cover

རྟ་ནག་རྣམ་འགྲེལ།

པོད། ཀ༽

རྗེ་རྟ་ནག་པ་དགེ་འདུན་བློ་བཟང་།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྩོམ་པ་པོའི་རྣམ་ཐར་གསོལ་འདེབས།

༄༅། །འཇམ་དབྱངས་བླ་མ་དགེ་འདུན་བློ་བཟང་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་བློ་གྲོས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཕྱོགས་བཅུའི་ཞིང་བཞུགས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་གཅིག་བསྡུས་རྗེ་བཙུན་ཙོང་ཁ་པ། །ཡབ་སྲས་བརྒྱུད་པར་བཅས་པ་ཐམས་ཅད་ལ། །སྙིང་ནས་འདུད་དོ་བློ་གྲོས་མཆོག་སྩོལ་ཅིག ། དགེ་ལེགས་བགྲང་ཡས་དཔག་ཏུ་མེད་པ་དང་། །འདུན་ལྡན་རླབས་ཆེན་སྨོན་ལམ་མཐུ་དག་གིས། །ཞིང་འདིར་བློ་བཟང་རྒྱལ་བསྟན་སྤེལ་བ་ལ། །ཟླ་བྲལ་མཁས་གྲུབ་དབང་པོར་གསོལ་བ་འདེབས། །རླབས་ཆེན་སྨོན་ལམ་འབྲས་བུ་དུས་སྨིན་པའི། །ས་ཡི་ཐེག་ལི་རྟ་ནག་ས་ཁུད་དུ། །བསམ་བཞིན་འཁྲུངས་ནས་ཐུབ་བསྟན་སྤེལ་མཛད་པ། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །སྐྱེས་ཙམ་ཉིད་ནས་འཇམ་མགོན་བླ་མ་ཡིས། །བྱིན་གྱིས་བརླབས་ཤིང་དམག་ཟོར་རྒྱལ་མོས་ཀྱང་། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་པ། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་ཁྱིམ་གྱི་འདུ་འཛི་ལ། །ཆགས་པ་མེད་པར་རྒྱལ་བའི་བསྟན་པ་ལ། །རབ་ཏུ་བྱུང་ནས་ཐོས་བསམ་སྒོམ་པ་མཛད། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །ཡོངས་འཛིན་མཁས་པ་མང་པོ་ལ་བརྟེན་ནས། །བརྡ་སྤྲོད་གཙུག་ལག་རིག་གནས་མཐའ་དག་ལ། །རབ་ཏུ་སྦྱངས་པས་མཁས་པའི་ཕུལ་ཕྱིན་པ། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །ཁྱད་པར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ལ། །བརྟེན་ནས་ཤིང་རྟ་ཆེན་པོའི་གཞུང་ལུགས་ཀུན། །གསན་པས་དགོངས་དོན་མ་ལུས་ཐུགས་སུ་ཆུད། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །རྒྱ་བོད་མཁས་པའི་གཞུང་ལུགས་པད་ཚལ་ཀུན། །དྲི་མེད་རིགས་པའི་འོད་སྣང་གིས་ཕྱེ་ནས། །སྐལ་བཟང་བུང་བ་མ་ལུས་ཚིམ་པར་མཛད། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །གངས་ཅན་གྲུབ་མཆོག་རྒྱལ་བ་དབེན་ས་པའི། །ཐུགས་སྲས་དམ་པ་སངས་རྒྱས་ཡེ་ཤེས་ཀྱང་། །གང་གི་ཞབས་རྡུལ་གཙུག་ཏུ་བསྟེན་བྱེད་པ། །ཟླ་མེད་མཁས་གྲུབ་དམ་པར་གསོལ་བ་འདེབས། །བཀྲ་ཤིས་ལྷུན་གྱིས་གྲུབ་པའི་ཆོས་གྲྭ་ཆེར། །ལེགས་པར་བཤད་པའི་སྒྲ་དབྱངས་རབ་བསྒྲགས་པའི། །འཇམ་དབྱངས་བླ་མ་དགེ་འདུན་བློ་བཟང་ཞེས། །ས་སྟེང་གྲགས་པས་ཁྱབ་ལ་གསོལ་བ་འདེབས། །གཞུང་ལུགས་ཀུན་ལ་ཐོས་པས་སྒྲོ་འདོགས་བཅད། །གཞུང་དོན་ལམ་གྱི་རིམ་པ་ཉམས་སུ་བཞེས། །རྟོགས་པ་བརྙེས་ནས་ལེགས་བཤད་སྒྲ་དབྱངས་བསྒྲགས། །ཟླ་མེད་མཁས་གྲུབ་དབང་པོར་གསོལ་བ་འདེབས། །དགའ་ལྡན་ཆོས་ཀྱི་ཕོ་བྲང་ཉམས་དགའ་བར། །མི་ཕམ་འཇམ་དཔལ་སྙིང་པོའི་ཞབས་དྲུང་དུ། །བསམ་བཞིན་བྱོན་ནས་ལུང་བསྟན་བརྙེས་གྱུར་པ། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་བླ་མ་དགེ་འདུན་བློ་བཟང་གི །ཐུགས་རྗེ་ནུས་པ་དཔག་ཏུ་མེད་པ་དང་། །མཁྱེན་རབ་འོད་སྟོང་རབ་ཏུ་འཕྲོ་བ་ཡིས། །བདག་བློའི་མུན་པ་མྱུར་དུ་བསལ་དུ་གསོལ། །ལེགས་ཚོགས་ཀུན་གྱི་རྩ་བ་ཟླ་མེད་པ། །དགེ་བའི་བཤེས་གཉེན་མཁས་པ་ལ་བརྟེན་ནས། །རྒྱ་ཆེའི་གཞུང་ལུགས་གདམས་པར་འཆར་བ་དང་། །གདམས་དོན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཆོས་ཀྱི་གྲགས་པའི་གཞུང་ལུགས་ལ་བརྟེན་ནས། །མདོ་རྒྱུད་དགོངས་འགྲེལ་བཅས་པ་མ་ལུས་པ། །དྲི་མེད་རིགས་པ་ཕྲ་མོས་འབྱེད་པ་ལ། །ཐོགས་མེད་སྤོབ་པ་ཐོབ་པར་བྱིན་གྱིས་རློབས། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང་། །ཟབ་ལམ་རིམ་གཉིས་འཁོར་དང་བཅས་པ་ལ། །འཁྲུལ་མེད་ངེས་པ་བརྟན་པོ་བརྙེས་གྱུར་ནས། །ཕ་རྗེས་བུ་ཡིས་ཟིན་པར་བྱིན་གྱིས་རློབས། །

ཅེས་འཇམ་དབྱངས་བླ་མ་དགེ་འདུན་བློ་བཟང་ལ་རྣམ་ཐར་གྱི་སྒོ་ནས་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་བློ་གྲོས་མཆོག་སྦྱིན་ཞེས་བྱ་བ་འདི་ནི། འཇམ་དབྱངས་བླ་མ་དེ་ཉིད་ཀྱི་རྗེས་སུ་སློབ་པ་དགེ་སློང་ཡེ་ཤེས་རྒྱལ་མཚན་གྱིས་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།། །།

ཀླད་ཀྱི་དོན་བཤད་པ།

རྩ་བའི་མཆོད་བརྗོད་ཀྱི་དོན་བཤད་པ།

༄༅། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོའི་མཐའ་དཔྱོད་མཁས་པའི་དབང་པོ་རྗེ་རྟ་ནག་པ་དགེ་འདུན་བློ་བཟང་གི་གསུང་རྒྱུན་དྲི་མ་མེད་པའི་གླེགས་བམ་དང་པོ་བཞུགས་སོ། །

༄༅། །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་དང༌། ནམ་ཡང་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང༌། དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། གྲངས་མེད་གསུམ་དུ་ཚད་མའི་ལམ་བསྒོམས་པས། །མཁྱེན་གསུམ་རྣམ་དག་ཚད་མའི་སྤྱན་ཐོབ་ཅིང༌། །རིགས་ཅན་གསུམ་ལ་ཚད་མའི་ལམ་སྟོན་པ། །ཐུབ་དབང་ཚད་མའི་མཆོག་ལ་ཕྱག་འཚལ་ལོ། །གསུང་གི་དབང་ཕྱུག་རབ་མཛེས་གཞོན་ནུའི་སྐུ། །སྟོན་ཀའི་མཁའ་ལྟར་དག་པའི་རལ་གྲི་དང༌། །རྒྱལ་བའི་ཆོས་མཛོད་པུ་ཏི་འཛིན་མཛད་པ། །བློ་གཏེར་མི་ཟད་འཇམ་པའི་དབྱངས་ལ་འདུད། །ཕུལ་དུ་བྱུང་བའི་བློ་གྲོས་སྟོབས་ཀྱིས་བཙུན། །རྨད་དུ་བྱུང་བའི་ཡོན་ཏན་ཁུར་གྱིས་བརྗིད། །ལོག་སྨྲ་འདམ་བུའི་ཚལ་རབ་འཇོམས་མཛད་པ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རིགས་པས་ཆོས་མིན་ཕམ་མཛད་ཅིང༌། །གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་ན་གྲགས། །སྨྲ་ངན་མུན་འཇོམས་སྨྲ་བའི་ཉི་མ་མཆོག །ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །སྡེ་བདུན་མཛད་པའི་དགོངས་དོན་ཡོངས་རྫོགས་པ། །དྲི་མེད་རིགས་པའི་སྤྱན་གྱིས་ལེགས་གཟིགས་ནས། །གཞུང་དེ་གདམས་པའི་མཆོག་ཏུ་འདོམས་མཛད་པ། །སྨྲ་བའི་ཉི་མ་ཙོང་ཁ་པ་ལ་འདུད། །མགོན་དེའི་ཆོས་ཀྱི་ཅོད་པན་དྲི་མ་མེད། །གང་གི་དབུ་ལ་རྣམ་པར་བཅིངས་པ་ལས། །ཐུབ་དབང་བསྟན་པའི་བདག་པོར་མངའ་གསོལ་བ། །རྒྱལ་ཚབ་དམ་པ་དར་མའི་ཞབས་ལ་འདུད། །ཆོས་ཀྱི་གྲགས་པའི་རིང་ལུགས་བླ་ན་མེད། །ཁྱོད་ཀྱིས་ཕྱོགས་འདིར་རྒྱས་པར་བྱེད་ནུས་ཞེས། །རྒྱལ་བ་གཉིས་པའི་ལུང་བསྟན་བརྙེས་གྱུར་པ། །བསྟན་པའི་བདག་པོ་དགེ་འདུན་གྲུབ་ལ་འདུད། །ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་འཛིན་པའི་མཆོག །ལེགས་བཤད་འབྱོར་པའི་དགའ་སྟོན་ཕྱོགས་བཅུར་འགྱེད། །དཔལ་ལྡན་མཁས་མང་དབུས་ན་མངོན་པར་མཐོ། །ཡོངས་འཛིན་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །དམ་ཆོས་འཛིན་པའི་སྨོན་ལམ་མཐུ་གྲུབ་པར། །ཞིང་འདིར་འཆད་རྩོད་རྩོམ་པའི་བྱ་བ་ཡིས། །ཐུབ་པའི་བསྟན་པ་ཕྱོགས་བཅུར་སྤེལ་བ་ལ། །བྱང་ཕྱོགས་མཁས་པའི་ཁྲོད་ན་ལྷམ་མེ་པ། །འཇམ་དབྱངས་རྣམ་འཕྲུལ་ཆོས་ཀྱི་རྒྱལ་མཚན་དང། །མཁས་པའི་དབང་པོ་དགེ་འདུན་བློ་བཟང་ཞབས། །དེ་སྲས་ཐུ་བོ་སངས་རྒྱས་ཡེ་ཤེས་སོགས། །ལུགས་འདིའི་བརྒྱུད་པའི་བླ་མ་རྣམས་ལ་འདུད། །ཀུན་གཟིགས་བློ་གྲོས་བཟང་པོའི་དཔལ་ལྡན་ཞིང། །བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་ཞབས། །སྙིགས་དུས་འགྲོ་རྣམས་བྱམས་པས་སྐྱོང་མཛད་པའི། །དྲིན་ཅན་རྩ་བའི་བླ་མར་སྙིང་ནས་འདུད། །འཇམ་མགོན་རྒྱལ་བ་གཉིས་པའི་བཤད་སྒྲུབ་བསྟན། །མཁྱེན་བརྩེ་ནུས་པས་རྒྱ་མཚོའི་གོས་ཅན་མར། །དར་ཞིང་རྒྱས་མཛད་འཇམ་དབྱངས་རྣམ་རོལ་པ། །བཀའ་དྲིན་ཟླ་མེད་བཤེས་གཉེན་རྣམས་ལ་འདུད། །རྒྱལ་དང་དེ་སྲས་རང་རྒྱལ་སློབ་མའི་ཚོགས། །དངོས་སྟོབས་རིགས་པས་སྒྲུབ་བྱེད་གྲགས་པའི་གཞུང༌། །རྣམ་འགྲེལ་ལེགས་པར་བཤད་པའི་གཏེར་ཆེན་པོ། །རྒྱལ་ཚབ་དར་མའི་ལུགས་བཞིན་དབྱེ་བར་བྱ། །

གཞན་ལུགས་དགག་པ་ལ་གཞི་བདེན་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ།

རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པའི་སྐབས་སུ། གཞན་ལུགས་དགག་པ། རང་ལུགས་བཞག་པ་གཉིས། དང་པོ་ལ། གཞི་བདེན་པ་གཉིས་ཀྱི་རྣམ་བཞག །ལམ་ཐབས་ཤེས་གཉིས་ཀྱི་རྣམ་བཞག །འབྲས་བུ་སྐུ་གསུམ་གྱི་རྣམ་བཞག །གཞུང་འདི་གྲུབ་མཐའ་སྨྲ་བ་གང་གི་དབང་དུ་བྱས་པ། བསྟན་བཅོས་ལུས་ཀྱི་རྣམ་བཞག་བཤད་པ་དང་ལྔ། དང་པོ་ལ་ཁ་ཅིག་ན་རེ། རིགས་པས་དཔྱད་བཟོད་དུ་གྲུབ་པའི་ཆོས་དོན་དམ་བདེན་པའི་མཚན་ཉིད་ཟེར་ན། བུམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། རིགས་པས་བཙལ་བའི་ཚེ་ན་རྙེད་པའི་ཆོས་ཡིན་པའི་ཕྱིར་ཏེ། བཏགས་དོན་བཙལ་བའི་ཚེ་ན་རྙེད་པའི་ཆོས་ཡིན་པའི་ཕྱིར་ཏེ། མིང་གི་ཐ་སྙད་ཀྱི་དབང་ཙམ་གྱིས་བཞག་པ་མ་ཡིན་པར་རང་ངོས་ནས་གྲུབ་པའི་ཆོས་ཡིན་པའི་ཕྱིར། དེ་ལྟར་བྱས་པ་ལ་ཁོ་ན་རེ། གང་ཟག་ཆོས་ཅན། བཏགས་དོན་བཙལ་བའི་ཚེ་ན་རྙེད་པའི་ཆོས་སུ་ཐལ། མིང་གི་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ན་རྙེད་པའི་ཆོས་ཡིན་པའི་ཕྱིར། འདོད་བྱས་པ་ལ། དེ་ཆོས་ཅན། རང་གི་ཕུང་པོ་ལ་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ན་རྙེད་པའི་ཆོས་སུ་ཐལ། འདོད་པ་གང་ཞིག །ཁྱོད་ཀྱི་ཕུང་པོ་ལྔ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། གང་ཟག་གི་ཕུང་པོ་ལྔ་ཚོགས་ཙམ་དེ་ཡང་གང་ཟག་མིན། གང་ཟག་གི་ཕུང་པོ་ལྔ་རེ་རེ་བ་ཡང་གང་ཟག་མིན། གང་ཟག་དེ་དེའི་ཕུང་པོ་ལྔ་ལས་དོན་གཞན་དུ་མ་གྲུབ་པའི་ཕྱིར་ཏེ། གང་ཟག་དང་དེའི་ཕུང་པོ་ལྔ་པོ་རང་བཞིན་གྱི་ངོ་བོ་གཅིག་ཡིན་པའི་ཕྱིར་ཏེ། གང་ཟག་དང་གང་ཟག་གི་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པའི་ངོ་བོ་གཅིག་ཡིན་པའི་ཕྱིར་ཏེ། སེམས་ཙམ་པས་དེ་ལྟར་ཁས་བླངས་པ་ལ། ཐལ་འགྱུར་བས་དེ་གཉིས་གཅིག་ཏུ་ཐལ་བ་སོགས་ཀྱི་སྐྱོན་འཕེན་པའི་ཕྱིར། ཟེར་ན། གང་ཟག་བཏགས་དོན་བཙལ་བའི་ཚེ་ན་མི་རྙེད་པ་དེ། གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། གང་ཟག་བཏགས་དོན་བཙལ་བའི་ཚེ་ན་མི་རྙེད་པའི་ཕྱིར། འདོད་ན། གང་ཟག་རང་གི་ཕུང་པོ་ལ་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ན་མི་རྙེད་པ་དེ། གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གི་ཕུང་པོ་ལྔ་ཚོགས་ཙམ་ཡང་གང་ཟག་མིན། དེ་རེ་རེ་ཡང་གང་ཟག་མིན། དེ་དེ་ལས་དོན་གཞན་དུའང་མ་གྲུབ་པ་དེ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཚོགས་ཙམ་པ་གང་ཟག་ཏུ་འཛིན་པའི་རྟོག་པ་ལ་སོགས་པ་གང་ཟག་གི་བདག་འཛིན་ཕྲ་མོ་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། གང་ཟག་ཐ་སྙད་བཙལ་བའི་ཚེ་ན་རྙེད་པར་ཐལ། གང་ཟག་ཐ་སྙད་པའི་ཚད་མས་བཙལ་བའི་ཚེ་ན་རྙེད་པའི་ཕྱིར། དེའི་ཆོས་ཉིད་དེ་མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མས་བཙལ་བའི་ཚེ་ན་རྙེད་པའི་ཕྱིར་ཏེ། དེས་བཙལ་བའི་ཚེ་ན་རྙེད་པའི་ཆོས་ཉིད་ཡོད་པའི་ཕྱིར་ཏེ། བདེན་པར་གྲུབ་པའི་ཆོས་ཉིད་ཡོད་པའི་ཕྱིར། ཁ་ཅིག །གང་ཟག་རང་གི་ཕུང་པོ་ལ་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ན་རྙེད་དེ། གང་ཟག་གི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་ཡིན་པའི་ཕྱིར། ཟེར་ན། དེ་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་དེ། གང་ཟག་གི་བདག་འཛིན་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་ལོག་ཤེས་སུ་ཐལ་ལོ། །འདོད་མི་ནུས་ཏེ། དེ་རང་སྐྱ་ཐུབ་པའི་རྫས་ཡོད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཙོ་སེམས་ཡིན་པའི་ཕྱིར། ཁྱབ་སྟེ། སེམས་བྱུང་ཡིན་ན་བཏགས་ཡོད་ཡིན་དགོས་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། བདག་ཤེས་རིག་གི་སྐྱེས་བུ་ཡིན་པར་ཐལ། བདག་དང་ཤེས་པ་དང་རིག་པ་གསུམ་འདུས་པའི་སྐྱེས་བུ་ཡིན་པའི་ཕྱིར། གཞན་ཡང༌། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་པར་ཤེས་པ་དེ་ཡང་སངས་རྒྱས་འཕགས་པ་ཡིན་པར་ཐལ། གང་ཟག་ལ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། གཞན་དོན་གཟུགས་སྐུ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། རང་དོན་ཆོས་སྐུ་ཡིན་པའི་ཕྱིར་ཏེ། ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་ཡིན་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། ཁྱོད་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཡོད་པར་ཐལ། ཁྱོད་སངས་འཕགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་སངས་རྒྱས་འཕགས་པ་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ཏེ། ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར། ཁྱབ་སྟེ། རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། མཐར་ཐུག་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མ་རང་ཉིད་ལ་ལྟོས་ནས་མཐར་ཐུག་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མར་སོང་བ་དེ། དོན་དམ་བདེན་པའི་མཚན་ཉིད། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་རང་ཉིད་ལ་ལྟོས་ནས་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མར་སོང་བ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད་ཟེར་ན། དང་པོ་ལ། མཐར་ཐུག་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མའི་རྒྱུ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། དེ་ཁྱོད་ལ་ལྟོས་ནས་དེར་སྐྱེས་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། གཉིས་པ་ལ། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་ཆོས་ཉིད་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། དེ་གཉིས་ཕན་ཚུན་ལྟོས་གྲུབ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་དང་ཁྱོད་ཀྱི་ཆོས་ཉིད་ཕན་ཚུན་ལྟོས་གྲུབ་ཡིན་པར་ཐལ། ཁྱོད་གཞི་གྲུབ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ། དོན་དམ་བདེན་པའི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། ཚད་མ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་དེར་ཐལ། རང་མངོན་སུམ་དུ་རྟོགས་པའི་རང་རིག་མངོན་སུམ་གྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། དེར་ཐལ། རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། རྗེས་དཔག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་རྗེས་དཔག་ལ་གཉིས་སྣང་ནུབ་པའི་ཤེས་པར་ཐལ་ལོ། །འདོད་ན། དེ་དེ་ཉམས་སུ་མྱོང་བའི་རང་རིག་ཡིན་པར་ཐལ་ལོ། །འདོད་ན། སེམས་ཅན་གྱི་རྒྱུད་ཀྱི་ཤེས་པར་ཐལ་ལོ། །འདོད་མི་ནུས་ཏེ། སངས་འཕགས་ཀྱི་རྒྱུད་ཀྱི་རང་རིག་ཁྱོད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མཐར་ཐུག་དཔྱོད་བྱེད་ཀྱི་རིག་ཤེས་ཀྱི་ཚད་མའི་རྙེད་དོན། དོན་དམ་བདེན་པའི་མཚན་ཉིད། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན། ཀུན་རྫོབ་བདེན་པའི་མཚན་ཉིད་ཟེར་ན། དང་པོ་ལ། གཟུགས་ཕུང་དང་ཕྱི་རོལ་དོན་གྱིས་སྟོང་པའི་ཚོགས་དོན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། གཟུགས་ཕུང་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་རྗེས་དཔག་གི་རྙེད་དོན་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་རྟག་པས་སྟོང་པའི་ཚོགས་དོན་དེ། སྒྲ་རྟག་སྟོང་དུ་རྟོགས་པའི་རྗེས་དཔག་གི་རྙེད་དོན་ཡིན་པའི་ཕྱིར། དེ་འདྲའི་རྗེས་དཔག་དེས་ཚོགས་དོན་དེ་རྟོགས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། མཐུན་པའི་དོན་དམ་ཡིན་པའི་ཕྱིར། གཞན་ཡང༌། གཟུགས་ཕུང་ཡིན་ན། ཕྱི་རོལ་དོན་གྱིས་སྟོང་པས་ཁྱབ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་དེར་ཐལ། གཟུགས་ཕུང་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་རྗེས་དཔག་གི་རྙེད་དོན་ཡིན་པའི་ཕྱིར་ཏེ། དེའི་གཞལ་བྱ་ཡིན་པའི་ཕྱིར། དེ་དེར་ཐལ། སྒྲ་ཡིན་ན། རྟག་སྟོང་ཡིན་པས་ཁྱབ་པ་དེ་སྒྲ་རྟག་སྟོང་དུ་རྟོགས་པའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། གཞན་ཡང༌། ཕྱི་རོལ་དོན་གྱིས་སྟོང་པའི་རྟགས་ལས་གཟུགས་ཕུང་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་ཕྱོགས་ཆོས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། གཟུགས་ཕུང་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་རྗེས་དཔག་གི་རྙེད་དོན་ཡིན་པའི་ཕྱིར་ཏེ། དེ་ལྟ་བུའི་རྗེས་དཔག་དེས་དེ་སྐོར་གྱི་ཕྱོགས་ཆོས་རྟོགས་པའི་ཕྱིར་ཏེ། གཟུགས་ཕུང་ཕྱི་རོལ་དོན་གྱིས་སྟོང་ཞེས་པའི་ངག་དེས། དེ་སྐོར་གྱི་ཕྱོགས་ཆོས་བརྗོད་པ་གང་ཞིག །སྒྲ་བྱས་པར་རྟོགས་པའི་རྗེས་དཔག་དེས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་རྟོགས་པའི་ཕྱིར། ཕྱི་མ་གྲུབ་མཐའ་ལ་ཁས། དང་པོ་གྲུབ་སྟེ། སྒྲ་བྱས་ཞེས་པའི་ངག་དེས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་བརྗོད་པའི་ཕྱིར། རྟགས་གྲུབ་མཐའ་ལ་ཁས། གཞན་ཡང༌། དོན་དམ་པ་ཡང་ཡིན། དོན་དམ་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། དོན་དམ་པ་འཇལ་བའི་ཚད་མའི་རྙེད་དོན་ཡིན་པའི་ཕྱིར་ཏེ། དེའི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དོན་དམ་བདེན་པའི་མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་རྫོབ་བདེན་པའི་མེད་དགག་གི་གཞན་སེལ་ཡིན་ན་ཀུན་རྫོབ་བདེན་པ་འཇལ་བའི་ཚད་མའི་གཞལ་བྱ་ཡིན་དགོས་པའི་ཕྱིར། གཞན་ཡང༌། དོན་དམ་པ་ཡང་ཡིན། དེ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པ་དེ་དོན་དམ་པ་འཇལ་བའི་ཚད་མའི་གཞལ་བྱ་ཡིན་པར་ཐལ། དེ་འདྲའི་ཚད་མ་དེ་དེ་འདྲའི་གཞི་མཐུན་འཛིན་པའི་སྒྲོ་འདོགས་ཆོད་པའི་ཚད་མ་ཡིན་པའི་ཕྱིར་ཏེ། དེ་རང་གི་གཞལ་བྱ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཆོད་པའི་ཚད་མ་ཡིན་པ་གང་ཞིག །དེ་འདྲའི་གཞི་མཐུན་འཛིན་པའི་རྟོག་པ་དེ་དོན་དམ་བདེན་པ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་མ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཆོས་ཉིད་ཀྱང་ཡིན། དེ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་འཛིན་པའི་རྟོག་པ་དེ་ཆོས་ཉིད་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར་ཏེ། ཆོས་ཉིད་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མ་ཁྱབ་སྟེ། ཆོས་ཉིད་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་ན། ཆོས་ཀྱི་བདག་འཛིན་ཡིན་པས་ཁྱབ་བོ། །ཟེར་ན། འོ་ན། ཆོས་ཉིད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་དེ། ཆོས་ཉིད་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། བུམ་པ་དེར་ཐལ། འདོད་ན། བུམ་པ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཆོད་པའི་གང་ཟག་ཡིན་ན། བུམ་པ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་སྒྲོ་འདོགས་ཆོད་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཚད་མས་གྲུབ་པའི་གང་ཟག་ཡིན་ན། བུམ་པ་བུམ་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཚད་མས་གྲུབ་པའི་གང་ཟག་ཡིན་ན། ཆོས་ཀྱི་བདག་མེད་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། རྒྱུན་མཐའི་བར་ཆད་མེད་ལམ་དེས་ཆོས་ཉིད་ཀྱང་ཡིན། དེ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པ་མངོན་སུམ་དུ་རྟོགས་པར་ཐལ། དེ་འདྲའི་གཞི་མཐུན་འཛིན་པའི་རྟོག་པ་དེ། ཆོས་ཉིད་ལ་སྒྲོ་འདོགས་པའི་སྒྲོ་འདོགས་གང་ཞིག །དེ་ཆོས་ཉིད་ལ་སྒྲོ་འདོགས་ཆོད་པའི་བློ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། རྩ་བར་འདོད་ན། དེ་འདྲའི་གཞི་མཐུན་པས་སྟོང་པ་དེ་སྟོང་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར་ཟེར་ན། འོ་ན། མཐར་ཐུག་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མའི་གཞལ་བྱ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་འདྲའི་ཚད་མ་ཆོས་ཅན། ཁྱོད་ཀྱི་གཞལ་བྱ་ཁྱོད་ཀྱི་རྙེད་དོན་ཡིན་པར་ཐལ། ཁྱོད་རང་གི་གཞལ་བྱ་འཇལ་བའི་ཚད་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་ལ་དམིགས་ཏེ་བསྒོམས་པས་ཤེས་སྒྲིབ་དག་པར་འགྱུར་བའི་དམིགས་པ་མཐར་ཐུག་དེ། དོན་དམ་བདེན་པའི་མཚན་ཉིད་ཟེར་ན། དེ་ལ་མངོན་པ་ཀུན་ལས་བཏུས་པ་ལྟར་ན། གང་ཟག་གི་བདག་མེད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། དེ་བཞིན་ཉིད་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མངོན་པ་ཀུན་ལས་བཏུས་ལས། ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་གང་ཞེ་ན། བདག་མེད་པ་རྣམ་པ་གཉིས་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། ཡང་དག་པའི་མཐའ་དང༌། དོན་དམ་པ་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། གང་ཟག་གི་བདག་མེད་ཆོས་ཅན། སྟོང་ཉིད་ཡིན་པར་ཐལ། ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་ཕྱེ་བའི་ཟབ་མོའི་ཆོས་ཡིན་པའི་ཕྱིར་ཏེ། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་དེ་གཉིས་སུ་ཕྱེ་བའི་ཟབ་མོའི་ཆོས་ཡིན་པའི་ཕྱིར་ཏེ། ཐར་ལམ་གསལ་བྱེད་ལས། གང་ཟག་དང་ཆོས་ལ་བདག་མེད་པའི་སྟོང་པ་ཉིད་ནི་འཕགས་པ་རྣམས་ཀྱི་མཉམ་བཞག་སོ་སོ་རང་གི་མངོན་སུམ་གྱིས་རིག་པར་བྱ་བ་ཡིན་གྱི། ཆོས་སྟོན་པའི་སྒྲ་ཙམ་ལས་ཇི་ལྟ་བ་བཞིན་ཤེས་མི་ནུས་པས་ཟབ་ཅིང༌། ཞེས་གསུངས་པའི་ཕྱིར། དེ་ལྟར་བྱས་པ་ལ། ཁོ་ན་རེ། བུམ་པ་ཆོས་ཅན། མཐར་ཐུག་དཔྱོད་བྱེད་ཀྱི་རིག་ཤེས་ཀྱི་ཚད་མས་དཔྱད་བཟོད་དུ་གྲུབ་པར་ཐལ། དེའི་རྙེད་དོན་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་དཔྱད་བཟོད་དུ་གྲུབ་པའི་ཕྱིར། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། གཞན་ཡང་ཁོ་ན་རེ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་གང་ཟག་གི་གནས་ལུགས་མཐར་ཐུག་ཡིན་པར་ཐལ། གང་ཟག་གི་བདག་མེད་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། འདོད་ན། དེ་དང་གང་ཟག་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་གཉིས་ཀ་གང་ཟག་གི་གནས་ལུགས་མཐར་ཐུག་ཏུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་མེད་པར་ཐལ་ལོ། །ཟེར་ན་མ་ཁྱབ་སྟེ། དེ་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་ཡོད་པར་ཐལ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ། གང་ཟག་གི་བདག་མེད་ཕྲ་མོ་དང༌། གཅིག་ཤོས་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། གཞན་ཡང་ཁོ་ན་རེ། སྟོང་པ་ཉིད་ཡིན་ན་རང་ལ་དམིགས་ཏེ་བསྒོམས་པས་ཤེས་སྒྲིབ་དག་པར་འགྱུར་བའི་དམིགས་པ་མཐར་ཐུག་ཡིན་དགོས་པར་ཐལ། ཡོངས་གྲུབ་ཡིན་ན་དེ་ཡིན་དགོས་པའི་ཕྱིར་ཏེ། ཐར་ལམ་གསལ་བྱེད་ལས། འགྱུར་བ་མེད་པའི་ཡོངས་གྲུབ་ནི་རང་ལ་དམིགས་ཏེ་བསྒོམ་པས་ཤེས་སྒྲིབ་དག་པར་འགྱུར་བའི་དམིགས་པ་མཐར་ཐུག་ཡིན་པས། ཞེས་གསུངས་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། དེའི་དོན་ནི་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ན་དེ་ཡིན་དགོས་པ་དེའི་དོན་ཡིན་ནོ། །གཞན་ཡང་ཁོ་ན་རེ། ཉན་ཐོས་ཀྱི་བར་ཆད་མེད་ལམ་དེ་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་ཡིན་པར་ཐལ། དེ་གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་གང་ཞིག །གང་ཟག་གི་བདག་མེད་སྟོང་ཉིད་ཡིན་པའི་ཕྱིར། འདོད་བྱས་པ་ལ། སྟོང་ཉིད་ཆོས་ཅན། གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། ཉན་ཐོས་ཀྱི་བར་ཆད་མེད་ལམ་ཁྱོད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་ཡིན་པའི་ཕྱིར། འདོད་བྱས་པ་ལ། དེ་མ་ཡིན་པར་ཐལ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར་ཏེ། རྒྱུན་མཐའི་བར་ཆད་མེད་ལམ་ཁྱོད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུན་མཐའི་བར་ཆད་མེད་ལམ་ཡིན་ན་ཤེས་སྒྲིབ་ཀྱི་དངོས་གཉེན་ཡིན་དགོས་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། འོ་ན། སྟོང་ཉིད་དེ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། བདག་མེད་དེ་དེ་ཡིན་པའི་ཕྱིར་ཏེ། བདག་འཛིན་གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་འཛིན་སྤངས་པའི་གང་ཟག་ཡིན་ན་བདག་འཛིན་སྤངས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དགྲ་བཅོམ་པ་ཡིན་ན་བདག་འཛིན་སྤངས་པའི་གང་ཟག་ཡིན་དགོས་པའི་ཕྱིར། ཡང་། དབུས་མཐའ་དང་བསྟུན་ན། གང་ཟག་གི་བདག་མེད་ཆོས་ཅན། ཡོངས་གྲུབ་ཡིན་པར་ཐལ། མཚན་ཉིད་གསུམ་གྱི་ནང་ནས་ཡོངས་གྲུབ་ཁོ་ན་ཡིན་པའི་ཕྱིར་ཏེ། ཉོན་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་ཉན་ཐོས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པའི་ཕྱིར། ཁྱབ་སྟེ། དབུས་མཐའ་ལས། རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ། །གཅིག་པུ་ཁོ་ནར་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། རྣམ་པ་གཅིག་ཏུ། གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་དེ་སྟོང་ཉིད་རྟོགས་པའི་ལྟ་བ་ཡིན་པར་ཐལ། གང་ཟག་གི་བདག་མེད་སྟོང་ཉིད་ཡིན་པའི་ཕྱིར། འདོད་ན། དེ་དབུ་མའི་ལྟ་བ་ཡིན་པར་ཐལ་ལོ། །འདོད་ན། མདོ་སྡེ་པ་དེ་དབུ་མའི་ལྟ་བ་ལ་གནས་པའི་གང་ཟག་ཏུ་ཐལ། འདོད་པ་གང་ཞིག །མདོ་སྡེ་པ་དེ་འདྲའི་ལྟ་བ་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་རྟག་མཐར་ལྷུང་བའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པའི་གང་ཟག་གང་ཞིག །དེ་ལྟར་གྲུབ་པ་དེ་རྟག་མཐའ་ཡིན་པའི་ཕྱིར་ཏེ། དེ་ལྟར་གྲུབ་པས་སྟོང་པ་དེ་མཐའ་བྲལ་གྱི་དབུ་མ་ཡིན་པའི་ཕྱིར། གཞན་ཡང༌། མདོ་སྡེ་པས་གང་ཟག་གི་གནས་ལུགས་རྟོགས་པར་ཐལ། དེས་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་རྟོགས་པ་གང་ཞིག །དེ་ལྟར་སྟོང་པ་དེ་གང་ཟག་གི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། ཕྱི་མ་ཁས། འདོད་མི་ནུས་ཏེ། དེ་དེ་ལ་ལོག་པར་ཞུགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེས་གང་ཟག་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་གང་ཞིག །དེ་ལྟར་གྲུབ་པས་སྟོང་པ་དེ་གང་ཟག་གི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། གཞན་ཡང༌། བྱང་སེམས་འཕགས་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་ཀྱི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དེ། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་པར་ཐལ། གང་ཟག་གི་བདག་མེད་དེ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་སེམས་ཅན་གྱི་རྒྱུད་ཀྱི་ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། ཐར་ལམ་གསལ་བྱེད་ལས། གཉིས་པ་ནི། གང་ཟག་གི་བདག་དང་བྲལ་བར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ངང་ནས་སེམས་ཅན་ལ་དམིགས་པའོ། །ཞེས་གསུངས་པའི་ཕྱིར། ཡང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཡང་སྤྱོད་ཡུལ་དུ་མ་གྱུར་པའི་གཉིས་སྟོང་གི་དེ་ཁོ་ན་ཉིད་ནི་ཟབ་མོ་ཡིན་ལ། ཞེས་པའི་དོན་ལ། མཁས་པའི་དབང་པོ་ཁ་ཅིག་ན་རེ། དང་པོ་ཉིད་ནས་ཐེག་དམན་དུ་རིགས་ངེས་པའི་རང་རྒྱལ་སློབ་པ་འཕགས་པས། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་མ་རྟོགས་པ་དེ། ལུང་དེའི་དོན་ཡིན་ཅིང༌། གཞན་དུ་ན་དེ་ལྟར་རྟོགས་པ་ཡིན་ཏེ། རང་རྒྱལ་དང་སེམས་ཙམ་པ་གཉིས་ཀྱི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་མེད་པའི་ཕྱིར་ཏེ། རྣམ་བཤད་སྙིང་པོ་རྒྱན་ལས། འདིར་བསྟན་པའི་རང་རྒྱལ་གྱི་ལྟ་བ་དང༌། སེམས་ཙམ་པའི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་ཅུང་ཟད་ཀྱང་མེད་པས། དེ་གཉིས་གྲུབ་མཐའ་མཚུངས་པ་འཐད་ཅེས་པ་ནི་གསལ་བར་བྱེད་པའི་བཞད་གད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ། ལུང་དེའི་དོན་ནི། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པའི་སྐབས་སུ། དེ་གཉིས་ཀྱི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་མེད་པ་དེ་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན་རང་རྒྱལ་སློབ་པ་འཕགས་པས། ཆོས་ཀྱི་བདག་མེད་སྒོམ་བྱའི་གཙོ་བོར་བྱས་ནས་བསྒོམ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེས་ཆོས་ཀྱི་བདག་འཛིན་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བར་ཐལ་ལོ། །འདོད་ན། རང་རྒྱལ་དགྲ་བཅོམ་པས་ཆོས་ཀྱི་བདག་འཛིན་སྤངས་པར་ཐལ་ལོ། །འདོད་ན། དེས་ཤེས་སྒྲིབ་སྤངས་པར་ཐལ་ལོ། དེ་ལྟར་བྱས་པ་ལ་ཁོ་ན་རེ། དེ་ལྟ་བུའི་རང་རྒྱལ་སློབ་པ་འཕགས་པས་སྟོང་ཉིད་རྟོགས་པར་ཐལ། དེས་གཟུགས་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་ཕྱིར་ཏེ། དེ་ལྟར་ཁས་ལེན་པའི་ཕྱིར་ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་གཟུགས་ཕྱི་རོལ་དོན་དུ་ཁས་མི་ལེན་པའི་ཕྱིར། མ་གྲུབ་ན། དེ་རྟག་མཐར་ལྷུང་བའི་གང་ཟག་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་མི་ནུས་ཏེ། དབུ་མ་པ་ཡིན་པའི་ཕྱིར་ཏེ། འཕགས་པ་ཡིན་པའི་ཕྱིར། གཞན་ཡང་ཁོ་ན་རེ། ཉན་ཐོས་དང་རང་རྒྱལ་གཉིས་ཀྱི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་མེད་པར་ཐལ། རང་རྒྱལ་དང་སེམས་ཙམ་པ་གཉིས་ཀྱི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་ཡོད་པའི་ཕྱིར། འདོད་བྱས་པ་ལ། སྤང་བྱ་གཅིག་ཆར་བའི་རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་དུ་སོང་བའི་རང་རྒྱལ་གྱི་མཐོང་ལམ་བར་ཆད་མེད་ལམ་གྱི་སྤང་བྱའི་གཙོ་བོ་མེད་པར་ཐལ། དེ་གཉིས་ཀྱི་སྤང་བྱའི་གཙོ་བོ་ལ་སྤོང་དཀའ་སླའི་ཁྱད་པར་མེད་པའི་ཕྱིར་ཏེ། དེ་གཉིས་ཀྱི་བསྒོམ་བྱའི་གཙོ་བོ་ལ་ཁྱད་པར་མེད་པའི་ཕྱིར་ཏེ། དེ་གཉིས་ཀྱི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་མེད་པའི་ཕྱིར། རྩ་བར་འདོད་བྱས་པ་ལ། དེ་ཡོད་པར་ཐལ། དེ་འདྲའི་བར་ཆད་མེད་ལམ་ཡོད་པའི་ཕྱིར་ཏེ། དེ་ལྟ་བུའི་མཐོང་ལམ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ལྟ་བུའི་མཐོང་ལམ་པ་ཡོད་པའི་ཕྱིར་ཏེ། ཀུན་བཏུས་ལས། སངས་རྒྱས་འབྱུང་བ་མེད་ན་རང་རྒྱལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་གཉིས་ཀྱི་ཐེག་པ་ལ་མཐོ་དམན་གྱི་ཁྱད་པར་མེད་པར་ཐལ། ལྟ་བ་ལ་དེའི་ཕྱིར་ན་མ་ཁྱབ་སྟེ། དེ་གཉིས་ཀྱི་ཐེག་པ་ལ་མཐོ་དམན་གྱི་ཁྱད་པར་ཡོད་པར་ཐལ། རང་རྒྱལ་གྱི་ཐེག་པ་དེ་ཐེག་པ་ལ་ཆེ་འབྲིང་ཆུང་གསུམ་དུ་ཕྱེ་བའི་འབྲིང་དང༌། ཉན་ཐོས་ཀྱི་ཐེག་པ་དེ་ཐེག་པ་ཆུང་ངུ་ཡིན་པའི་ཕྱིར། མཚན་གཞི་ལ་ཁ་ཅིག་ན་རེ། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དེ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ཟེར་ན་དེ་མ་ཡིན་པར་ཐལ། མདོ་སྡེ་པས་དེ་རྟོགས་པའི་ཕྱིར་ཏེ། དེས་ཤེས་བྱ་དང་ཤེས་བྱ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་པར་རྟོགས་པ་གང་ཞིག །དེ་གཉིས་གཟུང་འཛིན་གྱི་ཆོས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཡིན་ན། ཆོས་ཀྱི་བདག་མེད་ཕྲ་མོ་མ་ཡིན་དགོས་པར་ཐལ། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དེ་ཆོས་ཀྱི་བདག་མེད་ཕྲ་མོ་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང༌། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དེ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཐལ། གཟུང་འཛིན་རྫས་གཞན་དུ་འཛིན་པའི་རྟོག་པ་དེ་ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། ཤཱཀྱ་བློས། རྟོག་པ་ནི་སེམས་དང་སེམས་ལས་བྱུང་བ་ཁམས་གསུམ་པ་བདག་དང་བདག་གི་བ་ལ་སོགས་པའི་རྣམ་པར་ཞུགས་པ་དང༌། གཟུང་བ་དང་འཛིན་པའི་རྣམ་པར་ཞུགས་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །སྔར་གྱི་ཁྱབ་པ་དེ་ལ། ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཐལ། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་དེ། ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། ཟེར་ན། འདོད་བྱས་པ་ལ། དེ་མ་ཡིན་པར་ཐལ། མདོ་སྡེ་པས་དེ་ཚད་མས་ངེས་པའི་ཕྱིར་ཏེ། མདོ་སྡེ་པས་ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་པའི་ཀུན་བཏགས་རང་མཚན་མ་ཡིན་པར་ཚད་མས་ངེས་པའི་ཕྱིར་ཏེ། དེས་དེ་སྤྱི་མཚན་དུ་ཚད་མས་ངེས་པའི་ཕྱིར། དེས་དེ་དངོས་མེད་དུ་ཚད་མས་ངེས་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། འོ་ན། མདོ་སྡེ་པས་ནམ་མཁའ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཚད་མས་ངེས་པར་ཐལ། དེས་དེ་རང་མཚན་མ་ཡིན་པར་ཚད་མས་ངེས་པའི་ཕྱིར། དེས་དེ་སྤྱི་མཚན་དུ་ཚད་མས་ངེས་པའི་ཕྱིར་ཏེ། དེས་དེ་དངོས་མེད་དུ་ཚད་མས་ངེས་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེས་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པའི་ཕྱིར་ཏེ། དེས་དེ་རང་བཞིན་གྱིས་གྲུབ་པར་ཁས་ལེན་པའི་ཕྱིར། དེས་བྱས་མི་རྟག་གཉིས་ཐ་དད་ཀྱི་ཆ་དེ་རང་བཞིན་གྱིས་གྲུབ་པར་ཁས་ལེན་པའི་ཕྱིར་ཏེ། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །ཞེས་གསུངས་པའི་ཕྱིར། རང་ལུགས་ཀྱི་སྒྲིགས་ཁྱབ་ནི། ཕྱི་དོན་མེད་པ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཐལ། དེ་ཡོད་པར་འཛིན་པའི་རྟོག་པ་དེ་ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར་ཏེ། གཟུགས་དེར་འཛིན་པའི་རྟོག་པ་དེ་ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། གཞན་ཡང༌། ཁོ་རང་ལ་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་ཆོས་ཅན། སྟོང་ཉིད་ཡིན་པར་ཐལ། ངོ་བོར་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་སྟོང་ཉིད་ཡིན་པའི་ཕྱིར། དེ་དེར་ཐལ། དེ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་དེ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། གཟུགས་འཛིན་རྫས་གཞན་གྱིས་སྟོང་པ་དེ་གཟུགས་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་ཉིད་དུ་ཐལ། དེ་ངོ་བོར་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར། འདོད་ན། སྒྲ་རྟག་པས་སྟོང་པ་དེ་སྒྲ་རྟག་པས་སྟོང་པའི་སྟོང་ཉིད་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ། ཁ་ཅིག་ན་རེ། ཁྱོད་དངོས་པོ་ཡིན་ན། ཁྱོད་ཕྱི་རོལ་དོན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པས་ཁྱབ་ཟེར་ན། ཚད་མ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མདོ་སྡེ་པས་དེ་རྟོགས་པའི་ཕྱིར་ཏེ། མདོ་སྡེ་པས་དེ་ཤེས་པའི་བདག་ཉིད་དུ་རྟོགས་པའི་ཕྱིར་ཏེ། དེས་དེ་ལྟར་དུ་ཁས་ལེན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མདོ་སྡེ་པས་དེ་རང་འཛིན་ཤེས་པའི་བདག་ཉིད་དུ་ཁས་ལེན་པར་ཐལ། དེས་དེ་ཤེས་པའི་བདག་ཉིད་དུ་ཁས་ལེན་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། དེས་དེ་རང་འཛིན་ཤེས་པའི་རྒྱུར་ཁས་ལེན་པའི་ཕྱིར། རང་རེས། གཟུགས་ཀྱི་སྐྱེ་མཆེད་ཡིན་ན། ཁྱོད་ཕྱི་རོལ་དོན་གྱིས་སྟོང་པ་དེ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པས་ཁྱབ། བྱས་པ་ལ་ཁོ་ན་རེ། ཆོས་དེ་དང་ཕན་ཚུན་ཐ་དད་དུ་གྱུར་པའི་བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པ་དེ་ཆོས་ཀྱི་བདག་འཛིན་ཡིན་པར་ཐལ་ལོ། །འདོད་ན། དེ་འདྲའི་རྟོག་པ་སྤངས་པའི་མཁྱེན་པ་དེ་རྣམ་མཁྱེན་ཡིན་པར་ཐལ་ལོ། །འདོད་ན། དེ་ཆོས་ཅན། རང་གི་ཉེར་ལེན་དུ་གྱུར་པའི་རྒྱུན་མཐའི་ཡེ་ཤེས་ལས་བྱུང་བར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་ན། དེ་མེད་ན་ཁྱོད་མེད་དགོས་པར་ཐལ་ལོ། །འདོད་ན། རི་བོང་རྭ་དང་ཕན་ཚུན་ཐ་དད་དུ་གྱུར་པའི་བུམ་པ་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པ་སྤངས་པའི་མཁྱེན་པ་མེད་པར་ཐལ། དེའི་ཉེར་ལེན་དུ་གྱུར་པའི་རྒྱུན་མཐའི་ཡེ་ཤེས་མེད་པའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་མཁྱེན་པ་དེ་རྣམ་མཁྱེན་མ་ཡིན་པའི་ཕྱིར། ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་དེ་དེ་འདྲའི་རྟོག་པ་སྤངས་པའི་མཁྱེན་པ་ཡིན་པའི་ཕྱིར། དེ་འདྲའི་རྟོག་པ་དེ་སྤང་བྱ་ཀུན་བཏགས་ཡིན་པའི་ཕྱིར། གཞན་ཡང༌། ཆོས་དེ་དང་ཕན་ཚུན་ཐ་དད་དུ་གྱུར་པའི་བུམ་པ་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པ་སྤངས་པའི་མཁྱེན་པ་ཆོས་ཅན། ཁྱོད་ཡོད་ན་ཁྱོད་རྣམ་མཁྱེན་ཡིན་དགོས་པར་ཐལ། ཁྱོད་རྣམ་མཁྱེན་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། རི་བོང་གི་རྭ་དང་སྦྱར་ནས་གཤོག །གཞན་ཡང༌། དེ་འདྲའི་རྟོག་པ་སྤོང་ཁ་མའི་མཁྱེན་པ་དེ། རྒྱུན་མཐའི་ཡེ་ཤེས་ཡིན་པར་ཐལ། དེ་སྤངས་པའི་མཁྱེན་པ་དེ་རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཡོད་ན་ཁྱོད་རྒྱུན་མཐའི་ཡེ་ཤེས་ཡིན་དགོས་པར་ཐལ། ཁྱོད་རྒྱུན་མཐའི་ཡེ་ཤེས་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། རི་བོང་གི་རྭ་དང་སྦྱར་ནས་གཤོག །འདོད་མི་ནུས་ཏེ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་དེ་དེ་འདྲའི་རྟོག་པ་སྤོང་ཁ་མའི་མཁྱེན་པ་ཡིན་པའི་ཕྱིར་ཏེ། དེ་འདྲའི་མཐོང་ལམ་རྣམ་གྲོལ་ལམ་དེ་དེ་འདྲའི་རྟོག་པ་སྤངས་པའི་མཁྱེན་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཕྱི་སྟོང་པ་ཉིད་དང་ནང་སྟོང་པ་ཉིད་འགལ་ལོ། །ཟེར་ན། དེ་མི་འཐད་པར་ཐལ། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་དེ་དེ་གཉིས་ཀ་ཡིན་པའི་ཕྱིར་ཏེ། སྟོང་ཉིད་དེའི་སྟོང་གཞི་ཆོས་ཅན་དུ་གྱུར་པའི་ཕྱིའི་ཆོས་དང་ནང་གི་ཆོས་གཉིས་ཀ་ཡོད་པའི་ཕྱིར་ཏེ། དེ་འདྲའི་སྟོང་ཉིད་དེ་གཟུགས་ཀྱི་སྟོང་ཉིད་ཡིན་པར་མ་ཟད། གཟུགས་འཛིན་ཚད་མའི་ཡང་སྟོང་ཉིད་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་གསུངས་པའི་ཕྱིར། ཁ་ཅིག །དབང་རྟེན་ཁོག་པ། ཁོ་རང་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ། ཕྱི་སྟོང་པ་ཉིད་དང༌། ནང་སྟོང་པ་ཉིད་གཉིས་ཀ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། དེའི་སྟོང་གཞི་ཆོས་ཅན་དུ་གྱུར་པའི་ཕྱིའི་ཆོས་མེད་པའི་ཕྱིར་ཏེ། དེ་ཡིན་ན་ནང་གི་ཆོས་ཡིན་དགོས་པའི་ཕྱིར་ཏེ། དབང་རྟེན་ཁོག་པ་དེ་ནང་གི་ཆོས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཕྱི་སྟོང་པ་ཉིད་དང་ནང་སྟོང་པ་ཉིད་གཉིས་ཀ་ཡིན་པར་ཐལ། དེ་ཕྱི་ནང་གཉིས་ཀའི་སྟོང་པ་ཉིད་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། ཕྱི་ནང་གཉིས་ཀའི་སྟོང་པ་ཉིད་ཡོད་པའི་ཕྱིར་ཏེ། སྟོང་ཉིད་བཅུ་དྲུག་ཡོད་པའི་ཕྱིར། ཁ་ཅིག །གཟུགས་འཛིན་རྟོག་པའི་ཞེན་གཞིར་གཟུགས་བདེན་པར་མེད་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། མདོ་སྡེ་པས་དེ་རྟོགས་པའི་ཕྱིར། དེས་གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞི་ཡིན་པ་དེ་བདེན་མེད་དུ་རྟོགས་པའི་ཕྱིར་ཏེ། དེས་གཟུགས་གཟུགས་ཞེས་པའི་སྒྲའི་བརྗོད་བྱ་ཡིན་པ་དེ་བདེན་མེད་དུ་རྟོགས་པའི་ཕྱིར་ཏེ། དེས་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་བདེན་མེད་དུ་རྟོགས་པའི་ཕྱིར། གཞན་ཡང༌། ནམ་མཁའ་རང་འཛིན་རྟོག་པའི་ཞེན་གཞིར་བདེན་པར་མེད་པ་དེ་ཡང་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཐལ། གཟུགས་ལ་དེའི་ཕྱིར། འདོད་མི་ནུས་ཏེ། མདོ་སྡེ་པས་དེ་རྟོགས་པའི་ཕྱིར། དེས་ནམ་མཁའ་བདེན་མེད་དུ་རྟོགས་པའི་ཕྱིར། ཁྱབ་སྟེ། ནམ་མཁའ་བདེན་མེད་དུ་རྟོགས་པའི་གང་ཟག་ཡིན་ན། ནམ་མཁའ་རང་འཛིན་རྟོག་པའི་ཞེན་གཞིར་བདེན་མེད་དུ་རྟོགས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། རྟག་པ་བྱས་སྟོང་དུ་རྟོགས་པའི་གང་ཟག་ཡིན་ན། རྟག་པ་སྒྲའི་བྱས་སྟོང་དུ་རྟོགས་པའི་གང་ཟག་ཡིན་དགོས་པའི་ཕྱིར། རང་རེས། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་ངོ་བོར་ཀུན་བཏགས་པའི་ཀུན་བཏགས་དང༌། དེས་སྟོང་པ་དེ། ངོ་བོར་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་ཉིད་ཡིན་ཅིང༌། གཟུགས་གཟུགས་ཀྱི་དངོས་པོ་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་དང་། དེས་སྟོང་པ་དེ་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་ཉིད་ཡིན་བྱས་པ་ལ། ཁོ་ན་རེ། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་བྱས་པ་ལ། དེར་གྲུབ་པར་ཐལ། གཟུགས་དེར་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་གིས་འདིར་མ་ཁྱབ་ཟེར། རྟགས་མ་གྲུབ་བྱས་པ་ལ། དེར་ཐལ། གཟུགས་དེར་རྟག་པ་མ་ཡིན་པའི་ཕྱིར། མ་གྲུབ་བྱས་པ་ལ། གཟུགས་ཆོས་ཅན། རྟག་པ་ཡིན་པར་ཐལ། རང་འཛིན་རྟོག་པའི་ཞེན་གཞིར་རྟག་པ་ཡིན་པའི་ཕྱིར། ཟེར་ན། རི་བོང་གི་རྭ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེར་ཡོད། དེར་དངོས་པོ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། བདག་མེད་ཡིན་པའི་ཕྱིར། ཁ་ཅིག་མ་ཁྱབ་ཟེར་བ་དེ་ལ། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་གཟུགས་ཡིན་པར་ཐལ། གཟུགས་དེར་དངོས་པོ་ཡིན་པའི་ཕྱིར། འདོད་ན། དེར་གཟུགས་ཡོད་པར་ཐལ་ལོ། །འདོད་ན། དེར་གཟུགས་ཆོས་ཅན། རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། གཟུགས་ཡིན་པའི་ཕྱིར། འདོད་ན། གཟུགས་དེར་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། རང་མཚན་རང་མཚན་འཛིན་པའི་རྟོག་པའི་ཞེན་གཞིར་རང་མཚན་ཡིན་པར་ཐལ། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་གཟུགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་དེར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ཡིན་པའི་ཕྱིར། གཞན་ཡང༌། གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་ཟེར་བ་དེ་ལ། གཟུགས་དེར་དོན་དམ་པར་གྲུབ་པར་ཐལ་ལོ། །འདོད་ན། དེ་གཟུགས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་དོན་དམ་པར་གྲུབ་པར་ཐལ་ལོ། །འདོད་ན། གཟུགས་དོན་དམ་པར་གཟུགས་ཞེས་པའི་སྒྲའི་བརྗོད་བྱ་ཡིན་པར་ཐལ་ལོ། །འདོད་ན། དེ་དོན་དམ་པར་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་པར་ཐལ་ལོ། །འདོད་ན། དངོས་པོ་དེ་དེ་ཡིན་པར་ཐལ་ལོ། །

ལམ་ཐབས་ཤེས་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ།

༈ གཉིས་པ། ལམ་ཐབས་ཤེས་གཉིས་ཀྱི་རྣམ་བཞག་བཤད་པ་ལ། ཁ་ཅིག །སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཤེས་རབ་ཁྱད་པར་ཅན་ཡིན་ཅིང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེ། ཐབས་ཁྱད་པར་ཅན་ཡིན་ཟེར་ན། སྟོང་ཉིད་རྟོགས་པའི་ཤེས་རབ་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པར་ཐལ། ཤེས་རབ་ཁྱད་པར་ཅན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་རྒྱུད་ལྡན་གྱི་ལམ་མ་ཞུགས་ཀྱི་གང་ཟག་ཡོད་པའི་ཕྱིར། སྙིང་རྗེ་ཆེན་པོ་ཡང་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པར་ཐལ། ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་རྒྱུད་ལ་ལྡན་པའི་ལམ་མ་ཞུགས་ཀྱི་གང་ཟག་ཡོད་པའི་ཕྱིར། རང་རེས། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དེ། ཤེས་རབ་ཁྱད་པར་ཅན་ཡིན་བྱས་པ་ལ། ཁོ་ན་རེ། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་འདུས་བྱས་མི་རྟག་པར་རྟོགས་པའི་ཤེས་རབ་དེ་ཤེས་རབ་ཁྱད་པར་ཅན་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་ཤེས་རབ་ཡིན་ན། ཤེས་རབ་ཁྱད་པར་ཅན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ཤེས་རབ་ཡིན་ན། དེ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་འཇིག་ལྟ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ལྟ་བ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལོག་ཤེས་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། འོ་ན། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་ཤེས་རབ་དེ་ཤེས་རབ་ཁྱད་པར་ཅན་ཡིན་པར་ཐལ། ཤེས་རབ་ཁྱད་པར་ཅན་ཡིན་ན། སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་པས་མ་ཁྱབ་པའི་ཕྱིར། ཁ་ཅིག་ན་རེ། ཐབས་ཁྱད་པར་ཅན་དང་ཤེས་རབ་ཁྱད་པར་ཅན་འགལ་ལོ། །ཟེར་ན། བྱང་སེམས་ཚོགས་ལམ་པའི་ཀུན་རྫོབ་སེམས་བསྐྱེད་ཀྱི་འཁོར་དུ་བྱུང་བའི་ཤེས་རབ་ཆོས་ཅན། ཐབས་ཁྱད་པར་ཅན་མ་ཡིན་པར་ཐལ། ཤེས་རབ་ཁྱད་པར་ཅན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་ཏེ། དེ་འདྲའི་ཀུན་རྫོབ་སེམས་བསྐྱེད་དེ་དེ་ཡིན་པ་གང་ཞིག །དེ་གཉིས་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། །

འབྲས་བུ་སྐུ་གསུམ་སོགས་ཀྱི་རྣམ་གཞག་ལ་དཔྱད་པ།

༈ གསུམ་པ་འབྲས་བུ་སྐུ་གསུམ་གྱི་རྣམ་བཞག་བཤད་པ་ལ། ཁ་ཅིག །ངེས་པ་ལྔ་དང་ལྡན་པའི་གཟུགས་སྐུ་དེ། ལོངས་སྐུའི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། སངས་འཕགས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། ལོངས་སྐུའི་ཡོན་ཏན་དུ་གྱུར་པའི་ངེས་པ་ལྔ་དང་ལྡན་པའི་ཕྱིར་ཏེ། དེ་ལྟ་བུའི་ངེས་པ་ལྔ་པོ་དེ་སངས་འཕགས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། འདོད་ན། སངས་འཕགས་ཆོས་ཅན། འཁོར་ངེས་པ་བྱང་སེམས་ཤ་སྟག་གིས་བསྐོར་བ་དང་ལྡན་པར་ཐལ་ལོ། །འདོད་ན། བྱང་སེམས་འཕགས་པ་ཁོ་ནས་བསྐོར་བ་དང་ལྡན་པར་ཐལ་ལོ། །འདོད་མི་ནུས་ཏེ། གདུལ་བྱ་རིགས་ཅན་གསུམ་གྱིས་བསྐོར་བ་དང་ལྡན་པའི་ཕྱིར། དེའི་འཁོར་དུ་གྱུར་པའི་གདུལ་བྱ་རིགས་ཅན་གསུམ་ཀ་ཡོད་པའི་ཕྱིར་ཏེ། མཆོག་གི་སྤྲུལ་སྐུའི་འཁོར་དུ་གྱུར་པའི་དེ་ལྟར་ཡོད་པའི་ཕྱིར། ཁོ་རང་གི་ལུགས་ལ། ངེས་པ་ལྔས་ཁྱད་པར་དུ་བྱས་པའི་གཟུགས་སྐུ་དེ། ལོངས་སྐུའི་མཚན་ཉིད། སྒྲིབ་གཉིས་སྤངས་པའི་ཆོས་ཉིད་ཀྱི་སྐུ་དེ་ངོ་བོ་ཉིད་སྐུའི་མཚན་ཉིད་ཟེར་ན། དང་པོ་ལ། སངས་འཕགས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན་སོང༌། དེར་ཐལ། དེ་ལོངས་སྐུའི་ཁྱད་ཆོས་སུ་གྱུར་པའི་ངེས་པ་ལྔས་ཁྱད་པར་དུ་བྱས་པ་ཡིན་པའི་ཕྱིར་ཏེ། དེ་ལྔ་པོ་དེའི་ཁྱད་ཆོས་ཡིན་པའི་ཕྱིར། གཉིས་པ་ལ། སངས་འཕགས་ཀྱི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཆོས་ཉིད་ཡིན་པར་ཐལ་ལོ། །འདོད་ན། དེ་ཆོས་ཅན། དོན་དམ་པར་ཐལ་ལོ། །འདོད་མི་ནུས་ཏེ། ཁྱོད་ཐོབ་པ་དོན་དམ་ཡིན་པའི་ཕྱིར་ཏེ། འགོག་བདེན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རི་དྭགས་རུ་རུའི་རྟེན་ཅན་གྱི་སངས་འཕགས་དེ་སྐྱེ་བ་སྤྲུལ་སྐུའི་མཚན་གཞི་དང༌། མཛད་པ་བཅུ་གཉིས་ཀྱི་ཚུལ་གང་རུང་གཅིག་ལ་གནས་པའི་གཟུགས་སྐུ་དེ། མཆོག་གི་སྤྲུལ་སྐུའི་མཚན་གཞི་ཟེར་ན། དང་པོ་ལ། དེ་ལྟ་བུའི་སངས་འཕགས་ཆོས་ཅན། དུད་འགྲོའི་རྟེན་ཅན་གྱི་གང་ཟག་ཡིན་པར་ཐལ། རི་དྭགས་རུ་རུའི་རྟེན་ཅན་གྱི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ལུས་དེ་དུད་འགྲོའི་ལུས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་ལུས་དེ་སངས་འཕགས་ཀྱི་ལུས་ཡིན་པའི་ཕྱིར། གཉིས་པ་ལ། དེ་ལྟ་བུའི་གཟུགས་སྐུ་ཆོས་ཅན། མཆོག་གི་སྤྲུལ་སྐུ་མ་ཡིན་པར་ཐལ། ལོངས་སྐུ་ཁྱོད་ཡིན་པའི་ཕྱིར། མ་གྲུབ་ན། ལོངས་སྐུ་དེར་ཐལ། ལོངས་སྐུ་དེ་ཆོས་འཁོར་བསྐོར་བའི་མཛད་པ་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར། །

༈ བཞི་པ་གཞུང་འདི་གྲུབ་མཐའ་སྨྲ་བ་གང་གི་དབང་དུ་བྱས་པ་ལ། ཁ་ཅིག་ན་རེ། འདི་མདོ་སེམས་ཐུན་མོང་བའི་གཞུང་ཡིན་ཟེར་ན། འོ་ན། འདི་མདོ་སྡེ་པའི་གཞུང་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། འདིས་གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་དུ་འཛིན་པའི་རྟོག་པ་དེ། ཆོས་ཀྱི་བདག་འཛིན་དུ་བསྟན་པའི་ཕྱིར། རྟགས་གྲུབ་སྟེ། ཤཱཀྱ་བློས། རྟོག་པ་ནི་སེམས་དང་སེམས་ལས་བྱུང་བ། ཞེས་སོགས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབས་ལ་ཕྱག་འཚལ་ཏེ། །ཞེས་པའི་གཞུང་འདི། སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་གཞུང་ཡིན་པར་ཐལ། ཚད་མ་ཀུན་ལས་བཏུས་པ་དེ། སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་བསྟན་བཅོས་ཡིན་པ་གང་ཞིག །རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་སོགས་ཀྱི་གཞུང་འདི། སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་གཞུང་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། ཚད་མ་གྲུབ་པའི་ལེའུ་དེ་ཡང་དེ་ཡིན་པར་ཐལ། འདོད་པ་གང་ཞིག །ཚད་མར་གྱུར་པ་ཞེས་སོགས་ཀྱི་གཞུང་འདི། དེའི་བཤད་བྱ་རྩ་བའི་གཞུང་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཉིད་ལས། འབྱུང་བ་དང་འབྱུང་བ་འཛིན་པའི་ཚད་མ་རྫས་གཞན་དུ་བསྟན་པའི་ཕྱིར་ཏེ། འབྱུང་སེམས་ཐ་དད་ཉིད་ཕྱིར་དང༌། །ཞེས་གསུངས་པའི་ཕྱིར། འོ་ན། ཁོ་རང་ལ་ཚད་མར་གྱུར་པ་འགྲོ་ལ་ཞེས་སོགས་ཀྱི་གཞུང་འདི། ཀུན་བཏུས་ཀྱི་ལུས་རྣམ་བཞག་གི་གཞུང་ཡིན་པར་ཐལ། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་སོགས་ཀྱི་གཞུང་འདི་བསྟན་བཅོས་འདིའི་ལུས་རྣམ་བཞག་གི་གཞུང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གཞུང་དེས། རྟོག་གེའི་ཚིག་དོན་བརྒྱད་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་རྒྱུ་བསམ་སྦྱོར་ཕུན་ཚོགས་དང༌། འབྲས་བུ་སྐུ་གསུམ་གྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། གཞན་ཡང༌། རྟོག་པའི་དྲ་བ་ཞེས་སོགས་ཀྱི་གཞུང་འདི། མདོ་སེམས་ཐུན་མོང་བའི་གཞུང་ཡིན་པར་ཐལ། འདིས་ཕུན་སུམ་ཚོགས་པ་གསུམ་མངའ་བའི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་ཕྱག་མཛད་པ་གང་ཞིག །དེ་ཙམ་མདོ་སེམས་གཉིས་ཀས་ཁས་ལེན་པའི་ཕྱིར། ཟེར་ན་མ་ཁྱབ། འོ་ན། བསྟན་བཅོས་འདི་མདོ་སེམས་ཐུན་མོང་བའི་བསྟན་བཅོས་ཡིན་པར་ཐལ། འདིས་རྟོག་གེའི་ཚིག་དོན་བརྒྱད་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་གང་ཞིག །དེ་ཙམ་མདོ་སེམས་གཉིས་ཀས་ཁས་ལེན་པའི་ཕྱིར། ཁྱབ་པ་ཁས།

༈ ལྔ་པ་བསྟན་བཅོས་ལུས་ཀྱི་རྣམ་བཞག་འཆད་པ་ལ། ཁ་ཅིག་ན་རེ། རྟོག་གེའི་ཚིག་དོན་བརྒྱད་རེ་རེ་ནས་བསྟན་བཅོས་འདིའི་ལུས་རྣམ་བཞག་ཡིན་ནོ། །ཟེར་ན། དེ་མི་འཐད་པར་ཐལ། བརྒྱད་པོ་ཀུན་སྡོམ་པ་ལུས་རྣམ་བཞག་ཡིན་ཅིང༌། བརྒྱད་པོ་རེ་རེ་ནས་ལུས་ཀྱི་ཆ་ཤས་ཡིན་པའི་ཕྱིར་ཏེ། གཞན་སེལ་ཆེན་མོ་ལས། ཁ་ཅིག །རྟོག་གེ་བའི་ལུས་བརྒྱད་དུ་བྱེད་པ་མི་འཐད་དེ། དེ་དག་ཀུན་སྡོམ་པ་ལུས་སུ་འགྱུར་གྱི། བརྒྱད་པོ་ལུས་ཀྱི་ཆ་ཤས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་ལྟར་བྱས་པ་ལ་ཁོ་ན་རེ། རྟོག་གེའི་ཚིག་དོན་བརྒྱད་ཀ་བསྟན་བཅོས་འདིའི་ལུས་རྣམ་བཞག་ཡིན་པར་ཐལ། བརྒྱད་པོ་ཀུན་སྡོམ་པ་དེ་ཡིན་པའི་ཕྱིར། འདོད་ན། མངོན་སུམ་ཡང་དག་ཀྱང་དེ་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ། མཁས་པའི་དབང་པོ་ཁ་ཅིག་གི་གསུངས་ནས། རྟོག་པའི་དྲ་བ་ཞེས་སོགས་ཀྱི་གཞུང་འདི། སྡེ་བདུན་ཀའི་མཆོད་བརྗོད་ཀྱི་གཞུང་དང༌། ལུས་རྣམ་བཞག་གི་གཞུང་གཉིས་ཀ་ཡིན་ནོ། །ཟེར་ན། འོ་ན། རྣམ་ངེས་ཀྱིའང་མཆོད་བརྗོད་ཀྱི་གཞུང་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྣམ་ངེས་ཀྱི་གཞུང་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། དེ་རྣམ་ངེས་ཀྱི་མཆོད་བརྗོད་ཀྱི་གཞུང་ཡིན་པར་ཐལ། དེ་དེའི་མཆོད་བརྗོད་ཀྱི་གཞུང་ཡིན་པ་ལ་དགོངས་ནས། དེར་མཆོད་བརྗོད་ཀྱི་གཞུང་དངོས་སུ་མི་འབྱུང་བ་ཡིན་པའི་ཕྱིར་ཏེ། དེར་མཆོད་བརྗོད་ཀྱི་གཞུང་དངོས་སུ་མ་བྱུང་བ་ལ་རྒྱུ་མཚན་ཡོད་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། དེའི་རྒྱུ་མཚན་ནི་རྣམ་འགྲེལ་འདི་སྡེ་བདུན་ཀའི་ཐོག་མ་ཡིན་ཅིང༌། འདིར་མཆོད་བརྗོད་མཛད་པས། དེས་གཞན་རྩོམ་པ་སོགས་ཀྱི་བར་ཆད་ཞི་བར་འགྱུར་བ་ལ་དགོངས་ནས། དེར་མཆོད་བརྗོད་དངོས་སུ་མ་བྱུང་བ་ཡིན་ནོ། །

རང་ལུགས་བཞག་པ་ལ་གཞུང་སྤྱིའི་འཕྲོས་ཚུལ་བཤད་པ།

༈ རང་ལུགས་བཞག་པ་ལ། གཞུང་འདི་གང་ལས་འཕྲོས་ན། ཆོས་ཀྱི་རྗེ་བཅོམ་ལྡན་འདས་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་སངས་རྒྱས་པའི་ཚུལ་བསྟན་ནས། གདུལ་བྱའི་སྤྱོད་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན་ཏེ། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་དུ་འདུས། །ཞེས་དང༌། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་དང༌། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང༌། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་གསུངས་པའི་ཕྱིར། །འོ་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པོ་དེ་གང་ཞེ་ན། དེ་ཡང་བཞག་དུ་ཡོད་དེ། འདོད་ཆགས་ལ་སྤྱོད་པའི་གཉེན་པོར་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང༌། ཞེ་སྡང་ལ་སྤྱོད་པའི་གཉེན་པོར་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང༌། གཏི་མུག་ལ་སྤྱོད་པའི་གཉེན་པོར་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང༌། དུག་གསུམ་ཆ་མཉམ་ལ་སྤྱོད་པའི་གཉེན་པོར་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང་རྣམས་ཡིན་ལ། དེ་རྣམས་ཀྱི་ནང་ནས་རབ་དང་གཙོ་བོ་དང་ཕུལ་དུ་བྱུང་བ་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་རྣམས་ཡིན་ཏེ། མདོ་ལས། ཤཱ་རིའི་བུ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་དང༌། ཡོངས་གཏད་ཀྱི་ལེའུ་ལས། ཀུན་དགའ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་ན་ཇི་སྲིད་རབ་ཏུ་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་བཞུགས་པར་རིག་པར་བྱའོ། །ཀུན་དགའ་བོ། དེ་སྲིད་དུ་དེ་བཞིན་གཤེགས་པས་ཆོས་སྟོན་པར་རིག་པར་བྱའོ། །ཞེས་རྒྱ་ཆེར་གསུངས་པའི་ཕྱིར། འོ་ན། ཤེར་ཕྱིན་གྱི་མདོའི་དགོངས་པ། ཤིང་རྟའི་སྲོལ་འབྱེད་གང་དང་གང་གིས་བཀྲལ་བ་ཡིན་ཞེ་ན། །འདི་ལ་གཉིས་ལས། མགོན་པོ་ཀླུ་སྒྲུབ་ཀྱིས་འགྲེལ་ཚུལ་དང༌། རྗེ་བཙུན་བྱམས་མགོན་གྱིས་འགྲེལ་ཚུལ་གཉིས། དང་པོ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཏན་ལ་འབེབས་པར་བྱེད་པ་ལ། ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་སྒྲུབ་སྟེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་རྒྱལ་བས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་བདག་ཉིད་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཀྱིས། དབུ་མ་རིགས་ཚོགས་དྲུག་ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་དུ་བཀྲལ། །གཉིས་པ། རྗེ་བཙུན་བྱམས་མགོན་གྱིས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་འབེབས་པར་བྱེད་པ་ལ། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་ལ་ཐེག་ཆེན་རྒྱུད་བླ་མ་དང་བྱམས་ཆོས་ཕྱི་མ་གསུམ་སེམས་ཙམ་དུ་བཀྲལ་བ་ཡིན་ལ། དེའི་རྗེས་སུ་འབྲང་ནས། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་བྱེད། །འཇིག་རྟེན་རིགས་པ་སྟོན་བདག་ཉིད། གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིགས་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་བསྡུ་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུ་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོའི་མཐར་བགྱིད་དེ། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་ལུང་བསྟན་པའི་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་ས་སྡེ་ལྔ་དང༌། སྡོམ་རྣམ་པ་གཉིས་ལ་སོགས་པ་མཛད། དེའི་རྗེས་སུ་འབྲང་ནས། སློབ་དཔོན་དབྱིག་གཉེན་གྱིས་པྲ་ཀ་ར་ཎ་སྡེ་བརྒྱད་ལ་སོགས་པ་མཛད། དེའི་རྗེས་སུ་འབྲང་ནས། བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོས་ལུང་གི་རབ་དབྱེ་ལ་སོགས་པའི་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་དང་ཉི་ཤུ་རྩ་བརྒྱད་མཛད། དེ་དག་ཀྱང་བརྗོད་བྱ་ཐོར་བུ་ལྟ་བུར་གྱུར་ནས། དེ་རྣམས་ཀྱི་བརྗོད་བྱ་གཅིག་ཏུ་བསྡུས་པ་ཚད་མའི་མདོ་ཀུན་ལས་བཏུས་པ་མཛད་པ་ཡིན་ཏེ། ཚད་མར་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་གསུངས་པའི་ཕྱིར། ཚད་མ་ཀུན་ལས་བཏུས་པ་དེ་ཡང་རྗོད་བྱེད་ཀྱི་ཚིག་བརླིང་ཞིང༌། བརྗོད་བྱའི་དོན་ཟབ་ལ་རྒྱ་ཆེ་བས་ན། གདུལ་བྱ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་རྟོགས་མི་ནུས་པས། དེའི་དགོངས་པ་འགྲེལ་བར་བྱེད་པ་ལ། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་མཆོག །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །རྒོལ་བ་ངན་པ་བཟློག་བྱེད་ཅིང༌། །སྡོམ་བརྩོན་སྔགས་ཀྱང་འགྲུབ་པར་བྱེད། །ཅེས་ལུང་བསྟན་པའི་དགེ་སློང་ཆོས་ཀྱི་གྲགས་པས། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང༌། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ། ཚད་མ་སྡེ་བདུན་མཛད་པ་ཡིན་ཏེ། རྣམ་ངེས་ལས། གང་ལ་འཕགས་པ་ཉིད་བྱོན་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །འཇིག་རྟེན་བློ་གྲོས་བླུན་པོ་འདིས་ནི་དེ་ཚིག་བརླིང་པ་གསལ་བར་མི་ཤེས་པས། །ཉེར་བརྟེན་འཇིག་རྟེན་རྒྱས་མཛད་དེ་ལ་རྨོངས་པས་ཅུང་ཟད་སྨད་བྱས་ན་འང༌། །དོན་མིན་སྐྱེ་བར་འགྱུར་བ་ཡིན་པས་བརྩེ་བས་དེ་ཡི་ལུགས་ནི་གསལ་བར་བཤད། ཅེས་གསུངས་པའི་ཕྱིར། དེ་ལྟར་ན་ཡུམ་རྒྱས་འབྲིང་བསྡུས་གསུམ་དང༌། འཁོར་ལོ་མཐའ་མ་གཉིས་བསྟན་བཅོས་འདིའི་བཤད་བྱ་རྩ་བའི་མདོ་དང་། ཚད་མ་ཀུན་ལས་བཏུས་པ་དེ་བཤད་བྱ་རྩ་བའི་བསྟན་བཅོས་ཡིན་ནོ། །དེ་ལྟར་ཡིན་ན་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་པོ་དེ་གང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་པོ་དེ་ཇི་ལྟ་བུ་ཞེ་ན། དང་པོ་བཞག་ཏུ་ཡོད་དེ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། ཅུང་ཟད་བསྡུས་པ་ཚད་མ་རྣམ་ངེས། ཤིན་ཏུ་བསྡུས་པ་རིགས་པའི་ཐིགས་པའོ། །དང་པོ་ལ། རྒྱས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེས་རྟོག་གེའི་ཚིག་དོན་བརྒྱད་རྒྱས་པར་བསྟན་པས་ན་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ལ། ཅུང་ཟད་བསྡུས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྣམ་འགྲེལ་ལ་ལྟོས་ཏེ་རྟོག་གེའི་ཚིག་དོན་བརྒྱད་ཅུང་ཟད་བསྡུས་ནས་བསྟན་པས་ན་དེ་ལྟར་བརྗོད་པའི་ཕྱིར། གསུམ་པ་ལ། ཤིན་ཏུ་བསྡུས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྣམ་འགྲེལ་རྣམ་ངེས་གཉིས་ཀ་ལ་ལྟོས་ཏེ། རྟོག་གེའི་ཚིག་དོན་བརྒྱད་ཤིན་ཏུ་བསྡུས་ནས་བསྟན་པས་ན། དེ་ལྟར་བརྗོད་པའི་ཕྱིར། བསྟན་བཅོས་དེ་གསུམ་ལ་ལུས་ལྟ་བུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྟོག་གེ་ཚིག་དོན་བརྒྱད་བརྗོད་བྱར་བསྟན་པས་ན་དེ་ལྟར་བརྗོད་པའི་ཕྱིར། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ནི་གཏན་ཚིགས་ཐིགས་པ། འབྲེལ་པ་བརྟག་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིགས་པ་རྣམས་སོ། །དེ་རྣམས་ལ་ཡན་ལག་ལྟ་བུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་རེ་རེས་རྟོག་གེའི་ཚིག་དོན་བརྒྱད་བརྗོད་བྱར་མ་བསྟན་ཅིང༌། དེའི་ཆ་རེ་བསྟན་པས་ན་དེ་ལྟར་བརྗོད་པའི་ཕྱིར། འོ་ན། འཕྲོས་པ་ཞེས་པའི་ཚུལ་དེ་གང་ཞེ་ན། གཏན་ཚིགས་ཐིགས་པ་དེ་ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་པའི་གཞུང་འདི་ལས་འཕྲོས་པ་ཡིན་ཏེ། འདིའི་སྐབས་སུ་ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་བསྟན་པ་ལ་མུ་སྟེགས་པ་ཁ་ཅིག །ཚུལ་གཅིག་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པ་དང༌། རང་སྡེ་ཁ་ཅིག །ཚུལ་དྲུག་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པ་ལ་སོགས་པའི་ལོག་རྟོག་དུ་མ་ཡོད་པས། དེ་ལྟ་བུའི་ལོག་རྟོག་དུ་མ་བསལ་ནས། རྟགས་ཡང་དག་གི་ཚུལ་ལ་ཚུལ་གསུམ་ཁོ་ནར་ངེས་པར་བསྟན་པའི་ཕྱིར། འབྲེལ་པ་བརྟག་པ་གང་ལས་འཕྲོས་ན། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པའི་གཞུང་འདི་ལས་འཕྲོས་པ་ཡིན་ཏེ། འདིའི་སྐབས་སུ་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་དེ་ལ། ཁོ་རང་དུ་གྱུར་པའི་བདག་གཅིག་གི་འབྲེལ་པ་དང༌། ཁོ་རང་དུ་གྱུར་པའི་དེ་བྱུང་གི་འབྲེལ་པ་གཉིས་སུ་གྲངས་ངེས་པར་བསྟན་པ་ལ། ཁ་ཅིག །ལྡན་པའི་འབྲེལ་པ་དང༌། འདུ་བའི་འབྲེལ་པ་དང༌། འབྲེལ་པ་རྫས་གྲུབ་ཡོད་པར་འདོད་པའི་ལོག་རྟོག་དུ་མ་ཡོད་པས་དེ་རྣམས་བསལ་ནས་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་དེ་ལ། ཁོ་རང་དུ་གྱུར་པའི་བདག་གཅིག་གི་འབྲེལ་པ་དང་། ཁོ་རང་དུ་གྱུར་པའི་དེ་བྱུང་གི་འབྲེལ་པ་གཉིས་སུ་གྲངས་ངེས་པར་བསྟན་པའི་ཕྱིར། རྒྱུད་གཞན་སྒྲུབ་པ་གང་ལས་འཕྲོས་ན། ཕྱི་དོན་མེད་པར་བསྟན་པའི་མངོན་སུམ་ལེའུའི་གཞུང་རྣམས་ལས་འཕྲོས་པ་ཡིན་ཏེ། འདིའི་སྐབས་སུ་ཕྱི་དོན་མེད་པར་བསྟན་པ་ལ། ཕྱི་དོན་མེད་ན་སྔ་རྒོལ་ལས་རྒྱུད་གཞན་པའི་ཕྱི་རྒོལ་གྱི་སེམས་རྒྱུད་མེད་པར་འགྱུར་ལ། དེ་ལྟར་ན་ཕྱི་རྒོལ་མེད་པར་འགྱུར། དེ་ལྟར་ན་གཞན་དོན་བྱེད་པའི་ཚུལ་ཡང་མེད་པར་འགྱུར་རོ། །ཞེ་ན། དེ་ལྟར་མི་འགྱུར་ཏེ། ཕྱི་དོན་མེད་ཀྱང་ངག་སྨྲ་བའི་རྟགས་ལས་སྔ་རྒོལ་ལས་རྒྱུད་གཞན་པའི་ཕྱི་རྒོལ་གྱི་རྒྱུད་ལ་སེམས་ཡོད་པར་དཔོག་ནུས་པར་དེ་ཉིད་ཀྱིས་བསྟན་པའི་ཕྱིར། རྩོད་རིགས་གང་ལས་འཕྲོས་ན། གཞན་དོན་ལེའུ་ལས་འཕྲོས་པ་ཡིན་ཏེ། དེ་ཉིད་ལས། གཞན་དོན་སྒྲུབ་ངག་ཡང་དག་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་ཅིང༌། དེ་འགོད་པ་པོའི་གང་ཟག་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་མ་བསྟན་པས། དེ་དངོས་སུ་སྟོན་པ་ལ་རྩོད་རིགས་གསུངས་པའི་ཕྱིར། དེས་ན། དགེ་སློང་ཆོས་ཀྱི་གྲགས་པས་སྡེ་བདུན་དཀྱུས་ཐོག་གཅིག་ལ་བརྩམས་ཤིང༌། ཐོག་མར་བསྟན་བཅོས་རྣམ་འགྲེལ་འདི་ཉིད་བརྩམས་པས། གདུལ་བྱ་རྣམས་འདི་ལ་ཐོས་བསམ་གྱིས་འཇུག་རིགས་ཏེ། འདི་ཉིད་ལས། གཞི་བདེན་པ་གཉིས་ཀྱི་རྣམ་བཞག་ལ་སོགས་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། །འོ་ན། བསྟན་བཅོས་དེ་འཆད་ཚུལ་དེ་གང་ཞེ་ན། འདི་ལ་མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། བསྟན་བཅོས་འདིའི་མཚན་ལ། རྒྱ་གར་ན་སྐད་རིགས་མི་གཅིག་པ་བཞི་ཡོད་པའི་སཾ་སྐྲྀ་ཏའི་སྐད་དུ། པྲ་མ་ཎ་བར་ཏི་ཀ་ཀ་རི་ཀ་ཞེས་བྱ་བ་ལ། དེ་ཉིད་བོད་སྐད་དུ་སྒྱུར་ན། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་བརྗོད་ཅིང༌། དེ་ཡང་པྲ་མ་ཎ་ཞེས་པའི་པྲ་དང་པོ་དང་། གཙོ་བོ་སོགས་དུ་མ་ལ་འཇུག་པ་ལས། ངོ་བོ་ཉིད་མེད་པར་སྨྲ་བའི་ཐལ་འགྱུར་བ་རྣམས་ནི། ཚད་མའི་སྐད་དོད། པྲ་ཞེས་པ་གཙོ་བོ་ལ་འཇུག་པའི་དབང་དུ་བྱས་ནས། རང་གི་ཡུལ་གྱི་གཙོ་བོ་ལ་མི་བསླུ་བའི་རིག་པའམ། རང་གི་འཛིན་སྟངས་ཀྱི་ཡུལ་ལ་མི་བསླུ་བའི་རིག་པ་ཚད་མའི་དོན་དུ་བཞེད་ལ། འདིར་པྲ་ཞེས་པ་དང་པོ་དང༌། མ་ཎ་འཇལ་བ་ལ་འཇུག་པས། དང་པོར་འཇལ་བ་ཞེས་པ་དོན་འགྱུར་དུ་མཛད་ནས། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་དོན་དུ་བཞེད་ལ། འོ་ན། ཚད་མ་རྣམ་འགྲེལ་ཞེས་པའི་ཚད་མ་དེ་གང༌། དེའི་དོན་རྣམ་པར་འགྲེལ་ཚུལ་ཇི་ལྟ་བུ་ཞེ་ན། བསྟན་བཅོས་འདི་ཆོས་ཅན། ཚད་མ་རྣམ་འགྲེལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐུབ་པའི་གསུང་རབ་དང་ཚད་མ་ཀུན་ལས་བཏུས་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་རྣམ་པར་འགྲེལ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཐུབ་པའི་གསུང་རབ་དང་ཚད་མ་ཀུན་ལས་བཏུས་པ་ཆོས་ཅན། ཁྱོད་ལ་ཚད་མའི་མིང་གིས་བཏགས་ནས་བསྟན་པའི་རྒྱུ་མཚན་ཡོད་དེ། བདེན་པ་གཉིས་གསར་དུ་རྟོགས་པའི་ཤེས་པ་ནི་ཚད་མ་ཡིན་ལ། ཁྱོད་ཀྱིས་དེ་བརྗོད་བྱར་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། ཚིག་ལེའུར་བྱས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྗེས་སུ་བསྔགས་པའི་སྡེབ་སྦྱོར་ཅན་གྱི་ཚིགས་བཅད་དུ་ཡོད་པས་དེ་ལྟར་དུ་བརྗོད་པའི་ཕྱིར། འོ་ན། རྗེས་སུ་བསྔགས་པའི་སྡེབ་སྦྱོར་དེ་གང་ཞེ་ན། ཚིགས་སུ་བཅད་པ་ཡིན་འབྲུ་བདུན་པ་གཅིག་ལ་བྱེད་པར་ལེགས་བཤད་གསེར་འཕྲེང་ལས་བཤད་པའི་ཕྱིར།

༈ གཉིས་པ་འགྱུར་ཕྱག་སྟོན་པར་བྱེད་པ་ལ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་འདི་བྱུང་། དོན་ནི། ལོ་ཙཱ་བ་རྣམས་ཀྱིས་བསྟན་བཅོས་འདི་ཉིད་བསྒྱུར་བའི་ཐོག་མར། འཕགས་པ་འཇམ་དཔལ་ལ་འགྱུར་ཕྱག་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། འགྱུར་མཐར་ཕྱིན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བསྟན་བཅོས་བསྒྱུར་བའི་ཐོག་མར་རྒྱ་སྐད་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བསྟན་བཅོས་ཁུངས་བཙུན་པར་བྱ་བ་དང༌། སཾ་སྐྲྀ་ཏའི་སྐད་ལ་བག་ཆགས་བཞག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བསྟན་བཅོས་བསྒྱུར་བའི་ཐོག་མར་བོད་སྐད་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ལོ་ཙཱ་བ་རྣམས་ལ་བྱས་པ་ཤེས་ཤིང༌། དྲིན་དུ་གཟོ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། རྒྱ་སྐད་བོད་སྐད་གཉིས་ཀ་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ངེས་ཚིག་སོ་སོར་ཡང་དག་པར་གོ་བ་ལ་དབང་བསྒྱུར་བརྟན་པོ་ཐོབ་པའི་ཆེད་ཡིན་པའི་ཕྱིར། །

༈ གསུམ་པ་གཞུང་གི་དོན་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་བྱ་བ། བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད་པ། རྩོམ་པ་མཐར་ཕྱིན་པའི་ཚུལ་དང་གསུམ། དང་པོ་འཆད་པ་ལ། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་པ་ནས། འདི་ལ་དགའ་བ་སྐྱེས། ཞེས་པའི་བར་བྱུང༌། གཉིས་པ་འཆད་པ་ལ། ཕྱོགས་ཆོས། ཞེས་པ་ནས། མེད་པ་ཅན་གྱི་ཚོགས་པ་བཞིན། །ཞེས་པའི་བར་བྱུང༌། གསུམ་པ་འཆད་པར་བྱེད་པ་ལ། བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང༌། ཞེས་པ་ནས། མཁས་པའི་པདྨོ་རྒྱས་བྱེད་ཡིན། །ཞེས་པའི་བར་བྱུང༌། དང་པོ་ལ་ཡང༌། མཆོད་བརྗོད་དང་རྩོམ་པར་དམ་བཅའ་གཉིས། དང་པོ་འཆད་པ་ལ། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་སོགས་བྱུང༌། །

མཆོད་བརྗོད་ཀྱི་དོན་ལ་ཤྭཀྱ་བློ་དང་ཐར་ལམ་གསལ་བྱེད་ཀྱི་ལུགས་བཤད་པ།

༈ གཉིས་པ་འཆད་པ་ལ། སྐྱེ་བོ་ཕལ་ཆེར། ཞེས་སོགས་བྱུང༌། གཞུང་དེས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པར་བརྗོད་ཚུལ་དེ་ གང་ཞེ་ན། འདི་ལ་ཤཱཀྱ་བློའི་ལུགས་དང༌། ཐར་ལམ་གསལ་བྱེད་ཀྱི་ལུགས་གཉིས། དང་པོ་ལ། སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་བརྗོད་བྱས་པའི་དབང་དུ་བྱས་པ་དང༌། ཀུན་ཏུ་བཟང་པོ་ལ་མཆོད་བརྗོད་བྱས་པའི་དབང་དུ་བྱས་པ་གཉིས། དང་པོ་ལ། དགོས་དོན། བསྡུས་དོན། ཚིག་དོན་དང་གསུམ། དང་པོ་ནི། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་སོགས་མཆོད་བརྗོད་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དཔལ་ལྡན་ཆོས་གྲགས་རང་ཉིད་སྐྱེས་བུ་དམ་པའི་སྤྱོད་པ་དང་མཐུན་པར་བྱ་བ་དང༌། བསྟན་བཅོས་རྩོམ་པ་མཐར་ཕྱིན་པར་བྱ་བ་དང༌། བསྟན་བཅོས་རྣམ་འགྲེལ་ལ་འཆད་ཉན་བྱེད་པ་རྣམས་ཀྱང༌། སྔར་བསྟོད་ནས་ཞུགས་པ་ལས་བསོད་ནམས་སྐྱེ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཡང༌། ཤཱཀྱ་བློས། ཡ་རབ་དག་ནི་ཕལ་ཆེར་བསྟན་བཅོས་རྩོམ་པ་ལ་ཐོག་མར་འདོད་པའི་ལྷ་ལ་ཕྱག་བྱེད་དེ། དེ་བས་ན་སློབ་དཔོན་འདི་ཡང་བདག་ཉིད་དམ་པ་རྣམས་དང་སྤྱོད་པ་མཐུན་པར་བསྟན་པར་བྱ་བ་དང༌། ཁྱད་པར་དུ་འཕགས་པའི་ལྷ་ལ་བསྟོད་པས་བསོད་ནམས་འཕེལ་ལ། བསོད་ནམས་འཕེལ་བས་ཀྱང་བསྟན་བཅོས་གེགས་མེད་པར་མཐར་ཕྱིན་པ་དང༌། འཆད་པར་བྱེད་པ་དང་ཉན་པར་བྱེད་པ་རྣམས་སྔར་བསྟོད་ནས་ཞུགས་པ་ལ་བསོད་ནམས་སྐྱེ་བའི་ཕྱིར། གཞན་གྱི་དོན་གཟིགས་ནས། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་བྱ་བ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་ལྷ་ལ་མཆོད་བརྗོད་བརྩམས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་བསྡུས་དོན་ལ། བསྟོད་པ་དང། ཕྱག་འཚལ་བ་གཉིས། དང་པོ་ལ། རང་དོན་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང༌། གཞན་དོན་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང༌། གཞན་དོན་སྒྲུབ་པའི་ཐབས་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང་གསུམ། དང་པོ་ནི། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་སོགས་རྐང་པ་གཉིས་ཀྱིས་བསྟན། གཉིས་པ་ནི། ཀུན་ཏུ་བཟང་པོ་ཞེས་པས་བསྟན། གསུམ་པ་ནི། འོད་ཟེར་དག །ཀུན་ནས་འཕྲོ། ཞེས་པས་བསྟན། ཕྱག་འཚལ་བ་ནི། ཕྱག་འཚལ། ཞེས་པས་བསྟན་ཏེ། དེ་སྐད་དུ་ཡང༌། ཤཱཀྱ་བློས། གང་གི་ཚེ་ན་ཀུན་ཏུ་བཟང་པོ་ཞེས་པའི་སྒྲ་གྲགས་པས་བྱང་ཆུབ་སེམས་དཔའ་ཡིན་པར་མི་བཟུང་བ་དེའི་ཚེ་ན། འདིས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་ཡིན་ནོ། །དེ་ཡང་བསྟོད་པ་དང་ཕྱག་འཚལ་བ་རྣམ་པ་གཉིས་ཏེ། ཕྱག་འཚལ། ཞེས་པའི་སྒྲ་ནི། ཕྱག་འཚལ་བའོ། །ལྷག་མ་རྣམས་ཀྱིས་ནི་བསྟོད་པའོ། །བསྟོད་པ་ཡང༌། རང་དོན་དང༌། གཞན་གྱི་དོན་དང་ནི་ཐབས་རྣམ་པ་གསུམ་མོ། །ཞེས་གསུངས་པའི་ཕྱིར། རང་དོན་ཕུན་ཚོགས་ལ་ཡང༌། ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ་དང་གསུམ་མོ། །དང་པོ་ནི། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་པས་བསྟན། གཉིས་པ་ནི། ཟབ་པའི་སྐུ་མངའ་བ། ཞེས་པས་བསྟན། གསུམ་པ་ནི། རྒྱ་ཆེའི་སྐུ་མངའ་ཞེས་པས་བསྟན་ཏེ། ཤཱཀྱ་བློས། རང་དོན་ཕུན་སུམ་ཚོགས་པ་སྐུ་གསུམ་གྱི་མཚན་ཉིད་ཀྱང་སྒྲིབ་པ་གཉིས་སྤངས་པའི་ཁྱད་པར་དང༌། ཟབ་པའི་ཁྱད་པར་དང༌། རྒྱ་ཆེའི་ཁྱད་པར་དང༌། རྣམ་པ་གསུམ་གྱི་ཁྱད་པར་དུ་འཕགས་པར་བསྟན་ཏེ། ཞེས་དང༌། སྐུ་གསུམ་ངོ་བོ་ཉིད་སྐུ་དང༌། ལོངས་སྤྱོད་རྫོགས་སྐུ་དང༌། སྤྲུལ་སྐུ་ཞེས་བྱ་བ་ཡོད་པ་དེ་ནི་རྟོག་པའི་དྲ་བ་རྣམ་བསལ་ཅིང༌། ཟབ་ཅིང་རྒྱ་ཆེ་བའི་སྐུ་མངའ་བ་ཡིན་ནོ། །ཞེས་གསུངས། འདིར་རང་དོན་ཕུན་ཚོགས་སྔ་བར་བསྟན་ནས། གཞན་དོན་ཕུན་ཚོགས་རྗེས་སུ་འཆད་པའི་རྒྱུ་མཚན་ཡོད་དེ། རང་དོན་ཕུན་སུམ་ཚོགས་ན་གཞན་དོན་བྱ་བར་ནུས་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། ཤཱཀྱ་བློས། རང་གི་དོན་ཕུན་སུམ་ཚོགས་ན། གཞན་གྱི་དོན་བྱ་བར་ནུས་པར་འགྱུར་བས་དང་པོར་ཕྱེད་གོང་མས་རང་གི་དོན་ཕུན་སུམ་ཚོགས་པ་བཤད་དོ། །ཞེས་གསུངས་པའི་ཕྱིར། །གསུམ་པ་ཚིག་དོན་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། རང་དོན་ཕུན་ཚོགས་མངའ་བ་ཡིན་ཏེ། སྐུ་གསུམ་དང་ལྡན་པའི་ཕྱིར། དེ་ཆོས་ཅན། རང་དོན་སྤངས་པ་ཕུན་ཚོགས་ཀྱིས་བསྡུས་པའི་ངོ་བོ་ཉིད་སྐུ་མངའ་བ་ཡིན་ཏེ། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་རྣམ་པར་རྟོག་པའི་དྲ་བ་བག་ཆགས་དང་བཅས་པ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ཡིན་པའི་ཕྱིར། བདག་འཛིན་གཉིས་ཆོས་ཅན། དྲ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལུས་ཅན་འཁོར་བར་འཆིང་བྱེད་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་སྐད་དུ་ཡང། ཤཱཀྱ་བློས། རྟོག་པ་ནི་སེམས་ལས་བྱུང་བ་ཁམས་གསུམ་པ་བདག་དང་བདག་གི་བ་ལ་སོགས་པའི་རྣམ་པར་ཞུགས་པ་དང༌། གཟུང་བ་དང་འཛིན་པའི་རྣམ་པར་ཞུགས་པ་རྣམས་སོ། །དེ་ཉིད་དྲ་བ་སྟེ་འཆིང་བའི་བདག་ཉིད་ཡིན་ནོ། །སྐུ་གང་དག་དེ་རྣམ་པར་བསལ་ཅིང་བག་ཆགས་དང་བཅས་པ་ཡང་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ཡོད་པས། དེ་དག་ལ་དེ་སྐད་ཅེས་བྱའོ། །འདིས་ནི་སྒྲིབ་པ་སྤངས་པའི་ཁྱད་པར་བཤད་དོ། །ཞེས་གསུངས། འོ་ན། ལོངས་སྐུ་ལ་ཟབ་པ་དང་སྤྲུལ་སྐུ་ལ་རྒྱ་ཆེ་བ་ཞེས་བརྗོད་པའི་རྒྱུ་མཚན་གང་ཞེ་ན། ལོངས་སྐུ་ཆོས་ཅན། ཟབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གནས་གཟུགས་ཁམས་ཁོ་ནར་བཞུགས། གདུལ་བྱ་སོ་སོ་སྐྱེ་བོ་དང་ཉན་རང་གི་སྤྱོད་ཡུལ་མ་ཡིན་ཅིང༌། ས་གནས་ཀྱི་བྱང་ཆུབ་སེམས་དཔའ་ཡན་ཆད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར། སྤྲུལ་སྐུ་ཆོས་ཅན། རྒྱ་ཆེ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གནས་འདོད་ཁམས་དང༌། གཟུགས་ཁམས་ཅི་རིགས་སུ་བཞུགས་ཤིང༌། གདུལ་བྱ་རིགས་ཅན་གསུམ་གྱི་དོན་དངོས་སུ་མཛད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཤཱཀྱ་བློས། ཟབ་པ་དང་རྒྱ་ཆེ་བའི་ཁྱད་པར་དག་ནི་ཟབ་ཅིང་རྒྱ་ཆེ་བའི་ཞེས་པའི་ཚིག་གཉིས་ཀྱིས་བསྟན་ཏེ། ཞེས་དང༌། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་ཟབ་པ་དང༌། ཤེས་བྱ་མཐའ་དག་དང༌། སེམས་ཅན་གྱི་དོན་མཐའ་དག་པར་ཁྱབ་པའི་ཕྱིར་རྒྱ་ཆེ་བའི་སྐུ། ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། གཞན་དོན་ཕུན་ཚོགས་མངའ་བ་ཡིན་ཏེ། གདུལ་བྱ་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པས་མངོན་མཐོ་དང་ངེས་ལེགས་ལ་འགོད་པར་མཛད་པ་ཡིན་པའི་ཕྱིར་ཏེ། ཤཱཀྱ་བློས། བཟང་པོ་ནི་དགེ་ལེགས་ཏེ། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་མཚན་ཉིད་དེ། གང་ལ་དེ་དོན་དུ་གཉེར་བ་རྣམས་ལས་ཀུན་ཏུ་སྟེ། མ་ལུས་པར་སྐལ་བ་ཇི་ལྟ་བ་བཞིན་དུ་འབྱུང་བ་དེ་ནི་ཀུན་ཏུ་བཟང་པོའོ། །འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པར་བཤད་དོ། །ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། གཞན་དོན་སྒྲུབ་པའི་ཐབས་ཕུན་ཚོགས་མངའ་སྟེ། གདུལ་བྱ་རྣམས་ལ་སྐལ་བ་དང་འཚམས་པར། མངོན་མཐོ་དང་ངེས་ལེགས་འགྲུབ་པར་མཛད་པའི་ཕྱིར་ཏེ། ཤཱཀྱ་བློས། གཞན་གྱི་དོན་ཕུན་སུམ་ཚོགས་པ་འདི་སྒྲུབ་པའི་ཐབས་ནི། འོད་ཟེར་དག །ཀུན་ནས་འཕྲོ། ཞེས་པ་འདིས་བཤད། འོད་ཟེར་དག་ནི་འོད་ཟེར་རྣམས་སོ། །འདིར་དངོས་པོ་ཇི་ལྟར་གནས་པ་བཞིན་དུ་གསལ་བར་བྱེད་པ་ཆོས་མཐུན་པའི་ཕྱིར་ཏེ། ཆོས་སྟོན་པ་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་སྒྲུབ་པའི་ཡུལ་ཅན་དག་ཁོ་ན་འོད་ཟེར་དང་འདྲ་བས་ན་འོད་ཟེར་དག་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཀུན་ཏུ་བཟང་པོ་ཞེས་པའི་སྒྲ་གྲགས་པའི་དབང་དུ་བྱས་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་མཆོད་བརྗོད་བྱེད་པ་ཡིན་ལ། འདི་ལའང་བསྟོད་པ་དང༌། ཕྱག་འཚལ་བ་གཉིས་ལས། ཚིག་དོན་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཆོས་ཅན། རང་དོན་ཕུན་ཚོགས་མངའ་སྟེ། སྐུ་གསུམ་རྗེས་མཐུན་པ་ཐོབ་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ངོ་བོ་ཉིད་སྐུ་རྗེས་མཐུན་པ་ཐོབ་པ་ཡིན་ཏེ། རང་གི་ངོས་སྐལ་གྱི་སྤང་བྱར་གྱུར་པའི་བྱང་ཆུབ་སེམས་དཔའི་སྒྲིབ་པ་སྤངས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྒྱུད་ཀྱི་ལོངས་སྐུ་རྗེས་མཐུན་པ་ཆོས་ཅན། ཁྱོད་ལ་ཟབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཉན་རང་དང་སོ་སོ་སྐྱེ་བོའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེའི་རྒྱུད་ཀྱི་སྤྲུལ་སྐུ་རྗེས་མཐུན་པ་ཆོས་ཅན། རྒྱ་ཆེ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཕྱིན་དྲུག་གི་ཉམས་ལེན་རྒྱ་ཆེན་པོ་དང་ལྡན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཏེ། ཤཱཀྱ་བློས། གང་གི་ཚེ་གྲགས་པ་ལ་ལྟོས་པ་དེའི་ཚེ་ན་ཀུན་ཏུ་བཟང་པོའི་ཞེས་བྱ་བའི་སྒྲ་ནི་ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའི་ཁྱད་པར་ཞིག་ལ་གྲགས་པས་འདི་བྱང་ཆུབ་སེམས་དཔའ་ལ་མཆོད་པ་ཡིན་ཏེ། ཚིག་སྔ་མ་བཞིན་དུ་སྦྱར་བར་བྱའོ། །ཁྱད་པར་ནི་འདི་ཡོད་དེ། རྟོག་པའི་དྲ་བ་རྣམ་བསལ་བ་འདི་ནི་བྱང་ཆུབ་སེམས་དཔའི་སྒྲིབ་པ་སྤངས་པ་ལས་ལྟ་བར་བྱའོ། །ཟབ་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོ་སྐྱེ་བོའི་ཡུལ་མ་ཡིན་པ་ཉིད་ལས་སོ། རྒྱ་ཆེ་བ་ནི་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་ལས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་རྗེས་སུ་མཐུན་པའི་སྐུ་གསུམ་ནི་ཡོད་པ་ཁོ་ན་སྟེ། མཐར་ཕྱིན་པའི་ཕྱིར་ན་སངས་རྒྱས་རྣམས་ཀྱི་ཡིན་པའི་ཕྱིར་རྣམ་པར་བཞག་པར་མཛད་དོ། །ཞེས་གསུངས་པའི་ཕྱིར།

༈ གཉིས་པ་ཐར་ལམ་གསལ་བྱེད་ཀྱི་ལུགས་བཤད་པ་ལ། དགོས་དོན། བསྡུས་དོན། ཚིག་དོན་དང་གསུམ། དང་པོ་ནི། ལྷ་དང་ཀླུ་དང་དྲང་སྲོང་ལ་སོགས་པ་རྣམས་ཀྱིས་ཞབས་ཀྱི་པདྨོ་ལ་ཕྱག་བྱས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བརྗོད་ནས་སྐྱབས་སུ་སོང་བ་ལ་ཆོས་ཅན། དགོས་པ་ཡོད་དེ། གནས་སྐབས་བསྟན་བཅོས་རྩོམ་པའི་བར་ཆད་ཞི་བ་དང༌། མཐར་གདུལ་བྱ་རྣམས་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ལ་བསྟོད་པ་དང༌། ཕྱག་འཚལ་བ་གཉིས། དང་པོ་ལ། རང་དོན་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང༌། གཞན་དོན་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་གཉིས། དང་པོ་ལ། རང་དོན་སྤངས་པ་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང༌། རང་དོན་རྟོགས་པ་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་གཉིས། དང་པོ་ནི། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་པས་བསྟན། གཉིས་པ་ལ། ཇི་ལྟ་བ་མཁྱེན་པའི་རྟོགས་པ་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང༌། ཇི་སྙེད་པ་མཁྱེན་པའི་རྟོགས་པ་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་གཉིས། དང་པོ་ནི། ཟབ་ཅིང་སྐུ་མངའ་ཞེས་པས་བསྟན། གཉིས་པ་ནི། རྒྱ་ཆེ་སྐུ་མངའ་ཞེས་པས་བསྟན། གཉིས་པ་གཞན་དོན་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་ལ། གཞན་དོན་གྱི་ངོ་བོ་དང་། དེ་སྒྲུབ་པའི་ཐབས་གཉིས། དང་པོ་ནི། ཀུན་ཏུ་བཟང་པོ་ཞེས་པས་བསྟན། གཉིས་པ་ནི་འོད་ཟེར་དག །ཀུན་ནས་འཕྲོ། ཞེས་པས་བསྟན། གཉིས་པ་ཕྱག་འཚལ་བ་ནི། ཕྱག་འཚལ་ཞེས་པས་བསྟན། འོ་ན། ཕྱག་འཚལ་བའི་སྔ་རོལ་དུ་བསྟོད་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། ཕྱག་འཚལ་ཞེས་པའི་དོན་ནི། སྒོ་གསུམ་གུས་པའི་སྒོ་ནས་འདུད་པ་ལ་བྱེད་ལ། དེ་ལྟར་འདུད་པ་ལ་ཕྱག་འཚལ་ཡུལ་གྱི་གང་ཟག་དེ་ལ་དང་བ་སྐྱེ་དགོས་ལ། དེ་ལ་ཡང་དེའི་ཡོན་ཏན་ཤེས་པའམ་མཐོང་དགོས་ལ། དེ་ལ་ཡང་དེའི་ཡོན་ཏན་བརྗོད་དགོས་པའི་རྒྱུ་མཚན་གྱིས། ཕྱག་འཚལ་བའི་སྔ་རོལ་ཏུ་བསྟོད་པ་ཡིན་པའི་ཕྱིར། ངག་འདི་བསྟན་བཅོས་འདིའི་ལུས་རྣམ་བཞག་ཡིན་ཏེ། རྟོག་གེའི་ཚིག་དོན་བརྒྱད་ནི། རིགས་སྒོར། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར། །ཞེས་གསུངས་པ་ལྟར། རང་གིས་གཞལ་བྱ་ངེས་པའི་ཐབས་དང༌། ངེས་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་གཉིས་སུ་ངེས་ལ། རང་གིས་གཞལ་བྱ་ངེས་པའི་ཐབས་ལེའུ་དང་པོ་གསུམ་དང༌། ངེས་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་ལེའུ་བཞི་པས་བསྟན་ཅིང༌། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་སོགས་ཚིག་རྐང་དང་པོ་གཉིས་ཀྱིས་རང་དོན་ཕུན་ཚོགས་བསྟན་པས། ལེའུ་དང་པོ་གསུམ་གྱི་ལུས་རྣམ་བཞག་བསྟན། ཀུན་ཏུ་བཟང་པོའི་ཞེས་སོགས་རྐང་པ་ཕྱེད་གཉིས་ཀྱིས། གཞན་དོན་ཕུན་ཚོགས་བསྟན་པའི་སྒོ་ནས་གཞན་དོན་ལེའུའི་ལུས་རྣམ་བཞག་བསྟན་པའི་ཕྱིར། འོ་ན། ལེའུ་དང་པོ་གསུམ་གྱིས་རང་དོན་སྤངས་རྟོགས་ཕུན་ཚོགས་ཇི་ལྟར་བསྟན་ཞེ་ན། དེ་བསྟན་ཏེ། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང་གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་ལེའུ་གཉིས་པས་བསྟན། ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་དང༌། ཆོས་ཀྱི་བདག་འཛིན་སྤངས་པའི་སྤངས་པ་ལེའུ་གསུམ་པས་བསྟན་ཏེ། རྒྱ་ཆེ་བ་ཇི་སྙེད་པའི་རྟོགས་པ་ཕུན་ཚོགས་ལེའུ་དང་པོ་གསུམ་ཀས་བསྟན་པའི་ཕྱིར། ཁོ་ན་རེ། རྩོམ་པར་དམ་བཅའ་བའི་སྔ་རོལ་དུ་ལུས་རྣམ་བཞག་འབྱུང་བ་མི་རིགས་ཏེ། རྩོམ་པར་དམ་བཅའ་བའི་སྔ་རོལ་དུ་ཡན་ལག་རྒྱས་པར་མི་འབྱུང་བའི་ཕྱིར། སྙམ་ན་སྐྱོན་མེད་དེ། ངག་འདི་བསྟན་བཅོས་འདིའི་ལུས་རྣམ་བཞག་མ་ཡིན་ན། བསྟན་བཅོས་འདིའི་ལུས་རྣམ་བཞག་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གསུམ་པ་ཚིག་དོན་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། རང་དོན་སྤངས་པ་ཕུན་ཚོགས་མངའ་སྟེ། ལུས་ཅན་འཆིང་བར་བྱེད་པ་གང་ཟག་གི་བདག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་རྣམ་པར་རྟོག་པའི་དྲ་བ་བག་ཆགས་དང་བཅས་པ་དྲུངས་ཕྱུང་པའི་ཚུལ་གྱིས་རྣམ་པར་བསལ་ཅིང་སྤངས་པའི་ཕྱིར། དེ་ཆོས་ཅན། རང་དོན་རྟོགས་པ་ཕུན་ཚོགས་མངའ་བ་ཡིན་ཏེ། ཟབ་པ་ཇི་ལྟ་བ་དང༌། རྒྱ་ཆེ་བ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཆོས་སྐུ་མངའ་བའི་ཕྱིར། གང་ཟག་དང་ཆོས་ལ་བདག་མེད་པའི་སྟོང་པ་ཉིད་ཆོས་ཅན། ཟབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཕགས་པ་རྣམས་ཀྱི་མཉམ་བཞག་སོ་སོ་རང་གིས་མངོན་སུམ་དུ་རིག་པར་བྱ་བ་ཡིན་གྱི། ཆོས་སྟོན་པའི་སྒྲ་ཙམ་ལས་ཇི་ལྟ་བ་བཞིན་དུ་ཤེས་མི་ནུས་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། ཡང་ན། གཟུགས་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཆོས་ཅན། ཟབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་དེ་ཁོ་ན་ཉིད་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཤེས་བྱ་ཇི་སྙེད་པ་རྣམས་ཆོས་ཅན། རྒྱ་ཆེ་བ་ཞེས་བྱ་སྟེ། ཡུལ་དང་དུས་དང་མཚན་ཉིད་དང༌། དབྱེ་བ་མཐའ་ཡས་པའི་སྒོ་ནས་རྒྱ་ཆེ་བའི་ཕྱིར༌། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གཞན་དོན་ཕུན་ཚོགས་མངའ་སྟེ། ཀུན་ཏུ་བཟང་པོའི་གཟུགས་སྐུ་གཉིས་མངའ་བའི་ཕྱིར། གཟུགས་སྐུ་གཉིས་ཆོས་ཅན། གཞན་དོན་ཕུན་ཚོགས་ཞེས་བྱ་སྟེ། གདུལ་བྱའི་རྒྱུད་ཀྱི་མངོན་མཐོ་དང༌། ངེས་ལེགས་གཞན་དོན་ཡིན་ལ། ཁྱོད་ཀྱིས་མངོན་མཐོ་དང་ངེས་ལེགས་འགྲུབ་པར་མཛད་པའི་ཕྱིར། གཟུགས་སྐུ་གཉིས་ཆོས་ཅན། ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། གདུལ་བྱ་ལ་ལེགས་པ་དང༌། ཕན་པ་འབའ་ཞིག་བྱེད་པ་དང༌། ལེགས་པ་མ་ཡིན་པ་དང༌། ཅུང་ཟད་མ་འདྲེས་པ་དང༌། རྒྱ་ཡོངས་སུ་མ་ཆད་པར་ལེགས་པའི་རིགས་རྣམས་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གཞན་དོན་སྒྲུབ་པའི་ཐབས་ཕུན་ཚོགས་མངའ་སྟེ། ཉི་མའི་འོད་ཟེར་གྱིས་གཟུགས་གསལ་བར་བྱེད་པ་དང༌། མུན་པ་སེལ་བར་བྱེད་པ་དེ་བཞིན་དུ། ཁྱོད་ཀྱིས་ཀྱང་ཤེས་བྱའི་དེ་ཁོ་ན་ཉིད་གསལ་བར་བྱེད་ཅིང༌། མི་ཤེས་པའི་མུན་པ་སེལ་བར་བྱེད་པའི་དམ་པའི་ཆོས་བསྟན་པའི་གསུང་གི་འོད་ཟེར་གདུལ་བྱ་ལ་ཀུན་ནས་འཕྲོ་ཞིང་ཁྱབ་པར་མཛད་པའི་ཕྱིར།

༈ དེ་དེ་ལྟར་ཡིན་ན། བསྟན་བཅོས་འདིར་གཞི་བདེན་པ་གཉིས་ཀྱི་རྣམ་བཞག་ལ་སོགས་པ་བསྟན་ན། དེ་རྣམས་ཇི་ལྟར་ཡིན་ཞེ་ན། དང་པོ་ལ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ། དོན་དམ་བདེན་པའི་མཚན་ཉིད། དེ་ལ་རྒྱས་པར་དབྱེ་ན་སྟོང་ཉིད་བཅུ་དྲུག་ཡོད་ལ། དེ་ཡང་བསྡུ་ན། དངོས་པོ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང༌། རང་གི་ངོ་བོ་སྟོང་པ་ཉིད་དང་། གཞན་གྱི་ངོ་བོ་སྟོང་པ་ཉིད་དང་བཞིར་འདུའོ། །དེ་ཡང་བསྡུ་ན། དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་གཉིས་སུ་འདུའོ། །དེ་ལྟར་ཡིན་ན། ཁྱོད་དངོས་པོ་ཡིན་ན། ཁྱོད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་དངོས་པོ་སྟོང་པ་ཉིད་ཡིན་པས་ཁྱབ། ཁྱོད་དངོས་མེད་ཀྱི་ཆོས་ཡིན་ན། ཁྱོད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་དངོས་པོ་མེད་པ་སྟོང་པ་ཉིད་ཡིན་པས་ཁྱབ་ཅིང༌། ཆོས་ཉིད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ། གཞན་གྱི་ངོ་བོ་སྟོང་པ་ཉིད་དང༌། རང་གི་ངོ་བོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་རྣམས་རེ་རེ་ནས་ཡིན་ནོ། །ཡང་། དེ་ལ་སྒྲ་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། དོན་དོན་དམ་དང་། ཐོབ་པ་དོན་དམ། སྒྲུབ་པ་དོན་དམ་དང་གསུམ་དུ་ཡོད། དང་པོ་དང་དོན་དམ་བདེན་པ་དོན་གཅིག །གཉིས་པ་དང་འགོག་བདེན་དོན་གཅིག །གསུམ་པ་དང་ལམ་བདེན་དོན་གཅིག །ཡང་། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། མཐུན་པའི་དོན་དམ་དང༌། དོན་དམ་དངོས་གཉིས། དང་པོའི་མཚན་གཞི། གཟུགས་དང་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་ཚོགས་དོན་ལྟ་བུ། གཉིས་པ་ནི། གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ལྟ་བུ་ལ་བྱེད་དོ། །དེ་ལྟར་ན། དོན་དམ་བདེན་པ། སྟོང་པ་ཉིད། དེ་ཁོ་ན་ཉིད། ཆོས་ཉིད། དེ་བཞིན་ཉིད། ཡང་དག་པའི་མཐའ། མཚན་མ་མེད་པ། སྨོན་པ་མེད་པ་རྣམས་དོན་གཅིག་ཡིན་ནོ། །རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱིས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ། ཀུན་རྫོབ་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན། ཡང་དག་ཀུན་རྫོབ་བདེན་པ་དང༌། ལོག་པའི་ཀུན་རྫོབ་བདེན་པ་གཉིས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཀུན་རྫོབ་བདེན་པ་དང་པོའི་མཚན་ཉིད། རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཀུན་རྫོབ་བདེན་པ་དེ་གཉིས་པའི་མཚན་ཉིད། ཡང་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། བཏགས་པའི་ཀུན་རྫོབ་དང༌། ཤེས་པའི་ཀུན་རྫོབ། བརྗོད་པའི་ཀུན་རྫོབ་དང་གསུམ། དང་པོ་ནི། ཀུན་བཏགས་ལྟ་བུ་ལ་བྱེད། གཉིས་པ་ནི། གཞན་དབང་ལྟ་བུ་ལ་བྱེད། གསུམ་པ་ནི། ཡོངས་གྲུབ་ལྟ་བུ་ལ་བྱེད།

༈ གཉིས་པ་ལམ་ཐབས་ཤེས་གཉིས་ཀྱི་རྣམ་བཞག་ནི། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ། ཤེས་རབ་ཁྱད་པར་ཅན་དང༌། དེས་ཟིན་པའི་སྙིང་རྗེ་ཆེན་པོ་དང༌། དེས་ཟིན་པའི་ཕར་ཕྱིན་དང་པོ་ལྔ་རྣམས་ཐབས་ཁྱད་པར་ཅན་ཡིན་ནོ། །

༈ གསུམ་པ་འབྲས་བུ་སྐུ་གསུམ་གྱི་རྣམ་བཞག་ནི། ཚོགས་གཉིས་གོམས་པ་མཐར་ཕྱིན་པ་ལ་བརྟེན་ནས་ཐོབ་པའི་ཡོན་ཏན་མཐར་ཐུག་དེ། འབྲས་བུ་ཆོས་སྐུའི་མཚན་ཉིད། དེ་ལ་དབྱེ་ན། རང་དོན་གྱི་སྐུ་དང༌། གཞན་དོན་གྱི་སྐུ་གཉིས། དང་པོ་ལ་དབྱེ་ན། ངོ་བོ་ཉིད་སྐུ་དང༌། ཡེ་ཤེས་ཆོས་སྐུ་གཉིས། སྒྲིབ་གཉིས་སྤངས་པའི་དབྱིངས་མཐར་ཐུག་དེ། དང་པོའི་མཚན་ཉིད། དེ་ལ་དབྱེ་ན། རང་བཞིན་རྣམ་དག་གི་ཆར་གྱུར་པའི་དེ་དང༌། གློ་བུར་རྣམ་དག་གི་ཆར་གྱུར་བའི་དེ་གཉིས་སུ་ཡོད་དེ། དང་པོ་ནི། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་དང་། གཉིས་པ་ནི། དེའི་རྒྱུད་ཀྱི་འགོག་བདེན་ལྟ་བུ་ལ་བྱེད། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ལ་ལྟོས་ཏེ་གཟིགས་པ་མཐར་ཕྱིན་པའི་ཡེ་ཤེས་དེ། ཡེ་ཤེས་ཆོས་སྐུའི་མཚན་ཉིད། དེ་དང་རྣམ་མཁྱེན་དོན་གཅིག །སྒྲིབ་གཉིས་སྤངས་པའི་གང་ཟག་དེ། གཞན་དོན་གཟུགས་སྐུའི་མཚན་ཉིད། དེ་དང་སངས་འཕགས། ཀུན་རྫོབ་པའི་སྐུ་རྣམས་དོན་གཅིག །གཟུགས་སྐུ་རྣམ་པ་གཉིས་སྤྱིར་ཆོས་སྐུ་ཡིན་ཅིང་གཟུགས་སྐུ་དང་ཆོས་སྐུ་གཉིས་སུ་ཕྱེ་བའི་ཆོས་སྐུ་མ་ཡིན་ཏེ། དེ་དང་གཟུགས་སྐུ་འགལ་བའི་ཕྱིར། གཟུགས་སྐུ་ལ་དབྱེ་ན། ལོངས་སྐུ་དང་སྤྲུལ་སྐུ་གཉིས་སུ་ཡོད། ངེས་པ་ལྔ་དང་ལྡན་པའི་གཟུགས་སྐུ་མཐར་ཐུག་དེ་དང་པོའི་མཚན་ཉིད། མཚན་གཞི་རྒྱལ་བ་རྡོ་རྗེ་འཆང་ལྟ་བུ་ལ་བྱེད། དེ་དང་མི་ལྡན་པའི་གཟུགས་སྐུ་མཐར་ཐུག་དེ་སྤྲུལ་སྐུའི་མཚན་ཉིད། དེ་ལ་དབྱེ་ན། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་རྣམས་སུ་ཡོད། དང་པོ་ནི། དྲི་ཟའི་རྒྱལ་པོ་རབ་དགའི་དྲེགས་པ་གཞོམ་ཕྱིར་དུ་དྲི་ཟར་སྤྲུལ་པའི་དེ་བཞིན་གཤེགས་པའི་སྤྲུལ་སྐུ་ལྟ་བུ་ལ་བྱེད། གཉིས་པ་ནི། རྗེ་བཙུན་བྱམས་མགོན་ལྟ་བུ་ལ་བྱེད། གསུམ་པ་ནི། བདག་ཅག་གི་སྟོན་པ་ལྟ་བུ་ལ་བྱེད། རང་གི་བདག་རྐྱེན་དུ་གྱུར་པའི་ཡེ་ཤེས་ཆོས་སྐུ་ལ་བརྟེན་ནས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་དེ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་དང༌། བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་གཉིས་སུ་ཡོད།

༈ གཞུང་འདི་གྲུབ་མཐའ་སྨྲ་བ་གང་གི་དབང་དུ་བྱས་ན། སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་གཞུང་ཡིན་ཏེ། འདིས་གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་དུ་འཛིན་པའི་རྟོག་པ་སྤང་བྱའི་གཙོ་བོར་བྱས་ནས་བསྟན་པ་གང་ཞིག །མདོ་སྡེ་པས་དེ་གཉིས་རྫས་གཞན་དུ་ཁས་ལེན་པའི་ཕྱིར། དེས་ན་གཞུང་འདི་བསྟན་བཅོས་འདིའི་ལུས་རྣམ་བཞག་གི་གཞུང་ཡིན་ཏེ། ལེའུ་བཞི་པོ་འདིས་རང་གིས་གཞལ་བྱ་ངེས་པའི་ཐབས་དང༌། ངེས་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་གཉིས་བསྟན་ལ། དེ་བཞིན་དུ་གཞུང་འདིས་ཀྱང་དེ་ལྟར་དུ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། ལེའུ་བཞི་པོ་འདིས། རྟོག་གེའི་ཚིག་དོན་བརྒྱད་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་གང་ཞིག །རྟོག་གེའི་ཚིག་དོན་བརྒྱད་པོ་དེ་གཉིས་སུ་འདུ་བ་ཡིན་པའི་ཕྱིར། དེ་ཡང་འདུ་བ་ཡིན་ཏེ། མངོན་སུམ་ཡང་དག་དང༌། རྗེས་དཔག་ཡང་དག་གཉིས་རང་གིས་གཞལ་བྱ་ངེས་པའི་ཐབས་ཀྱི་གཙོ་བོ་དང༌། མངོན་སུམ་ལྟར་སྣང་དང་། རྗེས་དཔག་ལྟར་སྣང་གཉིས་དེའི་ཐབས་ཙམ་ཡིན་ཅིང༌། སྒྲུབ་ངག་ཡང་དག་དང་། སུན་འབྱིན་ཡང་དག་གཉིས་ངེས་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་ཀྱི་གཙོ་བོ་དང་། ལྟར་སྣང་གཉིས་དེའི་ཐབས་ཙམ་ཡིན་པའི་ཕྱིར།

༈ གཉིས་པ་གཞུང་དེས་དེ་ལྟར་བསྟན་པ་ཡིན་ཏེ། རྐང་པ་དང་པོ་གཉིས་ཀྱིས་བདེན་གཉིས་མངོན་སུམ་དུ་རྟོགས་པའི་མཁྱེན་པ་མཐར་ཐུག་དེ་དངོས་སུ་བསྟན་པའི་ཤུགས་ལ་སློབ་ལམ་གྱིས་བསྡུས་པའི་བདེན་གཉིས་རྟོགས་པའི་མཁྱེན་པ་བསྟན་ཅིང༌། དེ་ནས་རྐང་པ་ཕྱེད་དང་གཉིས་ཀྱིས་གཟུགས་སྐུའི་གོ་འཕང་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་དངོས་སུ་བསྟན་པའི་ཤུགས་ལ་སྒྲུབ་ངག་དང༌། སུན་འབྱིན་གྱི་སྒོ་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཚུལ་བསྟན་པའི་ཕྱིར། འོ་ན། གཞུང་འདི་ལེའུ་དང་པོ་གསུམ་གྱི་ལུས་རྣམ་བཞག་གི་གཞུང་ཡིན་ན། དེ་གསུམ་གྱིས་གཞུང་འདིས་བསྟན་པའི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་ཇི་ལྟར་བསྟན་ཞེ་ན། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང༌། གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་གཉིས་ལེའུ་གཉིས་པས་བསྟན་ལ། ཆོས་ཀྱི་བདག་འཛིན་སྤངས་པའི་སྤངས་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་གཉིས། ལེའུ་གསུམ་པས་བསྟན། ཇི་སྙེད་པ་རྟོགས་པའི་རྟོགས་པ་ཕུན་ཚོགས་ལེའུ་དང་པོ་གསུམ་ཀས་ཆ་མཉམ་དུ་བསྟན་པའི་ཕྱིར། དེར་མ་ཟད་གཞུང་འདིས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་འབྲས་བུ་དང་བཅས་པ་ཆ་ཚང་བ་གཅིག་བསྟན་པ་ཡིན་ཏེ། རྟོག་པའི་དྲ་བ་རྣམ་བསལ་ཅིང་། །ཞེས་པས་སྤངས་པ་ཕུན་ཚོགས་དངོས་སུ་བསྟན་ལ། ཟབ་ཅིང་སྐུ་མངའ་བ་ཞེས་པས་ཇི་ལྟ་བ་རྟོགས་པའི་རྟོགས་པ་ཕུན་ཚོགས་དངོས་སུ་བསྟན་ནས་སློབ་ལམ་གྱིས་བསྡུས་པའི་ཇི་ལྟ་བ་རྟོགས་པའི་ཤེས་རབ་ཤུགས་ལ་བསྟན། རྒྱ་ཆེ་བའི་སྐུ་མངའ་བ་ཞེས་པས་ཇི་སྙེད་པ་རྟོགས་པའི་རྟོགས་པ་ཕུན་ཚོགས་དངོས་སུ་བསྟན་ནས་སློབ་ལམ་གྱིས་བསྡུས་པའི་རྒྱ་ཆེ་བའི་ལམ་རིམ་ཤུགས་ལ་བསྟན། ཀུན་ཏུ་བཟང་པོ། ཞེས་པ་རྐང་པ་ཕྱེད་དང་གཉིས་ཀྱིས་གཟུགས་སྐུ་གཉིས་དངོས་སུ་བསྟན་ནས་དེ་སྒྲུབ་བྱེད་ཀྱི་བྱང་སེམས་ཀྱི་ལམ་ཤུགས་ལ་བསྟན་པའི་ཕྱིར། གཞན་ཡང༌། མཆོད་བརྗོད་ཀྱི་གཞུང་འདིས་དཀོན་མཆོག་གསུམ་སྐྱབས་ཡུལ་དུ་ཡང་དངོས་སུ་བསྟན་པ་ཡིན་ཏེ། འདིས་སྤངས་པ་ཕུན་ཚོགས་དང༌། རྟོགས་པ་ཕུན་ཚོགས་ཀྱིས་བསྡུས་པའི་ཆོས་དཀོན་མཆོག་དང་། སངས་རྒྱས་དཀོན་མཆོག་དངོས་སུ་བསྟན་ནས་དེ་སྒྲུབ་བྱེད་ཀྱི་བྱང་འཕགས་ཤུགས་ལ་བསྟན་པ་ཡིན་པའི་ཕྱིར།

༈ ངག་དོན་ནི། དཔལ་ལྡན་ཆོས་གྲགས་ཀྱིས། རང་དོན་དང་གཞན་དོན་གྱི་དགོས་པ་གཉིས་ཀྱི་ཕྱིར་དུ་ཕུན་སུམ་ཚོགས་པ་གསུམ་མངའ་བའི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་ཕྱག་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སློབ་དཔོན་རང་ཉིད་སྐྱེས་བུ་དམ་པའི་སྤྱོད་པ་དང་མཐུན་པར་བྱ་བ་དང༌། ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཡང༌། ཚུལ་འདི་ལྟར་བྱེད་དགོས་སོ། །ཞེས་བྱ་བ་དང༌། གདུལ་བྱ་བསྟན་བཅོས་ལ་ཐོས་སོགས་ཀྱིས་འཇུག་པའི་ཚེ་ན་ཡང་དང་པོར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང༌། དེ་ལྟར་སོང་ནས་འཇུག་དགོས་སོ། ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར།

༈ རྩོད་པ་སྤངས་པ་ལ། ཁ་ཅིག་ན་རེ། དེ་རིང་གི་དུས་ཀྱི་ལོངས་སྐུ་ཆོས་ཅན། ངེས་པ་ལྔ་དང་ལྡན་པར་ཐལ། ལོངས་སྐུ་ཡིན་པའི་ཕྱིར། འདོད་ན། འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་བཞུགས་པར་ཐལ། འདོད་པའི་ཕྱིར། འདོད་ན། སང་ཉིན་གྱི་དུས་སུ་ཡང་བཞུགས་པར་ཐལ་ལོ། །ཟེར་ན་མ་ཁྱབ། ཁ་ཅིག་ན་རེ། ཤེས་པ་ཆོས་ཅན། ཡང་དག་ཀུན་རྫོབ་བདེན་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། འདོད་ན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བདེན་པ་ཡིན་པའི་ཕྱིར་ཏེ། སྣང་བ་ལྟར་གྲུབ་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། འོ་ན། ཤེས་པ་དོན་དམ་ཡིན་པར་ཐལ། ཤེས་པ་བདེན་པ་ཡིན་པའི་ཕྱིར། འདོད་ན། ཤེས་པ་འཇལ་བའི་ཚད་མ། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཡིན་པར་ཐལ་ལོ། །འདོད་ན། ཤེས་པ་ཆོས་ཅན། དོན་དམ་བདེན་པ་ཡིན་པར་ཐལ། ཁྱོད་འཇལ་བའི་ཚད་མ་དེ་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཤེས་པ་བདེན་པ་ཡིན་པར་ཐལ། ལས་འབྲས་བདེན་པ་ཡིན་པའི་ཕྱིར་ཏེ། ལས་འབྲས་བདེན་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། རྒྱུ་དགེ་བ་བྱས་པ་ལ་བརྟེན་ནས། འབྲས་བུ་བདེ་བ་འབྱུང་བ་དེ་བདེན་པ་ཡིན་པར་ཐལ། ལས་འབྲས་བདེན་པ་ཡིན་པའི་ཕྱིར། འདོད་ན། མེ་ལས་དུ་བ་འབྱུང་བ་དེ་བདེན་པ་ཡིན་པར་ཐལ་ལོ། །འདོད་ན། མེ་དུ་གཉིས་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར་རོ། །

རྩོམ་པར་དམ་བཅའི་གཞུང་དོན་བཤད་པ།

གཞུང་གི་འཕྲོས་ཚུལ་དང་དགོས་སོགས་ཆོས་བཞི་བཤད་པ།

༈ སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། ཞེས་སོགས་ཀྱི་གཞུང་འདི་གང་ལས་འཕྲོས་ན། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་པའི་སྐབས་སུ། ཕུན་སུམ་ཚོགས་པ་གསུམ་མངའ་བའི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་ཕྱག་བྱས་པ་ལ། དེ་ལྟར་བསྟོད་ཕྱག་བྱས་ནས། ལས་སུ་བྱ་བ་ཅི་བྱེད་ཅེ་ན། བསྟན་བཅོས་རྣམ་འགྲེལ་རྩོམ་པའི་བྱ་བ་བྱེད་དོ། །བྱས་པ་ལ། འོ་ན། དེ་དགོས་པ་གང་གི་ཕྱིར་དུ་རྩོམ་ཞེ་ན། དངོས་བསྟན་ཉན་པ་པོའི་སྐྱོན་ངོས་བཟུང་ནས་རང་དོན་གྱི་དགོས་པ་དང༌། ཤུགས་བསྟན་སྣོད་ཀྱི་མཚན་ཉིད་ངོས་བཟུང་ནས་གཞན་དོན་གྱི་དགོས་པ་གཉིས་ཀྱི་ཕྱིར་དུ་རྩོམ་ཞེས་འཆད་པར་བྱེད་པ་ལ། གཞུང་འདི་བྱུང་། འདི་ལ་ཡང༌། དངོས་བསྟན་གྱི་བཤད་པ་དང༌། ཤུགས་བསྟན་གྱི་བཤད་པ་གཉིས། དང་པོ་ལ། སྐྱེ་བོ་ཕལ་ཆེར་ཞེས་པ་ནས། རྩལ་མེད་པས་ན། ཞེས་པའི་བར་གྱིས་ལེགས་བཤད་དང་ཉེས་བཤད་སོ་སོར་འབྱེད་པའི་ཤེས་རབ་ཀྱི་རྩལ་དང་མི་ལྡན་པ་དེ་དངོས་སུ་བསྟན། ལེགས་བཤད་རྣམས་དོན་དུ་མི་གཉེར། ཞེས་པས་ལེགས་བཤད་ལ་དོན་གཉེར་དང་མི་ལྡན་པ་དེ་དངོས་སུ་བསྟན། ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། ཞེས་པས་བློ་གཟུ་བོར་མི་གནས་པ་དེ་བསྟན་ཅིང༌། དེས་ན་ཆོས་གྲགས་རང་ཉིད་ཀྱིས་ཀུན་བཏུས་ལ་སོགས་པའི་ལེགས་བཤད་ལ་བློ་གྲོས་གོང་ནས་གོང་དུ་འཕེལ་བའི་ཕྱིར་དུ་བསྟན་བཅོས་འདི་རྩོམ་ཞེས་འཆད་པར་བྱེད་པ་ལ། སེམས་ནི་ཡུན་རིང་། ཞེས་པ་ནས། དགའ་བ་སྐྱེས། ཞེས་པའི་བར་བྱུང༌། ཤུགས་བསྟན་གྱི་བཤད་པ་ནི། སྐྱེ་བོ་ཕལ་ཆེར། ཞེས་སོགས་ཀྱིས་ཤུགས་ལ་བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ལེགས་བཤད་དང་ཉེས་བཤད་སོ་སོར་འབྱེད་པའི་ཤེས་རབ་ཀྱི་རྩལ་དང་ལྡན་པ་ཞིག་དགོས་སོ། །ཞེས་བསྟན། ལེགས་བཤད་རྣམས་དོན་དུ་མི་གཉེར། ཞེས་པས་ཤུགས་ལ་བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ལེགས་བཤད་ལ་དོན་གཉེར་དང་ལྡན་པ་ཞིག་དགོས་སོ། །ཞེས་བསྟན། ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། ཞེས་པས་ཤུགས་ལ་བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། བློ་གཟུ་བོར་གནས་པ་ཞིག་དགོས་སོ། །ཞེས་བསྟན་ཅིང༌། མཚན་ཉིད་དེ་གསུམ་དང་ལྡན་པའི་ཆེད་དུ་བྱ་བའི་གདུལ་བྱ་ཞིག་གི་ཆེད་དུ་རྩོམ་ཞེས་པ་ལ། སེམས་ནི། ཞེས་པ་ནས། དགའ་བ་སྐྱེས་ཞེས་པའི་བར་བྱུང༌། འོ་ན། ཕལ་ཆེར། ཞེས་སྨོས་པ་ལ་དགོས་པ་གང་ཡོད་ཅེ་ན། དགོས་པ་ཡོད་དེ། སྐྱེ་བོ་ཕལ་ཆེར་སྣོད་ཀྱི་མཚན་ཉིད་གསུམ་དང་མི་ལྡན་ཅིང༌། སྐྱོན་གསུམ་དང་མ་བྲལ་ཡང༌། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེ། སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང་མཚན་ཉིད་གསུམ་དང་ལྡན་པས་དེའི་ཕྱིར་དུ་བསྟན་བཅོས་འདི་རྩོམ་མོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འོ་ན། ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། ཞེས་པ་ལ་དགོས་པ་གང་ཡོད་ཅེ་ན། དགོས་པ་ཡོད་དེ། ཚད་མ་ཀུན་ལས་བཏུས་པ་དེ། ཚིག་བརླིང་ཞིང་དོན་ཟབ་པས་ན་དེ་མ་རྟོགས་པའི་སྐྱེ་བོ་རྣམས་ཀྱིས་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སྨོད་པ་ལ་སོགས་པ་ཡོད་པས། དེ་འདྲའི་སྐྱེ་བོ་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ནས་བརྩམས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། ཚད་མ་རྣམ་ངེས་ལས། གང་ལ་འཕགས་པ་ཉིད་བྱོན་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །འཇིག་རྟེན་བློ་གྲོས་བླུན་པོ་དེས་ནི་འདིའི་ཚིག་བརླིང་པ་གསལ་བར་མི་ཤེས་པས། །ཉེར་བརྟེན་འཇིག་རྟེན་རྒྱས་མཛད་དེ་ལ་རྨོངས་པས་ཅུང་ཟད་སྨད་བྱས་ན་འང༌། །དོན་མིན་སྐྱེ་བར་འགྱུར་བ་ཡིན་པས་བརྩེ་བས་དེ་ཡི་ལུགས་ནི་གསལ་བར་བྱ། །ཞེས་གསུངས་པའི་ཕྱིར། འོ་ན། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་སོགས་ཀྱི་གཞུང་དང་པོར་སྨོས་ནས། དེའི་མཇུག་ཏུ་སྐྱེ་བོ་ཕལ་ཆེར་ཞེས་སོགས་ཀྱི་གཞུང་སྨོས་པའི་རྒྱུ་མཚན་གང་ཞེ་ན། རྒྱུ་མཚན་ཡོད་དེ། གཞུང་དང་པོའི་སྐབས་སུ་བསྟེན་བྱ་དགེ་བའི་བཤེས་གཉེན་བསྟན་ནས། གཉིས་པའི་སྐབས་སུ་སྟེན་བྱེད་སློབ་མའི་མཚན་ཉིད་ལ་སོགས་པ་འཆད་པ་ཡིན་པའི་ཕྱིར། འོ་ན། བསྟེན་བྱ་དགེ་བའི་བཤེས་གཉེན་དེ་གང་ཞེ་ན། དེ་བཞག་ཏུ་ཡོད་དེ། རང་གཞན་གྱི་དོན་སྒྲུབ་པའི་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པའི་ཐེག་ཆེན་གྱི་བཤེས་གཉེན་དེ་སྐབས་འདིར་བསྟན་གྱི་བསྟེན་བྱ་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར། སྟེན་བྱེད་སློབ་མ་དེ་གང་ཞེ་ན། འདི་ལ་བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དང་འདིའི་སྣོད་ལྡན་གྱི་གདུལ་བྱའི་དབང་དུ་བྱས་ནས། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བརྗོད། །ཅེས་གསུངས་པའི་ཕྱིར། འདིས་སྣོད་ཀྱི་ཡོན་ཏན་གསུམ་དངོས་སུ་བསྟན་ནས། སྣོད་ཀྱི་སྐྱོན་གསུམ་ཤུགས་ལ་བསྟན་པ་ཡིན་ལ། དེ་ལྟར་ན། རྣམ་འགྲེལ་རང་ཉིད་ཀྱི་ཆེད་དུ་བརྩམས་ཤིང་འདིར་བསྟན་སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང༌། མཚན་ཉིད་གསུམ་དང་ལྡན་པ་ཡང་ཡིན། བསྟན་བཅོས་འདི་ལ་བརྟེན་ནས་བསྟན་བཅོས་འདིའི་ཚིག་དོན་མཐའ་དག་བདེ་བླག་ཏུ་རྟོགས་ནུས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་བསྟན་བཅོས་འདིའི་གདུལ་བྱ་དེ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་ངོ་བོ་ཡིན་ལ། འདིར་བསྟན་སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང༌། ཡོན་ཏན་གསུམ་དང་ལྡན་པའི་བསྟན་བཅོས་འདིའི་གདུལ་བྱ་དེ། བསྟན་བཅོས་འདིའི་གདུལ་བྱ་སྣོད་ལྡན་གྱི་ངོ་བོ་ཡིན། འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ས་དང་པོ་སོགས་མ་ཐོབ་པས་ཁྱབ་སྟེ། ཐལ་འགྱུར་བའི་སྐབས་སུ། དབུ་མ་འཇུག་པའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ས་དང་པོ་སོགས་མ་ཐོབ་པས་ཁྱབ་པའི་ཕྱིར་ཏེ། དབུ་མ་འཇུག་པ་ལས། རིམ་གྱིས་རབ་ཏུ་དགའ་བའི་ས་ནི་ཐོབ་འགྱུར་བས། །ཞེས་དེའི་ཆེད་དུ་བྱ་བའི་གདུལ་བྱ་དེ། ས་དང་པོ་ཐོབ་འགྱུར་དུ་བསྟན་པའི་ཕྱིར། དེ་ལྟར་ན། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ནི་འདིའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་བྱང་སེམས་ཚོགས་ལམ་པ་ལྟ་བུ་དེ་ཡིན་ལ། དེ་ལྟར་ན། འདིའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་བྱང་སེམས་ཚོགས་ལམ་ཆེན་པོ་བ་དེས། བསྟན་བཅོས་འདི་ཉན་པའི་ཚུལ་བཞག་ཏུ་ཡོད་དེ། དེས་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས། ཤའི་མིག་དང༌། ལྷའི་མིག་གིས་བསྟན་བཅོས་འདི་སྟོན་པའི་གནས་དང༌། བསྟན་བཅོས་འདི་སྟོན་པའི་དགེ་བའི་བཤེས་གཉེན་ཆོས་གྲགས་ལྟ་བུ་མཐོང་བར་བྱེད། རྫུ་འཕྲུལ་གྱིས་དེར་འགྲོ། དེ་ན་བཞུགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་ཕྱག་དང་བསྐོར་བ་ལ་སོགས་པ་མཛད། དེ་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་སྒོ་ནས་བསྟན་བཅོས་འདིར་བསྟན་པའི་ལམ་གྱི་རིམ་པ་ལ་སོགས་པ་མ་ཐོབ་པ་རྣམས་ཐོབ་པར་བྱེད་པ། ཐོབ་པ་རྣམས་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་དུ་ཉན་པ་ཡིན་པའི་ཕྱིར།

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། བསྟན་བཅོས་འདིའི་ཉིང་དགོས་དང༌། ཀུན་བཏུས་ཀྱི་ཉིང་དགོས་གཉིས་འགལ་བ་ཡིན་ནོ། །ཟེར་ན། བསྟན་བཅོས་འདི་ལ་བརྟེན་ནས་ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་ཉམས་སུ་བླངས་པ་ལ་བརྟེན་ནས་ཐོབ་པའི་རྣམ་མཁྱེན་ཆོས་ཅན། ཀུན་བཏུས་ཀྱི་ཉིང་དགོས་མ་ཡིན་པར་ཐལ། བསྟན་བཅོས་འདིའི་ཉིང་དགོས་ཡིན་པའི་ཕྱིར། རྟགས་ཀྱང་གྲུབ། གསལ་བ་ལ་འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་གཉིས་ཀྱི་ཉིང་དགོས་འགལ་བར་ཐལ། དེ་གཉིས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་གཉིས་འགལ་བའི་ཕྱིར། ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་གཉིས་དབང་པོའི་སྒོ་ནས་འགལ་བའི་ཕྱིར་ཏེ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེ་ཀུན་བཏུས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལས་དབང་པོ་བརྟུལ་བ་ཡིན་པའི་ཕྱིར་ཏེ། གཅིག་ཤོས་དེའི་ཆེད་དུ་བྱ་བའི་གདུལ་བྱ་དེས། ཀུན་བཏུས་རྐྱང་པ་ལ་བརྟེན་ནས་ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་ནུས་ལ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེས་དེ་རྐྱང་པ་ལ་བརྟེན་ནས་དེ་ལྟར་རྟོགས་མི་ནུས་པའི་ཕྱིར་ཏེ། བསྟན་བཅོས་འདི་ལ་བརྟེན་ནས་དེ་ལྟར་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཁ་ཅིག །བསྟན་བཅོས་འདིའི་ཉིང་དགོས་དེ་ལ། འདིའི་གནས་སྐབས་ཀྱི་ཉིང་དགོས་དང། མཐར་ཐུག་གི་ཉིང་དགོས་གཉིས་སུ་གྲངས་ངེས་ཟེར་ན། འོ་ན། བསྟན་བཅོས་འདིའི་གནས་སྐབས་ཀྱི་ཉིང་དགོས་ཡིན་ན། འདིའི་ཉིང་དགོས་ཡིན་དགོས་པར་ཐལ། གྲངས་ངེས་འཐད་པའི་ཕྱིར། འདོད་ན། བསྟན་བཅོས་འདི་ལ་བརྟེན་ནས་ཐོབ་པའི་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མཐར་ཐུག་གི་ཡོན་ཏན་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །བསྟན་བཅོས་འདིའི་ཉིང་དགོས་འདིའི་གནས་སྐབས་ཀྱི་དགོས་པ་ལ་འབྲེལ། དེ་བསྟན་བཅོས་འདི་ལ་འབྲེལ་བའི་འབྲེལ་པ་དེ་བསྟན་བཅོས་འདིའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་འབྲེལ་པ་ཡིན་ནོ། །ཟེར་ན། དེ་ཆོས་ཅན། དེ་བྱུང་གི་འབྲེལ་པ་ཡིན་པར་ཐལ། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་འབྲེལ་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བསྟན་བཅོས་འདིའི་ཉིང་དགོས་སུ་གྱུར་པའི་ངོ་བོ་ཉིད་སྐུ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བསྟན་བཅོས་འདིའི་ཉིང་དགོས་སུ་གྱུར་པའི་ངོ་བོ་ཉིད་སྐུ་འདིའི་གནས་སྐབས་ཀྱི་དགོས་པར་གྱུར་པའི་འགོག་བདེན་ལ་འབྲེལ། དེ་བསྟན་བཅོས་འདི་ལ་འབྲེལ་བའི་འབྲེལ་པ་དེ་ཆོས་ཅན། དེ་བྱུང་གི་འབྲེལ་པ་ཡིན་པར་ཐལ། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་འབྲེལ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར། མ་གྲུབ་བྱས་པ་ལ། དེ་འདྲའི་འབྲེལ་པ་དེ་དེ་ཡིན་པར་ཐལ། བསྟན་བཅོས་འདིའི་ཉིང་དགོས་སུ་གྱུར་པའི་ངོ་བོ་ཉིད་སྐུ་དེ། བསྟན་བཅོས་འདིའི་ཉིང་དགོས་དང༌། བསྟན་བཅོས་འདིའི་དགོས་པར་གྱུར་པའི་འགོག་བདེན་དེ། བསྟན་བཅོས་འདིའི་གནས་སྐབས་ཀྱི་དགོས་པ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ་བོ། །ཁ་ཅིག །བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེ། དགོས་འབྲེལ་གྱི་ངག་འདི་ལ་བརྟེན་ནས། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་སྐྱེ་བའི་སྒོ་ནས། བསྟན་བཅོས་འདི་ལ་ཐོས་སོགས་ཀྱིས་འཇུག་པ་ཡིན་ནོ། །ཟེར་ན། འོ་ན། འདིའི་ཆེད་དུ་བྱ་བའི་གདུལ་བྱས། དགོས་འབྲེལ་གྱི་ངག་འདི་ལ་བརྟེན་ནས་འདིའི་དགོས་སོགས་ཆོས་བཞི་ཡོད་པར་ཚད་མས་རྟོགས་མི་ནུས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། སྤྱིར་དགོས་འབྲེལ་གྱི་ངག་འདི་ལ་བརྟེན་ནས། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་ཚད་མས་རྟོགས་ནུས་པའི་ཕྱིར་ཏེ། དགོས་འབྲེལ་གྱི་ངག་འདིས། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་ཡོད་པར་སྒྲུབ་པའི་རིགས་པ་ཡང་དག་གཅིག་བསྟན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་ཡོད་ཅེས་པའི་ངག་ལ་བརྟེན་ནས། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་ཡོད་པར་ཚད་མས་རྟོགས་ནུས་པར་ཐལ། དགོས་འབྲེལ་གྱི་ངག་ལ་དེའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། སྒྲ་མི་རྟག་ཅེས་པའི་ངག་ལ་བརྟེན་ནས། སྒྲ་མི་རྟག་པར་ཚད་མས་རྟོགས་ནུས་པར་ཐལ་ལོ། །ཁ་ཅིག །འདིར་བསྟན་སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང་ཡོན་ཏན་གསུམ་དང་ལྡན་པའི་བསྟན་བཅོས་འདིའི་གདུལ་བྱ་དེ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་མཚན་ཉིད་ཟེར་ན། སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང་ཡོན་ཏན་གསུམ་དང་ལྡན་པའི་ཀུན་བཏུས་ཀྱི་གདུལ་བྱ་དེ་ཡིན་ན། ཀུན་བཏུས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་དགོས་པར་ཐལ། མཚན་ཉིད་འཐད་པའི་ཕྱིར། འདོད་ན། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཀུན་བཏུས་དེ་བསྟན་བཅོས་འདིའི་བཤད་བྱ་རྩ་བའི་བསྟན་བཅོས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེས་ཀུན་བཏུས་རྐྱང་པ་ལ་བརྟེན་ནས། ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་ནུས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་རྣམ་འགྲེལ་ལ་བརྟེན་ནས་དེ་ལྟར་རྟོགས་དགོས་པའི་ཕྱིར། བྱས་པ་ལ། དེ་གཉིས་ཀྱི་གདུལ་བྱ་སྣོད་ལྡན་གཉིས་འགལ་བར་ཐལ། དེ་གཉིས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་འགལ་བའི་ཕྱིར། ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། འདིར་བསྟན་སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང་ཡོན་ཏན་གསུམ་དང་ལྡན་པའི་དེ་གཉིས་ཀྱི་གདུལ་བྱ་མི་འགལ་བའི་ཕྱིར།

༈ རང་ལུགས་བཞག་པ་ལ། སྤྱིར་ངག་ཙམ་ལ་ཡོད་པའི་དགོས་སོགས་ཆོས་བཞི། དགོས་འབྲེལ་གྱི་ངག་ལ་ཡོད་པའི་དགོས་སོགས་ཆོས་བཞི། བསྟན་བཅོས་ལུས་ལ་ཡོད་པའི་དགོས་སོགས་ཆོས་བཞི་བཤད་པ་དང་གསུམ། དང་པོ་ནི། བུམ་ནང་གི་ཆུ་དེ་བུམ་ཆུ་ཁྱེར་ཤོག་ཅེས་པའི་ངག་འདིའི་བརྗོད་བྱ་ཡིན་ལ། ངག་དེ་ལ་བརྟེན་ནས། ཆུ་ཁྱེར་འོངས་པ་དེ། དེའི་གནས་སྐབས་ཀྱི་དགོས་པ། སྐོམ་པས་གདུང་བའི་གང་ཟག་དེས་ཆུ་བཏུང་པ་ལ་བརྟེན་ནས་སྐོམ་པ་དང་བྲལ་བའི་བདེ་བ་སྐྱེས་པ་དེ་ངག་དེའི་ཉིང་དགོས་དང༌། དེའི་ཉིང་དགོས་སུ་གྱུར་པའི་དངོས་པོ་དེའི་གནས་སྐབས་ཀྱི་དགོས་པར་གྱུར་པའི་དངོས་པོ་ལ་འབྲེལ། དེ་ངག་དེ་ལ་འབྲེལ་བའི་འབྲེལ་པ་དེ། ངག་དེའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་འབྲེལ་པ་ཡིན་ནོ། །གཉིས་པ་བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་པོ་དེ། དགོས་འབྲེལ་གྱི་ངག་འདིའི་བརྗོད་བྱ། དགོས་འབྲེལ་གྱི་ངག་འདི་ལ་བརྟེན་ནས། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ། བསྟན་བཅོས་འདི་ལ་ཐོས་བསམ་སོགས་ཀྱིས་འཇུག་པའི་བློ་དེ་དེའི་གནས་སྐབས་ཀྱི་དགོས་པ། དགོས་འབྲེལ་གྱི་ངག་ལ་བརྟེན་ནས་བསྟན་བཅོས་འདིའི་ཚིག་དོན་མཐའ་དག་ཡོད་པར་རྟོགས་པའི་ཚད་མ་དེ། དགོས་འབྲེལ་གྱི་ངག་འདིའི་ཉིང་དགོས། དགོས་འབྲེལ་གྱི་ངག་དེའི་ཉིང་དགོས་སུ་གྱུར་པའི་ཚད་མ། དེའི་གནས་སྐབས་ཀྱི་དགོས་པར་གྱུར་པའི་ཤེས་པ་ལ་འབྲེལ། དེ་དགོས་འབྲེལ་གྱི་ངག་འདི་ལ་འབྲེལ་བའི་འབྲེལ་པ་དེ། དགོས་འབྲེལ་གྱི་ངག་འདིའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་འབྲེལ་པ་ཡིན་ནོ། །གསུམ་པ་བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་བཤད་པ་ནི། སྤྱིར་ཀུན་ལས་བཏུས་ཀྱི་ཚིག་དོན་མཐའ་དག་དང༌། རྟོག་གེའི་ཚིག་དོན་བརྒྱད། བསྟན་བཅོས་འདིའི་བརྗོད་བྱ་ཡིན་ལ། དེར་མ་ཟད། ཚད་མའི་མཚན་ཉིད་དབྱེ་བ་ལ་སོགས་པ་ཡང༌། བསྟན་བཅོས་འདིའི་བརྗོད་བྱ་ཡིན་ཏེ། བསྟན་བཅོས་འདིས། ཚད་མའི་མཚན་ཉིད་དབྱེ་བ་ལ་སོགས་པ་རྒྱས་པར་བསྟན་པའི་ཕྱིར། འོ་ན། དེ་ལྟར་བསྟན་པ་ལ་དགོས་པ་གང་ཡོད་ཅེ་ན། དགོས་པ་ཡོད་དེ། སྡུག་བསྔལ་བདེན་པས་བསྡུས་པའི་འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གསུམ་དང༌། དེའི་རྒྱུ་ལས་དང་ཉོན་མོངས་པ་སྤང་བྱ་ཡིན་ལ། དེ་ལྟ་བུའི་ལས་དང་ཉོན་མོངས་པ་སྤངས་པའི་ལམ་དང་། སྤངས་པ་ལ་སོགས་པ་ཐོབ་བྱ་ཡིན་པས། དེ་རྣམས་ཐོབ་པ་དེ་ཚད་མ་ལ་རག་ལས་པའི་རྒྱུ་མཚན་གྱིས་དེ་ལྟར་བསྟན་པའི་ཕྱིར། དེ་ལྟར་ཚད་མ་ལ་རག་ལས་པ་ཡང་ཡིན་ཏེ། དེ་ལྟ་བུའི་ལས་དང་ཉོན་མོངས་པ་སྤངས་པའི་ལམ་དང༌། སྤངས་པ་ལ་སོགས་པ་ཐོབ་པ་ལ། དེ་ལྟ་བུའི་ཉོན་མོངས་པ་སྤོང་བ་དང༌། དེ་སྤོང་བའི་ལམ་ཉམས་སུ་ལེན་པའི་བླང་དོར་ལ་འཇུག་དགོས་ཏེ། དེ་ལྟར་འཇུག་པ་ལ། ཉོན་མོངས་པ་སྤངས་པའི་ལམ་ཐོབ་པའི་ཐབས་ཚད་མས་ཤེས་དགོས་པའི་ཕྱིར་ཏེ། དེ་སྐད་དུ་ཡང༌། ཚད་མ་རྣམ་ངེས་ལས། ཕན་པ་དང་མི་ཕན་པ། ཐོབ་པ་དང་སྤོང་བ་ནི། ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ན། མི་མཁས་པ་རྣམས་ལ་བསྟན་པའི་དོན་དུ་འདི་བརྩམས་སོ། །ཞེས་གསུངས་པའི་ཕྱིར། བསྟན་བཅོས་འདི་ལ་བརྟེན་ནས། ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་པའི་ཚད་མ་དེ་བསྟན་བཅོས་འདིའི་གནས་སྐབས་ཀྱི་དགོས་པ་ཡིན་ལ། འདིའི་གནས་སྐབས་ཀྱི་དགོས་པ་དང༌། གནས་སྐབས་ཀྱི་ཡོན་ཏན་དོན་གཅིག །འདི་ལ་བརྟེན་ནས་ཐོབ་པའི་རྣམ་མཁྱེན་དེ། འདིའི་ཉིང་དགོས་ཡིན་ལ། འདི་དང་འདིའི་མཐར་ཐུག་གི་ཉིང་དགོས། དགོས་པ་མཐར་ཐུག་སོགས་དོན་གཅིག །དེ་ལྟར་ན། འདིའི་ཉིང་དགོས་སུ་གྱུར་པའི་རྣམ་མཁྱེན། འདིའི་གནས་སྐབས་ཀྱི་དགོས་པར་གྱུར་པའི་བྱང་སེམས་ཀྱི་མཁྱེན་པ་ལ་འབྲེལ། དེ་འདི་ལ་འབྲེལ་བའི་འབྲེལ་པ་དེ། འདིའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་འབྲེལ་པ་ཡིན་ནོ། །ངག་དོན་ནི། དངོས་བསྟན་གྱི་དབང་དུ་བྱས་པ་དང༌། ཤུགས་བསྟན་གྱི་དབང་དུ་བྱས་པ་གཉིས། དང་པོ་ནི། དཔལ་ལྡན་ཆོས་གྲགས་ཀྱིས་བསྟན་བཅོས་འདི་གཙོ་བོར་གཞན་དོན་དུ་མི་རྩོམ་པའི་རྒྱུ་མཚན་ཡོད་དེ། འདི་ཉན་པ་པོའི་སྐྱེ་བོ་ཕལ་ཆེར་སྣོད་ཀྱི་སྐྱོན་གསུམ་དང་མ་བྲལ་བས་དེའི་ཕྱིར་དུ་མི་རྩོམ་མོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བརྩམས་པ་ལ་དགོས་པ་ཡོད་དེ། ཆོས་གྲགས་རང་ཉིད་ཀུན་བཏུས་ལ་སོགས་པའི་ལེགས་བཤད་ལ་བློ་གྲོས་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། དངོས་བསྟན་སྒྲ་ཇི་བཞིན་པ་ཁས་མི་ལེན་ཏེ། དཔལ་ལྡན་ཆོས་གྲགས་དེ་གཞན་དོན་གཙོ་བོར་བྱེད་པའི་སྐྱེས་བུ་ཡིན་པའི་ཕྱིར་ཏེ། དེ་ས་བཅུ་པ་ཐོབ་པའི་སྐྱེས་བུ་ཡིན་པའི་ཕྱིར། ཤུགས་བསྟན་གྱི་དབང་དུ་བྱས་ནས་དཔལ་ལྡན་ཆོས་གྲགས་ཀྱིས་བསྟན་བཅོས་འདི་ཁོ་རང་གི་ཆེད་དུ་བྱ་བའི་གདུལ་བྱའི་ཆེད་དུ་བརྩམས་པའི་རྒྱུ་མཚན་ཡོད་དེ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེ། ཀུན་བཏུས་ལ་སོགས་པའི་ལེགས་བཤད་ལ་བློ་གྲོས་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར།

༈ རྩོད་པ་སྤང་པ་ལ། ཁ་ཅིག་ན་རེ། བསྟན་བཅོས་འདི་ལ་བརྟེན་ནས་ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་པའི་ཚད་མ་ཆོས་ཅན། སེམས་ཅན་གྱི་རྒྱུད་ཀྱི་ཚད་མ་ཡིན་པར་ཐལ། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་གནས་སྐབས་ཀྱི་དགོས་པར་གྱུར་པའི་ཚད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བསྟན་བཅོས་འདི་ལ་བརྟེན་ནས་ཐོབ་པའི་རྣམ་མཁྱེན་ཁྱོད་ཡིན་པའི་ཕྱིར། མ་གྲུབ་བྱས་པ་ལ། དེར་ཐལ། དེ་འདྲའི་རྣམ་མཁྱེན་དེས། ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་པ་གང་ཞིག །བསྟན་བཅོས་འདི་ལ་མ་བརྟེན་པར་ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་པའི་ཚད་མ་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་བྱས་པ་ལ། འོ་ན། དེ་བསྟན་བཅོས་འདི་ལ་མ་བརྟེན་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་དེ་ལ་ལྟོས་པའི་ཕྱིར་ཏེ། དེའི་འབྲས་བུ་ཡིན་པའི་ཕྱིར། གཞན་ཡང༌། དེ་འདྲའི་རྣམ་མཁྱེན་དེས། བསྟན་བཅོས་འདི་ལ་བརྟེན་ནས་ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་པར་ཐལ། དེས་བསྟན་བཅོས་འདི་ལ་བརྟེན་ནས་ཆོས་ཐམས་ཅད་རྟོགས་པའི་ཕྱིར་ཏེ། བསྟན་བཅོས་འདི་ལ་བརྟེན་ནས་རྣམ་མཁྱེན་ཐོབ་པའི་སངས་འཕགས་དེས། བསྟན་བཅོས་འདི་ལ་བརྟེན་ནས་ཆོས་ཐམས་ཅད་རྟོགས་པའི་ཕྱིར་ཏེ། དེ་འདྲའི་སངས་འཕགས་དེ། བསྟན་བཅོས་འདི་ལ་བརྟེན་ནས་ཆོས་ཐམས་ཅད་རྟོགས་པའི་རྣམ་མཁྱེན་ཐོབ་པའི་གང་ཟག་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། དེ་འདྲའི་སངས་འཕགས་དེས། ཆོས་ཐམས་ཅད་ལུང་ལ་བརྟེན་ནས་རྟོགས་པར་ཐལ། དེས་ཆོས་ཐམས་ཅད་བསྟན་བཅོས་འདི་ལ་བརྟེན་ནས་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཐམས་ཅད་རང་དབང་གིས་རྟོགས་པའི་ཕྱིར་ཏེ། སངས་འཕགས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། སངས་འཕགས་ཀྱིས་གདུལ་བྱ་ལ་ཆོས་འཁོར་རང་དབང་གིས་མ་བསྐོར་བར་ཐལ། དེས་ཐབས་རྣམ་མཁྱེན་ལ་བརྟེན་ནས་བསྐོར་བའི་ཕྱིར། ཁྱབ་པ་ཁས། ཟེར་ན་འདིར་མ་ཁྱབ། འདོད་མི་ནུས་ཏེ། དེས་གདུལ་བྱ་ལ་ཆོས་འཁོར་རང་སྟོབས་ཀྱིས་བསྐོར་བའི་ཕྱིར། སྔར་གྱི་ཚིག་སྐྱོན་གཅོད་པའི་དབང་དུ་བྱས་ན། བསྟན་བཅོས་འདི་ལ་བརྟེན་ནས་ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་པའི་སེམས་ཅན་གྱི་རྒྱུད་ཀྱི་ཚད་མ་དེ། བསྟན་བཅོས་འདིའི་གནས་སྐབས་ཀྱི་དགོས་པར་གྱུར་པའི་ཚད་མར་ཁས་ལེན་པར་བྱའོ། །

རང་དོན་ལེའུའི་ལུས་རྣམ་གཞག་བཤད་པ།

གཞུང་གི་འཕྲོས་ཚུལ་དང་མཐའ་དཔྱད་པ།

༈ ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་པའི་གཞུང་འདི་གང་ལས་འཕྲོས་ན། འདི་ལ་དགའ་བ་སྐྱེས་ཞེས་པའི་སྐབས་སུ། བསྟན་བཅོས་འདི་ཀུན་བཏུས་ཀྱི་དགོངས་འགྲེལ་དུ་རྩོམ་ཞེས་པ་ལ། ཁོ་ན་རེ། བསྟན་བཅོས་འདི་ཀུན་བཏུས་ཀྱི་དགོངས་འགྲེལ་ཡིན་པ་མི་འཐད་པར་ཐལ། བསྟན་བཅོས་འདི་དང་ཀུན་ལས་བཏུས་གཉིས་ལེའུའི་གྲངས་ཀྱང་མི་མཐུན། གོ་རིམ་ཡང་མི་མཐུན་པའི་ཕྱིར། གྲངས་མི་མཐུན་ཏེ། ཀུན་བཏུས་སུ་ལེའུ་དྲུག་གསུངས། འདིར་ལེའུ་བཞི་ལས་མ་གསུངས་པའི་ཕྱིར། གོ་རིམ་མི་མཐུན་ཏེ། ཀུན་བཏུས་སུ་མངོན་སུམ་གྱི་ལེའུ་དང་པོར་གསུངས། འདིར་རང་དོན་རྗེས་དཔག་གི་ལེའུ་དང་པོར་གསུངས་པའི་ཕྱིར་ཟེར་ན། འདི་གཉིས་ལེའུའི་གྲངས་ཀྱང་མི་མཐུན། གོ་རིམ་ཡང་མི་མཐུན་པའི་རྒྱུ་མཚན་གྱིས། བསྟན་བཅོས་འདི་ཀུན་བཏུས་ཀྱི་དགོངས་འགྲེལ་མ་ཡིན་པར་ཐལ་བའི་སྐྱོན་མེད་དེ། ཀུན་བཏུས་ཀྱི་དཔེ་བརྟག་པ་དང༌། སེལ་བ་བརྟག་པའི་ལེའུའི་བརྗོད་བྱ་གཉིས། འདིར་རང་དོན་རྗེས་དཔག་གི་ལེའུའི་བརྗོད་བྱའི་ནང་དུ་འདུ། ལྟག་ཆོད་བརྟག་པའི་ལེའུའི་བརྗོད་བྱ་དེ། འདིར་གཞན་དོན་རྗེས་དཔག་གི་ལེའུའི་བརྗོད་བྱའི་ནང་དུ་འདུས་པའི་ཕྱིར། འོ་ན། དེ་ལྟར་ཡིན་ན། བསྟན་བཅོས་འདིའི་ལེའུ་དེ་ལ། ལེའུ་གསུམ་དུ་གྲངས་ངེས་པར་འགྱུར་རོ། །ཞེ་ན། མི་འགྱུར་ཏེ། ཀུན་བཏུས་ཀྱི་མཆོད་བརྗོད་ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། ཞེས་སོགས་ཚིག་རྐང་གཉིས་ཀྱི་དོན་རྟོགས་དཀའ་བས། དེའི་དགོངས་པ་འགྲེལ་བ་ལ། ཚད་མ་གྲུབ་པའི་ལེའུ་ཟུར་དུ་མཛད་པ་ཡིན་པའི་ཕྱིར། །དེ་ལྟར་ན། བསྟན་བཅོས་འདིའི་ལེའུ་དེ་ལ། ལེའུ་བཞི་པོ་འདིར་གྲངས་ངེས་པ་ཡིན་ཏེ། བསྟན་བཅོས་འདིའི་བརྗོད་བྱ་དེ་ལ། ཐར་པ་དང་ཐམས་ཅད་མཁྱེན་པ་ལམ་དང་བཅས་པ་དང༌། དེ་ཐོབ་བྱེད་ཀྱི་ཐབས་གཉིས་སུ་ངེས་ལ། དང་པོ་འཆད་པར་བྱེད་པ་ལ། ཚད་མ་གྲུབ་པའི་ལེའུ་གསུངས། གཉིས་པ་ལ། རང་ཉིད་ཀྱིས་ངེས་པའི་ཐབས་དང་། ངེས་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་གཉིས། དང་པོ་ལ། ལྐོག་ཏུ་གྱུར་པའི་ཚུལ་གྱིས་ངེས་པའི་ཐབས་དང༌། མངོན་དུ་གྱུར་པའི་ཚུལ་གྱིས་ངེས་པའི་ཐབས་གཉིས། དང་པོ་འཆད་པར་བྱེད་པ་ལ། རང་དོན་ལེའུ་གསུངས། གཉིས་པ་འཆད་པར་བྱེད་པ་ལ་མངོན་སུམ་ལེའུ་གསུངས། ངེས་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་འཆད་པར་བྱེད་པ་ལ། གཞན་དོན་ལེའུ་གསུངས་པའི་ཕྱིར། །འོ་ན། ལེའུ་བཞི་པོ་འདིའི་གོ་རིམ་འདི་ལྟར་དུ་སྟོན་པའི་རྒྱུ་མཚན་གང་ཞེ་ན། རྒྱུ་མཚན་ཡོད་དེ། བསྟན་བཅོས་འདིར་རང་རེའི་བསྟན་པ་དང་སྟོན་པ་སྐྱོན་མེད་དུ་དངོས་སྟོབས་ཀྱི་རིགས་པས་སྒྲུབ་པའི་སྒོ་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་ལམ་དང་བཅས་པ་རིགས་པས་གཏན་ལ་འབེབ་པར་བྱེད་པ་ཡིན་ལ། དེ་གཏན་ལ་འབེབས་པ་ལ་ཡང༌། དེ་གཏན་ལ་འབེབ་བྱེད་ཀྱི་ཚད་མ་རང་རྒྱུད་ལ་སྐྱེ་དགོས། དེ་ལ་ཡང་ཚད་མའི་མཚན་ཉིད་དབྱེ་བ་ལ་སོགས་པ་ཤེས་དགོས་པས། ཚུར་མཐོང་རྣམས་ཀྱིས་ཚད་མའི་མཚན་ཉིད་དབྱེ་བ་ལ་སོགས་པ་ཤེས་པ་དེ། དང་པོར་རྗེས་དཔག་ལ་རག་ལས་པའི་རྒྱུ་མཚན་གྱིས། དང་པོར་རང་དོན་ལེའུ་བསྟན་པའི་ཕྱིར། དེའི་རྗེས་སུ་ཚད་མ་གྲུབ་པའི་ལེའུ་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་ལྟར་གཏན་ལ་འབེབ་བྱེད་ཀྱི་ཚད་མ་རང་རྒྱུད་ལ་སྐྱེས་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་ལམ་དང་བཅས་པ་ཁོ་རང་གིས་ཤེས་དགོས་པའི་རྒྱུ་མཚན་གྱིས། དེ་ལྟར་བསྟན་པའི་ཕྱིར། དེའི་རྗེས་སུ་མངོན་སུམ་ལེའུ་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་ལྟར་ཤེས་པ་ཙམ་གྱིས་མི་ཆོག་པར་མངོན་སུམ་གྱིས་ཤེས་དགོས་སོ། །ཞེས་ཤེས་པར་བྱ་བའི་ཆེད་དུ་དེ་ལྟར་བསྟན་པའི་ཕྱིར། དེའི་རྗེས་སུ་གཞན་དོན་ལེའུ་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་ལྟར་མངོན་སུམ་གྱིས་ངེས་ནས་མཐར་གདུལ་བྱ་གཞན་ལ་སྟོན་དགོས་པའི་རྒྱུ་མཚན་གྱིས། དེ་ལྟར་བསྟན་པའི་ཕྱིར། འོ་ན། བསྟན་བཅོས་འདིར་རང་དོན་རྗེས་དཔག་གི་ལེའུ་དང་པོར་བསྟན། ཀུན་བཏུས་སུ་མངོན་སུམ་གྱི་ལེའུ་དང་པོར་བསྟན་པས། འདི་གཉིས་ལེའུའི་གོ་རིམ་མི་མཐུན་པར་འགྱུར་ལ། དེ་ལྟར་ན་བསྟན་བཅོས་འདི་ཀུན་བཏུས་ཀྱི་དགོངས་འགྲེལ་མ་ཡིན་པར་འགྱུར་རོ། །ཞེ་ན། སྐྱོན་མེད་དེ། ཀུན་བཏུས་སུ་རྒྱུད་ལ་སྐྱེ་བའི་རིམ་པའི་དབང་དུ་བྱས་ནས་དེ་ལྟར་བསྟན། འདིར་དགོས་པའི་དབང་གིས་དེ་ལྟར་བསྟན་པའི་ཕྱིར། རྒྱུད་ལ་སྐྱེ་ཚུལ་ཡང༌། སྒྲ་འཛིན་དབང་མངོན་ལ་བརྟེན་ནས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐྱེ་བ་ལྟ་བུ་ལ་བྱེད་པ་ཡིན་ཅིང༌། སྒྲ་མི་རྟག་རྟོགས་ཀྱི་མངོན་སུམ་ལ་བརྟེན་ནས། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐྱེ་བ་ལྟ་བུ་ལ་བྱེད་པ་མ་ཡིན་ཏེ། སྒྲ་མི་རྟག་རྟོགས་ཀྱི་མངོན་སུམ་རང་རྒྱུད་ལ་སྐྱེ་བ་ལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་རང་རྒྱུད་ལ་སྐྱེ་བ་སྔོན་དུ་འགྲོ་དགོས་པའི་ཕྱིར། འདིར་དགོས་པའི་དབང་གིས་རང་དོན་རྗེས་དཔག་དང་པོར་སྟོན་པའི་རྒྱུ་མཚན་ཡོད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མའི་མཚན་ཉིད་དབྱེ་བ་ལ་སོགས་པ་རིགས་པ་དང་ལྡན་པ་དང༌། ཕྱི་རོལ་མུ་སྟེགས་པས་བྱས་པའི་ཚད་མའི་མཚན་ཉིད་དབྱེ་བ་ལ་སོགས་པ་རིགས་པ་དང་མི་ལྡན་པར་རྣམ་པར་འབྱེད་པ་དེ་ཚུར་མཐོང་རྣམས་ཀྱིས་དང་པོར་རྗེས་དཔག་ལ་རག་ལས་པའི་རྒྱུ་མཚན་གྱིས་དེ་ལྟར་བསྟན་པའི་ཕྱིར་ཏེ། དེ་སྐད་དུ་ཡང༌། རང་འགྲེལ་ལས། དོན་དང་དོན་མིན་པ་རྣམ་པར་འབྱེད་པ་ནི། རྗེས་སུ་དཔག་པ་ལ་བརྟེན་ནས་ཡིན་ལ། ཞེས་དང༌། ཤཱཀྱ་བློས། དོན་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མའི་མཚན་ཉིད་དབྱེ་བ་ལ་སོགས་པ་ཡིན་ཏེ། རིགས་པ་དང་ལྡན་པའི་ཕྱིར། དོན་མིན་པ་ནི་མུ་སྟེགས་ཀྱིས་བྱས་པ་ཡིན་ཏེ། རིགས་པ་དང་མི་ལྡན་པའི་ཕྱིར་རོ། །དེ་གཉིས་རྣམ་པར་འབྱེད་པ་ནི། རིགས་པ་དང་ལྡན་པ་དང༌། རིགས་པ་དང་མི་ལྡན་པ་ཉིད་དུ་རྣམ་པར་འཇོག་པའོ། །དེ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར་ཏེ། རྗེས་སུ་དཔག་པ་ཁོ་ན་ལ་བརྟེན་ནས་བསྟན་བཅོས་ཀྱི་ཚིག་རྣམས་རིགས་པ་དང་ལྡན་པ་དང༌། རིགས་པ་དང་མི་ལྡན་པ་ཉིད་དུ་རྣམ་པར་བཞག་པར་བྱ་བ་ཡིན་གྱི། མངོན་སུམ་ལ་བརྟེན་པ་ནི་མ་ཡིན་ཏེ། དེ་ནི་རྣམ་པར་དཔྱོད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས། འོ་ན། འདིར་རང་དོན་རྗེས་དཔག་འཆད་པ་དེ་མི་འཐད་པར་ཐལ། ཀུན་བཏུས་སུ་རང་དོན་རྗེས་དཔག་བསྟན་ཟིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཀུན་བཏུས་སུ་བསྟན་པའི་རང་དོན་རྗེས་དཔག་གི་ངོ་བོ་ལ་ལོག་པར་རྟོག་པའི་ལོག་རྟོག་ཡོད་པས། དེ་བསལ་ནས་རང་དོན་རྗེས་དཔག་གི་ངོ་བོ་རྟོགས་པའི་ཕྱིར་དུ་འདིར་རང་དོན་རྗེས་དཔག་བསྟན་པའི་ཕྱིར་ཏེ། དེ་སྐད་དུ་ཡང༌། རང་འགྲེལ་ལས། དེ་ལ་ལོག་པར་རྟོག་པས་དེ་རྣམ་པར་བཞག་པའི་ཕྱིར་བཤད་པ། ཞེས་དང༌། ཤཱཀྱ་བློས། གལ་ཏེ་རྗེས་སུ་དཔག་པའི་མཚན་ཉིད་ནི་བཤད་ཟིན་ཏོ། །ཞེ་ན། དེ་ལ་ལོག་པར་རྟོག་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་དཔག་པ་དེ་ལ་རྨོངས་པས། དེ་རྣམ་པར་བཞག་པའི་ཕྱིར། རྗེས་སུ་དཔག་པ་དེ་ལ་ལོག་པར་རྟོག་པ་བསལ་བ་རྣམ་པར་བཞག་པའི་ཕྱིར། བསྟན་བཅོས་མཛད་པས་བཤད་པའོ། །ཞེས་གསུངས། །འོ་ན། ཀུན་བཏུས་སུ་རང་དོན་རྗེས་དཔག་གི་ངོ་བོ་ཇི་ལྟར་བསྟན་ཞེ་ན། ཀུན་བཏུས་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་གསར་དུ་མི་བསླུ་བའི་ཞེན་རིག་དེ། རང་དོན་རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་དུ་བསྟན་པའི་ཕྱིར། འོ་ན། རང་དོན་ཞེས་སྨོས་པ་ལ་དགོས་པ་གང་ཡོད་ཅེ་ན། རང་དོན་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། རྗེས་དཔག་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རང་དོན་རྗེས་དཔག་དང༌། གཞན་དོན་རྗེས་དཔག་གཉིས་ཡོད་པ་ལས། རང་དོན་རྗེས་དཔག་ནི་རྗེས་དཔག་དངོས་ཡིན་ལ། གཞན་དོན་རྗེས་དཔག་ནི་རྗེས་དཔག་བཏགས་པ་བ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འོ་ན། བསྟན་བཅོས་འདིར་རང་དོན་རྗེས་དཔག་དང་པོར་འཆད་ན། དེའི་མཚན་ཉིད་དབྱེ་བ་ལ་སོགས་པ་དང་པོར་མི་འཆད་པར་རྟགས་ཡང་དག་གི་མཚན་ཉིད་དབྱེ་བ་ལ་སོགས་པ་དང་པོར་འཆད་པའི་རྒྱུ་མཚན་གང་ཞེ་ན། རྒྱུ་མཚན་ཡོད་དེ། རང་དོན་རྗེས་དཔག་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་དེ་ལ། ཚུལ་གཅིག་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པའི་ལོག་རྟོག་དང༌། ཚུལ་བཞི་པ་དང་། དྲུག་པ་ལ་སོགས་པ་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པའི་ལོག་རྟོག་དུ་མ་སྐྱེ་བ་མཐོང་བས། རྟེན་གཏན་ཚིགས་དེ་ལ་ལོག་རྟོག་བསལ་ན། བརྟེན་པ་རྗེས་དཔག་དེ་འབད་མེད་དུ་འགྲུབ་པའི་རྒྱུ་མཚན་གྱིས་དེ་ལྟར་བསྟན་པའི་ཕྱིར་ཏེ། དེ་སྐད་དུ་ཡང༌། ཤཱཀྱས། གལ་ཏེ་རྗེས་སུ་དཔག་པ་རྣམ་པར་བཞག་པར་བྱ་བ་ཡིན་ན། ཅིའི་ཕྱིར་ཕྱོགས་ཆོས་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཁོ་ན་རྣམ་པར་འཇོག་ཅེ་ན། དེ་ནི་ཉེས་པ་མེད་དེ། གཏན་ཚིགས་བྱེ་བྲག་ཏུ་བཤད་པའི་སྒོ་ཁོ་ནས་དེ་རྣམ་པར་བཞག་པར་བྱ་བ་ཡིན་ནོ། །ཞེས་གསུངས། འོ་ན། འདིར་རྟགས་ཡང་དག་འཆད་ན་འཆད་ཚུལ་དེ་གང་ཞེ་ན། འདི་ལ་རྗེས་དཔག་གི་རྟེན་གཏན་ཚིགས་བཤད་པ་དང༌། ལོག་རྟོག་བླུན་པོའི་རྟགས་སུ་བསྟན་པ་གཉིས། དང་པོ་འཆད་པར་བྱེད་པ་ལ། ཕྱོགས་ཆོས། ཞེས་པ་ནས། མི་དམིགས་པས་ནི་མི་འགྲུབ་བོ། །ཞེས་པའི་བར་བྱུང༌། གཉིས་པ་འཆད་པར་བྱེད་པ་ལ། རིག་བྱེད་ཚད་མ་དང་ནི་འགས་བྱེད་སྨྲ། །ཞེས་སོགས་ཤོ་ལོ་ཀ་གཅིག་བྱུང༌། །འོ་ན། རྗེས་དཔག་གི་རྟེན་གཏན་ཚིགས་དེ་ཡང་ཆོས་དུའི་སྒོ་ནས་འཆད་ཅེ་ན། རྟགས་ཡང་དག་གི་མཚན་ཉིད། གྲངས་ངེས། གྲངས་ངེས་པའི་རྒྱུ་མཚན། ལྡོག་ཕྱོགས་གཏན་ཚིགས་ལྟར་སྣང་དང་བཞི་བཤད་པའི་སྒོ་ནས་འཆད་པ་ཡིན་ཏེ། དེའི་སྒོ་ནས་བཤད་པས་རྟགས་ཡང་དག་རྫོགས་པར་གཏན་ལ་འབེབ་ནུས་པའི་ཕྱིར་ཏེ། དེ་སྐད་དུ་ཡང༌། ཤཱཀྱས། ཚིགས་སུ་བཅད་པ་འདི་ལས་ནི། རྟགས་ཀྱི་མཚན་ཉིད་དང༌། གྲངས་ངེས་དང་། ངེས་པའི་རྒྱུ་དང༌། མི་མཐུན་པའི་ཕྱོགས་ལས་ལྡོག་པ་བཞི་བཤད་དེ། ཞེས་གསུངས། འོ་ན། ཆོས་བཞི་པོ་དེ་འཆད་ཚུལ་གང་ཞེ་ན། ཕྱོགས་ཆོས་ཞེས་སོགས་ཀྱིས་རྟགས་ཡང་དག་གི་མཚན་ཉིད་བསྟན། དེ་ནི་རྣམ་གསུམ་ཉིད་ཅེས་པས་རྟགས་ཡང་དག་གི་གྲངས་ངེས་བསྟན། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པས་རྟགས་ཡང་དག་གི་གྲངས་ངེས་པའི་རྒྱུ་མཚན་བསྟན། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པས། རྟགས་ཡང་དག་གི་མི་མཐུན་ཕྱོགས་ཀྱི་གཏན་ཚིགས་ལྟར་སྣང་བསྟན་པའི་ཕྱིར་ཏེ། དེ་སྐད་དུ་ཡང༌། ཤཱཀྱས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །ཞེས་བྱ་བ་ནི་མཚན་ཉིད་དོ། །ཕྱོགས་དེའི་ཆ་ནི་སྒྲུབ་པར་འདོད་པའི་ཆོས་སོ། །དེའི་ཁྱབ་པ་ཁོ་ན་ཞེས་ངེས་པར་བཟུང་བ་ཡིན་ནོ། །རྣམ་གསུམ་ཞེས་བྱ་བ་ནི་གྲངས་ངེས་པའོ། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་བྱ་བ་ནི་གྲངས་ངེས་པའི་རྒྱུ་མཚན་ཏེ། མེད་ན་མི་འབྱུང་བ་ནི་གསུམ་ཁོ་ན་ལ་ངེས་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ །

གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་བྱ་བ་ནི། མི་མཐུན་པའི་ཕྱོགས་ལས་ལྡོག་པ་སྟེ། གཏན་ཚིགས་གསུམ་པོ་དེ་ལས་གཞན་པ་ནི་གཏན་ཚིགས་ལྟར་སྣང་བ་དག་ཡིན་ནོ། །ཞེས་གསུངས། དེ་ལྟར་ན། ཕྱོགས་ཆོས་དེ་ཆས། ཞེས་སོགས་ཀྱི་ཤོ་ལོ་ཀ་འདི་རང་དོན་ལེའུའི་ལུས་རྣམ་བཞག་གི་གཞུང་ཡང་ཡིན་ཏེ། དེས་ཆོས་བཞི་པོ་དེ་མདོར་བསྟན་ནས་དེ་རྒྱས་པར་འཆད་པར་བྱེད་པ་ལ། རྒྱུ་ལ་ཞེས་པ་ནས། མི་འགྲུབ་བོ། །ཞེས་པའི་བར་གསུངས་པའི་ཕྱིར། འོ་ན། ལུས་གང་ཡན་ལག་གང་གིས་རྒྱས་པར་འཆད་ཅེ་ན། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་པའི་གཞུང་འདི་རྒྱས་པར་འཆད་པར་བྱེད་པ་ལ། རྒྱུ་ལ་ཞེས་པ་ནས། མི་འགྲུབ་བོ། །ཞེས་པའི་བར་གྱི་གཞུང་རྣམས་བྱུང༌། དེ་ནི་རྣམ་གསུམ་ཉིད། ཅེས་པའི་གཞུང་འདི་རྒྱས་པར་འཆད་པར་བྱེད་པ་ལ། རྒྱུ་ལ། ཞེས་པ་ནས། འབྲས་བུའི་རྟགས་ལས་སྐྱེས། ཞེས་པའི་བར་བྱུང༌། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པའི་གཞུང་འདི་རྒྱས་པར་འཆད་པར་བྱེད་པ་ལ། རྒྱུ་མ་ཚོགས་པས་འབྲས་བུ་ནི། །ཞེས་པ་ནས། དེ་ལ་ལྷག་མ་ལྡན་ཞེས་བརྗོད། །ཅེས་པའི་བར་བྱུང༌། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པའི་གཞུང་འདི་རྒྱས་པར་འཆད་པར་བྱེད་པ་ལ། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །ཞེས་པ་ནས། མི་འགྲུབ་བོ། །ཞེས་པའི་བར་བྱུང༌། འོ་ན། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པས་དེ་ལས་གཞན་པ་དེ་གང་ལ་བྱེད་ཅེ་ན། འདི་ལ་འཕྲོས་ཚུལ་གསུམ་ལས། ཕྱོགས་ཆོས་ཞེས་སོགས་ལས་འཕྲོས་པའི་དབང་དུ་བྱས་ན། དེའི་སྐབས་སུ་ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་བསྟན་པ་ལ་ཚུལ་གསུམ་དེ་ལས་གཞན་པའི་གཏན་ཚིགས་དེ་གང་ཞེ་ན། དེ་གཏན་ཚིགས་ལྟར་སྣང་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ་གཞུང་འདི་བྱུང༌། དེ་ནི་རྣམ་གསུམ། ཞེས་པ་ལས་འཕྲོས་པའི་དབང་དུ་བྱས་ན་དེའི་སྐབས་སུ་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པར་ཁས་བླངས་པ་ལ། དེ་གསུམ་གང་རུང་ལས་གཞན་པའི་གཏན་ཚིགས་དེ་གང་ཞེ་ན། དེ་གཏན་ཚིགས་ལྟར་སྣང་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ་གཞུང་འདི་བྱུང༌། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པ་ལས་འཕྲོས་པའི་དབང་དུ་བྱས་ན། དེའི་སྐབས་སུ་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་དེ་ལ། ཁོ་རང་དུ་གྱུར་པའི་དེ་བྱུང་གི་འབྲེལ་པ་དང༌། བདག་ཅིག་གི་འབྲེལ་པ་གཉིས་སུ་གྲངས་ངེས་པར་བསྟན་པ་ལ། དེ་གང་རུང་དུ་མ་གྲུབ་པའི་གཏན་ཚིགས་དེ་གང་ཞེ་ན། དེ་གཏན་ཚིགས་ལྟར་སྣང་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ་གཞུང་འདི་བྱུང༌། །འོ་ན། ཕྱོགས་ཆོས་ཞེས་སོགས་ཀྱི་གཞུང་འདིས་རྟགས་ཡང་དག་གི་མཚན་ཉིད་བསྟན་ན། བསྟན་ཚུལ་དེ་གང་ཞེ་ན། བཞག་ཏུ་ཡོད་དེ། ཕྱོགས་ཆོས་ཞེས་པས་ཕྱོགས་ཆོས་ཀྱི་ཚུལ་དངོས་སུ་བསྟན་ནས། དེ་ཆས་ཁྱབ་པ་ཡི། ཞེས་པས་རྗེས་ཁྱབ་ཀྱི་ཚུལ་དངོས་སུ་བསྟན་ཅིང༌། ལྡོག་ཁྱབ་ཀྱི་ཚུལ་ཤུགས་ལ་བསྟན་ནས། ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་དངོས་སུ་བསྟན་པའི་ཕྱིར་རོ། །ངག་དོན་ནི། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། གཞུང་འདིས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་དངོས་སུ་བསྟན་པར་ཐལ། སྦྱོར་བ་འཐད་པའི་ཕྱིར། འོ་ན། དེས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཏུ་དངོས་སུ་བསྟན་པར་ཐལ། འདོད་པ་གང་ཞིག །སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་དགོས་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། དེས་རང་བཞིན་གྱི་རྟགས་ཡང་དག་དངོས་སུ་བསྟན་པར་ཐལ་ལོ། །འདོད་ན། དེས་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དངོས་སུ་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་རྟགས་ཡང་དག་ཐམས་ཅད་དངོས་སུ་བསྟན་པར་ཐལ་ལོ། །འདོད་ན། རྟགས་ཡང་དག་ཡིན་ན། དེའི་སྐབས་ནས་དངོས་སུ་བསྟན་པའི་རྟགས་ཡང་དག་ཡིན་དགོས་པར་ཐལ་ལོ། །གཞན་ཡང༌། གཞུང་དེས་གསར་དུ་མི་བསླུ་བའི་རིག་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་དངོས་སུ་བསྟན་པར་ཐལ། སྒྲ་མི་རྟག་པ་ལ་དེའི་ཕྱིར། འདོད་ན། དེས་གསར་དུ་མི་བསླུ་བའི་རིག་པ་དངོས་སུ་བསྟན་པར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་ན། དེས་ཚད་མའི་མཚན་ཉིད་དངོས་སུ་བསྟན་པར་ཐལ་ལོ། །འདོད་མི་ནུས་ཏེ། གཞུང་དེ་ལས་སོགས་སུ་ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པའི་གཞུང་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར་རོ། །

༈ མཐའ་དཔྱད་པ་ལ། ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་དེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་བ་དང༌། མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་ཟེར་བ་ནང་འགལ་ཏེ། འོ་ན། མིག་ཤེས་ཀྱི་གཟུང་བྱ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་ཚུལ་གསུམ་པར་གྱུར་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་པའི་ཕྱིར། ཁ་ཅིག །དེ་སྒྲུབ་ཀྱི་ཚུལ་གསུམ་དེ་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཟེར་བ་དེ་ལ། སྐྱོན་འཕེན་པ་ཁ་ཅིག་ན་རེ། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡོད་པའི་ཕྱིར་ཏེ། སྒྲ་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་གསུམ་ཡོད་པའི་ཕྱིར། ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། བྱས་པ། སྐྱེས་པ། དོན་བྱེད་ནུས་པ་རྣམས་རེ་རེ་ནས་དེ་སྒྲུབ་ཀྱི་རྟགས་ཚུལ་དང་པོ་ཡིན་པའི་ཕྱིར། འོ་ན། ཁོ་རང་ལ། དེ་སྒྲུབ་ཀྱི་ཚུལ་གསུམ་པོ་ཡོད་པར་ཐལ། དེ་སྒྲུབ་ཀྱི་ཚུལ་དང་པོ་གསུམ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་སྔར་བཞིན་ནོ། །ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པར་ཐལ། བྱས་པ་དེ་སྐོར་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་བྱས་པ་ལ། འོ་ན། བྱས་པ་དེ་སྐོར་གྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡང་དག་ཡིན་པར་ཐལ། འདོད་པ་གང་ཞིག །བྱས་པ་དེ་སྐོར་གྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་ལྟར་སྣང་མ་ཡིན་པའི་ཕྱིར། འདོད་ན། བྱས་པ་དེ་སྐོར་གྱི་ཚུལ་གསུམ་ཡོད་པའི་གཏན་ཚིགས་ཡང་དག་ཡིན་པར་ཐལ་ལོ། །འདོད་ན། བྱས་པ་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ཡོད་པར་ཐལ་ལོ། །ཟེར་ན་མ་ཁྱབ་སྟེ། འདོད་ན། བྱས་པ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པར་ཐལ། བྱས་པ་དེ་སྐོར་གྱི་ཚུལ་གསུམ་དང་ལྡན་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། བྱས་པ་དེ་སྐོར་གྱི་ཚུལ་གསུམ་དང་ལྡན་པའི་ཕྱིར། ཡང་ཁོ་ན་རེ། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་ཚུལ་དུ་མ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ཚུལ་གཅིག་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྟགས་ཚུལ་དང་པོ་གཅིག་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་དེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་ཟེར་ན། དེ་འགོག་པ་ལ། ཊཱིཀྐ་ལས། འོ་ན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཆོས་ཅན། ཁྱོད་ཚད་མའི་སྟོབས་ཀྱིས་ངེས་པ་ཡིན་ཏེ། ཁྱོད་ཚད་མའི་སྟོབས་ཀྱིས་གཞལ་བ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ་ལོ། །ཞེས་པ་འདི་བྱུང༌། འདིའི་དོན་ནི། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཆོས་ཅན། ཚད་མའི་སྟོབས་ཀྱིས་ངེས་པ་ཡིན་ཏེ། ཚད་མའི་སྟོབས་ཀྱིས་གཞལ་བ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་ཚད་མའི་སྟོབས་ཀྱིས་གཞལ་བ་དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེ་ལྟར་ཊཱིཀྐ་འདིས། བཀོད་ཚེ་མ་ནུས་མེད་དུ་བསྟན་པ་ཡིན་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཆོས་ཅན། ཡོད་དེ། ཚད་མས་དམིགས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡོད་པར་བསྟན་པའི་ཕྱིར་ཏེ། འདིས། དེ་ཆོས་ཅན། ཚད་མའི་སྟོབས་ཀྱིས་ངེས་པ་ཡིན་ཏེ། ཚད་མའི་སྟོབས་ཀྱིས་གཞལ་བ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་གཞལ་བར་བསྟན་པའི་ཕྱིར། ཁ་ཅིག །སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། རྟགས་སྦྱོར་ཡིན་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ཡིན་པས་ཁྱབ། དེའི་ཚེ་ན་རྟགས་སུ་བཀོད་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པས་ཁྱབ་ཟེར་ན། དམ་བཅའ་དང་པོ་མི་འཐད་པར་ཐལ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་བཀོད་པའི་ཚེ་ན། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་བཀོད་པའི་ཕྱིར་ཏེ། སངས་འཕགས་ཀྱིས་རྟགས་སྦྱོར་དང་པོ་བཀོད་པའི་ཚེ་ན། རྟགས་སྦྱོར་གཉིས་པ་བཀོད་པའི་ཕྱིར་ཏེ། སངས་འཕགས་ཀྱིས་རྟགས་སྦྱོར་དེ་གཉིས་གཅིག་ཆར་དུ་བཀོད་པའི་ཕྱིར་ཏེ། སངས་འཕགས་ཀྱིས་རྟགས་སྦྱོར་དེ་གཉིས་ཅིག་ཆར་དུ་སྨྲས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སངས་འཕགས་ཆོས་ཅན། རྟགས་སྦྱོར་དེ་གཉིས་ཅིག་ཆར་དུ་འགོད་པ་པོའི་སྔ་རྒོལ་ཡང་དག་ཡིན་པར་ཐལ། སངས་འཕགས་ཀྱིས་རྟགས་སྦྱོར་དེ་གཉིས་ཅིག་ཆར་དུ་བཀོད་པའི་ཕྱིར་ན་མ་ཁྱབ། འདོད་ན། རྟགས་སྦྱོར་དེ་གཉིས་ཅིག་ཆར་དུ་འགོད་པ་སྐབས་སུ་བབས་པའི་ཕྱི་རྒོལ་ཡང་དག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་པོའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དང་། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གཉིས་ཀ་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡོད་པར་ཐལ། འདོད་པའི་ཕྱིར་ཟེར་ན། ཁོ་རང་ལ། སངས་འཕགས་དེ་རྟགས་སྦྱོར་དེ་གཉིས་འགོད་པ་པོའི་སྔ་རྒོལ་ཡང་དག་ཡིན་པར་ཐལ། སངས་འཕགས་ཀྱིས་རྟགས་སྦྱོར་དེ་གཉིས་བཀོད་པའི་ཕྱིར། འདོད་ན། རྟགས་སྦྱོར་དེ་གཉིས་འགོད་པ་སྐབས་སུ་བབས་པའི་ཕྱི་རྒོལ་ཡང་དག་ཡོད་པར་ཐལ་ལོ། །འདོད་ན། སྔར་ལྟར་རིགས་འགྲེའོ། །གཞན་ཡང༌། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་སྦྱོར་བ་ཡིན་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བ་ཡིན་དགོས་པར་ཐལ། རྟགས་སྦྱོར་དེའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། རྟགས་ཡང་དག་ཡིན་ཏེ། ཚུལ་གསུམ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེའི་ཚེ་ན། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས། ཞེས་པའི་གཞུང་གི་དོན་སྦྱོར་རྣམ་དག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེའི་ཚེ་ན། དེ་འདྲའི་གཞུང་གི་དོན་སྦྱོར་རྣམ་དག་གྲུབ་པའི་ཕྱིར་ཏེ། དེའི་ཚེ་ན་བསྟན་བཅོས་རྣམ་འགྲེལ་གྱི་བསྟན་དོན་གྲུབ་པའི་ཕྱིར་ཏེ། དེའི་ཚེ་ན་བསྟན་བཅོས་རྣམ་འགྲེལ་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་བསྟན་བཅོས་རྣམ་འགྲེལ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བསྟན་བཅོས་རྣམ་འགྲེལ་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན། བྱས་པ་བསྟན་བཅོས་རྣམ་འགྲེལ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁ་ཅིག་འདིར་མ་ཁྱབ་ཟེར། རྟགས་གྲུབ་སྟེ། སྤྱིར་བྱས་པ་བསྟན་བཅོས་རྣམ་འགྲེལ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁ་ཅིག་འདིར་ཡང་མ་ཁྱབ་ཟེར། རྟགས་གྲུབ་སྟེ། དཔྱད་གསུམ་གྱིས་དག་པའི་ལུང་དེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་ཁྱབ་མཚམས་དང་པོ་ལ། དེའི་ཚེ་ན། བསྟན་བཅོས་རྣམ་འགྲེལ་མི་རྟག་པར་ཐལ། དེའི་ཚེ་ན། བྱས་པ་བསྟན་བཅོས་རྣམ་འགྲེལ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེའི་ཚེ་ན། བསྟན་བཅོས་རྣམ་འགྲེལ་ཡོད་པར་ཐལ། འདོད་པའི་ཕྱིར། མ་ཁྱབ་མཚམས་གཉིས་པ་ལ། དེའི་ཚེ་ན་བྱས་པ་བསྟན་བཅོས་རྣམ་འགྲེལ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་འདྲའི་རྟགས་སྦྱོར་བཀོད་པའི་ཚེ་ན། དེ་འདྲའི་རྟགས་སྦྱོར་བཀོད་པའི་ཕྱིར་ཏེ། དཔལ་ལྡན་ཆོས་གྲགས་ཀྱིས་དེ་འདྲའི་རྟགས་སྦྱོར་བཀོད་པའི་ཚེ་ན། དེ་འདྲའི་རྟགས་སྦྱོར་བཀོད་པའི་ཕྱིར་ཏེ། དཔལ་ལྡན་ཆོས་གྲགས་དེ་བྱས་རྟགས་ཀྱིས་བསྟན་བཅོས་རྣམ་འགྲེལ་མི་རྟག་པར་སྒྲུབ་པའི་སྔ་རྒོལ་ཡང་དག་ཡིན་པའི་ཚེ་ན། དེ་སྐོར་གྱི་སྔ་རྒོལ་ཡང་དག་ཡིན་པའི་ཕྱིར། ཁ་ཅིག །བསྟན་བཅོས་རྣམ་འགྲེལ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་བཀོད་པའི་ཚེ་ན་བསྟན་བཅོས་རྣམ་འགྲེལ་ཡོད་ཟེར་ན། དེའི་ཚེ་ན་ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པའི་གཞུང་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེའི་ཚེ་ན། དེ་འདྲའི་གཞུང་གི་དོན་སྦྱོར་རྣམ་དག་ཡོད་པར་ཐལ་ལོ། །འདོད་ན། དེའི་ཚེ་ན་མེ་འཛིན་དབང་མངོན་ཆོས་ཅན། ཚད་མ་ཡིན་ཏེ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་ཡོད་པར་ཐལ། འདོད་པ་གང་ཞིག །སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་རྣམ་དག་ཡིན་པའི་ཕྱིར། གཞན་ཡང། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་བཀོད་པའི་ཚེ་ན། བསྟན་བཅོས་རྣམ་འགྲེལ་མེད་ཟེར་བ་དེ་ལ། དེ་ཡོད་པར་ཐལ། དེའི་ཚེ་ན། སངས་འཕགས་ཀྱིས་སྨྲས་པའི་བཀའ་ཡོད་པའི་ཕྱིར། མ་གྲུབ་ན། དེའི་ཚེ་ན་སངས་འཕགས་ཆོས་ཅན། ཁྱོད་ཀྱིས་སྨྲས་པའི་བཀའ་ཡོད་པར་ཐལ། ཁྱོད་སངས་འཕགས་ཡིན་པའི་ཕྱིར། གཞན་ཡང༌། དཔྱད་གསུམ་གྱིས་དག་པའི་ལུང་དེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་བཀོད་པའི་ཚེ་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ཏེ། སྤྱིར་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་ན་དེ་འདྲའི་ལུང་ཡོད་པར་ཐལ་ལོ། །འདོད་ན། དེའི་ཚེ་ན་དབུ་མ་རིན་ཆེན་ཕྲེང་བ་ཡོད་པར་ཐལ་ལོ། །འདོད་ན། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་པའི་གཞུང་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་བཀོད་པའི་ཚེ་ན། བསྟན་བཅོས་རྣམ་འགྲེལ་ཡོད་པར་ཐལ་ལོ། །འདོད་ན། དེའི་ཚེ་ན་གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་གཞུང་ཡོད་པར་ཐལ་ལོ། །འདོད་ན། དེའི་ཚེ་ན། དེ་འདྲའི་གཞུང་གི་དོན་སྦྱོར་རྣམ་དག་ཡོད་པར་ཐལ་ལོ། །འདོད་ན། དེའི་ཚེ་ན་ཚད་མ་ལ་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་མཚན་དང་སྤྱི་མཚན་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་པའི་སྦྱོར་བ་ཡོད་པར་ཐལ། འདོད་པ་གང་ཞིག །སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་རྣམ་དག་ཡིན་པའི་ཕྱིར། གཞན་ཡང༌། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སྐྱེས་པ་བྱས་པའི་མཚན་ཉིད་ཡིན་པར་ཐལ། དེའི་ཚེ་ན་བྱས་པ་བྱས་པ་དང་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་ན་བྱས་པ་མ་ཡིན་པ་དང་སྐྱེས་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན། བྱས་པ་མ་ཡིན་པ་དང༌། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་སྐྱེས་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་རྟགས་སྦྱོར་མ་ཡིན་པ་དང༌། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་རྟགས་སྦྱོར་གྱི་གཞི་མཐུན་ཡོད་པ་གང་ཞིག །དེའི་ཚེ་ན་བྱས་པ་བྱས་པ་དང་གཅིག་ཀྱང་ཡིན། དེའི་ཚེ་ན་རྟགས་སྦྱོར་རྟགས་སྦྱོར་དང་གཅིག་ཀྱང་ཡིན་པའི་ཕྱིར། ཕྱི་མ་ཁས། དང་པོ་གྲུབ་སྟེ། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ། དེ་འདྲའི་གཞི་མཐུན་པ་ཡིན་པའི་ཕྱིར། གཞན་ཡང༌། བྱས་པ་ཆོས་ཅན། རྟགས་ཡང་དག་ཡིན་ཏེ། ཚུལ་གསུམ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་རྣམ་དག་བཀོད་པའི་ཚེ་ན་བྱས་པ་རྟགས་ཡང་དག་ཡིན་པར་ཐལ། དེ་འདྲའི་སྦྱོར་བ་རྣམ་དག་བཀོད་པའི་ཚེ་ན། དེ་འདྲའི་སྦྱོར་བ་རྣམ་དག་བཀོད་པའི་ཕྱིར་ཏེ། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས། ཞེས་པའི་གཞུང་གི་དོན་སྦྱོར་རྣམ་དག་བཀོད་པའི་ཚེ་ན། དེ་འདྲའི་གཞུང་གི་དོན་སྦྱོར་རྣམ་དག་བཀོད་པ་གང་ཞིག །སྦྱོར་བ་འདི་གཞུང་འདིའི་དོན་སྦྱོར་རྣམ་དག་ཡིན་པའི་ཕྱིར། གཞན་ཡང༌། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་རྟགས་ཡང་དག་ཡིན་པར་ཐལ། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེའི་ཚེ་ན། རྟགས་ཡང་དག་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་རྗེས་དཔག་གི་རྟེན་ཏུ་གྱུར་པའི་རྟགས་ཡང་དག་ཡོད་པའི་ཕྱིར། མ་གྲུབ་ན། དེའི་ཚེ་ན་རྗེས་དཔག་ཆོས་ཅན། ཁྱོད་ཀྱི་རྟེན་ཏུ་གྱུར་པའི་རྟགས་ཡང་དག་ཡོད་པར་ཐལ། ཁྱོད་རྟགས་ཅན་རྗེས་དཔག་ཡིན་པའི་ཕྱིར། ཆོས་ཅན་སྐྱོན་ཅན་ཡིན་ནོ། །ཟེར་ན། འོ་ན། དེའི་ཚེ་ན་རྣམ་མཁྱེན་དང་གཅིག་ཡིན་ན། རྟགས་ཡང་དག་མེད་པར་འཇལ་བའི་ཚད་མ་ཡིན་དགོས་པར་ཐལ། དེ་ལ་དེའི་ཚེ་ན་རྣམ་མཁྱེན་ཡང་དངོས་སྐྱོན་དུ་མི་འཇུག །སྤྱིར་རྣམ་མཁྱེན་ཡང་དངོས་སྐྱོན་དུ་མི་འཇུག་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ལྟར་དངོས་སྐྱོན་དུ་བཏང་བའི་ཚེ་འདོད་ལན་ཐེབ་པའི་ཕྱིར། དེའི་ཚེ་ན་རྣམ་མཁྱེན་གྱིས་རྟགས་ཡང་དག་མེད་པར་གཞལ་བའི་ཕྱིར་ཏེ། དེའི་ཚེ་ན་རྟགས་ཡང་དག་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ལྟར་དངོས་སྐྱོན་དུ་བཏང་བའི་ཚེ་ན་རྟགས་མ་གྲུབ་ཀྱི་ལན་ཐེབ་པའི་ཕྱིར། དེའི་ཚེ་རྣམ་མཁྱེན་རྣམ་མཁྱེན་དང་གཅིག་ཡིན་པའི་ཕྱིར། རྟགས་ཁས། རྩ་བར་འདོད་མི་ནུས་ཏེ། དེའི་ཚེ་ན་རྣམ་མཁྱེན་དང་གཅིག་ཡིན་ན། རྟགས་ཡང་དག་ཡོད་པར་འཇལ་བའི་ཚད་མ་ཡིན་དགོས་པའི་ཕྱིར་ཏེ། དེའི་ཚེ་ན་རྣམ་མཁྱེན་དང་གཅིག་ཡིན་ན། རྣམ་མཁྱེན་དང་གཅིག་ཡིན་དགོས་པ་གང་ཞིག །རྣམ་མཁྱེན་དང་གཅིག་ཡིན་ན། རྟགས་ཡང་དག་ཡོད་པར་འཇལ་བའི་ཚད་མ་ཡིན་དགོས་པའི་ཕྱིར། གཞན་ཡང༌། རྟགས་ཡང་དག་མེད་པར་འཇལ་བའི་ཚད་མ་ཡོད་པར་ཐལ། དེའི་ཚེ་ན་རྣམ་མཁྱེན་དང་གཅིག་ཡོད་པ་གང་ཞིག །དེའི་ཚེ་ན་རྣམ་མཁྱེན་དང་གཅིག་ཡིན་ན། རྟགས་ཡང་དག་མེད་པར་འཇལ་བའི་ཚད་མ་ཡིན་དགོས་པའི་ཕྱིར། རྟགས་ཕྱི་མ་ཁས། གཞན་ཡང༌། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་ཡོད་པར་ཐལ། བྱས་ན་མི་རྟག་པས་ཁྱབ། ཅེས་སོགས་ཀྱི་སྒྲུབ་ངག་འདི། མི་རྟག་པ་མ་ཡིན་ན། བྱས་པ་མ་ཡིན་པས་ཁྱབ། ཅེས་སོགས་ཀྱི་སྒྲུབ་ངག་བཀོད་པའི་ཚེ་ན་ཡོད་པའི་ཕྱིར་ཏེ། དེ་དེའི་ཚེ་ན་མི་རྟག་པ་ཡིན་པའི་ཕྱིར་ཏེ། དེའི་ཚེ་ན་མི་རྟག་པ་མ་ཡིན་ན། བྱས་པ་མ་ཡིན་པས་ཁྱབ་པ་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་དེ་འདྲའི་ཁྱབ་པ་འཛིན་པའི་རྟོག་པ་དོན་མཐུན་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་མི་རྟག་པ་མ་ཡིན་ན། བྱས་པ་མ་ཡིན་པས་ཁྱབ་ཅེས་པའི་ངག་དོན་མཐུན་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་དེ་འདྲའི་སྒྲུབ་ངག་རྣམ་དག་ཡོད་པའི་ཕྱིར། གཞན་ཡང༌། རྟགས་སྦྱོར་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། རྟགས་སྦྱོར་ཡིན་ན། རྟགས་སྦྱོར་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ཡིན་དགོས་པར་ཐལ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། རྟགས་སྦྱོར་ཡིན་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ཡིན་དགོས་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་སྦྱོར་དེའི་ཚེ་ན་རྟགས་སྦྱོར་ཡིན་པའི་ཕྱིར་ཏེ། རྟགས་སྦྱོར་དེའི་ཚེ་ན་ཡོད་པའི་ཕྱིར་ཏེ། དེ་དེའི་ཚེ་ན་རྟགས་སྦྱོར་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། གཞན་ཡང༌། སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་གིས། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་པ་པོའི་གང་ཟག་ཡིན་ན། སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །དེའི་ཚེ་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་པ་པོའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་དེའི་ཚེ་ན་ཡོད་པའི་ཕྱིར། རྟགས་འགོད་མཁན་གྱི་གང་ཟག་དེ་དེའི་ཚེ་ན་ཡོད་པའི་ཕྱིར་ཏེ། དེ་དེའི་ཚེ་ན་སྒྲ་བྱས་པར་ཚད་མས་མ་གྲུབ་ཅིང༌། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་པ་པོ་དེའི་སྤྱི་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་དེའི་སྤྱི་ཡིན་པར་ཐལ། དེ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གཞན་ཡང༌། སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་གིས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགོད་པ་སྐབས་སུ་བབས་པའི་གང་ཟག་ལ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་ཡུལ་གྱི་གང་ཟག་ཡིན་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། དེའི་ཚེ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་ཡུལ་གྱི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེའི་ཚེ་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡོད་པར་ཐལ་ལོ། །འདོད་ན། འགལ་ལོ། །གཞན་ཡང༌། སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་པ་པོའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཡིན་དགོས་པར་ཐལ། སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་གིས་དེ་ལྟར་བཀོད་པའི་ཚེ་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པ་པོའི་གང་ཟག་ཡིན་ན། སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་ཡིན་དགོས་པའི་ཕྱིར། འདོད་ན། དེའི་ཚེ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་པ་པོའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེའི་ཚེ་ན་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཡོད་པར་ཐལ་ལོ། །འདོད་ན། དེའི་ཚེ་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཡོད་པར་ཐལ་ལོ། །ཁྱབ་སྟེ། དེའི་ཚེ་ན་རྟགས་སུ་བཀོད་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་དགོས་པའི་ཕྱིར། རྩ་བར་འདོད་ན། དེའི་ཚེ་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ་ལོ། །འདོད་ན། གྲུབ་མཐའ་ལ་ཁས། གཞན་ཡང༌། ཁྱོད་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་པ་པོའི་གང་ཟག་ཡིན་ན། ཁྱོད་ཡིན་དགོས་པར་ཐལ། ཁྱོད་ཁྱོད་རང་ཡིན་པ་གང་ཞིག། ཁྱོད་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་པ་པོའི་གང་ཟག་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་གིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པ་པོའི་གང་ཟག་ཡིན་ན། སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་ཡིན་དགོས་པའི་ཕྱིར། འདོད་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་པ་པོའི་གང་ཟག་ཀྱང་ཡིན། སྒྲུབ་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་འདྲའི་གཞི་མཐུན་་པར་གྱུར་པའི་གང་ཟག་གིས། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་པ་པོའི་གང་ཟག་མ་ཡིན་པ་ལས་ལོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དགག་པ་ཡིན་པའི་ཕྱིར། གཞན་ཡང༌། བྱས་པ་དེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སྐྱེས་པའི་མཚོན་བྱ་ཡིན་པར་ཐལ། དེའི་ཚེ་ན། སྐྱེས་པ་བྱས་པའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་ཆོས་ཅན། དེའི་ཚེ་ན་སྐྱེས་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དངོས་པོ་དེ། སེམས་ཙམ་པའི་ལུགས་ལ་དོན་བྱེད་ནུས་པའི་མཚོན་བྱ་ཡིན་པར་ཐལ། སེམས་ཙམ་པའི་ལུགས་ལ་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སེམས་ཙམ་པས་དེ་དེའི་མཚན་ཉིད་དུ་ཁས་ལེན་པའི་ཕྱིར། ཟེར་ན་མ་ཁྱབ། འོ་ན། སེམས་ཙམ་པའི་ལུགས་ལ་དོན་བྱེད་ནུས་སྟོང་ཡིན་ན། དངོས་མེད་ཡིན་པས་ཁྱབ་པ་ཡོད་པར་ཐལ། སེམས་ཙམ་པས་དེ་འདྲའི་ཁྱབ་པ་ཁས་ལེན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཕྱི་རོལ་གྱི་དོན་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང༌། ནམ་མཁའ་ཆོས་ཅན། དངོས་མེད་ཡིན་ཏེ། དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། དོན་བྱེད་ནུས་སྟོང་ཡིན་ན་དངོས་མེད་ཡིན་པས་ཁྱབ་པ་ཡོད་པར་ཐལ། དེའི་ཚེ་ན་དོན་བྱེད་ནུས་སྟོང་གི་རྟགས་ཀྱིས་ནམ་མཁའ་དངོས་མེད་དུ་སྒྲུབ་པའི་དངོས་ཁྱབ་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་དེ་སྐོར་གྱི་རྗེས་ཁྱབ་ཡོད་པའི་ཕྱིར། རྩ་བར་འདོད་ན། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་མེད་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག །དེའི་ཚེ་ན། དེ་སྐོར་གྱི་དངོས་ཁྱབ་ཡོད་ཀྱང་དེའི་ཚེ་ན་དོན་བྱེད་ནུས་སྟོང་ཡིན་ན། དངོས་མེད་ཡིན་པས་ཁྱབ་པ་མེད་དོ། །ཟེར་ན། འོ་ན། དེའི་ཚེ་ན་དེ་འདྲའི་ཁྱབ་པ་ཡོད་པར་ཐལ། དེ་དེའི་ཚེ་ན་དེ་འདྲའི་དངོས་ཁྱབ་ཡིན་པ་གང་ཞིག །དེའི་ཚེ་ན་དེ་སྐོར་གྱི་དངོས་ཁྱབ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྤྱིར་དོན་བྱེད་ནུས་སྟོང་ཡིན་ན། དངོས་མེད་ཡིན་པས་ཁྱབ་པ་དེ་སྐོར་གྱི་དངོས་ཁྱབ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེའི་ཚེ་ན་དེ་སྐོར་གྱི་རྟགས་ཡང་དག་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། བྱས་པ་དེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ་ལོ། །འདོད་ན། བྱས་པ་དེའི་ཚེ་ན། བྱས་པ་དང་གཅིག་ཡིན་པར་ཐལ་ལོ། །དེ་ལྟར་བྱས་པ་ལ་ཁོ་ན་རེ། ཁྱོད་རང་ལ་ཡང་མཚུངས་ཏེ། ཆོས་དེ་ཚད་མས་གྲུབ་པའི་དཔལ་ལྡན་ཆོས་གྲགས་ཀྱིས་ནམ་མཁའ་ཆོས་ཅན། དངོས་མེད་ཡིན་ཏེ། དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་དོན་བྱེད་ནུས་སྟོང་ཡིན་ན། དངོས་མེད་ཡིན་པའི་ཁྱབ་པར་ཐལ། དེའི་ཚེ་ན། དོན་བྱེད་ནུས་སྟོང་གི་རྟགས་ཀྱིས་ནམ་མཁའ་དངོས་མེད་དུ་སྒྲུབ་པའི་དངོས་ཁྱབ་ཡོད་པའི་ཕྱིར། ཁྱབ་པ་ཁས་ཟེར། རྟགས་གྲུབ་སྟེ། དེའི་ཚེ་ན། དེ་སྐོར་གྱི་རྗེས་ཁྱབ་ཡོད་པའི་ཕྱིར། རྩ་བར་འདོད་བྱས་པ་ལ། བུམ་པ་ཆོས་ཅན། དངོས་མེད་ཡིན་པར་ཐལ། རི་བོང་གི་རྭ་ཚད་མས་གྲུབ་པའི་དཔལ་ལྡན་ཆོས་གྲགས་ཀྱིས་ནམ་མཁའ་ཆོས་ཅན། དངོས་མེད་ཡིན་ཏེ། དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར་ཟེར་ན། དོན་ལ་སྦྱོར་ལུགས་སྐྱོན་ཅན་ཡིན། མ་གྲུབ་ན། དེ་ཆོས་ཅན། དེས་དེ་ལྟར་བཀོད་པ་ཡོད་པར་ཐལ། དེ་དེས་དེ་ལྟར་བཀོད་པའི་ཚེ་ན་དོན་བྱེད་ནུས་པ་ཡིན་པའི་ཕྱིར་ན་རྣམ་པ་གཅིག་ཏུ་འདིར་མ་ཁྱབ་བོ། །གཞན་ཡང༌། ཁོ་ན་རེ། དངོས་པོ་ཡིན་ན། ཆོས་དེ་ཚད་མས་གྲུབ་པའི་དཔལ་ལྡན་ཆོས་གྲགས་ཀྱིས་ནམ་མཁའ་ཆོས་ཅན། དངོས་མེད་ཡིན་ཏེ། དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་དོན་བྱེད་ནུས་སྟོང་ཡིན་དགོས་པར་ཐལ། དེའི་ཚེ་ན་དོན་བྱེད་ནུས་སྟོང་ཡིན་ན་དངོས་མེད་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ། ཁོ་ན་རེ། རི་བོང་གི་རྭ་ཚད་མས་གྲུབ་པའི་དཔལ་ལྡན་ཆོས་གྲགས་ཀྱིས་སྨྲས་པའི་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་རྟགས་སྦྱོར་ཡོད་དོ། །ཟེར་ན། རི་བོང་རྭས་སྨྲས་པའི་དེ་འདྲའི་རྟགས་སྦྱོར་ཡོད་པར་ཐལ། འདོད་པའི་ཕྱིར། འོ་ན། རི་བོང་གི་རྭས་སྨྲས་པའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ཡོད་པར་ཐལ་ལོ། །འདོད་ན། དེས་སྨྲས་པའི་རྟགས་སྦྱོར་ཡོད་པར་ཐལ་ལོ། །བྱས་པ་ལ། ཁ་ཅིག །རི་བོང་གི་རྭས་སྨྲས་པའི་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་རྟགས་སྦྱོར་ཡོད་པར་ཐལ། དེ་འདྲའི་རྟགས་སྦྱོར་དེ། རི་བོང་གི་རྭས་སྨྲས་པའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ཡིན་པའི་ཕྱིར་ཏེ། བྱས་པ་དེ། རི་བོང་གི་རྭས་སྨྲས་པའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པའི་ཕྱིར། མ་གྲུབ་བྱས་པ་ལ། རི་བོང་གི་རྭས་སྨྲས་པའི་སྒྲ་ཆོས་ཅན། བྱས་པ་ཁྱོད་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པར་ཐལ། བདག་མེད་ཡིན་པའི་ཕྱིར་ཟེར་ན་ཆོས་ཅན་སྐྱོན་ཅན་ཡིན་ཏེ། དེ་ལྟར་མ་ཡིན་ན། རི་བོང་གི་རྭས་སྨྲས་པའི་སྒྲ་དེ། རི་བོང་གི་རྭས་སྨྲས་པའི་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་ཤེས་འདོད་ཆོས་ཅན་ཡིན་པར་ཐལ། རི་བོང་གི་རྭས་སྨྲས་པའི་དེ་འདྲའི་རྟགས་སྦྱོར་ཡོད་པའི་ཕྱིར། འདོད་ན། རི་བོང་གི་རྭས་སྨྲས་པའི་ངག་དེ། རི་བོང་གི་རྭས་སྨྲས་པའི་ངག་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་ཤེས་འདོད་ཆོས་ཅན་ཡིན་པར་ཐལ་ལོ། །འདོད་ན། སངས་འཕགས་ཀྱིས་སྨྲས་པའི་ངག་དེ་སངས་འཕགས་ཀྱིས་སྨྲས་པའི་ངག་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་ཤེས་འདོད་ཆོས་ཅན་ཡིན་པར་ཐལ་ལོ། །འདོད་ན། སངས་འཕགས་ཀྱིས་སྨྲས་པའི་སྒྲ་དེ་ཡང་སངས་འཕགས་ཀྱིས་སྨྲས་པའི་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་ཤེས་འདོད་ཆོས་ཅན་དུ་ཐལ་ལོ། །འདོད་མི་ནུས་ཏེ། སྒྲ་དེ་དེ་འདྲའི་རྟགས་སྦྱོར་གྱི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྟགས་སྦྱོར་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་རྣམ་དག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་མི་རྟག་ཅེས་པའི་ཚིག་དེ། ལྷས་སྦྱིན་གྱིས་སྨྲས་པའི་སྒྲ་མི་རྟག་ཅེས་པའི་ཚིག་དེ་རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ནོ། །ཟེར་ན། ལྷས་སྦྱིན་གྱིས་སྨྲས་པའི་སྒྲ་མི་རྟག་ཅེས་པའི་ཚིག་ཆོས་ཅན། རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་དེ། སྒྲ་མི་རྟག་ཅེས་པའི་ཚིག་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འགོད་པ་པོའི་དཔལ་ལྡན་ཆོས་གྲགས་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་སྦྱོར་བ་དེ། ལྷས་སྦྱིན་གྱིས་སྨྲས་པའི་ངག་ཡིན་པའི་ཕྱིར་ཏེ། ལྷས་སྦྱིན་གྱིས་སྨྲས་པའི་ངག་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་སྦྱོར་བ་འདི། ལྷས་སྦྱིན་གྱིས་སྨྲས་པའི་ངག་ཡིན་པའི་ཕྱིར། ལྷས་སྦྱིན་གྱིས་སྨྲས་པའི་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་སྦྱོར་བ་འདི། ལྷས་སྦྱིན་གྱིས་སྨྲས་པའི་ངག་ཡིན་པའི་ཕྱིར། གཞན་ཡང༌། ལྷས་སྦྱིན་གྱིས་སྨྲས་པའི་སྒྲ་མི་རྟག་ཅེས་པའི་ཚིག་ཆོས་ཅན། རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་དེ། སྒྲ་མི་རྟག་ཅེས་པའི་ཚིག་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ་རྟགས་སྦྱོར་རྣམ་དག་མ་ཡིན་པར་ཐལ། དེ་འདྲའི་རྟགས་སྦྱོར་དེ། གཞི་རྟགས་ཐ་མི་དད་ཀྱི་རྟགས་སྦྱོར་ཡིན་པའི་ཕྱིར་ཏེ། སྒྲ་མི་རྟག་ཅེས་པའི་ཚིག་དེ་དེ་འདྲའི་རྟགས་སྦྱོར་གྱི་ཤེས་འདོད་ཆོས་ཅན་ཡང་ཡིན། དེ་འདྲའི་རྟགས་སྦྱོར་གྱི་རྟགས་ཀྱང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ངག་དེ་ལྷས་སྦྱིན་གྱིས་སྨྲས་པའི་ངག་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར་ཏེ། སྒྲ་ལ་དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཕྱོགས་ཀྱི་ཚིག་དེ་སྨྲ་བ་པོའི། །བསམ་པ་སྟོན་པར་བྱེད་པ་ལ། །ཚད་ཡིན། ཞེས་པའི་གཞུང་གི་དོན་མ་གྲུབ་པར་ཐལ། སྒྲ་མི་རྟག་ཅེས་པའི་ཚིག་དེ། ལྷས་སྦྱིན་གྱིས་སྨྲས་པའི་སྒྲ་མི་རྟག་ཅེས་པའི་ཚིག་རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། ཁ་ཅིག །གཞུང་དེའི་དོན་ནི། ཕྱོགས་ཚིག་དེ་ལྷས་སྦྱིན་གྱིས་སྨྲས་པའི་སྒྲ་མི་རྟག་ཅེས་པའི་ཚིག་རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་དེ་དེའི་དོན་ཡིན་ཟེར་ན། ལྷས་སྦྱིན་གྱིས་སྨྲས་པའི་སྒྲ་མི་རྟག་ཅེས་པའི་ཚིག་ཆོས་ཅན། རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་དེ། ཕྱོགས་ཚིག་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འགོད་པ་པོའི་དཔལ་ལྡན་ཆོས་གྲགས་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྐྱོན་སྔར་ལྟར་འཕེན་ནོ། །

