ་སོགས་པ་གསུང་གིན་ཡོད་པ་རེད། བྱེ་བྲག་ཏུ་དོན་དམ་པ་ལ་སྦྱར་ནས་རང་ལུགས་རྩལ་འདོན་མཛད་དུས། གཞི་རྒྱུད་ན་བཞུགས་པ་དེ་ཡང་བདེ་གཤེགས་སྙིང་པོ་ཡིན་པ་དང༌། ལམ་གྱི་དུས་སུ་ཡང་ལམ་གྱི་བསྒོམ་བྱ་མཐར་ཐུག་པ་དེ་གཞི་རྒྱུད་བདེ་གཤེགས་སྙིང་པོ་ཡིན་པ་དང༌། མཐར་ཐུག་འབྲས་བུ་མངོན་དུ་བྱེད་པའི་སྐབས་ན་ཡང་སྐུ་བཞིའི་ནང་ནས་ངོ་བོ་ཉིད་སྐུའམ་ཆོས་ཉིད་ཀྱི་སྐུ་དེ་བདེ་གཤེགས་སྙིང་པོ་ཡིན་པ་རེད། དེའི་རྒྱུ་མཚན་གྱིས་གཞི་འབྲས་དབྱེར་མེད་ཅེས་གསུངས་པ་དེ་ལྟར་རེད། དེ་ཡང་གཞི་འབྲས་དབྱེར་མེད་ཟེར་བ་དེ། གཞིའི་ཆོས་ཉིད་གང་ཡིན་པ་དེ་ཉིད་འབྲས་བུའི་ཆོས་ཉིད་ཀྱང་ཡིན། འབྲས་བུའི་ཆོས་ཉིད་གང་ཡིན་པ་དེ་གཞིའི་ཆོས་ཉིད་དུ་ཆགས་འདུག་ཡོད་པས་དེ་ལྟར་རེད། དེས་ན། ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པ་དེ་བསྟན་བཅོས་རྒྱུད་བླ་མའི་སྐབས་སུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཞེས་གསུངས་པ་དེ་ལྟར་རེད། དེར་བརྟེན། སེམས་ཅན་གྱི་ཆོས་ཉིད་གང་ཡིན་པ་དེ་སངས་རྒྱས་ཀྱི་ཆོས་ཉིད་ཡིན་པ་དང༌། སངས་རྒྱས་ཀྱི་ཆོས་ཉིད་གང་ཡིན་པ་དེ་སེམས་ཅན་གྱི་ཆོས་ཉིད་ཡིན་པའི་རྒྱུ་མཚན་གྱིས་མདོར་ན། སངས་རྒྱས་ཀྱི་ཆོས་ཉིད་དེ་ངོ་བོ་ཉིད་སྐུ་ཡིན་པར་གྲུབ་དུས། སེམས་ཅན་གྱི་ཆོས་ཉིད་དེ་ཡང་ངོ་བོ་ཉིད་སྐུ་ཡིན་པར་གྲུབ་ཐུབ་པ་དེ། དེ་གཉིས་གཅིག་ཡིནཔའི་ཐོག་ནས་འཇོག་དགོས་པ་དེ་གནད་འགག་གལ་ཆེན་ཞིག་ཡིན་པ་དེ་རེད། དེ་ནས། རྩ་བར། བེམ་ཤེས་གཉིས་ཚོགས་པ་མ་ཡིན་ཏེ། དངོས་གནས་ལ་བེམ་ཤེས་གཉིས་ཚོགས་པ་དང་དེ་འདྲ་མི་སྲིད་པ་སོགས་ཀྱིས་ཕྱིར་རོ། །ཞེས་གསུངས་ཏེ། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་བེམ་པོ་ཡང་ཡིན་ཞིང༌། ཤེས་པ་ཡང་ཡིན་པའི་གཉིས་ཚོགས་ཤིག་མ་ཡིན་ཏེ། དོན་དངོས་པོའི་གནས་ལུགས་ལ་བེམ་པོ་དང་ཤེས་པ་གཉིས་ཚོགས་པ་ཞིག་གཞི་མ་གྲུབ་པ་རེད་ཅེས་དེ་ལྟར་གསུངས་པ་རེད། དེའི་ཕྱིར། རང་ལུགས་ལ་ཆོས་ཉིད་དེ་བེམ་ཤེས་གཉིས་ཀྱི་ནང་ནས་ཤེས་པ་ཡིན་པ་མ་གཏོགས་བེམ་པོ་མ་ཡིན་པ་དང༌། འདིའི་སྐབས་ཀྱི་བེམ་པོ་དེ་གང་འདྲ་ཞིག་རེད་ཟེར་ན། ཤེས་པ་མ་ཡིན་པའི་ཆོས་ཡིན་པས་ན་བེམ་པོ་ཞེས་དེ་ལྟར་སྦྱར་དགོས་པ་རེད། དེ་ཡང་སྤྱོད་འཇུག་གི་སྐབས་སུ། ཤེས་པ་བེམ་མིན་ལོག་པ་སྟེ། །ཞེས་པའི་བེམ་མིན་དེ་དང་བཀའ་བསྡུ་བཞི་པའི་སྐབས་སུ། ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོན་ཆོད། །དེ་ཕྱིར་དེ་ལ་ཕུང་པོ་གསུམ་པ་མེད། །ཅེས་པའི་སྐབས་ཀྱི་བེམ་པོ་དེ་དང༌། དེ་དང་འདྲ་བར་རང་ལུགས་ལ་བེམ་པོ་ཟེར་བ་དེ་སློབ་དཔོན་ཕྱོགས་ཀྱི་གླ་པོའི་ཚད་མ་མདོའི་སྐབས་དང༌། དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལེའུ་བཞི་པའི་སྐབས་སུ། དཔེར་ན། གྲངས་ཅན་པས་བདག་ཤེས་རིག་ལས་གཞན་པའི་ཤེས་བྱ་ཉེར་ལྔ་པོ་ཆོས་ཅན། བེམ་པོ་ཡིན་ཏེ། འདུས་བསགས་ཡིན་པའི་ཕྱིར། ཞེས་པའི་སྐབས་ཀྱི་བེམ་པོ་དེ་ཡང་ཤེས་པ་མ་ཡིན་པའི་ཆོས་ཙམ་ལ་བེམ་པོ་ཞེས་སྦྱར་བཞག་པ་ཡིན་ན། ཕལ་ཆེར་གཞུང་གི་སྤྱི་ཁོག་དང་འགྲིག་པ་ཨེ་ཡིན་བསམ་མོ། །མདོར་ན། རང་ལུགས་ལ་བེམ་པོ་དང་ཤེས་པ་གཉིས་ཀྱི་གཞི་མཐུན་མེད་པ་དེ་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་བཀའ་བསྡུ་བཞི་པའི་སྐབས་སུ་གསལ་པར་གསུངས་ཡོད་པ་དེ་གོང་དུ་དྲངས་མ་ཐག་པ་དང༌། དེ་ནང་བཞིན་དུ། ཤེས་པ་ལ་ཡང་འདུས་བྱས་འདུས་མ་བྱས། །བེམ་རིག་གཉིས་སུ་འབྱེད་པ་རྫོགས་ལྡན་ལུགས། །ཞེས་ཤེས་བྱ་ལ་འདུས་བྱས་འདུས་མ་བྱས་གཉིས་སུ་བཞེད་པ་དང༌། བེམ་རིག་གཉིས་སུ་བཞེད་པ་དེ་གསུམ་ལྡན་མར་བཅད་དེ། རྩོད་ལྡན། གཉིས་ལྡན། གསུམ་ལྡན་ལ་སོགས་པ་ལས་འདས་པའི་རྫོགས་ལྡན་ཆོས་མཆོག་གི་ལུགས་ཡིན་པ་དེ་ལྟར་གསུངས་བཞག་པ་རེད། སྐབས་འདིར་ཡང་བེམ་ཤེས་གཉིས་ཀྱི་ཚོགས་པ་མ་ཡིན་ཏེ། ཞེས་གསུངས་པ་དང༌། དེ་ལྟར་དུ་ཐེག་མཆོག་དབུ་མའི་ཟིན་བྲིས་སྐབས་སུ། དཔེར་ན། ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཀྱི་མཐུ་ལས་བྱུང་མོད་ཀྱང༌། ཆོས་དེ་རྣམས་དང་སེམས་གཉིས་གཅིག་པ་མ་ཡིན་ཏེ། སེམས་ཀྱི་མཚན་ཉིད་གསལ་ཞིང་རིག་པ་ལ་སོགས་པ་བེམ་པོར་གྱུར་པའི་ཆོས་རྣམས་ལ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་དུ་རང་ལུགས་ལ་བེམ་པོར་གྱུར་པའི་ཆོས་རྣམས་ལ་གསལ་ཞིང་རིག་པའི་མཚན་ཉིད་མི་ལྡན་པ་ཡིན་པར་དེ་ལྟར་བཤད་དགོས་པ་ཞིག་རེད། དེ་ནས་རང་ལུགས་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་ཕྱི་རོལ་གྱི་དངོས་པོ་རྣམས་ནང་སེམས་ཀྱི་བདག་ཉིད་དུ་གྲུབ་པ་ཡིན་པ་དང༌། སེམས་ལས་རྫས་ཐ་དད་དུ་མེད་པ་དང༌། གཟུང་འཛིན་རྫས་ཐ་དད་དུ་མ་གྲུབ་པ་དང་ཕྱི་དོན་དུ་གྲུབ་པ་མེད་པ་སོགས་གསལ་བོ་གསལ་རྐྱང་གི་སྒོ་ནས་གསུངས་ཡོད་པ་རེད། ཡིན་ན་ཡང༌། གཟུགས་སྒྲ་ལ་སོགས་པའི་ཕྱི་རོལ་གྱི་དངོས་པོ་རྣམས་དོན་གྱི་རྣམ་པར་གྲུབ་པའི་སེམས་ཡིན་མིན་གྱི་ཐད་ལ་དཔྱད་པ་ཅུང་ཙམ་ཡོང་གིན་འདུགཐེག་མཆོག་དབུ་མའི་རྩ་བའི་སྐབས་སུ། ཇི་ལྟར་སྣང་བ་གསལ་བའི་སེམས་ཡིན་ཏེ། །ཞེས་དང༌། གཞན་སྟོང་སྙིང་པོ་ལས་སེམས་ཙམ་པའི་འདོད་པ་བརྗོད་སྐབས་སུ། སེམས་ཙམ་པ་ནི། གཟུགས་སོགས་ཕྱི་རོལ་གྱི་ཡུལ་རྣམས་རྨི་ལམ་གྱི་གཟུགས་སོགས་ལྟར་ཤེས་པ་ཉིད་དང་དེར་སྣང་བ་ཙམ་ཡིན་གྱི། ཕྱི་རོལ་ན་སྣང་བ་མེད་དེ། དཔེར་ན་གཟུགས་ལ་མཚོན་ན། མིག་གི་དབང་པོར་གྲགས་པ་ཡང་མིག་གི་རྣམ་པར་སྣང་བའི་སེམས་ཡིན་པས་གཟུགས་རང་མཚན་པ་མེད་ཅིང༌། ཞེས་དང༌། མིག་ཤེས་ཀྱིས་གཟུགས་མཐོང་བ་ནི་རང་གིས་རང་ཉིད་མཐོང་བ་ཡིན་ཞིང༌། ཞེས་སོགས་གསུངས་ནས། དེའི་འོག་ཏུ་འདོད་པ་དེ་དག་ལས་རེ་ཟུང་ཙམ་མི་འཐད་པ་ཡིན་པ་ལས་ཕལ་ཆེ་བ་འཐད་པའི་རྒྱུ་མཚན་གྱིས། གཞན་རྣམས་ནོར་བའོ། །ཞེས་གསུངས་པ་དེ་ལྟར་རེད། དེས་ན་ཕྱི་རོལ་གྱི་ཆོས་ཐམས་ཅད་སེམས་ཡིན་མིན་གྱི་སྒོ་ནས་གསུང་ཟིན་མི་མཐུན་པའི་ཁྱད་པར་ཅུང་ཟད་ཡོང་གིན་འདུག་པས། དེ་དག་ལ་དཔྱད་པ་བཏང་ན་ཆོག་པ་རེད། གལ་ཏེ་སྣང་བ་ཐམས་ཅད་སེམས་དངོས་གནས་པ་སྟེ་གསལ་ཞིང་རིག་པའི་སེམས་དེ་ཡིན་ན། བསྡུས་གྲྭའི་རིགས་ལམ་ལྟར་བརྗོད་ན། བུམ་འཛིན་མིག་ཤེས་ཀྱིས་བུམ་པ་ལ་བལྟ་བ་དེའི་ཚེ་བུམ་པ་དེ་བུམ་འཛིན་མིག་ཤེས་ཡིན་པ་དང༌། བུམ་པ་དེ་བུམ་འཛིན་མིག་ཤེས་ཡིན་པར་འདོད་ན། བུམ་པ་ལ་ཤེས་པ་ལྡན་པས། བུམ་པ་ལ་སྐྱེས་བུའི་མཚན་ཉིད་ཚང་བར་འགྱུར་བའི་སྐྱོན་ཡོད་པ་དང༌། དེ་བཞིན་དུ་མི་གཅིག་ལ་དགྲ་གཉེན་གཉིས་ཀྱིས་བལྟ་བ་དེའི་ཚེ། དེའི་དབྱིབས་གཟུགས་དེ་དེ་གཉིས་ཀྱི་མིག་ཤེས་ཡིན་མིན་དང༌། ལོང་བའི་རྒྱུད་ཀྱི་གཟུགས་ཀྱི་སྐྱེ་མཆེད་དེ་མིག་ཤེས་ཡིན་མིན་དང༌། དེ་ཡིན་ན་ལོང་བ་ལ་མིག་ཤེས་དང་འོན་པ་ལ་རྣ་ཤེས་ཡོད་པར་ཐལ་བའི་སྐྱོན་དང༌། འགོག་སྙོམས་པ་ལ་དབང་ཤེས་ཡོད་པར་ཐལ་བ་ལ་སོགས་པའི་སྐྱོན་ཡོད་མེད་ཀྱི་དཔྱད་པ་མང་པོ་སླེབ་ཡོང་གིནཡོད་པ་དེ་ལྟར་རེད། དེ་ནས། རྩ་བར། དེས་ན་དེ་དག་ལ་སོགས་པ་ནིགཞན་སྟོང་གི་གྲུབ་མཐའི་མཐིལ་ཡིན་ཞིང༌། ཞེས་གསུངས་ཏེ། དེས་ན་གོང་དུ་བཤད་པ་དེ་དག་ལ་སོགས་པ་ནི་གཞན་སྟོང་གི་གྲུབ་མཐའི་མཐིལ་ཡིན་ཞིང་ཞེས་དེ་ལྟར་གསུངས་པ་རེད། ཡིན་ན་ཡང༌། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཁོང་གིས་གཞན་སྟོང་གི་ལྟ་གྲུབ་ཚིག་ཉུང་ངུའི་སྒོ་ནས་དོན་གསལ་བར་ཕྱོགས་གཅིག་ནས་བཤད་པ་ཡིན་ཡང༌། ཕྱོགས་གཅིག་ནས་བཤད་ན་གཞུང་གི་སྤྱི་བམ་དང་གཞུང་གི་ཁོག་དབུབནས་གསུངས་པ་དེ་ལྟར་ཆགས་ཡོད་པ་རེད། དེ་ནས། རྩ་བར། སྡུག་ཀུན་ལམ་བདེན་གསུམ་པོ་ཀུན་རྫོབ་འདུས་བྱས་བདེན་མེད། ཅེས་གསུངས་ཏེ། སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ། ལམ་བདེན་གསུམ་པོ་འདུས་བྱས་ཡིན་པ་དེ་དང༌། རང་ལུགས་ལ་ཀུན་རྫོབ་ཡིན་ན་བདེན་པར་མེད་པས་ཁྱབ་པ་རེད། དེས་ན་བདེན་མེད་རེད་ཅེས་གསུངས་པ་རེད།

འགོག་བདེན་མཐར་ཐུག་འདུས་མ་བྱས་བདེན་གྲུབ་ཡིན་པར་བསྟན་པ།

འགོག་བདེན་མཐར་ཐུག་འདུས་མ་བྱས་བདེན་གྲུབ་ཡིན་པར་བསྟན་པ།

དེ་ནས། རྩ་བར། འགོག་བདེན་དོན་དམ་འདུས་མ་བྱས་པ་བདེན་གྲུབ་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ལམ་བདེན་གྱི་མིང་ཅན། འགོག་བདེན་དང་དབྱེར་མེད་ཡིན་པས་དོན་དམ་འདུས་མ་བྱས་ཡིན་ལ། ཞེས་གསུངས་ཏེ། འགོག་བདེན་དོན་དམ་བདེན་པ་ཡིན་པ་དང༌། དེ་རྒྱུ་དང་རྐྱེན་གྱིས་མ་བྱས་པའི་འདུས་མ་བྱས་པ་རེད། ཅེས་དེ་ལྟར་གསུངས་པ་རེད། དེ་ཡང་རང་ལུགས་ཀྱི་གཞུང་ལུགས་རྣམས་ཀྱི་སྐབས་སུ་དེ་ལྟར་གསུངས་པ་དེ་གང་ལ་བརྟེན་པ་རེད་ཟེར་ན། མདོ་དང་བསྟན་བཅོས་གཉིས་ལས། དང་པོ་དཔལ་འཕྲེང་གི་མདོའི་སྐབས་སུ། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལས་བདེན་པ་གསུམ་ནི་མི་རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདེན་པ་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པའི་སླད་དུ་སྟེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་དེ་ནི་མི་རྟག་པ་ལགས་སོ། །ཞེས་དེ་ལྟར་གསལ་བར་གསུངས་པ་ནང་བཞིན་དུ་རང་ལུགས་ལ་བདེན་པ་བཞིའི་ནང་གི་སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ། ལམ་བདེན་གསུམ་པོ་དེ་འདུས་བྱས་ཡིན་པ་དང༌། འགོག་བདེན་དོན་དམ་བདེན་པ་ཡིན་པ་དེ་འདིའི་སྐབས་སུ་གསུངས་པ་རེད། དེ་ཡང་འཇམ་པའི་དབྱངས་དངོས་ཉ་དབོན་ཀུན་དགའ་དཔལ་གྱི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་གྱི་སྐབས་སུ། ལམ་བདེན་གྱི་མཚན་ཉིད་ལ་ཟག་མེད་འདུས་བྱས་གང་ཞིགའགོག་བདེན་གྱི་བྲལ་རྒྱུ་དེ་ཞེས་འདིའི་སྐབས་སུ་ཟག་པ་མེད་པ་དང་འདུས་བྱས་ཀྱི་གཞི་མཐུན་དུ་དེ་ལྟར་གསུང་གིན་ཡོད་པ་རེད། དེའི་གནད་འགག་ཀྱང༌། གོང་དུ་བཤད་པའི་བདེན་པ་གསུམ་ལ་འདུས་བྱས་ཤིག་དགོས་པར་གསུངས་པའི་རྒྱུ་མཚན་གྱིས་རེད། ལམ་བདེན་གྱི་མཚན་ཉིད་ལ། ཟག་མེད་འདུས་བྱས་གང་ཞིགའགོག་བདེན་གྱི་བྲལ་རྒྱུ་ཞེས་དེ་ལྟར་གསུངས་པ་ཡིན་ན་ཡང༌། རང་ལུགས་ལ་ཀུན་རྫོབ་ཀྱི་སྤངས་རྟོགས་གཉིས་དེ་ལམ་བདེན་ཡིན་པ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་སུ། ཀུན་རྫོབ་ཀྱི་སྤངས་རྟོགས་ནི་ལམ་བདེན་དང༌། ཞེས་གསུངས་པ་དང༌། དེ་དང་འདྲ་བར། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། ཀུན་རྫོབ་ཀྱི་སྤངས་རྟོགས་ལ་སོགས་པ་ཞེས་པ་ནས། དེའི་འོག་ཏུ། དེ་དག་ནི་ལམ་བདེན་དངོས་དང་ཞེས་དེ་ལྟར་གསུངས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་རང་ལུགས་ལ་ལམ་བདེན་ལ་ཐབས་ཤེས་གཉིས་མེད་ཀྱི་ཡེ་ཤེས་སམ་ཤེས་པ་ཞིག་དགོས་པ་ཡིན་མིན་སོགས་རང་ལུགས་ཀྱི་གཞུང་གི་དགོངས་པ་རྣམས་གོང་བསྒྲིགས་ནས་དཔྱད་དགོས་པ་རེད། འགོག་བདེན་དོན་དམ་འདུས་མ་བྱས་པ། ཞེས་གསུངས་པ་དེ་འགོག་བདེན་མཐར་ཐུག་པ་ཡིན་ན་རང་ལུགས་ལ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་འཇོག་དགོས་པ་རེད། ཡིན་ན་ཡང༌། གཉེན་པོ་ལམ་བསྒོམས་པའི་སྟོབས་ཀྱིས་སྤང་བྱ་གསར་དུ་ཟད་པའི་ཟད་ཆ་ལྟ་བུ་དེ་ཀུན་རྫོབ་ཀྱི་སྤངས་པ་རེད། དེ་ལྟར་ཡང་སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་བའི་སྐབས་སུ། བྲལ་བ་བློ་ཡིས་ཟད་པའོ། །ཞེས་གསུངས་པ་ནང་བཞིན་དུ། བློ་གཉེན་པོ་བསྒོམས་སྟོབས་ཀྱིས་སྤང་བྱ་གསར་དུ་ཟད་པའི་ཟད་ཆ་ལྟ་བུ་དེ་ཀུན་རྫོབ་ཀྱི་སྤངས་པ་ཞིག་ཡིན་པ་རེད། ཆོས་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་སྙིང་པོའམ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ལྟ་བུ་དེ། ཟད་པ་འགོག་བདེན་ཡིན་ཡང༌། དེ་གཉེན་པོ་བསྒོམས་སྟོབས་ཀྱིས་ཟད་པ་མིན་པར་གདོད་ནས་ཟད་པ་ཞིག་ལ་འཇོག་དགོས་པར་གསུངས་པ་རེད། དེ་ལྟར་ཡང་གཟུངས་རྒྱལ་གྱིས་ཞུས་པའི་མདོ་ལས། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེའི་ཕྱིར་ཟད་ཅེས་བྱ། །ཞེས་དང༌། རྒྱུད་བླ་མས། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌།ཉེ་བའི་ཉོན་མོངས་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་གསུངས་པ་ལྟར་ཤེས་དགོས་པ་ཞིག་རེད། དེས་ན་རང་ལུགས་ཀྱི་གཞུང་རྣམས་དང་ཁྱད་པར་དུ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་ཟིན་ལ་འགོག་བདེན་ཞེས་པ་དེ། དོན་དམ་འདུས་མ་བྱས་ཀྱི་ཆོས་དབྱིངས་ཡེ་ཤེས་ལ་སྦྱར་ནས་གསུངས་པ་མང་པོ་ཞིག་ཡོང་གིན་ཡོད་པ་རེད། དེང་སང་རེ་འགས། གོང་གི་གསུང་ཟིན་དག་འགོག་བདེན་དངོས་བཏགས་ལ་སྦྱར་ནས