༈ རང་ལུགས་ལ་གཞུང་འདིའི་དོན་ནི་སྒྲ་མི་རྟག་ཅེས་པའི་ཚིག་དེ། ལྷས་སྦྱིན་ལས་སྐྱེས་པའི་སྒྲ་མི་རྟག་ཅེས་པའི་ཚིག་རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་ལུང་དེའི་དོན་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། ལྷས་སྦྱིན་ལས་སྐྱེས་པའི་སྒྲ་མི་རྟག་ཅེས་པའི་ཚིག་ཆོས་ཅན། རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་དེ། སྒྲ་མི་རྟག་ཅེས་པའི་ཚིག་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འགོད་པ་པོའི་དཔལ་ལྡན་ཆོས་གྲགས་ཡོད་པར་ཐལ། གཞུང་དོན་འཐད་པའི་ཕྱིར་ཟེར་ན། འདོད་བྱས་པ་ལ། དཔལ་ལྡན་ཆོས་གྲགས་དེ། དེ་འདྲའི་རྟགས་སྦྱོར་འགོད་པ་པོའི་གང་ཟག་ཡིན་པར་ཐལ་ལོ། །འདོད་ན། དཔལ་ལྡན་ཆོས་གྲགས་དེ། ལྷས་སྦྱིན་ལས་སྐྱེས་པའི་སྒྲ་མི་རྟག་ཅེས་པའི་ཚིག་རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་པར་སྒྲུབ་པའི་རྟགས་སྦྱོར་རྣམ་དག་འགོད་པ་པོའི་གང་ཟག་ཡིན་པར་ཐལ་ལོ། །འདོད་ན། དཔལ་ལྡན་ཆོས་གྲགས་དེ་ལྷས་སྦྱིན་ལས་སྐྱེས་པའི་རྟགས་སྦྱོར་རྣམ་དག་འགོད་པ་པོའི་གང་ཟག་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་ན། དེ་ལྷས་སྦྱིན་ལས་སྐྱེས་པར་ཐལ་ལོ། །ཟེར་ན་ཡང་རྣམ་པ་གཅིག་ཏུ་འདིར་མ་ཁྱབ་བོ། །འོ་ན། དཔལ་ལྡན་ཆོས་གྲགས་དེ། དཔལ་ལྡན་ཆོས་གྲགས་ལས་སྐྱེས་པར་ཐལ། དེ་དེ་ལས་སྐྱེས་པའི་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འགོད་པ་པོའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ལས་སྐྱེས་པའི་དེ་འདྲའི་རྟགས་སྦྱོར་རྣམ་དག་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་དེའི་འབྲས་བུར་གྱུར་པའི་དེ་འདྲའི་རྟགས་སྦྱོར་འགོད་པ་པོའི་གང་ཟག་ཡིན་པར་ཐལ། དེ་དེ་ལས་སྐྱེས་པའི་དེ་འདྲའི་རྟགས་སྦྱོར་འགོད་པ་པོའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་དེའི་འབྲས་བུ་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ་སྟེ། འོ་ན། དེ་དེའི་འབྲས་བུ་ཡིན་པར་ཐལ། དེ་དེའི་འབྲས་བུར་གྱུར་པའི་དེ་འདྲའི་རྟགས་སྦྱོར་ཚད་མས་གྲུབ་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། ཡང་ལུང་དོན་ནི། ཕྱོགས་ཀྱི་ཚིག་དེ། སྒྲ་མི་རྟག་ཅེས་པའི་ཚིག་རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་བླངས་ན། སྐྱོན་སྔར་ལྟར་འཕེན་ནོ། །རང་རེས། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པས་ཁྱབ་བྱས་པ་ལ། ཁ་ཅིག །སྒྲ་བྱས་པ་ཚད་མས་གྲུབ་པའི་གང་ཟག་གིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་བྱས་པ་ལ། དེ་ཆོས་ཅན། ཁྱོད་ཡིན་ན། མི་རྟག་པ་ཡིན་དགོས་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་བྱས་པ་ལ། མི་རྟག་པ་ཡིན་པར་ཐལ། སྒྲ་བྱས་པ་ཚད་མས་གྲུབ་པའི་གང་ཟག་གིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་ཡིན་པའི་ཕྱིར་ཟེར་ན། གཤོག་ལུགས་སྐྱོན་ཅན་ཡིན་ནོ། །རྟགས་མ་གྲུབ་ན། བྱས་པ་ཚད་མས་གྲུབ་པའི་གང་ཟག་གིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་བྱས་པ་ཆོས་ཅན། སྒྲ་ཁྱོད་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། གཞན་ཡང༌། ཁོ་ན་རེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་རྟགས་སྦྱོར་གྱི་རྒྱུ་ཆོས་ཅན། དེ་འདྲའི་རྟགས་སྦྱོར་བཀོད་པའི་ཚེ་ན་བྱས་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན། འདོད་བྱས་པ་ལ། དེ་ཆོས་ཅན། དེ་འདྲའི་རྟགས་སྦྱོར་རྟགས་སྦྱོར་དུ་བཀོད་པའི་ཚེ་ན་བྱས་པ་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། དེ་འདྲའི་རྟགས་སྦྱོར་རྟགས་སྦྱོར་དུ་གྲུབ་པའི་ཚེ་ན་བྱས་པ་ཡིན་པར་ཐལ་ལོ། །འདོད་ན། དེ་འདྲའི་རྟགས་སྦྱོར་རྟགས་སྦྱོར་དུ་སྐྱེས་པའི་ཚེ་ན་སྐྱེས་པ་ཡིན་པར་ཐལ། འདོད་མི་ནུས་ཏེ། དེ་དེ་འདྲའི་རྟགས་སྦྱོར་རྟགས་སྦྱོར་དུ་སྐྱེས་པའི་ཚེ་ན་འགགས་པའི་ཕྱིར་ཏེ། དེ་དེ་འདྲའི་རྟགས་སྦྱོར་གྱི་རྒྱུ་ཡིན་པའི་ཕྱིར། གཞན་ཡང༌། བྱས་པའི་འབྲས་བུར་གྱུར་པའི་དཔལ་ལྡན་ཆོས་གྲགས་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཡོད་པར་ཐལ། འདོད་བྱས་པ་ལ། བྱས་པའི་འབྲས་བུར་གྱུར་པའི་དཔལ་ལྡན་ཆོས་གྲགས་དེ། དེ་འདྲའི་རྟགས་སྦྱོར་འགོད་པ་པོའི་གང་ཟག་ཡིན་པའི་ཚེ་ན་བྱས་པ་ཡོད་པར་ཐལ། དེས་དེ་འདྲའི་རྟགས་སྦྱོར་བཀོད་པའི་ཚེ་ན་བྱས་པ་ཡོད་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། དེ་གང་ཟག་ཡིན་པའི་ཚེ་ན། བྱས་པ་ཡོད་པར་ཐལ་ལོ། །འདོད་ན། དེ་སྐྱེས་པའི་ཚེ་ན། བྱས་པ་སྐྱེས་པར་ཐལ་ལོ། །ཟེར་ན། འོ་ན། དེ་བྱས་པ་ཚད་མས་གྲུབ་པའི་གང་ཟག་ཡིན་པའི་ཚེ་ན་བྱས་པ་ཡོད་པར་ཐལ། དེས་བྱས་པ་ཚད་མས་གྲུབ་པའི་ཚེ་ན་བྱས་པ་ཚད་མས་གྲུབ་པའི་ཕྱིར། རྟགས་གྲུབ་སྟེ། དེ་བྱས་པ་ཚད་མས་གྲུབ་པའི་གང་ཟག་ཡིན་པའི་ཚེ་ན། དེ་བྱས་པ་ཚད་མས་གྲུབ་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྐྱོན་སྔར་བཞིན་འཕེན་ནོ། །ཁ་ཅིག་ན་རེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་བཀོད་པ་རྟགས་སྦྱོར་བཀོད་པ་ཡིན་ཟེར་ན། འོ་ན། རྟགས་སྦྱོར་བཀོད་པ་རྟགས་སྦྱོར་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། སངས་འཕགས་རྟགས་སྦྱོར་བཀོད་པ་ཡིན་པའི་ཕྱིར་ཏེ། སངས་འཕགས་རྟགས་སྦྱོར་འགོད་ཡུལ་གྱི་གང་ཟག་ལ་རྟགས་སྦྱོར་བཀོད་པ་ཡིན་པའི་ཕྱིར་ཏེ། སངས་འཕགས་ཐལ་འགྱུར་འཕེན་ཡུལ་གྱི་གང་ཟག་ལ་ཐལ་འགྱུར་འཕེན་པ་ཡིན་པའི་ཕྱིར་ཏེ། སངས་འཕགས་ཆོས་སྟོན་ཡུལ་གྱི་གང་ཟག་ལ་ཆོས་སྟོན་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྟགས་སྦྱོར་བཀོད་པ་རྟགས་སྦྱོར་ཡིན་པར་ཐལ། བཀོད་པའི་རྟགས་སྦྱོར་རྟགས་སྦྱོར་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། རྟགས་སྦྱོར་བརྗོད་པ་རྟགས་སྦྱོར་ཡིན་པར་ཐལ། བརྗོད་པའི་རྟགས་སྦྱོར་རྟགས་སྦྱོར་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྟགས་སྦྱོར་རྗོད་བྱེད་ཀྱི་སྒྲས་བརྗོད་པ་དེ་ཡང་རྟགས་སྦྱོར་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། རྟགས་སྦྱོར་འགོད་མཁན་གྱི་གང་ཟག་ཡིན་ན། རང་ཉིད་རྟགས་སྦྱོར་བཀོད་པ་ཡིན་དགོས་པར་ཐལ། སངས་འཕགས་རྟགས་སྦྱོར་བཀོད་པ་ཡིན་པའི་ཕྱིར། འདོད་བྱས་པ་ལ། སངས་འཕགས་ཆོས་ཅན། ཆོས་བྱས་པ་ཡིན་པར་ཐལ། ཆོས་བྱས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་མཚུངས་སོ། །ཞེ་ན་མི་མཚུངས་ཏེ། འོ་ན། རྟགས་སྦྱོར་འགོད་མཁན་གྱི་གང་ཟག་ཡིན་ན། རྟགས་སྦྱོར་བཀོད་པ་མ་ཡིན་དགོས་པར་ཐལ། ཆོས་བྱས་པའི་གང་ཟག་ཡིན་ན། ཆོས་བྱས་པ་མ་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བདག་མེད་ཡིན་ན་ཆོས་བྱས་པ་མ་ཡིན་དགོས་པའི་ཕྱིར། འོ་ན། རྟགས་སྦྱོར་བཀོད་པ་གང་ཡིན་ཞེ་ན། དེ་ལྡན་མིན་འདུ་བྱེད་ཡིན་བྱས་པ་ལ། དེ་ཡིན་ན་ལྡན་མིན་འདུ་བྱེད་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། ཟེར་ན། མ་ཁྱབ་སྟེ། འོ་ན། དེ་ཡིན་ན། རྟགས་སྦྱོར་ཡིན་དགོས་པར་ཐལ། དེ་རྟགས་སྦྱོར་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སངས་འཕགས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། རྟགས་སྦྱོར་རྟགས་སྦྱོར་དུ་བཀོད་པའི་ཕྱིར། ཁ་ཅིག། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་བྱས་པ་དང་གཅིག་ཡིན་ཀྱང༌། བྱས་པ་ཡིན་ན། དེའི་ཚེ་ན་བྱས་པ་ཡིན་པས་མ་ཁྱབ་བོ། །ཟེར་བ་དེ་ལ། འོ་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་བྱས་པ་དང་གཅིག་ཏུ་གྱུར་པའི་རྟགས་ཡང་དག་ཡིན་པར་ཐལ། དེའི་ཚེ་ན་བྱས་པ་བྱས་པ་དང་གཅིག་ཡིན་པ་གང་ཞིག །དེའི་ཚེ་ན་བྱས་པ་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་བཀོད་པའི་ཚེ་ན། བྱས་པ་བྱས་པ་དང་གཅིག་ཏུ་གྱུར་པའི་འགལ་རྟགས་ཡིན་པར་ཐལ། དེའི་ཚེ་ན། བྱས་པ་བྱས་པ་དང་གཅིག་ཡིན་པ་གང་ཞིག །དེའི་ཚེ་ན་བྱས་པ་འགལ་རྟགས་ཡིན་པའི་ཕྱིར། འདོད་ན། བྱས་པ་བྱས་པ་དང་གཅིག་ཏུ་གྱུར་པའི་རྟགས་ཡང་དག་དང་བྱས་པ་བྱས་པ་དང་གཅིག་ཏུ་གྱུར་པའི་འགལ་རྟགས་གཉིས་ཀ་ཡིན་པར་ཐལ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་དང་པོ་དང༌། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་བྱས་པ་དང་གཅིག་ཏུ་གྱུར་པའི་འགལ་རྟགས་ཡིན་པའི་ཕྱིར། འདོད་ན། བྱས་པ་དང་གཅིག་དུ་མ་ཡོད་པར་ཐལ་ལོ། །བྱས་པ་ལ་མ་ཁྱབ་བོ། །ཟེར་ན། འོ་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་རྣམ་མཁྱེན་རྣམ་མཁྱེན་དང་གཅིག་ཏུ་གྱུར་པའི་རྟགས་ཡང་དག་ཡོད་པར་འཇལ་བའི་ཚད་མ་དང༌། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་རྣམ་མཁྱེན་རྣམ་མཁྱེན་དང་གཅིག་ཏུ་གྱུར་པའི་རྟགས་ཡང་དག་མེད་པར་འཇལ་བའི་ཚད་མ་གཉིས་ཀ་ཡིན་པར་ཐལ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་བྱས་པ་དང་གཅིག་ཏུ་གྱུར་པའི་རྟགས་ཡང་དག་དང༌། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་བྱས་པ་དང་གཅིག་ཏུ་གྱུར་པའི་འགལ་རྟགས་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་དང་གཅིག་ཏུ་གྱུར་པའི་རྟགས་ཡང་དག་ཡོད་པར་འཇལ་བའི་ཚད་མ་དང༌། རྣམ་མཁྱེན་དང་གཅིག་ཏུ་གྱུར་པའི་རྟགས་ཡང་དག་མེད་པར་འཇལ་བའི་ཚད་མ་གཉིས་ཀ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟགས་ཡང་དག་མེད་པར་འཇལ་བའི་ཚད་མ་ཡོད་པར་ཐལ། རྣམ་མཁྱེན་དང་གཅིག་ཏུ་གྱུར་པའི་རྟགས་ཡང་དག་མེད་པར་འཇལ་བའི་ཚད་མ་ཡོད་པའི་ཕྱིར། གཞན་ཡང༌། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་དང་ཐ་དད་བྱས་པ་དང་ཐ་དད་དང་གཅིག་ཡིན་པར་ཐལ། དེའི་ཚེ་ན་བྱས་པ་བྱས་པ་དང་གཅིག་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་ན་བྱས་པ་དང་ཐ་དད་ཡིན་ན། བྱས་པ་དང་ཐ་དད་ཡིན་དགོས་པར་ཐལ་ལོ། །འདོད་ན། བྱས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང༌། དེའི་ཚེ་ན་དོན་བྱེད་ནུས་སྟོང༌། དོན་བྱེད་ནུས་སྟོང་དང་གཅིག་ཡིན་པར་ཐལ། དེའི་ཚེ་ན་བྱས་པ་བྱས་པ་དང་གཅིག་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་ན་དོན་བྱེད་ནུས་སྟོང་དང་དངོས་མེད་ཡིན་ཁྱབ་མཉམ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེའི་ཚེ་ན་དོན་བྱེད་ནུས་སྟོང་ཡང་ཡིན། དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་དོན་བྱེད་ནུས་སྟོང་ཡང་ཡིན། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་དངོས་པོ་ཡང་ཡིན་པའི་གཞི་མཐུན་ཡོད་པ་གང་ཞིག །དེའི་ཚེ་ན་དངོས་པོ་ཡིན་ན་དངོས་པོ་ཡིན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ། དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། ཁ་ཅིག །བྱས་པ་ཡིན་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་ཡིན་པས་ཁྱབ་ཀྱང༌། དེའི་ཚེ་ན། བྱས་པ་བྱས་པ་དང་ཐ་དད་ཡིན་ནོ། །ཟེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་ཆོས་ཅན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པར་གྱུར་པའི་རྟགས་སྦྱོར་ཡིན་པར་ཐལ། བྱས་པར་གྱུར་པའི་རྟགས་སྦྱོར་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེའི་ཚེ་ན་རྟགས་སྦྱོར་ཡིན་པར་ཐལ་ལོ། །རྩ་བར་མ་ཁྱབ་བོ། །ཟེར་ན། དེ་ཆོས་ཅན། དེའི་ཚེ་ན་བྱས་པར་གྱུར་པའི་རྟགས་སྦྱོར་ཡིན་པར་ཐལ། དེའི་ཚེ་ན་བྱས་པ་དང༌། རྟགས་སྦྱོར་གྱི་གཞི་མཐུན་ཡིན་པའི་ཕྱིར་ཏེ། དེའི་ཚེ་ན་བྱས་པ་དང༌། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། རྟགས་སྦྱོར་གྱི་གཞི་མཐུན་པ་གང་ཞིག །སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་རྟགས་སྦྱོར་ཡིན་ན། རྟགས་སྦྱོར་ཡིན་དགོས་པའི་ཕྱིར། གཞན་ཡང༌། རེས་འགའ་བའི་དངོས་པོ་ཡིན་ན་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རང་རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་བའི་དངོས་པོ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། རེས་འགའ་བའི་དངོས་པོ་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེའི་ཚེ་ན་རང་ཉིད་ཀྱི་རྒྱུ་དང་བཅས་པར་ཐལ་ལོ། །འདོད་ན། དེའི་ཚེ་ན་རང་ཉིད་ཀྱི་རྒྱུ་ཡོད་པར་ཐལ་ལོ། །གཞན་ཡང༌། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་བྱས་པ་དང་གཅིག་ཡིན་པར་ཐལ། དེའི་ཚེ་ན་དེ་དེ་དང་ཐ་མི་དད་ཡིན་པའི་ཕྱིར་ཏེ། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སྒྲ་སྒྲ་དང་ཐ་མི་དད་ཡིན་པའི་ཕྱིར། མ་གྲུབ་ན། དེའི་ཚེ་ན་སྒྲ་སྒྲ་དང་ཐ་མི་དད་ཡིན་པར་ཐལ། དེའི་ཚེ་ན་སྒྲ་སྒྲ་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་ན་མ་ཁྱབ་བོ། །ཟེར་ན། དེའི་ཚེ་ན་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གཞི་རྟགས་ཐ་མི་དད་ཀྱི་རྟགས་སྦྱོར་ཡིན་པར་ཐལ། དེའི་ཚེ་ན་སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་ན་དེ་འདྲའི་རྟགས་སྦྱོར་དེ་གཞི་རྟགས་ཐ་དད་ཀྱི་རྟགས་སྦྱོར་ཡིན་པའི་ཕྱིར་ཏེ། དེའི་ཚེ་ན་སྒྲ་དེ་དེ་འདྲའི་རྟགས་སྦྱོར་གྱི་ཤེས་འདོད་ཆོས་ཅན་དང༌། སྒྲ་དེ་དེ་འདྲའི་རྟགས་སྦྱོར་གྱི་གཏན་ཚིགས་ཡིན་པ་གང་ཞིག །དེའི་ཚེ་ན་སྒྲ་སྒྲ་དང་ཐ་དད་ཡིན་པའི་ཕྱིར། །རང་རེའི་དམ་བཅའ་ལ་ཁ་ཅིག་ན་རེ། སངས་འཕགས་ལ་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པའི་ཕྱིར། ཟེར་ན། འདོད་བྱས་པ་ལ། དེའི་ཚེ་ན་དེ་སངས་འཕགས་ལ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བར་ཐལ་ལོ། །འདོད་ན། སངས་འཕགས་ལ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བ་ཡོད་པར་ཐལ་ལོ། །ཟེར་ན་མ་ཁྱབ། གཞན་ཡང༌། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་པའི་དུས་ཡིན་ན། བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་བཀོད་པའི་དུས་ཡིན་དགོས་པར་ཐལ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་ན། དེ་སྒྲུབ་ཀྱི་རྟགས་ཡངདག་ཡིན་དགོས་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། བྱས་པ་དེ་སྐོར་གྱི་རྟགས་སུ་འགོད་པ་པོའི་གང་ཟག་ཡིན་ན། བྱས་པ་དེ་སྐོར་གྱི་རྟགས་ཡང་དག་ཏུ་བཀོད་པ་པོའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། གྲངས་ཅན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང༌། བྱས་པ་དེ་སྐོར་གྱི་རྟགས་ལྟར་སྣང་དུ་བཀོད་པའི་དུས་ཡོད་པར་ཐལ། བྱས་པ་དེ་སྐོར་གྱི་རྟགས་སུ་བཀོད་པའི་དུས་ཡིན་ན། དེ་སྐོར་གྱི་རྟགས་ཡང་དག་ཏུ་བཀོད་པའི་དུས་ཡིན་པས་མ་ཁྱབ་པའི་ཕྱིར། འདོད་ན། དེའི་དུས་སུ། བྱས་པ་དེ་སྐོར་གྱི་རྟགས་ལྟར་སྣང་ཡིན་པར་ཐལ་ལོ། །འདོད་ན། བྱས་པ་དེ་སྐོར་གྱི་རྟགས་ལྟར་སྣང་དུ་འགོད་པའི་ཚེ་ན། བྱས་པ་དེ་སྐོར་གྱི་རྟགས་ལྟར་སྣང་ཡིན་པར་ཐལ་ལོ། །འདོད་ན། དེ་སྐོར་གྱི་རྟགས་སུ་བཀོད་པ་ཡང་ཡིན། དེ་སྐོར་གྱི་རྟགས་ལྟར་སྣང་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ་ལོ། །བྱས་པ་དེ་སྐོར་གྱི་རྟགས་ལྟར་སྣང་དུ་བཀོད་པའི་ཚེ་ན། བྱས་པ་དེ་འདྲའི་གཞི་མཐུན་པ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། སངས་འཕགས་ལ་སྒྲ་མི་རྟག་པ་ཡོད་པར་ཐལ། སངས་འཕགས་ལ་སྒྲ་མི་རྟག་པ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་སྒྲ་མི་རྟག་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་ཚེ་ན་སྒྲ་མི་རྟག་པ་རྒྱུད་ལྡན་གྱི་གང་ཟག་ཡོད་པའི་ཕྱིར། དེའི་ཚེ་ན་སེམས་ཅན་ཡོད་པའི་ཕྱིར། གཞན་ཡང༌། ཁོ་ན་རེ། གྲངས་ཅན་གྱིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། དམ་བཅའ་དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་གྲུབ་པར་ཐལ་ལོ། །འདོད་ན། གྲངས་ཅན་གྱིས་དེ་སྐོར་གྱི་ཚུལ་གསུམ་ཚད་མས་གྲུབ་པར་ཐལ། དེས་དེ་ལྟར་བཀོད་པའི་ཚེ་ན་དེ་སྐོར་གྱི་ཚུལ་གསུམ་ཚད་མས་གྲུབ་པའི་ཕྱིར་ན་མ་ཁྱབ་སྟེ། གྲངས་ཅན་གྱིས་སྒྲ་དང་མི་རྟག་པའི་གཞི་མཐུན་ཚད་མས་གྲུབ་པར་ཐལ། གྲངས་ཅན་གྱིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། དེ་འདྲའི་གཞི་མཐུན་ཚད་མས་གྲུབ་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སྒྲ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། འདོད་ན། དེས་སྒྲ་མི་རྟག་པར་ཚད་མས་གྲུབ་པར་ཐལ་ལོ། །གཞན་ཡང༌། ཁོ་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་མ་ངེས་པའི་གང་ཟག་གིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། དམ་བཅའ་དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་གྲུབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་དེའི་ཚེ་ན་དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་གྲུབ་པའི་གང་ཟག་ཡིན་པར་ཐལ། དེ་གང་ཟག་གང་ཞིག །དེས་དེ་ལྟར་བཀོད་པའི་ཚེ་ན་དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་གྲུབ་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་མ་གྲུབ་པའི་གང་ཟག་གིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་ཆོས་ཅན། དམ་བཅའ་དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་གྲུབ་པར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཆོས་ཅན། ཁྱོད་ཚད་མས་མ་གྲུབ་པའི་གང་ཟག་གིས་ཁྱོད་ཚད་མས་མ་གྲུབ་པར་ཐལ། ཁྱོད་ཚད་མས་མ་གྲུབ་པའི་གང་ཟག་དེ་ཁྱོད་ཚད་མས་མ་གྲུབ་པའི་གང་ཟག་ཡིན་པའི་ཕྱིར། ཟེར་ནའང་མ་ཁྱབ་སྟེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སྒྲ་དང་མི་རྟག་པའི་གཞི་མཐུན་ཆོས་ཅན། ཁྱོད་ཚད་མས་མ་གྲུབ་པའི་གང་ཟག་གིས་ཁྱོད་ཚད་མས་མ་གྲུབ་པར་ཐལ། ཁྱོད་ཚད་མས་མ་གྲུབ་པའི་གང་ཟག་ཁྱོད་ཚད་མས་མ་གྲུབ་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བདག་མེད་ཡིན་པའི་ཕྱིར། འདོད་ན། སྒྲ་དང་མི་རྟག་པའི་ཚོགས་དོན་ཚད་མས་མ་གྲུབ་པའི་གང་ཟག་གིས་དེ་ལྟར་བཀོད་པའི་ཚེ་ན། དེ་འདྲའི་གཞི་མཐུན་ཚད་མས་གྲུབ་པར་ཐལ། དེའི་ཚེ་ན་དེ་འདྲའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། དེ་འདྲའི་གཞི་མཐུན་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། །

ཕྱོགས་སྒྲའི་རྣམ་གཞག་ལ་དཔྱད་པ།

༈ ཕྱོགས་སྒྲའི་རྣམ་བཞག་ལ། ཁ་ཅིག །ཕྱོགས་ཆོས་ཞེས་པའི་སྐབས་ཀྱི་ཕྱོགས་ཡིན་ན། ཕྱོགས་བཏགས་པ་བ་ཡིན་པས་ཁྱབ་ཟེར་ན། སྒྲ་དང་མི་རྟག་པའི་ཚོགས་དོན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། སྒྲ་དང་མི་རྟག་པའི་ཚོགས་དོན་གང་ཟག་གི་བདག་མེད་དུ་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་སྐབས་ཀྱི་ཕྱོགས་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་སྐབས་ཀྱི་ཕྱོགས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་དེ་ཕྱོགས་ཆོས་འཆད་པའི་སྐབས་ཀྱི་ཕྱོགས་ཡིན་པར་ཐལ། དེ་ཕྱོགས་ཆོས་ཞེས་པའི་སྐབས་ཀྱི་ཕྱོགས་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཕྱོགས་ཆོས་འཆད་པའི་སྐབས་ཀྱི་ཕྱོགས་ཡིན་ན་ཕྱོགས་ཡིན་དགོས་པའི་ཕྱིར་ཏེ། ཚུལ་གསུམ་འཆད་པའི་སྐབས་ཀྱི་ཕྱོགས་ཡིན་ན་ཕྱོགས་ཡིན་དགོས་པའི་ཕྱིར་ཏེ། དེའི་སྐབས་ཀྱི་བསྒྲུབ་བྱ་ཡིན་ན་བསྒྲུབ་བྱ་ཡིན་དགོས་པའི་ཕྱིར། ཁོ་རང་ལ། སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་འཆད་པའི་སྐབས་ཀྱི་ཕྱོགས་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཞེས་པའི་སྐབས་ཀྱི་ཕྱོགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། སྒྲ་དང་མི་རྟག་པའི་ཚོགས་དོན་དེ་དེའི་སྐབས་ཀྱི་ཕྱོགས་ཡིན་པའི་ཕྱིར། དེ་དེ་སྒྲུབ་ཀྱི་ཚུལ་གསུམ་འཆད་པའི་སྐབས་ཀྱི་དེ་ཡིན་པའི་ཕྱིར། དེ་དེ་སྒྲུབ་ཀྱི་ཚུལ་གསུམ་གཏན་ལ་འབེབས་པའི་སྐབས་ཀྱི་ཕྱོགས་ཡིན་པའི་ཕྱིར། དེ་དེ་སྒྲུབ་ཀྱི་ཚུལ་གསུམ་རིགས་པ་ཡང་དག་གིས་གཏན་ལ་འབེབས་པའི་སྐབས་ཀྱི་ཕྱོགས་ཡིན་པའི་ཕྱིར། གཞན་ཡང༌། སྒྲ་དང་མི་རྟག་པའི་ཚོགས་དོན་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་འཆད་པའི་སྐབས་ཀྱི་ཕྱོགས་སུ་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཚུལ་དང་པོ་འཆད་པའི་སྐབས་ཀྱི་ཕྱོགས་ཡིན་པའི་ཕྱིར་ཏེ། དེ་ཚད་མ་མདོ་ལས། རྟགས་ཀྱི་བསྒྲུབ་བྱ་ཚོགས་པ་ཉིད། །ཡིན་ཕྱིར་ཆོས་དང་ཆོས་ཅན་དང༌། །གཙོ་བོ་མིན་ཡང་ཕྱོགས་གཅིག་ཕྱིར། །བསྒྲུབ་བྱ་ཉིད་དུ་འདོགས་པ་ཡིན། །ཞེས་པའི་སྐབས་ནས་བསྟན་པའི་ཕྱོགས་ཡིན་པ་གང་ཞིག །གཞུང་འདི་རྟགས་ཚུལ་དང་པོ་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་སྐབས་ནས་བསྟན་པའི་ཕྱོགས་མཚན་ཉིད་པ་གཅིག་ཡོད་པའི་ཕྱིར། གཞན་ཡང༌། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཞེས་པའི་སྐབས་ཀྱི་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་འཆད་པའི་སྐབས་ཀྱི་ཕྱོགས་ཡིན་པས་ཁྱབ་པ་དང༌། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཞེས་པའི་སྐབས་ཀྱི་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་འཆད་པའི་སྐབས་ཀྱི་ཕྱོགས་ཡིན་པས་ཁྱབ་པ་གཉིས་ཀ་ཡོད་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཞེས་པའི་སྐབས་ཀྱི་ཕྱོགས་ཡིན་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་འཆད་པའི་སྐབས་ཀྱི་ཕྱོགས་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། དང་པོ་ལ། མི་རྟག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། མི་རྟག་པ་དེ་དེའི་སྐབས་ཀྱི་ཕྱོགས་ཡིན་པར་ཐལ། མདོ་རང་འགྲེལ་ལས། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ༌། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང༌། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཕྱོགས་ཡིན་པར་ཐལ་ལོ། །གཉིས་པ་ལ། མི་རྟག་པ་མ་ཡིན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། མདོ་རང་འགྲེལ་ལས། མི་མཐུན་པའི་ཕྱོགས་ལ་མེད་པ་དག་ཅི་རིགས་པ་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཕྱོགས་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་འཆད་པའི་སྐབས་སུ་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། སྒྲ་དེ་དེའི་སྐབས་སུ་དེ་སྒྲུབ་ཀྱི་ཕྱོགས་མ་ཡིན་པའི་ཕྱིར། འདོད་བྱས་པ་ལ། སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་འཆད་པའི་སྐབས་སུ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཅེས་པའི་སྒྲ་འཇུག་པའི་འཇུག་གཞི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་ལ་དེའི་སྐབས་སུ་ཆོས་ཅན་རང་མིང་གིས་སྨོས་རིགས་པར་ཐལ་ལོ། །འདོད་ན། ཊཱིཀྐ་ལས། དེས་ན་ཚུལ་དང་པོ་སྟོན་པ་ན་རྩོད་གཞི་ལ་ཕྱོགས་ཀྱི་སྒྲས་སྟོན་རིགས་ཀྱི་ཆོས་ཅན་རང་མིང་གིས་སྨོས་མི་རིགས་པར་ཐལ། རང་མིང་གིས་སྨོས་ན་སྐྱོན་དེ་དག་རིམ་པར་སྤོང་དགོས་པས་རྟོགས་དཀའ་ལ། ཕྱོགས་ཀྱི་སྒྲས་སྨོས་ན། སྐྱོན་དེ་དག་འབད་མེད་དུ་སྤངས་ནས་རྩོད་གཞི་བདེ་བླག་ཏུ་གོ་བའི་ཕྱིར། ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། །དེའི་དོན་ནི། སྒྲ་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཀྱི་མིང་གིས་མི་འདོགས་པར་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་རང་མིང་ཙམ་གྱིས་སྨོས་ན་དེ་ལྟར་རྟོགས་དཀའ་བ་དེ་ལུང་དེའི་དོན་ཡིན་ནོ། །ཁོ་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་འཆད་པའི་སྐབས་ཀྱི་ཕྱོགས་ཞེས་པའི་སྒྲ་འཇུག་པའི་གཞི་ཡིན་ན། སྒྲ་ཡིན་པས་ཁྱབ་བོ། ཟེར་ན། དེའི་སྐབས་ཀྱི་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་ཅེས་པའི་སྒྲ་འཇུག་པའི་གཞི་ཡིན་པར་ཐལ། ཁྱོད་ཁྱོད་འཛིན་རྟོག་པའི་ཞེན་གཞི་ཡིན་པའི་ཕྱིར། བྱས་པ་ལ། དེ་ཆོས་ཅན། ཁྱོད་ཁྱོད་ཅེས་པའི་སྒྲ་དངོས་སུ་འཇུག་པའི་གཞི་ཡིན་པར་ཐལ། ཁྱོད་ཁྱོད་ཅེས་པའི་སྒྲ་འཇུག་པའི་གཞི་གང་ཞིག །ཁྱོད་དེ་ལྟར་བཏགས་ནས་འཇུག་པའི་གཞི་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་བྱས་པ་ལ། དེ་ཆོས་ཅན། ཁྱོད་ཁྱོད་ཅེས་པའི་སྒྲ་བཏགས་མིང་དུ་འཇུག་པའི་གཞི་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཟེར་ན་མ་ཁྱབ་སྟེ། འོ་ན། ཀ་བུམ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ཁྱོད་ཅེས་པའི་སྒྲ་དངོས་སུ་འཇུག་པའི་གཞི་མ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཅེས་པའི་སྒྲ་དེ་ཁྱོད་ཀྱི་བཏགས་མིང་ཡིན་པར་ཐལ་ལོ། །ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་འཆད་པའི་སྐབས་སུ་ཕྱོགས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞི་ཡིན་ན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་མཚན་ཉིད་པ་ཡིན་པས་ཁྱབ་བོ། །ཟེར་ན། དེའི་སྐབས་སུ་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག །རྟགས་ཚུལ་དང་པོ་འཆད་པའི་སྐབས་ཀྱི་ཕྱོགས་ཞེས་པའི་སྒྲ་དེ། རྩོད་གཞི་ཆོས་ཅན། མཐུན་དཔེ་ཆོས་ཅན། མི་མཐུན་དཔེ་ཆོས་ཅན་གསུམ་གྱི་ནང་ནས་རྩོད་གཞི་ཆོས་ཅན་ཁོ་ན་ལ་འཇུག་གོ །

ཟེར་ན། དེ་མི་འཐད་པར་ཐལ། དེ་མཐུན་དཔེ་ལ་ཡང་འཇུག་པའི་ཕྱིར། དེ་བུམ་པ་ལ་འཇུག་པ་གང་ཞིག །བུམ་པ་དེ་མཐུན་དཔེ་ཆོས་ཅན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲ་ལ་འཇུག་པའི་ཕྱིར་ཏེ། དེ་རྩོད་གཞི་ཆོས་ཅན་ལ་འཇུག་པའི་ཕྱིར། ཁ་ཅིག །ཊཱིཀྐ་ལས། དེའི་སྒྲ་རྩོད་གཞི་དང༌། མཐུན་དཔེ་ཆོས་ཅན་དང༌། མི་མཐུན་དཔེ་ཆོས་ཅན་གསུམ་ལ་འཇུག་པས། ཞེས་པའི་དོན་དུ་བསམ་ནས་དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་ཡིན་ན། དེ་སྒྲུབ་ཀྱི་ཆོས་ཅན་ཡིན་པས་ཁྱབ་བོ། །ཟེར་ན། ནམ་མཁའ་ཆོས་ཅན། གང་ཟག་གི་བདག་ཚད་མས་མ་དམིགས་པའི་རྟགས་ཀྱིས་རི་བོང་གི་རྭ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་ཆོས་ཅན་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་སྒྲུབ་ཀྱི་ཆོས་ཅན་ཡོད་པར་ཐལ། འདོད་པ་གང་ཞིག །ཁྱོད་ཡོད་པའི་ཕྱིར། འདོད་ན། གང་ཟག་གི་བདག་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཆོས་ཅན་མེད་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་སྒྲུབ་ཀྱི་ཆོས་ཅན་ཡིན་ན། དེ་སྒྲུབ་ཀྱི་རྩོད་གཞི་ཆོས་ཅན་ཡིན་དགོས་པར་ཐལ། དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་ཡིན་ན། དེ་སྒྲུབ་ཀྱི་ཆོས་ཅན་མ་ཡིན་པས་ཁྱབ་པའི་ཕྱིར། འདོད་བྱས་པ་ལ། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྩོད་གཞི་ཆོས་ཅན་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ཆོས་ཅན་སྐྱོན་མེད་གསུམ་པོ་གང་རུང་ཡིན་པའི་ཕྱིར། ཟེར་ན་འདིར་མ་ཁྱབ། རྟགས་གྲུབ་སྟེ། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཆོས་ཅན་ཡིན་པའི་ཕྱིར་ན་རྣམ་པ་གཅིག་ཏུ་འདིར་མ་ཁྱབ་བོ། །མ་ཁྱབ་དང་པོའི་དབང་དུ་བྱས་ན་ཁོ་རང་ལ། ཤེས་བྱ་ཆོས་ཅན། བདེན་པ་ཡིན་པར་ཐལ། བདེན་པ་གཉིས་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། མ་ཁྱབ་གཉིས་པའི་དབང་དུ་བྱས་ན་ཁོ་རང་ལ། ཤེས་བྱ་ཆོས་ཅན། སྟོང་ཉིད་ཡིན་པར་ཐལ། སྟོང་ཉིད་བཅུ་དྲུག་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་ཡིན་པའི་ཕྱིར། །

རང་ལུགས་ཀྱི་རྟགས་ཡང་དག་གི་མཚན་ཉིད་སོགས་བཤད་པ།

༈ གཉིས་པ་རང་ལུགས་བཞག་པ་ལ། རྟགས་ཡང་དག་ལ་མཚན་ཉིད། དབྱེ་བ། གཏན་ལ་ཕབ་པའི་དགོས་པ་བཤད་པ་དང་གསུམ། དང་པོ་ནི། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་ཡིན། གཉིས་པ་ནི། རྟགས་ཡང་དག་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན། དགག་རྟགས་ཡང་དག་དང༌། སྒྲུབ་རྟགས་ཡང་དག་གཉིས། རྒོལ་བའི་སྒོ་ནས་དབྱེ་ན། རང་དོན་སྐབས་ཀྱི་རྟགས་ཡང་དག་དང༌། གཞན་དོན་སྐབས་ཀྱི་རྟགས་ཡང་དག་གཉིས། སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། དོན་སྒྲུབ་ཀྱི་རྟགས་ཡང་དག་དང༌། ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་དང༌། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་དང་གསུམ། འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་དང༌། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་གཉིས། བསྒྲུབ་བྱའི་སྒོ་ནས་དབྱེ་ན། དངོས་སྟོབས་ཀྱི་རྟགས་ཡང་དག་དང༌། ཡིད་ཆེས་ཀྱི་རྟགས་ཡང་དག་དང༌། གྲགས་པའི་རྟགས་ཡང་དག་གསུམ། ཡང་རྟགས་ཡང་དག་ལ། སྦྱོར་བ་འགོད་ཚུལ་གྱི་སྒོ་ནས་དབྱེ་ན། འགོད་ཚུལ་ཡོད་འགོད་ལ་བརྟེན་པའི་རྟགས་ཡང་དག་དང༌། འགོད་ཚུལ་མེད་འགོད་ལ་བརྟེན་པའི་རྟགས་ཡང་དག་དང༌། འགོད་ཚུལ་ཡིན་འགོད་ལ་བརྟེན་པའི་རྟགས་ཡང་དག་དང༌། འགོད་ཚུལ་མིན་འགོད་ལ་བརྟེན་པའི་རྟགས་ཡང་དག་དང་བཞི་རྣམས་སུ་ཡོད་དོ། །དང་པོ་ནི། དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་དུ་བ་ལྟ་བུ་ལ་བྱེད། །གཉིས་པ་ནི། མེ་མེད་མཚན་མོའི་རྒྱ་མཚོར་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་མེ་མེད་པ་ལྟ་བུ་ལ་བྱེད། གསུམ་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་ལྟ་བུ་ལ་བྱེད། བཞི་པ་ནི། སྒྲ་ཆོས་ཅན། རྟག་པ་མ་ཡིན་ཏེ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པ་ལྟ་བུ་ལ་བྱེད། །

༈ གསུམ་པ་གཏན་ལ་ཕབ་པའི་དགོས་པ་བཤད་པ་ནི། རྟགས་ཡང་དག་གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། ཕུང་པོ་གང་ཟག་གི་བདག་ཏུ་འཛིན་པའི་བདག་འཛིན་སྤངས་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ། ཕུང་པོ་གང་ཟག་གི་བདག་མེད་དུ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་རང་རྒྱུད་ལ་སྐྱེ་དགོས། དེའི་སྔ་རོལ་ཏུ་ཕུང་པོ་གང་ཟག་གི་བདག་མེད་དུ་དོན་སྤྱིའི་ཚུལ་གྱིས་སྒོམ་པའི་སྒོམ་བྱུང་གི་བློ་སྔོན་དུ་འགྲོ་དགོས། དེའི་སྔ་རོལ་དུ་ཕུང་པོ་གང་ཟག་གི་བདག་མེད་དུ་དོན་སྤྱིའི་ཚུལ་གྱིས་བསམ་པའི་བསམ་བྱུང་གི་བློ་དང༌། དེ་ལྟར་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཐོས་བྱུང་གི་བློ་གང་རུང་གིས་བསྡུས་པའི་རྗེས་དཔག་སྔོན་དུ་འགྲོ་དགོས། དེ་ལྟ་བུའི་རྗེས་དཔག་དེ་རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེ་དགོས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། །ངག་དོན་ནི། བྱས་པ་ཆོས་ཅན། རྟགས་ཡང་དག་ཡིན་ཏེ། ཚུལ་གསུམ་ཡིན་པའི་ཕྱིར། །

༈ དེ་ནི་རྣམ་གསུམ་ཉིད། ཅེས་པའི་གཞུང་འདི་གང་ལས་འཕྲོས་ན། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །ཞེས་པའི་སྐབས་སུ། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་དུ་བསྟན་པ་ལ། དེ་ལྟར་ཡིན་ན་ཚུལ་གསུམ་པ་ཅན་གྱི་རྟགས་ཡང་དག་དེ་ལ་དབྱེ་ན་དུ་ཡོད་ཅེ་ན། དེ་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་ཡོད་དོ། །ཞེས་འཆད་པར་བྱེད་པ་ལ། དེ་ནི་རྣམ་གསུམ་ཉིད། ཅེས་པ་འདི་བྱུང༌། འདི་བསྒྲུབ་པ་ལ་རྟགས་ཡང་དག་གི་ངོ་བོའི་སྒོ་ནས་བསྒྲུབ་པ་དང༌། རྟགས་ཆོས་ཀྱི་འབྲེལ་པའི་སྒོ་ནས་བསྒྲུབ་པ་གཉིས་ལས། དང་པོ་འཆད་པར་བྱེད་པ་ལ། ཉིད་ཅེས་པ་འདི་བྱུང༌། འདིའི་དོན་ནི། རྟགས་ཡང་དག་དེ་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་ཏེ། ཚུལ་གསུམ་དེ་ལ་འབྲས་རང་མ་དམིགས་པའི་ཚུལ་གསུམ་དུ་གྲངས་ངེས་པའི་ཕྱིར། གཉིས་པ་འཆད་པར་བྱེད་པ་ལ། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པ་འདི་བྱུང༌། འདིའི་དོན་ནི། རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་ཏེ། རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་དེ་ལ་ཁོ་རང་དུ་གྱུར་པའི་བདག་གཅིག་གི་འབྲེལ་པ་དང༌། དེར་གྱུར་པའི་དེ་བྱུང་གི་འབྲེལ་པ་གཉིས་སུ་གྲངས་ངེས་པའི་ཕྱིར། །

༈ མཐའ་དཔྱད་པ་ལ། རང་རེས། དེ་སྒྲུབ་ཀྱི་རྟགས་ཡང་དག་དེ་ལ་དེ་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་བྱས་པ་ལ་ཁོ་ན་རེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ལ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག །རང་བཞིན་གྱི་རྟགས་ཡང་དག །མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། རང་བཞིན་གྱི་རྟགས་ཡང་དག་དང༌། མ་དམིགས་པའི་རྟགས་ཡང་དག་གང་རུང་ཡིན་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པར་ཐལ་ལོ། །འདོད་ན་སླའོ། །གཞན་ཡང༌། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་བྱས་པ་ལ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡོད་པར་ཐལ། འདོད་པ་གང་ཞིག །དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་མེད་པའི་ཕྱིར་ཟེར་ན། ཕྱི་མ་མ་གྲུབ་ཅིང༌། འདོད་ཀྱང་བྱས་པ་ལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དང༌། སྒྲུབ་པའི་གཞི་མཐུན་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་དང་དགག་པའི་གཞི་མཐུན་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡོད་པའི་ཕྱིར། གཞན་ཡང༌། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་དང༌། དངོས་སྟོབས་རྗེས་དཔག་ཚད་མར་སོང་བའི་གཞལ་བྱའི་གཞི་མཐུན་ཡོད་པར་ཐལ། དེ་སྒྲུབ་ཀྱི་དངོས་སྟོབས་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར་ཟེར་ན། འདོད་བྱས་པ་ལ། དེ་མེད་པར་ཐལ། དེ་དང་ཡིད་ཆེས་རྗེས་དཔག་ཚད་མར་སོང་བའི་གཞལ་བྱའི་གཞི་མཐུན་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་ཡིད་ཆེས་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར། ཡང་། རང་རེས། སྦྱོར་བ་སྐོར་གཅིག་གི་རྟགས་ཡང་དག་དང༌། འགལ་རྟགས་གཉིས་ཀ་ཡོད་བྱས་པ་ལ། འོ་ན། སྦྱོར་བ་སྐོར་གཅིག་གི་དངོས་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། བུམ་པ་ཆོས་ཅན། ཤེས་བྱ་མ་ཡིན་པར་ཐལ། བློའི་ཡུལ་དུ་བྱ་རུང་ཡིན་པའི་ཕྱིར། ཁྱབ་པ་སྦྱོར་བ་སྐོར་གཅིག་ལ་ཁས། གཞན་ཡང༌། སྦྱོར་བ་སྐོར་གཅིག་གི་རྟགས་ཡང་དག་གིས། སྦྱོར་བ་སྐོར་གཅིག་གི་དགག་བྱ་འགོག་པར་ཐལ། སྦྱོར་བ་སྐོར་གཅིག་གི་རྟགས་ཡང་དག་ཡོད་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། སྦྱོར་བ་སྐོར་གཅིག་གི་དགག་བྱ་མེད་པར་ཐལ་ལོ། །འདོད་མི་ནུས་ཏེ། སྦྱོར་བ་སྐོར་གཅིག་གི་འགལ་རྟགས་ཡོད་པའི་ཕྱིར། གཞན་ཡང༌། སྦྱོར་བ་སྐོར་གཅིག་གི་རྟགས་ཆོས་ཀྱི་འབྲེལ་པ་ཡོད་པར་ཐལ། སྦྱོར་བ་སྐོར་གཅིག་གི་རྟགས་ཡང་དག་ཡོད་པའི་ཕྱིར། འདོད་བྱས་པ་ལ། སྦྱོར་བ་སྐོར་གཅིག་གི་རྟགས་དེའི་བསྒྲུབ་བྱའི་ཆོས་ལ་འབྲེལ་བར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་ན། སྦྱོར་བ་སྐོར་གཅིག་གི་བསྒྲུབ་བྱའི་ཆོས་མེད་ན། སྦྱོར་བ་སྐོར་གཅིག་གི་རྟགས་མེད་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་པའི་རྟགས་ཀྱིས་སྒྲ་རྟག་པར་དངོས་སུ་སྒྲུབ་པའི་རྟགས་མེད་པར་ཐལ། དེ་སྐོར་གྱི་བསྒྲུབ་བྱའི་ཆོས་མེད་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག །དེ་སྒྲུབ་ཀྱི་ཚུལ་གསུམ་དང་ཕན་ཚུན་ཐ་དད་དུ་གྱུར་པའི་བྱས་པ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ཟེར་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། སྒྲུབ་པ་ཡང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་དགག་རྟགས་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དང༌། དགག་པའི་གཞི་མཐུན་ཡོད་པའི་ཕྱིར། །

༈ གཏན་ཚིག་ལྟར་སྣང་དེ་ལས་གཞན། །ཞེས་པའི་གཞུང་འདི་གང་ལས་འཕྲོས་ན། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས། ཞེས་པའི་སྐབས་སུ་ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་དུ་བསྟན་པ་ལ། ཁོ་ན་རེ། དེ་ལྟར་ཡིན་ན། ཚུལ་གསུམ་དེ་ལས་གཞན་པའི་གཏན་ཚིགས་དེ་གང་ཞེ་ན། དེ་གཏན་ཚིགས་ལྟར་སྣང་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ་གཞུང་འདི་བྱུང༌། སྦྱོར་བ་ལ་ཁ་ཅིག །མངོན་རྗེས་གཉིས་ཆོས་ཅན། རྟགས་ལྟར་སྣང་ཡིན་ཏེ། རྟགས་སུ་བཀོད་པ་གང་ཞིག །ཚུལ་གསུམ་མ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི། གཞུང་འདིའི་དོན་སྦྱོར་རྣམ་དག་ཡིན་ཅིང༌། རྟགས་སྦྱོར་རྣམ་དག་ཀྱང་ཡིན་ནོ། །ཟེར་བ་དང༌། བཀོད་ཚེ་མ་ནུས་ཡོད་འདོད་པ་ནང་འགལ་ཏེ། འོ་ན། དེ་འདྲའི་རྟགས་སྦྱོར་བཀོད་པའི་ཚེ་ན། རྟགས་སུ་བཀོད་པ་གང་ཞིག །ཚུལ་གསུམ་མ་ཡིན་པ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེའི་ཚེ་ན་རྟགས་ཡང་དག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་ན་རྟགས་ལྟར་སྣང་ཡོད་པའི་ཕྱིར། ཁྱབ་པ་གྲུབ་མཐའ་ལ་ཁས། །

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། ཚུལ་གསུམ་ལས་གཞན་པའི་གཏན་ཚིགས་དེ། གཏན་ཚིགས་ལྟར་སྣང་གི་མཚན་ཉིད་ཡིན་ཟེར་བ་དང༌། བྱས་པ་ཚུལ་གསུམ་མ་ཡིན་ཟེར་བ་ནང་འགལ་ཏེ། འོ་ན། བྱས་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། ཚུལ་གསུམ་མ་ཡིན་པར་གྱུར་པའི་གཏན་ཚིགས་ཡིན་པའི་ཕྱིར། གཞན་ཡང༌། བྱས་པ་གཏན་ཚིགས་ལྟར་སྣང་ཡིན་པར་ཐལ། བྱས་པ་ཚུལ་གསུམ་ལས་གཞན་པའི་གཏན་ཚིགས་གང་ཞིག །ཚུལ་གསུམ་ལས་གཞན་པའི་གཏན་ཚིགས་དེ་གཏན་ཚིགས་ལྟར་སྣང་གི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། ཊཱིཀྐ་ལས། ཚུལ་གསུམ་པོ་དེ་ལས་གཞན་པའི་གཏན་ཚིགས་དེ་ཆོས་ཅན། གཏན་ཚིགས་ལྟར་སྣང་ཡིན་ཏེ། རྟགས་སུ་བཀོད་པ་གང་ཞིག །ཚུལ་གསུམ་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། ཚུལ་གསུམ་ལས་གཞན་པའི་གཏན་ཚིགས་དེ། གཏན་ཚིགས་ལྟར་སྣང་གི་མཚན་ཉིད་ཡིན་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག། མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ལས་གཞན་པའི་གཏན་ཚིགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡོད་པར་ཐལ། འདོད་པ་གང་ཞིག །ཁྱོད་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། ཁྱོད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་ན་འདིར་མ་ཁྱབ་སྟེ། འོ་ན། མིག་ཤེས་ཀྱི་བཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡོད་པར་ཐལ། སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་གཏན་ཚིགས་ཡོད་པའི་ཕྱིར་ཏེ། སྒྲ་ཆོས་ཅན། མིག་ཤེས་ཀྱི་བཟུང་བྱ་ཡིན་ཏེ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་གཏན་ཚིགས་ཡོད་པའི་ཕྱིར་ཏེ། མིག་ཤེས་ཀྱི་བཟུང་བྱ་དེ་དེ་འདྲའི་རྟགས་སྦྱོར་གྱི་རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ཀ་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྟགས་སྦྱོར་དེ་རྟགས་ཆོས་ཐ་མི་དད་ཀྱི་རྟགས་སྦྱོར་ཡིན་པའི་ཕྱིར། གཞན་ཡང༌། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་ཡིན་ན། དེ་སྒྲུབ་ཀྱི་རྟགས་ཡིན་དགོས་པར་ཐལ། རྟགས་ལྟར་སྣང་ཡིན་ན་རྟགས་ཡིན་དགོས་པའི་ཕྱིར། དེར་ཐལ། རྟགས་སྦྱོར་ལྟར་སྣང་ཡིན་ན། རྟགས་སྦྱོར་ཡིན་དགོས་པའི་ཕྱིར། གཞན་ཡང༌། མིག་ཤེས་ཀྱི་བཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡོད་པར་ཐལ། མིག་ཤེས་ཀྱི་བཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་པ་ཡོད་པའི་ཕྱིར་ཏེ། སངས་འཕགས་དེ་སྐོར་གྱི་རྟགས་ཆོས་ཀྱི་འབྲེལ་པ་ཚད་མས་གྲུབ་པའི་གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། སངས་འཕགས་ཆོས་ཅན། དེར་ཐལ། དེ་སྐོར་གྱི་རྗེས་ཁྱབ་ཚད་མས་གྲུབ་པའི་གང་ཟག་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། རང་འགྲེལ་ལས། འབྲེལ་པ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དེ། ཞེས་གསུངས་པའི་ཕྱིར། ཁ་ཅིག །མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་རྟགས་སྦྱོར་རྣམ་དག་ཡིན་ཟེར་བ་དང༌། བཀོད་ཚེ་མ་ནུས་ཡོད་བྱེད་པ་ནང་འགལ་ཏེ། འོ་ན། དེ་འདྲའི་རྟགས་སྦྱོར་བཀོད་པའི་ཚེ་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པ་གང་ཞིག །ཚུལ་གསུམ་མ་ཡིན་པ་དེ། མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེའི་ཚེ་ན་རྟགས་ཡང་དག་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དེའི་ཚེ་ན་རྟགས་ལྟར་སྣང་ཡོད་པའི་ཕྱིར། ཁྱབ་པ་ཁས། རང་རེས། བདག་མེད་ཡིན་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པས་ཁྱབ་བྱས་པ་ལ། ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མ་ཡིན་ན། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་དགོས་པར་ཐལ་ལོ། །ཟེར་ན། འདོད་བྱས་པ་ལ། འོ་ན། ཊཱིཀྐ་ལས། ཚུལ་གསུམ་ལས་གཞན་པའི་གཏན་ཚིགས་ཆོས་ཅན། རྟགས་ལྟར་སྣང་ཡིན་ཏེ། རྟགས་སུ་བཀོད་པ་གང་ཞིག །ཚུལ་གསུམ་མ་ཡིན་པའི་ཕྱིར། ཞེས་རྟགས་སུ་བཀོད་པ་གང་ཞིག །ཅེས་སྨོས་པ་ལ་དགོས་པ་མེད་པར་ཐལ། འདོད་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། སྦྱོར་བ་སྐོར་གཅིག་གི་ཚུལ་གསུམ་མ་ཡིན་ན། སྦྱོར་བ་སྐོར་གཅིག་གི་རྟགས་ལྟར་སྣང་ཡིན་པས་ཁྱབ་པ་ལ་དགོངས་ནས་དེ་ལྟར་སྨོས་པ་ཡིན་གྱི། དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་ན། དེ་སྒྲུབ་ཀྱི་རྟགས་ལྟར་སྣང་ཡིན་པས་ཁྱབ་པ་ལ་དགོངས་པ་མ་ཡིན་པའི་ཕྱིར། གཞན་ཡང༌། བདག་མེད་ཡིན་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པས་མ་ཁྱབ་པར་ཐལ། དེ་ལྟར་བྱས་པ་དེ་ལ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་མ་བཀོད་པའི་ཚེ་ན། བྱས་པ་དངོས་སྐྱོན་དུ་འཇུག་པའི་ཕྱིར་ཏེ། དེ་ལ་དེ་ལྟར་དངོས་སྐྱོན་དུ་བཏང་བའི་ཚེ། འདོད་ལན། ཁྱབ་པ་མེད་ཀྱི་ལན། རྟགས་མ་གྲུབ་ཀྱི་ལན་རྣམས་རེ་རེ་ནས་མི་ཐེབས་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། དེ་ལ་སྐྱོན་ཅན་གྱི་ལན་ཐེབས་པའི་ཕྱིར། ཁ་ཅིག །བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་མ་བཀོད་པའི་ཚེ་ན། བྱས་པ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་ཟེར་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་མ་བཀོད་པའི་ཚེ་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྟགས་སྦྱོར་མེད་པའི་ཚེ་ན་དེ་སྒྲུབ་ཀྱི་རྟགས་སྦྱོར་ཡོད་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་མ་བཀོད་པའི་ཚེ་ན། བྱས་པ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པར་ཐལ། བྱས་པ་རྟགས་སུ་མ་བཀོད་པའི་ཚེ་ན་བྱས་པ་རྟགས་སུ་བཀོད་པའི་ཕྱིར། དེར་ཐལ། བྱས་པ་རྟགས་མ་ཡིན་པའི་ཚེ་ན་བྱས་པ་བདག་མེད་ཡིན་པ་གང་ཞིག །རྟགས་སུ་བཀོད་པ་དང་བདག་མེད་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། །

༈ རང་ལུགས་བཞག་པ་ལ། རྟགས་ལྟར་སྣང་ལ་མཚན་ཉིད། དབྱེ་བ། གཏན་ལ་ཕབ་པའི་དགོས་བཤད་པ་དང་གསུམ། དང་པོ་ལ། རྟགས་སུ་བཀོད་པ་ཡང་ཡིན། ཚུལ་གསུམ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པ་དེ། རྟགས་ལྟར་སྣང་གི་མཚན་ཉིད་ཡིན། གཉིས་པ་དེ་ལ་དབྱེ་ན། འགལ། མ་ངེས། མ་གྲུབ་པའི་གཏན་ཚིགས་གསུམ་ཡོད་དོ། །གསུམ་པ་ནི། དེ་གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། རྟགས་ཡང་དག་གི་གོལ་ས་མི་མཐུན་ཕྱོགས་ངོ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ངོ་ཤེས་པ་ལ་དགོས་པ་ཡོད་དེ། རྟགས་ཡང་དག་གི་རྣམ་བཞག་མཐའ་ཆོད་པར་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། །

འབྲས་རྟགས་ཀྱི་གཞུང་གི་འཕྲོས་ཚུལ་དང་མཐའ་དཔྱད་པ།

༈ རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས། ཞེས་པའི་གཞུང་འདི་གང་ལས་འཕྲོས་ན། དེ་ནི་རྣམ་གསུམ་ཉིད། ཅེས་དང༌། དེའི་ཐད་ཀྱི་རང་འགྲེལ་ལས། དེ་དག་ནི་འབྲས་བུ་དང༌། རང་བཞིན་དང༌། མ་དམིགས་པའི་མཚན་ཉིད་ཅན་གྱི་གཏན་ཚིགས་གསུམ་ཡིན་ཏེ། དཔེར་ན། དུ་བ་ལས་ནི་འདི་ན་མེ་ཡོད་དོ། །ཤིང་ཤ་པ་ཡིན་པའི་ཕྱིར། འདི་ནི་ཤིང་ཡིན་ནོ། །ཕྱོགས་ཀྱི་ཁྱད་པར་འགའ་ཞིག་ན། བུམ་པ་མེད་དེ། དེ་ན་བུམ་པ་ཚད་མས་མ་དམིགས་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུ་ཡིན་ནོ། །ཞེས་པའི་སྐབས་སུ། དུ་བ་ལས་ནི་འདི་ན་མེ་ཡོད་དོ། །ཞེས་དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཏུ་བསྟན་པ་ལ། ཁ་ཅིག་ན་རེ། དུ་བ་མེ་ལས་སྐྱེས་པའི་རྒྱུ་མཚན་གྱིས། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་ན། སྐྱ་རྫས་ཀྱང་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། མེ་ལས་སྐྱེས་པའི་ཕྱིར། དེར་ཡང་མ་ཟད། དེ་དུ་ལྡན་ལ་ལ་རྩྭ་དང་སོག་མའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་རྩྭ་དང་སོག་མའི་མེ་ལས་སྐྱེས་པའི་ཕྱིར། དུ་ལྡན་ལའི་དུ་བ་ཡང༌། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་མེ་ལས་སྐྱེས་པའི་ཕྱིར། དེ་ལྟར་ན། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་ཏེ། དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པ་འགལ་བའི་ཕྱིར། དེར་ཐལ། མེ་གྲུབ་དུས་སུ། དུ་བ་མ་སྐྱེས། དུ་བ་སྐྱེས་དུས་སུ། མེ་འགག་པའི་ཕྱིར། ཞེས་རྩོད་པ་འགོད་པ་ལ། རང་འགྲེལ་ལས། གལ་ཏེ་དེ་ལས་སྐྱེས་པའི་ཕྱིར་འབྲས་བུ་གོ་བར་བྱེད་པ་ཡིན་ན། རྣམ་པ་ཐམས་ཅད་དུ་གོ་བར་བྱེད་པ་དང་གོ་བར་བྱ་བའི་ངོ་བོ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་སྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པ་ཡོད་པའི་ཕྱིར་ཞེ་ན། ཞེས་པ་འདི་བྱུང༌། རྩོད་པ་དང་པོའི་ལན་ལ། ཁྱོད་ཀྱི་སྐྱ་རྫས་དེ་གང་ལ་བྱེད། དུ་བ་སྐྱ་བོའི་རྫས་ལ་བྱེད་དམ། སྐྱ་རྫས་ཙམ་ལ་བྱེད། དང་པོ་ལྟར་ན། དུ་བའི་སྐྱ་རྫས་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། མེ་ལས་སྐྱེས་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི། དཔལ་ལྡན་ཆོས་གྲགས་ལ་གནོད་བྱེད་ཡང་དག་ཏུ་མི་འཇུག་སྟེ། དེས་དེ་འདྲའི་ཐལ་འགྱུར་ལ་འདོད་ལན་ཐེབས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རང་འགྲེལ་ལས། གཏན་ཚིགས་བྱེ་བྲག་ཁྱད་པར་ཅན་གྱི་སྤྱི་རྣམས་བཟུང་བ་ཡིན་པར་འདོད། ཅེས་པ་འདི་བྱུང༌། གཉིས་པ་ལྟར་ཡིན་ནོ། །ཟེར་ན། སྐྱ་རྫས་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པ་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རང་འགྲེལ་ལས། སྤྱིས་ཁྱད་པར་དུ་མ་བྱས་པར་བརྗོད་པར་འདོད་ན་ནི་འཁྲུལ་པའི་ཕྱིར་མི་འདོད་དོ། །ཞེས་པ་འདི་བྱུང༌། རྩོད་པ་གཉིས་པའི་ལན་ནི། དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་རྩྭ་དང་སོག་མའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་རྩྭ་དང་སོག་མའི་མེ་ལས་སྐྱེས་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་དཔལ་ལྡན་ཆོས་གྲགས་ལ་གནོད་བྱེད་ཡང་དག་ཏུ་མི་འཇུག་སྟེ། དེས་དེ་འདྲའི་ཐལ་འགྱུར་ལ། རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཕྱིར་ཏེ། རྩྭ་དང་སོག་མའི་མེ་ཕན་འདོགས་བྱེད་དུ་མེད་པར་ཡང་དུ་བ་སྐྱེ་བ་ཡོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རང་འགྲེལ་ལས། མ་ཡིན་ཏེ། དེ་མེད་པར་འབྱུང་བ་ཡང༌། དེ་ལས་སྐྱེ་བའི་ངེས་པ་མེད་པའི་ཕྱིར་རོ། །ཞེས་པ་འདི་བྱུང༌། རྩོད་པ་གསུམ་པའི་ལན་འཆད་པར་བྱེད་པ་ལ། ཊཱིཀྐ་ལས། ལའི་དུ་བ་ཡང་རྟགས་སུ་ཁོ་བོ་མི་འདོད་དེ། ཞེས་སོགས་བྱུང༌། དེས་ན་དུ་ལྡན་ལའི་དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། མེ་ལས་སྐྱེས་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི། དཔལ་ལྡན་ཆོས་གྲགས་ལ་གནོད་བྱེད་ཡང་དག་ཏུ་མི་འཇུག་སྟེ། དེས་དེ་འདྲའི་ཐལ་འགྱུར་ལ་ཁྱབ་པ་མེད་ཀྱི་ལན་ཐེབས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དུ་ལྡན་ལའི་དུ་བ་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་ཟེར་ན། དེ་མི་འཐད་པར་ཐལ། དེ་ལ་གནོད་བྱེད་ཀྱི་རིགས་པ་ཡང་དག་གསུམ་ཡོད་པའི་ཕྱིར། ཇི་ལྟར་ཡོད་ན། དུ་ལྡན་ལའི་མེ་དེ་ཡང་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། དུ་ལྡན་ལའི་དུ་བ་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་སྐོར་གྱི་རྗེས་ཁྱབ་ཚད་མས་ངེས་པའི་གང་ཟག་ཡིན་ན། དུ་ལྡན་ལའི་མེ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། དེ་སྐོར་གྱི་རྗེས་ཁྱབ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་སྐོར་གྱི་བསྒྲུབ་བྱ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །གཞན་ཡང༌། དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འགལ་རྟགས་ཡིན་པར་ཐལ། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་སྐོར་གྱི་རྟགས་ཡང་དག་དང་དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་གང་རུང་ཡིན་ན། ཚང་མང་གི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པས་ཁྱབ་པ་གང་ཞིག །ཚང་མང་དེ་དེ་སྐོར་གྱི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དུ་ལྡན་ལའི་དུ་བ་དེ་དེ་སྐོར་གྱི་རྟགས་ཡང་དག་དང༌། དུ་ལྡན་ལའི་མེ་དེ་དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པ་གང་ཞིག །དེ་གཉིས་རེ་རེ་ནས། ཚང་མང་གི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར། དང་པོ་ཁས། གཞན་ཡང༌། དུ་ལྡན་ལའི་དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་ན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་དགོས་པར་ཐལ། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན། ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་པས་མ་ཁྱབ་པའི་ཕྱིར། གལ་ཏེ། རྩ་བར་འདོད་ན། དུ་ལྡན་ལའི་དུ་བ་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། དུ་ལྡན་ལའི་མེ་ཡོད་པར་ཚད་མས་ངེས་པར་ཐལ། དེས་དུ་ལྡན་ལའི་དུ་བ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ལའི་དུ་བ་ཡང་རྟགས་སུ་ཁོ་བོ་མི་འདོད་དེ། དེ་ལྟར་ན་ལའི་མེ་ཉིད་བསྒྲུབ་བྱའི་ཆོས་སུ་བཟུང་བྱར་འགྱུར་བ་དང༌། ལའི་དུ་བ་ཚང་མང་ལ་རྗེས་སུ་མི་འགྲོ་བའི་རྗེས་ཁྱབ་ངེས་པ་ན་བསྒྲུབ་བྱ་གྲུབ་པར་ཐལ་བ་དང༌། ཡང་དག་འགལ་རྟགས་སུ་ཐལ་བ་དང༌། ཐུན་མོང་མ་ཡིན་པའི་རྟགས་ཡང་དག་ཏུ་ཐལ་བའི་ཉེས་པ་གསུམ་མོ། །ཞེས་པ་འདི་བྱུང༌། ཡང་ཁ་ཅིག་ན་རེ། མངོན་སུམ་གྱིས་ལ་ལ་དམིགས་པའི་དུ་བ་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་ནོ། །ཟེར་ན། དེ་མི་འཐད་པར་ཐལ། དེ་ལ་སྔར་བཤད་པའི་ཉེས་པ་གསུམ་པོ་དེ་འཇུག་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ་མངོན་སུམ་གྱིས་ལ་ལ་དམིགས་པའི་དུ་བ་རྟགས་སུ་འདོད་པ་ཡང༌། ལ་ལ་ཡོད་པའི་དུ་བ་རྟགས་སུ་འདོད་པ་དང་ཁྱབ་ཆེ་ཆུང་མེད་པས་ཉེས་པ་སྔ་མ་ལྟར་འགྱུར་རོ། །ཞེས་པ་འདི་བྱུང༌། ཡང་ཁ་ཅིག །དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། དུ་བ་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་སུ་བཀོད་ཀྱང༌། དུ་ལྡན་ལའི་དུ་བ་དེ་དེ་སྐོར་གྱི་རྟགས་སུ་སོང་བ་ཡིན་ནོ། །ཞེས་ཟེར་ན། དེ་ལྟར་སོང་བ་ཡང་མི་འཐད་པར་ཐལ། དེ་ལ་ཡང་སྔར་ལྟར་བཤད་པའི་ཉེས་པ་གསུམ་པོ་དེ་འཇུག་པའི་ཕྱིར་དང༌། དེར་ཡང་མ་ཟད། དེ་འདྲ་སྨྲ་བ་པོའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་སུ་འདི་སོང་ཞེས་སྨྲ་བ་དོན་མེད་པར་ཐལ། ཁྱོད་ཀྱིས་དེ་སྐོར་གྱི་རྟགས་སུ་བཀོད་ན། དེ་སྐོར་གྱི་རྟགས་སུ་མ་སོང་བས་ཁྱབ། དེ་སྐོར་གྱི་རྟགས་སུ་སོང་ན་དེ་སྐོར་གྱི་རྟགས་སུ་མ་བཀོད་པས་ཁྱབ་པའི་ཕྱིར། རྟགས་གསལ་ཁས་བླངས། ཞེས་འཆད་པར་བྱེད་པ་ལ། རྟགས་སུ་འགོད་པའི་ཚེ་ན་དུ་བ་ཙམ་བཀོད་ལ། སོང་བ་ནི་ལའི་དུ་བ་སོང་བར་འདོད་པ་དེ་ལ་ཡང༌། རྟགས་སུ་གང་སོང་བ་དེ་ལ་ཉེས་པ་གསུམ་པོ་དེ་ལྡོག་ཏུ་མེད་དོ། །ཁྱོད་ཀྱིས་རྟགས་སུ་འདི་སོང་། ཞེས་སྨྲ་བ་དོན་མེད་པར་ཐལ། ཁྱོད་ཀྱིས་གང་སྨྲས་པ་དེ་ནི་རྟགས་སུ་མ་སོང༌། གང་སོང་བ་དེ་སྨྲ་མི་ནུས་པའི་ཕྱིར། རྟགས་གསལ་ཁས་བླངས་སོ། །ཞེས་པ་འདི་བྱུང༌། ཡང་ཁོ་ན་རེ། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། དུ་ལྡན་ལའི་དུ་བ་རང་མཚན་པ་དེ། དེ་སྐོར་གྱི་རྟགས་སུ་བཀོད་ཀྱང༌། དུ་ལྡན་ལའི་དུ་བ་དེའི་དོན་སྤྱི་དེ་སྐོར་གྱི་རྟགས་སུ་སོང་བ་ཡིན་ནོ། །ཟེར་ན། དེ་མི་འཐད་པར་ཐལ། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ་ཐོས་པའི་ཉན་ཤེས་དེས། རྟགས་སྦྱོར་དེ་ཙམ་ཐོས་ཤིང༌། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། ལའི་དུ་བ་རང་མཚན་པ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་མ་ཐོས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཡང་རྟགས་འགོད་པའི་ཚེ་ལའི་དུ་བ་རང་མཚན་པ་འགོད་ལ། རྟགས་སུ་སྤྱི་མཚན་སོང་བར་འདོད་པ་དེས་ཀྱང༌། སྨན་གྱི་སྦྱོར་བས་རྣ་བའི་དབང་པོ་མ་ཉམས་པར་བྱས་ལ་ལེགས་པར་ཉན་དགོས་སོ། །ཞེས་པ་འདི་བྱུང༌། རྩོད་པ་བཞི་པའི་ལན་འཆད་པར་བྱེད་པ་ལ། ཡང་། རྒྱུ་འབྲས་གྲུབ་དུས་སྔ་ཕྱིར་གནས་པས་གོ་བྱ་གོ་བྱེད་ཀྱི་རྟོག་པ་ཕྱིན་ཅི་ལོག་གི་རྟོག་པ་ཙམ་དུ་འདོད་པ་མི་རིགས་ཏེ། དེ་ལྟར་ན། དུ་བ་ཆོས་ཅན། འབྲས་བུ་མ་ཡིན་ཏེ། ཕན་གདགས་བྱ་ཡིན་པའི་ཕྱིར། ཞེས་བཀོད་ན་གོ་བྱེད་དུ་མི་རུང་བར་ཐལ། དུ་བ་གྲུབ་ན་ཕན་གདགས་བྱར་འགལ་བས་ཕྱོགས་ཆོས་མ་གྲུབ། མ་གྲུབ་ན། དེ་ལ་རྟགས་དེ་གྲུབ་པར་འགལ་བས་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། ཞེས་གསུངས། འདིའི་དོན་ཡང༌། འོ་ན། དུ་བ་ཆོས་ཅན། འབྲས་བུ་ཡིན་ཏེ། ཕན་གདགས་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། ཕན་གདགས་བྱ་དེ། དུ་བ་འབྲས་བུར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྐོར་གྱི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། དུ་བ་ཡོད་ན་ཡང་དེ་སྐོར་གྱི་ཕྱོགས་ཆོས་མ་གྲུབ་པས་ཁྱབ། དུ་བ་མེད་ན་ཡང་དེ་ལྟར་མ་གྲུབ་པས་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། དུ་བ་ཡོད་ན་ཕན་གདགས་བྱ་མ་ཡིན་དགོས་པའི་ཕྱིར་ཏེ། དུ་བ་ཡོད་ན་མེའི་ཕན་གདགས་བྱ་མ་ཡིན་དགོས་པའི་ཕྱིར་ཏེ། དེ་ཡོད་ན་མེ་ཡོད་པས་ཁྱབ་པ་འགལ་བའི་ཕྱིར། རྟགས་ཁས། གཞན་ཡང༌། མེ་དུ་གཉིས་རྫས་ཐ་དད་མ་ཡིན་པར་ཐལ། མེའི་དུས་སུ་ཡང་དེ་གཉིས་རྫས་ཐ་དད་མ་ཡིན། དུ་བའི་དུས་སུ་དེ་གཉིས་རྫས་ཐ་དད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྫས་ཐ་དད་མི་སྲིད་པར་ཐལ། མེ་དུ་གཉིས་ཡོད། དེ་གཉིས་རྫས་ཐ་དད་མ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གཞན་ཡང༌། རྫས་ཐ་དད་མི་སྲིད་པ་དང༌། ཞེས་པ་འདི་བྱུང༌། དེར་ཡང་མ་ཟད། སྒྲ་རྟག་པར་ཁས་བླངས་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་ཁས་བླངས་པའི་གང་ཟག་མ་ཡིན་དགོས་པར་ཐལ། སྒྲ་རྟག་པ་དང་མི་རྟག་པ་གཉིས་ཀར་ཁས་ལེན་གྱི་གང་ཟག་དེས། སྒྲ་རྟག་པར་ཁས་བླངས་པའི་དུས་སུ་ཡང་སྒྲ་མི་རྟག་པར་ཁས་མ་བླངས། སྒྲ་མི་རྟག་པར་ཁས་བླངས་པའི་དུས་སུ་ཡང་སྒྲ་རྟག་པར་ཁས་མ་བླངས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྒྲ་རྟག་མི་རྟག་གཉིས་ཀ་ཁས་བླངས་པའི་གང་ཟག་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་འགལ་ཁས་ལེན་གྱི་གང་ཟག་མེད་པར་ཐལ། འདོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཁས་བླངས་ཀྱི་བསལ་བ་སྟོན་མི་ནུས་པ་ལ་སོགས་པ་ཉེས་པ་དུ་མར་འགྱུར་བས་ལྟག་ཆོད་འབའ་ཞིག་གོ །ཞེས་པ་འདི་བྱུང༌། དེ་ལྟར་ན། དུ་བ་ཉིད་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་དང༌། མེ་ཉིད་དེ་སྐོར་གྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ཏེ། དེ་ལྟར་ཡིན་པ་སྡེ་བདུན་གྱི་དགོངས་པ་རྩོད་མེད་ཡིན་པའི་ཕྱིར་དང༌། དུ་ལྡན་ལའི་དུ་བ་དེ་སྐོར་གྱི་རྟགས་ཡང་དག་ཡིན་པ་དང༌། དུ་ལྡན་ལའི་མེ་དེ་སྐོར་གྱི་དངོས་ཀྱི་སྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པ་ལ། གནོད་བྱེད་གོང་དུ་བསྟན་ཟིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེས་ན་ཕ་གི་ན་དུ་བ་འདུག་པས་མེ་འདུག་སྙམ་ཡང༌། རྟགས་སུ་ནི་དུ་བ་ཉིད་སོང་བ། སྡེ་བདུན་གྱི་དགོངས་པ་རྨ་མེད་པའོ། །ཞེས་པ་འདི་བྱུང༌། འཕྲོས་དོན་ལ་ཁ་ཅིག་ན་རེ། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །ཅེས་སོགས་ཀྱི་གཞུང་འདི། རང་འགྲེལ་ལས། དེ་དག་ནི་འབྲས་བུ་དང༌། རང་བཞིན་དང༌། མ་དམིགས་པའི་མཚན་ཉིད་ཅན་གྱི་གཏན་ཚིགས་གསུམ་ཡིན་ཏེ། དཔེར་ན། དུ་བ་ལས་ནི་འདི་ན་མེ་ཡོད་དོ། །ཞེས་པའི་གཞུང་འདིའི་རྗེས་སུ་བྱུང་བར་ཐལ། དེ་དེ་ལས་འཕྲོས་པའི་ཕྱིར་ཟེར་ན། འདོད་བྱས་པ་ལ། དེ་དེའི་རྗེས་སུ་མ་བྱུང་བར་ཐལ། དེ་དག་ནི་འབྲས་བུ་དང༌། ཞེས་སོགས་ཀྱི་གཞུང་འདི། རྒྱུ་ལ། ཞེས་སོགས་ཀྱི་རྗེས་སུ་བྱུང་བའི་ཕྱིར། དེར་ཐལ། དེ་དག་ནི་འབྲས་བུ་དང་ཞེས་སོགས་ཀྱི་གཞུང་འདི། བསྟན་བཅོས་འདིའི་ལེའུ་དང་པོའི་རང་འགྲེལ་ཡིན་ལ། གཞུང་ཕྱི་མ། བསྟན་བཅོས་འདིའི་ལེའུ་དང་པོའི་གཞུང་ཡིན་པ་གང་ཞིག །བསྟན་བཅོས་འདིའི་ལེའུ་དང་པོའི་རང་འགྲེལ་དེ། བསྟན་བཅོས་འདིའི་རྗེས་སུ་བྱུང་བའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འོ་ན། དེ་དག་ནི་འབྲས་བུ་དང༌། ཞེས་སོགས་ཀྱི་གཞུང་འདི། རྒྱུ་ལ་ཞེས་སོགས་ཀྱི་གཞུང་འདིའི་སྔ་རོལ་ཏུ་བྱུང་བར་ཐལ། དེ་ནི་རྣམ་གསུམ་ཉིད་ཅེས་པའི་གཞུང་འདི། དེའི་སྔ་རོལ་ཏུ་བྱུང་བ་གང་ཞིག །གཞུང་འདིའི་རྗེས་ཐོག་དེ་མ་ཐག་ཏུ། དེ་དག་ནི་འབྲས་བུ་དང༌། ཞེས་སོགས་ཀྱི་གཞུང་འདི་བརྩམས་པའི་ཕྱིར། དེར་ཐལ། དཔལ་ལྡན་ཆོས་གྲགས་ཀྱིས་གཞུང་འདི་དང༌། རང་འགྲེལ་ལས། དེ་དག་ནི་འབྲས་བུ་དང་ཞེས་སོགས་ཀྱི་གཞུང་འདི་གཉིས་འཇུག་པ་གཅིག་ལ་བརྩམས་པའི་ཕྱིར། དེས་བསྟན་བཅོས་འདིའི་ལེའུ་དང་པོ་དང༌། དེའི་རང་འགྲེལ་གཉིས་འཇུག་པ་གཅིག་ལ་བརྩམས་པའི་ཕྱིར་ཏེ། ཊཱིཀྐ་ལས། རྩ་འགྲེལ་སྔ་ཕྱིར་བརྩམས་པ་མིན་གྱི། འཇུག་པ་གཅིག་ལ་བརྩམས་པས་ཉེས་པ་མེད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། རྒྱུ་ལ། ཞེས་སོགས་ཀྱི་གཞུང་འདི། རང་འགྲེལ་ལས། དེ་དག་ནི་འབྲས་བུ་དང༌། ཞེས་སོགས་ཀྱི་གཞུང་འདི་ལས་འཕྲོས་པར་ཐལ། རྗེས་དཔག་ཇི་སྐད་བཤད་ཇི་བཞིན། །ཞེས་པའི་གཞུང་འདི། དེ་ནི་རྣམ་གསུམ་ཉིད། ཅེས་པའི་ཐད་ཀྱི་རང་འགྲེལ་ལས། རྗེས་སུ་དཔག་པར་བྱ་བའི་ཤེས་པ་འདི་གཉིས་ནི་དངོས་ལས་མ་སྐྱེས་པའི་ཕྱིར། ཞེས་པའི་གཞུང་འདི་ལས་འཕྲོས་པའི་ཕྱིར། དེར་ཐལ། རྗེས་དཔག་ཇི་སྐད་བཤད་ཇི་བཞིན། །ཞེས་པའི་བཤད་ཚུལ་ནི། རྗེས་སུ་དཔག་པར་བྱ་བའི་ཤེས་པ་འདི་གཉིས་ནི། ཞེས་སོགས་ཀྱི་རང་འགྲེལ་འདི་ལ་སྙེགས་རིགས་པའི་ཕྱིར་ཏེ། དེ་ལྟར་དུ་ཊཱིཀྐ་ལས་བཤད་པའི་ཕྱིར། །

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། ཁྱོད་ཀྱི་རྒྱུ་ཡིན་པས་ཁྱབ་པ་དེ། ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་མཚན་ཉིད་ཡིན་ནོ། །ཟེར་ན། ཆོས་དེ་དང་ཕན་ཚུན་ཐ་དད་དུ་གྱུར་པའི་དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་མཚན་ཉིད་དེར་ཐལ། མཚན་བྱ་དེའི་ཕྱིར། འདོད་ན། མེ་ཆོས་ཅན། རི་བོང་གི་རྭ་དང་ཕན་ཚུན་ཐ་དད་དུ་གྱུར་པའི་དུ་བའི་རྒྱུ་ཡིན་པར་ཐལ། དེའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་པ་སྲིད་པ་དེ། ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་མཚན་ཉིད་ཡིན་ནོ། །ཟེར་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་རྟག་དངོས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཕྱི་མ་གྲུབ་སྟེ། རྟག་དངོས་ཀྱིས་སྟོང་པའི་མེ་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་དུ་ལྡན་ལ་ལ་གྲང་རེག་གིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་དགག་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། དུ་ལྡན་ལའི་སྟེང་དུ་གྲང་རེག་གིས་སྟོང་པའི་མེ་ཡོད་པ་ཙམ་ལ་གཙོ་བོར་ཤེས་འདོད་ཞུགས་པའི་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་ངོར་དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་དེ་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། རིགས་ཐིགས་དར་ཊཱིཀ་ལས། ཕྱི་རྒོལ་གྱི་ཤེས་འདོད་དང༌། རྒོལ་བའི་དཔག་འདོད་གྲང་རེག་གིས་སྟོང་པ་ལ་གཙོ་བོར་ཞུགས་ན་ནི། མེ་ཡོད་པ་སྦྱོར་ཚུལ་ཙམ་དུ་ཟད་ཀྱི། དོན་ནི་དགག་པའི་གཏན་ཚིགས་སོ། །འོ་ན། མེ་མི་སྦྱོར་བར་འགྱུར་རོ། །ཞེ་ན། ཁྱབ་པ་མེད་ལ། མེ་ཙམ་ལ་གཙོ་བོར་ཞུགས་ན་ནི། གྲང་རེག་གིས་སྟོང་པ་སྦྱོར་ཚུལ་ཙམ་དུ་ཟད་ཀྱི། དོན་ནི་འབྲས་རྟགས་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དུ་བ་དུ་ལྡན་ལ་ལ་རྟག་དངོས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དུ་ལྡན་ལ་ཆོས་ཅན། དུ་བ་མེད་པར་ཐལ། རྟག་དངོས་ཀྱིས་སྟོང་པའི་མེ་མེད་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདིས་འབྲས་རྟགས་ཡང་དག་ཅིག་འཕངས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཐལ་འགྱུར་དེས་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཅིག་འཕངས་པའི་ཕྱིར་ཏེ། དུ་བ་ཡོད་ན་རྟག་དངོས་ཀྱིས་སྟོང་པའི་མེ་ཡོད་པས་ཁྱབ། དཔེར་ན། ཚང་མང་བཞིན། དུ་ལྡན་ལ་ལ་ཡང་དུ་བ་ཡོད་དོ། །ཞེས་པའི་སྒྲུབ་ངག་འདིས། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཚུལ་གསུམ་བརྗོད་པའི་ཕྱིར་ཏེ། དེས་དེ་སྐོར་གྱི་ཕྱོགས་ཆོས་ཀྱང་བརྗོད། རྗེས་ཁྱབ་ཀྱང་བརྗོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེས་དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པ་བརྗོད་པའི་ཕྱིར། གཞན་ཡང༌། དུ་བ་དུ་ལྡན་ལ་ལ་རྟག་དངོས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། རྟག་དངོས་ཀྱིས་སྟོང་པའི་མེ་མེད་པ་དེ། མེ་མེད་མཚན་མོའི་རྒྱ་མཚོར། དུ་བ་མེད་པར་སྒྲུབ་པའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པ་གང་ཞིག། རྟག་དངོས་ཀྱིས་སྟོང་པའི་མེ་དེ་དུ་བའི་རྒྱུ་ཡིན་པའི་ཕྱིར། གཞན་ཡང༌། དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་རྟག་དངོས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་ཡང་ཡིན། དེ་བྱུང་གི་འབྲེལ་པ་ཡང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར། ཁྱབ་སྟེ། རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་དེ་ལ། ཁོ་རང་དུ་གྱུར་པའི་བདག་གཅིག་གི་འབྲེལ་པ་དང༌། དེ་བྱུང་གི་འབྲེལ་པ་གཉིས་སུ་གྲངས་ངེས་པའི་ཕྱིར། རྟགས་གྲུབ་སྟེ། དེ་ནི་རྣམ་གསུམ་ཉིད། ཅེས་སོགས་གསུངས་པའི་ཕྱིར། རྩ་རྟགས་ཕྱི་མ་གྲུབ་སྟེ། དུ་བ་རྟག་དངོས་ཀྱིས་སྟོང་པའི་མེ་ལ་འབྲེལ་བའི་འབྲེལ་པ་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། རེས་འགའ་བའི་དངོས་པོ་ཆོས་ཅན། ཁྱོད་ཀྱིས་རྟགས་ཀྱིས་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། རེས་འགའ་བའི་དངོས་པོ་དང་ཡིན་ཁྱབ་མཉམ་ཡིན་དགོས་པའི་ཕྱིར་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། །བྱས་པ་དང་ཡིན་ཁྱབ་མཉམ་ཡིན་དགོས་པའི་ཕྱིར། ཟེར་ན་མ་ཁྱབ། གཞན་ཡང༌། དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། རེས་འགའ་བའི་དངོས་པོའི་རྒྱུ་ཡང་ཡིན་པའི་གཞི་མཐུན་མེད་པར་ཐལ། དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། རེས་འགའ་བའི་དངོས་པོ་ཡིན་དགོས་པའི་ཕྱིར། དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། བྱས་པ་རང་ཉིད་ཡིན་དགོས་པའི་ཕྱིར། ཟེར་ན་མ་ཁྱབ། གཞན་ཡང༌། དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། རེས་འགའ་བའི་དངོས་པོའི་རྒྱུ་ཡང་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། རང་རྒྱུ་དང་བཅས་པ་དེ། དེ་སྐོར་གྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། དེར་ཐལ། ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པ་དེ། དེ་སྐོར་གྱི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཁོ་རང་ལ། རང་རྒྱུ་དང་བཅས་པ་དེ་དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་མ་ཡིན་པར་ཐལ། རང་རྒྱུ་དེ་དེ་ཡིན་པའི་ཕྱིར་ཏེ། རེས་འགའ་བའི་དངོས་པོ་རང་རྒྱུ་ལ་འབྲེལ་བ་དེ། དེ་སྐོར་གྱི་རྟགས་ཆོས་ཀྱི་འབྲེལ་པ་ཡང་ཡིན། དེ་བྱུང་གི་འབྲེལ་པ་ཡང་ཡིན་པའི་གཞི་མཐུན་ཡིན་པའི་ཕྱིར་ཏེ། དེ་འདྲའི་གཞི་མཐུན་ཡོད་པའི་ཕྱིར། མ་གྲུབ་ན། རེས་འགའ་བའི་དངོས་པོ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་ཡང་ཡིན། དེ་བྱུང་གི་འབྲེལ་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། རྣམ་ངེས་ཊཱིཀ་ཆེན་ལས། འབྲས་རྟགས་ཀྱི་མཚན་ཉིད་འཆད་པའི་སྐབས་སུ་ཚུལ་གསུམ་གང་ཞིག །རང་གི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། རང་དང་རྫས་ཐ་དད་ཡིན་པས་ཁྱབ་པའོ། །ཞེས་གསུངས་པ་མི་འཐད་པར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་ན་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། ཁྱོད་དང་རྫས་ཐ་དད་ཀྱང་ཡིན་པའི་གཞི་མཐུན་ཡོད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། རེས་འགའ་བའི་དངོས་པོ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། ཁྱོད་དང་རྫས་ཐ་དད་ཀྱང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། གཞན་ཡང༌། རེས་འགའ་བའི་དངོས་པོ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། ཁྱོད་དང་རང་བཞིན་གཅིག་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ། རང་ཉིད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་མཚན་ཉིད་ཡིན་ཟེར་ན། །དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། མཚན་ཉིད་དེ་ལྟར་འཇོག་པ་དང༌། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་སྦྱོར་རྣམ་དག་ཡིན་ཟེར་བ་ནང་འགལ་ཏེ། དུ་ལྡན་ལ་དེ་འདྲའི་རྟགས་སྦྱོར་དེ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་གི་རྟགས་སྦྱོར་རྣམ་དག་ཡིན་པར་ཐལ། དེ་འདྲའི་རྟགས་སྦྱོར་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་གི་རྟགས་སྦྱོར་རྣམ་དག་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། དུ་ལྡན་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་གི་རྟགས་སྦྱོར་རྣམ་དག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དུ་ལྡན་ལ་ཆོས་ཅན། ཁྱོད་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ། ཁྱོད་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡོད་པའི་ཕྱིར། ཁྱབ་པ་མཚན་ཉིད་ཀྱི་སྟེང་དུ་ཁས་ཟེར། གཞན་ཡང༌། དུ་ལྡན་ལ་མེ་ཡོད་པར་ཐལ། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ་རྟགས་སྦྱོར་རྣམ་དག་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དུ་ལྡ་ལ་མེ་ཡིན་པ་ཡོད་པར་ཐལ། དེ་མེ་མ་ཡིན་པ་ལས་ལོག་པ་ཡོད་པའི་ཕྱིར་ཏེ། དེ་མེ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་དུ་ལྡན་ལ་མེ་ཡོད་པར་འཛིན་པའི་རྟོག་པའི་ཞེན་ཡུལ་ཡིན་པའི་ཕྱིར། གཞན་ཡང༌། རྟག་དངོས་དང་ལྡན་པའི་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ། རྟག་དངོས་དང་ལྡན་པའི་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་སྦྱོར་ཡིན་པར་ཐལ། དུ་བ་དང་ལྡན་པའི་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་སྦྱོར་ཡིན་པའི་ཕྱིར། འདོད་བྱས་པ་ལ། རྟག་དངོས་དང་ལྡན་པའི་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་གྲུབ་པར་ཐལ། རྟག་དངོས་དང་ལྡན་པའི་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་བསྒྲུབ་བྱ་གྲུབ་པ་གང་ཞིག །རྟགས་སྦྱོར་དེ། རྟག་དངོས་དང་ལྡན་པའི་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་སྦྱོར་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྟག་དངོས་དང་ལྡན་པའི་ལ་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་གསལ་བ་གྲུབ་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་འདྲའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་པའི་ཕྱིར། མ་གྲུབ་ན། རྟག་དངོས་དང་ལྡན་པའི་ལ་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར། འདོད་ན། དངོས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་མེད་པའི་ཕྱིར། གཞན་ཡང༌། ཙན་དན་གྱི་དུ་བ་དང་ལྡན་པའི་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ། ཙན་དན་གྱི་དུ་བ་དང་ལྡན་པའི་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་སྦྱོར་ཡིན་པར་ཐལ། དུ་ལྡན་ལ་ལ་དེའི་ཕྱིར། འདོད་ན། ཙན་དན་གྱི་དུ་བ་དང་ལྡན་པའི་ལ་ལ་མེ་ཡོད་པ་དེ། དེ་འདྲའི་རྟགས་སྦྱོར་གྱི་བསྒྲུབ་བྱ་ཡིན་པར་ཐལ་ལོ། །འདོད་ན། དེ་ཙན་དན་གྱི་དུ་བ་དང་ལྡན་པའི་ལ་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་གསལ་བ་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་ན། དེ་འདྲའི་ཐལ་འགྱུར་གྱི་གསལ་བ་གྲུབ་ན། ཙན་དན་གྱི་དུ་བ་དང་ལྡན་པའི་ལ་ལ་མེ་ཡོད་དགོས་པར་ཐལ་ལོ། །འདོད་ན། ཙན་དན་གྱི་དུ་བ་ཚད་མས་མ་དམིགས་པའི་ས་ཕྱོགས་ཀྱིས་གཤོག །ཁོ་རང་ལ། རྟག་དངོས་དང་ལྡན་པའི་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་གྲུབ་པར་ཐལ། རྟག་དངོས་དང་ལྡན་པའི་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་བསྒྲུབ་བྱ་གྲུབ་པའི་ཕྱིར་ཏེ། དེ་འདྲའི་ཐལ་འགྱུར་གྱི་གསལ་བ་གྲུབ་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། དེ་འདྲའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་པའི་ཕྱིར། མ་གྲུབ་ན། རྟག་དངོས་དང་ལྡན་པའི་ལ་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར། འདོད་ན། དངོས། མ་གྲུབ་ན། དེར་ཐལ། ཁྱོད་མེད་པའི་ཕྱིར། དེ་བཞིན་དུ་ཙན་དན་གྱི་དུ་བ་དང་ལྡན་པའི་ཞེས་སོགས་སྦྱར་ནས་ཁྱབ་པ་སྒྲིག །གཞན་ཡང༌། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་སྦྱོར་རྣམ་དག་ཡིན་པར་ཐལ། དུ་ལྡན་ལ་ཆོས་ཅན། མེས་བུད་ཤིང་གི་འགྱུར་བ་བསྐྱེད་པའི་ནུས་པ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེས་བུད་ཤིང་གི་འགྱུར་བ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྟགས་སྦྱོར་རྣམ་དག་ཡིན་པའི་ཕྱིར་ཏེ། ཊཱིཀྐ་ལས། དཔེའི་སྦྱོར་བ་ནི། དུ་ལྡན་ལ་ཆོས་ཅན། མེས་བུད་ཤིང་གི་འགྱུར་བ་སྐྱེད་པའི་ནུས་པ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དུ་ལྡན་ལ་མེ་ཡོད་པ་དེ། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་བསྒྲུབ་བྱ་ཡིན་པར་ཐལ། དུ་ལྡན་ལ་དང་མེ་ཡོད་ཀྱི་ཚོགས་དོན་དེ། དེ་འདྲའི་རྟགས་སྦྱོར་གྱི་བསྒྲུབ་བྱ་མ་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྟགས་སྦྱོར་དེ། རྟགས་སྦྱོར་ལྟར་སྣང་ཡིན་པ་གང་ཞིག །དུ་ལྡན་ལ་དང་མེ་ཡོད་ཀྱི་ཚོགས་དོན་དེ། དུ་ལྡན་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། དུ་ལྡན་ལ་མེ་ཡོད་པ་དེ། དུ་ལྡན་ལ་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་གསལ་བ་ཡིན་པར་ཐལ་ལོ། །འདོད་ན། དུ་ལྡན་ལ་མེ་ཡོད་པར་ཐལ། དེ་དེ་འདྲའི་ཐལ་འགྱུར་གྱི་གསལ་བ་ཡིན་པའི་ཕྱིར། །གཞན་ཡང༌། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་སྦྱོར་རྣམ་དག་ཡིན་པར་ཐལ། དུ་ལྡན་ལ་དེ་སྐོར་གྱི་ཤེས་འདོད་ཆོས་ཅན་དང༌། མེ་དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དང༌། དུ་བ་དེ་སྐོར་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ཡོད་ངེས་ཀྱི་དཔྱད་ཤེས་དོན་མཐུན་མེད་དེ། དེས་ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ཡོད་ངེས་ཀྱི་དཔྱད་ཤེས་དོན་མཐུན་མེད་པར་སྒྲུབ་པའི་རྟགས་སྦྱོར་རྣམ་དག་ཡིན་པར་ཐལ། མདུན་གྱི་གཞི་འདིར་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་དང༌། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ཡོད་ངེས་ཀྱི་དཔྱད་ཤེས་དོན་མཐུན་མེད་པ་དེ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དང༌། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པ་དེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ཡོད་ངེས་ཀྱི་དཔྱད་ཤེས་དོན་མཐུན་མེད་དེ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ་དེ་སྒྲུབ་ཀྱི་རྟགས་སྦྱོར་རྣམ་དག་ཡིན་པའི་ཕྱིར། ཁ་ཅིག །དུ་ལྡན་ལ་མེ་ཡོད་པར་ཐལ། དུ་བ་མེ་ཡོད་པའི་ཕྱིར་ཏེ། དུ་བ་དུ་བ་ཡོད་པ་དང་མེ་ཡོད་པའི་གཞི་མཐུན་ཡིན་པའི་ཕྱིར་ཏེ། དུ་བ་དུ་བ་ཡོད་པ་དང་མེ་ཡིན་པ་མེད་པའི་གཞི་མཐུན་མ་ཡིན་པ་གང་ཞིག །དུ་བ་ཡོད་པའི་ཕྱིར། དང་པོ་མ་གྲུབ་ན། དུ་བ་ཡོད་པ་དང་མེ་ཡིན་པ་མེད་པའི་གཞི་མཐུན་ཡོད་པར་ཐལ། དུ་བ་དེ་དེ་འདྲའི་གཞི་མཐུན་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དུ་བ་དེ། དུ་ལྡན་ལ་ལ་མེ་ཡིན་པ་ཡོད་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དུ་བ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། གཞན་ཡང༌། དུ་བ་མེ་དུ་གཉིས་ཡིན་པ་ཡོད་པར་ཐལ། དུ་བ་མེ་ཡིན་པ་ཡང་ཡོད། དུ་བ་དུ་བ་ཡིན་པ་ཡང་ཡོད་པའི་ཕྱིར། འདོད་ན། མེ་དུ་གཉིས་ཡིན་པ་ཡོད་པར་ཐལ་ལོ། །ཁ་ཅིག །རེས་འགའ་སྐྱེ་བ་དེ། ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་ནོ། །ཟེར་ན། དེ་མ་ཡིན་པར་ཐལ། ཉེར་ལེན་གྱི་ཕུང་པོ་རེས་འགའ་སྐྱེ་བར་ཚད་མས་ངེས་པའི་གང་ཟག་ཡིན་ན། ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན། དེ་སྐྱེ་བར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དེ་སྐྱེ་བར་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་རང་རྒྱུ་དང་བཅས་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། ཁ་ཅིག །བུར་རོ་ད་ལྟར་བ་དེ། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་རོ་སྔ་མས་བུར་གཟུགས་ད་ལྟར་བ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག་ཡིན་ནོ། །ཟེར་ན། བུར་རོ་སྔ་མ། བུར་རོ་ད་ལྟར་བའི་རྒྱུ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། བུར་རོ་སྔ་མ་བུར་རོའི་རྒྱུ་ཡིན་པར་ཐལ་ལོ། །འདོད་ན། སྐྱེ་བ་སྔ་མ་སྐྱེ་བའི་རྒྱུ་ཡིན་པར་ཐལ་ལོ། །འདོད་ན། སྐྱེ་བ་ཕྱི་མ་སྐྱེ་བའི་འབྲས་བུ་ཡིན་པར་ཐལ་ལོ། །འདོད་ན། སྐྱེ་བ་དེ་ཁོ་རང་སྔ་ཕྱིའི་ཆ་དང་བཅས་པ་མ་ཡིན་པར་ཐལ། འདོད་པ་གང་ཞིག །ཆ་དང་ཆ་ཅན་རྫས་གཞན་མེད་པའི་ཕྱིར། འདོད་མི་ནུས་ཏེ། ཆ་དང་ཆ་ཅན་གྱི་སྐྱེ་བ་ཡོད་པའི་ཕྱིར། གཞན་ཡང༌། བསྐལ་པ་སྔ་མ་བསྐལ་པའི་རྒྱུ་ཡིན་པར་ཐལ། བུར་རོ་སྔ་མ་ལ་དེའི་ཕྱིར། འདོད་ན། བསྐལ་པ་དང་པོ་བསྐལ་པའི་རྒྱུ་ཡིན་པར་ཐལ་ལོ། །འདོད་ན། བསྐལ་པ་དང་པོའི་མི་དེ་མིའི་རྒྱུ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། བསྐལ་པ་དང་པོའི་མི་དེ་མིའི་བྱེ་བྲག་ཡིན་པའི་ཕྱིར་ཏེ། འདས་པའི་དུས་ཀྱི་མི་དེ་མིའི་བྱེ་བྲག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །གསུངས་པ་མི་འཐད་པར་ཐལ། བུར་རོ་ད་ལྟར་བ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་རོ་སྔ་མས་བུར་གཟུགས་ད་ལྟར་བ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། ལུང་དེའི་དོན་ནི། བུར་རོ་ད་ལྟར་བ་ཕྱི་མ་དེ་ཁ་ནང་བུར་རྡོག་གི་སྟེང་དུ་བུ་རམ་གྱི་རོ་སྔ་མས་བུར་གཟུགས་ད་ལྟར་བ་ཕྱི་མ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག །མེ་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ཀྱང༌། དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་མ་ཡིན། དུ་ལྡན་ལའི་མེ་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་ཀྱང༌། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དེ་ལྟར་མ་ཡིན། མེ་ཡོད་པ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དང༌། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དེ་གཉིས་ཀ་ཡིན་ནོ། །དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ། དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་རྟགས་སྦྱོར་རྣམ་དག་དང༌། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གི་རྟགས་སྦྱོར་རྣམ་དག་གཉིས་ཀ་ཡིན། དུ་བ་ཡོད་པ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་དང༌། དུ་བ་དེ་དུ་བ་ཡོད་པའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་ཟེར་ན། མེ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། མེ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ཏེ། དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། རྩ་བར་མ་ཁྱབ་ཟེར་ན། རང་ཉིད་དུ་བ་ཡོད་པའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། རང་ཉིད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་དགོས་པར་ཐལ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། རང་ཉིད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་དགོས་པའི་ཕྱིར། འདོད་ན། མེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། དུ་ལྡན་ལའི་མེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པ་གང་ཞིག །དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་ན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་དགོས་པའི་ཕྱིར་ཏེ། དེ་སྐོར་གྱི་ཕྱོགས་མཚན་ཉིད་པ་ལ་དེའི་ཕྱིར་ཏེ། ཕྱོགས་བཏགས་པ་བ་དང་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་དེའི་ཕྱིར། གཞན་ཡང༌། མེ་མེད་པ་མ་ཡིན་པ་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་མེད་པ་མ་ཡིན་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། མེ་ཡོད་པ་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། འདོད་ན། དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དང༌། དགག་པའི་གཞི་མཐུན་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་དང་སྒྲུབ་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། མེ་དེ་དེ་འདྲའི་གཞི་མཐུན་པ་ཡིན་པའི་ཕྱིར་ཏེ། མེ་དེ་དེ་སྐོར་གྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་གང་ཞིག །སྒྲུབ་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དུ་ལྡན་ལའི་མེ་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་མེད་པ་མ་ཡིན་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར་ཏེ། དུ་ལྡན་ལའི་མེ་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་མེད་པ་མ་ཡིན་པར་རྟོགས་པའི་རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་གང་ཞིག །དུ་ལྡན་ལའི་མེ་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། ཕྱི་མ་ཁས། དང་པོ་གྲུབ་སྟེ། དེ་འདྲའི་རྗེས་དཔག་དེ་དུ་ལྡན་ལའི་མེ་ལ་ཚད་མ་ཡིན་པའི་ཕྱིར་ཏེ། དུ་ལྡན་ལའི་མེ་མེད་པ་མ་ཡིན་པར་རྟོགས་པའི་རྗེས་དཔག་དེ། དུ་ལྡན་ལའི་མེ་ལ་ཚད་མ་ཡིན་པའི་ཕྱིར་ཏེ། དེ་ལ་མི་བསླུ་བའི་རིག་པ་ཡིན་པ་གང་ཞིག །དེ་དེ་ལ་བཅད་ཤེས་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མེ་མེད་པ་མ་ཡིན་པར་རྟོགས་པའི་རྗེས་དཔག་དེ། མེ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ཏེ། མེ་ཡོད་པར་རྟོགས་པའི་རྗེས་དཔག་དེ། མེ་ལ་མི་བསླུ་བའི་རྗེས་དཔག་ཡིན་པའི་ཕྱིར། གཞན་ཡང༌། དུ་ལྡན་ལའི་མེ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། ཁ་ཅིག །འདིར་མ་ཁྱབ་ཟེར། མ་གྲུབ་ན། དེར་ཐལ། དེའི་ཚེ་ན་དུ་ལྡན་ལའི་མེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་གང་ཞིག །དེའི་ཚེ་ན་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་ན། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་དགོས་པའི་ཕྱིར། རྟགས་གཉིས་པ་དེར་ཐལ། དེའི་ཚེ་ན་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན། དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པའི་ཕྱིར། དེར་ཐལ། དེའི་ཚེ་ན། དུ་བ་ཡོད་པ་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེའི་ཚེ་ན་དུ་བ་དེ་ཡང་དེ་ཡིན་པའི་ཕྱིར། རྟགས་གཉིས་ཀ་ཁས། ཁ་ཅིག །གོང་དུ་མ་ཁྱབ་ཟེར་བ་དེ་ལ་དུ་ལྡན་ལའི་མེ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་ཏུ་སོང་བའི་གང་ཟག་ཡོད་པའི་ཕྱིར་ཏེ། དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། དུ་ལྡན་ལའི་མེ་དེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་ཏུ་སོང་བའི་གང་ཟག་དེ། དེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་ཏུ་སོང་བའི་གང་ཟག་དང་གཅིག་ཡིན་པའི་ཕྱིར་ཏེ། དེའི་ཚེ་ན་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་ཏུ་སོང་བའི་གང་ཟག་ཡོད་པ་གང་ཞིག །དེའི་ཚེ་ན་གང་ཟག་དེ་གང་ཟག་དང་གཅིག་ཡིན་པའི་ཕྱིར། རྟགས་གཉིས་ཀ་ཁས། ཁ་ཅིག །ཡོད་པ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། དུ་ལྡན་ལ་ལ་མེ་ཆོས་ཅན། ཡོད་དེ། ཚད་མས་དམིགས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། ཡོད་པ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་ཚེ་ན་ཡོད་པ་དེ་དེ་འདྲའི་རྟགས་སྦྱོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ཏེ། དེ་དེ་འདྲའི་རྟགས་སྦྱོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་གང་ཞིག །དེ་འདྲའི་རྟགས་སྦྱོར་དེ། དེ་སྒྲུབ་ཀྱི་རྟགས་སྦྱོར་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དུ་ལྡན་ལ་ལ་རྟག་དངོས་ཀྱིས་སྟོང་པའི་མེ་ཆོས་ཅན། ཡོད་དེ། ཚད་མས་དམིགས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། ཡོད་པ་དེ་དུ་ལྡན་ལ་ལ་རྟག་དངོས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། དེའི་ཚེ་ན་ཡོད་པ་དེ་སྒྲུབ་ཀྱི་རྟགས་སྦྱོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ཏེ། དེ་དེ་འདྲའི་རྟགས་སྦྱོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་གང་ཞིག །དེ་འདྲའི་དེ་དེ་སྒྲུབ་ཀྱི་རྟགས་སྦྱོར་ཡིན་པའི་ཕྱིར། ཁྱབ་པ་ཁས། རྩ་བར་འདོད་ན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། སྒྲུབ་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་དང་དགག་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། རྟག་དངོས་ཀྱིས་སྟོང་པའི་མེ་དེ་དེ་འདྲའི་གཞི་མཐུན་པ་ཡིན་པའི་ཕྱིར། ཁ་ཅིག །ཡོད་པ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། ཡོད་པ་དེ་དུ་ལྡན་ལ་ལ་མེ་འཛིན་དབང་མངོན་གྱི་ཡུལ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། ཡོད་པ་དེ། དུ་ལྡན་ལ་ལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་གི་ཡུལ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྗེས་དཔག་གི་ཡུལ་དེ། ཁོ་རང་ཡོད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར་ཏེ། རི་བོང་གི་རྭ་ཁོ་རང་ཡོད་པར་སྒྲུབ་པའི་ཤེས་འདོད་་ཆོས་ཅན་ཡིན་པའི་ཕྱིར། ཁོ་རང་ལ། མདུན་གྱི་གཞི་འདིར་གཟུགས་འཛིན་དབང་ཤེས་ཀྱི་བདག་རྐྱེན་དེ། དབང་ཤེས་ཀྱི་རྟགས་ཀྱིས་མདུན་གྱི་གཞི་འདིར་གཟུགས་འཛིན་དབང་ཤེས་ཀྱི་བདག་རྐྱེན་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། དུ་ལྡན་ལའི་མེ་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་སྐོར་གྱི་བསྒྲུབ་བྱ་ཡང་དག་དང༌། ཤིན་ཏུ་ལྐོག་གྱུར་གྱི་གཞི་མཐུན་ཡོད་པར་ཐལ་ལོ། །འདོད་ན། དབང་ཤེས་དེ། དེ་སྒྲུབ་ཀྱི་ཡིད་ཆེས་ཀྱི་རྟགས་ཡང་དག་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་དེ་སྒྲུབ་ཀྱི་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་རྟགས་གང་ཞིག །དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་དང༌། ཅུང་ཟད་ལྐོག་གྱུར་གྱི་གཞི་མཐུན་ཡོད་པའི་ཕྱིར་ཏེ། མདུན་གྱི་གཞི་འདིར་གཟུགས་འཛིན་དབང་ཤེས་ཀྱི་བདག་རྐྱེན་ཡོད་པ་དེ། དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། གཞན་ཡང༌། དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། དུ་ལྡན་ལའི་མེ་ཆོས་ཅན། ཁྱོད་ཚད་མས་ངེས་པའི་གང་ཟག་ཡིན་ན། དུ་ལྡན་ལ་ལ་མེ་ཡོད་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དུ་ལྡན་ལའི་མེ་ཚད་མས་ངེས་པའི་གང་ཟག་ཡིན་ན་དུ་ལྡན་ལ་ལ་མེ་ཡོད་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པ་གང་ཞིག །དེའི་ཚེ་ན་དུ་ལྡན་ལའི་མེ་དེ། དུ་ལྡན་ལའི་མེ་དང་གཅིག་ཡིན་པའི་ཕྱིར། གཞན་ཡང༌། དུ་བ་མེ་ལ་འབྲེལ་བའི་འབྲེལ་པ་དེ། དུ་བ་ཡོད་པའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་པ་ཡིན་པར་ཐལ། དུ་བ་དེ་དུ་བ་ཡོད་པའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་དང༌། མེ་དེ་དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། འདོད་ན། དེ་སྐོར་གྱི་རྟགས་ཆོས་ཀྱི་འབྲེལ་པ་ཡང་ཡིན། དེ་བྱུང་གི་འབྲེལ་པ་ཡང་ཡིན་པའི་གཞི་མཐུན་ཡོད་པར་ཐལ་ལོ། །འདོད་ན། དུ་བ་ཡོད་པ་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་ཡང་ཡིན། དེ་བྱུང་གི་འབྲེལ་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། གཞན་ཡང༌། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། ཁྱོད་དང་རང་བཞིན་གཅིག་ཀྱང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། ཁྱབ་སྟེ། ཊཱིཀ་ཆེན་ལས། རྟགས་ཀྱི་བསྒྲུབ་བྱ་ལ་དགག་སྒྲུབ་གཉིས་སུ་ངེས་ལ། སྒྲུབ་པ་གོ་བར་བྱེད་པ་ལ་བསྒྲུབ་བྱའི་ཆོས་དང་ངོ་བོ་ཐ་དད་དང་ཐ་མི་དད་པ་གཉིས་སུ་ངེས་པས་དང་པོ་ནི་འབྲས་བུའི་རྟགས་སོ། །ཞེས་གསུངས་པའི་ཕྱིར། རྟགས་གྲུབ་སྟེ། མེ་ཡོད་པ་དེ། དེ་འདྲའི་གཞི་མཐུན་པ་ཡིན་པའི་ཕྱིར། དེ་ལྟར་ན། རེས་འགའ་བའི་དངོས་པོའི་རྟགས་ཀྱིས་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། རེས་འགའ་བའི་དངོས་པོའི་རྒྱུ་ཡང་ཡིན་པའི་གཞི་མཐུན་པ་ཡོད་དེ། ལུང་དེས་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་ན། རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། རང་ཉིད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་སྲིད་པས་ཁྱབ་པ་བསྟན་པའི་ཕྱིར། །གཞན་ཡང༌། རྒྱུ་ལ་ཞེས་སོགས་ཀྱི་སྦྱོར་བ་བཀོད་པའི་ཚེ་ན། རང་བཞིན་ཡོད་ཙམ་དང་ཞེས་སོགས་ཀྱི་སྦྱོར་བ་བཀོད་པར་ཐལ། འབྲས་རྟགས་ཡང་དག་གི་སྦྱོར་བ་བཀོད་པའི་ཚེ་ན། རང་བཞིན་གྱི་རྟགས་ཡང་དག་གི་སྦྱོར་བ་བཀོད་པའི་ཕྱིར་ཏེ། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་འབྲས་རྟགས་ཡང་དག་གི་སྦྱོར་བ་བཀོད་པའི་ཚེ་ན། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གི་སྦྱོར་བ་བཀོད་པའི་ཕྱིར་ཏེ། དེའི་ཚེ་ན། དུ་བ་ཡོད་པ་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། སྤྱིར་དུ་བ་ཡོད་པ་དེ། དེ་སྐོར་གྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མེ་ཡོད་པ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། མེ་མེད་པ་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མེ་མ་ཡིན་པ་དེ་དེ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དགག་བྱའི་ཆོས་སུ་བཟུང་བྱ་མ་ཡིན་པར་ཐལ། དུ་ལྡན་ལ་ཁྱོད་ཡིན་པའི་ཕྱིར། གཞན་ཡང༌། མེ་ཡོད་པ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། གཟུགས་འཛིན་དབང་ཤེས་ཀྱི་བདག་རྐྱེན་ཡོད་པ་དེ། མདུན་གྱི་གཞི་འདིར་གཟུགས་འཛིན་དབང་ཤེས་ཀྱི་བདག་རྐྱེན་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཟུགས་འཛིན་དབང་ཤེས་ཀྱི་བདག་རྐྱེན་དེ་དེ་མ་ཡིན་པའི་ཕྱིར། འདོད་ན། ཁོ་རང་ལ།

ཊཱིཀྐ་ལས། ཕ་གི་ན་དུ་བ་འདུག་པས་མེ་འདུག་སྙམ་ཡང༌། རྟགས་སུ་ནི་དུ་བ་ཉིད་སོང་བ་སྡེ་བདུན་གྱི་དགོངས་པ་རྨ་མེད་པའོ། །ཞེས་གསུངས་པ་མི་འཐད་པར་ཐལ། དུ་བ་ཉིད་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དེར་ཐལ། དུ་བ་ཡོད་པ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དུ་བ་ཡོད་པ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་དང༌། དུ་བ་ཡོད་པའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར་ཏེ། རྟགས་སྦྱོར་རྣམ་དག་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང༌། མེ་ཡོད་པ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། མེ་མི་རྟག་པ་དེ། དུ་ལྡན་ལ་ལ་མེ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། མེ་དེ་དེ་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དུ་ལྡན་ལའི་མེ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་ན། དེའི་དངོས་པོ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། སྒྲའི་དངོས་པོ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །མཁས་པའི་དབང་པོ་ཁ་ཅིག་གི་གསུང་ལས། དུ་ལྡན་ལའི་མེ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་ནོ། །གསུངས་ན། འོ་ན། དུ་ལྡན་ལའི་མེ་ཚད་མས་ངེས་པའི་གང་ཟག་ཡིན་ན། དུ་ལྡན་ལ་ལ་མེ་ཡོད་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དུ་ལྡན་ལའི་མེ་ཚད་མས་ངེས་པའི་གང་ཟག་ཡིན་ན། དུ་ལྡན་ལའི་མེ་ཡོད་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། ཚད་མས་དམིགས་པའི་རྟགས་ཀྱིས་དུ་ལྡན་ལའི་མེ་ཡོད་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང༌། དུ་ལྡན་ལ་ལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་དེ། དུ་ལྡན་ལའི་མེ་ལ་ཚད་མ་ཡིན་པར་ཐལ། དུ་ལྡན་ལའི་མེ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། འདོད་ན། མེ་ཡོད་པར་རྟོགས་པའི་རྗེས་དཔག་དེ་ཡང་མེ་ལ་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དེ་ལ་བཅད་ཤེས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དུ་ལྡན་ལའི་མེ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། མ་གྲུབ་བྱས་པ་ལ། འོ་ན། ཊཱིཀྐ་ལས། རྗེས་ཁྱབ་ངེས་ན་བསྒྲུབ་བྱ་གྲུབ་པར་ཐལ་བ་དང༌། ཞེས་གསུངས་པ་མི་འཐད་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཟེར་ན་མ་ཁྱབ། རང་རེས། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་སྦྱོར་རྣམ་དག་ཡིན་བྱས་པ་ལ། འོ་ན། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཤེས་བྱ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི། དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་སྦྱོར་རྣམ་དག་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། མེ་ཡོད་དེ། དུ་བ་བདག་མེད་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ། དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་སྦྱོར་རྣམ་དག་ཡིན་པར་ཐལ་ལོ། །འདོད་ན། དེ་འདྲའི་རྟགས་སྦྱོར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་གྲུབ་པར་ཐལ། ཁྱོད་དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་སྦྱོར་རྣམ་དག་ཡིན་པའི་ཕྱིར། འདོད་ན། མེའི་དགག་གཞི་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། ཁ་ཅིག །དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། དུ་བའི་རྒྱུ་ཡིན་པས་ཁྱབ་ཟེར་བ་དང༌། བཀོད་ཚེ་མ་ནུས་ཡོད་འདོད་པ་ནང་འགལ་ཏེ། འོ་ན། སྔོན་འཛིན་ཚད་མ་རྒྱུད་ལ་ལྡན་པའི་དཔལ་ལྡན་ཆོས་གྲགས་ཀྱིས་དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་མེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ཏེ། དེའི་ཚེ་ན་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་ཚེ་ན་མེ་དེ་དེའི་ཚེ་ན་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། དེའི་ཚེ་ན། མེ་དེ་དེའི་ཚེ་ན་དུ་བའི་རྒྱུ་ཡིན་པ་གང་ཞིག །མེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། གཞན་ཡང༌། སྔོན་འཛིན་ཚད་མ་རྒྱུད་ལ་ལྡན་པའི་དཔལ་ལྡན་ཆོས་གྲགས་ཀྱིས་དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། མེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། དེས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། མི་རྟག་པ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། དེའི་ཚེ་ན་དེ་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་བཏགས་པ་བ་ཡིན་པའི་ཕྱིར་ཏེ། དེའི་ཚེ་ན་སྒྲ་དང་མི་རྟག་པའི་ཚོགས་དོན་དེ་དེ་སྐོར་གྱི་ཕྱོགས་མཚན་ཉིད་པ་ཡིན་པའི་ཕྱིར་ཏེ། དེའི་ཚེ་ན། སྒྲ་དང་མི་རྟག་པའི་ཚོགས་དོན་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར། །

རང་ལུགས་ཀྱི་འབྲས་རྟགས་ཀྱི་ངོ་བོ་སོགས་བཤད་པ།

༈ རང་ལུགས་བཞག་པ་ལ། འབྲས་རྟགས་ཡང་དག་ལ་མཚན་ཉིད། དབྱེ་བ། རྟགས་ཆོས་དོན་གསུམ་ངོས་བཟུང་བ། མདོ་ལས་གསུངས་ཚུལ། གཏན་ལ་ཕབ་པའི་དགོས་པ་བཤད་པ། མེ་དུ་རྒྱུ་འབྲས་སུ་ངེས་པ་ལ་ཚད་མ་དུ་དགོས་དཔྱད་པ་དང་དྲུག །དང་པོ་ནི། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཚུལ་གསུམ་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། རང་ཉིད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་པ་སྲིད་པ་དེ། རང་ཉིད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་མཚན་ཉིད་ཡིན། གཉིས་པ་ནི། སྤྱིར་འབྲས་རྟགས་ཡང་དག་དེ་ལ་དབྱེ་ན། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག། རྒྱུ་སྔོན་སོང་སྒྲུབ་པའི་འབྲས་རྟགས་ཡང་དག །རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག །རྒྱུའི་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག །རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་དང་ལྔ་ཡོད། དང་པོ་ནི། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། དུ་བ་ལྟ་བུ་ལ་བྱེད། གཉིས་པ་ནི། དུང་སྒྲ་ཐོས་པའི་ཉན་ཤེས་ཆོས་ཅན། རང་གི་རྒྱུར་གྱུར་པའི་མི་རྟག་པ་སྔོན་དུ་སོང་བ་ཡིན་ཏེ། ཉན་ཤེས་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། ཉན་ཤེས་ལྟ་བུ་ལ་བྱེད། གསུམ་པ་ནི། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རང་རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་བའི་དངོས་པོ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། རེས་འགའ་བའི་དངོས་པོ་ལྟ་བུ། བཞི་པ་ནི། གཟུགས་འཛིན་དབང་མངོན་ཆོས་ཅན། རང་གི་བདག་རྐྱེན་དང་བཅས་པ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། ཤེས་པ་ལྟ་བུ་ལ་བྱེད། ལྔ་པ་ནི། ཁ་ནང་བུར་རྡོག་གི་སྟེང་དུ་ཆོས་ཅན། བུ་རམ་གྱི་རོ་སྔ་མས་བུ་རམ་གྱི་གཟུགས་ད་ལྟར་བ་ཕྱི་མ་སྐྱེད་པའི་ནུས་པ་ཡོད་དེ། བུ་རོ་ད་ལྟར་བ་ཕྱི་མ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བུ་རོ་ད་ལྟར་བ་ཕྱི་མ་ལྟ་བུ་ལ་བྱེད། གསུམ་པ་ནི། དུ་བ་ཉིད་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་དང་། མེ་ཉིད་དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དང༌། དུ་ལྡན་ལ་དེ་སྐོར་གྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་ནོ། །བཞི་པ་ནི། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེ་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལས་ཤེས། །ཞེས་གསུངས། དེ་ཡང༌། དུ་བ་ལས་ནི་མེ་ཤེས་དང༌། །ཞེས་པས། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཏུ་བསྟན། ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །ཞེས་པས། ཆུ་སྐྱར་ལྡིང་བ་དེ་ཆུ་སྐྱར་ལྡིང་བའི་གཞི་འགར་ཆུ་ཡོད་པར་སྒྲུབ་པའི་འབྲས་རྟགས་སུ་བསྟན། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལས་ཤེས། །ཞེས་པས་གཞན་དོན་དུ་ལུས་སྲོག་སྦྱིན་པར་གཏོང་ནུས་པའི་ལུས་ཀྱི་སྤྱོད་པ་ཁྱད་པར་ཅན་དང༌། གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་སྟོན་ནུས་པའི་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་བྱང་སེམས་འཕགས་པ་དེ། བྱང་སེམས་མཐོང་ལམ་པ་རང་གི་རྒྱུར་གྱུར་པའི་ཐབས་ཤེས་ཀྱི་རྟོགས་པ་སྔོན་དུ་སོང་བར་སྒྲུབ་པའི་འབྲས་རྟགས་སུ་བསྟན་པ་ཡིན་ནོ། །ལྔ་པ་ནི། འབྲས་རྟགས་ཡང་དག་བསྟན་པ་ལ་དགོས་པ་ཡོད་དེ། དུ་བ་མེ་ཕན་འདོགས་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་དེ་བཞིན་དུ། དངོས་པོ་རྣམས་རང་དང་རིགས་མི་མཐུན་གྱི་རྒྱུ་དང༌། རྒྱུ་མེད་ལས་སྐྱེ་བ་བཀག་ནས། དངོས་པོ་རྣམས་རང་དང་རིགས་མཐུན་གྱི་རྒྱུ་དང་རང་རྒྱུ་ལས་སྐྱེའོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཤེས་པ་ལ་དགོས་པ་ཡོད་དེ། རྒྱུ་དགེ་བ་བྱས་པ་ལ་བརྟེན་ནས། རང་འབྲས་བདེ་བ་འབྱུང༌། རྒྱུ་མི་དགེ་བ་བྱས་པ་ལ་བརྟེན་ནས། རང་འབྲས་སྡུག་བསྔལ་འབྱུང་ངོ་། །སྙམ་དུ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་སྐྱེ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། དྲུག་པ་ནི། མེ་དུ་རྒྱུ་འབྲས་སུ་ངེས་པ་ལ་ཚད་མ་ཕྲུགས་གསུམ་ལ་སོགས་པ་ངེས་པར་མཐའ་གཅིག་ཏུ་སྔོན་དུ་འགྲོ་དགོས་པ་མ་ཡིན་ཏེ། གང་ཟག་དབང་རྣོན་འགའ་ཞིག་གིས། དུ་བ་མེ་ལས་སྐྱེས་པར་མཐོང་བའི་དབང་པོའི་མངོན་སུམ་གཅིག་ཉིད་ལ་བརྟེན་ནས། མེ་དུ་རྒྱུ་འབྲས་སུ་ཚད་མས་ངེས་པ་ཡོད་པའི་ཕྱིར། འོ་ན། ཚད་མ་ཕྲུགས་གསུམ་ལ་སོགས་པ་བསྟན་པ་དོན་མེད་དུ་འགྱུར་རོ། །ཞེ་ན། སྐྱོན་མེད་དེ། དུ་བ་མི་མཐུན་པའི་རྒྱུ་དང༌། དུ་བ་རྒྱུ་མེད་ལས་སྐྱེས་པའི་ལོག་རྟོག་བསལ་བའི་ཕྱིར་དུ་དེ་ལྟར་བསྟན་པའི་ཕྱིར། འོ་ན། ཚད་མ་ཕྲུགས་གསུམ་ལ་སོགས་པ་གང་ཞེ་ན། དེ་ཡང་བཞག་ཏུ་ཡོད་དེ། དང་པོ་མེ་དུ་གཉིས་ཀ་ཚད་མས་མ་དམིགས་པའི་ས་ཕྱོགས་འཛིན་པའི་དབང་པོའི་མངོན་སུམ། དེའི་རྗེས་སུ་མེའི་རྫས་འཛིན་པའི་དབང་པོའི་མངོན་སུམ། དེའི་རྗེས་སུ་དུ་བའི་རྫས་འཛིན་པའི་དབང་པོའི་མངོན་སུམ། དེའི་རྗེས་སུ་མེ་དུ་གཉིས་ཀའི་རྫས་འཛིན་པའི་དབང་པོའི་མངོན་སུམ། དེའི་རྗེས་སུ་མེ་ཚད་མས་མ་དམིགས་པའི་ས་ཕྱོགས་འཛིན་པའི་དབང་པོའི་མངོན་སུམ། དེའི་རྗེས་སུ་དུ་བ་ཚད་མས་མ་དམིགས་པའི་ས་ཕྱོགས་འཛིན་པའི་དབང་པོའི་མངོན་སུམ་སྟེ། ཚད་མ་ཕྲུགས་གསུམ་པོ་འདི་ལ་བརྟེན་ནས་མེ་དུ་རྒྱུ་འབྲས་སུ་ངེས་པར་བྱེད་པ་ཡིན་ནོ། །དེ་ཡང་དུ་བའི་རྫས་འཛིན་པའི་དབང་པོའི་མངོན་སུམ་དང༌། དུ་བ་ཚད་མས་མ་དམིགས་པའི་ས་ཕྱོགས་འཛིན་པའི་དབང་པོའི་མངོན་སུམ་གཉིས་ལ་བརྟེན་ནས། དུ་བ་རེས་འགའ་བའི་དངོས་པོར་གྲུབ། ཚད་མ་གཞན་བཞི་པོ་དེ་ལ་བརྟེན་ནས་དུ་བ་མེས་ཕན་འདོགས་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་གྲུབ་པ་ཡིན་ནོ། །དེ་ལྟར་ཚུར་མཐོང་རྣམས་ཀྱིས་མེ་དུ་རྒྱུ་འབྲས་སུ་རྒྱུན་དང་དུས་མཐའི་སྐད་ཅིག་མ་གཉིས་ཀྱི་ནང་ནས་རྒྱུན་ལ་བརྟེན་ནས་མངོན་སུམ་གྱིས་ངེས་པ་ཡིན་ཞིང༌། དུས་མཐའི་སྐད་ཅིག་མ་ལ་བརྟེན་ནས་མངོན་སུམ་གྱིས་ངེས་པ་མ་ཡིན་ཏེ། དུས་མཐའི་སྐད་ཅིག་མ་དེ་ཚུར་མཐོང་རྣམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ངག་དོན་ནི། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །མེའི་འབྲས་བུ་ཡིན་པའི་ཕྱིར་རོ། །གསུམ་པ་རྩོད་སྤོང་སླའོ། །

རང་བཞིན་རྟགས་ཀྱི་གཞུང་གི་འཕྲོས་ཚུལ་སོགས་བཤད་པ།

༈ རང་བཞིན་ཡོད་ཙམ་དང༌། འབྲེལ་པ་ཅན་གྱི་ངོ་བོ་ཡང༌། །ཞེས་པའི་གཞུང་འདི་གང་ལས་འཕྲོས་ན། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །ཅེས་སོགས་ཀྱི་སྐབས་སུ། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཏུ་བསྟན་པ་ལ། འོ་ན། རང་བཞིན་གྱི་རྟགས་ཡང་དག་གི་ངོ་བོ་དེ་གང་ཞེ་ན། དེ་འཆད་པར་བྱེད་པ་ལ་གཞུང་འདི་བྱུང༌། ཙམ་སྒྲ་སྨོས་པ་ལ་དགོས་པ་ཡོད་དེ། བྱས་པ་རང་གྲུབ་ཙམ་ནས་འཇིག་པའི་ངོ་བོར་གྲུབ་ཅིང་ཕྱིས་རྒྱུ་དོན་གཞན་ལ་ལྟོས་བཅས་མ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། རང་བཞིན་གྱི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་མདོར་བསྟན་གྱི་ཚུལ་གྱིས་འཆད་པར་བྱེད་པ་ལ། རང་བཞིན་ལ་ཡང་མེད་མི་འབྱུང༌། །ཞེས་སོགས་བྱུང༌། དེ་རྒྱས་པར་འཆད་པར་བྱེད་པ་ལ། རྒྱུ་མེད་ཕྱིར་ན་འཇིག་པ་ནི། །རང་གི་ངོ་བོས་རྗེས་འབྲེལ་ཉིད། །ཅེས་སོགས་བྱུང༌། རང་བཞིན་གྱི་རྟགས་ཡང་དག་གི་སྦྱོར་བའི་དབྱེ་བ་འཆད་པར་བྱེད་པ་ལ། རང་བཞིན་ཁྱད་པར་བྱེ་བྲག་ལ། །ཞེས་སོགས་བྱུང༌། །

༈ མཐའ་དཔྱད་པ་ལ། ཁ་ཅིག །ཆོས་དེ་གཞི་དེར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་གང་ཞིག །གཞི་དེ་དང་རང་བཞིན་གཅིག་ཡིན་པ་དེ། ཆོས་དེ་གཞི་དེར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། རེས་འགའ་བའི་དངོས་པོ་ཆོས་ཅན། ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག །རང་རྒྱུ་དང་བཅས་པ་དང་རང་བཞིན་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། རང་ཉིད་དང་རང་བཞིན་གཅིག་ཡིན་དགོས་པ་དེ། རང་ཉིད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། རེ་ཞིག་ལ། ཆོས་དེ་དང་ཕན་ཚུན་ཐ་དད་དུ་གྱུར་པའི་བྱས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། སྒྲ་ཆོས་དེ་དང་ཕན་ཚུན་ཐ་དད་དུ་གྱུར་པའི་བྱས་པར་ཚད་མས་ངེས་ནས། སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པ་གང་ཞིག །བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་འཕེན་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། བྱས་པ་ཆོས་ཅན། རང་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་འཕེན་པར་ཐལ། དེ་སྒྲུབ་ཀྱི་རང་བཞིན་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་དེ་དེ་ཡིན་པར་ཐལ། འབྲས་བུ་དེ་སྒྲ་འཇིག་པར་སྒྲུབ་པའི་རང་བཞིན་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། བྱས་པ་ཞེས་པའི་སྒྲས་བྱས་པ་ཁྱད་གཞིར་འཕེན་པར་ཐལ་ལོ། །འདོད་མི་ནུས་ཏེ། བྱས་པ་ཁྱད་གཞིའི་མཚན་གཞི་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བྱས་པ་ཞེས་པའི་སྒྲས་བྱས་པའི་ཁྱད་ཆོས་འཕེན་པར་ཐལ། དེས་བྱས་པ་མ་ཡིན་པ་ལས་ལོག་པ་འཕེན་པ་གང་ཞིག །དེ་བྱས་པའི་ཁྱད་ཆོས་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། དངོས་པོ་ཞེས་པའི་སྒྲས་དངོས་པོའི་ཁྱད་ཆོས་འཕེན་པར་ཐལ། དེས་དངོས་པོ་མ་ཡིན་པ་ལས་ལོག་པ་འཕེན་པ་གང་ཞིག །དེ་དེའི་ཁྱད་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དངོས་པོ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། འདོད་པ་གང་ཞིག །དེ་ལྟར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་ལྟར་སྒྲུབ་པའི་རང་བཞིན་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་དེ་དེ་ཡིན་པར་ཐལ། དངོས་པོར་ཡོད་པ་དེ་དེ་ཡིན་པའི་ཕྱིར་ཏེ། ཡོད་ཉིད་བཞིན། ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་ཉིད་ཚད་མས་ངེས་པ་རང་ཉིད་ཀྱི་ཁྱད་ཆོས་ཚད་མས་ངེས་པ་ལ་ལྟོས་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། བྱས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བྱས་པ་ཚད་མས་ངེས་པ་ལ་བྱས་པའི་ཁྱད་ཆོས་ཚད་མས་ངེས་པ་སྔོན་དུ་འགྲོ་དགོས་པར་ཐལ་ལོ། །འདོད་མི་ནུས་ཏེ། བྱས་པའི་ཁྱད་ཆོས་ཚད་མས་ངེས་པའི་གང་ཟག་ཡིན་ན། བྱས་པ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་གི་དངོས་མིང་ལས་རང་ངེས་པ་རང་ཉིད་བློ་ཡུལ་དུ་འཆར་བ་ལ་ལྟོས་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། བྱས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བྱས་པ་ཞེས་པའི་ངག་ལ་བརྟེན་ནས་སྐྱེས་པའི་བྱས་པ་འཛིན་པའི་རྟོག་པ་དེས། བྱས་པའི་ཁྱད་ཆོས་རྟོགས་པར་ཐལ་ལོ། །འདོད་ན། བྱས་པ་འཛིན་པའི་རྟོག་པས་དེ་ལྟར་རྟོགས་པར་ཐལ་ལོ། །འདོད་མི་ནུས་ཏེ། བྱས་པ་ཁྱད་གཞིའི་མཚན་གཞི་ཡིན་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། རང་བཞིན་གྱི་རྟགས་ཡང་དག་ལ་མཚན་ཉིད། དབྱེ་བ། གཏན་ལ་ཕབ་པའི་དགོས་པ་བཤད་པ་དང་གསུམ། དང་པོ་ནི། གཞི་ལ་བཀར་ན་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། རང་ཉིད་དང་རང་བཞིན་གཅིག་ཀྱང་ཡིན་པའི་གཞི་མཐུན་པ་སྲིད་པ་དེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། གཉིས་པ་དེ་ལ་དབྱེ་ན། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་དང༌། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་གཉིས། དང་པོའི་མཚན་ཉིད་ནི། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བརྗོད་པའི་སྒྲས་རང་གི་བྱེད་པ་པོ་འཕེན་པའི་རིགས་སུ་གནས་པ་དེ། དང་པོའི་མཚན་ཉིད་ཡིན་ཏེ། ཊཱིཀྐ་ལས། བྱས་པ་ཞེས་བརྗོད་པ་ན་རང་གི་བྱེད་པ་པོ་འཕེན་པ་ལྟར་ལྟོས་པའི་དོན་ཅན་ནོ། །ཞེས་གསུངས་པའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བརྗོད་པའི་སྒྲས་རང་གི་བྱེད་པ་པོ་མི་འཕེན་པའི་རིགས་སུ་གནས་པ་དེ། གཉིས་པའི་མཚན་ཉིད། མཚན་གཞི་ནི། དངོས་པོ་དང་དངོས་པོར་ཡོད་པ་ལྟ་བུ་ལ་བྱེད། །

༈ གསུམ་པ་གཏན་ལ་ཕབ་པའི་དགོས་པ་བཤད་པ་ནི། སྤྱིར་བསྟན་བཅོས་འདིར་ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞིའི་ནང་ནས་འདུས་བྱས་མི་རྟག་པར་སྒྲུབ་པའི་རིགས་པ་ཡང་དག་བསྟན་པ་ཡིན་ཏེ། དེ་ལྟར་བསྟན་པ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ། གང་ཟག་དེ་ཡོད་གཞན་ལྟོས་མེད། །ཅེས་པའི་ཤོ་ལོ་ཀ་གཅིག་གིས་ཕྱིས་རྒྱུ་དོན་གཞན་ལ་ལྟོས་མེད་ཀྱི་དངོས་པོ་དེ་བྱས་པ་རང་གྲུབ་ཙམ་ནས་འཇིག་ངེས་སུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཏུ་བསྟན་པའི་ཕྱིར། དེ་ལྟར་འདུས་བྱས་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། དེ་ལ་བརྟེན་ནས་འདུས་བྱས་མི་རྟག་པར་རྟོགས་པའི་བློ་སྐྱེ། དེ་ལ་བརྟེན་ནས་འཁོར་བ་མཐའ་དག་སྡུག་བསྔལ་དུ་རྟོགས་པའི་བློ་སྐྱེ། དེ་ལ་བརྟེན་ནས་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་འབྱུང་བའི་ཕྱིར་ཏེ། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། །དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཞེས་གསུངས་པའི་ཕྱིར། འོ་ན། དེ་ལྟར་གསུངས་ཞེས་གང་དུ་གསུངས་ཞེ་ན། དེ་ཡང་། དགའ་བོ་མངལ་འཇུག་གི་མདོ་ལས་གསུངས་པ་ཡིན་ཏེ། དེ་ཉིད་ལས། དགེ་སློང་དག་གཟུགས་རྟག་པ་ཡིན་ནམ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ། །གཟུགས་བདེ་བ་ཡིན་ནམ། སྡུག་བསྔལ་བ་ཡིན། བཙུན་པ་སྡུག་བསྔལ་བ་ལགས་སོ། །གང་མི་རྟག་པ་དེ་སྡུག་བསྔལ་རྣམ་པར་འགྱུར་བའི་ཆོས་ཅན་ལགས་སོ། །ཞེས་པ་འདིར་གསུངས་པའི་ཕྱིར། །ངག་དོན་ནི། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །མི་རྟག་པ་དང་བདག་ཉིད་གཅིག་ཡིན་པའི་ཕྱིར། །

༈ རྩོད་པ་སྤོང་བ་ལ། ཁ་ཅིག །དངོས་པོ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བརྗོད་པའི་སྒྲས་རང་གི་བྱེད་པ་པོ་འཕེན་པའི་ཕྱིར་ཟེར་ན། རྟགས་ཕྱི་མ་མ་གྲུབ་བྱས་པ་ལ། དེས་དེ་ལྟར་འཕེན་པར་ཐལ། དེས་དངོས་པོའི་འཇོག་བྱེད་འཕེན་པའི་ཕྱིར་ཏེ། དེས་དོན་བྱེད་ནུས་པ་འཕེན་པ་གང་ཞིག །དོན་བྱེད་ནུས་པ་དངོས་པོའི་འཇོག་བྱེད་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་དོན་བྱེད་ནུས་པ་བརྗོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། དེས་དངོས་པོའི་མཚན་ཉིད་འཕེན་པར་ཐལ། དེས་དངོས་པོའི་འཇོག་བྱེད་འཕེན་པའི་ཕྱིར། འདོད་ན། དེས་དངོས་པོ་མཚོན་བྱར་འཕེན་པར་ཐལ་ལོ། །གཞན་ཡང༌། ཊཱིཀྐ་ལས། དངོས་པོ་བློ་ཡུལ་དུ་འཆར་བ་དོན་བྱེད་ནུས་པ་བློ་ཡུལ་དུ་འཆར་བ་ལ་ལྟོས་ཀྱང༌། དངོས་པོ་ཞེས་པའི་སྒྲ་དེ་ཉིད་ཀྱིས་དོན་བྱེད་ནུས་པ་འཕེན་པའི་ངེས་པ་མེད་དོ། །ཞེས་བཤད་པ་མི་འཐད་པར་ཐལ། དངོས་པོ་ཞེས་པའི་སྒྲས་དོན་བྱེད་ནུས་པ་འཕེན་པའི་ཕྱིར། ཡང་ཁ་ཅིག །དངོས་པོ་དང་བྱས་པ་གཉིས་ཀ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བརྗོད་པའི་སྒྲས་རང་གི་བྱེད་པ་པོ་འཕེན་པའི་ཕྱིར། ཁྱབ་པ་ཁས་ཟེར་རོ། །རྟགས་ཕྱི་མ་གྲུབ་སྟེ། དེས་དེ་གཉིས་ཀྱི་རྒྱུ་འཕེན་པའི་ཕྱིར་ཏེ། དེས་དེ་གཉིས་བྱས་པར་འཕེན་པའི་ཕྱིར་ཏེ། དེས་དེ་དེ་གཉིས་སུ་འཕེན་པའི་ཕྱིར། རྩ་བར་འདོད་བྱས་པ་ལ། དངོས་པོ་དེ་ཡང་དེ་ཡིན་པར་ཐལ། དེ་གཉིས་ཀ་དེ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འོ་ན། དངོས་པོ་ཞེས་པའི་ངག་གིས་དངོས་པོའི་བྱེད་པ་པོ་འཕེན་པར་ཐལ། དེ་གཉིས་ཀ་ཞེས་པའི་ངག་གིས་དེ་གཉིས་ཀྱི་བྱེད་པ་པོ་འཕེན་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག །བྱས་པའི་བྱེ་བྲག་ཆོས་ཅན། རང་བརྗོད་པའི་སྒྲས་རང་གི་བྱེད་པ་པོ་འཕེན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་བྱེད་པ་པོ་ཡོད་པར་ཐལ་ལོ། །འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་པར་ཐལ་ལོ། །ཟེར་ན་མ་ཁྱབ། གཞན་ཡང༌། བྱས་པ་དང་སྐྱེས་པ་གཉིས་ཀ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། བྱས་པ་དང་དངོས་པོ་གཉིས་ཀ་དེ་ཡིན་པའི་ཕྱིར། འདོད་བྱས་པ་ལ། བྱས་པ་དང་སྐྱེས་པ་གཉིས་ཀ་ཡིན་ན་མི་རྟག་པས་ཁྱབ། དཔེར་ན། གཟུགས་བཞིན། སྒྲ་ཡང་བྱས་པ་དང་སྐྱེས་པ་གཉིས་ཀ་ཡིན་ནོ། །ཞེས་པའི་སྒྲུབ་ངག་དེ་སྒྲུབ་ངག་ཡང་དག་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེས་སྒྲ་སྐྱེས་པར་ཟློས་ནས་བརྗོད་པའི་ཕྱིར་ཏེ། དེའི་ཚིག་ཟུར་གྱི་སྒྲ་ཞེས་པའི་ངག་དེས་ཀྱང་སྒྲ་སྐྱེས་པར་བརྗོད། དེའི་ཚིག་ཟུར་གྱི་སྒྲ་སྐྱེས་ཞེས་པའི་ངག་དེས་ཀྱང་སྒྲ་སྐྱེས་པར་བརྗོད་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འདོད་ན། སྒྲ་བྱས་པ་དང༌། སྐྱེས་པ་གཉིས་ཀ་ཡིན་ཞེས་པའི་ངག་དེས་ཀྱང་སྒྲ་སྐྱེས་པར་ཟློས་ནས་བརྗོད་པར་ཐལ། དེའི་ཚིག་ཟུར་གྱི་སྒྲ་ཞེས་པའི་ངག་དེས་ཀྱང་སྒྲ་སྐྱེས་པར་བརྗོད། དེའི་ཚིག་ཟུར་གྱི་སྒྲ་སྐྱེས་ཞེས་པའི་ངག་དེས་ཀྱང་སྒྲ་སྐྱེས་པར་བརྗོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཟློས་སྐྱོན་ཅན་གྱི་ངག་ཡིན་པར་ཐལ་ལོ། །དེ་ལྟར་བྱས་པ་དང་སྐྱེས་པ་གཉིས་ཀ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། བྱས་པར་གྱུར་པའི་སྐྱེས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། བྱས་པའི་བྱེ་བྲག་ཏུ་གྱུར་པའི་སྐྱེས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། བྱས་པའི་བྱེ་བྲག་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་རོ། །

མི་སྣང་བའི་རྟགས་ཀྱི་འཕྲོས་ཚུལ་དང་མཐའ་དཔྱད་པ།

༈ ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འཇུག་འབྲས་བུ་ཅན། །ཞེས་པའི་གཞུང་འདི་གང་ལས་འཕྲོས་ན། རྒྱུ་ལ་ཞེས་པའི་སྐབས་སུ་འབྲས་རྟགས་ཡང་དག་གི་ངོ་བོ་བསྟན། རང་བཞིན་ཡོད་ཙམ་དང༌། ཞེས་སོགས་ཀྱི་སྐབས་སུ་རང་བཞིན་གྱི་རྟགས་ཡང་དག་གི་ངོ་བོ་བསྟན་པ་ལ། དེ་ལྟར་ཡིན་ན་མ་དམིགས་པའི་རྟགས་ཡང་དག་གི་ངོ་བོ་དེ་གང་ཞེ་ན། དེ་ལ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང༌། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གཉིས་སུ་གྲངས་ངེས་པ་ལས། དང་པོ་འཆད་པར་བྱེད་པ་ལ་གཞུང་འདི་བྱུང༌། གཉིས་པ་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་ངོ་བོ་ཙམ་འཆད་པར་བྱེད་པ་ལ། གཏན་ཚིགས་བྱེ་བྲག །ཅེས་སོགས་རྐང་པ་གཉིས་བྱུང༌། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་དབྱེ་བ་འཆད་པར་བྱེད་པ་ལ། འགལ་དང་འབྲས་བུ་དག་གྲུབ་དང༌། །ཞེས་སོགས་རྐང་པ་བཞི་བྱུང་། དེའི་སྐབས་སུ་རང་རེས། དུ་བ་དྲག་ཕྱུར་བས་ཁྱབ་པར་ནོན་པ་དེ། དུ་བ་དྲག་ཕྱུར་བས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་གྲང་རེག་སྟོབས་ཆེན་རྒྱུན་ཆགས་ཡུན་རིང་དུ་མི་གནས་པར་སྒྲུབ་པའི་འགལ་འབྲས་དམིགས་པའི་རྟགས་ཡང་དག་ཏུ་བསྟན་པ་ལ། འོ་ན། བུད་ཤིང་དེ་ཡང་རང་ཕྱོགས་སུ་གྲུབ་པའི་གཞིར། གྲང་རེག་སྟོབས་ཆེན་རྒྱུན་ཆགས་ཡུན་རིང་དུ་མི་གནས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་རྫས་དེ། དེ་འདྲའི་ཤར་ཕྱོགས་ཀྱི་རྫས་རང་ཉིད་ཀྱི་གཞིར་གྲང་རེག་སྟོབས་ཆེན་པ་རྒྱུན་ཆགས་ཡུན་རིང་དུ་མི་གནས་པར་སྒྲུབ་པའི་རྟགས་ཡང་དག་གང་ཞིག། དུ་བ་མེའི་དངོས་འབྲས་ཡིན་པ་ལྟར་དུ། བུད་ཤིང་མེའི་དངོས་རྒྱུ་ཡིན་པའི་ཕྱིར། ཞེ་ན། བུད་ཤིང་དེ་རང་ཕྱོགས་སུ་གྲུབ་པའི་གཞིར་གྲང་རེག་སྟོབས་ཆེན་རྒྱུན་ཆགས་ཡུན་རིང་དུ་མི་གནས་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྐོར་གྱི་ཁྱབ་པ་འཁྲུལ་བའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་དང་འགལ་བ་ཡི་ནི་རྒྱུ། །ཞེས་སོགས་རྐང་པ་བཞི་བྱུང༌། ཁོ་ན་རེ། འོ་ན། མེའི་རྒྱུ་ཡིན་པ་ཙམ་གྱིས་རང་ཕྱོགས་སུ་གྲུབ་པའི་གཞིར་གྲང་རེག་སྟོབས་ཆེན་རྒྱུན་ཆགས་ཡུན་རིང་དུ་མི་གནས་པར་སྒྲུབ་པའི་རྟགས་ཡང་དག་ཏུ་མི་འགྱུར་ན་མེའི་འབྲས་བུ་ཡིན་པ་ཙམ་གྱིས་དེ་ལྟར་མི་འགྱུར་རམ་ཞེ་ན། མེའི་འབྲས་བུ་ཡིན་པ་ཙམ་གྱིས་དེ་ལྟར་མི་འགྱུར་ཏེ། དེ་འདྲའི་རང་ཕྱོགས་ཀྱི་རྫས་རང་ཉིད་ཀྱི་གཞིར་གྲང་རེག་སྟོབས་ཆེན་པ་རྒྱུན་ཆགས་ཡུན་རིང་དུ་མི་གནས་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་བ་ལ་མེ་སྟོབས་ཆེན་པོ་དང་ཉེ་བ་དང་། དུ་བ་དྲག་ཕྱུར་བ་ལ་སོགས་པའི་ཁྱད་ཆོས་དུ་མ་ཚང་དགོས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། འགལ་འབྲས་ལ་ཡང་། ཞེས་སོགས་རྐང་པ་གཉིས་བྱུང༌། གཞན་ཡང༌། དེ་ལྟར་མི་འགྱུར་ཏེ། དུ་བའི་རྟགས་ཀྱིས་རང་ཕྱོགས་སུ་གྲུབ་པའི་གཞིར་གྲང་རེག་སྟོབས་ཆེན་རྒྱུན་ཆགས་ཡུན་རིང་དུ་མི་གནས་པར་སྒྲུབ་པའི་ཁྱབ་པ་འཁྲུལ་བའི་ཕྱིར། དཔེར་ན། ཐལ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་བའི་དཔེ་འདི་བཞིན་ནོ། །ཞེས་འཆད་པར་བྱེད་པ་ལ། གཞན་དུ་འཁྲུལ་འགྱུར། ཞེས་སོགས་རྐང་པ་གཉིས་བྱུང༌། །

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བའི་བཅད་ཤེས་མི་འཇུག་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ཟེར་ན། དེའི་རྒྱུད་ལ་ཤ་ཟ་འཇལ་བའི་བཅད་ཤེས་མི་འཇུག་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ལ་ཤ་ཟ་འཇལ་བའི་ཚད་མ་འཇུག་པའི་ཕྱིར་ཏེ། དེའི་རྒྱུད་ལ་ཤ་ཟ་འཇལ་བའི་རྣམ་མཁྱེན་འཇུག་པའི་ཕྱིར། དེའི་རྒྱུད་ལ་རྣམ་མཁྱེན་འཇུག་པ་གང་ཞིག །རྣམ་མཁྱེན་ཤ་ཟ་འཇལ་བའི་རྣམ་མཁྱེན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སངས་རྒྱ་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚད་མ་རྣམས་ནི་མི་འཇུག་པ། །ཞེས་བཤད་པ་མི་འཐད་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བའི་ཚད་མ་འཇུག་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། དེའི་རྒྱུད་ལ་ཤ་ཟ་འཇལ་བའི་ཚད་མ་མེད་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག །དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ཚད་མ་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་མི་སྣང་བ་དེ། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། གང་ཟག་གི་བདག་ཚད་མས་མ་དམིགས་པ་ཆོས་ཅན། ཕུང་པོ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ཚད་མ་ལ། གང་ཟག་གི་བདག་ཡོད་པར་མི་སྣང་བ་གང་ཞིག །གང་ཟག་གི་བདག་ཡོད་པ་དེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྤྱིར་ཚད་མ་ལ་དེ་མི་སྣང་བའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁ་ཅིག །དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་བསྐལ་དོན་དུ་སོང་བ་དེ། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། བྱས་པ་ཆོས་ཅན། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་ལ་སྒྲའི་སྟེང་དུ་རྟག་པ་བསྐལ་དོན་དུ་སོང་བ་གང་ཞིག །རྟག་པ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁ་ཅིག །དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་བསྐལ་དོན་དུ་སོང་བ་དེ། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། མེ་མེད་པ་ཆོས་ཅན། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་ལ་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་བསྐལ་དོན་དུ་སོང་བ་གང་ཞིག །དུ་བ་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེར་ཐལ། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་ཚད་མས་མ་དམིགས་པ་ཚད་མས་མ་ངེས་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཤ་ཟ་དེ་མདུན་གྱི་གཞིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་པའི་ཕྱིར་ཏེ། ཊཱིཀྐ་ལས། ཤ་ཟ་ཉིད་སྨྲ་བ་པོའི་འདོད་པས་དམིགས་པའི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་པས་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁ་ཅིག །མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་དེ་མེ་མེད་པའི་རྟགས་ཀྱིས་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་དགག་བྱ་ཡིན་ཟེར་ན། དུ་བ་དེ་སྐོར་གྱི་དགག་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དུ་བ་དེ་སྐོར་གྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་པའི་ཕྱིར། གཞན་ཡང༌། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་དེ་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་རྟགས་ཡང་དག་གི་དགག་བྱ་ཡིན་པར་ཐལ། དེ་མེ་མེད་པའི་རྟགས་ཀྱིས་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་དགག་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། མེ་མེད་པའི་རྟགས་ཀྱིས་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་ན། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་ཡིན་དགོས་པའི་ཕྱིར། ཁ་ཅིག །ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བའི་བཅད་ཤེས་མེད་པར་སྒྲུབ་པའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་དང༌། དེ་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ཅེས་ཁས་ལེན་མི་རིགས་པར་སྒྲུབ་པའི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་ནོ། །ཟེར་ན། ཕྱི་མ་ལ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ཅེས་ཁས་ལེན་མི་རིགས་པར་ཐལ་ལོ། །འདོད་མི་ནུས་ཏེ། གྲངས་ཅན་གྱིས་འདུས་བྱས་མི་རྟག་པར་ཁས་ལེན་རིགས་པའི་ཕྱིར་ཏེ། དེས་ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་རིགས་པའི་ཕྱིར་ཏེ། དེ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་རིགས་པའི་ཕྱིར། འཚང་རྒྱ་རིགས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གྲངས་ཅན་གྱིས་འདུས་བྱས་མི་རྟག་པར་དམ་བཅའ་རིགས་པར་ཐལ། དེས་དེ་ལྟར་ཁས་ལེན་རིགས་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། འདུས་བྱས་མི་རྟག་པར་ཚད་མས་མ་ངེས་པའི་གང་ཟག་གིས་འདུས་བྱས་མི་རྟག་པར་དམ་བཅའ་རིགས་པར་ཐལ་ལོ། །འདོད་ན། ཚུར་མཐོང་ལྷས་སྦྱིན་གྱི་སྐྱོན་ཚད་མས་མ་དམིགས་པའི་གང་ཟག་གིས་ཚུར་མཐོང་ལྷས་སྦྱིན་སྐྱོན་འདི་ལྟ་བུ་དང་བཅས་སོ། །ཞེས་དམ་བཅའ་རིགས་པར་ཐལ་ལོ། །འདོད་ན། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གསུངས་པ་ལ་དགོས་པ་མེད་པར་ཐལ་ལོ། །མཚན་གཞི་དང་པོ་ལ་སྐྱོན་འཕེན་པ་ཁ་ཅིག །མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་ངེས་པར་ཐལ། མཚན་གཞི་འཐད་པའི་ཕྱིར། འདོད་ན། དེས་ཤ་ཟ་ཚད་མས་ངེས་པར་ཐལ། དེའི་རྒྱུད་ལ་ཤ་ཟ་འཇལ་བའི་ཚད་མ་ཡོད་པའི་ཕྱིར་ཏེ། སྤྱིར་ཤ་ཟ་ཚད་མས་ངེས་ཤིང་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ཤ་ཟ་འཇལ་བའི་ཚད་མ་དེ། དེའི་རྒྱུད་ཀྱི་ཤ་ཟ་འཇལ་བའི་ཚད་མ་ཡིན་པའི་ཕྱིར་ཏེ། གང་ཟག་དེའི་རྒྱུད་ལ་ཤ་ཟ་འཇལ་བའི་ཚད་མ་ཡོད་པ་གང་ཞིག །དེའི་རྒྱུད་ཀྱི་ཚད་མ་དེ། གཅིག་ཤོས་ཀྱི་རྒྱུད་ཀྱི་ཚད་མ་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་ཤེས་པ་དེ་གཅིག་ཤོས་ཀྱི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར་ཏེ། གང་ཟག་དེ་གཅིག་ཤོས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འོ་ན། ཀ་བུམ་གཉིས་ཚད་མས་མ་ངེས་པའི་གང་ཟག་གིས་ཀ་བུམ་གཉིས་ཚད་མས་ངེས་པར་ཐལ། དེས་ཀ་བ་ཡང་ཚད་མས་ངེས། བུམ་པ་ཡང་ཚད་མས་ངེས་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་རྒྱུད་ལ་ཀ་བ་འཇལ་བའི་ཚད་མ་ཡོད་པའི་ཕྱིར། དེར་ཐལ། ཀ་བ་ཚད་མས་ངེས་ནས། ཀ་བུམ་གཉིས་ཚད་མས་མ་ངེས་པའི་གང་ཟག་གི་རྒྱུད་ཀྱི་ཚད་མ་དེ། དེའི་རྒྱུད་ཀྱི་ཚད་མ་ཡིན་པའི་ཕྱིར་ཏེ། སྒྲུབ་བྱེད་ཁོ་རང་གིས་བཏང་བ་དང་འདྲ། བྱས་པ་ལ་ཁོ་ན་རེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་ངེས་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་ཚད་མས་མ་ངེས་པའི་གང་ཟག་གིས་ཤ་ཟ་ཚད་མས་ངེས་པའི་ཕྱིར། དེར་ཐལ། མདུན་གྱི་གཞི་འདིར་རྒྱ་གར་རྡོ་རྗེ་གདན་ཚད་མས་མ་ངེས་པའི་གང་ཟག་གིས་རྒྱ་གར་རྡོ་རྗེ་གདན་ཚད་མས་ངེས་པའི་ཕྱིར། ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། མདུན་གྱི་གཞི་འདིར་རྒྱ་གར་རྡོ་རྗེ་གདན་ཚད་མས་མ་ངེས་པའི་སངས་འཕགས་ཀྱིས་རྒྱ་གར་རྡོ་རྗེ་གདན་ཚད་མས་ངེས་པའི་ཕྱིར། མ་གྲུབ་ན། དེ་འདྲའི་སངས་འཕགས་ཆོས་ཅན། ཁྱོད་ཀྱིས་རྒྱ་གར་རྡོ་རྗེ་གདན་ཚད་མས་ངེས་པར་ཐལ། ཁྱོད་སངས་འཕགས་གང་ཞིག །རྒྱ་གར་རྡོ་རྗེ་གདན་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་འདྲའི་སངས་འཕགས་ཡོད། མདུན་གྱི་གཞི་འདིར་རྒྱ་གར་རྡོ་རྗེ་གདན་མེད་པའི་ཕྱིར། ཡང་ཁོ་ན་རེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་དེ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པར་ཐལ། དེ་ཤ་ཟ་ཚད་མས་ངེས་པའི་གང་ཟག་མ་ཡིན་པའི་ཕྱིར་ཟེར་ན། འདོད་བྱས་པ་ལ། མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་གང་ཟག་དེ་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པར་ཐལ་ལོ། །འདོད་ན། ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་གང་ཟག་དེ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་ཤ་ཟ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་ཞིང་ཚད་མས་དམིགས་པ་ཤ་ཟ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བའི་གང་ཟག་དེས་ཤ་ཟ་ཚད་མས་ངེས་པའི་ཕྱིར། འོ་ན། ཁོ་རང་ལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག །ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པར་ཐལ། མདུན་གྱི་གཞི་འདིར་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་དེ་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པའི་ཕྱིར་ཏེ། མདུན་གྱི་གཞི་འདིར་བུམ་པ་མ་མཐོང་བའི་གང་ཟག་བུམ་པ་མ་མཐོང་བའི་གང་ཟག་ཡིན་པའི་ཕྱིར་ཏེ། མདུན་གྱི་གཞི་འདིར་བུམ་པ་མ་མཐོང་བའི་ལོང་བ་དེ་བུམ་པ་མ་མཐོང་བའི་ལོང་བ་ཡིན་པའི་ཕྱིར་ཏེ། མདུན་གྱི་གཞི་འདིར་ལོང་བ་ལོང་བ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་ངེས་པར་ཐལ། དེ་ཡང་ཡིན། ཤ་ཟ་ཚད་མས་ངེས་པའི་གང་ཟག་ཀྱང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར་ཏེ། ཤ་ཟ་ཚད་མས་ངེས་པའི་གང་ཟག་ཀྱང་ཡིན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཀྱང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར་ན་མ་ཁྱབ། གོང་གི་རྟགས་གྲུབ་སྟེ། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོ་དེ་དེ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། མདུན་གྱི་གཞི་འདིར་མེད་ངེས་ཡོད་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཀྱང་ཡིན། ཤ་ཟ་ཚད་མས་ངེས་པའི་གང་ཟག་ཀྱང་ཡིན་པའི་གཞི་མཐུན་པ་ཡོད་པ་གང་ཞིག །དེ་འདྲའི་གཞི་མཐུན་མེད་ངེས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མདུན་གྱི་གཞི་འདིར་མེད་ངེས་ཀྱི་དགག་གཞི་ཡིན་པའི་ཕྱིར། །གཞན་ཡང༌། མདུན་གྱི་གཞི་འདིར་མེད་པའི་བུམ་པ་ཡོད་པར་ཐལ། མདུན་གྱི་གཞི་འདིར་མེད་པ་ཡོད་པའི་ཕྱིར། འདོད་ན། བུམ་པས་དག་པའི་ས་ཕྱོགས་སུ་མེད་པའི་བུམ་པ་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་མེད་པའི་བུམ་པའི་དགག་གཞི་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མདུན་གྱི་གཞི་འདིར་མེད་པ་ཡོད་པར་ཐལ། མདུན་གྱི་གཞིར་མེད་པ་ཡང་ཡིན། རྒྱ་གར་རྡོ་རྗེ་གདན་དུ་ཡོད་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར་ཏེ། རྒྱ་གར་རྡོ་རྗེ་གདན་དེ་དེ་འདྲའི་གཞི་མཐུན་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། གཞན་ཡང༌། རྩ་བའི་གསལ་བ་དེར་ཐལ། སྔ་དྲོའི་དུས་སུ་མེད་པ་ཡོད་པའི་ཕྱིར་ཏེ། སྔ་དྲོའི་དུས་སུ་མེད་པ་ཡང་ཡིན། ཕྱི་དྲོའི་དུས་སུ་ཡོད་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར་ཏེ། ཕྱི་དྲོའི་དུས་ཀྱི་དངོས་པོ་དེ་འདྲའི་གཞི་མཐུན་པ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང༌། རྩ་བའི་གསལ་བ་དེར་ཐལ། སངས་འཕགས་ཀྱི་རྒྱུད་ལ་མེད་པ་ཡོད་པའི་ཕྱིར་ན་མ་ཁྱབ། དེ་དང་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། སྒྲིབ་པ་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར་ཏེ། སྒྲིབ་པ་དེ་སངས་འཕགས་ཀྱི་རྒྱུད་ལ་མེད་པ་གང་ཞིག །སེམས་ཅན་གྱི་རྒྱུད་ལ་ཡོད་པ་ཡིན་པའི་ཕྱིར། ཁ་ཅིག །བསྐལ་དོན་ཡོད་དམ་མེད་ཟེར་ན། བསྐལ་དོན་ཡོད་མེད་ཐེ་ཚོམ་ཟ་བ་ཡིན་ཏེ། ཐེ་ཚོམ་ཟ་བ་ཡོད་མེད་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར་ཏེ། མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དཔལ་ལྡན་ཆོས་གྲགས་ཀྱིས་མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བར་ཁས་ལེན་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། དཔལ་ལྡན་ཆོས་གྲགས་ཀྱིས་མདུན་གྱི་གཞི་འདིར་ཤ་ཟ་ཆོས་ཅན། ཡོད་པར་ཐལ། ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་ཐེ་ཚོམ་ཟ་བའི་ལན་ཐེབས་པར་ཐལ་ལོ། །འདོད་ན། དེའི་རྒྱུད་ལ་ཐེ་ཚོམ་ཟ་བ་ཡོད་པར་ཐལ་ལོ། །གཞན་ཡང༌། དཔལ་ལྡན་ཆོས་གྲགས་ཀྱིས་དེ་འདྲའི་ཐལ་འགྱུར་གྱི་རྟགས་ལ་རྟགས་མ་གྲུབ་ཀྱི་ལན་ཐེབས་པར་ཐལ། དེས་དེ་འདྲའི་ཐལ་འགྱུར་གྱི་འཁོར་གསུམ་གང་རུང་ལ་ལན་ཐེབས་པ་གང་ཞིག །གསལ་བ་ལ་འདོད་ལན་ཡང་མི་ཐེབས། ཁྱབ་པ་ལ་ཁྱབ་པ་མེད་ཀྱི་ལན་ཡང་མི་ཐེབས་པའི་ཕྱིར། དང་པོ་གྲུབ་སྟེ། དེས་དེ་འདྲའི་ཐལ་འགྱུར་ལ་ལན་ཐེབས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་ལན་མི་ཐེབས་པའི་ཐལ་འགྱུར་མེད་པའི་ཕྱིར་ཟེར་ན། ཁོ་རང་ལ། མདུན་གྱི་གཞི་འདིར་ཤ་ཟ་ཆོས་ཅན། ཡོད་པར་ཐལ། ཡོད་པའི་ཕྱིར། བྱས་པ་ལ། ངེད་མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟའོ། །ཟེར་ན། འོ་ན། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོའི་ངོར། མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བར་ཐལ། ལན་འདེབས་ཚུལ་འཐད་པའི་ཕྱིར། འདོད་ན། དཔལ་ལྡན་ཆོས་གྲགས་ཀྱིས། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོའི་ངོར། མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བར་ཐལ། འདོད་པའི་ཕྱིར། འདོད་ན། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོའི་ངོར། དཔལ་ལྡན་ཆོས་གྲགས་ཀྱི་རྒྱུད་ལ་ཐེ་ཚོམ་ཡོད་པར་ཐལ། འདོད་པའི་ཕྱིར། དེ་ལྟར་ན། མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བར་ཐལ། དེར་དེ་ཀུན་མཁྱེན་གྱིས་གཟིགས་མ་གཟིགས་ཐེ་ཚོམ་ཟ་བའི་ཕྱིར་ཏེ། ཊཱིཀྐ་ལས། དེར་ཀུན་མཁྱེན་གྱིས་གཟིགས་མ་གཟིགས་ཀྱང་ངེད་ཐེ་ཚོམ་ཟའོ། །ཞེས་གསུངས་པའི་ཕྱིར། །རང་རེས། བསྐལ་དོན་ཡིན་ན་ཡོད་པས་ཀྱང་ཁྱབ། དེ་ཡིན་ན་མེད་པས་ཀྱང་ཁྱབ། བྱས་པ་ལ་ཁོ་ན་རེ། འོ་ན། ཆོས་དེ་ཡིན་ན། ཁྱོད་ཡིན་པས་ཁྱབ་པར་ཐལ། ཆོས་དེ་ཡིན་ན། ཡོད་པས་ཁྱབ། ཡོད་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། ཆོས་དེ་ཡིན་ན། ཁྱོད་ཡིན་པས་ཁྱབ་པར་ཐལ། ཆོས་དེ་ཡིན་ན། དངོས་པོ་ཡིན་པས་ཁྱབ། དངོས་པོ་ཡིན་ན། ཁྱོད་ཡིན་པས་ཁྱབ་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། བསྐལ་དོན་མ་ཡིན་པ་ཆོས་ཅན། བསྐལ་དོན་ཡིན་ན། ཁྱོད་ཡིན་དགོས་པར་ཐལ། དེ་ཡིན་ན་ཡོད་པས་ཁྱབ། ཡོད་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ཤ་ཟ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང༌། བསྐལ་དོན་ཡིན་ན་ཡོད་པས་ཁྱབ་པ་ལ་ཐེ་ཚོམ་ཟ་བར་ཐལ། དེ་ལ་མདུན་གྱི་གཞི་འདིར་ཤ་ཟ་དངོས་སྐྱོན་དུ་འཇུག་མི་འཇུག་ཐེ་ཚོམ་ཟ་བའི་ཕྱིར་ཏེ། དེ་དེ་ལ་དངོས་སྐྱོན་དུ་བཏང་བའི་ཚེ་རྟགས་ཚད་མས་གྲུབ། གསལ་བ་ལ་ཐེ་ཚོམ་ཟ་བའི་ལན་ཐེབས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འདོད་ན། ཡོད་མེད་ཐེ་ཚོམ་ཟ་ན། ཡོད་པས་ཁྱབ་པ་ལ་ཐེ་ཚོམ་ཟ་བར་ཐལ། དེ་ལ་མདུན་གྱི་གཞི་འདིར་ཤ་ཟ་དངོས་སྐྱོན་དུ་འཇུག་མི་འཇུག་ཐེ་ཚོམ་ཟ་བའི་ཕྱིར་ཏེ། དེ་དེ་ལ་དངོས་སྐྱོན་དུ་བཏང་བའི་ཚེ་ན་རྟགས་ཚད་མས་གྲུབ། གསལ་བ་ལ་ཐེ་ཚོམ་ཟ་བའི་ལན་ཐེབས་པའི་ཕྱིར། ཁྱབ་པ་ཁས། རྩ་བར་འདོད་མི་ནུས་ཏེ། མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་རྣལ་མར་མ་ངེས་པའི་ཕྱིར།

གཞན་ཡང༌། ཡོད་པར་ཐལ། བསྐལ་དོན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་དངོས་ཁྱབ་ལ་ཐེ་ཚོམ་ཟ་བར་ཐལ། བསྐལ་དོན་ཡིན་ན་ཡོད་པས་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་གྱི་ཤུགས་ཁྱབ་ལ་ཐེ་ཚོམ་ཟ་བར་ཐལ་ལོ། །འདོད་ན། མེད་ན་བསྐལ་དོན་ཡིན་པས་ཁྱབ་པ་ལ་ཐེ་ཚོམ་ཟ་བར་ཐལ་ལོ། །ཁ་ཅིག་གིས། ཤ་ཟ་ཚད་མས་མ་ངེས་པའི་གང་ཟག་ཡིན་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པས་ཁྱབ་ཟེར་ན། དཔལ་ལྡན་ཆོས་གྲགས་དང་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གཉིས་ཀ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་དེ་ཡང༌། ཤ་ཟ་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། དེ་གཉིས་ཀ་དེ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དཔལ་ལྡན་ཆོས་གྲགས་དེ་ཡང་དེ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པར་ཐལ། དེ་གཉིས་ཀ་དེ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག །ཤ་ཟ་རང་རྒྱུད་ཀྱི་མངོན་སུམ་གྱི་ཚད་མ་ལ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པས་ཁྱབ་ཟེར་ན། རྣམ་མཁྱེན་རང་རྒྱུད་ཀྱི་མངོན་སུམ་གྱི་ཚད་མ་ལ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་ན། རྣམ་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཚུར་མཐོང་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། རྣམ་མཁྱེན་མངོན་སུམ་གྱིས་ཚད་མས་ངེས་དགོས་ཀྱི་གང་ཟག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་མཁྱེན་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། སྤྱིར་རང་རྒྱུད་ཀྱི་ཚད་མས་ཤ་ཟ་ངེས་པར་བྱེད་དགོས་ཀྱི་གང་ཟག་དང༌། རང་རྒྱུད་ཀྱི་ཚད་མ་ལ་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་དོན་གཅིག། རང་ཉིད་ཤ་ཟ་ངེས་པར་བྱེད་དགོས་ཀྱི་གང་ཟག་དང༌། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་དོན་གཅིག །

མི་སྣང་བའི་རྟགས་ཀྱི་རང་ལུགས་དང་རྩོད་སྤོང་བཤད་པ།

༈ རང་ལུགས་བཞག་པ་ལ། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ལ། མཚན་ཉིད། དབྱེ་བ། རྟགས་ཆོས་དོན་གསུམ་ངོས་བཟུང་བ། གཏན་ལ་ཕབ་པའི་དགོས་པ་བཤད་པ་དང་བཞི། དང་པོ་ནི། གཞི་ལ་བཀར་ན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མ་དམིགས་པའི་ཚུལ་གསུམ་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྤྱིར་ཡོད། དེ་ཡོད་ཀྱང་རང་ཉིད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ཚད་མ་ལ་མི་སྣང་བ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། །གཉིས་པ་དབྱེ་བ་ནི། སྤྱིར་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དེ་ལ་དབྱེ་ན། འགལ་ཟླ་དམིགས་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང༌། འབྲེལ་ཟླ་མ་དམིགས་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གཉིས། །དང་པོ་ནི། གཞལ་བྱ་ཚད་མས་དམིགས་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་དང་པོ་ཡིན། གཉིས་པ་ལ་དབྱེ་ན། རྒྱུ་མ་དམིགས་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང༌། ཁྱབ་བྱེད་མ་དམིགས་པའི་དེ། རང་བཞིན་མ་དམིགས་པའི་དེ། དངོས་འབྲས་མ་དམིགས་པའི་དེ་དང་བཞི་ཡོད། དང་པོ་ནི། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་ཏེ། དེ་དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །སོ་སྐྱེའི་རྒྱུད་ཀྱི་ཤ་ཟ་འཇལ་བའི་ཚད་མ་དེ། དེའི་རྒྱུད་ཀྱི་ཤ་ཟ་འཇལ་བའི་བཅད་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར། །གཉིས་པ་ནི། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ། ཤ་ཟ་འཇལ་བའི་མི་བསླུ་བའི་རིག་པ་མེད་པ་དེ། དེ་ལྟར་སྒྲུབ་པའི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་ཏེ། དེ་དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །ཤ་ཟ་འཇལ་བའི་མི་བསླུ་བའི་རིག་པ་དེ་ཤ་ཟ་འཇལ་བའི་བཅད་ཤེས་ཀྱི་ཁྱབ་བྱེད་ཡིན་པའི་ཕྱིར། གསུམ་པ་ནི། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བའི་བཅད་ཤེས་ཚད་མས་མ་དམིགས་པ་དེ། དེ་ལྟར་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་ཏེ། དེ་དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །ཤ་ཟ་འཇལ་བའི་བཅད་ཤེས་ཚད་མས་མ་དམིགས་པ་དེ། ཤ་ཟ་འཇལ་བའི་བཅད་ཤེས་མེད་པའི་རང་བཞིན་ནམ་མཚན་ཉིད་ཡིན་པའི་ཕྱིར། །བཞི་པ་ནི། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བའི་བཅད་ཤེས་མེད་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བའི་ཚད་མ་མེད་པར་སྒྲུབ་པའི་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་ཡིན་ཏེ། དེ་དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཤ་ཟ་འཇལ་བའི་བཅད་ཤེས་དེ། དེའི་རྒྱུད་ཀྱི་ཤ་ཟ་འཇལ་བའི་ཚད་མའི་དངོས་འབྲས་ཡིན་པའི་ཕྱིར། །

༈ གསུམ་པ་རྟགས་ཆོས་དོན་གསུམ་ངོས་བཟུང་བ་ནི། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པ་དེ། དེའི་རྟགས་ཀྱིས་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བའི་བཅད་ཤེས་མེད་པར་སྒྲུབ་པའི་རྟགས་ཡང་དག་དང༌། མདུན་གྱི་གཞི་འདིར། དེ་སྐོར་གྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་དང༌། ཤ་ཟ་དེ། དེ་སྐོར་གྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང༌། དེ་འདྲའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བའི་བཅད་ཤེས་ཡོད་པ་དེ། དེ་སྐོར་གྱི་དགག་བྱའི་ཆོས་སུ་བཟུང་བྱ། དེ་མེད་པ་དེ། དེ་སྐོར་གྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་རྣམས་ཡིན་ནོ། །དེ་སྐོར་གྱི་མཐུན་དཔེ་ཡང་དག་བཞག་ཏུ་ཡོད་དེ། རྒྱ་གར་རྡོ་རྗེ་གདན་གྱི་གཞི་དེ། དེ་སྐོར་གྱི་མཐུན་དཔེ་ཡིན་པའི་ཕྱིར། །

༈ བཞི་པ་གཏན་ལ་ཕབ་པའི་དགོས་པ་བཤད་པ་ནི། སྤྱིར་མདོ་ལས། ང་འམ། ང་དང་འདྲ་བའི་གང་ཟག་གིས་གང་ཟག་གི་ཚོད་བཟུང་གི། གང་ཟག་གིས་གང་ཟག་གི་ཚོད་མི་བཟུང་སྟེ། དེ་ལྟར་ན་ཉམས་པར་འགྱུར་ཏ་རེ། ཞེས་གསུངས་ཤིང༌། །དེ་ཡང་། ང་འམ། ང་དང་འདྲ་བའི་གང་ཟག་གིས་ཚོད་བཟུང་གི ཞེས་པས་སྣང་རུང་མ་དམིགས་པའི་རྟགས་ཡང་དག་བསྟན་པ་ཡིན་ཏེ། དེས་རང་རྒྱུད་ལ་རྣམ་མཁྱེན་ཡོད་པར་ཀུན་མཁྱེན་གྱིས་མ་ངེས་པ་དེ། ཚུར་མཐོང་ལྷས་སྦྱིན་གྱི་རང་རྒྱུད་ལ་རྣམ་མཁྱེན་ཡོད་པ་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཏུ་བསྟན་པ་ཡིན་པའི་ཕྱིར། གཅིག་ཤོས་དེས་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་བསྟན་པ་ཡིན་ཏེ། དེས་སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་ཚད་མས་མ་ངེས་པའི་སྐྱེས་བུ་དེ། ཚུར་མཐོང་ལྷས་སྦྱིན་རང་ཉིད་ཀྱིས་སྟོན་པ་སངས་རྒྱས་ལ་ཡོན་ཏན་འདི་ཙམ་ལས་མེད། ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་རྟགས་ཡང་དག་ཏུ་བསྟན། ཞར་ལ། གང་ཟག་ཕ་རོལ་པོའི་སྐྱོན་ཚད་མས་མ་ངེས་པར། དེ་ལ་ཡོན་ཏན་འདི་ཙམ་ལས་མེད། སྐྱོན་འདི་ལྟ་བུ་དང་བཅས། ཞེས་དམ་བཅའ་མི་རིགས་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཏུ་བསྟན་པ་ཡིན་ནོ། །དེ་ལྟར་ན། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། ཚུལ་མཐོང་ལྷས་སྦྱིན་གྱི་སྐྱོན་ཚད་མས་མ་ངེས་པའི་གང་ཟག་གིས་ཚུར་མཐོང་ལྷས་སྦྱིན་སྐྱོན་འདི་ལྟ་བུ་དང་བཅས། ཡོན་ཏན་ཅུང་ཟད་ཀྱང་མེད། ཅེས་སྒྲོ་འདོགས་དང་བསྐུར་འདེབས་ལ་སོགས་པ་སྤངས་ནས། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་སྒོམ་དགོས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཡང་ཡིན་ཏེ། སྦས་པའི་སྤྲུལ་སྐུ་གང་ན་ཡོད་མི་ཤེས་པས། ཕ་རོལ་གྱི་སྐྱོན་ཡོན་རྟོགས་དཀའ་བས། དོན་མེད་པར་ཉེས་དམིགས་ཆེན་པོ་བསྐྱེད་པའི་ཕྱིར། དཔེར་ན། མེ་དོང་ཐལ་བས་གཡོགས་པ་བཞིན་ཡིན་ཏེ། རྣམ་བཤད་ལས། སྐྱེས་བུ་དམ་པ་གང་ན་ཡོད་མི་ཤེས་ཤིང༌། སྐྱེས་བུ་དམ་པ་ལ་སྨོད་པ་ནི་ངན་འགྲོ་མི་ཟད་པའི་རྒྱུ་ཕུལ་དུ་ཕྱིན་པར་མདོ་རྒྱུད་ཀུན་ལས་གསུངས་པས། ཐལ་བས་གཡོགས་པའི་མེ་དོང་བཞིན་དུ་གནས་འདི་ལ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཤིན་ཏུ་བག་དང་ལྡན་པར་བྱའོ། །ཞེས་གསུངས་པའི་ཕྱིར། །ངག་དོན་ནི། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་འཇལ་བའི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ཚད་མ་ལ་ཤ་ཟ་མི་སྣང་བའི་ཕྱིར། །

༈ རྩོད་པ་སྤང་པ་ལ། ཁ་ཅིག་ན་རེ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ཤ་ཟ་འཇལ་བའི་ཚད་མ་དེ། དེའི་རྒྱུད་ཀྱི་ཤ་ཟ་འཇལ་བའི་བཅད་ཤེས་ཀྱི་རྒྱུ་ཡིན་པར་ཐལ། རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་གཞི་འཐད་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། འོ་ན། མེ་ཡོད་པ་དུ་བའི་རྒྱུ་ཡིན་པར་ཐལ། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། །བྱས་པ་ལ་ཁོ་ན་རེ། སྐྱོན་མེད་དེ། མེ་དུ་བའི་རྒྱུ་ཡིན་པའི་དབང་དུ་བྱས་ནས་དེ་ལྟར་བཞག་པ་ཡིན། ཟེར་ན། ངེད་ཀྱི་དེ་ཡང་སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཤ་ཟ་འཇལ་བའི་ཚད་མ་དེ། དེའི་རྒྱུད་ཀྱི་བཅད་ཤེས་ཀྱི་རྒྱུ་ཡིན་པའི་དབང་དུ་བྱས་ནས་དེ་ལྟར་བཞག་པ་ཡིན་པས་སྐྱོན་མེད་དོ། །བྱས་པ་ལ། འོ་ན། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཤ་ཟ་འཇལ་བའི་བཅད་ཤེས་སྐྱེ་བ་དང༌། དེའི་རྒྱུད་ཀྱི་དེ་འཇལ་བའི་ཚད་མ་འགག་པ་དུས་མཉམ་པར་ཐལ། དེའི་རྒྱུད་ཀྱི་ཤ་ཟ་འཇལ་བའི་བཅད་ཤེས་དང༌། དེའི་རྒྱུད་ཀྱི་ཤ་ཟ་འཇལ་བའི་ཚད་མ་གཉིས་དངོས་རྒྱུ་དངོས་འབྲས་ཡིན་པའི་ཕྱིར། འདོད་བྱས་པ་ལ། ཤ་ཟ་འཇལ་བའི་བཅད་ཤེས་རང་རྒྱུད་ལ་སྐྱེས་པའི་གང་ཟག་ཡིན་ན། ཤ་ཟ་འཇལ་བའི་ཚད་མ་རང་རྒྱུད་ལ་འགག་པའི་དེ་ཡིན་དགོས་པར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་ན། ཤ་ཟ་བཅད་ཤེས་ཀྱིས་ངེས་པའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཤ་ཟ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། ཟེར་ན། ཁོ་རང་ལ། གཟུགས་འཛིན་མིག་ཤེས་ཀྱིས་དྲངས་ནས་སྐྱེས་པའི་གཟུགས་ངེས་པའི་ངེས་ཤེས་རང་རྒྱུད་ལ་སྐྱེས་པའི་གང་ཟག་ཡིན་ན། གཟུགས་འཛིན་མིག་ཤེས་རང་རྒྱུད་ལ་འགག་པའི་དེ་ཡིན་དགོས་པར་ཐལ། གཟུགས་འཛིན་མིག་ཤེས་རང་རྒྱུད་ལ་འགག་པ་དང༌། དེའི་དྲངས་ནས་སྐྱེས་པའི་གཟུགས་ངེས་པའི་ངེས་ཤེས་སྐྱེ་བ་གཉིས་དུས་མཉམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེས་དྲངས་ནས་སྐྱེས་པའི་གཟུགས་ངེས་པའི་ངེས་ཤེས་རྒྱུད་ལ་སྐྱེས་པའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། གཟུགས་འཛིན་མིག་ཤེས་རྒྱུད་ལ་ལྡན་པའི་གང་ཟག་ཡིན་པའི་ཕྱིར་རོ། །

རྒྱུ་ཚོགས་པ་ལས་འབྲས་བུ་འབྱུང་རུང་དཔོག་པ་རྟགས་སུ་འཐད་ཚུལ།

༈ རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །ཞེས་སོགས་ཀྱི་གཞུང་འདི་གང་ལས་འཕྲོས་ན། དེ་ནི་རྣམ་གསུམ་ཉིད། ཅེས་པའི་སྐབས་སུ། རྟགས་ཡང་དག་དེ་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པར་ཁས་བླངས་པ་ལ། ཁོ་ན་རེ། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཆོས་ཅན། དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་རང་འབྲས་ནས་མྱུག་འབྱུང་རུང་དུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་པོ་གང་རུང་མ་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མ་ཡིན་ཏེ། རང་འབྲས་ནས་མྱུག་འབྱུང་རུང་གི་འབྲས་བུ་མ་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་ཏེ། རང་འབྲས་ནས་མྱུག་གི་རྒྱུ་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་མ་ཡིན་ཏེ། རང་འབྲས་ནས་མྱུག་འབྱུང་རུང་དེ། སྒྲུབ་པ་ཡིན་པའི་ཕྱིར། ཞེ་ན། དེ་རང་འབྲས་ནས་མྱུག་གི་རྒྱུ་ཡིན་ཀྱང། དེ་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ་གཞུང་འདི་འབྱུང། ཡང་ཁོ་ན་རེ། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་དེ་དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་རང་འབྲས་ནས་མྱུག་སྐྱེས་ངེས་སུ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་རང་འབྲས་ནས་མྱུག་འབྱུང་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། དེའི་རྟགས་ཀྱིས་དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་རང་འབྲས་ནས་མྱུག་སྐྱེས་ངེས་སུ་སྒྲུབ་པའི་ཁྱབ་པ་འཁྲུལ་བའི་ཕྱིར། དེ་ཡང་འཁྲུལ་བ་ཡིན་ཏེ། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་དེ་རང་འབྲས་ནས་མྱུག་སྐྱེ་བའི་ནུས་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ་ལ་འགལ་རྐྱེན་གྱི་གེགས་བྱེད་པ་དག་སྲིད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཚོགས་པའི་འབྲས་བུ་ནུས་པ་རྣམས། །ཞེས་སོགས་རྐང་པ་བཞི་བྱུང། ཡང་ཁ་ཅིག་ན་རེ། བུར་རོ་ད་ལྟ་བ་ཆོས་ཅན། ཁ་ནང་བུར་རྡོག་གི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་པོ་གང་རུང་མ་ཡིན་པའི་ཕྱིར། དང་པོ་མ་ཡིན་ཏེ། བུར་གཟུགས་ད་ལྟ་བའི་འབྲས་བུ་མ་ཡིན་པའི་ཕྱིར། གཉིས་པ་མ་ཡིན་ཏེ། བུར་གཟུགས་ད་ལྟ་བ་དང་རྫས་གཞན་ཡིན་པའི་ཕྱིར། གསུམ་པ་མ་ཡིན་ཏེ། བུར་གཟུགས་ད་ལྟ་བ་ཡོད་པ་དེ། སྒྲུབ་པ་ཡིན་པའི་ཕྱིར། རྩ་བར་འདོད་བྱས་པ་ལ། བུར་རོ་ད་ལྟ་བའི་རྟགས་ཀྱིས་ཁ་ནང་བུར་རྡོག་གི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་རྟོགས་པའི་རྗེས་དཔག་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་མེད་པར་ཐལ་ལོ། །ཟེར་ན། བུར་རོ་ད་ལྟར་བ་དེ། བུར་རོ་ད་ལྟར་བའི་རྟགས་ཀྱིས་ཁ་ནང་བུར་རྡོག་གི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མིན་ཀྱང་དེའི་རྟགས་ཀྱིས་ཁ་ནང་བུར་རྡོག་གི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་རྟོགས་པའི་རྗེས་དཔག་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ཡོད་དེ། དེ་འདྲའི་རྗེས་དཔག་དེ། བུར་རོ་ད་ལྟར་བ་ཕྱི་མའི་རྟགས་ཀྱིས་ཁ་ནང་བུར་རྡོག་གི་སྟེང་དུ་བུ་རམ་གྱི་རོ་སྔ་མ་ལ་བུར་གཟུགས་ད་ལྟར་བ་ཕྱི་མ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་ཕྱིར། དཔེར་ན། དུ་བ་དུ་ལྡན་ལ་ལ་བུད་ཤིང་གི་འགྱུར་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མིན་ཀྱང༌། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་བུད་ཤིང་གི་འགྱུར་བ་ཡོད་པར་རྟོགས་པའི་རྗེས་དཔག་དེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ལ་བུད་ཤིང་གི་འགྱུར་བ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་དཔེ་བཞིན་ནོ། །ཞེས་འཆད་པར་བྱེད་པ་ལ། གཟུགས་ལ་སོགས་པ་རོས་རྟོགས་པ། །ཞེས་སོགས་རྐང་པ་གསུམ་བྱུང༌། བུར་རོ་ད་ལྟར་བའི་རྟགས་ལས་ཁ་ནང་བུར་རྡོག་གི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་རྟོགས་པའི་རྗེས་དཔག་དེ། བུར་རོ་ད་ལྟར་བ་ཕྱི་མའི་རྟགས་ལས་ཁ་ནང་བུར་རྡོག་གི་སྟེང་དུ་བུ་རམ་གྱི་རོ་སྔ་མས་བུར་གཟུགས་ད་ལྟར་བ་ཕྱི་མ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པ་ཡིན་ཏེ། བུར་རོ་ད་ལྟར་བ་ཕྱི་མ་དང༌། བུར་གཟུགས་ད་ལྟར་བ་ཕྱི་མ་གཉིས་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་པ་གྲུབ་པའི་ཕྱིར། ཞེས་སྟོན་པར་བྱེད་པ་ལ། ཚོགས་པ་གཅིག་ལ་རག་ལུས་པའི། །ཞེས་པ་འདི་བྱུང། དེ་གཉིས་ལ་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་པ་གྲུབ་པ་ཡིན་ཏེ། བུར་རོ་སྔ་མ་དེ། བུར་རོ་ད་ལྟར་བ་ཕྱི་མའི་དངོས་ཀྱི་ཉེར་ལེན། བུར་གཟུགས་ད་ལྟར་བ་ཕྱི་མའི་དངོས་ཀྱི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར་ཞེས་འཆད་པར་བྱེད་པ་ལ། ནུས་པ་འཇུག་པ་མེད་པར་ནི། །ཞེས་སོགས་རྐང་པ་གཉིས་བྱུང༌། བུར་རོ་ད་ལྟར་བའི་རྟགས་ཀྱིས་ཁ་ནང་བུར་རྡོག་གི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་རྟོགས་པའི་རྗེས་དཔག་དང༌། བུར་རོ་ད་ལྟར་བ་ཕྱི་མའི་རྟགས་ཀྱིས་ཁ་ནང་བུར་རྡོག་གི་སྟེང་དུ་བུར་རམ་གྱི་རོ་སྔ་མས་བུར་གཟུགས་ད་ལྟར་བ་ཕྱི་མ་སྐྱེད་པའི་ནུས་པ་ཡོད་པར་རྟོགས་པའི་རྗེས་དཔག་གཉིས་ཀ་ཡོད་དོ། །ཞེས་འཆད་པར་བྱེད་པ་ལ། དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །ཞེས་པ་འདི་བྱུང༌། དེ་ལྟར་ན་བུར་རོ་ད་ལྟར་བའི་རྟགས་ལས་ཁ་ནང་བུར་རྡོག་གི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་རྟོགས་པའི་རྗེས་དཔག་དེ། བུར་རོ་ད་ལྟར་བ་ཕྱི་མའི་རྟགས་ལས་ཁ་ནང་བུར་རྡོག་གི་སྟེང་དུ་བུ་རམ་གྱི་རོ་སྔ་མས་བུར་གཟུགས་ད་ལྟར་བ་ཕྱི་མ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག་ལ་བརྟེན་ནས་སྐྱེའོ། །ཞེས་པའི་དོན་བསྡུ་འཆད་པར་བྱེད་པ་ལ། དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་པ་འདི་བྱུང༌། ངག་དོན་ནི། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཆོས་ཅན། དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་རང་འབྲས་ནས་མྱུག་འབྱུང་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །རང་འབྲས་ནས་མྱུག་འབྱུང་རུང་དང་རང་བཞིན་གཅིག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཡིན་ན། རང་འབྲས་ནས་མྱུག་འབྱུང་རུང་ཡིན་པས་ཁྱབ་པར་ཐལ། དེ་དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་རང་འབྲས་ནས་མྱུག་སྐྱེད་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་བྱས་པ་ལ། རང་འབྲས་ནས་མྱུག་མེད་པའི་དེ་འདྲའི་ཞིང་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་སྒྲུབ་སྟེ། དེ་འདྲའི་ཞིང་ཡོད་པའི་ཕྱིར་ཏེ། ནས་མྱུག་མེད་པའི་ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཡོད་པའི་ཕྱིར། གཞན་ཡང༌། རང་འབྲས་ནས་མྱུག་མེད་པའི་ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཡོད་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཡིན་ན། རང་འབྲས་ནས་མྱུག་ཡོད་པའི་ཞིང་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། མ་ངེས་པ་ནི་ཉིད་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་བྱས་པ་ལ། རང་འབྲས་ནས་མྱུག་མེད་པའི་ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་གི་འབྲས་བུར་གྱུར་པའི་ནས་མྱུག་ཆོས་ཅན། ཡོད་པར་ཐལ། འབྱུང་རུང་ཡིན་པའི་ཕྱིར། ཟེར་ན་སྐྱོན་ཅན་ཡིན་ཏེ། དེ་ལྟར་མ་ཡིན་ན། སེམས་ཅན་གྱི་རྒྱུད་ལ་རྣམ་མཁྱེན་ཆོས་ཅན། ཡོད་པར་ཐལ། སྐྱེ་རུང་ཡིན་པའི་ཕྱིར། ཡང་ཁོ་ན་རེ། དེའི་འབྲས་བུར་གྱུར་པའི་ནས་མྱུག་ཡོད་རུང་ཡིན་པར་ཐལ། དེ་སྐྱེ་རུང་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཤེས་བྱར་རུང་བར་ཐལ་ལོ། །འདོད་ན། བློའི་ཡུལ་དུ་བྱ་རུང་ཡིན་པར་ཐལ་ལོ། །ཟེར་ན། སེམས་ཅན་གྱི་རྒྱུད་ལ་རྣམ་མཁྱེན་ཡོད་རུང་ཡིན་པར་ཐལ། དེའི་རྒྱུད་ལ་རྣམ་མཁྱེན་སྐྱེ་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། ཁོ་རང་གི་ལུགས་ལ། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་དེ། དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་རང་ཉིད་ལས་རང་འབྲས་ནས་མྱུག་འབྱུང་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ནོ། །ཟེར་ན། འོ་ན། རང་འབྲས་ནས་མྱུག་མེད་པའི་ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཆོས་ཅན། རང་ཉིད་ལས་རང་འབྲས་ནས་མྱུག་འབྱུང་རུང་ཡིན་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཡིན་པའི་ཕྱིར། འདོད་ན། རང་འབྲས་ནས་མྱུག་འབྱུང་རུང་ཡིན་པར་ཐལ་ལོ། །འདོད་ན། དངོས། ཁ་ཅིག །ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང༌། དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་རང་ཉིད་ལས་ནས་མྱུག་འབྱུང་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ཟེར་ན། དེ་སྐོར་གྱི་རྗེས་ཁྱབ་རྣལ་མར་ངེས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། ནས་མྱུག་དང་དུས་མཉམ་དུ་གྱུར་པའི་ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཡོད་པའི་ཕྱིར། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་དེ། དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་སྐད་ཅིག་མ་དང་པོ་རང་འབྲས་ནས་མྱུག་འབྱུང་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ཟེར་བ་དེ་ལ། སྐྱོན་འཕེན་པ་ཁ་ཅིག། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་ཆོས་ཅན། དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་སྐད་ཅིག་མ་དང་པོ་རང་འབྲས་ནས་མྱུག་འབྱུང་རུང་དུ་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། དེ་རང་འབྲས་ནས་མྱུག་འབྱུང་རུང་གི་རྒྱུར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེ་རྒྱུར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་སྐད་ཅིག་མར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ན། སྤྱིར་ཁྱབ་པ་མི་འོང༌། རྟགས་ཀྱང་མ་གྲུབ་བྱས་པ་ལ། དེར་ཐལ། དེ་ཁོ་ཁོ་རང་དུ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་སྐད་ཅིག་མ་དང་པོ་ཁོ་ཁོ་རང་དུ་མངོན་སུམ་དུ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་སྐད་ཅིག་མར་མངོན་སུམ་དུ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། དེ་ཁོ་ཁོ་རང་དུ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་སྐད་ཅིག་མར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། ཚུར་མཐོང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་སྐད་ཅིག་མ་ཡིན་པ་དེ། ཕྲ་བའི་མི་རྟག་པ་ཡིན་པའི་ཕྱིར་ཏེ། དེ་མི་རྟག་པ་ཡིན་པ་དེ། ཕྲ་བའི་མི་རྟག་པ་ཡིན་པའི་ཕྱིར། ཁ་ཅིག །ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཡིན་ན། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་ཁྱབ་ཟེར་ན། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་གི་རྟགས་ཀྱིས། དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་རང་འབྲས་ནས་མྱུག་སྐྱེ་ངེས་སུ་སྒྲུབ་པའི་ཁྱབ་པ་རྣལ་མར་ངེས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མ་ངེས་པ་ནི་ཉིད་ཡིན་ཏེ། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང༌། དེ་ཡིན་ན། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་མ་ཁྱབ་པར་ཐལ། དེ་རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་ལ། དེ་ཡིན་ན་རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་མ་ཁྱབ་པའི་ཁྱད་པར་འཐད་པའི་ཕྱིར་ཏེ། ཊཱིཀྐ་ལས། རྟགས་དང་རྩོད་གཞིར་གང་བཟུང་བ་དེ་ནི་རང་འབྲས་ནས་མྱུག་སྐྱེ་ངེས་པ་ཡིན་ལ། དེ་ཡིན་ན་སྐྱེ་ངེས་ཡིན་པས་ཁྱབ་པ་མ་ངེས་ཤིང༌། རུང་བ་ཙམ་གྱི་ཁྱབ་པ་ངེས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་ཡིན་ན། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་མ་ཁྱབ་པར་ཐལ། རང་འབྲས་ནས་མྱུག་མི་སྐྱེ་བར་ངེས་པའི་དེ་འདྲའི་ཞིང་ཡོད་པའི་ཕྱིར། སྐད་ཅིག་མ་དང་པོ་ལ་ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང༌། སྐད་ཅིག་གཉིས་པ་ལ། ས་བོན་བྱ་རོག་གིས་འདོན་པར་ངེས་པའི་དེ་འདྲའི་ཞིང་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། དེ་ཡིན་ན། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན། རང་འབྲས་ནས་མྱུག་སྐྱེད་བྱེད་ཡིན་པའི་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་རང་འབྲས་ནས་མྱུག་རྟོགས་པའི་རྣམ་མཁྱེན་སྐྱེད་བྱེད་ཡིན་པས་ཁྱབ་པའི་ཕྱིར། ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ཡིན་ན། རང་འབྲས་རྣམ་མཁྱེན་སྐྱེད་བྱེད་ཡིན་པས་ཁྱབ་པ་གང་ཞིག །ནས་མྱུག་ཡོད་པའི་གཞིར་རྣམ་མཁྱེན་དང༌། ནས་མྱུག་རྟོགས་པའི་རྣམ་མཁྱེན་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། རྣམ་མཁྱེན་སྐད་ཅིག་དང་པོ་དེ་རང་གི་ཉེ་འབྲས་སུ་གྱུར་པའི་ནས་མྱུག་སྐྱེད་བྱེད་ཡིན་པར་ཐལ། དེ་རང་གི་ཉེ་འབྲས་སུ་གྱུར་བའི་ནས་མྱུག་རྟོགས་པའི་རྣམ་མཁྱེན་སྐྱེད་བྱེད་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་རང་གི་ཉེ་འབྲས་སུ་གྱུར་པའི་རྣམ་མཁྱེན་སྐད་ཅིག་གཉིས་པ་སྐྱེད་བྱེད་ཡིན་པ་གང་ཞིག །རྣམ་མཁྱེན་སྐད་ཅིག་གཉིས་པ་དེ། ནས་མྱུག་རྟོགས་པའི་རྣམ་མཁྱེན་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེའི་ཉེ་འབྲས་སུ་གྱུར་པའི་ནས་མྱུག་མེད་པའི་ཕྱིར། ཡང་ཁོ་ན་རེ། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཡིན་ན། རང་འབྲས་ནས་མྱུག་སྐྱེད་བྱེད་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་པས་ཁྱབ། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་ན། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་ཁྱབ་པའི་ཕྱིར། ཕྱི་མ་མ་གྲུབ་བྱས་པ་ལ། དེར་ཐལ། སྐྱེ་རུང་ཡིན་ན། སྐྱེ་ངེས་ཡིན་པས་ཁྱབ་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། འདོད་ན། ཟླ་བ་ཞེས་པའི་སྒྲས་བརྗོད་རུང་ཡིན་ན། ཟླ་བ་ཞེས་པའི་སྒྲས་བརྗོད་པས་ཁྱབ་པར་ཐལ། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་ན། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག །རང་འབྲས་ནས་མྱུག་མི་སྐྱེ་བར་ངེས་པའི་ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཡོད་མེད་ཐེ་ཚོམ་ཟའོ། །ཞེ་ན། སྐད་ཅིག་དང་པོ་ལ། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང༌། སྐད་ཅིག་གཉིས་པ་ལ་ས་བོན་བྱ་རོག་གིས་འདོན་པར་ངེས་པའི་དེ་འདྲའི་ཞིང་ཡོད་མེད་ཐེ་ཚོམ་ཟ་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྐད་ཅིག་མ་དང་པོ་ལ་དེ་ལྟར་ཚོགས་པ་ཚང༌། སྐད་ཅིག་གཉིས་པ་ལ་ས་བོན་བྱ་རོག་གིས་འདོན་པར་ངེས། སྐད་ཅིག་གསུམ་པ་ལ་ས་བོན་སྐྱར་མ་བཏབ་པའི་དེ་འདྲའི་ཞིང་ཡོད་མེད་ཐེ་ཚོམ་ཟ་བར་ཐལ་ལོ། །འདོད་མི་ནུས་ཏེ། དེ་འདྲའི་ཞིང་མེད་པར་ཁ་ཚོན་ཆོད་པའི་ཕྱིར་ཏེ། སྐད་ཅིག་གསུམ་པ་ལ་རང་འབྲས་སྐྱེད་པའི་དངོས་པོ་མེད་པར་ཁ་ཚོན་ཆོད་པའི་ཕྱིར་ཏེ། དངོས་པོ་ཡིན་ན་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་ངེས་ཡིན་དགོས་པའི་ཕྱིར། གཞན་ཡང༌། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཡིན་ན། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་ཁྱབ་མ་ཁྱབ་ཐེ་ཚོམ་ཟ་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཡིན་ན། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་མ་ཁྱབ་པར་ཁ་ཚོན་ཆོད་པའི་ཕྱིར་ཏེ། མ་ངེས་པ་ནི་ཉིད་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རང་འབྲས་ནས་མྱུག་མི་སྐྱེ་བར་ངེས་པའི་དེ་འདྲའི་ཞིང་ཡོད་མེད་ཐེ་ཚོམ་ཟ་བར་ཐལ། །ཊཱིཀྐ་ལས། ཆོས་ཅན་ཉིད་ལ་ཐེ་ཚོམ་ཟ་བ་ཀུན་ནས་མཚུངས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། གཞན་ཡང། ཁོ་ན་རེ། ནས་མྱུག་མེད་པའི་ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཡོད་པར་ཐལ། རང་འབྲས་ནས་མྱུག་མི་སྐྱེ་བར་ངེས་པའི་ཞིང་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ནས་མྱུག་མེད་པའི་ས་ཕྱོགས་ཡིན་པར་ཐལ། ནས་མྱུག་མེད་པའི་ཞིང་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། ནས་མྱུག་མེད་པར་ཐལ་ལོ། །འདོད་མི་ནུས་ཏེ། ནས་ཡོད་པ་གང་ཞིག །ནས་ཡིན་ན་རང་གི་རྒྱུར་གྱུར་པའི་ནས་མྱུག་ལས་བྱུང་དགོས་པའི་ཕྱིར་རོ། །

ལྷག་ལྡན་གྱི་འཕྲོས་ཚུལ་དང་མ་ངེས་པའི་རྟགས་ཀྱི་རྣམ་གཞག་བཤད་པ།

༈ གང་ཞིག་མ་མཐོང་བ་ཙམ་གྱིས། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། རྒྱུ་ལ་ཞེས་པ་ནས། འབྲས་བུའི་རྟགས་ལས་སྐྱེས། ཞེས་པའི་བར་གྱིས། དེ་ནི་རྣམ་གསུམ་ཉིད། ཅེས་པའི་གཞུང་རྒྱས་པར་བཤད་ནས། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པའི་གཞུང་རྒྱས་པར་འཆད་པར་བྱེད་པ་ལ། རྒྱུ་མ་ཚོགས་པའི། ཞེས་པ་ནས། ལྷག་མ་དང་ལྡན་ནུས་མེད་ཕྱིར། །ཞེས་པའི་བར་བྱུང༌། རྒྱུ་མ་ཚོགས་པའི། ཞེས་སོགས་གང་ལས་འཕྲོས་ན། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བ། །ཞེས་སོགས་ཀྱི་སྐབས་སུ། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་དེ། དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་རང་འབྲས་ནས་མྱུག་འབྱུང་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཏུ་བསྟན་པ་ལ། འོ་ན། ཆུ་ལུད་དྲོད་གཤེར་དང་བྲལ་བའི་ནས་རྡོག་སྐམ་རིལ་བ་དེ། དེ་འདྲའི་ནས་རྡོག་འགའ་ཞིག་རང་འབྲས་ནས་མྱུག་སྐྱེ་ངེས་སུ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་དེ། དེ་འདྲའི་དཔྱིད་དུས་ཀྱི་ཞིང་ཤར་མ་རང་འབྲས་ནས་མྱུག་འབྱུང་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཟེར་ན། ཆུ་ལུད་དྲོད་གཤེར་དང་བྲལ་བའི་ནས་རྡོག་སྐམ་རིལ་བ་དེ། དེ་འདྲའི་ནས་རྡོག་སྐམ་རིལ་བ་འགའ་ཞིག་རང་འབྲས་ནས་མྱུག་སྐྱེ་ངེས་སུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་བའི་ཕྱིར། དཔེར་ན། ལུས་རྒྱས་པའི་སྐྱེས་བུའི་རྟགས་ལས། ལུས་རྒྱས་པའི་ལྷས་སྦྱིན་ཆགས་བཅས་སུ་སྒྲུབ་པའི་ཁྱབ་པ་འཁྲུལ་བ་བཞིན་ནོ། །ཞེས་འཆད་པར་བྱེད་པ་ལ། རྒྱུ་མ་ཚོགས་པའི་འབྲས་བུ་ནི། །ཞེས་སོགས་རྐང་པ་བཞི་བྱུང༌། ཡང་རང་རེས་རྒྱུ་ལ་ཞེས་པའི་སྐབས་སུ། དུ་བ་དུ་ལྡན་ལ་ལ་མེད་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཏུ་ཁས་བླངས་པ་ལ། འོ་ན། དུ་བ་དུ་ལྡན་ལ་ལ་རྩྭ་དང་སོག་མའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར་ཟེར་ན། དུ་བ་དུ་ལྡན་ལ་ལ་རྩྭ་དང་སོག་མའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་ཏེ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་བའི་ཕྱིར། དཔེར་ན། ཆགས་བྲལ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར། ངག་སྨྲ་བའི་རྟགས་ལས་ངག་སྨྲ་བའི་ལྷས་སྦྱིན་ཆགས་བཅས་སུ་སྒྲུབ་པའི་ཁྱབ་པ་འཁྲུལ་བ་བཞིན་ནོ། །ཞེས་དཔེ་དང་བཅས་ཏེ་འཆད་པར་བྱེད་པ་ལ། མི་མཐུན་ཕྱོགས་ལ་མ་མཐོང་བ། །ཞེས་སོགས་རྐང་པ་བཞི་བྱུང༌། རང་རེས། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཆགས་བྲལ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར། ངག་སྨྲ་བ་དེ་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པའི་ལྡོག་ཁྱབ་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱི་རྒོལ་འགའ་ཞིག་གིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པའི་ཕྱིར་ཟེར་ན། དེ་ལྟར་ཡིན་ཀྱང༌། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། དཔེར་ན། ཚོས་པའི་འབྲས་དང་སྣོད་གཅིག་ཏུ་ཚུད་པར་མཚུངས་པའི་རྟགས་ཀྱིས་ཚོས་པའི་འབྲས་དང་སྣོད་གཅིག་ཏུ་ཚུད་པར་མཚུངས་པའི་ཚོས་པའི་ཕྲུ་འབྲས་ལྷག་མ་རྣམས་ཚོས་པར་སྒྲུབ་པའི་ཁྱབ་པ་འཁྲུལ་བའི་ཕྱིར། ཞེས་དཔེ་དང་བཅས་ཏེ་འཆད་པར་བྱེད་པ་ལ། མི་མཐུན་ཕྱོགས་ལ་མ་མཐོང་བ། །ཞེས་སོགས་རྐང་པ་བཞི་བྱུང༌། རང་རེས། ཚིག་ལས་ཆགས་ཅན་ལ་སོགས་བཞིན། །ཞེས་པའི་སྐབས་སུ། ཆགས་བྲལ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར། ངག་སྨྲ་བ་དེ། ངག་སྨྲ་བའི་ལྷས་སྦྱིན་ཆགས་བཅས་སུ་སྒྲུབ་པའི་ལྷག་ལྡན་གྱི་གཏན་ཚིགས་སུ་བསྟན་པ་ལ། དེ་ལྟར་ཡིན་ན། དེ་དེ་སྒྲུབ་ཀྱི་ལྷག་ལྡན་གྱི་གཏན་ཚིགས་ཡིན་པའི་རྒྱུ་མཚན་གང༌། མ་ངེས་པའི་གཏན་ཚིགས་ཀྱི་རྣམ་བཞག་དེ་ཇི་ལྟ་བུ་ཞེ་ན། དེ་འཆད་པར་བྱེད་པ་ལ། གང་ཞིག་མ་མཐོང་བ་ཙམ་གྱིས། །ཞེས་སོགས་རྐང་པ་བཞི་བྱུང༌། །

༈ འདིའི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག །དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལྟར་སྣང་གང་ཞིག །དེ་སྒྲུབ་ཀྱི་རྗེས་ཁྱབ་རྣལ་མར་ཡང་མ་ངེས། ཕྱིན་ཅི་ལོག་ཏུ་ཡང་མ་ངེས་པ་དེ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་ཟེར་ན། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་རྣལ་མར་མ་ངེས་པར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་རྣལ་མར་ངེས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། སྒྲ་མ་ཡིན་པ་མ་ཡིན་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། སྒྲ་མ་ཡིན་པ་ལས་ལོག་པ་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། འདོད་ན། སྒྲ་དེ་དེ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཊཱིཀྐ་ལས། སྒྲ་མ་ཡིན་པ་མ་ཡིན་པ་རྟགས་སུ་བཀོད་པ་ནི། སྒྲ་ཉིད་རྟགས་སུ་བཀོད་པ་དང་ཁྱད་པར་མེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ། ཁ་ཅིག །དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལྟར་སྣང་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་རྣལ་མར་ཡང་མ་ངེས། ཕྱིན་ཅི་ལོག་ཏུ་ཡང་མ་ངེས་པ་དེ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་ཟེར་ན། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། རང་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་རྣལ་མར་མ་ངེས་པར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་རྣལ་མར་ངེས་པའི་ཕྱིར། ཁ་ཅིག །དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལྟར་སྣང་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ཡང་མ་ངེས། རྣལ་མར་ཡང་མ་ངེས་པ་དེ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་ཡིན་ཟེར་ན། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་མ་ངེས་པ་གང་ཞིག །རྣལ་མར་མ་ངེས་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། རི་བོང་གི་རྭ་ཆོས་ཅན། བྱས་པ་ཡིན་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བྱས་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པར་ཁས་བླངས་པས། མི་རྟག་པ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པར་ཁས་བླངས་པར་སོང་བ་ཡིན་ཏེ། མི་རྟག་པ་དེ་སྐོར་གྱི་དགག་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ་རྩོལ་བྱུང་གི་རྟགས་ཀྱིས་དུང་སྒྲ་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པར་ཁས་བླངས་པས། མི་རྟག་པ་ཡིན་ན། རྩོལ་བྱུང་མ་ཡིན་པས་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པར་ཁས་བླངས་པར་སོང་བ་ཡིན་པར་ཐལ། མི་རྟག་པ་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་འདྲའི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ། འདོད་པ་གང་ཞིག །དེ་སྐོར་གྱི་ལྡོག་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར། རྟགས་དང་པོ་དངོས། ཕྱི་མ་མ་གྲུབ་ན་འགལ། འདོད་ན། རྩོལ་མ་བྱུང་གི་བྲག་རི་ཆོས་ཅན། རྩོལ་བྱུང་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། འཁོར་གསུམ། དེ་ལྟར་བྱས་པ་ལ་ཁོ་ན་རེ། རྩོལ་བྱུང་གི་རྟགས་ཀྱིས་དུང་སྒྲ་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ། དེ་སྐོར་གྱི་ལྡོག་ཁྱབ་གྲུབ་པར་འཛིན་པའི་རྟོག་པ་དེ། རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ལོག་ཤེས་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་ཤུགས་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ། བྱས་པའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་ཤུགས་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ་ལོ། །འདོད་ན། རྟག་པ་མ་ཡིན་ན། བྱས་པ་མ་ཡིན་པས་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ། འདོད་པ་གང་ཞིག །དེ་དེ་འདྲའི་ཐལ་འགྱུར་གྱི་ཤུགས་ཁྱབ་ཡིན་པའི་ཕྱིར། ཁ་ཅིག །རང་ཉིད་ཀྱི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་རྣལ་མར་ཡང་མ་ངེས། ཕྱིན་ཅི་ལོག་ཏུ་མ་ངེས་པ་ཡང་ཡིན། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱང་ཡིན་པའི་གཞི་མཐུན་པ་དེ། སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་ཡིན་ཟེར་ན། དེ་འདྲའི་གཞི་མཐུན་པ་ཆོས་ཅན། བྱས་པ་ཁྱོད་མ་ཡིན་པར་ཐལ། བྱས་པ་སྒྲ་རྟག་པར་སྒྲུབ་པའི་མཚོན་བྱ་དེ་མ་ཡིན་པ་གང་ཞིག །ཁྱོད་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བྱས་པ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །གཅིག་ཤོས་དེ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། བྱས་པ་རང་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཕྱིན་ཅི་ལོག་ཏུ་མ་ངེས་པ་གང་ཞིག །བྱས་པ་རང་ཉིད་ཀྱི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་རྣལ་མར་མ་ངེས་པའི་ཕྱིར། དང་པོ་མ་གྲུབ་ན། གང་ཟག་གི་བདག་མེད་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། བྱས་པ་རང་ཉིད་ཡིན་པའི་ཕྱིར། མི་རྟག་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། བྱས་པ་རང་ཉིད་ཡིན་པའི་ཕྱིར། ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་ན། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་མ་མཐོང་བས་ཁྱབ་བོ། །ཟེར་ན། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེས་དེ་སྒྲ་མི་རྟག་པ་ལ་ཡོད་པར་ཚད་མས་མཐོང་བའི་ཕྱིར་ཏེ། དེའི་རྒྱུད་ཀྱི་སྒྲ་འཛིན་མངོན་སུམ་དེས་སྒྲ་མི་རྟག་པ་ལ་ཡོད་པར་ཚད་མས་མཐོང་བའི་ཕྱིར་ཏེ། དེས་སྒྲ་མི་རྟག་པ་མཐོང་བའི་ཕྱིར་ཏེ། དེ་སྒྲ་མི་རྟག་པ་ལ་སྒྲུབ་འཇུག་ཡིན་པའི་ཕྱིར་ཏེ། དེ་སྒྲ་ལ་སྒྲུབ་འཇུག་ཡིན་པའི་ཕྱིར། ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་ན། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་ཡོད་པར་ཚད་མས་མ་ངེས་པས་ཁྱབ་ཟེར་ན། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། སྒྲ་མ་ཡིན་པ་ལས་ལོག་པ། རྟག་མི་རྟག་གང་རུང་དུ་ཚད་མས་ངེས་པའི་ཕྱིར་ཏེ། དེས་སྒྲ་མ་ཡིན་པ་ལས་ལོག་པ་ཚད་མས་ངེས་པ་གང་ཞིག །དེས་རྟག་མི་རྟག་གཉིས་གང་ཡང་མ་ཡིན་པའི་ཆོས་ཚད་མས་ཁེགས་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེས་རྟག་མི་རྟག་གཉིས་དངོས་འགལ་དུ་ཚད་མས་ངེས་པའི་ཕྱིར། ཁ་ཅིག །མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་པ་ལྟར་དུ། ཚད་མས་མ་མཐོང་བའི་མ་ངེས་པའི་གཏན་ཚིགས་དང༌། སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་དུ་ཚད་མས་མ་མཐོང་བའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་ཟེར་ན། དང་པོ་མི་འཐད་པར་ཐལ། མཉན་བྱ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་དུ་ཚད་མས་མཐོང་བའི་ཕྱོགས་ཆོས་ཡིན་པའི་ཕྱིར། དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་དུ་རྣམ་མཁྱེན་གྱིས་མཐོང་བའི་ཕྱོགས་ཆོས་ཡིན་པའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་རྣམ་མཁྱེན་གྱིས་མཐོང་བའི་སྒོ་ནས་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། དམ་བཅའ་ཕྱི་མ་མི་འཐད་པར་ཐལ། མཉན་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་དུ་རྣམ་མཁྱེན་གྱིས་མཐོང་བའི་ཕྱོགས་ཆོས་ཡིན་པའི་ཕྱིར། ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་ན། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པར་ཚད་མས་ངེས་པས་ཁྱབ་ཟེར་ན། གཞལ་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གཞལ་བྱ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། གཞལ་བྱ་རྟག་མི་རྟག་གཉིས་ཀ་ལ་ཡོད་པར་ཚད་མས་ངེས་པར་ཐལ་ལོ། །འདོད་ན། གཞལ་བྱ་རྟག་མི་རྟག་གཉིས་ཀ་ལ་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། གཞལ་བྱ་སྒྲ་རྟག་མི་རྟག་གཉིས་ཀ་མ་ཡིན་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཞལ་བྱ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། གཞལ་བྱ་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པར་ཚད་མས་ངེས་པར་ཐལ། དེས་གཞལ་བྱ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡང་ཡོད་པར་ཚད་མས་ངེས། མི་མཐུན་ཕྱོགས་ལ་ཡང་ཡོད་པར་ཚད་མས་ངེས་པའི་ཕྱིར་ན་མ་ཁྱབ། གཞན་ཡང༌། གཞལ་བྱ་རྟག་མི་རྟག་གཉིས་ཀ་ལ་ཡོད་པར་ཐལ། བ་ལང་མ་ཡིན་པ་ལས་ལོག་པ་དེ། བ་ལང་སེར་སྐྱ་དང་བ་ལང་ཁྲ་བོ་གཉིས་ཀ་ལ་ཡོད་པའི་ཕྱིར་ཏེ། དེ་འབྲས་ཡིན་མིན་ལས་ཟློག་པ། །གཉིས་ཀ་ལ་ཡང་ཡོད་པ་ཡིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། བ་ལང་མ་ཡིན་ལས་ལོག་པ་དེ། བ་ལང་སེར་སྐྱ་ལ་ཡང་ཡོད། བ་ལང་ཁྲ་བོ་ལ་ཡང་ཡོད་པ་དེ། ལུང་དེའི་དོན་ཡིན་ནོ། །གཞན་ཡང༌། གཞལ་བྱ་རྟག་མི་རྟག་གཉིས་ཀ་ལ་ཡོད་པར་ཐལ། རྟག་མི་རྟག་གཉིས་ཀ་ལ་ཐུན་མོང་དུ་ཡོད་པའི་ཆོས་ཡོད་པའི་ཕྱིར་ཏེ། རྟག་མི་རྟག་གཉིས་ཀའི་ཐུན་མོང་བའི་ཆོས་ཡོད་པའི་ཕྱིར། ཁ་ཅིག། འདིར་མ་ཁྱབ་ཟེར། རྟགས་མ་གྲུབ་བྱས་པ་ལ། དེར་ཐལ། ཕྱི་ནང་ཐུན་མོང་བའི་ཆོས་ཡོད་པའི་ཕྱིར། ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། ཕྱི་ནང་ཐུན་མོང་བའི་བསྟན་བཅོས་ཡོད་པའི་ཕྱིར་ཏེ། སྙན་ངག་མིང་གི་མངོན་བརྗོད་དེ་དེ་ཡིན་པའི་ཕྱིར། ཁ་ཅིག །གོང་དུ་མ་ཁྱབ་ཟེར་བ་དེ་ལ། རྟག་པའི་ཆོས་དང་མི་རྟག་པའི་ཆོས་ཀྱི་གཞི་མཐུན་ཡོད་པར་ཐལ། རྟག་མི་རྟག་གཉིས་ཀའི་ཐུན་མོང་བའི་ཆོས་ཡོད་པའི་ཕྱིར། འདོད་ན། དོན་བྱེད་ནུས་པའི་ཆོས་དང་དོན་བྱེད་མི་ནུས་པའི་ཆོས་ཀྱི་གཞི་མཐུན་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དོན་བྱེད་ནུས་པའི་ཆོས་ཡིན་ན། དོན་བྱེད་ནུས་པ་ཡིན་པས་ཁྱབ། གཅིག་ཤོས་ཡིན་ན་དོན་བྱེད་མི་ནུས་པ་ཡིན་དགོས་པའི་ཕྱིར། ཁ་ཅིག །དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་ན། རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་རྣལ་མར་མ་ངེས་པས་ཁྱབ་ཟེར་བ་དང༌། སྐད་ཅིག་མ་དེ་ཚད་མས་དམིགས་པའི་རྟགས་ཀྱིས་སྒྲ་ཡོད་པར་རྟོགས་པའི་རྗེས་དཔག་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཟེར་བ་ནང་འགལ་ཏེ། འོ་ན། ཚད་མས་དམིགས་པ་ཆོས་ཅན། རང་ཉིད་ཀྱི་རྟགས་ཀྱིས་སྒྲ་ཡོད་པར་རྟོགས་པའི་རྗེས་དཔག་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་རྣལ་མར་ངེས་པར་ཐལ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཚད་མས་དམིགས་པའི་རྟགས་ལས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཡོད་པའི་ཕྱིར་ཏེ། སྐད་ཅིག་མ་དེ་དེ་ཡིན་པའི་ཕྱིར། བྱས་པ་ལ། རྩ་བར་ཆོས་ཅན་སྐྱོན་ཅན་ཡིན་ཟེར་ན། ཚད་མས་དམིགས་པ་ཆོས་ཅན། སྒྲ་ཡོད་པར་རྟོགས་པའི་རྗེས་དཔག་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པར་ཐལ། དེ་ལྟར་སྒྲུབ་པའི་རྟགས་སུ་བཀོད་པ་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་ཕྱིར། ཕྱི་མ་ཁས། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། གཞན་ཡང༌། ཚད་མས་དམིགས་པའི་རྟགས་ཀྱིས་སྒྲ་ཡོད་པར་རྟོགས་པའི་རྗེས་དཔག་ཆོས་ཅན། མི་རྟག་སྟེ། སྐད་ཅིག་མ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སྐད་ཅིག་མ་དེ་ཚད་མས་དམིགས་པའི་རྟགས་ཀྱིས་སྒྲ་ཡོད་པར་རྟོགས་པའི་རྗེས་དཔག་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། སྤྱིར་སྐད་ཅིག་མ་དེ་དེ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེའི་ཚེ་ན་དེ་ཚད་མས་མ་དམིགས་པའི་རྟགས་ཀྱིས་སྒྲ་ཡོད་པར་རྟོགས་པའི་རྗེས་དཔག་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་ན་ཚད་མས་དམིགས་པ་དེ་ཚད་མས་དམིགས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པར་ཐལ། འདོད་པའི་ཕྱིར། རང་རེས། དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཡིན་ན། དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་དང༌། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གང་རུང་ཡིན་པས་ཁྱབ་བྱས་པ་ལ། ཁ་ཅིག །བུར་རོ་ད་ལྟར་བ་ཆོས་ཅན། ཁ་ནང་བུར་རྡོག་གི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་དང༌། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གང་རུང་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག །དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གཏན་ཚིགས་ལྟར་སྣང་གང་ཞིག །དེ་སྒྲུབ་ཀྱི་འགལ་རྟགས་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་བྱས་པ་ལ། དེ་དེར་ཐལ། ཁ་ནང་བུར་རྡོག་དེ་དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར་ཏེ། དེ་དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་ནི་གཟུང༌། ཁ་ནང་བུར་རྡོག་གི་སྟེང་དུ་བུར་རོ་ད་ལྟར་བ་ཡོད་པར་ཚད་མས་ངེས་ནས། དེའི་སྟེང་དུ་བུར་གཟུགས་ད་ལྟར་བ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ་བུར་རོ་ད་ལྟར་བ་དེ། ཁ་ནང་བུར་རྡོག་གི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །རྗེས་ཁྱབ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པར་ཐལ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་གྲུབ་པའི་ཕྱིར་ཏེ། ལག་མཐིལ་གྱི་བུར་རྡོག་དེ་དེ་ཡིན་པའི་ཕྱིར་ཏེ། ཁ་ནང་གི་བུར་རྡོག་དེ། དེ་སྐོར་གྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར། རྟགས་ཁས་སོ། །

༈ རང་ལུགས་བཞག་པ་ལ། མ་ངེས་པའི་གཏན་ཚིགས་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། གཞི་ལ་བཀར་ན་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལྟར་སྣང་ཡང་ཡིན། དེ་སྒྲུབ་ཀྱི་འགལ་རྟགས་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་ཡིན། གཞལ་བྱ་ལ་སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞལ་བྱའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་རྣལ་མར་ཡང་མ་ངེས། ཕྱིན་ཅི་ལོག་ཏུ་ཡང་མ་ངེས་ཤིང་། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། སྤྱིར་མ་ངེས་པའི་གཏན་ཚིགས་ལ་དབྱེ་ན། ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་དང་། ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གཉིས། སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཀྱང་ཡིན། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡང་ཡོད་པར་ཚད་མས་མ་ངེས། མི་མཐུན་ཕྱོགས་ལ་ཡང་ཡོད་པར་ཚད་མས་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པ་དེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་དང་པོ་དེ་ཡིན་པའི་མཚན་ཉིད། སྤྱིར་དེ་ལ་དབྱེ་ན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་དུ་རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་མ་ངེས་པའི་གཏན་ཚིགས་གཅིག་དང༌། སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་དུ་རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་མ་ངེས་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་གཅིག་དང༌། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ལྷ་ལས་ཚེ་འཕོས་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡང་ཡོད། མི་མཐུན་ཕྱོགས་ལ་ཡང་ཡོད་ཀྱང་ཡོད་པ་ལྟར་དུ། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡང་ཡོད་པར་ཚད་མས་མ་ངེས། མི་མཐུན་ཕྱོགས་ལ་ཡང་ཡོད་པར་ཚད་མས་མ་ངེས་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་གཅིག་དང་གསུམ། དང་པོ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ། སྒྲ་མ་ཡིན་པ་ལས་ལོག་པ་རྟགས་སུ་བཀོད་པའི་ཚེ་ན། སྒྲ་མ་ཡིན་པ་ལས་ལོག་པ་ལྟ་བུ་ལ་བྱེད། གཉིས་པ་ནི། སྒྲ་རྟག་པར་སྒྲུབ་པ་ལ། སྒྲ་མ་ཡིན་པ་ལས་ལོག་པ་རྟགས་སུ་བཀོད་པའི་ཚེ་ན། སྒྲ་མ་ཡིན་པ་ལས་ལོག་པ་ལྟ་བུ་ལ་བྱེད། གསུམ་པ་ནི། ལྷ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར། ངག་སྨྲ་བ་ལྟ་བུ་ལ་བྱེད་དོ། །དེས་ན། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། ཁྱོད་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག །ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་སྒྲ་ཙམ་ལ་ཡོད་པར་ཚད་མས་ཤེས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡང་ཡོད་པར་ཚད་མས་མ་ངེས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཀྱང་ཡིན། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་པ་དང༌། མི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་པ་གང་རུང་ཡང་ཡིན་པའི་གཞི་མཐུན་པ་དེ། དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། གཞལ་བྱ་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞལ་བྱ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། གཞལ་བྱ་སྒྲ་ལ་ཡོད་པར་ཚད་མས་ངེས་པར་མ་ཟད། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་པ་དང༌། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡང་ཡོད་པར་ཚད་མས་ངེས་པ་གང་རུང་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། སྤྱིར་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ལ་དབྱེ་ན། དངོས་ཀྱི་མ་ངེས་པའི་གཏན་ཚིགས་དང༌། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་དང་གཉིས། སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཀྱང་ཡིན། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་པ་དང༌། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་པ་གཉིས་ཀ་ཡང་ཡིན་པའི་གཞི་མཐུན་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་དང་པོ་དེའི་མཚན་ཉིད། གཞལ་བྱ་ལ་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞལ་བྱ་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཡིན་ཅིང༌། གཞལ་བྱ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། གཞལ་བྱ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡང་ཡོད་པར་ཚད་མས་ངེས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པའི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཀྱང་ཡིན། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་པ་དང༌། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་པ་གང་རུང་ཡང་ཡིན། དེ་གཉིས་ཀ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པ་དེ། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པའི་ལྷག་ལྡན་གྱི་གཏན་ཚིགས་ཀྱི་མཚན་ཉིད། སྤྱིར་ལྷག་ལྡན་གྱི་གཏན་ཚིགས་ལ་དབྱེ་ན། ཡང་དག་ལྷག་ལྡན་གྱི་དེ་དང༌། འགལ་བ་ལྷག་ལྡན་གྱི་དེ་གཉིས། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་ལྷག་ལྡན་གྱི་གཏན་ཚིགས་ཀྱང་ཡིན། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་ཤིང༌། མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བ་དེ། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་ཡང་དག་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་ཡིན། ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ངག་སྨྲ་བ་ཆོས་ཅན། ཁྱོད་ལ་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་ཡང་དག་ལྷག་ལྡན་གྱི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགྱུར་བ་ལ་ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བའི་ལྷག་མ་དང་ལྡན་པའི་ཕྱིར་རོ། །ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པའི་ལྷག་ལྡན་གྱི་གཏན་ཚིགས་ཀྱང་ཡིན། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་ཤིང༌། མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བ་ཡང་ཡིན་པའི་གཞི་མཐུན་པ་དེ། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པའི་འགལ་བ་ལྷག་ལྡན་གྱི་གཏན་ཚིགས་ཀྱི་མཚན་ཉིད་ཡིན། ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ངག་སྨྲ་བ་ཆོས་ཅན། ཁྱོད་ལ་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པའི་འགལ་བ་ལྷག་ལྡན་གྱི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་གཏན་ཚིགས་ཡིན་ཅིང༌། ཁྱོད་དེ་སྒྲུབ་ཀྱི་འགལ་རྟགས་སུ་འགྱུར་བ་ལ། ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་ཤིང༌། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བའི་ལྷག་མ་དང་ལྡན་པའི་ཕྱིར་རོ། །ངག་དོན་ནི། ཆགས་བྲལ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ངག་སྨྲ་བ་ཆོས་ཅན། ངག་སྨྲ་བའི་ལྷས་སྦྱིན་ཆགས་བཅས་སུ་སྒྲུབ་པའི་ཡང་དག་ལྷག་ལྷན་གྱི་གཏན་ཚིགས་ཡིན་ཏེ། དེ་ལྟར་སྒྲུབ་པའི་ལྷག་ལྡན་གྱི་གཏན་ཚིགས་གང་ཞིག །ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་ཤིང༌། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །

༈ རྩོད་པ་སྤང་བ་ལ། ཁ་ཅིག །ལྷ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར། ངག་སྨྲ་བ་དེ། ངག་སྨྲ་བའི་སྐྱེས་བུ་ལྷ་ལས་ཚེ་འཕོས་པར་སྒྲུབ་པའི་ལྷག་ལྡན་གྱི་གཏན་ཚིགས་ཡིན་པར་ཐལ། ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ངག་སྨྲ་བ་དེ། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པའི་ལྷག་ལྡན་གྱི་གཏན་ཚིགས་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། གཞན་ཡང༌། ཀུན་མཁྱེན་རང་རྒྱུད་ཀྱི་ཚད་མ་ལ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ངག་སྨྲ་བ་དེ། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པའི་འགལ་བ་ལྷག་ལྡན་གྱི་གཏན་ཚིགས་ཡིན་པར་ཐལ། ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ངག་སྨྲ་བ་དེ་དེ་ཡིན་པའི་ཕྱིར། འདོད་བྱས་པ་ལ། དེའི་ངོར་ངག་སྨྲ་བ་ཆོས་ཅན། ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས་ངག་སྨྲ་བ་དང་ཀུན་མཁྱེན་གྱི་གཞི་མཐུན་ཡོད་མེད་ཐེ་ཚོམ་ཟ་བར་ཐལ་ལོ། འདོད་མི་ནུས་ཏེ། དེས་དེ་འདྲའི་གཞི་མཐུན་ཁས་ལེན་པའི་ཕྱིར་ཏེ། ཀུན་མཁྱེན་ཚད་མས་མ་ངེས་པའི་གང་ཟག་དེས། དེ་འདྲའི་གཞི་མཐུན་ཁས་ལེན་པའི་ཕྱིར་ཏེ། ཀུན་མཁྱེན་ཚད་མས་མ་ངེས་པའི་གང་ཟག་ཀྱང་ཡིན། དེ་འདྲའི་གཞི་མཐུན་ཁས་ལེན་གྱི་གང་ཟག་ཀྱང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར། ཟེར་ན་མ་ཁྱབ། ཁ་ཅིག །བྱས་པ་མི་རྟག་པར་ཚད་མས་ངེས་ནས། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་མ་ངེས་པའི་བྱས་པ་སྒྲ་མི་རྟག་པར་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ངོར་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པ་གང་ཞིག །རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡང་ཡོད་པར་ཚད་མས་མ་ངེས། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡང་ཡོད་པར་ཚད་མས་མ་ངེས་པའི་ཕྱིར། ཁྱབ་པ་ཁས་ཟེར་ན། རྟགས་དང་པོ་མ་གྲུབ་བྱས་པ་ལ། དེར་ཐལ། དེའི་ངོར་བྱས་པ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར་ཏེ། དེ་འདྲའི་གང་ཟག་ཡོད་པའི་ཕྱིར་ཏེ། བྱས་པ་མི་རྟག་པར་ཚད་མས་ངེས་ནས་བྱས་པ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་མ་ངེས་པའི་གང་ཟག་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། །

ཚུལ་གསུམ་ངེས་བྱེད་ཀྱི་ཚད་མ་རྒྱས་པར་བཤད་པ།

མདོར་བསྟན་རྒྱས་བཤད་ཀྱི་འཕྲོས་ཚུལ་དང་ཉེ་འཕྲོས་བཤད་པ།

༈ གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། འདི་ལ་མདོར་བསྟན་རྒྱས་བཤད་ཀྱི་དབང་དུ་བྱས་པའི་འཕྲོས་ཚུལ་དང༌། ཉེ་འཕྲོས་གཉིས། དང་པོ་ནི། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པའི་སྐབས་སུ། རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་དེ་ལ་ཁོ་རང་དུ་གྱུར་པའི་དེ་བྱུང་གི་འབྲེལ་པ་དང༌། ཁོ་རང་དུ་གྱུར་པའི་བདག་གཅིག་གིས་འབྲེལ་པ་གཉིས་སུ་གྲངས་ངེས་པའི་རྟགས་ལས། རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པར་དངོས་སུ་བསྟན་ནས་ཤུགས་ལ་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཚད་མས་ངེས་པ། དེའི་རྟགས་ཆོས་ཀྱི་འབྲེལ་པ་ཚད་མས་ངེས་པ་ལ་རག་ལས་པར་བསྟན་པ་ལ། སློབ་དཔོན་ཕྱོགས་གླང་གི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་དང༌། གཞན་སྡེ་བྱེ་བྲག་པ་དང༌། གྲངས་ཅན་པ་དང༌། རྒྱང་འཕེན་པ་རྣམས་ན་རེ། རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཚད་མས་ངེས་པ་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་ཚད་མས་ངེས་པ་ལ་རག་ལས་པ་མི་འཐད་པར་ཐལ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་དང། རྟགས་མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་ཁྱབ་གྲུབ་པའི་ཕྱིར་ཟེར། དེའི་ནང་ནས་སློབ་དཔོན་དབང་ཕྱུག་སྡེ་ན་རེ། དེ་ལྟར་སློབ་དཔོན་ཕྱོགས་གླང་གི་བཞེད་པ་ཡིན་ནོ། །ཟེར་ན། སློབ་དཔོན་ཕྱོགས་གླང་གིས་དེ་ལྟར་བཞེད་པ་མི་འཐད་དེ། སློབ་དཔོན་ཕྱོགས་གླང་གིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཚད་མས་ངེས་པ་རྟགས་ཆོས་ཀྱི་འབྲེལ་པ་ཚད་མས་ངེས་པ་ལ་རག་ལས་པར་བཞེད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །ཞེས་པ་ནས། མི་དམིགས་པས་ནི་མི་འགྲུབ་བོ། །ཞེས་པའི་བར་བྱུང༌། །

༈ གཉིས་པ། ཉེ་འཕྲོས་ནི། མི་མཐུན་ཕྱོགས་ལ། ཞེས་པ་དང༌། འཁྲུལ་པ་མེད་པ་མིན། ཞེས་པའི་སྐབས་སུ། རང་རེས། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་བཀག་པ་ལ། སློབ་དཔོན་དབང་ཕྱུག་སྡེ་ན་རེ། དེ་ལྟར་གྲུབ་པ་ཡིན་ཏེ། སློབ་དཔོན་ཕྱོགས་གླང་གིས་དེ་ལྟར་བཞེད་པའི་ཕྱིར་ཟེར་ན། མི་འཐད་དེ། སློབ་དཔོན་ཕྱོགས་གླང་གིས་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཚད་མས་ངེས་པ་ལ་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་ཚད་མས་ངེས་པ་ལ་རག་ལས་པར་བཤད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །ཞེས་སོགས་རྐང་པ་བཞི་བྱུང༌། དེ་ལྟར་ན་སློབ་དཔོན་དབང་ཕྱུག་སྡེ་དེ་གཞུང་འདིའི་ཕྱོགས་སྔ་སྨྲ་བ་པོའི་གང་ཟག་ཡིན་ཏེ། ཤཱཀྱ་བློས། སུ་ཞིག་གིས་དེ་སྐད་དུ་ཀླན་ཀ་བཙལ་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་དཔོན་གྱི་སློབ་མ་གཞུང་ལེགས་པར་མི་ཤེས་པ་དང་། མེད་པར་སྨྲ་བ་འགའ་ཞིག་གིས་བཤད་མ་ཐག་པའི་ཀླན་ཀ་བཙལ་བའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་ལྟར་ན། འཁྲུལ་པ་ཅན་གྱི། ཞེས་པ་ནས། མི་འགྲུབ་བོ། །ཞེས་པའི་བར་གྱི་གཞུང་རྣམས་ཀྱང་དོན་ཚན་གསུམ་དུ་འདུ་བ་ཡིན་ཏེ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འགོག་པའི་གཞུང༌། རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཚད་མས་ངེས་པ་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་ཚད་མས་ངེས་པ་ལ་རག་ལས་པར་འཆད་བྱེད་ཀྱི་གཞུང༌། འབྲེལ་པ་ངེས་བྱེད་ཀྱི་ཚད་མ་རྒྱས་པར་འཆད་བྱེད་ཀྱི་གཞུང་གསུམ་དུ་འདུ་བ་ཡིན་པའི་ཕྱིར། དང་པོ་འཆད་པར་བྱེད་པ་ལ། འཁྲུལ་པ་ཅན་གྱི། ཞེས་པ་ནས། མེད་སྒྲུབ་ཡིན་ནམ། ཞེས་པའི་བར་བྱུང༌། གཉིས་པ་འཆད་པར་བྱེད་པ་ལ། དེ་ཕྱིར་དེ་ཙམ། ཞེས་པ་ནས། ག་ལ་ངེས། ཞེས་པའི་བར་བྱུང༌། གསུམ་པ་ལ། སྒྲུབ་རྟགས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དང༌། དགག་རྟགས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གཉིས། དང་པོ་ལ། འབྲས་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དང༌། རང་བཞིན་གྱི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གཉིས། དང་པོ་རྒྱས་པར་འཆད་པར་བྱེད་པ་ལ། མེ་ཡི་འབྲས་བུ་དུ་བ། ཞེས་པ་ནས། དེ་ཕྱིར་མི་མཐུན་ལས་མི་འབྱུང༌། །ཞེས་པའི་བར་བྱུང༌། གཉིས་པ་འཆད་པར་བྱེད་པ་ལ། རང་བཞིན་ལ་ཡང་། ཞེས་པ་ནས། ངོ་བོ་ཉིད་ཀྱི་འགྱུར། ཞེས་པའི་བར་བྱུང༌། དེ་གཉིས་ཀྱི་དོན་བསྡུ་འཆད་པར་བྱེད་པ་ལ། དེས་ན་དངོས་པོའི་ཡུལ་ཅན་གྱི། །ཞེས་སོགས་རྐང་པ་བཞི་བྱུང༌། གཉིས་པ་དགག་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དེ་ལ། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དང༌། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གཉིས། དང་པོ་རྒྱས་པར་འཆད་པར་བྱེད་པ་ལ། འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །ཞེས་པ་ནས། ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་པའི་བར་བྱུང༌། གཉིས་པ་རྒྱས་པར་འཆད་པར་བྱེད་པ་ལ། རྟགས་ཀྱི་ཕུལ་བྱུང་ཡོད་པ་ཅན། །ཞེས་པ་ནས། མེད་པ་ཉིད་དུ་ངེས་པར་འགྱུར། །ཞེས་པའི་བར་བྱུང༌། དེ་རྣམས་ཀྱི་དོན་བསྡུ་འཆད་པར་བྱེད་པ་ལ། མཐོང་དང་མ་མཐོང་དངོས་པོ་ཡི། །ཞེས་པ་ནས། མི་འགྲུབ་བོ། །ཞེས་པའི་བར་བྱུང༌། །

མ་མཐོང་ཙམ་གྱི་ལྡོག་ཁྱབ་འདོད་པ་ལ་ལུང་འགལ་སོགས་ཀྱི་གནོད་པ་སྟོན་ཚུལ་བཤད་པ།

༈ གཞུང་ཚན་དང་པོ་དེ་རྣམས་ཀྱང་དོན་ཚན་གསུམ་དུ་འདུ་བ་ཡིན་ཏེ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པའི་རང་སྡེ་ལ། སློབ་དཔོན་ཕྱོགས་གླང་གི་ལུང་དྲུག་དང་འགལ་ཚུལ་སྟོན་པ། དེ་ལྟར་འདོད་པའི་རང་གཞན་གྱི་སྡེ་པ་གཉིས་ལ་ཐུན་མོང་དུ་མངོན་སུམ་དང་འགལ་ཚུལ་སྟོན་པ། དེ་ལྟར་འདོད་པའི་གཞན་སྡེའི་གཙོ་བོ་གསུམ་ལ་ཁས་བླངས་ནང་འགལ་གྱི་སྒོ་ནས་གནོད་བྱེད་སྟོན་ཚུལ་གསུམ་དུ་འདུ་བ་ཡིན་པའི་ཕྱིར། དང་པོ་འཆད་པར་བྱེད་པ་ལ། འཁྲུལ་པ་ཅན་གྱི། ཞེས་པ་ནས། འཁྲུལ་པ་མེད་པ་ཅན། ཞེས་པའི་བར་བྱུང༌། གཉིས་པ་འཆད་པར་བྱེད་པ་ལ། ཡུལ་ལ་ཞེས་སོགས་རྐང་པ་བཞི་བྱུང༌། གསུམ་པ་འཆད་པར་བྱེད་པ་ལ། བདག་དང་ས་ལ། ཞེས་སོགས་རྐང་པ་བཞི་བྱུང༌། །གཞུང་དང་པོ་དེ་རྣམས་ཀྱང་དོན་ཚན་གསུམ་དུ་འདུ་བ་ཡིན་ཏེ། རིགས་སྒོ་དང་འགལ་ཚུལ་དང༌། ཀུན་བཏུས་ཀྱི་རང་འགྲེལ་དང་འགལ་ཚུལ། ལུང་གི་རབ་དབྱེ་དང་འགལ་ཚུལ་གསུམ་དུ་འདུ་བ་ཡིན་པའི་ཕྱིར། དང་པོ་འཆད་པར་བྱེད་པ་ལ། འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ཞེས་སོགས་བྱུང༌། གཉིས་པ་འཆད་པར་བྱེད་པ་ལ། གལ་ཏེ་མ་མཐོང་། ཞེས་སོགས་བྱུང༌། གསུམ་པ་འཆད་པར་བྱེད་པ་ལ། མ་མཐོང་ཕྱིར་རེག །ཅེས་སོགས་རྐང་པ་གཉིས་བྱུང༌། དང་པོ་རིགས་སྒོ་དང་འགལ་ཚུལ་ནི། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་འཁྲུལ་པ་ཅན་གྱི་མ་ངེས་པའི་གཏན་ཚིགས་ཡིན་ནམ་སྙམ་དུ་དོགས་པའི་གཉེན་པོར་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་སྨོས་པ་ལ་དོན་མེད་པར་ཐལ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་འགྲུབ་པའི་ཕྱིར། རྟགས་ཁས། འདོད་ན། རིགས་སྒོ་ལས། རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་དེ་ནི་རིགས་སོ། །ཞེས་པའི་ལུང་ལུང་ཚད་མར་ཁས་ལེན་པ་དང་འགལ་ལོ། །དེའི་ཉེས་སྤོང་འགོག་པར་བྱེད་པ་ལ། གལ་ཏེ་མ་མཐོང་འབྲས་ཅན་དེ། །ཞེས་སོགས་རྐང་པ་དྲུག་བྱུང༌། གཉིས་པ་ཀུན་བཏུས་ཀྱི་རང་འགྲེལ་དང་འགལ་ཚུལ་དེ་ལ་བཞི་ཡོད་པའི་ནང་ནས། དང་པོ་འཆད་པར་བྱེད་པ་ལ། གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཞེས་སོགས་རྐང་པ་གཉིས་བྱུང༌། དེའི་དོན་ཡང་། རོ་མངར་ཁྱད་པར་ཅན་དང་མི་ལྡན་པ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ཟོས་པའི་ཤིང་ཏོག་དང་གཟུགས་སྨུག་པོར་མཚུངས་པ་དེ་ཆོས་ཅན། ཟོས་པའི་ཤིང་ཏོག་དང་གཟུགས་སྨུག་པོར་མཚུངས་པའི་ཤིང་ཏོག་ལྷག་མ་རྣམས་རོ་མངར་ཁྱད་པར་ཅན་དང་ལྡན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེའི་ལྡོག་ཁྱབ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དེ་སྐོར་གྱི་སྐབས་ཀྱི་ཕྱི་རྒོལ་གྱིས་དེ་སྐོར་གྱི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མདོ་རང་འགྲེལ་ལས། གཟུགས་ལ་སོགས་པ་ཆོས་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བར་མཚུངས་པ་དེ་ཡང་རིགས་པ་མ་ཡིན་ནོ། །ཞེས་པའི་ལུང་ལུང་ཚད་མར་ཁས་བླངས་པ་དང་འགལ་ལོ། །གཉིས་པ་འཆད་པར་བྱེད་པ་ལ། ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། །ཞེས་པ་འདི་བྱུང༌། འདིའི་དོན་ཡང་སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པ་ཡང་ཡིན། གང་ཟག་གི་བདག་མེད་ཀྱང་ཡིན་པའི་གཞི་མཐུན་པ་ཚད་མས་མ་ངེས་པའི་སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པ་དེ་གསོན་ལུས་གང་ཟག་གི་བདག་བཅས་སུ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ངོར། སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པ་ཆོས་ཅན། གསོན་ལུས་གང་ཟག་བདག་བཅས་སུ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་སྐོར་གྱི་སྐབས་ཀྱི་ཕྱི་རྒོལ་འགའ་ཞིག་གིས་དེ་སྐོར་གྱི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མདོ་རང་འགྲེལ་ལས། བདག་རྟག་པར་མི་རུང་བའི་ཕྱིར། བུམ་པ་ལ་སོགས་པ་བདག་མེད་པ་ཉིད་དུ་མ་གྲུབ་སྟེ། མ་དམིགས་པ་ཙམ་གྱི་ནི་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར། ཞེས་པའི་ལུང་ལུང་ཚད་མར་ཁས་བླངས་པ་དང་འགལ་ལོ། །གསུམ་པ་འཆད་པར་བྱེད་པ་ལ། མ་གྲུབ་སྦྱར་བ་བརྗོད་བྱ་མིན། །ཞེས་པ་འདི་བྱུང༌། འདིའི་དོན་ནི། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་གྲུབ་མ་གྲུབ་ཐེ་ཚོམ་ཟ་བའི་གང་ཟག་གི་ངོར་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་འདྲའི་གང་ཟག་དེས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བའི་གང་ཟག་གི་ངོར་ལྡོག་ཁྱབ་མ་གྲུབ་པ་དང༌། ཕྱོགས་ཆོས་མ་གྲུབ་པ་གཉིས་དཔེ་དོན་དུ་སྦྱར་ནས་བཤད་པ་མི་འཐད་པར་ཐལ་ལོ། །འདོད་ན། མདོ་རང་འགྲེལ་ལས། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ་། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མི་མཐུན་པའི་ཕྱོགས་ལ་མེད་པ་དག་ལ་ཅི་རིགས་པར་བརྗོད་པར་བྱའོ། །ཞེས་པའི་ལུང་ལུང་ཚད་མར་ཁས་བླངས་པ་དང་འགལ་ལོ། །བཞི་པ་འཆད་པར་བྱེད་པ་ལ། ཁྱད་པར་རྣམ་པར་གཅོད་པ་ཡི། །ཞེས་སོགས་རྐང་པ་གཉིས་བྱུང༌། འདིའི་དོན་ཡང༌། མཉན་བྱ་སྒྲ་རྟག་མི་རྟག་གཉིས་ཀར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། མཉན་བྱ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། མཉན་བྱ་རྟག་མི་རྟག་གང་རུང་མ་ཡིན་པ་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མདོ་རང་འགྲེལ་ལས། ཁྱད་པར་ནི་རྣམ་པར་གཅོད་པའི་གཏན་ཚིགས་མ་ཡིན་པར་འགྱུར་རོ། །ཞེས་པའི་ལུང་ལུང་ཚད་མར་ཁས་བླངས་པ་དང་འགལ་ལོ། །དེའི་ཉེས་སྤོང་འགོག་པར་བྱེད་པ་ལ། ཚད་མ་གཞན་གྱིས་གནོད་ཅེ་ན། །ཞེས་སོགས་རྐང་པ་བཞི་བྱུང༌། ལུང་གི་རབ་དབྱེ་དང་འགལ་ཚུལ་འཆད་པར་བྱེད་པ་ལ། མ་མཐོང་ཕྱིར་རེག་མཐོང་བ་ལས། །ཞེས་སོགས་རྐང་པ་གཉིས་བྱུང༌། འདིའི་དོན་ཡང༌། གྲང་མིན་དྲོད་མིན་གྱི་རེག་བྱ་བཏང་སྙོམས་པ་བྱེ་བྲག་པས་མ་མཐོང་བ་དེ་ཆོས་ཅན། བྱེ་བྲག་པས་མཐོང་བའི་ས་ཆུ་མེ་གསུམ་ལ་རེག་བྱ་བཏང་སྙོམས་པ་མི་ལྡན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་སྐོར་གྱི་ཕྱི་རྒོལ་འགའ་ཞིག་གིས་དེ་སྐོར་གྱི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྩ་བར་འདོད་ན། ལུང་གི་རབ་དབྱེ་ལས། གལ་ཏེ་མ་མཐོང་བ་དག་གིས་མཐོང་བ་དག་ལ་འགོག་པར་བྱེད་ན། དེ་ཡང་རིགས་པ་མ་ཡིན་ནོ། །ཞེས་པའི་ལུང་ལུང་ཚད་མར་ཁས་བླངས་པ་དང་འགལ་ལོ། །དེ་ལྟར་ཁས་ལེན་པའི་རང་གཞན་གྱི་སྡེ་པ་གཉིས་ལ་མངོན་སུམ་དང་འགལ་ཚུལ་འཆད་པར་བྱེད་པ་ལ། ཡུལ་ལ་སོགས་པའི། ཞེས་པ་རྐང་པ་བཞི་བྱུང༌། འདིའི་དོན་རོ་མངར་ཁྱད་པར་ཅན་དང་མི་ལྡན་པ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར། སྐྱུ་རུ་ར་དེ་ལག་མཐིལ་གྱི་སྐྱུ་རུ་ར་རོ་མངར་ཁྱད་པར་ཅན་དང་ལྡན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་སྒྲུབ་ཀྱི་སྐབས་ཀྱི་ཕྱི་རྒོལ་གྱིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། སྐྱུ་རུ་ར་ཡིན་ན། རོ་མངར་ཁྱད་པར་ཅན་དང་ལྡན་པས་མ་ཁྱབ་པའི་ཕྱིར། སྐྱུ་རུ་ར་དེ་ལ་ཡང༌། ཡུལ་གྱི་ས་བཟང་ངན་དང་སོ་ནམ་ལེགས་ཉེས་ལ་སོགས་པའི་ཁྱད་པར་ལས། རོ་མངར་ཁྱད་པར་ཅན་དང་ལྡན་པ་དང་མི་ལྡན་པའི་རྫས་དུ་མ་མངོན་སུམ་ལ་སྣང་བའི་ཕྱིར། དེ་ལྟར་ཁས་ལེན་པའི་གཞན་གྱི་སྡེ་པའི་གཙོ་བོ་གསུམ་ལ་ཁས་བླངས་ནང་འགལ་གྱི་སྒོ་ནས་སྐྱོན་སྟོན་པ་ལ། བདག་དང་ས་ལ། ཞེས་སོགས་རྐང་པ་བཞི་བྱུང༌། འདིའི་དོན་ཡང་། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པ་མི་འཐད་པར་ཐལ། གསོན་ལུས་ལ་བདག་ཚད་མས་མ་དམིགས་ཀྱང༌། གསོན་ལུས་ལ་བདག་ཡོད། ས་ལ་ཤེས་པ་ཚད་མས་མ་དམིགས་ཀྱང་ས་ལ་ཤེས་པ་ཡོད། འོ་མའི་དུས་སུ་ཞོ་ཚད་མས་མ་དམིགས་ཀྱང༌། འོ་མའི་དུས་སུ་ཞོ་ཡོད་པའི་ཕྱིར། རྟགས་དང་པོ་བྱེ་བྲག་པ་ལ་ཁས། གཉིས་པ་གྲངས་ཅན་པ་ལ་ཁས། གསུམ་པ་རྒྱང་འཕེན་པ་ལ་ཁས། དེ་ལྟར་ན་དེ་རྣམས་ཀྱི་དོན་འཆད་པར་བྱེད་པ་ལ། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ཞེས་སོགས་བྱུང༌། དེས་ན་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པ་འགོག་པ་ལ། བཤད་བྱའི་ལུང་འགོད་པ་དང༌། ལུང་གི་དོན་བཤད་པ་གཉིས། དང་པོ་ནི། རང་འགྲེལ་ལས། མི་དམིགས་པ་ཐམས་ཅད་ནི་རྟགས་སྦྱོར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་གཅིག་ལོག་པས་གཞན་ལྡོག་པར་འདོད་པ་ནི། དེ་གཉིས་རང་བཞིན་འབྲེལ་པ་འགའ་ཞིག་ཀྱང་འདོད་པར་བྱ་དགོས་སོ། །དེ་ལྟར་མ་ཡིན་ན་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་པར་འགྱུར་རོ། །

ལྟར་སྣང་ཡང་དག་ཡིན་པ་བཅད་ཕྱིར་ངེས་པ་སྨྲོས་ཚུལ་ལ་དཔྱད་པ།

༈ གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །དེ་ཡིས་མ་གྲུབ་བཟློག་དོན་དང༌། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། །འབྲེལ་པ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དེ། དེས་ན་དེ་ཉིད་སྟོན་པར་མཛད་པ་ན་ངེས་པ་བཤད་པ་ཡིན་ནོ། །དེ་ལ་རྗེས་སུ་འགྲོ་བ་ངེས་པས་ནི། འགལ་བ་དང་དེའི་ཕྱོགས་དང་མཐུན་པ་རྣམས་བསལ་ཏོ། །ལྡོག་པས་ནི་མ་ངེས་པ་དང་དེའི་ཕྱོགས་དང་མཐུན་པ་ལྷག་མ་དང་ལྡན་པ་ལ་སོགས་པའོ། །གཉིས་ཀ་ལ་ཞེས་བྱ་བ་ནི་གཅིག་ལ་གྲུབ་པ་བཀག་པ་ཡིན་ནོ། །རབ་ཏུ་གྲུབ་པ་ཞེས་སྨོས་པས་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ལྷག་མ་དང་ལྡན་པ་དང་ཐུན་མོང་མ་ཡིན་པའི་ཐེ་ཚོམ་ཟ་བ་དག་ཀྱང་ངོ་། །ཞེས་གསུངས། འདིའི་དོན་ཡང་མི་རྟག་པ་ལྡོག་སྟོབས་ཀྱིས་བྱས་པ་ལྡོག་པའི་སྒོ་ནས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཚད་མས་ངེས་པ་དེ་སྐོར་གྱི་རྟགས་ཆོས་ཀྱི་འབྲེལ་པ་ཚད་མས་ངེས་པ་ལ་རག་ལས་པ་ཡིན་ཏེ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་མི་འགྲུབ་པ་དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་མི་འཐད་དེ། བྱས་མི་རྟག་གཉིས་འབྲེལ་མེད་ཡིན་པའི་ཕྱིར་ཟེར་ན། འོ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་རྣལ་མར་མ་ངེས་པའི་ཕྱིར་ཏེ། བྱས་མི་རྟག་གཉིས་འབྲེལ་མེད་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། ཤཱཀྱས། གང་གི་ཕྱིར་དེ་ལྟར་མ་མཐོང་བ་ཙམ་གྱིས་ལྡོག་པ་མ་ཡིན་པ་དེའི་ཕྱིར། གཅིག་ལོག་པས་བསྒྲུབ་པར་བྱ་བ་ལོག་པས། གཞན་ལོག་པར་བསྒྲུབ་པར་ལྡོག་པར་འདོད་པས་ནི། བསྒྲུབ་པར་བྱ་བ་དང་སྒྲུབ་པ་དེ་གཉིས་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་འགའ་ཞིག་ཀྱང་འདོད་པར་བྱ་དགོས་ཏེ། ལྡོག་པ་ཙམ་གྱིས་འབའ་ཞིག་གི་ནི་མི་ཆོག་གོ །

དེ་ལྟར་མ་ཡིན་ཏེ། འབྲེལ་བར་མི་འདོད་ན་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་པར་འགྱུར་ཏེ། ཁྱབ་པ་མ་ངེས་པའི་ཕྱིར་རོ། །ཞེས་གསུངས། འོ་ན། སློབ་དཔོན་ཕྱོགས་གླང་གིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་སོ་སོའི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་པ་ལ་དགོས་པ་ཡོད་དེ། རྟགས་ཆོས་ཀྱི་འབྲེལ་པ་ཚད་མས་མ་ངེས་པར་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཚད་མས་ངེས་མི་ནུས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། དེ་སྐད་དུ་ཡང༌། ཤཱཀྱ་བློས། རྗེས་སུ་འགྲོ་བ་དང༌། ལྡོག་པ་ངེས་པ་བརྗོད་པར་མཛད་པས་ནི་དོན་གྱིས་ན་འབྲེལ་པ་ཡང་བསྟན་པ་ཁོ་ན་ཡིན་ཏེ། འདི་ལྟར་འབྲེལ་པ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དོ། །གཏན་ཚིགས་དེས་ན་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་དེ་ཉིད་སྟོན་པར་མཛད་པ་ན་ངེས་པ་བཤད་པ་ཡིན་ནོ། །འོ་ན་། ཉེས་པ་གང་གི་གཉེན་པོར་ངེས་བརྗོད་མཛད་ཅེ་ན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་པ་ལ་དགོས་པ་ཡོད་དེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་དང་། འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། དེ་སྐད་དུ། ཤཱཀྱས། ཉེས་པ་གང་གི་གཉེན་པོར་ཚུལ་གང་གི་ངེས་པ་བཤད་ཅེ་ན། དེ་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འགལ་བ་དང་དེའི་ཕྱོགས་དང་མཐུན་པ་རྣམས་ཞེས་བྱ་བ་ནི་འགལ་བ་རྣམས་དང་དེའི་ཕྱོགས་དང་མཐུན་པ་རྣམས་ཏེ། འགལ་བའི་ཕྱོགས་དང་མཐུན་པ་ནི་གང་དག །མི་མཐུན་པའི་ཕྱོགས་ལ་ཡོད་པ་ནི་ངེས་ལ་མཐུན་པའི་ཕྱོགས་ལ་མེད་པར་ནི་ཐེ་ཚོམ་ཟའོ། །ཞེས་གསུངས། སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་དངོས་མ་ངེས་ཀྱི་གཏན་ཚིགས་དང་། ཡང་དག་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། དེ་སྐད་ཀྱང་། ཤཱཀྱས། ལྡོག་པ་ངེས་པས་ནི་ཞེས་བྱ་བ་སྐབས་དང་སྦྱར་རོ། །མ་ངེས་པ་ཞེས་བྱ་བ་ནི་ཐུན་མོང་གི་མ་ངེས་པའོ། །དེའི་ཕྱོགས་དང་མཐུན་པ་ནི་མ་ངེས་པའི་ཕྱོགས་དང་མཐུན་པ་སྟེ། ལྷག་མ་དང་ལྡན་ལ་སོགས་པའོ། །ཞེས་གསུངས། འོ་ན། གཉིས་ཀ་ལ་ཞེས་བྱ་བ་ནི་གཅིག་ལ་གྲུབ་པ་བཀག་པ་ཡིན་ནོ། །ཞེས་གཉིས་ཀ་སྨོས་པ་ལ་དགོས་པ་གང་ཡོད་ཅེ་ན། དགོས་པ་ཡོད་དེ། སྒྲ་མི་རྟག་པར་སྒྲུབ་པའི་གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་ན། དེ་སྒྲུབ་ཀྱི་གཞན་དོན་སྐབས་ཀྱི་ཚུལ་གསུམ་དེ་སྒྲུབ་ཀྱི་གཞན་དོན་སྐབས་ཀྱི་རྒོལ་ཕྱི་རྒོལ་གཉིས་ཀས་ཚད་མས་གྲུབ་པ་གཅིག་དགོས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། ཤཱཀྱ་བློས། གཉིས་ཀ་ལ་ཞེས་བྱ་བ་ནི་གཅིག་ལ་གྲུབ་པ་དགག་པ་ཡིན་ནོ། །ཞེས་བྱ་བ་ནི་གཉིས་ཀ་ལ་ཡང་རབ་ཏུ་གྲུབ་པ་ནི་ཞེས་བྱ་བ་འདིས་ནི་རྒོལ་བའམ་ཕྱི་རྒོལ་བ་གཅིག་ལ་གྲུབ་པ་གང་ཡིན་པ་དེ་བཀག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན། རབ་ཏུ་གྲུབ་པ་སྨོས་པ་ལ་དགོས་པ་གང་ཡོད་ཅེ་ན། དགོས་པ་ཡོད་དེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་དང༌། ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། ཤཱཀྱ་བློས། རབ་ཏུ་གྲུབ་པ་ཞེས་སྨོས་པས་ཏེ། རབ་ཏུ་གྲུབ་པ་ཞེས་བྱ་བ་འདི་ནི་ལྷག་མ་དང་ལྡན་པ་དང་ཐུན་མོང་མ་ཡིན་པའི་ཐེ་ཚོམ་ཟ་བ་དག་ཀྱང་བཀག་གོ །

ཞེས་གསུངས། འོ་ན། འགལ་མ་ངེས་མ་གྲུབ་པའི་གཏན་ཚིགས་གསུམ་རྟགས་ཡང་དག་ཡིན་པ་བཅད་པར་བྱ་བའི་ཆེད་དུ་ཚུལ་གསུམ་སོ་སོའི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་དམ་མ་མཛད། མ་མཛད་ན། རང་འགྲེལ་ལས། དེ་ལ་རྗེས་སུ་འགྲོ་བ་ངེས་པས་ནི་འགལ་བ་དང་དེའི་ཕྱོགས་དང་མཐུན་པ་རྣམས་བསལ་ཏོ། །ཞེས་བཤད་པ་དང་འགལ་ལ། མཛད་ན། ཊཱིཀྐ་ལས། འགལ། མ་ངེས། མ་གྲུབ་པའི་གཏན་ཚིགས་གསུམ་རྟགས་ཡང་དག་ཡིན་པ་ལྡོག་པའི་ཕྱིར་དུ་ཚུལ་གསུམ་གྱི་མཚན་ཉིད་དུ་ངེས་པ་སྨོས་པར་འདོད་པ་ནི་རྣམ་པར་འཁྱམས་ཏེ། དེ་ལྟར་ན་བྱས་པ་འདུས་མ་བྱས་ཀྱི་ནམ་མཁའི་སྟེང་དུ་བུམ་པ་འགོག་པའི་རྟགས་སུ་ཁས་བླངས་པ་ལ་ཉེས་པ་མེད་པར་འགྱུར་རོ། །ཞེས་བཤད་པ་དང་འགལ་ལོ། །ཟེར་ན། དེ་ལྟར་ངེས་བརྗོད་མཛད་པ་ཡིན་ཏེ། བློ་སྐྱོན་ཅན་གྱི་སྒྲུབ་ངག་རྣམས་སྒྲུབ་ངག་ཡང་དག་ཡིན་པ་བཅད་པར་བྱ་བའི་ཕྱིར་དུ་ཚད་མ་མདོར། གཞན་དོན་རྗེས་དཔག་གི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་རང་གི་མཐོང་བ་ཞེས་པའི་ཚིག་སྨོས། དོན་སྐྱོན་ཅན་གྱི་སྒྲུབ་ངག་རྣམས་སྒྲུབ་ངག་ཡང་དག་ཡིན་པ་བཅད་པར་བྱ་བའི་ཆེད་དུ། དོན་ཞེས་པའི་ཚིག་སྨོས། སྔ་རྒོལ་ཡང་དག་གིས་ཁས་མ་བླངས་ཤིང་བསྟན་བཅོས་མཁན་པོའི་འདོད་པ་དེ་གཞན་དོན་སྒྲུབ་བྱ་ཡང་དག་ཡིན་པ་བཅད་པར་བྱ་བའི་ཆེད་དུ། ཚད་མ་མདོར། གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་རང་ཉིད་ཅེས་པའི་ཚིག་སྨོས། ད་ལྟར་སྒྲུབ་བྱེད་དུ་བཀོད་ཅིང་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་རྣམས་གཞན་དོན་བསྒྲུབ་བྱ་ཡང་དག་ཡིན་པ་བཅད་པར་བྱ་བའི་ཕྱིར་དུ། ཁོ་ན་ཞེས་པའི་ཚིག་སྨོས་པའི་ཕྱིར། རྟགས་གྲུབ་སྟེ། དེ་སྤང་ཕྱིར་བདག་མཐོང་བའི་ཚིག །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དོན་སྨོས་དེ་རྣམས་སྒྲ་དག་དང༌། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། ལོག་པར་རྟོག་པ་བསལ་བའི་ཕྱིར། །ཞེས་སོགས་རྐང་པ་གཉིས་ཀྱི་དོན་གྲུབ་པའི་ཕྱིར། བཞི་པ་གྲུབ་སྟེ། དུས་གཞན་བཅད་ཕྱིར་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཡིན་ན། ཊཱིཀྐ་ལས། དེའི་དོན་གང་ཞེ་ན། དེ་བཞག་ཏུ་ཡོད་དེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པ་བཅད་པར་བྱ་བའི་ཕྱིར་དུ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མ་མཛད་ལ། ལྟར་སྣང་ཡང་དག་ཡིན་པ་བཅད་པར་བྱ་བའི་ཕྱིར་དུ་ཚུལ་གསུམ་སོ་སོའི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་ན། བྱས་པ་འདུས་མ་བྱས་ཀྱི་ནམ་མཁའི་སྟེང་དུ་བུམ་པ་འགོག་པའི་རྟགས་ཡང་དག་ཏུ་འགྱུར་བ་དེ། ལུང་དེའི་དོན་ཡིན་པའི་ཕྱིར། འགྱུར་ཚུལ་ཇི་ལྟར་ཡིན་ཞེ་ན། འོ་ན། མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་ཏེ། སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཕྱིར། ཞེས་པའི་སྦྱོར་བ་དེ། ཚད་མ་མདོ་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ཉིད་ལ་མེད་ལ། །ཞེས་པའི་གཞུང་འདིའི་ནང་ཚན་དུ་གྱུར་པའི། རྗེས་སུ་དཔག་བྱ་ལ་ཡོད་པ་། ཞེས་པའི་གཞུང་གི་དོན་སྦྱོར་རྣམ་དག་ཡིན་པར་ཐལ། དེ་ཡིན་པའམ། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་མ་ཡིན་ཏེ། སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་དང་པོ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་གཞུང་འདིའི་དོན་སྦྱོར་རྣམ་དག་ཡིན་པ་གང་རུང་གང་ཞིག །སྦྱོར་བ་འདི་དེ་ལྟར་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པ་བཅད་པའི་ཕྱིར་དུ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ། ཞེས་སྨོས་མི་རིགས་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། འགལ། རྩ་བར་འདོད་ན། སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་དེ། མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པ་འགོག་པའི་རྟགས་ཡང་དག་ཡིན་པར་ཐལ་ལོ། །འདོད་ན། བྱས་པ་འདུས་མ་བྱས་ཀྱི་ནམ་མཁའི་སྟེང་དུ་བུམ་པ་འགོག་པའི་རྟགས་ཡང་དག་ཡིན་པར་ཐལ་ལོ། །དེ་ལྟར་ཡིན་ན། སློབ་དཔོན་ཕྱོགས་གླང་གིས་ཚུལ་གསུམ་སོ་སོའི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་པའི་གཞུང་གང་ཞེ་ན། དེ་ལ་ཁ་ཅིག །ཚད་མ་མདོར། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ། ཞེས་པའི་གཞུང་འདི་ཡིན་ནོ། །ཟེར་ན། དེ་མི་འཐད་དེ། ཚད་མ་མདོ་རྩ་བ་ལས། ངེས་པ། ཞེས་པའི་ཚིག་དངོས་སུ་མ་བྱུང་བའི་ཕྱིར་ཏེ། ཀུན་བཏུས་དར་ཊཱིཀ་ལས། ཚུལ་གསུམ་སོ་སོའི་མཚན་ཉིད་ཀྱི་ཟུར་དུ་ངེས་པ་ཞེས་རྩ་བའི་ཚིག་ལས་དངོས་སུ་མ་བསྟན་ཡང་སྦྱར་དགོས་པ་ཤེས་པར་བྱ་བའི་ཆེད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཊཱིཀྐ་ལས། དེས་ན་ཚད་མ་ཀུན་ལས་བཏུས་པར། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ། ཞེས་གསུངས་པ་ནི་ཚུལ་གསུམ་གྱི་མཚན་ཉིད་སྟོན་པ་ཡིན་ལ། ཞེས་གསུངས་པ་དང་འགལ་ལོ། །ཞེ་ན། དེ་མི་འགལ་ཏེ། ཀུན་བཏུས་རྣམ་ངེས་སུ་དྲངས་པ་ལས། ངེས་པ་ཞེས་པའི་ཚིག་དངོས་སུ་བྱུང་བ་ཡིན་ཅིང༌། ཀུན་བཏུས་སུ། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ཉིད་ལ་མེད་ལ། །འདི་རུ་ཤེས་པའང་ཐོབ་པ་ཉིད། །ཤེས་བྱེད་སྐབས་ཀྱི་དབང་བྱའི་ཕྱིར། །ཞེས་པ་ཙམ་བྱུང་བ་ཡིན་པའི་ཕྱིར། །རང་ལུགས་ཀུན་བཏུས་སུ། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ཉིད་ལ་མེད་ལ། །འདི་རུ་ཤེས་པའང་ཐོབ་པ་ཉིད། །ཅེས་པའི་གཞུང་འདི་དང༌། མདོ་རང་འགྲེལ་ལས། གང་ཞིག་གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་བསྒྲུབ་པའོ། །ཞེས་པའི་གཞུང་གཉིས་ཀ་སློབ་དཔོན་ཕྱོགས་གླང་གིས་ཚུལ་གསུམ་སོ་སོའི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་པའི་གཞུང་ཡིན་ལ། དེ་ཡང་གཞུང་དང་པོ་དེས་སྒྲ་མི་རྟག་པར་སྒྲུབ་པའི་གཞན་དོན་སྐབས་ཀྱི་ཕྱོགས་ཆོས་ཡིན་ན། སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་གཅིག་དང༌། དེ་སྒྲུབ་ཀྱི་གཞན་དོན་སྐབས་ཀྱི་རྗེས་ཁྱབ་ཡིན་ན། དེ་སྐོར་གྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ངེས་པ་གཅིག་དང༌། དེ་སྒྲུབ་ཀྱི་གཞན་དོན་སྐབས་ཀྱི་ལྡོག་ཁྱབ་ཡིན་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞིག་དགོས་སོ། །ཞེས་བསྟན། རྒོལ་བ་གང་གིས་ངེས་པ་ཞིག་དགོས་ཞེ་ན། དེ་སྒྲུབ་ཀྱི་གཞན་དོན་སྐབས་ཀྱི་རྒོལ་ཕྱི་རྒོལ་གཉིས་ཀས་ངེས་པ་ཞིག་དགོས་སོ། །ཞེས་འཆད་པར་བྱེད་པ་ལ། གཞུང་ཕྱི་མ་འདི་བྱུང༌། །

ཚུལ་གསུམ་སོ་སོའི་ངོ་བོ་ལ་མཐའ་དཔྱད་པ།

༈ མཐའ་དཔྱད་པ་ལ། ཁ་ཅིག །ཆོས་དེ་རང་ཉིད་ཀྱི་རྟགས་ཀྱིས་ཆོས་དེ་གཞི་དེར་སྒྲུབ་པའི་རྟེན་ཤེས་འདོད་ཆོས་ཅན་སྐྱོན་མེད་གང་ཞིག །ཆོས་དེའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་དེ། ཆོས་དེ་གཞི་དེར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་ཡིན་ཟེར་ན། དུ་མ་མ་ཡིན་པ་ཆོས་ཅན། བ་སྤྱི་རྟག་དངོས་རང་ཉིད་ཀྱི་རྟགས་ཀྱིས་བ་སྤྱི་རྟག་དངོས་རང་གི་བསལ་བ་དུ་མ་ལ་དོན་དམ་པར་འཕྲོ་འདུ་མ་འབྲེལ་བར་སྒྲུབ་པའི་རྟེན་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། བ་སྤྱི་རྟག་དངོས་ཆོས་ཅན། དུ་མར་ཡོད་པར་ཐལ། རང་གི་བསལ་བ་དུ་མ་ལ་དོན་དམ་པར་འཕྲོ་འདུ་འབྲེལ་བའི་ཕྱིར། ཞེས་པའི་ཐལ་འགྱུར་འདི། སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར་ཏེ། གཞན་གྱིས་བཏགས་པ་ཡི། ཞེས་སོགས་རྐང་པ་གསུམ་གྱི་དོན་གྲུབ་པའི་ཕྱིར། རྩ་བར་འདོད་ན། བ་སྤྱི་རྟག་དངོས་ཆོས་ཅན། ཡོད་པར་ཐལ་ལོ། །གཞན་ཡང༌། དུ་མ་མ་ཡིན་པ་ཆོས་ཅན། བ་སྤྱི་རྟག་དངོས་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པར་ཐལ། དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་ཡོད་པར་ཐལ་ལོ། །འདོད་ན། བ་སྤྱི་རྟག་དངོས་ཡོད་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། དེའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་ཡོད་པར་ཐལ། གང་ཟག་གི་བདག་མེད་དེ་དེའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་ཡིན་པའི་ཕྱིར་ཏེ། དེའི་སྟེང་དུ་གང་ཟག་གི་བདག་མེད་འགོད་ཚུལ་དང་མཐུན་པར་གྲུབ་པ་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །རང་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པ་གང་ཞིག །རང་ཉིད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་དེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་མཚན་ཉིད་ཡིན་ཟེར་ན། སྒྲ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་དུ་རང་ཉིད་ཀྱི་རྟགས་ཀྱིས་སྒྲ་ཡོད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པ་ཞེས་སྨྲ་རིགས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྒྲ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲ་ཡོད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། ཚད་མས་དམིགས་པའི་རྟགས་ཀྱིས་སྒྲ་ཡོད་པར་སྒྲུབ་པའི་ཕྱིར་རྒོལ་ཡང་དག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྒྲ་ཡོད་པར་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ་ལོ། །ཁ་ཅིག །སྒྲ་རང་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པ་གང་ཞིག །རང་ཉིད་སྒྲའི་སྟེང་དུ་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་དེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་མཚན་ཉིད་ཡིན་ཟེར་ན། བྱས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྒྲའི་སྟེང་དུ་ཐ་དད་ཡིན་པར་ཐལ་ལོ། །འདོད་ན། ཐ་དད་ཡིན་པར་ཐལ་ལོ། །གཞན་ཡང༌། ཆོས་དེའི་སྟེང་དུ་ཡོད་པ་གང་ཞིག །ཆོས་དེ་དང་གཅིག་ཡིན་ན། ཆོས་དེའི་སྟེང་དུ་གཅིག་ཡིན་དགོས་པར་ཐལ། ཆོས་དེ་དང་ཐ་དད་གང་ཞིག །ཆོས་དེའི་སྟེང་དུ་ཡོད་ན་ཆོས་དེའི་སྟེང་དུ་ཐ་དད་ཡིན་དགོས་པའི་ཕྱིར་ཏེ། བྱས་པ་སྒྲའི་སྟེང་དུ་ཐ་དད་ཡིན་པའི་ཕྱིར། རྟགས་ཁས། རྩ་བར་འདོད་ན། བྱས་མི་རྟག་གཉིས་ཆོས་ཅན། བྱས་མི་རྟག་གཉིས་ཀྱི་སྟེང་དུ་གཅིག་ཡིན་པར་ཐལ། དེ་གཉིས་ཀྱི་སྟེང་དུ་ཡོད་པ་གང་ཞིག། དེ་གཉིས་དང་གཅིག་ཡིན་པའི་ཕྱིར། འདོད་ན། བྱས་མི་རྟག་གཉིས་ཀྱི་སྟེང་དུ་དེ་གཉིས་གཅིག་ཡིན་པར་ཐལ་ལོ། །འདོད་ན། དེ་གཉིས་གྲུབ་པའི་གཞི་དེར་དེ་གཉིས་གཅིག་ཡིན་པར་ཐལ་ལོ། །འདོད་ན། མེ་དུ་གཉིས་གྲུབ་པའི་གཞི་དེར་དེ་གཉིས་གཅིག་ཡིན་པར་ཐལ་ལོ། །ཁ་ཅིག །སྒྲ་རང་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་གང་ཞིག །རང་ཉིད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་དེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་མཚན་ཉིད་ཡིན་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག །སྒྲ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲ་དེ་སྒྲ་མ་ཡིན་པ་ལས་ལོག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། འོ་ན། ཁོ་རང་ལ། སྒྲ་དེ་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པར་ཐལ། དེ་དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྩོད་གཞི་ཆོས་ཅན་སྐྱོན་ཅན་ཡིན་པའི་ཕྱིར་ཏེ། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་རྩོད་གཞི་ཆོས་ཅན་སྐྱོན་ཅན་ཡིན་པའི་ཕྱིར་ཏེ། དེ་དེ་འདྲའི་རྟགས་སྦྱོར་གྱི་རྟགས་སྐྱོན་ཅན་ཡིན་པ་གང་ཞིག །དེ་འདྲའི་རྟགས་སྦྱོར་དེ། གཞི་རྟགས་ཐ་མི་དད་ཀྱི་རྟགས་སྦྱོར་ཡིན་པའི་ཕྱིར། ཁ་ཅིག །སྒྲ་རང་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་གང་ཞིག །རང་ཉིད་སྒྲ་དང་ཐ་དད་པའི་སྒོ་ནས་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་དེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་མཚན་ཉིད་ཡིན་ཟེར་བ་དང༌། སྒྲ་དེ་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་ཟེར་བ་དང་། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་བྱས་པ་དང་ཐ་དད་ཡིན་ཟེར་བ་ནང་འགལ་ཏེ། འོ་ན། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་སྒྲ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཚོན་བྱ་དེར་ཐལ། དེ་སྒྲུབ་ཀྱི་མཚན་ཉིད་དེའི་ཕྱིར། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲ་དེ་སྤྱིར་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་ཚེ་ན། སྒྲ་སྒྲ་དང་ཐ་དད་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁ་ཅིག །སྒྲ་རང་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་གང་ཞིག །སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་ཡིན་ཟེར་ན། འོ་ན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་དུ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཞེས་ངེས་པར་སྨོས་མི་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཀུན་བཏུས་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ཉིད་ལ་མེད་ལ། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །ཁ་ཅིག །རང་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་གྲུབ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ངེས་པ་དེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པའི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག །མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། ཐར་ལམ་གསལ་བྱེད་ལས། མིག་ཤེས་ཀྱི་བཟུང་བྱས་སྒྲ་མི་རྟག་པ་དང་རྟག་པར་སྒྲུབ་པ་ལ་ཚུལ་དང་པོ་གྲུབ་པ་མི་ཁེགས་ལ། དེ་མ་ཁེགས་ན་ཚུལ་གསུམ་ལ་རྟགས་ཡང་དག་གིས་ཁྱབ་པ་གྲུབ་པའི་ནུས་པ་མེད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན། རང་ལུགས་འདིར་མ་ཁྱབ། གལ་ཏེ་རྩ་བར་འདོད་ན། མིག་ཤེས་ཀྱི་བཟུང་བྱའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་དེ་སྒྲུབ་ཀྱི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད། དེ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར་ཟེར་ན་མ་ཁྱབ། གཞན་ཡང་། ཁོ་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པར་ཐལ། མིག་ཤེས་ཀྱི་བཟུང་བྱ་དེ་སྒྲུབ་ཀྱི་རྗེས་ཁྱབ་མ་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་དེ་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་དུ་བཞག་པ་ལ་དོན་མེད་པར་ཐལ་ལོ། །ཟེར་ན། ཁོ་རང་ལ། ཊཱིཀྐ་ལས། ཁྱོད་ཀྱིས་རྟགས་སུ་འདི་སོང་ཞེས་སྨྲས་པ་དོན་མེད་པར་ཐལ། ཁྱོད་ཀྱིས་གང་སྨྲས་པ་དེ་ནི་རྟགས་སུ་མ་སོང༌། གང་སོང་བ་དེ་སྨྲ་མི་ནུས་པའི་ཕྱིར། ཞེས་གསུངས་པ་མི་འཐད་པར་ཐལ། མིག་ཤེས་ཀྱི་བཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་སྨྲས་ན་དེ་སྐོར་གྱི་རྟགས་སུ་མ་སོང་བས་ཁྱབ། སོང་ན་མ་སྨྲས་པས་ཁྱབ་པའི་ཕྱིར་ཏེ། དེ་སྐོར་གྱི་རྟགས་སུ་བཀོད་ན་དེ་སྐོར་གྱི་རྟགས་སུ་མ་སོང་བས་ཁྱབ། སོང་ན་མ་བཀོད་པས་ཁྱབ་པའི་ཕྱིར་ཏེ། མིག་ཤེས་ཀྱི་བཟུང་བྱ་དེ་སྐོར་གྱི་རྟགས་སུ་བཀོད་ཀྱང་མ་སོང༌། སྒྲ་མིག་ཤེས་ཀྱི་བཟུང་བྱ་ཡིན་པ་དེ། དེ་སྐོར་གྱི་རྟགས་སུ་སོང་ཡང་མ་བཀོད་པའི་ཕྱིར། ཡང་། སྐྱོན་འཕེན་པ་ཁ་ཅིག །བུར་རོ་ད་ལྟར་བ་ཆོས་ཅན། ཁ་ནང་བུར་རྡོག་གི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ལག་མཐིལ་གྱི་བུར་རྡོག་དེ་དེ་ཡིན་པའི་ཕྱིར་ཏེ། དེ་དེ་སྐོར་གྱི་མཐུན་དཔེར་ནི་བཟུང༌། ལག་མཐིལ་གྱི་བུར་རྡོག །བུར་རོ་ད་ལྟར་བ་ཡོད་པ་དང༌། བུར་གཟུགས་ད་ལྟར་བ་ཡོད་པའི་གཞི་མཐུན་དུ་ཚད་མས་ངེས་ནས། ཁ་ནང་བུར་རྡོག་གི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །སྒྲ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་གང་ཞིག །བྱས་པ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་དེ། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་མཚན་ཉིད་ཟེར་ན། དེ་དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་མཚན་ཉིད་ཡོད་པར་ཐལ། མཚན་ཉིད་འཐད་པའི་ཕྱིར། འདོད་ན། དེ་དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡོད་པར་ཐལ་ལོ། །འདོད་ན། རི་བོང་གི་རྭ་ཆོས་ཅན། དེར་ཐལ། དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་དེ་སྐོར་གྱི་རྟགས་ཡང་དག་ཡིན་པ་ཡོད་པར་ཐལ། དེ་ལ་ཚད་མས་མི་གནོད་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་ལ་ཚད་མས་མི་གནོད་པར་ཐལ། ཁྱོད་དེ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། དེ་ལ་ཚད་མས་གནོད་པར་ཐལ། དེ་ཚད་མས་བསལ་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་ཡོད་པར་ཐལ། དེ་དེར་དམ་བཅས་པའི་ཞེན་དོན་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བྱས་པ་དང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་ཚོགས་དོན་དེ་དེ་ཡིན་པའི་ཕྱིར། གཞན་ཡང༌། དེ་དེ་ཡིན་པ་ཡོད་པར་ཐལ། དེ་དེར་སོང་བ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་དེར་སོང་བའི་གང་ཟག་ཡོད་པའི་ཕྱིར། ཁ་ཅིག །བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་སྐྱོན་མེད་གསུམ་པོ་གང་རུང་གང་ཞིག །དེ་སྐོར་གྱི་རྟགས་ཚུལ་དང་པོ་གཏན་ལ་འབེབས་པའི་གཞིར་བཟུང་བྱ་དེ། དེ་སྐོར་གྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་མཚན་ཉིད། ཡང་། དེ་གསུམ་པོ་གང་རུང་གང་ཞིག །དེ་སྐོར་གྱི་རྗེས་ཁྱབ་གཏན་ལ་འབེབས་པའི་གཞིར་བཟུང་བྱ་དེ། དེ་སྐོར་གྱི་མཐུན་དཔེའི་མཚན་ཉིད། ཡང་། དེ་གསུམ་པོ་གང་རུང་གང་ཞིག །དེ་སྐོར་གྱི་ལྡོག་ཁྱབ་གཏན་ལ་འབེབ་པའི་གཞིར་བཟུང་བྱ་དེ། དེ་སྐོར་གྱི་མི་མཐུན་དཔེ་ཡང་དག་གི་མཚན་ཉིད་ཡིན་ཟེར་ན། དང་པོ་ལ། དེ་སྐོར་གྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཚད་མས་ངེས་པ་ལ། དེ་སྐོར་གྱི་རྟགས་ཚུལ་དང་པོ་གཏན་ལ་འབེབ་པའི་གཞིར་བཟུང་བྱ་ཚད་མས་ངེས་པ་སྔོན་དུ་འགྲོ་དགོས་པར་ཐལ། མཚན་ཉིད་འཐད་པའི་ཕྱིར། འདོད་ན། དེ་སྐོར་གྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ངེས་པ་ལ། དེ་སྐོར་གྱི་རྟགས་ཚུལ་དང་པོ་ཚད་མས་ངེས་པ་སྔོན་དུ་འགྲོ་དགོས་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་སྐོར་གྱི་རྟགས་ཚུལ་དང་པོ་ཚད་མས་ངེས་པའི་གང་ཟག་ཡིན་ན། གཅིག་ཤོས་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། གཉིས་པ་ལ། དེ་སྐོར་གྱི་མཐུན་དཔེ་ཡང་དག་ཚད་མས་ངེས་པ་ལ། དེ་སྐོར་གྱི་རྗེས་ཁྱབ་གཏན་ལ་འབེབ་པའི་གཞིར་བཟུང་བྱ་ཚད་མས་ངེས་པ་སྔོན་དུ་འགྲོ་དགོས་པར་ཐལ་ལོ། །འདོད་ན། སྔར་བཞིན་འདྲའོ། །མཚན་ཉིད་གསུམ་པ་ལ་ཡང་རིགས་འགྲེའོ། །གཞན་ཡང༌། བུམ་པའི་སྟེང་དུ་དེ་སྐོར་གྱི་རྗེས་ཁྱབ་གྲུབ་ལ། ལྡོག་ཁྱབ་མ་གྲུབ། ནམ་མཁའི་སྟེང་དུ་དེ་སྐོར་གྱི་ལྡོག་ཁྱབ་གྲུབ་ལ། རྗེས་ཁྱབ་མ་གྲུབ་པའི་ཁྱད་པར་འཐད་པར་ཐལ། བུམ་པ་དེ་དེ་སྐོར་གྱི་རྗེས་ཁྱབ་གཏན་ལ་འབེབས་པའི་གཞིར་བཟུང་བྱ་ཡིན་ལ། ལྡོག་ཁྱབ་གཏན་ལ་འབེབས་པའི་གཞིར་བཟུང་བྱ་མ་ཡིན། ནམ་མཁའ་དེ་དེ་སྐོར་གྱི་ལྡོག་ཁྱབ་གཏན་ལ་འབེབས་པའི་དེ་ཡིན་ལ། རྗེས་ཁྱབ་གཏན་ལ་འབེབས་པའི་དེ་མ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར་ཏེ། མཚན་ཉིད་ཕྱི་མ་གཉིས་འཐད་པའི་ཕྱིར། གཞན་ཡང༌། དེ་སྐོར་གྱི་རྗེས་ཁྱབ་གཏན་ལ་འབེབས་པའི་གཞིར་བཟུང་བྱ་དང༌། གཅིག་ཤོས་གཏན་ལ་འབེབས་པའི་དེ་གཉིས་འགལ་བར་ཐལ། མཚན་ཉིད་ཕྱི་མ་གཉིས་འཐད་པའི་ཕྱིར། འདོད་མི་ནུས་ཏེ། བྱས་པ་གཉིས་ཀ་ཡིན་པའི་ཕྱིར་ཏེ། དེ་དེ་སྐོར་གྱི་རྗེས་ཁྱབ་གྲུབ་པའི་གཞི་དང་དེ་སྐོར་གྱི་ལྡོག་ཁྱབ་གྲུབ་པའི་གཞི་གཉིས་ཀ་ཡིན་པའི་ཕྱིར་ཏེ། དེ་དེ་སྐོར་གྱི་རྗེས་ཁྱབ་ཀྱི་མཚན་གཞི་དང༌། དེ་དེ་སྐོར་གྱི་ལྡོག་ཁྱབ་ཀྱི་མཚན་གཞི་གཉིས་ཀ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་སྐྱོན་མེད་གསུམ་པོ་གང་རུང་གང་ཞིག །བྱས་ན་མི་རྟག་པས་ཁྱབ་པ་གཏན་ལ་འབེབས་པའི་གཞིར་བཟུང་བྱ་དེ། དེ་སྐོར་གྱི་མཐུན་དཔེ་ཡང་དག་གི་མཚན་ཉིད། དེ་གང་རུང་གང་ཞིག །རྟག་ན་མ་བྱས་པས་ཁྱབ་པ་གཏན་ལ་འབེབས་པའི་གཞིར་བཟུང་བྱ་དེ། དེ་སྐོར་གྱི་མི་མཐུན་དཔེ་ཡང་དག་གི་མཚན་ཉིད་ཟེར་ན། བུམ་པའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་གྲུབ་ལ། རྟག་ན་མ་བྱས་པས་ཁྱབ་པ་མ་གྲུབ། ནམ་མཁའི་སྟེང་དུ་རྟག་ན་མ་བྱས་པས་ཁྱབ་པ་གྲུབ་ལ། བྱས་ན་མི་རྟག་པས་ཁྱབ་པ་མ་གྲུབ་པའི་ཁྱད་པར་འཐད་པར་ཐལ། མཚན་ཉིད་དེ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། བུམ་པའི་སྟེང་དུ་རྟག་ན་མ་བྱས་པས་ཁྱབ་པ་གྲུབ། ནམ་མཁའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཡང་གྲུབ་པའི་ཕྱིར། གཞན་ཡང༌། བྱས་རྟགས་ཀྱིས་གཟུགས་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཡང་དག་ཡིན་ན། བྱས་ན་མི་རྟག་པས་ཁྱབ་པ་གཏན་ལ་འབེབས་པའི་གཞིར་བཟུང་བྱ་ཡིན་དགོས་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཡང་དག་ཡིན་ན། དེ་ཡིན་དགོས་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཡང་དག་ཡིནཔར་ཐལ། དེའི་མཚན་ཉིད་འཐད་པའི་ཕྱིར། འཁོར་གསུམ། གཞན་ཡང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་དཔེ་ཡང་དག་ཡིན་ན། རྟག་པ་དང་མ་བྱས་པའི་གཞི་མཐུན་ཡིན་དགོས་པར་ཐལ་ལོ། །དེ་ཡིན་ན། རྟག་ན་མ་བྱས་པས་ཁྱབ་པ་གཏན་ལ་འབེབས་པའི་གཞིར་བཟུང་བྱ་ཡིན་དགོས་པའི་ཕྱིར། འདོད་ན། ནམ་མཁའི་པདྨོ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན། ནམ་མཁའི་པདྨོ་བཞིན། སྒྲ་ནི་བྱས། ཞེས་པའི་སྒྲུབ་ངག་འདི། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ནམ་མཁའི་མདྨོ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་གི་བརྗོད་བྱ་ཡིན་པར་ཐལ། དེ་དེ་སྐོར་གྱི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་བརྗོད་བྱ་ཡིན་པའི་ཕྱིར་ཏེ། དེ་བརྗོད་པར་བྱེད་པའི་དེ་སྐོར་གྱི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན། ནམ་མཁའི་པདྨོ་བཞིན། སྒྲ་ནི་བྱས། ཞེས་པའི་སྒྲུབ་ངག་འདིས། ནམ་མཁའི་པདྨོ་བརྗོད་པའི་ཕྱིར་ཏེ། དེས་དེ་དེ་སྐོར་གྱི་མི་མཐུན་དཔེ་ཡང་དག་ཏུ་བརྗོད་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། རི་བོང་གི་རྭ་དེ། སྒྲ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་མཐུན་དཔེ་ཡང་དག་ཡིན་པར་ཐལ། ནམ་མཁའི་པདྨོ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། འདོད་བྱས་པ་ལ། རི་བོང་གི་རྭ་དེ་མཐུན་དཔེ་ཡང་དག་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ། འོ་ན། རི་བོང་གི་རྭ་ཆོས་ཅན། མཐུན་ཕྱོགས་ཡིན་པར་ཐལ། སྒྲ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བདག་མེད་ཡིན་པའི་ཕྱིར། འདོད་ན། ཡོད་པར་ཐལ་ལོ། །ཁ་ཅིག །བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་ན། རང་ཉིད་དེ་སྐོར་གྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་དུ་འཛིན་ཡུལ་གྱི་གང་ཟག་དེས། སྒྲ་བྱས་པར་ཚད་མས་ངེས་ཤིང༌། སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡིན་པས་ཁྱབ། དེ་སྐོར་གྱི་མཐུན་དཔེ་ཡང་དག་ཡིན་ན། རང་ཉིད་དེ་སྐོར་གྱི་མཐུན་དཔེ་ཡང་དག་ཏུ་འཛིན་ཡུལ་གྱི་གང་ཟག་དེས། རང་ཉིད་བྱས་པར་ཚད་མས་ངེས་ཤིང༌། སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡིན་པས་ཁྱབ། དེ་སྐོར་གྱི་མི་མཐུན་དཔེ་ཡང་དག་ཡིན་ན། རང་ཉིད་དེ་སྐོར་གྱི་མི་མཐུན་དཔེ་ཡང་དག་ཏུ་འཛིན་ཡུལ་གྱི་གང་ཟག་དེས། རང་ཉིད་མ་བྱས་པར་ཚད་མས་ངེས་ཤིང༌། སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། དང་པོ་ལ། སྒྲ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། སྒྲ་དེ་སྐོར་གྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་དུ་འཛིན་ཡུལ་གྱི་གང་ཟག་དེས། སྒྲ་མི་རྟག་པར་ཚད་མས་ངེས་པའི་ཕྱིར་ཏེ། དེ་འདྲའི་དཔལ་ལྡན་ཆོས་གྲགས་དེས། དེ་ལྟར་ངེས་པའི་ཕྱིར་ཏེ། དེ་འདྲའི་དཔལ་ལྡན་ཆོས་གྲགས་ཡོད་པའི་ཕྱིར་ཏེ། དཔལ་ལྡན་ཆོས་གྲགས་དེ་དེ་ཡིན་པའི་ཕྱིར་ཏེ། དཔལ་ལྡན་ཆོས་གྲགས་དེ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགོད་ཡུལ་གྱི་གང་ཟག་ཡིན་པའི་ཕྱིར། གཉིས་པ་ལ། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་འཛིན་ཡུལ་གྱི་གང་ཟག་དེས། སྒྲ་མི་རྟག་པར་ཚད་མས་ངེས་པའི་ཕྱིར་ཏེ། དེ་ལྟར་འཛིན་ཡུལ་གྱི་དཔལ་ལྡན་ཆོས་གྲགས་དེས། སྒྲ་མི་རྟག་པར་ཚད་མས་ངེས་པའི་ཕྱིར་ཏེ། སྒྲུབ་བྱེད་སྔར་དང་འདྲའོ། །གསུམ་པ་ལ། ནམ་མཁའ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་འཛིན་ཡུལ་གྱི་གང་ཟག་དེས། སྒྲ་མི་རྟག་པར་ཚད་མས་ངེས་པའི་ཕྱིར་ཏེ། སྒྲུབ་བྱེད་སྔར་བཞིན་ནོ། །མཚན་གཞི་ལ། ཁ་ཅིག །སྒྲ་བྱས་པ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་ཟེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་སྒྲ་བྱས་པ་དེ་སྐོར་གྱི་ཕྱོགས་ཆོས་ཡིན་པར་ཐལ། མཚན་གཞི་འཐད་པའི་ཕྱིར། འདོད་ན། དེའི་ཚེ་ན། སྒྲ་བྱས་པ་རྟགས་སུ་བཀོད་པའི་རྟགས་སྦྱོར་ཡོད་པར་ཐལ་ལོ། །འདོད་ན། དེའི་ཚེ་ན། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་བྱས་པ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་ཡོད་པར་ཐལ་ལོ། །འདོད་ན། བཀོད་ཚེ་མ་ནུས་ཡོད་འདོད་པ་དང་ནང་འགལ་ལོ། །གཞན་ཡང་། དེའི་ཚེ་ན་སྒྲ་བྱས་པ་ཆོས་ཅན། སྒྲ་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེའི་ཚེ་ན་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་བྱས་པ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་ཡོད་པར་ཐལ་ལོ། །གཞན་ཡང༌། བྱས་པ་བྱས་པ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་སྒྲ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར། མ་གྲུ་བ་ན། སྒྲ་བྱས་པ་ཆོས་ཅན། སྒྲ་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང་། དེའི་ཚེ་ན་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ལྟར་སྣང་ཡོད་པར་ཐལ། དེའི་ཚེ་ན་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་སྒྲ་བྱས་པ་དེ་དེ་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་ན་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་བྱས་པ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་ལྟར་སྣང་ཡོད་པར་ཐལ་ལོ། །འདོད་ན། གྲུབ་མཐའ་དང་འགལ། ཁ་ཅིག །དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་རང་ཉིད་ཡོད་པས་ཁྱབ་ཟེར་ན། མཚོན་བྱ་ཆོས་ཅན། སྒྲ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་དེར་ཐལ། དེའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཚོན་བྱ་མེད་པར་ཐལ། ཁྱོད་རང་མཚོན་བྱ་ཡིན་པའི་ཕྱིར། ཁ་ཅིག །དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་རང་ཉིད་མེད་པས་ཁྱབ་ཟེར་ན། མ་སྐྱེས་པ་ཆོས་ཅན། སྒྲའི་དོན་སྤྱི་མ་བྱས་པར་སྒྲུབ་པའི་དེར་ཐལ། དེའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་སྐྱེས་པ་ཡོད་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་བྱུང་བ་ཡོད་པའི་ཕྱིར། ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་ན། རང་ཉིད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་ཟེར་ན། རྟག་པ་མ་ཡིན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པ་གང་ཞིག །རང་ཉིད་དང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་གཞི་མཐུན་མེད་པའི་ཕྱིར། །

རང་ལུགས་ཀྱི་ཚུལ་གསུམ་སོ་སོའི་ངོ་བོ་དང་ཆོས་ཅན་སྐྱོན་མེད་ཀྱི་རྣམ་གཞག་སོགས་བཤད་པ།

༈ རང་ལུགས་བཞག་པ་ལ་ཚུལ་གསུམ་སོ་སོའི་ངོ་བོ། ཆོས་ཅན་སྐྱོན་མེད་གསུམ་གྱི་རྣམ་བཞག །ངེས་བཟུང་སྨོས་ཚུལ་ལ་དཔྱད་པ་དང་གསུམ། དང་པོ་ནི། རང་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་དང་བཅས་པ་ཡང་ཡིན། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོར་སོང་བའི་གང་ཟག་གིས་རང་ཉིད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་དེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་མཚན་ཉིད། རང་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་གྲུབ། རང་ཉིད་དེ་སྒྲུབ་ཀྱི་རྟགས་ཚུལ་གཉིས་པར་སོང་བའི་གང་ཟག་གིས་རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ངེས་པ་དེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པའི་མཚན་ཉིད། རང་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་དཔེ་ཡང་དག་གྲུབ། རང་ཉིད་དེ་སྒྲུབ་ཀྱི་རྟགས་ཚུལ་གསུམ་པར་སོང་བའི་གང་ཟག་གིས་རང་ཉིད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་དེ། རང་ཉིད་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་པའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ཉིད་ལ་མེད་ལ། །འདི་རུ་ཤེས་པའང་ཐོབ་པ་ཉིད། །ཞེས་པའི་གཞུང་འདིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་སོ་སོའི་ངོ་བོ་བསྟན་པ་ཡིན་པའི་ཕྱིར། དེ་ཡང༌། རྗེས་སུ་དཔག་པར་བྱ་བ་ལ་ཡོད། ཅེས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་བསྟན། དེ་ཡང་རྗེས་སུ་དཔག་པར་བྱ་བ། ཞེས་པས་ཤེས་འདོད་ཆོས་ཅན་སྒྲ་ལྟ་བུ་བསྟན་པ་ཡིན་ཏེ། རྣམ་ངེས་ལས། རྗེས་སུ་དཔག་པར་བྱ་བ་ནི། འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ནོ། །ཞེས་གསུངས་པའི་ཕྱིར། དེ་མཚུངས་ལ། ཞེས་པས་རྗེས་ཁྱབ་ཀྱི་མཚན་ཉིད་བསྟན། མེད་ཉིད་ལ། མེད་ལ། ཞེས་པས་ལྡོག་ཁྱབ་ཀྱི་མཚན་ཉིད་བསྟན། འདི་རུ་ཤེས་པའང་ཐོབ་པ་ཉིད། །ཅེས་པས་ཚུལ་གསུམ་སོ་སོའི་མཚན་ཉིད་ཀྱི་ཟུར་དུ་ངེས་པ་སྨོས་དགོས་པ་དེ་བསྟན་པ་ཡིན་ཏེ། རྣམ་ངེས་ལས། ཐ་མར་སྨོས་པའི་ངེས་པ་ཉིད་ནི་ཚུལ་གསུམ་ཀ་ལ་ལྟའོ། །ཞེས་གསུངས་པའི་ཕྱིར། དེས་ན། བྱས་པ་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་བཏགས་པ་བ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཆོས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང༌། དེ་སྒྲུབ་ཀྱི་ཚུལ་དང་པོ་གཉིས་དོན་གཅིག །བྱས་པ་ལ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ངེས་པའི་དེ་སྒྲུབ་ཀྱི་ཚུལ་གཉིས་པ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེས་ན་དེ་སྒྲུབ་ཀྱི་རྗེས་ཁྱབ། དེ་སྒྲུབ་ཀྱི་རྟགས་ཚུལ་གཉིས་པ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་ཚུལ་རྣམས་དོན་གཅིག་གོ །

བྱས་པ་ལ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་དེ་སྒྲུབ་ཀྱི་ཚུལ་གསུམ་པ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་སྒྲུབ་ཀྱི་ལྡོག་ཁྱབ། དེ་སྒྲུབ་ཀྱི་རྟགས་ཚུལ་གསུམ་པ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་ཚུལ་རྣམས་དོན་གཅིག་གོ།