་གསུངས་པ་འདུག་ཀྱང༌། དེ་དངོས་བཏགས་ལ་མི་སྦྱར་བར་གཙོ་ཕལ་ལ་སྦྱར་ན། རང་ལུགས་ཀྱི་ཡིག་ཆའི་སྤྱི་གཞུང་དང་མཐུན་པ་ཞིག་ཨེ་ཡིན་བསམས་པས་དེ་ལྟར་བཤད་དགོས་པ་ཡིན་སྙམ་མོ། །བདེན་གྲུབ་སངས་རྒྱས་ཀྱི་ཐུགས་ཀྱི་ལམ་བདེན་གྱི་མིང་ཅན། འགོག་བདེན་དང་དབྱེར་མེད་ཡིན་པའི་རྒྱུ་མཚན་གྱིས་དོན་དམ་འདུས་མ་བྱས་དངོས་ཡིན་ལ་ཞེས་དེ་ལྟར་གསུངས་པ་རེད། དེ་ནས། རྩ་བར། དེ་འདྲའི་འགོག་བདེན་དེ་ཡང་སྟོང་པ་ནམ་མཁའ་ལྟ་བུ་ལ་མི་འཇོག་པར་རང་རིག་ཆེན་པོ་ཡིན་པས། སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དང༌། ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་འགོག་ལམ་སྤངས་རྟོགས་ངོ་བོ་དབྱེར་མེད་ཅེས་ཀྱང་གསུང་ངོ༌། །ཞེས་གསུངས་ཏེ། དེ་འདྲའི་འགོག་བདེན་དེ་ཡང་སྟོང་པ་ནམ་མཁའ་ལྟ་བུ་ལ་མི་འཇོག་པར། སོ་སོ་རང་རིག་པའི་རང་རིག་ཆེན་པོ་ཞིག་ཡིན་པས། སྡུག་བསྔལ་བདེན་པའི་རང་བཞིན་གནས་ལུགས་མཐར་ཐུག་གི་འགོག་བདེན་ཞིག་ཏུ་འཇོག་དགོས་པ་རེད་ཅེས་དེ་ལྟར་གསུངས་པ་རེད། ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དང༌། ཞེས་འདིའི་དཔེ་མང་པོ་ཞིག་ཏུ་དེ་ལྟར་གསུངས་འདུག་མོད། ཡིན་ན་ཡང༌། ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དང་ཞེས་གསུངས་པ་དེ། ཀུན་འབྱུང་བདེན་པའི་རང་བཞིན་དུ་གྱུར་པའི་ལམ་བདེན་ནམ། ཡང་ན་དོན་དམ་པའི་ལམ་བདེན་ཞེས་དེ་ལྟར་སྦྱར་ན་ཡང་འགྲིག་པ་རེད་མ་གཏོགས། འདི་ལམ་བདེན་མཚན་ཉིད་པ་ཞིག་ལ་འཇོག་མི་ཐུབ་པ་ཨེ་ཡིན་བསམ་གྱིན་འདུགའགོག་ལམ་སྤངས་རྟོགས་ངོ་བོ་དབྱེར་མེད་ཅེས་ཀྱང་གསུང་ངོ༌། །ཞེས་འགོག་བདེན་དང་ལམ་བདེན་གཉིས་ལས་འགོག་བདེན་སྤངས་པ་ཞིག་ཏུ་ཆགས་ཡོད་པ་དང༌། ལམ་བདེན་དེ་རྟོགས་པ་ཞིག་ཏུ་ཆགས་ཡོད་པ་རེད། དེས་ན་འགོག་ལམ་གྱི་སྤངས་རྟོགས་ངོ་བོ་དབྱེར་མེད་ཡིན་པར་ཞེས་ཀྱང་གསུང་ངོ་ཞེས་དེ་ལྟར་གསུངས་པ་རེད། དབྱེར་མེད་ཅེས་ཀྱང་གསུང་ངོ་ཟེར་བ་དེ། མིང་ནི་དུ་མ་དོན་ནི་རོ་གཅིག་ཀྱང༌། །རྣམ་པ་དུ་མ་ངོ་བོ་རོ་གཅིག་གོ། ཞེས་སོགས་གསུངས་པ་ལྟར་གྱིསཤེས་དགོས་པ་དེ་འདྲ་ཞིག་རེད་བསམ་གྱིན་ཡོད། དེ་ནས། རྩ་བར། ཁོ་བོ་ཕྱོགས་སུ་མ་ལྷུང་བ་མ་ལགས་ཏེ། འདི་དག་ངེས་པའི་དོན་ལ་ནི་ཤིན་ཏུ་འབྱོར་བར་སེམས་ལགས། ཞེས་གསུངས་ཏེ། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཁོ་བོ་རང་སྟོང་དང་གཞན་སྟོང་ཞེས་ཆགས་སྡང་གི་སྒོ་ནས་ཕྱོགས་སུ་མ་ལྷུང་བ་ལགས་ཞེས་གསུངས་པ་དང༌། ཁོ་བོས་བྱས་པའི་ཚུལ་གཉིས་རྣམ་པར་འབྱེད་པའི་བསྟན་བཅོས་འདིའི་སྐབས་སུ་བསྟན་པའི་ལུང་དང་རིགས་པ་དེ་དག་ནི། ངེས་དོན་མཐར་ཐུག་དོན་དམ་པའི་གནས་ལུགསསྟོན་པ་ལ་ཤིན་ཏུ་འབྱོར་ཞེས་དེ་ལྟར་གསུངས་པ་རེད།

རྣལ་འབྱོར་སྤྱོད་པའི་དབུ་མ་འདི་ངེས་པའི་དོན་ལ་འབྱོར་བར་བསྟན་པ།

རྣལ་འབྱོར་སྤྱོད་པའི་དབུ་མ་འདི་ངེས་པའི་དོན་ལ་འབྱོར་བར་བསྟན་པ།

དེ་ནས། རྩ་བར། དབུ་མ་ངོ་བོ་ཉིད་མེད་པ་རྣམས་ཀྱི་ནང་ནས་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་འདི་ངེས་དོན་ལ་ལྷག་པར་འབྱོར་པར་སེམས་ཤིང༌། ཞེས་གསུངས་ཏེ། བོད་འདིར་དབུ་མ་རང་སྟོང་པ་དང༌། རྒྱ་གར་འཕགས་པའི་ཡུལ་དུ་དབུ་མ་ངོ་བོ་ཉིད་མེད་པ་ཞེས་གྲགས་པ་དེ་དག་ལས་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་འདི་ངེས་པའི་དོན་དུ་ལྷག་ཏུ་འབྱོར་བ་རེད་ཅེས་གསུངས་པ་རེད། དེ་ཡང་ངེས་དོན་གྱི་མདོའི་སྐབས་སུ་རྣ་ཤེས་ཚོགས་བརྒྱད་དང༌། ཕྱི་དོན་དུ་མ་གྲུབ་པ་དང་ཐེག་པ་ཆེན་པོའི་ཆོས་ལྔ་དང༌། མཚན་ཉིད་གསུམ་སོགས་བསྟན་པསརྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དག་དང་ཤིན་ཏུ་འབྱོར་བ་རེད་ཅེས་གསུངས་པ་རེད། དེ་ནས། རྩ་བར། རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ཀྱི་དགོངས་པའང་གཞན་སྟོང་གསལ་བ་དང༌། རང་སྟོང་གིས་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་འདིའི་ཕྱོགས་སུ་ལྷན་པ་ཁོ་ན་མཐོང་ངོ༌། །ཞེས་གསུངས་ཏེ། རྣལ་འབྱོར་སྔགས་བླ་མེད་རྣམས་ཀྱི་དགོངས་པ་དེ་ཡང༌། གཞན་སྟོང་གི་དགོངས་པ་རུ་གསལ་བ་ཡིན་པ་དང༌། དབུ་མ་རང་སྟོང་རྣམས་ནས་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་འདིའི་ཕྱོགས་སུ་ལྷན་པའམ་གཏོགས་པ་ཁོ་ན་མཐོང་ཞེས་དེ་ལྟར་གསུངས་པ་རེད། དེ་ཡང༌། འཁོར་ལོ་དང་པོའི་སྐབས་སུ་གཙོ་བོ་གང་ཟག་གི་བདག་མེད་གཏན་ལ་ཕབ་པ་དང༌། འཁོ་ལོ་བར་བའི་སྐབས་སྤྲོས་བྲལ་དུ་གཙོ་བོ་གཏན་ལ་ཕབ་པ་དང༌། འཁོར་ལོ་ཐ་མའི་སྐབས་སུ་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་གྲུབ་པ་ལས་ཕྱི་རོལ་དོན་དུ་མ་གྲུབ་པ་དེ་ལྟར་གསུངས་པ་དེ། རྣལ་འབྱོར་སྤྱོད་པའི་དབུ་མ་འདིའི་ཕྱོགས་སུ་ལྷན་པའམགཏོགས་ཞེས་གསུངས་པ་རེད།མཛད་བྱང༌།དེ་ནས། རྩ་བར། རང་སྟོང་གཞན་སྟོང་གི་ཁྱད་པར་གསལ་ལ་གོ་བདེ་བ་ཞིག་ཡི་གེར་བྲིས་གསུངས་པ་རེ་ཞིག་དེ་ཙམ་མོ། །ཞེས་པའང་ཏཱ་ར་ནཱ་ཐས་ཕུལ་བའོ། །རྡོ་རྗེ་འཛིན་པ་ཆེན་པོ་བླ་ཆེན་བྱམས་པ་ངག་དབང་གིས་བསྐུལ་བ་ཡིན། །དགེའོ། །གཅིག་ཞུས་དགཞེས་གསུངས་ཏེ། གཞུང་འདིར་རང་སྟོང་དང་གཞན་སྟོང་གི་ཁྱད་པར་ཁ་གསལ་ལ་གོ་བདེ་བ་ཞིག་འབྲི་བར་བསྐུལ་བ་ལྟར་བྲིས་པ་རེ་ཞིག་དེ་ཙམ་གྱིས་མཇུག་རྫོགས་པར་རྗེ་བཙུན་ཏཱ་ར་ནཱ་ཐས་ཕུལ་བར་གསུངས་པ་རེད། གཞུང་འདི་རྩོམ་པར་བསྐུལ་བ་པོ་རྡོ་རྗེ་འཛིན་པ་ཆེན་པོ་བླ་ཆེན་བྱམས་པ་ངག་དབང་ཡིན་པ་རེད། དམ་པ་ཁོང་གིས་བསྐུལ་བའི་རྗེ་བཙུན་གྱི་གསུང་དུ་མ་ཡོད་པ་རེད། འདི་ཡན་ཆོད་དུ་ཚུལ་གཉིས་རྣམ་འབྱེད་ཀྱི་གཞུང་དོན་དེ་ཚིག་འགྲེལ་རགས་ཙམ་ཞིག་བྱས་པ་འདི་ལ་བརྟེན་ཏེ། ཐམས་ཅད་ཀྱིས་རང་སྟོང་དང་གཞན་སྟོང་གི་ཚུལ་གཉིས་པོ་སོ་སོ་མ་འདྲེས་པར་ལེགས་པར་ཤེས་ཏེ། རྣམ་གྲོལ་ལེགས་པའི་ལམ་དུ་འཇུག་པའི་པའི་རྒྱུར་གྱུར་ཅིག ། དགེའོ། །། །སྨྲས་པ།

ཀུན་གསལ་སྟོང་པའི་འོད་གསལ་ཆོས་ཀྱི་དབྱིངས། །ལྟ་ངན་ཆུ་འཛིན་སྟུག་པོས་བསྒྲིབས་གྱུར་པ། །ལུང་རིགས་བསྐལ་བའི་རླུང་གིས་རབ་བསྐྱོད་ནས། །གཞན་སྟོང་ཆོས་ཀྱི་འོད་སྟོང་གཟི་འོད་འབར། །ཀུན་རྟོག་ངན་པས་རང་བཟོའི་དྲི་སྤངས་ནས། །དོལ་པོ་སངས་རྒྱས་སྲས་དང་བཅས་རྣམས་དང༌། །རྗེ་བཙུན་སྒྲོལ་མགོན་བཞེད་དགོངས་ཇི་བཞིན་དུ། །ལུང་རིགས་ཞིབ་མོའི་ལེགས་བཤད་འོད་སྟོང་འབར། །ཚུལ་གཉིས་ལེགས་པར་བཤད་པའི་དགེ་ཚོགས་ཀྱིས། །ནམ་མཁའི་མཐའི་གཏུགས་གྱུར་པའི་མ་རྣམས་ཀུན། །རྫོགས་ལྡན་དམ་ཆོས་ཆོས་དབྱིངས་མྱུར་མངོན་ཞིང༌། །མཐར་ཐུག་སྐུ་བཞིའི་ས་ལ་གནས་པར་ཤོག །སྤྱན་རས་གཟིགས་མགོན་བསྟན་སྲུང་{ར་བཞེངས་པའི། །དཔལ་ལྡན་དྲཀྴད་མགོན་པོའི་འཕྲིན་ལས་ཀྱི། །ངེས་དོན་སྙིང་པོ་གསང་ཆེན་ཟབ་མོ་ཆེ། །ཕྱོགས་ཀུན་དར་རྒྱས་ཡུན་རིང་གནས་པར་མཛོད། །ཅེས་ཡོངས་ཀྱི་དགེ་བའི་བཤེས་གཉེན་རིན་པོ་ཆེ་ངག་དབང་དངོས་གྲུབ་དཔལ་བཟང་པོ་མཆོག་གི་བཀའ་ཁྲིད་༼ཚུལ་གཉིས་རྣམ་འབྱེད་ཀྱི་འཆད་ཁྲིད་ཟིན་བྲིས་ངེས་དོན་ཆོས་ཀྱི་འབྲུག་སྒྲ་༽ཞེས་བྱ་བ་འདི་ནི། དམ་པ་གང་གི་བཀའ་དྲིན་གྱིས་འཚོ་བ་གུས་སློབ་ཀུན་དགའ་བློ་གྲོས་དང༌། ཀུན་དགའ་བསྟན་འཛིན། འཇུ་གཞོན་ནུ་བཅས་ཀྱིས་ཟིན་བྲིས་སུ་བཏབ་པ་ཡིན་ཞིང༌། འདིའི་ལེགས་བྱས་ཀྱི་མཐུ་ལ་བརྟེན་ཏེ། དཔལ་ལྡན་བླ་མ་གང་ཉིད་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང༌། མཐའ་བྲལ་གཞན་སྟོང་དབུ་མའི་ལྟ་གྲུབ་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག་གུ།