༈ གཉིས་པ་ཆོས་ཅན་སྐྱོན་མེད་གསུམ་གྱི་རྣམ་བཞག་བཤད་པ་ནི། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་སྐྱོན་མེད་གསུམ་པོ་གང་རུང་ཡང་ཡིན། དེ་སྒྲུབ་ཀྱི་ཕྱོགས་བཏགས་པ་བ་ཡང་ཡིན་པའི་གཞི་མཐུན་པ་དེ། དེ་སྒྲུབ་ཀྱི་ཤེས་འདོད་་ཆོས་ཅན་སྐྱོན་མེད་ཀྱི་མཚན་ཉིད་ཡིན། སྒྲ་ལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བའི་གང་ཟག་དེས། སྒྲ་མི་རྟག་པར་ཤེས་འདོད་འཇུག་པའི་གཞི་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། སྒྲ་ལ། དེ་སྒྲུབ་ཀྱི་རྩོད་གཞི་ཆོས་ཅན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྒྲ་དེ་སྒྲ་རྟག་མི་རྟག་རྩོད་པའི་གཞི་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་སྐྱོན་མེད་གསུམ་པོ་གང་རུང་ཡང་ཡིན། སྒྲ་མི་རྟག་པར་ཚད་མས་ངེས་པའི་སྔ་རོལ་དུ་རང་ཉིད་བྱས་པ་དང་མི་རྟག་པའི་གཞི་མཐུན་དུ་ཚད་མས་ངེས་པའི་གང་ཟག་སྲིད་པ་ཡང་ཡིན་པའི་གཞི་མཐུན་པ། རང་ཉིད་དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་གི་མཚན་ཉིད། བུམ་པ་ལ་དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྒྲ་དང་བུམ་པ་གཉིས། བྱས་པ་དང་མི་རྟག་པར་ཆོས་མཚུངས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་སྐྱོན་མེད་གསུམ་པོ་གང་རུང་ཡང་ཡིན། སྒྲ་མི་རྟག་པར་ཚད་མས་ངེས་པའི་སྔ་རོལ་ཏུ་རང་ཉིད་མ་བྱས་པ་དང་མི་རྟག་པ་མ་ཡིན་པའི་གཞི་མཐུན་དུ་ཚད་མས་ངེས་པའི་གང་ཟག་སྲིད་པ་ཡང་ཡིན་པ་དེ། རང་ཉིད་དེ་སྒྲུབ་ཀྱི་མི་མཐུན་དཔེ་ཡང་དག་གི་མཚན་ཉིད། ནམ་མཁའ་ལ་དེ་སྒྲུབ་ཀྱི་མི་མཐུན་དཔེ་ཡང་དག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྒྲ་དང་ནམ་མཁའ་གཉིས། བྱས་པ་དང་མི་རྟག་པར་ཆོས་མི་མཐུན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གསུམ་པ་ངེས་བཟུང་སྨོས་ཚུལ་ལ་དཔྱད་པ་ལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་སྒྲའི་སྟེང་དུ་ཡོད་པ་དང་། ཉིད་དང༌། ཉིད་ཡོད་པའི་སྔར་མ་སྨོས་པར་ཕྱིས་སྨོས་པ་དང་། ངེས་པ་སྨོས་པ་ལ་དགོས་པ་གང་ཡོད་ཅེ་ན། དེའི་མཚན་ཉིད་ཀྱི་ཟུར་དུ་ཡོད་པ་སྨོས་པ་ལ་དགོས་པ་ཡོད་དེ། སྒྲུབ་ཕྱོགས་ནས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་དང༌། དགག་ཕྱོགས་ནས་མིག་ཤེས་ཀྱི་བཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། འཐད་ལྡན་ཆུང་བ་ལས། དེ་ལ་ཡོད་པའི་ཚིག་གིས་་ནི་མིག་གིས་བཟུང་བར་བྱ་བ་ཡིན་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་མ་གྲུབ་པ་བསལ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེའི་ཟུར་དུ་ཉིད་སྨོས་པ་ལ་དགོས་པ་ཡོད་དེ། སྒྲུབ་ཕྱོགས་ནས་བྱས་པ་དེ། སྒྲ་མཐའ་དག་གི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་སྒོ་ནས་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་དང་། དགག་ཕྱོགས་ནས་མཚན་མོ་ལོ་མ་འཁུམས་ཏེ་ཉལ་བ་དེ། ཤིང་མཐའ་དག་གི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་སྒོ་ནས་ཤིང་སེམས་ལྡན་དུ་སྒྲུབ་པའི་ཕྱོགས་ཆོས་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དེ་ཉིད་ལས། ཉིད་ཀྱི་ཚིག་གིས་ནི་ཕྱོགས་གཅིག་ལ་མ་གྲུབ་པ་བསལ་བ་ཡིན་ཏེ། ཇི་ལྟར་ལྗོན་ཤིང་ནི་སྲོག་དང་བཅས་པ་ཡིན་ཏེ། ཉལ་བའི་ཕྱིར། ཞེས་ལྗོན་ཤིང་གི་ཕྱོགས་སུ་བྱས་པ་ལ་ལོ་མ་འཁུམས་པའི་མཚན་ཉིད་ཕྱོགས་གཅིག་ལ་མ་གྲུབ་པ་ཡིན་ཏེ། འདི་ལྟར་ཤིང་ཐམས་ཅད་ནི། མཚན་མོ་ལོ་མ་འཁུམས་པ་ལ་བརྟེན་པ་ཁོ་ན་མ་ཡིན་གྱི་འགའ་ཙམ་ཁོ་ནར་ཟད་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། ཉིད་ཡོད་པའི་སྔར་མ་སྨོས་པར་ཕྱིས་སྨོས་པ་ལ་དགོས་པ་ཡོད་དེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་གྱུར་བར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དེ་ཉིད་ལས། ཡོད་པའི་ཚིག་གི་རྗེས་ལ་ཉིད་སྨོས་པས་ནི་ཐུན་མོང་མ་ཡིན་པའི་བསལ་བ་ཡིན་ནོ། །ཅི་སྟེ་རྗེས་སུ་དཔག་པར་བྱ་བ་ཉིད་ལ་ཡོད་པ་ཞེས་སྨྲ་ན་ནི་ཉན་པར་བྱ་བ་ཁོ་ན་གཏན་ཚིགས་ཡིན་པར་འགྱུར་རོ། །ཞེས་གསུངས། དེའི་ཚིག་ཟུར་དུ་ངེས་པ་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སྒྲུབ་ཕྱོགས་ནས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་བས་མ་གྲུབ་པའི་གཏན་ཚིགས་དང༌། དགག་ཕྱོགས་ནས་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར། བྱས་པ་དེ། ཤ་ཟའི་བུམ་པ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དེ་ཉིད་ལས། ངེས་པ་སྨོས་པས་ནི་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཐམས་ཅད་བསལ་བ་ཡིན་ནོ། །ཞེས་གསུངས། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཞེས་ཡོད་པ་སྨོས་པ་ལ་དགོས་པ་ཡོད་དེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་གཅོད་ནུས་པ་ཡང་ཡིན་ཏེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད། དེ་སྒྲུབ་ཀྱི་འགལ་རྟགས་ཡིན་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མེད་དགོས་པའི་ཕྱིར། དེ་སྐད་དུ་ཡང་། དེ་ཉིད་ལས། འདིར་ཡང་ཡོད་པ་སྨོས་པས་ནི་འགལ་བ་བསལ་བ་ཡིན་ཏེ། དེ་ནི་མི་མཐུན་ཕྱོགས་ལ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེའི་ཟུར་དུ་ཉིད་སྨོས་པ་ལ་དགོས་པ་ཡོད་དེ། བྱས་པ་དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དེ་ཉིད་ལས། ཉིད་སྨོས་པས་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་ཉིད་བསལ་བ་ཡིན་ཏེ། དེ་ནི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་གྱི། འོ་ན། ཅི་ཞེ་ན། གཉིས་ཀ་ལ་ཡོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཉིད་ཡོད་པའི་ཕྱིས་མ་སྨོས་པར་སྔར་སྨོས་པ་ལ་དགོས་པ་ཡོད་དེ། རྩོལ་བྱུང་དུང་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཏུ་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་སྐད་དུ། དེ་ཉིད་ལས། ཡོད་པ་སྨོས་པ་ལས་སྔར་ངེས་པར་བཟུང་བ་སྨོས་པས་ནི་ཡོད་པ་ཡིན་ཅིང༌། མཐུན་པའི་ཕྱོགས་ལ་མ་ཁྱབ་པ་རྩོལ་བ་ལས་བྱུང་བ་དག་ཀྱང་གཏན་ཚིགས་ཉིད་དུ་སྨོས་པ་ཡིན་ནོ། །ཕྱིས་ངེས་པར་བཟུང་བ་བྱས་ན་ནི་འདིར་འགྱུར་ཏེ། གང་གི་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཡིན་པ་དེ་གཏན་ཚིགས་མ་ཡིན་ནོ། །ཞེས་བྱ་བར་གོ་བར་འགྱུར་ཏེ། རྩོལ་བ་ལས་བྱུང་བ་ཉིད་གཏན་ཚིགས་མ་ཡིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེའི་ཟུར་དུ་ངེས་པ་སྨོས་པ་ལ་དགོས་པ་ཡོད་དེ། སྒྲུབ་ཕྱོགས་ནས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་དང༌། དགག་ཕྱོགས་ནས་ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ངག་སྨྲ་བ་དེ། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པའི་རྗེས་ཁྱབ་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དེ་ཉིད་ལས། ངེས་པའི་ཚིག་གིས་ནི་རྗེས་སུ་འགྲོ་བ་ལ། ཐེ་ཚོམ་ཟ་བའི་མ་ངེས་པ་ཉིད་བསལ་བ་ཡིན་ནོ། །ཇི་ལྟར་སྨྲ་བའི་ཕྱིར་འགའ་ཞིག་ནི་ཐམས་ཅད་མཁྱེན་པ་མ་ཡིན་ནོ། །ཞེས་བྱ་བ་བཞིན་ནོ། །མཐུན་པའི་ཕྱོགས་ཐམས་ཅད་ལ་སྨྲ་བ་ཉིད་ཐེ་ཚོམ་ཟ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཞེས་མེད་པ་སྨོས་པ་ལ་དགོས་པ་ཡོད་དེ། བྱས་པ་དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་གཅོད་ཀྱང་ནུས་ཏེ། བྱས་པ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་གང་ཞིག །དེ་སྒྲུབ་ཀྱི་འགལ་རྟགས་ཡིན་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་དགོས་པའི་ཕྱིར། དེ་སྐད་དུ་ཡང་། དེ་ཉིད་ལས། མེད་པ་སྨོས་པས་ནི་འགལ་བ་བསལ་བ་ཡིན་ཏེ། འགལ་བ་ནི་མི་མཐུན་ཕྱོགས་ལ་ཡོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེའི་ཟུར་དུ། ཉིད་སྨོས་པ་ལ་དགོས་པ་ཡོད་དེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་འགའ་ཞིག་ལ་ཡོད་པའི་སྒོ་ནས་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་དང༌། མི་རྟག་པ་དེ་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་རྗེས་ཁྱབ་ཡིན་པར་བཅད་པར་བྱ་བའི་ཆེད་དུ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དེ་ཉིད་ལས། ཉིད་སྨོས་པས་ནི་མི་མཐུན་ཕྱོགས་ལ་ཐུན་མོང་དུ་ཡོད་པ་བསལ་བ་ཡིན་ཏེ། རྩོལ་བ་ལས་བྱུང་བ་ཉིད་དུ་སྒྲུབ་པར་བྱ་བ་ལ་མི་རྟག་པ་ཉིད་ནི་ཐུན་མོང་བའི་ཕྱོགས་ལ་སོགས་པ་ལ་ནི་ཡོད་པ་ཡིན་ལ། ནམ་མཁའ་ལ་སོགས་པ་ནི་མེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཉིད་མེད་པའི་སྔར་མ་སྨོས་པར་ཕྱིས་སྨོས་པ་ལ་དགོས་པ་ཡོད་དེ། རྩོལ་བྱུང་དུང་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཏུ་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དེ་ཉིད་ལས། མེད་པའི་སྒྲའི་སྔ་རོལ་ཏུ་ངེས་པར་བཟུང་བ་བྱས་ན་ནི་དོན་འདིར་འགྱུར་ཏེ། མི་མཐུན་པའི་ཕྱོགས་ཉིད་ལ་མེད་པ་གང་ཡིན་པ་དེ་ནི་གཏན་ཚིགས་མ་ཡིན་ཏེ། དེ་ལྟར་ཡང་རྩོལ་བ་ལས་བྱུང་བ་ཉིད་མི་མཐུན་པའི་ཕྱོགས་ལ་ཡང་མེད་དོ། །དེ་དེའི་གཏན་ཚིགས་མ་ཡིན་པར་འགྱུར་བས་དེ་ལྟར་ན་སྔར་མ་ཁྱབ་བོ། །ཞེས་གསུངས་པའི་ཕྱིར། དེའི་ཟུར་དུ་ངེས་པ་སྨོས་པ་ལ་དགོས་པ་ཡོད་དེ། སྒྲུབ་ཕྱོགས་ནས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཡང་དག་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་དང༌། དགག་ཕྱོགས་ནས་ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ངག་སྨྲ་བ་དེ། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་ཡིན་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དེ་ཉིད་ལས། ངེས་པ་སྨོས་པས་ནི་མི་མཐུན་པའི་ཕྱོགས་ལས་བཟློག་པ་ལ་ཐེ་ཚོམ་ཟ་བ་བསལ་ལོ། །ཞེས་གསུངས་པའི་ཕྱིར། །

༈ ངག་དོན་ནི། སློབ་དཔོན་ཕྱོགས་གླང་གིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཚད་མས་ངེས་པ། བྱས་མི་རྟག་པའི་འབྲེལ་པ་ཚད་མས་ངེས་པ་ལ་རག་ལས་པར་བཞེད་པ་ཡིན་ཏེ། སློབ་དཔོན་གྱིས་ཕྱོགས་ཆོས་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ཡང་ངེས་བརྗོད་མཛད་པར་མ་ཟད། རྗེས་ཁྱབ་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ཡང་ངེས་བརྗོད་མཛད། ལྡོག་ཁྱབ་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ཡང་ངེས་བརྗོད་མཛད་པའི་ཕྱིར། དེས་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བྱས་པ་དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེས་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བྱས་པ་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །

༈ རྩོད་པ་སྤང་བ་ལ། ཁ་ཅིག །སྒྲ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་དུ་སྒྲའི་སྟེང་དུ་ཡོད་པ་ཞེས་སྨོས་དགོས་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་དུ་སྒྲའི་སྟེང་དུ་ཡོད་པ་ཞེས་སྨོས་རིགས་པའི་ཕྱིར་ཟེར་ན། འདོད་བྱས་པ་ལ། སྒྲ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲའི་སྟེང་དུ་ཡོད་པ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་ཡོད་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྒྲ་ཡོད་པར་ཚད་མས་ངེས་པའི་གང་ཟག་དུ་ཐལ་ལོ། །ཟེར་ན་མ་ཁྱབ། གཞན་ཡང༌། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་དེས། སྒྲའི་སྟེང་དུ་ཡོད་པ་ཚད་མས་མ་ངེས་པར་ཐལ། སྒྲའི་སྟེང་དུ་ཡོད་པ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར་ཏེ། སྒྲའི་སྟེང་དུ་ཤེས་བྱ་དེ་སྒྲ་ཤེས་བྱར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སྒྲའི་སྟེང་དུ་མི་རྟག་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར་རོ། །

ལུང་འགལ་བཞི་པའི་ཅི་རིགས་པའི་དཔེ་དོན་སྦྱོར་ཚུལ།

༈ མ་གྲུབ་སྦྱར་བ་བརྗོད་བྱ་མིན། །ཞེས་པའི་སྐབས་སུ་བཤད་བྱའི་ལུང་འགོད་པ་དང༌། ལུང་གི་དོན་བཤད་པ་གཉིས། དང་པོ་ནི། མདོ་རང་འགྲེལ་ལས། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ༌། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མི་མཐུན་པའི་ཕྱོགས་ལ་མེད་པ་དག་ལ་ཅི་རིགས་པར་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་སྤྱིར་བཤད་པ་དང༌། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཅི་རིགས་པའི་དོན་གང་ཞེ་ན། བཞག་ཏུ་ཡོད་དེ། དེ་སྒྲུབ་ཀྱི་གཞན་དོན་སྐབས་ཀྱི་རྟགས་ཡང་དག་གི་ཕྱོགས་ཆོས་དེ་སྒྲུབ་ཀྱི་གཞན་དོན་སྐབས་ཀྱི་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མ་གྲུབ་ན་མ་གྲུབ་དགོས་པ་དང༌། དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་དེ་གཉིས་ཀས་མ་གྲུབ་ན་མ་གྲུབ་དགོས་པ་གཉིས་དཔེ་དོན་དུ་སྦྱོར། ཡང་། དེ་སྒྲུབ་ཀྱི་གཞན་དོན་སྐབས་ཀྱི་ཕྱོགས་ཆོས་དེ་གང་རུང་གིས་མ་གྲུབ་ན་མ་གྲུབ་དགོས་པ་དང༌། དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་དེ་གང་རུང་གིས་མ་གྲུབ་ན། མ་གྲུབ་དགོས་པ་གཉིས་དཔེ་དོན་དུ་སྦྱོར། ཡང་། དེ་སྒྲུབ་ཀྱི་གཞན་དོན་སྐབས་ཀྱི་ཕྱོགས་ཆོས་ལ་དེ་གང་རུང་གིས་ཐེ་ཚོམ་ཟ་ན། མ་གྲུབ་དགོས་པ་དང༌། དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ལ། དེ་གང་རུང་གིས་ཐེ་ཚོམ་ཟ་ན་མ་གྲུབ་དགོས་པ་གཉིས་དཔེ་དོན་དུ་སྦྱོར། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་གྲུབ་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་དགོས་པ་དང༌། དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་མ་གྲུབ་ན་དེ་སྒྲུབ་ཀྱི་རྗེས་ཁྱབ་མ་གྲུབ་དགོས་པ་གཉིས་དཔེ་དོན་དུ་སྦྱོར་ཅིང༌། དང་པོ་དེ་དང་དེ་སྒྲུབ་ཀྱི་མི་མཐུན་དཔེ་ཡང་དག་མ་གྲུབ་ན་དེ་སྒྲུབ་ཀྱི་ལྡོག་ཁྱབ་མ་གྲུབ་དགོས་པ་གཉིས་དཔེ་དོན་མི་སྦྱོར་བ་ལུང་དེའི་དོན་ཡིན་ནོ། །ཕྱི་མ་གཉིས་དཔེ་དོན་དུ་མི་སྦྱོར་བ་ཡང་ཡིན་ཏེ། བློའི་ཡུལ་དུ་བྱ་རུང་གི་རྟགས་ཀྱིས་སྒྲ་ཤེས་བྱར་སྒྲུབ་པའི་ལྡོག་ཁྱབ་གྲུབ་ཀྱང་མི་མཐུན་དཔེ་ཡང་དག་མ་གྲུབ་པའི་ཕྱིར། གཉིས་པ་ནི། དེ་སྒྲུབ་ཀྱི་གཞན་དོན་སྐབས་ཀྱི་ཕྱོགས་ཆོས་དེ་སྒྲུབ་ཀྱི་རྒོལ་ཕྱི་རྒོལ་གཉིས་ཀས་མ་གྲུབ་ན། མ་གྲུབ་དགོས་པ་དང༌། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་ནང་ཚན་དུ་གྱུར་པའི་འགལ་རྟགས་གཉིས་ཀྱི་ཁྱབ་པ་རྒོལ་ཕྱི་རྒོལ་གཉིས་ཀས་མ་གྲུབ་ན་མ་གྲུབ་དགོས་པ་གཉིས་དཔེ་དོན་དུ་སྦྱོར། ཡང་། དེ་དེ་གང་རུང་གིས་མ་གྲུབ་ན་མ་གྲུབ་དགོས་པ་དང༌། དེ་དགུའི་ནང་ཚན་དུ་གྱུར་པའི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་བཞིའི་ཁྱབ་པ། དེ་གང་རུང་གིས་མ་གྲུབ་ན་མ་གྲུབ་དགོས་པ་གཉིས་དཔེ་དོན་དུ་སྦྱོར། ཡང་། དེ་གང་རུང་གིས་ཐེ་ཚོམ་ཟ་ན་མ་གྲུབ་དགོས་པ་དང༌། དེ་དགུའི་ནང་ཚན་དུ་གྱུར་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཀྱི་ཁྱབ་པ་ལ་དེ་གཉིས་ཀས་ཐེ་ཚོམ་ཟ་ན་མ་གྲུབ་དགོས་པ་གཉིས་དཔེ་དོན་དུ་སྦྱོར། དེ་སྒྲུབ་ཀྱི་གཞན་དོན་སྐབས་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་གྲུབ་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་དགོས་པ་དང༌། དེ་དགུའི་ནང་ཚན་དུ་གྱུར་པའི་རྟགས་ཡང་དག་གཉིས་ཀྱི་མཐུན་དཔེ་ཡང་དག་མ་གྲུབ་ན། དེ་གཉིས་ཀྱི་རྗེས་ཁྱབ་མ་གྲུབ་དགོས་པ་གཉིས་དཔེ་དོན་དུ་སྦྱོར་ཅིང༌། དང་པོ་དེ་དང༌། དེ་དགུའི་ནང་ཚན་དུ་གྱུར་པའི་རྟགས་ཡང་དག་གཉིས་ཀྱི་མི་མཐུན་དཔེར་གཞི་མ་གྲུབ་པ་བཟུང་ན། དེ་གཉིས་ཀྱི་ལྡོག་ཁྱབ་མ་གྲུབ་དགོས་པ་གཉིས་དཔེ་དོན་མི་སྦྱོར་བ་དེའི་དོན་ཡིན་ནོ། །ཕྱི་མ་དེ་མི་སྦྱོར་བ་ཡང་ཡིན་ཏེ། དེ་གཉིས་ཀྱི་མི་མཐུན་དཔེར་གཞི་མ་གྲུབ་པ་བཟུང་བའི་ཕྱིར་ཏེ། ནམ་མཁའི་པདྨོ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་དཔེ་ཡང་དག་དང༌། རྩོལ་བྱུང་གི་རྟགས་ཀྱིས་དུང་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། །

༈ རྩོད་པ་སྤང་བ་ལ། ཁ་ཅིག་ན་རེ། བ་སྤྱི་རྟག་དངོས་རང་གི་བསལ་བ་དུ་མ་ལ་དོན་དམ་པར་འཕྲོ་འདུ་མ་འབྲེལ་བར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པར་ཐལ། དེ་སྐོར་གྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་གྲུབ་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བ་སྤྱི་རྟག་དངོས་མ་གྲུབ་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། བ་གླང་གི་དོན་སྤྱི་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བ་གླང་གི་དོན་སྤྱི་དེ། བ་སྤྱི་རྟག་དངོས་དོན་དམ་པར་མེད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་དེ་དངོས་མེད་དུ་སྒྲུབ་པའི་དེ་ཡིན་པར་ཐལ་ལོ། །འདོད་ན། རི་བོང་གི་རྭའི་དོན་སྤྱི་དེ་རི་བོང་གི་རྭ་དངོས་མེད་དུ་སྒྲུབ་པའི་དེ་ཡིན་པར་ཐལ་ལོ། །གཞན་ཡང༌། བ་གླང་དེ་ཡང་དེ་སྒྲུབ་ཀྱི་དེ་ཡིན་པར་ཐལ་ལོ། །འདོད་པ་གང་ཞིག །བྱེ་བྲག་པས་བ་གླང་དང་བ་གླང་གི་དོན་སྤྱི་གཉིས་དོན་གཅིག་ཏུ་ཁས་ལེན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་བ་གླང་འཛིན་པའི་རྟོག་པ་ལ་བ་གླང་སྣང་བ་དེ་བ་གླང་དུ་ཁས་ལེན་པའི་ཕྱིར་ཏེ། དེས་དེ་ལ་སྣང་བ་སྣང་བ་ལྟར་གྲུབ་པར་ཁས་ལེན་པའི་ཕྱིར་ཏེ། དེས་དེ་རང་ཡུལ་ལ་དངོས་དབང་གིས་འཇུག་པར་ཁས་ལེན་པའི་ཕྱིར། རྩ་བར་འདོད་ན། དེ་དེ་དངོས་མེད་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་དུ་ཐལ་ལོ། །ཟེར་ན། ཁོ་རང་ལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཚད་མས་བསལ་བར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཚད་མས་བསལ་བའི་ཕྱིར། ཁྱབ་སྟེ། ཀུན་ཏུ་རྒོལ་བ་བདག་ཉིད་ཀྱི། །ཞེས་སོགས་གསུངས་པའི་ཕྱིར་རོ། །

༈ བྱས་པ་མི་རྟག་པ་ཁོ་ན་ལ་འཇུག་པར་ངེས་པ་ལ་ཚད་མ་རྣམ་པ་གསུམ་དགོས་སམ་མི་དགོས་ཞེ་ན། དེ་དགོས་ཏེ། ཊཱིཀ་ཆེན་ལས། བྱས་པ་མི་རྟག་པ་ཁོ་ན་ལ་འཇུག་པར་ངེས་པ་ལ་ཚད་མ་གསུམ་དགོས་ཀྱི། དེ་ལས་མང་བ་མི་དགོས་ཏེ། འདི་ལྟར། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཚད་མ་དང༌། མཚན་གཞི་བྱས་པ་ངེས་བྱེད་ཀྱི་ཚད་མ་དང༌། རྟག་པ་ལ་བྱས་པ་འགོག་པའི་ཚད་མའོ། །ཚད་མ་ཕྱི་མ་གཉིས་ལས་མེད་ན། དུང་སེར་པོ་ཁོ་ན་ལ་འཇུག་པར་ཐལ། དུང་ཚད་མས་གྲུབ། སྔོན་པོ་ལ་འཇུག་པ་ཁེགས་པའི་ཕྱིར། དེ་ནི་སྔོ་སེར་དངོས་འགལ་དུ་ངེས་པའི་ཚད་མ་མེད་པའི་ཉེས་པའོ། །ཚད་མ་གཉིས་པ་མེད་ན། ཤེས་བྱ་མ་ཡིན་པ་མི་རྟག་པ་ཁོ་ན་ལ་འཇུག་པར་ཐལ། རྟག་མི་རྟག་དངོས་འགལ་དུ་ངེས། དེ་རྟག་པ་ལ་ཁེགས་པའི་ཕྱིར། གཞི་མ་གྲུབ་ཀྱི་རྟག་པ་ཁེགས་ན་ཉེས་པ་དེར་འགྱུར་ཡང་མོ་གཤམ་གྱི་བུ་ལ་སོགས་པ་རྟག་པའོ། །ཞེ་ན། རི་བོང་གི་མགོ་ལ་རྭ་ཡོད་ཅེས་སྨྲས་ན་ཉེས་པ་ཅི་ཡོད། ཚད་མ་གསུམ་པ་མེད་ན། གཞལ་བྱ་དེ་ནི། རྟག་པ་ཁོ་ན་ལ་འཇུག་པར་ཐལ། མཚན་གཞི་གཞལ་བྱ་ཚད་མས་ངེས། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཕྱིར། །

མཉན་བྱ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཡིན་མིན་དཔྱད་པ།

༈ ཁྱད་པར་རྣམ་པར་གཅོད་པ་ཡི། །ཞེས་སོགས་ཀྱི་སྐབས་སུ་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་མིན་དཔྱད་པ་ལ། འདི་ལ་བཞེད་སྲོལ་གཉིས་ལས། ཡིན་པར་ནི། རྒྱ་གར་དུ་རྒྱལ་དབང་བློ་དང་། ཤནྟི་པ། བོད་དུ་མཁས་པ་ཉ་དཔོན་ལ་སོགས་པ་བཞེད། མིན་པ་ནི། སློབ་དཔོན་ཆོས་མཆོག་དང་། བྲམ་ཟེ་ཆེན་པོ་ལ་སོགས་པ་བཞེད་པ་ཡིན་ཏེ། ཉ་ཊཱིཀ་ལས། ཆོས་མཆོག་དང་བྲམ་ཟེ་གཉིས་ཀྱིས་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་བཤད་ལ། རྒྱལ་དབང་བློ་དང་། ཤནྟི་པས་རྟགས་ཡང་དག་ཏུ་བཞེད་དོ། །ཞེས་དང་། ཡང་དེ་ཉིད་ལས། མཁས་གྲུབ་ཤནྟི་པས་ཀྱང་རྨོངས་པ་ལ་དཔེ་དགོས། མཁས་པ་ལ་དཔེ་མི་དགོས་པས། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་མཁས་པ་རྣམས་ལ་ནི། གཏན་ཚིགས་འབའ་ཞིག་བརྗོད་པར་ཟད་ཅེས་པས་བསྟན། ནང་གི་ཁྱད་པར་བཤད་དེ་ལེགས་སམ་སྙམ་ཞེས་གསུངས་ཏེ། དེས་ན་རང་ལུགས་དང་པོ་དེའི་རྗེས་སུ་འབྲང་ངོ༌། །བྱས་པ་ལ་ཁོ་ན་རེ། མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། ཕྱོགས་ཆོས་འཁོར་ལོ་ལས། དབུས་ན་ཐུན་མོང་མིན་པ་འོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཁོ་རང་ལ། རེག་བྱ་ཅན་མ་ཡིན་པ་དེ། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡང་རྣམ་གཉིས། མི་མཐུན་ཕྱོགས་ལ་ཡང་རྣམ་གཉིས་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། དེ་ཉིད་ལས། མི་རྟག་རྩོལ་བྱུང་རེག་མིན་པ། །ཞེས་གསུངས་པའི་ཕྱིར། ཁྱབ་པ་ཁས། འདོད་ན་སླ། དེས་ན། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དང་པོར་མཉན་བྱ་ལ་མི་རྟག་པས་ཁྱབ་པ་ཚད་མས་ངེས། དེའི་རྗེས་སུ་དེ་དང་སྒྲའི་མིང་དོན་གྱི་འབྲེལ་པ་ཚད་མས་ངེས་པའི་མཉན་བྱ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེ། མཉན་བྱ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་འདྲའི་གང་ཟག་ཡོད་པའི་ཕྱིར་ཏེ། རྣམ་ངེས་ཊཱིཀ་ཆེན་ལས། མཉན་བྱ་ལ་མི་རྟག་པས་ཁྱབ་པ་གྲུབ་ཟིན་མ་བརྗེད་པ་དེའི་རྗེས་སུ། མཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་ཤེས་པར་བྱས་པས་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་སུ་གྲུབ། དེའི་རྗེས་སུ་རྟགས་དེ་ལ་བརྟེན་ནས་སྒྲ་མི་རྟག་པར་གསར་དུ་ངེས་པར་བྱར་ཡོད་དོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྣམ་བཤད་སྙིང་པོ་རྒྱན་ལས། སྡུག་བདེན་གྱི་ཆོས་ཉིད་རྟོགས་པའི་ཚེ་ཀུན་འབྱུང་གི་ཆོས་ཉིད་མ་རྟོགས་པར་འདོད་པ་ནི། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་ལེན་དགོས་པ་སོགས། ཉེས་པ་དུ་མའི་འབྱུང་ཁུངས་སུ་མཐོང་ངོ་། །ཞེས་གསུངས་པ་མི་འཐད་པར་ཐལ། དམ་བཅའ་འཐད་པའི་ཕྱིར་ཟེར་ན་མ་ཁྱབ། སྡུག་བདེན་གྱི་ཆོས་ཉིད་མངོན་སུམ་གྱིས་རྟོགས་ནས་ཀུན་འབྱུང་གི་ཆོས་ཉིད་མངོན་སུམ་གྱིས་མ་རྟོགས་པའི་གང་ཟག་ཡོད་ན། མཉན་བྱ་མི་རྟག་པར་མངོན་སུམ་གྱིས་རྟོགས་ནས་སྒྲ་མི་རྟག་པར་མངོན་སུམ་གྱིས་མ་རྟོགས་པའི་གང་ཟག་ཡོད་དགོས། དེས་ན་གང་ཟག་དེ་ལ་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་རོ། །ཞེས་པའི་དོན་ཡིན་པའི་ཕྱིར། འོ་ན། ཁོ་རང་ལ། མཉན་བྱ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། མཉན་བྱ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་དང་སྒྲའི་མིང་དོན་གྱི་འབྲེལ་པ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། དེ་སྐྱེས་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་ཡིན་དགོས་པར་ཐལ་ལོ། །འདོད་ན། དེ་ཡིན་ན་མཉན་བྱ་དང་སྒྲའི་མཚན་མཚོན་གྱི་འབྲེལ་པ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། དེ་ཡིན་ན། མཉན་བྱ་སྒྲའི་མཚན་ཉིད་དུ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་མི་ནུས་ཏེ། སྐྱེས་པ་དེ་མཉན་བྱ་མཚན་ཉིད་དུ་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། གཞན་ཡང༌། མཉན་བྱ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་མི་དགོས་པར་ཐལ། མཉན་བྱ་མི་རྟག་པར་ཚད་མས་ངེས་ནས་སྒྲ་མི་རྟག་པར་ཚད་མས་མ་ངེས་པའི་གང་ཟག་ཡོད་པའི་ཕྱིར་ཏེ། མཉན་བྱ་ལ་མི་རྟག་པས་ཁྱབ་པ་ཚད་མས་ངེས་ནས། སྒྲ་མི་རྟག་པར་ཚད་མས་ངེས་དགོས་ཀྱི་གང་ཟག་ཡོད་པའི་ཕྱིར་ཏེ། ཊཱིཀྐ་ལས། མཉན་བྱ་ལ་མི་རྟག་པས་ཁྱབ་པ་སྔར་ངེས། དེའི་རྗེས་སུ་མཉན་བྱ་སྒྲའི་ཐུན་མོང་མ་ཡིན་པའི་ཆོས་སུ་ངེས། དེའི་རྗེས་སུ་སྒྲ་མི་རྟག་པར་ངེས་ཀྱང༌། ཞེས་གསུངས་པའི་ཕྱིར། གཞན་ཡང༌། རྫ་བུམ་འཇིག་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། རྫ་བུམ་དང་རྫ་མཁན་གྱི་མིང་དོན་གྱི་འབྲེལ་པ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། མཉན་བྱ་མི་རྟག་པར་ཚད་མས་ངེས་པའི་དེ་ཡིན་ན། དེ་དང་སྒྲའི་མིང་དོན་གྱི་འབྲེལ་པ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དེ་རྫ་མཁན་གྱིས་བྱས་པར་ཚད་མས་མ་ངེས་པར། རྫ་བུམ་འཇིག་པར་ཚད་མས་ངེས་པའི་གང་ཟག་ཡོད་པའི་ཕྱིར། གཞན་ཡང༌། མི་རྟག་པས་ཁྱད་པར་དུ་བྱས་པའི་མཉན་བྱ་དེ། དེས་ཁྱད་པར་དུ་བྱས་པའི་སྒྲའི་མཚན་ཉིད་དུ་ཐལ། མི་རྟག་པར་གྱུར་པའི་མཉན་བྱ། མི་རྟག་པར་གྱུར་པའི་སྒྲའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། སེ་གོལ་གྱི་མཉན་བྱ། སེ་གོལ་གྱི་སྒྲའི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། དེས་ཁྱད་པར་དུ་བྱས་པའི་མཉན་བྱ་ཚད་མས་ངེས་ནས། གཅིག་ཤོས་ཚད་མས་མ་ངེས་པའི་གང་ཟག་ཡོད་པར་ཐལ་ལོ། །འདོད་ན། དེ་འདྲའི་གང་ཟག་ཆོས་ཅན། དེས་ཁྱད་པར་དུ་བྱས་པའི་སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། སྒྲ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། མཉན་བྱ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེས་ཁྱད་པར་དུ་བྱས་པའི་མཉན་བྱ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཆོས་ཅན་དེ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེས་ཁྱད་པར་དུ་བྱས་པའི་སྒྲའི་མཚན་ཉིད་མེད་ཟེར་ན། དེ་ཡོད་པར་ཐལ། དེའི་ཁྱད་ཆོས་སུ་གྱུར་པའི་སྒྲའི་མཚན་ཉིད་ཡོད་པའི་ཕྱིར་ཏེ། དེའི་ཁྱད་ཆོས་སུ་གྱུར་པའི་མཉན་བྱ་དེ། དེ་ཡིན་པའི་ཕྱིར་ཏེ། སྒྲའི་ཁྱད་གཞིར་གྱུར་པའི་སྐད་ཅིག་མ་དེ། སྒྲའི་ཁྱད་གཞིར་གྱུར་པའི་མི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བའི་གང་ཟག་གི་རིགས་རྒྱུན་དུ་གྱུར་པའི་སྒྲ་མི་རྟག་པར་རྟོགས་མ་ཐག་པའི་སོ་སོ་སྐྱེ་བོའི་རྒྱུད་ཀྱི་སྒྲ་མི་རྟག་པར་རྟོགས་པའི་ཚད་མ་དེ་རྗེས་དཔག་ཚད་མ་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་བྱས་པ་ལ། དེ་མི་འཐད་པར་ཐལ། དེ་མངོན་སུམ་ཡིན་པའི་ཕྱིར་ཏེ། དེ་འདྲའི་སོ་སོ་སྐྱེ་བོ་དེས་སྒྲ་མི་རྟག་པ་མངོན་སུམ་གྱིས་རྟོགས་པའི་ཕྱིར་ཏེ། དེ་ཡོད་པ་གང་ཞིག །སྤྱིར་སོ་སོ་སྐྱེ་བོས་སྒྲ་མི་རྟག་པར་མངོན་སུམ་གྱིས་རྟོགས་པའི་ཕྱིར་ཏེ། སྒྲ་མི་རྟག་པ་དེ་ཕྲ་བའི་མི་རྟག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། མཉན་བྱ་མི་རྟག་པ་ཡང་དེར་ཐལ་ལོ། །འདོད་ན། མཉན་བྱ་མི་རྟག་པར་མངོན་སུམ་གྱི་ཚད་མས་གྲུབ་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་མངོན་སུམ་གྱི་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། མཉན་བྱ་མི་རྟག་པར་ཚད་མས་གྲུབ་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །ཟེར་ན་མ་ཁྱབ་བོ། །སྒྲ་མི་རྟག་པ་ཕྲ་བའི་མི་རྟག་པ་ཡིན་པར་ཐལ། དེ། ཊཱིཀ་ཆེན་ལས། ཕྲ་བའི་མི་རྟག་པ་རྟགས་ལས་རྟོགས་ཀྱང་རགས་པའི་མི་རྟག་པ་མངོན་སུམ་གྱིས་གྲུབ་པ་དང་མི་འགལ་ལོ། །ཞེས་པའི་སྐབས་ནས་བསྟན་པའི་ཕྲ་བའི་མི་རྟག་པ་ཡིན་པའི་ཕྱིར་ཏེ། སྒྲ་བྱས་པ་དེ་དེའི་སྐབས་ནས་བསྟན་པའི་རགས་པའི་མི་རྟག་པ་ཡིན་པའི་ཕྱིར་ཏེ། དེ་མངོན་སུམ་གྱི་ཚད་མས་གྲུབ་ནས། སྒྲ་མི་རྟག་པར་རྟགས་ལ་བརྟེན་ནས་རྟོགས་དགོས་ཀྱི་སོ་སོ་སྐྱེ་བོ་ཡོད་པའི་ཕྱིར། ཁོ་ན་རེ། མཉན་བྱ་སྒྲ་མ་ཡིན་པ་ལས་ལོག་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་མཉན་བྱ་མ་ཡིན་པ་ལས་ལོག་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། མཉན་བྱ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། མཉན་བྱ་མ་ཡིན་པ་ལས་ལོག་པ་མི་རྟག་པར་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པའི་ཕྱིར། གཞན་ཡང༌། མཉན་བྱ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡོད་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། དོན་རིག་འདས་པ་དཔེ་དག་དང༌། །ཞེས་སོགས་གསུངས་པའི་ཕྱིར་ན་སྤྱིར་མ་ཁྱབ་ཅིང༌། རྩ་བར་འདོད་བྱས་པ་ལ། དུང་སྒྲ་དེ་དེ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དུང་སྒྲ་མི་རྟག་པར་ཚད་མས་གྲུབ་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་ཚད་མས་གྲུབ་པའི་དེ་ཡིན་དགོས་པའི་ཕྱིར། འོ་ན། དེ་སྐོར་གྱི་མཐུན་དཔེ་ཡང་དག་གང་ཞེ་ན། དེ་ཡོད་དེ། སེ་གོལ་གྱི་མཉན་བྱ་དེ་དེ་ཡིན་པའི་ཕྱིར་ཏེ། དེ་མཉན་བྱ་དང་མི་རྟག་པའི་གཞི་མཐུན་དུ་ཚད་མས་ངེས་ནས། སྒྲ་མི་རྟག་པ་ལ་ཚད་མས་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པའི་ཕྱིར། ཁོ་རང་ལ། གཟུགས་འཛིན་མིག་ཤེས་ཞེས་པའི་ངག་ལས་ཐུན་མོང་མ་ཡིན་པར་གོ་ནུས་ཆོས་ཅན། རང་ཉིད་ཀྱི་རྟགས་ཀྱིས་གཟུགས་འཛིན་དབང་ཤེས་ལ་མིག་ཤེས་ཞེས་བརྡ་སྦྱར་འོས་པར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡོད་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་ཕྱིར་ཐ་སྙད་འདི་ལ་ནི། །སྦྱར་བྱ་རང་བཞིན་རྟགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་འཛིན་དབང་ཤེས་ཞེས་པའི་ངག་ལས། ཐུན་མོང་མ་ཡིན་པར་གོ་ནུས་ཡིན་ན། གཟུགས་འཛིན་དབང་ཤེས་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་ཤེས་གཟུགས་འཛིན་དབང་ཤེས་མ་ཡིན་པས་སྟོང་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་ངག་ལས་དེ་དེས་སྟོང་པ་མ་ཡིན་པ་ཐུན་མོང་མ་ཡིན་པར་གོ་ནུས་པའི་ཕྱིར་ཏེ། དེ་ལས་དེ་ཁོ་ཁོ་རང་དུ་ཐུན་མོང་མ་ཡིན་པར་གོ་ནུས་པའི་ཕྱིར་ན་མ་ཁྱབ། འོ་ན། དོན་རིག་འདས་པ། སོགས་ཀྱི་དོན་གང་ཞེ་ན། བཞག་ཏུ་ཡོད་དེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན། རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་ཡོད་པས་ཁྱབ་པ་དེའི་དོན་ཡིན་པའི་ཕྱིར། འོ་ན། གཟུགས་འཛིན་ཞེས་པའི་ངག་ལས་ཐུན་མོང་མ་ཡིན་པར་གོ་ནུས་ཀྱི་རྟགས་ཀྱིས་གཟུགས་འཛིན་དབང་ཤེས་ལ་དབང་ཤེས་ཞེས་པའི་བརྡ་སྦྱར་འོས་པར་སྒྲུབ་པའི་མཐུན་དཔེ་ཡང་དག་གང་ཞེ་ན། ནས་ཀྱི་མྱུ་གུ་དེ་དེ་ཡིན་པའི་ཕྱིར་ཏེ། དེ་དེ་སྐོར་གྱི་ཕྱོགས་མཐུན་གྱི་དཔེ་ཡིན་པའི་ཕྱིར་ཏེ། མདོ་རང་འགྲེལ་ལས། དཔེར་ན། རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། །

སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་རྟགས་བཤད་པ།

༈ དེ་ཕྱིར་རྒྱུ་དང་རང་བཞིན་དག །ཅེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །ཞེས་པ་ནས། གཏན་ཚིགས་མེད་སྒྲུབ་ཡིན་ནམ་ཅི། །ཞེས་པའི་བར་གྱིས། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པ་དགག་པ་ལ། དེ་ལྟར་བཀག་པ་ལ་བརྟེན་ནས་གང་བསྒྲུབ་པ་ཡིན་ཞེ་ན། དེ་ལ་བརྟེན་ནས་འབྲས་རང་གི་རྟགས་ཡང་དག་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ། དེ་གཉིས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་གྲུབ་པ་ལ་རག་ལས་པར་གྲུབ་བོ། །ཞེས་འཆད་པར་བྱེད་པ་ལ། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ཞེས་སོགས་རྐང་པ་བཞི་བྱུང༌། དེ་ཡང༌། རང་བཞིན་གྱི་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པ། དེའི་རྟགས་ཆོས་ཀྱི་འབྲེལ་པ་གྲུབ་པ་ལ་རག་ལས་སོ། །ཞེས་འཆད་པར་བྱེད་པ་ལ། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ཞེས་སོགས་རྐང་པ་ཕྱེད་དང་གསུམ་བྱུང༌། འབྲས་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པ། དེའི་རྟགས་ཆོས་ཀྱི་འབྲེལ་པ་གྲུབ་པ་ལ་རག་ལས་སོ། །ཞེས་འཆད་པར་བྱེད་པ་ལ། རྒྱུ་ཡིས་ནི། ཞེས་སོགས་རྐང་པ་ཕྱེད་དང་གཉིས་བྱུང༌། རང་རེས། དེ་ལྟར་ཁས་བླངས་པ་ལ། དེ་མི་འཐད་པར་ཐལ། བྱས་མི་རྟག་གཉིས་འབྲེལ་མེད་ཡིན་པའི་ཕྱིར་ཟེར་ན། འདི་ལ་ལྡོག་ཁྱབ་མ་གྲུབ་པའི་གནོད་པ་དང༌། རྗེས་ཁྱབ་མ་གྲུབ་པའི་གནོད་པ་གཉིས། དང་པོ་འཆད་པར་བྱེད་པ་ལ། དེ་ལྟ་མིན་ན་གཅིག་ལོག་པས། །ཞེས་པ་རྐང་པ་གཉིས་བྱུང༌། འོ་ན། གཅིག་མི་རྟག་པ་ལོག་པའི་སྟོབས་ཀྱིས། གཞན་བྱས་པ་ལྡོག་པར་འགྱུར་བ་མ་ཡིན་པར་ཐལ། བྱས་མི་རྟག་གཉིས་འབྲེལ་མེད་ཡིན་པའི་ཕྱིར། དཔེར་ན། མི་འགའ་ཞིག་ལ་རྟ་མེད་ན། དེ་ལ་ཕྱུགས་མེད་མི་དགོས་པ་བཞིན་ནོ། །ཞེས་མཐུན་དཔེ་འཆད་པར་བྱེད་པ་ལ། མི་ལ་རྟ་མི་བདོག་ཅེས་ཏེ། །ཞེས་པ་རྐང་པ་གཉིས་བྱུང༌། རྗེས་ཁྱབ་མ་གྲུབ་པའི་གནོད་བྱེད་དེ་འཆད་པར་བྱེད་པ་ལ། དེ་བཞིན་གཅིག་གཅིག་ཉེ་བའི་ཕྱིར། །ཞེས་སོགས་རྐང་པ་གཉིས་བྱུང༌། འོ་ན། བྱས་པ་ཡོད་ན། མི་རྟག་པ་ཡོད་པས་མ་ཁྱབ་པར་ཐལ། བྱས་མི་རྟག་གཉིས་འབྲེལ་མེད་ཡིན་པའི་ཕྱིར། དཔེར་ན། མི་འགའ་ཞིག་ལ་རྟ་ཡོད་ན། དེ་ལ་ཕྱུགས་ཡོད་མི་དགོས་པ་བཞིན་ནོ། །ཞེས་པའི་མི་མཐུན་དཔེ་འཆད་པར་བྱད་པ་ལ། མི་ལ་ཕྱུགས་ནི། ཞེས་སོགས་རྐང་པ་གཉིས་བྱུང༌། རང་རེས། གོང་དུ་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པ། དེའི་རྟགས་ཆོས་ཀྱི་འབྲེལ་པ་གྲུབ་པ་ལ་རག་ལས་པར་བསྟན་པ་ལ། འོ་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཚད་མས་ངེས་པ་ལ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་པ་སྔོན་དུ་འགྲོ་དགོས་པར་ཐལ། རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་ཁྱབ་པ་ཚད་མས་ངེས་པ། དེའི་རྟགས་ཆོས་ཀྱི་འབྲེལ་པ་ཚད་མས་ངེས་པ་ལ་རག་ལས་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དྲན་པའི་དྲན་ཤེས་སྐྱེ་བ་དེ། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་མཐའ་དག་ཚད་མས་ངེས་པ་ལ་རག་ལས་པར་ཐལ། འདོད་པའི་ཕྱིར། ཟེར་ན་མ་ཁྱབ་པའི་ལན་དེ་འཆད་པར་བྱེད་པ་ལ། དེ་ཕྱིར་ཆོས་མི་མཐུན་དཔེ་ལ། །ཞེས་སོགས་རྐང་པ་གཉིས་བྱུང༌། ཁྱོད་ཀྱི་དེ་ལ་ཁྱབ་པ་མེད་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་དངོས་བསྟན་དུ་གྱུར་པའི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དྲན་པའི་དྲན་ཤེས་སྐྱེ་བ་དེ། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་དཔེ་མཐའ་དག་ལ་མེད་པར་ཚད་མས་ངེས་པ་ལ་རག་ལས་པའི་ཕྱིར། དཔེར་ན། མི་རྟག་པ་མ་ཡིན་ན། བྱས་པ་མ་ཡིན་པས་ཁྱབ། དཔེར་ན། དངོས་གྱུར་གྱི་ནམ་མཁའ་བཞིན། སྒྲ་ནི་བྱས། ཞེས་པའི་སྒྲུབ་ངག་བཀོད་པ་ལ་བརྟེན་ནས། ཁོ་རང་འགོད་པ་སྐབས་སུ་བབས་པའི་གང་ཟག་གི་རྒྱུད་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དྲན་པའི་དྲན་ཤེས་སྐྱེད་པའི་དཔེ་འདི་བཞིན་ནོ། །ཞེས་དཔེ་དང་བཅས་ཏེ་འཆད་པར་བྱེད་པ་ལ། དེ་དག་མེད་ནའང་དེ་མེད་ཅེས། །ཞེས་སོགས་རྐང་པ་གཉིས་བྱུང༌། འོ་ན། འབྲས་རང་གི་རྟགས་ཡང་དག་གཉིས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་གཉིས་མཐུན་དཔེའི་སྟེང་དུ་བསྟན་པ་ལ་དགོས་པ་གང་ཡོད་ཅེ་ན། བྱས་མི་རྟག་གི་འབྲེལ་པ་མཐུན་དཔེ་བུམ་པའི་སྟེང་དུ་བསྟན་པ་ལ་དགོས་པ་ཡོད་དེ། བྱས་མི་རྟག་གི་འབྲེལ་པ་སྔར་ཚད་མས་མ་ཤེས་པ་རྣམས་ཤེས་པའི་ཕྱིར་དུ་བསྟན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དཔེ་ལ་དེ་ཡི་ངོ་བོ་དང༌། །ཞེས་པ་འདི་བྱུང་། མེ་དུའི་འབྲེལ་པ་མཐུན་དཔེ་ཚང་མང་གི་སྟེང་དུ་བསྟན་པ་ལ་དགོས་པ་ཡོད་དེ། མེ་དུའི་འབྲེལ་པ་སྔར་ཚད་མས་མ་ཤེས་པ་རྣམས་ཤེས་པའི་ཕྱིར་དུ་བསྟན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ། ཞེས་པ་འདི་བྱུང༌། འོ་ན། བྱས་མི་རྟག་གི་ཁྱབ་འབྲེལ་ཚད་མས་ཤེས་ཟིན་མ་བརྗེད། སྒྲ་བྱས་པ་ཚད་མས་མི་ཤེས་ཤེས་རུང་དུ་ཡོད་པའི་རྒོལ་བའི་ངོར། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་འགོད་དགོས་སམ་ཞེ་ན། མི་དགོས་ཏེ། དེ་དང་སྒྲ་བྱས་པ་གཉིས་ཀྱི་ནང་ནས། སྒྲ་བྱས་པ་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་འབའ་ཞིག་བརྗོད་པས་ཆོག་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མཁས་པ་རྣམས་ལ་ནི། ཞེས་པ་རྐང་པ་ཕྱེད་དང་གཉིས་བྱུང༌། དེ་ལྟར་མ་ཡིན་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་གི་ངོར། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་དང༌། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གཉིས་ཀ་འགོད་དགོས་སམ་ཞེ་ན། དེ་མི་དགོས་ཏེ། བྱས་ན་མི་རྟག་པས་ཁྱབ། ཅེས་སོགས་ཀྱི་སྒྲུབ་ངག་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་གི་ངོར། དེ་སྐོར་གྱི་རྗེས་ཁྱབ་དངོས་སུ་བརྗོད་པའི་དེ་སྐོར་གྱི་སྒྲུབ་ངག་ཡང་དག་བཀོད་པ་ལ་བརྟེན་ནས། དེའི་རྒྱུད་ལ་དེ་སྐོར་གྱི་ལྡོག་ཁྱབ་དྲན་པའི་དྲན་ཤེས་སྐྱེ་ནུས། རྟག་ན་མ་བྱས་པས་ཁྱབ། ཅེས་སོགས་ཀྱི་སྒྲུབ་ངག་འགོད་པ་སྐབས་སུ་བབས་པའི་གང་ཟག་གི་ངོར། དེ་སྐོར་གྱི་ལྡོག་ཁྱབ་བརྗོད་པའི་དེ་སྐོར་གྱི་སྒྲུབ་ངག་ཡང་དག་བཀོད་པ་ལ་བརྟེན་ནས། རང་རྒྱུད་ལ་དེ་སྐོར་གྱི་རྗེས་ཁྱབ་དྲན་པའི་དྲན་ཤེས་སྐྱེ་ནུས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །ཞེས་སོགས་རྐང་པ་བཞི་བྱུང༌། །

༈ དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ཞེས་སོགས་ཀྱི་སྐབས་སུ། འབྲས་རང་གི་རྟགས་ཡང་དག་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་དེ། དེ་གཉིས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་འགྲུབ་པ་ལ་རག་ལས་པར་བསྟན་པ་ལ་བརྟེན་ནས་གང་འགྲུབ་པ་ཡིན་ན། དེ་ལ་བརྟེན་ནས་རྒྱུ་མ་དམིགས་པའི་རྟགས་ཡང་དག་དང༌། ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་དེ། དེ་གཉིས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་འགྲུབ་པ་ལ་རག་ལས་པར་གྲུབ་བོ། །ཞེས་འཆད་པར་བྱེད་པ་ལ། དེ་ཕྱིར་རྒྱུ་དང་རང་བཞིན་དག །ཅེས་སོགས་རྐང་པ་ཕྱེད་དང་གསུམ་བྱུང༌། འོ་ན། མ་དམིགས་པའི་རྟགས་ཡང་དག་གི་གཙོ་བོ་དེ་ལ། དེ་གཉིས་སུ་གྲངས་ངེས་སམ་ཞེ་ན། དེ་མ་ཡིན་ཏེ། བུམ་པ་ཚད་མས་མ་དམིགས་པ་དེ། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དམིགས་པར་ནི། རིགས་ལྡན་དེ་མི་དམིགས་པ་ཡང༌། །ཞེས་པ་འདི་བྱུང༌། དེ་ལྟར་ན། མ་དམིགས་པའི་རྟགས་ཡང་དག་གི་གཙོ་བོ་དེ་ལ། རྒྱུ་མ་དམིགས་པའི་རྟགས་ཡང་དག་དང༌། ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག །རང་བཞིན་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་ཀྱང༌། མ་དམིགས་པའི་རྟགས་ཡང་དག་དེ་ལ་སྦྱོར་བ་འགོད་ཚུལ་གྱི་སྒོ་ནས་དབྱེ་ན་བཅུ་ཡོད། ཅེས་འཆད་པར་བྱེད་པ་ལ། དེ་ལྟར་མི་དམིགས་འདི་རྣམ་གསུམ། །ཞེས་སོགས་རྐང་པ་བཞི་བྱུང༌། རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་པ་མེད་པའི་ཕྱིར། །ཞེས་པའི་དོན་བསྡུ་འཆད་པར་བྱེད་པ་ལ། རྒྱུ་དང་འབྲས་བུའི་དངོས་པོའམ། །ཞེས་པ་འདི་འབྱུང༌། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ཞེས་པ་རྐང་པ་ཕྱེད་དང་གསུམ་གྱི་དོན་བསྡུ་འཆད་པར་བྱེད་པ་ལ། རང་བཞིན་ངེས་པར་བྱེད་པ་ལས། །ཞེས་པ་རྐང་པ་གཉིས་བྱུང༌། གཏན་ཚིགས་ཀྱི་ནི། ཞེས་པ་ནས། གཏན་ཚིགས་མེད་སྒྲུབ་ཡིན་ནམ་ཅི། །ཞེས་པའི་བར་གྱི་དོན་བསྡུ་འཆད་པར་བྱེད་པ་ལ། མ་མཐོང་ལས་མིན་མཐོང་ལས་མིན། །ཞེས་པ་འདི་བྱུང༌། འབྲས་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ། དེའི་རྟགས་ཆོས་ཀྱི་འབྲེལ་པ་འགྲུབ་པ་ལ་རག་ལས་པར་བསྟན་པའི་སྒོ་ནས། དེ་ལྟ་མིན་ན་གཅིག་ལོག་པས། །ཞེས་པ་རྐང་པ་གཉིས་ཀྱི་དོན་བསྡུ་འཆད་པར་བྱེད་པ་ལ། གཞན་དུ་གཞན་ནི་གཞན་དག་དང༌། །ཞེས་པ་རྐང་པ་གཉིས་བྱུང༌། རང་བཞིན་གྱི་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ། དེའི་རྟགས་ཆོས་ཀྱི་འབྲེལ་པ་འགྲུབ་པ་ལ་རག་ལས་པར་བསྟན་པའི་སྒོ་ནས། དེ་བཞིན་གཅིག་གཅིག་ཉེ་བའི་ཕྱིར། །ཞེས་པ་རྐང་པ་གཉིས་ཀྱི་དོན་བསྡུ་འཆད་པར་བྱེད་པ་ལ། དོན་གཞན་རྒྱུ་མཚན་གཞན་གྱི་ཆོས། །ཞེས་པ་རྐང་པ་དྲུག་བྱུང༌། །

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། དེ་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འབྲེལ་ཟླ་བཀག་པའི་མེད་དགག་རྟགས་སུ་སྦྱར་བ་དེ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། མེ་མེད་པ་ཆོས་ཅན། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་དེ། མེ་མེད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འབྲེལ་ཟླ་བཀག་པའི་མེད་དགག་རྟགས་སུ་སྦྱར་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དུ་བ་ཡོད་པའི་འབྲེལ་ཟླ་བཀག་པའི་མེད་དགག་རྟགས་སུ་སྦྱར་བ་ཡིན་པར་ཐལ་ལོ། །འདོད་ན། དེ་རྟགས་སུ་བཀོད་པར་ཐལ་ལོ། །ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་རྒྱུ་བཀག་པ་རྟགས་སུ་སྦྱར་བ་དེ། དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། མེ་མེད་པ་ཆོས་ཅན། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མེ་མེད་མཚན་མོའི་ཞེས་སོགས་ཀྱི་རྟགས་སྦྱོར་དེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་རྒྱུ་བཀག་པ་རྟགས་སུ་སྦྱར་བ་ཡིན་པར་ཐལ་ལོ། །འདོད་ན། སྔར་བཞིན། གཞན་ཡང༌། དུ་བ་དེ་སྐོར་གྱི་དགག་བྱའི་ཆོས་ཡིན་པར་ཐལ། མེ་མེད་པ་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་རྒྱུ་བཀག་པ་རྟགས་སུ་སྦྱར་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དུ་བ་ཚད་མས་མ་དམིགས་པའི་རྟགས་ཀྱིས་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་དེས། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་ཚད་མས་མ་ངེས་པའི་ཕྱིར་ཏེ། དེས་དེར་དེ་ཚད་མས་མ་དམིགས་པར་ངེས་པའི་ཕྱིར། གཞན་ཡང༌། དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་མ་ཡིན་པར་ཐལ། དུ་བ་ཡོད་པ་དེ། དེ་ཡིན་པའི་ཕྱིར་ཏེ། དུ་བ་མེད་པ་དེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་རྒྱུ་བཀག་པ་རྟགས་སུ་སྦྱར་བ་དེ། དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། མེ་མེད་པ་ཆོས་ཅན། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མེ་མེད་མཚན་མོའི་རྒྱ་མཚོར་ཆོས་ཅན། ཞེས་སོགས་ཀྱི་སྦྱོར་བ་འདི། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་རྒྱུ་བཀག་པ་རྟགས་སུ་སྦྱར་བ་ཡིན་པར་ཐལ་ལོ། །འདོད་ན། དེ་དུ་བའི་རྒྱུ་བཀག་པ་རྟགས་སུ་སྦྱར་བ་ཡིན་པར་ཐལ་ལོ། །ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བ། དེ་སྒྲུབ་ཀྱི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། མེ་མེད་པ་ཆོས་ཅན། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར་ཏེ། མེ་མེད་ཅེས་སོགས་ཀྱི་རྟགས་སྦྱོར་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བའི་དེ་ཡིན་པའི་ཕྱིར་ཏེ། དུ་བ་ཡོད་པ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་དང༌། མེ་ཡོད་པ་དུ་བ་ཡོད་པའི་ཁྱབ་བྱེད་དང༌། དེ་མེ་མེད་པ་རྟགས་སུ་སྦྱར་བའི་རྟགས་སྦྱོར་གང་ཞིག །ཤིང་མེད་པ་དེ་ཤིང་མེད་པའི་བྲག་རྫོང་དུ་ཤ་པ་མེད་པར་སྒྲུབ་པའི་དགག་བྱའི་ཆོས་ཀྱི་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བ་ཡིན་པའི་ཕྱིར། རྩ་བར་འདོད་ན། མེ་དུ་བའི་རང་བཞིན་ཡིན་པར་ཐལ་ལོ། །ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་སྤྱི་བཀག་པ་རྟགས་སུ་སྦྱར་བ་དེ། དེ་སྒྲུབ་ཀྱི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། བདེན་པའི་གཅིག་དང༌། བདེན་པའི་དུ་མ་གང་རུང་དུ་མ་གྲུབ་པ་ཆོས་ཅན། སྤྱི་མཚན་བདེན་མེད་དུ་སྒྲུབ་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། མདོ་སྡེ་པས། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་ལེན་པའི་ཕྱིར་ཏེ། རང་རྒྱུད་པས། དེ་གཞི་ལམ་འབྲས་གསུམ་བདེན་མེད་དུ་སྒྲུབ་པའི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཏུ་ཁས་ལེན་པའི་ཕྱིར་ཏེ། དེ་ལྟར་སྙིང་པོ་རྒྱན་ལས་བཤད་པའི་ཕྱིར། རྩ་བར་འདོད་ན། དེ་གང་རུང་དུ་གྲུབ་པ་དེ་བདེན་གྲུབ་ཀྱི་སྤྱི་ཡིན་པར་ཐལ་ལོ། །ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག་དང༌། ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གང་རུང་ཡིན་ན། རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཡོད་པས་ཁྱབ་ཟེར་ན། མེ་མེད་པ་ཆོས་ཅན། རང་ཉིད་ཀྱི་རྟགས་ཀྱིས་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་དེར་ཐལ། དེའི་ཕྱིར། དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། མེ་མེད་མཚན་མོའི་རྒྱ་མཚོར་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་རྒྱུ་མ་དམིགས་པའི་རྟགས་ཡང་དག་འཕེན་པར་བྱེད་པའི་འབྲས་བུ་དམིགས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཏེ། དུ་ལྡན་ལ་ཆོས་ཅན། དུ་བ་མེད་པར་ཐལ། མེ་མེད་པའི་ཕྱིར། ཞེས་པ་འདི་འབྲས་རྟགས་ཡང་དག་འཕེན་པར་བྱེད་པའི་རྒྱུ་མ་དམིགས་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྩ་བར་འདོད་ན། མེ་མེད་མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། མེ་མེད་མཚན་མོའི་རྒྱ་མཚོ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེར་མེ་མེད་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། གཞན་ཡང༌། ཤིང་མེད་པ་ཆོས་ཅན། རང་ཉིད་ཀྱི་རྟགས་ཀྱིས་ཤིང་མེད་ཀྱི་བྲག་རྫོང་དུ་ཤ་པ་མེད་པར་སྒྲུབ་པའི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཡོད་པར་ཐལ། དེ་སྒྲུབ་ཀྱི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཤིང་མེད་ཀྱི་བྲག་རྫོང་ཆོས་ཅན། ཤིང་ཡོད་པར་ཐལ། ཤ་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་འཕེན་པར་བྱེད་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཏེ། ཤ་པའི་སྡོང་པོ་ཆོས་ཅན། ཤ་པ་མ་ཡིན་པར་ཐལ། ཤིང་མ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་རང་བཞིན་གྱི་རྟགས་ཡང་དག་འཕེན་པར་བྱེད་པའི་རང་བཞིན་མ་དམིགས་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྩ་བར་འདོད་ན། གོང་དང་འདྲའོ། །བྱས་པ་ལ་ཁོ་ན་རེ། མེ་མེད་པ་དེ་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་མ་ཡིན་ཀྱང། མེ་ཚད་མས་མ་དམིགས་པའི་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་དེ་འདྲའི་རྟགས་ཡང་དག་ཡིན་ནོ། །ཟེར་ན། མེ་ཚད་མས་མ་དམིགས་པའི་མཚན་མོའི་རྒྱ་མཚོར་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། མེ་མེད་པ་ཆོས་ཅན། རང་ཉིད་ཀྱི་རྟགས་ཀྱིས་མེ་ཚད་མས་མ་དམིགས་པའི་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཡོད་པར་ཐལ། ཁྱོད་དེ་སྐོར་གྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་ན་མེ་ཚད་མས་མ་དམིགས་པའི་མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ་ལོ། །འདོད་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སྒྲ་བྱས་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ་ལོ། །གཞན་ཡང༌། ཤིང་ཚད་མས་མ་དམིགས་པའི་ཞེས་སོགས་བཀོད་པའི་ཚེ་ན། ཤིང་མེད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གོང་བཞིན། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་རང་བཞིན་བཀག་པ་རྟགས་སུ་སྦྱར་བ་དེ། དེ་སྒྲུབ་ཀྱི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། ཤིང་མེད་པ་ཆོས་ཅན། ཤིང་མེད་ཀྱི་བྲག་རྫོང་དུ་ཤ་པ་མེད་པར་སྒྲུབ་པའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར་ཏེ། ཤིང་མེད་ཀྱི་བྲག་རྫོང་ཆོས་ཅན། ཤ་པ་མེད་དེ། ཤིང་མེད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་རང་བཞིན་བཀག་པ་རྟགས་སུ་སྦྱར་བ་ཡིན་པའི་ཕྱིར་ཏེ། ཤ་པ་ཡོད་པ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་དང༌། ཤིང་ཡོད་པ་དེ་ཤ་པ་ཡོད་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཤ་པ་ཡོད་པའི་ཁྱབ་བྱེད་དང༌། དེ་ཤིང་མེད་པ་རྟགས་སུ་བཀོད་པའི་རྟགས་སྦྱོར་གང་ཞིག །བུམ་པ་ཚད་མས་མ་དམིགས་པ་དེ་དེའི་ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤིང་མེད་པ་དེ་ཤ་པ་མེད་པའི་མཚན་ཉིད་དུ་ཐལ་ལོ། །ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་དངོས་འབྲས་བཀག་པ་རྟགས་སུ་སྦྱར་བ། དེ་སྒྲུབ་ཀྱི་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། དུ་བ་མེད་པ་ཆོས་ཅན། དུ་བས་དབེན་པའི་དང་རྭ་བླ་གབ་མེད་པ་ན་དུ་བའི་དངོས་རྒྱུ་མེད་པར་སྒྲུབ་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དུ་བའི་དངོས་རྒྱུ་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་ཐལ་ལོ། །འདོད་མི་ནུས་ཏེ། དེ་ཡོད་པ་དེ་དེ་ཡིན་པའི་ཕྱིར་ཏེ། དེ་མེད་པ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་ན། དེ་སྒྲུབ་ཀྱི་རྒྱུ་ཁྱབ་བྱེད་རང་བཞིན་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་གང་རུང་ཡིན་པས་ཁྱབ་ཟེར་ན། དུ་བ་མེད་པ་ཆོས་ཅན། དུ་བས་དབེན་པའི་དང་རྭ་བླ་གབ་མེད་པ་ན། དུ་བའི་བརྒྱུད་རྒྱུ་མེད་པར་སྒྲུབ་པའི་དེར་ཐལ། དེའི་ཕྱིར་ཏེ། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །མེད་དགག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་རྣམས་རེ་རེ་ནས་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དུ་བ་དུ་བའི་བརྒྱུད་རྒྱུ་མ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དུ་བ་དེ་དུ་བའི་བརྒྱུད་རྒྱུའི་ཁྱབ་བྱེད་མ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། དུ་བ་དང་དུ་བའི་བརྒྱུད་རྒྱུ་གཉིས་རང་བཞིན་གཅིག་མ་ཡིན་པའི་ཕྱིར། བཞི་པ་གྲུབ་སྟེ། དུ་བ་དེ་དུ་བའི་བརྒྱུད་རྒྱུའི་དངོས་འབྲས་མ་ཡིན་པའི་ཕྱིར། བྱས་པ་ལ། ཁོ་ན་རེ། དུ་བ་དེ་དུ་ལྡན་ལ་ལ་དུ་བའི་བརྒྱུད་རྒྱུར་གྱུར་པའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དུ་བ་མེད་པ་དེ་དུ་བས་དབེན་པའི་དང་རྭ་བླ་གབ་མེད་པ་ན། དུ་བའི་བརྒྱུད་རྒྱུ་མེད་པར་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་དེ་སྒྲུབ་ཀྱི་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་ན། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། དུ་བའི་དངོས་རྒྱུ་ཡང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། འདོད་པ་གང་ཞིག །དུ་བ་དེ་དུ་བའི་བརྒྱུད་རྒྱུར་གྱུར་པའི་མེ་སྔོན་དུ་སོང་བ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་ན། དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པས་ཁྱབ་ཟེར་ན། མེ་མེད་པ་ཆོས་ཅན། དུ་བ་ཚད་མས་མ་དམིགས་པའི་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་དུ་བ་ཚད་མས་མ་དམིགས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་པ་གང་ཞིག །དུ་བ་ཚད་མས་མ་དམིགས་པ་དུ་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་དུ་བ་ཚད་མས་མ་དམིགས་པར་སྒྲུབ་པའི་རྟགས་ཡང་དག་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྩ་བར་ཁྱབ་པ་ཡོད་པར་ཐལ། རང་འགྲེལ་ལས། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་ནི་གཉིས་ཀའི་ཡང་གཏན་ཚིགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། དེའི་དོན་ནི། མེ་མེད་པ་དེ་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་དང༌། ཤིང་མེད་པ་དེ་ཤིང་མེད་ཀྱི་བྲག་རྫོང་དུ་ཤ་པ་མེད་པར་སྒྲུབ་པའི་དེ་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། མཚན་ཉིད་ཀྱང་ཡིན་པའི་གཞི་མཐུན་སྲིད་པ་དེ། དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་སུ་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། མཚོན་བྱ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ། དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། དང་པོ་ལ། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། སྒྲ་སྐད་ཅིག་མར་སྒྲུབ་པའི་རྟགས་ཡང་དག་གང་ཞིག །སྐད་ཅིག་མ་མི་རྟག་པའི་དོན་ལྡོག་ཡིན་པའི་ཕྱིར། འདོད་ན། སྐད་ཅིག་མ་དེ་དེར་ཐལ་ལོ། །འདོད་ན། སྒྲ་སྐད་ཅིག་མ་དེ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱ་ཡང་དག་ཏུ་ཐལ་ལོ། །འདོད་ན། སྒྲ་སྐད་ཅིག་མར་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། གཞི་དེ་མཚོན་བྱ་ཡིན་ན། དོན་དེའི་རྟགས་ཀྱིས་ཆོས་དེ་གཞི་དེར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། མཚན་ཉིད་ཀྱང་ཡིན་པའི་གཞི་མཐུན་མེད་དགོས་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དེ་འདྲའི་གཞི་མཐུན་མེད་པའི་ཕྱིར་ན་མ་ཁྱབ། འདོད་ན། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་ཚ་ཞིང་བསྲེག་པ་ཡོད་པར་བསྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། མཚན་ཉིད་ཀྱང་ཡིན་པའི་གཞི་མཐུན་མེད་པར་ཐལ། ཚ་ཞིང་བསྲེག་པ་ཡོད་པ་མཚོན་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཚ་ཞིང་བསྲེག་པ་དེ་དེའི་གཞི་མཐུན་ཡིན་པའི་ཕྱིར། འོ་ན། གཞི་དེ་མཚན་ཉིད་ཡིན་ན། དོན་དེའི་རྟགས་ཀྱིས་ཆོས་དེ་གཞི་དེར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། མཚོན་བྱ་ཡང་ཡིན་པའི་གཞི་མཐུན་མེད་དགོས་པར་ཐལ། བྱས་རྟགས་ཀྱིས་སྒྲ་སྐད་ཅིག་མར་སྒྲུབ་པའི་དེ་འདྲའི་གཞི་མཐུན་མེད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཚད་མས་དམིགས་པར་སྒྲུབ་པའི་དངོས་ཀྱི་དེ་ཡང་ཡིན། མཚོན་བྱ་ཡང་ཡིན་པའི་གཞི་མཐུན་མེད་པར་ཐལ། མེ་ཚད་མས་དམིགས་པ་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། མེ་དེ་དེ་ཡིན་པའི་ཕྱིར། ཁོ་རང་ལ། དོན་བྱེད་མི་ནུས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲའི་དོན་སྤྱི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། མཚན་ཉིད་ཀྱང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། དོན་བྱེད་ནུས་པ་དེ་སྒྲ་བྱས་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་དེ་དེར་ཐལ་ལོ། །འདོད་ན། དེ་སྐོར་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། དགག་པ་ཡང་ཡིན་པའི་གཞི་མཐུན་ཡོད་པར་ཐལ་ལོ། །འདོད་ན། དེ་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྐད་ཅིག་མ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། སྒྲ་སྐད་ཅིག་མ་དེ་དེ་སྐོར་གྱི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར་ཏེ། དེ་ཚད་མས་ངེས་པའི་དེ་སྐོར་གྱི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡོད་པའི་ཕྱིར། མ་གྲུབ་བྱས་པ་ལ། འོ་ན། དེ་འདྲའི་གང་ཟག་དེས་སྒྲ་མི་རྟག་པ་དང་སྐད་ཅིག་མ་གཉིས་ཅིག་ཆར་དུ་ངེས་ནུས་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་མི་ནུས་ཏེ། སྒྲ་མི་རྟག་པར་ཚད་མས་ངེས་པ་ལ་སྒྲ་སྐད་ཅིག་མར་ཚད་མས་ངེས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ན་མ་ཁྱབ། གཞན་ཡང༌། དེ་འདྲ་དེས་སྒྲ་མི་རྟག་པར་ངེས་པ་ལ་སྒྲ་སྐད་ཅིག་མར་ངེས་པ་སྔོན་དུ་འགྲོ་དགོས་པར་ཐལ། སྤྱིར་དེ་དགོས་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེས་དེ་གཉིས་ཅིག་ཆར་དུ་ངེས་ནུས་པའི་ཕྱིར། ཁོ་རང་ལ། དུ་ལྡན་ལའི་མེ་ཚད་མས་དམིགས་པར་ཚད་མས་ངེས་པའི་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡོད་པར་ཐལ། སྒྲ་སྐད་ཅིག་མར་ཚད་མས་ངེས་པའི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡོད་པའི་ཕྱིར། འདོད་ན། དེའི་ངོར་དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་སྒྲུབ་པའི་ཚུལ་གསུམ་གང་ཞིག །མེའི་འབྲས་བུ་ཡིན་པའི་ཕྱིར། འདོད་ན། དེའི་ངོར་དུ་ལྡན་ལའི་མེ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་གི་བསྒྲུབ་བྱ་ཡང་དག་ཏུ་ཐལ། འདོད་པ་གང་ཞིག །སྤྱིར་དུ་ལྡན་ལའི་མེ་དེ་དེ་ཡིན་པའི་ཕྱིར། ཕྱི་མ་ཁས། འདོད་ན། དེས་དུ་ལྡན་ལའི་མེ་ཚད་མས་མ་ངེས་པར་ཐལ་ལོ། འདོད་མི་ནུས་ཏེ། དེས་དུ་ལྡན་ལའི་མེ་ཚད་མས་དམིགས་པར་ཚད་མས་ངེས་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་ཚད་མས་ངེས་པས་ཁྱབ་ཟེར་ན། སྐད་ཅིག་མ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་མི་རྟག་པའི་དོན་ཚད་མས་ངེས་པར་ཐལ་ལོ། །འདོད་མི་ནུས་ཏེ། དེའི་སྟེང་དུ་མི་རྟག་པ་མེད་པའི་ཕྱིར། སྒྲའི་ལྡོག་པའི་སྟེང་དུ་མི་རྟག་པ་མེད་པའི་ཕྱིར། གཞན་ཡང༌། སྐད་ཅིག་མ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། སྒྲའི་སྟེང་དུ་མི་རྟག་པའི་དོན་ཚད་མས་ངེས་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེས་སྒྲའི་སྟེང་དུ་མི་རྟག་པ་ཚད་མས་ངེས་པར་ཐལ་ལོ། །ཁྱབ་སྟེ། མི་རྟག་པའི་དོན་ཚད་མས་ངེས་པའི་གང་ཟག་ཡིན་ན། མི་རྟག་པ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། མི་རྟག་པའི་མཚན་ཉིད་ཚད་མས་ངེས་པའི་གང་ཟག་ཡིན་ན། མི་རྟག་པ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། གཞན་ཡང༌། ཁོ་ན་རེ། དེས་སྒྲའི་སྟེང་དུ་མི་རྟག་པའི་དོན་ཚད་མས་ངེས་པར་ཐལ། དེས་དེའི་སྟེང་དུ་སྐད་ཅིག་མ་ཚད་མས་ངེས་པ་གང་ཞིག །དེ་དེའི་དོན་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན། རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། རང་ཉིད་ཀྱི་མཚོན་བྱ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པས་ཁྱབ་ཟེར་ན། སྐད་ཅིག་མའི་བྱེ་བྲག་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས་སྒྲ་སྐད་ཅིག་མར་ཚད་མས་ངེས་པའི་ཕྱིར། འདོད་ན། མི་རྟག་པ་དེ་དེར་ཐལ་ལོ། །ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན། མི་རྟག་པའི་མཚན་ཉིད་ཡིན་པས་ཁྱབ་ཟེར་ན། སྐད་ཅིག་མ་མ་ཡིན་པ་ལས་ལོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མི་རྟག་པ་མ་ཡིན་པ་ལས་ལོག་པའི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། མི་རྟག་པ་དང་མི་རྟག་པ་མ་ཡིན་པ་ལས་ལོག་པ་གཉིས་དོན་སྤྱི་ཐ་དད་དུ་འཆར་རུང་གི་ཆོས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་ན་རྒོལ་བ་དབང་རྟུལ་ཡིན་པས་ཁྱབ་ཟེར་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། སྐད་ཅིག་མའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་ཁྱོད་ལ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་བཀོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་བཀོད་པ་ཡོད། དེ་ལ་བྱས་པ་དེར་མ་བཀོད་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ལ་དེ་བཀོད་པ་ཡོད་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེས་སྒྲ་སྐད་ཅིག་མར་ཚད་མས་ངེས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་དབང་རྣོན་དེ་ཁྱོད་ཡིན་པའི་ཕྱིར། གཞན་ཡང༌། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་དེ། སྒྲ་མི་རྟག་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་གང་ཞིག །དེ་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེས་སྒྲ་སྐད་ཅིག་མར་ཚད་མས་ངེས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་དེ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཏུ་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་དེ། སྐད་ཅིག་མའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྒོལ་བ་དབང་རྟུལ་ཡིན་པར་ཐལ་ལོ། །ཁྱབ་སྟེ། བུམ་པ་ཚད་མས་མ་དམིགས་པའི་རྟགས་ཀྱིས་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་ན་རྒོལ་བ་དབང་རྟུལ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ནི་ཤིན་ཏུ་རྨོངས་དོན་ཏེ། །གནག་རྫི་མོ་བར་གྲགས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁོ་རང་ལ། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་ན། རྒོལ་བ་དབང་རྟུལ་ཡིན་དགོས་པར་ཐལ། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་ན། དེ་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བུམ་པ་ཚད་མས་མ་དམིགས་པའི་གཏན་ཚིགས་ལ་དེའི་ཕྱིར། རྩ་བར་འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པའི་ཕྱིར་རོ། །

༈ རང་ལུགས་བཞག་པ་ལ། གཞུང་སྔ་ཕྱིའི་འགལ་བ་སྤང་པ། དངོས་བསྟན་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་རྣམ་གཞག་བཤད་པ། ཞར་ལ་དོན་སྒྲུབ་དང་། ཐ་སྙད་སྒྲུབ་ཀྱི་རྣམ་གཞག་བཤད་པ་དང་གསུམ། དང་པོ་ནི། དེ་ཕྱིར་རྒྱུ་དང་རང་བཞིན་དག །ཅེས་པའི་སྐབས་འདིར་མ་དམིགས་པའི་རྟགས་ཡང་དག་དེ་ལ་གསུམ་དུ་བཤད་པ་མི་འཐད་པར་ཐལ། འགལ་དང་འབྲས་བུ་དག་གྲུབ་དང༌། །ཞེས་སོགས་ཀྱི་སྐབས་སུ་མ་དམིགས་པའི་རྟགས་ཡང་དག་དེ་ལ་བཞིར་བཤད་པ་ཡིན་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། འགལ་དང་འབྲས་བུ་དག་གྲུབ་དང༌། །ཞེས་པའི་སྐབས་སུ་དེ་ལྟར་བསྟན་པ་དེ་ནི། གང་གང་དུ་འདུས་པའི་འདུ་བྱེད་ཀྱི་དབྱེ་བ་ཤེས་པའི་ཕྱིར་དུ་དེ་ལྟར་བསྟན་པ་ཡིན་ཅིང༌། འདིར་ནི་རྟགས་ཆོས་ཀྱི་འབྲེལ་པ་ལ་བལྟོས་པའི་དགག་རྟགས་ཀྱི་གཙོ་བོའི་དབང་དུ་བྱས་ནས་དེ་གསུམ་དུ་བསྟན་པ་ཡིན་པའི་ཕྱིར། འོ་ན། མེད་པས་འགའ་ཞིག་བསྒྲུབ་པའི་ཡང༌། །ཞེས་དང༌། རིགས་ལྡན་དེ་མི་དམིགས་པ་ཡང། །ཞེས་ཡང་སྒྲ་གཉིས་སྨོས་པ་ལ་དགོས་པ་གང་ཡོད་ཅེ་ན། དང་པོ་སྨོས་པ་ལ་དགོས་པ་ཡོད་དེ། འབྲས་རང་གི་རྟགས་ཡང་དག་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་དེ་གཉིས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་ལ་རག་ལས་པར་མ་ཟད། རྒྱུ་མ་དམིགས་པའི་རྟགས་ཡང་དག་དང༌། ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་ཡང༌། དེ་གཉིས་རྟགས་ཆོས་ཀྱི་འབྲེལ་པ་འགྲུབ་པ་ལ་རག་ལས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་སྨོས་པ་ལ་དགོས་པ་ཡོད་དེ། རྒྱུ་མ་དམིགས་པའི་རྟགས་ཡང་དག་དང༌། ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ། དེ་གཉིས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་འགྲུབ་པ་ལ་རག་ལས་པར་མ་ཟད། རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་ཡང༌། དེའི་རྟགས་ཆོས་ཀྱི་འབྲེལ་པ་འགྲུབ་པ་ལ་རག་ལས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སྤྱིར་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ། འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གཞི་ལ་བཀར་ན་དུ་བའི་འབྲེལ་ཟླ་དགག་པ་དང་ལྡན་པས་རབ་ཏུ་ཕྱེ་བའི་མེད་དགག་གང་ཞིག །མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ། དེར་དུ་བ་མེད་པར་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མེ་མེད་པ་ལ་དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག །ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དུ་བ་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང༌། མེ་དུ་བའི་འབྲེལ་ཟླའི་གཙོ་བོ་གང་ཞིག །མེ་མེད་པ་དེ་མེ་བཀག་པའི་མེ་མེད་པ་དེ་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། སྤྱིར་དེ་ལ་དབྱེ་ན། རྒྱུ་ཁྱབ་བྱེད། རང་བཞིན། དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་དང་བཞི་ཡོད། དུ་བའི་རྒྱུ་བཀག་པ་དང་ལྡན་པས་རབ་ཏུ་ཕྱེ་བའི་མེད་དགག་གང་ཞིག །མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ། དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མེ་མེད་པ་དེ་ལ་དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག །ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དུ་བ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང༌། མེ་དུ་བའི་རྒྱུའི་གཙོ་བོ་ཡིན་པ་གང་ཞིག། མེ་མེད་པ་དེ་མེ་བཀག་པའི་མེ་མེད་པ་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཤ་པའི་ཁྱབ་བྱེད་བཀག་པ་དང་ལྡན་པས་རབ་ཏུ་ཕྱེ་བའི་མེད་དགག་གང་ཞིག །ཤིང་མེད་ཀྱི་བྲག་རྫོང་དུ་ཤ་པ་མེད་པར་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ་དེ། དེ་ལྟར་སྒྲུབ་པའི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། ཤིང་མེད་པ་ལ་དེ་སྒྲུབ་ཀྱི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག །ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཤ་པ་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང་། ཤིང་ཤ་པའི་ཁྱབ་བྱེད་ཀྱི་གཙོ་བོ་ཡིན་པ་གང་ཞིག། ཤིང་མེད་པ་དེ་ཤིང་བཀག་པའི་ཤིང་མེད་པ་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། རང་ཉིད་བུམ་པ་ཡོད་པའི་མཚན་ཉིད་བཀག་པ་དང་ལྡན་པའི་རབ་ཏུ་ཕྱེ་བའི་མེད་དགག་གང་ཞིག །བུམ་པ་ཚད་མས་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ། དེ་ལྟར་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། བུམ་པ་ཚད་མས་དམིགས་པ་ལ་དེ་སྒྲུབ་ཀྱི་རང་བཞིན་མ་དམིགས་པའི་རྟགས་ཡང་དག །ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བུམ་པ་ཡོད་པ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཟུང་བྱ་དང་བུམ་པ་ཚད་མས་དམིགས་པ་དེ་བུམ་པ་ཡོད་པའི་རང་བཞིན་གྱི་གཙོ་བོ་ཡིན་པ་གང་ཞིག །བུམ་པ་ཚད་མས་དམིགས་པ་བཀག་པའི་བུམ་པ་ཚད་མས་མ་དམིགས་པ་་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དུ་བའི་དངོས་རྒྱུའི་སྔོན་འབྲས་བཀག་པ་དང་ལྡན་པའི་རབ་ཏུ་ཕྱེ་བའི་མེད་དགག་གང་ཞིག །དུ་བས་དབེན་པའི་དང་རྭ་བླ་གབ་མེད་པ་ན། དུ་བའི་དངོས་རྒྱུ་མེད་པར་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ་དེ། དེ་ལྟར་སྒྲུབ་པའི་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དུ་བ་མེད་པ་ལ་དེ་སྒྲུབ་ཀྱི་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག །ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དུ་བའི་དངོས་རྒྱུ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང༌། དུ་བ་དུ་བའི་དངོས་རྒྱུའི་དངོས་འབྲས་ཀྱི་གཙོ་བོ་གང་ཞིག །དུ་བ་མེད་པ་དེ། དུ་བ་བཀག་པའི་དུ་བ་མེད་པ་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གསུམ་པ་ནི། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་སྒྲ་སྐད་ཅིག་མར་ཚད་མས་མ་ངེས་པ་གང་ཞིག །སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་དེ། སྒྲ་མི་རྟག་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། བྱས་པ་ལ། དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐད་ཅིག་མ་མི་རྟག་པའི་དོན་ལྡོག་གང་ཞིག །བྱས་པ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས་སྒྲ་སྐད་ཅིག་མར་ངེས་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། སྤྱིར་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན། དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པས་ཁྱབ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས་སྒྲ་སྐད་ཅིག་མར་ཚད་མས་ངེས་པ་གང་ཞིག །དེ་སྒྲུབ་ཀྱི་ཚུལ་གསུམ། དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། སྐད་ཅིག་མ་ལ་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐད་ཅིག་མ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས་སྒྲའི་སྟེང་དུ་སྐད་ཅིག་མ་དང་མི་རྟག་པ་གཉིས་ཀྱི་ནང་ནས་མི་རྟག་པ་ཁོ་ན་ངེས་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། །

༈ རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་སྒྲ་དངོས་པོར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ་ལོ། །འདོད་ན། དེ་བུམ་པ་དངོས་པོར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་ན། དེ་བུམ་པ་དོན་བྱེད་ནུས་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ་ལོ། །འདོད་མི་ནུས་ཏེ། བུམ་པ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་དོན་བྱེད་ནུས་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན། བུམ་པ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། གཞན་ཡང༌། མི་རྟག་པ་དེ་སྒྲ་བྱས་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། མི་རྟག་པ་དེ་སྒྲ་སྐྱེས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། སྒྲ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲ་སྐྱེས་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན་སྒྲ་སྐད་ཅིག་གིས་སྐྱེ་འགག་བྱེད་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། གཞན་ཡང། སྐད་ཅིག་མ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །དེ་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། འདོད་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ། གཞན་ཡང༌། ལྟོ་ལྡིར་བ་ཚད་མས་མ་དམིགས་པ་ཆོས་ཅན། བུམ་པ་ཡོད་པའི་མཚན་གཞིར་བཀག་པ་དང་ལྡན་པའི་རབ་ཏུ་ཕྱེ་བའི་མེད་དགག་ཡིན་པར་ཐལ། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་བཞི་པོ་གང་རུང་གང་ཞིག །གཞན་རྣམས་རེ་རེ་ནས་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་མི་ནུས་ཏེ། ལྟོ་ལྡིར་བ་ཡོད་པའི་མཚན་ཉིད་བཀག་པ་དང་ལྡན་པས་རབ་ཏུ་ཕྱེ་བའི་མེད་དགག་ཡིན་པའི་ཕྱིར་ཏེ། དེ་ལྟོ་ལྡིར་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་སྒྲ་བཤད་འཐད་པའི་ཕྱིར། འདོད་ན། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། བུམ་པ་ཡོད་པར་ཐལ། བུམ་པ་མེད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པའི་ཕྱིར། མ་གྲུབ་བྱས་པ་ལ། དེ་ཆོས་ཅན་གྱི་སྟེང་དུ་བུམ་པ་མེད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པར་ཐལ། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་དེ་དེ་ཡིན་པའི་ཕྱིར་ཏེ། དེ་དེ་འདྲའི་ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། དེ་འདྲའི་ས་ཕྱོགས་དེ་དེ་ཆོས་ཅན་གྱི་སྟེང་དུ་དེ་མ་ཡིན་པར་ཐལ། དེ་ཆོས་ཅན་གྱི་སྟེང་དུ་བུམ་པ་དེ་དེ་ཡིན་པའི་ཕྱིར་ཏེ། རི་བོང་གི་རྭ་དེ་རི་བོང་གི་རྭ་མེད་པར་སྒྲུབ་པའི་དེ་ཡིན་པའི་ཕྱིར་རོ། །

རང་བཞིན་རྟགས་ཀྱི་ཕྱོགས་ཆོས་མ་གྲུབ་པའི་རྩོད་སྤོང་བཤད་པ།

༈ དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་པའི་གཞུང་འདི་གང་ལས་འཕྲོས་ན། རང་བཞིན་ལ་ཡང་མེད་མི་འབྱུང༌། །ཞེས་པ་རྐང་པ་བཞི་པའི་སྐབས་སུ། རང་འགྲེལ་ལས། བྱས་མི་རྟག་གཉིས་རང་བཞིན་གཅིག་ཏུ་ཁས་བླངས་པ་ལ། ཕྱི་རོལ་པ་ན་རེ། འོ་ན། བྱས་པའི་རང་བཞིན་དང་མི་རྟག་པའི་རང་བཞིན་གཅིག་ཡིན་པར་ཐལ། བྱས་མི་རྟག་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར། འདོད་ན། བྱས་མི་རྟག་གཉིས་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ་ལོ། །དཔེར་ན། སྒྲ་མི་རྟག་པར་སྒྲུབ་པ་ལ་མི་རྟག་པ་རྟགས་སུ་བཀོད་པ་བཞིན་ནོ། །ཞེས་ཟེར་ན། རྩོད་པ་དེའི་ལན་མདོར་བསྟན་གྱི་ཚུལ་གྱིས་འཆད་པར་བྱེད་པ་ལ། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །ཞེས་པ་ནས། དེས་ན་ཐ་དད་རྣམ་པར་གནས། །ཞེས་པའི་བར་བྱུང༌། རྩོད་པ་དེའི་ལན་རྒྱས་པར་འཆད་པར་བྱེད་པ་ལ། དོན་གྱི་རང་གི་ངོ་བོ་གཅིག །ཅེས་པ་ནས། རྣམ་གཅོད་བརྗོད་པར་བྱེད་པར་གྲུབ། །ཅེས་པའི་བར་བྱུང༌། འོ་ན། རྩོད་ལན་མདོར་བསྟན་གྱི་འཆད་ཚུལ་གང་ཞེ་ན། དེ་ཡང་དེ་ལྟ་བུའི་རྩོད་པ་དེ་ནི་གཞན་སེལ་གྱི་རྣམ་དབྱེ་ལ་རྨོངས་པའི་རྩོད་པ་ཡིན་པས། རྩོད་པ་དེ་སེལ་བར་བྱེད་པ་ལ། གཞན་སེལ་གྱི་རྣམ་དབྱེ་ཤེས་དགོས། དེ་ཡང་ཡུལ་དངོས་པོའི་གནས་ལུགས་བསྟན་པས་གཞན་སེལ་གྱི་རྣམ་དབྱེ་འབད་མེད་དུ་རྟོག་པའི་རྒྱུ་མཚན་གྱིས། ཐོག་མར་ཡུལ་དངོས་པོའི་གནས་ལུགས་དེ་འཆད་པར་བྱེད་པ་ལ། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །ཞེས་སོགས་རྐང་པ་བཞི་བྱུང༌། དེ་ལྟར་ན། སྒྲའི་སྟེང་དུ་སྒྲ་མི་རྟག་པ་ལས་ལོག་པ་དང༌། མ་བྱས་པ་ལས་ལོག་པ་དང༌། རྟག་པ་ལས་ལོག་པ་དུ་མ་ཡོད་པས། སྒྲའི་སྟེང་དུ་སྒྲ་དང་བྱས་མི་རྟག་ལ་སོགས་དུ་མ་དབྱེ་རུང་ངོ༌། །ཞེས་འཆད་པར་བྱེད་པ་ལ། དེ་ཕྱིར་གང་དང་གང་ལས་དོན། །ཞེས་པ་རྐང་པ་ཕྱེད་དང་གསུམ་བྱུང༌། དེ་ལྟར་ན་སྒྲའི་སྟེང་དུ་སྒྲ་དང་བྱས་མི་རྟག་ལ་སོགས་པ་འཛིན་པའི་རྟོག་པ་དེས་དེ་རྣམས་རིམ་གྱིས་ཡུལ་དུ་བྱེད་པ་ཡིན་གྱི། ཅིག་ཆར་དུ་ཡུལ་དུ་བྱེད་མི་ནུས་སོ། །ཞེས་འཆད་པར་བྱེད་པ་ལ། དེ་ཡི་ཁྱད་པར་གྱིས། རྟོགས་གྱུར་བ་དག་རབ་ཏུ་བྱེད། །ཅེས་པ་འདི་བྱུང༌། དེ་ལྟར་ན། བྱས་པ་ཞེས་པའི་ངག་ལས་བྱས་པ་མ་ཡིན་པ་ལས་ལོག་པ་གོ་ནུས་ཀྱང༌། མི་རྟག་པ་མ་ཡིན་པ་ལས་ལོག་པ་གོ་མི་ནུས། མི་རྟག་པ་ཞེས་པའི་ངག་ལས། མི་རྟག་པ་མ་ཡིན་པ་ལས་ལོག་པ་གོ་ནུས་ཀྱང༌། བྱས་པ་མ་ཡིན་པ་ལས་ལོག་པ་གོ་མི་ནུས། དེ་ལྟར་ན་བྱས་མི་རྟག་གཉིས་མིང་ཐ་དད་ཀྱི་གོ་ཆ་སོ་སོར་གནས་པར་གྲུབ། དེ་ལྟར་ན་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་གྲུབ། དེ་ལྟར་ན་སྔར་གྱི་རྩོད་པ་དེ་མི་འཇུག་གོ །

ཞེས་རྩོད་ལན་དངོས་འཆད་པར་བྱེད་པ་ལ། དེ་ཕྱིར་ཁྱད་པར་གང་ཞིག་ཆོས། །གང་གིས་གོ་བར་གྱུར་པ་དེ། །ཞེས་པ་རྐང་པ་བཞི་བྱུང༌། དེས་བརྗོད་བྱེད་ཀྱི་སྒྲ་དང་རྟོག་པ་སེལ་འཇུག་ཏུ་བསྟན་ནས། འོ་ན། དེ་གཉིས་སྒྲུབ་འཇུག་ཡིན་པ་ལ་གནོད་བྱེད་ཅི་ཡོད་ཅེ་ན། འོ་ན། སྒྲ་ངེས་པའི་ངེས་ཤེས་དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་ངེས་པའི་ཚེ་སྒྲ་མི་རྟག་པར་ཡང་ངེས་པར་ཐལ། ཁྱོད་སྒྲ་ལ་སྒྲུབ་པས་འཇུག་པའི་ངེས་ཤེས་ཡིན་པའི་ཕྱིར། འདོད་ན། དེའི་རྗེས་སུ་སྒྲ་མི་རྟག་པར་སྒྲུབ་པ་ལ་རྟགས་ཡང་དག་དང་རྗེས་དཔག་འཇུག་པ་དོན་མེད་པར་ཐལ་ལོ། །ཞེས་འཆད་པར་བྱེད་པ་ལ། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཞེས་སོགས་རྐང་པ་བཞི་བྱུང༌། འོ་ན། ཁྱོད་རང་ལ་ཡང་དེ་ལྟར་མཚུངས་ཏེ། སྒྲ་འཛིན་མངོན་སུམ་ཆོས་ཅན། ཁྱོད་ཀྱིས་སྒྲ་ངེས་པའི་ཚེ། སྒྲ་མི་རྟག་པ་ཡང་ངེས་པར་ཐལ། ཁྱོད་སྒྲ་ལ་སྒྲུབ་པས་འཇུག་པའི་མངོན་སུམ་ཡིན་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། སྒྲ་འཛིན་མངོན་སུམ་དེ་སྒྲ་རྟག་འཛིན་གྱི་འཁྲུལ་རྒྱུ་དང་མ་བཅས་ན་དེ་ལྟར་ངེས་སུ་ཆུག་ཀྱང༌། དེ་དེ་འདྲའི་འཁྲུལ་རྒྱུ་དང་བཅས་པའི་ཕྱིར། འཁྲུལ་རྒྱུ་ལས་འཁྲུལ་པ་སྐྱེས་པའི་དཔེ་གང་ཞེ་ན། དཔེར་ན། ཉ་ཕྱིས་དང་དངུལ་ཁ་དོག་དཀར་བར་མཚུངས་པ་ལ་བརྟེན་ནས། ཉ་ཕྱིས་དངུལ་དུ་འཛིན་པའི་མིག་ཤེས་སྐྱེ་བ་བཞིན་ནོ། །ཞེས་དཔེ་དང་བཅས་ཏེ་འཆད་པར་བྱེད་པ་ལ། གཟུགས་ཆོས་མཐུན་པ་མཐོང་བ་ལས། །ཞེས་རྐང་པ་བཞི་བྱུང༌། འོ་ན། སྒྲ་འཛིན་མངོན་སུམ་དེས་སྒྲ་མི་རྟག་པར་མ་རྟོགས་ཀྱང། སྒྲ་མི་རྟག་པ་མཐོང་བའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་འཆད་པར་བྱེད་པ་ལ། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཞེས་རྐང་པ་གཉིས་བྱུང༌། དེའི་དོན་བསྡུ་འཆད་པར་བྱེད་པ་ལ། འཁྲུལ་པས་ངེས་པར་མི་བྱེད་པས། །ཞེས་རྐང་པ་གཉིས་བྱུང༌། དེ་ལྟར་ན་སྒྲའི་སྟེང་གི་བྱས་མི་རྟག་གཉིས་རྟོགས་པའི་རྗེས་དཔག་དེ་བྱེ་བྲག་དུ་སེལ་འཇུག་ཏུ་སྒྲུབ་པར་བྱེད་པ་ལ། རྗེས་སུ་དཔག་པ་ལས་ཀྱང་དངོས། །ཞེས་པ་རྐང་པ་ཕྱེད་དང་གསུམ་བྱུང༌། དེའི་རྩོད་སྤོང་འཆད་པར་བྱེད་པ་ལ། སེལ་བ་ལ། ཉེས་པ་འདི་ནི་ཐལ་མི་འགྱུར། །ཞེས་པ་འདི་བྱུང༌། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་སེལ་འཇུག་ཡིན་པའི་དོན་བསྡུ་འཆད་པར་བྱེད་པ་ལ། དེ་ཕྱིར་དེ་ལྟར་རྟག་སེལ་བའི། །ཡུལ་ཅན་ཡིན་པར་རབ་ཏུ་བསྒྲགས། །ཞེས་པ་འདི་བྱུང། དེ་གཉིས་སྒྲུབ་འཇུག་མ་ཡིན་པའི་དོན་བསྡུ་འཆད་པར་བྱེད་པ་ལ། གཞན་དུ་ཆོས་ཅན་གྲུབ་འགྱུར་ན། །ཞེས་པ་རྐང་པ་གཉིས་བྱུང༌། ངེས་ཤེས་སྒྲུབ་འཇུག་མ་ཡིན་པའི་རྩོད་སྤོང་འཆད་པར་བྱེད་པ་ལ། མཐོང་བ་འགའ་ལའང་ཤེས་པ་གང༌། །སྤྱི་ཡི་དོན་ཅན་རྣམ་རྟོག་པ། །ཞེས་སོགས་རྐང་པ་བརྒྱད་བྱུང༌། དེ་ཐམས་ཅད་ཀྱི་དོན་བསྡུ་འཆད་པར་བྱེད་པ་ལ། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ན་ངེས་པ་དང༌། །ཞེས་སོགས་རྐང་པ་བརྒྱད་བྱུང༌། དེའི་སྐྱོན་སྤོང་འཆད་པར་བྱེད་པ་ལ། གང་གིས་ལྟར་ན་བློས་ཁྱད་པར། །ཞེས་སོགས་བྱུང༌། །

༈ དེ་ལྟར་ན། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །ཞེས་སོགས་རྐང་པ་བཞིའི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ་རང་མཚན་གྱི་མཚན་ཉིད་ཟེར་ན། དེ་འགོག་པ་ལ་རྣམ་བཤད་ལས། གཞི་རྣམ་ཤེས་ལ་རང་མཚན་གྱི་དོན་ཚད་མས་ཁེགས་ན་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ཀྱི་ལྟ་བ་གོ་བར་འགྱུར་ལ། ཡུལ་དང་དུས་དང་ངོ་བོ་མ་འདྲེས་པ་ཙམ་ཞིག་དངོས་པོ་རྣམས་ལ་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཀྱིས་ཀྱང་འདོད་པ་ཡིན་ནོ། །ཞེས་བྱ་བའི་དོན་ནི། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ་ཆོས་ཅན། ཐལ་འགྱུར་བས་ཁས་མི་ལེན་པར་ཐལ། རང་མཚན་གྱི་མཚན་ཉིད་གང་ཞིག །དེས་དེའི་མཚན་ཉིད་ཁས་མི་ལེན་པའི་ཕྱིར། འདོད་མི་ནུས་ཏེ། ཐལ་འགྱུར་བས་དངོས་པོ་ཡིན་ན་དེ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་གོ་དོན་ལ། ཁ་ཅིག །ཕྱི་དྲོའི་དུས་ན་ཡོད་ན་སྔ་དྲོའི་དུས་ན་མེད་པས་ཁྱབ་པ་དེ། དུས་མ་འདྲེས་པའི་གོ་དོན་དང༌། ནུབ་ཕྱོགས་ན་ཡོད་ན། ཤར་ཕྱོགས་ན་མེད་པས་ཁྱབ་པ་ཡུལ་མ་འདྲེས་པའི་གོ་དོན་དང༌། བ་ལང་སེར་སྐྱ་དང་རང་བཞིན་གཅིག་ཡིན་ན། བ་ལང་ཁྲ་བོ་དང་རང་བཞིན་གཅིག་མ་ཡིན་པས་ཁྱབ་པ་དེ། རང་བཞིན་མ་འདྲེས་པའི་གོ་དོན་ཡིན་ནོ། །ཟེར་ན། དང་པོ་གཉིས་ལ། དངོས་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཕྱི་མ་ལ། བ་ལང་མ་ཡིན་པ་ལས་ལོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་གཉིས་ཀ་གྲུབ་སྟེ་དེ་གཉིས་ཀའི་རང་བཞིན་ཡིན་པའི་ཕྱིར། དེ་གཉིས་ཀའི་སྤྱི་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་འབྲས་ཅན་མིན་ལས་བཟློག་པ། །གཉིས་ཀ་ལ་ཡང་ཡོད་པ་ཡིན། །ཞེས་གསུངས་པའི་ཕྱིར། འོ་ན། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །ཞེས་པའི་ཚིག་ཟུར་གྱི་དངོས་པོ་འདི་གསལ་བ་རང་མཚན་འབའ་ཞིག་ལ་བྱེད་དམ། འདི་དང་སྤྱིའི་གཞི་མཐུན་ཡོད་ཅེ་ན། ཡོད་དེ། འདིའི་ཐད་ཀྱི་བྲམ་ཟེའི་འགྲེལ་པ་ལས། གང་ཕྱིར་དངོས་ཀུན་རང་བཞིན་དེ། གསལ་བ་འབའ་ཞིག་ཏུ་མ་ཟད་སྤྱི་ཡང་ཡིན་ནོ། །ཞེས་བྱ་བའི་དོན་ནོ། ཞེས་གསུངས་པའི་ཕྱིར། དེས་ན་སྐབས་འདིར་སྤྱི་དང་དངོས་པོའི་གཞི་མཐུན་ཁས་ལེན་ཏེ། མཁན་ཆེན་གཡག་པ་དང༌། རྒྱབ་ཚབ་དར་མ་རིན་ཆེན་སྐྱོར་མོ་ལུང་དུ་རྩོད་པ་མཛད་པའི་རྩོད་ཡིག་ཏུ། རྒྱལ་ཚབ་རྗེས་བྲམ་ཟེའི་འགྲེལ་པ་ལས། གང་ཕྱིར་དངོས་ཀུན་རང་བཞིན་དེ། གསལ་བ་འབའ་ཞིག་ཏུ་མ་ཟད་ཀྱི་སྤྱི་ཡང་ཡིན་ནོ། །ཞེས་པའི་དོན་ནོ། །ཞེས་པ་དང༌། ལེའུ་གསུམ་པའི་ལྷའི་འགྲེལ་པར། སྤྱི་ཡང་ཡིན་རང་གི་མཚན་ཉིད་ཀྱང་ཡིན་པ་དེ་ལྟར་ན་སྐྱོན་ཡོད་པ་མ་ཡིན་ནོ། །ཞེས་པའི་འགྲེལ་པ་འདི་གཉིས་ཤེས་བྱེད་དུ་དྲངས་ནས། སྤྱི་དང་དངོས་པོའི་གཞི་མཐུན་བཞེད་པ་ཡིན་པའི་ཕྱིར། རང་བཞིན་གྱིས། ཞེས་སྨོས་པ་ལ་དགོས་པ་གང་ཡོད་ཅེ་ན། དགོས་པ་ཡོད་དེ། བྱས་མི་རྟག་ཐ་དད་པའི་ཆ་དེ་རང་བཞིན་གྱིས་གྲུབ་ཀྱང་བདེན་པར་མེད་དོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འོ་ན། བྱས་མི་རྟག་ཐ་དད་པའི་ཆ་རང་བཞིན་གྱིས་གྲུབ་ན། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འགྱུར་ལ། དེ་ལྟར་ན། ཊཱིཀྐ་ལས། སྤྱི་མཚན་རྟོག་པ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ཡང་སྣང་བ་ལྟར་རང་གི་མཚན་ཉིད་ཀྱིས་གྲུབ་པ་མ་ཁེགས་ན། ཞེས་པ་མི་འཐད་པར་འགྱུར་རོ། །ཞེ་ན། སྐྱོན་མེད་དེ། སྤྱི་མཚན་དེ་རང་འཛིན་གྱི་རྟོག་པ་ལ་བདེན་གྲུབ་ཏུ་སྣང་ཡང་བདེན་པར་མ་གྲུབ་ཅེས་པའི་དོན་ཡིན་པའི་ཕྱིར། དེས་ན་སྤྱི་མཚན་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར་ཏེ། དྲང་ངེས་རྣམ་འབྱེད་ལས། དོན་སྨྲ་གཉིས་ཀྱིས་གཟུགས་སོགས་རྟོག་པའི་ཞེན་གཞི་དང༌། བརྡ་འདོགས་པའི་གནས་སུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁེགས་ན། དེ་དག་ཡོད་པར་འཇོག་མི་ཤེས་པས་ཚད་མ་པ་ལ་གྲགས་པའི་རང་མཚན་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། །

༈ རང་ལུགས་ནི། རང་སྤྱི་སོ་སོའི་ངོ་བོ་ངོས་འཛིན་པར་བྱེད་པ་ལ། ཊཱིཀྐ་ལས། དེས་ན་རང་མཚན་གྱི་དོན་རྟོག་པས་བཏགས་ཙམ་མ་ཡིན་པར་ཡུལ་རང་གི་ངོས་ནས་གྲུབ་པའི་དོན་ནོ། །ཞེས་པ་འདི་བྱུང༌། དེས་ན་རྟོག་པས་སྒྲོ་མ་བཏགས་པར་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་རང་མཚན་གྱི་མཚན་ཉིད། རྟོག་པས་སྒྲོ་བཏགས་ཀྱི་ཆོས་སྤྱི་མཚན་གྱི་མཚན་ཉིད་ཡིན་ནོ། །ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་གོ་དོན་ནི། ཤར་ཕྱོགས་ཀྱི་དངོས་པོ་ནུབ་ཕྱོགས་ན་མེད། ནུབ་ཕྱོགས་ཀྱི་དངོས་པོ་ཤར་ཕྱོགས་ན་མེད་པ་དེ། དེ་གཉིས་ཡུལ་མ་འདྲེས་པའི་གོ་དོན་དང༌། སྔ་དྲོའི་དུས་ཀྱི་དངོས་པོ་ཕྱི་དྲོའི་དུས་སུ་མེད། ཕྱི་དྲོའི་དུས་ཀྱི་དངོས་པོ་སྔ་དྲོའི་དུས་སུ་མེད་པ་དེ། དེ་གཉིས་དུས་མ་འདྲེས་པའི་གོ་དོན་དང༌། བ་ལང་སེར་སྐྱ་དེ་བ་ལང་ཁྲ་བོའི་ངོ་བོར་མེད། བ་ལང་ཁྲ་བོ་དེ་བ་ལང་སེར་སྐྱའི་ངོ་བོར་མེད་པ་དེ། དེ་གཉིས་རང་བཞིན་མ་འདྲེས་པའི་གོ་དོན་ཡིན་ནོ། །སྦྱོར་བ་འགོད་པ་ལ། ཁ་ཅིག་ན་རེ། མཉན་བྱ་ཆོས་ཅན། རང་དང་རིགས་གཅིག་པའི་ཀ་བ་བུམ་པ་སོགས་ལས་ཀྱང་ལོག །རིགས་མི་མཐུན་པའི་རྟག་པ་མ་བྱས་པ་སོགས་ལས་ཀྱང་ལོག་པ་ཡིན་ཏེ། མཉན་བྱ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་གཞུང་འདིའི་དོན་སྦྱོར་རྣམ་དག་ཡིན་ནོ། །ཟེར་ན། དངོས་པོར་རིགས་མཐུན་ན་རིགས་མཐུན་པས་ཁྱབ་པར་ཐལ། སྦྱོར་བ་འཐད་པའི་ཕྱིར། འདོད་ན། རིགས་མི་མཐུན་གྱི་དངོས་པོ་མེད་པར་ཐལ་ལོ། །འདོད་ན། རིགས་མི་གཅིག་པའི་དངོས་པོ་མེད་པར་ཐལ་ལོ། །འདོད་ན། བློ་རིགས་མི་གཅིག་པའི་སེམས་ཅན་མེད་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། དངོས་པོར་རིགས་མཐུན་ན། རིགས་མཐུན་པས་ཁྱབ་པར་ཐལ། བེམ་པོར་རིགས་མཐུན་ན་རིགས་མཐུན་པས་ཁྱབ་པའི་ཕྱིར་ཏེ། འབྱུང་བར་རིགས་མཐུན་ན་རིགས་མཐུན་པས་ཁྱབ་པའི་ཕྱིར་ཏེ། ཆུར་རིགས་མཐུན་ན་ཡང་རིགས་མཐུན་པས་ཁྱབ། ཤིང་དུ་རིགས་མཐུན་ན་ཡང་རིགས་མཐུན་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། དང་པོ་གྲུབ་སྟེ། ཆུ་དང་འོ་མ་གཉིས་རིགས་མཐུན་པའི་ཕྱིར་ཏེ། ཐ་དད་མེད་ཕྱིར་གཅིག་ཅེས་བརྗོད། །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཤ་ཤུག་གཉིས་རིགས་མཐུན་པའི་ཕྱིར་ཏེ། དེ་གཉིས་ཁོ་རང་རིགས་མཐུན་དུ་འཛིན་པའི་རྣམ་ཤེས་དོན་མཐུན་གྱི་རྒྱུ་ཡིན་པའི་ཕྱིར་ཏེ། ཐ་དད་ཀྱང་གང་དངོས་ཆོས་ཀྱི། །ཞེས་གསུངས་པའི་ཕྱིར། རང་ལུགས་ཀྱི་སྦྱོར་བ་ནི། མཉན་བྱ་ཆོས་ཅན། རང་དང་དངོས་པོར་རིགས་མཐུན་པའི་ཀ་བུམ་སོགས་ལས་ཀྱང་ལོག །རང་དང་དངོས་པོར་རིགས་མི་མཐུན་པའི་རྟག་པ་སོགས་ལས་ཀྱང་ལོག་སྟེ། མཉན་བྱ་ཡིན་པའི་ཕྱིར། །

སེལ་འཇུག་དང་སྒྲུབ་འཇུག་གི་རྣམ་གཞག་བཤད་པ།

༈ དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཞེས་སོགས་ཀྱི་སྐབས་སུ་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རང་ཡུལ་གསལ་བར་སྣང་བའི་རིག་པ་དེ་སྒྲུབ་འཇུག་གི་མཚན་ཉིད་ཟེར་ན། གཟུགས་འཛིན་དབང་མངོན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། འདོད་ན། དེའི་ཡུལ་དེ་དེ་ལ་གསལ་བར་སྣང་བར་ཐལ་ལོ། །འདོད་ན། དེའི་ཡུལ་ཆོས་ཅན། རང་མཚན་དུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དང་སྤྱི་མཚན་གྱི་གཞི་མཐུན་ཡོད་པའི་ཕྱིར་ཏེ། གཟུགས་གཟུགས་མ་ཡིན་པས་སྟོང་པ་དེ་དེ་ཡིན་པའི་ཕྱིར། ཁ་ཅིག །རང་ཡུལ་ལ་གསལ་བར་སྣང་ཙམ་གྱི་སྒོ་ནས་འཇུག་པའི་རིག་པ་དེ་སྒྲུབ་འཇུག་གི་མཚན་ཉིད་ཟེར་ན། གཟུགས་འཛིན་དབང་མངོན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རང་ཡུལ་གསལ་བར་སྣང་བའི་རིག་པ་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། རང་ཡུལ་ལ་གསལ་སྣང་ཅན་གྱི་སྒོ་ནས་འཇུག་པ་ཡིན་པར་ཐལ། གསལ་སྣང་ཅན་གྱི་སྒོ་ནས་རང་ཡུལ་ལ་འཇུག་པའི་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེའི་སྒོ་ནས་གཟུགས་ལ་འཇུག་པའི་རིག་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་སྣང་ཡུལ་དུ་གྱུར་པའི་རང་མཚན་གསལ་བར་སྣང་བའི་རིག་པ་དེ་སྒྲུབ་འཇུག་གི་མཚན་ཉིད། དེ་དང་མངོན་སུམ་དོན་གཅིག་ཟེར་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མངོན་སུམ་དུ་ཐལ། སྒྲུབ་འཇུག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་སྣང་ཡུལ་དུ་གྱུར་པའི་རང་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་དུ་གྱུར་པའི་རང་མཚན་ཡོད་པར་ཐལ། ཁྱོད་རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟོག་པ་ཡིན་ན། རང་གི་སྣང་ཡུལ་དུ་གྱུར་པའི་སྤྱི་མཚན་ཡོད་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྟོག་མེད་ཀྱི་ཤེས་པ་ཡིན་ན། རང་གི་སྣང་ཡུལ་གྱི་གཙོ་བོར་གྱུར་པའི་རང་མཚན་ཡོད་དགོས་པར་ཐལ། རྟོག་པ་ཡིན་ན། རང་གི་སྣང་ཡུལ་གྱི་གཙོ་བོར་གྱུར་པའི་སྤྱི་མཚན་ཡོད་དགོས་པའི་ཕྱིར་ན་མ་ཁྱབ་བོ། །འདོད་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཟླ་གཅིག་ཟླ་གཉིས་ཡིན་པ་ཡོད་པར་ཐལ་ལོ། །གཞན་ཡང༌། ཁོ་ན་རེ། ཟླ་བ་གཉིས་སྣང་གི་དབང་ཤེས་སྒྲུབ་འཇུག་ཏུ་སོང་བའི་ཡུལ་ཡོད་པར་ཐལ། དེ་སྒྲུབ་འཇུག་ཡིན་པའི་ཕྱིར། འདོད་བྱས་པ་ལ། གང་ཡིན་ཟེར་ན། ཁ་ཅིག་ན་རེ། དེ་ལ་ཟླ་བ་གཅིག་ཟླ་བ་གཉིས་སུ་སྣང་ཙམ་དེ་དེ་སྒྲུབ་འཇུག་ཏུ་སོང་བའི་ཡུལ་ཡིན་ཞིང་། སྤྱི་མཚན་ཡང་ཡིན་ནོ། །ཞེ་ན། དེ་སྤྱི་མཚན་མ་ཡིན་པར་ཐལ། དེ་རང་མཚན་ཡིན་པའི་ཕྱིར་ཏེ། དེ་དེའི་སྣང་ཡུལ་དུ་གྱུར་པའི་རང་མཚན་ཡིན་པའི་ཕྱིར་ཏེ། དེའི་དེར་གྱུར་པའི་རང་མཚན་ཡོད་པའི་ཕྱིར་ཏེ། དེ་རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། གཞན་ཡང༌། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་ཟླ་བ་གཅིག་ཟླ་གཉིས་སུ་སྣང་ཙམ་ཆོས་ཅན། རང་ཡུལ་དུ་བྱེད་པའི་དབང་ཤེས་ཀྱི་སྣང་ཡུལ་ཡིན་པར་ཐལ། ཟླ་བ་གཉིས་སྣང་གི་དབང་ཤེས་དེ་ཁྱོད་སྣང་ཡུལ་དུ་བྱེད་པའི་དབང་ཤེས་ཡིན་པའི་ཕྱིར། འདོད་ན། དབང་ཤེས་ཀྱི་སྣང་ཡུལ་དུ་ཐལ། འདོད་པ་གང་ཞིག། ཡོད་པའི་ཕྱིར། འདོད་ན། རང་མཚན་དུ་ཐལ་ལོ། །ཁ་ཅིག་ན་རེ། ཟླ་གཅིག་དེ་དེ་སྒྲུབ་འཇུག་ཏུ་སོང་བའི་ཡུལ་ཡིན་ནོ། །ཟེར་ན། དེ་དེ་ལ་གསལ་བར་སྣང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དེ་གསལ་བར་སྣང་བའི་བློ་ཡིན་པར་ཐལ་ལོ། །འདོད་ན། དེ་ཆོས་ཅན། བློ་དོན་མཐུན་དུ་ཐལ། ཟླ་གཅིག་གསལ་བར་སྣང་བའི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། ཟླ་གཅིག་མི་གསལ་བར་འཛིན་པའི་རྟོག་པ་ཡིན་ན་རྟོག་པ་དོན་མཐུན་ཡིན་དགོས་པའི་ཕྱིར་ཏེ། དེ་མི་གསལ་བར་བརྗོད་པའི་ངག་ཡིན་ན་ངག་དོན་མཐུན་ཡིན་དགོས་པའི་ཕྱིར། རང་ལུགས་ནི་དེ་འདྲའི་དབང་ཤེས་ལ་ཟླ་གཅིག་ཟླ་གཉིས་སུ་སྣང་ཙམ་དེ། དེ་སྒྲུབ་འཇུག་ཏུ་སོང་བའི་ཡུལ་ཡིན་ཅིང་རང་མཚན་ཡང་ཡིན་ནོ། །ཁ་ཅིག་ན་རེ། རང་ཡུལ་ལ་དངོས་དབང་གིས་འཇུག་པའི་རིག་པ་དེ་དེའི་མཚན་ཉིད་ཟེར་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རང་ཡུལ་ལ་དངོས་པོའི་གནས་ཚོད་དང་མཐུན་པར་འཇུག་པའི་རིག་པ་ཡིན་པར་ཐལ་ལོ། །འདོད་ན། ཟླ་གཅིག་ཟླ་གཉིས་ཡིན་པ་ཡོད་པར་ཐལ་ལོ། །ཁ་ཅིག། རང་ཡུལ་ལ་རྣམ་བཅད་ཀྱི་སྒོ་ནས་འཇུག་པའི་རིག་པ་དེ་སེལ་འཇུག་གི་མཚན་ཉིད་ཟེར་ན། མངོན་སུམ་ཆོས་ཅན། སེལ་འཇུག་ཏུ་ཐལ། མཚན་ཉིད་དེའི་ཕྱིར། དེས་སྒྲ་རྟག་པ་རྣམ་པར་བཅད་ནས་སྒྲ་མི་རྟག་པ་ཡོངས་གཅོད་ལ་གྲུབ་པའི་བློ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཅན་དེའི་ཕྱིར། ཁོ་ན་རེ། དེ་ཆོས་ཅན། རང་ཡུལ་ལ་རྣམ་བཅད་ཀྱི་སྒོ་ནས་འཇུག་པའི་རིག་པ་མ་ཡིན་པར་ཐལ། དེ་ལ་ཡོངས་གཅོད་ཀྱི་སྒོ་ནས་འཇུག་པའི་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རང་ཡུལ་ལ་སྒྲུབ་པས་འཇུག་པའི་རིག་པ་ཡིན་པའི་ཕྱིར་ཏེ། སྒྲུབ་འཇུག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པའི་རིག་པ་སེལ་འཇུག་གི་མཚན་ཉིད་ཟེར་ན། རྗེས་དཔག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། རྟོག་པ་ཡིན་པའི་ཕྱིར། འདོད་ན། རྗེས་དཔག་ཆོས་ཅན། ཆོས་ཐམས་ཅད་ལ་འཇལ་བྱེད་དུ་མི་འཇུག་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཞི་གྲུབ་ན་དེའི་གཞལ་བྱ་ཡིན་དགོས་པའི་ཕྱིར། ཁ་ཅིག །སེལ་འཇུག་ཏུ་གྱུར་པའི་གང་ཟག་དང་སྒྲུབ་འཇུག་ཏུ་གྱུར་པའི་གང་ཟག་གཉིས་ཀ་ཡོད་ཟེར་ན། སྒྲ་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་ན་སྒྲ་ལ་སྒྲུབ་འཇུག་ཡིན་པས་ཁྱབ་པ་དང༌། སྒྲ་མི་རྟག་པ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་གང་ཟག་ཡིན་ན། དེ་ལ་སེལ་འཇུག་ཡིན་པས་ཁྱབ་པ་གཉིས་ཀ་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སོ་སྐྱེ་ཆོས་ཅན། སྒྲུབ་འཇུག་ཡིན་པར་ཐལ། སྒྲ་ལ་སྒྲུབ་འཇུག་ཡིན་པའི་ཕྱིར་ཏེ། སྒྲ་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། དེའི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་དེས་སྒྲ་རྟོགས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སེལ་འཇུག་ཡིན་པའི་ཕྱིར་ཏེ། སྒྲ་མི་རྟག་པ་ལ་དེ་ཡིན་པའི་ཕྱིར་ཏེ། དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། དེ་ལ་ཁོ་ན་རེ། སོ་སྐྱེ་ཆོས་ཅན། སྒྲ་མི་རྟག་པ་ལ་སེལ་འཇུག་ཏུ་ཐལ། དེ་ལ་འདོད་པས་འཇུག་པའི་ཡུལ་ཅན་ཡིན་པའི་ཕྱིར་ཏེ། དེ་ལ་དོན་སྤྱི་ཙམ་གྱིས་འཇུག་པའི་ཡུལ་ཅན་ཡིན་པའི་ཕྱིར་ཏེ། དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཞེས་སོགས་ཀྱི་དོན་དུ་བསམས་ནས། སྒྲ་འཛིན་དབང་མངོན་གྱིས་སྒྲའི་སྟེང་གི་བྱས་མི་རྟག་ལ་སོགས་པ་སྒྲའི་ཡོན་ཏན་མཐའ་དག་མཐོང་བ་ཡིན་ཟེར་ན། སྒྲའི་སྟེང་གི་བྱས་མི་རྟག་སྒྲའི་ཡོན་ཏན་དུ་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེའི་སྟེང་གི་གང་ཟག་གི་བདག་མེད་ཀྱང་སྒྲའི་ཡོན་ཏན་དུ་ཐལ་ལོ། །འདོད་མི་ནུས་ཏེ། བདག་མེད་ཡིན་ན་དེའི་སྟེང་དུ་བདག་མེད་ཡིན་དགོས་པའི་ཕྱིར། གཞན་ཡང༌། སངས་འཕགས་ཀྱི་སྟེང་གི་མི་རྟག་པ་དེ་དེའི་ཡོན་ཏན་དུ་ཐལ། སྒྲ་ལ་དེའི་ཕྱིར། འདོད་མི་ནུས་ཏེ། མི་རྟག་པ་དེའི་སྟེང་དུ་མི་རྟག་པ་ཡིན་པའི་ཕྱིར་ཏེ། ཤེས་བྱ་དེའི་སྟེང་དུ་ཡོད་པ་ཡིན་པའི་ཕྱིར་ཏེ། དེའི་སྟེང་དུ་ཡོད་ན་སངས་འཕགས་ཡིན་པས་མ་ཁྱབ་པའི་ཕྱིར། གཞུང་དེའི་དོན་ནི། སྒྲའི་སྟེང་གི་བྱས་མི་རྟག་གཉིས་སྒྲའི་ཁྱད་ཆོས་ཡིན་པའི་རྒྱུ་མཚན་གྱིས་དེ་ལ་སྒྲའི་ཡོན་ཏན་གྱི་མིང་གིས་བཏགས་པ་དེ་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་འཛིན་དབང་མངོན་ཆོས་ཅན། སྒྲ་མི་རྟག་པ་ལ་མངོན་སུམ་ཡིན་ཏེ། སྒྲ་ལ་དེ་གང་ཞིག །སྒྲ་དང་སྒྲའི་སྟེང་གི་མི་རྟག་པ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་གཞུང་འདིའི་དོན་སྦྱོར་རྣམ་དག་ཡིན་ནོ། །ཟེར་ན། བུམ་པའི་མཆུ་འཛིན་མིག་ཤེས་ཆོས་ཅན། བུམ་པའི་ཞབས་ལ་མངོན་སུམ་དུ་ཐལ། བུམ་པ་ལ་མངོན་སུམ་གང་ཞིག །བུམ་པ་དང་བུམ་པའི་ཞབས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་གཉིས་དུས་ལ་ལྟོས་ཏེ་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པའི་ཕྱི་འཛིན་མིག་ཤེས་དེས་བུམ་པའི་ནང་མཐོང་བར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། བུམ་པའི་མཆུ་འཛིན་མིག་ཤེས་དེས་བུམ་པའི་ཞབས་མཐོང་བར་ཐལ། བ་ལང་གི་རྭ་འཛིན་མིག་ཤེས་དེས་དེའི་མཇུག་མ་མཐོང་བའི་ཕྱིར། དེས་དེའི་ནོག་སོགས་མཐོང་བའི་ཕྱིར་ཏེ། དེས་དེའི་ནོག་སོགས་འདུས་པའི་གོང་བུ་མཐོང་བའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། དེས་བ་ལང་མཐོང་བའི་ཕྱིར། ཁྱབ་སྟེ། ལྐོག་ཤལ་སོགས་མཐོང་མེད་པར་ནི། །བ་ལང་ཤེས་པ་མཐོང་བ་མེད། །ཅེས་གསུངས་པའི་ཕྱིར། གཞན་ཡང༌། ཁོ་ན་རེ། བུམ་པའི་མཆུ་འཛིན་མིག་ཤེས་དེས་དེའི་ཞབས་མཐོང་བར་ཐལ། དེས་བུམ་པ་ཞབས་ཞུམ་པར་མཐོང་བའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་བུམ་པ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པར་མཐོང་བའི་ཕྱིར་ཏེ། དེས་བུམ་པ་མཐོང་བའི་ཕྱིར་ན། ཁོ་རང་ལ། བུམ་པའི་མཆུ་འཛིན་མིག་ཤེས་དེས་བུམ་པའི་ཞབས་རྟོགས་པར་ཐལ། དེས་བུམ་པའི་ཞབས་ཞུམ་པར་རྟོགས་པའི་ཕྱིར། དེས་བུམ་པ་ཞབས་ཞུམ་པར་རྟོགས་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེས་བུམ་པ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པར་རྟོགས་པའི་ཕྱིར། དེས་བུམ་པ་བུམ་པར་མཐོང་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། གསལ་བ་དེར་ཐལ། བུམ་པའི་ཕྱི་འཛིན་མིག་ཤེས་ཀྱིས་བུམ་པའི་ནང་མཐོང་བའི་ཕྱིར་ཏེ། དེས་དེའི་ཕྱི་ནང་གི་རྡུལ་ཕྲན་ཀུན་མཐོང་བའི་ཕྱིར་ཏེ། དེས་དེའི་ཕྱི་ནང་གི་རྡུལ་ཕྲན་ཀུན་བསགས་པའི་བུམ་པ་མཐོང་བའི་ཕྱིར། ཁྱབ་སྟེ། རྟེན་མཐོང་མེད་པར་གང་ལས་རྟོགས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། གཞན་ཡང། བུམ་པའི་ཕྱི་འཛིན་མིག་ཤེས་དེས་བུམ་པའི་ཕྱི་ནང་གི་རྡུལ་ཕྲན་ཀུན་མ་མཐོང༌། ཕྱི་ནང་གི་རྡུལ་ཕྲན་ཀུན་བསགས་པའི་བུམ་པ་མཐོང་བའི་ཁྱད་པར་འཐད་པར་ཐལ། དང་པོ་མ་མཐོང༌། ཕྱི་མ་མཐོང་བའི་ཕྱིར། འདོད་ན། ཊཱིཀྐ་ལས། འདིས་དབང་ཤེས་ཀྱིས་རྡུལ་ཕྲན་མ་མཐོང༌། རྡུལ་ཕྲན་བསགས་པ་མཐོང་ཞེས་སྨྲ་བ་ལེགས་པར་བཀག་པ་ཡིན་ནོ། །ཞེས་པ་མི་འཐད་པར་ཐལ་ལོ། །ཟེར་ན་མ་ཁྱབ་སྟེ། དེའི་དོན་ནི། བུམ་པའི་མཆུ་འཛིན་མིག་ཤེས་དེས་བུམ་པའི་རྡུལ་ཕྲ་རགས་གང་ཡང་མ་མཐོང་བར་བུམ་པ་མི་མཐོང་བ་དེ་དེའི་དོན་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། ལུང་དོན་མི་འཐད་པར་ཐལ། རྡུལ་ཕྲན་ཡིན་ན་བུམ་འཛིན་མིག་ཤེས་ཀྱི་ཡུལ་མ་ཡིན་དགོས་པའི་ཕྱིར་ཏེ། དབང་ཡུལ་དེའི་ཕྱིར་རྡུལ་ཕྲན་མིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རྡུལ་ཕྲན་ཡིན་ན། བུམ་འཛིན་དབང་ཤེས་ཀྱིས་ངེས་པ་འདྲེན་ནུས་ཀྱི་ཡུལ་མ་ཡིན་པའི་ཁྱབ་པ་དེ་དེའི་དོན་ཡིན་པའི་ཕྱིར། འོ་ན། ཁོ་རང་ལ། བ་ལང་མཐོང་ན་དེའི་ཆ་ཤས་ཐམས་ཅད་མཐོང་དགོས་པར་ཐལ། བ་ལང་གི་རྭ་འཛིན་མིག་ཤེས་དེས་དེའི་མཇུག་མ་མཐོང་བའི་ཕྱིར། འདོད་མི་ནུས་ཏེ། དེའི་རྭ་མཐོང་བའི་ཆ་ནས་དེ་མཐོང་བར་འཇོག་རིགས་པའི་ཕྱིར་ཏེ། སྐྱེས་བུའི་ལག་པ་མཐོང་བའི་ཆ་ནས་སྐྱེས་བུ་མཐོང་བར་འཇོག་རིགས་པའི་ཕྱིར། གཞན་ཡང༌། ལོང་བའི་རྒྱུད་ཀྱི་བུམ་པའི་རེག་བྱ་འཛིན་པའི་མངོན་སུམ་ཆོས་ཅན། བུམ་པ་ལ་མངོན་སུམ་དུ་ཐལ། དེའི་རེག་བྱ་ལ་དེ་གང་ཞིག །དེ་དང་དེའི་རེག་བྱ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེའི་རྒྱུད་ལ་བུམ་འཛིན་མངོན་སུམ་ཡོད་པར་ཐལ་ལོ། །འདོད་ན། དེའི་རྒྱུད་ལ་བུམ་འཛིན་དབང་མངོན་ཡོད་པར་ཐལ། འདོད་པ་གང་ཞིག །དེའི་རྒྱུད་ལ་བུམ་འཛིན་ཡིད་མངོན་མེད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་གཟུགས་འཛིན་མིག་ཤེས་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་ཕྱིར་ལོང་བས་མཐོང་བ་མིན། །ཞེས་གསུངས་པའི་ཕྱིར། རང་རེས་དངོས་པོ་ཡིན་ན་ཁྱོད་དང་ཁྱོད་ཀྱི་སྟེང་གི་མི་རྟག་པ་ཡུལ་དུས་རང་བཞིན་གང་ལ་ལྟོས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པས་ཁྱབ། བྱས་པ་ལ་ཁོ་ན་རེ། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རྣམ་མཁྱེན་གྱི་སྟེང་གི་མི་རྟག་པ་ལ་མངོན་སུམ་ཡིན་ན། རྣམ་མཁྱེན་ལ་མངོན་སུམ་ཡིན་དགོས་པར་ཐལ་ལོ། །འདོད་ན། བྱང་སེམས་རྒྱུན་མཐའ་བའི་རྒྱུད་ཀྱི་རྣམ་མཁྱེན་མི་རྟག་པར་མངོན་སུམ་གྱིས་རྟོགས་པའི་མཁྱེན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་འདུས་བྱས་ཐམས་ཅད་མི་རྟག་པར་མངོན་སུམ་གྱིས་རྟོགས་པའི་མཁྱེན་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེའི་རྒྱུད་ལ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་མངོན་སུམ་གྱིས་རྟོགས་པའི་མཁྱེན་པ་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རྣམ་མཁྱེན་རྟོགས་པའི་ཤེས་པར་ཐལ། འདོད་པ་གང་ཞིག །དེ་ལ་སྣང་ལ་མ་ངེས་ཀྱི་བློ་མ་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ལ་སྣང་ལ་མ་ངེས་ཀྱི་བློ་མེད་པའི་ཕྱིར་ཏེ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར། གཞན་ཡང༌། ཁོ་ན་རེ། དེའི་རྒྱུད་ཀྱི་འདུས་བྱས་མི་རྟག་པར་མངོན་སུམ་གྱིས་རྟོགས་པའི་མཁྱེན་པ་ཆོས་ཅན། རྣམ་མཁྱེན་མངོན་སུམ་གྱིས་རྟོགས་པའི་མཁྱེན་པར་ཐལ། འདུས་བྱས་ཐམས་ཅད་མི་རྟག་པར་མངོན་སུམ་གྱིས་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང༌། དེའི་རྒྱུད་ལ་རྣམ་མཁྱེན་མི་རྟག་པར་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཡོད་པར་ཐལ། དེའི་རྒྱུད་ལ་དེ་རྟག་སྟོང་དུ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་དེ་གང་ཟག་གི་བདག་མེད་དུ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྒྱུན་མཐའི་བར་ཆད་མེད་ལམ་དེ་དེ་གང་ཟག་གི་བདག་མེད་དུ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། དེ་དེ་གང་ཟག་གི་བདག་ཏུ་འཛིན་པའི་བདག་འཛིན་གྱི་དངོས་གཉེན་ཡིན་པའི་ཕྱིར་ཏེ། སངས་རྒྱས་མ་ཐག་པའི་གང་ཟག་དེ་དེ་འདྲའི་བདག་འཛིན་སྤངས་མ་ཐག་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བུམ་འཛིན་རྟོག་པ་ཆོས་ཅན། སྔར་གྱི་ཁྱབ་པ་ལ་དེར་ཐལ། དེའི་ཕྱིར། འདོད་ན། དེ་ལ་མངོན་སུམ་ཡིན་ན། དེའི་སྟེང་གི་མི་རྟག་པ་ལ་མངོན་སུམ་ཡིན་དགོས་པར་ཐལ་ལོ། །འདོད་ན། དེ་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། དེ་བུམ་འཛིན་རྟོག་པ་ལ་གཉིས་སྣང་ནུབ་པའི་ཤེས་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཁྱོད་ལ་གཉིས་སྣང་ནུབ་པའི་ཤེས་པར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེའི་སྟེང་གི་མི་རྟག་པ་ལ་རང་རིག་ཏུ་ཐལ། འདོད་པ་གང་ཞིག །རང་རིག་ཡིན་པའི་ཕྱིར། འདོད་ན། དེ་ལ་གཉིས་སྣང་ནུབ་པའི་ཤེས་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་ལ་གཉིས་སྣང་ནུབ་པའི་ཤེས་པ་མེད་པའི་ཕྱིར། ཡང་ཁོ་ན་རེ། དེ་འདྲའི་རང་རིག་ཆོས་ཅན། དེའི་སྟེང་གི་མི་རྟག་པ་ལ་མངོན་སུམ་དུ་ཐལ། དེའི་སྟེང་གི་མི་རྟག་པ་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ཡིན་པའི་ཕྱིར་རོ། །འོ་ན། དེ་འདྲའི་རང་རིག་ཆོས་ཅན། བུམ་འཛིན་རྟོག་པའི་འཛིན་རྣམ་ལ་མངོན་སུམ་དུ་ཐལ། དེའི་གཟུང་རྣམ་ལ་དེ་གང་ཞིག །དེའི་གཟུང་རྣམ་དང་འཛིན་རྣམ་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། ཊཱིཀ་ཆེན་ལས། འདི་ལ་ཤེས་པ་ཡིན་ན། རང་གི་ངོ་བོ་ལ་མངོན་སུམ་ཡིན་པས་ཁྱབ་པར་འདོད་པ་དག་གིས་ལན་བཏབ་དཀའ་ལ། ཁོ་བོ། རྟགས་སྔ་མ་མ་གྲུབ་པར་འདོད་དེ་འོག་ཏུ་འཆད་དོ། །ཞེས་གསུངས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། བུམ་འཛིན་རྟོག་པ་ལ་མངོན་སུམ་གང་ཞིག །དེ་དེའི་གཟུང་རྣམ་ཡིན་པའི་ཕྱིར། རྟགས་དང་པོ་དངོས། རང་ལུགས་ཀྱིས་རྟགས་དང་པོ་ལ་ལན་ཐེབས་སོ། །རྩ་བར་འདོད་ན། དེ་འདྲའི་རང་རིག་དེ་བུམ་འཛིན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་ལ་མངོན་སུམ་དུ་ཐལ། འདོད་པ་གང་ཞིག །དེ་བུམ་འཛིན་རྟོག་པའི་འཛིན་རྣམ་ཡིན་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། སེལ་འཇུག་སྒྲུབ་འཇུག་གི་རྣམ་གཞག་བཤད་པ་དང༌། དེ་དག་གཏན་ལ་ཕབ་པའི་དགོས་པ་བཤད་པའོ། །དང་པོ་ནི། རང་གི་སྣང་ཡུལ་དུ་གྱུར་པའི་རང་མཚན་གསལ་བར་སྣང་བའི་རིག་པ་དེ། སྒྲུབ་འཇུག་གི་མཚན་ཉིད། དབྱེ་ན། དེ་དོན་མཐུན་དང་དོན་མི་མཐུན་གཉིས། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གང་རུང་གིས་བསྡུས་པའི་སྒོ་ནས། རང་ཡུལ་ལ་འདོད་པས་འཇུག་པའི་ཡུལ་ཅན་སེལ་འཇུག་གི་མཚན་ཉིད། དབྱེ་ན་རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གཉིས་སུ་ཡོད། བུམ་འཛིན་དབང་མངོན་རང་ཡུལ་ལ་དངོས་དབང་གིས་འཇུག་སྟེ། དེ་ཡུལ་བུམ་པའི་དབང་གིས་འཇུག་པའི་ཕྱིར། དེ་ཡང་འཇུག་པ་ཡིན་ཏེ། བུམ་པ་ཡོད་པའི་གཞིར་དེ་ཡོད། བུམ་པ་མེད་པའི་གཞིར་དེ་མེད་པའི་ཕྱིར། བུམ་འཛིན་རྟོག་པ་དེ་རང་ཡུལ་ལ་འདོད་པའི་དབང་གིས་འཇུག་སྟེ། དེ་རང་རྒྱུད་ལྡན་གྱི་གང་ཟག་གི་འདོད་པའི་དབང་གིས་འཇུག་པའི་ཕྱིར། དེ་ཡང་འཇུག་པ་ཡིན་ཏེ། བུམ་པ་མེད་པའི་གཞིར་ཡང་བུམ་འཛིན་རྟོག་པ་དང༌། དེ་ཞེས་པའི་ངག་སྐྱེས་པ་ཡོད་པའི་ཕྱིར། གཉིས་པ་ནི། བྱས་མི་རྟག་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བསྟན་པ་ལ་དགོས་པ་ཡོད་དེ། ཕྱི་རོལ་པ་རྣམས་ཀྱིས་དེ་འདྲའི་རྣམ་བཞག་འཇོག་མི་ཤེས་པ་ལ་བརྟེན་ནས། སྐྱེ་བྱ་སྐྱེ་བྱེད་དང་བསྒྲུབ་བྱ་སྒྲུབ་བྱེད་དང་འཇལ་བྱ་འཇལ་བྱེད་ཀྱི་རྣམ་བཞག་སོགས་ལ་རྨོངས་ཤིང་སངས་རྒྱས་པས་དེ་ལྟར་ཤེས་པ་ལ་བརྟེན་ནས་རྣམ་བཞག་དེ་ལ་མ་རྨོངས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གང་ཟག་གི་བདག་དུ་འཛིན་པའི་རྟོག་པ་སེལ་འཇུག་ཏུ་བསྟན་པ་ལ་དགོས་པ་ཡོད་དེ། དེ་ལ་བརྟེན་ནས་དེ་ལ་སྣང་བ་སྣང་བ་ལྟར་མ་གྲུབ་པར་རྟོགས་ནས་གང་ཟག་གི་དོན་སྤྱི་གང་ཟག་མ་ཡིན་པར་རྟོགས་ནུས། དེ་ལས་གང་ཟག་རང་གི་ཕུང་བོ་ལ་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ན་མི་རྙེད་པར་རྟོགས་ནུས། དེ་ལས་གང་ཟག་གི་བདག་ཁེགས་ནུས་པའི་ཕྱིར། རྗོད་བྱེད་ཀྱི་སྒྲ་སེལ་འཇུག་ཏུ་བསྟན་པ་ལ་དགོས་པ་ཡོད་དེ། སྙན་པའི་ཚིག་དང་མི་སྙན་པའི་ཚིག་ལས་འདོད་ཆགས་དང་ཁོང་ཁྲོ་སྐྱེ་བ་ཡོད་པས་ཆགས་སྡང་སྤངས་དགོས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། །

༈ ངག་དོན་ནི། སྒྲ་འཛིན་མངོན་སུམ་ཆོས་ཅན། སྒྲའི་སྟེང་གི་མི་རྟག་པ་མཐོང་བ་ཡིན་ཏེ། སྒྲ་ལ་སྒྲུབ་འཇུག་མངོན་སུམ་གང་ཞིག །སྒྲ་དང་དེའི་སྟེང་གི་མི་རྟག་པ་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། འོ་ན། དེ་གཉིས་གྲུབ་བདེ་རྫས་གཅིག་གི་གོ་དོན་གང་ཞེ་ན། དེ་ཡོད་དེ། དེ་གཉིས་སྐྱེ་བ་དུས་མཉམ་ཡིན་པའི་སྒོ་ནས་རྫས་གཅིག་པ་དེ། དེ་གཉིས་གྲུབ་པ་སྐྱེ་བ་རྫས་གཅིག་པ་དང༌། དེ་གཉིས་གནས་པ་དུས་མཉམ་ཡིན་པའི་སྒོ་ནས་རྫས་གཅིག་པ་དེ། དེ་གཉིས་བདེ་བ་རྫས་གཅིག་པའི་གོ་དོན་ཡིན་ནོ། །ཤཱཀྱས། གྲུབ་པ་ནི། ཆོས་མཐོང་བ་ལ་རྗེས་སུ་འགྲོ་བའོ། །བདེ་བ་ནི་ཆོས་ཐོབ་པའི་རྗེས་སུ་དཔག་པའོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་སྐྱེ་གནས་འཇིག་གསུམ་ཅིག་ཆར་དུ་བྱེད་པའི་སྒོ་ནས་རྫས་གཅིག་པ་དེ་གྲུབ་བདེ་རྫས་གཅིག་གི་གོ་དོན་ཡིན་ཏེ། སྔར་གྱི་འགྲེལ་པ་དེས། སྐྱེ་བ་རྫས་གཅིག་དང་གནས་པ་རྫས་གཅིག་དངོས་སུ་བསྟན་ནས། འཇིག་པ་རྫས་གཅིག་དོན་གྱིས་བསྟན་པའི་ཕྱིར། དེས་ན་སྒྲ་དང་དེའི་སྟེང་གི་མི་རྟག་པ་ཡུལ་དུས་རང་བཞིན་གང་ལ་ལྟོས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་ཏེ། སྒྲ་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ཡིན་ན། གཅིག་ཤོས་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ཡིན་པས་ཁྱབ། གཅིག་ཤོས་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ཡིན་ན། སྒྲ་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ཡིན་པས་ཁྱབ། སྒྲ་གྲུབ་པའི་དུས་ཡིན་ན། གཅིག་ཤོས་གྲུབ་པའི་དུས་ཡིན་པས་ཁྱབ། གཅིག་ཤོས་གྲུབ་པའི་དུས་ཡིན་ན། སྒྲ་གྲུབ་པའི་དུས་ཡིན་པས་ཁྱབ། སྒྲ་དང་རང་བཞིན་གཅིག་ཡིན་ན། དེ་དང་རང་བཞིན་གཅིག་ཡིན་པས་ཁྱབ། གཅིག་ཤོས་དང་རང་བཞིན་གཅིག་ཡིན་ན། སྒྲ་དང་རང་བཞིན་གཅིག་ཡིན་པས་ཁྱབ་པའི་ཕྱིར། འོ་ན། གཏན་ཚིགས་ཐིགས་པ་ཆོས་མཆོག་ཏུ་དྲངས་པ་ལས། གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་ཕྱི་མ་རྣམས་ནི་ཚད་མ་ཡིན་པ་སྤངས་པའོ། །ཞེས་པའི་གྲུབ་པ་དང་བདེ་བའི་གོ་དོན་གང་ཞེ་ན། དེ་ནི་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་དང༌། དེ་སྐད་ཅིག་གཉིས་པ་གཉིས་ཀྱིས་རང་འབྲས་གཟུགས་ངེས་པའི་ངེས་ཤེས་གཅིག་ཐུན་མོང་དུ་སྐྱེད་པའི་གོ་དོན་ཡིན་ཏེ། འཐད་ལྡན་ལས། འདིར་འབྲས་བུ་གཅིག་ཉིད་གྲུབ་པ་དང་བདེ་བས་སྒྲས་བཟུང་ངོ༌། །ཞེས་གསུངས་པའི་ཕྱིར། འོ་ན། རྒྱ་ཆེར་འགྲེལ་ལས། སྲ་བསྐྱངས་བཏིང་བ་ལ་བརྟེན་ནས་ཀྱང་གྲུབ་པ་དང་བདེ་བ་མང་པོ་འབྱུང་། ཞེས་པའི་གོ་དོན་གང་ཞེ་ན། དེ་ལྟར་སྲ་བསྐྱངས་བཏིང་བ་ལས་ཕན་ཡོན་མང་པོ་འབྱུང་བ་ལ་བྱེད་དོ། །

ངེས་ཤེས་དང་བསལ་བྱ་སྒྲོ་འདོགས་གཉིས་གནོད་བྱ་གནོད་བྱེད་དུ་གྱུར་ཚུལ་བཤད་པ།

༈ ངེས་པ་དང་ནི་སྒྲོ་འདོགས་ཡིད། །ཅེས་སོགས་ཀྱི་སྐབས་སུ། སྦྱོར་བ་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། སྒྲ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་ཀྱི་ཞེན་ཡུལ་གྱིས་དབེན་པའི་སྒོ་ནས་སྒྲ་མི་རྟག་པ་ལ་འཇལ་བྱེད་དུ་འཇུག་སྟེ། སྒྲོ་འདོགས་དེ་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་སྒོ་ནས་སྒྲ་མི་རྟག་པ་ངེས་པའི་ཞེན་རིག་ཡིན་པའི་ཕྱིར། གཉིས་པ་ནི། ཁ་ཅིག་ན་རེ། སྒྲ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་ལ་གནོད་ན། སྒྲ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་ལྷན་སྐྱེས་ལ་གནོད་པས་ཁྱབ་ཟེར་ན། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་གང་ཟག་གི་བདག་འཛིན་ལ་གནོད་པའི་ཕྱིར། དེའི་གནོད་བྱེད་ནི། བདག་མེད་མཐོང་བ་འགལ་བ་ཡིན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། ཊཱིཀྐ་ལས། རྗེས་དཔག་དེས་སྒྲ་རྟག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་རྣམ་པར་བཅད་པ་ངེས་ཀྱང༌། ལྷན་སྐྱེས་མངོན་གྱུར་འཇོམས་མི་ནུས་ཀྱི་བྱེད་པའི་འདུ་བྱེད་མ་ཉམས་ན་ཀུན་བཏགས་མངོན་གྱུར་སྐྱེ་བའི་གོ་སྐབས་མེད་པས་དེ་ལ་དངོས་སུ་གནོད་པ་ཡིན་ནོ། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་སྒྲ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་ལྷན་སྐྱེས་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། ཁྱབ་སྟེ། ཊཱིཀྐ་ལས། གནོད་བྱ་གནོད་བྱེད་དུ་གྱུར་པའི་ཚུལ་ནི་ཚད་མ་དེའི་བྱེད་པ་མ་ཉམས་པའི་བར་ལ་དངོས་ཀྱི་གནོད་བྱ་སྒྲོ་འདོགས་མངོན་གྱུར་སྐྱེ་བའི་གོ་སྐབས་བཅོམ་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྩ་བར་ཁྱབ་པ་ཡོད་པར་ཐལ། སྒྲ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ་དེ་འདྲའི་སྒྲོ་འདོགས་ལྷན་སྐྱེས་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་སྒོམ་སྤངས་སུ་གྱུར་པའི་དེ་འདྲའི་སྒྲོ་འདོགས་ཡིན་པའི་ཕྱིར་ཏེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། བྱང་སེམས་མཐོང་ལམ་པའི་རྒྱུད་ལ་སྒྲ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་ཡོད་པའི་ཕྱིར། ཁོ་རང་ལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ལྷན་སྐྱེས་དངོས་སུ་འཇོམས་ནུས་པར་ཐལ། དེས་དེ་ལ་དངོས་སུ་གནོད་པའི་ཕྱིར། རྟགས་ཁས། འདོད་ན། དེ་དེའི་དངོས་གཉེན་དུ་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། དེས་སྒྲ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་དངོས་སུ་འཇོམས་ནུས་པར་ཐལ། དེས་དེ་ལ་དངོས་སུ་གནོད་པའི་ཕྱིར། ཁྱབ་པ་ཁས་ཟེར་ན། མི་མཚུངས་སོ། །འདོད་ན། དེ་དེའི་དངོས་གཉེན་དུ་ཐལ་ལོ། །གཞན་ཡང༌། ཁོ་ན་རེ། དེས་དེ་འདྲའི་སྒྲོ་འདོགས་ལྷན་སྐྱེས་ལ་གནོད་པར་ཐལ། གང་ཟག་གི་བདག་མེད་མངོན་སུམ་གྱིས་རྟོགས་པའི་ཐེག་པ་ཆེན་པོའི་མཐོང་ལམ་བར་ཆད་མེད་ལམ་དེས། གང་ཟག་གི་བདག་འཛིན་ལྷན་སྐྱེས་ལ་གནོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་དེའི་གཉེན་པོ་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་དེ་དེའི་དེ་ཡིན་པའི་ཕྱིར། ཁ་ཅིག །དེ་ལྟ་བུའི་བར་ཆད་མེད་ལམ་དེ་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་ཐག་བསྲིང་བའི་གཉེན་པོ་ཡིན་ནོ། །ཟེར་ན། མི་འཐད་པར་ཐལ། དེའི་ཐག་བསྲིང་བའི་གཉེན་པོར་གྱུར་པའི་ལམ་ཡིན་ན། མཐོང་ལམ་གྱི་གོང་མར་གྱུར་པའི་ལམ་ཡིན་དགོས་པའི་ཕྱིར་ཏེ། ཀུན་བཏུས་ལས། ཐག་བསྲིང་བའི་གཉེན་པོ་གང་ཞེ་ན། དེའི་གོང་མའི་ལམ་མོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ་སྒྲ་ལ་སྒྲོ་འདོགས་ཡིན་ནོ། །ཟེར་ན། སྒྲ་རྟོགས་པའི་རྗེས་དཔག་དེས་སྒྲོ་འདོགས་དེ་ལ་གནོད་པར་ཐལ། དམ་བཅའ་འཐད་པ་གང་ཞིག །དེས་སྒྲ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ལ་གནོད་པའི་ཕྱིར། དེར་ཐལ། དེས་ཁོ་རང་གི་གཞལ་བྱ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ལ་གནོད་པའི་ཕྱིར། རྩ་བར་འདོད་ན། དེས་སྒྲོ་འདོགས་དེའི་ཞེན་ཡུལ་རྣམ་པར་བཅད་པར་ཐལ་ལོ། །འདོད་ན། དེས་སྒྲ་རྟག་པ་བཅད་པར་ཐལ་ལོ། །འདོད་ན། དེས་སྒྲ་མི་རྟག་པར་རྟོགས་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། དམ་བཅའ་འཐད་པར་ཐལ། སྡུག་བདེན་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ་སྡུག་བདེན་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར་ཏེ། བདེན་པ་བཞི་ལ་བརྟེན་པ་དང༌། །བདེ་དང་ང་དང་ངའི་ཞེས་སོགས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་འདྲའི་སྒྲོ་འདོགས་དེ་སྡུག་བསྔལ་བདེན་པ་ལ་དམིགས་པའི་སྒྲོ་འདོགས་ཡིན་པ་དེའི་དོན་ཡིན་པའི་ཕྱིར། གཞན་ཡང༌། རྩ་བའི་གསལ་བ་དེར་ཐལ། ལས་འབྲས་མེད་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ་ལས་འབྲས་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར་ཏེ། དེ་ལས་འབྲས་ལ་སྐུར་འདེབས་ཀྱི་བློ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ལས་འབྲས་མེད་པར་ལྟ་བའི་ལྟ་བ་དེ་ལས་འབྲས་ལ་སྐུར་འདེབས་ཀྱི་ལྟ་བ་ཡིན་པའི་ཕྱིར། ཁོ་རང་ལ། ལས་འབྲས་མེད་པར་སྒྲོ་འདོགས་པའི་སྒྲོ་འདོགས་ལས་འབྲས་ལ་སྒྲོ་འདོགས་པའི་བློ་མ་ཡིན་པར་ཐལ། དེ་ལས་འབྲས་ཡོད་པ་ལ་སྒྲོ་འདོགས་པའི་བློ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། སྒྲོ་འདོགས་པའི་བློ་ཡིན་པར་ཐལ། ལས་འབྲས་ཡོད་པ་ལ་སྒྲོ་འདོགས་པའི་བློ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྐུར་འདེབས་ཀྱི་བློ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ལས་འབྲས་ལ་སྐུར་འདེབས་ཀྱི་བློ་ཡིན་པའི་ཕྱིར། གཞན་ཡང༌། ཁོ་ན་རེ། ལས་འབྲས་མེད་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ་ལས་འབྲས་ལ་སྒྲོ་འདོགས་ཡིན་པར་ཐལ། མི་རྟག་པར་གྱུར་པའི་སྒྲ་ཁྱོད་ཁྱོད་རང་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ་ཁྱོད་རང་ལ་སྒྲོ་འདོགས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ་ཁྱོད་ལ་སྒྲོ་འདོགས་ཡིན་པར་ཐལ། ཁྱོད་ཁྱོད་རང་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་ཡོད་པ་གང་ཞིག །ཁྱོད་ཁྱོད་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང༌། དེ་འདྲའི་སྒྲོ་འདོགས་ཆོས་ཅན། མི་རྟག་པར་གྱུར་པའི་སྒྲ་ལ་སྒྲོ་འདོགས་ཡིན་པར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར་ན་མ་ཁྱབ་བོ། །ཁོ་རང་ལ། མི་རྟག་པར་གྱུར་པའི་སྒྲ་ལ་སྒྲོ་འདོགས་ཆོད་པའི་གང་ཟག་ཡིན་ན། དེ་འདྲའི་སྒྲོ་འདོགས་ཆོད་པའི་གང་ཟག་ཡིན་དགོས་པར་ཐལ། དེ་འདྲའི་སྒྲོ་འདོགས་དེ་ཁོ་ལ་སྒྲོ་འདོགས་ཡིན་པའི་ཕྱིར། འདོད་ན། མི་རྟག་པར་གྱུར་པའི་སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་ཁོ་ཁོ་རང་དུ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། གྲངས་ཅན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འོ་ན། མི་རྟག་པར་གྱུར་པའི་སྒྲ་ལ་སྒྲོ་འདོགས་དེ་གང་ཞེ་ན། བཞག་ཏུ་ཡོད་དེ། སྒྲ་ལ་སྒྲོ་འདོགས་པ་ཡིན་ན། དེ་ལ་སྒྲོ་འདོགས་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་ན། མི་རྟག་པར་གྱུར་པའི་སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། སྒྲ་ལ་སྒྲོ་འདོགས་ཡིན་ན། དེ་ལ་སྒྲོ་འདོགས་ཡིན་དགོས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཚད་མས་ངེས་པའི་གང་ཟག་ཡིན་ན། མི་རྟག་པར་གྱུར་པའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་ན། དེ་སྒྲུབ་ཀྱི་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་འཕེན་པ་སྐབས་སུ་བབས་པའི་གང་ཟག་ཡིན་ན། མི་རྟག་པར་གྱུར་པའི་དེ་འཕེན་པ་སྐབས་སུ་བབས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར། ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་འཕེན་པ་སྐབས་སུ་བབས་པའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། མི་རྟག་པར་གྱུར་པའི་སྒྲ་རྟག་པར་ཁས་ལེན་པའི་གང་ཟག་ཏུ་ཐལ་ལོ། །འདོད་མི་ནུས་ཏེ། རྟག་མི་རྟག་དངོས་འགལ་དུ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཚད་མས་ཚད་མའི་གཞལ་བྱ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ལ་གནོད་པར་ཐལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེས་སྒྲ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་ལ་གནོད་པའི་ཕྱིར། འདོད་ན། སྒྲོ་འདོགས་དེ་ལ་ཚད་མས་གནོད་པར་ཐལ་ལོ། །འདོད་ན། སྒྲོ་འདོགས་ཆོས་ཅན། ཁྱོད་ལ་ཚད་མས་མི་གནོད་པར་ཐལ། ཁྱོད་ཚད་མས་གྲུབ་པའི་ཕྱིར་ན་མ་ཁྱབ། གཞན་ཡང༌། ཚད་མའི་བསལ་བྱ་ཡིན་ན། ཚད་མས་བསལ་བས་ཁྱབ་པར་ཐལ། ཚད་མའི་གནོད་བྱ་ལ་དེའི་ཕྱིར་ན་མ་ཁྱབ། འདོད་ན། ཚད་མ་དེའི་བསལ་བྱ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཚད་མ་ཁྱོད་བསལ་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཚད་མས་གྲུབ་པའི་ཕྱིར། །

ཁྱད་པར་གཞན་སྤོང་མི་སྤོང་གི་སྒྲའི་ཁྱད་པར་བཤད་པ།

༈ ཁྱད་པར་གཞན་ནི་སྤོང་བ་དང༌། །ཞེས་སོགས་ཀྱི་སྐབས་སུ་སྦྱོར་བ་དང༌། མཐའ་དཔྱད་པ་གཉིས། དང་པོ་ནི། བ་ལང་དང་བ་ལང་གི་དཀར་པོ་གཉིས་རྫས་ཐ་དད་མིན་ཀྱང༌། བ་ལང་གི་དཀར་པོ་ཞེས་བརྡ་སྦྱར་བ་ལ་དགོས་པ་ཡོད་དེ། བ་ལང་ཁྱད་པར་གཞན་སྤོང་བའི་ཚུལ་གྱིས་གོ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། བ་ལང་དང་བ་ལང་དཀར་པོ་གཉིས་རྫས་ཐ་དད་མིན་ཀྱང༌། བ་ལང་དཀར་པོ་ཞེས་བརྡ་སྦྱར་བ་ལ་དགོས་པ་ཡོད་དེ། བ་ལང་ཁྱད་པར་གཞན་མི་སྤོང་བའི་ཚུལ་གྱིས་གོ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཁ་ཅིག་ན་རེ། ཆོས་དེ་ཁྱད་ཆོས་སུ་སྟོན་པའི་ངག་དེ་ཆོས་དེ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲའི་མཚན་ཉིད། ཆོས་དེ་ཁྱད་གཞིར་བསྟན་པའི་ངག་དེ་ཆོས་དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད་ཟེར་ན། དང་པོ་ལ། རི་བོང་གི་རྭ་ཁྱད་ཆོས་སུ་བརྗོད་པའི་ངག་ཆོས་ཅན། རི་བོང་གི་རྭ་ལ་ལྟོས་ཏེ་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེ་ཡོད་པའི་ཕྱིར་ཏེ། དེ་མི་རྟག་པར་སྟོན་པའི་ངག་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཆོས་བརྗོད་ཀྱི་སྒྲ་ཡིན་པར་ཐལ་ལོ། །འདོད་ན། ངག་དོན་མཐུན་དུ་ཐལ་ལོ། །གཉིས་པ་ལ། རི་བོང་གི་རྭ་ཁྱད་གཞིར་སྟོན་པའི་ངག་ཆོས་ཅན། དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཆོས་ཅན་བརྗོད་པའི་སྒྲར་ཐལ་ལོ། །ཁ་ཅིག་ན་རེ། ཆོས་དེ་ཁྱད་ཆོས་སུ་སྟོན་པའི་ངག་རྣམ་དག་དེ་ཆོས་དེ་ལ་ལྟོས་ཏེ་དང་པོའི་མཚན་ཉིད། ཆོས་དེ་ཁྱད་གཞིར་སྟོན་པའི་ངག་རྣམ་དག་དེ་ཆོས་དེ་ལ་ལྟོས་ཏེ་གཉིས་པའི་མཚན་ཉིད་ཟེར་ན། དང་པོ་ལ། བ་ལང་ཚད་མས་མ་གྲུབ་པའི་གང་ཟག་གིས་སྨྲས་པའི་བ་ལང་གི་དཀར་པོ་ཞེས་པའི་ངག་ཆོས་ཅན། བ་ལང་ཁྱད་ཆོས་སུ་སྟོན་པའི་ངག་རྣམ་དག་ཏུ་ཐལ། དེ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར་ཏེ། དེ་ལ་ལྟོས་ཏེ་ཁྱད་པར་གཞན་སྤོང་གི་སྒྲ་ཡིན་པའི་ཕྱིར། རྩ་བར་འདོད་ན། ངག་རྣམ་དག་ཏུ་ཐལ་ལོ། །འདོད་ན། རང་སྨྲ་བ་པོའི་གང་ཟག་གིས་རང་གི་ཞེན་དོན་ཚད་མས་གྲུབ་པའི་ངག་ཏུ་ཐལ་ལོ། །འདོད་ན། དེ་འདྲའི་གང་ཟག་གིས་བ་ལང་ཚད་མས་གྲུབ་པར་ཐལ་ལོ། །གཉིས་པ་ལ། དེ་འདྲའི་གང་ཟག་གིས་སྨྲས་པའི་བ་ལང་དཀར་པོ་ཞེས་པའི་ངག་ཆོས་ཅན། བ་ལང་ཁྱད་གཞིར་སྟོན་པའི་ངག་རྣམ་དག་ཏུ་ཐལ། བ་ལང་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར་ཏེ། དེ་ལ་ལྟོས་ཏེ་ཁྱད་པར་གཞན་མི་སྤོང་བའི་སྒྲ་ཡིན་པའི་ཕྱིར། རྩ་བར་འདོད་ན། ངག་རྣམ་དག་ཏུ་ཐལ་ལོ། །ཁ་ཅིག་ན་རེ། བ་ལང་ཁྱད་ཆོས་ལྟ་བུར་སྟོན་པའི་མཉན་བྱ་དོན་མཐུན་དེ་བ་ལང་ལ་ལྟོས་ཏེ་དང་པོའི་མཚན་ཉིད། དེ་ཁྱད་གཞི་ལྟ་བུར་སྟོན་པའི་མཉན་བྱ་དོན་མཐུན་དེ་དེ་ལ་ལྟོས་ཏེ་གཉིས་པའི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག། དང་པོ་ལ། བ་ལང་གི་དཀར་པོ་ཞེས་པའི་ངག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བ་ལང་ཁྱད་ཆོས་ལྟ་བུ་ཡིན་པར་ཐལ་ལོ། །འདོད་ན། བ་ལང་ཁྱད་ཆོས་དང་འདྲ་བར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། བ་ལང་ཁྱད་ཆོས་དངོས་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། ཁྱད་ཆོས་ལྟ་བུ་ཡིན་ན་ཁྱད་ཆོས་མ་ཡིན་དགོས་པར་ཐལ། བ་ལང་ཁྱད་ཆོས་ལྟ་བུ་མ་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ལྟ་བུ་ཡིན་ན་ཤེས་བྱ་མ་ཡིན་དགོས་པར་ཐལ་ལོ། །འདོད་ན། ཤེས་བྱ་ལྟ་བུའི་ཆོས་མེད་པར་ཐལ་ལོ། །འདོད་མི་ནུས་ཏེ། སྒྱུ་མ་ལྟ་བུའི་ཆོས་ཡོད་པའི་ཕྱིར་ཏེ། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བ་ལང་ཁྱད་གཞི་དང་ཁྱད་ཆོས་གཉིས་ཀྱི་ནང་ནས་ཁྱད་ཆོས་ཙམ་དུ་སྟོན་པའི་མཉན་བྱ་དོན་མཐུན་དེ་དེ་ལ་ལྟོས་ཏེ་དང་པོའི་མཚན་ཉིད། དེ་དེ་གཉིས་ཀྱི་ནང་ནས་ཁྱད་གཞི་ཙམ་དུ་སྟོན་པའི་མཉན་བྱ་དོན་མཐུན་དེ་དེ་ལ་ལྟོས་ཏེ་གཉིས་པའི་མཚན་ཉིད་ཟེར་ན། བ་ལང་ལ་ལྟོས་ཏེ་དེ་གཉིས་འགལ་བར་ཐལ། མཚན་ཉིད་དེ་གཉིས་འཐད་པའི་ཕྱིར། འདོད་ན། དེ་ཁྱད་གཞིར་སྟོན་པའི་སྒྲ་དང༌། དེ་ཁྱད་ཆོས་སུ་སྟོན་པའི་སྒྲ་གཉིས་འགལ་བར་ཐལ་ལོ། །འདོད་མི་ནུས་ཏེ། དེ་དེ་གཉིས་ཀར་སྟོན་པའི་ངག་རྣམ་དག་ཡོད་པའི་ཕྱིར་ཏེ། དེ་དེ་གཉིས་ཀ་ཡིན་པའི་ཕྱིར། རིགས་གཏེར་རྗེས་འབྲངས་ཁ་ཅིག །བ་ལང་གི་དཀར་པོ་ཞེས་པའི་ངག་དེ་བ་ལང་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་ཟེར་ན། མི་འཐད་པར་ཐལ། དེ་བ་ལང་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་དེ་ཡིན་པའི་ཕྱིར་ཏེ། དེ་དེ་ལ་ལྟོས་ཏེ་དེ་དང༌། དཀར་པོ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར་ཏེ། སོར་མོ་ལྡན་པ་ཞེས་པའི་ངག་དེ། སོར་མོ་ལ་ལྟོས་ཏེ། ཆོས་བརྗོད་ཀྱི་སྒྲ་དང༌། ལྡན་པ་ལ་ལྟོས་ཏེ་གཅིག་ཤོས་ཡིན་པའི་ཕྱིར་ཏེ། ལ་ལར་སོར་མོའི་ལྡན་པ་ཞེས། །ཐ་དད་ཆོས་བཞིན་བརྗོད་པར་བྱེད། །ཅེས་གསུངས་པའི་ཕྱིར། །

༈ རང་ལུགས་ལ། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡོད་པ་གང་ཞིག །བ་ལང་ཁྱད་ཆོས་སུ་སྟོན་པའི་མཉན་བྱ་དོན་མཐུན་དེ། བ་ལང་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲའི་མཚན་ཉིད། མཚན་གཞི་བ་ལང་གི་དཀར་པོ་ཞེས་པའི་སྒྲ་དེ་བ་ལང་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་དང༌། དཀར་པོ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་ལ། སྤྱིར་ཁྱད་པར་གཞན་སྤོང་གི་སྒྲ་དང་ཆོས་བརྗོད་ཀྱི་སྒྲ་དོན་གཅིག །དེ་གང་ཞིག །བ་ལང་ཁྱད་གཞིར་སྟོན་པའི་མཉན་བྱ་དོན་མཐུན་དེ། དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད། བ་ལང་དཀར་པོ་ཞེས་པའི་སྒྲ་དེ་དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་དང༌། དཀར་པོ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། སྤྱིར་ཆོས་ཅན་བརྗོད་བྱེད་ཀྱི་སྒྲ་དང་ཁྱད་པར་གཞན་མི་སྤོང་བའི་སྒྲ་གཉིས་དོན་གཅིག །

༈ རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། བ་ལང་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་དང༌། ཆོས་ཅན་བརྗོད་པའི་སྒྲ་གཉིས་མི་འགལ་བར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ལ་ལྟོས་ཏེ་ཁྱད་པར་གཞན་སྤོང་གི་སྒྲ་དང༌། ཁྱད་པར་གཞན་མི་སྤོང་བའི་སྒྲ་གཉིས་མི་འགལ་བར་ཐལ་ལོ། །འདོད་ན། བ་ལང་ཁྱད་ཆོས་སུ་སྟོན་པའི་སྒྲ་དང་བ་ལང་ཁྱད་ཆོས་མ་ཡིན་པར་སྟོན་པའི་སྒྲ་གཉིས་མི་འགལ་བར་ཐལ་ལོ། །ཟེར་ན་མ་ཁྱབ། ཁ་ཅིག་ན་རེ། བ་ལང་གི་དཀར་པོ་ཞེས་པའི་ངག་ཆོས་ཅན། ཆོས་ཅན་བརྗོད་པའི་སྒྲ་ཡིན་པར་ཐལ། དཀར་པོ་ལ་ལྟོས་ཏེ་དེ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱིས་ཆོས་ཅན་བརྗོད་པར་ཐལ། ཁྱོད་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང༌། དེ་ཆོས་ཅན། ཆོས་ཅན་བརྗོད་པའི་སྒྲ་མ་ཡིན་པར་ཐལ། ཆོས་ཅན་མ་བརྗོད་པའི་སྒྲ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཆོས་ཅན་མི་སྟོན་པའི་སྒྲ་ཡིན་པའི་ཕྱིར། ཟེར་ན། ཁོ་རང་ལ། དེ་འདྲའི་སྒྲ་ཆོས་ཅན། ཆོས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། བ་ལང་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱིས་ཆོས་བརྗོད་པར་ཐལ་ལོ། ཁྱབ་པ་ཁས། འདོད་ན། ངག་ཡིན་ན་ཁྱོད་ཀྱིས་ཆོས་བརྗོད་པས་ཁྱབ་པར་ཐལ་ལོ། །

གཞན་སེལ་གྱི་འཕྲོས་ཚུལ་དང་མཐའ་དཔྱད་པ།

༈ ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་སོགས་རྐང་པ་བཞི་པོ་འདི་གང་ལས་འཕྲོས་ན། གང་དག་རིགས་ནི་གསལ་བ་ལས། །ཞེས་པ་ནས། གཞན་ཉིད་ན་ཡང་རྟེན་མིན་ཕྱིར། །ཞེས་པའི་བར་གྱིས་བྱེ་བྲག་པ་དང༌། གྲངས་ཅན་པ་གཉིས་ཀྱིས་སྤྱི་རྟག་དངོས་ཁས་བླངས་པ་དེ་ཐུན་མོང་དུ་བཀག་ནས། བྱེ་བྲག་པས་ཁས་བླངས་པའི་སྤྱི་རྟག་དངོས་བྱེ་བྲག་ཏུ་འགོག་པར་བྱེད་པ་ལ། མི་འགྲོ་དེ་ན་ཡོད་པའང་མིན། །ཞེས་པ་ནས། སྒྲ་དང་ཤེས་པའི་རྒྱུ་ཡིན་ནོ། །ཞེས་པའི་བར་བྱུང༌། གྲངས་ཅན་གྱིས་ཁས་བླངས་པའི་སྤྱི་རྟག་དངོས་བྱེ་བྲག་ཏུ་འགོག་པར་བྱེད་པ་ལ། གལ་ཏེ་ལྡོག་པ་སྤངས་པ་ཡི། །ཞེས་པ་ནས། འཇུག་པ་ལ་སོགས་ཐལ་འགྱུར་ཕྱིར། །ཞེས་པའི་བར་བྱུང༌། དེ་ལྟར་བཀག་པ་ལ་བརྟེན་ནས། །གཅེར་བུ་པས་ཁས་བླངས་པའི་སྤྱི་རྟག་དངོས་ཀྱང་ཁེགས་སོ། །ཞེས་སྟོན་པ་ལ། དེ་ཉིད་ཀྱིས་ནི་འཛེམ་མེད་པ། །ཞེས་པ་ནས། ཐ་དད་ཕྱིར་བློ་སྣ་ཚོགས་འགྱུར། །ཞེས་པའི་བར་བྱུང༌། དེ་རྣམས་ཀྱི་ནང་ནས་གྲངས་ཅན་གྱིས་ཁས་བླངས་པའི་སྤྱི་གཙོ་བོ་འགོག་ཚུལ་འདི་ལ་འདོད་པ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ལ། སངས་རྒྱས་པ་ལ་སྐྱོན་བརྗོད་ཚུལ་བརྗོད་པ་དང༌། གྲངས་ཅན་རང་ལུགས་བརྗོད་ཚུལ་བརྗོད་པ་གཉིས། དང་པོ་ལ། རང་རེས། གོང་དུ་སྤྱི་གཙོ་བོ་མེད་པར་ཁས་བླངས་པ་ལ། གྲངས་ཅན་ན་རེ། འོ་ན། ནས་ཀྱི་མྱུ་གུ་དེ། ཆུ་ལུད་དྲོད་གཤེར་གྱི་འབྲས་བུ་མ་ཡིན་པར་ཐལ། ནས་ཀྱི་ས་བོན་གྱི་རང་བཞིན་དང༌། ཆུ་ལུད་དྲོད་གཤེར་གྱི་རང་བཞིན་གཉིས་ཤིན་ཏུ་ཐ་དད་པ་ཡིན་པའི་ཕྱིར། ཞེས་པའི་འདོད་པ་བརྗོད་པ་ལ། གལ་ཏེ་ལྡོག་པ་སྤངས་པ་ཡི། །ཞེས་སོགས་རྐང་པ་བཞི་བྱུང༌། གཉིས་པ། གྲངས་ཅན་རང་ལུགས་བརྗོད་ཚུལ་བརྗོད་པ་ལ། གྲངས་ཅན་ན་རེ། དེས་ན་ནས་ཀྱི་ས་བོན་དང༌། ཆུ་ལུད་དྲོད་གཤེར་གཉིས་ཀས་ནས་ཀྱི་མྱུ་གུ་ཐུན་མོང་དུ་བསྐྱེད་པ་ཡིན་ཏེ། ནས་ཀྱི་ས་བོན་གྱི་རང་བཞིན་དང༌། ཆུ་ལུད་དྲོད་གཤེར་གྱི་རང་བཞིན་གཉིས་གཅིག་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། ནས་ཀྱི་ས་བོན་དང༌། ཆུ་ལུད་དྲོད་གཤེར་གཉིས། སྤྱི་གཙོ་བོའི་ངང་དུ་རང་བཞིན་ཆ་མེད་གཅིག་ཡིན་པའི་ཕྱིར། ཞེས་པའི་འདོད་པ་བརྗོད་པ་ལ། གལ་ཏེ་བདག་ཉིད་གཅིག་པ་ཡིས། །ཞེས་སོགས་རྐང་པ་གཉིས་བྱུང༌། ཁོ་ན་རེ། སྤྱི་གཙོ་བོ་དེ་ཆོས་རྣམས་ཀྱི་རང་བཞིན་དང༌། གནས་ལུགས་དང༌། དོན་དམ་པར་ཡོད་པ་ཡིན་ནོ། །ཟེར་ན། དེ་རྣམས་འགོག་པར་བྱེད་པ་ལ། རྒྱུ་དུ་མ་དོན་མེད་དུ་ཐལ་བའི་རིགས་པ། རྒྱུ་འབྲས་མ་ངེས་པར་ཐལ་བའི་རིགས་པ། རྒྱུ་འབྲས་འཆོལ་བར་ཐལ་བའི་རིགས་པ་དང་གསུམ། དང་པོ་སྟོན་པ་ལ། བདག་ཉིད་གཅིག་ལའང་དེ་ཡོད་ཕྱིར། །ཞེས་པ་ནས། ཆོས་ཉིད་ཀྱིས་འགལ་བྱེད་པོར་འགྱུར། །ཞེས་པའི་བར་བྱུང༌། གཉིས་པ་སྟོན་པ་ལ། ཐ་དད་མེད་ནའང་གཅིག་ཉིད་ཀྱི། །ཞེས་པ་ནས། སྤྱི་དང་ཁྱད་པར་ཅན་མི་འགྱུར། །ཞེས་པའི་བར་བྱུང༌། གསུམ་པ་སྟོན་པ་ལ། གང་གི་བདག་ཉིད་མདུན་བྱས་ནས། །ཞེས་པ་ནས། འཇུག་པ་ལ་སོགས་ཐལ་འགྱུར་ཕྱིར། །ཞེས་པའི་བར་བྱུང༌། དེ་ཡང་དང་པོ་རྒྱུ་དུ་མ་དོན་མེད་དུ་ཐལ་ཚུལ་ནི། འོ་ན། ནས་མྱུག་རྫོགས་པར་སྐྱེ་བ་ལ། ཆུ་ལུད་དྲོད་གཤེར་དོན་མེད་པར་ཐལ། ནས་ཀྱི་ས་བོན་ཙམ་གྱིས་ཀྱང་ནས་མྱུག་རྫོགས་པར་བསྐྱེད་ནུས་པའི་ཕྱིར། དེར་ཐལ། སྤྱི་གཙོ་བོ་རྐྱང་པས། ནས་མྱུག་སྐྱེད་ནུས་པ་གང་ཞིག། སྤྱི་གཙོ་བོ་དེ། ནས་ཀྱི་ས་བོན་ལ་རྗེས་སུ་འགྲོ། ཆུ་ལུད་དྲོད་གཤེར་ལ་རྗེས་སུ་མི་འགྲོ་བའི་ཕྱིར། ཕྱི་མ་མ་གྲུབ་ན། སྤྱི་གཙོ་བོ་དེ་ཆ་དང་བཅས་པ་ཡིན་པར་ཐལ། དེ་ནས་ཀྱི་ས་བོན་ལ་ཡང་རྗེས་སུ་འགྲོ། ཆུ་ལུད་དྲོད་གཤེར་ལ་ཡང་རྗེས་སུ་འགྲོ་བའི་ཆ་དང་བཅས་པ་ཡིན་པའི་ཕྱིར། ཞེས་སྟོན་པ་ལ། བདག་ཉིད་གཅིག་ལའང་དེ་ཡོད་ཕྱིར། །ཞེས་སོགས་རྐང་པ་བཞི་བྱུང༌། རྩ་བར་འདོད་ན། ནས་མྱུག་སྐྱེད་པ་ལ་ཆུ་ལུད་དྲོད་གཤེར་དོན་མེད་མ་ཡིན་པར་ཐལ། ནས་མྱུག་སྐྱེ་བ་ལ་ཆུ་ལུད་དྲོད་གཤེར་གྱིས་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ཕྱིར། ཞེས་སྟོན་པ་ལ། གཅིག་དང་བྲལ་ན་འབྲས་མེད་ཕྱིར། །ཞེས་སོགས་རྐང་པ་གཉིས་བྱུང༌། དེ་ལས་སྤྱི་གཙོ་བོ་དེ་དོན་དམ་པར་མ་གྲུབ་པར་ཐལ། དེ་དོན་བྱེད་ནུས་པ་མ་ཡིན་པ་གང་ཞིག །དོན་བྱེད་ནུས་པ་ཁོ་ན་དོན་དམ་པར་ཡོད་པའི་ཕྱིར། ཞེས་སྟོན་པ་ལ། དོན་བྱེད་ནུས་པ་གང་ཡིན་པ། །ཞེས་སོགས་རྐང་པ་གཉིས་བྱུང༌། རྟགས་དང་པོ་མ་གྲུབ་ན། སྤྱི་གཙོ་བོ་དེ་དོན་བྱེད་ནུས་པ་མ་ཡིན་ཏེ། རང་གི་གསལ་བ་རྣམས་དང༌། རང་བཞིན་འདྲེས་པའི་ཚུལ་གྱིས་གནས་པའི་གཙོ་བོ་དེ་ལས་རང་འབྲས་མི་འབྱུང་བའི་ཕྱིར། དེ་མི་འབྱུང་ཏེ། ནས་ཀྱི་ས་བོན་གྱི་རང་བཞིན་དང་ཆུ་ལུད་དྲོད་གཤེར་གྱི་རང་བཞིན་གཉིས། ཕན་ཚུན་གཅིག་གིས་གཅིག་ལ་རྗེས་འགྲོ་མི་བྱེད་པའི་ཕྱིར་ཏེ། ནས་ཀྱི་ས་བོན་དང༌། ཆུ་ལུད་དྲོད་གཤེར་གཉིས་རྫས་ཐ་དད་ཡིན་པའི་ཕྱིར། ཞེས་སྟོན་པ་ལ། དེ་ཡང་རྗེས་འགྲོ་མེད་གང་ཞིག །ཞེས་སོགས་རྐང་པ་གཉིས་བྱུང༌། དེ་ལྟར་བྱས་པ་ལ་ཁོ་ན་རེ། ནས་ཀྱི་ས་བོན་དེ། ནས་མྱུག་གི་ཉེར་ལེན་དང༌། ས་ལུའི་ས་བོན་དེ། ནས་མྱུག་གི་ཉེར་ལེན་མ་ཡིན་པའི་ཁྱད་པར་མི་འཐད་པར་ཐལ། ནས་ཀྱི་ས་བོན་དང༌། ཆུ་ལུད་དྲོད་གཤེར་གཉིས་རྫས་ཐ་དད་ཡིན་པའི་ཕྱིར་ཟེར་ན། དེ་གཉིས་རྫས་ཐ་དད་ཡིན་ཀྱང༌། དེ་ལྟར་ཐལ་བའི་སྐྱོན་མེད་དེ། ནས་ཀྱི་ས་བོན། ནས་མྱུག་གི་ཉེར་ལེན་ཡིན་པ་དང༌། ས་ལུའི་ས་བོན། ནས་མྱུག་གི་ཉེར་ལེན་མ་ཡིན་པ་གཉིས། རྟེན་འབྲེལ་གྱི་ཆོས་ཉིད་ཀྱི་དབང་གིས་གྲུབ་པའི་ཕྱིར། ཞེས་སྟོན་པ་ལ། དེ་ན་བདག་ཉིད་ཐ་དད་ཀྱང༌། །ཞེས་སོགས་རྐང་པ་ཕྱེད་དང་གསུམ་བྱུང༌། དེ་ལ་ཁོ་རང་ལ། ནས་ཀྱི་ས་བོན་དང༌། ཆུ་ལུད་དྲོད་གཤེར་གཉིས་སྐྱེ་འཇིག་ཅིག་ཆར་དུ་བྱེད་པར་ཐལ། དེ་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར། ཞེས་སྟོན་པ་ལ། ཐ་དད་པ། མེད་ན་ཅིག་ཆར་སྐྱེ་འཇིག་འགྱུར། །ཞེས་པ་འདི་བྱུང༌། དེ་ལྟར་བྱས་པ་ལ་ཁོ་ན་རེ། དེ་གཉིས་གནས་སྐབས་རྫས་ཐ་དད་ཡིན་ཀྱང༌། སྤྱི་གཙོ་བོའི་ངང་དུ་རང་བཞིན་ཆ་མེད་པ་གཅིག་ཡིན་ནོ། །ཞེས་པའི་འདོད་པ་བརྗོད་པ་ལ། དེ་ལས་ཐ་དད་པས་དེ་ལྟར། །ཞེས་པ་འདི་བྱུང༌། འོ་ན། ནས་ཀྱི་ས་བོན་དང༌། ཆུ་ལུད་དྲོད་གཤེར་གཉིས་འཇིག་པའི་ཚེ། སྤྱི་གཙོ་བོ་ཡང་འཇིག་པ་ཡིན་ནམ། མི་འཇིག་པར་རྟག་པའི་དངོས་པོར་གནས་པ་གང་ཡིན། དང་པོ་ལྟར་ན། དེ་གསུམ་སྐྱེ་འཇིག་ཅིག་ཆར་དུ་བྱེད་པར་ཐལ། དེ་གཉིས་འཇིག་པའི་ཚེ། སྤྱི་གཙོ་བོ་ཡང་འཇིག་པའི་ཕྱིར། གཉིས་པ་ལྟར་ན། སྤྱི་གཙོ་བོ་དེ། དེ་གཉིས་ཀྱི་སྤྱི་མ་ཡིན་པར་ཐལ། དེ་གཉིས་འཇིག་པའི་ཚེ། སྤྱི་གཙོ་བོ་ཡང་མི་འཇིག་པར་རྟག་པའི་དངོས་པོར་གནས་པ་ཡིན་པའི་ཕྱིར། འདོད་ན། སྤྱི་གཙོ་བོ་དེ་གཉིས་ཀྱི་སྤྱིར་འཛིན་པའི་བློ་སྐྱེ་བ་མི་འཐད་པར་ཐལ། འདོད་པ་གང་ཞིག །རྟོག་པ་རང་ཡུལ་ལ་དངོས་དབང་གིས་འཇུག་པའི་ཕྱིར། རྟགས་ཕྱི་མ་ཁས། ཞེས་སྟོན་པ་ལ། གཅིག་འཇིག་ཚེ། བདག་གནས་ན་ནི། ཞེས་པ་འདི་བྱུང༌། དེ་ལྟར་བྱས་པ་ལ་ཁོ་ན་རེ། འོ་ན། མེད་ན་ཅིག་ཆར་སྐྱེ་འཇིག་འགྱུར། །ཞེས་པའི་ཉེས་པ་དེ། ཁྱོད་ལ་ཡང་འཇུག་པའི་རྒྱུ་མཚན་ནི། ཤིང་དང་ཤིང་གི་གཞན་སེལ་གཉིས་སྐྱེ་འཇིག་ཅིག་ཅར་དུ་བྱེད་པར་ཐལ། དེ་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར་ཟེར་ན། འོ་ན། ཤིང་གི་གཞན་སེལ་དེ་གང་ལ་བྱེད། དེའི་མེད་དགག་གི་གཞན་སེལ་ལ་བྱེད་དམ། བློའི་གཞན་སེལ་ལ་བྱེད་དམ། དོན་རང་མཚན་གྱི་གཞན་སེལ་ལ་བྱེད། དང་པོ་ལྟར་ན། ཤིང་དང་ཤིང་གི་མེད་དགག་གི་གཞན་སེལ་གཉིས་སྐྱེ་འཇིག་ཅིག་ཆར་དུ་བྱེད་པར་ཐལ། དེ་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི། དཔལ་ལྡན་ཆོས་གྲགས་ལ་གནོད་བྱེད་ཡང་དག་ཏུ་མི་འཇུག་སྟེ། དཔལ་ལྡན་ཆོས་གྲགས་ཀྱིས་འདི་ལ་ཁྱབ་པ་མེད་པའི་ལན་ཐེབས་པའི་ཕྱིར། དེས་ཤིང་གི་མེད་དགག་གི་གཞན་སེལ་དངོས་མེད་དུ་བཞེད་པའི་ཕྱིར། ཞེས་སྟོན་པ་ལ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པ་མིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། །ཅེས་པ་འདི་བྱུང༌། གཉིས་པ་ལྟར་ན། ཤིང་དང་ཤིང་གི་བློའི་གཞན་སེལ་གཉིས་སྐྱེ་འཇིག་ཅིག་ཅར་དུ་བྱེད་པར་ཐལ། དེ་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི། དཔལ་ལྡན་ཆོས་གྲགས་ལ་གནོད་བྱེད་ཡང་དག་ཏུ་མི་འཇུག་སྟེ། དེས་དེ་ལ་ཁྱབ་པ་མེད་པའི་ལན་དོན་མཐུན་ཐེབས་པའི་ཕྱིར་ཏེ། དེས་ཤིང་གི་བློའི་གཞན་སེལ་རྟོག་པས་སྒྲོ་བཏགས་སུ་བཞེད་པའི་ཕྱིར། ཞེས་སྟོན་པ་ལ། སྤྱི་ཡི་བློ་ཡང་སླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། །ཅེས་པ་འདི་བྱུང༌། གསུམ་པ་ལྟར་རོ། །ཟེར་ན། དེ་ཡང་ཤིང་གི་བྱེ་བྲག་ཏུ་གྱུར་པའི་ཤ་པ་ལ་བྱེད་དམ། ཤིང་མ་ཡིན་པ་ལས་ལོག་པ་ལ་བྱེད། དང་པོ་ལྟར་ན། དེ་གཉིས་སྐྱེ་འཇིག་ཅིག་ཅར་དུ་བྱེད་པར་ཐལ། དེ་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི། དཔལ་ལྡན་ཆོས་གྲགས་ལ་གནོད་བྱེད་ཡང་དག་ཏུ་མི་འཇུག་སྟེ། དེས་དེ་ལ་ཁྱབ་པ་མེད་ཀྱི་ལན་དོན་མཐུན་ཐེབས་པའི་ཕྱིར། ཞེས་སྟོན་པ་ལ། དེ་ཕྱིར་སུན་དབྱུང་བ་ཡང་མེད། །ཅེས་པ་འདི་བྱུང༌། གཉིས་པ་ལྟར་རོ། །ཟེར་ན། དེ་གཉིས་སྐྱེ་འཇིག་ཅིག་ཅར་དུ་བྱེད་པར་ཐལ། དེ་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི། དཔལ་ལྡན་ཆོས་གྲགས་ལ་གནོད་བྱེད་ཡང་དག་ཏུ་མི་འཇུག་སྟེ། དེས་དེ་ལ་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར། ཞེས་སྟོན་པ་ལ། དེ་ཕྱིར་སུན་དབྱུང་བ་ཡང་མེད། །ཅེས་པ་འདི་བྱུང༌། རང་རེས་གོང་དུ་ནས་ཀྱི་ས་བོན་དང༌། ཆུ་ལུད་དྲོད་གཤེར་གཉིས་རྫས་ཐ་དད་དུ་ཁས་བླངས་པ་ལ། གྲངས་ཅན་ན་རེ། ཆུ་ལུད་དྲོད་གཤེར་ཆོས་ཅན། ཁྱོད་ཀྱིས་ནས་ཀྱི་ས་བོན་གྱི་སྐྱེད་བྱར་གྱུར་པའི་ནས་མྱུག་སྐྱེད་མི་ནུས་པར་ཐལ། ཁྱོད་ནས་ཀྱི་ས་བོན་དང་རྫས་ཐ་དད་ཡིན་པའི་ཕྱིར། ཞེས་པའི་འདོད་པ་བརྗོད་པར་བྱེད་པ་ལ། དེ་ཡི་སྐྱེད་བྱེད་ངོ་བོ་གང༌། །དེ་ལས་གཞན་པས་ཇི་ལྟར་བསྐྱེད། །ཅེས་སོགས་རྐང་པ་གཉིས་བྱུང༌། །དེ་ལྟར་ཟེར་ན། མ་ཁྱབ་སྟེ། ནས་ཀྱི་ས་བོན་དང༌། ཆུ་ལུད་དྲོད་གཤེར་གཉིས་རྫས་ཐ་དད་ཡིན་ཀྱང༌། ནས་ཀྱི་ས་བོན་གྱི་ཉེར་ལེན་དང༌། ཆུ་ལུད་དྲོད་གཤེར་གྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ཁོ་ན་ལ་བརྟེན་ནས་ནས་མྱུག་སྐྱེད་པ་ཡིན་པའི་ཕྱིར། ཞེས་སྟོན་པར་བྱེད་པ་ལ། ཐ་དད་ཁྱད་པར་ཉིད་སྐྱེད་བྱེད། །ཅེས་པ་འདི་བྱུང༌། དེ་ལྟར་བྱས་པ་ལ་ཁོ་ན་རེ། དེ་ཁོ་ནས་ནས་མྱུག་སྐྱེད་པ་མི་འཐད་དེ། ཆུ་ལུད་དྲོད་གཤེར་དང༌། ནས་ཀྱི་ས་བོན་རང་བཞིན་འདྲེས་པའི་ཚུལ་གྱིས་གནས་པའི་སྤྱི་གཙོ་བོ་དེས་ནས་སྨྱུག་བསྐྱེད་པའི་ཕྱིར། ཞེས་པའི་འདོད་པ་བརྗོད་པར་བྱེད་པ་ལ། དེ་ལ་ཐ་དད་མིན་པའང་ཡོད། །ཅེ་ན། ཞེས་པ་འདི་བྱུང༌། དེ་བཤད་ཟིན་གྱི་རིགས་པའི་སྒོ་ནས་འགོག་པར་བྱེད་པ་ལ། དེས་དེ་སྐྱེད་མིན་བརྗོད། ཅེས་པ་འདི་བྱུང༌། དེ་རིགས་པ་གཞན་གྱི་སྒོ་ནས་འགོག་པ་ལ། སྣང་བའང་གཞན་ལ་མི་བརྟེན་པས། །ཐ་དད་བྱེད་ཡིན། ཞེས་པ་འདི་བྱུང༌། འོ་ན། སྤྱི་གཙོ་བོ་དེ་ནས་ཀྱི་ས་བོན་དང༌། ཆུ་ལུད་དྲོད་གཤེར་གཉིས་དང༌། རང་བཞིན་འདྲེས་པའི་ཚུལ་གྱིས་གནས་པ་མ་ཡིན་པར་ཐལ། ནས་ཀྱི་ས་བོན་དང༌། ཆུ་ལུད་དྲོད་གཤེར་གཉིས་བློ་མ་འཁྲུལ་པ་ལ་རྫས་ཐ་དད་དུ་སྣང་བ་ཡིན་པའི་ཕྱིར། ཁྱབ་སྟེ། བློ་མ་འཁྲུལ་པ་ལ་རྫས་ཐ་དད་དུ་སྣང་བ་དེ། རྫས་ཐ་དད་ཀྱི་འཇོག་བྱེད་ཡིན་པའི་ཕྱིར། དེས་ན། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །ཞེས་པའི་དོན་བསྡུ་སྟོན་པར་བྱེད་པ་ལ། དེ་ཉིད་དོན། ཞེས་པ་འདི་བྱུང༌། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་སོགས་ཀྱི་དོན་བསྡུ་དེ་སྟོན་པ་ལ། དེ་ནི་གཞན་ལས་ལོག་པ་ཡིན། །ཞེས་པ་འདི་བྱུང༌། བདག་ཉིད་གཅིག་ལའང་དེ་ཡོད་ཕྱིར། །ཞེས་སོགས་རྐང་པ་གཉིས་ཀྱི་དོན་བསྡུ་དེ་སྟོན་པ་ལ། དེ་ནི་རྒྱུ་དང་འབྲས་བུར་བཤད། །ཅེས་པ་འདི་བྱུང༌། ཐ་དད་པ། །མེད་ན་སྐྱེ་འཇིག་ཅིག་ཅར་འགྱུར། །ཞེས་པའི་དོན་བསྡུ་དེ་སྟོན་པ་ལ། དེ་ནི་རང་གི་མཚན་ཉིད་འདོད། །ཅེས་པ་འདི་བྱུང༌། དེ་ཐམས་ཅད་ཀྱི་དོན་བསྡུ་སྟོན་པ་ལ། དེ་ནི་བླང་དོར་འབྲས་ཅན་པས། །ཞེས་སོགས་རྐང་པ་གཉིས་བྱུང༌། །

༈ ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་པའི་སྐབས་སུ་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རང་གི་རིགས་མི་མཐུན་སེལ་བྱེད་ཡིན་ན། གཞན་སེལ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྣང་སེལ་གཉིས་སུ་ཕྱེ་བའི་སེལ་བ་ཡིན་པར་ཐལ་ལོ། །འདོད་ན། དགག་སྒྲུབ་གཉིས་སུ་ཕྱེ་བའི་དགག་པ་ཡིན་པར་ཐལ་ལོ། །གཞན་ཡང༌། རང་གི་དགག་བྱ་འགོག་བྱེད་ཡིན་ན། དགག་པ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེས་བུམ་པ་མ་ཡིན་པ་བཀག་པ་གང་ཞིག །བུམ་པ་མ་ཡིན་པ་བུམ་པའི་དགག་བྱ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་དེ་མ་ཡིན་པ་དང་དངོས་འགལ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྣང་བ་ཡིན་ན། སྣང་སེལ་གཉིས་སུ་ཕྱེ་བའི་སྣང་བ་ཡིན་དགོས་པར་ཐལ། སེལ་བ་ཡིན་ན་དེ་གཉིས་སུ་ཕྱེ་བའི་སེལ་བ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། །དེར་ཐལ། དེའི་ཕྱིར། ཚད་མ་ལ་སྣང་བ་ཡིན་པའི་ཕྱིར། རྩ་བར་འདོད་ན། དགག་སྒྲུབ་གཉིས་སུ་ཕྱེ་བའི་སྒྲུབ་པར་ཐལ་ལོ། །ཁོ་རང་ལ། རྩ་བའི་དམ་བཅའ་མི་འཐད་པར་ཐལ། གཞན་སེལ་ཡིན་ན་དགག་པ་ཡིན་དགོས་པའི་ཕྱིར། གཞན་སེལ་ལ་མ་ཡིན་དགག་གི་གཞན་སེལ་དང༌། མེད་དགག་གི་གཞན་སེལ་གཉིས་སུ་གྲངས་ངེས་པའི་ཕྱིར་ཏེ། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལས། འདིར་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་པ་དང་མེད་པ་འོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རང་འཛིན་རྟོག་པས་རང་གི་དགག་བྱ་བཀག་པའི་སྒོ་ནས་རྟོགས་པར་བྱ་བ། གཞན་སེལ་གྱི་མཚན་ཉིད་ཟེར་ན། བུམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། བུམ་འཛིན་རྟོག་པས་བུམ་པའི་དགག་བྱ་བཀག་པ་གང་ཞིག །དེས་བུམ་པ་རྟོགས་པའི་ཕྱིར། དང་པོ་གྲུབ་སྟེ། དེས་བུམ་པ་མ་ཡིན་པ་བཀག་པ་གང་ཞིག །དེ་དེའི་དགག་བྱ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེས་བུམ་པ་མ་ཡིན་པ་ལས་ལོག་པ་རྟོགས་པའི་ཕྱིར། དེ་ལ་ཁོ་ན་རེ། གཞི་གྲུབ་ན། རང་འཛིན་རྟོག་པས་རང་གི་དགག་བྱ་བཀག་པའི་སྒོ་ནས་རྟོགས་པར་བྱ་བ་ཡིན་དགོས་པར་ཐལ། བུམ་པ་དེ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འཛིན་པའི་རྟོག་པ་དེས་སྒྲ་རྟག་པ་བཀག་པར་ཐལ། འདོད་པ་གང་ཞིག །སྒྲ་རྟག་པ་དེའི་དགག་བྱ་ཡིན་པའི་ཕྱིར། འདོད་ན། དེས་སྒྲ་མི་རྟག་པར་རྟོགས་པར་ཐལ་ལོ། །ཟེར་ན། འོ་ན། གཞི་གྲུབ་ན། ཁྱོད་མ་ཡིན་པ་ཁྱོད་ཀྱི་དགག་བྱ་ཡིན་དགོས་པར་ཐལ་ལོ། །བུམ་པ་མ་ཡིན་པ་བུམ་པའི་དགག་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པ་ཆོས་ཅན། ཁྱོད་མེད་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་དགག་བྱ་ཡིན་པའི་ཕྱིར། ཁོ་ན་རེ། ཡང་། དེ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་དགག་བྱར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པ་ལས་ལོག་པའི་དགག་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་མ་ཡིན་པ་ལས་ལོག་པ་དེ་རང་འཛིན་རྟོག་པས་རང་གི་དགག་བྱ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པ་གང་ཞིག །དེ་འཛིན་རྟོག་པས་སྒྲ་རྟག་པ་མ་བཅད་པའི་ཕྱིར་ཏེ། དེས་སྒྲ་མི་རྟག་པར་མ་རྟོགས་པའི་ཕྱིར། ཡང་ཁོ་ན་རེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་དགག་བྱ་ཡིན་ན། དེ་མ་ཡིན་པ་ལས་ལོག་པའི་དགག་བྱ་ཡིན་དགོས་པར་ཐལ། དེ་ཡིན་ན་གཅིག་ཤོས་དེ་མ་ཡིན་པས་མ་ཁྱབ་པའི་ཕྱིར། འདོད་ན། སྒྲ་རྟག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པ་ལས་ལོག་པ་འཛིན་པའི་རྟོག་པ་དེས་སྒྲ་རྟག་པ་བཅད་པར་ཐལ། དེས་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པ་ལས་ལོག་པའི་དགག་བྱ་མཐའ་དག་བཅད་པ་གང་ཞིག །སྒྲ་རྟག་པ་དེ་དེའི་དགག་བྱ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་དེའི་དགག་བྱ་བཅད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །རང་གི་དངོས་མིང་ལ་དགག་ཚིག་སྦྱར་བ་དེ་དགག་པའི་མཚན་ཉིད་ཟེར་ན། ཆོས་ཉིད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཆོས་ཉིད་ཅེས་པའི་ཚིག་ལ་དགག་ཚིག་མ་སྦྱར་བར་ཐལ། ཆོས་ཞེས་པའི་ཚིག་དེ་ཡང་དེ་མ་ཡིན། ཉིད་ཅེས་པའི་དེ་ཡང་དེ་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་འཛིན་རྟོག་པས་རང་གི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་དགག་པའི་མཚན་ཉིད་ཟེར་ན། དེ་ལ་ཁ་ཅིག །གང་ཟག་གི་བདག་མེད་དུ་གྱུར་པའི་དངོས་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་འཛིན་རྟོག་པས་གང་ཟག་གི་བདག་མེད་དུ་གྱུར་པའི་དངོས་པོ་མ་ཡིན་པ་དངོས་སུ་བཅད་པར་ཐལ། འདོད་པ་གང་ཞིག །དེས་གང་ཟག་གི་བདག་དངོས་སུ་བཅད་པའི་ཕྱིར། ཕྱི་མ་གྲུབ་ན། དེས་གང་ཟག་གི་བདག་མེད་དངོས་སུ་རྟོགས་པར་ཐལ་ལོ། །རྩ་བར་འདོད་བྱས་པ་ལ། དངོས་པོ་འཛིན་པའི་རྟོག་པས་དངོས་པོ་མ་ཡིན་པ་དངོས་སུ་བཅད་པར་ཐལ་ལོ། །ཟེར་ན་མ་ཁྱབ་སྟེ། ཁོ་རང་ལ། དངོས་པོ་ཞེས་པའི་ངག་གིས་དངོས་པོ་མ་ཡིན་པ་དངོས་སུ་བཅད་པར་ཐལ། གང་ཟག་གི་བདག་མེད་དུ་གྱུར་པའི་དངོས་པོ་ཞེས་པའི་ངག་གིས་དེ་མ་ཡིན་པ་དངོས་སུ་བཅད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེས་དེའི་དགག་བྱ་དངོས་སུ་བཅད་པ་གང་ཞིག །དེས་གང་ཟག་གི་བདག་དངོས་སུ་མ་བཅད་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེས་གང་ཟག་གི་བདག་མེད་དངོས་སུ་བརྗོད་པར་ཐལ་ལོ། །དེ་ལ་ཁ་ཅིག་ན་རེ། དེས་དེ་བརྗོད་པར་ཐལ། དེ་ལ་དེ་བརྗོད་པའི་ཚིག་ཚང་བའི་ཕྱིར་ཏེ། གང་ཟག་གི་བདག་གིས་སྟོང་པའི་དངོས་པོ་ཞེས་པའི་ངག་དེ་ལ་དེ་བརྗོད་པའི་ཚིག་ཚང་བའི་ཕྱིར་ཏེ། ངག་དེས་གང་ཟག་གི་བདག་མེད་བརྗོད་པའི་ཕྱིར་ཏེ། དེས་གང་ཟག་གི་བདག་གིས་སྟོང་པའི་དངོས་པོ་བརྗོད་པའི་ཕྱིར་ན་མ་ཁྱབ། ཁོ་རང་ལ། གང་ཟག་གི་བདག་མེད་དུ་གྱུར་པའི་རི་བོང་གི་རྭ་ཞེས་པའི་ངག་དེ་ལ་གང་ཟག་གི་བདག་མེད་བརྗོད་པའི་ཚིག་ཚང་བར་ཐལ། དེར་གྱུར་པའི་དངོས་པོ་ལ་དེའི་ཕྱིར། འདོད་ན། རི་བོང་གི་རྭར་གྱུར་པའི་གང་ཟག་གི་བདག་མེད་ཅེས་པའི་ཚིག་དེ་ལ་རི་བོང་གི་རྭ་བརྗོད་པའི་ཚིག་ཚང་བར་ཐལ་ལོ། །འདོད་ན། དེས་རི་བོང་གི་རྭ་བརྗོད་པར་ཐལ་ལོ། །འདོད་ན། དེ་ངག་དོན་མཐུན་མ་ཡིན་པར་ཐལ་ལོ། །ཁ་ཅིག་ན་རེ། རང་འཛིན་རྟོག་པས་རང་གི་དགག་བྱ་ཚིག་ཟིན་ལ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་དགག་པའི་མཚན་ཉིད་ཟེར་ན། ཆོས་ཉིད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཆོས་ཉིད་ཅེས་པའི་ངག་དེས་དེའི་དགག་བྱ་ཚིག་ཟིན་ལ་བཅད་པར་ཐལ། དེ་འཛིན་པའི་རྟོག་པས་དེ་ལྟར་བཅད་པའི་ཕྱིར། འདོད་མི་ནུས་ཏེ། དྲང་ངེས་རྣམ་འབྱེད་ལས། ཆོས་ཉིད་ལྟ་བུ་འདི་ལ་ཚིག་གིས་ཟིན་པར་དགག་བྱ་བཅད་པ་མེད་ཀྱང་དེའི་དོན་ཤར་བ་ན་སྤྲོས་པ་བཅད་པའི་རྣམ་པ་ཅན་དུ་འཆར་བ་ཡོད་དོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རང་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་དགག་པའི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། ཆོས་ཉིད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཆོས་ཉིད་ཅེས་པའི་ངག་དེས་དེའི་དགག་བྱ་དངོས་སུ་མ་བཅད་པར་ཐལ། འཇུག་པའི་ཊཱིཀ་ཆེན་ལས། ཆོས་ཉིད་ལྟ་བུ་འདི་ལ་སྒྲས་དགག་བྱ་དངོས་སུ་བཅད་པ་མེད་ཀྱང༌། དེའི་དོན་བློ་ལ་ཤར་བ་ན་སྤྲོས་པ་བཅད་པའི་རྣམ་པ་ཅན་དུ་འཆར་བ་རྣམས་དགག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། ཆོས་ཉིད་ཅེས་པའི་སྒྲས་དེའི་དགག་བྱ་ཚིག་ཟིན་ལ་མ་བཅད་པ་དེའི་དོན་ཡིན་པའི་ཕྱིར། ཡང་དེ་ལ་མཁས་པ་ཁ་ཅིག་ན་རེ། བུམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། བུམ་པ་ཞེས་པའི་ངག་དེས་བུམ་པ་མ་ཡིན་པ་དངོས་སུ་བཅད་པའི་སྒོ་ནས་བུམ་པ་དངོས་སུ་རྟོགས་པའི་ཕྱིར་ཏེ། སྒྲ་ཉིད་བྱེད་པ་མིན་ཕྱིར་ཏེ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་ཏེ། འོ་ན། བུམ་འཛིན་རྟོག་པས་བུམ་པ་མ་ཡིན་པ་དངོས་སུ་བཅད་པར་ཐལ། བུམ་པ་ཞེས་པའི་ངག་གིས་དེ་ལྟར་བཅད་པའི་ཕྱིར། འདོད་ན། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་དེས། དེ་ཟླ་སྒྲས་བརྗོད་རུང་མ་ཡིན་པ་དངོས་སུ་བཅད་པར་ཐལ་ལོ། །འདོད་ན། དེས་དེ་ལ་དངོས་སུ་གནོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་དེ་ལ་དངོས་སུ་གནོད་བྱེད་བཏགས་པ་བ་དང༌། བརྒྱུད་ནས་གནོད་བྱེད་མཚན་ཉིད་པ་ཡིན་པའི་ཕྱིར་ཏེ། ཐ་སྙད་ལས་ནི་སྐྱེས་པ་ཡི། །ཆོས་དེ་གྲགས་པའི་སྒྲ་ཡིས་བརྗོད། །མངོན་སུམ་སོགས་ཀྱིས་གཞལ་བྱ་ཡང༌། །འཇལ་བྱེད་སྒྲ་སྒྲོ་བཏགས་ནས་བརྗོད། །ཅེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་འདྲའི་རྗེས་དཔག་དེས། དེ་ཟླ་སྒྲས་བརྗོད་རུང་མ་ཡིན་པ་དེ་ལ་དངོས་སུ་གནོད་པར་ཐལ། རི་བོང་ཅན་དངོས་དབང་གིས་ཟླ་སྒྲས་བརྗོད་རུང་མ་ཡིན་པར་རྟོགས་པའི་རྗེས་དཔག་དེས། དེ་དངོས་དབང་གིས་ཟླ་སྒྲས་བརྗོད་རུང་ཡིན་པ་ལ་དངོས་སུ་གནོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་དེ་དངོས་སུ་བཅད་པའི་ཕྱིར་ཏེ། དེ་དངོས་དབང་གིས་ཟླ་སྒྲས་བརྗོད་རུང་མ་ཡིན་པ་དེ་རང་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་དགག་བྱ་དངོས་སུ་བཅད་པའི་སྒོ་ནས་རྟོགས་པར་བྱ་བ་དེ་དགག་པའི་མཚན་ཉིད་ཟེར་ན། བུམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། བུམ་པ་དེ་དེ་ཡིན་པར་ཐལ། བུམ་པས་བུམ་པ་མ་ཡིན་པ་བཀག་པ་གང་ཞིག །དེ་བུམ་པའི་དགག་བྱ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དེས་ཁོ་རང་གི་དགག་བྱ་དགག་པར་ཐལ། བུམ་པ་ལ་དེའི་ཕྱིར། འདོད་ན། དེས་སྒྲ་རྟག་པ་དགག་པར་ཐལ་ལོ། །འདོད་ན། དེ་སྒྲ་རྟག་པ་འགོག་ནུས་ཀྱི་རྟགས་ཡང་དག་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་ན། སྒྲ་མི་རྟག་པར་སྒྲུབ་ནུས་ཀྱི་རྟགས་ཡང་དག་ཡིན་པར་ཐལ་ལོ། །ཁ་ཅིག་ན་རེ། རང་འཛིན་རྟོག་པས་རང་གི་དགག་བྱ་བཅད་པ་དངོས་སུ་རྟོགས་པར་བྱ་བ་དགག་པའི་མཚན་ཉིད་ཟེར་ན། རྟག་དངོས་ཀྱིས་སྟོང་པའི་བུམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རྟག་དངོས་ཀྱིས་སྟོང་པའི་བུམ་འཛིན་རྟོག་པས་རྟག་དངོས་ཀྱིས་སྟོང་པའི་བུམ་པ་མ་ཡིན་པ་བཅད་པ་དེ་དངོས་སུ་རྟོགས་པར་ཐལ། འདོད་པ་གང་ཞིག །རྟག་དངོས་ཀྱིས་སྟོང་པའི་བུམ་པ་མ་ཡིན་པ་དེ་རྟག་དངོས་ཀྱིས་སྟོང་པའི་བུམ་པའི་དགག་བྱ་ཡིན་པའི་ཕྱིར། འདོད་ན། དེས་རྟག་དངོས་ཀྱིས་སྟོང་པའི་བུམ་པ་མ་ཡིན་པ་དེ་དངོས་སུ་རྟོགས་པར་ཐལ་ལོ། །འདོད་ན། དེས་དེ་མ་ཡིན་པ་ལས་ལོག་པ་དངོས་སུ་རྟོགས་པར་ཐལ་ལོ། །ཡང་ཁོ་ན་རེ། རྟག་དངོས་ཀྱིས་སྟོང་པའི་བུམ་པའི་དོན་རང་མཚན་གྱི་གཞན་སེལ་ཡིན་ན། རྟག་དངོས་ཀྱིས་སྟོང་པའི་བུམ་འཛིན་རྟོག་པའི་ཤུགས་ཀྱི་གཞལ་བྱ་ཡིན་དགོས་པར་ཐལ། རྟག་དངོས་ཀྱིས་སྟོང་པའི་བུམ་པ་མ་ཡིན་པ་ལས་ལོག་པ་དེ་དེའི་དངོས་ཀྱི་གཞལ་བྱ་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། རྟག་དངོས་ཀྱིས་སྟོང་པའི་བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་དུ་ཐལ། ཁྱོད་ཁྱོད་རང་གང་ཞིག །ཁྱོད་དོན་རང་མཚན་གྱི་གཞན་སེལ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་འཛིན་གྱི་རྟོག་པ་སྒྲུབ་རྟོག་ཏུ་སོང་བའི་ཆོས་སྒྲུབ་པའི་མཚན་ཉིད། དེ་དགག་རྟོག་ཏུ་སོང་བའི་ཆོས་དགག་པའི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། རྟག་དངོས་ཀྱིས་སྟོང་པའི་བུམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། རང་འཛིན་གྱི་རྟོག་པ་ལ་རང་ཡུལ་དུ་གྱུར་པའི་སྒྲུབ་པའི་རྣམ་པ་ཤར་བའི་ཆོས་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཁོ་རང་ལ། རང་ཡུལ་དུ་གྱུར་པའི་དགག་པའི་རྣམ་པ་ཤར་བའི་རྟོག་པ་ཡིན་ན། དགག་རྟོག་ཡིན་དགོས་པ་དང༌། དེར་གྱུར་པའི་སྒྲུབ་པའི་རྣམ་པ་ཤར་བའི་རྟོག་པ་ཡིན་ན། སྒྲུབ་རྟོག་ཡིན་པས་ཁྱབ་པ་གཉིས་ཀ་ཡོད་པར་ཐལ། ཁྱོད་ཀྱི་དེ་ལ་ཁྱབ་འབྲེལ་ཡོད་པའི་ཕྱིར། འདོད་ན། རྟོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རྟོག་པ་ཡིན་ན་དགག་རྟོག་དང༌། སྒྲུབ་རྟོག་གཉིས་ཀ་ཡིན་དགོས་པར་ཐལ། རྟོག་པ་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། རང་ལུགས་ཀྱི་སྐྱོན་ནི། དང་པོ་དེ་མི་འཐད་པར་ཐལ། བུམ་པ་སྒྲུབ་པའི་མཚན་གཞི་གང་ཞིག །བུམ་འཛིན་རྟོག་པ་སྒྲུབ་རྟོག་ཏུ་ཚད་མས་ངེས་པའི་གང་ཟག་ཡིན་ན། བུམ་པ་སྒྲུབ་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། བུམ་པ་དང་གཅིག་ཏུ་གྱུར་པའི་སྒྲུབ་པ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་ཡིན་དགོས་པའི་ཕྱིར། གཉིས་པ་མི་འཐད་པར་ཐལ། རྟག་དངོས་ཀྱིས་སྟོང་པའི་བུམ་པ་དགག་པའི་མཚན་གཞི་གང་ཞིག །དེ་འཛིན་རྟོག་པ་དགག་རྟོག་ཏུ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་དགག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། རྟགས་སྔར་བཞིན། ཁ་ཅིག་ན་རེ། དགག་པ་དེ་ལ། མེད་དགག་དང་མ་ཡིན་དགག་གཉིས་ཡོད་པ་ལས། རང་འཛིན་རྟོག་པ་ལ་རང་ཡུལ་དུ་གྱུར་པའི་མེད་དགག་གི་རྣམ་པ་ཤར་བ་དེ། དང་པོའི་མཚན་ཉིད་ཟེར་ན། རྟག་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། རྟག་པ་འཛིན་པའི་རྟོག་པ་ལ་ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པའི་རྣམ་པ་ཤར་བའི་ཕྱིར་ཏེ། དེ་འདྲའི་གཞི་མཐུན་པ་དེ་དེའི་དངོས་ཡུལ་ཡིན་པའི་ཕྱིར་ཏེ། དེ་རྟག་པ་ཞེས་པའི་ངག་གི་དངོས་ཀྱི་བརྗོད་བྱ་ཡིན་པ་གང་ཞིག། དེ་གཉིས་རང་ཡུལ་ལ་འཇུག་ཚུལ་མཚུངས་པའི་ཕྱིར་ཏེ། སྤྱི་བརྗོད་ངང་ཚུལ་ཅན་སྒྲ་དང༌། །རྟོག་པའང་དེ་དང་དོན་གཅིག་ན། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེའི་དོན་ནི་དེ་གཉིས་རང་ཡུལ་ལ་དོན་སྤྱིའི་ཚུལ་གྱིས་འཇུག་པར་མཚུངས་པ་ལ་བྱེད་པའི་ཕྱིར། དེ་ལྟར་མ་ཡིན་ན་གང་ཟག་གི་བདག་ཚད་མས་མ་དམིགས་པ་དེ། གང་ཟག་གི་བདག་མེད་འཛིན་པའི་རྟོག་པའི་དངོས་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གང་ཟག་གི་བདག་མེད་འཇལ་བའི་ཚད་མའི་དངོས་ཀྱི་གཞལ་བྱ་ཡིན་པར་ཐལ་ལོ། །འདོད་ན། དེ་གནས་ལུགས་མཐར་ཐུག་ཏུ་ཐལ་ལོ། །ཟེར་ན། རེ་ཞིག་འདིར་མ་ཁྱབ་སྟེ། འདོད་ན། ཕུང་པོ་གང་ཟག་གི་བདག་ཚད་མས་དམིགས་པས་སྟོང་པ་དེ་ཕུང་པོའི་གནས་ལུགས་མཐར་ཐུག་ཡིན་པར་ཐལ་ལོ། །འདོད་ན། དེ་དང་ཕུང་པོ་གང་ཟག་གི་བདག་ཡོད་པས་སྟོང་པ་གཉིས་ལ་ངེས་དཀའ་སླའི་ཁྱད་པར་མེད་པར་ཐལ། དེ་གཉིས་ཀ་དེའི་གནས་ལུགས་མཐར་ཐུག་ཏུ་མཚུངས་པའི་ཕྱིར་ཟེར་ན། ཁོ་རང་ལ། ཕུང་པོ་དང་གང་ཟག་གི་བདག་མེད་ཀྱི་གཞི་མཐུན་གནས་ལུགས་མཐར་ཐུག་ཏུ་ཐལ། དེའི་གཞི་མཐུན་རྟོགས་པའི་ཚད་མ་དེས་གང་ཟག་གི་བདག་མེད་དངོས་སུ་རྟོགས་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཕུང་པོ་དང་གང་ཟག་གི་བདག་ཚད་མས་མ་དམིགས་པའི་གཞི་མཐུན་འཇལ་བའི་ཚད་མ་དེས་གང་ཟག་གི་བདག་ཚད་མས་མ་དམིགས་པ་རྟོགས་པའི་ཕྱིར་ཏེ། དེ་དང་རི་བོང་གི་རྭ་མེད་ཀྱི་གཞི་མཐུན་རྟོགས་པའི་ཚད་མ་དེས་རི་བོང་གི་རྭ་མེད་རྟོགས་པའི་ཕྱིར། དེར་ཐལ། དེ་དང་རྟག་སྟོང་གི་གཞི་མཐུན་རྟོགས་པའི་ཚད་མ་དེས་རྟག་སྟོང་རྟོགས་པའི་ཕྱིར། དེས་ན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་དེ་རྟག་པ་འཛིན་པའི་རྟོག་པའི་དངོས་ཡུལ་ཡིན་པར་ཐལ། སྐད་ཅིག་མ་དེ་མི་རྟག་པ་འཛིན་པའི་རྟོག་པའི་དངོས་ཡུལ་ཡིན་པའི་ཕྱིར་ཏེ། མི་རྟག་པ་འཛིན་པའི་རྟོག་པས་དེ་དངོས་སུ་རྟོགས་པའི་ཕྱིར་ཏེ། དེས་དེ་སྐད་ཅིག་གིས་འཇིག་པ་དངོས་སུ་རྟོགས་པའི་ཕྱིར། ཁ་ཅིག་ན་རེ། དགག་པ་ཡང་ཡིན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་འཕེན་པ་ཡང་ཡིན་པའི་གཞི་མཐུན་པ་དེ་མ་ཡིན་དགག་གི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། དེ་འདྲའི་གཞི་མཐུན་པས་སྟོང་པའི་བུམ་པ་དེ་འདྲའི་གཞི་མཐུན་ཡིན་པར་ཐལ། དེ་མ་ཡིན་དགག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་དེ་འདྲའི་གཞི་མཐུན་པས་སྟོང་པའི་བུམ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཁོ་ཁོ་རང་དུ་ཐལ། ཁོ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། མ་ཡིན་དགག་གིས་སྟོང་པའི་བུམ་པ་ཁོ་ཁོ་རང་དུ་ཐལ། ཁོ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་མ་ཡིན་དགག་ཡིན་པའི་ཕྱིར། གཞན་ཡང་། ཁོ་ན་རེ། སྒྲུབ་པས་སྟོང་པའི་བུམ་པ་མ་ཡིན་དགག་ཡིན་པར་ཐལ། རྟག་དངོས་ཀྱིས་སྟོང་པའི་བུམ་པ་མ་ཡིན་དགག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཚན་ཉིད་གོང་གི་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་སྒྲུབ་པ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་འཕེན་པར་ཐལ། རང་བརྗོད་པའི་སྒྲས་རང་གི་དགག་བྱ་སྒྲུབ་པ་ཡང་བཀག །རང་བརྗོད་པའི་སྒྲས་རང་གི་འཕང་བྱར་གྱུར་པའི་སྒྲུབ་པ་ཡང་འཕེན་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲུབ་པ་དེ་སྒྲུབ་པས་སྟོང་པའི་བུམ་པའི་དགག་བྱ་གང་ཞིག །སྒྲུབ་པས་སྟོང་པའི་བུམ་པ་ཞེས་པའི་ངག་གིས་སྒྲུབ་པས་སྟོང་པའི་བུམ་པའི་དགག་བྱ་བཀག་པའི་ཕྱིར། དང་པོ་གྲུབ་སྟེ། རི་དེ་རི་མེད་པའི་ཐང་གི་དགག་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་ན། དེ་ཆོས་ཅན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་སྒྲུབ་པ་བཀག་པར་ཐལ་ལོ། །འདོད་མི་ནུས་ཏེ། རང་བརྗོད་པའི་སྒྲས་རང་གི་འཕང་བྱར་གྱུར་པའི་སྒྲུབ་པ་འཕང་པའི་ཕྱིར། ཁ་ཅིག་ན་རེ། དགག་པ་གང་ཞིག །རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་འཕེན་པ་དེ། མ་ཡིན་དགག་གི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག །རྟག་དངོས་ཀྱིས་སྟོང་པའི་བུམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚན་བྱ་དེའི་ཕྱིར། འདོད་ན། རྟག་དངོས་ཀྱིས་སྟོང་པའི་བུམ་པ་ཞེས་པའི་ངག་དེས་དགག་བྱ་རྟག་དངོས་དགག་ཤུལ་དུ། རྟག་པ་དངོས་པོ་ལས་གཞན་པའི་མི་རྟག་པའི་དངོས་པོར་འཕེན་པར་ཐལ། རྟག་དངོས་ཀྱིས་སྟོང་པའི་བུམ་པ་དེ་རང་བརྗོད་པའི་སྒྲས་ཞེས་སོགས་དེ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དེས་མི་རྟག་པ་དངོས་པོར་འཕེན་པར་ཐལ་ལོ། །འདོད་ན། དེས་མི་རྟག་པ་འཕེན་པར་ཐལ་ལོ། །ཟེར་ན་ཁོ་རང་ལ། རྟག་དངོས་ཀྱིས་སྟོང་པའི་བུམ་པ་དེ་རང་བརྗོད་པའི་སྒྲས་ཞེས་སོགས་དེར་ཐལ། དེ་འདྲའི་བུམ་པ་ཞེས་པའི་ངག་དེས་རྟག་དངོས་ཀྱིས་སྟོང་པའི་བུམ་པའི་དགག་བྱ་བཀག་ཤུལ་དུ་བུམ་པ་འཕེན་པའི་ཕྱིར། ཁ་ཅིག་ན་རེ། དགག་པ་གང་ཞིག །རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་ཤུགས་ལ་འཕེན་པ་དེ་མ་ཡིན་དགག་གི་མཚན་ཉིད་ཟེར་ན། རི་མེད་པའི་ཐང་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། རི་མེད་པའི་ཐང་ཞེས་པའི་ངག་དེས་དགག་བྱ་རི་བཀག་ཤུལ་དུ་ཐང་དངོས་སུ་འཕེན་པའི་ཕྱིར། ཁ་ཅིག །དགག་པ་གང་ཞིག །རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་ཤུགས་ལ་འཕེན་པ་དེ་མ་ཡིན་དགག་གི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། མ་ཡིན་དགག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། མ་ཡིན་དགག་མ་ཡིན་དགག་ཡིན་པར་ཐལ། དགག་པ་དགག་པ་ཡིན་པའི་ཕྱིར་ཏེ། མེད་དགག་ཁོ་ཁོ་རང་ཡིན་པའི་ཕྱིར། རྩ་བར་འདོད་ན། མ་ཡིན་དགག་ཅེས་པའི་ངག་གི་འཕང་བྱར་གྱུར་པའི་སྒྲུབ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་དགག་སྒྲུབ་པ་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ་སྟེ། ཁོ་རང་ལ། རྟག་དངོས་ཀྱིས་སྟོང་པའི་མ་ཡིན་དགག་སྒྲུབ་པ་ཡིན་པར་ཐལ། རྟག་དངོས་ཀྱིས་སྟོང་པའི་མ་ཡིན་དགག་ཅེས་པའི་ངག་གི་འཕང་བྱར་གྱུར་པའི་སྒྲུབ་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་མ་ཡིན་དགག་ཡིན་པའི་ཕྱིར་ཏེ། དེས་སྟོང་པའི་དོན་རང་མཚན་གྱི་གཞན་སེལ་དེ་ཡང་མ་ཡིན་དགག་ཡིན། དེས་སྟོང་པའི་བློའི་གཞན་སེལ་དེ་ཡང་མ་ཡིན་དགག་ཡིན་པའི་ཕྱིར། རང་རེས་གོང་དུ་དགག་པ་དགག་པར་ཁས་བླངས་པ་ལ། ཁ་ཅིག་ན་རེ། དགག་པ་ཆོས་ཅན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། འདོད་ན། དགག་པ་ཞེས་པའི་ངག་དེས་དགག་པ་མ་ཡིན་པ་དངོས་སུ་བཅད་པར་ཐལ། འདོད་པ་གང་ཞིག །དེས་སྒྲུབ་པ་དངོས་སུ་མ་བཅད་པའི་ཕྱིར། འདོད་ན། དེས་དགག་པ་མ་ཡིན་པའི་ཆོས་གཅིག་དངོས་སུ་བཅད་པར་ཐལ་ལོ། །འདོད་ན། དེས་སྒྲུབ་པ་དངོས་སུ་བཅད་པར་ཐལ། འདོད་པ་གང་ཞིག །དགག་པ་མ་ཡིན་པའི་ཆོས་ཡིན་ན། སྒྲུབ་པ་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འོ་ན། མེད་དགག་ཆོས་ཅན། རང་བརྗོད་པའི་སྒྲས་ཞེས་སོགས་དེར་ཐལ། དགག་པ་ཡིན་པའི་ཕྱིར། འདོད་ན། མེད་དགག་ཅེས་པའི་ངག་གིས་མེད་དགག་མ་ཡིན་པ་དངོས་སུ་བཅད་པར་ཐལ་ལོ། །འདོད་ན། དེས་མེད་དགག་མ་ཡིན་པའི་ཆོས་གཅིག་དངོས་སུ་བཅད་པར་ཐལ་ལོ། །འདོད་ན། དེས་མ་ཡིན་དགག་དང་སྒྲུབ་པ་གང་རུང་གཅིག་དངོས་སུ་བཅད་པར་ཐལ། འདོད་པ་གང་ཞིག །མེད་དགག་མ་ཡིན་པའི་ཆོས་ཡིན་ན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། མ་ཡིན་དགག་ལ་དབྱེ་ན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་དངོས་སུ་འཕེན་པའི་མ་ཡིན་དགག །ཤུགས་ལ་འཕེན་པའི་མ་ཡིན་དགག །དངོས་ཤུགས་གཉིས་ཀ་ལ་འཕེན་པའི་དེ། སྐབས་སྟོབས་ཀྱིས་དེ་དང་བཞིར་ཡོད་པ་ལས། དང་པོ་ནི། རི་མེད་པའི་ཐང་ལྟ་བུ་ལ་བྱེད། གཉིས་པ་ནི། ལྷས་སྦྱིན་ཚོན་པོ་ཉིན་བར་ཟས་མི་ཟ་བ་ལྟ་བུ་ལ་བྱེད། གསུམ་པ་ནི། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་རིད་པ་མ་ཡིན་པ་ལྟ་བུ་ལ་བྱེད། བཞི་པ་ནི། རྒྱལ་བུ་དོན་གྲུབ་རྒྱལ་རིགས་དང་བྲམ་ཟེའི་རིགས་གང་རུང་དུ་ངེས་ཤིང་ཁྱད་པར་མ་ངེས་པའི་སྐབས་སུ། བྲམ་ཟེའི་རིགས་མ་ཡིན་པ་ལྟ་བུ་ལ་བྱེད་དོ། །ཟེར་ན། རེ་ཞིག་ལ། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཞེས་པའི་ངག་དེས། ལྷས་སྦྱིན་ཚོན་པོ་མཚན་མོ་ཟས་ཟ་བ་འཕངས་པར་ཐལ། གཉིས་པ་འཐད་པའི་ཕྱིར། འདོད་ན། དེ་ངག་དོན་མཐུན་དུ་ཐལ། འདོད་པ་གང་ཞིག །ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཡོད་པའི་ཕྱིར། འདོད་ན། ལྷས་སྦྱིན་ཚོན་པོས་ཉིན་པར་ཟས་མི་ཟ་བར་ཐལ་ལོ། །འདོད་མི་ནུས་ཏེ། དེས་ཉིན་པར་ཟས་ཟ་བའི་ཕྱིར་ཏེ། ཉིན་པར་ཟས་ཟ་བའི་ལྷས་སྦྱིན་ཚོན་པོ་དེས་ཉིན་པར་ཟས་ཟ་བའི་ཕྱིར་ཏེ། ཉིན་བར་ཆང་འཐུང་བའི་བྲམ་ཟེ་དེས་ཉིན་བར་ཆང་འཐུང་བའི་ཕྱིར། གཞན་ཡང༌། ལྷས་སྦྱིན་ཚོན་པོ་གང་ཞིག། ཉིན་པར་ཟས་མི་ཟ་ན། མཚན་མོར་ཟས་ཟ་བས་ཁྱབ་པར་ཐལ། དེ་ཉིན་བར་ཟས་མི་ཟ་བ་ཞེས་པའི་ངག་དེས། དེ་མཚན་མོ་ཟས་ཟ་བ་འཕངས་པའི་ཕྱིར། འདོད་ན། མཚན་མོ་གཉིད་འཐུག་པོ་ལོག་པའི་ལྷས་སྦྱིན་ཚོན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མཚན་མོ་ཟས་ཟ་བཞིན་པ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། མཚན་མོ་གཉིད་འཐུག་པོ་ལོག་བཞིན་པའི་གང་ཟག་ཡིན་པའི་ཕྱིར། གཞན་ཡང༌། ལྷས་སྦྱིན་ཚོན་པོ་ཉིན་བར་ཟས་ཟ་བ་མ་ཡིན་པ་དེ། མ་ཡིན་དགག་ཏུ་ཐལ། དེས་དེ་ལྟར་མི་ཟ་བ་དེ་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་མེད་དགག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཉིན་བར་ཟས་ཟ་བ་ཆོས་ཅན། ཁྱོད་མ་ཡིན་པ་མེད་དགག་ཏུ་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། མཚན་གཞི་གསུམ་པ་མི་འཐད་པར་ཐལ། རང་བརྗོད་པའི་སྒྲས་རང་གི་དགག་བྱ་དགག་ཤུལ་དུ་ཆོས་ཅན་སྒྲུབ་པ་དངོས་སུ་འཕེན་པའི་མ་ཡིན་དགག་དང༌། དེ་ཤུགས་ལ་འཕེན་པའི་མ་ཡིན་དགག་གཉིས་འགལ་ཏེ། རང་གི་འཕང་བྱར་གྱུར་པའི་སྒྲུབ་པ་དངོས་སུ་འཕེན་པའི་ངག་དང༌། དེ་ཤུགས་ལ་འཕེན་པའི་ངག་གཉིས་འགལ་བའི་ཕྱིར་ཏེ། རང་གི་བརྗོད་བྱ་དངོས་སུ་བརྗོད་པའི་ངག་དང༌། ཤུགས་ལ་བརྗོད་པའི་ངག་གཉིས་འགལ་བའི་ཕྱིར། གཞན་ཡང༌། རྒྱལ་བུ་དོན་གྲུབ་བྲམ་ཟེའི་རིགས་མ་ཡིན་པ་དེ་མ་ཡིན་དགག་ཏུ་ཐལ། མཚན་གཞི་བཞི་པ་འཐད་པའི་ཕྱིར། འདོད་ན། བྲམ་ཟེའི་རིགས་མ་ཡིན་པ་མ་ཡིན་དགག་ཏུ་ཐལ་ལོ། །འདོད་མི་ནུས་ཏེ། དེ་མེད་དགག་ཡིན་པའི་ཕྱིར། མ་གྲུབ་ན། བྲམ་ཟེའི་རིགས་ཆོས་ཅན། ཁྱོད་མ་ཡིན་པ་མེད་དགག་ཏུ་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མཚན་གཞི་གཉིས་པ་འཐད་པར་ཐལ། དྲང་ངེས་རྣམ་འབྱེད་ལས། དེ་ལ་དོན་གྱི་བསྟན་པ་ནི། །མཆོད་སྦྱིན་ཚོན་པོ་ཉིན་བར་ཟས་མི་ཟ་ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལྷས་སྦྱིན་ཚོན་པོ་ཡང་ཡིན། ཉིན་བར་ཟས་མི་ཟ་བ་ཡང་ཡིན་པའི་གཞི་མཐུན་དེ་གཉིས་པའི་མཚན་གཞི་ཡིན་པ་དེ་དེའི་དོན་ཡིན་པའི་ཕྱིར། གཞན་ཡང༌། ཁོ་ན་རེ། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་དེ་ལྡན་ཞེས་པ་དང༌། དྲང་ངེས་རྣམ་འབྱེད་ལས། དེ་ལྡན་ནི་དངོས་ཤུགས་ལ་ཆོས་ཅན་འཕངས་པ་དེ་གཉིས་ཀར་ཡོད་པའི་ཚིག་སྟེ། མཆོད་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་རིད་པ་མ་ཡིན་པ་ཡོད་ཅེས་པ་ལྟ་བུའོ། །ཞེས་གསུངས་པ་མི་འཐད་པར་ཐལ། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་དངོས་ཤུགས་གཉིས་ཀ་ལ་འཕེན་པའི་མ་ཡིན་དགག་མེད་པའི་ཕྱིར་ན་མ་ཁྱབ་སྟེ། ཉིན་བར་ཟས་མི་ཟ་བ་ཡང་ཡིན། ལྷས་སྦྱིན་ཚོན་པོ་ཡང་ཡིན་པའི་གཞི་མཐུན་པ་ཞེས་པའི་ངག་འདིས་དགག་བྱ་ལྷས་སྦྱིན་ཚོན་པོ་ཉིན་བར་ཟས་ཟ་བ་བཀག་ནས་ལྷས་སྦྱིན་ཚོན་པོ་དངོས་སུ་འཕངས། དེ་བཀག་ནས་ལྷས་སྦྱིན་ཚོན་པོ་མཚན་མོར་ཟས་ཟ་བ་ཤུགས་ལ་འཕངས་པ་དེ་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མ་ཡིན་དགག་དེ་ལ་བློའི་གཞན་སེལ་དང༌། དོན་རང་མཚན་གྱི་གཞན་སེལ་གཉིས་སུ་ཡོད་པ་ལས་མ་ཡིན་དགག་གི་གཞན་སེལ་གང་ཞིག །དོན་སྤྱི་ཡིན་པ་དང་པོའི་མཚན་ཉིད་ཟེར་ན། ཤེས་བྱ་མ་ཡིན་པ་ལས་ལོག་པ་ཆོས་ཅན། དོན་སྤྱི་ཡིན་པར་ཐལ། བློའི་གཞན་སེལ་ཡིན་པའི་ཕྱིར་ཏེ། དེའི་གཞན་སེལ་གང་ཞིག །དེའི་གཞན་སེལ་གཞན་རེ་རེ་ནས་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། བུམ་པ་མ་ཡིན་པ་ལས་ལོག་པ་བུམ་པའི་གཞན་སེལ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཤེས་བྱའི་དོན་སྤྱི་ཡིན་པར་ཐལ་ལོ། །འདོད་ན། བུམ་པ་མ་ཡིན་པ་ལས་ལོག་པ་བུམ་པའི་དོན་སྤྱི་ཡིན་པར་ཐལ་ལོ། །ཡང་ཁོ་ན་རེ། ཤེས་བྱ་མ་ཡིན་པ་ལས་ལོག་པ་ཆོས་ཅན། ཤེས་བྱའི་དོན་སྤྱི་ཡིན་པར་ཐལ། དེའི་བློའི་གཞན་སེལ་ཡིན་པའི་ཕྱིར། ཁྱབ་སྟེ། བུམ་པའི་བློའི་གཞན་སེལ་ཡིན་ན། བུམ་པའི་དོན་སྤྱི་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བུམ་འཛིན་རྟོག་པ་ལ་བུམ་པ་སྣང་བ་མ་ཡིན་པ་ལས་ལོག་པ་དེ་བུམ་པའི་དོན་སྤྱི་ཡིན། བུམ་འཛིན་རྟོག་པ་ལ་བུམ་པ་སྣང་བ་དེ་ཡང་དེའི་དོན་སྤྱི་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་བྱེད་ནུས་པར་གྱུར་པའི་གཞན་སེལ་དོན་རང་མཚན་གྱི་གཞན་སེལ་གྱི་མཚན་ཉིད་ཟེར་ན། དེ་ཆོས་ཅན། ཐལ་འགྱུར་བས་ཁས་མི་ལེན་པར་ཐལ། དོན་རང་མཚན་གྱི་གཞན་སེལ་གྱི་མཚན་ཉིད་གང་ཞིག །དེས་དེའི་མཚན་ཉིད་ཁས་མི་ལེན་པའི་ཕྱིར། འདོད་མི་ནུས་ཏེ། དེས་བུམ་པ་མ་ཡིན་པ་ལས་ལོག་པ་དེར་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། བདེན་པར་གྲུབ་པའི་གཞན་སེལ་དེ་དོན་རང་མཚན་གྱི་གཞན་སེལ་གྱི་མཚན་ཉིད་ཟེར་ན། དེ་ཆོས་ཅན། རང་རྒྱུད་པས་ཁས་ལེན་པར་ཐལ། དེའི་མཚན་ཉིད་གང་ཞིག །དེས་དེའི་མཚན་ཉིད་ཁས་ལེན་པའི་ཕྱིར། འདོད་མི་ནུས་ཏེ། དེས་གཞི་གྲུབ་ན་བདེན་མེད་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། མཚན་གཞི་ལ་ཁ་ཅིག་ན་རེ། བུམ་པ་མ་ཡིན་པ་ལ་བུམ་པ་མེད་པ་དེ་བུམ་པའི་མེད་དགག་གི་གཞན་སེལ་ཡིན་ཟེར་ན། ཊཱིཀྐ་ལས། བྲམ་ཟེ་ཆེན་པོས་བུམ་པ་མ་ཡིན་པ་ལ་བུམ་པ་མེད་པ་བུམ་པའི་མེད་དགག་གི་གཞན་སེལ་དུ་མཛད་པར་སྣང་ངོ་། །ཞེས་བྲམ་ཟེ་ཆེན་པོའི་ལུགས་བསྐྱར་བ་ཙམ་མ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། གཞན་ཡང༌། བུམ་པ་མ་ཡིན་པ་ཡང་ཡིན་བུམ་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པ་དེ་བུམ་པའི་མེད་དགག་གི་གཞན་སེལ་དུ་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་འཛིན་རྟོག་པའི་གཞལ་བྱར་ཐལ་ལོ། །འདོད་མི་ནུས་ཏེ། བུམ་འཛིན་རྟོག་པས་ཁྱོད་མ་རྟོགས་པའི་ཕྱིར། མ་གྲུབ་ན། དེས་བུམ་པ་མ་ཡིན་པ་བུམ་པ་མ་ཡིན་པར་རྟོགས་པར་ཐལ་ལོ། །འདོད་ན། དེས་བུམ་པ་མ་ཡིན་པ་རྟོགས་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། བུམ་འཛིན་རྟོག་པས་བུམ་པ་མ་ཡིན་པ་ཡང་ཡིན་བུམ་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པ་རྟོགས་པར་ཐལ། དེས་བུམ་པ་དེ་འདྲའི་གཞི་མཐུན་པས་སྟོང་པར་རྟོགས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་བུམ་པ་བུམ་པ་ཡང་ཡིན་བུམ་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པར་རྟོགས་པའི་ཕྱིར་ཏེ། དེས་བུམ་པ་བུམ་པ་མ་ཡིན་པས་སྟོང་པར་རྟོགས་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་ལ་བུམ་པ་མ་ཡིན་པ་མེད་པ་དེ་དེའི་མེད་དགག་གི་གཞན་སེལ་ཡིན་ཟེར་ན། བུམ་པ་ལ་བུམ་པ་མ་ཡིན་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བུམ་པ་ལ་མེད་པ་ཡོད་པའི་ཕྱིར་ཏེ། རྟག་པ་ལ་ཡང་མེད་པ་ཡོད། མི་རྟག་པ་ལ་ཡང་མེད་པ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཡོད་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མེད་པ་ཡོད་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཡོད་པའི་ཕྱིར། དེ་ལ་ཁོ་ན་རེ། བུམ་པའི་སྟེང་དུ་བུམ་པ་མ་ཡིན་པ་ཡོད་པར་ཐལ། བུམ་པ་ལ་བུམ་པ་མ་ཡིན་པ་ཡོད་པའི་ཕྱིར། འདོད་ན། བུམ་པ་མ་ཡིན་པ་བུམ་པའི་སྟེང་དུ་ཡོད་པར་ཐལ་ལོ། །ཟེར་ན་མ་ཁྱབ་སྟེ། འོ་ན། བུམ་པའི་སྟེང་དུ་བུམ་པ་མ་ཡིན་པ་ཡོད་པར་ཐལ། བུམ་པ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ། བུམ་པ་མ་ཡིན་པ་ཡོད་པའི་ཕྱིར་ཏེ། བུམ་པ་མ་ཡིན་པའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། བུ་འཛིན་རྟོག་པ་ལ་བུམ་པ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་བུམ་པའི་བློའི་གཞན་སེལ་ཡིན་ཟེར་ན། འོ་ན། བུམ་འཛིན་རྟོག་པ་ལ་བུམ་པ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། བུམ་འཛིན་རྟོག་པ་དེ་བུམ་པ་བུམ་པ་མ་ཡིན་པ་ལས་ལོག་པའི་རྣམ་པ་ཤར་བའི་བློ་ཡིན་པར་ཐལ་ལོ། །འདོད་ན། དེ་བུམ་པ་བུམ་པ་མ་ཡིན་པ་ལས་ལོག་པར་དངོས་སུ་རྟོགས་པའི་བློ་ཡིན་པར་ཐལ། འདོད་པ་གང་ཞིག །དེ་བུམ་པ་བུམ་པ་མ་ཡིན་པ་ལས་ལོག་པ་རྟོགས་པའི་བློ་ཡིན་པའི་ཕྱིར། འདོད་ན། དེ་བུམ་པ་བུམ་པ་མ་ཡིན་པ་ལས་ལོག་པ་དངོས་སུ་རྟོགས་པའི་བློ་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། བུམ་འཛིན་རྟོག་པ་ལ་བུམ་པ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བར་ཐལ། བུམ་པ་བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བའི་ཕྱིར་ཏེ། དེ་དེ་ལ་བུམ་པ་མ་ཡིན་པ་ལས་ལོག་པ་དང༌། བུམ་པ་ཡིན་པ་ལས་ལོག་པ་གང་རུང་དུ་སྣང་ཞིང་གཅིག་ཤོས་དེར་མ་སྣང་བའི་ཕྱིར། དང་པོ་གྲུབ་སྟེ། དེ་དེ་ལ་བུམ་པར་སྣང་བའི་ཕྱིར་ན་མ་ཁྱབ། གཞན་ཡང་། ཁོ་ན་རེ། སྤྱི་མཚན་འཛིན་པའི་རྟོག་པ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྣང་བར་ཐལ། དེ་ལ་སྤྱི་མཚན་དེར་སྣང་བའི་ཕྱིར། ཁྱབ་པ་ཁས་ཟེར་ན། མི་འགྲིག་གོ །

རྟགས་གྲུབ་སྟེ། ཊཱིཀྐ་ལས། སྤྱི་མཚན་རྟོག་པ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ཡང་སྣང་བ་ལྟར་རང་གི་མཚན་ཉིད་ཀྱིས་གྲུབ་པ་མ་ཁེགས་ན་ཞེས་སོགས་གསུངས་པའི་ཕྱིར། འོ་ན། གཞི་གྲུབ་ན། རང་འཛིན་རྟོག་པ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྣང་དགོས་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། བུམ་འཛིན་དབང་མངོན་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྣང་བར་ཐལ། དེ་ལ་བུམ་པ་དེར་སྣང་བའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ལ་བུམ་པ་རང་མཚན་དུ་སྣང་བའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ལ་བུམ་པ་ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོར་སྣང་བའི་ཕྱིར་ཏེ། དེ་ལ་དེ་དངོས་པོར་སྣང་བའི་ཕྱིར། རྩ་བར་འདོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་བུམ་འཛིན་དབང་མངོན་གྱི་སྣང་ཡུལ་དུ་ཐལ་ལོ། །འདོད་ན། དེ་རང་མཚན་དུ་ཐལ་ལོ། །ཟེར་ན། ཁོ་རང་ལ། བུམ་འཛིན་དབང་མངོན་དེ་བུམ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་ཡིན་པར་ཐལ། དེ་དེ་རང་མཚན་དུ་འཛིན་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་དེ་དངོས་པོར་འཛིན་པའི་བློ་ཡིན་པའི་ཕྱིར་ཏེ། དེ་དེ་དངོས་པོ་ཡིན་པ་ལ་སྒྲུབ་པས་འཇུག་པའི་མངོན་སུམ་ཡིན་པའི་ཕྱིར། ཁ་ཅིག །བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་དེ་བུམ་པའི་བློའི་གཞན་སེལ་ཡིན་ཟེར་ན། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། བུམ་པ་མ་ཡིན་པ་ལས་ལོག་པ་དེ་དེའི་དངོས་ཡུལ་དུ་ཐལ་ལོ། །འདོད་མི་ནུས་ཏེ། དེ་དེའི་ཤུགས་ཡུལ་ཡིན་པའི་ཕྱིར་ཏེ། དེ་བུམ་པའི་དོན་རང་མཚན་གྱི་གཞན་སེལ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དམ་བཅའ་འཐད་པར་ཐལ། གཞན་སེལ་ཆེན་མོ་ལས། བློའི་གཞན་སེལ་ནི་བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཉིད་ཡིན་ལ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལ་བུམ་པ་སྣང་བ་མ་ཡིན་པ་ལས་ལོག་པ་དེ་དེའི་བློའི་གཞན་སེལ་ཡིན་པ་དེའི་དོན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་པའི་བློའི་གཞན་སེལ་ཡིན་ན། བུམ་འཛིན་རྟོག་པའི་ཤུགས་ཡུལ་ཡིན་དགོས་པར་ཐལ། བུམ་པའི་དོན་རང་མཚན་གྱི་གཞན་སེལ་ཡིན་ན། དེའི་ཤུགས་ཡུལ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། བུམ་འཛིན་རྟོག་པ་ལ་བུམ་པ་སྣང་བ་མ་ཡིན་པ་ལས་ལོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེའི་དངོས་ཡུལ་ཡིན་པའི་ཕྱིར་ཏེ། དེའི་སྣང་ཡུལ་ཡིན་པའི་ཕྱིར་ཏེ། དེ་དང་དེའི་ཞེན་ཡུལ་གང་རུང་གང་ཞིག །ཕྱི་མ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་ཡུལ་ཡིན་པའི་ཕྱིར། གཞན་ཡང༌། བུམ་པའི་བློའི་གཞན་སེལ་ཡིན་ན། བུམ་འཛིན་རྟོག་པའི་ཤུགས་ཡུལ་ཡིན་པས་མ་ཁྱབ་པར་ཐལ། དེ་ཡིན་ན། དེའི་དངོས་ཡུལ་ཡིན་དགོས་པའི་ཕྱིར་ཏེ། འཐད་ལྡན་ལས། སྒྲོ་འདོགས་པའི་གཞན་སེལ་ལས་དངོས་སུ་རྣམ་པར་རྟོག་པའི་དོན་ཉེ་བར་བཟུང་ནས། སྤྱི་ཡི་བློ་ཡང་སླད་པ་ཡིན། །དེས་ན་སུན་བྱུང་བ་ཡང་མེད། །ཅེས་གསུངས་པའི་ཕྱིར། ཁ་ཅིག །རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་དེ། བུམ་པའི་བློའི་གཞན་སེལ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། རྟོག་པ་ལ་དེར་སྣང་བ་དངོས་པོ་ཡིན་པའི་ཕྱིར་ཏེ། ཚད་མ་ལ་དེར་སྣང་བ་དངོས་པོ་ཡིན་པའི་ཕྱིར་ཏེ། ཚད་མས་བུམ་པར་དམིགས་པ་དངོས་པོ་ཡིན་པའི་ཕྱིར་ཏེ། བུམ་པར་ཚད་མས་དམིགས་པ་བུམ་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྟོག་པ་འཁྲུལ་ཤེས་མ་ཡིན་པར་ཐལ། རྟོག་པ་ལ་སྣང་བ་སྣང་བ་ལྟར་གྲུབ་པའི་ཕྱིར་ཏེ། དེ་ལ་བུམ་པར་སྣང་བ་བུམ་པ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། བུམ་པའི་དོན་སྤྱི་དེ་རྟོག་པ་ལ་བུམ་པར་སྣང་བར་ཐལ། རྟོག་པ་ལ་བུམ་པར་སྣང་བ་བུམ་པ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྟོག་པས་བུམ་པའི་དོན་སྤྱི་བུམ་པ་མ་ཡིན་པར་དངོས་སུ་རྟོགས་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་མ་ཡིན་པ་ལས་ལོག་པ་འཛིན་པའི་རྟོག་པ་ལ། བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་དེ་བུམ་པའི་བློའི་གཞན་སེལ་ཡིན་ཟེར་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། བུམ་པ་མ་ཡིན་པ་ལས་ལོག་པའི་བློའི་གཞན་སེལ་ཡིན་པའི་ཕྱིར། དེར་ཐལ། དེའི་གཞན་སེལ་གང་ཞིག །དེའི་བློའི་གཞན་སེལ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེའི་དོན་རང་མཚན་གྱི་གཞན་སེལ་ཡིན་ན། བུམ་པའི་དོན་རང་མཚན་གྱི་གཞན་སེལ་མ་ཡིན་དགོས་པར་ཐལ། དེའི་བློའི་གཞན་སེལ་ལ་དེའི་ཕྱིར་ན་མ་ཁྱབ། འདོད་ན། བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་གི་དོན་རང་མཚན་གྱི་གཞན་སེལ་ཡིན་པར་ཐལ། ཁྱོད་ཁྱོད་རང་གང་ཞིག །ཁྱོད་དོན་རང་མཚན་གྱི་གཞན་སེལ་ཡིན་པའི་ཕྱིར། གཞན་ཡང༌། བུམ་པ་མ་ཡིན་པ་ལས་ལོག་པའི་མེད་དགག་གི་གཞན་སེལ་ཡིན་ན་བུམ་པའི་མེད་དགག་གི་གཞན་སེལ་མ་ཡིན་དགོས་པར་ཐལ། དེའི་བློའི་གཞན་སེལ་ལ་དེའི་ཕྱིར་ན་མ་ཁྱབ། འདོད་ན། བུམ་པ་ཡང་ཡིན། བུམ་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་གཞི་མཐུན་པ་འཛིན་པའི་རྟོག་པ་དེ་བུམ་པ་མ་ཡིན་པ་ལས་ལོག་པ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར་ཏེ། དེ་འཇལ་བའི་ཚད་མ་དེ་དེ་འདྲའི་གཞི་མཐུན་པ་འཛིན་པའི་སྒྲོ་འདོགས་ཆོད་པའི་ཚད་མ་ཡིན་པའི་ཕྱིར་ཏེ། བུམ་པ་མ་ཡིན་པ་ལ་སྒྲོ་འདོགས་ཆོད་པའི་ཚད་མ་གང་ཞིག །དེ་འདྲའི་གཞི་མཐུན་འཛིན་པའི་རྟོག་པ་དེ་བུམ་པ་ལ་སྒྲོ་འདོགས་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། བུམ་པ་མ་ཡིན་པ་ལས་ལོག་པ་འཛིན་པའི་རྟོག་པ་ལ། བུམ་པ་མ་ཡིན་པ་ལས་ལོག་པ་སྣང་བ་ཆོས་ཅན། བུམ་པའི་དོན་སྤྱི་ཡིན་པར་ཐལ། བུམ་པའི་བློའི་གཞན་སེལ་གང་ཞིག །དོན་སྤྱི་ཡིན་པའི་ཕྱིར། འདོད་ན། བུམ་འཛིན་རྟོག་པ་ལ་བུམ་པའི་དོན་སྤྱིའི་རྣམ་པ་ཤར་བའི་ཚེ་ན་བུམ་འཛིན་རྟོག་པ་ལ་དེ་དགག་པའི་རྣམ་པ་ཅན་དུ་འཆར་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བུམ་འཛིན་རྟོག་པ་ལ་དེའི་རྣམ་པ་ཤར་བའི་ཚེ་ན། དེ་སྒྲུབ་པའི་རྣམ་པ་ཅན་དུ་འཆར་བ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཀ་བུམ་གཉིས་ཀྱི་དོན་རང་མཚན་གྱི་གཞན་སེལ་མེད་ཟེར་ན། དེ་ཡོད་པར་ཐལ། དེ་ཡང་ཡིན། དེ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པའི་ཀ་བུམ་གཉིས་དེ་དེ་ཡིན་པའི་ཕྱིར་ཏེ། དེ་འདྲའི་གཞི་མཐུན་པས་སྟོང་པ་དེ་ཀ་བུམ་གཉིས་ཀྱི་མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཀ་བུམ་གཉིས་ཀྱི་བློའི་གཞན་སེལ་ཡོད་པར་ཐལ། དེའི་དོན་རང་མཚན་གྱི་གཞན་སེལ་ཡོད་པའི་ཕྱིར། འདོད་ན། རྟོག་པ་ལ་ཀ་བུམ་གཉིས་མ་ཡིན་པ་ལས་ལོག་པར་སྣང་བ་དེ་དེ་ཡིན་པར་ཐལ། འདོད་པ་གང་ཞིག །ཀ་བུམ་གཉིས་འཛིན་པའི་རྟོག་པ་ལ་དེ་ལྟར་སྣང་བ་དེ་དེ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། རྟོག་པ་ལ་ཀ་བུམ་གཉིས་མ་ཡིན་པ་ལས་ལོག་པར་སྣང་བ་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། གཞི་གྲུབ་ན་རྟོག་པས་དེ་གཉིས་མ་ཡིན་པར་རྟོགས་དགོས་པའི་ཕྱིར། ཁ་ཅིག་ན་རེ། རྟོག་པ་ལ་ཀ་བུམ་གཉིས་ཀྱང་ཡིན། ཀ་བུམ་གཉིས་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པར་སྣང་བ་དེའི་བློའི་གཞན་སེལ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། དེ་དེའི་མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར་ཏེ། རྟོག་པ་ལ་བུམ་པ་ཡང་ཡིན། བུམ་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པ་སྣང་བ་དེ་དེའི་མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར་ཏེ། དེ་འདྲའི་གཞི་མཐུན་པས་སྟོང་པ་དེ་དེའི་མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། གཞི་གྲུབ་ན། རང་ཉིད་ཀྱི་བློའི་གཞན་སེལ་ཡོད་དགོས་པར་ཐལ། ཀ་བུམ་གཉིས་ཀྱི་དེ་ཡོད་པའི་ཕྱིར། འདོད་ན། མེད་དགག་ཆོས་ཅན། དེར་ཐལ། དེའི་ཕྱིར། མེད་དགག་འཛིན་པའི་རྟོག་པ་ལ་མེད་དགག་སྣང་བ་མ་ཡིན་པ་ལས་ལོག་པ་དེ་དེར་ཐལ་ལོ། །འདོད་ན། དེ་ཆོས་ཅན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་སྒྲུབ་པ་འཕེན་པར་ཐལ། འདོད་པའི་ཕྱིར། འདོད་ན། ངག་དེའི་འཕང་བྱར་གྱུར་པའི་སྒྲུབ་པ་ཡོད་པར་ཐལ་ལོ། །འདོད་ན། མེད་དགག་སྒྲུབ་པ་ཡིན་པར་ཐལ་ལོ། །ཟེར་ན་མ་ཁྱབ་སྟེ། མེད་དགག་གི་དོན་སྤྱི་དེ་དེ་ཡིན་པའི་ཕྱིར། རིགས་གཏེར་རྗེས་འབྲངས་ཁ་ཅིག་ན་རེ། གཞན་སེལ་ཡིན་ན་མེད་དགག་གི་གཞན་སེལ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་རྟོག་པས་སྒྲོ་འདོགས་ཡིན་དགོས་པའི་ཕྱིར་ཏེ། དེ་དང་བེམ་པོའི་གཞི་མཐུན་མེད་པའི་ཕྱིར་ཏེ། རིགས་གཏེར་ལས། གཞན་སེལ་བློ་ཡི་འཇུག་ཚུལ་ཡིན། །བེམ་པོའི་དོན་ལ་གཞན་སེལ་མེད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། གཞན་སེལ་ཡིན་ན་རྟོག་པས་སྒྲོ་བཏགས་ཡིན་པས་མ་ཁྱབ་པར་ཐལ། དོན་རང་མཚན་གྱི་གཞན་སེལ་གཞན་སེལ་ཡིན་པའི་ཕྱིར་ཏེ། སློབ་དཔོན་ཀ་མ་ལ་ཤི་ལས། རང་གི་མཚན་ཉིད་སེལ་བར་བསྟན་པ་ནི་གཞན་སེལ་དངོས་ཡིན་ལ། ཞེས་གསུངས་པའི་ཕྱིར། མཁས་པ་ཉ་དཔོན་གྱི་རྗེས་འབྲངས་ཁ་ཅིག་ན་རེ། བུམ་པ་བུམ་པ་མ་ཡིན་པ་སེལ་བའི་ཆ་ཡིན་པས། བུམ་པ་བུམ་པའི་གཞན་སེལ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། གཞན་སེལ་ཡིན་ན། དགག་པ་ཡིན་པས་ཁྱབ་པ་གོང་དུ་བསྒྲུབ་ཟིན་པའི་ཕྱིར། མཁས་གྲུབ་རྗེའི་རྗེས་འབྲངས་ཁ་ཅིག །བུམ་པའི་གཞན་སེལ་ཡིན་ན་དེའི་དོན་རང་མཚན་གྱི་གཞན་སེལ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་བུམ་པ་ཡིན་པས་ཁྱབ་པའི་ཕྱིར་ཟེར་ན། བློའི་གཞན་སེལ་ཡིན་ན་བློ་ཡིན་པས་ཁྱབ་པར་ཐལ། བུམ་པའི་གཞན་སེལ་ལ་བུམ་པས་ཁྱབ་པའི་ཕྱིར། འདོད་ན། བུམ་འཛིན་རྟོག་པ་ལ་བུམ་པ་སྣང་བ་མ་ཡིན་པ་ལས་ལོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང༌། སྒྲུབ་པར་གྱུར་པའི་བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲུབ་པར་གྱུར་པའི་བུམ་པ་ཡིན་པར་ཐལ། དེར་གྱུར་པའི་བུམ་པའི་གཞན་སེལ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་དོན་རང་མཚན་གྱི་གཞན་སེལ་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲུབ་པ་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། སྒྲུབ་པར་གྱུར་པའི་བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲུབ་པར་གྱུར་པའི་བུམ་པའི་གཞན་སེལ་མ་ཡིན་པར་ཐལ། དགག་པར་གྱུར་པའི་བུམ་པའི་གཞན་སེལ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དགག་པ་གང་ཞིག །བུམ་པའི་གཞན་སེལ་ཡིན་པའི་ཕྱིར། གཞན་ཡང༌། བློའི་མེད་དགག་གི་གཞན་སེལ་ཡིན་ན། བློའི་གཞན་སེལ་ཡིན་དགོས་པར་ཐལ། བུམ་པ་ལ་དེའི་ཕྱིར་ན་མ་ཁྱབ། འདོད་ན། བློ་ཡང་ཡིན། བློ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག་ན་རེ། བྲམ་ཟེ་ཆང་མི་འཐུང་བ་མ་ཡིན་དགག་ཡིན་ཟེར་ན། བྲམ་ཟེ་ཆང་མི་འཐུང་བ་ཞེས་པའི་ངག་དེས་བྲམ་ཟེ་འཕངས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དྲང་ངེས་རྣམ་འབྱེད་ལས། བྲམ་ཟེ་ལྟ་བུ་དེ། ཆོས་གཞན་འཕེན་མི་འཕེན་རྩོད་པའི་གཞི་ཡིན་གྱི་འཕངས་པའི་ཆོས་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ངག་དེས་བྲམ་ཟེ་འཕངས་པར་ཐལ། བྲམ་ཟེ་ཉིན་པར་ཆང་མི་འཐུང་ཞེས་པའི་ངག་དེས་འཕངས་པའི་ཕྱིར་ཏེ། ཆང་གིས་མྱོས་པའི་བྲམ་ཟེ་ཆང་མི་འཐུང་ཞེས་པའི་ངག་དེས་དེ་འཕངས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་དེ་ཆང་གིས་མྱོས་པར་འཕངས་པའི་ཕྱིར་རོ། །

རང་ལུགས་ཀྱི་གཞན་སེལ་གྱི་ངོ་བོ་སོགས་བཤད་པ།

༈ རང་ལུགས་བཞག་པ་ལ། གཞན་སེལ་གྱི་ངོ་བོ། དབྱེ་བ། གཏན་ལ་ཕབ་པའི་དགོས་པ་བཤད་པ་དང་གསུམ། དང་པོ་ནི། སྒྲུབ་པ་མ་ཡིན་པ་གང་ཞིག །རང་འཛིན་རྟོག་པ་དོན་མཐུན་ལ་རང་གི་རྣམ་པ་ཤར་བ་ན། རང་འཛིན་རྟོག་པ་དོན་མཐུན་ལ་རང་ཡུལ་དུ་གྱུར་པའི་གཞན་སེལ་གྱི་རྣམ་པ་འཆར་བའི་ཆོས་གཞན་སེལ་གྱི་མཚན་ཉིད། རང་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་དགག་པའི་མཚན་ཉིད། དེ་དང་གཞན་སེལ་དོན་གཅིག །རང་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་མ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་སྒྲུབ་པའི་མཚན་ཉིད། གཉིས་པ་དབྱེ་བ་ལ། དེ་དངོས་དང་། སོ་སོའི་མཚན་གཞི། སྒྲ་བཤད་པ། གྲངས་ངེས་དང་བཞི། དང་པོ་ནི། སྤྱིར་དེ་ལ་དབྱེ་ན། མེད་དགག་གི་གཞན་སེལ་དང༌། མ་ཡིན་དགག་གི་དེ་གཉིས་སུ་ཡོད་དེ། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལས། འདིར་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་པ་དང་མེད་པ་འོ། །ཞེས་དང༌། སློབ་དཔོན་ཀ་མ་ལ་ཤི་ལས། མ་ཡིན་པ་དང་མེད་པ་འོ། །ཞེས་གསུངས་པ་ནི། མ་ཡིན་པར་དགག་པ་དང་མེད་པར་དགག་པ་གཉིས་ཏེ། མེད་པ་དགག་པ་ཞེས་བྱ་བའི་ཐ་ཚིག་གོ །

ཞེས་གསུངས་པའི་ཕྱིར། མེད་དགག་ལ་མཚན་ཉིད་དང་དབྱེ་བ་གཉིས་ལས། དང་པོ་ནི། དགག་པ་ཡང་ཡིན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་བརྗོད་པའི་སྒྲས་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་མེད་པ་ཡང་ཡིན་པའི་གཞི་མཐུན་པ་དེ། མེད་དགག་གི་མཚན་ཉིད་ཡིན། དབྱེ་ན། དགག་བྱ་ཤེས་བྱ་ལ་སྲིད་པའི་མེད་དགག་དང༌། དེ་མི་སྲིད་པའི་དེ་གཉིས། དང་པོ་ནི། བུམ་པ་མེད་པ་ལྟ་བུ་དང༌། གཉིས་པ་ནི། གང་ཟག་གི་བདག་མེད་ལྟ་བུ་ལ་བྱེད། ཡང་དེ་ལ་དབྱེ་ན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་བཅད་པའི་མེད་དགག་དང༌། དེ་ལྟར་མ་བཅད་པའི་དེ་གཉིས། དང་པོ་ནི། གང་ཟག་གི་བདག་མེད་ལྟ་བུ་དང༌། གཉིས་པ་ནི། ཆོས་ཉིད་ལྟ་བུ་སྟེ། དྲང་ངེས་རྣམ་འབྱེད་ལས། ཆོས་ཉིད་ལྟ་བུ་སྟེ། འདི་ལ་ཚིག་གིས་ཟིན་པར་དགག་བྱ་བཅད་པ་མེད་ཀྱང་དེའི་དོན་འཆར་བ་ན་སྤྲོས་པ་བཅད་པའི་རྣམ་པ་ཅན་དུ་འཆར་བ་ཡོད། ཅེས་གསུངས་པའི་ཕྱིར། དེས་ན་མེད་དགག་ཡིན་ན་རང་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་ཅིང༌། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་མི་འཕེན་པ་གཅིག་དགོས་ཏེ། རྟོག་གེ་འབར་བ་ལས། མེད་པར་དགག་པའི་དངོས་པོའི་ངོ་བོ་ཙམ་ཞིག་འགོག་པར་ཟད་ཀྱིས། དེ་དང་འདྲ་བ་དེ་མིན་པ་གཞན་གྱི་དངོས་པོར་སྒྲུབ་པར་མི་བྱེད་པ་སྟེ། དཔེར་ན། བྲམ་ཟེ་ཆང་བཏུང་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར། མ་ཡིན་དགག་ལ་ཡང་མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། དགག་པ་ཡང་ཡིན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་བརྗོད་པའི་སྒྲས་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་མེད་པ་མ་ཡིན་པ་དེ། མ་ཡིན་དགག་གི་མཚན་ཉིད། མ་ཡིན་དགག་ཡིན་ན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་ཅིང༌། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་འཕེན་པ་ཞིག་དགོས་ཏེ། རྟོག་གེ་འབར་བ་ལས། མ་ཡིན་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་དགག་པ་དེ་འདྲ་བ་དེ་ལས་གཞན་པའི་དངོས་པོའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་སྟེ། དཔེར་ན། འདི་བྲམ་ཟེ་མིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཆོས་གཞན་འཕེན་ཚུལ་གྱི་སྒོ་ནས་དབྱེ་ན། རང་བརྗོད་པའི་སྒྲས་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་ཤུགས་ལ་འཕེན་པའི་མ་ཡིན་དགག །དངོས་སུ་འཕེན་པ་དང་ཡང་ལྡན། ཤུགས་ལ་འཕེན་པ་དང་ཡང་ལྡན་པའི་དེ་དང༌། དེ་དངོས་སུ་འཕེན་པའི་དེ། དེ་སྐབས་སྟོབས་ཀྱིས་འཕེན་པའི་དེ་དང་བཞི་ཡོད། དང་པོ་ནི། ལྷས་སྦྱིན་ཚོན་པོ་ཡང་ཡིན། ཉིན་པར་ཟས་མི་ཟ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་སྐྱེས་བུ་ལྟ་བུ་ཡིན་ཏེ། དེ་འདྲའི་སྐྱེས་བུ་ཞེས་པའི་ངག་དེས་དེ་འདྲའི་སྐྱེས་བུ་དེ་ཉིན་བར་ཟས་ཟ་བ་བཀག་ནས། དེ་མཚན་མོ་ཟས་ཟ་བར་ཤུགས་ལ་འཕངས་པའི་ཕྱིར། ཉིན་པར་ཟས་མི་ཟ་བ་རིད་པ་མིན་པ་ཡོད་པ་ཡང་ཡིན། ལྷས་སྦྱིན་ཚོན་པོ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་སྐྱེས་བུ་གཉིས་པའི་མཚན་གཞི་ཡིན་ཏེ། དེ་འདྲའི་སྐྱེས་བུ་ཞེས་པའི་ངག་དེས། དེ་འདྲའི་སྐྱེས་བུ་ཉིན་བར་ཟས་ཟ་བ་བཀག་ནས་ལྷས་སྦྱིན་ཚོན་པོ་དངོས་སུ་འཕངས། དེ་བཀག་ནས་དེ་འདྲའི་སྐྱེས་བུ་མཚན་མོ་ཟས་ཟ་བ་ཤུགས་ལ་འཕངས་པའི་ཕྱིར། གསུམ་པའི་མཚན་གཞི་ནི། བུམ་པ་ཡང་ཡིན། བུམ་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པའི་བུམ་པ་ལྟ་བུ་ཡིན་ཏེ། དེ་འདྲའི་བུམ་པ་ཞེས་པའི་ངག་དེས། དེ་འདྲའི་གཞི་མཐུན་པ་བཀག་ནས་བུམ་པ་དངོས་སུ་འཕངས་པའི་ཕྱིར། བཞི་པ་ནི། རྒྱལ་རིགས་དང་བྲམ་ཟེའི་རིགས་གང་རུང་ཡང་ཡིན། བྲམ་ཟེའི་རིགས་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་སྐྱེས་བུ་དེ་ཡིན་ཏེ། དེ་འདྲའི་སྐྱེས་བུ་ཞེས་པའི་ངག་གིས་དེ་འདྲའི་སྐྱེས་བུ་བྲམ་ཟེའི་རིགས་ཡིན་པ་བཀག་ནས། དེ་རྒྱལ་རིགས་ཡིན་པར་སྐབས་སྟོབས་ཀྱིས་འཕངས་པའི་ཕྱིར་ཏེ། སྤྱན་རས་གཟིགས་བརྟུལ་ཞུགས་ལས། དགག་པ་དོན་གྱིས་བསྟན་པ་དང༌། །ཚིག་གཅིག་སྒྲུབ་པར་བྱེད་པ་དང༌། །དེ་ལྡན་རང་ཚིག་མི་སྟོན་པ། །མ་ཡིན་གཞན་པ་གཞན་ཡིན་ནོ། །ཞེས་གསུངས་པ་ལ། རྐང་པ་དང་པོས་དང་པོ་བསྟན། གཉིས་པས་གཉིས་པ་དང༌། དེ་ལྡན་ཞེས་པས་གསུམ་པ་བསྟན། རང་ཚིག་མི་སྟོན་པ་ཞེས་པས་བཞི་པ་བསྟན། རྐང་པ་ཕྱི་མས་དེ་གང་རུང་མ་ཡིན་པར་གྱུར་པའི་དགག་པ་ཡིན་ན། མེད་དགག་ཡིན་པས་ཁྱབ་པ་བསྟན་པ་ཡིན་ནོ། །མ་ཡིན་དགག་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། བློའི་གཞན་སེལ་དང་དོན་རང་མཚན་གྱི་གཞན་སེལ་གཉིས་སུ་ཡོད་དེ། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལས། མ་ཡིན་པ་ཡང་རྣམ་གཉིས་ཏེ། །བློ་དང་དོན་གྱི་དབྱེ་བས་སོ། །ཞེས་གསུངས་པའི་ཕྱིར། དེ་གཉིས་སོ་སོའི་ངོ་བོ་ཡོད་དེ། མ་ཡིན་དགག་ཀྱང་ཡིན། རྟོག་པས་སྒྲོ་བཏགས་པ་ཡང་ཡིན་པའི་གཞི་མཐུན་པ་དེ། བློའི་གཞན་སེལ་གྱི་མཚན་ཉིད། དེ་ཡང་ཡིན། རྟོག་པས་སྒྲོ་མ་བཏགས་པར་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་དངོས་པོ་དོན་རང་མཚན་གྱི་གཞན་སེལ་གྱི་མཚན་ཉིད། གཉིས་པ་མཚན་གཞི་ནི། བུམ་པ་མ་ཡིན་པ་ལས་ལོག་པ་དེ་བུམ་པའི་དོན་རང་མཚན་གྱི་གཞན་སེལ་གྱི་མཚན་གཞི་ཡིན། བུམ་པ་ཡང་ཡིན་བུམ་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པ་དེ་བུམ་པའི་མེད་དགག་གི་གཞན་སེལ་གྱི་མཚན་གཞི་ཡིན། བུམ་འཛིན་རྟོག་པ་ལ་བུམ་པ་སྣང་བ་མ་ཡིན་པ་ལས་ལོག་པ་དེ་བུམ་པའི་བློའི་གཞན་སེལ་གྱི་མཚན་གཞི་ཡིན། གསུམ་པ་སྒྲ་བཤད་པ་ནི། སྤྱིའི་སྒྲ་བཤད་དང༌། སོ་སོའི་སྒྲ་བཤད་པའོ། །དང་པོ་ནི། བུམ་པ་མ་ཡིན་པ་ལས་ལོག་པ་ལ། དགག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཀག་པའི་ཆོས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་ལ་གཞན་སེལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་བརྗོད་པའི་སྒྲས་རང་གི་བསལ་བྱ་རིགས་མི་མཐུན་དངོས་སུ་སེལ་བའི་ཆོས་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། སོ་སོའི་སྒྲ་བཤད་པ་ནི། བུམ་པ་མ་ཡིན་པ་ལས་ལོག་པ་ལ་བུམ་པའི་དོན་རང་མཚན་གྱི་གཞན་སེལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་བུམ་པའི་རིགས་མི་མཐུན་སེལ་བའི་གཞི་ཡིན་ཅིང༌། དོན་བུམ་པའི་ངོ་བོར་སྒྲུབ་པའི་བུམ་པའི་གཞན་སེལ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། དེ་སྐད་དུ། ཤཱཀྱས། རེ་ཞིག་འདི་ལ་གཞན་དང་གཞན་སེལ་བར་བྱེད་པའི་ཕྱིར། རང་གི་མཚན་ཉིད་ཀྱི་ལྡོག་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བུམ་པ་ཡང་ཡིན། བུམ་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པས་སྟོང་པ་དེ་ལ་བུམ་པའི་མེད་དགག་གི་གཞན་སེལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་བུམ་པའི་རིགས་མི་མཐུན་པ་སེལ་བའི་ཆ་ཡིན་ཅིང༌། བུམ་པའི་ངོ་བོར་མ་གྲུབ་པའི་གཞན་སེལ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། དེ་ལྟར་། ཤཱཀྱས། གང་སྔོན་གྱི་སློབ་དཔོན་དག་གིས་ཐམས་ཅད་ལ་ཁྱད་པར་མེད་པར་རྣམ་པར་བཞག་པ་ཡིན་ཏེ། ཐམས་ཅད་ལ་དགག་པ་ཙམ་ཁྱད་པར་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། བུམ་འཛིན་རྟོག་པ་ལ་བུམ་པ་སྣང་བ་མ་ཡིན་པ་ལས་ལོག་པ་ལ་བུམ་པའི་བློའི་གཞན་སེལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེས་བུམ་པའི་རིགས་མི་མཐུན་སེལ་བར་བྱེད་པའི་རིགས་སུ་གནས་ཤིང༌། བུམ་པའི་གཞན་སེལ་དུ་གྱུར་པའི་རྟོག་པའི་སྒྲོ་བཏགས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་སྐད་དུ་ཡང་། ཤཱཀྱས། འདིར་གཞན་སེལ་བར་བྱེད་པའི་རྣམ་པར་རྟོག་པའི་བློ་ལ་སྣང་བ་ཉིད་ཡིན་ཏེ། གང་བསྟན་བཅོས་དེས་སྒྲས་བརྗོད་པར་བྱ་བ་ཉིད་དུ་ཞེས་པ་འདི་འབའ་ཞིག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་བུམ་པའི་བློའི་གཞན་སེལ་ཡིན་ན། བུམ་འཛིན་རྟོག་པའི་དངོས་ཡུལ་ཡིན་པས་ཁྱབ་སྟེ། འཐད་ལྡན་ལས། སྒྲོ་བཏགས་པ་ཡོད་པ་གཞན་སེལ་བས་དངོས་སུ་རྣམ་པར་རྟོག་པའི་དོན་ཉེ་བར་བཟུང་ནས། སྤྱི་ཡི་བློ་ཡང་སླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། །ཅེས་གསུངས་པའི་ཕྱིར། དེས་ན་གཞི་གྲུབ་ན་རང་འཛིན་རྟོག་པ་ལ་རང་ཡུལ་དུ་གྱུར་པའི་དགག་པའི་རྣམ་པ་ཤར་བས་ཁྱབ་བོ། །བཞི་པ་གྲངས་ངེས་ནི། གཞན་སེལ་དེ་ལ། མེད་དགག་གི་གཞན་སེལ། བློའི་གཞན་སེལ། དོན་རང་མཚན་གྱི་གཞན་སེལ་གསུམ་དུ་གྲངས་ངེས། དེ་ལ་མེད་དགག་དང་མ་ཡིན་དགག་གཉིས་སུ་གྲངས་ངེས་ཤིང༌། མ་ཡིན་དགག་དེ་ལ་རྟོག་པའི་སྒྲོ་བཏགས་པའི་དེ། དེས་སྒྲོ་མ་བཏགས་པའི་དེ་གཉིས་སུ་ངེས་ལ། དང་པོ་དེ་ལ་བློའི་གཞན་སེལ་ཁོ་ནར་ངེས་ལ། གཉིས་པ་ལ། དོན་རང་མཚན་གྱི་གཞན་སེལ་ཁོ་ནར་ངེས་པའི་ཕྱིར། གཏན་ལ་ཕབ་པའི་དགོས་པ་བཤད་པ་ནི། སྤྱིར་དགག་སྒྲུབ་ཀྱི་རྣམ་བཞག་དང༌། ཁྱད་པར་དགག་པ་ལ་རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་འཕེན་མི་འཕེན་གྱི་རྣམ་བཞག་གསུངས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཕུང་པོ་གང་ཟག་གི་བདག་མེད་དུ་རྟོགས་པའི་ལྟ་བ་བསྒོམ་པའི་ཚེ་ཕུང་པོ་གང་ཟག་གི་བདག་གིས་སྟོང་པ་དེ་དེའི་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་སྒོམ་དགོས་ཤིང་ཕུང་པོ་དེའི་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་མི་སྒོམ་མོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དང་པོ་དེ་ལྟར་བསྒོམ་པ་ལ་དགོས་པ་ཡོད་དེ། གང་ཟག་གི་བདག་འཛིན་སྤངས་པའི་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཆེད་ཡིན་པའི་ཕྱིར། །

༈ རྩོད་པ་སྤང་པ་ལ། ཁ་ཅིག་ན་རེ། རྟག་པ་ཆོས་ཅན། དགག་པ་ཡིན་པར་ཐལ། རང་འཛིན་རྟོག་པས་རང་གི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རྟག་པ་ཞེས་པའི་སྒྲས་སྐད་ཅིག་མའི་ཁྱད་པར་དུ་བྱས་པའི་ཆོས་དངོས་སུ་བཅད་པའི་ཕྱིར་ཏེ། དེས་སྐད་ཅིག་མ་མ་ཡིན་པས་ཁྱད་པར་དུ་བྱས་པའི་ཆོས་དངོས་སུ་འཕངས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་དངོས་སུ་འཕངས་པའི་ཕྱིར། འོ་ན། སྐད་ཅིག་མ་དེ་རྟག་པའི་དགག་བྱར་ཐལ། རྟག་པ་ཞེས་པའི་ངག་གིས་སྐད་ཅིག་མ་དངོས་སུ་བཅད་པའི་ཕྱིར། རྟགས་ཁས། འདོད་ན། སྒྲའི་དོན་སྤྱི་སྐད་ཅིག་མ་ཡིན་པ་དེ། སྒྲའི་དོན་སྤྱི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་དགག་བྱར་ཐལ་ལོ། །འདོད་ན། སྒྲའི་དོན་སྤྱི་སྐད་ཅིག་མ་མ་ཡིན་པ་དེ། སྒྲའི་དོན་སྤྱི་མི་རྟག་པ་མ་ཡིན་པར་སྒྲུབ་པའི་བསྒྲུབ་བྱ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། སྒྲའི་དོན་སྤྱི་སྐད་ཅིག་མ་མ་ཡིན་པར་ཚད་མས་ངེས་ནས། དེ་མི་རྟག་པ་མ་ཡིན་པར་ཚད་མས་མ་ངེས་པའི་གང་ཟག་ཡོད་པའི་ཕྱིར་ཏེ། སྒྲ་སྐད་ཅིག་མར་ཚད་མས་ངེས་ནས་སྒྲ་མི་རྟག་པར་ཚད་མས་མ་ངེས་པའི་གང་ཟག་ཡོད་པའི་ཕྱིར། ཁ་ཅིག །སྒྲ་རྟག་པ་མ་ཡིན་པ་ཆོས་ཅན། མ་ཡིན་དགག་ཏུ་ཐལ། དགག་པ་གང་ཞིག །རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་འཕེན་པ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། སྒྲ་རྟག་པ་མ་ཡིན་པ་ཞེས་པའི་ངག་དེས་སྒྲ་རྟག་པ་བཀག་ཤུལ་དུ་སྒྲ་མི་རྟག་པ་འཕེན་པའི་ཕྱིར་ཏེ། དེས་སྒྲ་རྟག་པ་ཡང་བཀག །སྒྲ་མི་རྟག་པ་ཡང་འཕངས་པའི་ཕྱིར་ན་མ་ཁྱབ། འོ་ན། དེས་སྒྲ་རྟག་པ་བཀག་ཤུལ་དུ་སྒྲ་མི་རྟག་པ་འཕངས་པ་མ་ཡིན་པར་ཐལ། དེས་སྒྲ་རྟག་པ་བཀག་པ་དང་མཉམ་དུ་སྒྲ་མི་རྟག་པ་འཕངས་པའི་ཕྱིར་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེས་སྒྲ་རྟག་པ་བཀག་པ་དང་མཉམ་དུ་དེས་སྒྲ་མི་རྟག་པར་རྟོགས་པའི་ཕྱིར་ཏེ། དེས་སྒྲ་རྟག་པ་མ་ཡིན་པར་རྟོགས་པ་དང་མཉམ་དུ་སྒྲ་མི་རྟག་པར་རྟོགས་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་མི་རྟག་པ་ཆོས་ཅན། དགག་པ་ཡིན་པར་ཐལ། རང་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། སྒྲ་མི་རྟག་པ་ཞེས་པའི་ངག་དེས་སྒྲ་རྟག་པ་དངོས་སུ་བཅད་པའི་ཕྱིར་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེས་སྒྲ་རྟག་པ་དངོས་སུ་བཅད་པའི་ཕྱིར་ཏེ། དེས་སྒྲ་རྟག་དངོས་སུ་བསལ་བའི་ཕྱིར་ན་མ་ཁྱབ། གཞན་ཡང༌། དེས་སྒྲ་རྟག་པ་དངོས་སུ་བཅད་པར་ཐལ། དེས་དེ་ལ་དངོས་སུ་གནོད་པའི་ཕྱིར་ཏེ། དེས་སྒྲ་རྟག་པར་སྒྲོ་འདོགས་པའི་རྟོག་པའི་འཛིན་སྟངས་ཀྱི་ཡུལ་ལ་དངོས་སུ་གནོད་པའི་ཕྱིར་ཏེ། དེས་དེ་འདྲའི་འཛིན་སྟངས་ལ་དངོས་སུ་གནོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་དེ་འདྲའི་སྒྲོ་འདོགས་ལ་དངོས་སུ་གནོད་པའི་ཕྱིར་ན། ཁོ་རང་ལ། སྒྲ་རྟག་པ་ལ་ཤུགས་ལ་གནོད་པའི་རྗེས་དཔག་དེས་སྒྲ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་ཀྱི་ཡུལ་ལ་དངོས་སུ་གནོད་པར་ཐལ། དེས་དེ་འདྲའི་འཛིན་སྟངས་ལ་དངོས་སུ་གནོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་དང་སྒྲོ་འདོགས་དེ་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་གང་ཞིག །དེ་འདྲའི་རྗེས་དཔག་དེ་འཛིན་སྟངས་དོན་མཐུན་ལ་ཞུགས་པའི་བློ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བུམ་པའི་སྟེང་དུ་བུམ་པ་མ་ཡིན་པ་མེད་པ་དེ་རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་བུམ་པ་འཕེན་པ་ཡིན་པར་ཐལ། བུམ་པའི་སྟེང་དུ་བུམ་པ་མ་ཡིན་པ་མེད་ཅེས་པའི་ངག་དེས། བུམ་པའི་སྟེང་དུ་བུམ་པ་འཕངས་པའི་ཕྱིར་ཏེ། དེས་བུམ་པའི་སྟེང་དུ་བུམ་པ་མ་ཡིན་པ་བཀག་པ་གང་ཞིག །བུམ་པ་དང་བུམ་པ་མ་ཡིན་པ་དངོས་འགལ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཕུང་པོའི་སྟེང་དུ་གང་ཟག་གི་བདག་ཡོད་པ་མེད་ཅེས་པའི་ངག་དེས། ཕུང་པོའི་སྟེང་དུ་གང་ཟག་གི་བདག་ཡོད་པ་བཀག་པའི་ཕྱིར་ན་མ་ཁྱབ་སྟེ། ཁོ་རང་ལ། བུམ་པའི་དོན་སྤྱི་བདེན་པ་མ་ཡིན་ཞེས་པའི་ངག་དེས་བུམ་པའི་དོན་སྤྱི་རྫུན་པར་འཕངས་པར་ཐལ། དེས་བུམ་པའི་དོན་སྤྱི་བདེན་པ་ཡིན་པ་བཀག་པ་གང་ཞིག །བདེན་རྫུན་གཉིས་དངོས་འགལ་ཡིན་པའི་ཕྱིར། འདོད་ན། བུམ་པའི་དོན་སྤྱི་བདེན་པ་མ་ཡིན་པ་དེ། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་པའི་ཆོས་གཞན་སྒྲུབ་པ་འཕེན་པ་ཡིན་པར་ཐལ་ལོ། །འདོད་ན། བུམ་པའི་དོན་སྤྱི་བདེན་པར་མ་གྲུབ་པ་དེ་ཡང་དེར་ཐལ་ལོ། །འདོད་ན། བྲམ་ཟེ་ཆང་མི་འཐུང་བ་དེ་ཡང་དེར་ཐལ་ལོ། །ཁ་ཅིག་ན་རེ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་ཡང་ཡིན། མི་རྟག་པ་ཡང་ཡིན་པའི་གཞི་མཐུན་པ་ཆོས་ཅན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་གཞི་མཐུན་ཞེས་པའི་ངག་དེས་གང་ཟག་གི་བདག་ཡོད་པ་བཅད་པར་ཐལ། འདོད་པ་གང་ཞིག །གང་ཟག་གི་བདག་ཡོད་པ་དེའི་དགག་བྱ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེའི་དགག་བྱ་ངོས་འཛིན་རིགས་པའི་ཕྱིར་ན་མ་ཁྱབ། གང་ཟག་གི་བདག་ཚད་མས་དམིགས་པ་དེ་དེའི་དགག་བྱ་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་གཞི་མཐུན་ཞེས་པའི་ངག་གིས་གང་ཟག་གི་བདག་མེད་བརྗོད་པར་ཐལ་ལོ། །འདོད་ན། དེ་འདྲའི་གཞི་མཐུན་འཇལ་བའི་ཚད་མ་དེས་གང་ཟག་གི་བདག་མེད་རྟོགས་པར་ཐལ་ལོ། །འདོད་ན། དེ་འདྲའི་ཚད་མ་དེ་མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མ་ཡིན་པར་ཐལ། འདོད་པ་གང་ཞིག །གང་ཟག་གི་བདག་མེད་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་འདྲའི་གཞི་མཐུན་ཆོས་ཅན། ཁྱོད་གནས་ལུགས་མཐར་ཐུག་ཡིན་པར་ཐལ། ཁྱོད་འཇལ་བའི་ཚད་མ་མཐར་ཐུག་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། གང་ཟག་གི་བདག་མེད་ཀྱང་ཡིན། གང་ཟག་གི་བདག་ཚད་མས་མ་དམིགས་པ་ཡང་ཡིན་པའི་གཞི་མཐུན་འཇལ་བའི་ཚད་མ་དེ་མཐར་ཐུག་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མར་ཐལ། དེས་གང་ཟག་གི་བདག་མེད་རྟོགས་པ་གང་ཞིག། གང་ཟག་གི་བདག་མེད་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན་འགལ། ཡང་ཁོ་ན་རེ། གང་ཟག་གི་བདག་མེད་དང༌། གང་ཟག་གི་བདག་ཚད་མས་མ་དམིགས་པ་གང་རུང་ཆོས་ཅན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་གང་རུང་ཞེས་པའི་ངག་དེས་དེ་གང་རུང་ཞིག་འཕངས་པའི་ཕྱིར། རྩ་བར་འདོད་ན། དེ་གང་རུང་ཞེས་པའི་ངག་དེས་གང་ཟག་གི་བདག་བཅད་པར་ཐལ། འདོད་པ་གང་ཞིག །གང་ཟག་གི་བདག་དེ་དེའི་དགག་བྱ་ཡིན་པའི་ཕྱིར། འདོད་ན། དེ་གང་རུང་ཞེས་པའི་ངག་དེས་གང་ཟག་གི་བདག་མེད་འཕངས་པར་ཐལ་ལོ། །འདོད་ན། དེ་གང་རུང་འཇལ་བའི་ཚད་མས་གང་ཟག་གི་བདག་མེད་རྟོགས་པར་ཐལ་ལོ། །འདོད་ན། མི་རྟག་པ་དང་སྐད་ཅིག་མ་གང་རུང་འཇལ་བའི་ཚད་མས་མི་རྟག་པ་རྟོགས་པར་ཐལ་ལོ། །འདོད་ན། དེ་གང་རུང་འཇལ་བའི་ཚད་མ་ཡིན་ན་དེ་གཉིས་ཀ་འཇལ་བའི་ཚད་མ་ཡིན་དགོས་པར་ཐལ། དེ་གང་རུང་འཇལ་བའི་ཚད་མས་དེ་གཉིས་ཀ་རྟོགས་པའི་ཕྱིར་ན་མ་ཁྱབ་བམ་སྙམ། ཁ་ཅིག་ན་རེ། མེད་ངེས་ཡིན་ན། ཁྱོད་མ་ཡིན་པ་མེད་དགག་ཡིན་པས་ཁྱབ་ཟེར་ན། ཤེས་བྱ་མ་ཡིན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཤེས་བྱ་མ་ཡིན་པ་མ་ཡིན་པ་ཞེས་པའི་ངག་དེས་ཤེས་བྱ་འཕངས་པའི་ཕྱིར་ཏེ། ཤེས་བྱ་མ་ཡིན་པ་ལས་ལོག་པ་ཞེས་པའི་ངག་གིས་ཤེས་བྱ་འཕངས་པའི་ཕྱིར། ཡང་དེ་ལ་ཁ་ཅིག །སྒྲ་མི་རྟག་པ་མ་ཡིན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མེད་པར་ཐལ། སྒྲ་མི་རྟག་པ་མ་ཡིན་པར་དམ་བཅས་པའི་དམ་བཅའི་ཞེན་དོན་ཡིན་པའི་ཕྱིར་ཏེ། དེའི་ཞེན་དོན་ངོས་འཛིན་རིགས་པའི་ཕྱིར་ན་མ་ཁྱབ་སྟེ། སྒྲ་དང་མི་རྟག་པ་མ་ཡིན་པའི་ཚོགས་དོན་དེ་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་མ་ཡིན་པ་མེད་དགག་མ་ཡིན་པར་ཐལ། ཁྱོད་མ་ཡིན་པ་དངོས་པོ་ཡིན་པའི་ཕྱིར་རོ། །

རང་བཞིན་རྟགས་ཀྱི་དབྱེ་བ་བཤད་པ།

༈ རང་བཞིན་ཁྱད་པར་བྱེ་བྲག་ལ། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། རང་བཞིན་ལ་ཡང་མེད་མི་འབྱུང། །ཞེས་པའི་སྐབས་སུ། རང་བཞིན་གྱི་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་བསྟན་པ་ལ། འོ་ན། རང་བཞིན་གྱི་རྟགས་ཡང་དག་དེ་ལ་དབྱེ་ན་དུ་ཡོད་ཅེ་ན། དེ་ལ་གཉིས་སུ་ཡོད་དོ། །ཞེས་སྟོན་པ་ལ། གཞུང་འདི་བྱུང༌། རང་བཞིན་ཁྱད་པར་བྱེ་བྲག་ལ། །ཞེས་སོགས་ཀྱི་སྐབས་སུ། སྦྱོར་བ་ནི། འབྲས་བུ་ཆོས་ཅན། སྒྲ་འཇིག་པར་སྒྲུབ་པའི་རང་བཞིན་ལྟོས་པ་བའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བརྗོད་པའི་སྒྲས་རང་གི་བྱེད་པ་པོ་འཕེན་པའི་ཕྱིར། དངོས་པོར་ཡོད་པ་ཆོས་ཅན། སྒྲ་འཇིག་པར་སྒྲུབ་པའི་རང་བཞིན་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བརྗོད་པའི་སྒྲས་རང་གི་བྱེད་པ་པོ་མི་འཕེན་པའི་ཕྱིར། ཁ་ཅིག་ན་རེ། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་པའི་དོན་དུ་བསམས་ནས། ཡོད་པ་ཉིད་ཡིན་ན་འཇིག་པ་ཡིན་པས་ཁྱབ་ཟེར་ན། ཡོད་པ་ཉིད་ཡིན་ན་འཇིག་པ་ཡིན་པས་ཁྱབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་ཞིག་པའི་དུས་ཡོད་པར་ཐལ་ལོ། །འདོད་ན། ཁྱོད་ཞིག་པའི་དུས་སུ་དེ་འདྲའི་ཁྱབ་པ་ཡོད་པར་ཐལ། དེའི་དུས་སུ་ཡོད་པ་ཡིན་ན་ཡོད་པས་ཁྱབ་པ་ཡོད། ཡོད་ན་འཇིག་པས་ཁྱབ་པ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་བཤད་པ་མི་འཐད་པར་ཐལ། ཡོད་པ་ཉིད་སྒྲ་འཇིག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཡོད་པ་དང་དངོས་པོར་ཡོད་པ་གཉིས་སྐད་དོད་མཐུན་པས། དངོས་པོར་ཡོད་པ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པ་དེའི་དོན་ཡིན་པའི་ཕྱིར་རོ། །

མ་གྲུབ་པའི་རྟགས་བཤད་པ།

༈ མ་གྲུབ་པ་ལ་ཡོད་ཆོས་མེད། །ཅེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། གལ་ཏེ་གཏན་ཚིགས་ཡོད་རང་བཞིན། །ཞེས་པའི་སྐབས་སུ། གྲངས་ཅན་པས་གཙོ་བོའི་སྒྲ་དོན་གྱི་སྟེང་དུ་དངོས་པོ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡོད་པར་ཁས་བླངས་པ་དེ་འགོག་པ་ལ། གཞུང་འདི་བྱུང༌། གཞན་ཡང༌། གཙོ་བོའི་སྒྲ་དོན་གྱི་སྟེང་དུ། དངོས་པོར་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་མེད་པར་ཐལ། དེའི་སྟེང་དུ་དེ་སྒྲུབ་ཀྱི་རྟགས་ཡང་དག་མེད་པའི་ཕྱིར་ཏེ། དེའི་སྟེང་དུ་དངོས་པོ་སྒྲུབ་པའི་རྟགས་ཡང་དག་མེད་པའི་ཕྱིར་ཏེ། དོན་བྱེད་ནུས་པ་ཡང་དེ་མ་ཡིན། གཞལ་བྱ་ཡང་དེ་མ་ཡིན། དོན་བྱེད་ནུས་སྟོང་ཡང་དེ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དོན་བྱེད་ནུས་པ་དེ། གཙོ་བོའི་སྒྲ་དོན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར། ཞེས་སྟོན་པ་ལ། མ་གྲུབ་པ་ལ་ཡོད་ཆོས་མེད། །ཅེས་པ་འདི་བྱུང༌། གཉིས་པ་གྲུབ་སྟེ། གཞལ་བྱའི་གཏན་ཚིགས་གཙོ་བོའི་སྒྲ་དོན་དངོས་པོར་སྒྲུབ་པའི་ཁྱབ་པ་འཁྲུལ་པའི་ཕྱིར། ཞེས་སྟོན་པ་ལ། གཉིས་ཀ་ལ་བརྟེན་འཁྲུལ་པ་ཅན། །ཞེས་པ་འདི་བྱུང༌། གསུམ་པ་གྲུབ་སྟེ། དོན་བྱེད་ནུས་སྟོང་གི་རྟགས་ཀྱིས་གཙོ་བོའི་སྒྲ་དོན་དངོས་པོར་སྒྲུབ་པའི་ཁྱབ་པ་འགལ་བའི་ཕྱིར། ཞེས་སྟོན་པ་ལ། མེད་པའི་ཆོས་ནི་འགལ་ཡིན་ན། །ཞེས་པ་འདི་བྱུང༌། །

༈ མ་གྲུབ་པ་ལ་ཡོད་ཆོས་མེད། །ཅེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། གཙོ་བོའི་སྒྲ་དོན་མེད་ཟེར་ན། ཡོད་པར་ཐལ། གཙོ་བོ་ཞེས་པའི་སྒྲས་བརྗོད་པའི་གཙོ་བོ་ཞེས་པའི་སྒྲའི་བརྗོད་བྱའི་དོན་ཡོད་པའི་ཕྱིར་ཏེ། གཙོ་བོའི་དོན་སྤྱི་དེ་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མཚན་ཉིད་ལྔ་ལྡན་གྱི་གཙོ་བོའི་སྒྲ་དོན་མེད་དོ། །ཟེར་ན། དེ་ཡོད་པར་ཐལ། རི་བོང་གི་རྭའི་སྒྲ་དོན་ཡོད་པའི་ཕྱིར་ཏེ། རི་བོང་གི་རྭ་ཞེས་པའི་སྒྲས་བརྗོད་པའི་རི་བོང་གི་རྭ་ཞེས་པའི་ངག་གི་བརྗོད་བྱའི་དོན་ཡོད་པའི་ཕྱིར་ཏེ། རི་བོང་གི་རྭའི་དོན་སྤྱི་དེ་དེ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མཚན་ཉིད་ལྔ་ལྡན་གྱི་གཙོ་བོ་ཡོད་པར་ཐལ། དེའི་སྒྲ་དོན་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། སྤྱི་རྟག་དངོས་ཡོད་པར་ཐལ་ལོ། །ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པ་གང་ཞིག །སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད་ཟེར་ན། སྒྲ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། །

༈ རང་ལུགས་བཞག་པ་ལ་མ་གྲུབ་པའི་གཏན་ཚིགས་ལ་མཚན་ཉིད། དབྱེ་བ། སྒྲ་བཤད་པ། གཏན་ལ་ཕབ་པའི་དགོས་པ་བཤད་པའོ། །དང་པོ་ནི། གཞི་ལ་བཀར་ན་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པ་ཡང་ཡིན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པ་དེ། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད། སྤྱིར་མ་གྲུབ་པའི་གཏན་ཚིགས་ལ་དབྱེ་ན། ངོ་བོ་ལ་ལྟོས་ཏེ་མ་གྲུབ་པའི་དེ། བློ་ལ་ལྟོས་ཏེ་མ་གྲུབ་པའི་དེ། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པའི་དེ་དང་གསུམ། དང་པོ་ལ། ངོ་བོ་མེད་ནས་མ་གྲུབ་པའི་དེ་དང༌། ཐ་དད་མེད་ནས་མ་གྲུབ་པའི་དེ་གཉིས། དང་པོ་ལ་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་དེ། ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་དེ། བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་དེ། རྟགས་ཆོས་དོན་གསུམ་ཀའི་ངོ་བོ་མེད་ནས་མ་གྲུབ་པའི་དེ། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མེད་ནས་མ་གྲུབ་པའི་དེ། ཆོས་ཅན་གྱི་ཕྱོགས་གཅིག་རྟགས་ལ་མེད་ནས་མ་གྲུབ་པའི་དེ་དང་དྲུག །དང་པོ་ནི། རི་བོང་གི་རྭ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་མེད་པའི་ཕྱིར། གཉིས་པ་ནི། བྱས་པ་དེ་རྟག་དངོས་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་དེ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །རྟག་དངོས་མེད་པའི་ཕྱིར། གསུམ་པ་ནི། བྱས་པ་དེ་རི་བོང་གི་རྭ་རྟག་དངོས་སུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །རྟག་དངོས་མེད་པའི་ཕྱིར། བཞི་པ་ནི། གང་ཟག་གི་བདག་ཡོད་པ་དེ། རི་བོང་གི་རྭ་རྟག་དངོས་སུ་སྒྲུབ་པའི་རྟགས་ཆོས་དོན་གསུམ་ཀ་མེད་ནས་མ་གྲུབ་པའི་དེ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །དེ་སྐོར་གྱི་རྟགས་ཆོས་དོན་གསུམ་ཀ་རེ་རེ་ནས་མེད་པའི་ཕྱིར། ལྔ་པ་ནི། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་དེ། ཟླ་བ་གཉིས་སྣང་གི་དབང་ཤེས་ཚད་མར་སྒྲུབ་པའི་རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མེད་ནས་མ་གྲུབ་པའི་དེ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །རྟགས་དེའི་ཕྱོགས་གཅིག་རྟོག་བྲལ་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་ཀྱང༌། མ་འཁྲུལ་པའི་རིག་པ་དེ་དེ་ལྟར་མ་གྲུབ་པའི་ཕྱིར།

དྲུག་པ་ནི། མཚན་མོ་ལོ་མ་འཁུམས་པའི་ཤིང་དེ། ཤིང་སེམས་ལྡན་དུ་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་རྟགས་ལ་མེད་ནས་མ་གྲུབ་པའི་དེ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །ཏིམ་སི་ཀ་ལ་སོགས་པའི་ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམས་པ་ཡོད་ཀྱང༌། མཚན་མོ་ལོ་མ་མི་འཁུམས་པའི་ཤིང་ཡང་ཡོད་པའི་ཕྱིར། གཉིས་པ་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་དེ་ལ། གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་དེ། གཞི་ཆོས་ཐ་དད་མེད་ནས་མ་གྲུབ་པའི་དེ། རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་དེ། རྟགས་ཆོས་དོན་གསུམ་ཀ་ཐ་དད་མེད་ནས་མ་གྲུབ་པའི་དེ་དང་བཞི། དང་པོ་ནི། སྒྲ་སྒྲ་མི་རྟག་པར་བསྒྲུབ་པའི་དང་པོ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་དང་རྩོད་གཞི་གཉིས་ཀ་ཡིན་པའི་ཕྱིར། གཉིས་པ་ནི། མཉན་བྱ་དེ་སྒྲ་སྒྲར་སྒྲུབ་པའི་གཉིས་པ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །སྒྲ་དེ་དེ་སྒྲུབ་ཀྱི་རྩོད་གཞི་དང་བསྒྲུབ་ཆོས་གཉིས་ཀ་ཡིན་པའི་ཕྱིར། གསུམ་པ་ནི། བྱས་པ་དེ། སྒྲ་བྱས་པར་སྒྲུབ་པའི་གསུམ་པ་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །དེ་དེ་སྒྲུབ་ཀྱི་རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ཀ་ཡིན་པའི་ཕྱིར། བཞི་པ་ནི། སྒྲ་དེ་སྒྲ་སྒྲར་སྒྲུབ་པའི་དེ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །དེ་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་ཀ་ཡིན་པའི་ཕྱིར། གཉིས་པ། བློ་ལ་ལྟོས་ཏེ་མ་གྲུབ་པའི་དེ་ལ། རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་དེ། ཆོས་ཅན་གྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་དེ། གཞི་རྟགས་ཀྱི་འབྲེལ་པ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་དེ་དང་གསུམ། དང་པོ་ནི། ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་གང་ཟག་གི་ངོར་ཤ་ཟའི་བྱས་པ་དེ་བུམ་པ་མི་རྟག་པར་སྒྲུབ་པའི་དང་པོ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །གང་ཟག་དེས་ཤ་ཟའི་བྱས་པ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། གཉིས་པ་ནི། བྱས་པ་དེ་གང་ཟག་དེའི་ངོར་ཤ་ཟའི་བུམ་པ་མི་རྟག་པར་བསྒྲུབ་པའི་གཉིས་པ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །གང་ཟག་དེས་ཤ་ཟའི་བུམ་པ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། གསུམ་པ་ནི། གང་ཟག་དེའི་ངོར་ཤ་ཟའི་བྱས་པ་དེ་དེའི་ངོར་ཤ་ཟའི་བུམ་པ་མི་རྟག་པར་སྒྲུབ་པའི་གསུམ་པ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །གང་ཟག་དེས་ཤ་ཟའི་བུམ་པ་དང་ཤ་ཟའི་བྱས་པ་གཉིས་ལ་འབྲེལ་པ་གྲུབ་མ་གྲུབ་ཐེ་ཚོམ་ཟ་བའི་ཕྱིར། གསུམ་པ། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དེ་ལ་ཡང༌། སྔ་རྒོལ་ལ་ལྟོས་ཏེ་མ་གྲུབ་པའི་དེ། ཕྱི་རྒོལ་ལ་ལྟོས་པའི་དེ། རྒོལ་ཕྱི་རྒོལ་གཉིས་ཀ་ལ་ལྟོས་པའི་དེ་དང་གསུམ། དང་པོ་ནི། སྒྲ་བྱས་པར་ཚད་མས་མ་གྲུབ་པའི་གང་ཟག་གིས། ཁོ་རང་ལ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པའི་ཚེ་ན་བྱས་པ་དེ་ཁོ་རང་ལ་དེ་སྒྲུབ་ཀྱི་སྔ་རྒོལ་ལ་ལྟོས་པའི་དེ་ཡིན་ཏེ། དེའི་ཚེ་ན་བྱས་པ་ཁོ་རང་ལ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །ཁོས་སྒྲ་བྱས་པ་ཚད་མས་མ་གྲུབ་པའི་ཕྱིར། གཉིས་པ་ནི། གྲངས་ཅན་ལ་སྐད་ཅིག་མ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པའི་ཚེ་ན་སྐད་ཅིག་མ་དེ་གྲངས་ཅན་གྱི་ངོར། དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་ལྟོས་ཏེ་དེ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །དེས་སྒྲ་སྐད་ཅིག་མ་ཚད་མས་མ་གྲུབ་པའི་ཕྱིར། གསུམ་པ་ནི། གྲངས་ཅན་གྱིས་རྒྱང་འཕེན་གྱི་ངོར་མིག་ཤེས་ཀྱི་བཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པའི་ཚེ་ན། མིག་ཤེས་ཀྱི་བཟུང་བྱ་དེ་དེ་གཉིས་ཀའི་ངོར། དེ་སྒྲུབ་ཀྱི་རྒོལ་ཕྱི་རྒོལ་གཉིས་ཀ་ལ་ལྟོས་ཏེ་དེ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག །དེ་གཉིས་ཀྱིས་སྒྲ་མིག་ཤེས་ཀྱི་བཟུང་བྱར་ཡང་ཚད་མས་མ་གྲུབ། སྒྲ་མི་རྟག་པར་ཡང་ཚད་མས་མ་གྲུབ་པའི་ཕྱིར། གསུམ་པ་སྒྲ་བཤད་པ་ནི། མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། ཁྱོད་ལ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་དེ་སྒྲུབ་ཀྱི་རྟགས་སུ་བཀོད་ཅིང༌། ཁྱོད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གཏན་ལ་ཕབ་པའི་དགོས་པ་ནི། མ་གྲུབ་པའི་གཏན་ཚིགས་ཀྱི་རྣམ་བཞག་གསུངས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཕྱོགས་ཆོས་ཀྱི་གོལ་ས་མི་མཐུན་ཕྱོགས་ངོ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། །

སྒྲུབ་རྟགས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་དོན་བསྡུའི་སྦྱོར་འགོད་སོགས་ལ་དཔྱད་པ།

༈ དེས་ན་དངོས་པོའི་ཡུལ་ཅན་གྱི། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། མེ་ཡི་འབྲས་བུ་དུ་བ་སྟེ། །ཞེས་པ་ནས། གཞན་ལའང་ངོ་བོ་ཉིད་ཀྱིས་འགྱུར། །ཞེས་པའི་བར་གྱིས་སྒྲུབ་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་བསྟན་ནས། དེའི་དོན་བསྡུ་དེ་སྟོན་པ་ལ། གཞུང་འདི་བྱུང༌། །

༈ དེས་ན་དངོས་པོའི་ཡུལ་ཅན་གྱི། །ཞེས་སོགས་ཀྱི་སྐབས་སུ་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། སྒྲུབ་རྟགས་ཡང་དག་དེ་ལ་གཉིས་སུ་ཡོད་དེ། སྒྲུབ་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དེ་ལ། འབྲས་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དང༌། རང་བཞིན་གྱི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་དེ་གཉིས་སུ་ཡོད་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་གཞུང་འདིའི་དོན་སྦྱོར་རྣམ་དག་ཡིན་ཟེར་ན། རང་བཞིན་གྱི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡིན་ན། སྒྲུབ་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡིན་དགོས་པར་ཐལ། སྦྱོར་བ་འཐད་པའི་ཕྱིར། འདོད་ན། བྱས་མི་རྟག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དེ། སྒྲུབ་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མར་ཐལ། རང་བཞིན་གྱི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དེ། སྒྲུབ་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྒྲུབ་རྟགས་ཡང་དག་གི་དེར་ཐལ། རང་བཞིན་གྱི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་དེ་ཡིན་པའི་ཕྱིར། འཁོར་གསུམ། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། སྒྲུབ་པ་ཡིན་པས་ཁྱབ་པ་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། ཆོས་དེ་འཇལ་བའི་གསར་དུ་མི་བསླུ་བའི་རིག་པ་ཆོས་ཅན། རྣམ་མཁྱེན་ཆོས་དེ་འཇལ་བའི་ཚད་མར་སྒྲུབ་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རི་བོང་གི་རྭ་འཇལ་བའི་ཚད་མ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། རི་བོང་གི་རྭ་འཇལ་བའི་གསར་དུ་མི་བསླུ་བའི་རིག་པའི་རྟགས་ཀྱིས་རྣམ་མཁྱེན་རི་བོང་གི་རྭ་འཇལ་བའི་ཚད་མར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། ཁ་ཅིག །དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱ་ཡང་དག་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་པ་དེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱ་ཡང་དག་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་པ་ཆོས་ཅན། ཡོད་པར་ཐལ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གི་མཚན་ཉིད་ཀྱི་ཟུར་གཅིག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རྟག་པ་མ་ཡིན་པ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་དངོས་ཀྱི་དེ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་དེ་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱ་ཡང་དག་ཀྱང་ཡིན། དགག་པ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ། དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། ཤེས་བྱ་ཆོས་ཅན། རྟག་པ་མ་ཡིན་པ་ཡོད་པར་སྒྲུབ་པའི་དགག་རྟགས་ཡང་དག་ཏུ་ཐལ། མཚན་ཉིད་དེའི་ཕྱིར། རྟག་པ་མ་ཡིན་པ་ཡོད་པ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། །

༈ སྦྱོར་བ་ནི། སྒྲུབ་རྟགས་ཡང་དག་དེ་ལ། འབྲས་རྟགས་ཡང་དག་དང་། རང་བཞིན་གྱི་རྟགས་ཡང་དག་གཉིས་སུ་ཡོད་དེ། སྒྲུབ་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་དེ་ལ། འབྲས་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་དང་། རང་བཞིན་གྱི་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་གཉིས་སུ་ཡོད་པའི་ཕྱིར། །

༈ རང་ལུགས་ནི། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། དགག་པ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ། རང་ཉིད་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པའི་མཚན་ཉིད་ཡིན། དེ་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། སྒྲུབ་པ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ། རང་ཉིད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པའི་མཚན་ཉིད་ཡིན། མཚན་གཞི་ནི། བྱས་པ་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་དགག་རྟགས་ཡང་དག་དང༌། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་གཉིས་ཀ་ཡིན། །

ཡིད་ཆེས་ཀྱི་ལུང་དཔྱད་པ་གསུམ་གྱིས་དག་ཚད་བཤད་པ།

༈ མཐོང་དང་མ་མཐོང་དངོས་པོ་ཡིས། །ཞེས་སོགས་ཀྱི་གཞུང་འདི་གང་ལས་འཕྲོས་ན། ཡིད་ཆེས་ཚིག་ནི་མི་བསླུ་བའི། །ཞེས་སོགས་རྐང་པ་གཉིས་ཀྱི་སྐབས་སུ། དཔྱད་གསུམ་གྱིས་དག་པའི་ལུང་དེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང༌། རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་བླངས་པ་ལ། དེ་དེ་ཡིན་པའི་རྒྱུ་མཚན་གང་ཞེ་ན། དེ་སྟོན་པ་ལ་གཞུང་འདི་བྱུང༌། །

༈ མཐོང་དང་མ་མཐོང་དངོས་པོ་ཡིས། །ཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་ན་དཔྱད་པ་གསུམ་གྱིས་དག་པས་ཁྱབ། དཔྱད་གསུམ་གྱིས་དག་ན་གཞལ་བྱའི་གནས་གསུམ་བསྟན་པས་ཁྱབ་ཟེར་ན། འོ་ན། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་ན་དཔྱད་པ་གསུམ་གྱིས་དག་པས་ཁྱབ་པར་ཐལ། གཞལ་བྱའི་གནས་གསུམ་སྟོན་པའི་ལུང་ཡིན་ན། གཞལ་བྱའི་གནས་གསུམ་བསྟན་པས་ཁྱབ་པའི་ཕྱིར་ཏེ། མངོན་གྱུར་སྟོན་པའི་ལུང་ཡིན་ན། མངོན་གྱུར་བསྟན་པས་ཁྱབ་པའི་ཕྱིར། ཁ་ཅིག་ན་རེ། དཔྱད་གསུམ་གྱིས་དག་པའི་ལུང་དེ་བཀའ་བརྒྱད་སྟོང་པ་རང་གི་བསྟན་བྱའི་དོན་ལ། མི་བསླུ་བར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་ཡིན་ཟེར་ན། བཀའ་བརྒྱད་སྟོང་པའི་བསྟན་དོན་ཤིན་ཏུ་ལྐོག་གྱུར་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། བྱ་བྱེད་བདེན་སྟོང་ཡང་དེར་ཐལ་ལོ། །

༈ རང་ལུགས་ཀྱི་དཔྱད་པ་གསུམ་གྱིས་དག་པའི་ཚད་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་ཆོས་ཅན། དཔྱད་པ་གསུམ་གྱིས་དག་པ་ཡིན་ཏེ། དབུ་མ་རིན་ཆེན་འཕྲེང་བའི་རང་གཞུང་རྣམ་དག་གང་ཞིག །དབུ་མ་རིན་ཆེན་འཕྲེང་བ་དེ་དཔྱད་པ་གསུམ་གྱིས་དག་པའི་ཕྱིར། དབུ་མ་རིན་ཆེན་འཕྲེང་བ་ཆོས་ཅན། དཔྱད་པ་གསུམ་གྱིས་དག་པ་ཡིན་ཏེ། རང་གིས་གཞལ་བྱ་མངོན་གྱུར་བསྟན་པའི་ཆ་ལ་མངོན་སུམ་གྱིས་མི་གནོད་ཅིང་དེས་གྲུབ། རང་གིས་གཞལ་བྱ་ལྐོག་གྱུར་བསྟན་པའི་ཆ་ལ་རྗེས་དཔག་གིས་མི་གནོད་ཅིང་དེས་གྲུབ། རང་གིས་གཞལ་བྱ་ཤིན་ཏུ་ལྐོག་གྱུར་བསྟན་པའི་ཆ་ལ་ཡིད་ཆེས་རྗེས་དཔག་གིས་མི་གནོད་ཅིང་དེས་གྲུབ་པའི་ཕྱིར་དང༌། རང་གི་བསྟན་དོན་ལ་ཁས་བླངས་སྔ་ཕྱི་དང༌། རང་ཚིག་དངོས་སུ་འགལ་བ་སོགས་གང་གིས་ཀྱང་གནོད་པ་མེད་ཅིང༌། རང་སྨྲ་བ་པོའི་གང་ཟག་གིས་རང་གི་བསྟན་དོན་ཚད་མས་གྲུབ་པའི་ལུང་རྣམ་དག་ཡིན་པའི་ཕྱིར། དེས་ན་སྦྱོར་བ་ཡང་འདི་ལྟར་དུ་འགོད་པ་ཡིན་ནོ། །

མཐུན་ཕྱོགས་དང་མི་མཐུན་ཕྱོགས་བཤད་པ།

༈ གང་ལ་བསྒྲུབ་བྱའི་མི་མཐུན་ཕྱོགས། །ཞེས་སོགས་ཀྱི་སྐབས་སུ་སྦྱོར་བ་ནི། སྐྱེས་བུས་མ་བྱས་པའི་ཚིག་ཆོས་ཅན། རིག་བྱེད་ཀྱི་ཚིག་བདེན་པའི་དོན་ཅན་དུ་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལྟར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པའི་དེ་ལྟར་སྒྲུབ་པའི་ལྡོག་ཁྱབ་ཡིན་ན། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་དགོས་པའི་ཕྱིར། །

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་དང་མཐུན་པར་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པ་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད་ཟེར་ན། བྱས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མི་རྟག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པར་ཐལ་ལོ། །འདོད་མི་ནུས་ཏེ། དེས་སྟོང་པའི་ཕྱིར་ཏེ། དེ་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་དང་མཐུན་པར་སྐད་ཅིག་མས་མི་སྟོང་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་དེའི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། དེ་སྒྲ་སྐད་ཅིག་མར་སྒྲུབ་པའི་མཐུན་ཕྱོགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་དེའི་མཚན་ཉིད་ཡོད་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་སྐད་ཅིག་མར་སྒྲུབ་པའི་མཐུན་ཕྱོགས་ཀྱི་མཚན་ཉིད་མེད་པར་ཐལ། སྒྲ་སྐད་ཅིག་མའི་མཚན་ཉིད་མེད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་སྒྲུབ་ཀྱི་གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་མེད་པར་ཐལ། སྒྲ་སྐད་ཅིག་མའི་དེ་མེད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ། དེ་སྒྲུབ་ཀྱི་དེའི་མཚན་ཉིད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་དང་མཐུན་པར་མི་རྟག་པས་མི་སྟོང་པ་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་དང་མི་རྟག་པ་དོན་གཅིག་ཟེར་བ་དང༌། བཀོད་ཚེ་མ་ནུས་ཡོད་འདོད་པ་ནང་འགལ་ཏེ། འོ་ན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཚོན་བྱ་དེར་ཐལ། མི་རྟག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་མཚན་ཉིད་དེར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་ན་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་གཅིག་ཡོད་པར་ཐལ་ལོ། །འདོད་ན། དེའི་ཚེ་ན་དེ་སྒྲུབ་ཀྱི་གཏན་ཚིགས་ཡོད་པར་ཐལ་ལོ། །བྱས་པ་ལ། རྩ་བར་སྐྱོན་ཅན་ཡིན་ཟེར་ན། དེའི་ཚེ་ན་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པར་ཐལ། དེ་དང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་རུང་གང་ཞིག །ཕྱི་མ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཡོད་པ་གང་ཞིག །དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་དེའི་མི་མཐུན་ཕྱོགས་དངོས་འགལ་ཡིན་པའི་ཕྱིར། གང་ཡང་མ་ཡིན་པའི་ཆོས་ཅན་ཡིན་ཟེར་ན། དེ་གཉིས་དངོས་འགལ་མ་ཡིན་པར་ཐལ། དེ་གཉིས་ཀྱི་བར་ན་གཉིས་མིན་གྱི་ཕུང་གསུམ་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་བྱས་པ་དེ་དེ་གཉིས་གང་ཡང་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། གཞན་ཡང༌། མི་རྟག་པ་ཡིན་ན། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་དགོས་པར་ཐལ། དེ་ཡིན་ན། སྒྲ་མི་རྟག་པར་སྒྲུབ་པའི་དེ་ཡིན་དགོས་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་བཀོད་པའི་ཚེ་ན། དངོས་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པས་ཁྱབ་ཟེར་ན། བྱས་པའི་བྱེ་བྲག་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་དེར་ཐལ། དེའི་ཕྱིར། རྟག་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར་ཏེ། དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པས་ཁྱབ་ཟེར་ན། བྱས་པའི་བྱེ་བྲག་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་དེར་ཐལ། དེའི་ཕྱིར་ཏེ། མི་རྟག་པ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པ་གང་ཞིག །ཁྱོད་དང་རྟག་པའི་གཞི་མཐུན་མེད་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པས་ཁྱབ་ཟེར་ན། ཀ་བུམ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་དང་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་གཞི་མཐུན་ཡོད་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། དེ་ཁྱབ་པར་ཐལ། མི་རྟག་པ་ཡིན་ན། མི་རྟག་པ་ལ་ཡོད་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཤེས་བྱ་ཡིན་ན། ཤེས་བྱ་ལ་ཡོད་པས་ཁྱབ་པའི་ཕྱིར། དེ་ཡིན་ན་ཤེས་བྱ་ལ་སྲིད་པས་ཁྱབ་པའི་ཕྱིར། ཁོ་རང་ལ། སྒྲ་མཚོན་བྱར་སྒྲུབ་པའི་མཐུན་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པས་ཁྱབ་པར་ཐལ། སྒྲ་མི་རྟག་པ་ལ་དེའི་ཕྱིར། འདོད་ན། མཚན་ཉིད་ཆོས་ཅན། དེར་ཐལ། དེའི་ཕྱིར། མཚོན་བྱ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། མཚོན་བྱ་ལ་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། མཚན་ཉིད་ཁོ་ན་ལ་ཡོད་པའི་ཕྱིར་ཏེ། རྫས་ཡོད་ཆོས་གསུམ་ཚང་བ་ཁོ་ན་ལ་ཡོད་པའི་ཕྱིར་ཏེ། དེ་ཁོ་ནའི་མཚོན་བྱ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མཚོན་བྱ་ཡིན་ན། མཚོན་བྱ་ལ་ཡོད་དགོས་པར་ཐལ། མི་རྟག་པ་ལ་དེའི་ཕྱིར་ན་མ་ཁྱབ། འདོད་ན། མཚན་ཉིད་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག །དེ་སྒྲུབ་ཀྱི་འགལ་བ་མི་མཐུན་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་པས་ཁྱབ་ཟེར་ན། མཚོན་བྱ་མ་ཡིན་པ་ཆོས་ཅན། སྒྲ་མཚོར་བྱར་སྒྲུབ་པའི་དེར་ཐལ། དེའི་ཕྱིར་ཏེ། དེ་སྒྲུབ་ཀྱི་འགལ་བ་མི་མཐུན་ཕྱོགས་ཡོད་པ་གང་ཞིག །བཏགས་ཡོད་ཆོས་གསུམ་ཚང་བ་དེ་དེ་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། མཚོན་བྱ་དང་དངོས་འགལ་ཡིན་པར་ཐལ། སྒྲ་མཚོན་བྱར་སྒྲུབ་པའི་འགལ་བ་མི་མཐུན་ཕྱོགས་ཡིན་པའི་ཕྱིར། འདོད་ན། སྐད་ཅིག་མ་མ་ཡིན་པ་དེ་མི་རྟག་པ་དང་དངོས་འགལ་དུ་ཐལ་ལོ། །འདོད་ན། སྒྲ་མི་རྟག་པ་མ་ཡིན་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་དགག་བྱ་ཡིན་པར་ཐལ་ལོ། །འདོད་ན། སྒྲ་སྐད་ཅིག་མ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། སྒྲ་མཚོན་བྱར་སྒྲུབ་པའི་འགལ་བ་མི་མཐུན་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་དགོས་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་དེའི་ཕྱིར་ན་མ་ཁྱབ། །

༈ རང་ལུགས་ལ། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་དང་མཐུན་པར་མི་རྟག་པས་མི་སྟོང་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་དང་མི་རྟག་པ་དོན་གཅིག །སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་དང་མཐུན་པར་མི་རྟག་པས་སྟོང་པ་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་དང་མི་རྟག་པ་མ་ཡིན་པ་དོན་གཅིག །དེ་ལ་དབྱེ་ན། དེ་སྒྲུབ་ཀྱི་མེད་པ་མི་མཐུན་ཕྱོགས། འགལ་བ་མི་མཐུན་ཕྱོགས། གཞན་པ་མི་མཐུན་ཕྱོགས་གསུམ། དང་པོ་དེ་ཡིན་ན། མེད་ངེས་ཡིན་པས་ཁྱབ། མེད་ངེས་ཡིན་ན། དང་པོ་དེ་ཡིན་པས་ཁྱབ། གཉིས་པ་ནི། རྟག་པ་ལྟ་བུ་སྟེ། རྟག་པ་མི་རྟག་པ་དང་དངོས་འགལ་ཡིན་པའི་ཕྱིར། གསུམ་པ་ནི། གཞལ་བྱ་ལྟ་བུ་སྟེ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག །དེ་དེ་སྒྲུབ་ཀྱི་དང་པོ་གཉིས་པོ་གང་རུང་མ་ཡིན་པའི་ཕྱིར། དེས་ན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་དངོས་འགལ་ཡིན་ཏེ། མི་རྟག་པ་དང༌། མི་རྟག་པ་མ་ཡིན་པ་གཉིས་དེ་ཡིན་པའི་ཕྱིར། མཐུན་ཕྱོགས་དང༌། མི་མཐུན་ཕྱོགས་དངོས་འགལ་མ་ཡིན་ཏེ། གཞི་གྲུབ་ན་མཐུན་ཕྱོགས་ཡིན་དགོས་པའི་ཕྱིར། །

༈ རྩོད་པ་སྤང་པ་ལ། ཁ་ཅིག་ན་རེ། ཡོད་པ་མ་ཡིན་པ་ཆོས་ཅན། སྒྲ་ཡོད་པར་སྒྲུབ་པའི་མེད་པ་མི་མཐུན་ཕྱོགས་ཡིན་པར་ཐལ། མེད་ངེས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་འགལ་བ་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ཏེ། མི་རྟག་པ་མ་ཡིན་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་འགལ་བ་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ཡོད་པ་མ་ཡིན་པ་ཡོད་པ་དང་དངོས་འགལ་ཡིན་པར་ཐལ། མི་རྟག་པ་མ་ཡིན་པ་མི་རྟག་པ་དང་དངོས་འགལ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག་ན་རེ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་འགལ་བ་མི་མཐུན་ཕྱོགས་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག །དེ་སྒྲུབ་ཀྱི་གཞན་པ་མི་མཐུན་ཕྱོགས་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་བྱས་པ་ལ། འོ་ན། རྟག་པ་ཡང་དེར་ཐལ་ལོ། །ཟེར་ན་མ་ཁྱབ། རྩ་བར་འདོད་ན། དེ་ཆོས་ཅན། མི་རྟག་པ་དང་དངོས་འགལ་དུ་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་དངོས་འགལ་ཡིན་པར་ཐལ། སྒྲ་མི་རྟག་པ་ལ་དེའི་ཕྱིར། འདོད་ན། བུམ་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་མཐུན་ཕྱོགས་དང༌། མི་མཐུན་ཕྱོགས་གཉིས་དངོས་འགལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞི་གྲུབ་ན། དེ་གང་རུང་ཡིན་དགོས་པར་ཐལ་ལོ། །ཟེར་ན་མ་ཁྱབ། འདོད་ན། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་སླའོ།། །།

འདིས་ཀྱང་ཐུབ་པའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །