cover

རྟ་ནག་རྣམ་འགྲེལ།

པོད། ག༽

རྗེ་རྟ་ནག་པ་དགེ་འདུན་བློ་བཟང་།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མངོན་སུམ་ལེའུའི་མཐའ་དཔྱོད།

ལེའུ་སྔ་ཕྱིའི་འབྲེལ་དང་ལེའུའི་གཞུང་ཇི་ལྟར་འཆད་ཚུལ།

༄༅། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ལེའུ་གསུམ་པའི་མཐའ་དཔྱོད་རྗེ་རྟ་ནག་པ་དགེ་འདུན་བློ་བཟང་གི་གསུང་རྒྱུན་དྲི་མ་མེད་པའི་གླེགས་བམ་གསུམ་པ་བཞུགས་སོ། །

གཞལ་བྱ་མངོན་གྱུར་ངེས་བྱེད་ཀྱི་ཐབས་མངོན་སུམ་གྱི་ལེའུ་འཆད་པར་བྱེད་པ་ལ། ལེའུ་སྔ་ཕྱིའི་འགྲེལ་པ་བཤད་པ་དང་། ལེའུའི་གཞུང་ཇི་ལྟར་འཆད་པའི་ཚུལ་གཉིས། དང་པོ་ལ་བཤད་བྱའི་ལུང་འགོད་པ་དང་། ལུང་གི་དོན་བཤད་པ་གཉིས། དང་པོ་ནི། ལྷས། སློབ་དཔོན་གྱིས་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་བཤད་པའི་རྒྱུ་རྗེས་སུ་དཔག་པ་སྔར་རྣམ་པར་གཞག་པ་དང་། སློབ་དཔོན་གྱིས་གསུངས་པ་བསྟན་བཅོས་ཀྱི་དང་པོར་ཕྱག་འཚལ་བའི་ཚིགས་སུ་བཅད་པའི་ཕྱེད་འོག་མ་རྟོགས་སླ་བ་ཉིད་ཀྱི་ཕྱིར་ཕྱེད་གོང་མ་ཉིད་ཀྱི་བཤད་པ་ཡོངས་སུ་རྫོགས་པར་མཛད་ནས། ད་ནི་ཚད་མའི་མཚན་ཉིད་ཀྱི་བཤད་པ་མཛད་པའི་ཕྱིར། གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་ལ་སོགས་པ་བརྩམས་པ་ཡིན་ནོ། །ཞེས་གསུངས། གཉིས་པ་ལུང་གི་དོན་བཤད་པ་ནི། དེ་ཡང་སློབ་དཔོན་གྱིས་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་བཤད་པའི་རྒྱུ་རྗེས་སུ་དཔག་པ་སྔར་རྣམ་པར་གཞག་པ་དང་ཞེས་པས་མདོ་དོན་འཆད་བྱེད་ཀྱིས་ཐབས་རང་དོན་རྗེས་དཔག་དེ་ལེའུ་དང་པོར་བསྟན། ཞེས་བསྟན། སློབ་དཔོན་གྱིས་གསུངས་པ་བསྟན་བཅོས་ཀྱི་དང་པོར་ཞེས་པ་ནས། ཡོངས་སུ་རྫོགས་པར་མཛད་པ་ནས། །ཞེས་པའི་བར་གྱིས་ཚད་མ་མདོའི་མཆོད་བརྗོད། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་སོགས་རྐང་པ་གཉིས་ཀྱི་དོན་རྟོགས་དཀའ་བས། དེའི་དོན་འཆད་པར་བྱེད་པ་ལ། ཚད་མ་གྲུབ་པའི་ལེའུ་ལོགས་སུ་མཛད། །ཅེས་བསྟན། ད་ནི་ཚད་མའི་མཚན་ཉིད་ཀྱི་བཤད་པ་མཛད་པའི་ཕྱིར། གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་ལ་སོགས་པ་བརྩམས་པ་ཡིན་ནོ། །ཞེས་པས། ཚད་མ་གྲུབ་པའི་ལེའུ་དེར་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་བསྟན་པ་དེ་རྟོགས་པའི་ཡན་ལག་ཏུ། གཞལ་བྱ་གཉིས་ཕྱིར་ཞེས་པ་ནས་ཚད་མ་མདོའི་མངོན་སུམ་ལེའུའི་ལུས་དངོས་འཆད་ཅེས་བསྟན། གཉིས་པ་ལེའུའི་གཞུང་ཇི་ལྟར་འཆད་ཚུལ་ལ། གཞལ་བྱ་གཉིས་ཕྱིར་ཞེས་པ་ནས། ཚད་མ་མདོའི་མངོན་སུམ་ལེའུའི་ལུས་དངོས་འཆད་ན། འཆད་ཚུལ་དེ་གང་ཞེ་ན། དེ་ཡང་ལོག་རྟོག་རྣམ་པ་བཞི་བསལ་ནས་གྲངས་སོགས་ཆོས་བཞི་བསྟན་པའི་སྒོ་ནས་དེ་ལྟར་འཆད་པ་ཡིན་ཏེ། ལྷས། ཚད་མ་དང་དེའི་མཚན་ཉིད་ཀྱི་བསྟན་བཅོས་དག་ལ་ལོག་པར་རྟོག་པ་རྣམ་པ་བཞི་སྟེ། འདི་ལྟ་སྟེ། གྲངས་ལ་ལོག་པར་རྟོག་པ་དང་། མཚན་ཉིད་ལ་ལོག་པར་རྟོག་པ་དང་། སྤྱོད་ཡུལ་ལ་ལོག་པར་རྟོག་པ་དང་། འབྲས་བུ་ལ་ལོག་པར་རྟོག་པའོ། །དེ་ལ་དང་པོ་གྲངས་ལ་ལོག་པར་རྟོག་པ་བསལ་བར་བྱ་བའི་ཕྱིར། གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཞེས་གསུངས་པའི་ཕྱིར། འོ་ན། སྐབས་འདིར་གྲངས་སོགས་ཆོས་བཞི་པོ་དེ་བསྟན་པ་མི་འཐད་པར་ཐལ། སྐབས་འདིར་ཚད་མའི་མཚན་ཉིད་སྟོན་རིགས་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། གྲངས་སོགས་ཆོས་བཞི་པོ་དེ་མ་བསྟན་པར་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་རྣམ་དག་ཏུ་རྟོགས་མི་ནུས་པའི་ཕྱིར། དེ་ཡང་ཚད་མའི་གྲངས་ངེས་མ་བསྟན་པར་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་རྣམ་དག་ཏུ་རྟོགས་མི་ནུས་ཏེ། ཚད་མའི་གྲངས་ངེས་མ་བསྟན་པར་ཚད་མའི་གྲངས་ངེས་ལ་ལོག་པར་རྟོག་པའི་ལོག་རྟོག་དེ་ཚད་མ་ཡིན་པ་མི་ཁེགས། དེ་མ་ཁེགས་ན། ཚད་མ་ཡིན་ན་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཁྱབ་པ་མི་འགྲུབ། དེ་མ་གྲུབ་ན། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་རྣམ་དག་ཏུ་རྟོགས་མི་ནུས་པའི་ཕྱིར། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་རྣམ་དག་ཏུ་ངེས་པ་ལ་གཞལ་བྱའི་གྲངས་ངེས་བསྟན་དགོས་པ་ཡིན་ཏེ། གཞལ་བྱའི་གྲངས་ངེས་མ་བསྟན་པར་གཞལ་བྱའི་གྲངས་ངེས་ལ་ལོག་པར་རྟོག་པའི་ལོག་རྟོག་ཚད་མ་ཡིན་པ་མི་ཁེགས། དེ་མ་ཁེགས་ན། ཚད་མ་ཡིན་ན། གསར་དུ་མི་བསླུ་བའི་རིག་པ་ཡིན་པས་ཁྱབ་པ་མི་འགྲུབ། དེ་མ་གྲུབ་ན། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་རྣམ་དག་ཏུ་རྟོགས་མི་ནུས་པའི་ཕྱིར། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་རྣམ་དག་ཏུ་རྟོགས་པ་ལ་མངོན་སུམ་ཚད་མའི་ངོ་བོ་བསྟན་དགོས་པ་ཡིན་ཏེ། མངོན་སུམ་ཚད་མའི་ངོ་བོ་མ་བསྟན་པར། མངོན་སུམ་ཚད་མའི་ངོ་བོ་ལ་ལོག་པར་རྟོག་པའི་ལོག་རྟོག་ཚད་མ་ཡིན་པ་མི་ཁེགས། དེ་མ་ཁེགས་ན། ཚད་མ་ཡིན་ན་གསར་དུ་མི་བསླུ་བའི་རིག་པ་ཡིན་པས་ཁྱབ་པ་མི་འགྲུབ། དེ་མ་གྲུབ་ན། དེ་དེའི་མཚན་ཉིད་རྣམ་དག་ཏུ་རྟོགས་མི་ནུས་པའི་ཕྱིར། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་རྣམ་དག་ཏུ་རྟོགས་པ་ལ། མངོན་སུམ་ཚད་མའི་འབྲས་བུ་ཡང་བསྟན་དགོས་ཏེ། དེ་མ་བསྟན་ན་ཚད་འབྲས་རྫས་གཞན་དུ་འཛིན་པའི་ལོག་རྟོག་ཚད་མ་ཡིན་པ་མི་ཁེགས། དེ་མ་ཁེགས་ན། ཚད་མ་ལ་གསར་དུ་མི་བསླུ་བའི་རིག་པས་ཁྱབ་པ་མི་འགྲུབ། དེ་མ་གྲུབ་ན། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་རྣམ་དག་ཏུ་རྟོགས་མི་ནུས་པའི་ཕྱིར། འོ་ན། དེ་ལྟར་ཡིན་ན། ལོག་རྟོག་རྣམ་པ་བཞི་པོ་གང་ཞེ་ན། དེ་ཡང་ཚད་མའི་གྲངས་ངེས་ལ་ལོག་པར་རྟོག་པའི་ལོག་རྟོག་གི་རིགས་དེ་ལ་དུ་མ་ཡོད་དེ། གཅེར་བུ་པས་ཚད་མ་ལ་མངོན་སུམ་གཅིག་པུར་གྲངས་ངེས་པར་འདོད་པའི་ལོག་རྟོག་གཅིག་དང་། གྲངས་ཅན་གྱིས་ཚད་མ་ལ་མངོན་སུམ་ཚད་མ། རྗེས་སུ་དཔག་པའི་ཚད་མ། སྒྲ་བྱུང་གི་ཚད་མ་གསུམ་དུ་གྲངས་ངེས་པར་འདོད་པའི་ལོག་རྟོག་གཅིག་དང་། རིགས་པ་ཅན་པས་དེའི་སྟེང་དུ་དཔེ་ཉེར་འཇལ་གྱི་ཚད་མ་དང་བཞིར་འདོད་པའི་ལོག་རྟོག་གཅིག་དང་། རྒྱལ་དཔོག་པས། དེའི་སྟེང་དུ་དོན་གྱིས་གོ་བའི་ཚད་མ། དངོས་པོར་མེད་པའི་ཚད་མ་དང་དྲུག་ཏུ་གྲངས་ངེས་པར་འདོད་པའི་ལོག་རྟོག་གཅིག་དང་། ཙ་ར་ཀ་པས། དེའི་སྟེང་དུ་རིག་པའི་ཚད་མ། དམིགས་པའི་ཚད་མ། སྲིད་པའི་ཚད་མ། ཞེས་གྲགས་པའི་ཚད་མ། སྙམ་སེམས་པའི་ཚད་མ་དང་བཅུ་གཅིག་ཏུ་གྲངས་ངེས་པར་འདོད་པའི་ལོག་རྟོག་གཅིག་སྟེ་དུ་མ་ཡོད་པའི་ཕྱིར། །

ལོག་རྟོག་བཞི་བསལ་ནས་ཚད་མའི་གྲངས་སོགས་ཆོས་བཞི་བསྟན་ཚུལ།

༈ མངོན་སུམ་ཚད་མའི་ངོ་བོ་ལ་ལོག་པར་རྟོག་པའི་ལོག་རྟོག་གི་རིགས་དེ་ལ་ཡང་དུ་མ་ཡོད་དེ། རིགས་པ་ཅན་པས། མངོན་སུམ་ཐམས་ཅད་རྟོག་པར་འདོད་པའི་ལོག་རྟོག་གཅིག །རྒྱལ་འབོག་པས་མངོན་སུམ་སྐད་ཅིག་མ་གཉིས་ཕན་ཆད་རྟོག་པར་འདོད་པའི་ལོག་རྟོག་གཅིག་དང་། གྲངས་ཅན་གྱིས་རྣ་བ་ལ་སོགས་པ་དབང་པོའི་འཇུག་པ་ཚད་མར་འདོད་པའི་ལོག་རྟོག་གཅིག་དང་། བྱེ་བྲག་པས། དབང་དོན་འཕྲད་པའི་འབྲེལ་པ་ཚད་མར་འདོད་པའི་ལོག་རྟོག་གཅིག་དང་། མུ་སྟེགས་རྣ་བ་མ་ཕུག་པའི་སྡེ་པས། ཡིད་མངོན་མེད་པར་འདོད་པའི་ལོག་རྟོག་གཅིག་དང་། རང་སྡེ་བྱེ་བྲག་སྨྲ་བས་རང་རིག་མེད་པར་འདོད་པའི་ལོག་རྟོག་གཅིག་དང་། རྒྱང་འཕེན་གྱིས་རྣལ་འབྱོར་མངོན་སུམ་མེད་པར་འདོད་པའི་ལོག་རྟོག་གཅིག་སྟེ་དུ་མ་ཡོད་པའི་ཕྱིར། སྤྱོད་ཡུལ་ལ་ལོག་པར་རྟོག་པའི་ལོག་རྟོག་གི་རིགས་དེ་ལ་ཡང་དུ་མ་ཡོད་དེ། རིགས་པ་ཅན་པས། སྤྱི་དངོས་པོ་བ་མངོན་སུམ་གྱི་སྣང་ཡུལ་དུ་འདོད་པའི་ལོག་རྟོག་དང་། གྲངས་ཅན་གྱིས་གང་ཟག་གི་བདག་རྟག་པ་བ། རྗེས་དཔག་གི་སྣང་ཡུལ་དུ་འདོད་པའི་ལོག་རྟོག་གཅིག་སྟེ་དུ་མ་ཡོད་པའི་ཕྱིར། །

༈ མངོན་སུམ་ཚད་མའི་འབྲས་བུ་ལ་ལོག་པར་རྟོག་པའི་ལོག་རྟོག་གི་རིགས་དེ་ལ་ཡང་དུ་མ་ཡོད་དེ། དཔྱོད་པ་པས་གཟུགས་སོགས་གཞལ་བྱ། དང་པོར་དོན་ལ་ལྟ་བའི་ཤེས་པ་དག་པ་བ་རྟོག་མེད་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུར་བྱེད་པའི་ཚད་འབྲས་ཀྱི་རྣམ་བཞག་གཅིག་དང་། གྲངས་ཅན་གྱིས་གཟུགས་སོགས་གཞལ་བྱ། རྣ་བ་ལ་སོགས་པའི་དབང་པོའི་འཇུག་པ་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུར་བྱེད་པའི་ཚད་འབྲས་ཀྱི་རྣམ་བཞག་གཅིག་དང་། རིགས་པ་ཅན་པས། གཟུགས་སོགས་གཞལ་བྱ། སྤྱི་སོགས་ཁྱད་པར་མཐོང་བའི་བློ་ཚད་མ། ཁྱད་པར་རྫས་འཛིན་གྱི་བློ་འབྲས་བུར་བྱེད་པའི་ཚད་འབྲས་ཀྱི་རྣམ་བཞག་གཅིག་དང་། བྱེ་བྲག་པས། ཤེས་བྱ་ཚིག་གི་དོན་དྲུག་གཞལ་བྱ། དབང་དོན་འཕྲད་པའི་འབྲེལ་པ་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུར་བྱེད་པའི་ཚད་འབྲས་ཀྱི་རྣམ་བཞག་གཅིག་དང་། བྱེ་བྲག་སྨྲ་བས་གཟུགས་སོགས་གཞལ་བྱ། རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུར་བྱེད་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་འདོད་པའི་ལོག་རྟོག་དུ་མ་ཡོད་པའི་ཕྱིར། འོ་ན། ལོག་རྟོག་རྣམ་པ་བཞི་པོ་དེ་སེལ་དགོས་པའི་རྒྱུ་མཚན་གང་ཞེ་ན། དེ་ཡོད་དེ། ལོག་རྟོག་བཞི་པོ་དེ་མ་བསལ་ན། སྒྲོ་འདོགས་དང་སྐུར་འདེབས་ཀྱི་གཡང་སར་ལྟུང་བ་དེ་མི་ཁེགས། དེ་མ་ཁེགས་ན། རང་མི་འདོད་པའི་དོན་ཐོབ་ཅིང་། འདོད་པའི་དོན་མི་འགྲུབ་པར་འགྱུར་ལ། ལོག་རྟོག་བཞི་པོ་དེ་བསལ་ན་རྟོགས་བྱེད་ཀྱི་ཚད་མ་དང། དེའི་རྟོགས་བྱའི་ཡུལ་དང་། དེས་ཡུལ་རྟོགས་པའི་ཚུལ་ལ་སོགས་པ་ཁོང་དུ་ཆུད་པར་འགྱུར་ལ། དེ་ལྟར་ཁོང་དུ་ཆུད་ན། མི་འདོད་པའི་དོན་སྤོང་ཞིང། འདོད་པའི་དོན་མཐའ་དག་འགྲུབ་པར་འགྱུར་བའི་ཕྱིར།

༈ འོ་ན། དེ་ལྟར་ཡིན་ན། ལོག་རྟོག་བཞི་པོ་དེ་སེལ་བྱེད་ཀྱི་གཞུང་གང་ཞེ་ན། འདི་ལ་ལོག་རྟོག་དང་པོ་སེལ་བྱེད་ཀྱི་གཞུང་ངོས་བཟུང་བ་དང་། ལོག་རྟོག་ཕྱི་མ་གསུམ་སེལ་བྱེད་ཀྱི་གཞུང་ངོས་བཟུང་བ་གཉིས། དང་པོ་ལ་ཚད་མ་མདོ་ལས་གསུངས་ཚུལ་དང་། དེ་བསྟན་བཅོས་འདིར་འབྲེལ་ཚུལ་གཉིས། དང་པོ་ནི། ཚད་མ་མདོ་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །དེ་ལ་རབ་སྦྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ནོ། །ཞེས་གསུངས། འདིའི་དོན་ལ་དངོས་བསྟན་གྱི་དབང་དུ་བྱས་པ་དང་། ཤུགས་བསྟན་གྱི་དབང་དུ་བྱས་པ་གཉིས། དང་པོ་ནི། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ། །ཞེས་པས་ཚད་མ་ལ་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་གཉིས་སུ་གྲངས་ངེས་པར་དངོས་སུ་བསྟན། མཚན་ཉིད་གཉིས་གཞལ་བྱ་ཞེས་པས་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་དངོས་སུ་བསྟན། གཉིས་པ་ནི། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ། །ཞེས་པས་ཤུགས་ལ་ཚད་མ་མངོན་སུམ་གཅིག་པུར་གྲངས་ངེས་པ་དང་། ཚད་མ་ལ་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་དང་། སྒྲ་བྱུང་གི་ཚད་མ་གསུམ་དུ་གྲངས་ངེས་པ་ལ་སོགས་པ་བཀག་པ་ཡིན་ཏེ། འགྲེལ་བཤད་རྒྱལ་དབང་བློས། ཚད་མ་དག་ནི་གཉིས་ཁོ་ན་སྟེ། ཚད་མ་གཅིག་དང་གསུམ་རྣམས་བསལ་ཏོ། །ཞེས་གསུངས་པའི་ཕྱིར། མཚན་ཉིད་གཉིས་གཞལ་བྱ། ཞེས་པ་འདིས་ཀྱང་ཤུགས་ལ། ཚད་མ་ལ་མངོན་སུམ་གཅིག་པུར་གྲངས་ངེས་པ་དང་། ཚད་མ་ལ་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་དང་། སྒྲ་བྱུང་གི་ཚད་མ་གསུམ་དུ་གྲངས་ངེས་པ་ལ་སོགས་པ་བཀག་པ་ཡིན་ཏེ། དེ་སྐད་དུ་ཡང་འགྲེལ་བཤད་རྒྱལ་དབང་བློས། ཡང་ན་གཞལ་བྱ་གཉིས་སུ་བསྟན་པས་གཅིག་དང་གསུམ་རྣམས་བཀག་གོ །ཞེས་གསུངས་པའི་ཕྱིར། །

༈ གཉིས་པ་དེ་བསྟན་བཅོས་འདིར་འགྲེལ་བར་བྱེད་པ་ལ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པ་ནས། དྲན་མིན་མ་ཡིན་འཁྲུལ་ཕྱིར་རོ། །ཞེས་པའི་བར་བྱུང་། དེ་ཡང་མངོན་སུམ་དང་ནི་ཞེས་པ་ནས། གཉིས་གཞལ་བྱ། ཞེས་པའི་བར་གྱི་དོན་མདོར་བསྟན་གྱི་ཚུལ་གྱིས་འཆད་པར་བྱེད་པ་ལ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པ་འདི་བྱུང་། གཞལ་བྱ་ཞེས་སོགས་འདིའི་རྟགས་བསྒྲུབ་པ་ལ། དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་པ་ནས། ཚད་མ་ཉིད་དུ་རྣམ་པར་བཞག །ཅེས་པའི་བར་བྱུང་། འདིའི་ཁྱབ་སྒྲུབ་དེ་འཆད་པ་ལ། གང་ལ་དོན་གྱི་ནུས་པ་ལས། །ཞེས་པ་ནས། སྒྲུབ་བྱེད་གཅིག་ཏུ་ངེས་པ་ཡིན། །ཞེས་པའི་བར་བྱུང་། དེ་གཉིས་ཀྱི་དོན་བསྡུ་འཆད་པར་བྱེད་པ་ལ། མངོན་སུམ་ལྐོག་ཏུ་གྱུར་པ་ལས། །ཞེས་སོགས་རྐང་པ་བཞི་བྱུང། གཞན་ལུགས་ཀྱི་ཚད་མའི་གྲངས་ངེས་འགོག་པར་བྱེད་པ་ལ། གཞལ་བྱ་གཉིས་ནི་མཐོང་བའི་ཕྱིར། །ཞེས་པ་ནས། དེ་ཕྱིར་དེ་ལ་རྗེས་དཔག་གཉིས། །ཞེས་པའི་བར་བྱུང་། མདོ་རང་འགྲེལ་ལས། གལ་ཏེ་མི་རྟག་ཅེས་བྱ་བ་ལ་སོགས་པའི་རྣམ་པའི་ཁ་དོག་ལ་སོགས་པ་འཛིན་པ་དང་། ལན་ཅིག་མ་ཡིན་པར་འཛིན་པ་དེ་ཇི་ལྟར་ཞེ་ན་ཞེས་པའི་དོན་འཆད་པར་བྱེད་པ་ལ། གཞལ་བྱ་ངེས་ན་ཁ་དོག་ནི། །ཞེས་པ་དང་། དྲན་མིན་མ་ཡིན་འཁྲུལ་ཕྱིར་རོ། །ཞེས་པའི་བར་བྱུང་། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་རྟགས་སྒྲུབ་པ་ལ་ཡང་། རྟགས་ཀྱི་ངོ་བོའི་སྒོ་ནས་སྒྲུབ་པའི་རིགས་པ། ཡུལ་ཅན་བློའི་སྒོ་ནས་སྒྲུབ་པའི་རིགས་པ། ཡུལ་ཅན་སྒྲའི་སྒོ་ནས་སྒྲུབ་པའི་རིགས་པ། བྱེད་ལས་ཀྱི་སྒོ་ནས་སྒྲུབ་པའི་རིགས་པ་དང་བཞི། དང་པོ་འཆད་པར་བྱེད་པ་ལ། དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་པ་འདི་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། འདྲ་དང་མི་འདྲ་ཉིད་ཕྱིར་དང་། །ཞེས་པ་འདི་བྱུང་། གསུམ་པ་འཆད་པར་བྱེད་པ་ལ། སྒྲ་ཡི་ཡུལ་དང་ཡུལ་མིན་ཕྱིར། །ཞེས་པ་འདི་བྱུང་། བཞི་པ་འཆད་པར་བྱེད་པ་ལ། རྒྱུ་མཚན་གཞན་ནི་ཡོད་པ་ན། །ཞེས་སོགས་རྐང་པ་གཉིས་བྱུང་། རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པ་མི་འཐད་པར་ཐལ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྣང་བའི་སྐྲ་ཤད་དེ། རང་སྤྱི་གང་ཡང་མ་ཡིན་པའི་གཞལ་བྱ་ཡིན་པའི་ཕྱིར། དེ་གཞལ་བྱ་ཡིན་ཏེ། དེ་རང་འཛིན་གྱི་བློ་ལ་སྣང་བའི་ཕྱིར། དེ་རང་མཚན་མ་ཡིན་ཏེ། དོན་བྱེད་མི་ནུས་པའི་ཕྱིར། དེ་སྤྱི་མཚན་མ་ཡིན་ཏེ། བློ་ལ་གསལ་བར་སྣང་བའི་ཕྱིར་ཟེར་ན། དེ་འདྲའི་དབང་ཤེས་ལ་སྣང་བའི་སྐྲ་ཤད་ཆོས་ཅན། གཞལ་བྱ་མ་ཡིན་ཏེ། གཞལ་བྱར་ཚད་མས་མ་དམིགས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། སྐྲ་ཤད་ལ་སོགས་དོན་མིན་ཏེ། །ཞེས་སོགས་རྐང་པ་གཉིས་བྱུང་། དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་སོགས་རྐང་པ་བཞིའི་ཁྱབ་སྒྲུབ་འཆད་པར་བྱེད་པ་ལ། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ཡང་དང་པོའི་དབང་དུ་བྱས་ནས། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་པ་འདི་བྱུང་། གཉིས་པའི་དབང་དུ་བྱས་ནས། ཐུན་མོང་མ་ཡིན་སྣང་བ་གང་། དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་པ་འདི་བྱུང་། གསུམ་པའི་དབང་དུ་བྱས་ནས། སྒྲ་ཡི་ཡུལ་དང་ཡུལ་མིན་ཕྱིར། །ཞེས་པ་འདི་བྱུང་། བཞི་པའི་དབང་དུ་བྱས་ནས་རྒྱུ་མཚན་གཞན་ཡོད་བློ་མེད་གང་། །ཞེས་སོགས་འདོན་པ་བསྒྱུར་དགོས་པ་ཡིན་ཏེ། ཤཱཀྱའི་འགྲེལ་པ་ལས། མདོར་ན། དོན་བྱེད་ནུས་པ་སྨོས་པས་ནི་ཉེ་བར་མཚོན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཁྱབ་སྒྲུབ་དང་པོའི་དབང་དུ་བྱས་ནས། གཞལ་བྱ་ལ་དོན་བྱེད་ནུས་པ་དང་མི་ནུས་པའི་ཆོས་གཉིས་སུ་གྲངས་ངེས་ན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཁྱབ་སྟེ། དོན་བྱེད་ནུས་པ་དེ་རྟོག་པས་སྒྲོ་མ་བཏགས་པར་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དང་། དོན་བྱེད་མི་ནུས་པའི་ཆོས། རྟོག་པས་སྒྲོ་བཏགས་པའི་ཆོས་གང་ཞིག །རྟོག་པས་སྒྲོ་མ་བཏགས་པར་ཞེས་སོགས་དེ། རང་མཚན་གྱི་མཚན་ཉིད་དང་། གཅིག་ཤོས་དེ་སྤྱི་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྒྲུབ་གཉིས་པའི་དབང་དུ་བྱས་ན། གཞལ་བྱ་ལ་རང་སྣང་ཡུལ་དུ་བྱེད་པའི་བློ་ངོར་ཆོས་གཞན་ལ་རྗེས་འགྲོ་བྱེད་པར་སྣང་བ་དང་། དེ་ལྟར་མི་བྱེད་པར་སྣང་བའི་ཆོས་གཉིས་སུ་གྲངས་ངེས་ན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པས་ཁྱབ་སྟེ། རང་སྣང་ཡུལ་དུ་བྱེད་པའི་བློ་ངོར་ཆོས་གཞན་ལ་རྗེས་འགྲོ་མི་བྱེད་པར་སྣང་བ་དེ། རྟོག་པས་སྒྲོ་མ་བཏགས་པར་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ། གཅིག་ཤོས་དེ་རྟོག་པས་སྒྲོ་བཏགས་པའི་ཆོས་ཡིན་པ་གང་ཞིག །རྟོག་པས་སྒྲོ་མ་བཏགས་པ་ཞེས་སོགས་དེ་རང་མཚན་གྱི་མཚན་ཉིད་དང་། གཉིས་པ་དེ་སྤྱི་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྒྲུབ་གསུམ་པའི་དབང་དུ་བྱས་ན། གཞལ་བྱ་ལ་རྟོག་པའི་སྣང་ཡུལ་དུ་གྱུར་པའི་སྒོ་ནས་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་དང་། དེར་གྱུར་པའི་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་མ་ཡིན་པའི་ཆོས་གཉིས་སུ་གྲངས་ངེས་ན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པས་ཁྱབ་སྟེ། དང་པོ་དེ་རྟོག་པས་སྒྲོ་མ་བཏགས་པར་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ། གཅིག་ཤོས་དེ་རྟོག་པས་སྒྲོ་བཏགས་པའི་ཆོས་ཡིན་པ་གང་ཞིག །དང་པོ་དེ་རང་མཚན་གྱི་མཚན་ཉིད་དང་། གཉིས་པ་དེ་སྤྱི་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྒྲུབ་བཞི་པའི་དབང་དུ་བྱས་ན། གཞལ་བྱ་ལ་བཟུང་དོན་རང་མཚན་ལ་ལྟོས་པའི་རྟོག་མེད་ཀྱི་ཤེས་པའི་སྣང་ཡུལ་དང་། དེ་ལ་མི་ལྟོས་པར་རང་རྒྱུ་བརྡ་དྲན་པ་ལ་ལྟོས་པའི་རྟོག་པའི་སྣང་ཡུལ་གཉིས་སུ་གྲངས་ངེས་ན། གཞལ་བྱ་རང་མཚན་དང་སྤྱི་མཚན་གཉིས་སུ་གྲངས་ངེས་པས་ཁྱབ་སྟེ། དང་པོ་དེ་རྟོག་པས་སྒྲོ་མ་བཏགས་པར་ཞེས་སོགས་དང་། གཅིག་ཤོས་དེ་རྟོག་པས་སྒྲོ་བཏགས་པའི་ཆོས་གང་ཞིག །དང་པོ་དེ་རང་མཚན་གྱི་མཚན་ཉིད། གཅིག་ཤོས་སྤྱི་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། །

དོན་དམ་དུ་ཡོད་པའི་མཚན་གཞི་ལ་རྩོད་པ་སྤོང་ཚུལ།

༈ རྩོད་པ་སྤོང་བ་ལ། རང་རེས་གོང་དུ། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་དོན་དམ་པར་དོན་བྱེད་ནུས་པ། དོན་དམ་དུ་ཡོད་པའི་མཚན་གཞིར་བསྟན་པ་ལ། ཐལ་འགྱུར་པ་ན་རེ། དོན་དམ་པར་དོན་བྱེད་ནུས་པ་དོན་དམ་དུ་ཡོད་པའི་མཚན་གཞིར་འཛིན་པ་མི་འཐད་པར་ཐལ། དོན་དམ་པར་དོན་བྱེད་ནུས་པའི་ཆོས་མེད་པའི་ཕྱིར་ཏེ། བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་ཐམས་ཅད་ནུས་མེད་ན། །ཞེས་པ་འདི་བྱུང་། དོན་དམ་པར་དོན་བྱེད་ནུས་པའི་ཆོས་ཡོད་པར་ཐལ། ས་བོན་གྱིས་མྱུ་གུ་སྐྱེད་པའི་ནུས་པ་མངོན་སུམ་ཚད་མས་མཐོང་བའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་། ཞེས་པ་འདི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། ས་བོན་གྱིས་མྱུ་གུ་སྐྱེད་པའི་ནུས་པ་དེ་ཀུན་རྫོབ་ཙམ་དུ་གྲུབ་པ་ཡིན་ནོ། །ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་དེ་ཀུན་རྫོབ། འདོད་ན། ཞེས་པ་འདི་བྱུང་། འདོད་ན། ས་བོན་གྱིས་མྱུ་གུ་སྐྱེད་པའི་ནུས་པ་དེ་ཆོས་ཅན། ཀུན་རྫོབ་ཙམ་དུ་མ་གྲུབ་པར་ཐལ། རྟོག་པས་སྒྲོ་མ་བཏགས་པར་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཅི་སྟེ་དེ་ལྟར་འགྱུར། ཞེས་པ་འདི་བྱུང་། ཡང་རང་རེས་གོང་དུ། གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །ཞེས་དོན་བྱེད་མི་ནུས་པའི་ཆོས། ཀུན་རྫོབ་ཙམ་དུ་ཡོད་པར་ཁས་བླངས་པ་ལ། ཁོ་ན་རེ། དེ་མི་འཐད་པར་ཐལ། རང་མཚན་དང་སྤྱི་མཚན་ཐམས་ཅད་ཀྱིས་རང་འཛིན་ཤེས་པ་སྐྱེད་ནུས་པའི་ཕྱིར། ཞེས་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་ཀུན་ལ་དེ་ཡོད་ན། །ཞེས་པ་འདི་བྱུང་། འདོད་ན། སྤྱི་མཚན་ཆོས་ཅན། ཁྱོད་རང་འཛིན་ཤེས་པ་སྐྱེད་བྱེད་མ་ཡིན་པར་ཐལ། རང་འཛིན་ཤེས་པ་དེ་ཁྱོད་ལ་ཕན་འདོགས་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། སྤྱི་ཡི་མཚན་ཉིད་རྗེས་འགྲོ་ལྡོག །ཞེས་སོགས་རྐང་པ་གཉིས་བྱུང་། དེའི་མཐུན་དཔེ་ནི། དཔེར་ན། གཟུགས་འཛིན་མིག་ཤེས་དེ་རང་གི་རྐྱེན་གསུམ་ཕན་འདོགས་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་རྒྱུ་མཚན་གྱིས། དེའི་རྐྱེན་གསུམ་དེའི་རྒྱུ་ཡིན་པའི་དཔེ་འདི་བཞིན་ནོ། །ཞེས་འཆད་པར་བྱེད་པ་ལ། མིག་དང་གཟུགས་སོགས་བློ་བཞིན་ནོ། །ཞེས་པ་འདི་བྱུང་། འོ་ན། སྤྱི་མཚན་གྱིས་རང་འཛིན་ཤེས་པ་སྐྱེད་མི་ནུས་པར་བསྟན་པ་ལ་དགོས་པ་གང་ཡོད་ཅེ་ན། དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། བུམ་པ་འདེགས་པར་འཛིན་པའི་རྟོག་པ་དང་། བུམ་པ་འཇོག་པར་འཛིན་པའི་རྟོག་པ་དང་། བུམ་པའི་སྤྱི་འཛིན་པའི་རྟོག་པ་དང་། དེའི་གྲངས་འཛིན་པའི་རྟོག་པ་དང་། བུམ་པའི་མཚན་མ་འཛིན་པའི་རྟོག་པ་རྣམས་ཀྱི་གཟུང་དོན་མེད་དོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། བུམ་པ་འདེགས་དང་སྤྱི་དང་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་ན་རྟོག་པ་དེ་རྣམས་རྒྱུ་མེད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། རྟོག་པ་དེ་རྣམས་རང་རྒྱུ་བརྡ་དང་རྩོལ་བ་སོགས་ལ་བརྟེན་ནས་བྱུང་བའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེས་ནི་བརྡ་དང་རྩོལ་བ་སོགས། །ཞེས་སོགས་རྐང་པ་གཉིས་བྱུང་། ཡང་རང་རེས་གོང་དུ། གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །ཞེས་བཤད་པ་ལ་ཁ་ཅིག་ན་རེ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྣང་བའི་སྐྲ་ཤད་ཆོས་ཅན། སྤྱི་མཚན་དུ་ཐལ། དོན་བྱེད་མི་ནུས་པའི་ཕྱིར་ཞེ་ན། དེ་ལ་མ་ཁྱབ་པའི་ལན་འདེབས་པ་ལ། སྐྲ་ཤད་སོགས་ནི་སྤྱི་མིན་ཏེ། །ཞེས་སོགས་རྐང་པ་གཉིས་བྱུང་། དེའི་དོན་ནི། དེ་ལ་སྣང་བའི་སྐྲ་ཤད་ཆོས་ཅན། སྤྱི་མཚན་མ་ཡིན་པར་ཐལ། གཞལ་བྱར་ཚད་མས་མ་གྲུབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། ནམ་མཁའ་ཆོས་ཅན། སྤྱི་མཚན་མ་ཡིན་པར་ཐལ། གཞལ་བྱར་ཚད་མས་མ་གྲུབ་པའི་ཕྱིར་ཟེར་ན། རྟགས་མ་གྲུབ་སྟེ། ནམ་མཁའ་དེ་ཤེས་བྱར་ཚད་མས་འཛིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཤེས་བྱར་འཛིན་པ་མེད་པ་ལ། །ཞེས་སོགས་རྐང་པ་གཉིས་བྱུང་། ཁོ་ན་རེ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྐྲ་ཤད་སྣང་བ་དེ་གཞལ་བྱ་མ་ཡིན་པར་ཐལ། དེ་ལ་སྣང་བའི་སྐྲ་ཤད་གཞལ་བྱ་མ་ཡིན་པའི་ཕྱིར་ཟེར་ན། དེ་ལ་མ་ཁྱབ་པའི་ལན་འདེབས་པར་བྱེད་པ་ལ། དེ་དག་གི་ཡང་དེ་ལྟའི་དངོས། །བཀག་མེད། ཅེས་པ་འདི་བྱུང་། ཡང་ཁོ་ན་རེ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྐྲ་ཤད་གསལ་བར་སྣང་བའི་རྣམ་པ་དེ། གཞལ་བྱ་ཡིན་པར་ཐལ། དེ་འདྲའི་དབང་ཤེས་ལ་སྐྲ་ཤད་སྣང་བ་དེ་གཞལ་བྱ་ཡིན་པའི་ཕྱིར་ཟེར་ན། དེ་ལ་འདོད་ལན་སྟོན་པར་བྱེད་པ་ལ། གསལ་བར་སྣང་བ་ཉིད། ཅེས་སོགས་རྐང་པ་ཕྱེད་དང་གཉིས་བྱུང་། ཡང་ཁོ་ན་རེ། སྐྲ་ཤད་འཛིན་པའི་རྟོག་པ་ལ་སྐྲ་ཤད་སྣང་བ་དེ་སྤྱི་མཚན་དུ་ཐལ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྐྲ་ཤད་སྣང་བ་དེ་སྤྱི་མཚན་ཡིན་པའི་ཕྱིར། འདོད་ན། སྐྲ་ཤད་འཛིན་པའི་རྟོག་པ་ལ་སྣང་བའི་སྐྲ་ཤད་དེ་སྤྱི་མཚན་དུ་ཐལ། འདོད་པའི་ཕྱིར་ན། དེ་ལ་མ་ཁྱབ་པའི་ལན་སྟོན་པ་ལ། སྐྲ་སོགས་ཞེས་བྱའི་བློ་དག་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། རང་རེས། གསལ་བར་སྣང་བ་ཉིད། ཅེས་པའི་སྐབས་སུ་སྐྲ་ཤད་འཛག་སྣང་གི་དབང་ཤེས་ཀྱི་གཟུང་རྣམ་དེ་ཤེས་པའི་རྫས་སུ་ཁས་བླངས་པ་ལ། འོ་ན། སྐྲ་ཤད་འཛག་སྣང་གི་དབང་ཤེས་ཀྱི་གཟུང་དོན་ཡོད་པར་ཐལ། དེའི་གཟུང་རྣམ་དེ་ཤེས་པའི་རྫས་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ་པའི་ལན་སྟོན་པར་བྱེད་པ་ལ། སྐྲར་སྣང་དོན་མེད་ཅན་ཡིན་ནོ། །ཞེས་པ་འདི་བྱུང་། ཡང་རང་རེས། གསལ་བར་སྣང་བ་ཉིད། །ཅེས་པའི་སྐབས་སུ་ཤེས་པའི་རྫས་ཡིན་ན། རང་མཚན་ཡིན་པའི་ཁྱབ་པ་ཁས་བླངས་པ་ལ། ཁོ་ན་རེ། བུམ་འཛིན་རྟོག་པའི་རྣམ་པ་ཆོས་ཅན། རང་མཚན་དུ་ཐལ། ཤེས་པའི་རྫས་ཡིན་པའི་ཕྱིར་ཟེར་ན། ཁྱོད་ཀྱི་དེ་གང་ལ་བྱེད། བུམ་འཛིན་རྟོག་པའི་གཟུང་རྣམ་ཆོས་ཅན། རང་མཚན་དུ་ཐལ། ཤེས་པའི་རྫས་ཡིན་པའི་ཕྱིར་རམ། རྟོག་པ་ལ་བུམ་པར་སྣང་བ་ཆོས་ཅན། རང་མཚན་དུ་ཐལ། ཤེས་པའི་རྫས་ཡིན་པའི་ཕྱིར། ཞེས་ཟེར་བ་གང་ཡིན། དང་པོ་ལྟར་ན། དེ་འདྲའི་ཐལ་འགྱུར་དེ་དཔལ་ལྡན་ཆོས་གྲགས་ལ་གནོད་བྱེད་ཡང་དག་ཏུ་མི་འཇུག་སྟེ། དཔལ་ལྡན་ཆོས་གྲགས་ཀྱིས་དེ་འདྲའི་ཐལ་འགྱུར་ལ་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གལ་ཏེ་སྤྱི་ནི་ཤེས་ངོ་བོའི། །ཞེས་སོགས་རྐང་པ་གསུམ་བྱུང་། གཉིས་པ་ལྟར་ཡིན་ནོ་ཟེར་ན། དེ་འདྲའི་ཐལ་འགྱུར་དཔལ་ལྡན་ཆོས་གྲགས་ལ་གནོད་བྱེད་ཡང་དག་ཏུ་མི་འཇུག་སྟེ། དེས་དེ་འདྲའི་ཐལ་འགྱུར་ལ་རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཕྱིར་ཏེ། རྟོག་པ་ལ་བུམ་པར་སྣང་བ་དེ་གསེར་བུམ་ཟངས་བུམ་སོགས་ལ་རྗེས་སུ་འགྲོ་བའི་སྤྱི་མཚན་དངོས་མེད་པ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དོན་གྱི་ངོ་བོ་ཉིད་ཀྱི་སྤྱི། །ཞེས་སོགས་རྐང་པ་གསུམ་བྱུང་། །

གཞལ་བྱའི་རྟགས་ལས་ཚད་མའི་གྲངས་ངེས་སྒྲུབ་ཚུལ་ལ་མཐའ་དཔྱད་པ།

༈ དེས་ན། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་སྐབས་སུ་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་པའི་གཞུང་འདིས། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས་ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་བསྟན་པ་ཡིན་ནོ། །ཟེར་ན། འོ་ན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས། ཚད་མ་ལ་དེ་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་ཕྱོགས་ཆོས་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། གཞལ་བྱ་ལ་དེ་གཉིས་སུ་གྲངས་ངེས་པ་དེ་དེ་སྐོར་གྱི་ཕྱོགས་ཆོས་སུ་ཐལ་ལོ། །འདོད་ན། དེ་དེ་སྐོར་གྱི་རྗེས་ཁྱབ་ཏུ་ཐལ། འདོད་པ་གང་ཞིག །གཞལ་བྱ་ལ་དེ་གཉིས་སུ་གྲངས་ངེས་ན་ཚད་མ་ལ་དེ་གཉིས་སུ་གྲངས་ངེས་པས་ཁྱབ་པའི་ཕྱིར། འདོད་ན། དེ་དེ་སྐོར་གྱི་རྟགས་ཡང་དག་ཏུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྐོར་གྱི་རྟགས་ཡང་དག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྐོར་གྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པར་ཐལ་ལོ། །འདོད་ན། ཚད་མ་དེ་དེ་ཡིན་པར་ཐལ་ལོ། །འདོད་ན། དེ་ཆོས་ཅན། རང་ཉིད་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་ཏེ། རང་ཉིད་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ་དེ་སྐོར་གྱི་རྟགས་སྦྱོར་རྣམ་དག་ཏུ་ཐལ་ལོ། །འདོད་ན། དེ་འདྲའི་རྟགས་སྦྱོར་གྱི་ཁྱབ་པ་གྲུབ་པར་ཐལ་ལོ། །འདོད་ན། རྣམ་མཁྱེན་ཆོས་ཅན། རང་ཉིད་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་ཐལ། རང་ཉིད་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པ་དེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་སྒྲུབ་ནུས་ཀྱི་གཏན་ཚིགས་ཡིན་པར་ཐལ། དེའི་རྟགས་ཀྱིས་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་སྒྲུབ་ནུས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྟགས་ལས་ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། ཁོ་རང་ལ། སངས་འཕགས་དེ་སྒྲ་མི་རྟག་པར་སྒྲུབ་ནུས་ཀྱི་གཏན་ཚིགས་ཡིན་པར་ཐལ། སངས་འཕགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་ནུས་པ་གང་ཞིག །སངས་འཕགས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཁས། དང་པོ་གྲུབ་སྟེ། སངས་འཕགས་དེས་སྒྲ་མི་རྟག་པར་རིགས་པ་ཡང་དག་ལ་བརྟེན་ནས་སྒྲུབ་ནུས་པའི་ཕྱིར་ཏེ། དེས་དེ་དངོས་སྟོབས་ཀྱི་རིགས་པ་ཡང་དག་ལ་བརྟེན་ནས་སྒྲུབ་ནུས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་ལྟར་སྣང་གཞན་དག་ལ། །རང་འདོད་ཉིད་ནི་སྒྲུབ་མེད་ཕྱིར། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས་ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་ཁྱབ་པ་གྲུབ་པར་ཐལ། དེ་ལ་དེ་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས། ཚད་མ་ལ་དེ་གཉིས་སུ་གྲངས་ངེས་པར་སྒྲུབ་ནུས་པའི་ཕྱིར། འདོད་ན། དེའི་རྟགས་ལས་ཚད་མ་ལ་དེ་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་རྟགས་སྦྱོར་གྱི་ཁྱབ་པ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚད་མ་ཆོས་ཅན། རང་ཉིད་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་ཏེ། རང་ཉིད་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་ཁྱབ་པ་གྲུབ་པར་ཐལ། འདོད་པ་གང་ཞིག །རྟགས་སྦྱོར་དེ་དེ་སྐོར་གྱི་རྟགས་སྦྱོར་ཡིན་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། དེ་སྐོར་གྱི་རྟགས་སྦྱོར་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང་། ཁོ་ན་རེ། གཞལ་བྱ་ལ་དེ་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་རྟོགས་པའི་རྗེས་དཔག་ཡོད་པར་ཐལ། དེ་ལྟར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། འདོད་ན། དེ་འདྲའི་རྗེས་དཔག་ཆོས་ཅན། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། འདོད་ན། གཞལ་བྱ་ལ་དེ་གཉིས་སུ་གྲངས་ངེས་པའི་རྟགས་ལས། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་ངེས་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། མཁས་པ་ཉ་དཔོན་གྱི་གསུང་ནས། ཚད་མའི་དབྱེ་བ་བྱེད་པ་དེ། གཞལ་བྱ་ལ་དེ་གཉིས་སུ་གྲངས་ངེས་པའི་རྟགས་ལས་ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་ཅིང་། རྟགས་སྦྱོར་བཀོད་པའི་ཚེ་ན། ཚད་མའི་དབྱེ་བ་བྱེད་པའི་ཚེ་ན་ཆོས་ཅན། ཚད་མ་ལ་དེ་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་རྣམ་དག་འགོད་པ་ཡིན་ནོ་ཟེར་ན། ཚད་མའི་དབྱེ་བ་བྱེད་པའི་ཚེ་ན་ཆོས་ཅན། ཞེས་སོགས་ཀྱི་རྟགས་སྦྱོར། རྟགས་སྦྱོར་རྣམ་དག་མ་ཡིན་པར་ཐལ། ཚད་མའི་དབྱེ་བ་བྱེད་པའི་ཚེ་ན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། ཚད་མའི་གྲངས་ངེས་ཚད་མས་ངེས་པའི་གང་ཟག་ཡིན་ན། ཚད་མའི་དབྱེ་བ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་ལ་དེ་གཉིས་སུ་འབྱེད་རིགས་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་དངོས་ཁྱབ་གྲུབ་པར་ཐལ། དེའི་རྟགས་ལས། ཚད་མ་དེ་ལ་གཉིས་སུ་གྲངས་ངེས་པར་སྒྲུབ་ནུས་པའི་ཕྱིར། འདོད་ན། དེ་སྐོར་གྱི་རྟགས་སྦྱོར་གྱི་དངོས་ཁྱབ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚད་མ་ཆོས་ཅན། རང་ཉིད་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་ཏེ། རང་ཉིད་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་གྱི་དངོས་ཁྱབ་གྲུབ་པར་ཐལ། འདོད་པ་གང་ཞིག །དེ་འདྲའི་རྟགས་སྦྱོར་དེ་དེ་སྐོར་གྱི་རྟགས་སྦྱོར་ཡིན་པའི་ཕྱིར་ཏེ། དེ་སྐོར་གྱི་རྟགས་སྦྱོར་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པས་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི་དེ་སྐོར་གྱི་རྟགས་སྦྱོར་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། ཚད་མ་ཆོས་ཅན། རང་ཉིད་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་ཏེ། རང་ཉིད་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་ཚད་མས་གྲུབ་པར་ཐལ། ཁྱོད་གཞལ་བྱ་ལ་དེ་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས། ཚད་མ་ལ་དེ་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་རྟགས་སྦྱོར་གང་ཞིག །དེ་སྐོར་གྱི་ཁྱབ་པ་ཚད་མས་གྲུབ་པའི་ཕྱིར། དེར་ཡང་མ་ཟད། ཚད་མ་ཆོས་ཅན། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། ཚད་མ་དེ་ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་དུ་ཐལ། ཚད་མ་ཆོས་ཅན། རང་ཉིད་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་ཏེ། རང་ཉིད་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི་ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་རྟགས་སྦྱོར་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཚད་མ་ལ་དེ་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་བཀོད་པའི་ཚེ། ཤེས་བྱ་དེ། གཞལ་བྱ་ལ་དེ་གཉིས་སུ་གྲངས་ངེས་པའི་རྟགས་ལས། ཚད་མ་ལ་དེ་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་དུ་ཐལ་ལོ། །འདོད་ན། ཤེས་བྱ་དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་དུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཚད་མ་དེ་དེ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཤེས་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་དུ་ཐལ། ཤེས་བྱ་ཆོས་ཅན། སྒྲ་མི་རྟག་སྟེ། སྒྲ་བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། ཤེས་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་འདྲའི་རྟགས་སྦྱོར་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྟགས་སྦྱོར་གྱི་བསྒྲུབ་བྱ་གྲུབ་པའི་ཕྱིར་ཏེ། ཤེས་བྱ་ཆོས་ཅན། སྒྲ་མི་རྟག་པ་ཡིན་པར་ཐལ། སྒྲ་བྱས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་གསལ་བ་གྲུབ་པའི་ཕྱིར་ན་མ་ཁྱབ། ཁོ་རང་ལ། ཤེས་བྱ་ཆོས་ཅན། སྒྲ་མི་རྟག་སྟེ། སྒྲ་བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་མ་ཡིན་པར་ཐལ། དེ་ཤེས་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ཡིན་པའི་ཕྱིར་ཏེ། ཤེས་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ཡོད་པའི་ཕྱིར། གཞན་ཡང་། སྒྲ་མི་རྟག་སྟེ། སྒྲ་བྱས་པའི་ཕྱིར་ཞེས་པའི་རྟགས་སྦྱོར་དེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་དུ་ཐལ། ཤེས་བྱ་ཆོས་ཅན། སྒྲ་མི་རྟག་སྟེ། སྒྲ་བྱས་པའི་ཕྱིར་ཞེས་པའི་རྟགས་སྦྱོར་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་རྟགས་སྦྱོར་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་དེར་ཐལ་ལོ། །འདོད་ན། བུམ་པ་མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་རྟགས་སྦྱོར་འདི་བྱས་རྟགས་ཀྱིས་བུམ་པ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་ཚད་མས་གྲུབ་པར་ཐལ། ཁྱོད་བྱས་པའི་རྟགས་ཀྱིས་བུམ་པ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་ཡིན་པའི་ཕྱིར། འདོད་ན། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་སོ། །རང་རེས། མདུན་གྱི་གཞི་འདིར་ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཡིན་ཞིང་། མདུན་གྱི་གཞི་འདི་ཆོས་ཅན། ཚད་མ་ལ་དེ་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི་ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་རྟགས་སྦྱོར་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། མདུན་གྱི་གཞི་འདིར། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རང་སྤྱི་གང་རུང་ཡིན་ན། མདུན་གྱི་གཞི་འདིར། གཞལ་བྱ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། རྒྱ་གར་རྡོ་རྗེ་གདན་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁོ་རང་ལ། མདུན་གྱི་གཞི་འདིར་གཞལ་བྱ་མ་ཡིན་པ་དང་། རང་སྤྱི་གང་རུང་གི་གཞི་མཐུན་ཡོད་པར་ཐལ། མདུན་གྱི་གཞི་འདིར་གཞལ་བྱ་ལ་དེ་གཉིས་སུ་གྲངས་མ་ངེས་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཀྱང་ཡིན། ཤ་ཟ་ཚད་མས་ངེས་པའི་གང་ཟག་ཀྱང་ཡིན་པའི་གཞི་མཐུན་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། མདུན་གྱི་གཞི་འདི་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཀྱང་ཡིན། དེ་ཚད་མས་ངེས་པའི་གང་ཟག་ཀྱང་ཡིན་པའི་གཞི་མཐུན་པའི་དགག་གཞི་ཡིན་པའི་ཕྱིར། གཞན་ཡང་། མདུན་གྱི་གཞི་འདིར་གཞལ་བྱ་མ་ཡིན་པ་གང་ཞིག །རང་སྤྱི་གང་རུང་ཡིན་ན། དེར་གཞལ་བྱ་མ་ཡིན་པ་དང་། དེ་གང་རུང་གི་གཞི་མཐུན་ཡིན་དགོས་པར་ཐལ། མདུན་གྱི་གཞི་འདིར་དེ་འདྲའི་གཞི་མཐུན་ཡོད་པའི་ཕྱིར། འདོད་ན། དེར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གང་ཞིག །ཤ་ཟ་ཚད་མས་ངེས་པའི་གང་ཟག་ཡིན་ན་དེ་བསྐལ་དོན་དུ་སོང་བའི་གང་ཟག་དང་། དེ་ཚད་མས་ངེས་པའི་གང་ཟག་གི་གཞི་མཐུན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་འདྲ་བའི་གཞི་མཐུན་པ་མ་ཡིན་པར་ཐལ། དེའི་དགག་གཞི་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཚད་མ་མངོན་རྗེས་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་རྟགས་ཡང་དག་ཡོད་ཟེར་ན། ཚད་མ་མངོན་རྗེས་གཉིས་སུ་ཡོད་པར་ཐལ། དེ་དེ་གཉིས་སུ་གྲངས་ངེས་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར་ཏེ། འདོད་ན། མངོན་རྗེས་གཉིས་ཡིན་པ་ཡོད་པར་ཐལ་ལོ། །ཁ་ཅིག་ན་རེ། ཚད་མ་ཆོས་ཅན། ཁྱོད་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་ཏེ། ཁྱོད་ཚད་མ་གང་ཞིག །ཁྱོད་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་པའི་སྦྱོར་བ་འདི། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་གཞུང་གི་དོན་སྦྱོར་རྣམ་དག་ཡིན་ཟེར་ན། རྣམ་མཁྱེན་ཆོས་ཅན། ཁྱབ་པ་ལ་དེར་ཐལ། དེའི་ཕྱིར། ཕྱི་མ་གྲུབ་སྟེ། རྣམ་མཁྱེན་གྱི་གཞལ་བྱ་ལ་དེ་གཉིས་སུ་གྲངས་ངེས་པའི་ཕྱིར་ཏེ། དེའི་གཞལ་བྱ་དང་རང་སྤྱི་གང་རུང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྣམ་མཁྱེན་དུ་གྱུར་པའི་རྗེས་དཔག་ཡོད་པར་ཐལ་ལོ། །གཞན་ཡང་། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཚད་མ་ཆོས་ཅན། ཁྱབ་པ་ལ་དེར་ཐལ། དེའི་ཕྱིར། ཕྱི་མ་གྲུབ་སྟེ། དེའི་རྒྱུད་ཀྱི་ཚད་མའི་གཞལ་བྱ་དང་རང་སྤྱི་གང་རུང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་མངོན་རྗེས་ཀྱི་ཚད་མ་གཉིས་ཀྱི་དབྱེ་གཞི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མངོན་རྗེས་ཀྱི་ཚད་མ་གཉིས་པོ་དེའི་རྒྱུད་ཀྱི་ཚད་མར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་ཐལ། དེ་ལ་དེ་གཉིས་སུ་འབྱེད་རིགས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལ་དེ་གཉིས་སུ་དབྱེ་བ་ཡོད་པའི་ཕྱིར་ཏེ། སྔོ་སེར་དཀར་དམར་སྣ་ཚོགས་པའི་སྟེང་གི་ཁྲ་བོ་དེ་ལ། སྔོན་པོ། སེར་པོ། དཀར་པོ། དམར་པོ་ལ་སོགས་པའི་དབྱེ་བ་ཡོད་པའི་ཕྱིར་ཏེ། སྔོ་སོགས་རྣམ་པར་དབྱེ་བ་ཡིས། །རྣམ་ཁྲ་ལ་སོགས་དག་ལའང་མཚུངས། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། མངོན་རྗེས་གཉིས་ལས་དོན་གཞན་པའི་ཚད་མ་མེད་པ་དེ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པའི་དོན་ཡིན་ཟེར་ན། དེ་གཉིས་ལས་དོན་གཞན་པའི་ཚད་མ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ཀྱི་འབྲས་བུར་གྱུར་པའི་རྣམ་མཁྱེན་དེ་དེ་གཉིས་ལས་དོན་གཞན་དུ་འགྱུར་བའི་ཚད་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཚད་མ་ཡིན་ན། མངོན་རྗེས་གང་རུང་ཡིན་དགོས་པ་དེ། དེ་ལ་དེ་གཉིས་སུ་གྲངས་ངེས་པའི་དོན་ཡིན་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། ཚད་མ་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་དེ་མངོན་སུམ་གྱི་སྣང་ཡུལ་དུ་ཐལ། ཁྱོད་མངོན་སུམ་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེར་ཐལ། དེ་གང་རུང་གང་ཞིག །རྗེས་དཔག་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར། རྩ་བར་འདོད་ན། ཚད་མའི་སྣང་ཡུལ་ཆོས་ཅན། རྟོག་མེད་ཀྱི་ཤེས་པའི་སྣང་ཡུལ་དུ་ཐལ། འདོད་པའི་ཕྱིར། འདོད་ན། རང་མཚན་དུ་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། གཞལ་བྱ་ལ་རྟོག་པའི་སྣང་ཡུལ་དང་རྟོག་མེད་ཀྱི་ཤེས་པའི་སྣང་ཡུལ་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་སྒྲུབ་ནུས་པའི་ཕྱིར་ཏེ། རྒྱུ་མཚན་གཞན་ནི་ཡོད་པ་ན། །ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང་། སེམས་ཅན་གྱི་རྒྱུད་ཀྱི་ཚད་མ་མངོན་སུམ་ཡིན་པར་ཐལ། ཚད་མ་མངོན་སུམ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། བྱང་འཕགས་ཀྱི་རྒྱུད་ཀྱི་དེ་དེར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་དེ་ཆོས་ཅན། རྣམ་མཁྱེན་རྟོགས་པའི་མངོན་སུམ་དུ་ཐལ། དེ་རྟོགས་པའི་ཚད་མ་གང་ཞིག །མངོན་སུམ་ཡིན་པའི་ཕྱིར། འདོད་ན། བྱང་འཕགས་དེ་རྣམ་མཁྱེན་མངོན་སུམ་དུ་རྟོགས་པའི་གང་ཟག་ཏུ་ཐལ། དེའི་རྒྱུད་ཀྱི་ཚད་མ་དེ་རྣམ་མཁྱེན་རྟོགས་པའི་མངོན་སུམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། སེམས་ཅན་ཡིན་པའི་ཕྱིར། གཞན་ཡང་། བྱང་འཕགས་ཀྱི་རྒྱུད་ཀྱི་ཚད་མ་ཆོས་ཅན། ཁྱོད་ཀྱི་གཞལ་བྱར་གྱུར་པའི་རྣམ་མཁྱེན་དེ་བྱང་འཕགས་ཀྱི་རྒྱུད་ཀྱི་མངོན་སུམ་གྱི་གཞལ་བྱ་ཡིན་པར་ཐལ། ཁྱོད་ཀྱི་གཞལ་བྱར་གྱུར་པའི་རྣམ་མཁྱེན་ཡོད་པ་གང་ཞིག །ཁྱོད་བྱང་འཕགས་ཀྱི་རྒྱུད་ཀྱི་མངོན་སུམ་ཡིན་པའི་ཕྱིར། གཞན་ཡང་། བྱང་འཕགས་ཀྱི་རྒྱུད་ཀྱི་ཚད་མའི་གཞལ་བྱར་གྱུར་པའི་རྣམ་མཁྱེན་ཆོས་ཅན། བྱང་འཕགས་ཀྱི་རྒྱུད་ཀྱི་མངོན་སུམ་གྱི་གཞལ་བྱ་མ་ཡིན་པར་ཐལ། སངས་འཕགས་ཁོ་ནའི་མངོན་སུམ་གྱི་གཞལ་བྱ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚད་མ་ཆོས་ཅན། གང་ཟག་གི་བདག་མེད་སྣང་ཡུལ་དུ་བྱེད་པའི་མངོན་སུམ་དུ་ཐལ། དེ་ཁྱོད་ཀྱི་སྣང་ཡུལ་གང་ཞིག །ཁྱོད་མངོན་སུམ་ཡིན་པའི་ཕྱིར། འདོད་ན། དེ་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲ་བའི་མངོན་སུམ་ཁོ་ཁོ་རང་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་འདྲའི་མངོན་སུམ་ཆོས་ཅན། གང་ཟག་གི་བདག་མེད་ཁྱོད་ཀྱི་སྣང་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་ཆོས་ཅན། མངོན་སུམ་གྱི་སྣང་ཡུལ་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་མཚན་དུ་ཐལ། འདོད་པའི་ཕྱིར་ཟེར་ན། འོ་ན། ཁོ་རང་ལ། སངས་འཕགས་ཀྱི་རྒྱུད་ཀྱི་མིག་ཤེས་ཆོས་ཅན། སྒྲ་གཟུང་བྱར་བྱེད་པའི་མིག་ཤེས་ཡིན་པར་ཐལ། སྒྲ་གཟུང་བྱར་བྱེད་པ་གང་ཞིག །མིག་ཤེས་ཡིན་པའི་ཕྱིར། འདོད་ན། སྒྲ་དེ་དེར་བྱེད་པའི་མིག་ཤེས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་མིག་ཤེས་ཁོ་ཁོ་རང་དུ་ཐལ། ཁོ་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། སྒྲ་ཁྱོད་ཀྱི་གཟུང་བྱ་ཡིན་པར་ཐལ། ཆོས་ཅན་དེའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མིག་ཤེས་ཀྱི་གཟུང་བྱར་ཐལ། འདོད་པའི་ཕྱིར། གཞན་ཡང་། རང་རེས། ཚད་མ་མངོན་སུམ་ཡིན་ཀྱང་། ཚུར་མཐོང་གི་རྒྱུད་ཀྱི་ཚད་མ་མངོན་སུམ་མ་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། དེའི་རྒྱུད་ཀྱི་ཚད་མ་དེ་དེ་ཡིན་པར་ཐལ། དེ་གཟུགས་མངོན་སུམ་དུ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར་ཏེ། ཚུར་མཐོང་དེ་རང་གི་རྒྱུད་ཀྱི་ཚད་མས་གཟུགས་མངོན་སུམ་དུ་རྟོགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་ཚད་མས་གཟུགས་མངོན་སུམ་དུ་རྟོགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་གཟུགས་མངོན་སུམ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཟུགས་མངོན་སུམ་དུ་རྟོགས་པའི་གང་ཟག་ཡིན་ན། འཕགས་པ་ཡིན་པའི་མ་ཁྱབ་པའི་ཕྱིར། ཁོ་རང་ལ། ཚུར་མཐོང་གི་རྒྱུད་ཀྱི་ཚད་མ་དེ། ཕྲ་བའི་མི་རྟག་པ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཚད་མ་ཡིན་པར་ཐལ། ཚུར་མཐོང་དེ་རང་རྒྱུད་ཀྱི་ཚད་མས་ཕྲ་བའི་མི་རྟག་པ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཚུར་མཐོང་དེ་ཚད་མས་དེ་འདྲ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་དོན་སྤྱིའི་ཚུལ་གྱིས་ཕྲ་བའི་མི་རྟག་པ་ཚད་མས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ཕྲ་བའི་མི་རྟག་པ་དོན་སྤྱིའི་ཚུལ་གྱིས་ཚད་མས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་ཕྲ་བའི་མི་རྟག་པ་རྟོགས་པའི་གང་ཟག་གང་ཞིག །དེ་དེ་མངོན་སུམ་གྱིས་རྟོགས་པའི་གང་ཟག་མ་ཡིན་པའི་ཕྱིར། གཞན་ཡང་། ཁོ་རང་ལ་ཚུར་མཐོང་གི་རྒྱུད་ཀྱི་རང་གི་གཞལ་བྱ་རྟོགས་པའི་ཚད་མ་དེ་ཡང་མངོན་སུམ་དུ་ཐལ། དེའི་རྒྱུད་ཀྱི་ཚད་མ་དེ་ཡིན་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ཚད་མ་ཡང་མངོན་སུམ་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་གང་ཟག་གི་བདག་མེད་རྟོགས་པའི་མངོན་སུམ་ཡོད་པར་ཐལ་ལོ། །འདོད་ན། ཚུར་མཐོང་དེ་གང་ཟག་གི་བདག་མེད་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཏུ་ཐལ་ལོ། །རང་ལུགས་ཀྱི་སྐྱོན་ནི། ཐར་ལམ་གསལ་བྱེད་ལས། མངོན་རྗེས་གང་ཡང་མ་ཡིན་པའི་ཚད་མ་ཡིན་པ་ཡོད་པས་གཉིས་མིན་གྱི་ཕུང་གསུམ་ཡོད་པར་ག་ལ་འགྱུར། ཞེས་གསུངས་པ་མི་འཐད་པར་ཐལ། མངོན་རྗེས་གང་ཡང་མིན་པའི་ཚད་མ་མེད་པའི་ཕྱིར་ཏེ། ཚད་མ་ཡིན་ན། དེ་གང་རུང་ཡིན་དགོས་པའི་ཕྱིར། གཞན་ཡང་། མངོན་སུམ་ལ་མངོན་སུམ་བཞི་པོ་གང་རུང་གིས་ཁྱབ་པར་ཐལ། ཚད་མ་ལ་མངོན་རྗེས་གང་རུང་གིས་ཁྱབ་པའི་ཕྱིར། འདོད་ན། མངོན་སུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཡིད་མངོན་དུ་ཐལ། འདོད་པའི་ཕྱིར། འདོད་ན། ཚད་མ་ཡིད་མངོན་ཡིན་པར་ཐལ་ལོ། །འདོད་ན། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཚད་མ་ཡང་དེར་ཐལ་ལོ། །འདོད་ན། དེའི་རྒྱུད་ཀྱི་གཟུགས་འཛིན་ཚད་མ་ཡང་དེར་ཐལ་ལོ། །འདོད་ན། དེ་ཆོས་ཅན། གཟུགས་འཛིན་ཡིད་མངོན་དུ་ཐལ། གཟུགས་འཛིན་ཚད་མ་གང་ཞིག །ཡིད་མངོན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་གཟུགས་འཛིན་ཡིད་མངོན་ཚད་མར་ཐལ། འདོད་པ་གང་ཞིག །ཁྱོད་ཚད་མ་ཡིན་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་ཚད་མ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཐར་ལམ་གསལ་བྱེད་ལས། སོ་སོ་སྐྱེ་བོའི་རྒྱུད་ལ་ཡིད་ཀྱི་མངོན་སུམ་ཡོད་ཀྱང་། ཡིད་ཀྱི་མངོན་སུམ་ཚད་མ་ནི་མེད་ལ། ཞེས་གསུངས་པ་དེ་མི་འཐད་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། ཚད་མ་ཡིད་མངོན་དུ་ཐལ། ཚད་མ་ཡིད་ཀྱི་ཤེས་པ་ཡིན་པའི་ཕྱིར་ཏེ། ཚད་མ་རང་གི་བདག་རྐྱེན་དུ་གྱུར་པའི་ཐུན་མོང་བའི་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་ཕྱིར་ཏེ། ཚད་མའི་དེར་གྱུར་པའི་ཡིད་དབང་ཡོད་པའི་ཕྱིར་ཏེ། དེའི་དེར་གྱུར་པའི་ཤེས་པ་ཡོད་པ་གང་ཞིག །དེའི་དེར་གྱུར་པའི་བེམ་པོ་ཡང་མེད། དེའི་དེར་གྱུར་པའི་ལྡན་མིན་འདུ་བྱེད་ཀྱང་མེད་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཤེས་པ་ཡོད་པར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར་ན་མ་ཁྱབ། གཉིས་པ་གྲུབ་སྟེ། དེའི་དེར་གྱུར་པའི་དབང་པོ་གཟུགས་ཅན་པ་མེད་པའི་ཕྱིར་ཏེ། དེ་དབང་ཤེས་མ་ཡིན་པའི་ཕྱིར། གསུམ་པ་མ་གྲུབ་བྱས་པ་ལ་ཁོ་ན་རེ། དེ་མེད་པར་ཐལ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ལྡན་མིན་འདུ་བྱེད་ལས་སྐྱེས་པའི་ཤེས་པ་མེད་པའི་ཕྱིར་ཏེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དེ་ལས་སྐྱེས་པའི་དབང་ཤེས་ཀྱང་མེད། དེ་ལས་སྐྱེས་པའི་ཡིད་ཤེས་ཀྱང་མེད་པའི་ཕྱིར་ན་མ་ཁྱབ་བོ། །

ཕུང་གསུམ་སེལ་བྱེད་ཀྱི་རིགས་པ་ལ་དཔྱད་པ།

༈ ཕུང་གསུམ་སེལ་བྱེད་ཀྱི་རིགས་པ་བཤད་པ་ལ། ཁ་ཅིག་ན་རེ། གཟུགས་འཛིན་མངོན་སུམ་ཆོས་ཅན། ཁྱོད་མངོན་སུམ་གྱི་ཚད་མ་ཡིན་ཏེ། ཁྱོད་ཡིན་པ་ཡོད། ཁྱོད་ཚད་མ་ཡིན། ཁྱོད་ཡིན་པར་གྱུར་པའི་རྗེས་དཔག་མེད་པའི་ཕྱིར། ཞེས་པའི་རིགས་པ་འདི་དང་། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། རྗེས་སུ་དཔག་པའི་ཚད་མ་ཡིན་ཏེ། ཁྱོད་ཡིན་པ་ཡོད། ཁྱོད་ཚད་མ་ཡིན། ཁྱོད་ཡིན་པར་གྱུར་པའི་མངོན་སུམ་མེད་པའི་ཕྱིར། ཞེས་པའི་རིགས་པ་འདི་གཉིས་ལ་བརྟེན་ནས་མངོན་རྗེས་གཉིས་ཀྱི་བར་གྱི་གཉིས་མིན་གྱི་ཕུང་གསུམ་སེལ་ནུས་པ་ཡིན་ནོ་ཟེར་ན། མངོན་རྗེས་གཉིས་དང་གཅིག་ཏུ་གྱུར་པའི་ཚད་མ་ཆོས་ཅན། མངོན་སུམ་གྱི་ཚད་མར་ཐལ། ཁྱོད་ཡིན་པ་ཡོད། ཅེས་སོགས་དེའི་ཕྱིར། ཁྱབ་པ་ཁས། རྟགས་ཕྱི་མ་གྲུབ་སྟེ། མངོན་རྗེས་གཉིས་རྗེས་དཔག་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཡིན་པ་ཡོད། ཅེས་སོགས་དེའི་ཕྱིར་ཁྱབ་པ་ཁས། རྟགས་ཕྱི་མ་གྲུབ་སྟེ། མངོན་རྗེས་གཉིས་མངོན་སུམ་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཆོས་ཅན་སོགས་འདྲ་བ་ལ། རང་གི་སྣང་ཡུལ་དུ་གྱུར་པའི་རང་མཚན་གསལ་བར་སྣང་བའི་ཚད་མ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་དང་། དེ་འདྲ་བ་ལ་རང་གི་སྣང་ཡུལ་དུ་གྱུར་པའི་སྤྱི་མཚན་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་ལ་བརྟེན་ནས། དེ་གཉིས་ཀྱི་བར་གྱི་གཉིས་མིན་གྱི་ཕུང་གསུམ་སེལ་ནུས་པ་ཡིན་ནོ་ཟེར་ན། གཟུགས་འཛིན་མངོན་སུམ་ཆོས་ཅན། མངོན་སུམ་གྱི་ཚད་མ་ཡིན་ཏེ། རང་གི་སྣང་ཡུལ་དུ་གྱུར་པའི་རང་མཚན་གསལ་བར་སྣང་བའི་ཚད་མ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ་རྟགས་སྦྱོར་རྣམ་དག་ཏུ་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རང་གི་སྣང་ཡུལ་དུ་གྱུར་པའི་རང་མཚན་གསལ་བར་སྣང་བའི་ཚད་མ་དེ། གཟུགས་འཛིན་མངོན་སུམ་མངོན་སུམ་གྱི་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་དེས་གཟུགས་འཛིན་མངོན་སུམ་གྱི་ཚད་མ་ཚད་མས་ངེས་པར་ཐལ། དེས་གཟུགས་འཛིན་མངོན་སུམ་ཚད་མར་ཚད་མས་ངེས་པའི་ཕྱིར། དེ་གཟུགས་འཛིན་མངོན་སུམ་རང་གི་སྣང་ཡུལ་དུ་གྱུར་པའི་རང་མཚན་གསལ་བར་སྣང་བའི་ཚད་མར་ཚད་མས་ངེས་པའི་ཕྱིར། རྩ་བར་འདོད་ན། དེ་འདྲའི་ཕྱི་རྒོལ་ཡང་དག་དེས་གཟུགས་འཛིན་མངོན་སུམ་མངོན་སུམ་གྱི་ཚད་མར་ཚད་མས་ངེས་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། རྗེས་སུ་དཔག་པའི་ཚད་མ་ཡིན་ཏེ། ཞེས་སོགས་ཀྱི་རྟགས་སྦྱོར་དེ་རྟགས་སྦྱོར་རྣམ་དག་ཏུ་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རང་གི་སྣང་ཡུལ་དུ་གྱུར་པའི་སྤྱི་མཚན་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཚད་མ་དེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་རྗེས་སུ་དཔག་པའི་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ་ལོ། །འདོད་ན། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་དེས་སྒྲ་མི་རྟག་རྟོགས་ཀྱི་རྗེས་སུ་དཔག་པའི་ཚད་མ་ཚད་མས་ངེས་པར་ཐལ། དེས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་ཚད་མས་ངེས་པའི་ཕྱིར་ཏེ། དེས་དེ་འདྲའི་རྗེས་དཔག་རང་གི་སྣང་ཡུལ་དུ་གྱུར་པའི་སྤྱི་མཚན་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཚད་མར་ཚད་མས་ངེས་པའི་ཕྱིར། རྩ་བར་འདོད་ན། དེས་དེ་འདྲའི་རྗེས་དཔག་རྗེས་སུ་དཔག་པའི་ཚད་མར་ཚད་མས་ངེས་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། མངོན་རྗེས་ཀྱི་བར་ན་གཉིས་མིན་གྱི་ཕུང་གསུམ་པ་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་གཉིས་ཀྱི་བར་ན། གཉིས་མིན་གྱི་ཤེས་པ་ཕུང་གསུམ་པ་ཡོད་པའི་ཕྱིར་ཏེ། མངོན་རྗེས་གང་རུང་གི་ཁོངས་སུ་མ་འདུས་པའི་ཤེས་པ་ཕུང་གསུམ་པ་ཡོད་པའི་ཕྱིར་ཏེ། ལོག་ཤེས་དེ་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་མ་ངེས་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ་ཚད་མའི་གྲངས་ངེས་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་ཟེར་ན། ཚད་མའི་གྲངས་ངེས་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཆོད་པའི་གང་ཟག་ཡིན་ན། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་མ་ངེས་པར་སྒྲོ་འདོགས་པའི་སྒྲོ་འདོགས་ཆོད་པའི་གང་ཟག་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཚད་མའི་གྲངས་ངེས་ཚད་མས་ངེས་པའི་གང་ཟག་ཡིན་ན། ཚད་མ་ལ་དེ་གཉིས་སུ་གྲངས་ངེས་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཚད་མ་ལ་རང་ལས་ངེས་ཀྱི་ཚད་མ་དང་། གཞན་ལས་ངེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་ཚད་མས་ངེས་ནས། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་ཚད་མས་མ་ངེས་པའི་གང་ཟག་ཡོད་པའི་ཕྱིར། རང་ལས་ངེས་ཀྱི་ཚད་མ་དང་། གཞན་ལས་ངེས་ཀྱི་ཚད་མ་གཉིས་ཚད་མས་ངེས་ནས། མངོན་རྗེས་ཀྱི་ཚད་མ་གཉིས་ཚད་མས་མ་ངེས་པའི་གང་ཟག་ཡོད་པའི་ཕྱིར། གཞན་ཡང་། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་མ་ངེས་པར་སྒྲོ་འདོགས་པའི་སྒྲོ་འདོགས་འདི། གཞལ་བྱའི་གྲངས་ངེས་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པར་ཐལ། རྩ་བའི་དམ་བཅའ་འཐད་པའི་ཕྱིར། འདོད་ན། གཞལ་བྱའི་གྲངས་ངེས་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཆོད་པའི་གང་ཟག་ཡིན་ན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་མ་ངེས་པར་སྒྲོ་འདོགས་པའི་སྒྲོ་འདོགས་ཆོད་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞལ་བྱའི་གྲངས་ངེས་ཚད་མས་ངེས་པའི་གང་ཟག་ཡིན་ན། གཞལ་བྱ་ལ་དེ་གཉིས་སུ་གྲངས་ངེས་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐལ་འགྱུར་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། གཞལ་བྱ་ལ་རྟག་མི་རྟག་གཉིས་སུ་གྲངས་ངེས་པར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་མཚན་ཚད་མས་ངེས་པའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། འདོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཚད་མས་ངེས་པའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་ཡང་ཁས་མི་ལེན་པའི་ཕྱིར། ཁ་ཅིག་ན་རེ། མངོན་སུམ་ཚད་མ་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་འདི་དང་། རྗེས་དཔག་ཚད་མ་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་འདི་གཉིས། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་ཟེར་ན། མངོན་སུམ་ཚད་མ་མ་ཡིན་པར་འཛིན་པའི་རྟོག་པ་དེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་མ་ངེས་པར་འཛིན་པའི་རྟོག་པར་ཐལ། མངོན་སུམ་ཚད་མ་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་མ་ངེས་པར་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར་ཏེ། དེ་ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པ་དེ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར། འདོད་ན། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་མ་ངེས་པ་དེ། དེ་འདྲ་འཛིན་པའི་རྟོག་པའི་ཞེན་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། རྗེས་དཔག་ཚད་མ་མ་ཡིན་པར་འཛིན་པའི་རྟོག་པའི་ཞེན་ཡུལ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། རྗེས་དཔག་ཚད་མ་མ་ཡིན་པར་འཛིན་པའི་རྟོག་པ་དེ། ཚད་མ་ལ་དེ་གཉིས་སུ་གྲངས་མ་ངེས་པར་འཛིན་པའི་རྟོག་པ་ཡིན་པའི་ཕྱིར་ཏེ། རྗེས་དཔག་ཚད་མ་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ། ཚད་མ་ལ་དེ་གཉིས་སུ་གྲངས་མ་ངེས་པར་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར་ཏེ། དེ་ཚད་མ་ལ་དེ་གཉིས་སུ་གྲངས་ངེས་པ་དེ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར། རྟགས་ཁས། ཁ་ཅིག་ན་རེ། མངོན་སུམ་ཚད་མ་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་དང་། རྗེས་དཔག་ཚད་མ་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་གཉིས། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་ལས་གྲངས་ཉུང་བར་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་ཟེར་ན། མངོན་སུམ་ཚད་མ་མ་ཡིན་པར་འཛིན་པའི་རྟོག་པ་དེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་ལས་གྲངས་ཉུང་བར་འཛིན་པའི་རྟོག་པར་ཐལ། མངོན་སུམ་ཚད་མ་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ་ཚད་མ་ལ་དེ་གཉིས་ལས་གྲངས་ཉུང་བར་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར། འདོད་ན། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་ལས་གྲངས་ཉུང་བར་གྲུབ་པ་དེ། མངོན་སུམ་ཚད་མ་མ་ཡིན་པར་འཛིན་པའི་རྟོག་པའི་ཞེན་ཡུལ་དུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་རྗེས་དཔག་ཚད་མ་མ་ཡིན་པར་འཛིན་པའི་རྟོག་པའི་ཞེན་ཡུལ་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྟོག་པ་དེ་ཚད་མ་ལ་དེ་གཉིས་ལས་གྲངས་ཉུང་བར་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། རྗེས་དཔག་ཚད་མ་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ། ཚད་མ་ལ་དེ་གཉིས་ལས་གྲངས་ཉུང་བར་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན། མངོན་སུམ་གྱི་ཚད་མ་ཡིན་པས་ཁྱབ། སྤྱི་མཚན་དེར་བྱེད་པའི་ཚད་མ་ཡིན་ན། རྗེས་སུ་དཔག་པའི་ཚད་མ་ཡིན་པས་ཁྱབ་ཟེར་ན། ཚད་མ་ཆོས་ཅན། དང་པོ་ལ། དེར་ཐལ། དེའི་ཕྱིར། རང་མཚན་ཁྱོད་ཀྱི་སྣང་ཡུལ་གང་ཞིག །ཁྱོད་ཚད་མ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར་ཏེ། སྤྱི་མཚན་དེར་བྱེད་པའི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། སྤྱི་མཚན་ཁྱོད་ཀྱི་སྣང་ཡུལ་གང་ཞིག །ཁྱོད་ཚད་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དམ་བཅའ་འཐད་པར་ཐལ། མདོ་རང་འགྲེལ་ལས། རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མངོན་སུམ་ཡིན་ལ། སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ནི་རྗེས་སུ་དཔག་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རང་གི་སྣང་ཡུལ་དུ་གྱུར་པའི་རང་མཚན་མངོན་སུམ་དུ་རྟོགས་པའི་ཚད་མ་ཡིན་ན། མངོན་སུམ་གྱི་ཚད་མ་ཡིན་པས་ཁྱབ། དེར་གྱུར་པའི་སྤྱི་མཚན་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཚད་མ་ཡིན་ན། རྗེས་སུ་དཔག་པའི་ཚད་མ་ཡིན་པས་ཁྱབ་པ་དེ། ལུང་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མངོན་སུམ་གྱི་ཚད་མ་ཡིན་ན། རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པས་ཁྱབ། རྗེས་སུ་དཔག་པའི་ཚད་མ་ཡིན་ན། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པས་ཁྱབ་ཟེར་ན། རྟོག་པ་ཡིན་ན། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་རྟོག་པ་ཡིན་པས་ཁྱབ་པར་ཐལ། དམ་བཅའ་གཉིས་པ་འཐད་པའི་ཕྱིར། འདོད་ན། རྗོད་བྱེད་ཀྱི་སྒྲ་ཡིན་ན། སྤྱི་མཚན་བརྗོད་པའི་ངག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྤྱི་མཚན་མ་ཡིན་པ་ཞེས་པའི་ངག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་སྤྱི་མཚན་སེལ་བའི་ངག་ཡིན་པའི་ཕྱིར་ཏེ། དེ་སྤྱི་མཚན་མ་ཡིན་པ་ལ་སེལ་འཇུག་ཡིན་པའི་ཕྱིར། གཞན་ཡང་། རང་མཚན་འཛིན་པའི་རྗེས་དཔག་ཆོས་ཅན། ཁྱབ་པ་ཕྱི་མ་དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། སྤྱི་མཚན་ཁྱོད་ཀྱི་སྣང་ཡུལ་དུ་ཐལ། འདོད་པའི་ཕྱིར། འདོད་ན། སྤྱི་མཚན་དེ་རང་མཚན་ཞེས་པའི་ངག་གི་བརྗོད་བྱ་ཡིན་པར་ཐལ་ལོ། །གཞན་ཡང་། རང་གི་སྣང་ཡུལ་དུ་གྱུར་པའི་རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན། རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་དགོས་པར་ཐལ། མངོན་སུམ་གྱི་ཚད་མ་ཡིན་ན་དེ་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། རང་གི་སྣང་ཡུལ་དུ་གྱུར་པའི་སྤྱི་མཚན་ལ་དེ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔར་གྱི་སྐྱོན་སོ་ན་གནས། གཞན་ཡང་། སྤྱི་མཚན་རྟོགས་པའི་མངོན་སུམ་ཆོས་ཅན། རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མར་ཐལ། མངོན་སུམ་ཚད་མ་ཡིན་པའི་ཕྱིར། འདོད་ན། དེ་ཡུལ་དུ་བྱེད་པའི་ཤེས་པར་ཐལ་ལོ། །འདོད་ན། དེ་བརྗོད་པའི་ངག་ཀྱང་རང་མཚན་བརྗོད་པའི་ངག་ཏུ་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། དེ་རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པར་ཐལ། དེའི་སྣང་ཡུལ་དུ་གྱུར་པའི་རང་མཚན་ཡོད་པའི་ཕྱིར་ན་མ་ཁྱབ་བོ། །གཞན་ཡང་། ཚུར་མཐོང་གི་མིག་ཤེས་ཀྱི་གཟུང་བྱ་དང་། ཉན་ཤེས་ཀྱི་ཐོས་བྱ་གཉིས་མི་འགལ་བར་ཐལ། དེའི་རྒྱུད་ཀྱི་མིག་ཤེས་ཀྱི་གཟུང་ཡུལ་དང་། ཉན་ཤེས་ཀྱི་གཟུང་ཡུལ་གཉིས་མི་འགལ་བའི་ཕྱིར་ཏེ། དེ་གཉིས་ཀྱི་སྣང་ཡུལ་དེ་མི་འགལ་བའི་ཕྱིར་ཏེ། རང་མཚན་དེ་དེ་གཉིས་ཀའི་སྣང་ཡུལ་དུ་བྱེད་པའི་ཕྱིར་ཏེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་རྒྱུད་ཀྱི་མིག་ཤེས་དེ་རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་མཚན་དེར་བྱེད་པའི་ཚད་མ་ཡིན་པར་ཐལ། མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། བྱས་པ་ལ་ཁོ་ན་རེ། མངོན་སུམ་གྱི་ཚད་མ་ཡིན་ན། རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་དགོས་པར་ཐལ། སྒྲ་འཛིན་དབང་མངོན་དེ་རང་མཚན་དེར་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ཏེ། དེ་མི་རྟག་པ་དེར་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ཏེ། དེ་སྒྲའི་སྟེང་གི་མི་རྟག་པ་དེར་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་དེ་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ཡིན་པའི་ཕྱིར། དེ་དེ་འདྲའི་མི་རྟག་པ་ལ་སྒྲུབ་པས་འཇུག་པའི་མངོན་སུམ་ཡིན་པའི་ཕྱིར། དེ་སྒྲ་ལ་སྒྲུབ་པས་འཇུག་པའི་མངོན་སུམ་གང་ཞིག །སྒྲ་དང་དེའི་སྟེང་གི་མི་རྟག་པ་གཉིས། ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་སྣང་ཡུལ་དུ་བྱེད་པའི་རྗེས་དཔག་གི་སྣང་ཡུལ་ཡིན་ན། རྗེས་དཔག་གི་སྣང་ཡུལ་ཡིན་དགོས་སོ་ཟེར་ན། རེ་ཞིག་ལ་བུམ་པའི་དོན་སྤྱི་བུམ་པ་དང་གཅིག་ཡིན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཁོ་རང་སྣང་ཡུལ་དུ་བྱེད་པའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། བུམ་པ་རྟོགས་པའི་རྗེས་དཔག་དེ་དེ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རང་སྣང་ཡུལ་དུ་བྱེད་པའི་རྗེས་དཔག་གི་སྣང་ཡུལ་ཡིན་ན། རྗེས་དཔག་གི་སྣང་ཡུལ་ཡིན་དགོས་པར་ཐལ། རང་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ལ་དེའི་ཕྱིར་ན་མ་ཁྱབ། འདོད་ན་ཁོ་རང་ལ། རང་ཡུལ་དུ་བྱེད་པའི་རྟོག་མེད་ཀྱི་ཤེས་པའི་སྣང་ཡུལ་ཡིན་ན། རྟོག་མེད་ཤེས་པའི་སྣང་ཡུལ་ཡིན་དགོས་པར་ཐལ། རང་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ལ་དེའི་ཕྱིར། ཁྱབ་པ་ཁས། འདོད་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་ཡུལ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་སྣང་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན་དེ་ཆོས་ཅན། དེར་ཐལ། དེའི་ཡུལ་གང་ཞིག །དེའི་ཞེན་ཡུལ་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དབང་ཤེས་ཀྱི་སྣང་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཟླ་བ་གཅིག་ཟླ་བ་གཉིས་ཡིན་པ་དེ་ཁྱོད་ཡིན་པའི་ཕྱིར། རང་རེས། མངོན་སུམ་གྱི་སྣང་ཡུལ་ཡིན་ན། རང་མཚན་ཡིན་པས་ཁྱབ། བྱས་པ་ལ་ཁོ་ན་རེ། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྣམ་མཁྱེན་གྱི་སྣང་ཡུལ་ཡིན་པའི་ཕྱིར་ཏེ། སངས་འཕགས་ཀྱི་དངོས་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། སངས་འཕགས་ཀྱི་དངོས་ཀྱི་གཞལ་བྱ་ཡིན་ན། རྣམ་མཁྱེན་གྱི་དེ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། རྩ་རྟགས་མ་གྲུབ་ན། སངས་འཕགས་ཀྱི་དངོས་ཡུལ་ཡིན་པར་ཐལ། དེའི་ངག་གི་དངོས་ཡུལ་ཡིན་པའི་ཕྱིར། དེའི་བཀའི་དངོས་ཡུལ་ཡིན་པའི་ཕྱིར། གཞན་ཡང་། ཤེས་བྱ་ཆོས་ཅན། སངས་འཕགས་ཀྱི་དངོས་ཡུལ་མ་ཡིན་པར་ཐལ། དེའི་ཤུགས་ཡུལ་ཡིན་པའི་ཕྱིར་ཏེ། དེའི་ཤུགས་ཀྱི་གཞལ་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། སོ་སོ་སྐྱེ་བོའི་དངོས་ཡུལ་དུ་གྱུར་པའི་ཆོས་ཡིན་ན། དེའི་དངོས་ཀྱི་གཞལ་བྱ་ཡིན་པས་མ་ཁྱབ་པར་ཐལ། སངས་འཕགས་ཀྱི་དངོས་ཡུལ་དུ་གྱུར་པའི་ཆོས་ཡིན་ན། སངས་འཕགས་ཀྱི་དངོས་ཀྱི་གཞལ་བྱ་ཡིན་པས་མ་ཁྱབ་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། གཞི་གྲུབ་ན། སོ་སོ་སྐྱེ་བོའི་དངོས་ཀྱི་གཞལ་བྱ་ཡིན་དགོས་པའི་ཕྱིར་ཏེ། གཞི་གྲུབ་ན། དེའི་རྒྱུད་ཀྱི་རྗེས་དཔག་གི་དངོས་ཀྱི་གཞལ་བྱ་ཡིན་དགོས་པའི་ཕྱིར། ཁ་ཅིག །གང་ཟག་གི་བདག་མེད་ཆོས་ཅན། དེར་ཐལ། དེའི་ཕྱིར། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་ཏེ། དེ་ལ་གསལ་བར་སྣང་བའི་ཕྱིར། རྟགས་གྲུབ་སྟེ། གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་གི་རྒྱུན་གོམས་པ་ལ་བརྟེན་ནས་གོམས་བྱའི་དོན་ལ་གསལ་སྣང་འབྱུང་ཚུལ་གཅིག་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །ཞེས་གསུངས་པའི་ཕྱིར་རོ། །གསལ་སྣང་འབྱུང་ཚུལ་ལ། ཁ་ཅིག །སྤྱི་དོན་རིགས་རྒྱན་གྱི་དགོངས་པར་བྱས་ནས། གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་གི་རྒྱུན་གོམས་པ་ལ་བརྟེན་ནས། གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་ཀྱི་ཕུང་པོ་ལ་གསལ་སྣང་འབྱུང་བ་ཡིན་ནོ་ཟེར་ན། གང་ཟག་གི་བདག་གིས་སྟོང་པའི་འདུ་བྱེད་ཀྱི་ཕུང་པོ་དེ། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱི་སྣང་ཡུལ་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཕྲ་བའི་མི་རྟག་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་མངོན་སུམ་གྱིས་རྟོགས་པའི་སོ་སོ་སྐྱེ་བོ་མེད་པར་ཐལ་ལོ། །འདོད་མི་ནུས་ཏེ། གང་ཟག་གི་བདག་གིས་དབེན་པའི་བུམ་པ་མངོན་སུམ་དུ་རྟོགས་པའི་སོ་སྐྱེ་ཡོད་པའི་ཕྱིར། །

༈ རང་ལུགས་ནི། གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་གི་རྒྱུན་གོམས་པ་ལ་བརྟེན་ནས། གང་ཟག་མི་རྟག་པ་ལ་གསལ་སྣང་འབྱུང་བ་ཡིན་ཏེ། གང་ཟག་མི་རྟག་པ་དེ་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱི་སྣ་ཡུལ་དུ་གྱུར་པའི་རང་མཚན་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྣལ་འབྱོར་མངོན་སུམ་དེས་གང་ཟག་མི་རྟག་པ་མངོན་སུམ་གྱིས་རྟོགས་པའི་ཤུགས་ལ་གང་ཟག་གི་བདག་མེད་རྟོགས་པའི་ཕྱིར། དེ་སྐད་དུ་ཡང་། མཁས་གྲུབ་རྗེའི་ལྟ་བའི་དོགས་གཅོད་ལས། མདོ་སྡེ་པས་འཕགས་པའི་ཡེ་ཤེས་ཀྱིས་ཕྲ་བའི་མི་རྟག་པ་དངོས་སུ་མངོན་སུམ་དུ་རྟོགས་པའི་ཤུགས་ལ་རང་སྐྱ་ཐུབ་པའི་རྫས་ཡོད་རྣམ་པར་བཅད་པ་རྟོགས་པར་འདོད་པས། དེ་ལྟར་བདག་མེད་སྒོམ་པ་ནའང་མེད་དགག་འབའ་ཞིག་ཡིད་ལ་བྱེད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྣམ་མཁྱེན་རྟག་སྟོང་ཆོས་ཅན། རང་མཚན་དུ་ཐལ། མངོན་སུམ་གྱི་སྣང་ཡུལ་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་གང་ཟག་གི་བདག་མེད་དུ་རྟོགས་པའི་སློབ་པའི་རྣལ་འབྱོར་མངོན་སུམ་གྱི་སྣང་ཡུལ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེའི་སྣང་ཡུལ་ཞིག་ཡོད། རྣམ་མཁྱེན་དེ་ཡང་དེ་མ་ཡིན། རྣམ་མཁྱེན་གྱི་སྟེང་གི་གང་ཟག་གི་བདག་གིས་སྟོང་པའི་དངོས་པོ་དེ་ཡང་དེ་མ་ཡིན་པའི་ཕྱིར་ན་མ་ཁྱབ། དང་པོ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་ཡོད་པར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེས་རྣམ་མཁྱེན་དངོས་སུ་མ་རྟོགས་པའི་ཕྱིར། གསུམ་པ་མ་གྲུབ་ན། དེས་རྣམ་མཁྱེན་གྱི་སྟེང་གི་དངོས་པོ་དངོས་སུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་རྣམ་མཁྱེན་མི་རྟག་པ་མངོན་སུམ་གྱིས་དངོས་སུ་རྟོགས་པར་ཐལ་ལོ། །དེས་རྣམ་མཁྱེན་ཤེས་པ་ཡིན་པ་དངོས་སུ་རྟོགས་པར་ཐལ་ལོ། །འདོད་མི་ནུས་ཏེ། རྣམ་མཁྱེན་ཤེས་པ་ཡིན་པ་དེ་རྣམ་མཁྱེན་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་ཚད་མ་ཡིན་པ་དེ་རྣམ་མཁྱེན་ཡིན་པའི་ཕྱིར་ཏེ། མངོན་སུམ་ཚད་མ་ཡིན་པ་མངོན་སུམ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། རྣམ་མཁྱེན་རྟག་སྟོང་ཆོས་ཅན། མངོན་སུམ་གྱི་སྣང་ཡུལ་ཏུ་ཐལ། རྣམ་མཁྱེན་རྟག་པར་འཛིན་པའི་རྟོག་པའི་དངོས་གཉེན་བར་ཆད་མེད་ལམ་གྱི་དངོས་ཀྱི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དེའི་དངོས་ཀྱི་གཞལ་བྱ་ཅིག་ཡོད་པའི་ཕྱིར། དེ་འདྲའི་བར་ཆད་མེད་ལམ་ཡོད་པའི་ཕྱིར། དེ་འདྲའི་རྟོག་པ་དེ་སྒྲིབ་པ་ཡིན་པའི་ཕྱིར་ཏེ། དེ་སྤང་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་སྤངས་པའི་གང་ཟག་ཡོད་པའི་ཕྱིར་ན། ཁོ་རང་ལ་དེ་འདྲའི་བར་ཆད་མེད་ལམ་དེས་རྣམ་མཁྱེན་མི་རྟག་པ་དེ་དངོས་སུ་རྟོགས་པར་ཐལ། དེས་རྣམ་མཁྱེན་རྟག་སྟོང་དུ་དངོས་སུ་རྟོགས་པའི་ཕྱིར། འདོད་ན། དེས་རྣམ་མཁྱེན་དེ་དངོས་སུ་རྟོགས་པར་ཐལ་ལོ། །ཡང་ཁོ་ན་རེ། གང་ཟག་གི་བདག་མེད་ཆོས་ཅན། རང་མཚན་དུ་ཐལ། མངོན་སུམ་གྱི་དེའི་ཕྱིར། གང་ཟག་གི་བདག་འཛིན་གྱི་དངོས་གཉེན་བར་ཆད་མེད་ལམ་གྱི་སྣང་ཡུལ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེའི་སྣང་ཡུལ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། གང་ཟག་མི་རྟག་པ་དེ་དེའི་སྣང་ཡུལ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གང་ཟག་གི་བདག་མེད་ཀྱི་ཁྱད་པར་དུ་བྱས་པའི་ཕུང་པོ་དེ། གང་ཟག་གི་བདག་འཛིན་གྱི་དངོས་གཉེན་བར་ཆད་མེད་ལམ་གྱི་གཞལ་བྱ་ཡིན་ཟེར་ན། དེ་འདྲ་བའི་ཕུང་པོ་དེ། ཕུང་པོ་གང་ཟག་གི་བདག་ཏུ་འཛིན་པའི་བདག་འཛིན་གྱི་དངོས་གཉེན་བར་ཆད་མེད་ལམ་གྱི་དངོས་ཀྱི་གཞལ་བྱར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེས་ཁྱད་པར་དུ་བྱས་པའི་རྣམ་མཁྱེན་དེ། རྣམ་མཁྱེན་གང་ཟག་གི་བདག་ཏུ་འཛིན་པའི་བདག་འཛིན་གྱི་དངོས་གཉེན་བར་ཆད་མེད་ལམ་གྱི་དངོས་ཀྱི་གཞལ་བྱར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་མཁྱེན་དེ་སངས་འཕགས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར། འོ་ན། དེ་འདྲའི་བར་ཆད་མེད་ལམ་དེའི་དངོས་ཀྱི་གཞལ་བྱ་གང་ཞེ་ན། དེ་ཡོད་དེ། གང་ཟག་མི་རྟག་པ་དེ་དེ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་འདྲའི་བར་ཆད་མེད་ལམ་དེས་གང་ཟག་མི་རྟག་པ་དངོས་སུ་རྟོགས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྣམ་མཁྱེན་གང་ཟག་གི་བདག་མེད་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་དེས་ཀྱང་གང་ཟག་མི་རྟག་པ་དངོས་སུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་མཁྱེན་གང་ཟག་གི་བདག་མེད་དུ་རྟོགས་པའི་ཚད་མ་དེས་ཀྱང་གང་ཟག་མི་རྟག་པ་དངོས་སུ་རྟོགས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། རྣམ་མཁྱེན་དེར་རྟོགས་པའི་བློ་དེས་ཀྱང་དེ་ལྟར་རྟོགས་པར་ཐལ་ལོ། །

རང་ལུགས་ཀྱི་ཚད་མའི་གྲངས་ངེས་སྒྲུབ་པའི་རྟགས་འགོད་ཚུལ་སོགས་བཤད་པ།

༈ རང་ལུགས་ནི། རྟགས་འགོད་པ། ཚུལ་སྒྲུབ་པ། བསལ་བྱའི་སྒྲོ་འདོགས་ངོས་བཟུང་བ། གྲངས་ངེས་ཀྱི་དོན་བཤད་པ། ཕུང་གསུམ་སེལ་བྱེད་ཀྱི་རིགས་པ་བཤད་པ་དང་ལྔ། དང་པོ་ནི། མདུན་གྱི་གཞི་འདིར་ཆོས་ཅན། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། གཉིས་པ་ཚུལ་སྒྲུབ་པ་ལ། རྟགས་སྒྲུབ་བཞི་བཤད་པ་དང་། ཁྱབ་སྒྲུབ་བཤད་པ་གཉིས། དང་པོ་ནི། མདུན་གྱི་གཞི་འདིར་ཆོས་ཅན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་དོན་བྱེད་ནུས་པ་དང་། མི་ནུས་པའི་ཆོས་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་སོགས་བཞི་འགོད་པ་ཡིན་ནོ། །གཉིས་པ་ཁྱབ་སྒྲུབ་ནི། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ན། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པས་ཁྱབ་སྟེ། རང་གི་གཟུང་དོན་ལ་བརྟེན་ནས་རང་མཚན་མངོན་དུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མ་ཡིན་ན། མངོན་སུམ་གྱི་ཚད་མ་ཡིན་པས་ཁྱབ། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྤྱི་མཚན་ལྐོག་ཏུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མ་ཡིན་ན། རྗེས་སུ་དཔག་པའི་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། གསུམ་པ་བསལ་བྱའི་སྒྲོ་འདོགས་ངོས་བཟུང་བ་ལ་སྒྲོ་འདོགས་དངོས་བཤད་པ་དང་། སྒྲོ་འདོགས་ཀྱི་རིགས་གནས་བཤད་པ་གཉིས། དང་པོ་ནི། ཚད་མའི་གྲངས་ངེས་ཀྱང་ཡིན། དེའི་གྲངས་ངེས་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་འཛིན་པའི་རྟོག་པ་དེ། ཚད་མའི་གྲངས་ངེས་ལ་སྒྲོ་འདོགས་པའི་སྒྲོ་འདོགས་དངོས་ཡིན། གཉིས་པ་ལ་དབྱེ་ན། གྲངས་མང་བར་སྒྲོ་འདོགས་པའི་སྒྲོ་འདོགས་དང་། གྲངས་ཉུང་བར་སྒྲོ་འདོགས་པའི་སྒྲོ་འདོགས་གཉིས། དང་པོ་ནི། ཚད་མ་ལ་གསུམ་དུ་གྲངས་ངེས་པར་སྒྲོ་འདོགས་པའི་སྒྲོ་འདོགས་ནས། དེ་ལ་བཅུ་གཅིག་ཏུ་གྲངས་ངེས་པར་སྒྲོ་འདོགས་པའི་སྒྲོ་འདོགས་ཀྱི་བར་ལ་བྱེད། གཉིས་པ་ནི། ཚད་མ་ལ་མངོན་སུམ་གཅིག་པུར་གྲངས་ངེས་པར་སྒྲོ་འདོགས་པའི་སྒྲོ་འདོགས་དང་། རྗེས་དཔག་ཚད་མ་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་ལྟ་བུ་ལ་བྱེད། བཞི་པ་གྲངས་ངེས་ཀྱི་དོན་བཤད་པ་ནི། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་དབྱེར་ཡོད། དེ་གཉིས་ལས་གྲངས་མང་མི་དགོས་ཤིང་། དེ་གཉིས་ལས་ཉུང་ན་མི་འདུ་བ་དེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པའི་དོན་ཡིན། དེར་མ་ཟད། ཚད་མ་ལ་དེ་གཉིས་སུ་དབྱེར་ཡོད། དེ་གཉིས་ཀྱི་བར་ན་དགག་ཕྱོགས་ཀྱི་ཚད་མ་ཕུང་གསུམ་པ་ཡང་མེད། སྒྲུབ་ཕྱོགས་ཀྱི་དེ་ཡང་མེད་པ་དེ། ཚད་མ་ལ་དེ་གཉིས་སུ་གྲངས་ངེས་པའི་དོན་ཡིན། ལྔ་པ་ཕུང་གསུམ་སེལ་བྱེད་ཀྱི་རིགས་པ་བཤད་པ་ལ། དགག་ཕྱོགས་ཀྱི་ཕུང་གསུམ་སེལ་བྱེད་ཀྱི་རིགས་པ་བཤད་པ་དང་། སྒྲུབ་ཕྱོགས་ཀྱི་དེ་བཤད་པ་གཉིས། དང་པོ་ནི། གཟུགས་འཛིན་མ་འཁྲུལ་པའི་ཤེས་པ་ཆོས་ཅན། མངོན་སུམ་གྱི་ཚད་མ་ཡིན་ཏེ། རྟོག་པ་དང་། རྟོག་མེད་ཀྱི་ཤེས་པ་གང་རུང་དུ་གྱུར་པའི་གསར་དུ་མི་བསླུ་བའི་རིག་པ་ཡིན། ཁྱོད་ཡིན་པ་ཡོད། ཁྱོད་ཡིན་པར་གྱུར་པའི་རྗེས་དཔག་མེད་པའི་ཕྱིར། ཞེས་པའི་རིགས་པ་འདི་དང་། སྒྲ་མི་རྟག་པ་ལ་གསར་དུ་མི་བསླུ་བའི་ཞེན་རིག་ཆོས་ཅན། རྗེས་སུ་དཔག་པའི་ཚད་མ་ཡིན་ཏེ། རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་རུང་དུ་གྱུར་པའི་གསར་དུ་མི་བསླུ་བའི་རིག་པ་ཡིན། ཁྱོད་ཡིན་པ་ཡོད། ཁྱོད་ཡིན་པར་གྱུར་པའི་མངོན་སུམ་མེད་པའི་ཕྱིར་ཞེས་པའི་རིགས་པ་འདི་ལ་བརྟེན་ནས། མངོན་རྗེས་ཀྱི་ཚད་མ་གཉིས་ཀྱི་བར་གྱི་དགག་ཕྱོགས་ཀྱི་ཚད་མ་ཕུང་གསུམ་སེལ་ནུས་པ་ཡིན་ནོ། །གཉིས་པ་ནི། གཟུགས་འཛིན་མ་འཁྲུལ་བའི་ཤེས་པ་མངོན་སུམ་གྱི་ཚད་མར་ཡོངས་གཅོད་ལ་གྲུབ་པའི་སྟོབས་ཀྱིས་དེ་རྗེས་སུ་དཔག་པའི་ཚད་མ་ཡིན་པ་རྣམ་བཅད་ལ་ཁེགས་པའི་རིགས་པ་འདི་དང། སྒྲ་མི་རྟག་པ་ལ་གསར་དུ་མི་བསླུ་བའི་ཞེན་རིག་རྗེས་སུ་དཔག་པའི་ཚད་མ་ཡིན་པ་ཡོངས་གཅོད་ལ་གྲུབ་པའི་སྟོབས་ཀྱིས་དེ་མངོན་སུམ་གྱི་ཚད་མ་ཡིན་པ་རྣམ་བཅད་ལ་ཁེགས་པའི་རིགས་པ་འདི་ལ་བརྟེན་ནས། དེ་གཉིས་ཀྱི་བར་གྱི་སྒྲུབ་ཕྱོགས་ཀྱི་ཚད་མ་ཕུང་གསུམ་པ་སེལ་ནུས་པ་ཡིན་ནོ། །དེ་ལྟར་ན་མངོན་རྗེས་གཉིས་ཀྱི་བར་ན་དགག་ཕྱོགས་ཀྱི་ཚད་མ་ཕུང་གསུམ་མེད་པ་དང་། དེ་གཉིས་གང་རུང་གི་ཁོངས་སུ་མ་འདུས་པའི་ཚད་མ་མེད་པ་རྣམས་དོན་གཅིག །དེ་གཉིས་ཀྱི་བར་ན་སྒྲུབ་ཕྱོགས་ཀྱི་ཚད་མ་མེད་པ་དང་། དེ་གཉིས་ཀ་ཡིན་པའི་ཚད་མ་ཕུང་གསུམ་པ་མེད་པ་རྣམས་དོན་གཅིག། མངོན་སུམ་གྱི་སྣང་ཡུལ་ལ་རང་མཚན་གྱིས་ཁྱབ་པ་དང་། རང་མཚན་ལ་གཅིག་ཤོས་ཀྱི་ཁྱབ་པ་གཉིས་ཀ་ཡོད་དོ། །

༈ རྩོད་པ་སྤང་པ་ལ། ཁ་ཅིག་ན་རེ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་ཐལ། དེ་ལ་དེ་གཉིས་སུ་དབྱེར་ཡོད། དེ་ལ་དེ་གཉིས་ལས་གྲངས་མང་མི་དགོས་ཤིང་། གྲངས་ཉུང་ན་མི་འདུ་བ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་མར་གྱུར་པའི་མངོན་རྗེས་གང་རུང་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཚད་མ་ཡིན་ན་མངོན་རྗེས་གང་རུང་གི་ཁོངས་སུ་འདུས་པའི་ཁྱབ་པའི་ཕྱིར། གསུམ་པ་གྲུབ་སྟེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་ལས་གྲངས་ཉུང་ན་མི་འདུ་བ་གང་ཞིག །མངོན་རྗེས་གང་རུང་གི་ཚད་མ་ཡིན་ན། མངོན་རྗེས་གང་རུང་ཡིན་དགོས་པའི་ཕྱིན་ན་མ་ཁྱབ་སྟེ། ཁོ་རང་ལ། ཚད་མ་ལ་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གཉིས་ལས་གྲངས་ཉུང་ན་མི་འདུ་བ་ཡིན་པར་ཐལ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་ལས་གྲངས་ཉུང་ན་མི་འདུ་བ་གང་ཞིག །མངོན་རྗེས་ཀྱི་ཚད་མ་གང་རུང་ཡིན་ན། རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་རུང་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཚད་མ་ཡིན་ན། རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་རུང་ཡིན་པའི་མ་ཁྱབ་པའི་ཕྱིར། ཡང་ཁོ་ན་རེ། ཚད་མ་ལ་མངོན་སུམ་དང་རྗེས་དཔག་གཉིས་སུ་གྲངས་ངེས་པར་ཐལ། དེ་ལ་གཉིས་སུ་དབྱེར་ཡོད། དེ་ལས་མང་མི་དགོས་ཤིང་། ཉུང་ན་མི་འདུ་བ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ལ་དེ་གཉིས་ཀྱི་དབྱེ་བ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་གང་རུང་ཡིན་ན། ཚད་མ་ཡིན་དགོས་པར་ཐལ་ལོ། །ཡང་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་ཚད་མ་དེ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་ཐལ། དེ་ལ་དེ་གཉིས་སུ་ཞེས་སོགས་དེའི་ཕྱིར། དང་པོ་གྲུབ་སྟེ། དེ་ལ་དེ་གཉིས་ཀྱི་དབྱེ་བ་ཡོད་པའི་ཕྱིར་ན་མ་ཁྱབ། ཕྱི་མ་གྲུབ་སྟེ། ཚད་མ་ལ་དེ་གཉིས་ལས་གྲངས་མང་མི་དགོས་ཤིང་། ཉུང་ན་མི་འདུ་བ་ཡིན་པ་གང་ཞིག །དེའི་རྒྱུད་ཀྱི་ཚད་མ་དེ་ཚད་མ་ལས་ཁྱབ་ཆུང་བའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ཚད་མའི་བྱེ་བྲག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་མ་ངེས་པར་ཐལ། དེ་ལ་དེ་གཉིས་མ་ཡིན་པའི་ཚད་མར་གྲངས་ངེས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཚད་མ་ལ་རྟག་དངོས་གཉིས་མ་ཡིན་པའི་ཚད་མར་གྲངས་ངེས་པའི་ཕྱིར་ཟེར་ན། འོ་ན། ཚད་མ་དེ་མངོན་རྗེས་ཀྱི་ཚད་མ་གང་རུང་གི་ཁོངས་སུ་མ་འདུས་པར་ཐལ། དེ་དེ་གཉིས་མ་ཡིན་པའི་ཚད་མའི་ཁོངས་སུ་འདུ་བའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་དེ་མ་ཡིན་པའི་ཚད་མ་ཡིན་པའི་ཕྱིར། འདོད་ན། ཚད་མ་ཆོས་ཅན། དེ་གཉིས་གང་རུང་གི་ཁོངས་སུ་འདུས་པར་ཐལ། ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་ངེས་ལས། ཚད་མ་ཡིན་ན་འདི་གཉིས་ཁོ་ནར་འདུས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མངོན་རྗེས་གཉིས་ཆོས་ཅན། མངོན་རྗེས་གང་རུང་གི་ཁོངས་སུ་འདུས་པར་ཐལ། ཚད་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མངོན་སུམ་གྱི་ཁོངས་སུ་འདུས་པར་ཐལ། འདོད་པ་གང་ཞིག །རྗེས་དཔག་གི་ཁོངས་སུ་མ་འདུས་པའི་ཕྱིར་ན་མ་ཁྱབ། འོ་ན། མངོན་སུམ་ཆོས་ཅན། མངོན་སུམ་གྱི་བྱེ་བྲག་གི་ཁོངས་སུ་འདུས་པར་ཐལ། དེ་གང་རུང་གི་བྱེ་བྲག་གི་ཁོངས་སུ་འདུས་པ་གང་ཞིག །རྗེས་དཔག་གི་བྱེ་བྲག་གི་ཁོངས་སུ་མ་འདུས་པའི་ཕྱིར་ཏེ། རྗེས་དཔག་གི་བྱེ་བྲག་མ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁོ་ཁོ་དང་གཅིག་ཡིན་པའི་ཕྱིར། །

གཞལ་བྱ་གཉིས་ཀྱི་ངོ་བོ་ངོས་བཟུང་བ་ལ་སྦྱོར་འགོད་དང་མཐའ་དཔྱད་པ།

༈ དོན་དམ་དོན་བྱེད་ནུས་པ་གང་། །ཞེས་སོགས་རྐང་པ་བཞིའི་སྐབས་སུ་སྦྱོར་བ་འགོད་པ་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། དོན་དམ་པར་དོན་བྱེད་ནུས་པ་ཆོས་ཅན། དོན་དམ་དུ་ཡོད་པ་ཡིན་ཏེ། རྟོག་པས་སྒྲོ་མ་བཏགས་པར་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་འདྲ་བ་དེ་རང་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། དོན་བྱེད་མི་ནུས་པའི་ཆོས་ཆོས་ཅན། ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། རྟོག་པས་སྒྲོ་བཏགས་པའི་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་ཆོས་སྤྱི་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། དེ་ལྟར་ན་སྦྱོར་འགོད་འདི་གཉིས་འཐད་དེ། ཐར་ལམ་གསལ་བྱེད་ལས། གཞུང་འདིས་དོན་དམ་དུ་ཡོད་པ་དང་ཀུན་རྫོབ་ཏུ་ཡོད་པའི་མཚན་གཞི་ངོས་བཟུང་ནས་སྒྲུབ་བྱེད་དོན་གྱིས་འཕངས་པའི་སྒྲུབ་བྱེད་དེ་དག་རང་མཚན་གྱི་མཚན་ཉིད་དང་། སྤྱི་མཚན་གྱི་མཚན་ཉིད་དུ་བཤད་དོ། །ཞེས་གསུངས་པའི་ཕྱིར། །

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རང་ཉིད་མངོན་སུམ་དུ་རྟོགས་པའི་བློ་དོན་དམ་པས་རྟོགས་པར་བྱ་བ་དེ། དོན་དམ་བདེན་པའི་མཚན་ཉིད་དང་། རང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ཀུན་རྫོབ་པའི་རྟོགས་པར་བྱ་བ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད་ཟེར་ན། དང་པོ་ལ། འགོག་བདེན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། འགོག་བདེན་མངོན་སུམ་དུ་རྟོགས་པའི་བློ་དོན་དམ་པ་ཡོད་པའི་ཕྱིར། དེ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡོད་པའི་ཕྱིར་ཏེ། བདེན་བཞི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་དེ་ཡོད་པའི་ཕྱིར། དེ་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་ཏེ། རྣལ་འབྱོར་ཤེས་པ་སྔར་བཤད་པ། །ཞེས་སོགས་རྐང་པ་གཉིས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྣམ་མཁྱེན་གྱིས་འགོག་བདེན་མངོན་སུམ་དུ་རྟོགས་པར་ཐལ། འགོག་བདེན་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡོད་པའི་ཕྱིར། འདོད་ན། སྟོན་པས་འགོག་བདེན་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། འཇུག་པའི་ཊཱིཀ་ཆེན་ལས། རིགས་པ་དྲུག་ཅུ་པའི་འགྲེལ་པར། རང་ལུགས་ལ་སྟོན་པས་འགོག་བདེན་མངོན་སུམ་གྱིས་ཤེས་པ་ཞལ་གྱིས་བཞེད་ལ། དངོས་སྨྲ་བ་མངོན་སུམ་ཚད་མ་དངོས་པོ་རང་མཚན་གྱི་ཡུལ་ཅན་དུ་འདོད་པ་དེ་ལ་དེ་མི་རུང་བ་དང་། ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། སྟོན་པས་འགོག་བདེན་དངོས་སུ་མ་རྟོགས་པ་དེ། ལུང་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། སྟོན་པས་འགོག་བདེན་མངོན་སུམ་དུ་རྟོགས་པར་ཐལ། རྣལ་འབྱོར་མངོན་སུམ་གྱིས་དེ་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ། དེ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡོད་པའི་ཕྱིར་ཏེ། གང་ཟག་གི་བདག་མེད་རྟོགས་པའི་དེ་ཡོད་པའི་ཕྱིར་ཏེ། དེ་འདྲའི་རྣལ་འབྱོར་མངོན་སུམ་གྱི་གཟུང་ཡུལ་དུ་གྱུར་པའི་རང་མཚན་ཡོད་ལ། དེས་གང་ཟག་གི་བདག་མེད་གཟུང་ཡུལ་དུ་མི་བྱེད་པའི་ཁྱད་པར་འཐད་པའི་ཕྱིར། རྣམ་ངེས་ཊཱིཀ་ཆེན་ལས། རྣལ་འབྱོར་མངོན་སུམ་འདིའི་གཟུང་ངོར་དགག་གཞི་རང་མཚན་འབའ་ཞིག་སྣང་བ་ཡིན་གྱི། གང་ཟག་གི་བདག་བཀག་པའི་མེད་དགག་གཟུང་ངོར་ཁས་ལེན་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། མཚན་ཉིད་གཉིས་པ་ལ། བུམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། བུམ་འཛིན་རྟོག་པས་རྟོགས་པར་བྱ་བ་གང་ཞིག །དེ་བློ་ཀུན་རྫོབ་པ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། ལྟོ་ལྡིར་བ་ལ་དམིགས་ནས་འདི་ནི་བུམ་པའོ་སྙམ་དུ་འཛིན་པའི་རྟོག་པ་དེ་བློ་ཀུན་རྫོབ་པ་ཡིན་པའི་ཕྱིར་ཏེ། ཚད་མ་མདོ་ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། དོན་དམ་པར་དོན་བྱེད་ནུས་པ་རང་མཚན་གྱི་མཚན་ཉིད་དང་། དེ་ལྟར་མི་ནུས་པའི་ཆོས་སྤྱི་མཚན་གྱི་མཚན་ཉིད་ཟེར་ན། རང་མཚན་ཚད་མས་ངེས་པའི་གང་ཟག་ཡིན་ན། རང་མཚན་དོན་དམ་པར་དོན་བྱེད་ནུས་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། མཚན་ཉིད་དང་པོ་དེའི་ཕྱིར། འདོད་ན། སེམས་ཙམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་དབང་རང་མཚན་དུ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མདོ་སྡེ་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་སེམས་ཙམ་པ་དེས། གཞན་དབང་རང་མཚན་དུ་ཚད་མས་ངེས་པའི་ཕྱིར་ཏེ། དེ་འདྲའི་སེམས་ཙམ་པ་ཡོད་པའི་ཕྱིར་ཏེ། དེ་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་བསྟན་བཅོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སེམས་ཙམ་པས་དོན་བྱེད་མི་ནུས་པ་དང་། རང་མཚན་གྱི་གཞི་མཐུན་ཁས་ལེན་པའི་ཕྱིར་ཏེ། དེས་སྟོང་ཉིད་དེ་འདྲ་བའི་གཞི་མཐུན་དུ་ཁས་ལེན་པའི་ཕྱིར། གཞན་ཡང་། དོན་དམ་པར་ཞེས་སོགས་ཆོས་ཅན། རང་རྒྱུད་པསཁྱོད་ཁས་ལེན་པར་ཐལ། ཁྱོད་རང་མཚན་གྱི་མཚན་ཉིད་གང་ཞིག །དེས་དེའི་མཚན་ཉིད་ཁས་ལེན་པའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱུད་པས་བདེན་གྲུབ་ཁས་མི་ལེན་པའི་ཕྱིར། གཞན་ཡང་། སྤྱི་མཚན་ཚད་མས་ངེས་པའི་གང་ཟག་ཡིན་ན། སྤྱི་མཚན་མཚན་ཉིད་དེར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། མཚན་ཉིད་གཉིས་པ་འཐད་པའི་ཕྱིར། འདོད་ན། སྤྱི་མཚན་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་དོན་བྱེད་མི་ནུས་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྤྱི་མཚན་དོན་བྱེད་མི་ནུས་པར་སྒྲུབ་པའི་རྟགས་ཡང་དག་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར་ཏེ། དེ་ལྟར་སྒྲུབ་པའི་རིགས་པ་ཡང་དག་ཡོད་པའི་ཕྱིར་ཏེ། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་པ་ནས། དེ་ནི་དངོས་མེད་མཚན་ཉིད་ཡིན། །ཞེས་པའི་བར་གྱིས་སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་བསྟན་པའི་ཕྱིར། མཚན་ཉིད་དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། དོན་དམ་པར་དོན་བྱེད་ནུས་པའི་ཁྱད་ཆོས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དེའི་ཁྱད་ཆོས་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེའི་ལྡོག་པ་ཁྱོད་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རང་མཚན་ཡིན་ན། དོན་བྱེད་ནུས་པའི་ཆོས་ཡིན་དགོས་པར་ཐལ། དེ་ཡིན་ན། མཚན་ཉིད་དེ་ཡིན་དགོས་པའི་ཕྱིར། འདོད་ན། དངོས་པོ་ཡིན་ན། དོན་བྱེད་ནུས་པའི་དངོས་པོ་ཡིན་དགོས་པར་ཐལ་ལོ། །འདོད་ན། དོན་བྱེད་ནུས་པའི་འབྲས་བུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། དོན་བྱེད་ནུས་པ་དང་རྫས་གཅིག་ཏུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། ཁོ་ན་རེ། ཤེས་པ་ཡིན་ན། ཤེས་པའི་དངོས་པོ་ཡིན་དགོས་པར་ཐལ། དངོས་པོ་ལ་དེའི་ཕྱིར། འདོད་ན། ཤེས་པ་ཡིན་ན། ཤེས་པའི་རྫས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། ཤེས་པའི་ཉེར་ལེན་དུ་གྱུར་པའི་ཤེས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཤེས་པའི་རྫས་ཡིན་པར་ཐལ་ལོ། །འདོད་ན། ཤེས་པ་དང་རྫས་གཅིག་ཏུ་ཐལ་ལོ། །ཁ་ཅིག་ན་རེ། མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མའི་རྙེད་དོན་གྱི་གཙོ་བོ་དེ། དོན་དམ་བདེན་པའི་མཚན་ཉིད་ཟེར་ན། བུམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། གནས་ལུགས་མཐར་ཐུག་ཏུ་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། བུམ་པ་དེ་མཐར་ཐུག་དཔྱོད་པའི་དེ་ཡིན་པར་ཐལ། དེ་དོན་དམ་དཔྱོད་པའི་རིག་ཤེས་ཚད་མའི་རྙེད་དོན་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མངོན་སུམ་གྱི་ཚད་མའི་རྙེད་དོན་གང་ཞིག །མངོན་སུམ་གྱི་ཚད་མ་ཡིན་ན། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཡིན་དགོས་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ཡིན་ན་རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་དོན་དམ་བདེན་པ་དཔྱོད་པའི་ཚད་མ་ཡིན་དགོས་པའི་ཕྱིར་ཟེར་ན། ཁོ་རང་ལ། ཐ་སྙད་པའི་ཚད་མ་ཡིན་ན། ཀུན་རྫོབ་དཔྱོད་བྱེད་ཀྱི་ཚད་མ་ཡིན་དགོས་པར་ཐལ། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཡིན་ན། མཐར་ཐུག་དཔྱོད་པའི་ཚད་མ་ཡིན་དགོས་པའི་ཕྱིར། འདོད་ན། བུམ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། དེར་ཐལ། དེའི་ཕྱིར། རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར་ཏེ། བུམ་པ་དོན་དམ་བདེན་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་དང་། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་འགལ་ཟེར་ན། དེ་མི་འཐད་དེ། རྣམ་མཁྱེན་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། དེ་དེ་གཉིས་དཔྱོད་བྱེད་ཀྱི་རྣམ་མཁྱེན་ཡིན་པའི་ཕྱིར་ཏེ། དེ་ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་དང་། ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་གཉིས་ཀ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་དམ་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན། དོན་དམ་བདེན་པའི་མཚན་ཉིད་དང་། ཀུན་རྫོབ་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན། ཀུན་རྫོབ་བདེན་པའི་མཚན་ཉིད་ཟེར་ན། ཤེས་བྱ་ཆོས་ཅན། མཚོན་བྱ་དང་པོ་དེར་ཐལ། མཚན་ཉིད་དེའི་ཕྱིར། མངོན་སུམ་གྱི་ཚད་མའི་རྙེད་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་དམ་པའི་ཚད་མའི་རྙེད་དོན། དང་པོའི་མཚན་ཉིད་དང་། ཀུན་རྫོབ་པའི་ཚད་མའི་རྙེད་དོན། གཉིས་པའི་མཚན་ཉིད་ཟེར་ན། དང་པོ་ལ་ཤེས་བྱ་ཆོས་ཅན། མཚོན་བྱ་དང་པོ་ལ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། མངོན་སུམ་གྱི་ཚད་མའི་རྙེད་དོན་ཡིན་པའི་ཕྱིར། གཉིས་པ་ལ། བུམ་པ་ཆོས་ཅན། མཚོན་བྱ་གཉིས་པ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། བུམ་པ་རྟོགས་པའི་རྗེས་དཔག་གི་རྙེད་དོན་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཁྱོད་རྟོགས་པའི་རྗེས་དཔག་གི་དེར་ཐལ། གཞི་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། དོན་དམ་པའི་ཚད་མའི་སྣང་ཡུལ། དང་པོའི་མཚན་ཉིད། ཀུན་རྫོབ་པའི་ཚད་མའི་སྣང་ཡུལ་གཉིས་པའི་མཚན་ཉིད་ཟེར་ན། མངོན་སུམ་གྱི་ཚད་མའི་སྣང་ཡུལ་དེ་མཚན་ཉིད་དུ་ཐལ། དང་པོ་དེ་འཐད་པའི་ཕྱིར། འདོད་ན། ཚད་མའི་སྣང་ཡུལ་མཚན་ཉིད་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཡུལ་མཚན་ཉིད་དུ་ཐལ་ལོ། །འདོད་ན། བློའི་ཡུལ་མཚན་ཉིད་དུ་ཐལ་ལོ། །འདོད་ན། ཡུལ་མཚན་ཉིད་དུ་ཐལ་ལོ། འདོད་མི་ནུས་ཏེ། བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། རིགས་གཏེར་ལས། ཡུལ་གྱི་མཚན་ཉིད་བློས་རིག་བྱ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། དོན་དམ་པའི་ཚད་མའི་སྣང་ཡུལ་དུ་གྱུར་པའི་སྒོ་ནས་དོན་དམ་པའི་ཚད་མའི་རྙེད་དོན། དང་པོའི་མཚན་ཉིད། ཀུན་རྫོབ་པའི་ཞེས་སོགས། གཉིས་པའི་མཚན་ཉིད་ཡིན་ཟེར་བ་དང་། དོན་དམ་པའི་ཚད་མས་སྣང་བའི་དབང་གིས་ཡོད་པར་བཞག་པ། དོན་དམ་དུ་ཡོད་པའི་མཚན་ཉིད། ཀུན་རྫོབ་པའི་མཚན་མ་ལ་ཞེས་སོགས་ཀུན་རྫོབ་ཏུ་ཡོད་པའི་མཚན་ཉིད་ཟེར་ན། བུམ་པ་ཆོས་ཅན། མཚོན་བྱ་ཕྱི་མ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། རྗེས་སུ་དཔག་པའི་ཚད་མ་ལ་སྣང་བའི་དབང་གིས་ཡོད་པར་བཞག་པ་ཡིན་པའི་ཕྱིར་ཏེ། དེ་ལ་སྣང་བའི་དབང་གིས་བློའི་ཡུལ་དུ་བཞག་པ་ཡིན་པའི་ཕྱིར་ཏེ། དེ་ལ་སྣང་བའི་དབང་གིས་རྗེས་དཔག་གི་ཡུལ་དུ་བཞག་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དོན་དམ་དུ་ཡོད་པ་ཡིན་པའི་ཕྱིར། གཞན་ཡང་། མངོན་སུམ་གྱི་ཚད་མ་ལ་སྣང་བའི་དབང་གིས་བཞག་པ་དང་། རྗེས་དཔག་གི་ཚད་མ་ལ་སྣང་བའི་དབང་གིས་བཞག་པ་གཉིས་འགལ་བར་ཐལ། ཀུན་རྫོབ་པའི་ཚད་མས་སྣང་བའི་དབང་གིས་བཞག་པ་སོགས་ལ་དེའི་ཕྱིར་ཏེ། མཚན་ཉིད་ཕྱི་མ་གཉིས་འཐད་པའི་ཕྱིར། འདོད་ན། རྗེས་སུ་དཔག་པའི་ཚད་མ་ལ་སྣང་བ་དང་། གཅིག་ཤོས་ལ་སྣང་བ་དེ་གཉིས་འགལ་བར་ཐལ་ལོ། །འདོད་མི་ནུས་ཏེ། གཞི་གྲུབ་ན། རྗེས་སུ་དཔག་པའི་ཚད་མ་ལ་སྣང་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་པ་ཆོས་ཅན། རྟོག་པ་ལ་སྣང་བའི་དབང་གིས་ཡོད་པར་བཞག་པར་ཐལ། རྗེས་དཔག་ལ་དེའི་ཕྱིར། འདོད་ན། རྟོག་པའི་དབང་གིས་བཞག་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། རྟོག་པས་སྒྲོ་བཏགས་སུ་ཐལ་ལོ། །ཁ་ཅིག་ན་རེ། ཀུན་རྫོབ་པའི་ཚད་མའི་ཡུལ་ཡིན་ན། ཀུན་རྫོབ་ཏུ་ཡོད་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། རྗེས་སུ་དཔག་པའི་ཚད་མའི་ཡུལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དོན་དམ་དུ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་པ་ཆོས་ཅན། ཀུན་རྫོབ་ཏུ་ཡོད་པར་ཐལ། ཐ་སྙད་དུ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཐ་སྙད་དུ་བུམ་པ་གྲགས་པའི་ཕྱིར། སངས་འཕགས་ཀྱིས་བུམ་པ་ཀུན་རྫོབ་ཏུ་ཁས་བླངས་པར་ཐལ། དེ་དེར་ཡོད་པའི་ཕྱིར། འདོད་ན། དེ་དེས་རྫུན་པར་ཁས་བླངས་པར་ཐལ་ལོ། །གཞན་ཡང་། དེས་བུམ་པ་བདེན་རྫུན་གཉིས་ཀར་ཁས་བླངས་པར་ཐལ། དེ་དེས་བདེན་པར་ཁས་བླངས། གཅིག་ཤོས་ཀྱང་ཁས་བླངས་པའི་ཕྱིར། འདོད་ན། དེ་དེ་གཉིས་ཀ་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། སངས་འཕགས་ཀྱིས་བུམ་པ་དོན་དམ་པར་ཁས་བླངས་པར་ཐལ། དེས་དེ་བདེན་པར་ཁས་བླངས་པའི་ཕྱིར་ན་མ་ཁྱབ། འདོད་ན། དེས་བུམ་པ་དོན་དམ་པར་ཁས་བླངས་པའི་ཁས་བླངས་ཡོད་པར་ཐལ་ལོ། །འདོད་ན། དེས་དེར་བརྗོད་པའི་ངག་ཡོད་པར་ཐལ་ལོ། །འདོད་ན། དོན་དམ་པར་རྗོད་བྱེད་སྒྲའི་བརྗོད་བྱ་ཡོད་པར་ཐལ་ལོ། །གཞན་ཡང་། ཁོ་ན་རེ། དོན་དམ་བདེན་པ་ཡིན་ན། བདེན་པ་ཡིན་དགོས་པར་ཐལ། ཀུན་རྫོབ་ཏུ་ཡོད་ན། ཀུན་རྫོབ་ཙམ་དུ་ཡོད་དགོས་པའི་ཕྱིར། འདོད་ན། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། སྣང་བ་ལྟར་དུ་གྲུབ་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་ཐལ། འདོད་པ་གང་ཞིག །བརྡ་ལ་མ་བྱང་པའི་སྐྱེས་བུའི་མིག་ཤེས་ལ་དེའི་གཟུགས་བརྙན་དེར་སྣང་བའི་ཕྱིར་ཟེར་ན། ཁོ་རང་ལ། དེའི་གཟུགས་བརྙན་ཆོས་ཅན། བདེན་པ་ཡིན་པར་ཐལ། བདེན་པར་གྲུབ་པའི་ཕྱིར་ཏེ། གཞན་དབང་ཡིན་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། བདེན་པ་ཡིན་པར་ཐལ། བདེན་རྫུན་གང་རུང་གང་ཞིག །གཅིག་ཤོས་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། བདེན་པ་གཉིས་པོ་གང་རུང་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྟོག་པས་སྒྲོ་མ་བཏགས་པར་ཡུལ་རང་ངོས་ནས་གྲུབ་པ་དེ། རང་མཚན་གྱི་མཚན་ཉིད། རང་འཛིན་རྟོག་པས་སྒྲོ་བཏགས་སྤྱི་མཚན་གྱི་མཚན་ཉིད་ཟེར་ན། དང་པོ་ལ། རི་བོང་གི་རྭ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟོག་པས་སྒྲོ་མ་བཏགས་པར་ཚད་མའི་ཡུལ་རང་ངོས་ནས་གྲུབ་པའི་ཕྱིར་ཏེ། དེས་སྒྲོ་མ་བཏགས་པ་གང་ཞིག །དེའི་དེར་གྲུབ་པའི་ཕྱིར། གཉིས་པ་ལ་རི་བོང་གི་རྭ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། རང་འཛིན་རྟོག་པའི་ཞེན་ཡུལ་ཡིན་པའི་ཕྱིར། མཚན་ཉིད་གཉིས་པ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། ཤེས་བྱ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རང་འཛིན་རྟོག་པ་ཁྱོད་ལ་སྒྲོ་འདོགས་ཀྱི་བློ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། རང་འཛིན་རྟོག་པ་ལོག་ཤེས་སུ་ཐལ་ལོ། །

༈ གཞུང་འདི་གྲུབ་མཐའ་སྨྲ་བ་གང་གི་དབང་དུ་བྱས་པ་ལ། ཁོ་ན་རེ། དོན་དམ་དོན་བྱེད་ནུས་པ་ཞེས་སོགས་ཀྱི་གཞུང་འདི། མདོ་སེམས་ཐུན་མོང་པའི་གཞུང་ཡིན་ཟེར་ན། དེ་མ་ཡིན་པར་ཐལ། དེ་དེ་གཉིས་ཀྱི་ནང་ནས། མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་རང་གཞུང་རྣམ་དག་ཡིན་པའི་ཕྱིར་ཏེ། འདིས་བུམ་པ་དོན་དམ་བདེན་པའི་མཚན་གཞི་དང་། བུམ་པའི་དོན་སྤྱི་ཀུན་རྫོབ་བདེན་པའི་མཚན་གཞིར་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་གང་ཞིག །སེམས་ཙམ་པས་བུམ་པ་དོན་དམ་བདེན་པར་ཁས་མི་ལེན་པའི་ཕྱིར། གཞན་ཡང་། གཞུང་འདིས་དོན་དམ་བདེན་པའི་མཚན་གཞི་དང་། གཅིག་ཤོས་ཀྱི་མཚན་གཞི་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར་ཏེ། ཐར་ལམ་གསལ་བྱེད་ལས། གཙོ་བོར་དོན་དམ་བདེན་པའི་མཚན་གཞི་ངོས་འཛིན་པ་ཡིན་ཏེ། རྒྱན་འགྲེལ་དུ། ཞར་ལ་ཐེག་པ་ཐ་ཤལ་གྱི་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་བསྟན་པའི་ཕྱིར། ཞེས་གསུངས་པ་ཡང་། བདེན་གཉིས་ཀྱི་མཚན་གཞི་ངོས་འཛིན་དུ་གསལ་ཏེ། ཞེས་གསུངས་པའི་ཕྱིར། གཞན་ཡང་། བསྟན་བཅོས་འདི་མདོ་སེམས་ཐུན་མོང་བའི་བསྟན་བཅོས་སུ་ཐལ། གཞུང་འདི་དེ་ཡིན་པའི་ཕྱིར། འདོད་ན། འདི་སེམས་ཙམ་པའི་བསྟན་བཅོས་སུ་ཐལ། འདོད་པའི་ཕྱིར། འདོད་ན། བསྟན་བཅོས་འདིའི་ལྟ་བ་མཐར་ཐུག་སེམས་ཙམ་པ་ལ་སྐྱེལ་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ལྟ་བ་མཐར་ཐུག་པ་དེ། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །ཞེས་སོགས་ཀྱི་གཞུང་གི་སྐབས་ནས་བསྟན་པའི་ལྟ་བ་ལ་སྐྱེལ་རིགས་པར་ཐལ་ལོ། །འདོད་ན། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པར་རྟོགས་པའི་ལྟ་བ་དེ་བསྟན་བཅོས་འདིའི་སྐབས་ནས་བསྟན་པའི་ལྟ་བ་མཐར་ཐུག་ཡིན་པར་ཐལ་ལོ། །འདོད་ན། དེ་དང་དེ་འཛིན་པའི་ཚད་མ་རྫས་གཞན་མ་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། གཞུང་འདི་མདོ་སེམས་ཐུན་མོང་བའི་གཞུང་དུ་ཐལ། དེ་དེ་ཐུན་མོང་བ་ལ་སྦྱོར་རིགས་པའི་ཕྱིར་ཏེ། ཐར་ལམ་གསལ་བྱེད་ལས། དངོས་བསྟན་གྱི་དབང་དུ་བྱས་ན། མདོ་སེམས་གཉིས་ཀའི་ཐུན་མོང་བའི་དབང་དུ་བྱས་པར་བཤད་དེ། དོན་བྱེད་ནུས་པ་དོན་དམ་དུ་ཡོད་པའི་མཚན་གཞི་དང་། དོན་བྱེད་མི་ནུས་པ་ཀུན་རྫོབ་ཏུ་ཡོད་པའི་མཚན་གཞིར་དངོས་སུ་བསྟན་ལ། ཚུལ་དེ་དེ་གཉིས་ཀས་ཐུན་མོང་དུ་བཞེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གཞུང་འདིས་དོན་བྱེད་ནུས་པ་དོན་དམ་དུ་ཡོད་པའི་མཚན་གཞི་དང་། དོན་བྱེད་མི་ནུས་པའི་ཆོས་ཀུན་རྫོབ་ཏུ་ཡོད་པའི་མཚན་གཞིར་དངོས་སུ་བསྟན་ཅིང་། དེ་ལྟར་བསྟན་པ་དེ་མདོ་སེམས་གཉིས་ཀས་ཁས་ལེན་པ་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གཞུང་འདི་དེ་ཐུན་མོང་བའི་གཞུང་དུ་ཐལ། ཐར་ལམ་གསལ་བྱེད་ལས། གཏན་ལ་དབབ་བྱའི་གཙོ་བོ་ནི། སྔར་བཤད་པ་ལྟར་དངོས་པོ་དོན་དམ་དུ་གྲུབ་མ་གྲུབ་འབའ་ཞིག་གཏན་ལ་འབེབས་པ་ཡིན་པས་མདོ་སེམས་གཉིས་ཀའི་ཐུན་མོང་བའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གཞུང་འདིས་དངོས་པོ་ལ་བདེན་གྲུབ་ཀྱི་ཁྱབ་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་ཅིང་། མདོ་སེམས་གཉིས་ཀས་དེ་འདྲའི་ཁྱབ་པ་ཁས་ལེན་པ་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། མངོན་སུམ་རྟོག་དང་བྲལ་བ་ནི། །ཞེས་སོགས་ཀྱི་གཞུང་འདི་མདོ་སེམས་ཐུན་མོང་བའི་གཞུང་དུ་ཐལ། འདིས་མངོན་སུམ་ལ་རྟོག་བྲལ་གྱིས་ཁྱབ་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་གང་ཞིག །དེ་གཉིས་ཀས་དེ་འདྲའི་ཁྱབ་པ་ཁས་ལེན་པའི་ཕྱིར། འདོད་ན། མངོན་སུམ་རྟོག་དང་བྲལ་བ་ནི། ཞེས་པ་ནས། བརྟེན་ནས་མིག་བློ་སྐྱེ་བར་འགྱུར། །ཞེས་པའི་བར་གྱི་གཞུང་འདི་ཡང་དེ་ཐུན་མོང་བའི་གཞུང་དུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྐབས་འདིར་གཟུང་དོན་ཅན་གྱི་དབང་མངོན་བསྟན་བྱས་གཙོ་བོ་བྱས་ནས་བསྟན་པ་གང་ཞིག །སེམས་ཙམ་པས་དེ་འདྲའི་དབང་མངོན་ཁས་མི་ལེན་པའི་ཕྱིར། ཁྱབ་སྟེ། འཐད་ལྡན་ལས། རབ་ཏུ་བྱེད་པ་ཅུང་ཟད་བཤད་པ་འདི་ཐམས་ཅད་རྣམ་པར་རིགས་པ་སྨྲ་བའི་ལུགས་ལ་སྦྱར་བར་བྱ་བ་མ་ཡིན་ཏེ། དོན་གྱི་མཐུ་ལས་ཡང་དག་སྐྱེ་བ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་གཞུང་འདི་ཡང་མདོ་སེམས་ཐུན་མོང་བའི་དེར་ཐལ། དོན་དམ་དོན་བྱེད་ཅེས་སོགས་དེ་ཡིན་པའི་ཕྱིར། འདོད་ན། དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་པའི་གཞུང་འདི་ཡང་དེར་ཐལ། འདོད་པ་གང་ཞིག །གཞུང་འདི། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་རྟགས་བསྒྲུབ་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། འདོད་ན། དེ་སེམས་ཙམ་པའི་གཞུང་དུ་ཐལ་ལོ། །འདོད་ན། སེམས་ཙམ་པས་གཞལ་བྱ་ལ་དོན་བྱེད་ནུས་པ་དང་མི་ནུས་པའི་ཆོས་གཉིས་སུ་གྲངས་ངེས་པའི་རྟགས་ལས། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་སྒྲུབ་ནུས་པར་ཁས་ལེན་པར་ཐལ་ལོ། །འདོད་ན། དེས་དོན་བྱེད་མི་ནུས་པའི་ཆོས་ཡིན་ན། སྤྱི་མཚན་ཡིན་པས་ཁྱབ་པ་ཁས་ལེན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེས་དོན་བྱེད་མི་ནུས་པའི་ཆོས་དང་། དོན་དམ་དུ་ཡོད་པའི་གཞི་མཐུན་ཁས་ལེན་པའི་ཕྱིར། གཞན་ཡང་། གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །ཞེས་པའི་གཞུང་འདི་སེམས་ཙམ་པའི་གཞུང་དུ་ཐལ། དོན་དམ་ཞེས་སོགས་དེའི་ཕྱིར། འདོད་ན། སེམས་ཙམ་པས་དོན་བྱེད་མི་ནུས་པའི་ཆོས་ཡིན་ན། ཀུན་རྫོབ་ཏུ་ཡོད་པས་ཁྱབ་པ་ཁས་ལེན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེས་དེ་ལྟར་མི་ནུས་པའི་ཆོས་དང་། དོན་དམ་དུ་ཡོད་པའི་གཞི་མཐུན་ཁས་ལེན་པའི་ཕྱིར་ཏེ། དེས་སྟོང་ཉིད་དེ་འདྲའི་གཞི་མཐུན་དུ་ཁས་ལེན་པའི་ཕྱིར། །

རང་ལུགས་གཞུང་འདི་བཀོད་པའི་དགོས་པ་དང་བདེན་གཉིས་ཀྱི་རྣམ་གཞག་སོགས་བཤད་པ།

༈ རང་ལུགས་ནི། གཞུང་འདི་བཀོད་པའི་དགོས་པ་བཤད་པ། བདེན་གཉིས་སོ་སོའི་མཚན་ཉིད་མཚན་གཞི་གང་གཙོ་བོར་སྟོན་པ། གཞུང་འདི་གྲུབ་མཐའ་སྨྲ་བ་གང་གི་དབང་དུ་བྱས་པ། བདེན་གཉིས་ཀྱི་རྣམ་བཞག་གཏན་ལ་ཕབ་པ་དང་བཞི། དང་པོ་ནི། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་སོགས་ཀྱི་གཞུང་གསུངས་པ་ལ་དགོས་པ་ཡོད་དེ། དངོས་སྨྲ་བ་དང་ངོ་བོ་ཉིད་མེད་པར་སྨྲ་བ་གཉིས་རྩོད་པའི་རྩོད་གཞིར་གྱུར་པའི་དངོས་པོ་བདེན་གྲུབ་ཏུ་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། །

༈ གཉིས་པ་ནི། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་པའི་གཞུང་འདིས་དོན་དམ་བདེན་པའི་མཚན་གཞི་དང་། ཀུན་རྫོབ་བདེན་པའི་མཚན་གཞི་གཉིས་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་ཡིན་ཏེ། ཐར་ལམ་གསལ་བྱེད་ལས། གཙོ་བོ་ནི་བདེན་པ་གཉིས་ཀྱི་མཚན་གཞི་ངོས་འཛིན་པ་ཡིན་ཏེ། ཞེས་སོགས་གསུངས་པའི་ཕྱིར། །

༈ གསུམ་པ་ནི། གཞུང་འདི་མདོ་སེམས་གཉིས་ཀྱི་ནང་ནས་མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་རང་གཞུང་རྣམ་དག་ཡིན་ཏེ། གཞུང་འདི་དེ་གཉིས་ཀྱི་ནང་ནས་མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་བདེན་གཉིས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་གཞུང་ཡིན་པའི་ཕྱིར་ཏེ། ཐར་ལམ་གསལ་བྱེད་ལས། ཚིག་ཟུར་ལ་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པའི་མཚན་གཞི་མི་གསལ་ཡང་དོན་དེ་ལྟར་སྦྱོར་ན་མདོ་སྡེ་པ་འབའ་ཞིག་གི་དབང་དུ་བྱས་ཏེ། ཞེས་གསུངས་པའི་ཕྱིར། །

༈ བཞི་པ་བདེན་གཉིས་ཀྱི་རྣམ་བཞག་གཏན་ལ་ཕབ་པ་ལ། བྱེ་བྲག་སྨྲ་བའི་ལུགས་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་ནི། བཅོམ་པའམ་བློས་བསལ་བ་ན། རང་འཛིན་གྱི་བློ་འདོར་བའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། དེ་ལྟར་མི་འདོར་བའི་ཆོས། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་བུམ་པ་དང་། བུམ་ནང་གི་ཆུ་ལྟ་བུ། ཀུན་རྫོབ་བདེན་པའི་མཚན་གཞི་ཡིན། རྡུལ་ཕྲ་རབ་ཤེས་པ་ནམ་མཁའ་ལ་སོགས་པ་དོན་དམ་བདེན་པའི་མཚན་གཞི་ཡིན། བུམ་པ་དེ་བཅོམ་པའམ་བློས་བསལ་བ་ན། རང་འཛིན་གྱི་བློ་འདོར་བའི་ཆོས་ཡིན་ཏེ། བུམ་པ་ཐོ་བས་བཅོམ་པ་ན་བུམ་འཛིན་གྱི་བློ་འདོར་བའི་ཕྱིར། བུམ་ནང་གི་ཆུ་ལྟ་བུ་བློས་བསལ་བ་ན། རང་འཛིན་གྱི་བློ་འདོར་བའི་ཆོས་ཡིན་པའི་ཕྱིར་ཏེ། ཆུ་དེའི་དྲི་དང་གཟུགས་ལ་སོགས་པ་བློས་སོ་སོར་བསལ་བ་ན། དེ་འཛིན་གྱི་བློ་འདོར་བའི་ཕྱིར། དེ་སྐད་དུ་ཡང་། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། འདིའི་ཐད་ཀྱི་མཛོད་ཀྱི་རང་འགྲེལ་དུ། སེམས་ཙམ་པའི་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་བཞག་ལོགས་སུ་གསུངས། མདོ་སྡེ་པའི་ལུགས་ཀྱི་དེའི་རྣམ་བཞག་ལོགས་སུ་མ་གསུངས་པས། བྱེ་བྲག་སྨྲ་བ་དང་རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་གཉིས་བདེན་གཉིས་ཀྱི་རྣམ་བཞག་ལ་མཐུན་པ་ཡིན་ནོ་ཟེར་ན། མི་འཐད་པར་ཐལ། དེ་གཉིས་སོ་སོའི་མཚན་ཉིད་ལ་ཡང་མི་མཐུན། དེ་དེ་སོ་སོའི་མཚན་གཞི་ལ་ཡང་མི་མཐུན་པའི་ཕྱིར། དང་པོ་གྲུབ་སྟེ། བྱེ་བྲག་སྨྲ་བས་བདེན་གཉིས་སོ་སོའི་མཚན་ཉིད་སྔར་ལྟར་ཁས་ལེན། གཅིག་ཤོས་ཀྱིས་དེ་ལྟར་ཁས་མི་ལེན་པའི་ཕྱིར། དེ་གཉིས་མཚན་གཞི་ལ་མི་མཐུན་པ་ཡིན་པའི་ཕྱིར་ཏེ། བྱེ་བྲག་སྨྲ་བས། བུམ་པ་ཀུན་རྫོབ་བདེན་པར་ཁས་ལེན། གཅིག་ཤོས་ཀྱིས་དེ་དོན་དམ་བདེན་པར་ཁས་ལེན་པའི་ཕྱིར་དང་། བྱེ་བྲག་སྨྲ་བས་ནམ་མཁའ་དོན་དམ་བདེན་པའི་མཚན་གཞིར་ཁས་ལེན། མདོ་སྡེ་པས་དེ་ཀུན་རྫོབ་བདེན་པའི་མཚན་གཞིར་ཁས་ལེན་པའི་ཕྱིར། མདོ་སྡེ་པས་བུམ་པ་དོན་དམ་བདེན་པར་ཁས་ལེན་པ་ཡིན་ཏེ། དེས་དེ་བདེན་གྲུབ་ཏུ་ཁས་ལེན་པའི་ཕྱིར། དེས་ས་བོན་གྱིས་མྱུ་གུ་སྐྱེད་པའི་ནུས་པ་དེ་བདེན་གྲུབ་ཏུ་ཁས་ལེན་པའི་ཕྱིར་ཏེ། དེ་ལྟར་དུ་ཡང་། ས་བོན་སོགས་ནི་མྱུག་སོགས་ལ། །ཞེས་པའི་རྩོད་ལན་དུ་གསལ་བར་གསུངས་པའི་ཕྱིར། ཁ་ཅིག །མཛོད་ཀྱི་བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཞེས་པའི་དོན་ནི། བྱེ་བྲག་སྨྲ་བས་བུམ་པ་བཏགས་ཡོད་ཁས་ལེན་པ་ཡིན་གྱི། གཞན་བྱེ་བྲག་སྨྲ་བས་བུམ་པ་དོན་དམ་པར་ཁས་ལེན་པ་ཡིན་ཏེ། དེས་བུམ་པ་བདེན་གྲུབ་ཏུ་ཁས་ལེན་པའི་ཕྱིར་ཏེ། དེས་དངོས་པོ་ལ་བདེན་གྲུབ་ཀྱིས་ཁྱབ་པ་ཁས་ལེན་པའི་ཕྱིར། དེ་དངོས་སྨྲ་བ་ཡིན་པའི་ཕྱིར་ཟེར་ན། དེ་ལྟར་ཡིན་ན་བྱེ་བྲག་སྨྲ་བས། གཞི་གྲུབ་ན་བདེན་གྲུབ་ཡིན་པས་ཁྱབ་པ་ཁས་ལེན་པར་ཐལ། དེས་གཞི་གྲུབ་ན་དངོས་པོ་ཡིན་པས་ཁྱབ་པ་ཁས་ལེན་པ་གང་ཞིག། དེས་དངོས་པོ་ལ་བདེན་གྲུབ་ཀྱིས་ཁྱབ་པ་ཁས་ལེན་པའི་ཕྱིར། འདོད་ན། དེས་ཀུན་རྫོབ་བདེན་པ་ཁས་མི་ལེན་པར་ཐལ་ལོ། །གཉིས་པ་མདོ་སྡེ་པའི་ལུགས་ནི། དོན་དམ་པར་དོན་བྱེད་ནུས་པ། དོན་དམ་བདེན་པའི་མཚན་ཉིད། དེ་ལྟར་མི་ནུས་པའི་ཆོས་ཀུན་རྫོབ་བདེན་པའི་མཚན་ཉིད། རྟོག་པས་སྒྲོ་མ་བཏགས་པར་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ། རང་མཚན་གྱི་མཚན་ཉིད། རྟོག་པས་སྒྲོ་བཏགས་པའི་ཆོས་སྤྱི་མཚན་གྱི་མཚན་ཉིད། སྒྲ་བཤད་པ་ལ། བུམ་པ་ལ་དོན་དམ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་བློ་དོན་དམ་པ་མ་འཁྲུལ་པའི་ཤེས་པའི་ངོར་བདེན་ཅིང་། གནས་ཚུལ་ལ་ཡང་བདེན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། བུམ་པའི་དོན་སྤྱི་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་བློ་ཀུན་རྫོབ་པ་བུམ་འཛིན་རྟོག་པའི་ངོར་བདེན་ཅིང་། གནས་ཚུལ་ལ་རྫུན་པས་དེ་ལྟར་བརྗོད་པའི་ཕྱིར། བུམ་འཛིན་རྟོག་པ་ལ་བློ་ཀུན་རྫོབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རང་མཚན་མངོན་སུམ་གྱིས་མཐོང་བ་ལ་སྒྲིབ་བྱེད་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། གང་ཞིག་རང་གི་ངོ་བོ་ཡི། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །སྒྲིབ་བྱེད། ཅེས་གསུངས་པའི་ཕྱིར། །

༈ རྩོད་པ་སྤང་བ་ལ། དོན་དམ་པར་དོན་བྱེད་ནུས་པ་ཆོས་ཅན། སེམས་ཙམ་པས་དོན་དམ་བདེན་པའི་མཚན་ཉིད་དུ་ཁས་ལེན་པར་ཐལ། དེའི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་སེམས་གཉིས་དོན་དམ་བདེན་པའི་མཚན་ཉིད་ལ་མཐུན་པའི་ཕྱིར་ཏེ། དེ་གཉིས་རང་མཚན་གྱི་མཚན་ཉིད་ལ་མཐུན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་གཉིས་ཀས་རྟོག་པས་སྒྲོ་མ་བཏགས་པར་ཞེས་སོགས། དེའི་མཚན་ཉིད་དུ་ཁས་ལེན་པའི་ཕྱིར་ཏེ། མདོ་སྡེ་པས་ཀྱང་དེའི་མཚན་ཉིད་དུ་ཁས་ལེན། སེམས་ཙམ་པས་ཀྱང་དེ་ལྟར་ཁས་ལེན་པའི་ཕྱིར། གཞན་ཡང་། མདོ་སེམས་གཉིས་རང་མཚན་གྱི་མཚན་གཞི་ལ་མཐུན་པར་ཐལ། དེ་གཉིས་དེའི་མཚན་ཉིད་ལ་མཐུན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། མདོ་སྡེ་པས་བུམ་པ་རང་མཚན་གྱི་མཚན་གཞི་དང་། བུམ་པའི་ཆོས་ཉིད་སྤྱི་མཚན་གྱི་མཚན་གཞིར་ཁས་ལེན་ཅིང་། སེམས་ཙམ་པས་དེ་ལས་ལྡོག་སྟེ་དེ་གཉིས་ཀ་རང་མཚན་དུ་ཁས་ལེན་པའི་ཕྱིར། ཁོ་རང་ལ་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་གཉིས་དངོས་པོའི་མཚན་གཞི་ལ་མཐུན་པར་ཐལ། དེ་གཉིས་དེའི་མཚན་ཉིད་ལ་མཐུན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་གཉིས་ཀས་དོན་བྱེད་ནུས་པ། དངོས་པོའི་མཚན་ཉིད་དུ་ཁས་ལེན་པའི་ཕྱིར། འདོད་མི་ནུས་ཏེ། བྱེ་བྲག་སྨྲ་བས་ནམ་མཁའ་དངོས་པོའི་མཚན་གཞིར་ཁས་ལེན། མདོ་སྡེ་པས་དེ་དངོས་མེད་ཀྱི་མཚན་གཞིར་ཁས་ལེན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་གཉིས་དངོས་པོའི་མཚན་གཞི་ལ་མཐུན་པར་ཐལ། དེ་གཉིས་ཀས་བུམ་པ། དེའི་མཚན་གཞིར་ཁས་ལེན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། ཤེས་བྱ་ཆོས་ཅན། ཁྱོད་དོན་དམ་ཡིན་ན། ཁྱོད་བདེན་པ་ཡིན་དགོས་པར་ཐལ། དོན་དམ་ཡིན་ན། བདེན་པ་ཡིན་དགོས་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། དོན་དམ་ཡིན་ན། བདེན་པ་ཡིན་དགོས་པའི་ཕྱིར། འདོད་ན། དོན་དམ་ཆོས་ཅན། ཁྱོད་བདེན་པ་ཡིན་པར་ཐལ། ཁྱོད་དོན་དམ་ཡིན་པའི་ཕྱིར། མ་ཁྱབ་ན་དོན་དམ་ཆོས་ཅན། ཁྱོད་དོན་དམ་ཡིན་ན་ཁྱོད་དོན་དམ་བདེན་པ་ཡིན་དགོས་པར་ཐལ། དོན་དམ་ཡིན་ན། བདེན་པ་ཡིན་དགོས་པའི་ཕྱིར་ན་ཆོས་ཅན་སྐྱོན་ཅན་ཡིན་ཏེ། དེ་ལྟར་མ་ཡིན་ན། ཁྱོད་བདེན་པ་ཡིན་ན། ཁྱོད་རྫུན་པ་མ་ཡིན་དགོས་པར་ཐལ། བདེན་པ་ཡིན་ན། རྫུན་པ་མ་ཡིན་དགོས་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། བདེན་པ་ཡིན་ན། གཅིག་ཤོས་དེ་མ་ཡིན་དགོས་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཀུན་རྫོབ་རྫུན་པ་མ་ཡིན་པར་ཐལ། དེ་བདེན་པ་ཡིན་པའི་ཕྱིར། མ་ཁྱབ་ན། ཀུན་རྫོབ་ཆོས་ཅན། ཐལ་འགྱུར་གྱི་ཁྱབ་པ་ལ་དེར་ཐལ། དེའི་ཕྱིར། འཁོར་གསུམ། བྱས་པ་ལ་ཁོ་ན་རེ། དོན་དམ་དང་གཅིག་ཡིན་ན། བདེན་པ་ཡིན་དགོས་པར་ཐལ། དེ་ལ་དངོས་སྐྱོན་མི་འཇུག་པའི་ཕྱིར་ཏེ། དེ་ལ་དོན་དམ་དངོས་སྐྱོན་དུ་བཏང་བ་དེའི་ཚེ་ན། འདོད་ལན་ཐེབས་པའི་ཕྱིར། འདོད་ན། དོན་དམ་དང་གཅིག་ཡིན་ན། དོན་དམ་མ་ཡིན་དགོས་པར་ཐལ། དེ་ཡིན་ན། བདེན་པ་མ་ཡིན་དགོས། བདེན་པ་མ་ཡིན་ན། དོན་དམ་མ་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། དོན་དམ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཟེར་ན་ཁོ་རང་ལ། ཀུན་རྫོབ་དང་གཅིག་ཡིན་ན། བདེན་པ་ཡིན་དགོས་པར་ཐལ། དེ་ལ་དངོས་སྐྱོན་མི་འཇུག་པའི་ཕྱིར་ཏེ། དེ་ལ་ཀུན་རྫོབ་དངོས་སྐྱོན་དུ་བཏང་བ་དེའི་ཚེ་ན། འདོད་ལན་ཐེབས་པའི་ཕྱིར། རྩ་བར་འདོད་ན། དེ་དང་གཅིག་ཡིན་ན། རྫུན་པ་མ་ཡིན་དགོས་པར་ཐལ། དེ་དང་གཅིག་ཡིན་ན། བདེན་པ་ཡིན་དགོས། བདེན་པ་ཡིན་ན། རྫུན་པ་མ་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཀུན་རྫོབ་ཆོས་ཅན། ཐལ་ཕྱིར། འདོད་མི་ནུས་ཏེ། ཀུན་རྫོབ་ཀུན་རྫོབ་ཡིན་པའི་ཕྱིར་ཏེ། རྫུན་པ་རྫུན་པ་ཡིན་པའི་ཕྱིར་ཏེ། བདེན་པ་བདེན་པ་ཡིན་པའི་ཕྱིར་ཏེ། བདེན་གྲུབ་བདེན་གྲུབ་ཡིན་པའི་ཕྱིར་རོ། །

སྐྲ་ཤད་འཛག་སྣང་གི་དབང་ཤེས་ཀྱི་བཟུང་རྣམ་ལ་དཔྱད་པ།

༈ གསལ་བར་སྣང་བ་ཉིད། ཅེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ། སྐྲ་ཤད་གསལ་བར་སྣང་བ་དེ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ཀྱི་གཟུང་རྣམ་ཡིན་ཟེར་ན། འོ་ན། གཟུགས་འཛིན་དབང་མངོན་ལ་གཟུགས་གསལ་བར་སྣང་བ་དེ། གཟུགས་འཛིན་དབང་མངོན་གྱི་གཟུང་རྣམ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། གཟུགས་འཛིན་དབང་མངོན་ལ་གཟུགས་གསལ་བར་སྣང་བ་དེ། ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར་ཏེ། གཟུགས་འཛིན་དབང་མངོན་ལ་གསལ་བར་སྣང་བ་དེ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། དེའི་སྣང་ཡུལ་དེ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར་ཏེ། གཟུགས་མི་རྟག་པ་དེ། དེའི་སྣང་ཡུལ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་ལ་གཟུགས་གསལ་བར་སྣང་བ་དེ། ལྡན་མིན་འདུ་བྱེད་མ་ཡིན་པར་ཐལ། དེ་རྟག་པ་ཡིན་པའི་ཕྱིར་ཏེ། བདག་མེད་ཡིན་ན། དེ་ལ་གཟུགས་གསལ་བར་སྣང་བ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བདག་མེད་ཡིན་ན། གཟུགས་འཛིན་དབང་མངོན་དེ་གཟུགས་གསལ་བར་སྣང་བའི་ཤེས་པ་ཡིན་དགོས་པའི་ཕྱིར་ཟེར་ན། ཁོ་རང་ལ། གཟུགས་མི་རྟག་པ་རྟག་པར་ཐལ། བདག་མེད་ཡིན་ན། གཟུགས་མི་རྟག་པ་ཡིན་དགོས་པའི་ཕྱིར། ཁྱབ་པ་དངོས། གཞན་ཡང་། སྔར་གྱི་དམ་བཅའ་འཇོག་པ་པོ་ལ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ། སྐྲ་ཤད་གསལ་བར་སྣང་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ལ་སྐྲ་ཤད་སྣང་བར་ཐལ། འདོད་པའི་ཕྱིར། འདོད་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ལ། ཟླ་བ་གཅིག་སྣང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཟླ་བ་གཅིག་ཡུལ་དུ་བྱེད་པའི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བློ་དོན་མཐུན་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཟླ་བ་གཅིག་འཛིན་པའི་རྟོག་པ་ཡིན་ན། རྟོག་པ་དོན་མཐུན་ཡིན་དགོས་པའི་ཕྱིར་ཏེ། ཟླ་བ་གཅིག་བརྗོད་པའི་ངག་ཡིན་ན། དེ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གསལ་བར་སྣང་བ་ཉིད། ཅེས་སོགས་གསུངས་པ་མི་འཐད་པར་ཐལ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ། དེ་གསལ་བར་སྣང་བ་དེ་དེའི་གཟུང་རྣམ་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྐྲ་ཤད་འཛག་པར་སྣང་བའི་རྣམ་པ་དེ། དེ་འདྲའི་དབང་ཤེས་ཀྱི་གཟུང་རྣམ་ཡིན་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་ལ་གཟུགས་སྣང་བའི་རྣམ་པ་དེ། གཟུགས་འཛིན་དབང་མངོན་གྱི་གཟུང་རྣམ་ཡིན་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། དེ་འདྲའི་རྣམ་པ་ཆོས་ཅན། གཟུགས་འཛིན་དབང་མངོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་སྣང་བའི་རྣམ་པ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། གཟུགས་འཛིན་དབང་མངོན་ལ་སྣང་བའི་གཟུགས་ཀྱི་རྣམ་པ་དེ་ཡང་། གཟུགས་འཛིན་དབང་མངོན་གྱི་གཟུང་རྣམ་ཡིན་པར་ཐལ། གཟུགས་འཛིན་དབང་མངོན་ལ་གཟུགས་སྣང་བའི་རྣམ་པ་དེ། གཟུགས་འཛིན་དབང་མངོན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཟུགས་འཛིན་དབང་མངོན་ལ་མི་སྣང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་སྣང་བའི་གཟུགས་ཀྱི་རྣམ་པ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང་གཟུགས་འཛིན་རྟོག་པ་ལ་སྣང་བའི་གཟུགས་ཀྱི་རྣམ་པ་དེ། གཟུགས་འཛིན་རྟོག་པ་ཡིན་པར་ཐལ། གཟུགས་འཛིན་དབང་མངོན་ལ་དེའི་ཕྱིར། འདོད་ན། གཟུགས་ཀྱི་རྣམ་པ་ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་རྟག་པའི་རྣམ་པ་ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་དེ། མི་རྟག་པའི་རྣམ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། སྡུག་བསྔལ་བདེན་པ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་ལ་གཟུགས་འཛིན་དབང་མངོན་སྣང་བའི་རྣམ་པ་དེ། དེ་འདྲའི་རང་རིག་གི་གཟུང་རྣམ་ཡིན་པར་ཐལ། གཟུགས་འཛིན་དབང་མངོན་ལ་གཟུགས་སྣང་བའི་རྣམ་པ་དེ་གཟུགས་འཛིན་དབང་མངོན་གྱི་གཟུང་རྣམ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། གཟུང་རྣམ་དུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། འཛིན་རྣམ་ཡིན་པའི་ཕྱིར་ཏེ། རང་རིག་ཡིན་པའི་ཕྱིར་ཏེ། གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། གཟུགས་འཛིན་དབང་མངོན་ལ་གཟུགས་སྣང་བའི་རྣམ་པ་དེ་གཟུགས་འཛིན་དབང་མངོན་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། དེ་འདྲའི་རང་རིག་གི་གཟུང་རྣམ་ཡོད་པར་ཐལ། གཟུགས་འཛིན་དབང་མངོན་གྱི་དེ་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་གཟུང་རྣམ་མེད་པར་ཐལ། ཁྱོད་འཛིན་རྣམ་ཡན་གར་བ་ཡིན་པའི་ཕྱིར་ཏེ། རང་རིག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་འདྲའི་རང་རིག་ཆོས་ཅན། ཤེས་པ་ཡན་གར་བ་ཡིན་པར་ཐལ། འཛིན་རྣམ་ཡན་གར་བ་ཡིན་པའི་ཕྱིར། འདོད་ན། ཟླ་མེད་ཀྱི་ཤེས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཟླ་བཅས་ཀྱི་ཤེས་པ་ཡིན་པའི་ཕྱིར་ཏེ། ཆ་བཅས་ཀྱི་ཤེས་པ་ཡིན་པའི་ཕྱིར། གཞན་ཡང་། ཁོ་ན་རེ། སངས་འཕགས་ཀྱི་རྒྱུད་ཀྱི་རང་རིག་ཆོས་ཅན། འཛིན་རྣམ་ཡན་གར་བ་ཡིན་པར་ཐལ། རང་རིག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་གཟུང་རྣམ་མེད་པར་ཐལ་ལོ། །འདོད་མི་ནུས་ཏེ། ཁྱོད་ལ་ཕྱི་རོལ་གྱི་གཟུགས་སྣང་བའི་རྣམ་པ་དེ། ཁྱོད་ཀྱི་གཟུང་རྣམ་ཡིན་པའི་ཕྱིར་ཏེ། ཁྱོད་ཤེས་པ་གང་ཞིག། ཁྱོད་ལ་ཕྱི་རོལ་གྱི་གཟུགས་སྣང་བའི་རྣམ་པ་ཡོད་པའི་ཕྱིར་ན་མ་ཁྱབ་བོ། །ཁོ་རང་གི་ལུགས་ལ། གཟུགས་ཀྱི་རྣམ་པ་གཟུགས་ཡིན་ཟེར་ན། མི་འཐད་པར་ཐལ། གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་པ་ཡིན་པའི་ཕྱིར་ཏེ། བུམ་འཛིན་དབང་མངོན་བུམ་པའི་རྣམ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེའི་རྣམ་པ་ཤར་བའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཐར་ལམ་གསལ་བྱེད་ལས། བུམ་པའི་རྣམ་པར་ཤར་བ་ནི། བུམ་པའི་རྣམ་པ་ཡིན་པའི་དོན་དང་། ཤེས་པའི་རྣམ་པ་ཤར་བ་ནི། ཤེས་པའི་རྣམ་པ་ཡིན་པའི་དོན་ཏེ། ཞེས་གསུངས་པའི་ཕྱིར། གཞན་ཡང་། གཟུགས་འཛིན་དབང་མངོན་ལ་གཟུགས་ཀྱི་རྣམ་པ་སྣང་བར་ཐལ། གཟུགས་ཀྱི་རྣམ་པ་གཟུགས་ཡིན་པའི་ཕྱིར། གཟུགས་ཀྱི་རྣམ་པ་ཤར་བའི་བློ་ཡིན་ན། དེའི་རྣམ་པ་སྣང་བའི་བློ་ཡིན་དགོས་པའི་ཕྱིར། འདོད་མི་ནུས་ཏེ། ཐར་ལམ་གསལ་བྱེད་ལས། དེའི་རྣམ་པ་ཤར་ན་དེའི་རྣམ་པ་སྣང་བའི་ངེས་པ་མེད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། གཟུགས་ཀྱི་རྣམ་པ་ཤེས་པ་ཡིན་པར་ཐལ། ཤེས་པའི་རྣམ་པ་ཤེས་པ་ཡིན་པའི་ཕྱིར་དང་། ཤེས་རྣམ་ཤེས་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚད་མའི་རྣམ་པ་ཤེས་པ་ཡིན་པར་ཐལ། ཤེས་པའི་རྣམ་པ་ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བུམ་པ་ཚད་མའི་རྣམ་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་དོན་རྣམ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེའི་གཞལ་བྱ་ཡིན་པའི་ཕྱིར། རྣམ་པ་གཅིག་ཏུ། གཟུགས་འཛིན་དབང་མངོན་ལ་གཟུགས་གསལ་བར་སྣང་བ་དེ་གཟུགས་ཡིན་པར་ཐལ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྐྲ་ཤད་འཛག་པར་སྣང་བ་དེ་དང་། སྨིག་རྒྱུ་ཆུར་སྣང་བའི་དབང་ཤེས་ལ། སྨིག་རྒྱུ་ཆུར་སྣང་བ་དེ་དང་། བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་སྣང་བའི་མིག་ཤེས་ལ་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་སྣང་བ་དེ་རྣམས་གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། དེ་རྣམས་རང་འཛིན་མིག་ཤེས་ཀྱི་སྣང་ཡུལ་དུ་གྱུར་པའི་གཟུགས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྟོང་ཐུན་ལས། དབང་ཤེས་ལ་སྐྲ་ཤད་སྣང་བ་དང་། སྨིག་རྒྱུ་ལ་ཆུར་སྣང་བ་དང་། བྱད་བཞིན་གཟུགས་བརྙན་དུ་སྣང་བ་རྣམས་གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར་ཏེ། དབང་ཤེས་ཀྱི་སྣང་ཡུལ་དུ་གྱུར་པའི་གཟུགས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཞན་ཡང་། གཟུགས་འཛིན་དབང་མངོན་ལ་གཟུགས་སྣང་བ་དེ། གཟུགས་སུ་ཐལ། དེ་ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར་ཏེ། དེ་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་དང་། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཏེ། དེ་དང་གཟུགས་འཛིན་དབང་མངོན་གཉིས་ཕྱི་རོལ་དོན་ལ་ལྟོས་པའི་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཏེ། ཕྱི་རོལ་དོན་ལ་བརྟེན་ནས་སུ། །ཚུལ་གཉིས་བརྗོད་ཡིན་དེ་ཡང་ནི། །ལྷན་ཅིག་མྱོང་བས་ངེས་པར་འགྲུབ། །ཅེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་ལ་གཟུགས་སྣང་བ་ཆོས་ཅན། རང་འཛིན་དབང་མངོན་གྱི་བདག་ཉིད་དུ་ཐལ། གཟུགས་འཛིན་དབང་མངོན་གྱི་བདག་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བྱི་བའི་མིག་ཤེས་ལ། གླང་པོ་ཆེའི་གཟུགས་སྣང་བ་དེ། གླང་པོ་ཆེའི་གཟུགས་སུ་ཐལ། གཟུགས་འཛིན་དབང་མངོན་ལ་གཟུགས་སྣང་བ་དེ་གཟུགས་ཡིན་པའི་ཕྱིར། འདོད་ན། བྱི་ཁུང་ནང་གི་བྱི་བའི་མིག་ཤེས་ལ། གླང་པོ་ཆེའི་གཟུགས་སྣང་བ་དེ། གླང་པོ་ཆེའི་གཟུགས་སུ་ཐལ། འདོད་པའི་ཕྱིར། འདོད་ན། བྱི་ཁུང་ནང་དུ་གླང་པོ་ཆེའི་གཟུགས་ཤོང་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་བོ། །

སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བཤད་པ།

༈ བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་སོགས་རྐང་པ་གཉིས་གང་ལས་འཕྲོས་ན། སྤྱི་ཡི་མཚན་ཉིད་རྗེས་འགྲོ་ལྡོག །ཅེས་པའི་སྐབས་སུ། སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་མདོར་བསྟན་ནས། དེ་རྒྱས་པར་འཆད་པར་བྱེད་པ་ལ་སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་ཡོད་པ་ལས། དང་པོ་འཆད་པ་ལ་གཞུང་འདི་གསུངས། ངག་དོན་ནི། གཟུགས་ཀྱི་དོན་སྤྱི་ཆོས་ཅན། དངོས་པོ་མ་ཡིན་ཏེ། རྟོག་པའི་སྣང་ཡུལ་དུ་གྱུར་པའི་སྒོ་ནས། རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། གཟུགས་དེའི་སྣང་ཡུལ་དུ་གྱུར་པའི་སྒོ་ནས་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་མ་ཡིན་པའི་ཕྱིར། དེ་ལྟར་ཡིན་ན། གཟུགས་དེ་གཟུགས་འཛིན་རྟོག་པ་ལ་ཡང་གསལ་བར་སྣང་དགོས། དེ་ལྟར་ན། གཟུགས་དེ་ལོང་བའི་རྒྱུད་ཀྱི་གཟུགས་འཛིན་རྟོག་པ་ལ་ཡང་གསལ་བར་སྣང་དགོས། དེ་ལྟར་ན་གཟུགས་འཛིན་དབང་ཤེས་སྐྱེ་བ་ལ། ཁོའི་རྐྱེན་གསུམ་དོན་མེད་དུ་འགྱུར་བ་ལས། ཁོ་སྐྱེ་བ་ལ་ཁོའི་རྐྱེན་གསུམ་དགོས་པ་དང་བཅས་པ་ཡིན་པའི་ཕྱིར། །

༈ མཐའ་དཔྱད་པ་ལ། རང་རེས། དོན་དམ་པར་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་ན། དངོས་མེད་ཡིན་པས་ཁྱབ། བྱས་པ་ལ་ཁོ་ན་རེ། གཟུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་དོན་དམ་པར་རྗེས་དཔག་གི་ཡུལ་ཡིན་པའི་ཕྱིར་ཏེ། དེར་ཚད་མའི་ཡུལ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེར་ཚད་མས་དམིགས་པ་ཡིན་པའི་ཕྱིར། དེར་ཡོད་པ་ཡིན་པའི་ཕྱིར། གཞན་ཡང་། ཚད་མ་གཟུགས་ལ་དོན་དམ་པར་འཇུག་པའི་ཚད་མར་ཐལ། གཟུགས་དོན་དམ་པར་ཚད་མའི་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུགས་དོན་དམ་པར་རྗེས་དཔག་གི་ཡུལ་ཡིན་ན། རྗེས་དཔག་དོན་དམ་པར་གཟུགས་ལ་འཇུག་པའི་ཤེས་པ་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། ཚད་མ་དོན་དམ་པར་གཟུགས་ལ་དངོས་དབང་གིས་འཇུག་པའི་ཚད་མར་ཐལ་ལོ། །འདོད་ན། ཚད་མ་མངོན་སུམ་གྱི་ཚད་མར་ཐལ་ལོ། །འདོད་ན། སོ་སྐྱེའི་རྒྱུད་ཀྱི་དེ་དེ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། དེའི་རྒྱུད་ཀྱི་ཚད་མ་མངོན་སུམ་གྱི་དེར་ཐལ། དེ་གཟུགས་ལ་དངོས་དབང་གིས་འཇུག་པའི་ཚད་མ་ཡིན་པའི་ཕྱིར་ཏེ། དེ་དེ་ལ་དོན་དམ་པར་འཇུག་པའི་ཚད་མ་ཡིན་པའི་ཕྱིར་ཏེ། གཟུགས་དོན་དམ་པར་དེའི་རྒྱུད་ཀྱི་ཚད་མའི་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུགས་དེར་ཚུར་མཐོང་གི་རྒྱུད་ཀྱི་རྗེས་དཔག་གི་ཡུལ་ཡིན་ན། དེའི་རྒྱུད་ཀྱི་རྗེས་དཔག་དེ། གཟུགས་ལ་དོན་དམ་པར་འཇུག་པའི་བློ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཟུགས་དོན་དམ་པར་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གྱི་ཡུལ་ཡིན་པའི་ཕྱིར། དེ་དོན་དམ་པར་དེའི་རྒྱུད་ཀྱི་གཟུགས་འཛིན་མིག་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་གཟུགས་འཛིན་མིག་ཤེས་དེ། གཟུགས་ལ་དོན་དམ་པར་འཇུག་པའི་ཤེས་པ་ཡིན་པའི་ཕྱིར། ཁོ་ན་རེ། གཟུགས་དོན་དམ་པར་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་པར་ཐལ། གཟུགས་དོན་དམ་པར་བརྗོད་པའི་ངག་ཡོད་པའི་ཕྱིར། དེ་དེར་ཁས་བླངས་པའི་ཁས་བླངས་ཡོད་པའི་ཕྱིར། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོས་དེ་དེར་ཁས་བླངས་པའི་ཁས་བླངས་ཡོད་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། དོན་དམ་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། འདོད་ན། དངོས་འགལ་ཡིན་ཟེར་ན། དངོས་འགལ་མ་ཡིན་ཏེ། འོ་ན། རང་ཡུལ་གསལ་བར་བརྗོད་པའི་ངག་ཡོད་པར་ཐལ། སྤྱི་མཚན་གསལ་བར་བརྗོད་པའི་ངག་ཡོད་པའི་ཕྱིར་ཏེ། སྤྱི་མཚན་གསལ་བར་ཁས་བླངས་པའི་ཁས་བླངས་ཡོད་པའི་ཕྱིར། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོས་དེ་ལྟར་ཁས་བླངས་པའི་ཁས་བླངས་ཡོད་པའི་ཕྱིར། མ་གྲུབ་ན། སྤྱི་མཚན་ཆོས་ཅན། གསལ་བ་ཡིན་པར་ཐལ། སྤྱི་གསལ་གཉིས་སུ་ཕྱེ་བའི་གསལ་བ་ཡིན་པའི་ཕྱིར། འདོད་ན། ཁྱོད་རང་ལྟར་ན་དངོས་འགལ། བྱས་པ་ལ་ཁོ་ན་རེ། གཟུགས་དོན་དམ་པར་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་པར་ཐལ། དེ་དེར་རྟོག་པའི་ཡུལ་ཡིན་པའི་ཕྱིར་ཏེ། གཟུགས་དོན་དམ་པར་འཛིན་པའི་རྟོག་པ་ཡོད་པའི་ཕྱིར། གཟུགས་དོན་དམ་པར་དོན་བྱེད་ནུས་པར་འཛིན་པའི་རྟོག་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དོན་དམ་པར་དོན་བྱེད་ནུས་པར་འཛིན་པའི་རྟོག་པ་ཡོད་པ་གང་ཞིག །དོན་དམ་པར་དོན་བྱེད་ནུས་པ་དེ་དོན་དམ་བདེན་པའི་མཚན་ཉིད་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། ཤེས་པ་གསལ་བར་འཛིན་པའི་རྟོག་པ་ཡོད་པར་ཐལ། ཤེས་པ་གསལ་ཞིང་རིག་པར་འཛིན་པའི་རྟོག་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཤེས་པ་རིག་པར་འཛིན་པའི་རྟོག་པ་ཡོད་པའི་ཕྱིར། རྩ་བར་འདོད་ན། རང་ཡུལ་གསལ་བར་འཛིན་པའི་རྟོག་པ་ཡོད་པར་ཐལ། འདོད་པའི་ཕྱིར། ཁོ་ན་རེ། དོན་དམ་པར་གཟུགས་ཡུལ་དུ་བྱེད་པའི་ཤེས་པ་ཡིན་ན། གཟུགས་ལ་དོན་དམ་པར་འཇུག་པའི་ཤེས་པ་ཡིན་དགོས་པར་ཐལ། རྗེས་དཔག་དེ་རང་ཡུལ་ལ་དོན་དམ་པར་འཇུག་པའི་ཤེས་པ་མ་ཡིན་པའི་ཕྱིར། འདོད་ན། དོན་དམ་པར་གཟུགས་རྟོགས་པའི་ཚད་མ་ཡིན་ན། གཟུགས་དོན་དམ་པར་རྟོགས་པའི་ཚད་མ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་འཛིན་དབང་མངོན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། གཟུགས་བདེན་པར་རྟོགས་པའི་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་དེ། གཟུགས་དོན་དམ་པར་རྟོགས་པའི་ཚད་མ་ཡིན་ཀྱང་། གཟུགས་བདེན་པར་རྟོགས་པའི་ཚད་མ་མ་ཡིན་ཟེར་ན། དེ་ཆོས་ཅན། གཟུགས་བདེན་པར་རྟོགས་པའི་ཚད་མ་ཡིན་པར་ཐལ། བདེན་པར་གཟུགས་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། དོན་དམ་པར་གཟུགས་རྟོགས་པའི་ཚད་མ་ཡིན་ན། གཟུགས་དེར་རྟོགས་པའི་ཚད་མ་ཡིན་དགོས་པའི་ཕྱིར། རྟགས་ཁས། ཁ་ཅིག་ན་རེ། རྗོད་བྱེད་ཀྱི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ན། དངོས་མེད་ཡིན་པས་ཁྱབ་ཟེར་ན། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་ཆོས་ཅན། ལུང་ལ་བརྟེན་ནས་དངོས་སུ་རྟོགས་པར་བྱ་བ་མ་ཡིན་པར་ཐལ། ལུང་གི་དངོས་ཀྱི་བརྗོད་བྱ་མ་ཡིན་པའི་ཕྱིར་ཏེ། རྗོད་བྱེད་ཀྱི་སྒྲའི་དངོས་ཀྱི་བརྗོད་བྱ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དངོས་མེད་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཁྱབ་པ་ཁས། རྩ་བར་འདོད་མི་ནུས་ཏེ། ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། གཞན་ཡང་། རྟོག་གེའི་ཚིག་དོན་བརྒྱད་ཆོས་ཅན། དངོས་མེད་དུ་ཐལ། རྗོད་བྱེད་ཀྱི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བསྟན་བཅོས་རྣམ་འགྲེལ་གྱི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། བསྟན་བཅོས་རྣམ་འགྲེལ་དེ་དེ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་བསྟན་བཅོས་ཡིན་པའི་ཕྱིར་ཏེ། རྟོག་གེའི་ཚིག་དོན་བརྒྱད་དངོས་སུ་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་བསྟན་བཅོས་ཤིག་ཡོད་པའི་ཕྱིར། གཞན་ཡང་། བ་ལང་ཆོས་ཅན། དངོས་མེད་དུ་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བ་ལང་གི་དཀར་པོ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། བ་ལང་གི་དཀར་པོ་ཞེས་པའི་སྒྲ་དེ། བ་ལང་དངོས་སུ་བརྗོད་པས་བ་ལང་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་དང་། བ་ལང་དཀར་པོ་ཞེས་པའི་སྒྲ་དེ་བ་ལང་དངོས་སུ་བརྗོད་པས་བ་ལང་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར། གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི། །ཞེས་གསུངས་པའི་ཕྱིར། །

དུས་གསུམ་སོ་སོའི་རྣམ་གཞག་བཤད་པ།

༈ འདས་དང་མ་འོངས་བརྗོད་བྱ་མིན། །ཞེས་སོགས་འདི་གང་ལས་འཕྲོས་ན། དབང་སོགས་འབྲས་བཅས་ཉིད་ཕྱིར་རོ། །ཞེས་བཤད་པ་ལ་མང་བཀུར་བ་ན་རེ། བུམ་པ་ཞེས་པའི་སྒྲས་བུམ་པ་བརྗོད་ན། སྔར་གྱི་སྐྱོན་དེ་འཇུག་ན་ཡང་། ངེད་ཀྱི་ལུགས་ལ་བུམ་པ་ཞེས་པའི་སྒྲས་བུམ་པ་མ་བརྗོད་པས་སྔར་གྱི་སྐྱོན་དེ་ལྟར་མི་འཇུག་ཅིང་། བུམ་པ་ཞེས་པའི་སྒྲས་བུམ་པ་མ་བརྗོད་ཀྱང་ཁོའི་བརྗོད་བྱ་བཞག་ཏུ་ཡོད་དེ། བུམ་པའི་མིང་སོགས་ལྡན་མིན་འདུ་བྱེད་དེ་བུམ་པ་ཞེས་པའི་སྒྲའི་བརྗོད་བྱ་ཡིན་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། མིང་སོགས་བརྗོད་ན། ཞེས་པ་འདི་བྱུང་། འོ་ན། ཁྱོད་ཀྱི་དེ་གང་ལ་བྱེད། བུམ་པ་ཞེས་པའི་སྒྲས་བུམ་པ་ཞེས་པའི་སྒྲ་འཆད་པ་པོ་དང་། དེ་ཉན་པ་པོའི་བློའི་ཡུལ་དང་འབྲེལ་བའི་བུམ་པའི་མིང་སོགས་ལྡན་མིན་འདུ་བྱེད་རྗོད་པར་བྱེད་པ་ཡིན་ནམ། བུམ་པ་ཞེས་པའི་སྒྲ་འཆད་པ་པོ་དང་། ཉན་པ་པོའི་བློ་ཡུལ་གང་དང་མ་འབྲེལ་བ་དེ་བུམ་པའི་མིང་སོགས་ལྡན་མིན་འདུ་བྱེད་བརྗོད་པ་ཡིན་ནམ། དོན་བུམ་པ་རྐྱང་པ་དང་འབྲེལ་བའི་བུམ་པའི་མིང་སོགས་ལྡན་མིན་འདུ་བྱེད་བརྗོད་པར་བྱེད་པ་དག་ལས་གང་ཡིན། ཞེས་པའི་དྲི་བ་དེ་འཆད་པར་བྱེད་པ་ལ། འཆད་པོ་དང་། ཉན་པོ་བརྗོད་བྱ་རྗེས་འབྲེལ་ཅན། །ཞེས་སོགས་རྐང་པ་ཕྱེད་དང་གསུམ་བྱུང་། དྲི་བ་དང་པོ་ལྟར་རམ། ཟེར་ན། བུམ་པ་དོན་གཉེར་གྱི་སྐྱེས་བུ་དེས་བུམ་པ་ཞེས་པའི་ངག་ལ་བརྟེན་ནས་དོན་བུམ་པ་ལ་འཇུག་པར་མི་འགྱུར་བར་ཐལ། བུམ་པ་ཞེས་པའི་སྒྲ་དེས། བུམ་པ་ཞེས་པའི་སྒྲ་འཆད་པ་པོ་དང་། ཉན་པ་པོའི་བློའི་ཡུལ་དང་འབྲེལ་བའི་བུམ་པའི་མིང་སོགས་ལྡན་མིན་འདུ་བྱེད་བརྗོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དོན་ལ་འཇུག་པར་མི་འགྱུར་རོ། །ཞེས་པ་འདི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། བུམ་པ་དོན་གཉེར་གྱི་སྐྱེས་བུ་དེས་བུམ་པ་དང་བུམ་པའི་མིང་སོགས་ལྡན་མིན་འདུ་བྱེད་གཉིས་གཅིག་ཏུ་འཁྲུལ་ནས་བུམ་པ་ཞེས་པའི་ངག་ལ་བརྟེན་ནས་དོན་བུམ་པ་ལ་འཇུག་པ་ཡིན་པས། སྐྱོན་མེད་ཅེས་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་དོན་ལ་ཚུལ་འདྲ་ལས། །ཞེས་སོགས་རྐང་པ་ཕྱེད་དང་གཉིས་བྱུང་། དེ་ལྟར་ཡིན་ན། བུམ་པ་དོན་གཉེར་གྱི་སྐྱེས་བུ་དེས། ཡུལ་དུས་ཀུན་ཏུ་བུམ་པ་དང་དེའི་མིང་སོགས་ལྡན་མིན་འདུ་བྱེད་གཉིས་གཅིག་ཏུ་འཁྲུལ་པ་ལ་བརྟེན་ནས་དོན་བུམ་པ་ལ་འཇུག་དགོས་པས་སྐྱོན་སྤོང་མི་ནུས་སོ། །ཞེས་འཆད་པར་བྱེད་པ་ལ། དུས་ཀུན་དང་། ཡུལ་ལ་འཁྲུལ་པ་མིན། ཞེས་པ་འདི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཁྱོད་རང་ལ་ཡང་། བུམ་པ་དོན་གཉེར་གྱི་སྐྱེས་བུ་དེས། བུམ་པ་ཞེས་པའི་ངག་ལ་བརྟེན་ནས་དོན་བུམ་པ་ལ་འཇུག་པ་དེ་མ་ཡིན་པར་ཐལ། བུམ་པ་ཞེས་པའི་ངག་དེས། བུམ་འཛིན་རྟོག་པ་ལ་བུམ་པ་སྣང་བ་དེ་བརྗོད་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། ངེད་ཀྱིས་བུམ་པ་ཞེས་པའི་ངག་ལ་བརྟེན་ནས་བུམ་པའི་རྣམ་པ་ཤར་བའི་བློ་སྐྱེ་བར་ཁས་ལེན། ཁྱོད་མང་བཀུར་བས། རང་ཡུལ་གྱི་རྣམ་པ་ཤར་བའི་བློ་ཁས་མི་ལེན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཤེས་པ་ལ། མཚུངས་མིན། ཞེས་སོགས་རྐང་པ་ཕྱེད་དང་ལྔ་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། ངེད་ཀྱིས་རང་ཡུལ་གྱི་རྣམ་པ་ཤར་བའི་བློ་ཁས་ལེན་པ་ཡིན་ཏེ། མིང་སོགས་འཛིན་པའི་རྟོག་པ་དེས་མིང་སོགས་གཟུང་དོན་དུ་བྱེད་པའི་སྒོ་ནས་དེ་ལ་མིང་སོགས་ཀྱི་རྣམ་པ་ཤར་བའི་ཕྱིར་ཞེ་ན། དེ་འགོག་པར་བྱེད་པ་ལ། ཁས་ལེན་ན་ཡང་རྣམ་ཤེས་ལས། །ཞེས་སོགས་རྐང་པ་གསུམ་བྱུང་། ཁོ་ན་རེ། མིང་སོགས་འཛིན་པའི་རྟོག་པའི་གཟུང་དོན་ཡོད་པ་ཡིན་ཏེ། ཤེས་པ་ཀུན་གཟུང་དོན་དང་ལྡན་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། ཤེས་ཀུན་དོན་ལྡན་ཕྱིར་ཞེས་ན། །ཞེས་པ་འདི་བྱུང་། འོ་ན། ཤེས་པ་ཀུན་གཟུང་དོན་དང་ལྡན་པ་མ་ཡིན་པར་ཐལ། རྨི་ལམ་གྱི་སྔོན་པོ་རྨིས་པའི་ཤེས་པ་དེའི་གཟུང་དོན་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེས་རྨི་ལམ་གྱི་སྔོན་པོའི་མིང་སོགས་ལྡན་མིན་འདུ་བྱེད་དེ་ཡང་གཟུང་དོན་དུ་མི་བྱེད། དེས་རྨི་ལམ་གྱི་སྔོན་པོ་དེ་ཡང་གཟུང་དོན་དུ་མི་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། རྨི་ལམ་གྱི་སྔོན་པོ་རྨིས་པའི་ཤེས་པ་དེ་ལ་རྨི་ལམ་གྱི་སྔོན་པོ་སྣང་གི། རྨི་ལམ་གྱི་སྔོན་པོའི་མིང་སོགས་ལྡན་མིན་འདུ་བྱེད་མི་སྣང་བའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། འཐད་མིན་རྨི་སོགས་རྣམ་གཞན་དུ། །ཞེས་སོགས་རྐང་པ་གསུམ་བྱུང་། གཉིས་པ་གྲུབ་སྟེ། རྨི་ལམ་གྱི་སྔོན་པོ་དེ་ཐོགས་མེད་ཡིན་པའི་ཕྱིར་དང་། རྨི་ལམ་གྱི་སྔོན་པོ་དེ་རྨི་ལམ་གྱི་སྔོན་པོ་རྨིས་པའི་ཤེས་པ་དེའི་བདག་ཉིད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཐོགས་མེད་ཕྱིར་ན་སྔོ་སོགས་མིན། །ཞེས་སོགས་རྐང་པ་གསུམ་བྱུང་། འོ་ན། རྨི་ལམ་གྱི་སྔོན་པོ་དེ་རྨི་ལམ་གྱི་སྔོན་པོ་རྨིས་པའི་ཤེས་པའི་བདག་ཉིད་དུ་བསྟན་པ་ལ་སོགས་པའི་དགོས་པ་གང་ཡོད་ཅེ་ན། དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། མིང་སོགས་འཛིན་པའི་རྟོག་པ་ལ་མིང་སོགས་སྣང་བ་དེ། མིང་སོགས་འཛིན་པའི་རྟོག་པའི་བདག་ཉིད་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེས་ནི་མིང་སོགས་བརྗོད་པ་ཡིན། །ཞེས་པ་འདི་བྱུང་། དེ་ཡན་གྱིས་གཟུང་དོན་གྱི་འཛིན་པའི་སྒོ་ནས་རྟོག་པའི་གཟུང་དོན་བཀག་ནས། གཟུང་དོན་གྱི་མཚན་ཉིད་ཀྱི་སྒོ་ནས་རྟོག་པའི་གཟུང་དོན་འགོག་པར་བྱེད་པ་ལ། མིག་ལ་སོགས་པའི་བློ་འདོད་པ། །ཞེས་སོགས་བྱུང་། འོ་ན། གཟུགས་འཛིན་མིག་ཤེས་དེ་གཟུང་དོན་དང་ལྡན་ན་དེ་དེ་དང་ལྡན་པའི་རྒྱུ་མཚན་གང་ཞེ་ན། ཞེས་པའི་དྲི་བ་དེ་འགོད་པར་བྱེད་པ་ལ། མིག་ལ་སོགས་པའི་བློ་འདོད་པ། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་མིག་ཤེས་ཆོས་ཅན། རང་གི་གཟུང་དོན་དང་ལྡན་པ་ཡིན་ཏེ། རང་གི་གཟུང་དོན་ཕན་འདོགས་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་དོན་ནུས་མཐོང་ཕྱིར་ན། །ཞེས་པ་འདི་བྱུང་། དེ་ལྟར་ཟེར་ན། མིང་སོགས་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་གཟུང་དོན་མེད་པར་ཐལ། ཁྱོད་རང་གི་གཟུང་དོན་ལ་ཕན་འདོགས་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར་ཏེ། ཁྱོད་ཀྱི་གཟུང་དོན་གྱིས་ཁྱོད་སྐྱེད་པའི་ནུས་པ་མངོན་སུམ་གྱི་ཚད་མས་མ་གྲུབ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གཞན་པ་དོན་མེད་ཅན་ཐོབ་འགྱུར། །ཞེས་པ་འདི་བྱུང་། སྔར་གྱི་དྲི་བ་གཉིས་པ་ལྟར་ཡིན་ནོ་ཟེར་ན། འོ་ན། བུམ་པ་དོན་གཉེར་གྱི་སྐྱེས་བུ་དེས། བུམ་པ་ཞེས་པའི་ངག་ལ་བརྟེན་ནས། དོན་བུམ་པ་ལ་འཇུག་པར་མི་འགྱུར་བར་ཐལ། བུམ་པ་ཞེས་པའི་སྒྲ་དེས། བུམ་པ་ཞེས་པའི་སྒྲ་འཆད་པ་པོ་དང་། ཉན་པ་པོའི་བློའི་ཡུལ་གང་དང་ཡང་མ་འབྲེལ་བའི་བུམ་པའི་མིང་སོགས་ལྡན་མིན་འདུ་བྱེད་བརྗོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། འབྲེལ་མེད་ན་ཡང་འཇུག་མི་འགྱུར། །ཞེས་པ་འདི་བྱུང་། གལ་ཏེ་ཁོ་ན་རེ། དྲི་བ་གསུམ་པ་ལྟར་ཡིན་ཏེ། བུམ་པ་ཞེས་པའི་སྒྲས་བུམ་པ་དང་གྲུབ་བདེ་རྫས་གཅིག་པའི་བུམ་པའི་མིང་སོགས་ལྡན་མིན་འདུ་བྱེད་བརྗོད་པའི་ཕྱིར། དེར་ཐལ། དེས་བུམ་པ་བརྗོད་པ་གང་ཞིག །ཆོས་དེ་ཡོད་ཆོས་དེ་བརྗོད་པའི་ངག་ཡིན་ན། ཆོས་དེ་དང་གྲུབ་བདེ་རྫས་གཅིག་ཏུ་གྱུར་པའི་ཆོས་དེའི་མིང་སོགས་ལྡན་མིན་འདུ་བྱེད་བརྗོད་པའི་ངག་ཡིན་དགོས་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་དོན་དང་འབྲེལ་ལྡན་ན། །ཞེས་པ་འདི་བྱུང་། འོ་ན། རྗོད་བྱེད་ཀྱི་སྒྲས་བུམ་པ་འདས་པ་དང་། བུམ་པ་མ་འོངས་པ་གཉིས་མ་བརྗོད་པར་ཐལ། དེ་གཉིས་ཡོད་པ་གང་ཞིག །རྗོད་བྱེད་ཀྱི་སྒྲས་དེ་གཉིས་དང་གྲུབ་བདེ་རྫས་གཅིག་ཏུ་གྱུར་པའི་དེ་གཉིས་ཀྱི་མིང་སོགས་ལྡན་མིན་འདུ་བྱེད་མ་བརྗོད་པའི་ཕྱིར། ཁྱབ་པ་ཁས། ཕྱི་མ་གྲུབ་སྟེ། དེ་གཉིས་དང་གྲུབ་བདེ་རྫས་གཅིག་མེད་པའི་ཕྱིར། བུམ་པ་འདས་པ་དེ་བུམ་པ་ཟད་པའི་མེད་དགག་གི་ཆ་ཡིན་པས་དངོས་པོར་མེད། བུམ་པ་མ་འོངས་པ་དེ། བུམ་པ་མ་སླེབ་པའི་མེད་དགག་གི་ཆ་ཡིན་པས། དངོས་པོར་མེད་པའི་ཕྱིར་ཞེས་འཆད་པར་བྱེད་པ་ལ། འདས་དང་མ་འོངས་བརྗོད་བྱ་མིན། །དོན་དང་དེ་ནི་ཟད་ཕྱིར་རོ། །ཞེས་པ་འདི་བྱུང་། །

༈ འདིའི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། དུས་དེར་སྐྱེས་ཟིན་འགག་པ་དེ། དུས་དེར་འདས་པའི་མཚན་ཉིད། དུས་དེར་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་ཡོད་ཀྱང་། རྐྱེན་འགའ་ཞིག་མ་ཚང་བའི་དབང་གིས་མ་བྱུང་བ་དེ། དུས་དེར་མ་འོངས་པའི་མཚན་ཉིད་ཟེར་ན། དང་པོ་ལ་ས་བོན་ཆོན་ཅན། མྱུ་གུའི་དུས་སུ་སྐྱེས་ཟིན་པར་ཐལ། དེའི་དུས་སུ་འདས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེའི་དུས་སུ་འདས་ཟིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། མྱུ་གུ་མྱུ་གུའི་དུས་སུ་སྐྱེས་པ་གང་ཞིག །དེ་སྐྱེས་པ་དང་ས་བོན་འགག་པ་དུས་མཉམ་ཡིན་པའི་ཕྱིར། གཞན་ཡང་། ས་བོན་ཆོས་ཅན། མྱུ་གུའི་དུས་སུ་སྐྱེས་ཟིན་འགག་པ་མ་ཡིན་པར་ཐལ། དེའི་དུས་སུ་སྐྱེས་ཟིན་མ་འགག་པ་ཡིན་པའི་ཕྱིར། དེའི་དུས་སུ་སྐྱེས་ཟིན། ས་བོན་གྱི་དུས་སུ་མ་འགག་པ་ཡིན་པའི་ཕྱིར་ཏེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་དངོས། མཚན་ཉིད་གཉིས་པ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། མྱུ་གུ་ཆོས་ཅན། ས་བོན་གྱི་དུས་སུ་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་ཡོད་ཀྱང་། རྐྱེན་འགའ་ཞིག་མ་ཚང་བའི་དབང་གིས་མ་བྱུང་བར་ཐལ། དེའི་དུས་སུ་མ་འོངས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མ་བྱུང་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁོ་རང་ལ། མྱུ་གུ་ཆོས་ཅན། ས་བོན་གྱི་དུས་སུ་བྱུང་བར་ཐལ། དེའི་དུས་སུ་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་ཡོད་ཀྱང་། རྐྱེན་འགའ་ཞིག་མ་ཚང་བའི་དབང་གིས་མ་བྱུང་བ་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེའི་དུས་སུ་ཡོད་པར་ཐལ་ལོ། །ཡང་ཁོ་ན་རེ། ས་བོན་གྱི་དུས་སུ་ནས་མྱུག་གི་རྒྱུ་ཡོད་པར་ཐལ། དེའི་དུས་སུ་ནས་མྱུག་སྐྱེད་བྱེད་ཀྱི་རྒྱུ་ཡོད་པའི་ཕྱིར། འདོད་ན། དེའི་དུས་སུ་ནས་མྱུག་གི་རྒྱུ་ཚོགས་གྲངས་ཚང་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་དུས་སུ་ནས་མྱུག་གི་དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་ཀ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་དུས་སུ་ནས་མྱུག་གི་བརྒྱུད་རྒྱུ་མེད་པར་ཐལ། དེའི་དུས་སུ་དེའི་དངོས་རྒྱུ་ཡོད་པ་གང་ཞིག །དེའི་བརྒྱུད་རྒྱུ་དེ་དེའི་དངོས་རྒྱུའི་རྒྱུ་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །རང་ཉིད་དུས་གང་དུ་འཇོག་པ་དངོས་པོ་གང་གི་རང་དུས་ལ་ལྟོས་ཏེ་བཞག་དགོས་པའི་ལྟོས་པར་གྱུར་པའི་དངོས་པོ་དེའི་དུས་སུ་ཐལ་ཟིན་པ་དེ་འདས་པའི་མཚན་ཉིད། རང་ཉིད་དུས་གང་དུ་འཇོག་པ་དངོས་པོ་གང་གི་རང་དུས་ལ་ལྟོས་ཏེ་བཞག་དགོས་པའི་དངོས་པོ་དེའི་དུས་སུ་མ་སླེབས་པའི་ཆོས། མ་འོངས་པའི་མཚན་ཉིད་ཟེར་ན། དང་པོ་ལ། བུམ་པ་འདས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། བུམ་པ་འདས་པ་འདས་པ་ཡིན་པར་ཐལ། འདས་པ་ཡིན་པ་ཡོད་པའི་ཕྱིར། འདས་པའི་མཚན་ཉིད་ཡོད་པའི་ཕྱིར། རྩ་བར་འདོད་ན། བུམ་པ་འདས་པ་དེ་བུམ་པའི་དུས་སུ་འདས་པར་ཐལ། འདོད་པ་གང་ཞིག །བུམ་པ་དེ་དེ་འདས་པར་འཇོག་པའི་ལྟོས་པར་གྱུར་པའི་དངོས་པོ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེའི་ལྟོས་པར་གྱུར་པའི་དངོས་པོ་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པ་འདས་པ་ཆོས་ཅན། ཁྱོད་འདས་པར་འཇོག་པའི་ལྟོས་པར་གྱུར་པའི་དངོས་པོ་ཡོད་པར་ཐལ། ཁྱོད་འདས་པ་ཡིན་པའི་ཕྱིར། རྟགས་ཁས། རྩ་བར་འདོད་མི་ནུས་ཏེ། བུམ་པ་འདས་པ་དེ། བུམ་པའི་དུས་སུ་མ་འོངས་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་འདས་པ་ཁྱོད་ཀྱི་དུས་སུ་དེར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། མཚན་ཉིད་གཉིས་པ་ལ། བུམ་པ་མ་འོངས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། བུམ་པ་མ་འོངས་པ་མ་འོངས་པ་ཡིན་པར་ཐལ། མ་འོངས་པ་ཡིན་པ་ཡོད་པའི་ཕྱིར་ཏེ། མ་འོངས་པའི་མཚན་ཉིད་ཡོད་པའི་ཕྱིར། རྟགས་ཁས། རྩ་བར་འདོད་ན། བུམ་པ་མ་འོངས་པ་བུམ་པའི་དུས་སུ་མ་འོངས་པར་ཐལ། འདོད་པ་གང་ཞིག །བུམ་པ་དེ་བུམ་པ་མ་འོངས་པ་མ་འོངས་པར་འཇོག་པའི་ལྟོས་པར་གྱུར་པའི་དངོས་པོ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་ལྟོས་པར་གྱུར་པའི་དངོས་པོ་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པ་མ་འོངས་པ་ཆོས་ཅན། ཁྱོད་མ་འོངས་པར་འཇོག་པའི་ལྟོས་པར་གྱུར་བའི་དངོས་པོ་ཡོད་པར་ཐལ། ཁྱོད་མ་འོངས་པ་ཡིན་པའི་ཕྱིར། རྟགས་ཁས། རྩ་བར་འདོད་མི་ནུས་ཏེ། བུམ་པ་མ་འོངས་པ་དེ་བུམ་པའི་སྔ་ལོགས་སུ་གྲུབ་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་མ་འོངས་པ་ཁྱོད་ཀྱི་སྔ་ལོགས་སུ་གྲུབ་པར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་པ་འདས་པ་དེ་བུམ་པའི་དུས་སུ་འདས་པར་ཐལ། དེ་དེའི་དུས་ལས་འདས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་བུམ་པ་ད་ལྟར་བའི་དུས་ལས་འདས་པའི་ཕྱིར་ཏེ། ཕྱི་དྲོ་དེ་སྔ་དྲོའི་དུས་ལས་འདས་པའི་ཕྱིར་ཏེ། ཕྱི་དྲོ་དེ་སྔ་དྲོའི་དུས་ལས་ཡོལ་བའི་ཕྱིར། གཞན་ཡང་། སེམས་ཅན་ཤི་བ་ཤི་བ་ཡིན་པར་ཐལ། སེམས་ཅན་འདས་པ་འདས་པ་ཡིན་པའི་ཕྱིར་ཏེ། བུམ་པ་ལ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་འཆི་བ་ཡོད་པར་ཐལ། ཁྱོད་ཤི་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་རྟག་པ་ཡིན་པའི་ཕྱིར། གཞན་ཡང་། སེམས་ཅན་ཞིག་པ་ཞིག་པ་ཡིན་པར་ཐལ། དེ་འདས་པ་འདས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་འཇིག་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་མི་འཇིག་པའི་ཆོས་ཡིན་པའི་ཕྱིར། གཞན་ཡང་། ཤི་བ་ཡིན་པ་ཡོད་པར་ཐལ། ཞིག་པ་ཡིན་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཤི་བའི་སེམས་ཅན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་སེམས་ཅན་གྱི་ལུས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ལུས་དེ་ཤི་ལུས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གསོན་ལུས་ཡིན་པའི་ཕྱིར་ཏེ། དེ་སྲོག་ལྡན་གྱི་ལུས་ཡིན་པའི་ཕྱིར་ཏེ། ཤི་བའི་སེམས་ཅན་གྱི་རྒྱུད་ལ་སྲོག་དབང་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་ཡིད་དབང་ཡོད་པ་གང་ཞིག །སྲོག་དབང་དང་ཡིད་དབང་གཉིས་ངེས་ལྡན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་རྒྱུད་ལ་སེམས་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཤི་བའི་སེམས་ཅན་ཡོད་པར་ཐལ། ཐོ་བས་བཅོམ་པའི་བུམ་པ་ཡོད་པའི་ཕྱིར་ཏེ། རྣམ་མཁྱེན་གྱིས་བཅོམ་པའི་སྒྲིབ་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སྒྲིབ་པ་ཡིན་ན། དེ་ཡིན་དགོས་པའི་ཕྱིར་ཟེར་ན། ཁོ་རང་ལ། བུམ་པ་ཡིན་ན། ཐོ་བས་བཅོམ་པའི་བུམ་པ་ཡིན་དགོས་པར་ཐལ། སྒྲིབ་པ་ཡིན་ན་རྣམ་མཁྱེན་གྱིས་བཅོམ་པའི་སྒྲིབ་པ་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ཡིན་ན་རྣམ་མཁྱེན་གྱིས་སྤངས་པའི་སྒྲིབ་པ་ཡིན་དགོས་པའི་ཕྱིར། གཞན་ཡང་། ཁོ་ན་རེ། ཤི་བའི་སེམས་ཅན་ཡོད་པར་ཐལ། རྒྱལ་པོ་གླང་དར་ཤི་བ་ཡིན་པའི་ཕྱིར་ཏེ། དེ་ལྷ་ལུང་དཔལ་གྱི་རྡོ་རྗེས་བསད་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་དེ་བསད་པ་ལ་བརྟེན་ནས་ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་སྲོག་གཅོད་ཀྱི་ཕམ་པ་བྱུང་བ། གཏམ་རྒྱུད་ཚད་ལྡན་ནས་བཤད་པའི་ཕྱིར། ཁོ་རང་ལ་སྒྲིབ་པ་མེད་པར་ཐལ། རྣམ་མཁྱེན་གྱིས་སྒྲིབ་པ་མེད་པར་བྱས་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རྣམ་མཁྱེན་གྱིས་སྒྲིབ་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར་ཏེ། དེས་སྒྲིབ་པ་སྤངས་པའི་ཕྱིར། གཞན་ཡང་། འདས་པའི་དངོས་པོ་ཁོ་ཁོ་རང་ཡིན་པར་ཐལ། ཁོ་ཡོད་པའི་ཕྱིར། འདོད་ན། འདས་པའི་དངོས་པོ་ཆོས་ཅན། རང་རྒྱུ་ལས་འདས་པའི་དངོས་པོར་སྐྱེས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱུ་ལས་འཇིག་པའི་དངོས་པོར་སྐྱེས་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། རང་གྲུབ་ཙམ་ནས་འདས་པའི་དངོས་པོར་སྐྱེས་པར་ཐལ། འདས་པའི་དངོས་པོ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། རང་གྲུབ་ཙམ་ནས་ཞིག་པའི་དངོས་པོར་སྐྱེས་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་གྲུབ་ཙམ་ནས་ཞིག་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པའི་ཕྱིར་ཏེ། དངོས་པོ་ཡིན་པའི་ཕྱིར། གཞན་ཡང། མ་འོངས་པའི་དངོས་པོ་ཁོ་ཁོ་རང་ཡིན་པར་ཐལ། ཁོ་ཡོད་པའི་ཕྱིར། འདོད་ན། མ་འོངས་པའི་དངོས་པོ་ཆོས་ཅན། རང་རྒྱུ་ལས་མ་འོངས་པའི་དངོས་པོར་སྐྱེས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་རྒྱུ་ལས་མ་འོངས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱུ་ལས་བྱུང་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། འདས་པའི་དངོས་པོ་ཡོད་པར་ཐལ། འདས་པའི་སངས་རྒྱས་ཡོད་པའི་ཕྱིར་ཏེ། འདས་མ་འོངས་ད་ལྟར་གསུམ་གྱི་སངས་རྒྱས་ཡོད་པའི་ཕྱིར་ཏེ། དུས་གསུམ་གྱི་སངས་རྒྱས་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དུས་གསུམ་མཁྱེན་པའི་སངས་འཕགས་ཡོད་པའི་ཕྱིར་ཏེ། དེ་གསུམ་མཁྱེན་པའི་ཡེ་ཤེས་ཡོད་པའི་ཕྱིར། རང་རེས། དུས་གསུམ་གྱི་སངས་འཕགས་ཁས་བླངས་པ་ལ་ཁ་ཅིག་ན་རེ། མར་མེ་མཛད་འདས་པའི་དུས་ཀྱི་སངས་འཕགས་དང་། རྗེས་བཙུན་བྱམས་པ་མགོན་པོ་དེ་མ་འོངས་པའི་དུས་ཀྱི་སངས་འཕགས་ཡིན་པར་ཐལ། འདས་པའི་དུས་ཀྱི་སངས་འཕགས་དང་། མ་འོངས་པའི་དུས་ཀྱི་སངས་འཕགས་གཉིས་ཀ་ཡོད་པའི་ཕྱིར། འདོད་ན། སྟོན་པ་འདིའི་བསྟན་པའི་དུས་ཀྱི་གྲུབ་མཐའ་སྨྲ་བའི་ཚད་མའི་སྐྱེས་བུ་དེས། སངས་རྒྱས་མར་མེ་མཛད་འདས་པའི་དུས་ཀྱི་སངས་འཕགས་དང་། གཅིག་ཤོས་མ་འོངས་པའི་དུས་ཀྱི་སངས་འཕགས་སུ་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྗེས་བཙུན་བྱམས་པ་མགོན་པོའི་བསྟན་པའི་དུས་ཀྱི་གྲུབ་མཐའ་སྨྲ་བའི་ཚད་མའི་སྐྱེས་བུ་དེས། སྟོན་པ་ཤཱཀྱ་ཐུབ་པ་དེ་འདས་པའི་སངས་འཕགས་དང་། རྗེ་བཙུན་བྱམས་མགོན་ད་ལྟར་གྱི་དུས་ཀྱི་སངས་འཕགས་སུ་ཁས་ལེན་པ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། སྟོན་པ་ཤཱཀྱ་ཐུབ་པ་འདས་པའི་དུས་ཀྱི་སངས་འཕགས་དང་། གཅིག་ཤོས་མ་འོངས་པའི་དུས་ཀྱི་སངས་འཕགས་སུ་ཁས་ལེན་པར་ཐལ། འདོད་པ་གང་ཞིག །དེ་དུས་ཀྱི་དེ་རྣམས་ཀྱིས་ཁས་བླངས་པ་ཁས་བླངས་པ་ལྟར་དུ་གྲུབ་པའི་ཕྱིར། འདོད་ན། སྟོན་པ་ཤཱཀྱ་ཐུབ་པ་འདས་པའི་དུས་ཀྱི་སངས་འཕགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ད་ལྟ་བའི་དུས་ཀྱི་སངས་འཕགས་ཡིན་པའི་ཕྱིར་ཏེ། དེའི་དུས་ཀྱི་སྟོན་པ་ཡིན་པའི་ཕྱིར། གཞན་ཡང་། ཁོ་ན་རེ། ཡང་སངས་རྒྱས་མར་མེ་མཛད་ཀྱི་བསྟན་པའི་དུས་ཕན་ཆད་ཀྱི་སངས་འཕགས་ཐམས་ཅད་འདས་པའི་དུས་ཀྱི་སངས་འཕགས་དང་། རྗེ་བཙུན་བྱམས་མགོན་གྱི་བསྟན་པའི་དུས་མན་ཆད་ཀྱི་སངས་འཕགས་ཐམས་ཅད་མ་འོངས་པའི་དུས་ཀྱི་སངས་འཕགས་ཡིན་པར་ཐལ། སངས་རྒྱས་མར་མེ་མཛད་འདས་པའི་དུས་ཀྱི་སངས་འཕགས་དང་། གཅིག་ཤོས་དེ་མ་འོངས་པའི་དུས་ཀྱི་སངས་འཕགས་ཡིན་པའི་ཕྱིར། རྟགས་ཁས་ཟེར་ན་མ་ཁྱབ། འདོད་ན། མར་མེ་མཛད་ཀྱི་བསྟན་པའི་དུས་ཡན་ཆད་ཀྱི་དངོས་པོ་ཐམས་ཅད་འདས་པའི་དུས་ཀྱི་དངོས་པོ་དང་གཅིག་ཤོས་ཀྱི་དུས་མན་ཆད་ཀྱི་དངོས་པོ་ཐམས་ཅད་མ་འོངས་པའི་དུས་ཀྱི་དངོས་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁ་སང་ཡན་ཆད་ཀྱི་དངོས་པོ་ཐམས་ཅད་འདས་པའི་དུས་ཀྱི་དངོས་པོ་དང་། སང་ཉིན་མན་ཆད་ཀྱི་དངོས་པོ་ཐམས་ཅད་མ་འོངས་པའི་དུས་ཀྱི་དངོས་པོ་ཡིན་པར་ཐལ་ལོ། །ཁོ་རང་ལ། སངས་རྒྱས་མར་མེ་མཛད་ཀྱི་བསྟན་པའི་དུས་ཡན་ཆད་ཀྱི་དུས་ཐམས་ཅད་འདས་པའི་དུས་དང་། རྗེ་བཙུན་བྱམས་མགོན་གྱི་བསྟན་པའི་དུས་མན་ཆད་ཀྱི་དུས་ཐམས་ཅད་མ་འོངས་པའི་དུས་ཡིན་པར་ཐལ། འདས་པའི་དུས་དང་མ་འོངས་པའི་དུས་གཉིས་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྐྱོན་སྔར་ལྟར་འཕེན། རྟགས་གྲུབ་སྟེ། མ་ཁྱབ་ཟེར་ན། རྗེ་བཙུན་བྱམས་མགོན་གྱི་བསྟན་པའི་དུས་ཕན་ཆད་ཀྱི་དུས་ཐམས་ཅད་དུས་ཡིན་པར་ཐལ། འདས་པའི་དུས་ཡོད་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། སྟོན་པ་འདིའི་བསྟན་པའི་དུས་ཀྱི་གྲུབ་མཐའ་སྨྲ་བའི་ཚད་མའི་སྐྱེས་བུ་རྣམས་ཀྱིས། སྟོན་པ་ཤཱཀྱ་ཐུབ་པ་མཆོག་གི་སྤྲུལ་སྐུ་དང་། རྗེ་བཙུན་བྱམས་མགོན་དེ་མ་ཡིན་པར་ཁས་ལེན་པར་ཐལ། དང་པོ་དེ་དེ་ཡིན། གཉིས་པ་དེ་དེ་མ་ཡིན་པའི་ཕྱིར། འདོད་ན། རྗེ་བཙུན་བྱམས་མགོན་གྱི་བསྟན་པའི་དུས་ཀྱི་གྲུབ་མཐའ་སྨྲ་བའི་ཚད་མའི་སྐྱེས་བུ་དེས། རྗེ་བཙུན་བྱམས་མགོན་མཆོག་གི་སྤྲུལ་སྐུ་དང་སྟོན་པ་ཤཱཀྱ་ཐུབ་པ་དེ་དེ་མ་ཡིན་པར་ཁས་ལེན་པར་ཐལ། སྟོན་པ་འདིའི་བསྟན་པའི་དུས་ཀྱི་གྲུབ་མཐའ་སྨྲ་བའི་ཚད་མའི་སྐྱེས་བུ་རྣམས་ཀྱིས་ཞེས་སོགས་འདོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྗེ་བཙུན་བྱམས་མགོན་མཆོག་གི་སྤྲུལ་སྐུ་ཡིན། སྟོན་པ་ཤཱཀྱ་ཐུབ་པ་དེ་མིན་དགོས་པར་ཐལ། འདོད་པ་གང་ཞིག །བྱམས་པའི་བསྟན་པའི་དུས་ཀྱི་དེ་རྣམས་ཀྱིས་ཁས་བླངས་པ་ཁས་བླངས་པ་ལྟར་དུ་གྲུབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་པ་འདས་པ་འདས་པ་ཡིན་པར་ཐལ། དེ་བུམ་པའི་འདས་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བུམ་པའི་འདས་པ་ཡིན་པ་ཡོད་པའི་ཕྱིར། གཞན་ཡང་། དེ་འདས་པ་ཡིན་པར་ཐལ། དེ་བུམ་པ་ལ་ལྟོས་ཏེ་འདས་པ་ཡིན་པའི་ཕྱིར་ཏེ། དེ་དེ་ལ་ལྟོས་ཏེ་འདས་པར་བཞག་པའི་ཕྱིར་ཏེ། བུམ་པ་མ་འོངས་པ་དེ་བུམ་པ་ལ་ལྟོས་ཏེ་མ་འོངས་པར་བཞག་པའི་ཕྱིར་ཏེ། བུམ་པའི་འདས་མ་འོངས་ད་ལྟར་དུས་གསུམ་པོ་དེ་བུམ་པ་ལ་ལྟོས་ཏེ་བཞག་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། བུམ་པ་རང་རྒྱུ་ལས་སྐྱེས་བཞིན་པ་ཡིན་ཀྱང་། དེ་རང་དུས་སུ་སྐྱེ་བཞིན་པ་མ་ཡིན་ནོ་ཟེར་ན། བུམ་པ་ཆོས་ཅན། རང་དུས་སུ་སྐྱེ་བཞིན་པ་ཡིན་པར་ཐལ། རང་དུས་སུ་དེ་དང་དངོས་པོའི་གཞི་མཐུན་ཡིན་པའི་ཕྱིར་ཏེ། ཁྱོད་དེ་འདྲའི་གཞི་མཐུན་ཡིན་པའི་དུས་ཡོད་པའི་ཕྱིར་ཏེ། ཁྱོད་སྐྱེ་བཞིན་པ་དང་དངོས་པོའི་གཞི་མཐུན་ཡིན་པའི་ཕྱིར། ཁྱོད་སྐྱེ་བཞིན་པ་གང་ཞིག། དངོས་པོ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རང་རྒྱུ་ལས་སྐྱེ་བཞིན་པ་ཡིན་པའི་ཕྱིར། རྟགས་ཁས། ཡང་ཁོ་ན་རེ། བུམ་པ་དེ་འདྲའི་གཞི་མཐུན་པ་ཡིན་པའི་དུས་གཅིག་ཡོད་ཀྱང་། བུམ་པ་བུམ་པའི་དུས་སུ་དེ་འདྲའི་གཞི་མཐུན་པ་མ་ཡིན་ནོ་ཟེར་ན། འོ་ན། བུམ་པ་བུམ་པའི་རྒྱུའི་དུས་སུ་དེ་འདྲའི་གཞི་མཐུན་པ་ཡིན་པར་ཐལ། དེ་དེ་འདྲའི་གཞི་མཐུན་ཡིན་པ་ཞིག་ཡོད་པ་གང་ཞིག །དེ་བུམ་པའི་དུས་སུ་དེ་འདྲའི་གཞི་མཐུན་མ་ཡིན་པའི་ཕྱིར། འདོད་ན། བུམ་པ་བུམ་པའི་རྒྱུའི་དུས་སུ་དངོས་པོ་ཡིན་པར་ཐལ། འདོད་པའི་ཕྱིར། རང་རེས། བུམ་པ་སྐྱེ་བཞིན་པ་མ་ཡིན། བྱས་པ་ལ་ཁོ་ན་རེ། བུམ་པ་དེ་དེ་ཡིན་པར་ཐལ། སྐྱེ་བཞིན་པ་ཡིན་པ་ཡོད་པའི་ཕྱིར་ཏེ། མྱུ་གུ་སྐྱེ་བཞིན་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མྱུ་གུ་སྐྱེ་བཞིན་པ་དང་ས་བོན་འགག་བཞིན་པ་གཉིས་དུས་མཉམ་ཡིན་པའི་ཕྱིར་ན་ཁོ་རང་ལ། སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡོད་པར་ཐལ། མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་བྱ་བ་ཡོད་པའི་ཕྱིར་ཏེ། དེ་འདྲའི་བྱ་བ་དང་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པའི་བྱ་བ་གཉིས་དུས་མཉམ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དངོས་པོ་ཡིན་ན་སྐྱེས་ཟིན་པ་ཡིན་དགོས་པའི་ཕྱིར། ཡང་ཁོ་ན་རེ། སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡོད་པར་ཐལ། ས་བོན་གྱི་དུས་སུ་སྐྱེས་པ་ལ་མངོན་དུ་ཕྱོགས་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མྱུ་གུ་དེ་དེ་ཡིན་པའི་ཕྱིར་ན་ཁོ་རང་ལ། སྐྱེ་ཁ་མ་ཡོད་པར་ཐལ། ས་བོན་གྱི་དུས་སུ་སྐྱེ་ཁ་མ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། མྱུ་གུ་དེ་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དངོས་པོ་ཡིན་ན་སྐྱེས་ཟིན་པ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྐྱེས་བཞིན་པ་ཡིན་ན། རང་དུས་སུ་རང་རྒྱུ་ལས་སྐྱེས་བཞིན་པ་ཡིན་དགོས་པར་ཐལ། བུམ་པ་རང་རྒྱུ་ལས་སྐྱེས་བཞིན་པ་མ་ཡིན་པའི་ཕྱིར། འདོད་ན། རང་རྒྱུ་ལས་སྐྱེ་བ་ཡིན་ན། རང་དུས་སུ་རང་རྒྱུ་ལས་སྐྱེ་བ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། སྐྱེ་བ་ཡིན་པའི་ཕྱིར། རེས་འགའ་སྐྱེ་བ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་དེ་རེས་འགའ་སྐྱེ་བ་ཡིན་པའི་ཕྱིར། རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་ཅན་ཉིད་སྒྲུབ། །ཅེས་གསུངས་པའི་ཕྱིར། རྩ་བར་འདོད་ན། བུམ་པ་ཆོས་ཅན། རང་དུས་སུ་རང་རྒྱུ་ལ་རག་ལས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་དུས་སུ་རང་རྒྱུ་ལ་རག་མ་ལས་པར་རྫོགས་པར་གྲུབ་ཟིན་པའི་ཕྱིར་ཏེ། དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། འབྲས་བུ་རག་ལས་མེད་པར་ཡང་། །ཞེས་གསུངས་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། དེའི་དོན་ནི། བུམ་པ་རང་གི་ཕྱི་ལོགས་སུ་རང་རྒྱུ་ལ་རག་མ་ལས་པ་དེ་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། བུམ་པ་རང་དུས་སུ་རང་རྒྱུ་ལ་རག་ལས་པར་ཐལ། རང་རྒྱུ་ལ་རག་ལས་པ་ཡིན་ན། རང་དུས་སུ་རང་རྒྱུ་ལ་རག་ལས་པ་ཡིན་དགོས་པའི་ཕྱིར་ཏེ། རང་རྒྱུ་ལས་སྐྱེས་པ་ཡིན་ན། རང་དུས་སུ་རང་རྒྱུ་ལས་སྐྱེས་པ་ཡིན་དགོས་པའི་ཕྱིར་ཏེ། རང་འབྲས་སྐྱེད་བྱེད་ཡིན་ན། རང་དུས་སུ་རང་འབྲས་སྐྱེད་བྱེད་ཡིན་དགོས་པའི་ཕྱིར་ཏེ། རྒྱུ་ཡིན་ན་རང་དུས་སུ་རྒྱུ་ཡིན་དགོས་པའི་ཕྱིར། གཞན་ཡང་། གསལ་བ་དེར་ཐལ། རང་རྒྱུའི་འབྲས་བུ་ཡིན་ན་རང་དུས་སུ་དེའི་ཕྱིར་ཏེ། འབྲས་བུ་ལ་དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་པ་དེ་རང་དུས་སུ་སྐྱེས་པ་མ་ཡིན་པར་ཐལ། བུམ་པ་རང་གི་རྒྱུའི་དུས་སུ་སྐྱེ་བ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བུམ་པ་ཡོད་པ་གང་ཞིག །གཟུགས་འཛིན་ཡིད་མངོན་དེ། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མའི་དུས་སུ་སྐྱེ་བ་ཡིན་པའི་ཕྱིར། དེ་གཟུགས་འཛིན་དབང་མངོན་གྱི་རྒྱུན་མཐར་སྐྱེ་བ་ཡིན་པ་གང་ཞིག། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་དེ་གཟུགས་འཛིན་དབང་མངོན་གྱི་རྒྱུན་གྱི་ཐ་མ་ཡིན་པའི་ཕྱིར། རང་རེས། ཆོས་དེའི་འདས་པ་ཡིན་ན། ཆོས་དེ་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་པའི་ཆ་ཡིན་པས་ཁྱབ། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་འདས་པ་ཆོས་ཅན། གཟུགས་འཛིན་ཡིད་མངོན་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་པའི་ཆ་ཡིན་པར་ཐལ། གཟུགས་འཛིན་ཡིད་མངོན་གྱི་འདས་པ་ཡིན་པའི་ཕྱིར། འདོད་ན། གཟུགས་འཛིན་ཡིད་མངོན་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་པའི་ཆ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གྲུབ་དུས་ཀྱི་སྐད་ཅིག་གཉིས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་འཛིན་ཡིད་མངོན་སྐད་ཅིག་གཉིས་པ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁོ་ན་རེ། གཟུགས་འཛིན་ཡིད་མངོན་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་པའི་ཆ་ཡོད་པར་ཐལ། དངོས་པོ་ཡིན་ན་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་དགོས་པའི་ཕྱིར་ཏེ། དེ་ཡིན་ན་རང་གྲུབ་དུས་ཀྱི་སྐད་ཅིག་ཐ་མར་ཞིག་དགོས་པའི་ཕྱིར་ན་མ་ཁྱབ། གཟུགས་འཛིན་ཡིད་མངོན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གཟུགས་འཛིན་ཡིད་མངོན་གྲུབ་དུས་ཀྱི་སྐད་ཅིག་ཐ་མ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་འཛིན་ཡིད་མངོན་སྐད་ཅིག་ཐ་མ་ཡོད་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་དངོས། ཁ་ཅིག་ན་རེ། ཆོས་དེའི་འདས་པ་ཡིན་ན། ཆོས་དེའི་སྐད་ཅིག་གཉིས་པར་ཞིག་པའི་ཆ་ཡིན་པས་ཁྱབ་ཟེར་ན། གཟུགས་འཛིན་ཡིད་མངོན་གྱི་འདས་པ་ཆོས་ཅན། གཟུགས་འཛིན་ཡིད་མངོན་སྐད་ཅིག་གཉིས་པར་དེར་ཐལ། དེའི་འདས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། གཟུགས་འཛིན་ཡིད་མངོན་ཆོས་ཅན། ཁྱོད་ཀྱི་འདས་པ་ཁྱོད་ཀྱི་འདས་པ་ཡིན་པར་ཐལ། ཁྱོད་འདས་པ་ཁྱོད་འདས་པ་ཡིན་པའི་ཕྱིར་ཏེ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེའི་སྐད་ཅིག་གཉིས་པར་ཞིག་པའི་ཆ་ཡོད་པར་ཐལ། འདོད་པའི་ཕྱིར། དེ་སྐད་ཅིག་གཉིས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་དངོས་ཀྱི་ཉེ་འབྲས་དེའི་སྐད་ཅིག་གཉིས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་མཁྱེན་སྐད་ཅིག་དང་པོ་དེ་རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་གཉིས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱུན་མཐའི་ཡེ་ཤེས་དེ་རྣམ་མཁྱེན་སྐད་ཅིག་དང་པོའི་སྐད་ཅིག་དང་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱུན་མཐའི་ཡེ་ཤེས་དེ་རྣམ་མཁྱེན་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་ཡིད་མངོན་སྐད་ཅིག་གཉིས་པ་ཡོད་པར་ཐལ། དེ་གྲུབ་དུས་ཀྱི་སྐད་ཅིག་གཉིས་པ་ཡོད་པ་གང་ཞིག །གཟུགས་འཛིན་ཡིད་མངོན་དང་དེ་གྲུབ་དུས་དུས་མཉམ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་དང་དེ་གྲུབ་པ་དུས་མཉམ་ཡིན་པའི་ཕྱིར་ཏེ། དེ་དང་དེ་ཡོད་པ་གཉིས་དུས་མཉམ། དེ་དང་དེ་མི་རྟག་པ་གཉིས་དུས་མཉམ་པའི་ཕྱིར། གཞན་ཡང་། མྱུ་གུ་དང་མྱུ་གུ་སྐྱེ་བ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པར་ཐལ། མྱུ་གུ་དང་མྱུ་གུ་སྐྱེ་གནས་འཇིག་གསུམ་པོ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར་ཏེ། མྱུ་གུ་དང་དེ་འཇིག་པ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། མྱུ་གུ་སྐྱེ་བ་དེ་མྱུ་གུའི་སྔ་ལོགས་སུ་གྲུབ་པའི་ཕྱིར་ཏེ། མྱུ་གུ་མྱུ་གུའི་སྔ་ལོགས་སུ་སྐྱེ་བ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མྱུ་གུ་ས་བོན་གྱི་དུས་སུ་སྐྱེ་བ་ཡིན་པའི་ཕྱིར། གཞན་ཡང་། ཁོ་ན་རེ། ས་བོན་གྱི་དུས་སུ་ས་བོན་ལས་སྐྱེ་བཞིན་པ་ཡིན་ན། དེའི་དུས་སུ་དེ་ལས་སྐྱེ་བ་ཡིན་དགོས་པར་ཐལ། ས་བོན་གྱི་དུས་སུ་སྐྱེ་བཞིན་པ་ཡིན་ན། དེའི་དུས་སུ་སྐྱེ་བ་ཡིན་དགོས་པའི་ཕྱིར། འདོད་ན། མྱུ་གུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ས་བོན་གྱི་དུས་སུ་མྱུ་གུ་སྐྱེ་བ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ས་བོན་ལས་སྐྱེ་བ་དེ་ས་བོན་གྱི་འབྲས་བུ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། ས་བོན་གྱི་དུས་སུ་ས་བོན་སྐྱེ་བཞིན་པ་ཡོད་པར་ཐལ། མྱུ་གུ་དེ་དེ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། ས་བོན་ལས་སྐྱེ་བཞིན་པ་དེ་དེའི་འབྲས་བུ་ཡིན་པའི་ཕྱིར་ཏེ། དེ་ལས་སྐྱེ་བཞིན་པ་ཡོད་པའི་ཕྱིར། དེའི་དུས་སུ་དེ་ལས་སྐྱེ་བཞིན་པ་ཡོད་པའི་ཕྱིར། རྟགས་ཁས། ཁོ་རང་ལ། གཟུགས་འཛིན་ཡིད་མངོན་གཟུགས་འཛིན་དབང་མངོན་གྱི་རྒྱུན་མཐར་སྐྱེ་བ་མ་ཡིན་པར་ཐལ། དེ་དེའི་རྒྱུན་རྫོགས་པའི་དུས་སུ་སྐྱེ་བ་ཡིན་པའི་ཕྱིར་ཏེ། དེ་དེའི་དུས་སུ་སྐྱེ་བཞིན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མའི་དུས་སུ་སྐྱེ་བཞིན་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རང་དུས་སུ་སངས་རྒྱ་བཞིན་པ་ཡིན་ན། རང་དུས་སུ་སངས་རྒྱ་བ་ཡིན་དགོས་པར་ཐལ། ས་བོན་གྱི་དུས་སུ་སྐྱེ་བཞིན་པ་ཡིན་ན། དེའི་དུས་སུ་སྐྱེ་བ་ཡིན་དགོས་པའི་ཕྱིར། འདོད་ན། བྱང་སེམས་རྒྱུན་མཐའ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། རྣམ་མཁྱེན་ཐོབ་ཁ་མའི་གང་ཟག་ཡིན་པའི་ཕྱིར། འདོད་ན། བྱང་སེམས་རྒྱུན་མཐའ་པ་དེས། རང་དུས་སུ་རྣམ་མཁྱེན་ཐོབ་པའི་དུས་སྲིད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། དེ་རང་དུས་སུ་སངས་རྒྱ་བ་ཡིན་པའི་ཕྱིར་ཏེ། དེ་རྒྱུན་མཐའི་གནས་སྐབས་སུ་སངས་རྒྱ་བའི་ཕྱིར་ཏེ། དེ་སངས་རྒྱས་ཀྱི་སར་སངས་མི་རྒྱ་བའི་ཕྱིར། མ་གྲུབ་ན། དེ་སངས་རྒྱས་ཀྱི་སར་སངས་རྒྱ་བར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་མི་ནུས་ཏེ། དེའི་སར་སངས་རྒྱས་ཟིན་པའི་ཕྱིར། ཁ་ཅིག་ན་རེ། ནས་མྱུག་གི་དངོས་རྒྱུའི་དུས་སུ་ནས་མྱུག་གི་རྒྱུ་ཚོགས་གྲངས་མ་ཚང་ཟེར་ན། དེ་ཚང་བར་ཐལ། དེའི་དངོས་རྒྱུའི་དུས་སུ་དེའི་དངོས་རྒྱུ་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར་ཏེ། དེའི་དུས་སུ་དངོས་རྒྱུ་མཐའ་དག་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེའི་དངོས་རྒྱུའི་དུས་སུ་དེའི་བརྒྱུད་རྒྱུ་ཡོད་པར་ཐལ། དེའི་དུས་སུ་ནས་མྱུག་གི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར་ན་མ་ཁྱབ། །

༈ རང་ལུགས་ལ། འདས་མ་འོངས་ད་ལྟར་དུས་གསུམ་སོ་སོའི་ངོ་བོ། མཚན་གཞི། དུས་གསུམ་གྲུབ་ཚུལ་བཤད་པ་དང་གསུམ། དང་པོ་ནི། མྱུ་གུའི་དུས་སུ་ཞིག་པ་དེ་མྱུ་གུའི་དུས་སུ་འདས་པའི་མཚན་ཉིད། དཔེར་ན་ས་བོན་ལྟ་བུ་ལ་བྱེད། མྱུ་གུའི་དུས་སུ་འདས་མ་འོངས་གང་རུང་ཡང་ཡིན། དེའི་དུས་སུ་མ་སླེབས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། དེའི་དུས་སུ་མ་འོངས་པའི་མཚན་ཉིད། དཔེར་ན། མྱུ་གུའི་དངོས་འབྲས་ལྟ་བུ་ལ་བྱེད། སྐྱེས་ལ་མ་འགག་པ་ད་ལྟར་བའི་མཚན་ཉིད། དཔེར་ན། མྱུ་གུ་ལྟ་བུ་ལ་བྱེད། སོ་སོའི་མཚན་གཞི་ནི། མྱུ་གུ་རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མ་བྱུང་བའི་ཆ་དེ་མྱུ་གུའི་མ་འོངས་པ་དང་། མྱུ་གུ་མ་འོངས་པ་གཉིས་ཀྱི་མཚན་གཞི་ཡིན། མྱུ་གུ་རང་གི་ཕྱི་ལོགས་སུ་ཞིག་པའི་ཆ་དེ་དེའི་འདས་པའི་མཚན་གཞི་དང་། མྱུ་གུ་འདས་པའི་མཚན་གཞི་ཡང་ཡིན་ནོ། །

༈ གསུམ་པ་དུས་གསུམ་གྱི་གྲུབ་ཚུལ་ནི། དང་པོར་མྱུ་གུའི་མ་འོངས་པ་གྲུབ། དེའི་རྗེས་སུ་དེའི་ད་ལྟར་བ་གྲུབ། དེའི་རྗེས་སུ་དེའི་འདས་པ་གྲུབ་སྟེ། མྱུ་གུའི་མ་འོངས་པ་དེ་དེའི་སྔ་ལོགས་སུ་གྲུབ། དེའི་འདས་པ་དེ་དེའི་ཕྱི་ལོགས་སུ་གྲུབ་པའི་ཕྱིར། དེ་ལྟར་ཡིན་ཀྱང་། མྱུ་གུའི་དུས་སུ་འདས་པ་དེ་མྱུ་གུའི་སྔ་ལོགས་སུ་གྲུབ། དེའི་དུས་སུ་མ་འོངས་པ་དེ་དེའི་ཕྱི་ལོགས་སུ་གྲུབ་པ་ཡིན་ཏེ། མྱུ་གུའི་དངོས་རྒྱུ་དེ་མྱུ་གུའི་དུས་སུ་འདས་པ་དང་། དེའི་དངོས་འབྲས་དེ་དེའི་དུས་སུ་མ་འོངས་པ་ཡིན་པའི་ཕྱིར་ཏེ། མྱུ་གུ་དེ་མྱུ་གུའི་སྔ་ལོགས་སུ་མ་འོངས་པ་དང་། མྱུ་གུའི་དུས་སུ་ད་ལྟར་བ་དང་། མྱུ་གུའི་ཕྱི་ལོགས་སུ་འདས་པ་ཡིན་ནོ། །མྱུ་གུའི་འདས་མ་འོངས་ད་ལྟར་གསུམ་གྱི་ནང་ནས། དེའི་ད་ལྟར་བ་གཙོ་ཆེ་བ་ཡིན་ཏེ། དེའི་མ་འོངས་པ་དང་འདས་པ་གཉིས། དེའི་ད་ལྟར་བ་ལ་ལྟོས་ཏེ་བཞག་དགོས་པའི་ཕྱིར། །

དངོས་མིང་དང་བཏགས་མིང་གི་དོན་བཤད་པ།

༈ བློ་ནི་འཁྲུལ་པ་མེད་འཇུག་པ། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། རང་རེས་གོང་དུ། སྤྱི་མཚན་དངོས་མེད་དུ་ཁས་བླངས་པ་ལ། ཁོ་ན་རེ། བུམ་འཛིན་རྟོག་པ་ལ་བུམ་པ་སྣང་བ་དེ་དངོས་པོ་ཡིན་ཏེ། དེ་བུམ་པ་ཞེས་པའི་སྒྲས་བརྗོད་པའི་ཕྱིར། ཁྱབ་སྟེ། རྗོད་བྱེད་ཀྱི་སྒྲ་རྣམས་རང་ཡུལ་ལ་དངོས་དབང་གིས་འཇུག་པའི་ཕྱིར་ཟེར་ན། འོ་ན། བུམ་པ་འདས་པ་དང་བུམ་པ་མ་འོངས་པ་གཉིས་ལ། བུམ་པ་ཞེས་པའི་སྒྲ་དངོས་སུ་འཇུག་པར་ཐལ། རྗོད་བྱེད་ཀྱི་སྒྲ་རྣམས་རང་ཡུལ་ལ་དངོས་དབང་གིས་འཇུག་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་དངོས་པོར་མེད་པའི་ཕྱིར། ཞེས་འཆད་པ་ལ། འདས་པ་དང་ནི་མ་འོངས་པའི། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། བུམ་སྤྱི་དངོས་པོ་བ་དེ། འདས་པའི་དུས་ཀྱི་བུམ་པ་དང་། མ་འོངས་པའི་དུས་ཀྱི་བུམ་པ་གཉིས་ཀྱི་ཆོས་སུ་ཉེ་བར་བཏགས་ནས། བུམ་པ་ཞེས་པའི་སྒྲ་དེ། འདས་པའི་དུས་ཀྱི་བུམ་པ་དང་། མ་འོངས་པའི་དུས་ཀྱི་བུམ་པ་གཉིས་ལ་དངོས་སུ་འཇུག་པ་ཡིན་ནོ། །ཞེས་པའི་འདོད་པ་བརྗོད་པར་བྱེད་པ་ལ། གལ་ཏེ་ཉེར་བཏགས་ལས་དེ་འདོད། །ཅེས་པ་འདི་བྱུང་། འོ་ན། བུམ་པ་ཞེས་པའི་སྒྲ་དེ། འདས་པའི་དུས་ཀྱི་བུམ་པ་དང་མ་འོངས་པའི་དུས་ཀྱི་བུམ་པ་གཉིས་ལ་འཇུག་ལ། སྣམ་བུ་ལ་མི་འཇུག་པའི་ཁྱད་པར་མི་འཐད་པར་ཐལ། བུམ་པ་ཞེས་པའི་སྒྲ་དངོས་སུ་འཇུག་པ་ལ། བུམ་སྤྱི་དངོས་པོ་བ་ཁྱད་ཆོས་སུ་ཚང་དགོས། བུམ་སྤྱི་དངོས་པོ་བ་དེ་དེ་གཉིས་ལ་ཡོད་ཅིང་། སྣམ་བུ་ལ་མེད་པའི་ཁྱད་པར་མི་འཐད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གང་ཞིག་སྣམ་སོགས་ལ་མེད་ལ། །ཞེས་སོགས་རྐང་པ་གསུམ་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། སྤྱི་དངོས་པོ་བ་ཡོད་པའི་དབང་གིས་དངོས་མིང་དང་། དེ་མེད་པའི་དབང་གིས་བཏགས་མིང་མི་འཇུག་ན། དངོས་མིང་དང་བཏགས་མིང་འཇུག་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་འཆད་པར་བྱེད་པ་ལ། བློ་ནི་འཁྲུལ་པ་མེད་འཇུག་པ། །ཞེས་སོགས་རྐང་པ་བཞི་བྱུང་། དེའི་རྒྱུ་མཚན་དཔེ་དང་བཅས་ཏེ་འཆད་པར་བྱེད་པ་ལ། དོན་མེད་ན་ཡང་འགྲོ་བ་ཡིས། །ཞེས་པ་ནས། མཉན་པ་སྐྱེ་བོས་བྱས་པ་ཡིན། །ཞེས་པའི་བར་བྱུང་། དེས་ན། བློ་ནི་འཁྲུལ་པ་མེད་འཇུག་པ། །ཞེས་སོགས་ཀྱི་ངག་དོན་ནི། སེང་གེ་ཞེས་པའི་ངག་ཆོས་ཅན། རི་དྭགས་རྒྱལ་པོའི་དངོས་མིང་ཡིན་ཏེ། དེ་ལ་འདོད་རྒྱལ་དུ་ཐོག་མར་བརྡ་སྦྱར་བའི་མིང་གང་ཞིག །རང་ཉིད་ལ་བརྟེན་ནས་དེ་འཁྲུལ་མེད་དུ་གོ་ནུས་ཡིན་པའི་ཕྱིར། དེ་ཆོས་ཅན། བྲམ་ཟེ་ཁྱེའུ་ཁ་ཆེ་སྣ་ཉག་གི་བཏགས་མིང་ཡིན་ཏེ། རང་ཉིད་ལ་བརྟེན་ནས་དེ་ཐུན་མོང་མ་ཡིན་པར་གོ་མི་ནུས་པ་གང་ཞིག །དེ་ལ་རྗེས་སུ་བརྡ་སྦྱར་བའི་མིང་ཡིན་པའི་ཕྱིར། །

༈ གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། བྱས་པ་ཞེས་པའི་ངག་དེ་མི་རྟག་པའི་དངོས་མིང་དུ་ཐལ། སེང་གེ་ཞེས་པའི་ངག་དེ་རི་དྭགས་རྒྱལ་པོའི་དངོས་མིང་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སྒྲ་བྱས་ཞེས་པའི་ངག་དེ་སྒྲ་མི་རྟག་པའི་དངོས་མིང་དུ་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་བྱས་ཞེས་པའི་ངག་ལས་སྒྲ་བྱས་པ་རྟོགས། སྒྲ་མི་རྟག་པ་མི་གོ་བའི་ཁྱད་པར་མི་འཐད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་ན་ཐ་དད་རྣམ་པར་གནས། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ་ཟེར་ན། འོ་ན། ཁོ་རང་ལ། བྱས་པ་ཞེས་པའི་ངག་དེ་མི་རྟག་པའི་དངོས་མིང་ཡིན་པར་ཐལ། བུམ་པ་ཞེས་པའི་ངག་དེ་ལྟོ་ལྡིར་བའི་དངོས་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ལྟོ་ལྡིར་བ་བུམ་པའི་མཚན་ཉིད་ཡིན་པའི་ཕྱིར། ཡང་ཁོ་ན་རེ། སེང་གེ་དང་རི་དྭགས་རྒྱལ་པོ་གཉིས་དངོས་མིང་ཐ་དད་ཀྱི་གོ་བྱ་སོ་སོར་གནས་པ་མ་ཡིན་པར་ཐལ། སེང་གེ་ཞེས་པའི་ངག་དེ་རི་དྭགས་རྒྱལ་པོའི་དངོས་མིང་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཁོ་རང་ལ། བུམ་པ་དང་ལྟོ་ལྡིར་བ་གཉིས་དངོས་མིང་ཐ་དད་ཀྱི་གོ་བྱ་སོ་སོར་གནས་པ་མ་ཡིན་པར་ཐལ། བུམ་པ་ཞེས་པའི་ངག་དེ་ལྟོ་ལྡིར་བའི་དངོས་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་གཉིས་དོན་སྤྱི་ཐ་དད་དུ་འཆར་རུང་གི་ཆོས་ཡིན་པའི་ཕྱིར། ཁོ་ན་རེ། རང་ཉིད་ལ་བརྟེན་ནས་དོན་དེ་ཐུན་མོང་མ་ཡིན་པར་གོ་ནུས་པའི་ངག་དེ། དོན་དེའི་དངོས་མིང་གི་མཚན་ཉིད་ཟེར་ན། བུམ་པ་ཞེས་པའི་ངག་ཆོས་ཅན། རང་ཉིད་ཅེས་པའི་བརྗོད་བྱའི་དངོས་མིང་ཡིན་པར་ཐལ། རང་ཉིད་ལ་བརྟེན་ནས་དེ་ཞེས་པའི་བརྗོད་བྱ་ཐུན་མོང་མ་ཡིན་པར་གོ་ནུས་པའི་ངག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ངག་རྣམ་དག་ཡིན་པའི་ཕྱིར། འདོད་ན། བུམ་པ་ཞེས་པའི་ངག་གི་བརྗོད་བྱ་དེ། བུམ་པ་ཞེས་པའི་ངག་དངོས་མིང་དུ་འཇུག་པའི་གཞི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཁོ་ན་རེ། དོན་དེ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་དེ། དོན་དེའི་དངོས་མིང་གི་མཚན་ཉིད། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་དང་། དོན་དང་མིང་འདྲ་བའམ་འབྲེལ་པ་གྲུབ་པ་གང་རུང་གཅིག་རྒྱུ་མཚན་དུ་བྱས་ནས། དོན་དེ་ལ་རྗེས་གྲུབ་ཏུ་སྦྱར་བའི་མིང་དེ། དོན་དེའི་བཏགས་མིང་གི་མཚན་ཉིད་ཡིན་ནོ་ཟེར་ན། དང་པོ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། བུམ་པ་ཞེས་པའི་ངག་ཆོས་ཅན། བུམ་པ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་ཡིན་པར་ཐལ། དེའི་དངོས་མིང་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལྟོ་ལྡིར་བ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ལྟོ་ལྡིར་བའི་དངོས་མིང་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། བུམ་པ་ཞེས་པའི་ངག་དེ་བུམ་པ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་ཡིན་པར་ཐལ། དེ་ལ་དེ་ལྟར་སྦྱར་བའི་མིང་ཡོད་པའི་ཕྱིར་ཏེ། ལྟོ་ལྡིར་བ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་ཡོད་པའི་ཕྱིར། མཚན་ཉིད་གཉིས་པ་ལ། སྤྱི་གཙོ་བོ་དང་ཡུལ་མི་རྒན་པོ་གཉིས་ལ་འདྲ་བ་འམ་འབྲེལ་པ་གང་རུང་གཅིག་གྲུབ་པར་ཐལ། སྤྱི་གཙོ་བོ་ཞེས་པའི་ངག་དེ་ཡུལ་མི་རྒན་པོའི་བཏགས་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ནུས་ལའང་གཙོ་བོ་ལ་སོགས་པའི། །མཉན་པ་སྐྱེ་བོས་བྱས་པ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། སྤྱི་གཙོ་བོ་ཡོད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། སྒྲ་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཡིན་ཞེས་པའི་ངག་ཆོས་ཅན། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་དང་སྒྲ་གཉིས་འདྲ་བའམ་འབྲེལ་པ་གྲུབ་པ་གང་རུང་ཞིག་ཡིན་པར་ཐལ། སྒྲའི་བཏགས་མིང་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྒྲ་ལ་དེ་སྒྲུབ་ཀྱི་ཕྱོགས་ཞེས་པའི་མིང་བཏགས་ནས་འཇུག་པའི་ཕྱིར་ཏེ། སྒྲ་དེ་སྒྲུབ་ཀྱི་ཕྱོགས་མཚན་ཉིད་པ་དེའི་ཕྱོགས་གཅིག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བཏགས་ནས་འཇུག་པའི་ཕྱིར། རིགས་གཏེར་ལས། དེ་ཡི་ཕྱོགས་གཅིག་ཡིན་པའི་ཕྱིར། །ཡ་གྱལ་གཉིས་ལ་བཏགས་ནས་འཇུག །ཅེས་གསུངས་པའི་ཕྱིར། གཞན་ཡང་། རི་བོང་གི་རྭ་ཞེས་པའི་ངག་ཆོས་ཅན། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡོད་པར་ཐལ། རི་བོང་གི་རྭའི་བཏགས་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་མིང་གང་ཞིག །དེའི་དངོས་མིང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། རི་བོང་གི་རྭ་ཆོས་ཅན། ཁྱོད་ཅེས་པའི་ངག་ཁྱོད་ཀྱི་མིང་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རི་བོང་གི་རྭ་ཞེས་པའི་ངག་དེ་དེའི་དངོས་མིང་དང་བཏགས་མིང་གང་ཡང་མ་ཡིན་ནོ་ཟེར་ན། རི་བོང་གི་རྭའི་མིང་ཡིན་ན། དེའི་དངོས་མིང་དང་བཏགས་མིང་གང་རུང་ཡིན་དགོས་པར་ཐལ། བྲམ་ཟེ་ཁྱེའུ་ཁ་ཆེ་སྣ་ཉག་གི་མིང་ཡིན་ན། དེའི་དེ་གང་རུང་ཡིན་དགོས་པའི་ཕྱིར་ཏེ། སེང་གེ་ཞེས་པའི་ངག་དེ། དེའི་བཏགས་མིང་དང་། བྲམ་ཟེ་ཁྱེའུ་ཁ་ཆེ་སྣ་ཉག་ཅེས་པའི་ངག་དེ་དེའི་དངོས་མིང་ཡིན་པའི་ཕྱིར། གཞན་ཡང་། སྒྲ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཡིན། ཞེས་པའི་ངག་དེ་བཏགས་མིང་ཡིན་པར་ཐལ། ཉི་མའི་འབྲས་བུར་གྱུར་པའི་འོད་ཟེར་ལ་ཉི་མ་ཞེས་པའི་ངག་བཏགས་མིང་ཡིན་པའི་ཕྱིར་ཏེ། དེ་རྒྱུ་མིང་འབྲས་ལ་བཏགས་པའི་བཏགས་མིང་ཡིན་པའི་ཕྱིར་ཏེ། དེ་འདྲའི་བཏགས་མིང་ཡོད་པའི་ཕྱིར། ཁ་ཅིག་ན་རེ། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པའི་ངག་དེ་དངོས་མིང་མ་ཡིན་ཞིང་བཏགས་མིང་ཡིན་ནོ་ཟེར་ན། རས་ཡུག་གི་ཕྱོགས་གཅིག་ཚིག་པ་དེ་རས་ཡུག་ཚིག་པ་མ་ཡིན་པར་ཐལ། དེའི་ཕྱོགས་གཅིག་ཚིག་པ་ལ་དེ་ཚིག་ཅེས་པའི་ངག་དེ་དངོས་མིང་མ་ཡིན་པའི་ཕྱིར། འདོད་ན། དེའི་གཡས་ཕྱོགས་ཚིག་པ་དེ་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་གཡས་ཕྱོགས་ཚིག་ཅིང་གཡོན་ཕྱོགས་མ་ཚིག་པའི་ཚེ་ན། དེའི་ཕྱོགས་གཅིག་ཚིག་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་ན། རས་ཡུག་གི་ཕྱོགས་གཅིག་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་ན་དེའི་གཡོན་ཕྱོགས་ཡོད་པའི་ཕྱིར། གཞན་ཡང་། དེའི་ཕྱོགས་གཅིག་ཚིག་པ་དེ། དེ་ཚིག་པ་ཡིན་པར་ཐལ། རས་ཡུག་གཅིག་གི་ཕྱོགས་གཅིག་ཚིག་པ་དེ། རས་ཡུག་གཅིག་ཚིག་པ་ཡིན་པའི་ཕྱིར་ཏེ། སྐྱེས་བུ་གཅིག་གི་ལག་པ་ན་བ་དེ། སྐྱེས་བུ་གཅིག་ན་བ་ཡིན་པའི་ཕྱིར་ཏེ། སྐྱེས་བུ་གཅིག་གི་མགོ་བོ་མཐོང་བ་དེ། སྐྱེས་བུ་གཅིག་མཐོང་བ་ཡིན་པའི་ཕྱིར་ཏེ། སྐྱེས་བུ་གཅིག་མཐོང་བའི་བློ་ཡིན་ན། སྐྱེས་བུ་གཅིག་གི་ཆ་ཐམས་ཅད་མཐོང་བའི་བློ་ཡིན་པས་མ་ཁྱབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རས་ཡུག་གཅིག་གི་ཁ་ཚར་ཙམ་ཚིག་པ་དེ། རས་ཡུག་གཅིག་ཚིག་པ་ཡིན་པར་ཐལ། རས་ཡུག་གི་ཕྱོགས་གཅིག་ཚིག་པ་དེ། རས་ཡུག་ཚིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སྐྱེས་བུ་གཅིག་གི་སྐྲ་ཉག་གཅིག་ཚིག་པ་དེ། སྐྱེས་བུ་གཅིག་ཚིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྐྲ་ཉག་གཅིག་ཚིག་པའི་སྐྱེས་བུ་ཡོད་ཀྱང་། ཚིག་པའི་སྐྱེས་བུ་མེད་པའི་ཕྱིར། ཁ་ཅིག་ན་རེ། རས་ཡུག་གཅིག་གི་ཁ་ཚར་ཚིག་པ་དེ། རས་ཡུག་གཅིག་ཚིག་པ་ཡིན་པར་ཐལ། སྐྱེས་བུ་གཅིག་གི་ལག་པ་གཡས་པ་མེས་ཚིག་པ་དེ། སྐྱེས་བུ་གཅིག་གི་ལག་པ་མེས་ཚིག་པ་ཡིན་པའི་ཕྱིར་ཏེ། དེ་གཅིག་གི་ལག་པ་གཡས་པ་ན་བ་དེ། དེ་ན་བ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། ལག་པ་གཡས་པ་མེས་ཚིག་པའི་སྐྱེས་བུ་ཡིན་ན། ལག་པ་མེས་ཚིག་པའི་སྐྱེས་བུ་ཡིན་དགོས་པར་ཐལ། དེ་གཅིག་གི་ལག་པ་གཡས་པ་མེས་ཚིག་པ་དེ། དེ་གཅིག་གི་ལག་པ་ཚིག་པ་ཡིན་པའི་ཕྱིར། འདོད་ན། ལག་པ་གཡས་པ་ཆད་པའི་སྐྱེས་བུ་ཡིན་ན། ལག་པ་ཆད་པའི་སྐྱེས་བུ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ལག་པ་གཡས་པ་ཆད་ཅིང་། གཡོན་པ་མ་ཆད་པའི་སྐྱེས་བུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ལག་པ་དང་ལྡན་པའི་སྐྱེས་བུ་ཡིན་པའི་ཕྱིར་ཏེ། ལག་པ་གཡོན་པ་དང་ལྡན་པའི་སྐྱེས་བུ་ཡིན་པའི་ཕྱིར། གཞན་ཡང་། མིག་གཡས་པ་ལོང་བའི་སྐྱེས་བུ་ཡིན་ན། མིག་ལོང་བའི་སྐྱེས་བུ་ཡིན་དགོས་པར་ཐལ། ལག་པ་གཡས་པ་ཆད་པའི་སྐྱེས་བུ་ཡིན་ན། ལག་པ་ཆད་པའི་སྐྱེས་བུ་ཡིན་དགོས་པའི་ཕྱིར། འདོད་ན། མིག་གཡས་པ་ལོང་ལ་གཡོན་པ་མ་ལོང་བའི་སྐྱེས་བུ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མིག་ལྡན་གྱི་སྐྱེས་བུ་ཡིན་པའི་ཕྱིར་ཏེ། མིག་གཡོན་པ་དང་ལྡན་པའི་སྐྱེས་བུ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཉི་མའི་འོད་ཟེར་དེ་ལ་ཉི་མ་ཞེས་བརྗོད་པའི་ངག་དེ། རྒྱུ་མིང་འབྲས་ལ་བཏགས་པའི་བཏགས་མིང་ཡིན་ཟེར་ན། ཉི་མ་དེ་ཉི་མའི་འོད་ཟེར་གྱི་རྒྱུ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེའི་རེག་བྱའི་རྒྱུ་ཡིན་པར་ཐལ། འདོད་པ་གང་ཞིག །དེའི་འོད་ཟེར་དེའི་རེག་བྱ་ཡིན་པའི་ཕྱིར། འདོད་ན། བུམ་པ་དེ་བུམ་པའི་རེག་བྱའི་རྒྱུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་ཞེས་པའི་ངག་དངོས་སུ་འཇུག་པའི་གཞི་ཡིན་ན། དེ་དངོས་མིང་དུ་འཇུག་པའི་གཞི་ཡིན་པས་ཁྱབ་ཟེར་ན། གསེར་བུམ་ཆོས་ཅན། ཐལ་ཕྱིར། འདོད་ན། བུམ་པ་ཞེས་པའི་ངག་དེ་གསེར་བུམ་གྱི་དངོས་མིང་ཡིན་པར་ཐལ། གསེར་བུམ་དེ་བུམ་པ་ཞེས་པའི་ངག་དངོས་མིང་དུ་འཇུག་པའི་གཞི་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་ངག་ཆོས་ཅན། གསེར་བུམ་གྱི་དངོས་མིང་མ་ཡིན་པར་ཐལ། ཟངས་བུམ་གྱི་དངོས་མིང་ཡིན་པའི་ཕྱིར། རྟགས་ཁས། བྱས་པ་ལ་ཁོ་ན་རེ། བུམ་པ་ཞེས་པའི་ངག་དེ། གསེར་བུམ་གྱི་དེ་ཡིན་པར་ཐལ། མཚོ་སྐྱེས་ཞེས་པའི་ངག་དེ་སྐམ་ལས་སྐྱེས་པའི་པདྨོའི་དངོས་མིང་ཡིན་པའི་ཕྱིར། འཇུག་པའི་ཊཱིཀ་ཆེན་ལས། སྒྲ་དངོས་སུ་འཇུག་པ་ལ། དེ་དངོས་མིང་དུ་འཇུག་པའི་རྒྱུ་མཚན་བཤད་དགོས་པས་མ་ཁྱབ་པ་ནི། དཔེར་ན། སྐམ་ལས་སྐྱེས་པའི་པདྨ་ལ་མཚོ་སྐྱེས་ཀྱི་སྒྲ་དངོས་མིང་དུ་འཇུག་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མཚོ་སྐྱེས་ཞེས་པའི་སྒྲ་དེ་སྐམ་ལས་སྐྱེས་པའི་པདྨ་ལ་དངོས་སུ་འཇུག་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་ལ་དངོས་སུ་འཇུག་པའི་མིང་ཡིན་ན། བུམ་པའི་དངོས་མིང་ཡིན་པས་ཁྱབ་ཟེར་ན། ཤེས་བྱ་ཞེས་པའི་ངག་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། བུམ་པ་ཤེས་བྱ་ཞེས་པའི་ངག་དེ་དངོས་སུ་འཇུག་པའི་གཞི་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། དེར་ཐལ། ཤེས་བྱ་ཡིན་པའི་ཕྱིར། །

༈ རང་ལུགས་ལ། མིང་གི་རྣམ་གཞག་ལ་སྤྱིར། མིང་ཚིག་ཡི་གེ་རྣམས་དོན་གཅིག་མིན་ཀྱང་། དེ་རྣམས་མི་འགལ་ལོ། །མིང་ལ་དབྱེ་ན། དངོས་མིང་དང་བཏགས་མིང་གཉིས། དང་པོ་ནི། དོན་དེའི་མིང་དུ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བ་ཡང་ཡིན། རང་ཉིད་ལ་བརྟེན་ནས་དོན་དེ་འཁྲུལ་མེད་དུ་གོ་ནུས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མཉན་བྱ་དོན་མཐུན་དེ་དེའི་དངོས་མིང་གི་མཚན་ཉིད། དཔེར་ན། རི་དྭགས་རྒྱལ་པོ་ལ་སེང་གེ་ཞེས་བརྗོད་པའི་ངག་ལྟ་བུའོ། །རང་ཉིད་ལ་བརྟེན་ནས་དོན་དེ་འཁྲུལ་མེད་དུ་གོ་མི་ནུས་པ་ཡང་ཡིན། དོན་དེའི་མིང་ཕལ་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མཉན་བྱ་དེ་དོན་དེའི་བཏགས་མིང་གི་མཚན་ཉིད། དེ་ལ་དབྱེ་ན་འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་དང་། འབྲེལ་པ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་གཉིས། དང་པོ་ནི། བྲམ་ཟེ་ཁྱེའུ་ཁ་ཆེ་སྣ་ཉག་ལ་སེང་གེ་ཞེས་བརྗོད་པའི་ངག་ལྟ་བུ་ལ་བྱེད་པ་ཡིན་ཏེ། བྲམ་ཟེ་ཁྱེའུ་སྣ་ཉག་དང་། སེང་གེ་གཉིས་ཁ་ཆེ་བ་དང་སྣ་ཉག་པར་མཚུངས་པའི་ཕྱིར། གཉིས་པ་ལ། བདག་གཅིག་གི་འབྲེལ་པ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་དང་། དེ་བྱུང་གི་འབྲེལ་པ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་གཉིས། དང་པོ་ལ། ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་པའི་བཏགས་མིང་དང་། ཚོགས་པའི་མིང་གིས་ཡ་གྱལ་ལ་བཏགས་པའི་བཏགས་མིང་གཉིས། དང་པོ་ནི། རས་ཡུག་གི་ཁ་ཚར་ཙམ་ཚིག་པ་ལ། རས་ཡུག་ཚིག་ཅེས་བརྗོད་པའི་ངག་ལྟ་བུ་ལ་བྱེད་པ་ཡིན་ཏེ། རས་ཡུག་གི་ཁ་ཚར་དེ་རས་ཡུག་གི་ཡ་གྱལ་དང་། རས་ཡུག་དེ་དེའི་ཁ་ཚར་ལ་སོགས་པ་ཚོགས་པའི་ཚོགས་པ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ནི། སྒྲ་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཞེས་བརྗོད་པའི་ངག་ལྟ་བུ་ལ་བྱེད་པ་ཡིན་ཏེ། སྒྲ་དེ་དེ་སྒྲུབ་ཀྱི་ཕྱོགས་མཚན་ཉིད་པ་དེའི་ཡ་གྱལ་གཅིག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བཏགས་པའི་ཕྱིར། གཉིས་པ་ལ། རྒྱུ་མིང་འབྲས་ལ་བཏགས་པའི་བཏགས་མིང་དང་། འབྲས་མིང་རྒྱུ་ལ་བཏགས་པའི་བཏགས་མིང་གཉིས། དང་པོ་ནི། ཉི་མའི་འབྲས་བུར་གྱུར་པའི་ཉི་མའི་འོད་ཟེར་ལ་ཉི་མ་ཞེས་བརྗོད་པའི་ངག་ལྟ་བུ་ལ་བྱེད། གཉིས་པ་ནི། སྒྲུབ་ངག་ཡང་དག་ལ། རང་འབྲས་རྗེས་དཔག་ཅེས་བརྗོད་པའི་ངག་ལྟ་བུ་ལ་བྱེད་དོ། །

༈ རྩོད་པ་སྤང་བ་ལ། ཁ་ཅིག་ན་རེ། སྒྲ་དེ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཀྱི་ཡ་གྱལ་གཅིག་ཡིན་པར་ཐལ། སྒྲ་རྟག་པ་དེ་སྒྲུབ་ཀྱི་ཕྱོགས་གང་ཞིག །སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཀྱི་ཡ་གྱལ་གཅིག་ཡིན་པའི་ཕྱིར། ཕྱི་མ་ཁྱབ་པ་ཁས་ཟེར། འདོད་ན། དེ་སྒྲུབ་ཀྱི་ཕྱོགས་ཀྱི་ཡ་གྱལ་གཅིག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཕྱོགས་ཡོད་པར་ཐལ་ལོ་ཟེར་ན། མ་ཁྱབ་བོ། །ཁ་ཅིག །རྟོག་པ་ཞེས་པའི་ངག་ཆོས་ཅན། རང་ཉིད་ལ་བརྟེན་ནས་རྟོག་པ་འཁྲུལ་མེད་དུ་གོ་བའི་ངག་ཡིན་པར་ཐལ། དེའི་དངོས་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྟོག་པ་འཁྲུལ་མེད་དུ་གོ་བའི་ངག་ཡོད་པར་ཐལ་ལོ། །འདོད་ན། རྟོག་པ་འཁྲུལ་མེད་དུ་རྟོགས་པའི་བློ་ཡོད་པར་ཐལ་ལོ། །འདོད་ན། རྣམ་མཁྱེན་དེ་དེ་ཡིན་པར་ཐལ་ལོ། །འདོད་ན། རྣམ་མཁྱེན་ཆོས་ཅན། དེ་མ་ཡིན་པར་ཐལ། དེ་འཁྲུལ་བཅས་སུ་རྟོགས་པའི་བློ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། རྣམ་མཁྱེན་ཆོས་ཅན། ཆོས་ཐམས་ཅད་ཡང་དག་པར་རྟོགས་པའི་བློ་མ་ཡིན་པར་ཐལ། དེ་ཐམས་ཅད་ཡང་དག་པ་མ་ཡིན་པར་རྟོགས་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཆོས་ཅན་དེ་གང་ཞིག །ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པའི་ཕྱིར། དེ་ཐམས་ཅད་སྟོང་ཉིད་མ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཅན་དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྟོག་པ་མ་འཁྲུལ་བར་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པར་ཐལ། རྣམ་མཁྱེན་གྱིས་དེ་མ་འཁྲུལ་བར་རྟོགས་པའི་ཕྱིར་ན་མ་ཁྱབ། འདོད་ན། རྟོག་པ་མ་འཁྲུལ་བར་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་འཁྲུལ་ཤེས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་ཞེས་པའི་ངག་ཆོས་ཅན། ལྟོ་ལྡིར་བའི་དངོས་མིང་དུ་ཐལ། དེ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་གང་ཞིག །རང་ཉིད་ལ་བརྟེན་ནས་དེ་ཐུན་མོང་མ་ཡིན་པར་གོ་ནུས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལྟོ་ལྡིར་བ་དངོས་སུ་བརྗོད་པའི་ངག་ཏུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཚིག་ཟིན་ལ་བརྗོད་པའི་ངག་ཏུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཁྱོད་ལ་ལྟོ་ལྡིར་བ་ཞེས་པའི་ཚིག་སྒྲས་ཟིན་ལ་མ་བརྗོད་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོ་ཞེས་པའི་ངག་ཆོས་ཅན། རང་ཉིད་ལ་བརྟེན་ནས་དངོས་པོ་ཐུན་མོང་མ་ཡིན་པར་གོ་ནུས་ཡིན་པར་ཐལ། དངོས་པོའི་དངོས་མིང་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར། འདོད་ན། དེ་ཐུན་མོང་མ་ཡིན་པར་གོ་ནུས་ཀྱི་ངག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དངོས་པོ་ཁོ་ན་བརྗོད་པའི་ངག་ཡོད་པར་ཐལ་ལོ། །འདོད་ན། དེ་ཁོ་ན་འཇལ་བའི་ཚད་མ་ཡོད་པར་ཐལ་ལོ། །འདོད་ན། དེ་ཁོ་ན་ཡོད་པར་ཐལ་ལོ་ཟེར་ན། དོན་ལ་རྩ་བར་འདོད་ན་མ་ཁྱབ་བོ། །འདོད་ན། ཤེས་བྱ་དངོས་པོ་ཁོ་ན་ལ་ཡོད་པར་ཐལ་ལོ། །འདོད་ན། ཤེས་བྱ་སྒྲ་དངོས་པོར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡང་ཡོད་པའི་ཕྱིར། །

རང་མཚན་ཁོ་ན་གཞལ་བྱར་བཞག་པའི་དགོངས་པ་བསྟན་པ།

གཞུང་གི་འཕྲོས་ཚུལ་རྒྱས་པར་བཤད་པ།

༈ རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་རྐང་པ་གསུམ་གང་ལས་འཕྲོས་ན། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་པ་ནས། དེ་ནི་དངོས་མེད་མཚན་ཉིད་ཡིན། །ཞེས་པའི་བར་གྱིས་སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་ཡང་དག་བརྒྱད་བསྟན་ནས། དེ་འདྲའི་རིགས་པ་བརྒྱད་ཀྱི་ལྡོག་ཕྱོགས་ལ་བརྟེན་ནས་དངོས་པོ་ཐམས་ཅད་རང་མཚན་དུ་གྲུབ་བོ། །ཞེས་འཆད་པར་བྱེད་པ་ལ། ཇི་སྐད་བཤད་ལས་བཟློག་གང་ཡིན། །ཞེས་སོགས་རྐང་པ་གཉིས་བྱུང་། སྤྱི་མཚན་དངོས་མེད་ཡིན་ན། སྤྱི་མཚན་གྱི་དབྱེ་བ་མི་འཐད་པར་ཐལ་ལོ་ཞེ་ན། སྐྱོན་མེད་དེ། སྤྱི་མཚན་དེ་ལ་དབྱེ་ན། དངོས་པོ་ལ་བརྟེན་པའི་སྤྱི་མཚན། དངོས་མེད་ལ་བརྟེན་པའི་སྤྱི་མཚན། དེ་གཉིས་ཀ་ལ་བརྟེན་པའི་དེ་དང་གསུམ་དུ་ཡོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དངོས་དང་དངོས་མེད་གཉིས་ཀ་ལ། །ཞེས་སོགས་རྐང་པ་གཉིས་བྱུང་། རང་རེས་གོང་དུ། སྔོན་འཛིན་རྟོག་པ་དོན་མཐུན་དེས། སྔོན་པོ་གཟུང་དོན་དུ་མི་བྱེད་པར་བསྟན་པ་ལ་ཁོ་ན་རེ། དེས་དེ་གཟུང་དོན་དུ་བྱེད་པ་ཡིན་ཏེ། དེ་སྔོན་པོ་ལ་བརྟེན་ནས་སྐྱེས་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་དངོས་བརྟེན་དངོས་འབྲེལ་ཕྱིར། །ཞེས་སོགས་རྐང་པ་ཕྱེད་དང་གཉིས་བྱུང་། སྔོན་འཛིན་རྟོག་པ་དོན་མཐུན་དེ། སྔོན་པོ་གཟུང་དོན་དུ་བྱེད་པའི་རྟོག་པ་མ་ཡིན་ཏེ། དེས་སྔོན་པོ་གཟུང་དོན་དུ་བྱེད་པ་ལ་གནོད་བྱེད་གོང་དུ་བསྟན་ཟིན་པའི་ཕྱིར་དང་། དེ་དང་སྔོན་པོ་འདས་པ་དང་། སྔོན་པོ་མ་འོངས་པ་འཛིན་པའི་རྟོག་པ་རྣམས་གཟུང་དོན་དང་མི་ལྡན་པར་ཚད་མས་རྟོགས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ལན་བཏབ་ཕྱིར་དང་འདས་སོགས་ལ། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། སྔོན་པོ་འཛིན་པའི་རྟོག་པ་དོན་མཐུན་དེ། སྔོན་པོ་ལ་བརྟེན་ནས་སྐྱེས་པ་མ་ཡིན་པར་ཐལ། དེས་སྔོན་པོ་གཟུང་དོན་དུ་མི་བྱེད་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་དངོས་ཆོས་ཉིད་ཉམས་ན། །ཞེས་པ་འདི་བྱུང་། དེ་ལྟར་ཟེར་ན། སྔོན་འཛིན་རྟོག་པ་དོན་མཐུན་དེ་སྔོན་པོ་ལ་བརྟེན་ནས་སྐྱེས་པ་ཡིན་ཏེ། དེ་སྔོན་འཛིན་དབང་མངོན་ལས་དངོས་སུ་སྐྱེས་ནས། སྔོན་པོ་ལས་བརྒྱུད་ནས་སྐྱེས་པ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དངོས་པོར་འཛིན་པ་སྔོན་འགྲོ་ཅན། །ཞེས་སོགས་རྐང་པ་གཉིས་བྱུང་། འོ་ན། སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་ཡང་དག་བརྒྱད་བསྟན་པ་ལ་བརྟེན་ནས། གྲུབ་དོན་གང་གྲུབ་པ་ཡིན་ཞེ་ན། དེ་ལ་བརྟེན་ནས་དོན་བྱེད་ནུས་པར་གྱུར་པའི་གཞལ་བྱ་དེ་ལ་རང་མཚན་གཅིག་པུར་གྲངས་ངེས་པར་གྲུབ་བོ། །ཞེས་འཆད་པར་བྱེད་པ་ལ། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་རྐང་པ་གསུམ་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། སློབ་དཔོན་གྱིས་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་བསྟན་པ་དེ་མི་འཐད་པར་ཐལ། དོན་བྱེད་ནུས་པར་གྱུར་པའི་གཞལ་བྱ་ལ། རང་མཚན་གཅིག་པུར་གྲངས་ངེས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། སློབ་དཔོན་གྱིས་རང་མཚན་དེ་ལ་མངོན་སུམ་གྱིས་རང་མཚན་སྣང་ཡུལ་དུ་བྱས་པའི་སྒོ་ནས། རང་མཚན་རྟོགས་ཚུལ་གཅིག་དང་། རྗེས་དཔག་གིས་རང་མཚན་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་སྒོ་ནས། རང་མཚན་རྟོགས་ཚུལ་གཉིས་ཡོད་པའི་དབང་དུ་བྱས་ནས། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་བསྟན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ནི་རང་གཞན་ངོ་བོ་ཡིས། །ཞེས་སོགས་རྐང་པ་གཉིས་བྱུང་། རང་རེས། དེའི་སྐབས་སུ་རྗེས་དཔག་གིས་རང་མཚན་དངོས་སུ་རྟོགས་ཤིང་། རང་མཚན་སྣང་ཡུལ་དུ་མི་བྱེད་པར་བསྟན་པ་ལ་ཁོ་ན་རེ། རྗེས་དཔག་ཆོས་ཅན། མ་འཁྲུལ་བའི་ཤེས་པ་ཡིན་པར་ཐལ། རང་མཚན་དངོས་སུ་རྟོགས་པའི་ཤེས་པ་ཡིན་པའི་ཕྱིར། ཞེ་ན། རྗེས་དཔག་འཁྲུལ་ཤེས་ཡིན་པའི་རྒྱུ་མཚན་འཆད་པར་བྱེད་པ་ལ། ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། །ཞེས་སོགས་རྐང་པ་གཉིས་བྱུང་། རང་རེས། གོང་དུ་རྗེས་དཔག་གིས་རང་མཚན་དངོས་སུ་རྟོགས་ཤིང་། རང་མཚན་སྣང་ཡུལ་དུ་མི་བྱེད་པ་དང་། རྗེས་དཔག་འཁྲུལ་ཤེས་སུ་བསྟན་པ་ལ་ཁོ་ན་རེ། རྗེས་དཔག་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། འཁྲུལ་ཤེས་ཡིན་པའི་ཕྱིར། དེ་ལྟར་ཐལ་བ་ལ། དེ་ཆོས་ཅན། འཁྲུལ་ཤེས་མ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་ཏེ། དཔེར་ན། གཟུགས་འཛིན་མིག་ཤེས་བཞིན། རྗེས་དཔག་ཆོས་ཅན། རང་མཚན་དངོས་སུ་རྟོགས་པའི་ཚད་མ་མ་ཡིན་པར་ཐལ། དེ་སྣང་ཡུལ་དུ་བྱེད་པའི་ཚད་མ་མ་ཡིན་པའི་ཕྱིར། དེ་ལྟར་ཐལ་བ་ལ། རྗེས་དཔག་ཆོས་ཅན། རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ཏེ། རང་མཚན་དངོས་སུ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། དཔེར་ན། གཟུགས་འཛིན་མིག་ཤེས་དེ། རང་མཚན་དངོས་སུ་རྟོགས་པའི་ཚད་མ་ཡིན་པས། རང་མཚན་སྣང་ཡུལ་དུ་བྱེད་པའི་དཔེ་འདི་བཞིན་ནོ། །ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་གཞན་གྱི་ངོ་བོས་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་ཟེར་ན། རྗེས་དཔག་ཚད་མ་ཡང་ཡིན་འཁྲུལ་ཤེས་ཀྱང་ཡིན་པའི་རྒྱུ་མཚན་འཆད་པར་བྱེད་པ་ལ། བསམ་པ་ལ་ནི་བསླུ་མེད་ཕྱིར། །ཞེས་སོགས་རྐང་པ་གཉིས་བྱུང་། རྗེས་དཔག་གིས་རང་མཚན་དངོས་སུ་རྟོགས་པའི་རྒྱུ་མཚན་འཆད་པར་བྱེད་པ་ལ། རྣམ་གཞན་གྱིས་ཀྱང་རྟོགས་པ་མཐོང་། །ཞེས་པ་འདི་བྱུང་། རྗེས་དཔག་གིས་རང་མཚན་སྣང་ཡུལ་དུ་བྱེད་པ་དེ་ལ་གནོད་བྱེད་འཆད་པར་བྱེད་པ་ལ། །ཕྱོགས་འདི་ལ་ནི་ལན་བཏབ་ཟིན། །ཞེས་པ་འདི་བྱུང་། དེས་ན། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་ཀྱི་ངག་དོན་ནི། དོན་བྱེད་ནུས་པར་གྱུར་པའི་གཞལ་བྱ་དེ་ལ་རང་མཚན་གཅིག་པུར་གྲངས་ངེས་པ་ཡིན་ཏེ། གྲོལ་བ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་དེ་ལ། རང་མཚན་གཅིག་པུར་གྲངས་ངེས་པའི་ཕྱིར་ཏེ། སྤྱི་མཚན་གྱིས་དེའི་འདོད་དོན་སྒྲུབ་མི་ནུས་པའི་ཕྱིར། །

ངག་དོན་དང་མཐའ་དཔྱད་སོགས་བཤད་པ།

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། གྲོལ་བ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་ཡིན་ན། རང་མཚན་ཡིན་པའི་ཁྱབ་པར་ཐལ། སྦྱོར་བ་འཐད་པའི་ཕྱིར། འདོད་ན། ངོ་བོ་ཉིད་སྐུ་ཆོས་ཅན། ཐལ་ཕྱིར། དེ་འདྲའི་སྐྱེས་བུ་སྡུག་བསྔལ་ལས་སྐྱོབ་ནུས་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེའི་ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར། གཞན་ཡང་། མེ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་ཡིན་ན། མེ་ཡིན་དགོས་པར་ཐལ། གྲོལ་བ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་ཡིན་ན། རང་མཚན་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། ཆུ་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་སྐྱེས་བུ་སྐོམ་པའི་སྡུག་བསྔལ་ལས་སྐྱོབ་ནུས་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། མེ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་དང་། ཆུ་དོན་གཉེར་གྱི་སྐྱེས་བུའི་དེ་གཉིས་འགལ་བར་ཐལ། ཆུ་དེ་མེ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་མ་ཡིན་པའི་ཕྱིར། འདོད་ན། མེ་དོན་གཉེར་གྱི་སྐྱེས་བུ་དང་། ཆུ་དོན་གཉེར་གྱི་དེ་གཉིས་འགལ་བར་ཐལ། འདོད་པའི་ཕྱིར། འདོད་ན། སྐོམ་པས་གདུང་བའི་སྐྱེས་བུ་དང་། ཚ་བས་གདུང་བའི་སྐྱེས་བུ་གཉིས་འགལ་བར་ཐལ་ལོ། །ཁ་ཅིག་ན་རེ། མེ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་ཡིན་ན། མེ་ཡིན་པས་ཁྱབ་ཟེར་ན། རྣམ་མཁྱེན་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་ཡིན་ན། རྣམ་མཁྱེན་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྣམ་མཁྱེན་དོན་གཉེར་གྱི་བྱང་འཕགས་ཀྱི་རྒྱུད་ཀྱི་མཁྱེན་པ་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་བྱང་འཕགས་ཀྱི་འདོད་དོན་སྒྲུབ་ནུས་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་དེ་སངས་འཕགས་ཀྱི་བཞེད་དོན་སྒྲུབ་ནུས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མེ་དོན་གཉེར་གྱི་སྐྱེས་བུ་དེ་ཆུ་དོན་གཉེར་ལ་འཇུག་པར་ཐལ། ཆུ་དེ་མེ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་སྒྲུབ་ནུས་ཡིན་པའི་ཕྱིར། འདོད་ན། འཇུག་པ་ལ་སོགས་ཐལ་འགྱུར་ཕྱིར། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། མེ་དོན་གཉེར་གྱི་སྐྱེས་བུ་དེ་ཆུ་ཙམ་དོན་དུ་གཉེར་བ་ལ་མི་འཇུག་པ་དེ། ལུང་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། འདིའི་ཐད་ཀྱི་ཊཱིཀྐ་ལས། གང་དག་དགག་རྟགས་ལ་བརྟེན་པའི་རྗེས་དཔག་གིས་དགག་བྱ་འཇལ་བར་འདོད་པ་ནི་ཆེས་ཤིན་ཏུ་རགས་ཏེ། རྟགས་དེ་ལ་བརྟེན་པའི་རྗེས་དཔག་དང་། སྒྲོ་འདོགས་གཉིས་འཛིན་སྟངས་མི་མཚུངས་པར་འདོད་པའི་ཕྱིར། ཡང་རྗེས་དཔག་དེས་དགག་གཞི་འཇལ་བར་འདོད་པ་ཡང་རྟགས་གསུམ་གྱི་རྣམ་དབྱེ་སོ་སོར་མ་ངེས་པར་འགྱུར་རོ། །ཞེས་པའི་དོན་དུ་བསམས་ནས། སྒྲ་རྟག་པ་མ་ཡིན་པར་རྟོགས་པའི་རྗེས་དཔག་གིས་སྒྲ་མ་རྟོགས་ཟེར་ན། དེས་དེ་རྟོགས་པར་ཐལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་སྒྲ་རྟོགས་པའི་ཕྱིར་ཏེ། དེས་སྒྲའི་ཁྱད་པར་གྱི་ཆོས་རྟོགས་པའི་ཕྱིར། ཁྱབ་སྟེ། དེ་དག་བདག་ཉིད་ལས་འབྲེལ་ཕྱིར། །གཅིག་ཤེས་ན་ནི་གཉིས་ཀ་བཟུང་། །ཞེས་གསུངས་པའི་ཕྱིར། རྟགས་གྲུབ་སྟེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ། ཁྱད་གཞི་སྒྲ་ལ་ཁྱད་ཆོས་མི་རྟག་པ་སྦྱར་ནས་འཛིན་པའི་ཞེན་རིག་དོན་མཐུན་ཡིན་པའི་ཕྱིར་ཏེ། ཁྱད་པར་དང་ནི་ཁྱད་པར་གཞི། །ཞེས་གསུངས་པའི་ཕྱིར། གཞན་ཡང་། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་སྒྲ་རྟོགས་པར་ཐལ། དེས་སྒྲ་གཟུང་བའི་ཕྱིར་ཏེ། ཤ་ཤུག་གཉིས་ཤིང་དུ་རིགས་མཐུན་པར་འཛིན་པའི་རྟོག་པ་དེས། ཤ་ཤུག་གཉིས་བཟུང་བའི་ཕྱིར་ཏེ། དེས་དེ་གཉིས་ཤིང་དུ་རིགས་མཐུན་པར་བཟུང་བའི་ཕྱིར། ཁྱབ་སྟེ། བློ་ཡི་སྣང་བ་འཐད་པའི་ཕྱིར། །དེ་དག་མཚུངས་ཞེས་འཛིན་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཕུང་པོ་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་དེས་ཕུང་པོ་རྟོགས་པར་ཐལ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེས་སྒྲ་རྟོགས་པའི་ཕྱིར། འདོད་ན། ཕུང་པོ་གང་ཟག་གི་བདག་མེད་ཡིན་ཞེས་པའི་ངག་དེས་ཕུང་པོ་དངོས་སུ་བརྗོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕུང་པོ་གང་ཟག་གི་བདག་མེད་ཡིན་པ་དེ་ཆོས་ཅན། མ་ཡིན་དགག་ཡིན་པར་ཐལ། དགག་པ་གང་ཞིག །ཁྱོད་ཅེས་པའི་ངག་གི་འཕང་བྱར་གྱུར་པའི་སྒྲུབ་པ་ཡོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་འདྲའི་ངག་དེས་ཕུང་པོ་དངོས་སུ་འཕངས་པའི་ཕྱིར་ཏེ། དེས་དེ་དངོས་སུ་བརྗོད་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། ཊཱིཀ་ཆེན་ལས། གང་དག་དགག་རྟགས་ལ་བརྟེན་པའི་རྗེས་དཔག་གིས་ཞེས་གསུངས་པ་མི་འཐད་པར་ཐལ། དགག་རྟགས་ལ་བརྟེན་པའི་སྒྲ་རྟག་པ་མ་ཡིན་པར་རྟོགས་པའི་རྗེས་དཔག་དེས། དགག་གཞི་སྒྲ་རྟོགས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་རིགས་གཏེར་གྱི་རྗེས་འབྲང་ཁ་ཅིག་གིས། ཚད་མ་ཡིན་ན། རང་གི་འཇུག་ཡུལ་དུ་གྱུར་པའི་རང་མཚན་ལ་ཚད་མ་ཡིན་པས་ཁྱབ་པ་ཁས་བླངས་པ་དེ་འགོག་པར་བྱེད་པ་ལ། ཊཱིཀྐ་འདི་བྱུང་བ་ཡིན་ལ། འདིའི་དོན་ཡང་། ཕུང་པོ་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། རང་གི་འཇུག་ཡུལ་དུ་གྱུར་པའི་རང་མཚན་ལ་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེའི་འཇུག་ཡུལ་ཏུ་གྱུར་པའི་རང་མཚན་ཡོད་པར་ཐལ་ལོ། །འདོད་ན། ཕུང་པོ་དེ་དེའི་འཇུག་ཡུལ་དུ་གྱུར་པའི་རང་མཚན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕུང་པོ་དེ་ཕུང་པོ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་བསྒྲུབ་བྱ་ཡང་དག་དང་། སྒྲུབ་པའི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གི་བདག་ཚད་མས་མ་དམིགས་པ་དེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲུབ་རྟགས་དང་། དགག་རྟགས་ཀྱི་རྣམ་དབྱེ་སོ་སོར་མེད་པར་ཐལ་ལོ། །ཞེས་པའི་དོན་ཡིན་ནོ། །ཡང་ཁོ་ན་རེ། སྒྲ་ཆོས་ཅན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་ཡུལ་བཞི་པོ་གང་རུང་ཡིན་པར་ཐལ། དེའི་ཡུལ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། དེའི་ཞེན་ཡུལ་དང་འཇུག་ཡུལ་གང་རུང་ཡིན་པར་ཐལ། འདོད་པ་གང་ཞིག །དེའི་སྣང་ཡུལ་དང་གཟུང་ཡུལ་གང་རུང་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། རང་མཚན་ཡིན་པའི་ཕྱིར། འདོད་ན། སྒྲ་དེ་སྒྲ་མི་རྟག་པར་དམ་བཅས་པའི་དམ་བཅའི་ཞེན་དོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་ཚད་མའི་གཞལ་བྱ་ཡིན་པའི་ཕྱིར་ཟེར་ན། སྒྲ་དེ་དེ་འདྲའི་རྗེས་དཔག་གི་ཡུལ་ཡིན་པར་ཐལ། སྒྲ་དེ་སྒྲ་མི་རྟག་ཅེས་པའི་ངག་གི་བརྗོད་བྱ་ཡིན་པའི་ཕྱིར་ཏེ། དེ་འདྲའི་ངག་གིས་སྒྲ་བརྗོད་པའི་ཕྱིར། གཞན་ཡང་། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་སྒྲ་རྟོགས་པར་ཐལ། དེས་སྒྲ་མི་རྟག་པ་དང་ལྡན་པར་རྟོགས་པའི་ཕྱིར་ཏེ། དེས་སྒྲ་མི་རྟག་པའི་ཁྱད་གཞིར་རྟོགས་པའི་ཕྱིར། ཁ་ཅིག་ན་རེ། བློ་དེ་ལ་སྣང་བ་ཙམ་གྱི་སྒོ་ནས་རིག་པར་བྱ་བ་བློ་དེའི་སྣང་ཡུལ་གྱི་མཚན་ཉིད། བློ་དེས་ཞེན་པ་ཙམ་གྱི་སྒོ་ནས་རིག་པར་བྱ་བ་བློ་དེའི་ཞེན་ཡུལ་གྱི་མཚན་ཉིད་ཟེར་ན། དང་པོ་ལ། རི་བོང་གི་རྭའི་དོན་སྤྱི་ཆོས་ཅན། རི་བོང་གི་རྭ་འཛིན་པའི་རྟོག་པས་སྣང་བ་ཙམ་གྱི་སྒོ་ནས་རིག་པར་བྱ་བ་ཡིན་པར་ཐལ། དེའི་སྣང་ཡུལ་ཡིན་པའི་ཕྱིར། འདོད་ན། དེས་རིག་པར་བྱ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་རིག་པར་བྱ་བ་མེད་པའི་ཕྱིར། གཉིས་པ་ལ། རི་བོང་གི་རྭ་ཆོས་ཅན། རི་བོང་གི་རྭ་འཛིན་པའི་རྟོག་པས་ཞེན་པ་ཙམ་གྱི་སྒོ་ནས་རིག་པར་བྱ་བ་ཡིན་པར་ཐལ། དེའི་ཞེན་ཡུལ་ཡིན་པའི་ཕྱིར། འདོད་ན། དེས་རིག་པར་བྱ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་རིག་པར་བྱ་བ་མེད་པའི་ཕྱིར། །

༈ རང་ལུགས་བཞག་པ་ནི། བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད། དེ་ལ་དབྱེ་ན། སྣང་ཡུལ། གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་དང་བཞི་ཡོད། ཚད་མ་ལ་སྣང་བའི་སྒོ་ནས་ཚད་མའི་ཡུལ་དུ་བཞག་པར་བྱ་བ། ཚད་མའི་སྣང་ཡུལ་གྱི་མཚན་ཉིད། ཚད་མས་ཞེན་པ་ཙམ་གྱི་སྒོ་ནས་ཚད་མའི་ཡུལ་དུ་བཞག་པར་བྱ་བ། དེའི་ཞེན་ཡུལ་གྱི་མཚན་ཉིད། གཞི་གྲུབ་ན་ཚད་མའི་ཡུལ་བཞི་པོ་གང་རུང་ཡིན་པས་ཁྱབ། མངོན་སུམ་གྱི་སྣང་ཡུལ། དེའི་གཟུང་ཡུལ་རང་མཚན་རྣམས་དོན་གཅིག་ཅིང་། གཞི་གྲུབ་ན་མངོན་སུམ་གྱི་ཞེན་ཡུལ་ཡིན་པས་ཁྱབ། བྱས་པ་ལ་ཁོ་ན་རེ། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། མངོན་སུམ་གྱིས་ཞེན་པ་ཙམ་གྱི་སྒོ་ནས་རིག་པར་བྱ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མངོན་སུམ་དེ་ཁྱོད་ལ་ཞེན་པའི་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་མཁྱེན་དེ་ཁྱོད་ལ་ཞེན་པའི་རིག་པ་ཡིན་པར་ཐལ་ལོ། །འདོད་ན། རྣམ་མཁྱེན་ཆོས་ཅན། ཞེན་རིག་ཏུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། རྟོག་པར་ཐལ་ལོ་ཟེར་ན། ཁོ་རང་ལ། རྣམ་མཁྱེན་ཆོས་ཅན། ངེས་ཤེས་ཡིན་པར་ཐལ། ཤེས་བྱ་ངེས་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྟོག་པར་ཐལ་ལོ། །གཞན་ཡང་། རྣམ་མཁྱེན་དེ་ཤེས་བྱ་ལ་ཞེན་པའི་རིག་པ་ཡིན་པར་ཐལ། དེ་ཤེས་བྱ་རྟག་པར་ཞེན་པའི་རིག་པ་ཡིན་པའི་ཕྱིར་ཏེ། སངས་འཕགས་དེ་ཤེས་བྱ་རྟག་པར་ཞེན་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་ཤེས་བྱ་རྟག་པར་བདེན་ཞེན་གྱིས་འདོད་པའི་གང་ཟག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སངས་འཕགས་དེ་ཤེས་བྱ་རྟག་པར་ཞེན་པའི་གང་ཟག་མ་ཡིན་པར་ཐལ། དེ་དེ་ལ་ཞེན་པའི་ཞེན་པ་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ཤེས་བྱ་རྟག་པ་ལ་ཆགས་པའི་ཆགས་པ་སྤངས་པའི་གང་ཟག་ཡིན་པའི་ཕྱིར། །

མངོན་རྗེས་གཉིས་ཀྱིས་གཞལ་བྱ་རྟོགས་ཚུལ་སོགས་ལ་དཔྱད་པ།

༈ གང་ལ་དོན་གྱི་ནུས་པ་ལས། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་སྐབས་སུ། ཚད་མའི་སྣང་ཡུལ་དུ་གྱུར་པའི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ན། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པས་ཁྱབ་པ་ཁས་བླངས་པ་ལ། དེ་ལྟར་ཁྱབ་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་ཁྱབ་པ་ཡིན་ཏེ། ཚད་མའི་སྣང་ཡུལ་དུ་གྱུར་པའི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ན། ཚད་མ་ལ་རང་ཡུལ་དུ་གྱུར་པའི་སྤྱི་མཚན་སྣང་ཡུལ་དུ་མི་བྱེད་ཅིང་། རང་ཡུལ་མངོན་དུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མ་གཅིག་དང་། རང་ཡུལ་དུ་གྱུར་པའི་རང་མཚན་སྣང་ཡུལ་དུ་མི་བྱེད་ཅིང་། རང་ཡུལ་ལྐོག་ཏུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མ་གཉིས་སུ་གྲངས་ངེས་པས་ཁྱབ། དེ་ལྟར་གྲངས་ངེས་ན། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པས་ཁྱབ་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། རང་ཡུལ་དུ་གྱུར་པའི་སྤྱི་མཚན་སྣང་ཡུལ་དུ་མི་བྱེད་ཅིང་། རང་ཡུལ་མངོན་དུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མ་དེ་མངོན་སུམ་གྱི་ཚད་མ། རང་ཡུལ་དུ་གྱུར་པའི་རང་མཚན་སྣང་ཡུལ་དུ་མི་བྱེད་ཅིང་། རང་ཡུལ་ལྐོག་ཏུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མ་དེ། རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར། དེ་ཡང་དང་པོ་དེ་མངོན་སུམ་གྱི་ཚད་མར་སྒྲུབ་པའི་སྒོ་ནས་གཞལ་བྱ་མངོན་གྱུར་གྱི་ངོ་བོ་ངོས་འཛིན་པར་བྱེད་པ་ལ། གང་ལ་དོན་གྱི། ཞེས་སོགས་རྐང་པ་གསུམ་བྱུང་། གཉིས་པ་དེ་རྗེས་སུ་དཔག་པའི་ཚད་མར་སྒྲུབ་པའི་སྒོ་ནས་གཞལ་བྱ་ལྐོག་གྱུར་དེ་འཆད་པར་བྱེད་པ་ལ། དེ་ལས་གཞན་དངོས། ཞེས་པ་ནས། །སྒྲུབ་བྱེད་གཅིག་ཏུ་ངེས་པ་ཡིན། །ཞེས་པའི་བར་བྱུང་། དེ་ཡང་གཞལ་བྱ་ལྐོག་གྱུར་གྱི་ངོ་བོ་ངོས་འཛིན་པར་བྱེད་པ་ལ། དེ་ལས་གཞན་དངོས་དབང་པོ་འདས། །ཞེས་པ་འདི་བྱུང་། དེ་ལྟར་ཡིན་ན། གཞལ་བྱ་ལྐོག་གྱུར་དེ་གང་ལ་བརྟེན་ནས་རྟོགས་པ་ཡིན་ཞེ་ན། དེ་ཡང་ལྐོག་གྱུར་གྱི་མཚན་གཞི། དུ་ལྡན་ལ་དང་མེ་ཡོད་ཀྱི་ཚོགས་དོན་ལྟ་བུ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་རྟོགས་སོ། །ཞེས་འཆད་པར་བྱེད་པ་ལ། མ་མཐོང་བདག་ཉིད་ངོ་བོ་དེ། །ཞེས་སོགས་རྐང་པ་གཉིས་བྱུང་། འོ་ན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་དེ་གང་ཞེ་ན། དུ་བ་དེ་དེ་ལྟར་སྒྲུབ་པའི་རྟགས་ཡང་དག་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། གལ་ཏེ་དེ་རྟེན་དང་འབྲེལ་ཅན། །ཞེས་སོགས་རྐང་པ་བཞི་བྱུང་། དུ་བ་དུ་ལྡན་ལ་ལ་རྩྭ་དང་སོག་མའི་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་བསྟན་པའི་སྒོ་ནས་རྟགས་ལྟར་སྣང་དེ་ངོས་འཛིན་པར་བྱེད་པ་ལ། དེས་ན་ལྐོག་གྱུར་དོན་ཐམས་ཅད། །ཅེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་ཡིན་ན། རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་དེ་གང་ཞེ་ན། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་གསར་དུ་མི་བསླུ་བའི་ཞེན་རིག་དེ། རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། འབྲེལ་པ་ཅན་གྱི་ཆོས་ལས་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། རང་ཡུལ་དུ་གྱུར་པའི་རང་མཚན་སྣང་ཡུལ་དུ་མི་བྱེད་ཅིང་། རང་ཡུལ་ལྐོག་ཏུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཚད་མ་ཡིན་ན། རྗེས་སུ་དཔག་པའི་ཚད་མ་ཡིན་པས་ཁྱབ་པའི་རྒྱུ་མཚན་དེ་འཆད་པར་བྱེད་པ་ལ། དེ་ནི་རྗེས་དཔག་ལྐོག་གྱུར་གྱི། །ཞེས་པ་རྐང་པ་གཉིས་བྱུང་། དེ་ཐམས་ཅད་ཀྱི་དོན་བསྡུ་འཆད་པར་བྱེད་པ་ལ། མངོན་སུམ་ལྐོག་ཏུ་གྱུར་པ་ལས། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ཡང་ཚད་མའི་འཇུག་ཡུལ་དུ་གྱུར་པའི་གཞལ་བྱ་ལ། མངོན་གྱུར་དང་ལྐོག་གྱུར་གཉིས་སུ་གྲངས་ངེས་ཏེ། དེ་ལ་མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་དང་། རྗེས་སུ་དཔག་པའི་ཚད་མས་དངོས་སུ་རྟོགས་པར་བྱ་བ་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མངོན་སུམ་ལྐོག་ཏུ་གྱུར་པ་ལས། །ཞེས་སོགས་རྐང་པ་གཉིས་བྱུང་། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་མཇུག་བསྡུ་དངོས་འཆད་པར་བྱེད་པ་ལ། དེ་ཕྱིར་གཞལ་བྱ་གཉིས་ཉིད་ཀྱིས། །ཞེས་སོགས་རྐང་པ་གཉིས་བྱུང་། །

༈ མངོན་སུམ་ལྐོག་ཏུ་གྱུར་པ་ལས། །ཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། མྱོང་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ། མངོན་གྱུར་གྱི་མཚན་ཉིད། རྟགས་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ། ལྐོག་གྱུར་གྱི་མཚན་ཉིད། ཟེར་ན། དང་པོ་ལ། གཟུགས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མྱོང་བྱེད་ཀྱི་ཤེས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཁྱོད་རང་མྱོང་བྱེད་ཀྱི་ཤེས་པའི་མྱོང་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། མྱོང་བྱ་ཉིད་ཕྱིར་སེམས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་མྱོང་བྱེད་ཀྱི་ཤེས་པ་ཡོད་པར་ཐལ། རོ་མྱོང་བྱེད་ཀྱི་ཤེས་པ་ཡོད་པའི་ཕྱིར་ཏེ། ལྕེ་ཤེས་ཀྱིས་རོ་མྱོང་བའི་ཕྱིར། མིག་ཤེས་ཀྱིས་གཟུགས་མཐོང་བའི་ཕྱིར་ན་མ་ཁྱབ། ཁོ་རང་ལ། མྱོང་བྱེད་དོན་གཞན་ཡོད་པར་ཐལ། ལྕེ་ཤེས་ཀྱིས་རོ་མྱོང་བ་གང་ཞིག །ལྕེ་ཤེས་དང་རོ་གཉིས་དོན་གཞན་ཡིན་པའི་ཕྱིར། དང་པོ་དངོས། འདོད་ན། རང་རིག་མེད་པར་ཐལ་ལོ། །གཞན་ཡང་། གཟུགས་འཛིན་མིག་ཤེས་ཀྱིས་གཟུགས་མྱོང་བར་ཐལ། གཟུགས་མྱོང་བྱེད་ཀྱི་ཤེས་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཁོ་ཁོ་རང་ཉམས་སུ་མྱོང་བའི་རང་རིག་གི་མྱོང་བྱ་ཡིན་པའི་རྒྱུ་མཚན་གྱིས་ཁོས་གཟུགས་མྱོང་ཞེས་མིང་གིས་བཏགས་པ་ཡིན་པའི་ཕྱིར་ཏེ། དེ་མྱོང་ཕྱིར་ན་འཇིག་རྟེན་འདོགས། །ཞེས་གསུངས་པའི་ཕྱིར། གཞན་ཡང་། གཟུགས་འཇལ་བའི་ཚད་མས་གཟུགས་མྱོང་བར་ཐལ། གཟུགས་མྱོང་བྱེད་ཀྱི་ཤེས་པ་ཡོད་པའི་ཕྱིར། འདོད་ན། ཚོར་བ་སྡུག་བསྔལ་འཇལ་བའི་ཚད་མས་ཚོར་བ་སྔུག་བསྔལ་མྱོང་བར་ཐལ། འདོད་པའི་ཕྱིར། འདོད་ན། ཚོར་བ་སྡུག་བསྔལ་འཇལ་བའི་རྣམ་མཁྱེན་གྱིས་ཚོར་བ་སྡུག་བསྔལ་མྱོང་བར་ཐལ། འདོད་པའི་ཕྱིར། འདོད་ན། སངས་འཕགས་ཀྱིས་ཚོར་བ་སྡུག་བསྔལ་མྱོང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་དེ་སྤངས་པའི་ཕྱིར། མཚན་ཉིད་གཉིས་པ་ལ། གཞི་གྲུབ་ན། རྟགས་ཡང་དག་ལ་བརྟེན་ནས་རྟོགས་པར་བྱ་བ་ཡིན་དགོས་པར་ཐལ། གཞི་གྲུབ་ན། རྟགས་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ་ཡིན་དགོས་པའི་ཕྱིར་ཏེ། རྟགས་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ་ལྐོག་གྱུར་གྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། རྟགས་ཡག་དག་ལ་མ་བརྟེན་པར་རྟོགས་པར་བྱ་བ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་མ་བརྟེན་པར་མངོན་སུམ་ཚད་མས་རྟོགས་པར་བྱ་བ་ཡོད་པའི་ཕྱིར་ཏེ། མངོན་སུམ་གྱི་ཚད་མས་རང་དབང་དུ་རྟོགས་པར་བྱ་བ་ཡོད་པའི་ཕྱིར་ཏེ། དེ་ལ་འཛིན་པ་རང་དབང་ཅན། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རྟགས་ཡང་དག་ལ་མ་བརྟེན་པར་མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་མངོན་གྱུར་གྱི་མཚན་ཉིད། དེ་ལ་བརྟེན་ནས་རྗེས་དཔག་གི་ཚད་མས་དངོས་སུ་རྟོགས་པར་བྱ་བ། གཅིག་ཤོས་ཀྱི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། སྒྲ་མི་རྟག་པ་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རྟགས་ཡང་དག་ལ་མ་བརྟེན་པར་ཚད་མས་རྟོགས་པར་བྱ་བ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་ལ་བརྟེན་ནས་ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། གཉིས་པ་ལ་སྔོན་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་ལ་བརྟེན་ནས་ཚད་མས་རྟོགས་པར་བྱ་བ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་ལ་མ་བརྟེན་པར་ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལ་མ་བརྟེན་པར་ཚད་མས་རྟོགས་པར་བྱ་བ་ཡོད་པའི་ཕྱིར་ཟེར་ན། ཁོ་རང་ལ། སྒྲ་མི་རྟག་པ་ཆོས་ཅན། རྟགས་ཡང་དག་ལ་མ་བརྟེན་པར་མངོན་སུམ་གྱི་ཚད་མས་དེར་ཐལ། མངོན་སུམ་གྱི་ཚད་མས་རྟགས་ཡང་དག་ལ་མ་བརྟེན་པར་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེས་རང་དབང་དུ་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། མངོན་གྱུར་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལ་འཛིན་པ་རང་དབང་ཅན། །ཞེས་གསུངས་པའི་ཕྱིར། གཞན་ཡང་། སྔོན་པོ་ཆོས་ཅན། མཚན་ཉིད་གཉིས་པ་དེར་ཐལ། རྗེས་སུ་དཔག་པའི་ཚད་མས་རྟགས་ཡང་དག་ལ་བརྟེན་ནས་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། ཁྱོད་ཁྱོད་རང་རྟོགས་པའི་རྗེས་སུ་དཔག་པའི་ཚད་མས་དེ་ལ་བརྟེན་ནས་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། ཁྱོད་རྟོགས་པའི་རྗེས་དཔག་དེ་དེ་ལ་བརྟེན་ནས་རང་གི་གཞལ་བྱ་དངོས་སུ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། སྔོན་པོ་རྟོགས་པའི་རྗེས་དཔག་ཆོས་ཅན། རྟགས་ཡང་དག་ལ་བརྟེན་ནས་རང་གི་དེར་ཐལ། རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གང་ཟག་དེའི་རྒྱུད་ཀྱི་མངོན་སུམ་གྱི་ཚད་མས་རྟོགས་པར་བྱ་བ་གང་ཟག་དེ་ལ་མངོན་གྱུར་གྱི་མཚན་ཉིད་དང་། དེའི་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མས་རྟོགས་པར་བྱ་བ། གང་ཟག་དེ་ལ་གཅིག་ཤོས་ཀྱི་མཚན་ཉིད་ཟེར་ན། དང་པོ་ལ། ཁ་ཅིག་ན་རེ། ཤེས་བྱ་ཆོས་ཅན། སངས་འཕགས་ལ་མངོན་གྱུར་ཡིན་པར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་མངོན་སུམ་གྱི་ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སངས་འཕགས་ལ་མངོན་གྱུར་དུ་སྣང་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། མངོན་གྱུར་ཡིན་པར་ཐལ། འདོད་པ་གང་ཞིག། སངས་འཕགས་ལ་སྣང་བ་སྣང་བ་ལྟར་དུ་གྲུབ་པའི་ཕྱིར། མཚན་ཉིད་གཉིས་པ་ལ། སྒྲ་མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མས་དེར་ཐལ། དེ་ལ་ལྐོག་གྱུར་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་ལ་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ལ་བསྒྲུབ་བྱ་ཡང་དག་ཏུ་སོང་བ་ཡིན་པའི་ཕྱིར། གཞན་ཡང་། མཚན་ཉིད་གཉིས་པ་ལ། སྔོན་པོ་ཆོས་ཅན། ཚུར་མཐོང་ལ་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཚུར་མཐོང་གི་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མའི་གཞལ་བྱ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ལ་མངོན་གྱུར་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཚུར་མཐོང་དེ་སྔོན་པོ་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བློ་དེས་མངོན་སུམ་གྱིས་རྟོགས་པར་བྱ་བ། བློ་དེ་ལ་མངོན་གྱུར་གྱི་མཚན་ཉིད་ཟེར་ན། བློ་དེས་མངོན་སུམ་གྱིས་རྟོགས་པར་བྱ་བ་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། བློ་དེ་རྟོག་མེད་ཀྱི་ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བློ་དེ་ཡོད་ན། བློ་དེ་རྟོག་མེད་ཀྱི་ཤེས་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རི་བོང་རྭ་འཛིན་རྟོག་པ་རྟོག་མེད་ཀྱི་ཤེས་པ་ཡིན་པར་ཐལ། རི་བོང་རྭ་འཛིན་རྟོག་པ་ཡོད་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་མི་རྟག་པ་དེ་སྒྲ་འཛིན་དབང་མངོན་ལ་མངོན་གྱུར་ཡིན་ནོ་ཟེར་ན། དེ་གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་ལ་མངོན་གྱུར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གྲངས་ཅན་ལ་མངོན་གྱུར་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་དེ་ལ་ལྐོག་གྱུར་ཡིན་པའི་ཕྱིར། མ་གྲུབ་ན། གྲངས་ཅན་ཆོས་ཅན། སྒྲ་མི་རྟག་པ་ཁྱོད་ལ་དེ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པ་ཚད་མས་ངེས་དགོས་ཀྱི་གང་ཟག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་མི་རྟག་པ་དེ་གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་ལ་མངོན་གྱུར་ཡིན་པར་ཐལ། དེ་དེ་ལ་མངོན་གྱུར་དང་། ལྐོག་གྱུར་གང་རུང་གང་ཞིག །དེ་དེ་ལ་ལྐོག་གྱུར་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། གྲངས་ཅན་གྱི་རྒྱུད་ཀྱི་དེ་ཆོས་ཅན། སྒྲ་མི་རྟག་པ་ཁྱོད་ལ་ལྐོག་གྱུར་མ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པ་གསལ་བར་སྣང་བའི་བློ་ཡིན་པའི་ཕྱིར་ན་མ་ཁྱབ། ཚུར་མཐོང་ཆོས་ཅན། སྒྲ་མི་རྟག་པ་ཁྱོད་ལ་ལྐོག་གྱུར་མ་ཡིན་པར་ཐལ། ཁྱོད་དེ་གསལ་བར་སྣང་བའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་དེ་མ་ཡིན་པར་ཐལ། ཚུར་མཐོང་གི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་དེ་སྒྲ་མི་རྟག་པ་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ཕྲ་བའི་མི་རྟག་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་ཆོས་ཅན། སྒྲ་མི་རྟག་པ་གསལ་བར་སྣང་བའི་གང་ཟག་མ་ཡིན་པར་ཐལ། སྒྲ་མི་རྟག་པ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། ཚུར་མཐོང་ཆོས་ཅན། སྒྲ་མི་རྟག་པ་མི་གསལ་བར་སྣང་བའི་གང་ཟག་ཡིན་པར་ཐལ། རང་རྒྱུད་ཀྱི་རྟོག་པ་ལ་དེ་མི་གསལ་བར་སྣང་བའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རང་རྒྱུད་ཀྱི་རྟོག་པ་དེ་དེ་མི་གསལ་བར་འཛིན་པའི་རྟོག་པ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། ཚུར་མཐོང་ཆོས་ཅན། སྔོན་པོ་ལྐོག་གྱུར་དུ་སོང་བའི་གང་ཟག་ཏུ་ཐལ། རང་རྒྱུད་ཀྱི་རྟོག་པ་ལ་དེ་ལྐོག་གྱུར་དུ་སོང་བའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སྔོན་པོ་དེ་ཁྱོད་ཀྱི་རྒྱུད་ཀྱི་རྟོག་པ་ལ་ལྐོག་གྱུར་དུ་སོང་བ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་མངོན་གྱུར་དུ་སོང་བའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མངོན་གྱུར་དང་ལྐོག་གྱུར་གཉིས་འགལ་ལོ་ཟེར་ན། གཟུགས་འཛིན་ཡིད་མངོན་ཆོས་ཅན། ལྐོག་གྱུར་མ་ཡིན་པར་ཐལ། གཅིག་ཤོས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། རང་མཚན་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མངོན་ལྐོག་གཉིས་འགལ་བར་ཐལ། གང་ཟག་གཅིག་ལ་ལྟོས་ཏེ་མངོན་ལྐོག་གཉིས་འགལ་བའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གང་ཟག་གཅིག་ལ་ལྟོས་ཏེ་མངོན་སུམ་གྱིས་རྟོགས་པ་དང་། དོན་སྤྱིའི་ཚུལ་གྱིས་རྟོགས་པ་གཉིས་འགལ་བའི་ཕྱིར་ཟེར་ན། ཁོ་རང་ལ། རྒྱུ་འབྲས་འགལ་བར་ཐལ། དུ་བ་ལ་ལྟོས་ཏེ་རྒྱུ་འབྲས་འགལ་བའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དངོས་པོ་ཡིན་ན། རྒྱུ་འབྲས་གཉིས་ཀ་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། རྗེས་སུ་དཔག་པའི་ཚད་མ་ཡིན་ན། རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཞེན་རིག་ཡིན་པས་ཁྱབ་ཟེར་ན། བུམ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཐལ་ཕྱིར། འདོད་ན། དེས་བུམ་པ་ལྐོག་གྱུར་ཡིན་པ་དེ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་འཛིན་དབང་མངོན་དེས། བུམ་པ་མངོན་གྱུར་ཡིན་པ་དེ་རྟོགས་པར་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་གསར་དུ་མི་བསླུ་བའི་ཞེན་རིག་དེ། རྗེས་དཔག་ཚད་མའི་མཚན་ཉིད་དང་། རྗེས་དཔག་གི་དེ་ཡང་ཡིན་ནོ་ཟེར་ན། ཆོས་དེ་ལ་རྗེས་དཔག་ཚད་མ་ཡིན་ན། ཆོས་དེ་ལ་རྗེས་དཔག་ཡིན་དགོས་པར་ཐལ། རྗེས་དཔག་དང་རྗེས་དཔག་གི་ཚད་མ་གཉིས་པོ་མཚན་ཉིད་གཅིག་གིས་མཚོན་པར་ནུས་པའི་ཕྱིར། འདོད་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། སྒྲ་རྟག་པ་མ་ཡིན་པ་ལ། ཐལ་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། དེ་ལ་རྟོག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ལ་དེའི་རྣམ་པ་ཤར་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དེ་ཤུགས་ལ་རྟོགས་པའི་བློ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཆོས་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་ཡིན་ན། ཆོས་དེ་ལ་མངོན་སུམ་ཡིན་དགོས་པར་ཐལ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་མངོན་སུམ་གྱི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན། མི་འགྲིག་གོ །འདོད་ན། རྣམ་མཁྱེན་ཆོས་ཅན། གང་ཟག་གི་བདག་མེད་ལ། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ཚད་མ་ཡིན་པའི་ཕྱིར་ཏེ། དེ་ལ་མ་འཁྲུལ་བའི་ཚད་མ་གང་ཞིག །རྟོག་པ་དང་བྲལ་བ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྣམ་མཁྱེན་ཆོས་ཅན། ཁྱོད་ལ་གང་ཟག་གི་བདག་མེད་ཀྱི་རྣམ་པ་ཤར་བར་ཐལ། འདོད་པའི་ཕྱིར། རང་རེས། རྣམ་མཁྱེན་དེ་གང་ཟག་གི་བདག་མེད་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པར་ཁས་བླངས་པ་ལ། ཁ་ཅིག་ན་རེ། རྣམ་མཁྱེན་ཆོས་ཅན། གང་ཟག་གི་བདག་མེད་ལ་མ་འཁྲུལ་པའི་རིག་པ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་ལ་མངོན་སུམ་ཡིན་པར་ཐལ། འདོད་པ་གང་ཞིག །མ་འཁྲུལ་པའི་རིག་པ་ཡིན་ན། མངོན་སུམ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། ཁོ་རང་ལ། རྣམ་མཁྱེན་ཆོས་ཅན། གང་ཟག་གི་བདག་མེད་ལ་མངོན་སུམ་དུ་ཐལ། དེ་ལ་མངོན་སུམ་ཚད་མ་གང་ཞིག །མངོན་སུམ་གྱི་ཚད་མ་ཡིན་ན་མངོན་སུམ་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། རང་རེས། གང་ཟག་གཅིག་ལ་ལྟོས་ཏེ་མངོན་ལྐོག་གཉིས་འགལ། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ཆོས་ཅན། ཚུར་མཐོང་ལ་མངོན་གྱུར་མ་ཡིན་པར་ཐལ། དེ་ལ་གཅིག་ཤོས་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ལ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེའི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ་མངོན་གྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ་དེར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། སྒྲ་མི་རྟག་པ་ཆོས་ཅན། གྲངས་ཅན་ལ་ལྐོག་གྱུར་མ་ཡིན་པར་ཐལ། དེ་ལ་གཅིག་ཤོས་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་ལ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་རྒྱུད་ཀྱི་དེ་ཆོས་ཅན། སྒྲ་མི་རྟག་པ་ཁྱོད་ལ་དེར་ཐལ། སྒྲ་ཁྱོད་ལ་དེ་གང་ཞིག །སྒྲ་དང་སྒྲ་མི་རྟག་པ་གཉིས་པོ་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་ཤིང་། རང་གི་གཞལ་བྱར་གྱུར་པའི་དངོས་སྟོབས་ཀྱིས་གྲུབ་པ་ལ་གསར་དུ་མི་བསླུ་བའི་ཞེན་རིག་དངོས་སྟོབས་རྗེས་དཔག་གི་མཚན་ཉིད། དེ་ལ་བརྟེན་ནས་སྐྱེས་ཤིང་། རང་གི་གཞལ་བྱར་གྱུར་པའི་ཤིན་ཏུ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཞེན་རིག་དེ། ཡིད་ཆེས་དཔག་གི་མཚན་ཉིད། དེ་ལ་བརྟེན་ནས་སྐྱེས་ཤིང་། རང་གི་གཞལ་བྱར་གྱུར་པའི་གྲགས་དབང་གིས་གྲུབ་པ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། གྲགས་པའི་དེའི་མཚན་ཉིད་ཟེར་ན། རྗེས་དཔག་ཆོས་ཅན། མཚོན་བྱ་དང་པོ་ལ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྗེས་དཔག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རྗེས་དཔག་གི་གཞལ་བྱར་གྱུར་པའི་དངོས་སྟོབས་ཀྱིས་གྲུབ་པ་དེ། རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཡིད་ཆེས་རྗེས་དཔག་ཡིན་པའི་ཕྱིར་ཏེ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྗེས་དཔག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་གཞལ་བྱར་གྱུར་པའི་ཤིན་ཏུ་ལྐོག་གྱུར་དེ་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། གཞན་ཡང་། རྗེས་དཔག་ཆོས་ཅན། གྲགས་པའི་རྗེས་དཔག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྗེས་དཔག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་གཞལ་བྱར་གྱུར་པའི་གྲགས་དབང་གིས་གྲུབ་པ་དེ། རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་རྟེན་དུ་གྱུར་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་ཤིང་། རང་གི་གཞལ་བྱར་གྱུར་པའི་ཞེས་སོགས་ཀྱི་དེ། དངོས་སྟོབས་རྗེས་དཔག་གི་མཚན་ཉིད། ཕྱི་མ་ཡང་རིགས་འགྲེའོ་ཟེར་བ་དང་། རྗེས་དཔག་གསུམ་གྱི་གཞལ་བྱ་འགལ་ཟེར་བ་ནང་འགལ་ཏེ། འོ་ན། རྗེས་དཔག་ཆོས་ཅན། དངོས་སྟོབས་རྗེས་དཔག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྗེས་དཔག་གི་རྟེན་དུ་གྱུར་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར་ཏེ། དེའི་རྟེན་དུ་གྱུར་པའི་རྟགས་ཡང་དག་ཡོད། དེའི་རྟེན་དུ་གྱུར་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་མེད། གྲགས་པའི་རྟགས་ཡང་དག་མེད་པ་གང་ཞིག །རྟགས་ཡང་དག་ཡིན་ན། དངོས་སྟོབས་ཀྱི་རྟགས་ཡང་དག་སོགས་གསུམ་པོ་གང་རུང་ཡིན་དགོས་པའི་ཕྱིར། ཕྱི་མ་གྲུབ་སྟེ། རྟགས་ཡང་དག་ཡིན་ན། འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་པོ་གང་རུང་ཡིན་དགོས་པའི་ཕྱིར། རྩ་བར་འདོད་ན། ཤིན་ཏུ་ལྐོག་གྱུར་རྟོགས་པའི་དངོས་སྟོབས་རྗེས་དཔག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤིན་ཏུ་ལྐོག་གྱུར་དེ་དེ་འདྲ་བའི་རྗེས་དཔག་གི་གཞལ་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤིན་ཏུ་ལྐོག་གྱུར་ཆོས་ཅན། ཁྱོད་དངོས་སྟོབས་རྗེས་དཔག་གི་དེ་ཡིན་པར་ཐལ། ཁྱོད་རང་རྟོགས་པའི་དེའི་གཞལ་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཡིད་ཆེས་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། བྱས་པ་ལ་ཁོ་ན་རེ། རྗེས་དཔག་གི་གཞལ་བྱ་ཡིན་ན། རྗེས་དཔག་གསུམ་པོ་གང་རུང་གི་གཞལ་བྱ་ཡིན་དགོས་པར་ཐལ། རྟགས་ཡང་དག་ཡིན་ན། དངོས་སྟོབས་ཀྱི་རྟགས་ཡང་དག་སོགས་གསུམ་པོ་གང་རུང་ཡིན་དགོས་པའི་ཕྱིར། འདོད་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་དང་། དེ་འདྲ་བའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་གཉིས་ཀ་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་ཆོས་ཅན། དངོས་སྟོབས་རྗེས་དཔག་གི་གཞལ་བྱ་ཡིན་པར་ཐལ། འདོད་པ་གང་ཞིག །གཞན་གཉིས་རེ་རེ་ནས་ཀྱི་གཞལ་བྱ་མ་ཡིན་པའི་ཕྱིར། འདོད་ན། དེ་འདྲ་བའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་དེ་ཡང་དེའི་གཞལ་བྱ་ཡིན་པར་ཐལ། དེ་གཉིས་དེ་ཡིན་པའི་ཕྱིར། འདོད་ན། གོ་སྐབས་མེད་པའི་ཕྱིར་བློ་ནི། །རྗེས་སུ་དཔག་པ་ཉིད་དུ་གསུངས། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། དཔྱད་གསུམ་གྱིས་དག་པའི་ལུང་དེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་མ་ཡིན་པ་དེ། དེའི་དོན་ཡིན་པའི་ཕྱིར། དེ་ལྟར་ཡིན་ན། སྦྱིན་པས་ཞེས་སོགས་ཀྱི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་དངོས་སྟོབས་རྗེས་དཔག་གི་གཞལ་བྱ་ཡིན་པར་ཐལ། གཟུགས་འཛིན་ཡིད་མངོན་དེ་དེའི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དངོས་སྟོབས་རྗེས་དཔག་གི་དེར་ཐལ། གཟུགས་འཛིན་ཡིད་མངོན་མི་རྟག་པར་རྟོགས་པའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་རྗེས་དཔག་གིས་གཟུགས་འཛིན་ཡིད་མངོན་རྟོགས་པའི་ཕྱིར་ཏེ། གཟུགས་འཛིན་དབང་མངོན་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་གཟུགས་འཛིན་དབང་མངོན་རྟོགས་པའི་ཕྱིར། གཞན་ཡང་། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཆོས་ཅན། དངོས་སྟོབས་རྗེས་དཔག་གི་གཞལ་བྱ་མ་ཡིན་པར་ཐལ། ཡིད་ཆེས་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། སྦྱིན་པས་ཞེས་སོགས་ཀྱི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རྟོགས་པའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྗེས་དཔག་དེས་ཁྱོད་རྟོགས་པའི་ཕྱིར། མ་གྲུབ་ན། དེས་དེ་རྟོགས་པར་ཐལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེས་སྒྲ་རྟོགས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བདེན་བཞི་སྟོན་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རྟོགས་པའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྗེས་དཔག་དེས་ཁྱོད་རྟོགས་པའི་ཕྱིར། མ་གྲུབ་ན། དེས་དེ་རྟོགས་པར་ཐལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་མི་རྟག་པ་རྟོགས་པའི་ཕྱིར། ཁ་ཅིག་ན་རེ། དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་ཡིན་ན། རང་གི་རྟེན་དུ་གྱུར་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་ཁྱབ་ཟེར་ན། དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། ཐལ་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དངོས་སྟོབས་ཀྱི་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དངོས་སྟོབས་ཀྱི་རྟགས་ཡང་དག་གི་རྟགས་སྦྱོར་རྣམ་དག་བཀོད་པ་ལ་བརྟེན་ནས་སྐྱེས་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དངོས་སྟོབས་ཀྱི་རྟགས་ཡང་དག་གི་རྟགས་སྦྱོར་རྣམ་དག་གི་འབྲས་བུར་གྱུར་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་རྟགས་སྦྱོར་རྣམ་དག་ཆོས་ཅན། ཁྱོད་ཀྱི་འབྲས་བུར་གྱུར་པའི་དེ་འདྲའི་རྗེས་དཔག་ཡོད་པར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ཡོད་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྟགས་སྦྱོར་རྣམ་དག་བཀོད་པ་ལ་བརྟེན་ནས་སྐྱེས་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དེ་འདྲའི་རྟགས་སྦྱོར་རྣམ་དག་གི་འབྲས་བུར་གྱུར་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར། ཁྱབ་པ་ཁས། རྩ་བར་འདོད་ན། དེ་ལ་བརྟེན་ནས་སྐྱེས་པའི་དེ་འདྲའི་རྗེས་དཔག་ཆོས་ཅན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་ཡིན་པའི་ཕྱིར་ན་རེ་ཞིག་མ་ཁྱབ། གཞན་ཡང་། གོང་དུ་རྗེས་དཔག་གི་རྟེན་དུ་གྱུར་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་མེད་ཟེར་བ་དེ་ལ། དེ་འདྲའི་རྟགས་ཡང་དག་ཡོད་པར་ཐལ། རྗེས་དཔག་གི་རྟེན་ཡིན་ན། དངོས་སྟོབས་ཀྱི་རྟགས་ཡང་དག་མ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། རྗེས་དཔག་གི་རྟེན་དེ་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་རྗེས་དཔག་གི་ཉེར་ལེན་གང་ཟག་གི་བདག་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། རྗེས་དཔག་གི་ཉེར་ལེན་དེ་རྗེས་དཔག་གི་རྟེན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྗེས་དཔག་གི་ཉེར་ལེན་ཡིན་ན། རྗེས་དཔག་གི་རྟེན་ཡིན་དགོས་པར་ཐལ། དེའི་ཉེར་ལེན་དེའི་རྟེན་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་རྒྱུ་ཡིན་ན། དེའི་རྟེན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྟེན་ཡིན་ན། དེའི་རྒྱུ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་རྗེས་དཔག་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་ཡིན་པའི་ཕྱིར། གཞན་ཡང་། རྗེས་དཔག་གསུམ་གྱི་གཞལ་བྱ་འགལ་ཟེར་བ་དེ་ལ། དངོས་སྟོབས་རྗེས་དཔག་གི་གཞལ་བྱ་དང་། གྲགས་པའི་རྗེས་དཔག་གི་གཞལ་བྱ་མི་འགལ་བར་ཐལ། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དང་དངོས་པོ་གཉིས་ཀ་ཡིན་པ་དེ། དངོས་སྟོབས་རྗེས་དཔག་གི་གཞལ་བྱ་ཡིན། གྲགས་པའི་རྗེས་དཔག་གི་གཞལ་བྱ་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་གྱུར་པའི་དངོས་པོ་ཡིན་པ་དེ་དངོས་སྟོབས་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་ཅན་ཆོས་ཅན། ཁྱོད་ཟླ་སྒྲས་བརྗོད་རུང་དུ་གྱུར་པའི་དངོས་པོ་ཡིན་པ་དེ་དེར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རི་བོང་ཅན་དངོས་པོར་གྱུར་པའི་ཟླ་སྒྲས་བརྗོད་རུང་ཡིན་པ་དེ། གྲགས་པའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་ཅན་ཆོས་ཅན། ཁྱོད་དངོས་པོར་གྱུར་པའི་ཟླ་སྒྲས་བརྗོད་རུང་ཡིན་པ་དེ་དེར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྗེས་དཔག་ཡིན་ན། དངོས་སྟོབས་རྗེས་དཔག་སོགས་གསུམ་པོ་གང་རུང་ཡིན་དགོས་པར་ཐལ། གཞི་གྲུབ་ན། དེ་གསུམ་པོ་གང་རུང་གི་གཞལ་བྱ་ཡིན་དགོས་པའི་ཕྱིར། འདོད་ན། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དང་། དངོས་པོ་གཉིས་ཀར་རྟོགས་པའི་རྗེས་དཔག་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་ཆོས་ཅན། དངོས་སྟོབས་རྗེས་དཔག་ཡིན་པར་ཐལ། འདོད་པ་གང་ཞིག། གཞན་གཉིས་རེ་རེ་ནས་མ་ཡིན་པའི་ཕྱིར། འདོད་ན། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་དེ་ཡང་། དངོས་སྟོབས་རྗེས་དཔག་ཏུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། གྲགས་པའི་རྗེས་དཔག་ཡིན་པའི་ཕྱིར། ཟེར་ན། ཁོ་རང་ལ། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དང་། དངོས་པོ་གཉིས་ཀར་རྟོགས་པའི་རྗེས་དཔག་དེ། དངོས་སྟོབས་རྗེས་དཔག་ཡིན་པར་ཐལ། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དང་། གང་ཟག་གི་བདག་མེད་གཉིས་ཀར་རྟོགས་པའི་རྗེས་དཔག་དེ་དངོས་སྟོབས་རྗེས་དཔག་ཡིན་པའི་ཕྱིར་ཏེ། །རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་གྱུར་པའི་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་དེ་དངོས་སྟོབས་རྗེས་དཔག་ཡིན་པའི་ཕྱིར་ཏེ། རི་བོང་ཅན་དངོས་པོས་ཁྱད་པར་དུ་བྱས་པའི་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་དེ་དེ་ཡིན་པའི་ཕྱིར་ཏེ། རི་བོང་ཅན་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་དེ་དེ་ཡིན་པའི་ཕྱིར། གཞན་ཡང་། མི་རྟག་པས་ཁྱད་པར་དུ་བྱས་པའི་དབང་པོ་གཟུགས་ཅན་པ་དེ་ཆོས་ཅན། ཡིད་ཆེས་རྗེས་དཔག་གི་གཞལ་བྱ་མ་ཡིན་པར་ཐལ། དངོས་སྟོབས་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དབང་པོ་གཟུགས་ཅན་པ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། དབང་པོ་གཟུགས་ཅན་པ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། རྟགས་གྲུབ་མཐའ་ལ་ཁས། རྩ་བར་འདོད་མི་ནུས་ཏེ། ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ཏེ། དབང་པོ་གཟུགས་ཅན་པ་ཡིན་པའི་ཕྱིར། །

རང་ལུགས་ཀྱི་མངོན་ལྐོག་སོ་སོའི་ངོ་བོ་སོགས་བཤད་པ།

༈ རང་ལུགས་བཞག་པ་ལ། མངོན་ལྐོག་སོ་སོའི་ངོ་བོ་དང་། ལྐོག་གྱུར་རྟོགས་པའི་རྗེས་དཔག་གི་རྣམ་གཞག་བཤད་པ་གཉིས། དང་པོ་ནི། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་མངོན་གྱུར་གྱི་མཚན་ཉིད། དེ་དང་དངོས་པོ་རང་མཚན་རྣམས་དོན་གཅིག །བུམ་པ་ལ་མངོན་གྱུར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་མངོན་སུམ་གྱི་ཚད་མས་སྣང་ཡུལ་དུ་བྱེད་པའི་སྒོ་ནས་མངོན་དུ་གྱུར་པའི་ཚུལ་གྱིས་རྟོགས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། རྗེས་སུ་དཔག་པའི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ལྐོག་གྱུར་གྱི་མཚན་ཉིད། དེ་ལ་དབྱེ་ན། ཅུང་ཟད་ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་གཉིས། དང་པོ་ནི། སྒྲ་མི་རྟག་པ་ལྟ་བུ་ལ་བྱེད། གཉིས་པ་ལ། ཁོ་རང་དུ་གྱུར་པའི་བེམ་པོ། ཤེས་པ། ལྡན་མིན་འདུ་བྱེད་གསུམ་ཡོད། དང་པོ་ནི། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་ལྟ་བུ་ལ་བྱེད། གཉིས་པ་ནི། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ལྟ་བུ་ལ་བྱེད། གསུམ་པ་ནི། ལྷའི་ཚེ་ཚད་དང་དམྱལ་བའི་ཚེ་ཚད་ལ་སོགས་པ་ལས་འབྲས་ཕྲ་ཞིང་ཕྲ་བ་རྣམས་ལ་བྱེད་དོ། །གཉིས་པ་ལྐོག་གྱུར་རྟོགས་པའི་རྗེས་དཔག་གི་རྣམ་གཞག་བཤད་པ་ལ། རྗེས་སུ་དཔག་པའི་ཚད་མ་ལ་མཚན་ཉིད། དབྱེ་བ། སྒྲ་བཤད་པ་དང་གསུམ། དང་པོ་ནི། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་གསར་དུ་མི་བསླུ་བའི་ཞེན་རིག་དེ། རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་ཡིན། གཉིས་པ་དེ་ལ་དབྱེ་ན། དངོས་སྟོབས་རྗེས་དཔག་གི་ཚད་མ། ཡིད་ཆེས་རྗེས་དཔག་གི་ཚད་མ། གྲགས་པའི་རྗེས་དཔག་གི་ཚད་མ་དང་གསུམ། དང་པོ་ནི། རང་གི་རྟེན་དུ་གྱུར་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་ཤིང་རང་ཉིད་དངོས་སྟོབས་རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཞེན་རིག་དེ། རང་ཉིད་དངོས་སྟོབས་རྗེས་དཔག་གི་ཚད་མ་ཡིན་པའི་མཚན་ཉིད། རང་གི་རྟེན་དུ་གྱུར་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་ཤིང་། རང་ཉིད་ཡིད་ཆེས་རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཞེན་རིག་དེ། རང་ཉིད་ཡིད་ཆེས་རྗེས་དཔག་གི་ཚད་མ་ཡིན་པའི་མཚན་ཉིད། རང་གི་རྟེན་དུ་གྱུར་པའི་གྲགས་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་ཤིང་། རང་ཉིད་གྲགས་པའི་རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཞེན་རིག་དེ། རང་ཉིད་གྲགས་པའི་རྗེས་དཔག་གི་ཚད་མ་ཡིན་པ་དེའི་མཚན་ཉིད་ཡིན་ནོ། །

༈ གསུམ་པ་སྒྲ་བཤད་པ་ལ། བྱས་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་ལ། རྗེས་དཔག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རང་གི་རྟེན་དུ་གྱུར་པའི་ཚུལ་གསུམ་ཚད་མས་རྟོགས་པའི་རྗེས་སུ་རང་གི་གཞལ་བྱར་གྱུར་པའི་བསྒྲུབ་བྱ་རྟོགས་པའི་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་ལ་དངོས་སྟོབས་རྗེས་དཔག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་སྒྲ་མི་རྟག་པ་གཙོ་བོར་དངོས་སྟོབས་ཀྱི་རིགས་པ་ཡང་དག་ལ་བརྟེན་ནས་རྟོགས་པའི་རྗེས་དཔག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རྟོགས་པའི་རྗེས་དཔག་དེ་ལ་ཡིད་ཆེས་རྗེས་དཔག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་དེ། ཡིད་ཆེས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་རྟོགས་པའི་རྗེས་དཔག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་དེ་ལ་གྲགས་པའི་རྗེས་དཔག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཇིག་རྟེན་ན་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་གྲགས་པ་གང་ཞིག །དེ་ལྟར་དུ་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། །

༈ རྩོད་པ་སྤང་བ་ལ། ཁ་ཅིག་ན་རེ། གཞལ་བྱ་ལ་མངོན་གྱུར་དང་ལྐོག་གྱུར་གཉིས་སུ་གྲངས་མ་ངེས་པར་ཐལ། གཞལ་བྱ་ལ་དེ་གཉིས་ལས་གྲངས་མང་མི་དགོས་ཤིང་། ཉུང་ན་མི་འདུ་བ་དེ་མ་ཡིན་པའི་ཕྱིར་ཏེ། གཞལ་བྱ་ལ་དེ་གཉིས་ལས་གྲངས་ཉུང་ན་འདུ་བའི་ཕྱིར་ཏེ། གཞལ་བྱ་ཐམས་ཅད་ལྐོག་གྱུར་ཏུ་འདུ་བའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཞལ་བྱ་ཡིན་ན་ལྐོག་གྱུར་ཡིན་དགོས་པའི་ཕྱིར་ཟེར་ན། ཁོ་རང་ལ། སངས་རྒྱས་ཀྱི་སྐུ་དེ་ལ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་གྲངས་མ་ངེས་པར་ཐལ། དེ་ལ་དེ་གསུམ་ལས་གྲངས་མང་མི་དགོས་ཤིང་། ཉུང་ན་མི་འདུ་བ་མ་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཀྱི་སྐུ་དེ་ལ་དེ་གསུམ་ལས་གྲངས་ཉུང་ན་འདུ་བའི་ཕྱིར་ཏེ། སངས་རྒྱས་ཀྱི་སྐུ་ཐམས་ཅད་ཆོས་སྐུར་འདུ་བའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སངས་རྒྱས་ཀྱི་སྐུ་ཡིན་ན་ཆོས་སྐུ་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། གང་ཟག་དེས་མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་ན། གང་ཟག་དེ་ལ་མངོན་གྱུར་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། གང་ཟག་དེས་རྗེས་དཔག་གི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་ན། གང་ཟག་དེ་ལ་ལྐོག་གྱུར་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། སྒྲ་ཆོས་ཅན། ཚུར་མཐོང་ལ་ལྐོག་གྱུར་དུ་ཐལ། དེའི་རྗེས་སུ་དཔག་པའི་ཚད་མས་དེའི་ཕྱིར། རྟགས་གྲུབ་སྟེ། གཞི་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་མངོན་གྱུར་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཆོས་ཅན། བྱང་སེམས་ཚོགས་ལམ་པ་ལ་མངོན་གྱུར་དུ་ཐལ། དམ་བཅའ་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་ཤའི་སྤྱན་དེས་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ། དེས་དཔག་ཚད་བརྒྱ་ཚུན་ཆད་ཀྱི་དབང་པོ་གཟུགས་ཅན་པ་ཐམས་ཅད་མངོན་སུམ་གྱིས་རྟོགས་པའི་ཕྱིར། དེས་དཔག་ཚད་བརྒྱ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་རྟོགས་པ་གང་ཞིག །དབང་པོ་གཟུགས་ཅན་པ་གཟུགས་ཡིན་པའི་ཕྱིར། ཕྱི་མ་ཁས་ཟེར། དང་པོ་གྲུབ་སྟེ། མདོ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད། དཔག་ཚད་སྟོང་མཐོང་བ་ཡང་ཡོད། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བྱང་སེམས་ཚོགས་ལམ་པའི་ཤའི་སྤྱན་དེས་དཔག་ཚད་བརྒྱ་ཚུན་ཆད་ཀྱི་གཟུགས་ཀྱི་སྐྱེ་མཆེད་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་བ་ལུང་དེའི་དོན་ཡིན་པའི་ཕྱིར། །

རྟགས་འཛིན་སེམས་བཤད་པ།

གཞུང་གིའཕྲོས་ཚུལ་དང་རྩོད་པའི་མདོ་དོན་བཤད་པ།

༈ དངོས་གང་ཅི་ལྟ་བུར་གྱུར་པ། །ཞེས་སོགས་རྐང་པ་ཕྱེད་དང་གསུམ་གང་ལས་འཕྲོས་ན། དེ་ཡང་། མདོ་རང་འགྲེལ་ལས། གལ་ཏེ་འདི་ལྟར་མི་རྟག་ཅེས་བྱ་བ་ལ་སོགས་པའི་རྣམ་པས་ཁ་དོག་ལ་སོགས་པ་འཛིན་པ་དང་། ལན་གཅིག་མིན་པར་འཛིན་པ་དེ་ཇི་ལྟར་ཞེ་ན། ཞེས་པའི་དོན་འཆད་པར་བྱེད་པ་ལ། གཞལ་བྱ་ངེས་ན་ཁ་དོག་ནི། །ཞེས་སོགས་བྱུང་། འོ་ན་མདོ་དོན་འགྲེལ་ཚུལ་གང་ཞེ་ན། འདི་ལ་རྩོད་པའི་མདོ་དོན་བཤད་པ་དང་། ལན་གྱི་མདོ་དོན་བཤད་པ་གཉིས། དང་པོ་ལ། དངོས་བསྟན་རང་ལུགས་ཀྱི་ཚད་མའི་གྲངས་ངེས་བཞག་པ་ལ་རྩོད་པ་དང་། ཤུགས་བསྟན་གཞན་ལུགས་ཀྱི་ཚད་མའི་གྲངས་ངེས་བཀག་པ་ལ་རྩོད་པ་གཉིས། དང་པོ་ལ་རྟགས་ལ་རྩོད་པ་དང་། དམ་བཅའ་ལ་རྩོད་པ་དང་། ཁྱབ་པ་ལ་རྩོད་པ་དང་གསུམ། དང་པོ་ནི། ཁོ་ན་རེ། ཁ་དོག་མི་རྟག་པ་དེ་གཞལ་བྱ་མ་ཡིན་པར་ཐལ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཁྱབ་སྟེ། ཁ་དོག་མི་རྟག་པ་དེ་རང་སྤྱི་འདྲེས་པའི་གཞལ་བྱ་ཕུང་གསུམ་པ་ཡིན་པའི་ཕྱིར་ཏེ། ཁ་དོག་རང་མཚན་དང་མི་རྟག་པ་སྤྱི་མཚན་ཡིན་པའི་ཕྱིར། དེ་ལྟར་ན། ཀུན་བཏུས་ལས། མཚན་ཉིད་གཉིས་གཞལ་བྱ། ཞེས་པ་དང་། གཞལ་བྱ་གཉིས་ཕྱིར་ཞེས་པ་མི་འཐད་པར་འགྱུར་རོ། །ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གཞལ་བྱ་ངེས་ན་ཁ་དོག་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། གཉིས་པ་དམ་བཅའ་ལ་རྩོད་པ་ལ། ཁ་དོག་མི་རྟག་པར་རྟོགས་པའི་བློ་ཚད་མ་ཕུང་གསུམ་པ་ཡིན་པར་རྩོད་པ་དང་། ཁྱད་པར་ངོ་ཤེས་ཀྱི་བློ་ཚད་མ་ཕུང་གསུམ་པ་ཡིན་པར་རྩོད་པ་གཉིས། དང་པོ་ནི། ཁོ་ན་རེ། ཁ་དོག་མི་རྟག་པར་རྟོགས་པའི་བློ་དེ་ཚད་མ་ཕུང་གསུམ་པ་ཡིན་ཏེ། དེ་ཚད་མ་གང་ཞིག །དེ་མངོན་སུམ་ཡང་མ་ཡིན། རྗེས་དཔག་ཀྱང་མ་ཡིན་པའི་ཕྱིར། དེ་མངོན་སུམ་མ་ཡིན་ཏེ། དེས་རང་ཡུལ་མངོན་སུམ་གྱིས་མ་མཐོང་བའི་ཕྱིར། དེ་རྗེས་དཔག་མ་ཡིན་ཏེ། དེའི་རྟེན་དུ་གྱུར་པའི་རྟགས་ཡང་དག་མེད་པའི་ཕྱིར། ཞེས་པའི་འདོད་པ་བརྗོད་པར་བྱེད་པ་ལ། དེ་བློ་ཚད་མ་གཞན་འགྱུར་ཏེ། །ཞེས་སོགས་རྐང་པ་གཉིས་བྱུང་། གཉིས་པ་ནི། ཁོ་ན་རེ། སྔར་མངོན་སུམ་གཅིག་ལ་བརྟེན་ནས་ཁང་ནང་དུ་ཙན་དན་གྱི་མེ་མཐོང་། ཕྱིས་དུ་བའི་རྟགས་ལས་སྔར་གྱི་ཁང་ནང་གི་མེ་དེ་འདིའོ་སྙམ་པའི་ཁྱད་པར་ངོ་ཤེས་ཀྱི་བློ་དེ་ཚད་མ་ཕུང་གསུམ་པ་ཡིན་ཏེ། དེ་ཚད་མ་གང་ཞིག །དེ་མངོན་སུམ་ཡང་མ་ཡིན། དེ་རྗེས་དཔག་ཀྱང་མ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེས་རང་ཡུལ་མངོན་སུམ་གྱིས་མ་མཐོང་བའི་ཕྱིར། གསུམ་པ་གྲུབ་སྟེ། དེའི་རྟེན་དུ་གྱུར་པའི་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་མེད་པའི་ཕྱིར་ཏེ། སྔར་གྱི་ཁང་ནང་གི་མེ་དེ་དང་། ཕྱིས་ཀྱི་དུ་བ་གཉིས་ལ་འབྲེལ་པ་མ་གྲུབ་པའི་ཕྱིར། ཞེས་པའི་འདོད་པ་བརྗོད་པར་བྱེད་པ་ལ། ཁྱད་པར་མཐོང་ལ་རྟགས་དང་ནི། །ཞེས་སོགས་རྐང་པ་གསུམ་བྱུང་། གསུམ་པ་ཁྱབ་པ་ལ་རྩོད་པ་ལ། ཁྱབ་པ་ཡོད་པ་ལ་གནོད་བྱེད་བསྟན་པ་དང་། མེད་པ་ལ་སྒྲུབ་བྱེད་བཤད་པ་གཉིས། དང་པོ་ནི། ཁོ་ན་རེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་ལས་གྲངས་མང་བ་ཡོད་པར་ཐལ། གཞལ་བྱ་ལ་རང་སྤྱི་གཉིས་ལས་གྲངས་མང་བ་ཡོད་པའི་ཕྱིར། ཁྱབ་སྟེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྟགས་ལས་ཚད་མ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་སྒྲུབ་ནུས་པའི་ཕྱིར། རྟགས་ཁས་བླངས། ཞེས་པའི་འདོད་པ་བརྗོད་པར་བྱེད་པ་ལ། གཞལ་བྱ་མང་ཕྱིར་ཚད་མ་རྣམས། །མང་པོ་ཉིད་དམ་ཞེས་པ་འདི་བྱུང་། ཁྱབ་པ་མེད་པའི་སྒྲུབ་བྱེད་བཤད་པ་ནི། ཁོ་ན་རེ། གཞལ་བྱའི་དབྱེ་བས། ཚད་མའི་དབྱེ་བ་འཇོག་པ་མི་འཐད་པར་ཐལ། ཡུལ་གཅིག་ལ་མངོན་རྗེས་ཀྱི་ཚད་མ་གཉིས་འཇལ་བྱེད་དུ་འཇུག་པ་ཡོད་པའི་ཕྱིར། དཔེར་ན། སྔར་གྱི་ཁང་ནང་གི་ཙན་དན་གྱི་མེ་དེ་ལ་སྔར་གྱི་ཁང་ནང་གི་ཙན་དན་གྱི་མེ་མཐོང་བའི་མངོན་སུམ་དང་། ཕྱིས་དུ་བའི་རྟགས་ལས་སྔར་གྱི་ཁང་ནང་གི་ཙན་དན་གྱི་མེ་དེ་འདིའོ་སྙམ་པའི་ཁྱད་པར་ངོ་ཤེས་ཀྱི་བློ་གཉིས་ཀ་འཇལ་བྱེད་དུ་འཇུག་པའི་དཔེ་འདི་བཞིན་ཡིན་ནོ། །ཞེས་པའི་འདོད་བརྗོད་པར་བྱེད་པ་ལ། གཅིག་ལ་ཡང་། དུ་མ་ཉིད་ནི་འཇུག་ཕྱིར་ཏེ། །ཞེས་པ་འདི་བྱུང་། གཉིས་པ་ཤུགས་བསྟན་གཞན་ལུགས་ཀྱི་ཚད་མའི་གྲངས་ངེས་བཀག་པ་ལ་རྩོད་པ་ནི། དེ་ཡང་རང་རེས་གོང་དུ། གཞལ་བྱ་གཉིས་ནི་མཐོང་བའི་ཕྱིར། །གསུམ་གཅིག་གྲངས་ནི་བསལ་བ་ཡིན། །ཞེས་བཤད་པ་ལ་ཁོ་ན་རེ། ཚད་མ་ལ་མངོན་སུམ་གཅིག་པུར་གྲངས་ངེས་པའི་གྲངས་ངེས་སེལ་བ་དེ་མི་འཐད་པར་ཐལ། དེ་སེལ་ན་མངོན་རྗེས་ཀྱི་ཚད་མ་གཉིས་ཡུལ་སོ་སོར་མ་ངེས་པའི་ཕྱིར་དང་། གཞན་ཡང་། ཚད་མ་ཕུང་གསུམ་པ་སེལ་བ་མི་འཐད་པར་ཐལ། མངོན་རྗེས་གང་རུང་གི་ཁོངས་སུ་མ་འདུས་པའི་ཚད་མ་ཕུང་གསུམ་པ་ཡོད་པའི་ཕྱིར་ཏེ། རང་སྤྱི་གང་རུང་གི་ཁོངས་སུ་མ་འདུས་པའི་གཞལ་བྱ་ཕུང་གསུམ་པ་ཡོད་པའི་ཕྱིར། ཞེས་པའི་འདོད་བརྗོད་པར་བྱེད་པ་ལ། གཅིག་གསུམ་གྲངས་ཀྱང་སེལ་མི་འགྱུར། །ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་རྩོད་ལན་གྱི་མདོ་དོན་འཆད་པར་བྱེད་པ་ལ། སྐྱོན་འདིར་ཐལ་བར་མི་འགྱུར་ཏེ། །ཞེས་སོགས་བྱུང་ལ། འདི་ལ་རང་སྤྱི་འདྲེས་པའི་བློ་ཚད་མ་ཕུང་གསུམ་པ་ཡིན་པ་དགག་པ་དང་། ཁྱད་པར་ངོ་ཤེས་ཀྱི་བློ་ཚད་མ་ཕུང་གསུམ་པ་དགག་པ་གཉིས། དང་པོ་ནི། འོ་ན། ཁ་དོག་མི་རྟག་པར་རྟོགས་པའི་བློ་ཚད་མ་ཕུང་གསུམ་པ་ཡིན་ན། ཁྱོད་ཀྱི་དེ་གང་ལ་བྱེད། སངས་རྒྱས་པས་འདོད་པའི་ཁ་དོག་མི་རྟག་པར་རྟོགས་པའི་བློ་དེ་ལ་བྱེད་དམ། རིགས་པ་ཅན་པས་འདོད་པའི་ཁ་དོག་མི་རྟག་པར་རྟོགས་པའི་བློ་དེ་ལ་བྱེད། སེམས་ཙམ་པ་དང་། མདོ་སྡེ་པ་གཉིས་ཀྱིས་འདོད་པའི་ཁ་དོག་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་ལ་བྱེད་དམ། ཁ་དོག་འཛིན་པའི་དབང་མངོན་གྱི་དྲངས་ནས་སྐྱེས་པའི་ཁ་དོག་མི་རྟག་པར་ངེས་པའི་ངེས་ཤེས་དེ་ལ་བྱེད། དང་པོ་ལྟར་ན། བྱས་རྟགས་ལས་ཁ་དོག་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། ཚད་མ་ཕུང་གསུམ་པ་མ་ཡིན་ཏེ། ཁ་དོག་མི་རྟག་པའི་དོན་སྤྱི་སྣང་ཡུལ་དུ་བྱེད་པའི་སྒོ་ནས། ཁ་དོག་གི་སྟེང་དུ་སྤྱི་མི་རྟག་པར་རྟོགས་པའི་རྗེས་དཔག་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། སྐྱོན་འདིར་ཐལ་བར་མི་འགྱུར་ཏེ། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལས་འཕྲོས་པའི་འཕྲོས་དོན་འཆད་པར་བྱེད་པ་ལ། དངོས་མེད་ངོ་བོ་མིན་དེ་ཉིད། །ཅེས་སོགས་བྱུང་། དེའི་དོན་བསྡུ་འཆད་པར་བྱེད་པ་ལ། རྗེས་སུ་དཔག་པས་མི་རྟག་སོགས། །ཞེས་སོགས་རྐང་པ་གཉིས་བྱུང་། གལ་ཏེ་ཁོ་ན་རེ། ཁ་དོག་འཛིན་པའི་དབང་མངོན་གྱི་དྲངས་ནས་སྐྱེས་པའི་ཁ་དོག་མི་རྟག་པར་ངེས་པའི་ངེས་ཤེས་དེ་ལ་བྱེད་པ་ཡིན་ཟེར་ན། དེ་འདྲ་བའི་ངེས་ཤེས་ཆོས་ཅན། ཚད་མ་ཕུང་གསུམ་པ་མ་ཡིན་ཏེ། བཅད་ཤེས་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གཞན་དུ་བཟུང་བ་འཛིན་པའི་ཕྱིར། །ཞེས་སོགས་རྐང་པ་གཉིས་བྱུང་། བྱེ་བྲག་སྨྲ་བས་འདོད་པའི་ཁ་དོག་མི་རྟག་པར་རྟོགས་པའི་བློ་དེ་ལ་བྱེད་པ་ཡིན་ནོ་ཟེར་ན། དེ་འགོག་པར་བྱེད་པ་ལ། ཡང་ན་འདིར་ནི་མི་དམིགས་པའི། །ཞེས་སོགས་རྐང་པ་གཉིས་བྱུང་། རིགས་པ་ཅན་པས་འདོད་པའི་ཁ་དོག་མི་རྟག་པར་རྟོགས་པའི་བློ་དེ་ལ་བྱེད་པ་ཡིན་ནོ་ཟེར་ན། དེ་འགོག་པར་བྱེད་པ་ལ། གང་གི་མཐའ་གཉིས་ཆོད་ཡོད་པའམ། །ཞེས་སོགས་རྐང་པ་གཉིས་བྱུང་། གཉིས་པ་ཁྱད་པར་ངོ་ཤེས་ཀྱི་བློ་ཚད་མ་ཕུང་གསུམ་པ་ཡིན་པ་འགོག་པར་བྱེད་པ་ལ། སྐད་ཅིག་སོ་སོར་ཐ་དད་ཕྱིར། །ཞེས་པ་ནས། དྲན་མིན་མ་ཡིན་འཁྲུལ་ཕྱིར་རོ། །ཞེས་པའི་བར་བྱུང་། འོ་ན། དངོས་མེད་ངོ་བོ་མིན་དེ་ཉིད། །ཅེས་སོགས་ཀྱིས། སྐྱོན་འདིར་ཐལ་བར་མི་འགྱུར་ཏེ། །ཞེས་སོགས་ཀྱི་འཕྲོས་དོན་རྒྱས་པར་འཆད་ཚུལ་དེ་གང་ཞེ་ན། དེ་ཡང་རང་རེས། ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། །ཞེས་པའི་སྐབས་སུ། མི་རྟག་པ་སྤྱིར་ཁས་བླངས་པ་ལ། ཁོ་ན་རེ། མི་རྟག་པ་དངོས་མེད་ཡིན་པར་ཐལ། དེ་སྤྱི་གང་ཞིག །སྤྱི་དངོས་མེད་ཡིན་པའི་ཕྱིར་ཟེར་ན། མི་རྟག་པ་སྤྱི་ཡིན་ཀྱང་། དངོས་མེད་ཡིན་པར་ཐལ་བའི་སྐྱོན་མེད་དེ། བྱས་པའི་རྟགས་ལས་ཁ་དོག་མི་རྟག་པར་རྟོགས་པའི་རྗེས་དཔག་དེས་ཁ་དོག་མི་རྟག་པར་རྟོགས་པའི་སྒོ་ནས་མི་རྟག་པ་དངོས་པོར་གྲུབ་པའི་ཕྱིར་ཞེས་འཆད་པར་བྱེད་པ་ལ། དངོས་མེད་ངོ་བོ་མིན་དེ་ཉིད། །ཅེས་སོགས་རྐང་པ་གཉིས་བྱུང་། རང་རེས་གོང་དུ་བྱས་རྟགས་ལས་ཁ་དོག་མི་རྟག་པར་རྟོགས་པའི་རྗེས་དཔག་དེས། ཁ་དོག་མི་རྟག་པའི་དོན་སྤྱི་སྣང་ཡུལ་དུ་བྱས་པའི་སྒོ་ནས་ཁ་དོག་མི་རྟག་པར་རྟོགས་པར་ཁས་བླངས་པ་ལ། ཁོ་ན་རེ། དེ་འདྲ་བའི་རྗེས་དཔག་དེ་ཁ་དོག་མི་རྟག་པ་ལ་བསླུ་བ་ཡིན་པར་ཐལ། དེས་ཁ་དོག་མི་རྟག་པའི་དོན་སྤྱི་སྣང་ཡུལ་དུ་བྱེད་ཅིང་། ཁ་དོག་མི་རྟག་པ་སྣང་ཡུལ་དུ་མི་བྱེད་པའི་ཕྱིར། ཞེས་པའི་འདོད་བརྗོད་པར་བྱེད་པ་ལ། གཞན་ལས་གཞན་གྲུབ་མིན་ཞེ་ན། །ཞེས་པ་འདི་བྱུང་། དེ་ལྟ་བུའི་རྗེས་དཔག་དེ་ཁ་དོག་མི་རྟག་པའི་དོན་སྤྱི་སྣང་ཡུལ་དུ་བྱེད་པའི་ཤེས་པ་ཡིན་ཀྱང་། དེ་ཁ་དོག་མི་རྟག་པ་ལ་བསླུ་བར་ཐལ་བའི་སྐྱོན་མེད་དེ། དེ་ཁ་དོག་མི་རྟག་པ་ལ་བརྒྱུད་ནས་འབྲེལ་བའི་སྒོ་ནས་དེ་ལ་མི་བསླུ་བ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མིན་ཏེ་དེ་ཉིད་གྲུབ་ཕྱིར་རོ། །ཞེས་པ་འདི་བྱུང་། འོ་ན། དེ་ལྟ་བུའི་རྗེས་དཔག་དེ་ཁ་དོག་མི་རྟག་པ་ལ་བརྒྱུད་ནས་འབྲེལ་ཚུལ་དེ་གང་ཞེ་ན། འདི་ལ་སྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་རང་གི་འཇུག་ཡུལ་དུ་གྱུར་པའི་རང་མཚན་ལ་འབྲེལ་བའི་ཚུལ་བཤད་པ་དང་། དགག་རྟགས་ལ་བརྟེན་པའི་རྗེས་དཔག་རང་གི་འཇུག་ཡུལ་དུ་གྱུར་པའི་རང་མཚན་ལ་འབྲེལ་བའི་ཚུལ་བཤད་པ་གཉིས། དང་པོ་ལ། འབྲེལ་པ་སྒྲུབ་པ་དང་། འབྲེལ་པ་ལ་བརྟེན་ནས་མི་བསླུ་བའི་ཚུལ་དངོས་བཤད་པ། འཁྲུལ་ཤེས་ཡིན་ཀྱང་མི་བསླུ་བའི་ཤེས་པར་རྣམ་པར་བཞག་པ་དང་གསུམ། དང་པོ་འཆད་པར་བྱེད་པ་ལ། དངོས་གང་ཅི་ལྟ་བུར་གྱུར་པ། །ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། དེ་ལྟར་རྟགས་དང་རྟགས་ཅན་བློ། །ཞེས་སོགས་རྐང་པ་བཞི་བྱུང་། གསུམ་པ་འཆད་པར་བྱེད་པ་ལ། དེ་ཡི་ངོ་བོས་སྟོང་དེ་དག །ཅེས་སོགས་རྐང་པ་བཞི་བྱུང་། དེ་རྣམས་ཀྱི་དོན་བསྡུ་འཆད་པར་བྱེད་པ་ལ། དེ་ཕྱིར་དངོས་པོ་རྟོགས་བྱ་ལ། །ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་དགག་རྟགས་ལ་བརྟེན་པའི་རྗེས་དཔག་རང་གི་འཇུག་ཡུལ་དུ་གྱུར་པའི་རང་མཚན་ལ་འབྲེལ་ཚུལ་བཤད་པ་ནི། དེ་ཡང་དགག་རྟགས་ཐམས་ཅད་ཀྱིས་རང་གི་དགག་བྱ་དམིགས་བྱེད་ཀྱི་ཚད་མ་བཀག་ནས། རང་གི་བསྒྲུབ་བྱ་སྒྲུབ་པར་བསྟན་པའི་སྒོ་ནས། དགག་རྟགས་ལ་བརྟེན་པའི་རྗེས་དཔག་རང་གི་འཇུག་ཡུལ་དུ་གྱུར་པའི་རང་མཚན་ལ་འབྲེལ་བའི་ཚུལ་དེ་འཆད་པར་བྱེད་པ་ལ། དགག་པ་ཉིད་ནི་ཐམས་ཅད་དུ། །ཞེས་སོགས་བྱུང་། དེ་ལྟར་ན། ཁ་དོག་མི་རྟག་པ་ཆོས་ཅན། བྱས་རྟགས་ཀྱིས་ཁདོག་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ཀྱི་རྒྱུ་ཡིན་ཏེ། དེ་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། དེ་སྐོར་གྱི་རྟགས་འཛིན་སེམས་ཆོས་ཅན། དེ་སྐོར་གྱི་རྟགས་ཅན་རྗེས་དཔག་གི་རྒྱུ་ཡིན་ཏེ། དེ་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། །

རྣམ་གཞག་ལ་མཐའ་དཔྱད་པ།

༈ དེས་ན། དངོས་གང་ཅི་ལྟར་བུར་གྱུར་པ། །ཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་ཚུལ་གསུམ་འཇལ་བའི་བློ་གང་ཞིག །རང་འབྲས་དེ་སྒྲུབ་ཀྱི་རྟགས་ཅན་རྗེས་དཔག་གི་རྒྱུ་བྱེད་པ་དེ། དེ་སྒྲུབ་ཀྱི་རྟགས་འཛིན་སེམས་ཀྱི་མཚན་ཉིད་ཟེར་ན། རྣམ་མཁྱེན་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཕྱི་མ་གྲུབ་སྟེ། ཁྱོད་ཀྱི་འབྲས་བུར་གྱུར་པའི་དེ་སྒྲུབ་ཀྱི་རྟགས་ཅན་རྗེས་དཔག་ཡོད་པའི་ཕྱིར་ཏེ། འདུས་བྱས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་བྱས་པ་ལ་བརྟེན་ནས་བྱུང་བའི་རྟགས་ཅན་རྗེས་དཔག་ཡོད་པར་ཐལ། ཁྱོད་རྟགས་འཛིན་སེམས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་བྱས་པ་ལ་བརྟེན་ནས་བྱུང་བའི་རྟོག་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་མཁྱེན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྣམ་མཁྱེན་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་ཚད་མ་ཡིན་པའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་རྣམ་མཁྱེན་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྣམ་མཁྱེན་ཡོད་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སངས་འཕགས་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། སངས་འཕགས་ཆོས་ཅན། དེ་སྒྲུབ་ཀྱི་རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཡིན་པར་ཐལ། དེ་སྒྲུབ་ཀྱི་སངས་འཕགས་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་གང་ཟག་གང་ཞིག །སངས་འཕགས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་སྔ་རྒོལ་ཡང་དག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གང་རུང་ལ་མི་བསླུ་བའི་རིག་པ་གང་ཞིག །རང་གི་ཉེ་འབྲས་སུ་གྱུར་པའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཅན་རྗེས་དཔག་གི་རྒྱུ་བྱེད་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་དེའི་མཚན་ཉིད་ཟེར་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་འཇལ་བའི་ཚད་མ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་དེ་སྒྲུབ་ཀྱི་ཕྱོགས་ཆོས་འཇལ་བའི་ཚད་མ་དེ་དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་ཚུལ་གསུམ་གང་རུང་ལ་མི་བསླུ་བའི་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་ལ་མི་བསླུ་བའི་རིག་པ་ཡིན་ན། དེ་སྒྲུབ་ཀྱི་ཚུལ་གསུམ་གང་རུང་ལ་མི་བསླུ་བའི་རིག་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོན་པོ་ལ་མི་བསླུ་བའི་རིག་པ་ཡིན་ན། སྔོ་སེར་གང་རུང་ལ་མི་བསླུ་བའི་རིག་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོན་འཛིན་དབང་མངོན་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་དེ་གང་རུང་ལ་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གང་རུང་དེ་སྔོན་འཛིན་དབང་མངོན་ཚད་མར་སོང་བའི་གཞལ་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གང་རུང་དེ་སེར་འཛིན་དབང་མངོན་ཚད་མར་སོང་བའི་གཞལ་བྱ་ཡིན་པའི་ཕྱིར། སེར་འཛིན་དབང་མངོན་དེ་དེ་གང་རུང་ལ་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན་འགལ་ལོ། །བྱས་པ་ལ་ཁོ་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་འཇལ་བའི་ཚད་མ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གང་རུང་ལ་མི་བསླུ་བའི་རིག་པ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་རུང་གཅིག་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ་སྔོན་འཛིན་དབང་མངོན་ཆོས་ཅན། སྔོ་སེར་གང་རུང་ལ་མི་བསླུ་བའི་རིག་པ་ཡིན་པར་ཐལ། དེ་གང་རུང་གཅིག་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སྔོན་པོ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྔོན་པོ་ལ་མི་བསླུ་བའི་རིག་པ་ཡིན་ན། སྔོ་སེར་གང་རུང་ལ་དེ་ཡིན་དགོས་པར་ཐལ། དེ་འཇལ་བའི་ཚད་མ་ཡིན་ན། དེ་གང་རུང་འཇལ་བའི་ཚད་མ་ཡིན་དགོས་པའི་ཕྱིར་ཏེ། དེ་འཇལ་བའི་ཚད་མ་རྒྱུད་ལ་ལྡན་པའི་གང་ཟག་ཡིན་ན། དེ་གང་རུང་འཇལ་བའི་ཚད་མ་རྒྱུད་ལ་ལྡན་པའི་གང་ཟག་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སྔོན་པོ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་གང་རུང་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཟེར་ན། ཁོ་རང་ལ། མཚན་ཉིད་དེ་ལ་རྗེས་དཔག་གི་ཉེར་ལེན་དུ་གྱུར་པའི་ཚད་མ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་གྲུབ་སྟེ། གཞི་གྲུབ་ན། རྗེས་དཔག་སྐད་ཅིག་གཉིས་པའི་ཉེར་ལེན་དུ་གྱུར་པའི་ཚད་མའི་གཞལ་བྱ་ཡིན་དགོས་པའི་ཕྱིར་ཏེ། གཞི་གྲུབ་ན། རྗེས་དཔག་སྐད་ཅིག་དང་པོའི་གཞལ་བྱ་ཡིན་དགོས་པའི་ཕྱིར། རྩ་རྟགས་གཉིས་པ་མ་གྲུབ་ན། དེ་ཆོས་ཅན། རང་གི་ཉེར་འབྲས་སུ་གྱུར་པའི་དེ་སྒྲུབ་ཀྱི་རྟགས་ཅན་རྗེས་དཔག་གི་རྒྱུ་བྱེད་པར་ཐལ། རང་གི་ཉེར་འབྲས་སུ་གྱུར་པའི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་རྒྱུ་བྱེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་ཉེར་འབྲས་སུ་གྱུར་པའི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་རྒྱུ་ཡིན་པར་ཐལ། ཁྱོད་ཀྱི་ཉེར་འབྲས་སུ་གྱུར་པའི་དེ་འདྲའི་རྗེས་དཔག་ཡོད་པ་གང་ཞིག །ཁྱོད་དངོས་པོ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྗེས་དཔག་དེ་ཁྱོད་ཀྱི་ཉེར་འབྲས་སུ་གྱུར་པའི་དེ་འདྲའི་རྗེས་དཔག་ཡིན་པའི་ཕྱིར། རྩ་བར་འདོད་ན། ཚད་མ་དེ་རྟགས་འཛིན་སེམས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སེམས་ཅན་རྒྱུད་ཀྱི་ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྟགས་ཅན་རྗེས་དཔག་ལ་དེས་ཁྱབ་པའི་ཕྱིར། གོང་དུ་རྣམ་མཁྱེན་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཚད་མ་ཡིན་ཟེར་ན། དེ་ལ་ཁ་ཅིག །རྣམ་མཁྱེན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚད་མ་ཡིན་པར་ཐལ་ལོ། །འདོད་ན། རྗེས་དཔག་དེ་བྱས་རྟགས་ཀྱིས་རྗེས་དཔག་ཏུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་བྱས་རྟགས་ཀྱིས་བུམ་པ་མི་རྟག་པར་སྒྲུབ་པའི་རྗེས་དཔག་ཡིན་པར་ཐལ། འདོད་པ་གང་ཞིག །བུམ་པ་ཡོད་པའི་ཕྱིར། འདོད་ན། རྗེས་དཔག་ཆོས་ཅན། རང་གི་རྟེན་དུ་གྱུར་པའི་བྱས་རྟགས་ཀྱིས་བུམ་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་མེད་ན། ཁྱོད་མེད་དགོས་པར་ཐལ་ལོ། །འདོད་ན། བུམ་པའི་དགག་གཞི་ཆོས་ཅན། ཐལ་ཕྱིར། གཞན་ཡང་། རྟགས་འཛིན་སེམས་དེ། བྱས་རྟགས་ཀྱིས་བུམ་པ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ཡིན་པར་ཐལ། རྗེས་དཔག་དེ་དེ་འདྲ་བའི་རྗེས་དཔག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་འཛིན་སེམས་ཡིན་པའི་ཕྱིར། མ་གྲུབ་ན་འགལ། ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ལ་མི་བསླུ་བའི་རིག་པ་དང་། དེ་སྒྲུབ་ཀྱི་རྗེས་ཁྱབ་ལ་མི་བསླུ་བའི་རིག་པ་དང་། དེ་སྒྲུབ་ཀྱི་ལྡོག་ཁྱབ་ལ་མི་བསླུ་བའི་རིག་པ་གསུམ་པོ་གང་རུང་གང་ཞིག །རང་གི་ཉེར་འབྲས་སུ་གྱུར་པའི་སྒྲ་མི་རྟག་པར་རྟོགས་པའི་རྟགས་ཅན་རྗེས་དཔག་གི་རྒྱུ་བྱེད་པ་དེ། དེ་སྒྲུབ་ཀྱི་རྟགས་འཛིན་སེམས་ཀྱི་མཚན་ཉིད་ཟེར་ན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དེ། སྒྲ་བྱས་པར་འཇལ་བའི་ཚད་མ་ཚད་མར་སོང་བའི་གཞལ་བྱ་ཡིན་པར་ཐལ། དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་བྱས་པར་འཇལ་བའི་ཚད་མ་དེར་སོང་བའི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་དེ་འདྲ་བའི་ཚད་མ་དེ། དེ་ལ་ཚད་མ་ཡིན་པའི་ཕྱིར་ཏེ། དེ་དེ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ལ་མི་བསླུ་བའི་རིག་པ། དེ་སྒྲུབ་ཀྱི་རྗེས་ཁྱབ་ལ་མི་བསླུ་བའི་རིག་པ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ལ་མི་བསླུ་བའི་རིག་པ་གང་རུང་གང་ཞིག །གཅིག་ཤོས་གཉིས་རེ་རེ་ནས་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་རྟགས་འཛིན་སེམས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་དེ་སྒྲ་དངོས་པོར་འཇལ་བའི་ཚད་མ་དེ་ཚད་མར་སོང་བའི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དེ་དངོས་པོའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་དངོས་པོར་འཇལ་བའི་ཚད་མ་དེར་སོང་བའི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་དེ་འདྲ་བའི་ཚད་མ་དེ་དེ་ལ་ཚད་མ་ཡིན་པའི་ཕྱིར། དེ་དེ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེ་ལ་མི་བསླུ་བའི་རིག་པ་དང་། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ལ་དེ། དེ་སྐོར་གྱི་ལྡོག་ཁྱབ་ལ་དེ་གསུམ་པོ་གང་རུང་གང་ཞིག །གཅིག་ཤོས་གཉིས་རེ་རེ་ནས་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དེ་སྐོར་གྱི་ཕྱོགས་ཆོས་ལ་མི་བསླུ་བའི་རིག་པ། དེ་སྐོར་གྱི་རྗེས་ཁྱབ་ལ་མི་བསླུ་བའི་རིག་པ། དེ་སྐོར་གྱི་ལྡོག་ཁྱབ་ལ་དེ་གསུམ་པོ་གང་རུང་གང་ཞིག །རང་གི་ཉེར་འབྲས་སུ་གྱུར་པའི་དེ་སྐོར་གྱི་རྟགས་ཅན་རྗེས་དཔག་གི་རྒྱུ་བྱེད་པ་དེ། དེ་སྐོར་གྱི་རྟགས་འཛིན་སེམས་ཀྱི་མཚན་ཉིད་ཟེར་ན། སོ་སྐྱེ་གནག་རྫི་མོའི་རྒྱུད་ཀྱི་དུ་ལྡན་ལ་ལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་ཆོས་ཅན། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་ལ་མི་བསླུ་བའི་རིག་པ་སོགས་གསུམ་པོ་གང་རུང་དུ་ཐལ། དེ་སྒྲུབ་ཀྱི་མཚོན་བྱ་དེའི་ཕྱིར། ཁྱབ་པ་མཚན་ཉིད་ལ་ཁས། རྟགས་གྲུབ་སྟེ། དེའི་རྒྱུད་ལ་དེ་སྐོར་གྱི་རྟགས་འཛིན་སེམས་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་དེ་སྐོར་གྱི་རྟགས་ཅན་རྗེས་དཔག་ཡོད་པ་གང་ཞིག །དེ་སྐོར་གྱི་རྟགས་ཅན་རྗེས་དཔག་དེ་དེ་སྐོར་གྱི་རྟགས་འཛིན་སེམས་ལས་བྱུང་བའི་ཕྱིར། དང་པོ་གྲུབ་སྟེ། ད་ནི་གྲུབ་མཐའ་མེད་རྣམས་ཀྱི། །དུ་བས་མེ་ནི་རྟོགས་མི་འགྱུར། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེ་སྐོར་གྱི་ཕྱོགས་ཆོས་ལ་དེར་ཐལ། འདོད་པ་གང་ཞིག །གཅིག་ཤོས་གཉིས་རེ་རེ་ནས་མ་ཡིན་པའི་ཕྱིར། འདོད་ན། དེ་སྐོར་གྱི་ཕྱོགས་ཆོས་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གྲུབ་མཐའི་རྣམ་དབྱེ་ལ་རྨོངས་པའི་ཕྱིར། གཞན་ཡང་། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་བྱས་པར་རྟོགས་པའི་ཚད་མ་ཆོས་ཅན། མཚན་ཉིད་ཀྱི་ཟུར་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་སྐོར་གྱི་ཕྱོགས་ཆོས་ལ་མི་བསླུ་བའི་རིག་པ་ཡིན་པར་ཐལ། འདོད་པ་གང་ཞིག །གཞན་གཉིས་རེ་རེ་ནས་མ་ཡིན་པའི་ཕྱིར། འདོད་ན། དེ་སྐོར་གྱི་ཕྱོགས་ཆོས་རྟོགས་པའི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་ཚད་མ་ཡིན་ན། དེ་སྒྲུབ་ཀྱི་དེ་ཡིན་དགོས་པའི་ཕྱིར་ཏེ། དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་ཡིན་ན། དེ་སྒྲུབ་ཀྱི་དེ་ཡིན་དགོས་པའི་ཕྱིར། གཞན་ཡང་། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་འཇལ་བའི་ཚད་མ་དང་། དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་ཚད་མ་གཉིས་ཀ་ཆོས་ཅན། མཚན་ཉིད་ཀྱི་ཟུར་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། དེ་གཉིས་ཡིན་པ་དེ་དེ་ཡིན་པའི་ཕྱིར་ཏེ། དེ་གཉིས་སུ་གྱུར་པའི་ཚད་མ་དེ་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་གཉིས་ཆོས་ཅན། དེ་སྐོར་གྱི་ཕྱོགས་ཆོས་ལ་མི་བསླུ་བའི་རིག་པ་ཡིན་པར་ཐལ། འདོད་པ་གང་ཞིག །གཅིག་ཤོས་གཉིས་རེ་རེ་ནས་མ་ཡིན་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་ཚད་མ་དེ་ཡང་དེར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་གཉིས་དེ་སྐོར་གྱི་ཕྱོགས་ཆོས་ལ་མི་བསླུ་བའི་རིག་པ་ཡིན་པར་ཐལ། དེ་གཉིས་ཡིན་པ་དེ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་གཉིས་སུ་གྱུར་པའི་ཚད་མ་དེ་དེ་ཡིན་པའི་ཕྱིར་ཏེ། དེ་གཉིས་སུ་གྱུར་པའི་ཚད་མ་དེ་ཁོ་ཁོ་རང་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ་མངོན་སུམ་རྣམ་མཁྱེན་དུ་ཐལ། མངོན་སུམ་དང་རྣམ་མཁྱེན་གཉིས་ཀ་རྣམ་མཁྱེན་ཡིན་པའི་ཕྱིར་ཏེ། དེ་གཉིས་ཡིན་པ་དེ་རྣམ་མཁྱེན་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་གཉིས་སུ་གྱུར་པའི་ཚད་མ་རྣམ་མཁྱེན་ཡིན་པའི་ཕྱིར་ཏེ། དེ་གཉིས་སུ་གྱུར་པའི་ཚད་མ་ཁོ་ཁོ་རང་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དེ་གཉིས་རྣམ་མཁྱེན་དུ་ཐལ། དེ་གཉིས་མ་ཡིན་པ་ལས་ལོག་པ་དེ་རྣམ་མཁྱེན་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་གཉིས་ཡིན་པ་དེ་རྣམ་མཁྱེན་ཡིན་པའི་ཕྱིར། ཡང་ཁོ་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་བྱས་པར་འཇལ་བའི་ཚད་མ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ལ་མི་བསླུ་བའི་རིག་པ་ཡིན་པར་ཐལ། དེ་དེ་སྐོར་གྱི་ཕྱོགས་ཆོས་རྐྱང་པ་འཇལ་བའི་རྟགས་འཛིན་སེམས་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་བྱས་ན་མི་རྟག་པའི་ཁྱབ་པ་འཇལ་བའི་ཚད་མ་དེ། དེ་སྐོར་གྱི་རྗེས་ཁྱབ་རྐྱང་པ་འཇལ་བའི་དེ་ཡིན་པའི་ཕྱིར་ཏེ། འཐད་ལྡན་ལས། རྟགས་མ་འཁྲུལ་བར་འཛིན་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་ཆོས་ཅན་ལ་མི་ལྟོས་པར་ཁྱབ་པ་སྤྱིར་འཛིན་པ་ཡིན་ལ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་རྒྱུད་ཀྱི་དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་ཚད་མ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་རྟགས་འཛིན་སེམས་ཡིན་པ་དེ། ལུང་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་རྐྱང་པ་འཇལ་བའི་རྟགས་འཛིན་སེམས་ཡོད་པར་ཐལ། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་བྱས་ན་མི་རྟག་པས་ཁྱབ་པ་དེ་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་རྟགས་འཛིན་སེམས་དང་། དེ་སྐོར་གྱི་ལྡོག་ཁྱབ་འཇལ་བའི་དེ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར་ཏེ། དེ་འདྲ་བའི་ཚད་མ་གཉིས་པོ་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་སྐོར་གྱི་རྗེས་ཁྱབ་རྐྱང་པ་འཇལ་བའི་རྟགས་འཛིན་སེམས་ཡོད་པར་ཐལ། དེ་སྐོར་གྱི་ཕྱོགས་ཆོས་རྐྱང་པ་འཇལ་བའི་རྟགས་འཛིན་སེམས་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་ཚད་མ་དེ་དེ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། དེ་སྐོར་གྱི་རྗེས་ཁྱབ་དང་དེ་སྐོར་གྱི་ལྡོག་ཁྱབ་གཉིས་ཀྱི་ནང་ནས། དེ་སྐོར་གྱི་རྗེས་ཁྱབ་རྐྱང་པ་འཇལ་བའི་རྟགས་འཛིན་སེམས་ཡོད་པར་ཐལ། དེ་སྐོར་གྱི་རྗེས་ཁྱབ་དང་དེ་སྐོར་གྱི་ཕྱོགས་ཆོས་གཉིས་ཀྱི་ནང་ནས། དེ་སྐོར་གྱི་ཕྱོགས་ཆོས་རྐྱང་པ་འཇལ་བའི་དེ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་ཚད་མ་དེ་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་རྟགས་འཛིན་སེམས་དང་། དེ་སྐོར་གྱི་ལྡོག་ཁྱབ་འཇལ་བའི་རྟགས་འཛིན་སེམས་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། གཞན་ཡང་། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་བྱས་ན་མི་རྟག་པའི་ཁྱབ་འཇལ་བའི་ཚད་མ་ཆོས་ཅན། མཚན་ཉིད་ཀྱི་ཟུར་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་དེ་དེ་ཡིན་པར་ཐལ། ཁྱོད་ཆོས་ཅན་དེའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་དེ་ཆོས་ཅན། དེ་སྐོར་གྱི་རྗེས་ཁྱབ་ལ་དེར་ཐལ། འདོད་པ་གང་ཞིག །གཅིག་ཤོས་གཉིས་རེ་རེ་ནས་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་སྐོར་གྱི་ལྡོག་ཁྱབ་ལ་དེར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟག་ན་མ་བྱས་པས་ཁྱབ་པ་ལ་དེར་ཐལ། འདོད་ན། དེ་འདྲའི་ཁྱབ་པ་རྟོགས་པའི་རིག་པ་ཡིན་པར་ཐལ་ལོ། །གཞན་ཡང་། དེའི་རྒྱུད་ཀྱི་རྟག་ན་མ་བྱས་པའི་ཁྱབ་པ་འཇལ་བའི་ཚད་མ་ཆོས་ཅན། མཚན་ཉིད་ཀྱི་ཟུར་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། དེ་སྐོར་གྱི་ལྡོག་ཁྱབ་ལ་དེར་ཐལ། འདོད་པ་གང་ཞིག །གཅིག་ཤོས་གཉིས་རེ་རེ་ནས་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་སྐོར་གྱི་རྗེས་ཁྱབ་ལ་དེར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ཁྱབ་པ་རྟོགས་པའི་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་རྟག་ན་སྒྲའི་བྱས་པ་མ་ཡིན་པའི་ཁྱབ་པ་འཇལ་བའི་ཚད་མ་དེ། སྒྲའི་བྱས་པ་ལ་མི་རྟག་པའི་ཁྱབ་པ་འཇལ་བའི་དེར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་དེས་སྒྲའི་བྱས་པ་ལ་མི་རྟག་པའི་ཁྱབ་པ་རྟོགས་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། ཚུར་མཐོང་གི་རྒྱུད་ཀྱི་ཚད་མ་ཆོས་ཅན། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་འཛིན་སེམས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། དང་པོ་གྲུབ་སྟེ། དེ་སྐོར་གྱི་ཕྱོགས་ཆོས་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། དེའི་ཉེར་འབྲས་སུ་གྱུར་པའི་དེ་འདྲའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དེས་དྲངས་ནས་སྐྱེས་པའི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་འཇལ་བའི་རྟོག་པ་བཅད་ཤེས་དེའི་ཉེར་འབྲས་སུ་གྱུར་པའི་བྱས་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དེས་དྲངས་ནས་སྐྱེས་པའི་དེ་འདྲའི་རྟོག་པ་བཅད་ཤེས་ཡོད་པ་གང་ཞིག །དེའི་རྒྱུད་ཀྱི་དེ་འདྲའི་རྟོག་པ་བཅད་ཤེས་ཀྱི་ཉེར་འབྲས་སུ་གྱུར་པའི་བྱས་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་རྒྱུད་ཀྱི་ཚད་མ་དེས་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ལ་ངེས་ཤེས་འདྲེན་ནུས་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་དེ་སྐོར་གྱི་ཚུལ་གསུམ་འཇལ་བའི་རྟོག་པ་བཅད་ཤེས་དེའི་ཉེར་འབྲས་སུ་གྱུར་པའི་བྱས་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དེ་འདྲའི་རྟོག་པ་བཅད་ཤེས་དེ་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་འཛིན་སེམས་ཡིན་པའི་ཕྱིར། རྩ་བར་འདོད་ན། ཚད་མ་དེ་རྟགས་འཛིན་སེམས་སུ་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་དེ་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་འཛིན་སེམས་ལ་གནས་པའི་གང་ཟག་ཏུ་ཐལ། དེའི་རྒྱུད་ལ་དེ་སྐོར་གྱི་རྟགས་འཛིན་སེམས་ཡོད་པའི་ཕྱིར། འདོད་ན། ཚུར་མཐོང་ཆོས་ཅན། ཁྱོད་ཀྱིས་མ་རྟོགས་པའི་ཆོས་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན་བྱང་འཕགས་ཆོས་ཅན། ཁྱོད་ཀྱིས་མ་རྟོགས་པའི་ཆོས་ཡོད་པར་ཐལ། ཁྱོད་གསར་དུ་མི་བསླུ་བའི་རིག་པའི་རྟགས་ཀྱིས་རྣམ་མཁྱེན་ཚད་མར་སྒྲུབ་པའི་རྟགས་འཛིན་སེམས་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་རྒྱུད་ལ་དེ་སྐོར་གྱི་རྟགས་འཛིན་སེམས་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་རྣམ་མཁྱེན་ཚད་མར་རྟོགས་པའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་དེ་ལྟར་རྟོགས་པའི་ཚད་མ་ཡོད་པ་གང་ཞིག །དེའི་རྒྱུད་ལ་དེ་ལྟར་རྟོགས་པའི་མངོན་སུམ་མེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་ལྟར་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་ན། སངས་འཕགས་ཡིན་དགོས་པའི་ཕྱིར་ཏེ། རྣམ་མཁྱེན་ཚད་མ་ཡིན་པ་དེ་རྣམ་མཁྱེན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བྱང་འཕགས་ཀྱི་རྒྱུད་ལ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་མེད་དོ་ཟེར་ན། དེ་ཡོད་པར་ཐལ། དེའི་རྒྱུད་ལ་གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ཡོད་པའི་ཕྱིར་ཏེ། བྱང་སེམས་སྒོམ་ལམ་པའི་རྒྱུད་ལ་དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཟག་བཅས་སྒོམ་ལམ་ཡོད་པའི་ཕྱིར་ཏེ། སྤྱིར་གང་ཟག་གི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཟག་བཅས་སྒོམ་ལམ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བྱང་འཕགས་ཀྱི་རྒྱུད་ལ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་མེད་པར་ཐལ། བྱང་འཕགས་ཡིན་ན་སྒྲ་མི་རྟག་པར་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ལ་དབྱེ་ན། དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་དེ། དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་དེ། དེ་སྐོར་གྱི་ལྡོག་ཁྱབ་འཇལ་བའི་དེ་གསུམ་དུ་ཡོད་དོ་ཟེར་ན། དེ་མི་འཐད་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་བྱས་པར་འཇལ་བའི་ཚད་མ་དེ་དེ་སྐོར་གྱི་རྟགས་འཛིན་སེམས་ཡིན་ཀྱང་། དེ་དེ་གསུམ་གང་རུང་མ་ཡིན་པའི་ཕྱིར། གཞན་ཡང་། དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་ཡིན་ན། དེ་སྐོར་གྱི་རྟགས་འཛིན་སེམས་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྟགས་འཛིན་སེམས་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་སྐོར་གྱི་ཕྱོགས་ཆོས་དེ་རྟགས་འཛིན་སེམས་ཀྱི་གཞལ་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེད་ཡོད་པར་སྒྲུབ་པའི་རྟགས་འཛིན་སེམས་ཡིན་པའི་ཕྱིར། མ་གྲུབ་ན་འགལ་ལོ། །གཞན་ཡང་། སྦྱོར་བ་སྐོར་གཅིག་གི་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་ཡིན་ན། སྦྱོར་བ་སྐོར་གཅིག་གི་རྟགས་འཛིན་སེམས་ཡིན་དགོས་པར་ཐལ། བྱས་རྟགས་ལ་དེའི་ཕྱིར། འདོད་ན། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ཡོད་པར་ཐལ། དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་སྐོར་གྱི་ཕྱོགས་ཆོས་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་སྐོར་གྱི་རྟགས་ཅན་རྗེས་དཔག་ཡོད་པར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུར་རོ་ད་ལྟར་བའི་རྟགས་ཀྱིས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། དེ་སྐོར་གྱི་རྟགས་ཅན་རྗེས་དཔག་ཡོད་པའི་ཕྱིར་ཏེ། དེ་སྐོར་གྱི་རྟགས་འཛིན་སེམས་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བུར་རོ་ད་ལྟར་བའི་རྟགས་ལས་ཁ་ནང་བུ་རམ་གོང་བུའི་སྟེང་དུ། བུར་གཟུགས་ད་ལྟར་བ་ཡོད་པར་རྟོགས་པའི་རྗེས་དཔག་དེའི་ཉེར་ལེན་དུ་གྱུར་པའི་རྟགས་འཛིན་སེམས་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་འདྲའི་རྗེས་དཔག་དེ་བུར་རོ་ད་ལྟར་བ་ཕྱི་མའི་རྟགས་ལས་ཁ་ནང་བུར་རྡོག་ལ། བུར་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྟགས་འཛིན་ལ་བརྟེན་ནས་སྐྱེས་པའི་ཕྱིར། ཁ་ཅིག་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་དཔག་ཡིན་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཡིན་པས་ཁྱབ་ཟེར་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་བྱས་པར་འཇལ་བའི་རྗེས་དཔག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་སྐོར་གྱི་ཚད་མ་གང་ཞིག །རྗེས་དཔག་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྐོར་གྱི་རྟགས་འཛིན་སེམས་གང་ཞིག །ཚད་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་འཛིན་སེམས་ཡིན་ན། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་ཤེས་པ་ཡིན་པས་ཁྱབ་ཟེར་ན། དེ་མ་ཁྱབ་པར་ཐལ། དེ་སྐོར་གྱི་རང་དོན་སྐབས་ཀྱི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་གི་རྒྱུད་ལ་དེ་སྐོར་གྱི་རྟགས་འཛིན་སེམས་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་སྐོར་གྱི་རྟགས་འཛིན་སེམས་ཡོད་པར་ཐལ། ཁྱོད་བྱས་པ་དེ་སྒྲུབ་ཀྱི་རང་དོན་སྐབས་ཀྱི་རྟགས་ཡང་དག་ཏུ་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ཡིན་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགོད་པ་སྐབས་སུ་བབས་པའི་གང་ཟག་གི་རྒྱུད་ཀྱི་ཤེས་པ་ཡིན་པས་ཁྱབ་ཟེར་ན། དེ་མ་ཁྱབ་པར་ཐལ། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་སྔ་རྒོལ་ཡང་དག་གི་རྒྱུད་ལ་དེ་སྐོར་གྱི་རྟགས་འཛིན་སེམས་ཡོད་པའི་ཕྱིར། དེ་སྐོར་གྱི་སྔ་རྒོལ་ཡང་དག་ཏུ་གྱུར་པའི་ཚུར་མཐོང་གི་རྒྱུད་ཀྱི་དེ་ཡོད་པའི་ཕྱིར་ཏེ། དེ་འདྲའི་ཚུར་མཐོང་གི་རྒྱུད་ཀྱི་བྱས་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་ཅིག་དང་པོ་དེའི་ཉེར་ལེན་དུ་གྱུར་པའི་རྟགས་འཛིན་སེམས་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་དུ་གྱུར་པའི་རྟགས་འཛིན་སེམས་ཡོད་པར་ཐལ། ཁྱོད་བྱས་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་ཅིག་དང་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བྱས་ན་མི་རྟག་པའི་ཁྱབ་པའི་འཇལ་བའི་ཚད་མ་དེ། དེ་འདྲའི་ཁྱབ་པ་འཇལ་བའི་ཚད་མའི་གཞལ་བྱར་གྱུར་པའི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་རྟགས་འཛིན་སེམས་ཡིན་ནོ་ཟེར་ན། དེ་འདྲ་བའི་ཚད་མ་དེ་ཁྱབ་པ་འཇལ་བའི་རྣམ་མཁྱེན་གྱི་གཞལ་བྱར་གྱུར་པའི་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་འཇལ་བའི་རྟགས་འཛིན་སེམས་སུ་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་འདྲ་བའི་ཚད་མ་དེ་རྣམ་མཁྱེན་གྱི་གཞལ་བྱར་གྱུར་པའི་དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་དེར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་དེར་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། སྒྲ་བྱས་པར་འཇལ་བའི་ཚད་མ་དེ་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་དང་། བྱས་ན་མི་རྟག་པའི་ཁྱབ་པ་འཇལ་བའི་ཚད་མ་དེ། དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་དེ་དང་། རྟག་ན་མ་བྱས་པའི་ཁྱབ་པ་འཇལ་བའི་ཚད་མ་དེ། དེ་སྐོར་གྱི་ལྡོག་ཁྱབ་འཇལ་བའི་དེ་ཡིན་ཟེར་ན། ཚད་མ་དེ་རྣམས་རེ་རེ་ནས་ཆོས་ཅན། སེམས་ཅན་གྱི་རྒྱུད་ཀྱི་ཤེས་པར་ཐལ། རྟགས་འཛིན་སེམས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་རྒྱུད་ལ་ལྡན་པའི་སངས་འཕགས་ཡོད་པའི་ཕྱིར། ཁ་ཅིག་ན་རེ། རྟགས་འཛིན་སེམས་ཡིན་ན། དྲན་ཤེས་ཡིན་པས་ཁྱབ་སྟེ། དེར་གྱུར་པའི་མངོན་སུམ་ཡང་མེད། དེར་གྱུར་པའི་རྗེས་དཔག་ཀྱང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་མ་མདོ་ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་མངོན་འདོད་ཅེས་བྱ་བ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་རྟགས་འཛིན་སེམས་དེ་མངོན་སུམ་ལྟར་སྣང་གི་དབྱེ་བར་བསྟན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །ཞེས་རྟགས་འཛིན་སེམས་དང་། རྟགས་ཅན་རྗེས་དཔག་གཉིས་སོ་སོར་བསྟན་པའི་ཕྱིར་ཟེར་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་གི་རྒྱུད་ལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་དྲན་པའི་དྲན་ཤེས་ཡོད་པར་ཐལ། དེའི་རྒྱུད་ལ་དེ་འདྲ་བའི་རྟགས་འཛིན་སེམས་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་དེ་སྐོར་གྱི་ཚུལ་གསུམ་འཇལ་བའི་རྟོག་པ་བཅད་ཤེས་དེ་དེ་སྐོར་གྱི་ཚུལ་གསུམ་འཇལ་བའི་རྟགས་འཛིན་སེམས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་དྲན་པ་སྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རྟགས་འཛིན་སེམས་ཡིན་ན་སེམས་ཡིན་པས་ཁྱབ་ཟེར་ན། དེ་མ་ཁྱབ་པར་ཐལ། དེར་གྱུར་པའི་གཙོ་སེམས་ཀྱི་འཁོར་དུ་གྱུར་པའི་སེམས་བྱུང་དེ་རྟགས་འཛིན་སེམས་ཡིན་པའི་ཕྱིར། །

རང་ལུགས་ཀྱི་རྟགས་འཛིན་སེམས་ཀྱི་མཚན་ཉིད་སོགས་བཤད་པ།

༈ རང་ལུགས་བཞག་པ་ལ། རྟགས་འཛིན་སེམས་ལ་མཚན་ཉིད། དབྱེ་བ། སྒྲ་བཤད་པ་དང་གསུམ། དང་པོ་ནི། བྱས་རྟགས་ཀྱིས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དང་། དེ་སྐོར་གྱི་རྟགས་འཛིན་སེམས་གང་རུང་ཡང་ཡིན། སྒྲ་བྱས་པ་ལ་མི་བསླུ་བའི་རིག་པ་དང་། བྱས་ན་མི་རྟག་པའི་ཁྱབ་པ་ལ་དེ་དང་། རྟག་ན་མ་བྱས་པའི་ཁྱབ་པ་ལ་མི་བསླུ་བའི་རིག་པ་གསུམ་གང་རུང་ཡང་ཡིན་པའི་གཞི་མཐུན་གང་ཞིག །རང་གི་ཉེ་འབྲས་སུ་གྱུར་པའི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཅན་རྗེས་དཔག་གི་རྒྱུ་བྱེད་པ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ཀྱི་མཚན་ཉིད། གཉིས་པ་ནི། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ལ་དབྱེ་ན། དེ་སྐོར་གྱི་ཕྱོགས་ཆོས་དང་། དེ་སྐོར་གྱི་རྗེས་ཁྱབ་གཉིས་ཀྱི་ནང་ནས། དེ་སྐོར་གྱི་ཕྱོགས་ཆོས་རྐྱང་པ་འཇལ་བའི་དེ་སྐོར་གྱི་རྟགས་འཛིན་སེམས་གཅིག་དང་། དེ་གཉིས་ཀྱི་ནང་ནས་དེ་སྐོར་གྱི་རྗེས་ཁྱབ་རྐྱང་པ་འཇལ་བའི་དེ་སྐོར་གྱི་རྟགས་འཛིན་སེམས་གཅིག་དང་། དེ་སྐོར་གྱི་ཚུལ་གསུམ་ཀ་འཇལ་བའི་དེ་སྐོར་གྱི་རྟགས་འཛིན་སེམས་གཅིག་དང་། དེ་གསུམ་གང་ཡང་མ་ཡིན་པའི་དེ་སྐོར་གྱི་རྟགས་འཛིན་སེམས་གཅིག་དང་བཞིར་ཡོད་པ་ཡིན་པའི་ཕྱིར་ཏེ། འཐད་ལྡན་ལས། རྟགས་མ་འཁྲུལ་པར་འཛིན་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་ཆོས་ཅན་ལ་མི་ལྟོས་པར་ཁྱབ་པ་སྤྱིར་འཛིན་པ་ཡིན་ལ། གཞན་ནི་ཕྱོགས་ཀྱི་ཆོས་སུ་བཟུང་ན། བཟུང་བ་ཟིན་པ་ཉིད་དྲན་པ་སྟེ། ཞེས་གསུངས་པའི་ཕྱིར། དེ་ཡང་རྟགས་མ་འཁྲུལ་པར་འཛིན་པ་ནི་རྣམ་པ་གཉིས་ཏེ། ཞེས་པ་ནས། འཛིན་པ་ཡིན་ལ། ཞེས་པའི་བར་གྱིས། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་དེ་སྒྲུབ་ཀྱི་རྗེས་ཁྱབ་འཇལ་བའི་ཚད་མ་དེ། དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་རྟགས་འཛིན་སེམས་སུ་བསྟན། གཞན་ནི་ཕྱོགས་ཀྱི་ཆོས་སུ་བཟུང་ན། ཞེས་པས། དེའི་རྒྱུད་ཀྱི་དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་ཚད་མ་དེ། དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་སུ་བསྟན། བཟུང་བ་ཟིན་པ་ཉིད་དྲན་པ་སྟེ། ཞེས་པས། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་འཛིན་སེམས་སུ་གྱུར་བའི་དྲན་ཤེས་དེ་བསྟན་པ་ཡིན་ནོ། །མཚན་གཞི་ནི། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་ཚད་མ་དེ། དང་པོའི་མཚན་གཞི་ཡིན། དེའི་རྒྱུད་ཀྱི་དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་ཚད་མ་དེ། གཉིས་པའི་མཚན་གཞི་ཡིན། དེའི་རྒྱུད་ཀྱི་དེ་སྐོར་གྱི་ཚུལ་གསུམ་འཇལ་བའི་ཚད་མ་དེ། གསུམ་པའི་མཚན་གཞི་ཡིན། དེའི་རྒྱུད་ཀྱི་སྒྲ་བྱས་པར་འཇལ་བའི་ཚད་མ་དེ་དང་། བྱས་ན་མི་རྟག་པའི་ཁྱབ་པ་འཇལ་བའི་ཚད་མ་དང་། དེའི་རྒྱུད་ཀྱི་རྟག་ན་མ་བྱས་པའི་ཁྱབ་པ་འཇལ་བའི་ཚད་མ་རྣམས། བཞི་པའི་མཚན་གཞི་ཡིན་ནོ། །འོ་ན། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་དང་། དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་དེ་དང་། དེ་སྐོར་གྱི་ལྡོག་ཁྱབ་འཇལ་བའི་དེ་གསུམ་གྱི་ནང་ནས་གང་གཙོ་ཆེ་བ་ཡིན་ཞེ་ན། དེ་གསུམ་གྱི་ནང་ནས་དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་གཙོ་ཆེ་བ་ཡིན་ཏེ། དེ་སྐོར་གྱི་ཚུལ་གསུམ་གྱི་ནང་ནས། དེ་སྐོར་གྱི་ཕྱོགས་ཆོས་གཙོ་ཆེ་བ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་། ཐར་ལམ་གསལ་བྱེད་ལས། རྟགས་རྩོད་གཞི་ལ་འཛིན་པ་ཉིད་རྟགས་འཛིན་གྱི་གཙོ་བོ་དང་འབྲེལ་པ་འཛིན་པ་ཕལ་བའི་ཚུལ་དུ་གནས་ཏེ། ཞེས་གསུངས་པའི་ཕྱིར། །

༈ གསུམ་པ་སྒྲ་བཤད་པ་ནི། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་གཙོ་སེམས་དེ་ལ། དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་དེ་སྐོར་གྱི་རྟགས་ཚུལ་དང་པོ་འཛིན་པའི་སེམས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེའི་རྒྱུད་ཀྱི་དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་གཙོ་སེམས་དེ་ལ། དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་རྟགས་འཛིན་སེམས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་སྐོར་གྱི་རྟགས་ཚུལ་གཉིས་པ་འཛིན་པའི་སེམས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེའི་རྒྱུད་ཀྱི་དེ་སྐོར་གྱི་ལྡོག་ཁྱབ་འཇལ་བའི་གཙོ་སེམས་དེ་ལ། དེ་སྐོར་གྱི་ལྡོག་ཁྱབ་འཇལ་བའི་རྟགས་འཛིན་སེམས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་དེ་སྐོར་གྱི་རྟགས་ཚུལ་གསུམ་པ་འཛིན་པའི་སེམས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། །

༈ བློ་གྲོས་ཆེན་པོས་མཐོང་ཉིད་ལས། །ཞེས་སོགས་ཀྱི་སྐབས་སུ། ངག་དོན་ནི། བྱང་སེམས་འཕགས་པའི་རྒྱུད་ཀྱི་ཁ་དོག་འཛིན་པའི་དབང་མངོན་གྱི་རྗེས་སུ་ཁ་དོག་མི་རྟག་པར་བསྒྲུབ་པ་ལ། རྟགས་དང་རྗེས་དཔག་འཇུག་པ་དོན་མེད་དེ། དེའི་རྒྱུད་ཀྱི་ཁ་དོག་འཛིན་པའི་དབང་མངོན་དེས། ཁ་དོག་རྣམས་མཐོང་བ་ན། ཁ་དོག་མི་རྟག་པར་ངེས་པ་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ལ་ཁ་དོག་རྟག་འཛིན་གྱི་ནང་གི་འཁྲུལ་རྒྱུར་གྱུར་པའི་བློ་ངན་པ་མེད་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། གཞུང་འདིའི་སྐབས་ནས་དངོས་སུ་བསྟན་པའི་བློ་གྲོས་ཆེན་པོའི་གང་ཟག་ཡིན་ན། ཐེག་ཆེན་འཕགས་པ་ཡིན་པས་ཁྱབ་ཟེར་ན། དེ་མི་འཐད་དེ། ཉན་ཐོས་དགྲ་བཅོམ་པ་དེ་དེའི་སྐབས་ནས་དངོས་སུ་བསྟན་པའི་བློ་གྲོས་ཆེན་པོའི་གང་ཟག་ཡིན་པའི་ཕྱིར་ཏེ། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཁ་དོག་འཛིན་པའི་དབང་མངོན་གྱིས་ཁ་དོག་རྣམས་མཐོང་བ་ན་ཁ་དོག་མི་རྟག་པར་མཐོང་བའི་ཕྱིར། །

འགལ་དམིགས་ཀྱི་རྟགས་ཀྱི་དབྱེ་བ་བཤད་པ།

༈ འགལ་ཏེ་ཆོས་ནི་ཐ་དད་དམ། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། ཀུན་ལ་སྦྱོར་བ་ཐ་དད་ཉིད། །ཅེས་པའི་སྐབས་སུ། འགལ་དམིགས་ཀྱི་རྟགས་ཡང་དག་ཐམས་ཅད་རང་གི་དགག་བྱ་འགོག་ཚུལ་མཐུན་ཡང་། སྦྱོར་བ་འགོད་ཚུལ་གྱི་སྒོ་ནས་དབྱེ་ན་དུ་མ་ཡོད་དོ། །བྱས་པ་ལ་ཁོ་ན་རེ། འོ་ན། འགལ་དམིགས་ཀྱི་རྟགས་ཡང་དག་དེ་ལ་གཙོ་བོའི་སྒོ་ནས་དབྱེ་ན་དུ་ཡོད་ཅེ་ན། དེ་ལ་གཙོ་བོའི་སྒོ་ནས་དབྱེ་ན། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་གཅིག་དང་། ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་གཅིག་དང་གཉིས་སུ་ཡོད་ཅེས་འཆད་པར་བྱེད་པ་ལ། འགལ་ཏེ་ཆོས་ནི་ཐ་དད་དམ། །ཞེས་སོགས་རྐང་པ་གཉིས་བྱུང་། དང་པོའི་མཚན་གཞི་ངོས་འཛིན་པར་བྱེད་པ་ལ། ཁ་བ་མེད་པར་སྒྲུབ་པ་ལ། །མེ་དང་། ཞེས་པ་འདི་བྱུང་། གཉིས་པའི་མཚན་གཞི་ངོས་འཛིན་པར་བྱེད་པ་ལ། སྐྱེ་ལ་ཡོད་གནོད་བཞིན། ཞེས་པ་འདི་བྱུང་། དེ་ལྟར་ཡིན་ན། མ་དམིགས་པའི་རྟགས་ཡང་དག་དེ་ལ། འགལ་དམིགས་ཀྱི་རྟགས་ཡང་དག་གཅིག་པུར་གྲངས་ངེས་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པ་ལྟར་དུ་མེ་མེད་པ་དེ། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཇི་ལྟར་དངོས་ཉིད་སྒྲུབ་པ་ལ། །ཞེས་སོགས་རྐང་པ་བཞི་བྱུང་། འོ་ན། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་ངེས་སུ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། སྒྲ་དང་རྟག་པ་གང་རུང་དེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། སྒྲ་དང་རྟག་པ་གང་རུང་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེས་ནི་རྟོག་པས་སྦྱར་བའི་ཆོས། །ཞེས་སོགས་རྐང་པ་བཞི་བྱུང་། འོ་ན། འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་དེ་ལ། རྒྱུ་མ་དམིགས་པའི་རྟགས་ཡང་དག་གཅིག་པུར་ངེས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཤིང་མེད་པ་དེ་ཤིང་མེད་ཀྱི་བྲག་རྫོང་དུ་ཤ་པ་མེད་པར་སྒྲུབ་པའི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ལའང་ཁྱབ་པར་བྱེད་པའི་ཆོས། །ཞེས་སོགས་རྐང་པ་བཞི་བྱུང་། འོ་ན། འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ལ། རྒྱུ་མ་དམིགས་པའི་རྟགས་ཡང་དག་དང་། ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གཉིས་སུ་གྲངས་ངེས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བུམ་པ་ཚད་མས་མ་དམིགས་པ་དེ། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ། བུམ་པ་མེད་པར་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མེད་པ་ལ་ནི་དེ་ཉིད་ཀྱི། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་མ་དམིགས་པའི་རྟགས་ཡང་དག་དེ་ལ་གཙོ་བོའི་སྒོ་ནས་དབྱེ་ན། རྒྱུ་མ་དམིགས་པའི་རྟགས་ཡང་དག །ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག །རང་བཞིན་མ་དམིགས་པའི་རྟགས་ཡང་དག་གསུམ་ཡོད། ཅེས་འཆད་པར་བྱེད་པ་ལ། མི་དམིགས་པ་ནི་འདི་ཙམ་ཞིག །ཅེས་སོགས་བྱུང་། །

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། རང་ཉིད་དང་ལྷན་ཅིག་མི་གནས་འགལ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ། དེ་སྒྲུབ་ཀྱི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། རང་ཉིད་དང་ཕན་ཚུན་སྤངས་འགལ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ། དེ་སྒྲུབ་ཀྱི་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། དང་པོ་ལ། རྭ་ཅན་ཆོས་ཅན། མདུན་གྱི་གོང་བུ་རྭ་ཅན་དེ་རྟ་མ་ཡིན་པར་སྒྲུབ་པའི་མཚན་ཉིད་ཀྱི་ཟུར་ཕྱི་མ་དེར་ཐལ། དེ་སྒྲུབ་ཀྱི་མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། དཔེར་ན་གོང་བུ་རྭ་ཅན་འདི། །རྭ་ཅན་ཉིད་ཕྱིར་རྟ་མིན་བཞིན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། རྟ་དེ་དེ་འདྲ་བའི་གཞི་མཐུན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟ་དང་རྭ་ཅན་ལྷན་ཅིག་མི་གནས་འགལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་གཞི་གཅིག་གི་སྟེང་དུ་རྒྱུན་གནོད་མེད་དུ་ལྷན་ཅིག་ཏུ་ཚོགས་པ་ཡོད་པའི་ཕྱིར། གཞན་ཡང་། རྭ་ཅན་ཆོས་ཅན། མདུན་གྱི་གོང་བུ་རྭ་ཅན་རྟ་མ་ཡིན་པར་སྒྲུབ་པའི་མཚོན་བྱ་གཉིས་པ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་ཕྱི་མ་གྲུབ་སྟེ། རྟ་དེ་དེ་འདྲ་བའི་གཞི་མཐུན་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་མཚོན་བྱ་དང་པོ་དེའི་ཕྱིར། གཞན་ཡང་། བྱས་པ་ཆོས་ཅན། རང་ཉིད་ཀྱི་རྟགས་ཀྱིས་སྒྲ་རྟག་དངོས་མ་ཡིན་པར་སྒྲུབ་པའི་དགག་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། རང་ཉིད་དང་ཕན་ཚུན་སྤངས་འགལ་ཡང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། དེ་སྒྲུབ་ཀྱི་མཚོན་བྱ་དེའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་གཅིག་ཤོས་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པའི་ཕྱིར། རྩ་བར་འདོད་ན། རྟག་དངོས་དེ་འདྲ་བའི་གཞི་མཐུན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟག་དངོས་དེ་བྱས་པ་དང་ཕན་ཚུན་སྤངས་འགལ་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླ་དམིགས་པའི་སྒྲུབ་པ་རྟགས་སུ་སྦྱར་བ་དེ། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་ནོ་ཟེར་ན། བྱས་པ་ཆོས་ཅན། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་མཚན་ཉིད་ཀྱི་ཟུར་གཉིས་པ་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །སྒྲུབ་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་དགག་བྱའི་ཆོས་ཀྱི་འགལ་ཟླ་དམིགས་པའི་སྒྲུབ་པ་དེ། བྱས་རྟགས་ཀྱིས་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་རྟགས་སུ་སྦྱར་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲུབ་པ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པར་ཐལ། བྱས་པ་དེ་དགག་བྱའི་ཆོས་ཀྱི་འགལ་ཟླ་དམིགས་པའི་སྒྲུབ་པ་རྟགས་སུ་སྦྱར་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བྱས་པ་ཆོས་ཅན། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་དེར་ཐལ། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། བྱས་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་དགག་བྱའི་ཆོས་ཀྱི་འགལ་ཟླ་དམིགས་པའི་སྒྲུབ་པ་རྟགས་སུ་སྦྱར་བ་ཡིན་པར་ཐལ། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །མ་ཡིན་དགག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་འདྲའི་འགལ་ཟླ་དམིགས་པའི་དགག་པ་རྟགས་སུ་སྦྱར་བ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། བྱས་པ་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་དེ་འདྲའི་སྒྲུབ་པ་རྟགས་སུ་སྦྱར་བ་ཡིན་པའི་ཕྱིར། རྟགས་ཁས། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། རང་ཉིད་དང་རྫས་ཐ་དད་ཀྱང་ཡིན་པའི་གཞི་མཐུན་སྲིད་པ་དེ། དེ་སྒྲུབ་ཀྱི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཟེར་བ་དང་། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་དེ། དེ་འདྲའི་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར། གྲང་རེག་སྟོབས་ཆེན་པ་མེད་པར་སྒྲུབ་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་ཟེར་བ་ནང་འགལ་ཏེ། འོ་ན། དེ་འདྲའི་དངོས་པོ་ཆོས་ཅན། རང་ཉིད་ཀྱི་རྟགས་ཀྱིས་དེས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་གྲང་རེག་སྟོབས་ཆེན་མེད་པར་སྒྲུབ་པའི་ཟུར་གཉིས་པ་དེར་ཐལ། དེ་སྒྲུབ་ཀྱི་མཚོན་བྱ་དེའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། གྲང་རེག་སྟོབས་ཆེན་པ་དེ་མེད་པར་སྒྲུབ་པའི་ཟུར་གཉིས་པ་དེར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དེ་སྐོར་གྱི་དགག་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་དང་ཕན་ཚུན་ཐ་དད་པ་དེ་བུམ་པ་དང་ཕན་ཚུན་ཐ་དད་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་དང་ཕན་ཚུན་ཐ་དད་མེད་པར་སྒྲུབ་པའི་དགག་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་དང་ཕན་ཚུན་ཐ་དད་ཆོས་ཅན། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཟུང་བྱ་མ་ཡིན་པར་ཐལ། བུམ་པ་དང་ཕན་ཚུན་ཐ་དད་ཚད་མས་མ་དམིགས་པའི་ས་ཕྱོགས་དེ་ཁྱོད་ཡིན་པའི་ཕྱིར། གཞན་ཡང་། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་ཡིན་ན། གྲང་རེག་སྟོབས་ཆེན་པ་མེད་པས་ཁྱབ་པར་ཐལ། དེ་འདྲ་བའི་དངོས་པོ་དེ། དེ་འདྲ་བའི་ཤར་ཕྱོགས་ཀྱི་གཞིར་གྲང་རེག་སྟོབས་ཆེན་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། གྲང་རེག་སྟོབས་ཆེན་པ་དང་རྫས་གཞན་དུ་གྱུར་པའི་མེ་སྟོབས་ཆེན་པོའི་དངོས་པོ་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། འདོད་མི་ནུས་ཏེ། དེ་དང་རྫས་གཞན་ཡིན་པའི་ཕྱིར་ཏེ། དེ་དང་རྫས་གཞན་དུ་གྱུར་པའི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར་ཏེ། དེ་དང་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། གཞན་ཡང་། དམྱལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ས་གཞི་ཆོས་ཅན། གྲང་རེག་སྟོབས་ཆེན་པ་ཡོད་པར་ཐལ། གྲང་རེག་སྟོབས་ཆེན་པ་ལ་ལོངས་སྤྱོད་པའི་གང་ཟག་ཡོད་པའི་ཕྱིར་ཏེ། གྲང་དམྱལ་བརྒྱད་པོའི་གང་ཟག་དེ་དེ་ཡིན་པའི་ཕྱིར་ཏེ། དེ་འདྲའི་གང་ཟག་ཡོད་པའི་ཕྱིར། གྲང་དམྱལ་བརྒྱད་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། དམྱལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། འགལ་དམིགས་ཀྱི་རྟགས་ཡང་དག་གི་རྣམ་གཞག་སྤྱིར་བཤད་པ་དང་། འགལ་བའི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། མ་ཡིན་དགག་དང་སྒྲུབ་པ་གང་རུང་གང་ཞིག །དེ་སྒྲུབ་ཀྱི་མ་དམིགས་པའི་ཚུལ་གསུམ་དེ་དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཡིན། བྱས་པ་ལ། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྟག་པ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཟུང་བྱ་དང་། བྱས་པ་རྟག་པ་དང་འགལ་བ་གང་ཞིག །དེ་ལྟར་སྒྲུབ་པ་ལ། བྱས་པ་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། འགལ་དམིགས་ཀྱི་རྟགས་ཡང་དག་ལ་དབྱེ་ན། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་དང་། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་དེ་གཉིས། དང་པོའི་མཚན་ཉིད། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡང་ཡིན། རང་ཉིད་དང་རྫས་ཐ་དད་ཀྱང་ཡིན་པའི་གཞི་མཐུན་སྲིད་པ་དེ་དེ་སྒྲུབ་ཀྱི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དེའི་མཚན་ཉིད་ཡིན། སྤྱིར་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དེ་ལ་དབྱེ་ན། རྒྱུ་འགལ་དམིགས་ཀྱི་རྟགས་ཡང་དག །ཁྱབ་བྱེད་འགལ་དམིགས་ཀྱི་རྟགས་ཡང་དག །རང་བཞིན་འགལ་དམིགས་ཀྱི་དེ། འགལ་འབྲས་དམིགས་པའི་དེ། རྒྱུ་དང་འགལ་བའི་འབྲས་དམིགས་ཀྱི་དེ། འབྲས་བུ་འགལ་དམིགས་ཀྱི་དེ་དང་དྲུག་ཏུ་ཡོད་དོ། །དང་པོ་ནི། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་རྫས་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་རྫས། རང་ཉིད་ཀྱི་གཞི་ན་གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་ཡུན་རིང་མི་གནས་པར་སྒྲུབ་པའི་རྒྱུ་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། གྲང་འབྲས་སྤུ་ལོང་བྱེད་དེ་དེ་འདྲ་བའི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང་། གྲང་རེག་སྟོབས་ཆེན་པ་དེ་གྲང་འབྲས་སྤུ་ལོང་བྱེད་ཀྱི་རྒྱུ་དང་། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་རྫས་དེ། གྲང་རེག་སྟོབས་ཆེན་པ་དང་འགལ་བ་གང་ཞིག །མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་རྫས་དེ། དེས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་རྫས་རང་ཉིད་ཀྱི་གཞི་ན་གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་ཡུན་རིང་དུ་མི་གནས་པར་སྒྲུབ་པ་ལ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་རྫས་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་ནི། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་རྫས་དེ། དེས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་རྫས་རང་ཉིད་ཀྱི་གཞི་ན། ཁ་བའི་རེག་པ་སྟོབས་ཆེན་རྒྱུན་ཆགས་པ་ཡུན་རིང་དུ་མི་གནས་པར་སྒྲུབ་པའི་ཁྱབ་བྱེད་འགལ་དམིགས་ཀྱི་དེ་ཡིན་ཏེ། ཁ་བའི་རེག་པ་སྟོབས་ཆེན་པོ་དེ་དེ་སྐོར་གྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང་། གྲང་རེག་སྟོབས་ཆེན་པ་ཁ་བའི་རེག་པ་སྟོབས་ཆེན་པའི་ཁྱབ་བྱེད་དང་། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་རྫས་དེ། གྲང་རེག་སྟོབས་ཆེན་པ་དང་འགལ་བ་གང་ཞིག །དེས་ཁྱབ་པར་ནོན་པའི་རྫས་དེ་དེ་ལྟར་སྒྲུབ་པ་ལ། དེ་འདྲའི་རྫས་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་ཕྱིར། གསུམ་པ་ནི། དེ་འདྲ་བའི་རྫས་དེ་དེ་འདྲ་བའི་ཤར་ཕྱོགས་ཀྱི་རྫས་རང་ཉིད་ཀྱི་གཞི་ན་གྲང་རེག་སྟོབས་ཆེན་པ་རྒྱུན་ཆགས་མི་གནས་པར་སྒྲུབ་པའི་གསུམ་པ་ཡིན་ཏེ། གྲང་རེག་སྟོབས་ཆེན་པ་དེ་སྐོར་གྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང་། གྲང་རེག་སྟོབས་ཆེན་པ་དེ་ཁོ་རང་གི་རང་བཞིན་དང་། དེ་འདྲ་བའི་རྫས་དེ་གྲང་རེག་སྟོབས་ཆེན་པ་དང་འགལ་བ་གང་ཞིག །དེས་ཁྱབ་པར་ནོན་པའི་རྫས་དེ་དེ་ལྟར་སྒྲུབ་པ་ལ་དེ་འདྲ་བའི་རྫས་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་ཕྱིར། བཞི་པ་ནི། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་རྫས་དེ། དེས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་རྫས། རང་ཉིད་ཀྱི་གཞི་ན་གྲང་རེག་སྟོབས་ཆེན་པ་རྒྱུན་ཆགས་ཡུན་རིང་དུ་མི་གནས་པར་སྒྲུབ་པའི་བཞི་པ་ཡིན་ཏེ། གྲང་རེག་སྟོབས་ཆེན་པ་དེ་སྐོར་གྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང་། དེས་ཁྱབ་པར་ནོན་པའི་རྫས་དེ་གྲང་རེག་སྟོབས་ཆེན་པ་དང་འགལ་བ་དང་། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་རྫས་དེ། དེ་ལྟར་སྒྲུབ་པ་ལ། དེ་འདྲའི་རྫས་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་ཕྱིར། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་རྫས་དེ། དེ་འདྲའི་ཤར་ཕྱོགས་ཀྱི་རྫས་རང་ཉིད་ཀྱི་གཞི་ན་གྲང་འབྲས་སྤུ་ལོང་བྱེད་ཡུན་རིང་དུ་མི་གནས་པར་སྒྲུབ་པའི་ལྔ་པ་ཡིན་ཏེ། གྲང་འབྲས་སྤུ་ལོང་བྱེད་དེ། དེ་སྐོར་གྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང་། གྲང་རེག་སྟོབས་ཆེན་པ་དེ་གྲང་འབྲས་སྤུ་ལོང་བྱེད་ཀྱི་རྒྱུ་དང་། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་རྫས་དེ། གྲང་རེག་སྟོབས་ཆེན་པ་དང་འགལ་བ་དང་། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་རྫས་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་རྫས་ཀྱི་འབྲས་བུ་དང་། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་རྫས་དེ་དེ་ལྟར་སྒྲུབ་པ་ལ་དེ་འདྲ་བའི་རྫས་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་ཕྱིར། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་རྫས་དེ་དེ་འདྲ་བའི་ཤར་ཕྱོགས་ཀྱི་རྫས་རང་ཉིད་ཀྱི་གཞི་ན། གྲང་རྒྱུ་ནུས་པ་ཐོགས་མེད་ཡུན་རིང་དུ་མི་གནས་པར་སྒྲུབ་པའི་དྲུག་པ་དེ་ཡིན་ཏེ། གྲང་རྒྱུའི་ནུས་པ་ཐོགས་མེད་དེ། དེ་སྐོར་གྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང་། གྲང་རྒྱུའི་ནུས་པ་ཐོགས་མེད་གྲང་རེག་སྟོབས་ཆེན་པའི་རྒྱུ་དང་། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་རྫས་དེ། གྲང་རེག་སྟོབས་ཆེན་པ་དང་འགལ་བ་དང་། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་རྫས་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་རྫས་ཀྱི་འབྲས་བུ་དང་། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་རྫས་དེ་དེ་ལྟར་སྒྲུབ་པ་ལ། དེ་འདྲའི་རྫས་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་ཕྱིར། །

༈ གཉིས་པ་འགལ་བའི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ནི། རང་ཉིད་དང་ཆོས་དེའི་གཞི་མཐུན་མི་སྲིད་པ་གང་ཞིག །རང་ཉིད་ཆོས་དེ་དང་ཐ་དད། འགལ་བ་ཡིན་པའི་མཚན་ཉིད། སྤྱིར་འགལ་བ་དང་ཕན་ཚུན་སྤངས་འགལ་དོན་གཅིག །འགལ་བ་ལ་དབྱེ་ན། དངོས་འགལ་དང་། བརྒྱུད་འགལ་གཉིས། རང་ཉིད་དང་ཆོས་དེ་རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་མི་མཐུན་པར་གནས་ཤིང་། རང་ཉིད་དང་ཆོས་དེ་གཉིས་ཀྱི་བར་ན་གཉིས་མིན་གྱི་ཕུང་གསུམ་པ་ཡང་མེད། གཉིས་ཡིན་གྱི་ཕུང་གསུམ་པ་ཡང་མེད་པ་གང་ཞིག །རང་ཉིད་ཆོས་དེ་དང་འགལ་བར་དམིགས་པ། རང་ཉིད་ཆོས་དེ་དང་དངོས་འགལ་ཡིན་པའི་མཚན་ཉིད། དཔེར་ན། རྟག་མི་རྟག་གཉིས་ལྟ་བུའོ། །ཆོས་དེ་དང་འགལ་བ་གང་ཞིག །ཆོས་དེ་དང་དངོས་འགལ་བ་མིན་པ་དེ་ཆོས་དེ་དང་བརྒྱུད་འགལ་ཡིན་པའི་མཚན་ཉིད། སྤྱིར་བརྒྱུད་འགལ་ལ་དབྱེ་ན། བརྒྱུད་འགལ་ཙམ་པོ་བ་དང་། ལྷན་ཅིག་མི་གནས་འགལ་གཉིས། དང་པོ་ནི། ཀ་བུམ་གཉིས་ལྟ་བུ། གཉིས་པ་ནི། གནོད་བྱ་གནོད་བྱེད་ཀྱི་སྒོ་ནས་རྫས་ཐ་དད་ཡིན་པ་གང་ཞིག །གཞི་གཅིག་གི་སྟེང་དུ་རྒྱུན་གནོད་མེད་དུ་ལྷན་ཅིག་ཏུ་འཕྲད་དུ་མི་རུང་བ་དེ་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། དེ་ལ་ཁོ་རང་དུ་གྱུར་པའི་བེམ་པོ། ཤེས་པ། ལྡན་མིན་འདུ་བྱེད་གསུམ་ཡོད། དང་པོ་ནི། ཚ་གྲང་གཉིས་ལྟ་བུའོ། །གཉིས་པ་ནི། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང་། གང་ཟག་གི་བདག་འཛིན་ལྟ་བུའོ། །གསུམ་པ་ནི། བྱ་རོག་དང་འུག་པ་ལྟ་བུ་ལ་བྱེད་དོ། །དེས་ན་མི་བསླུ་བའི་རིག་པ་ཡིན་ན། རང་གི་གཞལ་བྱ་ལ་སྒྲོ་འདོགས་དང་ལྷན་ཅིག་མི་གནས་འགལ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་དེ་ལ་གནོད་པས་ཁྱབ་པའི་ཕྱིར། འོ་ན། ཁ་བ་མེད་པར་སྒྲུབ་པ་ལ། །ཞེས་བཤད་ན། ཚ་རེག་སྟོབས་ཆེན་པས། གྲང་རེག་སྟོབས་ཆེན་པ་ལ་གནོད་པའི་ཚུལ་དེ་གང་ཞེ་ན། དེ་ཡང་ལྡོག་པ་མྱུར་བའི་དབང་དུ་བྱས་ན། ཚ་རེག་སྟོབས་ཆེན་པ་དང་། གཅིག་ཤོས་གཉིས་འཕྲད་པའི་སྐད་ཅིག་དང་པོ་ལ། གྲང་རེག་སྟོབས་ཆེན་པའི་ནུས་པ་ཆུང་ངུར་བྱས། སྐད་ཅིག་གཉིས་པ་ལ་གྲང་རེག་སྟོབས་ཆེན་པོའི་ནུས་པ་ལྡོག་པར་བྱས། སྐད་ཅིག་གསུམ་པ་ལ་གྲང་རེག་སྟོབས་ཆེན་པ་རྒྱུན་ཆད་པར་བྱས་ནས་གཞི་དེར། ཚ་རེག་སྟོབས་ཆེན་པས་ཁྱབ་པར་ནོན་པའི་སྒོ་ནས་གནོད་པ་ཡིན་པའི་ཕྱིར། འོ་ན། འགལ་དམིགས་ཀྱི་རྟགས་ཡང་དག་བསྟན་པའི་སྒོ་ནས། ཚ་རེག་སྟོབས་ཆེན་པས་གྲང་རེག་སྟོབས་ཆེན་པ་ལ་གནོད་པའི་ཚུལ་བསྟན་པ་ལ་དགོས་པ་གང་ཡོད་ཅེ་ན། དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། ཚ་རེག་སྟོབས་ཆེན་པས། གྲང་རེག་སྟོབས་ཆེན་པ་ལ་གནོད་པ་ལྟར་དུ་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས། གང་ཟག་གི་བདག་འཛིན་ལ་གནོད་པའི་ཚུལ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། དེ་ལྟར་དུ་ཡང་། ཐར་ལམ་གསལ་བྱེད་ལས། འདིས་མཚོན་ནས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་ལ་གནོད་ཚུལ་ཤེས་པར་བྱའོ། །ཞེས་གསུངས། ངག་དོན་ནི། འགལ་དམིགས་ཀྱི་རྟགས་ཡང་དག་ལ་གཉིས་སུ་ཡོད་དེ། དེ་ལ་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དེ་དང་། ཕན་ཚུན་སྤང་འགལ་ལ་བརྟེན་པའི་དེ་གཉིས་སུ་ཡོད་པའི་ཕྱིར། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་རྫས་ཆོས་ཅན། དེས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་རྫས་རང་ཉིད་ཀྱི་གཞི་ན་ཁ་བའི་རེག་པ་སྟོབས་ཆེན་པ་ཡུན་རིང་དུ་མི་གནས་པར་སྒྲུབ་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག །ཁ་བའི་རེག་པ་སྟོབས་ཆེན་པ་དང་རྫས་གཞན་ཡིན་པའི་ཕྱིར། ཡོད་པ་ཆོས་ཅན། མྱུ་གུ་རང་དང་བདག་ཉིད་གཅིག་པའི་རང་གི་རྒྱུ་ལས་མི་སྐྱེ་བར་སྒྲུབ་པའི་ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག །རང་དང་བདག་ཉིད་གཅིག་པའི་རང་གི་རྒྱུ་དང་རྫས་ཐ་དད་མ་ཡིན་པའི་ཕྱིར། དེས་ན་ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་དེ་ལ་དབྱེ་ན། ངེས་པས་ལྟོས་པ་འགོག་པའི་འགལ་དམིགས་ཀྱི་རྟགས་ཡང་དག་གཅིག་དང་། ལྟོས་པས་ངེས་པ་འགོག་པའི་འགལ་དམིགས་ཀྱི་རྟགས་ཡང་དག་གཉིས། དང་པོ་ནི། བྱས་པ་ཆོས་ཅན། རང་ཉིད་འཇིག་པ་རང་ལས་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་མེད་ཡིན་ཏེ། རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། རང་གྲུབ་ཙམ་ནས་འཇིག་ངེས་ལྟ་བུའོ། །གཉིས་པ་ནི། གོས་དཀར་པོ་ཆོས་ཅན། རང་གྲུབ་ཙམ་ནས་དམར་པོའི་ཚོན་ཅན་དུ་མ་ངེས་ཏེ། རང་ཉིད་དམར་པོའི་ཚོན་ཅན་དུ་འགྱུར་བ་ལ་རང་ལས་ཕྱིས་འབྱུང་གི་དམར་པོའི་ཚོན་ལ་ལྟོས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། རང་ཉིད་དམར་པོའི་ཚོན་ཅན་དུ་འགྱུར་བ་རང་ལས་ཕྱིས་འབྱུང་གི་དམར་པོའི་ཚོན་ལ་ལྟོས་པ་ལྟ་བུའོ། །རྩོད་པ་སྤང་བ་ལ། ཁ་ཅིག་ན་རེ། མ་ཡིན་དགག་དེ་རྟག་དངོས་ཀྱི་འགལ་ཟླ་དམིགས་པ་རྟགས་སུ་སྦྱར་བའི་རིགས་སུ་གནས་པ་ཡིན་པར་ཐལ། དེ་བུམ་པ་མ་ཡིན་པ་ལས་ལོག་པ་རྟག་དངོས་མ་ཡིན་པར་སྒྲུབ་པའི་དགག་བྱའི་ཆོས་ཀྱི་འགལ་ཟླ་དམིགས་པ་རྟགས་སུ་སྦྱར་བའི་རིགས་སུ་གནས་པ་ཡིན་པའི་ཕྱིར། མ་གྲུབ་ན། མ་ཡིན་དགག་ཆོས་ཅན། དེར་ཐལ། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པའི་ཕྱིར། རྩ་བར་འདོད་བྱས་པ་ལ། དགག་པ་དེ་ཡང་དེ་རྟགས་སུ་སྦྱར་བའི་རིགས་སུ་གནས་པ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་བུམ་པ་མ་ཡིན་པ་ལས་ལོག་པ་རྟག་དངོས་མ་ཡིན་པར་སྒྲུབ་པའི་དགག་བྱའི་ཆོས་ཀྱི་འགལ་ཟླ་དམིགས་པ་རྟགས་སུ་སྦྱར་བའི་རིགས་སུ་གནས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །འདོད་པའི་ཕྱིར། འདོད་ན། མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར་ཟེར་ན། ཁོ་རང་ལ། དགག་པ་ཞེས་པའི་ངག་གི་འཕང་བྱར་གྱུར་པའི་སྒྲུབ་པ་ཡོད་པར་ཐལ། མ་ཡིན་དགག་ཅེས་པའི་ངག་གི་འཕང་བྱར་གྱུར་པའི་སྒྲུབ་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རྟག་དངོས་ཀྱིས་སྟོང་པའི་མ་ཡིན་དགག་ཅེས་པའི་ངག་གི་འཕང་བྱར་གྱུར་པའི་སྒྲུབ་པ་ཡོད་པའི་ཕྱིར། འདོད་ན། མེད་དགག་ཅེས་པའི་ངག་གི་འཕང་བྱར་གྱུར་པའི་སྒྲུབ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཉིད་ཅེས་པའི་ངག་གི་འཕང་བྱར་གྱུར་པའི་སྒྲུབ་པ་ཡོད་པར་ཐལ་ལོ། །ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་ན། དེ་སྒྲུབ་ཀྱི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པས་ཁྱབ་ཟེར་ན། སྐད་ཅིག་མ་ཆོས་ཅན། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་ཐལ་ཕྱིར། རྟགས་གྲུབ་སྟེ། རྟག་པ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཟུང་བྱ་དང་། སྐད་ཅིག་མ་དེ་རྟག་པའི་འགལ་ཟླ་མི་རྟག་པའི་རང་བཞིན་གྱི་གཙོ་བོ་ཡིན་པའི་ཕྱིར། །

མངོན་སུམ་གྱི་ངོ་བོ་ལ་ལོག་རྟོག་སེལ་ཚུལ།

ལོག་རྟོག་སེལ་བྱེད་ཀྱི་གཞུང་ངོས་བཟུང་བ།

༈ མངོན་སུམ་རྟོག་དང་བྲལ་བར་ནི། །ཞེས་སོགས་རྐང་པ་གཉིས་པོ་འདི་གང་ལས་འཕྲོས་ན། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པ་ནས། དྲན་མིན་མ་ཡིན་འཁྲུལ་ཕྱིར་རོ། །ཞེས་པའི་བར་གྱིས་ཚད་མའི་གྲངས་དང་སྤྱོད་ཡུལ་ལ་ལོག་རྟོག་བསལ་བའི་སྒོ་ནས་ཚད་མའི་གྲངས་ངེས་དང་། གཞལ་བྱའི་གྲངས་ངེས་བསྟན་ནས། མངོན་སུམ་རང་གི་ངོ་བོ་ལ་ལོག་རྟོག་བསལ་བའི་སྒོ་ནས། མངོན་སུམ་རང་གི་ངོ་བོ་འཆད་པར་བྱེད་པ་ལ། མངོན་སུམ་རྟོག་དང་བྲལ་བར་ནི། །ཞེས་སོགས་བྱུང་བ་ཡིན་ཏེ། དེ་སྐད་དུ་ཡང་ལྷའི་འགྲེལ་པ་ལས། ལོག་པར་རྟོག་པ་བཞིའི་ནང་ནས་གྲངས་ལ་ལོག་པར་རྟོག་པ་བསལ་ནས། རང་གི་ངོ་བོ་ལ་ལོག་པར་རྟོག་པ་བསལ་བར་བྱེད་པ་ལ། མངོན་སུམ་རྟོག་དང་བྲལ་བར་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཞེས་གསུངས་པའི་ཕྱིར། འོ་ན། མངོན་སུམ་རང་གི་ངོ་བོ་ལ་ལོག་རྟོག་སེལ་ན། ལོག་རྟོག་དེ་གང་། དེ་སེལ་བྱེད་ཀྱི་གཞུང་ཇི་ལྟ་བུ་ཞེ་ན། སྤྱིར་མངོན་སུམ་ལ་ལོག་པར་རྟོག་པའི་ལོག་རྟོག་དེ་ལ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ལོག་རྟོག་དངོས་དང་། ལོག་རྟོག་གི་རིགས་གནས་གཉིས། དང་པོ་ནི། མངོན་སུམ་ཡང་ཡིན། མངོན་སུམ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་འཛིན་པའི་རྟོག་པ་དེ། མངོན་སུམ་ལ་ལོག་པར་རྟོག་པའི་ལོག་རྟོག་དངོས་ཡིན་ལ། མངོན་སུམ་ལ་ལོག་པར་རྟོག་པའི་ལོག་རྟོག་གི་རིགས་གནས་དེ་ལ་དབྱེ་ན། དབང་མངོན་རྟོག་པར་འདོད་པའི་ལོག་རྟོག །ཡིད་མངོན་མེད་པར་འདོད་པའི་ལོག་རྟོག །རང་རིག་མེད་པར་འདོད་པའི་ལོག་རྟོག །རྣལ་འབྱོར་མངོན་སུམ་མེད་པར་འདོད་པའི་ལོག་རྟོག་དང་བཞིར་ཡོད་དོ། །འོ་ན། ལོག་རྟོག་དེ་རྣམས་གང་ཟག་གང་དང་གང་གི་རྒྱུད་ལ་ཡོད་ཅེ་ན། དེ་ཡང་བྱེ་བྲག་པ། རིགས་པ་ཅན་པ། རིག་བྱེད་པ། སྤྱོད་པ་པ། གྲངས་ཅན་པ་རྣམས་ཀྱི་རྒྱུད་ལ་དབང་མངོན་རྟོག་པར་འདོད་པའི་ལོག་རྟོག་ཡོད་དེ། དེ་རྣམས་ཀྱིས་གཟུགས་འཛིན་དབང་མངོན། གཟུགས་སྤྱི་རྟག་དངོས་གཟུང་དོན་དུ་བྱས་པའི་རྟོག་པར་འདོད་པའི་ཕྱིར། ཕྱི་རོལ་པ་ཐམས་ཅད་ཀྱི་རྒྱུད་ལ་ཡིད་མངོན་མེད་པར་འདོད་པའི་ལོག་རྟོག་ཡོད་དེ། དེ་ཐམས་ཅད་ཀྱིས་ཡིད་མངོན་མེད་པར་འདོད་པའི་ཕྱིར། ཕྱི་རོལ་པ་ཐམས་ཅད་དང་། བྱེ་བྲག་སྨྲ་བ་དང་། ཐལ་འགྱུར་བ་རྣམས་ཀྱི་རྒྱུད་ལ་རང་རིག་མེད་པར་འདོད་པའི་ལོག་རྟོག་ཡོད་དེ། དེ་རྣམས་ཀྱིས་རང་རིག་མེད་པར་འདོད་པའི་ཕྱིར། རྒྱང་འཕེན་གྱི་རྒྱུད་ལ་རྣལ་འབྱོར་མངོན་སུམ་མེད་པར་འདོད་པའི་ལོག་རྟོག་ཡོད་དེ། དེས་རྣལ་འབྱོར་མངོན་སུམ་མེད་པར་འདོད་པའི་ཕྱིར། འོ་ན། ལོག་རྟོག་དེ་རྣམས་སེལ་བྱེད་ཀྱི་གཞུང་གང་ཞེ་ན། དེ་ཡང་གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་དམ་བཅའ་ཙམ་ཞིག་འཆད་པར་བྱེད་པ་ལ། ཚད་མ་མདོ་ལས། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པ་འདི་བྱུང་། འདིའི་དོན་བཤད་པའི་སྒོ་ནས། གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་རིགས་པ་རྒྱས་པར་འཆད་པ་ལ། མངོན་སུམ་རྟོག་དང་བྲལ་བར་ནི། །ཞེས་པ་ནས། བརྟེན་ནས་མིག་བློ་སྐྱེ་བར་འགྱུར། །ཞེས་པའི་བར་བྱུང་། དབང་ཤེས་ཀྱི་ཐ་སྙད་འཆད་པར་བྱེད་པ་ལ། ཚད་མ་མདོ་ལས། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་པ་འདི་བྱུང་། འདིའི་དོན་བཤད་པའི་སྒོ་ནས་ཐ་སྙད་ལ་མི་འཐད་པའི་རྩོད་པ་སྤོང་བར་བྱེད་པ་ལ། གལ་ཏེ་མངོན་སུམ་ཤེས་བསྐྱེད་ལ། །ཞེས་པ་ནས། ལོག་པའི་ཕྱིར་ནི་ལྡོག་པར་འགྱུར། །ཞེས་པའི་བར་བྱུང་། གཟུགས་འཛིན་དབང་ཤེས་རྟོག་བྲལ་ཡིན་པའི་ལུང་གི་ཤེས་བྱེད་འགོད་པར་བྱེད་པ་ལ། ཚད་མ་མདོ་ལས། དེ་དོན་དུ་མས་བསྐྱེད་པའི་ཕྱིར། །རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན། །ཞེས་པ་འདི་བྱུང་། འདིའི་དོན་བཤད་པའི་སྒོ་ནས། གཟུགས་འཛིན་དབང་ཤེས་རྟོག་བྲལ་ཡིན་པ་ལ་འགལ་སྤོང་འཆད་པར་བྱེད་པ་ལ། བསགས་པ་དག་ནི་ཚོགས་པ་ཡིན། །ཞེས་པ་ནས། བཀོད་པ་འཛིན་པ་མི་རུང་ཕྱིར། །ཞེས་པའི་བར་བྱུང་། གཟུགས་འཛིན་དབང་ཤེས་རྟོག་བྲལ་ཡིན་པ་ལ་རིགས་པའི་ཤེས་བྱེད་འགོད་པར་བྱེད་པ་ལ། ཚད་མ་མདོ་ལས། དུ་མའི་ངོ་བོ་མཚན་གཞི་ནི། །དབང་པོ་ལ་རྟོག་སྲིད་པ་ཡིན། །ཞེས་པ་འདི་བྱུང་། དེའི་དོན་བཤད་པའི་སྒོ་ནས་གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་སྒྲུབ་པར་བྱེད་པ་ལ། ཆོས་ཅན་ཐམས་ཅད་ལས་ལྡོག་པ། །ཞེས་པ་ནས། བྱེད་པ་ཡིན་ཞེས་བརྗོད་ཟིན་ཏོ། །ཞེས་པའི་བར་བྱུང་། འོ་ན། དབང་མངོན་ལ་ལོག་རྟོག་སེལ་བའི་སྐབས་འདིར། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་ཕྱི་དོན་མེད་པར་སྟོན་པའི་གཞུང་གསུངས་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་གསུངས་པའི་རྒྱུ་མཚན་ཡོད་དེ། དབང་མངོན་ལ་ལོག་པར་རྟོག་པའི་ལོག་རྟོག་གི་རིགས་དེ་ལ། མདོ་སེམས་ཐུན་མོང་བའི་དབང་དུ་བྱས་པ་དང་། སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པ་གཉིས། དང་པོ་ནི། དབང་མངོན་རྟོག་པར་འདོད་པའི་ལོག་རྟོག་ལྟ་བུ་ཡིན། གཉིས་པ་ནི། སེམས་ཙམ་པས་གཟུགས་ཕྱི་རོལ་དོན་དུ་མི་འདོད་ཅིང་། གཟུགས་འཛིན་དབང་ཤེས་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བ་དེ་སྣང་བ་ལྟར་དུ་གྲུབ་པར་འཛིན་པའི་རྟོག་པ་དེ། གཟུགས་འཛིན་དབང་ཤེས་ལ་ལོག་པར་རྟོག་པའི་ལོག་རྟོག་གི་རིགས་ཡིན་པའི་དབང་དུ་བྱས་ནས། དེ་འདྲའི་གཞུང་གསུངས་པའི་ཕྱིར།

དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་རིགས་པ་རྒྱས་པར་འཆད་ཚུལ།

༈ གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པར་འཆད་པ་ལ། གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་རིགས་པ་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་གཟུགས་འཛིན་དབང་ཤེས་དོན་སྦྱོར་རྟོག་བྲལ་དུ་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་དང་། མིང་སྦྱོར་རྟོག་བྲལ་དུ་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་དང་། དེ་རྟོག་པ་ཡིན་པ་ལ་གནོད་བྱེད་བསྟན་པ་དང་བཞི། དང་པོ་འཆད་པར་བྱེད་པ་ལ། མངོན་སུམ་རྟོག་དང་བྲལ་བར་ནི། །ཞེས་པ་ནས། འདིས་ནི་མྱོང་སོགས་བཤད་པ་ཡིན། །ཞེས་པའི་བར་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། ཁྱད་པར་དང་ནི་ཁྱད་པར་གཞི། །ཞེས་པ་ནས། ལྡོག་པ་ཉིད་ལ་སྒྲ་སྦྱོར་ཕྱིར། །ཞེས་པའི་བར་བྱུང་། གསུམ་པ་འཆད་པར་བྱེད་པ་ལ། བརྡ་དྲན་པ་ཡི་རྒྱུ་ཅན་གྱི། །ཞེས་པ་ནས། འཇུག་འགྱུར་ཕྱི་རོལ་མཐོང་མི་འགྱུར། །ཞེས་པའི་བར་བྱུང་། བཞི་པ་འཆད་པར་བྱེད་པ་ལ། གཟུགས་ལ་གཟུགས་ཞེས་མཐོང་བ་ན། །ཞེས་པ་ནས། བརྟེན་ནས་མིག་བློ་སྐྱེ་བར་འགྱུར། །ཞེས་པའི་བར་བྱུང་། འོ་ན། གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་གང་གིས་གྲུབ་ཅེ་ན། དེ་རྟོག་བྲལ་དུ་མངོན་སུམ་གྱིས་གྲུབ་ཅིང་། དེའི་ནང་ནས་ཀྱང་ཁོ་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་གྲུབ་བོ། །ཞེས་འཆད་པར་བྱེད་པ་ལ། མངོན་སུམ་རྟོག་དང་བྲལ། ཞེས་པ་ནས། འགྲུབ་པར་འགྱུར། །ཞེས་པའི་བར་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་མངོན་སུམ་གྱིས་གྲུབ་པ་མི་འཐད་དེ། རྟོག་པ་མངོན་སུམ་ལ་མི་སྣང་བའི་ཕྱིར་ཞེ་ན། མི་འཐད་དེ། དོན་སྦྱོར་རྟོག་པ་དང་། མིང་སྦྱོར་རྟོག་པ་གཉིས་རང་ཉམས་སུ་མྱོང་བའི་རང་རིག་གི་མྱོང་བྱ་ཡིན་པའི་རྒྱུ་མཚན་གྱིས་རང་ཉམས་སུ་མྱོང་བའི་རང་རིག་ལ་སྣང་བའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཀུན་གྱི་རྣམ་རྟོག་མིང་རྟེན་ཅན། །ཞེས་སོགས་བྱུང་། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་ཤེས་རྟོག་པ་ཡིན་པར་ཐལ། དེ་གཟུགས་འདིའོ་སྙམ་པའི་རྟོག་པ་ཡིན་པའི་ཕྱིར་ཞེ་ན། གཟུགས་འཛིན་དབང་ཤེས་དེ་འདིའོ་སྙམ་པའི་རྟོག་པ་མ་ཡིན་ཏེ། རྟོག་པ་ཕྱི་རོལ་ཡུལ་ལ་འཇུག་པ་བསྡུས་ཤིང་། ནང་དུ་ཏིང་འཛིན་ལ་མཉམ་པར་བཞག་པའི་གང་ཟག་དེའི་རྒྱུད་ལ་གཟུགས་འཛིན་དབང་ཤེས་ཡོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། དེ་འདྲ་བའི་གང་ཟག་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་དེ་ཀ་རྟོག་པ་ཡིན་ནོ། །ཟེར་ན། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་རྟོག་པ་ཡིན་པ་མི་འཐད་པར་ཐལ། དེ་རྟོག་པ་ཡིན་ན། དེ་འདྲ་བའི་གང་ཟག་གིས་མཉམ་བཞག་ལས་ལངས་ནས་རྗེས་ཐོབ་ཀྱི་གནས་སྐབས་སུ་དེ་རྟོག་པར་རིགས་པ་ལས། དེ་མི་རིགས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། སླར་ཡང་ཅུང་ཟད་རྣམས་རྟོག་ན། །ཞེས་སོགས་རྐང་པ་གཉིས་བྱུང་། ཡང་ཁོ་ན་རེ། གཟུགས་འཛིན་དབང་ཤེས་རྟོག་པ་ཡིན་ཏེ། དེ་གཟུགས་སྤྱི་རྟག་དངོས་གཟུང་དོན་དུ་བྱེད་པའི་རྟོག་པ་ཡིན་པའི་ཕྱིར་ཞེ་ན། གཟུགས་འཛིན་དབང་ཤེས་དེ་གཟུགས་སྤྱི་རྟག་དངོས་དེ་གཟུང་དོན་དུ་བྱེད་པའི་རྟོག་པ་མ་ཡིན་ཏེ། དེ་གཟུགས་དང་རྫས་གཅིག་པའི་གཟུགས་སྤྱི་རྟག་དངོས་གཟུང་དོན་དུ་བྱེད་པའི་རྟོག་པ་ཡང་མིན། དེ་གཟུགས་དང་རྫས་ཐ་དད་པའི་གཟུགས་སྤྱི་རྟག་དངོས་གཟུང་དོན་དུ་བྱེད་པའི་རྟོག་པ་ཡང་མ་ཡིན་པའི་ཕྱིར། དེ་གཟུགས་སྤྱི་རྟག་དངོས་གཟུང་དོན་དུ་བྱེད་པའི་རྟོག་པ་མིན་ཀྱང་། དེའི་གཟུང་དོན་མེད་མི་དགོས་ཏེ། དེ་གཟུང་དོན་དུ་བྱེད་པའི་རྟོག་པ་ཡིན་ན། གཟུགས་དོན་དམ་པར་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་དགོས་པ་ལས། དེ་མི་འཐད་པའི་ཕྱིར། དེ་གཟུགས་སྤྱི་རྟག་དངོས་གཟུང་དོན་དུ་བྱེད་པའི་རྟོག་པ་ཡིན་ན། དེ་དང་གཟུགས་འཛིན་རྟོག་པ་གཉིས་རང་ཡུལ་ལ་འཇུག་ཚུལ་མཚུངས་དགོས་པ་ལས། དེ་གཉིས་དེ་ལྟར་མཚུངས་པ་ལ་སྒྲུབ་བྱེད་ཡང་དག་ཡང་མེད། དེ་ལྟར་མཚུངས་པ་ལ་གནོད་བྱེད་ཡང་དག་ཡོད་པའི་ཕྱིར། ཞེས་རིགས་པ་བདུན་ཡོད་པའི་ནང་ནས། རིགས་པ་དང་པོ་ནི། དེ་ཡང་གཟུགས་འཛིན་དབང་ཤེས་དེ་གཟུགས་དང་རྫས་གཅིག་པའི་གཟུགས་སྤྱི་རྟག་དངོས་གཟུང་དོན་དུ་བྱེད་པའི་རྟོག་པ་མ་ཡིན་པར་ཐལ། དེ་ལྟར་ཡིན་ན། རྒྱུ་དུས་ཀྱི་གཟུགས་དེ་ཐ་སྙད་ཀྱི་དུས་སུ་ཡོད་དགོས་པ་ལས། དེ་དེའི་དུས་སུ་མེད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གཅིག་ཏུ་མཐོང་བའི་ཁྱད་པར་ནི། ཞེས་སོགས་བྱུང་། གཉིས་པ་ནི། གཟུགས་འཛིན་དབང་ཤེས་དེ། གཟུགས་དང་རྫས་ཐ་དད་པའི་གཟུགས་སྤྱི་རྟག་དངོས་གཟུང་དོན་དུ་བྱེད་པའི་རྟོག་པ་མ་ཡིན་ཏེ། གཟུགས་དང་རྫས་ཐ་དད་པའི་གཟུགས་སྤྱི་རྟག་དངོས་མེད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ལས་སྤྱི་གཞན་ཐ་དད་པ། །ཞེས་སོགས་རྐང་པ་གཉིས་བྱུང་། གསུམ་པ་ནི། གཟུགས་འཛིན་དབང་ཤེས་དེ། གཟུགས་སྤྱི་རྟག་དངོས་གཟུང་དོན་དུ་བྱེད་པའི་རྟོག་པ་མིན་ཀྱང་། དེའི་གཟུང་དོན་མེད་མི་དགོས་ཏེ། དེ་གཟུགས་གཟུང་དོན་དུ་བྱས་པ་ལ་བརྟེན་ནས་སྐྱེས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཕྱིར་དབང་པོ་ལས་སྐྱེས་བློ། །ཞེས་སོགས་རྐང་པ་གཉིས་བྱུང་། བཞི་པ་ནི། གཟུགས་འཛིན་དབང་ཤེས་དེ་གཟུགས་སྤྱི་རྟག་དངོས་གཟུང་དོན་དུ་བྱེད་པའི་རྟོག་པ་ཡིན་ན། གཟུགས་དོན་དམ་པར་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་དགོས་པའི་ཕྱིར། དེ་ལྟར་ཡིན་ན། གཟུགས་དོན་དམ་པར་གཟུགས་འཛིན་རྟོག་པའི་ཡུལ་ཡིན་དགོས། དེ་ཡིན་ན། གཟུགས་དེ་དོན་དམ་པར་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་དགོས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཁྱད་པར་རྣམས་ལ་སྒྲ་དག་ནི། །ཞེས་སོགས་རྐང་པ་དྲུག་བྱུང་། ལྔ་པ་ནི། གཟུགས་འཛིན་དབང་ཤེས་དེ་གཟུགས་སྤྱི་རྟག་དངོས་གཟུང་དོན་དུ་བྱེད་པའི་ཤེས་པ་ཡིན་ན། དེ་དང་གཟུགས་འཛིན་གྱི་རྟོག་པ་གཉིས་རང་ཡུལ་ལ་འཇུག་ཚུལ་མཚུངས་དགོས་སོ། །ཞེས་འཆད་པར་བྱེད་པ་ལ། དེ་ཉིད་ཅེས་ནི་འབྲེལ་བ་ལ། །ཞེས་སོགས་བྱུང་། དེ་གཉིས་རང་ཡུལ་ལ་འཇུག་ཚུལ་མཚུངས་པ་ལ་སྒྲུབ་བྱེད་ཡང་དག་མེད་དོ། །ཞེས་འཆད་པར་བྱེད་པ་ལ། མིག་ལ་དོན་སྣང་བ་ན་ཡང་། །ཞེས་སོགས་བྱུང་། དེ་གཉིས་རང་ཡུལ་ལ་འཇུག་ཚུལ་མཚུངས་པ་ལ་གནོད་བྱེད་སྟོན་པར་བྱེད་པ་ལ། དབང་པོའི་བྱ་བ་མེད་པ་ལ། །ཞེས་སོགས་རྐང་པ་བཞི་བྱུང་། འོ་ན། སྐབས་འདིར། གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པར་དངོས་སུ་བསྟན་ནས། དེ་མ་འཁྲུལ་བར་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པར་དངོས་སུ་མི་སྟོན་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། འདིའི་ཕྱོགས་སྔ་སྨྲ་བ་པོ་རྣམས་ཀྱིས་གཟུགས་འཛིན་དབང་ཤེས་རྟོག་པར་ཁས་ལེན་ཀྱང་། མ་འཁྲུལ་པར་ཁས་ལེན་པའི་ཕྱིར། འོ་ན། སྐབས་འདིར་དབང་ཤེས་རྟོག་བྲལ་དུ་སྒྲུབ་བྱེད་ཀྱི་རིགས་པ་བསྟན་ནས། ཡིད་མངོན་ལ་སོགས་རྟོག་བྲལ་དུ་སྒྲུབ་བྱེད་ཀྱི་རིགས་པ་མི་སྟོན་པའི་རྒྱུ་མཚན་གང་ཞེ་ན། རྒྱུ་མཚན་ཡོད་དེ། འདིའི་ཕྱོགས་སྔ་སྨྲ་བ་པོ་རྣམས་ཀྱིས། དབང་ཤེས་རྟོག་པར་འདོད་ཅིང་། ཡིད་མངོན་ལ་སོགས་པ་རྣམས་རྟོག་པར་མི་འདོད་པའི་ཕྱིར། འོ་ན། གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་བསྟན་པ་ལ་དགོས་པ་གང་ཡོད་ཅེ་ན། དགོས་པ་ཡོད་དེ། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལ་གང་ཟག་གི་བདག་འཛིན་སྤང་དགོས། དེ་སྤོང་བ་ལ་གང་ཟག་གི་བདག་ཁེགས་དགོས། དེ་ཁེགས་པ་ལ་རྟོག་པ་དང་། རྟོག་མེད་ཀྱི་ཤེས་པའི་རྣམ་དབྱེ་ཤེས་དགོས། དེ་ལྟར་དུ་ཤེས་པ་ལ། གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་ཤེས་པའམ། དེ་རྟོག་པར་འདོད་པའི་ལོག་རྟོག་སེལ་དགོས་པའི་ཕྱིར། འོ་ན། མངོན་སུམ་གྱི་ངོ་བོ་ལ་ལོག་རྟོག་བསལ་བ་ལ་དགོས་པ་གང་ཡོད་ཅེ་ན། དགོས་པ་ཡོད་དེ། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལ། ལམ་ཐབས་ཤེས་གཉིས་ཀྱི་རྣམ་གཞག་ཤེས་དགོས། དེ་ཤེས་པ་ལ་བདེན་པ་གཉིས་ཀྱི་རྣམ་གཞག་ཤེས་དགོས། དེ་ལ་གཞལ་བྱ་མངོན་གྱུར་དང་ལྐོག་གྱུར་གྱི་རྣམ་གཞག་ཤེས་དགོས། དེ་ཤེས་པ་ལ་གཞལ་བྱ་མངོན་གྱུར་རྟོག་བྱེད་ཀྱི་ཚད་མ་རྒྱུད་ལ་སྐྱེ་དགོས། དེ་སྐྱེ་བ་ལ་མངོན་སུམ་གྱི་ངོ་བོ་ལ་ལོག་རྟོག་སེལ་དགོས་པའི་ཕྱིར། ངག་དོན་ནི། རྟོག་པ་དང་རྟོག་མེད་ཀྱི་རྣམ་དབྱེ་ལ་མཁས་པའི་སློབ་དཔོན་ཕྱོགས་གླང་ལ་གཟུགས་འཛིན་དབང་མངོན་རྟོག་བྲལ་དུ་སྒྲུབ་པའི་རྟགས་ཡང་དག་འགོད་མི་དགོས་ཏེ། དེས་གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེ་འདྲའི་རྣམ་དབྱེ་ལ་རྨོངས་པའི་རིགས་པ་ཅན་པའི་ངོར་གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་རྟགས་ཡང་དག་འགོད་དགོས་ཏེ། རིགས་པ་ཅན་པ་དེས་གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་རྟགས་ཡང་དག་ལ་བརྟེན་ནས་རྟོགས་དགོས་པའི་ཕྱིར། །

དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་རིགས་པ་ལ་མཐའ་དཔྱད་པ།

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རིགས་པ་ཅན་པའི་ངོར་གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། དེའི་ངོར་དེ་སྒྲུབ་ཀྱི་རྟགས་ཡང་དག་འགོད་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། གྲངས་ཅན་གྱི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ་ལོ་ཟེར་ན། ཁོ་རང་ལ། རིགས་པ་ཅན་པའི་ངོར་གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་རྟགས་ཡང་དག་འགོད་དགོས་པར་ཐལ། གྲངས་ཅན་གྱི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་འགོད་དགོས་པའི་ཕྱིར། དེའི་ངོར། དེ་སྒྲུབ་ཀྱི་རིགས་པ་ཡང་དག་འགོད་དགོས་པའི་ཕྱིར། ཁ་ཅིག་ན་རེ། རིགས་པ་ཅན་པའི་ངོར། གཟུགས་འཛིན་དབང་མངོན་རྟོག་བྲལ་དུ་སྒྲུབ་པའི་རྟགས་ཡང་དག་འགོད་དགོས་ཟེར་ན། གཟུགས་འཛིན་དབང་མངོན་རྟོག་བྲལ་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་འཛིན་དབང་མངོན་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་རྟོག་བྲལ་དུ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དེ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་མངོན་སུམ་དུ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། རྟོག་བྲལ་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་གཅིག་ཡིན་པའི་ཕྱིར། རིགས་གཏེར་གྱི་རྗེས་འབྲང་ཁ་ཅིག་ན་རེ། རིགས་གཏེར་ལས། ཕྱི་ནས་མཚན་ཉིད་འཇོག་པ་འཁྲུལ། །ཞེས་པའི་དོན་ནི། མངོན་སུམ་དང་མངོན་སུམ་གྱི་ཚད་མ་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས་ཏེ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་དེ། དེ་གཉིས་ཀའི་མཚན་ཉིད་ཡིན་པའི་ཕྱིར་ཟེར་ན། མངོན་སུམ་ཚད་མས་ངེས་པའི་གང་ཟག་ཡིན་ན། མངོན་སུམ་གྱི་ཚད་མ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། དེ་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས་པའི་ཕྱིར། འདོད་ན། མངོན་སུམ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་ཚད་མར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། མངོན་སུམ་ཚད་མས་ངེས་པའི་གང་ཟག་ཡིན་ན། མངོན་སུམ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མངོན་སུམ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར། གཞན་ཡང་། ཆོས་དེ་ལ་མངོན་སུམ་ཡིན་ན། ཆོས་དེ་ལ་མངོན་སུམ་གྱི་ཚད་མ་ཡིན་དགོས་པར་ཐལ། མངོན་སུམ་དང་གཅིག་ཤོས་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས་པའི་ཕྱིར། རྟགས་ཁས། འདོད་ན། སྒྲ་རྟག་པར་སྒྲོ་འདོགས་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་མངོན་སུམ་གྱིས་རྟོག་པའི་གང་ཟག་མ་ཡིན་དགོས་པར་ཐལ། ཕུང་པོ་གང་ཟག་གི་བདག་ཏུ་སྒྲོ་འདོགས་པའི་གང་ཟག་ཡིན་ན། ཕུང་པོ་གང་ཟག་གི་བདག་མེད་དུ་མངོན་སུམ་གྱིས་རྟོགས་པའི་གང་ཟག་མ་ཡིན་དགོས་པའི་ཕྱིར། འདོད་ན། གྲངས་ཅན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། སྒྲ་རྟག་པར་ཁས་ལེན་གྱི་གང་ཟག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་དེ། སྒྲ་མི་རྟག་པ་ལ་མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེ་ལ་མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། གྲངས་ཅན་དེ་ཕྲ་བའི་མི་རྟག་པ་མངོན་སུམ་གྱི་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། དེ་སྒྲ་མི་རྟག་པ་མངོན་སུམ་གྱིས་ངེས་པའི་གང་ཟག་གང་ཞིག །སྒྲ་མི་རྟག་པ་ཕྲ་བའི་མི་རྟག་པ་ཡིན་པའི་ཕྱིར། འདོད་ན། གྲངས་ཅན་དེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ཉེས་པ་ཕྲ་མོ་མངོན་སུམ་གྱི་ཚད་མས་ངེས་པའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མདོ་ལས། བྱིས་པ་ལག་མཐིལ་ལྟ་བུ་ཡི། །འདུ་བྱེད་སྡུག་བསྔལ་སྤུ་མི་རིག། །ཅེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རྟོག་པ་དང་བྲལ་ཞིང་རང་ཡུལ་ལ་མ་འཁྲུལ་པའི་རིག་པ་དེ་མངོན་སུམ་གྱི་མཚན་ཉིད་ཟེར་བ་དང་། རྟོག་པ་མ་ཡིན་ན། རྟོག་བྲལ་ཡིན་པས་ཁྱབ་ཟེར་བ་ནང་འགལ་ཏེ། འོ་ན། ཚུར་མཐོང་གི་རྒྱུད་ཀྱི་ཚད་མ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྟོག་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་གྲུབ་སྟེ། རང་གི་འཇུག་ཡུལ་ལ་མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར་ཏེ། ཚད་མ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རྣམ་མཁྱེན་རྟོགས་པའི་མངོན་སུམ་གྱི་ཚད་མ་ཡིན་པར་ཐལ། དེ་རྟོགས་པའི་ཚད་མ་གང་ཞིག །མངོན་སུམ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་ཡིན་པར་གྱུར་པའི་རྟོག་པ་ཡོད་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། རྟོག་བྲལ་གྱི་ཚད་མར་ཐལ། རྟོག་བྲལ་གང་ཞིག །ཚད་མ་ཡིན་པའི་ཕྱིར། འདོད་ན། རྟོག་མེད་ཀྱི་ཚད་མར་ཐལ། འདོད་པའི་ཕྱིར། འདོད་ན། མངོན་སུམ་ཚད་མར་ཐལ། འདོད་པའི་ཕྱིར། གཞན་ཡང་། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། རྟོག་པ་དང་བྲལ་བར་ཐལ། རྟོག་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། རྟོག་པའི་ཟག་པ་དང་བྲལ་བར་ཐལ། འདོད་པའི་ཕྱིར། འདོད་ན། རྟོག་པའི་དེ་དང་བྲལ་བའི་སྒོམ་ལམ་ཡིན་པར་ཐལ། འདོད་པ་གང་ཞིག །སྒོམ་ལམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཟག་མེད་ཀྱི་སྒོམ་ལམ་དུ་ཐལ། འདོད་པའི་ཕྱིར། འདོད་ན། རྣལ་འབྱོར་མངོན་སུམ་དུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཡིན་པར་གྱུར་པའི་རྟོག་པ་ཡོད་པའི་ཕྱིར། གཞན་ཡང་། སོ་སྐྱེ་ཆོས་ཅན། རྟོག་པ་དང་བྲལ་བ་ཡིན་པར་ཐལ། རྟོག་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་དང་ལྡན་པ་ཡིན་པའི་ཕྱིར་ཏེ། དེ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྟོག་པ་དང་བྲལ་ཞིང་རང་གི་སྣང་ཡུལ་གྱི་གཙོ་བོ་ལ་མ་འཁྲུལ་པའི་རིག་པ་དེ། མདོ་སེམས་གཉིས་ཀས་མངོན་སུམ་གྱི་མཚན་ཉིད་དུ་ཁས་ལེན་པ་ཡིན་ནོ་ཟེར་ན། སེམས་ཙམ་པའི་ལུགས་གཞིར་བཞག་ནས་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རང་གི་སྣང་ཡུལ་ལ་མ་འཁྲུལ་པའི་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར་ཏེ། འཁྲུལ་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཆོས་ཅན། རང་གི་སྣང་ཡུལ་གྱི་གཙོ་བོ་ལ་མ་འཁྲུལ་པའི་རིག་པ་ཡིན་པར་ཐལ། གཟུགས་ལ་མ་འཁྲུལ་པའི་རིག་པ་གང་ཞིག །གཟུགས་དེ་ཁྱོད་ཀྱི་སྣང་ཡུལ་གྱི་གཙོ་བོ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན་དེ་ཆོས་ཅན། རང་གི་སྣང་ཡུལ་ལ་མ་འཁྲུལ་པའི་རིག་པ་ཡིན་པར་ཐལ། གཟུགས་ལ་དེ་གང་ཞིག །གཟུགས་ཁྱོད་ཀྱི་སྣང་ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཁས། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གྱི་སྣང་ཡུལ་ཡིན་ན། དེའི་སྣང་ཡུལ་གྱི་གཙོ་བོ་ཡིན་དགོས་པར་ཐལ། དེ་རང་གི་སྣང་ཡུལ་གྱི་གཙོ་བོ་ལ་མ་འཁྲུལ་པའི་རིག་པ་ཡིན་ལ། རང་གི་སྣང་ཡུལ་ལ་མ་འཁྲུལ་པའི་རིག་པ་མ་ཡིན་པའི་ཁྱད་པར་མི་འཐད་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་ཕྱི་རོལ་གྱི་དོན་ཡིན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁོ་ན་རེ། རང་གི་འཇུག་ཡུལ་གྱི་གཙོ་བོ་ལ་མ་འཁྲུལ་པའི་རིག་པ་དེ་མངོན་སུམ་གྱི་མཚན་ཉིད་ཟེར་ན། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། སྒྲ་མི་རྟག་པ་ལ་མ་འཁྲུལ་པའི་རིག་པ་གང་ཞིག །སྒྲ་མི་རྟག་པ་ཁྱོད་ཀྱི་འཇུག་ཡུལ་གྱི་གཙོ་བོ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འཁྲུལ་ཤེས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། །ཞེས་སོགས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རང་གི་འཇུག་ཡུལ་ལ་མ་འཁྲུལ་པའི་རིག་པ་ཡིན་ན། མ་འཁྲུལ་པའི་རིག་པ་ཡིན་དགོས་པར་ཐལ། རང་གི་འཇུག་ཡུལ་རྟོགས་པའི་མ་འཁྲུལ་པའི་རིག་པ་ཡིན་ན། མ་འཁྲུལ་པའི་རིག་པ་ཡིན་དགོས་པའི་ཕྱིར། རང་གི་འཇུག་ཡུལ་རྟོགས་པའི་ཚད་མ་ཡིན་ན། ཚད་མ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་ལ་སྣང་བ་སྣང་བ་ལྟར་དུ་གྲུབ་པར་ཐལ། ཁྱོད་མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར། འདོད་ན། ཁྱོད་ལ་སྣང་ན་ཡོད་པས་ཁྱབ་པར་ཐལ་ལོ། །འདོད་ན། སྒྲ་མི་རྟག་པའི་དོན་སྤྱི་སྒྲ་མི་རྟག་པ་དང་གཅིག་ཡིན་པ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། རང་རེས། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་མངོན་སུམ་གྱི་མཚན་ཉིད་ཡིན། བྱས་པ་ལ། ཁ་ཅིག་ན་རེ། རྟོག་པ་དང་བྲལ་བའི་མ་འཁྲུལ་བའི་རིག་པ་དེ་ཡང་མངོན་སུམ་གྱི་མཚན་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཟླ་བ་གཉིས་སྣང་གི་དབང་ཤེས་ཁྱོད་ཡིན་ན། ཟླ་བ་གཉིས་སྣང་གི་དབང་ཤེས་མངོན་སུམ་ཡིན་དགོས་པར་ཐལ། ཁྱོད་མངོན་སུམ་གྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། གཟུགས་འཛིན་དབང་མངོན་ཆོས་ཅན། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སྦྱར་ནས་ཐལ་ཕྱིར། འཁོར་གསུམ། རྟགས་མ་གྲུབ་བྱས་པ་ལ། དེ་ཆོས་ཅན། ཟླ་བ་གཉིས་སྣང་གི་དབང་ཤེས་རྟོག་པ་དང་བྲལ་ཞིང་། མ་འཁྲུལ་པའི་རིག་པར་ཐལ། དེ་རྟོག་པ་དང་བྲལ་བ་གང་ཞིག །ཁྱོད་མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། གཟུགས་འཛིན་དབང་ཤེས་མངོན་སུམ་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་དེ་མངོན་སུམ་གྱི་མཚན་ཉིད་དང་། གཟུགས་འཛིན་དབང་ཤེས་མངོན་སུམ་གྱི་མཚན་གཞི་ཡིན་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་ན། གཟུགས་འཛིན་དབང་ཤེས་མངོན་སུམ་དུ་རྟོགས་པའི་རྗེས་དཔག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་འཛིན་དབང་ཤེས་གསལ་བར་བརྗོད་པའི་ངག་ཡོད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། ཁོ་རང་ལ་མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་དེ། བུམ་པ་མངོན་གྱུར་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་མངོན་གྱུར་གྱི་མཚན་ཉིད་དང་། བུམ་པ་མངོན་གྱུར་གྱི་མཚན་གཞི་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བུམ་པ་མངོན་གྱུར་དུ་རྟོགས་པའི་རྗེས་དཔག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་མངོན་གྱུར་དུ་བརྗོད་པའི་ངག་ཡོད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་ཆོས་ཅན། བུམ་པ་མངོན་སུམ་ཚད་མས་ངེས་པའི་གང་ཟག་ཡིན་ན། བུམ་པ་ཁྱོད་དུ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་མངོན་སུམ་གྱི་མཚན་ཉིད་ཡིན་པའི་ཕྱིར་ཟེར་ན། དོན་ལ་བྱེད་ན་འདིར་མ་ཁྱབ། ཚིག་ལ་བྱེད་ན་འདོད་བྱས་པ་ལ། སངས་འཕགས་ཆོས་ཅན། བུམ་པ་རྟོག་པ་དང་ཞེས་སོགས་དེར་ཐལ། བུམ་པ་མངོན་སུམ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ཁོ་རང་ལ། སངས་འཕགས་ཆོས་ཅན། བུམ་པ་མངོན་སུམ་ཚད་མས་ངེས་པའི་གང་ཟག་མ་ཡིན་པར་ཐལ། བུམ་པ་མངོན་སུམ་མ་ཡིན་པར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཆོས་ཅན། བུམ་པ་མངོན་སུམ་དང་མངོན་སུམ་མ་ཡིན་པ་གཉིས་ཀར་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། བུམ་པ་མངོན་སུམ་ཚད་མས་ངེས་པའི་གང་ཟག་གང་ཞིག །དེ་དེ་མ་ཡིན་པར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཀར་ཚད་མས་ངེས་པའི་གང་ཟག་གཅིག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་དངོས་འགལ་ཡིན་པའི་ཕྱིར། ཁ་ཅིག །ལྷས་སྦྱིན་ལ་དམིགས་པའི་འདོད་ཆགས་ཀྱི་དངོས་གཉེན་བར་ཆད་མེད་ལམ་ཆོས་ཅན། མ་འཁྲུལ་པའི་རིག་པ་ཡིན་པར་ཐལ། མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར། འདོད་ན། དེ་ཆོས་ཅན། ཁྱོད་ལ་སྣང་བ་སྣང་བ་ལྟར་དུ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལྷས་སྦྱིན་ཡིད་འོང་ཡིན་པར་ཐལ། ཁྱོད་ལ་ལྷས་སྦྱིན་ཡིད་འོང་དུ་སྣང་བ་གང་ཞིག །ཁྱོད་ལ་སྣང་བ་སྣང་བ་ལྟར་དུ་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། ལྷས་སྦྱིན་ལ་དམིགས་པའི་འདོད་ཆགས་དེ་ལ་ལྷས་སྦྱིན་ཡིད་འོང་དུ་སྣང་བ་གང་ཞིག །ཁྱོད་དང་ལྷས་སྦྱིན་ལ་དམིགས་པའི་འདོད་ཆགས་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར་ཏེ། ཁྱོད་དེའི་དངོས་གཉེན་བར་ཆད་མེད་ལམ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། གང་ཟག་གི་བདག་འཛིན་གྱི་དངོས་གཉེན་བར་ཆད་མེད་ལམ་ཆོས་ཅན། ཁྱོད་དང་གང་ཟག་གི་བདག་འཛིན་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པར་ཐལ། ཁྱོད་དེའི་དངོས་གཉེན་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། ཁྱོད་གང་ཟག་གི་བདག་མེད་ཀྱི་རྣམ་པ་ཅན་གྱི་བློ་ཡིན་པར་ཐལ། གང་ཟག་གི་བདག་འཛིན་གང་ཟག་གི་བདག་གི་རྣམ་པ་ཅན་གྱི་བློ་གང་ཞིག །ཁྱོད་དང་གང་ཟག་གི་བདག་འཛིན་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་ཀྱི་རྣམ་པ་ཤར་བའི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་ཁྱོད་ཀྱི་སྣང་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། ཆུ་ཀླུང་རྣག་ཁྲག་ཏུ་སྣང་བའི་ཡི་དྭགས་ཀྱི་མིག་ཤེས་ཆོས་ཅན། མ་འཁྲུལ་པའི་རིག་པ་ཡིན་པར་ཐལ། མངོན་སུམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་སྣང་བ་སྣང་བ་ལྟར་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆུ་ཀླུང་རྣག་ཁྲག་ཡིན་པར་ཐལ། འདོད་པ་གང་ཞིག །ཁྱོད་ལ་ཆུ་ཀླུང་དེར་སྣང་བའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་དེར་སྣང་བའི་མིག་ཤེས་ཡིན་པའི་ཕྱིར། དེ་དེར་སྣང་བའི་ཡི་དྭགས་ཀྱི་མིག་ཤེས་མངོན་སུམ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། དེ་དེར་སྣང་བའི་ཡི་དྭགས་ཀྱི་རང་རིག་ཆོས་ཅན། དེ་དེར་སྣང་བའི་རང་རིག་ཏུ་ཐལ། དེ་དེར་སྣང་བའི་ཡི་དྭགས་ཀྱི་རང་རིག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཁ་ནང་ཁོ་ན་ལ་ཕྱོགས་པའི་ཤེས་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཆུ་ཀླུང་རྣག་ཁྲག་ཏུ་སྣང་བའི་མིག་ཤེས་མེད་པར་ཐལ། དེ་དེར་སྣང་བའི་ཡི་དྭགས་ཀྱི་མིག་ཤེས་ལ། དེ་དེར་མི་སྣང་བའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་དེར་སྣང་བའི་ཡི་དྭགས་ཀྱི་རྒྱུད་ཀྱི་དེ་དེར་སྣང་བའི་མིག་ཤེས་དེ་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། འཁྲུལ་རྒྱུ་བཞི་པོ་གང་རུང་གིས་མ་བསྐྱེད་པའི་རིག་པ། མ་འཁྲུལ་པའི་ཤེས་པའི་མཚན་ཉིད་ཟེར་ན། དེ་མི་འཐད་པར་ཐལ། དེ་བཞི་པོ་གང་རུང་གིས་བསྐྱེད་པ་མེད་པའི་ཕྱིར་ཏེ། དེ་གང་རུང་རྟག་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་པར་མི་བསྐྱེད་པའི་རིག་པ་དེ། མ་འཁྲུལ་པའི་ཤེས་པའི་

མཚན་ཉིད་ཟེར་ན། གང་ཟག་གི་བདག་འཛིན་ལྷན་སྐྱེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། བློ་ལྷན་སྐྱེས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འཁྲུལ་ཤེས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་འཁྲུལ་རྒྱུ་བཞི་པོ་གང་རུང་གིས་ཀྱང་འཁྲུལ་ཤེས་སུ་མ་བསྐྱེད་པའི་རིག་པ་དེ། མ་འཁྲུལ་པའི་ཤེས་པའི་མཚན་ཉིད་ཟེར་ན། ཚུར་མཐོང་གི་རྒྱུད་ཀྱི་ཤེས་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། འཁྲུལ་ཤེས་མ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། མངོན་སུམ་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་སྣང་ཡུལ་ལ་མ་འཁྲུལ་པའི་རིག་པ་དེ། མ་འཁྲུལ་བའི་ཤེས་པའི་མཚན་ཉིད་ཟེར་ན། རྗེས་དཔག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། རང་གི་སྣང་ཡུལ་དུ་གྱུར་པའི་སྤྱི་མཚན་ལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར་ཏེ། སྤྱི་མཚན་ལ་མ་འཁྲུལ་པའི་རིག་པ་གང་ཞིག །སྤྱི་མཚན་ཁྱོད་ཀྱི་སྣང་ཡུལ་གྱི་གཙོ་བོ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རང་གི་འཇུག་ཡུལ་ལ་མ་འཁྲུལ་པའི་རིག་པ་གང་ཞིག །སྤྱི་མཚན་ཁྱོད་ཀྱི་འཇུག་ཡུལ་གྱི་གཙོ་བོ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། འཁྲུལ་ཤེས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྗེས་དཔག་ཆོས་ཅན། རང་གི་སྣང་ཡུལ་ལ་མ་འཁྲུལ་པའི་རིག་པ་མ་ཡིན་པར་ཐལ། དེ་ལ་འཁྲུལ་ཤེས་ཡིན་པའི་ཕྱིར་ཏེ། འཁྲུལ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། རང་གི་སྣང་ཡུལ་ལ་འཁྲུལ་པའི་རིག་པ་དེ། འཁྲུལ་ཤེས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། དེའི་མཚན་ཉིད་ཡོད་པའི་ཕྱིར་ན་མ་ཁྱབ། དེའི་མཚན་ཉིད་ཡོད་དེ། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིགས་སུ་གནས་པའི་རིག་པ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྗེས་དཔག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། རང་གི་སྣང་ཡུལ་ལ་མ་འཁྲུལ་བའི་རིགས་སུ་གནས་པ་ཡིན་པའི་ཕྱིར་ཏེ། རང་གི་སྣང་ཡུལ་ལ་མ་འཁྲུལ་བ་ཡིན་པའི་ཕྱིར། ཁྱབ་སྟེ། རང་གི་སྣང་ཡུལ་ལ་འཁྲུལ་ཤེས་ཡིན་ན། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིགས་སུ་གནས་པ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ཡིན་ན་འཁྲུལ་ཤེས་ཡིན་དགོས། འཁྲུལ་ཤེས་ཡིན་ན། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིགས་སུ་གནས་པ་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། རང་ལ་སྣང་བ་སྣང་བ་ལྟར་དུ་གྲུབ་པའི་རིག་པ་དེ། མ་འཁྲུལ་བའི་ཤེས་པའི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། རྗེས་དཔག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། རང་གི་གཞལ་བྱ་གཞལ་བ་ལྟར་གྲུབ་པའི་རིག་པ་གང་ཞིག །ཁྱོད་ལ་སྣང་ཡུལ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། འཁྲུལ་ཤེས་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། རྗེས་དཔག་གི་གཞལ་བྱ་སྣང་བ་ལྟར་དུ་གྲུབ་པར་ཐལ། རྗེས་དཔག་ལ་སྣང་བ་སྣང་བ་ལྟར་དུ་གྲུབ་པ་གང་ཞིག །རྗེས་དཔག་ལ་སྣང་ན་རྗེས་དཔག་གི་གཞལ་བྱ་ཡིན་དགོས། དེའི་གཞལ་བྱ་ཡིན་ན། དེ་ལ་སྣང་བས་ཁྱབ་པའི་ཕྱིར། འདོད་ན། ཚད་མའི་གཞལ་བྱ་སྣང་བ་ལྟར་དུ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞལ་བྱ་སྣང་བ་ལྟར་དུ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་སྣང་བ་ལྟར་དུ་གྲུབ་པར་ཐལ་ལོ། །འདོད་ན། གཞི་གྲུབ་ན། སྣང་བ་ལྟར་དུ་གྲུབ་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག་ན་རེ། རྣམ་མཁྱེན་ཆོས་ཅན། རང་ལ་སྣང་བ་ཞེས་སོགས་ཀྱི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རྣམ་མཁྱེན་གྱི་སྣང་ཡུལ་སྣང་བ་ལྟར་དུ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་མཁྱེན་གྱི་སྣང་ཡུལ་ཡིན་ན། སྣང་བ་ལྟར་དུ་གྲུབ་པས་ཁྱབ་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག །རང་གི་འཁྲུལ་རྒྱུ་བཞི་པོ་གང་གིས་ཀྱང་འཁྲུལ་པར་མ་བསྐྱེད་ཅིང་། རང་གི་སྣང་ཡུལ་དུ་གྱུར་པའི་རང་མཚན་ལ་མ་འཁྲུལ་པའི་རིག་པ་དེ། མ་འཁྲུལ་བའི་ཤེས་པའི་མཚན་ཉིད་ཟེར་ན། ཚུར་མཐོང་གི་རྒྱུད་ཀྱི་ཚད་མ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་མ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རང་མཚན་ལ་མ་འཁྲུལ་བའི་རིག་པ་གང་ཞིག །རང་མཚན་ཁྱོད་ཀྱི་སྣང་ཡུལ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རང་གི་འཇུག་ཡུལ་ལ་མ་འཁྲུལ་བའི་རིག་པ་གང་ཞིག །རང་མཚན་ཁྱོད་ཀྱི་འཇུག་ཡུལ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རྣམ་མཁྱེན་རྟོགས་པའི་མ་འཁྲུལ་བའི་ཤེས་པར་ཐལ། རྣམ་མཁྱེན་རྟོགས་པའི་ཚད་མ་གང་ཞིག། མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། ཁ་ཅིག །མིག་རབ་རིབ་ཀྱིས་བསླད་པ་ལ་བརྟེན་ནས་བྱུང་བའི་རིག་པ་ཡིན་ན། འཁྲུལ་ཤེས་ཡིན་པས་ཁྱབ་ཟེར་ན། མིག་རབ་རིབ་ཀྱིས་བསླད་པ་ལས་བྱུང་བའི་གཟུགས་འཛིན་མིག་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ལོག་ཤེས་སུ་ཐལ། འདོད་པ་གང་ཞིག །རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་ཞེན་ཡུལ་ཡོད་པའི་ཕྱིར་ཏེ། གཟུགས་དེ་ཁྱོད་ཀྱི་ཞེན་ཡུལ་ཡིན་པའི་ཕྱིར་རོ། །

༈ གཞུང་འདི་གྲུབ་མཐའ་སྨྲ་བ་གང་གི་དབང་དུ་བྱས་པ་ལ། ཁ་ཅིག་ན་རེ། གཞུང་འདི་མདོ་སེམས་ཐུན་མོང་བའི་རང་གཞུང་རྣམ་དག་ཡིན་ནོ་ཟེར་ན། དེ་མ་ཡིན་པར་ཐལ། གཞུང་འདིས་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་བསྟན་པ་གང་ཞིག །སེམས་ཙམ་པས་དེ་དེའི་མཚན་ཉིད་དུ་ཁས་མི་ལེན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་དེ་ལྟར་དུ་སྟོན་པའི་བསྟན་བཅོས་རྣམ་འགྲེལ་གྱི་གཞུང་ཚིག་ཅིག་ཡོད་པའི་ཕྱིར། གཞན་ཡང་། གཞུང་འདི་དེ་མ་ཡིན་པར་ཐལ། འདིས་གཟུང་དོན་ཅན་གྱི་དབང་ཤེས་བསྟན་པ་གང་ཞིག །སེམས་ཙམ་པས་དེ་ཁས་མི་ལེན་པའི་ཕྱིར། དང་པོ་གྲུབ་སྟེ། མངོན་སུམ་རྟོག་དང་བྲལ་བ་ནི། ཞེས་པ་ནས། བྱེད་པ་ཡིན་ཞེས་བརྗོད་ཟིན་ཏོ། །ཞེས་པའི་བར་གྱིས་གཟུང་དོན་ཅན་གྱི་དབང་མངོན་བསྟན་པའི་ཕྱིར་ཏེ། དེའི་བར་གྱི་གཞུང་དེ་གཟུང་དོན་ཅན་གྱི་དབང་མངོན་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར་ཏེ། སྔར་མྱོང་བ་ནི་འཛིན་པ་ན། །ཞེས་པ་ནས། བཞག་དང་བཟུང་ཞེས་བརྗོད་པ་ཡིན། །ཞེས་པའི་བར་འདི་གཟུང་དོན་ཅན་གྱི་ཡིད་མངོན་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མངོན་སུམ་རྟོག་དང་བྲལ་བར་ནི། །ཞེས་པ་ནས། བྱེད་པ་ཡིན་ཞེས་བརྗོད་ཟིན་ཏོ། །ཞེས་པའི་བར་གྱིས་གཟུང་དོན་ཅན་གྱི་དབང་མངོན་འཆད་པ་དེ་མི་འཐད་པར་ཐལ། གལ་ཏེ་མངོན་སུམ་ཤེས་སྐྱེད་ལ། །ཞེས་པ་ནས། གཟུང་དོན་ཅན་གྱི་དབང་མངོན་འཆད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ནས་དབང་ཤེས་ཀྱི་ཐ་སྙད་ལ་མི་འཐད་པའི་རྩོད་སྤོང་འཆད་པའི་ཕྱིར་རོ། །

རང་ལུགས་ཀྱི་མངོན་སུམ་གྱི་མཚན་ཉིད་སོགས་བཤད་པ།

༈ རང་ལུགས་བཞག་པ་ལ། མངོན་སུམ་ལ། མཚན་ཉིད། དབྱེ་བ། གྲངས་ངེས། གོ་རིམས། ཞར་ལ་རྟོག་བྲལ་མ་འཁྲུལ་བའི་དོན་བཤད་པ་དང་ལྔ། དང་པོ་ལ། ཚད་མ་མདོ་ལས་བསྟན་ཚུལ། རྣམ་འགྲེལ་ལས་བསྟན་ཚུལ། རྣམ་ངེས་ལས་བསྟན་ཚུལ། རིགས་ཐིག་ལས་བསྟན་ཚུལ་དང་བཞི། དང་པོ་ནི། དེ་ཉིད་ལས། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ། མངོན་སུམ་གྱི་མཚན་ཉིད་དུ་བསྟན་པ་ཡིན་ཏེ། དེ་ཉིད་ལས། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པས་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་རྟོག་བྲལ་སྨོས་དགོས་པ་དེ་དངོས་སུ་བསྟན། མདོ་རང་འགྲེལ་ལས། ཤེས་པ་གང་ལ་རྟོག་པ་མེད་པ་དེ་ནི་མངོན་སུམ་མོ། །ཞེས་པས་དེའི་ཟུར་གྱི་རིག་པ་དེ་དངོས་སུ་བསྟན་ཅིང་། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་པས་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་མ་འཁྲུལ་བ་སྨོས་དགོས་པ་དེ། དོན་གྱིས་བསྟན་པ་ཡིན་ཏེ། འདིར་ནི་བཞི་པ་དམིགས་བསལ་ཏེ། །ཞེས་སོགས་གསུངས་པའི་ཕྱིར། འོ་ན། རབ་རིབ་བཅས། ཞེས་སྨོས་པ་ལ་དགོས་པ་གང་ཡོད་ཅེ་ན། དེ་ལྟར་སྨོས་པ་ལ་དགོས་པ་ཡོད་དེ། རྟོག་མེད་ལོག་ཤེས་ཐམས་ཅད་མངོན་སུམ་ལྟར་སྣང་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེས་དེ་ལྟར་བསྟན་པ་མི་འཐད་པར་ཐལ། དེས་རབ་རིབ་ཅན་གྱི་དབང་ཤེས་ཁོ་ན་མངོན་སུམ་ལྟར་སྣང་དུ་བསྟན་པའི་ཕྱིར་ཟེར་ན། དེ་ཁོ་ན་བསྟན་པ་མི་འཐད་པར་ཐལ། དེས་རྟོག་མེད་ལོག་ཤེས་ཐམས་ཅད་མངོན་སུམ་ལྟར་སྣང་དུ་བསྟན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ནི་ཉེར་གནས་ལས་སྐྱེད་བརྗོད། །ཅེས་གསུངས། འོ་ན། རབ་རིབ་བཅས་ཞེས་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལ་དགོས་པ་ཡོད་དེ། རབ་རིབ་ཅན་གྱི་དབང་ཤེས་མངོན་སུམ་ལྟར་སྣང་དུ་བསྟན་པ་ལ་བརྟེན་ནས་རྟོག་མེད་ལོག་ཤེས་ཐམས་ཅད་མངོན་སུམ་ལྟར་སྣང་དུ་མཚོན་ནུས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ལ་རབ་རིབ་འབའ་ཞིག་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། གཉིས་པ་རྣམ་འགྲེལ་ལས་བསྟན་ཚུལ་ནི། དེ་ཉིད་ལས། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ། མངོན་སུམ་གྱི་མཚན་ཉིད་དུ་དོན་གྱིས་བསྟན་པ་ཡིན་ཏེ། མངོན་སུམ་རྟོག་དང་བྲལ་བར་ནི། །ཞེས་པས་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་རྟོག་བྲལ་སྨོས་དགོས་པ་དེ་དངོས་སུ་བསྟན་ཅིང་། འདིར་ནི་བཞི་པ་དམིགས་བསལ་ཏེ། །ཞེས་པས་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་མ་འཁྲུལ་བ་སྨོས་དགོས་པ་དེ་དོན་གྱིས་བསྟན་པའི་ཕྱིར། གསུམ་པ་ནི། དེ་ཉིད་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། རབ་རིབ་དང་མྱུར་དུ་བསྐོར་བ་དང་གྲུར་ཞུགས་པ་ལ་སོགས་པའི་འཁྲུལ་པས་འཁྲུལ་པར་མི་སྐྱེད་ཅིང་། རྣམ་པར་རྟོག་པ་མེད་པའི་ཤེས་པ་གང་ཡིན་པ་དེ་ནི་མངོན་སུམ་མོ། །ཞེས་གསུངས་ལ་དེ་ཡང་མངོན་སུམ་ཞེས་པས་མཚོན་བྱ་དངོས་སུ་བསྟན། རྟོག་བྲལ་ཞེས་པས་མཚན་ཉིད་ཀྱི་ཟུར་དུ་རྟོག་བྲལ་སྨོས་དགོས་པ་དེ་དངོས་སུ་བསྟན། རབ་རིབ་དང་སོགས་ཀྱིས་དེའི་མཚན་ཉིད་ཀྱི་ཟུར་དུ་མ་འཁྲུལ་བ་སྨོས་དགོས་པ་དེ་དངོས་སུ་བསྟན། རྣམ་པར་རྟོག་པ་མེད་པའི་ཤེས་པ་ཞེས་པས། དེའི་མཚན་ཉིད་ཀྱི་ཟུར་དུ་རིག་པ་སྨོས་དགོས་པ་དེ་དངོས་སུ་བསྟན་པས། རྣམ་ངེས་སུ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་དངོས་སུ་བསྟན་པ་ཡིན་པའི་ཕྱིར། འོ་ན། རབ་རིབ་དང་མྱུར་དུ་བསྐོར་བ་ཞེས་བཤད་ན་འཁྲུལ་རྒྱུ་བཞི་པོ་དེ་གང་ཞེ་ན། དེ་ལ་འཁྲུལ་རྒྱུ་རྟེན་ལ་ཡོད་པ། ཡུལ་ལ་ཡོད་པ། གནས་ལ་ཡོད་པ། དེ་མ་ཐག་རྐྱེན་ལ་ཡོད་པ་དང་བཞི། དང་པོ་ནི། མིག་རབ་རིབ་ཀྱིས་བསླད་པ་ལ་བརྟེན་ནས་སྐྲ་ཤད་འཛག་སྣང་གི་དབང་ཤེས་ལྟ་བུ། གཉིས་པ་ནི། འགལ་མེ་མྱུར་དུ་བསྐོར་བ་ལས་འཁོར་ལོ་སྣང་བའི་དབང་ཤེས་ལྟ་བུ། གསུམ་པ་ནི། གྲུར་ཞུགས་པ་ལས་ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་ལྟ་བུ། བཞི་པ་ནི། ཡིད་ཞེ་སྡང་གིས་དཀྲུགས་པ་ལས་ས་གཞི་ཁ་དོག་དམར་པོར་སྣང་བའི་དབང་ཤེས་ལྟ་བུ་ལ་བྱེད་པ་ཡིན་ནོ། །བཞི་པ་ནི། རིགས་ཐིགས་ལས། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེའི་མཚན་ཉིད་དུ་དངོས་སུ་བསྟན་པ་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པའོ། །ཞེས་པས་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེའི་མཚན་ཉིད་དུ་དངོས་སུ་བསྟན་པའི་ཕྱིར། འོ་ན། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་ཡིན་ན། དེ་མདོ་སེམས་ཐུན་མོང་བའི་དབང་དུ་བྱས་པ་ཡིན་ནམ། དེ་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ཞེ་ན། འདི་སློབ་དཔོན་དུལ་བ་ལྷའི་བཞེད་པ་ལ། མདོ་སེམས་ཐུན་མོང་བའི་དབང་དུ་བྱས་པ་ཡིན་ཏེ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཞེས་པའི་མ་འཁྲུལ་བའི་རིག་པའི་དོན་དེ་མི་བསླུ་བའི་རིག་པ་ལ་བྱེད་པ་སེམས་ཙམ་པས་ཀྱང་མངོན་སུམ་གྱི་ཚད་མ་ཡིན་ན། མི་བསླུ་བའི་རིག་པ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར་ཟེར། འོ་ན། མ་འཁྲུལ་བའི་རིག་པ་ཞེས་པའི་དོན་མི་བསླུ་བའི་རིག་པ་ལ་བྱེད་པ་མི་འཐད་པར་ཐལ། ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། །ཞེས་སོགས་ཀྱིས་རྗེས་དཔག་འཁྲུལ་ཤེས་སུ་བསྟན་པའི་ཕྱིར། །

༈ རང་ལུགས་ནི། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་ཡིན་པ་དེ། མདོ་སེམས་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། སེམས་ཙམ་པས་ཚུར་མཐོང་གི་རྒྱུད་ཀྱི་དབང་ཤེས་ཡིན་ན། འཁྲུལ་ཤེས་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། འོ་ན། སེམས་ཙམ་པས་འདོད་པའི་མངོན་སུམ་གྱི་མཚན་ཉིད་ཅིག་སྡེ་བདུན་གང་ནས་ཀྱང་མ་བཤད་པར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། རྣམ་ངེས་ལས། གཞན་ནི་བག་ཆགས་བརྟན་པའི་ཕྱིར། །འཁོར་བ་ཇི་སྲིད་མི་འབྲལ་བར། །ཞེས་དང་། ཐ་སྙད་མི་བསླུ་བ་ལ་བརྟེན་ནས་འདིར་ཚད་མ་ཡིན་ལ། ཞེས་རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་བྱུང་གི་རིག་པ་དེ་སེམས་ཙམ་པས་མངོན་སུམ་གྱི་མཚན་ཉིད་དུ་འདོད་པར་བསྟན་པའི་ཕྱིར། དེ་སྐད་དུ་ཡང་རྗེ་བཙུན་ས་པཎ་གྱིས། བག་ཆགས་བརྟན་དང་མི་བརྟན་ལས། །བདེན་དང་རྫུན་པའི་རྣམ་གཞག་བྱེད། །ཅེས་གསུངས་པའི་ཕྱིར། དེས་ན་སེམས་ཙམ་པས་ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་དེ་བག་ཆགས་བརྟན་བྱུང་གི་རིག་པ་མ་ཡིན་པར་ཁས་ལེན་པ་ཡིན་ཏེ། དེས་ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་བག་ཆགས་དེ་བག་ཆགས་མི་བརྟན་པར་ཁས་ལེན་པའི་ཕྱིར། དེས་དེ་འདྲའི་དབང་ཤེས་རྒྱུན་མི་བརྟན་པའི་དབང་ཤེས་སུ་ཁས་ལེན་པའི་ཕྱིར། སེམས་ཙམ་པས་གཟུགས་འཛིན་དབང་ཤེས་ལྟ་བུ་དེ། བག་ཆགས་བརྟན་བྱུང་གི་རིག་པར་ཁས་ལེན་པ་ཡིན་ཏེ། དེས་གཟུགས་མཐོང་བ་གོམས་པའི་བག་ཆགས་དེ་བག་ཆགས་བརྟན་པར་ཁས་ལེན་པའི་ཕྱིར། དེས་གཟུགས་འཛིན་དབང་ཤེས་དེ་རྒྱུན་བརྟན་པའི་དབང་ཤེས་སུ་ཁས་ལེན་པའི་ཕྱིར། འོ་ན། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་ཡིན་ན། མངོན་སུམ་གྱི་མཚན་ཉིད་གྱི་ཟུར་དུ་རྟོག་བྲལ་དང་མ་འཁྲུལ་བའི་རིག་པ་གཉིས་ཀ་སྨོས་པ་ལ་དགོས་པ་གང་ཡོད་ཅེ་ན། དེ་ཡང་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་མ་འཁྲུལ་བའི་རིག་པ་སྨོས་པ་དེ་ནི་གཙོ་བོར་མངོན་སུམ་གྱི་རིགས་མི་མཐུན་སེལ་བའི་དབང་དུ་བྱས་པ་ཡིན་ཏེ། དེ་ལྟར་སྨོས་པ་དེ་ནི་གཙོ་བོར་རྗེས་དཔག་མ་འཁྲུལ་བའི་རིག་པ་ཡིན་པ་བཅད་པའི་ཕྱིར་དུ་སྨོས་པ་ཡིན་པའི་ཕྱིར། དེའི་མཚན་ཉིད་ཀྱི་ཟུར་དུ་རྟོག་བྲལ་སྨོས་པ་ནི། མངོན་སུམ་ལ་གཙོ་བོར་ལོག་རྟོག་སེལ་བའི་དབང་དུ་བྱས་པ་ཡིན་ཏེ། དེ་ལྟར་སྨོས་པ་དེ་ནི་རིགས་པ་ཅན་པ་ལ་སོགས་པས་ཟླ་བ་གཉིས་སྣང་གི་དབང་ཤེས་དེ་རྟོག་མེད་ཀྱི་ཤེས་པ་ཡིན་པས་མངོན་སུམ་ཡིན་ནམ་སྙམ་པའི་ལོག་རྟོག་ཡོད་པས། ལོག་རྟོག་དེ་གཙོ་བོར་སེལ་བའི་ཕྱིར་དུ་སྨོས་པའི་ཕྱིར་ཏེ། མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་རྟོག་བྲལ་སྨོས་པ་དང་མ་འཁྲུལ་པའི་རིག་པ་སྨོས་པ་གཉིས་ཀས་མངོན་སུམ་གྱི་རིགས་མི་མཐུན་དང་ལོག་རྟོག་སེལ་བ་ཡིན་ནོ། །གཉིས་པ། མངོན་སུམ་ལ་དབྱེ་ན། དབང་མངོན། ཡིད་མངོན། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་དང་བཞི་ཡོད་དེ། རྗེ་བཙུན་ས་པཎ་གྱིས། མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲངས་ངེས་ནི། མངོན་སུམ་དེ་ལ་དེ་བཞིར་གྲངས་ངེས་པ་ཡིན་ཏེ། དེ་ལ་དེ་བཞིར་དབྱེར་ཡོད། དེ་ལས་མང་མི་དགོས་ཤིང་དེ་བཞི་ལས་ཉུང་ན་མི་འདུ་བའི་ཕྱིར། བཞི་པ་གོ་རིམ་ནི། དབང་མངོན་སོགས་གསུམ་དང་པོར་བསྟན། དེའི་རྗེས་སུ་རྣལ་འབྱོར་མངོན་སུམ་སྟོན་པའི་གོ་རིམ་ནི། དམན་མཆོག་གི་རིམ་པའི་དབང་དུ་བྱས་པ་ཡིན་ཏེ། དང་པོ་གསུམ་རྒྱུད་ལྡན་གྱི་སོ་སྐྱེ་དང་། འཕགས་པ་གཉིས་ཀ་ཡོད་པས་དམན་པ་དེ་དང་པོར་བསྟན། རྣལ་འབྱོར་མངོན་སུམ་དེ་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་པས་མཆོག་དེ་རྗེས་སུ་བསྟན་པ་ཡིན་པའི་ཕྱིར། དང་པོ་གསུམ་པོ་དེ་ཡང་དང་པོར་དབང་མངོན་དང་ཡིད་མངོན་བསྟན། དེའི་རྗེས་སུ་རང་རིག་མངོན་སུམ་སྟོན་པའི་གོ་རིམ་དེ། མྱོང་བྱ་མྱོང་བྱེད་ཀྱི་གོ་རིམ་གྱི་དབང་དུ་བྱས་པ་ཡིན་ཏེ། དབང་ཡིད་གཉིས་རང་ཉམས་སུ་མྱོང་བའི་རང་གི་མྱོང་བྱ་ཡིན་པའི་རྒྱུ་མཚན་གྱིས་དང་པོར་བསྟན། དེ་ཉམས་སུ་མྱོང་བའི་རང་རིག་དེ་དེ་གཉིས་མྱོང་བྱེད་ཀྱི་ཤེས་པ་ཡིན་པས་རྗེས་སུ་བསྟན་པ་ཡིན་པའི་ཕྱིར། དང་པོ་དེ་གཉིས་ཀྱང་དབང་མངོན་དང་པོར་བསྟན། དེའི་རྗེས་སུ་ཡིད་མངོན་སྟོན་པའི་གོ་རིམ་ནི། རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་པ་ཡིན་ཏེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་དེ་དེའི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་གྱི་རྒྱུ་ཡིན་པའི་ཕྱིར། ཞར་ལ་རྟོག་བྲལ་མ་འཁྲུལ་པའི་དོན་བཤད་པ་ནི། སྒྲ་དོན་འདྲེས་རུང་དུ་འཛིན་པའི་རིགས་སུ་གནས་པའི་ཞེན་རིག་དེ་རྟོག་པའི་མཚན་ཉིད། དེ་དང་བྲལ་བ་རྟོག་བྲལ་གྱི་མཚན་ཉིད་ཡིན་ནོ། །སྒྲ་སྤྱི་དང་དོན་སྤྱིའི་ཁྱད་པར་གང་ཞེ་ན། དེ་ཡང་བུམ་པའི་བརྡ་ལ་མ་བྱང་པའི་བྱིས་པ་ཆུང་ངུའི་རྒྱུད་ཀྱི་བུམ་པ་ཞེས་པའི་ངག་ལ་བརྟེན་ནས་སྐྱེས་པའི་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་དེ་སྒྲ་སྤྱི་རྐྱང་པ་ཡིན་ཏེ། དེ་འདྲའི་རྟོག་པ་དེ་ལ་བུམ་པ་ལྟོ་ལྡིར་བར་མི་སྣང་བའི་ཕྱིར། དེའི་བརྡ་ལ་བྱང་པའི་བྱིས་པ་ཆུང་ངུའི་རྒྱུད་ཀྱི་བུམ་འཛིན་དབང་མངོན་ལ་བརྟེན་ནས་སྐྱེས་པའི་བུམ་པར་སྣང་བ་དེ་དོན་སྤྱི་ཡིན་ཏེ། དེ་འདྲའི་བུམ་འཛིན་རྟོག་པ་ལ་བུམ་པ་ལྟོ་ལྡིར་བར་སྣང་བའི་ཕྱིར། བུམ་པའི་བརྡ་ལ་བྱང་པའི་བརྡ་བྱང་རྒན་པོའི་རྒྱུད་ཀྱི་བུམ་འཛིན་མིག་ཤེས་ལ་བརྟེན་ནས་སྐྱེས་པའི་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་དེ་སྒྲ་སྤྱི་དང་དོན་སྤྱི་གཉིས་ཀ་ཡིན། མངོན་སུམ་དང་རྗེས་དཔག་གང་རུང་གང་ཞིག །རང་ཉིད་འཁྲུལ་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་མ་སྐྱེད་ཅིང་། རང་གི་སྣང་ཡུལ་དུ་གྱུར་པའི་རང་མཚན་ལ་མ་འཁྲུལ་བའི་རིག་པ་དེ། མ་འཁྲུལ་བའི་ཤེས་པའི་མཚན་ཉིད་ཡིན་ནོ། །

༈ རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་དེ། མདོ་སེམས་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནས་མངོན་སུམ་གྱི་མཚན་ཉིད་དུ་ཁས་ལེན་པ་མ་ཡིན་པར་ཐལ། སེམས་ཙམ་རྣམ་བདེན་པས་ཀྱང་དེ་འདྲའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་ཁས་ལེན་པའི་ཕྱིར་ཏེ། དེས་མངོན་སུམ་ལ་རྟོག་བྲལ་གྱིས་ཁྱབ་པ་ཡང་ཁས་ལེན། དེས་དེ་ལ་མ་འཁྲུལ་བའི་ཁྱབ་པ་ཡང་ཁས་ལེན་པའི་ཕྱིར་ན་མ་ཁྱབ་བོ། །འོ་ན། མདོ་སེམས་གཉིས་ཀས་རྟོག་པ་དང་བྲལ་ཞིང་རང་གི་སྣང་ཡུལ་གྱི་གཙོ་བོ་ལ་མ་འཁྲུལ་བའི་རིག་པ་དེ། མངོན་སུམ་གྱི་མཚན་ཉིད་དུ་ཁས་ལེན་པར་ཐལ། སེམས་ཙམ་རྣམ་བདེན་པ་དང་མདོ་སྡེ་པ་གཉིས་ཀས་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་དེ་དེའི་མཚན་ཉིད་དུ་ཁས་ལེན་པའི་ཕྱིར། རྟགས་ཁས། འདོད་ན། མདོ་སེམས་གཉིས་མངོན་སུམ་གྱི་མཚན་ཉིད་ལ་མཐུན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་དབང་མངོན་གྱི་མཚན་ཉིད་ལ་མཐུན་པར་ཐལ་ལོ། །འདོད་ན། དེ་གཉིས་ཚུར་མཐོང་གི་རྒྱུད་ཀྱི་དབང་མངོན་གྱི་མཚན་ཉིད་ལ་མཐུན་པར་ཐལ་ལོ། །འདོད་ན། དེ་གཉིས་དེའི་མཚན་གཞི་ལ་མཐུན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། སེམས་ཙམ་པས་དེའི་རྒྱུད་ཀྱི་དབང་མངོན་འཁྲུལ་ཤེས་སུ་ཁས་ལེན་པའི་ཕྱིར། མདོ་སྡེ་པས་དེ་མ་འཁྲུལ་པའི་ཤེས་པར་ཁས་ལེན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མདོ་སེམས་གཉིས་མི་རྟག་པའི་མཚན་ཉིད་ལ་མཐུན་པར་ཐལ། དེ་གཉིས་ཀས་སྐད་ཅིག་མ་མི་རྟག་པའི་མཚན་ཉིད་དུ་ཁས་ལེན་པའི་ཕྱིར། འདོད་ན། དེ་གཉིས་དེའི་མཚན་གཞི་ལ་མཐུན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་གཉིས་མི་རྟག་པའི་མཚན་ཉིད་མཚན་གཞི་མཐའ་དག་མཐུན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། མདོ་སྡེ་པས་ཕྱི་དོན་མི་རྟག་པའི་མཚན་གཞིར་ཁས་ལེན། སེམས་ཙམ་པས་དེ་མ་ཡིན་པར་ཁས་ལེན་པའི་ཕྱིར། ཁོ་ན་རེ། བུམ་པའི་དོན་སྤྱི་དངོས་པོ་མ་ཡིན་པར་རྟོགས་པའི་རྗེས་དཔག་དེ། རང་གི་སྣང་ཡུལ་གྱི་གཙོ་བོ་ལ་མ་འཁྲུལ་པའི་རིག་པ་ཡིན་པར་ཐལ། དེ་རང་གི་སྣང་ཡུལ་གྱི་གཙོ་བོར་གྱུར་པའི་སྤྱི་མཚན་ལ་མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར། དེ་བུམ་པའི་དོན་སྤྱི་དངོས་པོ་མ་ཡིན་པར་གྲུབ་པ་དེ་ལ་མ་འཁྲུལ་བའི་རིག་པ་གང་ཞིག །བུམ་པའི་དོན་སྤྱི་དངོས་པོ་མ་ཡིན་པར་གྲུབ་པ་དེ། དེའི་སྣང་ཡུལ་གྱི་གཙོ་བོ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་དེའི་སྣང་ཡུལ་གང་ཞིག །དེ་དེའི་ཡུལ་གྱི་གཙོ་བོ་ཡིན་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་ན། དེ་རང་གི་སྣང་ཡུལ་ལ་མ་འཁྲུལ་པའི་དེར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་འཛིན་རྟོག་པ་དེ་རང་གི་སྣང་ཡུལ་ལ་དེར་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། སེམས་ཙམ་པ་དེས་ཟླ་བ་གཉིས་སྣང་གི་དབང་ཤེས་དེ། བག་ཆགས་བརྟན་བྱུང་གི་རིག་པར་ཁས་ལེན་པར་ཐལ། དེས་ཟླ་བ་གཉིས་སྣང་གི་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་དེ། བག་ཆགས་བརྟན་བྱུང་གི་རིག་པར་ཁས་ལེན་པ་གང་ཞིག །དེས་དེའི་རྒྱུར་གྱུར་པའི་བག་ཆགས་དང་། དེ་ཉམས་སུ་མྱོང་བའི་རང་རིག་གི་རྒྱུར་གྱུར་པའི་བག་ཆགས་གཉིས་ཡིན་ཁྱབ་མཉམ་དུ་ཁས་ལེན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སེམས་ཙམ་པ་དེས་དེ་གཉིས་ཀྱི་རྒྱུ་གཉིས་ཡིན་ཁྱབ་མཉམ་དུ་ཁས་ལེན་པའི་ཕྱིར། །

མིང་སྦྱོར་དང་དོན་སྦྱོར་རྟོག་པའི་ངོ་བོ་བཤད་པ།

༈ ཁྱད་པར་དང་ནི་ཁྱད་པར་གཞི། །ཞེས་སོགས་རྐང་པ་ཕྱེད་དང་ལྔའི་སྐབས་སུ། སྦྱོར་བ་ནི། ལྷས་སྦྱིན་གྱི་རྒྱུད་ཀྱི་ཆོས་བཞི་བསྡོམས་ནས་འཛིན་པའི་རྟོག་པ་ཆོས་ཅན། རང་གི་རྒྱུར་གྱུར་པའི་ཆོས་བཞི་སོ་སོར་འཛིན་པའི་བློ་སྔོན་དུ་སོང་བ་ཡིན་ཏེ། ཆོས་བཞི་བསྡོམས་ནས་འཛིན་པའི་ཞེན་རིག་དོན་མཐུན་ཡིན་པའི་ཕྱིར། དཔེར་ན། སྐྱེས་བུ་དབྱུག་པ་ཅན་དུ་འཛིན་པའི་ཞེན་རིག་དོན་མཐུན་སྐྱེ་བ་ལ། སྐྱེས་བུ་དང་དབྱུག་པ་གཉིས་སོ་སོར་རྟོགས་པའི་བློ་སྔོན་དུ་འགྲོ་དགོས་པའི་དཔེ་འདི་བཞིན་ནོ། །ཆོས་བཞི་པོ་དེ་གང་ཞེ་ན། ཁྱད་གཞི། ཁྱད་ཆོས། དེ་གཉིས་ཀྱི་འབྲེལ་པ། དེ་གཉིས་ཀྱི་ཐ་སྙད་རྣམས་ལ་བྱེད་པ་ཡིན་ནོ། །

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་རྟོག་པའི་མཚན་ཉིད། མིང་དོན་བསྲེས་ནས་འཛིན་པའི་ཞེན་རིག་མིང་སྦྱོར་རྟོག་པའི་མཚན་ཉིད། ཁྱད་གཞི་ལ་ཁྱད་ཆོས་སྦྱར་ནས་འཛིན་པའི་ཞེན་རིག་དེ། དོན་སྦྱོར་རྟོག་པའི་མཚན་ཉིད་ཡིན་ནོ་ཟེར་ན། དེ་ལ་རྗེས་དཔག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་མ་འདྲེས་པར་འཛིན་པའི་ཞེན་རིག་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་མ་འདྲེས་པ་དེ་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར། གཞན་ཡང་། མིང་སྦྱོར་རྟོག་པ་ཡིན་ན། མིང་དང་དོན་གཉིས་འཛིན་པའི་རྟོག་པ་ཡིན་དགོས་པར་ཐལ། དེ་ཡིན་ན། མིང་དོན་བསྲེས་ནས་འཛིན་པའི་ཞེན་རིག་ཡིན་དགོས་པའི་ཕྱིར་ཏེ། མཚན་ཉིད་གཉིས་པ་འཐད་པའི་ཕྱིར། འདོད་ན། དེ་ཡིན་ན། མིང་འཛིན་རྟོག་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་འཛིན་རྟོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང་། དོན་སྦྱོར་རྟོག་པ་ཡིན་ན། ཁྱད་གཞི་ཁྱད་ཆོས་གཉིས་ཀ་འཛིན་པའི་རྟོག་པ་ཡིན་དགོས་པར་ཐལ། དེ་ཡིན་ན། ཁྱད་གཞི་དང་ཁྱད་ཆོས་སྦྱར་ནས་འཛིན་པའི་རྟོག་པ་ཡིན་དགོས་པའི་ཕྱིར་ཏེ། མཚན་ཉིད་གསུམ་པ་འཐད་པའི་ཕྱིར། འདོད་ན། དེ་ཡིན་ན། ཁྱད་གཞི་འཛིན་པའི་རྟོག་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱད་ཆོས་འཛིན་པའི་དོན་སྦྱོར་རྟོག་པ་ཡིན་པའི་ཕྱིར། །

༈ རང་ལུགས་ནི། རྟོག་པའི་མཚན་ཉིད་གོང་དུ་བསྟན་ནས། ཁྱད་གཞི་ལ་ཁྱད་ཆོས་སྦྱར་ནས་འཛིན་པའི་རིགས་སུ་གནས་པའི་ཞེན་རིག་དེ་དོན་སྦྱོར་རྟོག་པའི་མཚན་ཉིད་ཡིན། མཚན་གཞི་ནི། སྐྱེས་བུ་དབྱུག་པ་ཅན་འཛིན་པའི་རྟོག་པ་ལྟ་བུའོ། །མིང་དོན་བསྲེས་ནས་འཛིན་པའི་རིགས་སུ་གནས་པའི་ཞེན་རིག་དེ། མིང་སྦྱོར་རྟོག་པའི་མཚན་ཉིད། མཚན་གཞི་བུམ་པའི་བརྡ་ལ་བྱང་པའི་སྐྱེས་བུའི་རྟོག་པ་ལྟ་བུའོ། །

༈ དེ་ཕྱིར་མིག་དང་གཟུགས་དག་ལ། །ཞེས་སོགས་རྐང་པ་གཉིས་གང་ལས་འཕྲོས་ན། གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་རིགས་པ་བཤད་པ་ལ་ཡང་། གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་རིགས་པ་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་དེ་དོན་སྦྱོར་རྟོག་བྲལ་དུ་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་དང་། དེ་མིང་སྦྱོར་རྟོག་བྲལ་དུ་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་དང་། དེ་རྟོག་པ་ཡིན་པ་ལ་གནོད་བྱེད་བསྟན་པ་དང་བཞི་ཡོད་པ་ལས། གཟུགས་འཛིན་དབང་ཤེས་དོན་སྦྱོར་རྟོག་བྲལ་དུ་སྒྲུབ་བྱེད་ཀྱི་རིགས་པ་དེ། ཁྱད་པར་དང་ནི་ཁྱད་པར་གཞི། །ཞེས་པ་ནས། ལྡོག་པ་ཉིད་ལ་སྒྲ་སྦྱོར་ཕྱིར། །ཞེས་པའི་བར་གྱིས་བཤད་ནས། གཟུགས་འཛིན་དབང་ཤེས་མིང་སྦྱོར་རྟོག་བྲལ་དུ་སྒྲུབ་བྱེད་ཀྱི་རིགས་པ་དེ་འཆད་པར་བྱེད་པ་ལ། བརྡ་དྲན་པ་ཡི་རྒྱུ་ཅན་གྱི། །ཞེས་པ་ནས། འཇུག་འགྱུར་ཕྱི་རོལ་མཐོང་མི་འགྱུར། །ཞེས་པའི་བར་བྱུང་། དེ་ཡང་གཟུགས་འཛིན་དབང་ཤེས་དེ་མིང་སྦྱོར་རྟོག་པ་མ་ཡིན་ཏེ། དེ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རིགས་སུ་གནས་པའི་ཞེན་རིག་གིས་སྟོང་པའི་ཕྱིར། དེ་གཟུགས་ལ་བརྡ་སྦྱོར་བའི་རྟོག་པ་མ་ཡིན་པའི་ཕྱིར་དང་། དེ་ཕྱི་རོལ་དོན་གྱི་གཟུགས་མངོན་སུམ་དུ་རྟོགས་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་གསུམ་ཡོད་པ་ལས། དང་པོ་དེ་འཆད་པར་བྱེད་པ་ལ། བརྡ་དྲན་པ་ཡི་ཞེས་སོགས་རྐང་པ་གཉིས་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། གཞན་ལ་འཇུག་སེམས་ཅན་གྱི་ཡང་། །ཞེས་སོགས་རྐང་པ་བཞི་བྱུང་། རིགས་པ་གསུམ་པ་འཆད་པར་བྱེད་པ་ལ། གང་ལ་སྒྲ་ནི་ངེས་འགོད་པ། །ཞེས་སོགས་རྐང་པ་བཞི་བྱུང་། གཟུགས་འཛིན་དབང་ཤེས་མིང་སྦྱོར་རྟོག་པ་ཡིན་པ་ལ་གནོད་བྱེད་སྟོན་པ་ལ། རྒྱས་པར་བཤད་པ་དང་། དོན་བསྡུ་བ་གཉིས། དང་པོ་ལ། གཟུགས་འཛིན་དབང་ཤེས་མྱོང་བྱེད་ཀྱི་ཤེས་པ་མེད་པར་ཐལ་བ་དང་། འདས་པའི་དུས་ཀྱི་དོན་རིག་པའི་མངོན་སུམ་མེད་པར་ཐལ་བ་དང་། རང་མཚན་མངོན་སུམ་གྱིས་རྟོགས་པའི་ཚད་མ་མེད་པར་ཐལ་བ་དང་། གཟུགས་འཛིན་དབང་ཤེས་ཀྱིས་གཟུགས་འཛིན་པ་གཟུགས་ཀྱི་བརྡ་དྲན་པ་ལ་ལྟོས་པར་ཐལ་བའི་རིགས་པ་བཞི་ཡོད་པ་ལས། དང་པོ་ནི། འོ་ན། གཟུགས་འཛིན་དབང་ཤེས་མྱོང་བྱེད་ཀྱི་ཤེས་པ་མེད་པར་ཐལ། རྟོག་མེད་ཀྱི་ཤེས་པ་མེད་པའི་ཕྱིར། ཤེས་པ་ཡིན་ན་རྟོག་པ་ཡིན་དགོས་པའི་ཕྱིར། རྟགས་ཁས་བླངས། ཞེས་འཆད་པར་བྱེད་པ་ལ། གཟུགས་ལ་གཟུགས་ཞེས་མཐོང་བ་ནི། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་ཤེས་མྱོང་བྱེད་ཀྱི་ཤེས་པ་ཡོད་དེ། གཟུགས་འཛིན་དབང་ཤེས་དེ་ཀ་ཁོ་རང་མྱོང་བྱེད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། དེ་ཉིད་ཀྱིས་མྱོང་ཡིན་ན་ནི། །ཞེས་པ་འདི་བྱུང་། དེ་འགོག་པར་བྱེད་པ་ལ། རྟོག་གཉིས་ཅིག་ཅར་མཐོང་བ་མེད། །ཅེས་པ་འདི་བྱུང་། གཟུགས་འཛིན་དབང་ཤེས་ཁོ་ཁོ་རང་མྱོང་བྱེད་ཀྱི་ཤེས་པ་ཡིན་པ་བཀག་པ་ལ་དགོས་པ་གང་ཡོད་ཅེ་ན། དེ་ལྟར་བཀག་པ་ལ་དགོས་པ་ཡོད་དེ། གཟུགས་འཛིན་དབང་ཤེས་ལ་མྱོང་བྱེད་དོན་གཞན་ཡོད་པ་བཀག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེས་ནི་དུས་མཚུངས་རྣམ་པར་ཤེས། །ཞེས་པ་རྐང་པ་གཉིས་བྱུང་། གལ་ཏེ་ཁོ་ན་རེ། གཟུགས་འཛིན་དབང་ཤེས་མྱོང་བྱེད་ཀྱི་ཤེས་པ་མེད་དོ་ཞེ་ན། འོ་ན། གཟུགས་འཛིན་དབང་ཤེས་དྲན་པའི་ཤེས་པ་མེད་པར་ཐལ། གཟུགས་འཛིན་དབང་ཤེས་མྱོང་བྱེད་ཀྱི་ཤེས་པ་མེད་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། འདས་པ་ལ་ནི་དྲན་པར་འགྱུར། །ཞེས་སོགས་རྐང་པ་གཉིས་བྱུང་། གཞན་ཡང་། ལྷས་སྦྱིན་གྱིས་མཆོད་སྦྱིན་གྱི་བློ་རྟོགས་པ་དང་། ལྷས་སྦྱིན་གྱི་རྒྱུད་ཀྱི་བློ་རྟོགས་པའི་ཚུལ་གཅིག་མེད་པར་ཐལ། ལྷས་སྦྱིན་གྱི་རྒྱུད་ལ་ལྷས་སྦྱིན་གྱི་བློ་མྱོང་བྱེད་ཀྱི་ཤེས་པ་མེད་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། རང་བློའི་བློ་དང་གཞན་གྱི་བློ། །ཞེས་སོགས་རྐང་པ་གཉིས་བྱུང་། རིགས་པ་གཉིས་པ་འཆད་པར་བྱེད་པ་ལ། དོན་རིག་འདས་པ་དཔེ་དག་དང་། །ཞེས་སོགས་རྐང་པ་བཞི་བྱུང་། དེའི་རྩོད་སྤོང་འཆད་པར་བྱེད་པ་ལ། གལ་ཏེ་དེ་ཡི་ངོ་བོར་ནི། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་ན་མངོན་སུམ་ཡིན་ན། རྟོག་མེད་ཀྱི་ཤེས་པ་ཡིན་པས་ཁྱབ་པའི་གྲུབ་དོན་དེ་འཆད་པར་བྱེད་པ་ལ། ཇི་ལྟར་རང་གི་ཡུལ་ཅན་གྱི། །ཞེས་སོགས་རྐང་པ་བཞི་བྱུང་། རིགས་པ་གསུམ་པ་ནི། འོ་ན། གཟུགས་མངོན་སུམ་གྱིས་རྟོགས་པའི་ཚད་མ་མེད་པར་ཐལ། རྟོག་མེད་ཀྱི་ཤེས་པ་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་རྟོག་པ་དེ་གཟུགས་མངོན་སུམ་གྱིས་རྟོགས་པའི་ཤེས་པ་ཡིན་ནོ་ཟེར་ན། དེ་དེ་འདྲའི་ཤེས་པ་མ་ཡིན་པར་ཐལ། གཟུགས་ཞེས་པའི་ངག་དེ། གཟུགས་དོན་དམ་པར་བརྗོད་པའི་ངག་མ་ཡིན་པ་གང་ཞིག །དེ་གཉིས་རང་ཡུལ་ལ་འཇུག་ཚུལ་མཚུངས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། སྤྱི་བརྗོད་ངང་ཚུལ་ཅན་སྒྲ་དང་། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་རྟོག་པ་དེ་གཟུགས་མངོན་སུམ་དུ་རྟོགས་པའི་ཤེས་པ་ཡིན་ནོ་ཟེར་ན། དེ་མ་ཡིན་ཏེ། གཟུགས་ཞེས་པའི་ངག་དེ་གཟུགས་དོན་སྤྱིའི་ཚུལ་གྱིས་བརྗོད་པའི་ངག་ཡིན་པ་གང་ཞིག །དེ་གཉིས་རང་ཡུལ་ལ་འཇུག་ཚུལ་མཚུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་ཤེས་སྐད་ཅིག་དང་པོ་དེ་གཟུགས་མངོན་སུམ་དུ་རྟོགས་པའི་རྟོག་མེད་ཀྱི་ཤེས་པ་ཡིན། གཉིས་པ་ཕན་ཆད་རྟོག་པ་ཡིན་པའི་ཕྱིར། ཞེས་པའི་འདོད་པ་བརྗོད་པར་བྱེད་པ་ལ། གལ་ཏེ་རྟོག་མེད་འགའ་ཞིག་ཀྱང་། །ཞེས་པ་འདི་བྱུང་། དེ་ལ་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་གཟུགས་མངོན་སུམ་དུ་རྟོགས་པའི་རྟོག་མེད་ཀྱི་ཤེས་པ་ཡིན་ལ། དེ་གཉིས་པ་ཕན་ཆད་རྟོག་པར་འཆད་པ་མི་འཐད་པར་ཐལ། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་དང་གཉིས་པ་ལ་སོགས་པ་རྣམས། རང་གི་རྐྱེན་གསུམ་ལས་སྐྱེས་པ་རྣམས་མཚུངས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཡོད་ན་དེ་དང་མཚུངས་རྒྱུ་ཅན། །ཞེས་སོགས་རྐང་པ་གསུམ་བྱུང་། རིགས་པ་བཞི་པ་ནི། འོ་ན། གཟུགས་འཛིན་དབང་མངོན་དེ་གཟུགས་གཟུང་དོན་དུ་བྱས་པ་ལས་མི་སྐྱེ་བར་གཟུགས་ཀྱི་བརྡ་དྲན་པ་ལ་བརྟེན་ནས་སྐྱེ་བ་ཡིན་པར་ཐལ། གཟུགས་འཛིན་དབང་ཤེས་གཟུགས་ཀྱི་མིང་སྦྱོར་རྟོག་པ་ཡིན་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། ཕྱི་རོལ་དོན་ལ་ལྟོས་མེད་པར། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་ཤེས་དེ་རྟོག་པ་ཡིན་ཏེ། གཟུགས་དེས་དང་པོར་གཟུགས་དྲན་པའི་དྲན་ཤེས་ལ་ཕན་བཏགས། དེ་ལ་ལྟོས་ནས་གཟུགས་འཛིན་དབང་ཤེས་ལ་ཕན་འདོགས་པ་ཡིན་པའི་ཕྱིར། ཞེས་པའི་འདོད་བརྗོད་པར་བྱེད་པ་ལ། གལ་ཏེ་གཟུགས་ནི་བརྡ་དྲན་ལ། །ཞེས་སོགས་རྐང་པ་གསུམ་བྱུང་། འོ་ན། གཟུགས་དྲན་པའི་དྲན་ཤེས་དེ། གཟུགས་འཛིན་དབང་ཤེས་ཀྱི་རྒྱུ་ཡིན་པར་ཐལ། གཟུགས་དེས་གཟུགས་དྲན་པའི་དྲན་ཤེས་ལ་ཕན་བཏགས། དེ་ལ་ལྟོས་ནས་གཟུགས་འཛིན་དབང་ཤེས་ལ་ཕན་འདོགས་པ་ཡིན་པའི་ཕྱིར། དཔེར་ན། སྔོན་པོ་མི་རྟག་པ་དེས་བྱས་རྟགས་ཀྱིས་སྔོན་པོ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ཀྱི་རྒྱུ་བྱེད། དེ་སྐོར་གྱི་རྟགས་འཛིན་སེམས་ཀྱིས་དེ་སྐོར་ཀྱི་རྟགས་ཅན་རྗེས་དཔག་གི་རྒྱུ་བྱེད་པའི་དཔེ་འདི་བཞིན་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། རྟགས་བཞིན་དྲན་པ་ཉིད་ལ་འགྱུར། །ཞེས་པ་འདི་བྱུང་། གཞན་ཡང་། གཟུགས་ཀྱིས་གཟུགས་དྲན་པའི་དྲན་ཤེས་ལ་ཕན་བཏགས། དེ་ལ་ལྟོས་ནས་གཟུགས་འཛིན་དབང་ཤེས་ལ་ཕན་འདོགས་པ་མ་ཡིན་པར་ཐལ། གཟུགས་འཛིན་དབང་ཤེས་དེ། གཟུགས་ལ་དངོས་སུ་འབྲེལ་བའི་སྒོ་ནས། གཟུགས་ལས་དངོས་སུ་སྐྱེས་པ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ནི་དེ་འབྲེལ་སྐྱེ་བའི་ཕྱིར། །ཞེས་སོགས་རྐང་པ་གཉིས་བྱུང་། གཞན་ཡང་། གཟུགས་འཛིན་དབང་ཤེས་ཀྱི་རྐྱེན་གསུམ་མ་ཚང་བའི་སྐབས་སུ་གཟུགས་འཛིན་དབང་ཤེས་སྐྱེ་བ་ཡོད་པར་ཐལ། དེའི་སྐབས་སུ་གཟུགས་དྲན་པའི་དྲན་ཤེས་སྐྱེ་བ་ཡོད་པ་གང་ཞིག །དེ་འདྲ་བའི་དྲན་ཤེས་དེ་གཟུགས་འཛིན་དབང་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས། ཞེས་འཆད་པར་བྱེད་པ་ལ། དེ་ལས་དུས་གཞན་དུ་ཡང་འགྱུར། །ཞེས་པ་འདི་བྱུང་། གཞན་ཡང་། གཟུགས་འཛིན་དབང་ཤེས་ཀྱི་རྐྱེན་གསུམ་ཚང་བའི་གནས་སྐབས་སུ་ཡང་གཟུགས་འཛིན་དབང་ཤེས་མི་སྐྱེ་བ་ཡིན་པར་ཐལ། དེའི་གནས་སྐབས་སུ་ཡིད་གཞན་ལ་གཡེང་ནས་གཟུགས་མི་དྲན་པ་ཡོད་པ་གང་ཞིག །གཟུགས་དྲན་པའི་དྲན་ཤེས་དེ་གཟུགས་འཛིན་དབང་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར། ཕྱི་མ་ཁས། ཞེས་འཆད་པར་བྱེད་པ་ལ། ལ་ལར་རྣམ་གཡེང་སྲིད་ཕྱིར་རོ། །ཞེས་པ་འདི་བྱུང་། གལ་ཏེ་ཁོ་ན་རེ། གཟུགས་གཟུགས་དྲན་པའི་དྲན་ཤེས་དང་གཟུགས་འཛིན་དབང་ཤེས་གཉིས་ཀའི་དངོས་རྒྱུ་ཡིན་ཏེ། གཟུགས་དེས་དང་པོར་དེ་འདྲ་བའི་དྲན་ཤེས་དངོས་སུ་བསྐྱེད། དེའི་རྗེས་སུ་གཟུགས་འཛིན་དབང་ཤེས་དངོས་སུ་བསྐྱེད་པ་ཡིན་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་རིམ་གྱིས་གཉིས་རྒྱུ་ཡིན། །ཞེས་པ་འདི་བྱུང་། འོ་ན། གཟུགས་དེས་དེ་གཉིས་གཅིག་ཆར་དུ་བསྐྱེད་པར་ཐལ། དེ་དེ་གཉིས་ཀའི་དངོས་རྒྱུ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཐ་དད་མེད་ཕྱིར་སྔར་ཉིད་འགྱུར། །ཞེས་པ་འདི་བྱུང་། གལ་ཏེ་ཁོ་ན་རེ། གཟུགས་འཛིན་དབང་ཤེས་དེ་གཟུགས་དྲན་པའི་དྲན་ཤེས་དང་། གཟུགས་གཉིས་ཀྱི་ནང་ནས། གཟུགས་ཁོ་ན་གཟུང་དོན་དུ་བྱས་པ་ལ་བརྟེན་ནས་སྐྱེས་པ་ཡིན་ནོ། །ཞེས་འདོད་པ་རྗོད་པར་བྱེད་པ་ལ། དབང་པོའི་བློ་རྒྱུ་གཞན་ཡིན་ན། །ཞེས་གསུངས་། འོ་ན། གཟུགས་འཛིན་དབང་ཤེས་གཟུགས་ཀྱི་མིང་སྦྱོར་རྟོག་པར་སྒྲུབ་པའི་ཕྱིར་དུ་གཟུགས་དྲན་པའི་དྲན་ཤེས་དེ། གཟུགས་འཛིན་དབང་ཤེས་ཀྱི་རྒྱུར་བྱེད་པ་དོན་མེད་དུ་འགྱུར་བ་ཡིན་པར་ཐལ། གཟུགས་འཛིན་དབང་ཤེས་དེ་དེ་དང་གཟུགས་གཉིས་ཀྱི་ནང་ནས་གཟུགས་ཁོ་ན་གཟུང་དོན་དུ་བྱས་པ་ལ་བརྟེན་ནས་སྐྱེས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ལ་དྲན་པ་དོན་མེད་འགྱུར། །ཞེས་པ་འདི་བྱུང་། འདིའི་ཁྱབ་སྒྲུབ་འཆད་པར་བྱེད་པ་ལ། བརྡ་དྲན་ཇི་ལྟར་བརྡར་བཏགས་པ། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་ཤེས་དེ་རྟོག་པ་ཡིན་ཏེ། དེ་གཟུགས་སྤྱི་རྟག་དངོས་གཟུང་དོན་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་འདོད་པ་རྗོད་པར་བྱེད་པ་ལ། སྤྱི་ཙམ་འཛིན་པ་ཡིན་ན་ནི། །ཞེས་པ་འདི་བྱུང་། འོ་ན། གཟུགས་འཛིན་དབང་ཤེས་དེས། གཟུགས་གཟུང་དོན་དུ་བྱེད་པ་མ་ཡིན་པར་ཐལ། དེ་གཟུགས་སྤྱི་རྟག་དངོས་ཙམ་གཟུང་དོན་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། ཁྱད་པར་ལ་ལྟོས་མི་རུང་ངོ་། །ཞེས་སོགས་གསུངས་སོ། །དེ་ཐམས་ཅད་ཀྱི་དོན་བསྡུ་འཆད་པར་བྱེད་པ་ལ། དེ་ཕྱིར་མིག་དང་གཟུགས་དག་ལ། །ཞེས་སོགས་རྐང་པ་གཉིས་བྱུང་། །

༈ འདིའི་སྐབས་སུ་རང་རེས། གཟུགས་འཛིན་དབང་ཤེས་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་དང་། རང་གི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ལས་སྐྱེས་པར་ཁས་བླངས་པ་ལ། ཁོ་ན་རེ། འོ་ན། གཟུགས་འཛིན་དབང་ཤེས་དེ་ལ། མིག་ཤེས་ཞེས་བརྗོད་ནས། གཟུགས་ཤེས་ཞེས་མ་བརྗོད་པ་མི་འཐད་པར་ཐལ། གཟུགས་འཛིན་དབང་ཤེས་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་དང་། རང་གི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ལས་སྐྱེས་པར་མཚུངས་པའི་ཕྱིར། ཞེས་པའི་འདོད་བརྗོད་པར་བྱེད་པ་ལ། གལ་ཏེ་མངོན་སུམ་ཤེས་བསྐྱེད་ལ། །ཞེས་སོགས་རྐང་པ་བཞི་བྱུང་། དེའི་ལན་ནི་གཟུགས་འཛིན་དབང་ཤེས་ཆོས་ཅན། གཟུགས་འཛིན་དབང་ཤེས་ཞེས་པའི་བརྡ་སྦྱར་བར་འོས་པ་ཡིན་ཏེ། གཟུགས་འཛིན་དབང་ཤེས་ཞེས་པའི་ངག་ལས་ཐུན་མོང་མ་ཡིན་པར་གོ་ནུས་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གོ་བར་བྱེད་པ་ཉིད་མཐོང་ནས། །ཞེས་སོགས་རྐང་པ་གཉིས་བྱུང་། འདིའི་རྟགས་སྒྲུབ་པ་ནི། གཟུགས་འཛིན་དབང་ཤེས་ཞེས་བརྡ་སྦྱར་འོས་པ་གང་ཞིག །གཟུགས་འཛིན་དབང་ཤེས་ཞེས་པའི་ངག་ལས་ཐུན་མོང་མ་ཡིན་པར་གོ་ནུས། དེའི་ཁྱབ་བྱེད་ཡིན་པའི་ཕྱིར་ཏེ། དེ་ཁྱོད་ཀྱི་ཁྱབ་བྱ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དབང་པོའི་ཐ་སྙད་ལ་དེ་ཡོད། །ཅེས་སོགས་རྐང་པ་གཉིས་བྱུང་། དེ་འདྲའི་ངག་ལས་ཐུན་མོང་མ་ཡིན་པར་གོ་ནུས་དེ་གཟུགས་འཛིན་དབང་ཤེས་ལ་གཟུགས་འཛིན་དབང་ཤེས་ཞེས་པའི་བརྡ་སྦྱར་འོས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན། དེ་དེ་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་གྱི་ནང་ནས་གང་ཡིན་ཞེ་ན། དེ་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན། ཞེས་འཆད་པར་བྱེད་པ་ལ། དེ་ཕྱིར་ཐ་སྙད་འདི་ལ་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་ན། གཟུགས་འཛིན་དབང་ཤེས་ཆོས་ཅན། ཁྱོད་ལ་གཟུགས་ཤེས་ཞེས་པའི་བརྡ་སྦྱར་འོས་པ་མ་ཡིན་ཏེ། གཟུགས་ཤེས་ཞེས་པའི་ངག་ལ་བརྟེན་ནས་ཐུན་མོང་མ་ཡིན་པར་གོ་ནུས་མ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཁྱབ་པར་བྱེད་པའི་རང་བཞིན་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། འཕྲོས་དོན་ལ་ཁ་ཅིག་ན་རེ། གཟུགས་འཛིན་དབང་ཤེས་དེ་མིག་ཤེས་ཡིན་པར་ཐལ། དེ་ལ་མིག་ཤེས་ཞེས་བརྗོད་རིགས་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་འཛིན་དབང་ཤེས་ཡིན་ན། མིག་ཤེས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་འཛིན་པའི་དབང་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། གཟུགས་དམིགས་རྐྱེན་དུ་བྱས་པ་ལ་བརྟེན་ནས་སྐྱེས་པའི་དབང་ཤེས་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཟུགས་ཁྱོད་ཀྱི་དམིགས་རྐྱེན་གང་ཞིག །དབང་ཤེས་ཡིན་པའི་ཕྱིར། འདོད་ན། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་དེ་ཡང་མིག་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མིག་ཤེས་མ་ཡིན་པར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་དབང་ཤེས་ཁྱོད་ཡིན་པའི་ཕྱིར། གཞན་ཡང་ཁོ་ན་རེ། གཟུགས་འཛིན་པའི་དབང་ཤེས་གཟུགས་འཛིན་དབང་ཤེས་སུ་ཐལ། གཟུགས་འཛིན་པའི་རྟོག་པ་དེ་དེ་འཛིན་པའི་རྟོག་པ་ཡིན་པའི་ཕྱིར་ཏེ། གཟུགས་བརྗོད་པའི་ངག་དེ་གཟུགས་ཀྱི་དངོས་མིང་ཡིན་པའི་ཕྱིར་ཏེ། གཟུགས་ཞེས་པའི་ངག་དེ་དེའི་དངོས་མིང་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། གཟུགས་བརྗོད་པའི་ངག་ཆོས་ཅན། གཟུགས་ཀྱི་དངོས་མིང་མ་ཡིན་པར་ཐལ། བསྟན་བཅོས་རྣམ་འགྲེལ་ཁྱོད་ཡིན་པའི་ཕྱིར། མ་གྲུབ་ན། བསྟན་བཅོས་རྣམ་འགྲེལ་ཆོས་ཅན། དེར་ཐལ། དེ་བརྗོད་པའི་བསྟན་བཅོས་ཡིན་པའི་ཕྱིར། གཞན་ཡང་། གཟུགས་བརྗོད་པའི་རྗོད་བྱེད་ཀྱི་སྒྲ་དེ། གཟུགས་ཀྱི་དངོས་མིང་ཡིན་པར་ཐལ། གཟུགས་བརྗོད་པའི་ངག་དེ་དེ་ཡིན་པའི་ཕྱིར། འདོད་ན། དེ་བརྗོད་པའི་བསྟན་བཅོས་དེ་ཡང་དེའི་དངོས་མིང་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་བརྗོད་པའི་བསྟན་བཅོས་རྣམ་འགྲེལ་དེ་ཡང་། དེའི་དངོས་མིང་དུ་ཐལ་ལོ། །གཞན་ཡང་། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་པའི་དབང་ཤེས་དེ། གཟུགས་འཛིན་དབང་ཤེས་སུ་ཐལ། གཟུགས་འཛིན་པའི་དབང་ཤེས་དེ་དེ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། གཟུགས་འཛིན་དབང་ཤེས་མ་ཡིན་པར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་དབང་ཤེས་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། གཞན་ཡང་། དེ་ཕྱིར་མིག་དང་གཟུགས་དག་ལ། །ཞེས་སོགས་གསུངས་པ་མི་འཐད་པར་ཐལ། གཟུགས་འཛིན་དབང་ཤེས་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ལས་མ་སྐྱེས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མིག་ཤེས་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། གོང་དུ་མ་ཁྱབ་སྟེ། གཟུགས་འཛིན་མིག་ཤེས་དེ། རང་གི་ཐུན་མོང་མ་ཡིན་པའི་ཞེས་སོགས་ལས་སྐྱེས་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར་ཟེར་ན། འོ་ན། བརྡ་དྲན་པ་ཡི་རྒྱུ་ཅན་གྱི། །ཞེས་པ་ནས། ཁྱད་པར་ལ་ལྟོས་མི་རུང་ངོ་། །ཞེས་པའི་བར་གྱིས་གཟུགས་འཛིན་དབང་ཤེས་མིང་སྦྱོར་རྟོག་བྲལ་དུ་སྒྲུབ་བྱེད་ཀྱི་རིགས་པ་དང་། དེ་མིང་སྦྱོར་རྟོག་པ་ཡིན་པ་ལ་གནོད་བྱེད་བསྟན་ནས། དེ་ཕྱིར་མིག་དང་གཟུགས་དག་ལ། །ཞེས་སོགས་དེ་རྣམས་ཀྱི་དོན་བསྡུ་འཆད་པ་དེ་མི་འཐད་པར་ཐལ། གཟུགས་འཛིན་དབང་ཤེས་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པ་མ་ཡིན་པའི་ཕྱིར། །

དབང་མངོན་གྱི་རྣམ་གཞག་ལ་དཔྱད་པ།

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རང་གི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པའི་རིག་པ་དེ། དབང་ཤེས་ཀྱི་མཚན་ཉིད་ཟེར་ན། གཟུགས་འཛིན་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ཡོད་པའི་ཕྱིར་ཏེ། དེའི་བདག་རྐྱེན་དང་། གཟུགས་འཛིན་དབང་ཤེས་ཀྱི་བདག་རྐྱེན་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རང་རིག་ཡིན་པའི་ཕྱིར། གཞན་ཡང་། ལྷའི་མིག་གི་མངོན་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། རང་གི་བདག་རྐྱེན་དུ་གྱུར་པའི་ལྷའི་མིག་དབང་གཟུགས་ཅན་པ་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། ལྷའི་མིག་གི་མངོན་པར་ཤེས་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཡིད་ཀྱི་ཤེས་པ་ཡིན་པའི་ཕྱིར་ཏེ། མངོན་པར་ཤེས་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ལྷའི་མིག་གི་མངོན་པར་ཤེས་པ་ཆོས་ཅན། དབང་ཤེས་ཡིན་པར་ཐལ། མིག་ཤེས་ཡིན་པའི་ཕྱིར། མིག་གི་མངོན་པར་ཤེས་པ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་ཆོས་ཅན། ལུས་ཀྱི་ཤེས་པ་ཡིན་པར་ཐལ། ལུས་ཀྱི་ཚོར་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ལུས་ཚོར་ཡིན་པའི་ཕྱིར། ཕྱིའི་ཚོར་བ་ཡིན་པའི་ཕྱིར་ཏེ། དབང་ཤེས་སུ་གྱུར་པའི་ཚོར་བ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ལུས་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མིག་ཤེས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལས་སྐྱེ་རུང་གི་རིག་པ་དེ། དབང་ཤེས་ཀྱི་མཚན་ཉིད། དེའི་མཚན་ཉིད་ཀྱི་ཟུར་དུ་རུང་བ་སྨོས་པ་ལ་དགོས་པ་ཡོད་དེ། གཟུགས་མེད་ཁམས་ནས་ཤི་འཕོས་མ་ཐག་འདོད་པའི་བར་སྲིད་དུ་སྐྱེ་བ་བླངས་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་དེ་སྡུད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཟེར་ན། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ཆོས་ཅན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པའི་འབྲས་བུར་རུང་བར་ཐལ། དེ་ལས་སྐྱེ་བར་རུང་བའི་ཕྱིར་ཏེ། དབང་ཤེས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་དེ་ཁྱོད་ཀྱི་རྒྱུར་རུང་བར་ཐལ། ཁྱོད་དེའི་འབྲས་བུར་རུང་བའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ཡོད་པར་ཐལ་ལོ། །གཞན་ཡང་། དེ་ཆོས་ཅན། རང་གི་ཞེས་སོགས་ལས་སྐྱེ་རུང་བ་མ་ཡིན་པར་ཐལ། དེ་ལས་མི་སྐྱེ་བར་རུང་བ་ཡིན་པའི་ཕྱིར། དེ་ལས་མ་སྐྱེས་པའི་ཕྱིར། རྟགས་ཁས། བྱས་པ་ལ་ཁོ་ན་རེ། སེམས་ཅན་གྱི་རྒྱུད་ལ་རྣམ་མཁྱེན་སྐྱེ་རུང་མ་ཡིན་པར་ཐལ། དེའི་རྒྱུད་ལ་དེ་མི་སྐྱེ་བར་རུང་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཟེར་ན། མི་འགྲིག་གོ །རྟགས་གྲུབ་སྟེ། དེའི་རྒྱུད་ལ་རྣམ་མཁྱེན་མ་སྐྱེས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་སངས་རྒྱ་རུང་ཡིན་པའི་ཕྱིར། ཁོ་རང་ལ། གཟུགས་མེད་ནས་ཤི་འཕོས་མ་ཐག་འདོད་པའི་བར་སྲིད་དུ་སྐྱེས་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ཆོས་ཅན། ཁྱོད་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ཡོད་པར་ཐལ། ཁྱོད་ལ་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པའི་ངོས་ནས་དབང་ཤེས་ཞེས་པའི་བརྡ་སྦྱར་འོས་པ་ཡིན་པའི་ཕྱིར་ཏེ། དབང་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མ་མདོ་ལས། ཐུན་མོང་མ་ཡིན་རྒྱུ་ཡིན་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་གསུངས་པའི་ཕྱིར། གཞན་ཡང་། དབང་ཤེས་ཡིན་ན། རང་གི་ཐུན་མོང་མ་ཡིན་པའི་ཞེས་སོགས་ལས་བྱུང་བའི་ཁྱབ་པར་ཐལ། ནས་མྱུག་ཡིན་ན། རང་གི་ཐུན་མོང་མ་ཡིན་པའི་ཞེས་སོགས་ས་བོན་ལས་བྱུང་བས་ཁྱབ་པ་གང་ཞིག །དེ་གཉིས་དཔེ་དོན་དུ་སྦྱར་ནས། མདོ་རང་འགྲེལ་ལས་བཤད་པའི་ཕྱིར་ཏེ། དཔེར་ན། རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། དབང་པོའི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་དེ། ལུས་ཀྱི་ཚོར་བའི་མཚན་ཉིད། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་དེ། སེམས་ཚོར་གྱི་མཚན་ཉིད་ཟེར་ན། གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། ཕྱིའི་ཚོར་བ་ཡིན་པའི་ཕྱིར་ཏེ། དབང་ཤེས་སུ་གྱུར་པའི་ཚོར་བ་ཡིན་པའི་ཕྱིར། འདོད་ན། དབང་པོའི་རྣམ་པར་ཤེས་པ་དང་མཚུངས་ལྡན་དུ་གྱུར་པའི་ཚོར་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དབང་པོའི་རྣམ་པར་ཤེས་པ་རྒྱུད་ལྡན་གྱི་གང་ཟག་ཡིན་ན། ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ལོང་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། མཚན་ཉིད་གཉིས་པ་ལ། གཟུགས་འཛིན་ཡིད་མངོན་གྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། ནང་གི་ཚོར་བ་ཡིན་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་ལྡན་དུ་གྱུར་པའི་ཚོར་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡིད་ཀྱི་རྣམ་པར་ཤེས་པ་རྒྱུད་ལྡན་གྱི་གང་ཟག་ཡིན་ན། ཁྱོད་རྒྱུད་ལྡན་གྱི་དེ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་ཆོས་ཅན། མཚན་ཉིད་གཉིས་པ་དེར་ཐལ། རང་གི་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཟུགས་འཛིན་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་ཡིན་པ་གང་ཞིག །གཟུགས་འཛིན་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཁྱོད་འཁོར་དུ་བྱེད་པའི་གཙོ་སེམས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་ཞེས་སོགས་དབང་པོ་གཟུགས་ཅན་པ་ལས་སྐྱེས་པའི་གསལ་སྣང་ཅན་གྱི་རིག་པ་དེ། དབང་མངོན་གྱི་མཚན་ཉིད་ཟེར་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། འཁྲུལ་རྒྱུ་རྟེན་ལ་ཡོད་པའི་དབང་ཤེས་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། རྟོག་མེད་ཀྱི་རྣམ་པར་ཤེས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། མ་འཁྲུལ་པའི་ཤེས་པ་ཡིན་པར་ཐལ། དབང་མངོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་ཞེས་སོགས་དབང་པོ་གཟུགས་ཅན་པ་ལས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་པའི་རིག་པ་དེ། དབང་མངོན་གྱི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། གཟུགས་མེད་ནས་ཤི་འཕོས་མ་ཐག་འདོད་པའི་བར་སྲིད་དུ་སྐྱེས་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་དྲི་འཛིན་དབང་མངོན་ཆོས་ཅན། རང་གི་ཞེས་སོགས་ལ་བརྟེན་ནས་སྐྱེས་པར་ཐལ། དབང་མངོན་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་རྒྱུད་ལ་དྲི་འཛིན་དབང་མངོན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་ཡོད་པར་ཐལ། ཁྱོད་དྲི་ཟའི་སྐྱེས་བུ་ཡིན་པའི་ཕྱིར་ཏེ། ཁྱོད་བར་སྲིད་པ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་བྱས་པ་ལ། དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲ་བ་དེ་འདོད་ཁམས་ན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱུ་འབྲས་དུས་མཉམ་པ་ཡོད་པར་ཐལ། འདོད་པ་གང་ཞིག །དེ་འདྲ་བའི་དབང་མངོན་ཁོ་རང་ཡང་འདོད་ཁམས་ན་ཡོད་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། གཟུགས་མེད་ནས་ཤི་འཕོས་མ་ཐག་ཞེས་སོགས་ཀྱི་རྒྱུད་ལ་དྲི་འཛིན་དབང་མངོན་ཡོད་པར་ཐལ། དེའི་རྒྱུད་ལ་སྒོ་ལྔའི་དབང་ཤེས་ཡོད་པའི་ཕྱིར་ཟེར་ན། རང་ལུགས་ནི་འདོད་པ་ཁོ་ན་ཡིན། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་ཡོད་པར་ཐལ། ཁྱོད་དབང་པོ་ཀུན་ཚང་བའི་གང་ཟག་ཡིན་པའི་ཕྱིར་ཏེ། ཁྱོད་བར་སྲིད་པ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ཞེས་གསུངས་པའི་ཕྱིར། འདི་ལ་སྐྱོན་འཕེན་པ་ཁ་ཅིག །དམུས་ལོང་དུ་སྐྱེ་འགྱུར་གྱི་བར་སྲིད་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་སྒོ་ལྔའི་དབང་ཤེས་ཡོད་པར་ཐལ། ཁྱོད་དབང་པོ་ཀུན་ཚང་བའི་གང་ཟག་ཡིན་པའི་ཕྱིར་ཏེ། ཁྱོད་བར་སྲིད་པ་ཡིན་པའི་ཕྱིར། ཁྱབ་པ་རིམ་གྱིས་ཁས་ཟེར་ན། འདོད་བྱས་པ་ལ། དེའི་རྒྱུད་ལ་མིག་ཤེས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དམུས་ལོང་གི་ཤ་ཚུགས་ཇི་ལྟ་བ་བཞིན་འཛིན་པའི་གང་ཟག་ཡིན་པའི་ཕྱིར་ཏེ། མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་འདྲའི་བར་སྲིད་པ་དེ་དམུས་ལོང་གི་ཤ་ཚུགས་ཙམ་འཛིན་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། དམུས་ལོང་དུ་སྐྱེ་འགྱུར་གྱི་བར་སྲིད་པའི་རྒྱུད་ལ་མིག་ཤེས་ཡོད་པར་ཐལ། གཟུགས་མེད་ནས་ཤི་འཕོས་མ་ཐག་ཚ་དམྱལ་གྱི་བར་སྲིད་དུ་ཞེས་སོགས་གང་ཟག་གི་རྒྱུད་ལ་ལུས་ཚོར་སྡུག་བསྔལ་ཡོད་པའི་ཕྱིར། དེས་ལུས་ཚོར་སྡུག་བསྔལ་མྱོང་བའི་ཕྱིར། བར་སྲིད་དེ་ལས་ཤི་འཕོས་ནས་ཚ་དམྱལ་དུ་སྐྱེས་མ་ཐག་པའི་གང་ཟག་དེས་ལུས་ཚོར་སྡུག་བསྔལ་མྱོང་བ་གང་ཞིག །རྣམ་སྨིན་གྱི་ལུས་དེ་གཉིས་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་ཕྱིར། མཛོད་ལས། དེ་ནི་འཕེན་པ་གཅིག་པའི་ཕྱིར། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ཁོ་རང་ལ། རྒྱུ་འབྲས་དུས་མཉམ་པ་ཡོད་པར་ཐལ། གཟུགས་མེད་ནས་ཤི་འཕོས་མ་ཐག་འདོད་པའི་ཞེས་སོགས་ཀྱི་གང་ཟག་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་དེ་ཡང་འདོད་ཁམས་ན་ཡོད། དེའི་དམིགས་རྐྱེན་དུ་གྱུར་པའི་གཟུགས་དེ་ཡང་འདོད་ཁམས་ན་ཡོད་པའི་ཕྱིར། ཁྱབ་པ་ཁས། ཕྱི་མ་གྲུབ་སྟེ། དེའི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ཡོད། དེ་གཟུགས་མེད་ན་མེད་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་དམིགས་རྐྱེན་དུ་གྱུར་པའི་དེ་ཡོད་པར་ཐལ། ཁྱོད་གཟུགས་འཛིན་དབང་ཤེས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མིག་ཤེས་ཡིན་ན། རང་གི་ཞེས་སོགས་མིག་དབང་གཟུགས་ཅན་པ་ལས་བྱུང་བས་ཁྱབ་པར་ཐལ། དབང་ཤེས་ཡིན་ན། རང་གི་ཞེས་སོགས་དབང་པོ་གཟུགས་ཅན་པ་ལས་བྱུང་བས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མིག་དབང་གཟུགས་ཅན་པ་དང་། མིག་གི་རྣམ་པར་ཤེས་པ་གཉིས་གཅིག་ཆར་དུ་ཐོབ་པའི་གང་ཟག་ཡོད་པའི་ཕྱིར། མཛོད་ལས། མིག་དང་རྣམ་ཤེས་ཁམས་དང་ཡིད། །ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེ་ནི་མཛོད་ཀྱི་ལུགས་ཡིན་ཏེ། སྐབས་འདིར་ཁས་མི་ལེན་པའི་ཕྱིར། དེ་ལྟར་མ་ཡིན་ན། ཁོ་རང་ལ། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་དང་། མིག་གི་རྣམ་པར་ཤེས་པ་གཉིས་གཅིག་ཆར་དུ་ཐོབ་པའི་གང་ཟག་ཡོད་པར་ཐལ། མིག་དབང་གཟུགས་ཅན་པ་དང་མིག་གི་རྣམ་པར་ཤེས་པ་གཉིས་གཅིག་ཆར་དུ་ཐོབ་པའི་གང་ཟག་ཡོད་པའི་ཕྱིར། འདོད་ན། གཟུགས་མེད་ནས་ཤི་འཕོས་མ་ཐག་ཅེས་སོགས་ཀྱི་གང་ཟག་དེ་དེ་གཉིས་གཅིག་ཆར་དུ་ཐོབ་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་མིག་ཤེས་དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ཡོད་པར་ཐལ། འདོད་པའི་ཕྱིར། སྔར་གྱི་དེ་ལ་ཁ་ཅིག་ན་རེ། གཟུགས་ཁམས་པའི་བར་སྲིད་པ་ཆོས་ཅན། དྲི་ཟའི་སྐྱེས་བུ་ཡིན་པར་ཐལ། བར་སྲིད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དྲི་འཛིན་དབང་མངོན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ཁམས་ན་དྲི་དང་རོ་ལ་སོགས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཛོད་ལས། གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བསམ་གཏན་གཉིས་པ་ཡན་ཆད་ཀྱིས་སས་བསྡུས་ཀྱི་སྐྱེ་བོའི་རྒྱུད་ལ་ལྕེའི་རྣམ་པར་ཤེས་པ་དང་སྣའི་རྣམ་ཤེས་ལ་སོགས་པ་མེད་པ་ལུང་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། གཟུགས་ཁམས་ན་ལྕེའི་རྣམ་པར་ཤེས་པ་ཡོད་པར་ཐལ། ལོངས་སྐུའི་རྒྱུད་ལ་དེ་ཡོད་པའི་ཕྱིར། དེའི་རྒྱུད་ཀྱི་ལྕེའི་རྣམ་པར་ཤེས་པ་དེ་ལ་རོ་སྣང་བའི་ཕྱིར། མངོན་རྟོག་རྒྱན་ལས། རོ་མི་ཞིམ་པ་རོ་མཆོག་སྣང་། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ལོངས་སྐུའི་རྒྱུད་ཀྱི་ལྕེའི་རྣམ་པར་ཤེས་པ་དེ་འོག་མིན་ན་ཡོད་པར་ཐལ། དེའི་རྒྱུད་ལ་དེ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་བསམ་གཏན་དང་པོ་ན་ཡོད་པའི་ཕྱིར་ཏེ། དེ་བསམ་གཏན་དང་པོའི་སས་བསྡུས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་གང་ཟག་གི་རྒྱུད་ཀྱི་དབང་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། གཉིས་པ་སོགས་ན་ལུས་མིག་དང་། །སྣ་བའི་རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་གཙོ་ཆེ་བ་རྣམས་ལ་དགོངས་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྣམ་མཁྱེན་སྐད་ཅིག་དང་པོ་ལ་གནས་པའི་སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཆོས་ཅན། རང་གི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལས་སྐྱེས་པར་ཐལ། དབང་མངོན་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱི་དེར་གྱུར་པའི་དབང་པོ་གཟུགས་ཅན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་སེམས་རྒྱུན་མཐའ་བའི་རྒྱུད་ཀྱི་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན་ཁོ་རང་ལ། དེ་འདྲའི་སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ཡོད་པར་ཐལ། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་དེས། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་གཟུགས་མཐོང་བ་ཡིན་པའི་ཕྱིར། དེས་གཟུགས་མཐོང་བ་གང་ཞིག །དེས་དེ་འདྲའི་དབང་པོ་གཟུགས་ཅན་པ་ལ་མ་བརྟེན་པར་གཟུགས་མི་མཐོང་བའི་ཕྱིར། གཞན་ཡང་། དབང་མངོན་ཡིན་ན། དེ་འདྲའི་དབང་པོ་གཟུགས་ཅན་པ་ལས་བྱུང་བའི་ཁྱབ་པར་ཐལ། དེ་ཡིན་ན། དབང་ཤེས་ཞེས་པའི་སྒྲ་བཤད་དུ་ཡོད་པའི་དབང་ཤེས་ཡིན་དགོས་པའི་ཕྱིར་ཏེ། ཡིད་མངོན་ཡིན་ན། ཡིད་ཤེས་ཞེས་པའི་སྒྲ་བཤད་དུ་ཡོད་པའི་ཡིད་ཤེས་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པའི་རིག་པ་དེ། གཟུགས་འཛིན་དབང་ཤེས་ཀྱི་མཚན་ཉིད་ཟེར་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། མིག་ཤེས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་དུ་གྱུར་པའི་གཟུགས་ཡོད་པར་ཐལ། འདོད་པའི་ཕྱིར། བྱས་པ་ཁོ་ན་རེ། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། གཟུགས་འཛིན་དབང་ཤེས་སུ་ཐལ། གཟུགས་འཛིན་མིག་ཤེས་ཡིན་པའི་ཕྱིར། མིག་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། ཉན་ཤེས་ཡིན་ན། སྒྲ་འཛིན་ཉན་ཤེས་ཡིན་པས་ཁྱབ་པའི་ཕྱིར། རྟགས་གྲུབ་སྟེ། སྒྲ་ལ་སྒྲའི་སྐྱེ་མཆེད་ཀྱིས་ཁྱབ་པའི་ཕྱིར་ན་འདིར་མ་ཁྱབ། རང་རེས་གཟུགས་འཛིན་དབང་མངོན་ཡིན་ན། གཟུགས་འཛིན་པའི་དབང་མངོན་ཡིན་པས་ཁྱབ་བྱས་པ་ལ་ཁོ་ན་རེ། བུམ་འཛིན་དབང་མངོན་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་འཛིན་དབང་མངོན་གཟུགས་འཛིན་དེར་ཐལ། ཁྱོད་གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། འདོད་ན། གཟུགས་དེ་བུམ་འཛིན་དབང་མངོན་གྱི་གཟུང་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཀ་འཛིན་དབང་མངོན་གྱི་གཟུང་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཀ་འཛིན་དབང་མངོན་དེ་གཟུགས་འཛིན་དབང་མངོན་ཡིན་པའི་ཕྱིར། བུམ་འཛིན་དབང་མངོན་དེ་གཟུགས་འཛིན་དབང་མངོན་ཡིན་པར་ཐལ། བུམ་པའི་གཟུགས་འཛིན་པའི་དབང་མངོན་དེ་དེ་ཡིན་པའི་ཕྱིར་ཏེ། བུམ་པའི་གཟུགས་བརྗོད་པའི་ངག་དེ་གཟུགས་བརྗོད་པའི་ངག་ཡིན་པའི་ཕྱིར་ཏེ། དེ་བུམ་པ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་དང་། གཟུགས་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་འཛིན་རྟོག་པ་དེ་གཟུགས་འཛིན་རྟོག་པར་ཐལ། བུམ་པའི་གཟུགས་འཛིན་པའི་རྟོག་པ་གཟུགས་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན་མི་འགྲིག་གོ །རྟགས་གྲུབ་སྟེ། བུམ་པའི་གཟུགས་ཞེས་པའི་ངག་དེ་གཟུགས་བརྗོད་པའི་ངག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བུམ་པ་གཟུགས་ཀྱི་མཚན་གཞི་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། བུམ་འཛིན་རྟོག་པ་དེ་གཟུགས་འཛིན་རྟོག་པར་ཐལ། བུམ་འཛིན་དབང་མངོན་དེ་གཟུགས་འཛིན་དབང་མངོན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བུམ་པ་འཛིན་པའི་རྟོག་པ་དེ་གཟུགས་འཛིན་པའི་རྟོག་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བུམ་པ་གཟུགས་ཀྱི་མཚན་གཞི་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ལ་བརྟེན་ནས་བྱུང་བའི་རྟོག་བྲལ་མ་འཁྲུལ་པའི་རིག་པ་དེ་གཟུགས་འཛིན་དབང་མངོན་གྱི་མཚན་ཉིད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་རྣ་བའི་ཞེས་སོགས་ལས་བྱུང་བའི་རྟོག་བྲལ་མ་འཁྲུལ་པའི་རིག་པ། སྒྲ་འཛིན་དབང་མངོན་གྱི་མཚན་ཉིད་ཟེར་ན། དང་པོ་དེ་ལ་སངས་འཕགས་ཀྱི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། གཟུགས་རྟོགས་པའི་དབང་མངོན་ཡིན་པའི་ཕྱིར། འདོད་ན། མིག་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཉན་ཤེས་ཡིན་པའི་ཕྱིར། གཉིས་པ་ལ་སྦྲུལ་གྱི་མིག་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། སྒྲ་མཐོང་བའི་དབང་མངོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། དེས་སྒྲ་མཐོང་བའི་ཕྱིར། དུས་འཁོར་ཊཱིཀ་ཆེན་ལས། སྒྲ་མིག་གིས་གཟུང་བར་བྱེད་པ་གང་ཡིན་པ་དེ་ནི་སྦྲུལ་ཉིད་དོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཉན་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མིག་ཤེས་ཡིན་པའི་ཕྱིར། ཁ་ཅིག །རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ལས་བྱུང་བའི་རྟོག་བྲལ་མ་འཁྲུལ་པའི་རིག་པ་དེ་གཟུགས་འཛིན་དབང་མངོན་གྱི་མཚན་ཉིད། རང་གི་ཞེས་སོགས་ཀྱི་དེ་འདྲ་བའི་གསར་དུ་མི་བསླུ་བའི་རིག་པ་དེ་གཟུགས་འཛིན་དབང་མངོན་གྱི་ཚད་མའི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག། མཚན་ཉིད་གཉིས་པ་ལ་གཟུགས་རུང་ཚད་མས་ངེས་ནས་གཟུགས་ཚད་མས་མ་ངེས་པའི་གང་ཟག་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། མིག་ཤེས་ཚད་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཟུགས་ཡུལ་དུ་བྱེད་པའི་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྣང་ལ་མ་ངེས་ཀྱི་བློ་ཡིན་པའི་ཕྱིར་ཏེ། གཟུགས་ལ་དེ་འདྲའི་བློ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། གཟུགས་རུང་ཚད་མས་ངེས་པའི་ཞེས་སོགས་ཀྱི་གང་ཟག་གི་རྒྱུད་ལ་གཟུགས་འཛིན་དབང་མངོན་ཚད་མ་ཡོད་པར་ཐལ། དེའི་རྒྱུད་ཀྱི་གཟུགས་རུང་འཛིན་པའི་དབང་མངོན་དེ་གཟུགས་འཛིན་པའི་དབང་མངོན་ཚད་མ་ཡིན་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཚད་མ་དེ་ཁོ་ཁོ་རང་དུ་ཐལ། ཁོ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། རང་གི་འཇུག་ཡུལ་གྱི་གཙོ་བོ་ལ་མི་བསླུ་བའི་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ལ་མི་བསླུ་བའི་རིག་པ་ཡིན་པར་ཐལ། འདོད་པ་གང་ཞིག །གཟུགས་ཁྱོད་ཀྱི་འཇུག་ཡུལ་གྱི་གཙོ་བོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དབང་ཤེས་ལ་གཟུགས་འཛིན་དབང་ཤེས་ནས་རེག་བྱ་འཛིན་པའི་དབང་མངོན་གྱི་བར་ལྔར་གྲངས་ངེས་པ་ཡིན་ནོ་ཟེར་ན། དེ་མི་འཐད་པར་ཐལ། དེ་ལྔ་པོ་གང་རུང་ཡིན་ན་གཟུང་དོན་ཅན་གྱི་དབང་ཤེས་ཡིན་དགོས། དབང་ཤེས་ལ་གཟུང་དོན་ཅན་གྱི་དབང་ཤེས་ཀྱིས་མ་ཁྱབ་པའི་ཕྱིར་ཏེ། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་གཟུང་དོན་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དབང་ཤེས་དེ་ལ་དེ་ལྔར་གྲངས་ངེས་པ་ཡིན་ཏེ། དེ་ལ་སྒོ་ལྔའི་དབང་ཤེས་སུ་གྲངས་ངེས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དབང་པོ་གཟུགས་ཅན་པ་དེ་ལ། མིག་གི་དབང་པོ་གཟུགས་ཅན་པ་ནས། ལུས་ཀྱི་དེའི་བར་ལྔར་གྲངས་ངེས་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་སྐྱེད་བྱེད་དེ། གཟུགས་འཛིན་དབང་མངོན་གྱི་གཟུང་དོན་གྱི་མཚན་ཉིད་ཟེར་ན། སེམས་ཙམ་པས་མཚོན་བྱ་དེ་ཁས་ལེན་པར་ཐལ། མཚན་ཉིད་དེ་ཁས་ལེན་པ་གང་ཞིག །དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་གཟུགས་འཛིན་དབང་མངོན་ལ་གཟུགས་ཀྱི་རྣམ་པ་ཤར་བར་ཁས་ལེན་པའི་ཕྱིར། རྩ་བར་འདོད་ན། དེས་ཕྱི་དོན་ཁས་ལེན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། དེས་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་ཁས་ལེན་པར་ཐལ། དེས་སངས་འཕགས་ཀྱི་རྒྱུད་ཀྱི་དེའི་གཟུང་དོན་ཁས་ལེན་པའི་ཕྱིར། ཁ་ཅིག་འདིར་མ་ཁྱབ་ཟེར། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གྱི་དངོས་རྒྱུར་གྱུར་པའི་གཟུང་དོན་ཁས་ལེན་པའི་ཕྱིར་ཏེ། དེས་སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གྱི་དངོས་རྒྱུར་གྱུར་པའི་གཟུགས་དེ། དེའི་དངོས་རྒྱུ་ཡང་ཡིན། དེའི་ཡུལ་ཡང་ཡིན་པའི་གཞི་མཐུན་དུ་ཁས་ལེན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། སེམས་ཙམ་པས་སངས་རྒྱས་ཀྱི་ས་ན་གཟུང་དོན་ཅན་གྱི་ཤེས་པ་ཡོད་པར་ཁས་ལེན་པར་ཐལ། དེས་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གཟུང་དོན་ཅན་གྱི་དེར་ཁས་ལེན་པའི་ཕྱིར། རྟགས་ཁས། འདོད་ན། དེས་གཟུང་དོན་ཅན་གྱི་དབང་མངོན་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་ཕྱི་དོན་ཁས་ལེན་པར་ཐལ་ལོ། །གཞན་ཡང་། སེམས་ཙམ་པས་སངས་རྒྱས་ཀྱི་སར་གཟུང་འཛིན་རྫས་གཞན་ཁས་ལེན་པར་ཐལ། དེས་སངས་རྒྱས་ཀྱི་སར་གཟུང་དོན་ཅན་གྱི་དབང་མངོན་ཁས་ལེན་པའི་ཕྱིར། འདོད་ན། དེས་སངས་རྒྱས་ཀྱི་སར་གཟུང་འཛིན་རྫས་གཞན་དུ་འཛིན་པའི་རྟོག་པ་སྤངས་པའི་མཁྱེན་པ་ཁས་མི་ལེན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་རྣམ་མཁྱེན་ཡིན་ན། དེ་འདྲའི་རྟོག་པ་སྤངས་པའི་མཁྱེན་པ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སེམས་ཙམ་པས་སངས་རྒྱས་ཀྱི་སར་གཟུང་འཛིན་རྫས་གཞན་ཁས་ལེན་པར་ཐལ། དེས་སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་དང་། དེའི་དངོས་རྒྱུར་གྱུར་པའི་གཟུགས་གཉིས་གཟུང་འཛིན་རྫས་གཞན་དུ་ཁས་ལེན་པའི་ཕྱིར་ཏེ། དེས་དེ་གཉིས་གཟུང་འཛིན་དུ་ཡང་ཁས་ལེན། དེས་དེ་གཉིས་རྫས་གཞན་དུ་ཡང་ཁས་ལེན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། སྔར་གྱི་དེ་གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་གྱི་མཚན་ཉིད། གཟུགས་འཛིན་དབང་མངོན་གཟུང་དོན་འཛིན་ནུས་སུ་གཙོ་བོར་དངོས་སུ་སྐྱེད་བྱེད་དེ། དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་གྱི་མཚན་ཉིད། དེ་མྱོང་བ་གསལ་རིག་ཏུ་གཙོ་བོར་དངོས་སུ་སྐྱེད་བྱེད་དེ། དེའི་དེ་མ་ཐག་རྐྱེན་གྱི་མཚན་ཉིད་ཟེར་ན། གཟུགས་འཛིན་དབང་མངོན་གྱི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་གཟུགས་ཡིད་ལ་བྱེད་པའི་ཤེས་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ཤར་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར། དེ་དེའི་རྣམ་པ་ཤར་བའི་རིག་པར་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར་ཏེ། དེ་དེའི་རྣམ་པ་ཤར་བའི་གཟུགས་འཛིན་དབང་མངོན་དུ་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་འདྲ་བའི་དེ་ཆོས་ཅན། གཟུགས་ཡིན་པར་ཐལ་ལོ། །གཞན་ཡང་། དེ་ཆོས་ཅན། ནང་གི་གཟུགས་ཅན་དྭངས་བ་ཡིན་པར་ཐལ། མཚན་ཉིད་གཉིས་པ་དེའི་ཕྱིར། གཞན་ཡང་། གཟུགས་ཆོས་ཅན། མཚོན་བྱ་གསུམ་པ་དེར་ཐལ། མཚན་ཉིད་དེའི་ཕྱིར། གཟུགས་འཛིན་དབང་མངོན་གསལ་ཞིང་རིག་པར་གཙོ་བོར་སྐྱེད་བྱེད་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་འཛིན་དབང་མངོན་རང་ཡུལ་དུ་གྱུར་པའི་དངོས་པོའི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད། གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་གྱི་མཚན་ཉིད། གཟུགས་ཀྱི་སྟེང་གི་མི་རྟག་པ་དེ། གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་མ་ཡིན་ལ། གཟུགས་འཛིན་དབང་མངོན་རང་ཡུལ་དུ་གྱུར་པའི་དངོས་པོའི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་ཟེར་ན། བེམ་པོ་ཡིན་ན། གཟུགས་ཀྱི་སྟེང་གི་མི་རྟག་པ་དེ་གཟུགས་འཛིན་དབང་མངོན་རང་ཉིད་ཀྱི་རྣམ་ལྡན་དུ་དངོས་སུ་སྐྱེད་བྱེད་མ་ཡིན་དགོས་པར་ཐལ། གཟུགས་ཀྱི་སྟེང་གི་མི་རྟག་པ་དེ། གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་མ་ཡིན་པའི་ཕྱིར། འདོད་ན། ལྡན་མིན་འདུ་བྱེད་ཡིན་ན། གཟུགས་དེ་གཟུགས་འཛིན་དབང་མངོན་རང་ཉིད་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་མ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་འཛིན་དབང་མངོན་གྱི་ཡུལ་དུ་གྱུར་པའི་དངོས་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གཟུགས་ཆོས་ཅན། གཟུགས་འཛིན་དབང་མངོན་རང་ཡུལ་དུ་གྱུར་པའི་དངོས་པོའི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པར་ཐལ། གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་ཀྱི་སྟེང་གི་མི་རྟག་པ་དེ། གཟུགས་འཛིན་དབང་མངོན་བེམ་པོའི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པར་ཐལ། དེ་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཀྱི་སྟེང་གི་མི་རྟག་པ་དེ། གཟུགས་འཛིན་དབང་མངོན་ལྡན་མིན་འདུ་བྱེད་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ་གཟུགས་ཀྱི་སྟེང་གི་མི་རྟག་པ་དེ། གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པར་ཐལ། གཟུགས་འཛིན་དབང་མངོན་གྱི་དངོས་རྒྱུ་དེ། གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར། གཟུགས་འཛིན་རྟོག་པའི་དངོས་རྒྱུ་དེ། གཟུགས་འཛིན་རྟོག་པ་གཟུགས་ཀྱི་རྣམ་ལྡན་དུ་སྐྱེད་པའི་དེ་ཡིན་པའི་ཕྱིར་ཏེ། ནམ་མཁའ་འཛིན་པའི་རྟོག་པའི་དངོས་རྒྱུ་དེ་ནམ་མཁའ་འཛིན་པའི་རྟོག་པ་ནམ་མཁའི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར། ནམ་མཁའ་འཛིན་པའི་རྟོག་པ་ནམ་མཁའི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་གཅིག་ཡོད་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་འཛིན་དབང་མངོན་གྱི་དངོས་རྒྱུའི་བྱེ་བྲག་གང་ཞིག །གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་དེ། །དེའི་དམིགས་རྐྱེན་གྱི་མཚན་ཉིད་ཟེར་ན། གཟུགས་འཛིན་དབང་མངོན་གྱི་དངོས་རྒྱུ་དེ། གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པར་ཐལ། དེའི་དམིགས་རྐྱེན་གྱི་མཚན་ཉིད་ཀྱི་ཟུར་དུ་དེའི་དངོས་རྒྱུའི་བྱེ་བྲག་ཅེས་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། འདོད་ན། གཟུགས་འཛིན་དབང་མངོན་གྱི་དེ་མ་ཐག་རྐྱེན་དེ། གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་དུ་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། དང་པོ་མ་གྲུབ་ན། གཟུགས་འཛིན་དབང་མངོན་ཆོས་ཅན། ཁྱོད་ཀྱི་དེ་མ་ཐག་རྐྱེན་དེ། ཁྱོད་ཀྱི་དངོས་རྒྱུའི་བྱེ་བྲག་ཏུ་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་ཕྱིའི་སྐྱེ་མཆེད་དེ་དེའི་དམིགས་རྐྱེན་གྱི་མཚན་ཉིད་ཟེར་ན། གཟུགས་འཛིན་དབང་མངོན་གྱི་དེ་མ་ཐག་ཏུ་གྱུར་པའི་ཚོར་བ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་དང་པོ་སྒྲུབ་ཟིན། གཉིས་པ་གྲུབ་སྟེ། ཆོས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར་ཏེ། ཚོར་བའི་ཕུང་པོ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། དེ་གསུམ་རྣམ་རིག་བྱེད་མིན་དང་། །འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། ཕྱིའི་སྐྱེ་མཆེད་ཡིན་པར་ཐལ། གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་པོ་གང་རུང་ཡིན་པའི་ཕྱིར། དེ་གང་རུང་དང་མིག་སོགས་ནང་གི་སྐྱེ་མཆེད་དྲུག་པོ་གང་རུང་གང་ཞིག །ཕྱི་མ་དེ་གང་རུང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གཞི་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་ཕྱི་རོལ་གྱི་དོན་དེ། གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་གྱི་མཚན་ཉིད་ཟེར་ན། གཟུགས་ཀྱི་སྟེང་གི་མི་རྟག་པ་ཆོས་ཅན། ཕྱི་རོལ་གྱི་དོན་ཡིན་པར་ཐལ། དེའི་དམིགས་རྐྱེན་ཡིན་པའི་ཕྱིར་ཏེ། སྒྲའི་སྟེང་གི་མི་རྟག་པ་དེ་སྒྲ་འཛིན་དབང་མངོན་གྱི་དམིགས་རྐྱེན་ཡིན་པའི་ཕྱིར་ཏེ། སྒྲ་འཛིན་དབང་མངོན་དེ་སྒྲ་མི་རྟག་པ་གཟུང་དོན་དུ་བྱས་པ་ལ་བརྟེན་ནས་སྐྱེས་པ་ཡིན་པའི་ཕྱིར། རྣམ་ངེས་ཊཱིཀ་ཆེན་ལས། སྒྲ་འཛིན་དབང་མངོན་སྒྲ་མི་རྟག་པ་གཟུང་དོན་དུ་བྱས་པ་ལས་སྐྱེས་ཤིང་། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྔོན་པོའི་སྟེང་གི་མི་རྟག་པ་དེ། སྔོན་འཛིན་དབང་མངོན་གྱི་དམིགས་རྐྱེན་ཡིན་པར་ཐལ། སྒྲའི་སྟེང་གི་མི་རྟག་པ་དེའི་ཕྱིར། འདོད་ན། དེ་དེའི་གཟུང་དོན་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེའི་གཟུང་དོན་དུ་གྱུར་པའི་ལྡན་མིན་འདུ་བྱེད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཐོང་ཕྱིར་འདུ་བྱེད་ལས་ཀྱང་མིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། སྔོན་འཛིན་དབང་མངོན་གྱི་གཟུང་དོན་དུ་གྱུར་པའི་སྔོན་པོའི་མིང་སོགས་ལྡན་མིན་འདུ་བྱེད་མེད་པ་ལུང་དེའི་དོན་ཡིན་པའི་ཕྱིར། གཞན་ཡང་། གཟུགས་ཀྱི་སྟེང་གི་མི་རྟག་པ་དེ་གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་མ་ཡིན་པར་ཐལ། དེའི་དམིགས་རྐྱེན་ཡིན་ན། གཟུགས་ཀྱི་སྐྱེ་མཆེད་ཡིན་དགོས་པའི་ཕྱིར། དབང་པོའི་སེམས་ནི་ངེས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གཟུགས་འཛིན་དབང་མངོན་དེ་གཟུགས་དང་། གཟུགས་འཛིན་དབང་མངོན་གཉིས་ཀྱི་ནང་ནས། གཟུགས་ཁོ་ནའི་ཡུལ་ཅན་ཡིན་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་ཀྱི་སྟེང་གི་མི་རྟག་པ་དེ་རང་འཛིན་དབང་མངོན་གྱི་དམིགས་རྐྱེན་ཡིན་པར་ཐལ། དེ་གཟུགས་འཛིན་དབང་མངོན་གྱི་དེ་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཡང་དེ་ཡིན་པར་ཐལ་ལོ་ཟེར་ན་མ་ཁྱབ། འདོད་ན། ཤེས་པ་དེ་ཡིན་པར་ཐལ་ལོ། །ཁ་ཅིག་ན་རེ། གཟུགས་འཛིན་དབང་མངོན་རང་གི་རྫས་རྒྱུན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རིག་པ་དེ། དེའི་ཉེར་ལེན་གྱི་མཚན་ཉིད་ཟེར་ན། གཟུགས་འཛིན་དབང་མངོན་གྱི་ཉེར་ལེན་དུ་གྱུར་པའི་གཟུགས་ཀྱི་བག་ཆགས་ཆོས་ཅན། རིག་པ་ཡིན་པར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། གཟུགས་འཛིན་རྟོག་པའི་ཉེར་ལེན་དུ་གྱུར་པའི་གཟུགས་ཀྱི་བག་ཆགས་ཡོད་པའི་ཕྱིར་ཏེ། དུས་ཅན་མཐོང་གོམས་ཀྱིས་སྤྲུལ་ཡིན། །ཞེས་དང་། དེའི་ཐད་ཀྱི་ཊཱིཀྐ་ལས། ཐོག་མ་མེད་པའི་དུས་ཅན་གྱི་ཤིང་རང་མཚན་མཐོང་བ་གོམས་པའི་རྟོག་པའི་བག་ཆགས་ཀྱིས་ཉེར་ལེན་བྱས་ནས་སྤྲུལ་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་རྟོག་པའི་ཉེར་ལེན་དུ་གྱུར་པའི་གཟུགས་ཀྱི་བག་ཆགས་མེད་པར་ཐལ། དེའི་ཉེར་ལེན་ཡིན་ན་ཤེས་པ་ཡིན་དགོས་པའི་ཕྱིར། རྣམ་ཤེས་མིན་པའི་རྣམ་ཤེས་ཀྱི། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ཉེར་ལེན་དུ་གྱུར་པའི་བེམ་པོ་མེད་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། གཟུགས་འཛིན་རྟོག་པའི་ཉེར་ལེན་དུ་གྱུར་པའི་ལྡན་མིན་འདུ་བྱེད་ཡོད་པར་ཐལ། ཤེས་པའི་ཉེར་ལེན་དུ་གྱུར་པའི་ལྡན་མིན་འདུ་བྱེད་ཡོད་པའི་ཕྱིར་ཏེ། དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡོད། དེར་གྱུར་པའི་ཤེས་པ་ཡང་མེད། དེར་གྱུར་པའི་བེམ་པོ་ཡང་མེད་པའི་ཕྱིར། དང་པོ་མ་གྲུབ་ན། དེའི་དེར་གྱུར་པའི་ཡིད་དབང་ཡོད་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཤེས་པ་ཆོས་ཅན། ཡིད་ཀྱི་ཤེས་པ་ཡིན་པར་ཐལ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་རིག་པ་ཡིན་པའི་ཕྱིར། གཞན་ཡང་། སྔར་གྱི་མཚན་ཉིད་དེ་མི་འཐད་པར་ཐལ། གཟུགས་འཛིན་དབང་མངོན་གྱི་རྒྱུར་གྱུར་པའི་ཉེར་ལེན་ཡོད་པའི་ཕྱིར། ཁ་ཅིག་ན་རེ། དམིགས་རྐྱེན་ཅན་གྱི་ཤེས་པ་དང་གཟུང་དོན་ཅན་གྱི་ཤེས་པ་གཉིས་དོན་གཅིག་ཟེར་ན། དེ་ལ་མཁས་པའི་དབང་པོ་ཁ་ཅིག་གི་གསུང་ལས། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། གཟུང་དོན་ཅན་གྱི་དེར་ཐལ། དམིགས་རྐྱེན་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེའི་དམིགས་རྐྱེན་ཡོད་པའི་ཕྱིར། ཟླ་གཅིག་དེ་དེའི་དམིགས་རྐྱེན་ཡིན་པའི་ཕྱིར། དེ་དེའི་དམིགས་རྐྱེན་དུ་མདོ་སྡེ་པས་བཞེད་པའི་ཕྱིར་ཏེ། དེ་དང་མདོ་སྡེ་སྤྱོད་པ་གཉིས་ཀས་དེ་དེའི་དམིགས་རྐྱེན་གྱི་མཚན་གཞིར་བཞེད་པའི་ཕྱིར། དྲང་ངེས་རྣམ་འབྱེད་ལས། ཟླ་བ་གཉིས་སུ་སྣང་བའི་ཤེས་པ་ཡང་ཟླ་བ་གཅིག་ལ་དམིགས་པ་ལས་སྐྱེ་དགོས་ཤིང་། ཕྱི་རོལ་གྱི་དམིགས་པ་མེད་པར་མི་སྐྱེའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ཟླ་གཅིག་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པར་ཐལ། བར་སྣང་གི་ཁ་དོག་དེ་སྐྲ་ཤད་འཛག་སྣང་གི་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར། སྤྱི་དོན་རིགས་རྒྱན་ལས། བར་སྣང་གི་ཁ་དོག་ཉིད་ཁོའི་དམིགས་རྐྱེན་ཡིན་པར་སེམས་སོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེའི་གཟུང་དོན་མེད་པའི་ཕྱིར། སྐྲ་སྣང་དོན་མེད་ཅན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་འཛིན་དབང་མངོན་གྱི་བདག་རྐྱེན་དང་དེའི་དེ་མ་ཐག་རྐྱེན་གཉིས་འགལ་ལོ་ཟེར་ན། དེ་གཉིས་མི་འགལ་ཏེ། དེའི་དེ་མ་ཐག་རྐྱེན་ཡིན་ན། དེའི་བདག་རྐྱེན་ཡིན་དགོས་པའི་ཕྱིར། དེའི་དེ་མ་ཐག་རྐྱེན་ཡིན་ན། གཟུགས་འཛིན་དབང་མངོན་རང་དབང་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་དགོས་པའི་ཕྱིར། ཁོ་ན་རེ། དབང་ཤེས་ཡིན་ན། ལུས་ཤེས་ཡིན་པས་ཁྱབ་ཟེར་ན། འོ་ན། དབང་ཤེས་ཡིན་ན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ལུས་དབང་གཟུགས་ཅན་པ་ལས་བྱུང་བས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། གཟུགས་འཛིན་མིག་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ལས་བྱུང་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། དབང་ཤེས་ཡིན་ན། ལུས་ཤེས་ཡིན་དགོས་པར་ཐལ། དབང་པོ་གཟུགས་ཅན་པ་ཡིན་ན། ལུས་དབང་གཟུགས་ཅན་པ་ཡིན་དགོས་པའི་ཕྱིར་ཏེ། དབང་པོ་གཟུགས་ཅན་པ་ཡིན་ན། རང་ཉིད་ལ་གནས་པའི་རྟེན་གྱི་གང་ཟག་དེའི་ལུས་ཀྱི་ཆ་ཤས་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། ཁོ་ན་རེ། དབང་ཤེས་ཡིན་ན། ལུས་ཤེས་ཡིན་དགོས་པར་ཐལ། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་དེ་ལུས་ཤེས་ཡིན་པའི་ཕྱིར། དེའི་འཁོར་དུ་གྱུར་པའི་ཚོར་བ་དེ་ལུས་ཚོར་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ཕྱིའི་ཚོར་བ་ཡིན་པའི་ཕྱིར། གོང་དུ་མ་ཁྱབ་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་མིག་གི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་ཆོས་ཅན། ཁྱོད་འཁོར་དུ་སྡུད་པར་བྱེད་པའི་ལུས་ཤེས་ཡོད་པར་ཐལ། ཁྱོད་ལུས་ཚོར་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་དེ་ལུས་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། ཁོ་རང་ལ། མིག་ཤེས་དེ་དབང་ཤེས་སུ་ཐལ། མིག་ཤེས་ནས་ལུས་ཤེས་ཀྱི་བར་ལྔར་ཕྱེས་པའི་མིག་ཤེས་དེ་ལུས་ཤེས་ཡིན་པའི་ཕྱིར། དེ་ལ་མ་ཁྱབ་ན་གསལ་བ་དེར་ཐལ། དབང་ཤེས་ལ་མིག་ཤེས་ནས་ལུས་ཤེས་ཀྱི་བར་ལྔར་ཕྱེས་པའི་མིག་ཤེས་དེ་ལུས་ཤེས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ལུས་ཤེས་ཡིན་པར་ཐལ། དབང་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། གཟུགས་དེ་ཚུར་མཐོང་གི་རྒྱུད་ཀྱི་ལུས་ཤེས་ཀྱི་གཞལ་བྱ་ཡིན་པར་ཐལ། དེའི་རྒྱུད་ཀྱི་གཟུགས་འཛིན་མིག་ཤེས་དེ་ལུས་ཤེས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་དེ་དེའི་རྒྱུད་ཀྱི་མིག་ཤེས་ཀྱི་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་རྒྱུད་ཀྱི་ལུས་ཤེས་ཀྱི་གཞལ་བྱ་ཡིན་ན། དེའི་རྒྱུད་ཀྱི་མིག་ཤེས་ཀྱི་གཞལ་བྱ་མ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དབང་ཤེས་ཡིན་ན། ལུས་ཤེས་ཡིན་དགོས་པར་ཐལ། ཤེས་པ་ལ། ལུས་ཤེས་དང་ཡིད་ཤེས་གཉིས་སུ་གྲངས་ངེས་པའི་ཕྱིར་ཏེ། ཚོར་བ་ལ་ལུས་ཚོར་དང་སེམས་ཚོར་གཉིས་སུ་གྲངས་ངེས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཚོར་བ་བདེ་བ་ལ་ལུས་ཚོར་བདེ་བ་དང་། སེམས་ཚོར་བདེ་བ་གཉིས་སུ་གྲངས་ངེས། ཚོར་བ་སྡུག་བསྔལ་ལ། ལུས་ཚོར་སྡུག་བསྔལ་དང་སེམས་ཚོར་སྡུག་བསྔལ་གཉིས་སུ་གྲངས་ངེས་པའི་ཕྱིར། ཁ་ཅིག་ན་རེ། རང་གི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ལ་བརྟེན་ནས་སྐྱེས་པའི་དབང་ཤེས་ཡིན་ན། གཟུགས་འཛིན་དབང་ཤེས་ཡིན་པའི་ཁྱབ་ཟེར་ན། གཟུགས་འཛིན་པའི་དབང་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། གཟུགས་དེ་དེའི་དམིགས་རྐྱེན་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་ཁྱོད་རང་འཛིན་པའི་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པར་ཐལ། ཁྱོད་ཁྱོད་རང་རྟོགས་པའི་དབང་ཤེས་ཀྱི་དེ་ཡིན་པའི་ཕྱིར་ཏེ། ཁྱོད་གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། རྩ་བར་འདོད་ན། གཟུགས་འཛིན་པའི་ཡིད་མངོན་དེ། གཟུགས་འཛིན་ཡིད་མངོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་འཛིན་པའི་ཡིད་མངོན་གྱི་རིགས་རྒྱུན་མེད་པར་ཐལ། འདོད་པ་གང་ཞིག །གཟུགས་འཛིན་ཡིད་མངོན་གྱི་རིགས་རྒྱུན་མེད་པའི་ཕྱིར། རྟགས་ཕྱི་མ་གྲུབ་མཐའ་ལ་ཁས། འདོད་ན། མིག་གི་མངོན་ཤེས་ཀྱི་རིགས་རྒྱུན་མེད་པར་ཐལ། འདོད་པ་གང་ཞིག །མིག་གི་མངོན་ཤེས་དེ་གཟུགས་འཛིན་པའི་ཡིད་མངོན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གོང་དུ་མ་ཁྱབ་སྟེ། འོ་ན། གཟུགས་འཛིན་པའི་ཡིད་མངོན་གྱི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ཡོད་པར་ཐལ། གཟུགས་འཛིན་པའི་དབང་མངོན་གྱི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ཡོད་པའི་ཕྱིར། ཁྱབ་པ་ཁས། ཟེར་ན། མི་འགྲིག་གོ །འདོད་ན། གཟུགས་འཛིན་པའི་ཡིད་མངོན་གྱི་དམིགས་རྐྱེན་དུ་གྱུར་པའི་གཟུགས་མེད་པར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེ། གཟུགས་འཛིན་ཡིད་མངོན་ཡིན་པའི་ཕྱིར། །

༈ རང་ལུགས་ལ། དབང་ཤེས་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་བྱུང་བའི་རིག་པ་དེ། དབང་ཤེས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། མིག་ཤེས་ནས་ལུས་ཤེས་ཀྱི་བར་ལྔ་ཡོད། ཡང་དེ་ལ་དབྱེ་ན། འཁྲུལ་ཤེས་སུ་གྱུར་པའི་དབང་ཤེས་དང་། དབང་མངོན་གཉིས་ཡོད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་བྱུང་བའི་གསལ་སྣང་ཅན་གྱི་འཁྲུལ་པའི་རིག་པ་དེ། འཁྲུལ་ཤེས་སུ་གྱུར་པའི་དབང་ཤེས་ཀྱི་མཚན་ཉིད། དཔེར་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུའོ། །རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་བྱུང་བའི་རྟོག་བྲལ་མ་འཁྲུལ་པའི་རིག་པ་དེ། དབང་མངོན་གྱི་མཚན་ཉིད། དེ་ལ་དབྱེ་ན། གཟུགས་འཛིན་དབང་མངོན་ནས་རེག་བྱ་འཛིན་པའི་དབང་མངོན་གྱི་བར་ལྔ་ཡོད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ལ་བརྟེན་ནས་བྱུང་བའི་རྟོག་བྲལ་མ་འཁྲུལ་པའི་རིག་པ་དེ། གཟུགས་འཛིན་དབང་མངོན་གྱི་མཚན་ཉིད་ཡིན་ཅིང་། དེས་གཞན་རྣམས་ལ་རིགས་འདྲེའོ། །

རང་ལུགས་ཀྱི་དབང་མངོན་གྱི་དོན་དང་དེའི་རྐྱེན་གསུམ་བཤད་པ།

༈ རྐྱེན་གསུམ་བཤད་པ་ལ། སེམས་ཙམ་པའི་ལུགས་ཅུང་ཟད་བཤད་པ་དང་། མདོ་སྡེ་པའི་ལུགས་བརྗོད་པ་གཉིས། དང་པོ་ནི། གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། དེའི་སྣང་བའི་དམིགས་རྐྱེན་དང་། ནུས་པ་འཇོག་པའི་དམིགས་རྐྱེན་གཉིས་སུ་ཡོད་ལ། གཟུགས་དེ་དང་པོའི་མཚན་གཞི་ཡིན། གཟུགས་ལ་དེ་ལྟར་བརྗོད་པའི་རྒྱུ་མཚན་ཡོད་དེ། གཟུགས་འཛིན་དབང་མངོན་དེ་གཟུགས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་རྒྱུ་མཚན་གྱིས། དེ་ལྟར་བརྗོད་པའི་ཕྱིར། དེ་སྐད་དུ་ཡང་དམིགས་པ་བརྟགས་པ་ལས། གཅིག་ཆར་མི་འཁྲུལ་ཕྱིར་ན་རྐྱེན། །ཞེས་གསུངས་པའི་ཕྱིར། གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་དང་། དེའི་ནུས་པ་འཇོག་པའི་དམིགས་རྐྱེན་དོན་གཅིག །དེའི་ནུས་པ་འཇོག་པའི་དམིགས་རྐྱེན་དང་། ལྡན་མིན་འདུ་བྱེད་ཀྱི་གཞི་མཐུན་ཡོད་དེ། གཟུགས་འཛིན་དབང་མངོན་གྱི་དེ་མ་ཐག་རྐྱེན་གྱི་སྟེང་གི་གཟུགས་འཛིན་དབང་མངོན་སྐྱེད་པའི་ནུས་པ་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། དེ་སྐད་དུ་ཡང་དམིགས་པ་བརྟགས་པ་ལས། ཡང་ན། ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཡིན་ཀྱང་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་ནི་མེད་དོ། །

༈ གཉིས་པ་མདོ་སྡེ་པའི་ལུགས་བཤད་པ་ནི། གཟུགས་འཛིན་དབང་མངོན་གྱི་རྐྱེན་གསུམ་པོ་གང་རུང་གང་ཞིག །གཟུགས་འཛིན་དབང་མངོན་རང་ཉིད་ཀྱི་རྣམ་ལྡན་དུ་དངོས་སུ་སྐྱེད་བྱེད་དེ་གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་གྱི་མཚན་ཉིད། མཚན་གཞི་ནི་གཟུགས་ལྟ་བུའོ། །དེའི་དེ་གསུམ་གང་རུང་གང་ཞིག །དེ་རང་དབང་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་ནང་གི་གཟུགས་ཅན་དྭངས་བ་དེ། དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་གྱི་མཚན་ཉིད། མཚན་གཞི་ནི། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་ལྟ་བུ། དེའི་དེ་གསུམ་གང་རུང་གང་ཞིག །དེ་རང་དབང་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རིག་པ་དེ། དེའི་ཐུན་མོང་བའི་བདག་རྐྱེན་གྱི་མཚན་ཉིད། དེ་གང་རུང་གང་ཞིག །དེ་མྱོང་བ་གསལ་རིག་ཏུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རིག་པ་དེ། དེའི་དེ་མ་ཐག་རྐྱེན་གྱི་མཚན་ཉིད་དང་། དེ་རང་གི་རྫས་རྒྱུན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རིག་པ་དེ། དེའི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་ཤེས་པའི་མཚན་ཉིད། དེའི་ཐུན་མོང་བའི་བདག་རྐྱེན། དེའི་དེ་མ་ཐག་རྐྱེན། དེའི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་ཤེས་པ་རྣམས་དོན་གཅིག །མཚན་གཞི་ནི། རང་གི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་གཟུགས་ཡིད་ལ་བྱེད་པའི་ཤེས་པ་ལྟ་བུའོ། །ངག་དོན་ནི། གཟུགས་འཛིན་དབང་ཤེས་དེ་རང་གི་དམིགས་རྐྱེན་དུ་གྱུར་པའི་གཟུགས་དང་། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་ལ་བརྟེན་ནས་བྱུང་བའི་རྟོག་བྲལ་གྱི་རིག་པ་ཡིན་ཏེ། དེ་ཡིན་པའམ། གཟུགས་འཛིན་དབང་ཤེས་མིང་སྦྱོར་རྟོག་པ་ཡིན་པ་གང་རུང་གང་ཞིག །དེ་མིང་སྦྱོར་རྟོག་པ་ཡིན་པ་ལ་གནོད་བྱེད་གོང་དུ་བསྟན་ཟིན་པའི་ཕྱིར། །

༈ རྩོད་པ་སྤང་བ་ལ། ཁ་ཅིག་ན་རེ། གཟུགས་མེད་ནས་ཤི་འཕོས་ནས་འདོད་པའི་བར་སྲིད་དུ་སྐྱེས་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་དྲི་འཛིན་དབང་མངོན་ཆོས་ཅན། རང་གི་ཐུན་མོང་མ་ཡིན་པའི་ཞེས་སོགས་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། དེའི་རྒྱུད་ལ་དྲི་འཛིན་དབང་མངོན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེར་ཐལ། ཁྱོད་ཀྱི་རྒྱུད་ལ་སྒོ་ལྔའི་དབང་ཤེས་ཡོད་པའི་ཕྱིར། ཁྱོད་དབང་པོ་ཀུན་ཚང་བའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག །འདིར་མ་ཁྱབ་ཟེར། རྟགས་གྲུབ་སྟེ། བར་སྲིད་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། གཟུགས་མེད་ན་དབང་པོ་གཟུགས་ཅན་པ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། གཟུགས་མེད་ནས་ཞེས་སོགས་ཀྱི་གང་ཟག་གི་རྒྱུད་ཀྱི་དྲི་འཛིན་དབང་མངོན་དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ཡོད་པར་ཐལ། དེའི་དེར་གྱུར་པའི་བེམ་པོ་ཡོད་པའི་ཕྱིར་ཏེ། དེའི་དེར་གྱུར་པའི་ལྡན་མིན་འདུ་བྱེད་ཀྱང་མེད། དེར་གྱུར་པའི་ཤེས་པ་ཡང་མེད་པའི་ཕྱིར། །

༈ ཁ་ཅིག་ན་རེ། གཟུགས་འཛིན་དབང་ཤེས་ཀྱི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་གཟུགས་ཡིད་ལ་བྱེད་པའི་ཤེས་པ་ཆོས་ཅན། གཟུགས་འཛིན་དབང་མངོན་རང་དབང་དུ་སྐྱེད་བྱེད་མ་ཡིན་པར་ཐལ། ཁྱོད་ཀྱིས་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་གྲོགས་སུ་ཡོད་པ་ལ་ལྟོས་ནས་གཟུགས་འཛིན་དབང་མངོན་བསྐྱེད་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཟུགས་འཛིན་པའི་ཡིད་མངོན་གྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་དེས། གཟུགས་འཛིན་ཡིད་མངོན་གྱི་གཟུང་དོན་གྲོགས་སུ་ཡོད་པ་ལ་ལྟོས་ནས། གཟུགས་འཛིན་ཡིད་མངོན་བསྐྱེད་པ་ཡིན་པའི་ཕྱིར། རང་དོན་རྗེས་འགྲོའི་དོན་ལྟོས་ཅན། །ཞེས་གསུངས་པའི་ཕྱིར། དབང་མངོན་གྱི་དམིགས་རྐྱེན་དུ་གྱུར་པའི་བེམ་པོ་ཡོད་པར་ཐལ། གཟུགས་འཛིན་དབང་མངོན་གྱི་དེར་གྱུར་པའི་བེམ་པོ་ཡོད་པའི་ཕྱིར། རྟགས་ཁས་ཟེར། འདོད་ན། དེའི་དེར་གྱུར་པའི་གཟུགས་སོགས་དོན་ལྔ་གང་རུང་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེར་གྱུར་པའི་གཟུགས་ཀྱི་སྐྱེ་མཆེད་ཡོད་པར་ཐལ་ལོ། །འདོད་ན། དེ་མིག་ཤེས་ཡིན་པར་ཐལ་ལོ། །དབང་མངོན་གྱི་དམིགས་རྐྱེན་དུ་གྱུར་པའི་བེམ་པོ་ཡོད་པར་ཐལ། ཕྱི་དོན་དེ་དབང་མངོན་གྱི་དམིགས་རྐྱེན་ཡིན་པའི་ཕྱིར། ཕྱི་དོན་དེ་ཕྱི་དོན་འཛིན་པའི་དབང་མངོན་གྱི་དམིགས་རྐྱེན་གང་ཞིག །དབང་མངོན་ཡིན་ན། ཕྱི་དོན་འཛིན་པའི་དབང་མངོན་ཡིན་དགོས་པའི་ཕྱིར། ཕྱི་མ་གྲུབ་སྟེ། དབང་མངོན་ཡིན་ན། རང་ཡུལ་དུ་གྱུར་པའི་ཕྱི་དོན་འཛིན་པའི་དབང་མངོན་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་ཆོས་ཅན། ཁྱོད་ཁྱོད་རྟོགས་པའི་དབང་མངོན་གྱི་དམིགས་རྐྱེན་ཡིན་པར་ཐལ། ཁྱོད་ཁྱོད་རང་འཛིན་པའི་དབང་མངོན་གྱི་དམིགས་རྐྱེན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་རྟོགས་པའི་མངོན་སུམ་གྱི་དམིགས་རྐྱེན་དུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་རྟོགས་པའི་མངོན་སུམ་དེ། དམིགས་རྐྱེན་ཅན་གྱི་ཤེས་པ་ཡིན་པར་ཐལ། གཟུགས་དེ་དེའི་དམིགས་རྐྱེན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐར། སངས་འཕགས་ཀྱི་རྒྱུད་ཀྱི་རང་རིག་ཁྱོད་ཡིན་པའི་ཕྱིར། གཞན་ཡང་། ཁོ་ན་རེ། གཟུགས་དེ་གཟུགས་མི་རྟག་པར་འཛིན་པའི་དབང་མངོན་གྱི་དམིགས་རྐྱེན་ཡིན་པར་ཐལ། གཟུགས་དེ་གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་ཡིན་པའི་ཕྱིར། འདོད་ན། དེ་དེ་མི་རྟག་པ་ཡིན་པར་རྟོགས་པའི་དབང་མངོན་གྱི་དམིགས་རྐྱེན་དུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་དེ་སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་མི་རྟག་པར་རྟོགས་པའི་དབང་མངོན་གྱི་དམིགས་རྐྱེན་དུ་ཐལ། འདོད་པ་གང་ཞིག །སོ་སྐྱེའི་རྒྱུད་ལ་དེ་འདྲའི་དབང་མངོན་མེད་པའི་ཕྱིར། འདོད་ན། དེ་དེའི་རྒྱུད་ཀྱི་དབང་མངོན་གྱི་དམིགས་རྐྱེན་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གྱི་དེ་མ་ཐག་རྐྱེན་ཆོས་ཅན། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་ཡིན་པར་ཐལ། དེའི་རྐྱེན་གསུམ་གང་རུང་གང་ཞིག །དེ་རང་ཉིད་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར། ཁྱབ་པ་ཁས། ཟེར་ན། མ་ཁྱབ། རྟགས་གཉིས་པ་གྲུབ་སྟེ། དེ་རང་ཉིད་ཀྱི་རྣམ་པ་ཤར་བའི་རིག་པར་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར་ཏེ། དེ་རང་ཉིད་ཀྱི་རྣམ་པ་ཤར་བའི་རིག་པ་གང་ཞིག །དེ་རིག་པར་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། གཟུགས་འཛིན་དབང་མངོན་གྱི་དེ་མ་ཐག་རྐྱེན་དེ་གཟུགས་འཛིན་དབང་མངོན་གྱིས་དངོས་སུ་རྟོགས་པར་ཐལ། གཟུགས་འཛིན་དབང་མངོན་ལ་དེའི་རྣམ་པ་ཤར་བའི་ཕྱིར། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ལ་དེའི་རྣམ་པ་ཤར་བའི་ཕྱིར། ཁྱབ་པ་ཁས། བྱས་པ་ལ་ཁོ་ན་རེ། འོ་ན། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གྱི་དེ་མ་ཐག་རྐྱེན་གྱི་མཚན་ཉིད་གང་ཞེ་ན། དེའི་དེ་མ་ཐག་རྐྱེན་དང་དེའི་དམིགས་རྐྱེན་གང་རུང་ཡང་ཡིན། ཤེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་འདུས་བྱས་དེ་དེའི་མཚན་ཉིད། དེ་གང་རུང་ཡང་ཡིན། ཤེས་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་འདུས་བྱས་དེ་དེའི་དམིགས་རྐྱེན་གྱི་མཚན་ཉིད་ཡིན། དེའི་དམིགས་རྐྱེན་དང་དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་གང་རུང་ཡང་ཡིན། དབང་པོ་གཟུགས་ཅན་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་འདུས་བྱས་དེ་དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོའི་མཚན་ཉིད། འོ་ན། གཟུགས་འཛིན་དབང་ཤེས་ཀྱི་རྐྱེན་གསུམ་གྱིས་གཟུགས་འཛིན་དབང་ཤེས་བསྐྱེད་པའི་ཚུལ་གང་ཞེ་ན། དེའི་ཚུལ་ཡོད་དེ། ནང་གི་རྟེན་གྱི་དབང་པོ་གཟུགས་ཅན་པ་དང་ཕྱིའི་གཟུགས་ཀྱི་སྐྱེ་མཆེད་གཉིས་འཕྲད་པ་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་ནང་དུ་བསྡུས། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་དང་འཕྲད་པ་ལ་བརྟེན་ནས་དེ་འདྲ་བའི་མིག་དབང་གཟུགས་ཅན་པ་དེས་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱས་ནས། དེའི་རྣམ་པར་ཤེས་པ་དེའི་རིགས་རྒྱུན་དུ་གྱུར་པའི་རིག་པ་ཞིག་དབང་ཤེས་སུ་གྱུར་པ་ཡིན་ནོ། །

༈ ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་འདི་གང་ལས་འཕྲོས་ན། མངོན་སུམ་རྟོག་དང་བྲལ་བ་ནི། །ཞེས་པ་ནས། བརྟེན་ནས་མིག་བློ་སྐྱེ་བར་འགྱུར། །ཞེས་པའི་བར་དེར། གཟུགས་འཛིན་དབང་ཤེས་རྟོག་པ་ཡིན་པ་ལ་གནོད་བྱེད་བསྟན་ནས་དེ་རྟོག་བྲལ་དུ་སྒྲུབ་པ་ལ། ཁོ་ན་རེ། གཟུགས་འཛིན་དབང་ཤེས་རྟོག་བྲལ་ཡིན་པ་དེ་མི་འཐད་པར་ཐལ། ཆོས་མངོན་པའི་མདོ་ལས། རྣམ་པར་ཤེས་པའི་ཚོགས་ལྔ་ནི། བསགས་པ་ལ་དམིགས་པ་ཅན་ནོ། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས། གང་ལ་སྐྱེད་བྱེད་ཀྱི་རང་གི་མཚན་ཉིད་ལ་སོ་སོར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ལ་རྫས་ཀྱི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ནོ། །ཞེས་པ་འདི་གཉིས་ཀྱིས། གཟུགས་འཛིན་དབང་ཤེས་སྤྱི་དོན་གཞན་འཛིན་པའི་བློར་བསྟན་པ་གང་ཞིག །སྤྱི་དོན་གཞན་འཛིན་པའི་བློ་ཡིན་ན། རྟོག་པ་ཡིན་དགོས་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། བསགས་པ་དང་ནི་ཚོགས་པ་ཡིས། །ཞེས་སོགས་རྐང་པ་བཞི་བྱུང་། འདིའི་ལན་ལ་མངོན་པའི་མདོ་དང་འགལ་བ་སྤང་པ། སློབ་དཔོན་དབྱིག་གཉེན་གྱི་ལུང་དང་འགལ་བ་སྤང་པ་གཉིས། དང་པོ་ནི། མངོན་པའི་མདོ་དང་འགལ་བའི་སྐྱོན་མེད་དེ། རྡུལ་དུ་མ་བསགས་པའི་བསགས་རྡུལ་ཁྱད་པར་ཅན་དེ། རང་འབྲས་དབང་ཤེས་ཀྱི་གཟུང་དོན་དུ་བསྟན་པ་ཙམ་ཡིན་གྱི། གཟུགས་འཛིན་དབང་ཤེས་སྤྱི་དོན་གཞན་འཛིན་པའི་བློར་བསྟན་པ་མ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དོན་གཞན་དང་ནི་དངོས་འབྲེལ་ཕྱིར། །ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་ནི། སློབ་དཔོན་དབྱིག་གཉེན་གྱི་ལུང་དང་འགལ་བའི་སྐྱོན་མེད་དེ། ལུང་དེས་ནི། ཟླ་མེད་ཀྱི་རྡུལ་ཕྲན་རེ་རེ་བས་རང་འབྲས་དབང་ཤེས་བསྐྱེད་མི་ནུས་པས། རྡུལ་དུ་མ་བསགས་པའི་དུམ་བུ་དེ་རང་འབྲས་དབང་ཤེས་ཀྱི་གཟུང་དོན་དུ་བསྟན་པ་ཙམ་ཡིན་གྱི། གཟུགས་འཛིན་དབང་ཤེས་སྤྱི་དོན་གཞན་འཛིན་པའི་བློར་བསྟན་པ་མ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རྡུལ་ཕྲན་གཞན་དག་མེད་པར་ནི། །ཞེས་སོགས་རྐང་པ་བཞི་བྱུང་། རང་རེས། གཟུགས་འཛིན་དབང་ཤེས་རྟོག་བྲལ་དུ་ཁས་བླངས་པ་ལ། གྲངས་ཅན་པ། རིགས་པ་ཅན་པ། བྱེ་བྲག་པ་རྣམས་ན་རེ། གཟུགས་འཛིན་དབང་ཤེས་རྟོག་པ་ཡིན་ཏེ། གཟུགས་འཛིན་དབང་ཤེས་དེ་རྡུལ་དུ་མ་རིམ་གྱིས་བཟུང་བ་ལ་གཅིག་ཆར་དུ་འཛིན་པར་སྒྲོ་འདོགས་པའི་བློ་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། དེ་ལ་གཟུགས་རྡུལ་དུ་མ་གཅིག་ཆར་དུ་སྣང་བ་གང་ཞིག །དེས་གཟུགས་རྡུལ་དུ་མ་གཅིག་ཆར་དུ་མི་འཛིན་པའི་ཕྱིར་ཏེ། བློ་གཅིག་གིས་དོན་དུ་མ་གཅིག་ཆར་དུ་འཛིན་པ་མེད་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་སྐྱེ་མཆེད་གཅིག་ཡིན་ཡང་། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་འགོག་པར་བྱེད་པ་ལ། ཏིལ་སོགས་ཐ་དད་ལ་ཇི་ལྟར། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཏིལ་དུ་མ་དེ་ཏིལ་འཛིན་གྱི་བློ་མ་འཁྲུལ་བས་འཛིན་པ་མགྱོགས་པའི་ཚུལ་གྱིས་བཟུང་བ་ན་གཅིག་ཆར་དུ་འཛིན་པ་འཁྲུལ་བ་ཙམ་ཡིན་ནོ་ཟེར་ན། དེ་འགོག་པ་ལ། དགག་པ་བྱས་ཟིན་དྲན་པའི་སྒོ་ནས་འགོག་པ་དང་། རིགས་པ་གཞན་གྱི་སྒོ་ནས་འགོག་པ་གཉིས་ལས། དང་པོ་འཆད་པར་བྱེད་པ་ལ། འདི་ལ་མགྱོགས་པར་བཤད་ཟིན་ཏོ། །ཞེས་གསུངས། གཉིས་པ་ལ། བློ་མ་འཁྲུལ་བས་འཛིན་པ་མགྱོགས་པའི་ཚུལ་གྱིས་བཟུང་བ་གཅིག་ཆར་དུ་འཛིན་པར་འཁྲུལ་ན། ཏིལ་དུ་མ་ནམ་མཁའ་ནས་རིམ་བཞིན་འབབ་པར་འཛིན་པའི་བློ་དེ་ལ་ཏིལ་དུ་མ་རིམ་བཞིན་དུ་མི་སྣང་བར་ཐལ་བ་དང་། བློ་ལ་རང་ཡུལ་རིམ་བཞིན་དུ་འཛིན་པའི་བློ་དང་རང་ཡུལ་གཅིག་ཆར་དུ་འཛིན་པའི་བློའི་དབྱེ་བ་མི་འཐད་པར་ཐལ་བ་དང་། བློ་ཐམས་ཅད་རང་ཡུལ་ལ་གཅིག་ཆར་དུ་འཛིན་པ་འཁྲུལ་བར་ཐལ་བའི་རིགས་པ་གསུམ་ཡོད་པའི་རིགས་པ་དང་པོ་འཆད་པར་བྱེད་པ་ལ། རིམ་བཞིན་བབས་པ་དེ་ཉིད་ལ། །ཞེས་སོགས་རྐང་པ་གཉིས་བྱུང་། རིགས་པ་གཉིས་པ་འཆད་པར་བྱེད་པ་ལ། བློ་རྣམས་དག་ནི་ཐམས་ཅད་ཀྱང་། །ཞེས་སོགས་རྐང་པ་བཞི་བྱུང་། རིགས་པ་གསུམ་པ་འཆད་པར་བྱེད་པ་ལ། དེ་ཕྱིར་དོན་ཀུན་འཛིན་པ་ལ། །ཞེས་སོགས་རྐང་པ་གཉིས་བྱུང་། དེར་ཡང་མ་ཟད་ཕྱེ་མ་ལེབ་ཀྱི་གཤོག་སྟེང་གི་སྔོ་སེར་དཀར་དམར་སྣ་ཚོགས་པ་དེ་ཆོས་ཅན། བློ་མ་འཁྲུལ་བས་གཅིག་ཆར་འཛིན་པ་མ་ཡིན་པར་ཐལ། དོན་དུ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཞེས་འཆད་པར་བྱེད་པ་ལ། ཕྱེ་མ་ལེབ་ཁྲ་ལ་སོགས་གཟུགས། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཕྱེ་མ་ལེབ་ཀྱི་གཤོག་སྟེང་གི་སྔོ་སེར་དཀར་དམར་སྣ་ཚོགས་པ་དེ་ཡན་ལག་ཆ་མེད་གཅིག་གི་རང་བཞིན་ཡིན་པས་སྐྱོན་མེད། ཅེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་སྣ་ཚོགས་དེ་གཅིག་ན། །ཞེས་པ་འདི་བྱུང་། དེ་འགོག་པ་ལ། དམ་བཅའ་སྨད་པ་དང་། གནོད་བྱེད་བསྟན་པ་གཉིས། དང་པོ་འཆད་པར་བྱེད་པ་ལ། དེ་བས་ཆེས་འདི་ངོ་མཚར་ཆེ། །ཞེས་པ་འདི་བྱུང་། གཉིས་པ་གནོད་བྱེད་ནི། ཕྱེ་མ་ལེབ་ཀྱི་གཤོག་སྟེང་གི་སྔོ་སེར་དཀར་དམར་སྣ་ཚོགས་པ་དེ་ཆོས་ཅན། ཡན་ལག་ཆ་མེད་གཅིག་གི་རང་བཞིན་མ་ཡིན་ཏེ། རྫས་སྣ་ཚོགས་པ་ཡིན་པའི་ཕྱིར། དཔེར་ན། རིགས་ཐ་དད་པའི་ནོར་བུའི་གཟུགས་དེ་བཞིན་ནོ། །ཞེས་དཔེ་དང་བཅས་ཏེ་འཆད་པར་བྱེད་པ་ལ། སྣ་ཚོགས་གཅིག་པའི་རང་བཞིན་མིན། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། དཔེ་དོན་དེ་གཉིས་མི་མཚུངས་ཏེ། རིགས་ཐ་དད་པའི་ནོར་བུའི་སྟེང་གི་སྔོན་པོ་ལ་སོགས་པ་བློས་སོ་སོར་དབྱེར་རུང་། ཕྱེ་མ་ལེབ་ཀྱི་གཤོག་སྟེང་གི་སྔོ་སེར་ལ་སོགས་པ་བློས་སོ་སོར་དབྱེ་མི་རུང་བའི་ཕྱིར་ཞེ་ན། དེ་མི་མཚུངས་པ་མི་འཐད་དེ། རིགས་ཐ་དད་པའི་ནོར་བུའི་སྟེང་གི་སྔོན་པོ་ལ་སོགས་པ་བློས་སོ་སོར་དབྱེ་རུང་མོད། སྣམ་བུ་ཁྲ་བོ་ལ་སོགས་པའི་སྟེང་གི་སྔོན་པོ་ལ་སོགས་པ་བློས་སོ་སོར་དབྱེ་རུང་བ་རྣམས་སོ་སོར་མཚུངས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། སྔོ་སོགས་རྣམ་པར་དབྱེ་བ་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། གལ་ཏེ་ཁོ་ན་རེ། སྣམ་བུའི་ཁྲ་བོ་དེ་བཅོས་པའི་ཁྲ་བོ་ཡིན་པས་བློ་ལ་རིམ་བཞིན་དུ་སྣང་། ཕྱེ་མ་ལེབ་ཀྱི་གཤོག་སྟེང་གི་ཁྲ་བོ་དེ་བཅོས་མིན་གྱི་ཁྲ་བོ་ཡིན་པས་དེ་ལྟར་མི་སྣང་བ་ཡིན་ནོ། །ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་དེ་ལ་ཡན་ལག་གཟུགས། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་འགོག་པ་ལ། གལ་ཏེ་སྔོ་སོགས་སྤངས་པ་ཡི། །ཞེས་སོགས་རྐང་པ་གཉིས་བྱུང་། འོ་ན། བཅོས་མའི་ཁྲ་བོ་དང་བཅོས་མིན་གྱི་ཁྲ་བོ་གཉིས་བློ་མ་འཁྲུལ་བ་ལ་གཅིག་ཆར་དུ་སྣང་། བློ་འཁྲུལ་བ་ལ་རིམ་བཞིན་དུ་སྣང་བར་མཚུངས་པར་གྱུར་པས། ཁྱོད་ཀྱི་ཁྱད་པར་ཕྱེ་བ་དེ་མི་འཐད་དོ། །ཞེས་འཆད་པར་བྱེད་པ་ལ། དུས་དང་དོན་གྱི་རྣམ་པ་ནི། །ཞེས་སོགས་རྐང་པ་བཞི་བྱུང་། འོ་ན། ཕྱེ་མ་ལེབ་ཀྱི་གཤོག་སྟེང་གི་སྔོ་སེར་དཀར་དམར་སྣ་ཚོགས་པ་དེ་རྫས་སྣ་ཚོགས་ཡིན་པའི་རྒྱུ་མཚན་གང་ཞེ་ན། དེ་ཆོས་ཅན། རྫས་སྣ་ཚོགས་པ་ཡིན་ཏེ། བློ་མ་འཁྲུལ་བ་ལ་རྫས་སྣ་ཚོགས་སུ་སྣང་བའི་ཕྱིར། ཁྱབ་སྟེ། བློ་མ་འཁྲུལ་བས་རྫས་ཐ་དད་དུ་དམིགས་པ་ཡིན་ན། རྫས་ཐ་དད་ཡིན་དགོས་པའི་ཕྱིར་ཏེ། བློ་མ་འཁྲུལ་བས་རྫས་ཐ་དད་དུ་དམིགས་པ་དེ་རྫས་ཐ་དད་ཀྱི་འཇོག་བྱེད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། བློ་རྣམས་སྣ་ཚོགས་ངོ་བོའི་ཕྱིར། །ཞེས་སོགས་རྐང་པ་གཉིས་བྱུང་། གལ་ཏེ་ཁོ་ན་རེ། བློ་མ་འཁྲུལ་བས་རྫས་ཐ་དད་དུ་དམིགས་པ་དེ་རྫས་ཐ་དད་ཀྱི་རྒྱུ་མ་ཡིན་ནོ། །ཞེས་འདོད་པ་རྗོད་པ་ལ། གལ་ཏེ་དེ་རྒྱུ་མིན་ཞེ་ན། །ཞེས་གསུངས། རྫས་ཐ་དད་ཀྱི་རྣམ་གཞག་མི་འཐད་པར་ཐལ། བློ་མ་འཁྲུལ་བས་རྫས་ཐ་དད་དུ་དམིགས་པ་དེ། རྫས་ཐ་དད་ཀྱི་འཇོག་བྱེད་མ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཐ་དད་བཞག་འདི་གང་གིས་འགྲུབ། །ཅེས་གསུངས། ཡང་ཁོ་ན་རེ། རི་མོ་ཁྲ་བོ་དེ་ལ་ཡན་ལག་དོན་གཞན་གྱི་ཁྲ་བོ་ཡོད་པས། དེ་བློ་མ་འཁྲུལ་བ་ལ་རྫས་སྣ་ཚོགས་སུ་སྣང་བ་ཡིན་ཞེ་ན། དེ་ཡང་མི་འཐད་དེ། དེ་ལྟར་ཁས་ལེན་པ་དང་། བྱེ་བྲག་པས་རང་ལུགས་ལ། རྡུལ་རིགས་མི་མཐུན་གྱི་རྩ་བའི་ཡན་ལག་གི་རྫས་མེད་པར་ཁས་ལེན་པ་གཉིས་ནང་འགལ་བའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རིགས་མི་མཐུན་རྣམས་རྩོམ་མེད་ཕྱིར། །ཞེས་རྐང་པ་གཉིས་བྱུང་། ཡང་ཁོ་ན་རེ། རི་མོ་ཁྲ་བོའི་རྡུལ་རིགས་མི་མཐུན་དུ་འཕྲད་པའི་ལྡན་པ་དེ་བློ་མ་འཁྲུལ་བ་ལ་སྣ་ཚོགས་སུ་སྣང་བ་ཡིན་ནོ། །ཟེར་ན། དེ་ཡང་མི་འཐད་དེ། དེ་ལྟར་ཁས་ལེན་པ་དང་། བྱེ་བྲག་པས། ཡོན་ཏན་ལ་ཡོན་ཏན་གཉིས་པ་མི་བརྟེན་པར་ཁས་ལེན་པ་གཉིས་ནང་འགལ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གཟུགས་མེད་ཕྱིར་ལྡན་སྣ་ཚོགས་མིན། །ཞེས་གསུངས། ཡང་ཁོ་ན་རེ། རི་མོ་ཁྲ་བོའི་ཐ་དད་ཀྱི་སྟེང་གི་རྡུལ་རིགས་མི་མཐུན་དུ་འཕྲད་པའི་ལྡན་པ་དེ། ཡན་ལག་དོན་གཞན་གྱི་ཁྲ་བོ་དང་འདྲ་བས་ན་དེ་ལ་ཡན་ལག་དོན་གཞན་གྱི་ཁྲ་བོའི་མིག་གིས་བཏགས་པ་ཡིན་ནོ། །ཞེ་ན། དེ་ཡང་མི་འཐད་དེ། འདྲ་ཡུལ་གྱི་ཡན་ལག་དོན་གཞན་གྱི་ཁྲ་བོ་མེད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཉེ་བར་བཏགས་ལ་བརྟེན་པའང་མིན། །ཞེས་གསུངས། ཡང་ཁོ་ན་རེ། རི་མོ་ཁྲ་བོའི་རྡུལ་རེ་རེ་བ་དེ། བློ་མ་འཁྲུལ་བ་ལ་རྫས་སྣ་ཚོགས་སུ་སྣང་བ་ཡིན་ནོ། །ཟེར་ན། དེ་འགོག་པར་བྱེད་པ་ལ། རེ་རེ་སྣ་ཚོགས་མིན་ཕྱིར་རོ། །ཞེས་གསུངས། ཡང་ཁོ་ན་རེ། རྡུལ་དུ་མ་འཛིན་པའི་དབང་ཤེས་དེས་རྡུལ་དུ་མ་རིམ་གྱིས་བཟུང་བ་ལ། དེའི་རྗེས་སུ་སྐྱེས་པའི་རྟོག་པ་དེས་རྡུལ་དུ་མ་གཅིག་ཆར་དུ་བསྲེས་ནས་འཛིན་པ་ཡིན་ནོ། །ཞེ་ན། དེ་ཡང་མི་འཐད་དེ། དེ་ལྟར་ཁས་ལེན་པ་དང་བློ་གཅིག་གིས་དོན་དུ་མ་གཅིག་ཆར་དུ་འཛིན་པ་མེད་པར་ཁས་བླངས་པ་གཉིས་ནང་འགལ་ལོ། །ཞེས་འཆད་པར་བྱེད་པ་ལ། རིམ་བཞིན་དུ་ནི་བཟུང་བ་ལ། །ཞེས་སོགས་རྐང་པ་གསུམ་བྱུང་། དེ་ལྟར་ན་བློ་གཅིག་གིས་དོན་དུ་མ་གཅིག་ཆར་དུ་འཛིན་པ་ཡང་ཡོད་ཅིང་། དེས་ན་དབང་ཤེས་རྟོག་བྲལ་དུ་འགྲུབ་བོ། །ཞེས་དོན་བསྡུ་འཆད་པར་བྱེད་པ་ལ། དེ་ཕྱིར་གཅིག་དོན་དུ་མ་ཅན། །ཞེས་སོགས་རྐང་པ་བཞི་བྱུང་། །

ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་བཤད་པ།

གཞུང་གི་འཕྲོས་ཚུལ་དང་གྲུབ་མཐའི་རྣམ་གཞག་སོགས་ལ་དཔྱད་པ།

༈ ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་རྐང་པ་གཉིས་ཀྱི་ཉེ་འཕྲོས་ཀྱི་དབང་དུ་བྱས་ནས། འཕྲོས་ཚུལ་འདི་ལ་རྩོད་པ་དང་། ལན་གཉིས། དང་པོ་ལ་གསུམ། གང་ལ་རྩོད་པ། རྟེན་གྱི་གང་ཟག་གང་གིས་རྩོད་པ། ཚུལ་ཇི་ལྟར་དུ་རྩོད་པ་དང་གསུམ། དང་པོ་ནི། སྣ་ཚོགས་གཅིག་པའི་རང་བཞིན་མིན། །ཞེས་པའི་སྐབས་སུ། རྫས་སྣ་ཚོགས་ཡིན་ན། ཡན་ལག་ཆ་མེད་གཅིག་གི་རང་བཞིན་མ་ཡིན་པས་ཁྱབ་པ་དང་། བློ་རྣམ་སྣ་ཚོགས་ངོ་བོའི་ཕྱིར། །ཞེས་སོགས་རྐང་པ་གཉིས་ཀྱི་སྐབས་སུ། བློ་མ་འཁྲུལ་བ་ལ་རྫས་སྣ་ཚོགས་སུ་སྣང་བ་ཡིན་ན། རྫས་སྣ་ཚོགས་ཡིན་པས་ཁྱབ་པ་ཁས་བླངས་པ་དེ། གཞི་གང་ལ་རྩོད་པའི་གཞི་ཡིན་ལ། རྟེན་གྱི་གང་ཟག་གང་གིས་རྩོད་ན། གྲངས་ཅན་པ། རིགས་པ་ཅན་པ། བྱེ་བྲག་པ་རྣམས་ཀྱིས་རྩོད། ཚུལ་ཇི་ལྟར་དུ་རྩོད་ན། ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་དེ་ཆོས་ཅན། ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་མི་སྣང་སྟེ། བློ་གཅིག་གི་བདག་ཉིད་དུ་ཁས་ལེན་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། སྣ་ཚོགས་སྣང་ཅན་དོན་རྣམས་ལ། །ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་ནི། ཕྱི་དོན་ཁས་མི་ལེན་པའི་དབང་དུ་བྱས་པའི་ལན་དང་། ཕྱི་དོན་ཁས་བླངས་པའི་དབང་དུ་བྱས་པའི་ལན་གཉིས། དང་པོ་ནི། དེ་ལྟ་བུའི་གནོད་བྱེད། དཔལ་ལྡན་ཆོས་གྲགས་ལ་མི་འཇུག་སྟེ། དཔལ་ལྡན་ཆོས་གྲགས་ཀྱིས་ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བ་ལྟར་དུ་མ་གྲུབ་པར་ཁས་ལེན་པའི་ཕྱིར། ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བ་སྣང་བ་ལྟར་དུ་མ་གྲུབ་པའི་ཕྱིར། དེ་ཡང་མ་གྲུབ་སྟེ། ཚུར་མཐོང་གི་རྒྱུད་ཀྱི་ཞེས་སོགས་སྣང་བ་ལྟར་བདེན་པའི་གཅིག་ཏུ་ཡང་མ་གྲུབ། སྣང་བ་ལྟར་བདེན་པའི་དུ་མར་ཡང་མ་གྲུབ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཇི་ལྟ་ཇི་ལྟར་ཞེས་སོགས་རྐང་པ་བཞི་བྱུང་། དེ་ན། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་པ་ནས། ཕྱི་རོལ་དཔྱོད་ལ་འཇུག་པར་མཛད། །ཅེས་པའི་བར་གྱི་གཞུང་འདི་རྣམས་དོན་ཚན་གསུམ་དུ་འདུ་བ་ཡིན་ཏེ། འདི་ལ་ཆོས་ཀྱི་བདག་མེད་མདོར་བསྟན་པ། རྒྱས་པར་བཤད་པ། རྩོད་པ་སྤོང་བྱེད་ཀྱི་གཞུང་གསུམ་དུ་འདུ་བ་ཡིན་པའི་ཕྱིར། དང་པོ་འཆད་པར་བྱེད་པ་ལ། ཇི་ལྟ་ཇི་ལྟར་ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། གཅིག་ལ་སྣ་ཚོགས་དེ་ཅིར་འགྱུར། །ཞེས་པ་ནས། དེ་དག་ཐ་དད་ཀྱང་བསླད་འགྱུར། །ཞེས་པའི་བར་བྱུང་། གསུམ་པ་འཆད་པར་བྱེད་པ་ལ། གཟུང་དང་འཛིན་པའི་རྣམ་པ་ལས། ཞེས་པ་ནས། ཕྱི་རོལ་དཔྱོད་ལ་འཇུག་པར་མཛད། །ཅེས་པའི་བར་བྱུང་། ཆོས་ཀྱི་བདག་མེད་རྒྱས་པར་བཤད་པ་ནི། དེ་ཡང་རང་རེས། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་རྐང་པ་བཞིའི་སྐབས་སུ། ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བ་སྣང་བ་ལྟར་དུ་མ་གྲུབ་པར་ཁས་བླངས་པ་ལ། ཁོ་ན་རེ། དེ་ལྟར་ཁས་བླངས་ན། ཉེས་པ་ཅི་ཡོད་ཅེས་པའི་དྲི་བ་དེ་འགོད་པར་བྱེད་པ་ལ། གཅིག་ལ་སྣ་ཚོགས་དེ་ཅིར་འགྱུར། །ཞེས་པ་འདི་བྱུང་། དེ་ལ་ནི། དེ་ལྟར་ཁས་བླངས་ན་ཉེས་པ་ཡོད་དེ། དེ་ལྟར་ན་ཁྲ་བོ་རང་འཛིན་སེམས་ཀྱི་བདག་ཉིད་མ་ཡིན་པའི་སྐྱོན་ཡོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། བློ་དེ་ལ་ཡང་མི་འགྱུར་རོ། །ཞེས་པ་འདི་བྱུང་། གལ་ཏེ་ཁོ་ན་རེ། དེ་ལ་དེ་ལྟར་སྣང་བ་དེ་སྣང་བ་ལྟར་ཚད་མས་གྲུབ་ན་ཉེས་པ་ཅི་ཡོད། ཅེས་པའི་དྲི་བ་འགོད་པར་བྱེད་པ་ལ། གལ་ཏེ་དོན་རྣམས་བདག་ཉིད་འདིར། །འདོད་ན། ཞེས་པ་འདི་བྱུང་། དེའི་ལན་ནི། ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བ་སྣང་བ་ལྟར་དུ་ཚད་མས་གྲུབ་ན་ཉེས་པ་མེད་དེ། ཚད་མས་གྲུབ་པའི་དོན་སུས་ཀྱང་དགག་མི་ནུས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ལ་ངས་ཅི་བྱ། ཞེས་པ་འདི་བྱུང་། འོ་ན། ཚུར་མཐོང་གི་རྒྱུད་ཀྱི་ཁྲ་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བ་སྣང་བ་ལྟར་དུ་མ་གྲུབ་པའི་རྒྱུ་མཚན་གང་ཞེ་ན། དེ་ལ་ཁྲ་བོ་རགས་པར་སྣང་བ་དེ་ཆོས་ཅན། སྣང་བ་ལྟར་དུ་མ་གྲུབ་སྟེ། ཕྱི་རོལ་དོན་དུ་ཡང་སྣང་བ་ལྟར་མ་གྲུབ། རང་འཛིན་ཤེས་པའི་བདག་ཉིད་དུ་ཡང་སྣང་བ་ལྟར་མ་གྲུབ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཕྱིར་དོན་དང་ཤེས་པ་ལ། །ཞེས་སོགས་རྐང་པ་ཕྱེད་དང་གཉིས་གསུངས། དེ་ལ་ཁྲ་བོ་རགས་པར་སྣང་བ་དེ་ཕྱི་རོལ་དོན་དུ་སྣང་བ་ལྟར་དུ་མ་གྲུབ་སྟེ། དེ་ཕྱི་རོལ་དོན་དུ་སྣང་བ་ལྟར་གཅིག་ཏུ་ཡང་མ་གྲུབ། དེ་དུ་མར་ཡང་མ་གྲུབ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་བདག་ཉིད། །ཅེས་སོགས་རྐང་པ་ཕྱེད་དང་གསུམ་གསུངས། དེ་ལ་ཁྲ་བོ་རགས་པར་སྣང་བ་དེ་རང་འཛིན་ཤེས་པའི་བདག་ཉིད་དུ་སྣང་བ་ལྟར་མ་གྲུབ་སྟེ། དེ་རང་འཛིན་ཤེས་པའི་གཟུང་རྣམ་དུ་སྣང་བ་ལྟར་དུ་ཡང་མ་གྲུབ། དེ་དེར་འཛིན་བྱེད་དུ་སྣང་བ་ལྟར་དུ་ཡང་མ་གྲུབ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །ཞེས་སོགས་རྐང་པ་གཉིས་གསུངས། འོ་ན། གཟུང་འཛིན་རྫས་གཞན་མ་ཡིན་ན་གཟུང་འཛིན་རྫས་གཞན་དུ་འཛིན་པའི་བློ་དེ་གང་ལས་བྱུང་བ་ཡིན་ཞེ་ན། དེ་རང་རྒྱུ་འཁྲུལ་པའི་དབང་གིས་བྱུང་བ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། ཐ་དད་མེད་ཅན་ཤེས་པ་ཡི། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཕྱི་རོལ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་མེད་ཀྱང་ནང་ཤེས་པ་ལ་ལྟོས་པའི་དེ་ཡོད་པ་ཡིན་ནོ། །ཞེ་ན། དེ་ཡང་མི་འཐད་དེ། ཕྱི་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཁེགས་པའི་རིགས་པ་འདི་ལ་བརྟེན་ནས། ཕྱི་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་དང་། ནང་ཤེས་པ་ལ་ལྟོས་པའི་དེ་གཉིས་ཁེགས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ལ་གཅིག་ནི་མེད་པས་ཀྱང་། །ཞེས་སོགས་རྐང་པ་གཉིས་གསུངས། ཕྱི་དོན་ལ་ལྟོས་པའི་དེ་དང་། ནང་ཤེས་པ་ལ་ལྟོས་པའི་དེ་གཉིས་བཀག་པ་ལ་དགོས་པ་གང་ཡོད་ཅེ་ན། དེ་ལྟར་བཀག་པའི་གྲུབ་དོན་འཆད་པར་བྱེད་པ་ལ། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །ཞེས་སོགས་རྐང་པ་གཉིས་གསུངས། འོ་ན། གཟུང་འཛིན་རྫས་གཞན་དུ་འཛིན་པའི་རྟོག་པ་དེ། རང་རྒྱུ་གང་གི་དབང་གིས་བྱུང་བ་ཡིན་ཞེ་ན། དེ་རང་རྒྱུ་གཟུང་འཛིན་རྫས་གཞན་དུ་འཛིན་པའི་མ་རིག་པའི་བག་ཆགས་ཀྱི་དབང་གིས་བྱུང་བ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། དངོས་རྣམས་ཐ་དད་གནས་པ་འདི། །ཞེས་སོགས་རྐང་པ་བཞི་བྱུང་། རྩོད་པ་སྤང་པ་ལ། འཁོར་ལོ་བར་བ་དང་འགལ་བའི་རྩོད་པ་སྤང་པ། འཁོར་ལོ་དང་པོ་དང་འགལ་བའི་དེ་དང་གཉིས། དང་པོ་ནི། རང་རེས། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །ཞེས་པའི་སྐབས་སུ་གཞན་དབང་བདེན་གྲུབ་ཏུ་བསྟན། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །ཞེས་པའི་སྐབས་སུ་ཡོངས་གྲུབ་བདེན་པར་གྲུབ་པར་བསྟན་པ་ལ། ཁོ་ན་རེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་འཁོར་ལོ་བར་པའི་མདོ་འདིའི་དགོངས་གཞི་མེད་པར་ཐལ། གཞན་དབང་དང་ཡོངས་གྲུབ་གཉིས་བདེན་གྲུབ་ཡིན་པའི་ཕྱིར་ཞེ་ན། འདིའི་ལན་ལ། ཕྱི་དོན་ཁས་མི་ལེན་པའི་དབང་དུ་བྱས་པའི་ལན་གཅིག་དང་། ལེན་པའི་དབང་དུ་བྱས་པའི་ལན་གཉིས། དང་པོ་ནི། གཞན་དབང་དང་ཡོངས་གྲུབ་བདེན་གྲུབ་ཡིན་ཀྱང་། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་འཁོར་ལོ་བར་པའི་མདོའི་དགོངས་གཞི་མེད་པར་ཐལ་བའི་སྐྱོན་མེད་དེ། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དེ་མདོ་དེའི་དགོངས་གཞི་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གཟུང་དང་འཛིན་པའི་རྣམ་པ་ལས། །ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་ནི། ཕྱི་དོན་ཁས་ལེན་པའི་དབང་དུ་བྱས་ན་ཡང་དེའི་དགོངས་གཞི་ཡོད་དེ། རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ཀྱི་བྱ་བྱེད་ཀྱི་ཆ་བདེན་པས་སྟོང་པ་དེ། དེའི་དགོངས་གཞི་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཕུང་པོ་ལ་སོགས་བྱེ་བྲག་གིས། །ཞེས་སོགས་རྐང་པ་བཞི་བྱུང་། གཞུང་འདི་གྲུབ་མཐའ་སྨྲ་བ་གང་གི་དབང་དུ་བྱས་ན། སློབ་དཔོན་རྒྱན་མཁན་པོས། དངོས་རྣམས་ཐ་དད་ཅེས་སོགས་བཞི་པོ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་དང་། གཟུང་དང་འཛིན་པའི་རྣམ་པ་ལས། །ཞེས་སོགས་རྐང་པ་བཞི་སེམས་ཙམ་པའི་གཞུང་དང་། ཕུང་པོ་ལ་སོགས་བྱེ་བྲག་གི། ཞེས་སོགས་མདོ་སྡེ་བའི་གཞུང་དུ་འདོད་པ་ཡིན་ཏེ། དེ་སྐད་དུ་ཡང་རྒྱན་གྱི་འགྲེལ་པར། དང་པོ་ནི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པ་པ་དང་། ཕྱི་དོན་ཡོད་པ་སྨྲ་བའི་ལུགས་ཀྱི་སྟོང་ཉིད་ཀྱི་དོན་སྟོན་པར་བཞེད་དོ། །ཞེས་གསུངས། ཁ་ཅིག་ན་རེ། གཞུང་དང་པོ་དེ་ལྟར་བྱེད་པ་འཐད་ཀྱང་། ཕུང་པོ་ལ་སོགས་ཞེས་སོགས་ཀྱི་གཞུང་འདི་སེམས་ཙམ་པའི་གཞུང་ཡིན་ཏེ། དྲང་ངེས་རྣམ་འབྱེད་ལས། དེ་ནི་ཉན་ཐོས་སྡེ་པ་དང་ཐུན་མོང་པའོ། །ཞེས་གསུངས་པའི་ཕྱིར་ན་སྐྱོན་མེད་དེ། མདོ་སེམས་གཉིས་ཀས། བྱ་བྱེད་བདེན་སྟོང་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་འཁོར་ལོ་བར་པའི་དགོངས་པར་ཁས་ལེན་པ་དེ། ལུང་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མིན་ན། ཕུང་པོ་ཞེས་སོགས་ཀྱི་གཞུང་འདི་སེམས་ཙམ་པའི་རང་གཞུང་ཡིན་ཏེ། ལྷའི་འགྲེལ་པ་ལས། གཞན་ཡང་། ཕྱི་དོན་ཁས་བླངས་ན་ཡང་ཆོས་ཐམས་ཅད་རང་གི་མཚན་ཉིད་མེད་པ་ཅན་ཡིན་ཏེ། འདི་ལྟར། ཕུང་པོ་ལ་སོགས་བྱེ་བྲག་གི། ཞེས་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། ཐར་ལམ་གསལ་བྱེད་ལས། ཕྱི་དོན་ཁས་བླངས་པའི་དབང་དུ་བྱས་ནས་དེའི་དོན་བཤད་པ། ཞེས་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། སེམས་ཙམ་པས་ཕྱི་དོན་ཁས་མི་ལེན། གལ་ཏེ་ཁས་བླངས་ན་ཡང་། མདོ་དེའི་དགོངས་གཞི་ཡོད། ཅེས་པ་དེ་ཊཱིཀྐ་དེའི་དོན་ཡིན་པའི་ཕྱིར། དེར་ཡང་མ་ཟད། གཞུང་དེ་སེམས་ཙམ་པའི་རང་གཞུང་རྣམ་དག་ཡིན་པའི་ཕྱིར་ཏེ། དེས་ཀྱང་དེ་དག་མཚན་ཉིད་བྲལ། །ཞེས་ཀྱང་སྒྲ་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། གཉིས་པ་འཁོར་ལོ་དང་པོ་དང་འགལ་བའི་རྩོད་པ་སྤང་པ་ནི། རང་རེས་གོང་དུ་ཕྱི་དོན་བཀག་པ་ལ་ཁོ་ན་རེ། འོ་ན། ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་པོའི་མདོ་འདིའི་དགོངས་གཞི་མེད་པར་ཐལ། ཕྱི་དོན་མེད་པའི་ཕྱིར་ན་སྐྱོན་མེད་དེ། ཕྱི་རོལ་དོན་སྣང་གི་བློ་སྐྱེ་བ་དེ་མདོ་དེའི་དགོངས་གཞི་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མ་རིག་གིས་བསླད་བདག་ཉིད་ལ། །ཞེས་སོགས་རྐང་པ་བཞི་བྱུང་། དེའི་རྩོད་སྤོང་འཆད་པར་བྱེད་པ་ལ། ཕ་རོལ་མཐོང་མིན་ཐམས་ཅད་ཀྱིས། །ཞེས་སོགས་རྐང་པ་བཞི་གསུངས། དེའི་དགོངས་པ་འཆད་པར་བྱེད་པ་ལ། དེས་དེ་ཉིད་དོན་བཏང་སྙོམས་ཅན། །ཞེས་པ་ནས། ཕྱི་རོལ་དཔྱོད་ལ་འཇུག་པར་མཛད། །ཅེས་པའི་བར་བྱུང་། དགོས་པ་ནི་ཕྱི་དོན་ཡོད་པར་སྟོན་པའི་འཁོར་ལོ་དང་པོའི་མདོ་གསུངས་པ་ལ་དགོས་པ་ཡོད་དེ། ཕྱི་དོན་ཁས་ལེན་པའི་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་རྗེས་སུ་བཟུང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ནི། ཕྱི་རོལ་གྱི་དོན་མེད་དེ། གཟུགས་སོགས་རང་འཛིན་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། །

༈ ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་དེ་ནང་པ་སངས་རྒྱས་པའི་མཚན་ཉིད་ཡིན་ཟེར་ན། དཀོན་མཆོག་དང་ཕྱི་རོལ་པའི་སྟོན་པ་གཉིས་ཀ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། མ་གྲུབ་ན། དེ་ཁོ་ཁོ་རང་དུ་ཐལ། ཁོ་ཡོད་པའི་ཕྱིར་ཏེ། ཕྱི་ནང་ཐུན་མོང་བའི་སྦྱིན་བདག་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཕྱི་རོལ་པ་ཡིན་པའི་ཕྱིར། ཕྱི་རོལ་པའི་སྟོན་པ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། གཞན་ཡང་། གཟུགས་མེད་པའི་རྟེན་ཅན་གྱི་ཉན་ཐོས་འཕགས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། འཕགས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་གསུམ་སྐྱབས་གནས་ཡང་དག་ཏུ་སྨྲ་བའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ངག་མི་སྨྲ་བའི་གང་ཟག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ནང་པ་སངས་རྒྱས་པ་ཡིན་ན། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་ཡིན་དགོས་པར་ཐལ། ནང་པའི་གང་ཟག་བཞི་པོ་གང་རུང་ཡིན་ན། དེ་དེ་ལྟར་ཁས་ལེན་པའི་གང་ཟག་ཡིན་པས་ཁྱབ་པའི་ཕྱིར། དེ་བཞི་པོ་གང་རུང་ཡིན་ན། གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དངོས་སྨྲ་བ་ཡིན་ན་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་དགོས། ངོ་བོ་ཉིད་མེད་པར་སྨྲ་བ་ཡིན་ན་ཡང་དེ་ཡིན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ཡིན་ན། དངོས་པོ་བདེན་གྲུབ་ཏུ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། དངོས་སྨྲ་བ་དེས་དངོས་པོ་བདེན་གྲུབ་ཏུ་སྨྲ་བའི་རྒྱུ་མཚན་གྱིས་དེ་ལ་དངོས་སྨྲ་བ་ཞེས་བརྗོད་པའི་ཕྱིར་ན་མ་ཁྱབ། རྩ་རྟགས་གཉིས་པ་གྲུབ་སྟེ། ངོ་བོ་ཉིད་མེད་པར་སྨྲ་བའི་གང་ཟག་ཡིན་ན། དངོས་པོ་བདེན་མེད་དུ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། དེས་དངོས་པོ་བདེན་མེད་དུ་སྨྲ་བའི་རྒྱུ་མཚན་གྱིས། དེ་ལ་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་བརྗོད་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། ཁོ་ན་རེ། ནང་པའི་གང་ཟག་བཞི་པོ་གང་རུང་ཡིན་ན། གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་དགོས་པར་ཐལ། བྱེ་བྲག་སྨྲ་བ་ཡིན་ན་ཡང་དེ་ཡིན་པས་ཁྱབ། མདོ་སྡེ་པ་ཡིན་ན་ཡང་དེ་ཡིན་པས་ཁྱབ། སེམས་ཙམ་པ་ཡིན་ན་ཡང་དེ་ཡིན་པས་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། བྱེ་བྲག་སྨྲ་བ་ཡིན་ན་དུས་གསུམ་རྫས་གྲུབ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། དེས་དུས་གསུམ་རྫས་གྲུབ་སྨྲ་བའི་རྒྱུ་མཚན་གྱིས་དེ་ལ་བྱེ་བྲག་སྨྲ་བ་ཞེས་བརྗོད་པའི་ཕྱིར་ན་མ་ཁྱབ། རྩ་རྟགས་གཉིས་པ་གྲུབ་སྟེ། མདོ་སྡེ་པ་ཡིན་ན། མདོའི་རྗེས་སུ་འབྲང་བའི་རང་གི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དེས་མདོའི་རྗེས་སུ་འབྲངས་ནས་རང་གི་གྲུབ་མཐའ་སྨྲ་བའི་རྒྱུ་མཚན་གྱིས་དེ་ལ་མདོ་སྡེ་པ་ཞེས་བརྗོད་པའི་ཕྱིར་ན་མ་ཁྱབ། རྩ་རྟགས་གསུམ་པ་གྲུབ་སྟེ། སེམས་ཙམ་པ་ཡིན་ན། གཟུགས་སོགས་རང་འཛིན་སེམས་ཀྱི་བདག་ཉིད་དུ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། དེས་གཟུགས་སོགས་རང་འཛིན་སེམས་ཀྱི་བདག་ཉིད་དུ་སྨྲ་བའི་རྒྱུ་མཚན་གྱིས་དེ་ལ་སེམས་ཙམ་པ་ཞེས་བརྗོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཁོ་རང་ལ། ཉན་ཐོས་ཡིན་ན། གང་ཟག་ལ་ཆོས་ཉན་ནས་གཞན་ལ་ཐོས་པར་བྱེད་པའི་གང་ཟག་ཡིན་དགོས་པར་ཐལ། བྱེ་བྲག་སྨྲ་བ་ཡིན་ན། དུས་གསུམ་རྫས་གྲུབ་ཏུ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་མེད་པའི་རྟེན་ཅན་གྱི་ཉན་ཐོས་འཕགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང་། ནང་པའི་གང་ཟག་བཞི་པོ་གང་རུང་ཡིན་ན། འདོད་པའི་རྟེན་ཅན་ཡིན་དགོས་པར་ཐལ། དེ་ཡིན་ན་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། འདོད་ན། དེ་ཡིན་ན། མི་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་འཕགས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། སེམས་ཙམ་པ་ཡིན་པའི་ཕྱིར། སྐབས་འདིར་སེམས་ཙམ་པའི་རྗེས་སུ་འབྲང་རིགས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྒྱལ་བ་རྡོ་རྗེ་འཆང་ཁྱོད་ཡིན་པའི་ཕྱིར། གཞན་ཡང་། ནང་པའི་གང་ཟག་བཞི་པོ་གང་རུང་ཡིན་ན། ངག་སྨྲ་བ་པོའི་གང་ཟག་ཡིན་དགོས་པར་ཐལ། དེ་ཡིན་ན་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། སྟོང་ཉིད་ལ་གཉིས་སྣང་ནུབ་པའི་བྱང་སེམས་འཕགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྟོང་ཉིད་ལ་གཉིས་སྣང་ནུབ་པའི་སེམས་ཅན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཕྱི་རོལ་པའི་སྟོན་པ་དང་། དཀོན་མཆོག་གསུམ་གཉིས་ཀྱི་ནང་ནས། དཀོན་མཆོག་གསུམ་ཁོ་ན་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་དེ་ནང་པ་སངས་རྒྱས་པའི་མཚན་ཉིད་ཟེར་ན། གཟུགས་མེད་ཀྱི་ཉན་ཐོས་འཕགས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། འཕགས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ངག་སྨྲ་བ་པོའི་གང་ཟག་ཏུ་ཐལ་ལོ། །འདོད་མི་ནུས་ཏེ། ངག་མི་སྨྲ་བའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཟེར་ན། སངས་འཕགས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སངས་འཕགས་དེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་ཐལ་ལོ། །འདོད་ན། སངས་འཕགས་ཀྱི་སྐྱབས་གནས་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། སངས་འཕགས་ཁོ་རང་སྐྱབས་གནས་མཐར་ཐུག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གང་ཟག་དེ། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། རང་སྡེ་གནས་མ་བུ་པའི་སྡེ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། རང་སྡེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གང་ཟག་གི་བདག་མེད་ཁས་ལེན་པའི་གང་ཟག་དུ་ཐལ་ལོ། །འདོད་མི་ནུས་ཏེ། གང་ཟག་གི་བདག་ཡོད་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་ཁས་ལེན་པའི་དེ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་ཁས་ལེན་པའི་རང་སྡེ་ཡོད་པའི་ཕྱིར། འཇུག་པའི་ཊཱིཀ་་ཆེན་ལས། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་ཡོད་མེད་ཞུས་པའི་ལན་དུ་ཁུར་ཁུར་བ་པོའི་གང་ཟག་ཙམ་ཞིག་ཡོད་པར་གསུངས། ཞེས་གསུངས་པའི་ཕྱིར། གཞན་ཡང་། ཁོ་ན་རེ། རང་སྡེ་གནས་མ་བུ་པའི་སྡེ་པ་དེས་གང་ཟག་གི་བདག་ཡོད་པར་ཁས་ལེན་པར་ཐལ། གང་ཟག་གི་བདག་ཡོད་པར་ཁས་ལེན་པའི་རང་སྡེ་ཡོད་པའི་ཕྱིར། གང་ཟག་གི་བདག་ཡོད་པར་སྟོན་པའི་མདོའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་རང་སྡེ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སྙིང་པོ་རྒྱན་ལས། གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་རང་སྡེ་དང་གཞན་སྡེ་ཁ་ཅིག་གི་དོན་དུ། གང་ཟག་གི་བདག་ཡོད་པར་གསུངས་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། ཁོ་རང་ལ་རང་སྡེ་གནས་མ་བུ་པའི་སྡེ་པས་གང་ཟག་གི་བདག་མེད་ཁས་ལེན་པར་ཐལ། དེས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཁས་ལེན་པའི་ཕྱིར། དེས་གང་ཟག་གི་བདག་འཛིན་སྤངས་པའི་དགྲ་བཅོམ་པ་ཁས་ལེན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་པའི་ཕྱིར། གཞན་ཡང་། དེས་འཇིག་ལྟའི་ཞེན་ཡུལ་དུ་གྱུར་པའི་གང་ཟག་གི་བདག་ཁས་ལེན་པར་ཐལ། དེས་གང་ཟག་གི་བདག་ཁས་ལེན་པའི་ཕྱིར། འདོད་ན། དེས་འཇིག་ལྟའི་ཞེན་ཡུལ་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་འཇིག་ལྟ་ལོག་ཤེས་སུ་ཁས་མི་ལེན་པར་ཐལ་ལོ། །འོ་ན། གང་ཟག་གི་བདག་ཡོད་པར་སྟོན་པའི་མདོ་གང་ཞེ་ན། དགོངས་འགྲེལ་ལས། དགེ་སློང་དག་ཁུར་ཡོད། ཁུ་འཁུར་བ་པོ་ཡོད། ཕུང་པོ་ལྔ་ནི་ཁུར་རོ། །ཁུར་ཁུར་བ་པོ་ནི་གང་ཟག་གོ །ཞེས་གསུངས་པའི་ཕྱིར། གཞན་ཡང་། མདོ་འདི་བདག་ཡོད་པར་སྟོན་པའི་མདོ་ཡིན་ཏེ། འདིས་གང་ཟག་དང་གང་ཟག་གི་ཕུང་པོ་ལྔ་དོན་གཞན་དུ་སྟོན་པའི་ཕྱིར་ཏེ། འདིས་གང་ཟག་གི་ཕུང་པོ་ལྔ་གང་ཟག་གི་ཁུར་དང་། གང་ཟག་དེ་ལྔ་ཁུར་བ་པོར་བསྟན་པའི་ཕྱིར། ཁ་ཅིག་ན་རེ། དངོས་སྨྲ་བ་ཡིན་ན། དངོས་པོ་ལ་བདེན་གྲུབ་ཀྱིས་ཁྱབ་པ་ཁས་ལེན་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། བྱེ་བྲག་སྨྲ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། འདོད་ན། དེ་ཆོས་ཅན། གཞི་གྲུབ་ན་བདེན་གྲུབ་ཡིན་པས་ཁྱབ་པ་ཁས་ལེན་པའི་དེར་ཐལ། འདོད་པ་གང་ཞིག །གཞི་གྲུབ་ན་དངོས་པོ་ཡིན་པས་ཁྱབ་པ་ཁས་ལེན་པའི་དེ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། གཞི་གྲུབ་ན། དངོས་པོ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། དེས་ནམ་མཁའ་དངོས་པོར་ཁས་ལེན་པའི་ཕྱིར། དེས་དེ་དོན་བྱེད་ནུས་པར་ཁས་ལེན་པའི་ཕྱིར། དེས་དེ་རླུང་རྟེན་པའི་དོན་བྱེད་ནུས་པར་ཁས་ལེན་པའི་ཕྱིར། རྩ་བར་འདོད་ན། དེས་ཀུན་རྫོབ་བདེན་པ་ཁས་མི་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་བདེན་གཉིས་ཀྱི་རྣམ་གཞག་ཁས་མི་ལེན་པར་ཐལ་ལོ། །འདོད་མི་ནུས་ཏེ། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་པའི་གཞུང་འདི་བྱེ་བྲག་སྨྲ་བའི་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་གཞག་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དངོས་སྨྲ་བ་ཡིན་ན། དངོས་པོ་བདེན་གྲུབ་ཏུ་ཁས་ལེན་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། གཉིད་མཐུག་པོ་ལོག་བཞིན་པའི་སེམས་ཙམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། སེམས་ཙམ་པ་ཡིན་པའི་ཕྱིར་། འདོད་ན། ངག་སྨྲ་བ་པོའི་གང་ཟག་ཏུ་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། གཉིད་འཐུག་པོ་ལོག་བཞིན་པའི་སེམས་ཙམ་པ་དེ་ངག་སྨྲ་བ་པོའི་གང་ཟག་ཏུ་ཐལ། དེ་ཡང་ཡིན། ངག་སྨྲ་བ་པོའི་གང་ཟག་ཀྱང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། མཚན་མོ་གཉིད་འཐུག་པོ་ལོག་བཞིན་པའི་སེམས་ཙམ་པ་ཡང་ཡིན། ཉིན་མོ་ངག་སྨྲ་བ་པོའི་སེམས་ཙམ་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར་ཏེ། དེ་འདྲའི་གང་ཟག་གཅིག་ཡོད་པའི་ཕྱིར་ཏེ། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོ་དེ་དེ་ཡིན་པའི་ཕྱིར་ཏེ། དེ་དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མཚན་མོ་གཉིད་འཐུག་པོ་ལོག་པ་ཅིག་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ་མཚན་མོ་གཉིད་འཐུག་པོ་ལོག་བཞིན་པའི་ཚུར་མཐོང་ལྷས་སྦྱིན་ཉིན་མོ་ངག་སྨྲ་བ་པོའི་གང་ཟག་ཡིན་པར་ཐལ། མཚན་མོ་གཉིད་ལོག་བཞིན་པའི་གང་ཟག་ཀྱང་ཡིན། ཉིན་མོ་ངག་སྨྲ་བ་པོའི་ཚུར་མཐོང་ལྷས་སྦྱིན་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། མཚན་དུས་ཀྱི་ཚུར་མཐོང་ལྷས་སྦྱིན་དེ། ཉིན་དུས་ཀྱི་ཚུར་མཐོང་ལྷས་སྦྱིན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔ་དྲོའི་དུས་ཀྱི་ཚུར་མཐོང་ལྷས་སྦྱིན་དེ་ཕྱི་དྲོའི་དུས་ཀྱི་ཚུར་མཐོང་ལྷས་སྦྱིན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔ་དྲོའི་དུས་ཀྱི་དངོས་པོ་དེ་ཕྱི་དྲོའི་དུས་ཀྱི་དངོས་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྔ་མ་དེ་ཕྱི་མ་དེའི་རྒྱུ་ཡིན་པའི་ཕྱིར་ཏེ། དེ་འདྲའི་དངོས་པོ་སྐད་ཅིག་གིས་སྐྱེ་འགག་བྱེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མཚན་མོ་གཉིད་འཐུག་པོ་ལོག་བཞིན་པའི་གང་ཟག་ཀྱང་ཡིན། ཉིན་མོ་ངག་སྨྲ་བ་པོའི་གང་ཟག་ཀྱང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། སྔ་དྲོའི་དུས་སུ་ཟས་ལ་ལོངས་སྤྱོད་པའི་གང་ཟག་ཀྱང་ཡིན། ཕྱི་དྲོའི་དུས་སུ་ཟས་སྤངས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་དགེ་སློང་རྣམ་དག་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཁ་ཟས་རགས་པ་ལ་ལོངས་སྤྱོད་ཅིང་ལུས་ངག་ཡིད་གསུམ་གྱི་ཉེས་བྱས་ཐམས་ཅད་སྡོམ་པར་བྱེད་པའི་དགེ་སློང་རྣམ་དག་དེ་དེ་ཡིན་པའི་ཕྱིར་ཏེ། དེ་སྔ་དྲོ་ཟས་ལ་ལོངས་སྤྱོད་པ་གང་ཞིག །ཕྱི་དྲོ་ཟས་སྤངས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་ཁ་ཟས་རགས་པ་ལ་ལོངས་སྤྱོད་པ་གང་ཞིག །ཕྱི་དྲོའི་དུས་དང་མཚན་མོའི་དུས་སུ་ཟས་ལ་ལོངས་སྤྱོད་པ་མེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་ལུས་ངག་ཡིད་གསུམ་གྱི་ཉེས་བྱས་ཐམས་ཅད་སྡོམ་པར་བྱེད་པའི་དགེ་སློང་རྣམ་དག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་སྨྲ་བ་ཡིན་ན། ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། ངག་སྨྲ་བརྗོད་མི་བྱེད་པའི་དོན་སྨྲ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག་ན་རེ། རང་རིག་མེད་པར་ཁས་ལེན་ཅིང་ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་པའི་གང་ཟག་དེ། བྱེ་བྲག་སྨྲ་བའི་མཚན་ཉིད་ཟེར་ན། རང་རིག་ཆོས་ཅན། ཚད་མས་མ་དམིགས་པར་ཐལ། མེད་པའི་ཕྱིར། ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་པའི་གང་ཟག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། མ་གྲུབ་ན། དེ་ཁོ་ཁོ་རང་དུ་ཐལ། ཁོ་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རང་རིག་ཁས་མི་ལེན་པའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཚད་མས་དམིགས་པ་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། གཞན་ཡང་། གཉིད་འཐུག་པོ་ལོག་བཞིན་པའི་བྱེ་བྲག་སྨྲ་བ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁ་ཅིག་ན་རེ། རང་རིག་ཁས་མི་ལེན་ཅིང་ཕྱི་དོན་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། བྱེ་བྲག་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཟེར་ན། ཐལ་འགྱུར་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཆོས་ཅན་དེའི་ཕྱིར། འདོད་ན། དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། རང་རིག་དང་སྤྱི་མཚན་གཉིས་ཀ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། བྱེ་བྲག་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཟེར་ན། ཐལ་འགྱུར་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཆོས་ཅན་དེའི་ཕྱིར། འདོད་ན། དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། རང་རིག་དང་ཕྱི་དོན་གཉིས་ཀ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག །དེ་མི་འཐད་པར་ཐལ། ཕྱི་དོན་དང་རང་རིག་གཉིས་ཀ་ཁས་ལེན་པའི་རང་རྒྱུད་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡོད་པའི་ཕྱིར། ཕྱི་དོན་ཁས་ལེན་པའི་རང་རྒྱུད་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཀྱང་ཡོད། རང་རིག་ཁས་ལེན་པའི་རང་རྒྱུད་པ་ཡང་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཕྱི་དོན་དང་རང་རིག་གཉིས་ཀ་ཁས་ལེན་པའི་རང་རྒྱུད་པ་མེད་པར་ཐལ། དེ་འདྲའི་མདོ་སྡེ་སྤྱོད་པའི་རང་རྒྱུད་པ་ཡང་མེད། དེ་འདྲའི་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ཡང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་སྡེ་སྤྱོད་པའི་རང་རྒྱུད་པ་ཡིན་ན། རང་རིག་ཁས་ལེན་པའི་གང་ཟག་མ་ཡིན་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣལ་འབྱོར་སྤྱོད་པའི་དེ་ཡིན་ན། ཕྱི་དོན་ཁས་ལེན་པའི་གང་ཟག་མ་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། མདོ་སྡེ་པས་རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་དེ་ཕྱི་རོལ་དོན་དུ་ཁས་ལེན་ཟེར་ན། འོ་ན། དེས་དེ་གཟུགས་སོགས་དོན་ལྔ་གང་རུང་དུ་ཁས་ལེན་པར་ཐལ། དམ་བཅའ་འཐད་པ་གང་ཞིག །ཕྱི་དོན་ཞེས་པའི་དོན་དེ་གཟུགས་སོགས་དོན་ལྔ་པོ་གང་རུང་ལ་བྱེད་པའི་ཕྱིར། འདོད་ན། དེས་དེ་ཕྱིའི་སྐྱེ་མཆེད་དུ་ཁས་ལེན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། མདོ་སྡེ་པས་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་དེ་ཕྱི་རོལ་དོན་དུ་ཁས་ལེན་པར་ཐལ། དེས་དེ་ཤེས་པའི་བདག་ཉིད་དུ་ཁས་མི་ལེན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེས་གཟུགས་ཤེས་པའི་བདག་ཉིད་དུ་ཁས་ལེན་པར་ཐལ། མ་གྲུབ་པ་དེའི་ཕྱིར། གཞན་ཡང་། ཁོ་ན་རེ། སེམས་ཙམ་པ་དེས་ཕྱིའི་སྐྱེ་མཆེད་ཡིན་ན་ཕྱི་རོལ་གྱི་དོན་ཡིན་པས་ཁྱབ་པ་ཁས་ལེན་པར་ཐལ། མདོ་སྡེ་པས་ཕྱི་རོལ་གྱི་དོན་ཡིན་ན། ཕྱིའི་སྐྱེ་མཆེད་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་དེ་ཕྱི་རོལ་དོན་དུ་ཁས་མི་ལེན་པའི་ཕྱིར། འདོད་ན། ཕྱིའི་སྐྱེ་མཆེད་ཡིན་ན། ཕྱི་རོལ་གྱི་དོན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པའི་གཟུགས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཕྱིའི་གཟུགས་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། སྐྱེས་བུའི་རྒྱུད་ཀྱིས་བསྡུས་པའི་གཟུགས་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཁ་ཅིག་ན་རེ། མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་ན། རང་ལུགས་ལ་ཕྱི་དོན་ཁས་ལེན་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། ཕྱི་དོན་མེད་པར་རྟོགས་པའི་ཚད་མ་དང་ཡོད་མཚུངས་སུ་གྱུར་པའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་གང་ཟག་ཡོད་པའི་ཕྱིར། འདོད་ན། དེ་འདྲ་བའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེས། ཕྱི་དོན་མེད་པར་རྟོགས་པའི་ཚད་མ་ཁས་ལེན་པར་ཐལ། དེས་ཕྱི་དོན་མེད་པར་རྟོགས་པའི་ཚད་མ་དང་ཡོད་མཚུངས་སུ་གྱུར་པའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཁས་ལེན་པའི་ཕྱིར། དེས་དེ་དང་ཡོད་མཚུངས་སུ་གྱུར་པའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་ལུགས་ལ་ཕྱི་དོན་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་ན། རང་གིས་ཁས་བླངས་པའི་ཆོས་རང་གིས་ཁས་བླངས་པའི་ཆོས་ཡིན་པས་ཁྱབ་ཟེར་ན། ཕྱི་དོན་མེད་པར་རྟོགས་པའི་ཚད་མ་དང་ཡོད་མཚུངས་སུ་གྱུར་པའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་དང་ཡོད་མཚུངས་སུ་གྱུར་པའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གིས་ཁས་བླངས་པའི་ཆོས་ཆོས་ཅན། དེ་དང་ཡོད་མཚུངས་སུ་གྱུར་པའི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གིས་ཁས་བླངས་པར་ཐལ། དེས་ཁས་བླངས་པའི་ཆོས་ཡིན་པའི་ཕྱིར། འདོད་ན། དེ་དང་ཡོད་མཚུངས་སུ་གྱུར་པའི་དེ་འདྲའི་གྲུབ་མཐའ་སྨྲ་བའི་གང་ཟག་དེས། དེ་འདྲའི་གྲུབ་མཐའ་སྨྲ་བའི་གང་ཟག་ཁས་ལེན་པར་ཐལ། དེས་དེ་འདྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་གིས་ཁས་ལེན་པའི་ཆོས་ཁས་ལེན་པའི་ཕྱིར། འདོད་ན། དེས་ཕྱི་དོན་མེད་པར་རྟོགས་པའི་ཚད་མ་ཁས་ལེན་པར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མི་རྟག་པས་ཁྱད་པར་དུ་བྱས་པའི་གྲངས་ཅན་དེས། མི་རྟག་པ་ཁས་ལེན་པར་ཐལ། དེས་དེས་ཁྱད་པར་དུ་བྱས་པའི་གྲངས་ཅན་ཁས་ལེན་པའི་ཕྱིར། དེས་དེས་ཁྱད་པར་དུ་བྱས་པའི་གྲངས་ཅན་གྱིས་སྨྲས་པའི་དམ་བཅའ་ཁས་ལེན་པའི་ཕྱིར། ཁྱབ་པ་རིམ་བཞིན་ཁས་ཟེར། མ་གྲུབ་ན། དེས་སྨྲ་བའི་དམ་བཅའ་ཆོས་ཅན། དེས་ཁྱད་པར་དུ་བྱས་པའི་གྲངས་ཅན་གྱིས་ཁས་ལེན་པར་ཐལ། དེ་འདྲ་བའི་གྲངས་ཅན་གྱིས་སྨྲས་པའི་དམ་བཅའ་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲ་བའི་གྲངས་ཅན་ཆོས་ཅན། ཁྱོད་ཀྱིས་སྨྲ་བའི་དམ་བཅའ་དེ། ཁྱོད་ཀྱིས་སྨྲ་བའི་དམ་བཅའ་ཡིན་པར་ཐལ། ཁྱོད་དམ་བཅའ་སྨྲ་བ་པོའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། རང་རིག་ཁས་ལེན་ཅིང་ཕྱི་དོན་ཁས་མི་ལེན་པའི་གང་ཟག་དེ། སེམས་ཙམ་པའི་མཚན་ཉིད་ཟེར་ན། གཟུགས་མེད་རྟེན་ཅན་གྱི་སེམས་ཙམ་པ་ཆོས་ཅན། རང་རིག་ཁས་ལེན་པའི་གང་ཟག་ཏུ་ཐལ། སེམས་ཙམ་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲ་བའི་སེམས་ཙམ་པ་ཡོད་པའི་ཕྱིར་ཏེ། དེ་འདྲའི་སེམས་ཙམ་པའི་ལྟ་བ་རྟོགས་པའི་དེ་འདྲའི་གང་ཟག་ཡོད་པའི་ཕྱིར་ཏེ། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པར་རྟོགས་པའི་དེ་འདྲའི་གང་ཟག་ཡོད་པའི་ཕྱིར། རྩ་བར་འདོད་ན། ངག་སྨྲ་བ་པོའི་གང་ཟག་ཏུ་ཐལ་ལོ། །གཞན་ཡང་། གཟུགས་མེད་རྟེན་ཅན་གྱི་སེམས་ཙམ་པ་ཡོད་པར་ཐལ། དེའི་རྟེན་ཅན་གྱི་ཉན་ཐོས་འཕགས་པ་དེ་སེམས་ཙམ་པ་ཡིན་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། དབུ་མ་པ་ཡིན་པའི་ཕྱིར་ཏེ། འཕགས་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སེམས་ཙམ་པ་ཡིན་ན། གཞི་གང་གི་སྟེང་དུ་ཕྱི་དོན་མེད་པར་ཁས་ལེན་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། གཟུགས་ཆོས་ཅན། མེད་པར་ཐལ། ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་དུ་སོང་བའི་སེམས་ཙམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། དེ་འདྲ་བའི་སེམས་ཙམ་པ་ཡོད་པའི་ཕྱིར། དེ་འདྲ་བའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡོད་པ་གང་ཞིག །དེ་འདྲ་བའི་མདོ་སྡེ་པ་དང་བྱེ་བྲག་སྨྲ་བ་དང་། ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་མེད་པའི་ཕྱིར་ཏེ། ཕྱི་རོལ་གྱི་དོན་ཡིན་ན་མེད་པས་ཁྱབ་པ་ཚད་མས་ངེས་པའི་དེ་རྣམས་མེད་པའི་ཕྱིར། ཕྱི་དོན་མེད་པར་ཚད་མས་ངེས་པའི་དེ་རྣམས་མེད་པའི་ཕྱིར་ཏེ། ཆོས་ཀྱི་བདག་མེད་ཚད་མས་ངེས་པའི་དེ་རྣམས་མེད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གཞི་གཟུགས་ཀྱི་སྟེང་དུ་ཕྱི་དོན་ཡོད་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། གཞན་ཡང་། གཟུགས་ཕྱི་དོན་དུ་ཁས་ལེན་པའི་སེམས་ཙམ་པ་མེད་པར་ཐལ། སེམས་ཙམ་པ་ཡིན་ན་གཞི་གང་གི་སྟེང་དུ་ཕྱི་དོན་མེད་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་དུ་ཁས་ལེན་པའི་སེམས་ཙམ་པ་ཡོད་པའི་ཕྱིར། གཟུགས་དང་གཟུགས་འཛིན་ཚད་མ་ཆོས་ཅན། ལྷན་ཅིག་དམིགས་ངེས་མ་ཡིན་པར་ཐལ། རྫས་གཞན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཐལ་འགྱུར་ཡང་དག་ཏུ་སོང་བའི་སེམས་ཙམ་པ་ཡོད་པའི་ཕྱིར་ཏེ། དེ་འདྲའི་ཐལ་འགྱུར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ནི་ཡོད། དེ་དེར་སོང་བའི་མདོ་སྡེ་པ་དང་། བྱེ་བྲག་སྨྲ་བ་དང་། ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་མེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། གཟུགས་དང་གཟུགས་འཛིན་ཚད་མ་ལྷན་ཅིག་དམིགས་ངེས་སུ་ངེས་པའི་དེ་རྣམས་མེད་པའི་ཕྱིར་ཏེ། ཆོས་ཀྱི་བདག་མེད་ཚད་མས་ངེས་པའི་དེ་རྣམས་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་ཆོས་ཅན། མེད་པར་ཐལ། ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་སེམས་ཙམ་པ་ཆོས་ཅན། ཕྱི་དོན་ཁས་ལེན་པའི་གང་ཟག་ཏུ་ཐལ། གཟུགས་ཕྱི་རོལ་དོན་དུ་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། སེམས་ཙམ་པ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། གང་ཟག་གི་བདག་ཚད་མས་དམིགས་པ་ཡིན་པར་ཐལ། གང་ཟག་གི་བདག་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་གང་ཟག་ཆོས་ཅན། གང་ཟག་གི་བདག་ཡོད་པར་ཁས་ལེན་པའི་གང་ཟག་ཡིན་པར་ཐལ། ཉེར་ལེན་གྱི་ཕུང་པོའི་སྟེང་དུ་གང་ཟག་གི་བདག་ཡོད་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་ཡོད་དུ་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གང་ཟག་གི་བདག་མེད་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་ཚད་མས་མ་དམིགས་པ་ཡིན་ན། གང་ཟག་གི་བདག་མེད་ཡིན་པས་ཁྱབ་པ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གང་ཞིག། རང་རིག་ཁས་ལེན་ཅིང་ཕྱི་དོན་ཁས་མི་ལེན་པའི་གང་ཟག་དེ། སེམས་ཙམ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཟེར་ན། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་པ་གང་ཞིག །རང་རིག་ཁས་ལེན་པའི་གང་ཟག་དང་ཕྱི་དོན་ཁས་མི་ལེན་པའི་གང་ཟག་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེས་ཕྱི་དོན་ཁས་མི་ལེན་པར་ཐལ། འགྲེལ་བ་དོན་གསལ་ལས། སྔོན་པོ་དང་དེ་ཡི་བློ་དག་ལྷན་ཅིག་ཏུ་དམིགས་པ་ངེས་པའི་ཕྱིར་འདི་ནི་སེམས་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་དོན་ནི་མེད་དོ། །ཞེས་གསུངས། ཁ་ཅིག་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་འཁྲུལ་ཤེས་སུ་ཁས་ལེན་པའི་སེམས་ཙམ་པ་དེ། སེམས་ཙམ་རྣམ་རྫུན་པའི་མཚན་ཉིད། དེ་མ་འཁྲུལ་པའི་ཤེས་པར་ཁས་ལེན་པའི་སེམས་ཙམ་པ་དེ། སེམས་ཙམ་རྣམ་བདེན་པའི་མཚན་ཉིད་ཟེར་ན། འོ་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་འཁྲུལ་ཤེས་སུ་ཁས་ལེན་ཅིང་། དེའི་རྒྱུད་ཀྱི་སྒྲ་འཛིན་དབང་ཤེས་འཁྲུལ་ཤེས་ཡིན་མིན་ཐེ་ཚོམ་ཟ་བའི་སེམས་ཙམ་པ་ཅིག་ཡོད་པར་ཐལ། དེའི་རྒྱུད་ཀྱི་དེ་འཁྲུལ་ཤེས་སུ་ཚད་མས་ངེས་ནས། དེའི་སྒྲ་འཛིན་དབང་ཤེས་འཁྲུལ་ཤེས་ཡིན་མིན་ཐེ་ཚོམ་ཟ་བའི་སེམས་ཙམ་པ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་དེ། དེའི་རྒྱུད་ཀྱི་སྒྲ་འཛིན་དབང་ཤེས་དེ་འཁྲུལ་ཤེས་སུ་སྒྲུབ་པའི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། སེམས་ཙམ་རྣམ་རྫུན་པ་ཡིན་ན། དེའི་རྒྱུད་ཀྱི་སྒྲ་འཛིན་དབང་ཤེས་འཁྲུལ་ཤེས་སུ་ཁས་ལེན་པའི་གང་ཟག་ཡིན་དགོས་པར་ཐལ། དེ་ཡིན་ན། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་འཁྲུལ་ཤེས་སུ་ཁས་ལེན་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དམ་བཅའ་དང་པོ་འཐད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་འཁྲུལ་ཤེས་སུ་ཁས་ལེན་ཅིང་། ཞེས་སོགས་ཀྱི་སེམས་ཙམ་པ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེའི་སྒྲ་འཛིན་དབང་ཤེས་འཁྲུལ་ཤེས་ཡིན་མིན་ཐེ་ཚོམ་ཟ་བའི་གང་ཟག་ཡིན་པའི་ཕྱིར། མཚན་ཉིད་གཉིས་པ་ལ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ཆོས་ཅན། དེའི་རྒྱུད་ཀྱི་དབང་ཤེས་མ་ཡིན་པར་ཐལ། མ་འཁྲུལ་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་སེམས་ཙམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཆོས་ཅན་དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་འདྲའི་སེམས་ཙམ་པ་ཡོད་པའི་ཕྱིར། དེའི་རྒྱུད་ཀྱི་དབང་ཤེས་ཀྱི་རྟགས་ཀྱིས་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་མ་འཁྲུལ་བའི་ཤེས་པ་མ་ཡིན་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཏུ་གྱུར་པའི་སེམས་ཙམ་པ་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེའི་རྒྱུད་ཀྱི་དབང་ཤེས་ཡིན་ན། མ་འཁྲུལ་བའི་ཤེས་པ་མ་ཡིན་པའི་ཁྱབ་པ་ཚད་མས་གྲུབ་པའི་གང་ཟག་ཡིན་པའི་ཕྱིར། མཚན་ཉིད་གཉིས་པ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། སེམས་ཙམ་རྣམ་བདེན་པ་དེས་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་དེ། རང་གི་འཇུག་ཡུལ་ལ་མ་འཁྲུལ་པའི་རིག་པར་ཁས་ལེན་པར་ཐལ། དེས་དེ་མ་འཁྲུལ་བའི་རིག་པར་ཁས་ལེན་པའི་ཕྱིར། འདོད་ན། དེས་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་སྣང་བ་སྣང་བ་ལྟར་གྲུབ་པར་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བ་སྣང་བ་ལྟར་དུ་གྲུབ་པར་ཁས་ལེན་པར་ཐལ། འདོད་པ་གང་ཞིག །དེས་དེ་འདྲ་བའི་དབང་ཤེས་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བར་ཁས་ལེན་པའི་ཕྱིར། འདོད་ན། དེས་གཟུགས་ཕྱི་རོལ་དོན་དུ་ཁས་ལེན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེས་གཟུགས་རགས་པར་ཁས་བླངས། དེས་གཟུགས་ཕྱི་རོལ་དོན་མ་ཡིན་པར་ཁས་བླངས་པ་ལ། འཐད་ལྡན་ལས། ལུས་ཅན་ཞེས་བྱ་བ་ནི་རྭ་ཟེ་ངེ་བ་མེད་དོ། །ཞེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་སྣང་བའི་རྣམ་པ་དངོས་པོ་མ་ཡིན་པར་ཁས་ལེན་པའི་སེམས་ཙམ་པ་དེ། དེའི་མཚན་ཉིད་དང་། དེ་དང་དངོས་པོར་ཁས་ལེན་པའི་སེམས་ཙམ་པ་དེ་གཉིས་པའི་མཚན་ཉིད་ཟེར་ན། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་སྣང་བའི་རྣམ་པ་དངོས་པོ་མ་ཡིན་པར་ཐལ། དང་པོ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ཡིན་པ་གང་ཞིག །དེ་འདྲའི་རྣམ་པ་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ཀྱི་གཟུང་རྣམ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་འདྲ་བའི་རྣམ་པ་དེ་དངོས་པོ་མ་ཡིན་པར་ཐལ། དེ་དངོས་མེད་ཡིན་པའི་ཕྱིར། དེ་དངོས་མེད་དུ་སེམས་ཙམ་རྣམ་རྫུན་པས་ཁས་ལེན་པའི་ཕྱིར། དྲང་ངེས་རྣམ་འབྱེད་ལས། སྔོན་པོ་ལ་སོགས་པའི་རྣམ་པ་དངོས་པོར་མེད་པ་རྣམ་རྫུན་པ་ལྟར་འདོད་པའི་དབུ་མ་པ་ནི་སློབ་དཔོན་ལྭ་བ་པས་བཀྲལ་བ་ལྟར་ཡིན་ནོ། །ཞེས་པཎྚི་ཏ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་བཤད་དོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དངོས་མེད་ཡིན་པ་ལུང་དེའི་དོན་ཡིན་ནོ། །ཁ་ཅིག་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་བདེན་གྲུབ་ཏུ་ཁས་ལེན་པའི་སེམས་ཙམ་པ་དེ་སེམས་ཙམ་རྣམ་བདེན་པའི་མཚན་ཉིད། དེ་འདྲ་བ་དེ་བདེན་མེད་དུ་ཁས་ལེན་པའི་སེམས་ཙམ་པ་དེ་གཅིག་ཤོས་ཀྱི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དེ་བདེན་པར་མ་གྲུབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་རྟོག་པས་སྒྲོ་བཏགས་པ་མ་ཡིན་པའི་ཕྱིར། འཐད་ལྡན་ལས། རགས་པར་སྣང་བ་ལ་ཡང་རྣམ་པར་རྟོག་པས་འཁྲུལ་བ་རིག་པ་ཉིད་མ་ཡིན་ཏེ། གསལ་བར་སྣང་བའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་རགས་པར་སྣང་བའི་གཟུགས་དེ་རྟོག་པས་སྒྲོ་བཏགས་མ་ཡིན་པ་ལུང་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། དེའི་རྒྱུད་ཀྱི་དེ་ལ་གཟུགས་རགས་པར་སྣང་བ་དེ་རྟོག་པས་སྒྲོ་བཏགས་ཡིན་པར་ཐལ། དེ་ལ་སྣང་བ་དེ་ཡང་དེ་ཡིན། དེའི་ཡུལ་དེ་ཡང་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རགས་པ་ཁས་ལེན་པའི་སེམས་ཙམ་པ་དེ། སེམས་ཙམ་རྣམ་བདེན་པའི་མཚན་ཉིད། དེ་ཁས་མི་ལེན་པའི་སེམས་ཙམ་པ་དེ་གཅིག་ཤོས་ཀྱི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། རགས་པ་མེད་པར་ཐལ། རྣམ་རྫུན་པས་དེ་ཁས་མི་ལེན་པའི་ཕྱིར། འདོད་མི་ནུས་ཏེ། རྡེའུ་རགས་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྡེའུ་ལ་ཕྲ་རགས་ཀྱི་ཁྱད་པར་ཡོད་པའི་ཕྱིར་ཏེ། དེ་ལ་ཆེ་ཆུང་གི་ཁྱད་པར་ཡོད་པའི་ཕྱིར། གཞན་ཡང་ཁོ་ན་རེ། རགས་པ་ཡོད་པར་ཐལ། རྣམ་ཤེས་རགས་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་རྣམ་པར་ཤེས་པ་དེ་རྣམ་ཤེས་རགས་པ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། གཟུགས་མེད་ན་རགས་པ་ཡོད་པར་ཐལ། དེ་ན་རྣམ་ཤེས་རགས་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། འགོག་སྙོམས་རྒྱུད་ལྡན་གྱི་གཟུགས་མེད་པའི་གང་ཟག་གི་རྒྱུད་ཀྱི་འགོག་སྙོམས་དེའི་དགག་བྱར་གྱུར་པའི་རྣམ་ཤེས་རགས་པ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་འགོག་སྙོམས་དེའི་ཚེ་ཁོ་རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་རྣམ་ཤེས་རགས་པ་དེ་འགོག་པའི་རྒྱུ་མཚན་གྱིས་དེ་ལ་སེམས་མེད་སྙོམས་འཇུག་ཅེས་བརྗོད་པའི་ཕྱིར། གཞན་ཡང་། བེམ་པོ་ཡོད་པར་ཐལ། རགས་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། སངས་རྒྱས་ཀྱི་ས་ན་བེམ་པོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་ས་ན་བེམ་ཆོས་ཀྱིས་བསྡུས་པའི་ལུས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྙིང་པོ་རྒྱན་ལས། སངས་རྒྱས་ཀྱི་ཡེ་ཤེས་ཉིད་གདགས་གཞིར་བྱས་ནས་གཟུགས་སྐུ་རྣམ་པར་བཞག་པ་ཡིན་གྱི། བེམ་པོས་བསྡུས་པའི་རྡུལ་ཕྲ་རགས་བསགས་པའི་ལུས་ནི་ཅུང་ཟད་ཀྱང་མེད་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། རྡུལ་ཕྲ་རགས་ཡོད་པར་ཐལ། བེམ་པོ་ཡོད་པའི་ཕྱིར། འདོད་ན། གཟུགས་ཀྱི་རྡུལ་ཕྲ་རགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་ཀྱི་རྡུལ་ཕྲ་རགས་སྣང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རང་ལས་འབྲེལ་མེད་རགས་པའི་ངོ་བོ་གཅིག་ཏུ་སྣང་བའི་ཕྱིར་ཏེ། བདེན་རྫུན་ཅན་དེ་གང་གིས་ན། །རགས་པར་སྣང་བ་དེ་འདྲར་བྱེད། །ཅེས་གསུངས་པའི་ཕྱིར། གཞན་ཡང་། གཟུགས་རགས་པ་ཡིན་པར་ཐལ། རགས་པ་ཡོད་པའི་ཕྱིར། འདོད་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་སྣང་བ་ལྟར་དུ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་ཡོད་མིན་ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང་། རྣམ་ཤེས་རགས་པ་རགས་པ་ཡིན་པར་ཐལ། རགས་པ་ཡོད་པའི་ཕྱིར། འདོད་ན། རྣམ་ཤེས་རགས་པ་ཆོས་ཅན། རགས་པ་མ་ཡིན་པར་ཐལ། རང་འཛིན་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཞི་གྲུབ་ན། ཤེས་པའི་བདག་ཉིད་ཡིན་དགོས་པར་ཐལ། བེམ་པོ་དང་རགས་པ་མེད་པའི་ཕྱིར་ན་མ་ཁྱབ། འདོད་ན། རང་འཛིན་ཤེས་པའི་བདག་ཉིད་ཡིན་ན། ཤེས་པའི་བདག་ཉིད་ཡིན་དགོས་པར་ཐལ་ལོ། །འདོད་ན། ཤེས་པའི་འབྲས་བུར་གྱུར་པའི་རྣམ་མཁྱེན་ཆོས་ཅན། ཐལ་ཕྱིར། འདོད་ན། ཤེས་པ་དང་བདག་ཉིད་གཅིག་ཏུ་ཐལ་ལོ། །ཁ་ཅིག་ན་རེ། གཟུགས་སྒྲ་ལ་སོགས་པ་ཤེས་པ་ཡིན་ནོ་ཟེར་ན། འོ་ན། མཆོག་གི་སྤྲུལ་སྐུའི་གཟུགས་དེ་ཤེས་པར་ཐལ། གཟུགས་ལ་དེའི་ཕྱིར། འདོད་ན། དེ་རྣམ་མཁྱེན་ཡིན་པར་ཐལ་ལོ། །འདོད་ན། དེ་མངོན་སུམ་དུ་རྟོགས་པའི་སོ་སོ་སྐྱེ་བོ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཆོག་གི་སྤྲུལ་སྐུ་མངོན་སུམ་དུ་རྟོགས་པའི་སོ་སོ་སྐྱེ་བོ་ཡོད་པའི་ཕྱིར། གཞན་ཡང་། མཆོག་གི་སྤྲུལ་སྐུས་སྨྲས་པའི་ངག་དེ་ཤེས་པ་ཡིན་པར་ཐལ། སྒྲ་ཤེས་པ་ཡིན་པའི་ཕྱིར། འདོད་ན། དེ་རྣམ་མཁྱེན་ཡིན་པར་ཐལ་ལོ། །འདོད་ན། དེ་ཆོས་ཅན། སྒྲུབ་འཇུག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སེལ་འཇུག་ཡིན་པའི་ཕྱིར་ཏེ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། ཁོ་ན་རེ། གཟུགས་སྒྲ་ལ་སོགས་པ་མེད་པ་ཡིན་ནོ་ཟེར་ན། ས་བཅུ་པའི་མདོ་ལས། ཀྱཻ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པ་མི་འཐད་པར་ཐལ། སེམས་ཙམ་མོ་ཞེས་པའི་སྒྲ་འདིས་ཕྱི་དོན་འགོག་པ་མ་ཡིན་པའི་ཕྱིར་ཏེ། ཙམ་སྒྲ་མེད་པའི་ཕྱིར་ཏེ། སྒྲ་མེད་པའི་ཕྱིར། གཞན་ཡང་། གཟུགས་ཡོད་པར་ཐལ། མིང་གཟུགས་ཡོད་པའི་ཕྱིར། མིང་གཟུགས་ཀྱི་རྟེན་འབྲེལ་ཡོད་པའི་ཕྱིར་ཏེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡོད་པའི་ཕྱིར། གཞན་ཡང་། གཟུགས་ཡོད་པར་ཐལ། ཕྱིའི་གཟུགས་ཡོད་པའི་ཕྱིར་ཏེ། ཕྱིའི་སྐྱེ་མཆེད་ཡོད་པའི་ཕྱིར། ཕྱིའི་སྟོང་ཉིད་ཡོད་པའི་ཕྱིར། སྟོང་ཉིད་ཉི་ཤུ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་པའི་གཟུགས་དེ་ཕྱིའི་གཟུགས་ཡིན་པར་ཐལ། ཕྱིའི་གཟུགས་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཕྱི་རོལ་གྱི་གཟུགས་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། ཕྱི་རོལ་གྱི་དོན་ཡིན་པར་ཐལ་ལོ། །གཞན་ཡང་། ཁོ་ན་རེ། གཟུགས་ཀྱི་ཆུང་མཐའ་ཡོད་པར་ཐལ། གཟུགས་ཡོད་པའི་ཕྱིར། འདོད་ན། བར་མཚམས་མེད་པར་གནས་པའི་གཟུགས་ཀྱི་ཆུང་མཐའ་ཡོད་པར་ཐལ་ལོ། །འདོད་ན། བར་མཚམས་མེད་པར་གནས་པའི་གཟུགས་ཀྱི་ཆུང་མཐའ་གཉིས་པོ་དེ་ཕན་ཚུན་རེག་པ་ཡིན་པར་ཐལ། དེ་གཉིས་གོ་ས་སོ་སོར་གནོན་ནུས་ཀྱི་གཟུགས་ཡིན་པའི་ཕྱིར། དེ་གཉིས་ཡོད་པ་གང་ཞིག །གོ་ས་སོ་སོར་གནོན་ནུས་ཀྱི་གཟུགས་ཅན་ཡོད་པའི་ཕྱིར་ཏེ། བུམ་པའི་གཟུགས་དེ་དེ་ཡིན་པའི་ཕྱིར། བུམ་པ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། བར་མཚམས་མེད་པར་གནས་པའི་གཟུགས་ཀྱི་ཆུང་མཐའ་གཉིས་པོ་དེ་ཕན་ཚུན་གཉིས་ཀ་ནས་རེག་པ་ཡིན་པར་ཐལ། འདོད་པ་གང་ཞིག །དེ་གཉིས་བདག་ཉིད་ཐམས་ཅད་དུ་རེག་པ་མ་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆ་བཅས་ཀྱི་གཟུགས་ཡིན་པར་ཐལ་ལོ། །འདོད་ན། དེ་གཉིས་གཟུགས་ཀྱི་ཆུང་མཐའ་མ་ཡིན་པར་ཐལ། འདོད་པའི་ཕྱིར་ན་རེ་ཞིག་འདིར་མ་ཁྱབ། ཁ་ཅིག་ན་རེ། ཐོག་བཅས་ཀྱི་གཟུགས་དང་གོ་ས་སོ་སོར་གནོན་ནུས་ཀྱི་གཟུགས་མེད་དེ། གཟུགས་ཡིན་ན། རང་འཛིན་ཤེས་པའི་བདག་ཉིད་ཡིན་དགོས་པའི་ཕྱིར། གལ་ཏེ་དེ་གཉིས་ཡོད་ན་རྨི་ལམ་གྱི་གླང་པོའི་གཟུགས་དེ་དེ་གཉིས་གང་རུང་ཡིན་པར་ཐལ། དེ་གཟུགས་གང་ཞིག །དེ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་འདྲའི་གླང་པོའི་གཟུགས་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་འདྲའི་གླང་པོ་ཡོད་པའི་ཕྱིར། སྒྱུ་མའི་རྟ་གླང་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་འདྲའི་གླང་པོའི་གཟུགས་དེ་ཁོ་རང་དམིགས་པ་པོའི་གང་ཟག་གིས་དངོས་སུ་རྟོགས་ཀྱང་། དེ་ཡུལ་གཅིག་ཏུ་གནས་པའི་གང་ཟག་གཞན་གྱིས་དངོས་སུ་མ་རྟོགས་པའི་ཕྱིར་ཟེར་ན། ཁོ་རང་ལ་བུམ་པ་དང་རི་བོ་གཉིས་ཐོགས་མེད་ཀྱི་གཟུགས་ཡིན་པར་ཐལ། དེ་གཉིས་གཟུགས་ཡིན་པ་གང་ཞིག །ཐོགས་བཅས་ཀྱི་གཟུགས་མ་ཡིན་པའི་ཕྱིར། ཕྱི་མ་ཁས། འདོད་ན། དེ་གཉིས་གོ་ས་འདྲེས་པར་གནས་པའི་གཟུགས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཉི་ཤུ་པའི་འགྲེལ་པར། ཐོགས་པ་མེད་པས་ན་ཐམས་ཅད་གོ་ས་གཅིག་པར་འགྱུར་བས། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པའི་གོ་སར་རི་གཅིག་གནས་པ་ཡིན་པར་ཐལ་ལོ། །ཁ་ཅིག་ན་རེ། བདེན་པར་གྲུབ་པ་རྡུལ་ཙམ་ཡང་ཁས་མི་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། ངོ་བོ་ཉིད་མེད་པར་སྨྲ་བའི་གང་ཟག་གི་མཚན་ཉིད་ཟེར་ན། སེམས་ཙམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། སེམས་ཙམ་པས་བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ཕྱིར་ཏེ། བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པའི་ཕྱིར། མ་གྲུབ་ན། རྡུལ་ཙམ་ཡང་ཡོད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། རྡུལ་ཡོད་པར་ཐལ་ལོ། །ཁ་ཅིག་ན་རེ། དངོས་པོ་བདེན་མེད་དུ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ངོ་བོ་ཉིད་མེད་པར་སྨྲ་བའི་མཚན་ཉིད་ཟེར་ན། དངོས་པོ་ཆོས་ཅན། འདུས་བྱས་མ་ཡིན་པར་ཐལ། བདེན་པར་མ་གྲུབ་པའི་ཕྱིར། ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་སེམས་ཙམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཁ་ཅིག་ན་རེ། ངོ་བོ་ཉིད་མེད་པར་སྨྲ་བ་དང་། དབུ་མ་པ་གཉིས་དོན་གཅིག་ཡིན་པར་མི་འཐད་དེ། སེམས་ཙམ་པ་དབུ་མ་པ་ཡིན་པའི་ཕྱིར། གཉིས་སྟོང་གི་ལྟ་བ་དབུ་མ་པའི་ལྟ་བ་ཡིན་པའི་ཕྱིར་ཏེ། དེ་དབུ་མའི་ལྟ་བ་ཡིན་པའི་ཕྱིར། དབུས་མཐའ་ལས། ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་འདྲ་བའི་ལྟ་བ་དེ་དབུ་མའི་ལྟ་བ་ཡིན་ཀྱང་། དེ་དབུ་མ་པའི་ལྟ་བ་མིན་ནོ་ཞེ་ན། འོ་ན། དངོས་པོ་བདེན་མེད་དུ་ལྟ་བའི་ལྟ་བ་དེ། དབུ་མ་པའི་ལྟ་བ་ཡིན་པར་ཐལ། ཐལ་འགྱུར་པ་དང་རང་རྒྱུད་པ་གཉིས་དབུ་མ་པ་་ཡིན་པའི་ཕྱིར། འདོད་ན། དེ་འདྲ་བའི་ལྟ་བ་ཆོས་ཅན། དབུ་མ་པའི་ལྟ་བ་མ་ཡིན་པར་ཐལ། ཆད་ལྟ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་བདེན་མེད་དུ་ལྟ་བའི་ལྟ་བ་དེ་དེ་ཡིན་པར་ཐལ། ཁྱོད་བདེན་གྲུབ་ཡིན་པའི་ཕྱིར། གཞན་ཡང་། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པར་ལྟ་བའི་ལྟ་བ་ཆོས་ཅན། ཁྱོད་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་དབུ་མའི་བསྟན་བཅོས་ཤིག་ཡོད་པར་ཐལ། ཁྱོད་དབུ་མའི་ལྟ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་དེ། དབུ་མ་ཡིན་པའི་ཕྱིར་ཏེ། དེ་གཞི་དབུ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་གཞི་དབུ་མ་ཡིན་པར་ཐལ། ཁྱོད་སྟོང་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། བསྟན་བཅོས་རྣམ་འགྲེལ་དེ་དེ་ཡིན་པར་ཐལ་ལོ། །འདོད་ན། དེའི་ཆེད་དུ་བྱ་བའི་གདུལ་བྱ་དབུ་མ་པའི་རིགས་ཅན་ཡོད་པར་ཐལ་ལོ། །འདོད་ན། དབུ་མ་པའི་རིགས་ཅན་དང་། སེམས་ཙམ་པའི་རིགས་ཅན་མི་འགལ་བར་ཐལ་ལོ། །འདོད་ན། དབུ་མ་པ་དང་སེམས་ཙམ་པ་མི་འགལ་བར་ཐལ་ལོ། །གཞན་ཡང་། དབུ་མ་པ་དང་སེམས་ཙམ་པ་མི་འགལ་བར་ཐལ། དབུ་མ་པའི་བསྟན་བཅོས་དང་སེམས་ཙམ་པའི་བསྟན་བཅོས་མི་འགལ་བའི་ཕྱིར། སེམས་ཙམ་པའི་བཀའ་དང་དབུ་མ་པའི་བཀའ་མི་འགལ་བའི་ཕྱིར། དོན་དམ་ཡང་དག་འཕགས་ཀྱིས་ཞུས་པའི་ལེའུ་དེ། དང་པོ་དེ་ཡང་ཡིན། ཕྱི་མ་དེ་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་དགོངས་པ་སེམས་ཙམ་དུ་གནས་པའི་ཕྱིར། ཕྱི་མ་གྲུབ་སྟེ། སློབ་དཔོན་ལེགས་ལྡན་འབྱེད་དང་། ཞི་བ་འཚོ་ཡབ་སྲས་ཀྱིས་དེ་དབུ་མའི་བཀར་ཁས་ལེན་པའི་ཕྱིར། གཞན་ཡང་། སེམས་ཙམ་པའི་བཀའ་དང་། དབུ་མ་པའི་དེ་གཉིས་མི་འགལ་བར་ཐལ། འཁོར་ལོ་བར་པ་དེ་དབུ་མའི་བཀའ་ཡང་ཡིན། སེམས་ཙམ་པའི་བཀའ་ཡང་ཡིན་པའི་ཕྱིར་ཏེ། དེའི་བཀའ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། འཁོར་ལོ་བར་པའི་དགོངས་པ་སེམས་ཙམ་དུ་གནས་པའི་ཕྱིར་ཏེ། འཁོར་ལོ་ཐ་མའི་དགོངས་པ་དེ་ལྟར་གནས་པ་གང་ཞིག །འཁོ་ལོ་བར་ཐ་གཉིས་དགོངས་པ་གཅིག་པའི་ཕྱིར། ཕྱི་མ་གྲུབ་སྟེ། དྲང་ངེས་རྣམ་འབྱེད་ལས། འཁོར་ལོ་བར་ཐ་གཉིས་ཀྱི་དགོངས་པ་ནི་གཅིག་ཡིན་ལ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སེམས་ཙམ་པ་ཡིན་ན། དབུ་མ་པ་ཡིན་དགོས་པར་ཐལ། ཐལ་འགྱུར་པ་དང་རང་རྒྱུད་པ་རྣམས་དབུ་མ་པ་མ་ཡིན་པའི་ཕྱིར། འདོད་ན། སེམས་ཙམ་རྣམ་བདེན་པ་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་ཆོས་ཅན། དབུ་མའི་ལྟ་བ་ལ་གནས་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན། སྟོང་ཉིད་རྟོགས་པའི་ལྟ་བ་ལ་གནས་པའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་ལྟ་བ་དེ། སེམས་ཙམ་པའི་ལྟ་བ་ཡིན་ནོ་ཟེར་ན། སློབ་དཔོན་སེང་གེ་བཟང་པོའི་རྒྱུད་ཀྱི་དེ་འདྲ་བ་དེ་ཡང་། སེམས་ཙམ་པའི་དེར་ཐལ། དམ་བཅའ་འཐད་པ་གང་ཞིག །སློབ་དཔོན་སེང་གེ་བཟང་པོའི་རྒྱུད་ལ་དེ་འདྲ་བའི་ལྟ་བ་ཡོད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་དེ་འདྲ་བའི་ལྟ་བ་དེ་དངོས་སྨྲ་བའི་ལྟ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱུད་པའི་ལྟ་བ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སེམས་ཙམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་དེ། མདོ་སྡེ་པའི་ལྟ་བ་ཡིན་པར་ཐལ། སེམས་ཙམ་པའི་རྒྱུད་ལ་དེ་འདྲ་བའི་ལྟ་བ་ཡོད་པ་གང་ཞིག །གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་དེ་མདོ་སྡེ་པའི་ལྟ་བ་ཡིན་པའི་ཕྱིར་ན་མ་ཁྱབ།

རྣམ་བདེན་རྫུན་གྱི་རྩོད་གཞི་ལ་དཔྱད་པ།

༈ ཁ་ཅིག །རྣམ་བདེན་རྫུན་གྱི་རྩོད་པའི་རྩོད་གཞི་ལ། གཞི་གྲུབ་ན། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་པོ་གང་རུང་ཡིན་པས་ཁྱབ་ཅིང་། ཀུན་བཏགས་དང་ཤེས་པ་ལ་སོགས་པ། རྣམ་བདེན་རྫུན་གཉིས་རྩོད་པའི་རྩོད་གཞི་མ་ཡིན། གཟུགས་སྒྲ་ལ་སོགས་པ་དེ་གཉིས་རྩོད་པའི་རྩོད་གཞི་ཡིན་ནོ་ཟེར་ན། རང་མཚན་ཆོས་ཅན། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་པོ་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཡོངས་གྲུབ་ཡིན་པར་ཐལ། འདོད་པ་གང་ཞིག །ཀུན་བཏགས་ཀྱང་མ་ཡིན། གཞན་དབང་ཡང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རང་མཚན་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྟོང་ཉིད་ཁྱོད་ཡིན་པའི་ཕྱིར། འདོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་་ཡང་ཁྱོད་ཡིན་པར་ཐལ་ལོ། །གཞན་ཡང་། ཀུན་བཏགས་དེ་རྣམ་བདེན་རྫུན་རྩོད་པའི་གཞི་ཡིན་པར་ཐལ། དེ་དེ་གཉིས་ཚུར་མཐོང་གི་རྒྱུད་ཀྱི་མ་འཁྲུལ་པའི་ཤེས་པར་གྱུར་པའི་གཟུགས་འཛིན་དབང་ཤེས་དང་ཡོད་མཚུངས་ཡིན་མིན་རྩོད་པའི་གཞི་ཡིན་པའི་ཕྱིར། རྣམ་བདེན་པས་ཀུན་བཏགས་དང་ཚུར་མཐོང་གི་རྒྱུད་ཀྱི་མ་འཁྲུལ་པའི་ཤེས་པར་གྱུར་པའི་གཟུགས་འཛིན་དབང་ཤེས་གཉིས་ཡོད་མཚུངས་སུ་ཁས་ལེན། གཅིག་ཤོས་ཀྱིས་དེ་གཉིས་ཡོད་མཚུངས་སུ་ཁས་མི་ལེན་པའི་ཕྱིར། གཞན་ཡང་། ཤེས་པ་དེ་རྣམ་བདེན་རྫུན་རྩོད་པའི་གཞི་ཡིན་ཏེ། ཤེས་པ་དེ་དེ་གཉིས་ཚུར་མཐོང་གི་རྒྱུད་ཀྱི་མ་འཁྲུལ་པའི་ཤེས་པར་གྱུར་པའི་གཟུགས་འཛིན་དབང་ཤེས་དང་། ཡོད་མཚུངས་ཡིན་མིན་རྩོད་པའི་གཞི་ཡིན་པའི་ཕྱིར། རྣམ་བདེན་པས་དེ་གཉིས་ཡོད་མཚུངས་སུ་ཁས་ལེན། གཅིག་ཤོས་ཀྱིས་དེ་གཉིས་ཡོད་མཚུངས་སུ་ཁས་མི་ལེན་པའི་ཕྱིར། དེ་ལྟར་བྱས་པ་ལ་ཁོ་ན་རེ། རི་བོང་གི་རྭ་དེ་རྣམ་བདེན་རྫུན་གཉིས་ཀྱི་རྩོད་པའི་གཞི་ཡིན་པར་ཐལ། དེ་དེ་གཉིས་ཚུར་མཐོང་གི་ཞེས་སོགས་ཀྱི་དབང་ཤེས་དང་། མེད་མཚུངས་ཡིན་མིན་རྩོད་པའི་གཞི་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། རྣམ་བདེན་པས་དེ་གཉིས་མེད་མཚུངས་མ་ཡིན་པར་ཁས་ལེན། གཅིག་ཤོས་ཀྱིས་དེ་གཉིས་མེད་མཚུངས་སུ་ཁས་ལེན་པའི་ཕྱིར། གཞན་ཡང་ཁོ་ན་རེ། གཞི་གྲུབ་ན། རྣམ་བདེན་རྫུན་གཉིས་རྩོད་པའི་རྩོད་གཞི་ཡིན་དགོས་པར་ཐལ། ཀུན་བཏགས་ཤེས་པ་ལ་སོགས་པ་རྣམས། དེ་གཉིས་རྩོད་པའི་རྩོད་གཞི་ཡིན་པའི་ཕྱིར། རྣམ་བདེན་པས་རྣམ་རྫུན་པ་ལ་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བ་ཆོས་ཅན། སྣང་བ་ལྟར་བདེན་པར་མ་གྲུབ་སྟེ། དེར་བདེན་པའི་གཅིག་ཏུ་ཡང་མ་གྲུབ། དེར་བདེན་པའི་དུ་མར་ཡང་མ་གྲུབ་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སྒྲ་དེ་རྩོད་གཞི་ཆོས་ཅན་ཡིན་པར་ཐལ། དེའི་ཚེ་ན་སྒྲ་དེ་རྣམ་བདེན་རྫུན་དུ་རྩོད་པའི་རྩོད་གཞི་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་ན་སྒྲ་རྩོད་གཞི་ཆོས་ཅན་དུ་བྱེད་པའི་རྟགས་སྦྱོར་ཡོད་པར་ཐལ་ལོ་ཟེར་ན། རང་ལུགས་ལ་འདོད་ཅིང་ཁོ་རང་ལ། དེའི་ཚེ་ན་སྒྲ་དེ་གཉིས་རྩོད་པའི་དེར་ཐལ། དེའི་ཚེ་ན་སྒྲ་དེ་གཉིས་ཚུར་མཐོང་གི་ཞེས་སོགས་ཀྱི་དབང་ཤེས་དང་ཡོད་མཚུངས་ཡིན་མིན་རྩོད་པའི་དེ་ཡིན་པའི་ཕྱིར། རྣམ་བདེན་པས་དེ་གཉིས་ཡོད་མཚུངས་སུ་ཁས་ལེན། གཅིག་ཤོས་ཀྱིས་དེ་གཉིས་ཡོད་མཚུངས་མ་ཡིན་པར་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། དེ་གཉིས་ལ་གྲགས་པའི་ཀུན་བཏགས་ཡིན་ན། དེ་གཉིས་རྩོད་པའི་རྩོད་གཞི་མ་ཡིན་པས་ཁྱབ་ཟེར་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་གཉིས་ཀས་ཁས་ལེན་པའི་ཀུན་བཏགས་གང་ཞིག །ཀུན་བཏགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་ཡོད་མིན་ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་ཆོས་ཅན། རྣམ་བདེན་རྫུན་གཉིས་ལ་ཀུན་བཏགས་སུ་གྲགས་པར་ཐལ། དེ་གཉིས་ལ་གྲགས་པའི་ཀུན་བཏགས་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། རྣམ་བདེན་པ་ལ་ཀུན་བཏགས་སུ་གྲགས་པར་ཐལ། འདོད་པའི་ཕྱིར་ཟེར་ན། ཁོ་རང་ལ། སྒྲ་ཆོས་ཅན། གྲངས་ཅན་པ་དང་སངས་རྒྱས་པ་གཉིས་ཀ་ལ་མི་རྟག་པར་གྲགས་པར་ཐལ། དེ་གཉིས་ལ་གྲགས་པའི་མི་རྟག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། དེ་གཉིས་ཀྱིས་ཁས་ལེན་པའི་མི་རྟག་པ་ཡིན་པའི་ཕྱིར་ཏེ། གྲངས་ཅན་གྱིས་ཁས་ལེན་པའི་མི་རྟག་པ་གང་ཞིག །སངས་རྒྱས་པས་ཁས་ལེན་པའི་མི་རྟག་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་ཁས་ལེན་པའི་དེ་ཡོད་པ་གང་ཞིག །དེས་ཁས་ལེན་པའི་རྟག་པ་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། རྟག་པ་ཡིན་པར་ཐལ། མ་གྲུབ་པའི་ཕྱིར། རྩ་བར་འདོད་ན། སྒྲ་ཆོས་ཅན། གྲངས་ཅན་པ་ལ་མི་རྟག་པར་གྲགས་པར་ཐལ། འདོད་པའི་ཕྱིར། འདོད་ན། གྲངས་ཅན་གྱིས་སྒྲ་མི་རྟག་པར་ཁས་ལེན་པར་ཐལ་ལོ། །ཁ་ཅིག་ན་རེ། ཡོངས་གྲུབ་ཡིན་ན་དེ་གཉིས་རྩོད་པའི་རྩོད་གཞི་ཡིན་པས་ཁྱབ་ཟེར་ན། འཁྲུལ་ཤེས་སུ་གྱུར་པའི་གཟུགས་འཛིན་མངོན་སུམ་གྱི་ཆོས་ཉིད་ཆོས་ཅན། ཐལ་ཕྱིར། ཁ་ཅིག་ན་རེ། ཤེས་པ་ཡིན་ན་དེ་གཉིས་རྩོད་པའི་རྩོད་གཞི་ཡིན་པས་ཁྱབ་ཟེར་ན། འཁྲུལ་ཤེས་སུ་གྱུར་པའི་གཟུགས་འཛིན་དབང་མངོན་ཆོས་ཅན། ཐལ་ཕྱིར། །

རང་ལུགས་ཀྱི་གྲུབ་མཐའ་སྨྲ་བའི་གང་ཟག་སོགས་བཤད་པ།

༈ རང་ལུགས་བཞག་པ་ལ། གྲུབ་མཐའ་སྨྲ་བའི་གང་ཟག་སྤྱིར་བཤད་པ་དང་། རྣམ་བདེན་རྫུན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སྤྱིར་གང་ཟག་ལ་དབྱེ་ན། གྲུབ་མཐའ་སྨྲ་བའི་གང་ཟག་དང་། དེ་མི་སྨྲ་བའི་གང་ཟག་གཉིས། གཉིས་པའི་མཚན་གཞི། གྲུབ་མཐའི་བརྡ་ལ་མ་བྱང་བའི་འཇིག་རྟེན་རང་འགའ་བ་རྣམས་ལ་བྱེད། གྲུབ་མཐའ་སྨྲ་བའི་གང་ཟག་ལ་དབྱེ་ན། ཕྱི་རོལ་པའི་དེ་དང་། ནང་པའི་དེ་གཉིས་སུ་ཡོད། གྲུབ་མཐའ་སྨྲ་བའི་གང་ཟག་དེ་ལ་དེ་གཉིས་སུ་གྲངས་མ་ངེས་ཏེ། བོན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་དེ་གཉིས་གང་རུང་མ་ཡིན་པའི་ཕྱིར། དེ་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཀྱང་མ་ཡིན་ཏེ། དེ་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་ཕྱིར། དེ་ནང་པའི་དེ་མ་ཡིན་ཏེ། དཀོན་མཆོག་གསུམ་ཁོ་ན་སྐྱབས་གནས་ཡང་དག་ཏུ་དེས་ཁས་མི་ལེན་པའི་ཕྱིར། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་ངོ་བོ་ནི། ཕྱི་རོལ་པའི་སྟོན་པ་དང་། དཀོན་མཆོག་གསུམ་གྱི་ནང་ནས་དང་པོ་ཁོ་ན་སྐྱབས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་དེ། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་ངོ་བོ་ཡིན། དེ་དང་གཞན་སྡེ་དོན་གཅིག །དེ་གཉིས་ཀྱི་ནང་ནས་དང་པོ་ཁོ་ན་ལ་སྐྱབས་གནས་སུ་འཛིན་པའི་གང་ཟག་དེ་ཕྱི་རོལ་པའི་དེའི་མཚན་ཉིད་ཡིན། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ལ་དབྱེ་ན་མཐའ་ཡས་པ་ཞིག་ཡོད་ཀྱང་། སྟོན་པ་དགའ་ལྡན་ནས་འཛམ་བུའི་གླིང་དུ་བྱོན་པའི་དུས་སུ། ཕྱི་རོལ་པའི་སྟོན་པ་བཅོ་བརྒྱད་ཡོད་པ་ཡིན་པའི་ཕྱིར་ཏེ། རྟོག་གེ་པ་དྲུག །རྗེས་སྒྲོགས་པ་དྲུག །སྙོམས་འཇུག་པ་དྲུག་དང་བཅོ་བརྒྱད་བྱུང་བ་འདུལ་བ་འོད་ལྡན་ལས་བཤད་པའི་ཕྱིར། དང་པོ་དྲུག་གང་ཞེ་ན། འོད་སྲུང་རྫོགས་བྱེད། ཡང་དག་རྒྱལ་བ་ཅན། མི་ཕམ་སྐྲའི་ལྭ་བ་ཅན། ཀ་ཏའི་བུ་ནག་པོ། གཅེར་བུ་པ་གཉེན་གྱི་བུ། སྨྲ་འདོད་ཀྱི་བུ་རྣམས་ལ་བྱེད། གཉིས་པ་དྲུག་ནི། བྲམ་ཟེ་རྒྱུ་རྒྱལ། བྲམ་ཟེ་རྣམ་རིག །བྲམ་ཟེ་བཟང་ལྡན། བྲམ་ཟེ་ཚངས་པའི་ཚེ། བྲམ་ཟེ་པདྨའི་སྙིང་པོ། བྲམ་ཟེ་དམར་པོ་རྣམས་ལ་བྱེད། གསུམ་པ་དྲུག་ནི། རེངས་བྱེད་ཀྱི་བུ་ལྷག་སྤྱོད། སྒྱུ་རྩལ་ཤེས་ཀྱི་བུ་རེངས་འཕུར། ཀུན་ཏུ་རྒྱུ་ལག་བཟང་། བྲམ་ཟེ་ཀུན་རྒྱལ། དྲང་སྲོང་མ་བཅིངས་པ། སྟེང་རྒྱས་འོད་སྲུང་རྣམས་ལ་བྱེད་པ་ཡིན་ནོ། །དེ་དག་གི་རྗེས་སུ་འབྲང་བའི་དབང་ཕྱུག་པ། ཁྱབ་འཇུག་པ། རྒྱལ་བ་པ། སེར་སྐྱ་པ། ཕུར་བུ་པ་རྣམས་ལ་རྣལ་འབྱོར་པ་སྡེ་ལྔར་ཡང་གྲགས་སོ། །བྱེ་བྲག་པ། རིགས་པ་ཅན་པ། གྲངས་ཅན་པ། སྤྱོད་པ་པ། གཅེར་བུ་པ། རྒྱང་འཕེན་པ་རྣམས་ལ་རྩ་བའི་སྡེ་པ་དྲུག་ཏུ་གྲགས་སོ། །དེས་ན་དེ་རྣམས་ལ་ཕྱི་རོལ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་དེ་ལས་ཕྱི་རོལ་ཏུ་གྱུར་པས་ན་དེ་ལྟར་བརྗོད་པའི་ཕྱིར། དེ་རྣམས་ལ་གྲུབ་མཐའ་སྨྲ་བའི་གང་ཟག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལུང་རིགས་གང་རུང་ལ་བརྟེན་ནས་རང་གི་ཁས་བླངས་པའི་ཁས་བླངས་སྨྲ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གྲུབ་མཐའ་དེ་གང་ཞེ་ན། སྒྲ་རྟག་པར་ཁས་བླངས་པའི་ཁས་བླངས་ཆོས་ཅན། ཁྱོད་ལ་གྲུབ་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལུང་རིགས་གང་རུང་ལ་བརྟེན་ནས་དཔྱད་པ་བྱས་པའི་མཐར་གྲུབ་པའི་ཁས་བླངས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་ངོ་བོ་ནི། ཕྱི་རོལ་པའི་སྟོན་པ་དང་། དཀོན་མཆོག་གསུམ་གྱི་ནང་ནས། གཉིས་པ་ཁོ་ན་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་དེ། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཡིན། དེ་དང་རང་སྡེ་དོན་གཅིག །དེ་གཉིས་ཀྱི་ནང་ནས་གཉིས་པ་སྐྱབས་གནས་ཡང་དག་ཏུ་འཛིན་པའི་གང་ཟག་དེ། ནང་པ་སངས་རྒྱས་པའི་མཚན་ཉིད། དེ་རྣམས་ལ་ནང་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་ནང་དུ་འདུས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་རྣམས་ལ་སངས་རྒྱས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་དད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ལ་དབྱེ་ན། དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་དང་། ངོ་བོ་ཉིད་མེད་པར་སྨྲ་བའི་དེ་གཉིས། དང་པོའི་ངོ་བོ་ནི། བདེན་གྲུབ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཏུ་དམིགས་པ་དེ་དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་ངོ་བོ་ཡིན། དེ་ལ་དབྱེ་ན། བྱེ་བྲག་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག །མདོ་སྡེ་པའི་དེ། སེམས་ཙམ་པའི་དེ་དང་གསུམ་ཡོད། དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཀྱང་ཡིན། རང་རིག་མེད་པར་ཁས་ལེན་ཅིང་ཕྱི་དོན་ཁས་ལེན་པ་ཡང་ཡིན་པའི་གཞི་མཐུན་པའི་གང་ཟག་དེ། བྱེ་བྲག་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད། དེ་ལ་རྒྱས་པར་དབྱེ་ན་སྡེ་པ་བཅོ་བརྒྱད་དུ་ཡོད། བསྡུ་ན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། དགེ་འདུན་ཕལ་ཆེན་པའི་སྡེ་པ། གནས་བརྟན་གྱི་སྡེ་པ། མང་པོས་བཀུར་བའི་སྡེ་པ་དང་བཞི་ཡོད། དེ་རྣམས་ལ་བྱེ་བྲག་སྨྲ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དུས་གསུམ་རྫས་གྲུབ་ཏུ་སྨྲ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཀྱང་ཡིན། རང་རིག་དང་ཕྱི་དོན་གཉིས་ཀ་ཁས་ལེན་པའི་གང་ཟག་ཀྱང་ཡིན་པའི་གཞི་མཐུན་པར་གྱུར་པའི་གང་ཟག་དེ། མདོ་སྡེའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད། དེ་ལ་དབྱེ་ན། ལུང་གི་རྗེས་འབྲང་གི་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དང་། རིགས་པའི་རྗེས་འབྲང་གི་དེ་གཉིས། དང་པོ་ནི་མངོན་པ་ཀུན་ལས་བཏུས་ཀྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུ་ལ་བྱེད། གཉིས་པ་ནི། སྡེ་བདུན་གྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུ་ལ་བྱེད། དེ་གཉིས་ལ་མདོ་སྡེ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མདོ་སྡེ་པའི་རྗེས་སུ་འབྲངས་ནས་རང་གི་གྲུབ་མཐའ་སྨྲ་བའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། དངོས་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཀྱང་ཡིན། རང་རིག་ཁས་ལེན་ཅིང་ཕྱི་དོན་ཁས་མི་ལེན་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་གང་ཟག་དེ། སེམས་ཙམ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད། དེ་ལ་དབྱེ་ན། ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་གྲུབ་མཐའ་སྨྲ་བའི་དེ་དང་། རིགས་པའི་རྗེས་འབྲང་གི་དེ་གཉིས། དང་པོ་ནི། འབྱེད་རྣམ་གཉིས་དང་། མདོ་སྡེ་རྒྱན་གྱི་ཆེད་དུ་བྱ་བའི་སེམས་ཙམ་པ་ལྟ་བུའོ། །གཉིས་པ་ནི། སྡེ་བདུན་གྱི་ཆེད་དུ་བྱ་བའི་སེམས་ཙམ་པ་ལྟ་བུའོ། །བདེན་གྲུབ་ཁས་མི་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཏུ་དམིགས་པ་དེ། ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་མཐའ་སྨྲ་བའི་མཚན་ཉིད། དེ་ལ་དབྱེ་ན། རང་རྒྱུད་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དང་། ཐལ་འགྱུར་བའི་དེ་གཉིས། དང་པོའི་མཚན་ཉིད། རང་རྒྱུད་ཀྱི་རྟགས་ཡང་དག་ཁས་ལེན་པའི་ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ཡིན། དེ་ལ་དབྱེ་ན། མདོ་སྡེ་སྤྱོད་པའི་རང་རྒྱུད་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དང་། རྣལ་འབྱོར་སྤྱོད་པའི་དེ་གཉིས། དང་པོ་ནི། སློབ་དཔོན་ལེགས་ལྡན་འབྱེད་དང་། ཡེ་ཤེས་སྙིང་པོ་ལྟ་བུ། གཉིས་པ་ནི། སློབ་དཔོན་སེང་གེ་བཟང་པོ་ལྟ་བུ། གཉིས་པའི་མཚན་ཉིད། རང་རྒྱུད་ཀྱི་རྟགས་ཡང་དག་ཁས་མི་ལེན་པའི་ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་དེའི་མཚན་ཉིད་ཡིན། མཚན་གཞི་ནི། དཔལ་ལྡན་ཟླ་བ་གྲགས་པ་ལྟ་བུའོ། །ཀླུ་སྒྲུབ་ཡབ་སྲས་སྐབས་འདིར་སེམས་ཙམ་པ་ཡིན་ནོ། །

༈ རྣམ་བདེན་རྫུན་གྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ། རྣམ་བདེན་རྫུན་རྩོད་པའི་རྩོད་གཞི་ངོས་བཟུང་བ། དེ་སོ་སོའི་ངོ་བོ། རྣམ་བདེན་རྫུན་གྱི་ཕྱོགས་མཐའ་སྒྲུབ་པ་དང་གསུམ། དང་པོ་ནི། ཡོངས་གྲུབ་དང་ཤེས་པ་གཉིས། རྣམ་བདེན་རྫུན་གཉིས་སྣང་བ་ལྟར་གྲུབ་མ་གྲུབ་རྩོད་པའི་རྩོད་གཞི་མ་ཡིན་ཏེ། རྣམ་བདེན་རྫུན་གཉིས་ཀས་ཡོངས་གྲུབ་དང་། ཤེས་པ་གཉིས་སྣང་བ་ལྟར་གྲུབ་པར་ཁས་ལེན་པའི་ཕྱིར། ཀུན་བཏགས་དེ་གཉིས་སྣང་བ་ལྟར་གྲུབ་མ་གྲུབ་རྩོད་པའི་རྩོད་གཞི་མ་ཡིན་ཏེ། ཀུན་བཏགས་དེ་གཉིས་ཀས་སྣང་བ་ལྟར་མ་གྲུབ་པར་ཁས་ལེན་པའི་ཕྱིར། འོ་ན། དེ་གཉིས་རྩོད་པའི་རྩོད་གཞི་གང་ཞེ་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དེ། དེ་གཉིས་སྣང་བ་ལྟར་གྲུབ་མ་གྲུབ་རྩོད་པའི་རྩོད་གཞི་ཡིན་ཏེ། རྣམ་བདེན་པས་དེ་ལ་གཟུགས་རགས་པར་སྣང་བ་སྣང་བ་ལྟར་གྲུབ་པར་ཁས་ལེན། གཅིག་ཤོས་ཀྱིས་དེ་ལྟར་མ་གྲུབ་པར་ཁས་ལེན་པའི་ཕྱིར་ཏེ། དེ་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་ཡོད་མིན། ཞེས་དང་། ལྷ་དབང་བློས། རྣམ་པ་དེ་དོན་དམ་པར་འདོད་པ་དེ་ལ་སྐྱོན་འཕེན་པ་ཡིན་གྱི། ང་ལ་མིན་ཞེས་དེ་ལྟར་མི་འདོད། ཅེས་གསུངས་པའི་ཕྱིར། གཉིས་པ་ནི། རྣམ་བདེན་རྫུན་གང་རུང་གང་ཞིག །ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་ལྟར་གྲུབ་པར་ཁས་ལེན་པའི་རིགས་སུ་གནས་པའི་གང་ཟག་དེ། སེམས་ཙམ་རྣམ་བདེན་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད། དེ་ལ་དབྱེ་ན། ཁོ་རང་དུ་གྱུར་པའི་སྣ་ཚོགས་གཉིས་མེད་པ། སྒོང་ང་ཕྱེད་ཚལ་བ། གཟུང་འཛིན་གྲངས་མཉམ་པ་དང་གསུམ་དུ་ཡོད། དེ་རྣམས་ལ་རྣམ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དེ་ལ་རྣམ་པ་ཞེས་བརྗོད་ལ། དེ་སྣང་བ་ལྟར་བདེན་པར་ཁས་ལེན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། རྣམ་བདེན་རྫུན་གང་རུང་གང་ཞིག །ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དེ་དེ་ལྟར་མ་གྲུབ་པར་ཁས་ལེན་པའི་རིགས་སུ་གནས་པའི་གང་ཟག་དེ། སེམས་ཙམ་རྣམ་རྫུན་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གི་མཚན་ཉིད་ཡིན། དེ་ལ་དབྱེ་ན། དྲི་བཅས་རྣམ་རྫུན་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དང་། དྲི་མེད་རྣམ་རྫུན་པའི་དེ་གཉིས་སུ་ཡོད། འོ་ན། རྣམ་བདེན་རྫུན་གཉིས་གང་གི་རྗེས་སུ་འབྲང་ཞེ་ན། རྣམ་རྫུན་པའི་རྗེས་སུ་འབྲང་གིས། དེའི་ནང་ནས་ཀྱང་དྲི་མེད་རྣམ་རྫུན་པའི་རྗེས་སུ་འབྲང་ངོ་། །གསུམ་པ་ནི། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དེ་ཆོས་ཅན། སྣང་བ་ལྟར་བདེན་གྲུབ་ཏུ་ཐལ། ཁྱོད་འཛིན་པའི་ཚུར་མཐོང་གི་རྒྱུད་ཀྱི་དབང་མངོན་ཡོད། ཁྱོད་འཛིན་རང་རིག་མེད་པ་གང་ཞིག །ཁྱོད་འཛིན་པའི་ཚུར་མཐོང་གི་རྒྱུད་ཀྱི་དབང་མངོན་ལ་མ་རིག་བག་ཆགས་ཀྱི་བསླད་པ་ཅུང་ཟད་ཀྱང་མ་ཞུགས་པའི་ཕྱིར། རྟགས་ཕྱི་མ་རྣམ་བདེན་པ་ལ་ཁས། འདོད་ན། དེ་ཆོས་ཅན། སྣང་བ་ལྟར་བདེན་པར་མ་གྲུབ་པར་ཐལ། སྣང་བ་ལྟར་བདེན་པའི་གཅིག་ཏུ་ཡང་མ་གྲུབ། དེའི་དུ་མར་ཡང་མ་གྲུབ་པའི་ཕྱིར། དེ་སྣང་བ་ལྟར་བདེན་པའི་གཅིག་ཏུ་མ་གྲུབ་སྟེ། དེར་འཛིན་པའི་ཚུར་མཐོང་གི་རྒྱུད་ཀྱི་དབང་མངོན་ལ་རང་གི་གོ་ས་ཁེབས་པའི་ཆ་བཅས་སུ་སྣང་བ་ཡིན་པའི་ཕྱིར། ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་དེ་ཆོས་ཅན། སྣང་བ་ལྟར་བདེན་པར་མ་གྲུབ་སྟེ། སྣང་ལྟར་བདེན་པའི་གཅིག་ཏུ་ཡང་མ་གྲུབ། བདེན་པའི་དུ་མར་ཡང་མ་གྲུབ་པའི་ཕྱིར། ཁྱབ་སྟེ། སྣང་བ་ལྟར་བདེན་པར་གྲུབ་ན། སྣང་བ་ལྟར་བདེན་པའི་གཅིག་དང་དེའི་དུ་མ་གང་རུང་དུ་གྲུབ་དགོས་པའི་ཕྱིར། རྩོད་པ་སྤང་བ་ལ། ཁ་ཅིག་ན་རེ། སེམས་ཙམ་རྣམ་བདེན་པ་ཆོས་ཅན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་མ་རིག་བག་ཆགས་ཀྱི་བསླད་པ་ཅུང་ཟད་ཀྱང་མ་ཞུགས་པར་ཐལ། དེ་ལ་དེ་ལྟར་མ་ཞུགས་པར་ཁས་ལེན་པའི་ཕྱིར། རྣམ་ངེས་ཊཱིཀ་ཆེན་ལས། སེམས་ཙམ་རྣམ་བདེན་པ་རྣམས་ཀྱིས་དབང་པོའི་མངོན་སུམ་ལ་ཕྱི་རོལ་དོན་དུ་སྣང་བའི་ཆ་ལ་བསླད་པ་ཞུགས་ཀྱང་། རགས་པར་སྣང་བའི་ཆ་མ་རིག་བག་ཆགས་ཀྱི་བསླད་པ་ཅུང་ཟད་ཀྱང་མ་ཞུགས་པར་འདོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ལ་གཟུགས་རགས་པར་སྣང་བ་སྣང་བ་ལྟར་བདེན་པར་མ་གྲུབ་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཐལ། ངག་དོན་འཐད་པའི་ཕྱིར། འདོད་ན། དེ་ལ་གཟུགས་རགས་པར་སྣང་བ་བདེན་པར་མ་གྲུབ་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་བདག་ཏུ་འཛིན་པའི་རྟོག་པ་ཆོས་ཀྱི་བདག་འཛིན་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། གཟུགས་བདེན་པར་གྲུབ་པའི་ཕྱིར། །

མཚན་ཉིད་གསུམ་གྱི་རྣམ་གཞག་སོགས་བཤད་པ།

༈ དེ་ཕྱིར་གཉིས་སྟོང་གང་ཡིན་པ། །ཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རྟོག་པས་སྒྲོ་བཏགས་ཀུན་བཏགས་ཀྱི་མཚན་ཉིད་ཟེར་ན། གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཀུན་བཏགས་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཀུན་བཏགས་ཡིན་པར་ཐལ། གཟུགས་གཞན་དབང་། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་གཟུགས་ཀྱི་ཀུན་བཏགས། གཟུགས་དེས་སྟོང་པ་ཡོངས་གྲུབ་ཏུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་དེ། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་ཡིན་པའི་ཕྱིར། དེ་ལྟར་དུ། དྲང་ངེས་རྣམ་འབྱེད་ལས་བཤད་པའི་ཕྱིར། ཁ་ཅིག་ན་རེ། མིང་དང་བརྡས་བཞག་པ་དེ་ཀུན་བཏགས་ཀྱི་མཚན་ཉིད་ཟེར་ན། སྒྲ་རྟག་སྟོང་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། སྤྱི་མཚན་ཡིན་པའི་ཕྱིར། ཁྱབ་སྟེ། དྲང་ངེས་རྣམ་འབྱེད་ལས། སྤྱིར་ཀུན་བཏགས་ལ་སྤྱི་མཚན་ཐམས་ཅད་དང་ནམ་མཁའ་ལ་སོགས་པ་དུ་མ་ཞིག་ཡོད་ཀྱང་། ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་དེ་སྒྲ་རྟག་སྟོང་དུ་སྒྲུབ་པའི་གྲགས་རྟགས་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། དྲང་ངེས་རྣམ་འབྱེད་ལས། དེ་དག་གིས་མང་པོ་ཞིག་མིང་དང་བརྡས་འཇོག་མི་ནུས་པའི་ཡོད་པ་ཡིན་ཀྱང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་མ་ཡིན་ཏེ། རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར། ཞེས་པ་མི་འཐད་པར་ཐལ། སྒྲ་རྟག་སྟོང་དེ་མིང་དང་བརྡས་འཇོག་ནུས་པའི་ཕྱིར། དེ་མིང་དང་བརྡས་བཞག་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་རྟག་སྟོང་དེ་མིང་དང་བརྡས་བཏགས་པ་ཡིན་པར་ཐལ། དེ་རྟོག་པས་བཞག་པ་གང་ཞིག །མིང་དང་བརྡ་ཞེས་པའི་བརྡ་དེ་རྟོག་པ་ལ་བྱེད་རིགས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲོ་བཏགས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། མིང་དང་བརྡ་ཞེས་པའི་བརྡ་དེ་མིང་ལ་བྱེད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། མིང་དང་བརྡ་གཉིས་ལ་ཟློས་སྐྱོན་ཡོད་པར་ཐལ། མིང་དང་བརྡ་ཞེས་པའི་བརྡ་དེ་ཡང་མིང་ལ་བྱེད་རིགས་པའི་ཕྱིར་ན་མ་ཁྱབ། འོ་ན། ཁོ་རང་ལ་མིང་དང་བརྡ་ཞེས་པའི་བརྡ་དེ་མིང་ལ་བྱེད་རིགས་པར་ཐལ། དེ་བརྡ་དུས་སུ་བརྡ་སྦྱར་བ་ལ་ཐ་སྙད་ཀྱི་དུས་སུ་དོན་གོ་ཞེས་པའི་ཐ་སྙད་ལ་བྱེད་རིགས་པའི་ཕྱིར། ཁ་ཅིག་ན་རེ། ཀུན་བཏགས་ཀྱིས་ཆོས་ཉིད་མེད་ཟེར་ན། དེ་ཡོད་པར་ཐལ། ཀུན་བཏགས་ཡོད་པ་གང་ཞིག །འདུས་མ་བྱས་ཀྱི་ཆོས་ཉིད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དྲང་ངེས་རྣམ་འབྱེད་ལས། ཀུན་བཏགས་ནམ་མཁའི་མེ་ཏོག་དང་འདྲ་བ་ནི་རྟོག་པས་བཏགས་པ་ཙམ་གྱི་དཔེ་ཡིན་གྱི་ཤེས་བྱ་ལ་མི་སྲིད་པའི་དཔེ་ནི་མིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འདུས་མ་བྱས་ཀྱི་སྟོང་ཉིད་ཡོད་པའི་ཕྱིར། གཞན་ཡང་། ཀུན་བཏགས་ཀྱི་ཆོས་ཉིད་ཡོད་པར་ཐལ། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་དེ་ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་དེ། རང་འབྲས་འཇིག་ལྟའི་རྩ་བ་ཡིན་པའི་ཕྱིར། དྲང་ངེས་རྣམ་འབྱེད་ལས། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ཆོས་ཀྱི་བདག་འཛིན་གྱིས་འཇིག་ལྟའི་རྩ་བ་བྱེད་པར་བཞེད་ལ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཆོས་ཀྱི་བདག་འཛིན་དེ་འཁོར་བའི་རྩ་བ་ཡིན་པར་ཐལ། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་དེ་རང་འབྲས་འཇིག་ལྟའི་རྩ་བ་ཡིན་པའི་ཕྱིར། འདོད་ན། འཁོར་བའི་རྩ་བ་སྤངས་པའི་གང་ཟག་ཡིན་ན། ཆོས་ཀྱི་བདག་འཛིན་སྤངས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཐལ་ཕྱིར། འཁོར་བ་རྩ་བ་ནས་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འཁོར་བ་མ་ལུས་པར་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཐར་པ་ཐོབ་པའི་གང་ཟག་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་སྒྲིབ་སྤངས་པའི་གང་ཟག་ཏུ་ཐལ་ལོ། །གཞན་ཡང་། འཁོར་བའི་རྩ་བ་དེ་ལ་འཛིན་པ་མི་མཐུན་པ་གཉིས་ཡོད་པར་ཐལ། གང་ཟག་གི་བདག་འཛིན་ཡང་འཁོར་བའི་རྩ་བ་ཡིན། ཆོས་ཀྱི་བདག་འཛིན་ཡང་དེ་ཡིན་པའི་ཕྱིར། འདོད་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ལ་འཛིན་པ་མི་འདྲ་བ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་དེ་ཡིན་ན། གང་ཟག་གི་བདག་འཛིན་ཡིན་པས་ཁྱབ་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་སོ་སོའི་ངོ་བོ། མཚན་ཉིད་གསུམ་གྱི་རྣམ་གཞག །ཆོས་བདག་འགོག་བྱེད་ཀྱི་རིགས་པ་བཤད་པ་དང་གསུམ། རང་འཛིན་རྟོག་པས་སྒྲོ་བཏགས་ཀུན་བཏགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་དང་། རྣམ་གྲངས་པའི་དེ་གཉིས། མེད་ངེས་ཡིན་ན། དང་པོ་དེ་ཡིན་པས་ཁྱབ། དང་པོ་དེ་ཡིན་ན་ཡང་མེད་ངེས་ཡིན་པས་ཁྱབ། རྣམ་གྲངས་པའི་ཀུན་བཏགས། ཡོད་པར་གྱུར་པའི་ཀུན་བཏགས། སྤྱི་མཚན་རྣམས་དོན་གཅིག །རང་གི་རྒྱུ་རྐྱེན་ལ་རག་ལས་པ་དེ། གཞན་དབང་གི་མཚན་ཉིད། དེ་ལ་དབྱེ་ན། དག་པའི་གཞན་དབང་དང་། མ་དག་པའི་དེ་གཉིས། དང་པོ་ནི། དག་པའི་སྣོད་ཀྱི་འཇིག་རྟེན་དང་། དེ་ན་གནས་པའི་སེམས་ཅན་ལྟ་བུ། གཉིས་པ་ནི། མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་། དེ་ན་གནས་པའི་སེམས་ཅན་ལྟ་བུ། ཡུལ་ཅན་རྣམ་དག་གི་དམིགས་པར་གྱུར་པའི་གནས་ལུགས་མཐར་ཐུག་དེ། ཡོངས་གྲུབ་ཀྱི་མཚན་ཉིད། དེ་ལ་སྒྲས་བརྗོད་ཀྱི་སྒོ་ནས་དབྱེ་ན། འགྱུར་མེད་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའི་དེ་གཉིས། དང་པོ་དང་ཡོངས་གྲུབ་དོན་གཅིག །གཉིས་པ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ལྟ་བུ་ལ་བྱེད་དོ། །གཉིས་པ། མཚན་ཉིད་གསུམ་གྱི་རྣམ་གཞག་ནི། གཟུགས་གཞན་དབང་། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཀུན་བཏགས། དེས་སྟོང་པ་ཡོངས་གྲུབ་ཏུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་འདི། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་ཡིན་པའི་ཕྱིར། གང་ཟག་གཞན་དབང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་གྲུབ་པ་ཀུན་བཏགས། དེས་སྟོང་པ་ཡོངས་གྲུབ་ཏུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་འདི། གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་དེ་ཡིན་ནོ། །གསུམ་པ་ལ། ཆོས་ཀྱི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་སྤྱིར་བཤད་པ་དང་། རྡུལ་ཕྲ་རགས་འགོག་བྱེད་ཀྱི་རིགས་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཐེག་བསྡུས་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་ངེས་ཕྱིར། །དེ་ཡི་བདག་ཉིད་བདག་མང་དང་། །བདག་འདྲེས་འགལ་བས་འགྲུབ་པར་འགྱུར། །ཞེས་གསུངས་ལ། འདིའི་དོན་ལ་ཡང་། རིགས་པ་གསུམ་ཡོད་པ་ལས། མཚན་གཞི་ལྟོ་ལྡིར་བ་དེ་བུམ་པ་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཐལ། དེ་བུམ་པ་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་དངོས་དབང་གིས་མ་གྲུབ་པའི་ཕྱིར། དེ་དེ་འདྲའི་འཇུག་གཞིར་དངོས་དབང་གིས་གྲུབ་ན། ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྡ་མ་སྦྱར་བའི་སྔ་རོལ་ཏུ་ལྟོ་ལྡིར་བ་ལ་དམིགས་པ་ན་འདི་བུམ་པའོ་སྙམ་པའི་བློ་དོན་མཐུན་སྐྱེ་དགོས་པ་ལས་དེ་མི་སྐྱེ་བའི་ཕྱིར། ཞེས་པ་རིགས་པ་དང་པོའོ། །གཉིས་པ། བརྒྱ་བྱིན་ལ་དབང་པོ་དང་གྲོང་འཇོམས་ཞེས་པའི་སྒྲ་གཉིས་འཇུག་པའི་འཇུག་གཞིར་དངོས་དབང་གིས་འཇུག་པར་ཐལ། དེ་ལ་དེ་གཉིས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། དབང་པོ་དང་གྲོང་འཇོམས་ཞེས་པའི་སྒྲ་གཉིས་པོ་དེ་བརྒྱ་བྱིན་ལ་དངོས་དབང་གིས་འཇུག་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐྱེས་བུ་དེ་དོན་དུ་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཞེས་པ་རིགས་པ་གཉིས་པའོ། །གཞན་ཡང་། ལྷས་སྦྱིན་ཞེས་པའི་མིང་གཅིག་འཇུག་པའི་གཞིར་གྱུར་པའི་སྐྱེས་བུ་གཉིས། ལྷས་སྦྱིན་ཞེས་པའི་མིང་འཇུག་པའི་འཇུག་གཞིར་དངོས་དབང་གིས་གྲུབ་པར་ཐལ། དེ་དེ་གཉིས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། ལྷས་སྦྱིན་ཞེས་པའི་མིང་དེ་སྐྱེས་བུ་དེ་གཉིས་ལ་དངོས་མིང་དུ་འཇུག་པར་ཐལ་ལོ། །འདོད་ན། སྐྱེས་བུ་དེ་གཉིས་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། ཞེས་པ་ནི་རིགས་པ་གསུམ་པའོ། །དེ་ལྟར་ཡིན་ན་ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྡ་མ་སྦྱར་བའི་སྔ་རོལ་དུ་ལྟོ་ལྡིར་བ་ཡོད་དམ་ཞེ་ན། དེ་ལ་ཐེག་བསྡུས་ཀྱི་གཞུང་དེ་དང་མཐུན་པ་ལྟར་དུ་དྲང་ངེས་རྣམ་འབྱེད་ལས། བྱང་སར་དོན་སྔར་ཡོད་ལ་འདི་འདིའོ་ཞེས་མིང་ཕྱིས་འདོགས་ན་དེ་ལྟར་མ་བཏགས་པའི་ཚེ་དོན་དེའི་ངོ་བོ་མེད་པར་འགྱུར་ལ། མ་བཏགས་པའི་ཚེ་ཡང་ངོ་བོ་ཡོད་པ་ལ་ཕྱིས་འདོགས་ན་མིང་མ་བཏགས་པའི་དུས་སུ་འདི་གཟུགས་སོ་སྙམ་པའི་བློ་སྐྱེ་བར་འགྱུར་ཞེས་བཀག་གོ །གསུངས་ལ། འདིའི་དོན་ལ་རྗེ་ནོར་བཟང་པའི་ཞལ་ནས། ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡ་མ་སྦྱར་བའི་སྔ་རོལ་ཏུ་ལྟོ་ལྡིར་བ་ཡོད་ཅིང་། དེ་བུམ་པ་ནི་མ་ཡིན་ཏེ། བུམ་པ་ཞེས་པའི་སྒྲས་བརྗོད་མི་ནུས་པའི་ཕྱིར། དེ་ལྟར་ན་དེ་མིང་མེད་ཀྱི་དངོས་པོའི་མཚན་གཞི་ཡིན་ནོ་ཞེ་ན། འོ་ན། ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡ་མ་སྦྱར་བའི་སྔ་རོལ་ཏུ། ལྟོ་ལྡིར་བ་བུམ་པ་ཡིན་པར་ཐལ། དེའི་སྔ་རོལ་དུ་ལྟོ་ལྡིར་བ་བུམ་པ་ཡིན་པ་ཡོད་པའི་ཕྱིར། དེའི་སྔ་རོལ་ཏུ་ལྟོ་ལྡིར་བ་ཡོད་ཅིང་། ལྟོ་ལྡིར་བ་དང་ལྟོ་ལྡིར་བ་བུམ་པ་ཡིན་པ་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། གཞན་ཡང་། བུམ་པ་ཞེས་པའི་ངག་དེ་ལྟོ་ལྡིར་བའི་དངོས་མིང་མ་ཡིན་པར་ཐལ། ལྟོ་ལྡིར་བ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་དངོས་མིང་མ་ཡིན་པའི་ཕྱིར། དེ་ལྟོ་ལྡིར་བ་ལ་རྗེས་གྲུབ་ཏུ་བརྡ་སྦྱར་བའི་མིང་ཡིན་པའི་ཕྱིར། ལྟོ་ལྡིར་བ་གྲུབ་པའི་རྗེས་སུ་ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡ་སྦྱར་བ་ཡིན་པའི་ཕྱིར། རང་ལུགས་ལ་དེའི་དོན་ནི། དོན་གྲུབ་ཅེས་པའི་སྒྲ་འཇུག་པའི་བྱིས་པ་ཆུང་ངུ་དེ་ལ་དོན་གྲུབ་ཅེས་པའི་བརྡ་སྦྱར་བའི་ཚེ། དེ་ལྟ་བུའི་དོན་གྲུབ་དེ་ཡིན་པར་ཐལ། དེ་ལྟ་བུའི་བྱིས་པ་ཆུང་ངུ་དེ་དོན་གྲུབ་ཅེས་པའི་སྒྲ་འཇུག་གཞིར་དངོས་དབང་གིས་གྲུབ་པའི་ཕྱིར། དེ་དེའི་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། རྟགས་ཁས། ཞེས་པའི་དོན་ཡིན་ནོ། །

༈ གཉིས་པ་རྡུལ་ཕྲ་རབ་འགོག་བྱེད་ཀྱི་རིགས་པ་བྱེ་བྲག་ཏུ་བཤད་པ་ནི། ཉི་ཤུ་པ་ལས། དྲུག་གིས་གཅིག་ཆར་བསྐོར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས། འདིའི་དོན་ནི། བར་མཚམས་མེད་པར་ཕྱོགས་དྲུག་ནས་རྡུལ་ཕྲ་རབ་དྲུག་གིས་བསྐོར་བའི་དབུས་རྡུལ་ཕྲ་མོ་གཅིག་ཡོད་པར་ཐལ། རྡུལ་ཕྲ་རབ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། དེ་ལྟ་བུའི་དབུས་རྡུལ་ཕྲ་མོ་དེ་དང་ཕྱོགས་དྲུག་གི་རྡུལ་ཕྲ་རབ་དྲུག་པོ་དེ་རྣམས་ཕན་ཚུན་རེག་པ་ཡིན་པར་ཐལ། དེ་རྣམས་གོ་ས་སོ་སོར་གནོན་ནུས་ཀྱི་གཟུགས་ཅན་ཡིན་པ་གང་ཞིག །དེ་རྣམས་བར་མཚམས་མེད་པར་གནས་པ་ཡིན་པའི་ཕྱིར། འདོད་ན། དེ་ལྟའི་དབུས་རྡུལ་ཕྲ་མོ་དེ་ཕྱོགས་དྲུག་གི་རྡུལ་ཕྲ་རབ་དྲུག་གིས་རེག་པའི་ཆ་དྲུག་དང་བཅས་པ་ཡིན་པར་ཐལ། འདོད་པ་གང་ཞིག །དེ་གཅིག་ལ་རེག་ངོས་དེ་གཞན་ལྔ་ལ་རེག་པ་མ་ཡིན་པའི་ཕྱིར། འདོད་ན། དེ་ལྟ་བུའི་དབུས་རྡུལ་ཕྲ་མོ་དེ། ཕྱོགས་ཀྱི་ཆ་དྲུག་དང་བཅས་པའི་རྡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་རྡུལ་ཕྲ་རབ་ཀུན་གྱི་ཆུང་ཐ་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཞེས་པའི་དོན་ཡིན་ནོ། །ངག་དོན་ནི། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་དེ། གཟུགས་ཀྱི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། གཟུགས་འཛིན་ཚད་མའི་ཡང་གནས་ལུགས་ཡིན་ཏེ། ཕྱི་ནང་གཉིས་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གོང་དུ་བཀག་ཟིན་པའི་ཕྱིར། རྩོད་པ་སྤང་བ་ལ། ཁ་ཅིག་ན་རེ། ཆོས་ཀྱི་བདག་འཛིན་དུ་གྱུར་པའི་མ་རིག་པ་དེ། འཁོར་བའི་རྩ་བ་ཡིན་པར་ཐལ། ཆོས་ཀྱི་བདག་འཛིན་དེ་དེའི་ཕྱིར། འདོད་ན། རྒྱུན་མཐའི་བར་ཆད་མེད་ལམ་དེ། དེའི་རྩ་བར་གྱུར་པའི་དེའི་དངོས་གཉེན་བར་ཆད་མེད་ལམ་ཡིན་པར་ཐལ། དེ་ཡོད་པ་གང་ཞིག །ཉན་ཐོས་ཀྱི་བསྒོམ་ལམ་བར་ཆད་མེད་ལམ་དེ། དེའི་དེར་གྱུར་པའི་དེ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་རྩ་བར་གྱུར་པའི་ཆོས་ཀྱི་བདག་འཛིན་དུ་གྱུར་པའི་མ་རིག་པའི་དངོས་གཉེན་བར་ཆད་མེད་ལམ་ཡང་ཡོད། དེ་འདྲ་བའི་གང་ཟག་གི་བདག་འཛིན་དུ་གྱུར་པའི་མ་རིག་པའི་དངོས་གཉེན་བར་ཆད་མེད་ལམ་ཡང་ཡོད་པའི་ཕྱིར་ན་མ་ཁྱབ། གཉིས་པ་མ་གྲུབ་ན། ཉན་ཐོས་དགྲ་བཅོམ་པ་དེས། དེའི་རྩ་བར་གྱུར་པའི་མ་རིག་པ་སྤངས་པར་ཐལ། ཉན་ཐོས་ཀྱི་བསྒོམ་ལམ་བར་ཆད་མེད་ལམ་དེ་འཁོར་བའི་དེར་གྱུར་པའི་མ་རིག་པའི་དངོས་གཉེན་བར་ཆད་མེད་ལམ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་འཁོར་བའི་རྩ་བར་གྱུར་པའི་མ་རིག་པའི་ཞེན་ཡུལ་བཀག་པའི་མཁྱེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་མ་རིག་པའི་ཞེན་ཡུལ་མ་གྲུབ་པ་དེ་སྟོང་ཉིད་ཡིན་པར་ཐལ་ལོ་ཟེར་ན། ཁོ་རང་ལ་ཆོས་ཀྱི་བདག་འཛིན་དེ་འཁོར་བའི་རྩ་བ་ཡིན་པར་ཐལ། གཟུགས་དང་དེ་འཛིན་པའི་ཚད་མ་རྫས་གཞན་དུ་འཛིན་པའི་རྟོག་པ་དེ་དེ་ཡིན་པའི་ཕྱིར་ཏེ། འཁོར་བ་པ་དེ་རྣམས་གཟུགས་དང་དེའི་ཚད་མ་རྫས་གཞན་དུ་རྟོག་པའི་དབང་གིས་འཁོར་བར་འཁྱམས་པ་ཡིན་པའི་ཕྱིར། གཟུང་དང་འཛིན་པའི་བསླད་པ་དག །མེད་ན་དེ་ནི་མེད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། །

༈ ༼ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། ཞེས་པ་ནས། འདིའི་བར་ཡན་ལ། མ་དཔེ་མི་འདྲ་བ་གཉིས་ཡོད་པའི་ནང་ནས། ཅུང་ཟད་བསྡུས་པ་བཞིན་བཀོད་པ་ཡིན་ནོ། །༽གཟུང་དང་འཛིན་པའི་རྣམ་པ་ལས། །ཞེས་སོགས་རྐང་པ་བཞིའི་སྐབས་སུ། རང་རེས། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་དེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཤེར་ཕྱིན་གྱི་མདོའི་དགོངས་གཞི་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། དེ་འདྲ་བ་དེས་སྟོང་པ་དེ་སྟོང་ཉིད་དུ་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཤེས་པ་དང་དེར་འཛིན་གྱི་ཚད་མ་རྫས་གཞན་གྱིས་སྟོང་པ་དེ་ཡང་སྟོང་ཉིད་དུ་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་པ་ཕྱི་རོལ་དོན་གྱིས་སྟོང་པ་དེ་སྟོང་ཉིད་དུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། མདོ་སྡེ་པས་ཤེས་པ་ཕྱི་རོལ་དོན་གྱིས་སྟོང་པར་ཚད་མས་གྲུབ་པའི་ཕྱིར་ཏེ། དེས་དེ་བེམ་པོ་མ་ཡིན་པར་ཚད་མས་ངེས་པའི་ཕྱིར་ཟེར་ན། མདོ་སྡེ་པས་ཤེས་པ་དང་དེར་འཛིན་གྱི་ཚད་མ་གཉིས་རྫས་གཞན་གྱིས་སྟོང་པར་ཚད་མས་གྲུབ་པར་ཐལ། དེ་འདྲའི་སྟོང་པ་དེ་སྟོང་ཉིད་མ་ཡིན་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་དེ་གཉིས་རྫས་གཞན་དུ་ཁས་ལེན་པའི་ཕྱིར་ཏེ། དེས་ཁྱོད་དངོས་པོ་ཡིན་ན། ཁྱོད་ཁྱོད་འཛིན་པའི་ཚད་མའི་རྒྱུ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། རང་ལུགས་ནི། རང་གི་བསྟན་དོན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་རུང་བའི་མདོ་དེ། ངེས་དོན་གྱི་མདོའི་མཚན་ཉིད། དེ་ལྟར་ཁས་བླང་དུ་མི་རུང་བའི་མདོ་དེ། དྲང་དོན་གྱི་མདོའི་མཚན་ཉིད། འཁོར་ལོ་ཐ་མ་དང་པོའི་མཚན་གཞི་དང་། འཁོར་ལོ་བར་པ་དང་འཁོར་ལོ་དང་པོ་གཉིས། གཉིས་པའི་མཚན་གཞི་ཡིན་ནོ། །

༈ ཕུང་པོ་ལ་སོགས་བྱེ་བྲག་གི། ཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། རང་རེས། མདོ་སྡེ་པ་དེས་བྱ་བྱེད་བདེན་པས་སྟོང་པ་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཤེར་ཕྱིན་གྱི་མདོའི་དགོངས་གཞིར་ཁས་ལེན། བྱས་པ་ལ་ཁོ་ན་རེ། མདོ་སྡེ་པའི་ལུགས་གཞིར་བཞག་ལ། བྱ་བྱེད་བདེན་པས་སྟོང་པ་དེ་སྟོང་ཉིད་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། སྟོང་ཉིད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བྱ་བྱེད་བདེན་པས་སྟོང་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ནོ་ཟེར་ན། དེ་མི་འཐད་པར་ཐལ། བདག་མེད་ཕྲ་མོ་ཡིན་ན། གང་ཟག་གི་བདག་མེད་ཕྲ་མོ་ཡིན་དགོས་པའི་ཕྱིར་ཏེ། སྟོང་ཉིད་ཡིན་ན། གང་ཟག་གི་བདག་མེད་ཕྲ་མོ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བྱ་བྱེད་བདེན་པས་སྟོང་པ་དེ། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པར་ཐལ། བྱ་བྱེད་བདེན་པར་འཛིན་པའི་རྟོག་པ་དེ། ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་བདག་འཛིན་ཡོད་པའི་ཕྱིར་ཏེ། ཤེས་སྒྲིབ་ཏུ་གྱུར་པའི་ཤེས་པ་ཡོད་པའི་ཕྱིར་ཏེ། ཤེས་སྒྲིབ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། ཤེས་སྒྲིབ་ཡིན་ན། ལྡན་མིན་འདུ་བྱེད་ཡིན་དགོས་པའི་ཕྱིར། འོ་ན། ཤེས་སྒྲིབ་གང་ཞེ་ན། ཉོན་མོངས་ཀྱི་བག་ཆགས་ལྟ་བུ་དེ་ཤེས་སྒྲིབ་ཡིན་ནོ། །ཁོ་ན་རེ། མདོ་སྡེ་པས་འཁོར་ལོ་དང་པོ་དེ། བསྟན་བཅོས་འདིའི་བཤད་བྱ་རྩ་བའི་མདོར་ཁས་ལེན་པ་ཡིན་ནོ་ཞེ་ན། མདོ་སྡེ་པའི་ལུགས་གཞིར་བཞག་ལ། འཁོར་ལོ་དང་པོ་དེ། བསྟན་བཅོས་འདིའི་དེ་མ་ཡིན་པར་ཐལ། འཁོར་ལོ་དང་པོ་དེ་ཐེག་དམན་ཐུན་མོང་མ་ཡིན་པའི་མདོ་གང་ཞིག །བསྟན་བཅོས་འདིའི་བཤད་བྱ་རྩ་བའི་མདོ་ཡིན་ན། ཐེག་ཆེན་གྱི་མདོ་ཡིན་དགོས་པའི་ཕྱིར་ཏེ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ཐེག་ཆེན་གྱི་རིགས་ཅན་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། འཁོར་ལོ་ཐ་མ་དེ། བསྟན་བཅོས་འདིའི་བཤད་བྱ་རྩ་བའི་མདོ་ཡིན་ནོ་ཟེར་ན། དེ་མི་འཐད་པར་ཐལ། འཁོར་ལོ་ཐ་མ་དེ་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་མདོ་ཡིན་པ་གང་ཞིག །བསྟན་བཅོས་འདི་མདོ་སྡེ་པའི་བསྟན་བཅོས་ཡིན་པའི་ཕྱིར། མདོ་སྡེ་པའི་ལུགས་གཞིར་བཞག །རང་རེས། ཤེར་ཕྱིན་གྱི་མདོ་དེ་བསྟན་བཅོས་འདིའི་བཤད་བྱ་རྩ་བའི་མདོ་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། འཁོར་ལོ་བར་པ་དེ་བསྟན་བཅོས་འདིའི་དེར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། ཤེར་ཕྱིན་གྱི་མདོ་དེ་བསྟན་བཅོས་འདིའི་བཤད་བྱ་རྩ་བའི་མདོ་ཡིན་པར་ཐལ། མངོན་པའི་སྡེ་སྣོད་བསྟན་བཅོས་འདིའི་དེ་ཡིན་པའི་ཕྱིར། བསྟན་བཅོས་འདི་མངོན་པའི་སྡེ་སྣོད་ཀྱི་དགོངས་པ་གཙོ་བོར་འགྲེལ་བའི་བསྟན་བཅོས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཡུམ་གྱི་མདོ་དེ་བསྟན་བཅོས་འདིའི་དེ་ཡིན་པར་ཐལ། ཤེར་ཕྱིན་གྱི་མདོ་དེ་དེ་ཡིན་པའི་ཕྱིར། འདོད་ན། ཡུམ་གྱི་མདོ་ལས་བཤད་པའི་སྟོང་ཉིད་ཉི་ཤུ་ཡོད་པར་ཐལ་ལོ། །འདོད་ན། ཕྱི་སྟོང་པ་ཉིད་ཡོད་པར་ཐལ་ལོ། །འདོད་ན། བུམ་པ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་ཕྱི་སྟོང་པ་ཉིད་ཡིན་པར་ཐལ་ལོ། །འདོད་ན་དེ་ཆོས་ཅན། སྟོང་ཉིད་ཡིན་པར་ཐལ། ཕྱི་སྟོང་པ་ཉིད་ཡིན་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱི་སྟོང་གཞི་ཆོས་ཅན་དུ་གྱུར་པའི་གང་ཟག་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཁོ་རང་ལ། བུམ་པ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། གང་ཟག་གི་ཕུང་པོ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར་ཏེ། གང་ཟག་གི་ཕུང་པོ་དེ་ལྟར་དུ་འཛིན་པའི་རྟོག་པ་དེ་གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར་ཏེ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་དེ་གང་ཟག་གི་བདག་འཛིན་གང་ཞིག །ཉན་ཐོས་ཀྱི་བསྒོམ་ལམ་བར་ཆད་མེད་ལམ་དེ་གང་ཟག་གི་ཕུང་པོ་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པའི་དངོས་གཉེན་བར་ཆད་མེད་ལམ་ཡང་ཡིན། གང་ཟག་གི་བདག་འཛིན་གྱི་དངོས་གཉེན་བར་ཆད་མེད་ལམ་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་དངོས་གཉེན་བར་ཆད་མེད་ལམ་ཡོད་པའི་ཕྱིར། གཞན་ཡང་། གང་ཟག་གི་ཕུང་པོ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ། དེ་ཡིན་པ་གང་ཞིག །དེ་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་མེད་པའི་ཕྱིར། དང་པོ་མ་གྲུབ་ན། གང་ཟག་ཆོས་ཅན། ཁྱོད་དེས་སྟོང་པ་དེར་ཐལ། ཁྱོད་ཆོས་ཅན་དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཞི་གྲུབ་ན། ཁྱོད་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ། གང་ཟག་གི་བདག་མེད་ཕྲ་མོ་ཡིན་དགོས་པར་ཐལ། བུམ་པ་དེས་སྟོང་པ་དེ་དེ་ཕྲ་མོ་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་ཆོས་ཅན། ཐལ་ཕྱིར། འདོད་མི་ནུས་ཏེ། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོས་ནམ་མཁའ་དེས་སྟོང་པར་ཚད་མས་ངེས་པའི་ཕྱིར་ཏེ། དེས་ནམ་མཁའ་རྫས་ཡོད་ཀྱིས་སྟོང་པར་ཚད་མས་ངེས་པའི་ཕྱིར། དེས་ནམ་མཁའ་རྫས་སུ་མ་གྲུབ་པར་ཚད་མས་ངེས་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། གང་ཟག་ཆོས་ཅན། རྫས་སུ་མ་གྲུབ་པར་ཐལ། རྫས་ཡོད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བཏགས་ཡོད་ཡིན་པའི་ཕྱིར་ཏེ། རང་གི་ཕུང་པོ་ལ་བཏགས་པའི་བཏགས་ཡོད་ཡིན་པའིི་ཕྱིར། བྱས་པ་ལ་ཁོ་ན་རེ། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོས་ནམ་མཁའ་རྫས་ཡོད་ཀྱིས་སྟོང་པར་ཚད་མས་ངེས་པར་ཐལ། དེས་ནམ་མཁའ་བཏགས་ཡོད་དུ་ཁས་ལེན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་ནམ་མཁའ་རྟོག་པས་སྒྲོ་བཏགས་སུ་ཁས་ལེན་པའི་ཕྱིར། །

ཡིད་མངོན་སོགས་བཤད་པ།

གཞུང་གི་འཕྲོས་ཚུལ་དང་མཐའ་དཔྱད་པ།

༈ དེ་ཕྱིར་དབང་པོའི་རྣམ་པར་ཤེས། །ཞེས་སོགས་རྐང་པ་གསུམ་གང་ལས་འཕྲོས་ན། ཚད་མ་མདོ་ལས་གསུངས་ཚུལ་དང་། དེ་བསྟན་བཅོས་འདིར་འགྲེལ་ཚུལ་གཉིས། དང་པོ་ལ། བཤད་བྱའི་ལུང་འགོད་པ་དང་། ལུང་གི་དོན་བཤད་པ་གཉིས། དང་པོ་ནི། ཚད་མ་མདོ་ལས། ཡིད་ཀྱང་དོན་དང་། ཞེས་པ་དང་། དེའི་འགྲེལ་བར་ཡིད་ཀྱི་ཡུལ་གཟུགས་ལ་སོགས་པ་མ་དམིགས་ཤིང་ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་སྟེ། རྟོག་པ་མེད་པ་ཉིད། །ཅེས་གསུངས། གཉིས་པ་ལུང་དོན་བཤད་པ་ནི། དེ་ཡང་ཡིད་ཀྱང་དོན་དང་ཞེས་པས། གཟུགས་འཛིན་དབང་མངོན་དེ་རང་གི་རྐྱེན་གསུམ་ལས་སྐྱེས་པའི་རྒྱུ་མཚན་གྱིས་རྟོག་བྲལ་ཡིན་པར་མ་ཟད། གཟུགས་འཛིན་ཡིད་མངོན་དེ་རང་གི་རྐྱེན་གསུམ་ལས་སྐྱེས་པའི་རྒྱུ་མཚན་གྱིས་རྟོག་བྲལ་ཡིན་ཞེས་བསྟན། ཡིད་ཀྱི་ཡུལ་གཟུགས་ལ་སོགས་པ་མ་དམིགས་ཤིང་། ཞེས་གསུངས་པས། གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་དང་དུས་མཉམ་དུ་བྱུང་བའི་གཟུགས་དེ། གཟུགས་འཛིན་ཡིད་མངོན་གྱི་གཟུང་དོན་དུ་བསྟན། ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་སྟེ། ཞེས་པས། གཟུགས་འཛིན་དབང་ཡིད་གཉིས་པོ་དེ་གཟུགས་ཀྱི་རྣམ་པར་མཚུངས་པར་བསྟན། རྟོག་པ་མེད་པ་ཉིད་ཅེས་པས། གཟུགས་འཛིན་ཡིད་མངོན་དེ་རང་གི་རྐྱེན་གསུམ་ལས་སྐྱེས་པའི་རྒྱུ་མཚན་གྱིས་རྟོག་བྲལ་དུ་བསྟན་པ་ཡིན་ནོ། །གཉིས་པ་ནི། རྩ་འགྲེལ་དེ་གཉིས་ཀྱི་དོན་བསྟན་བཅོས་འདིར་འགྲེལ་བར་བྱེད་པ་ལ། སྔར་མྱོང་བ་ནི་འཛིན་པ་ན། །ཞེས་པ་ནས། བཞག་དང་བཟུང་ཞེས་བརྗོད་པ་ཡིན། །ཞེས་པའི་བར་བྱུང་། འོ་ན། དེའི་དོན་འགྲེལ་ཚུལ་དེ་གང་ཞེ་ན། འདི་ལ་རྩོད་པ་དང་། ལན་དང་། རྩོད་པ་སྤང་བ་དང་གསུམ། དང་པོ་ལ། གཞི་གང་ལ་རྩོད་པ། རྟེན་གྱི་གང་ཟག་གང་གིས་རྩོད་པ། ཚུལ་ཇི་ལྟར་དུ་རྩོད་པ་དང་གསུམ། དང་པོ་ནི། ཆོས་མངོན་པའི་མདོ་ལས། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ། །ཞེས་དང་། ཡིད་ཀྱང་དོན་དང་ཞེས་པས་གཟུགས་འཛིན་ཡིད་མངོན་བསྟན་པས་ན། གཟུགས་འཛིན་ཡིད་མངོན་ཡོད་པར་ཁས་བླངས་པ་དེ། གཞི་གང་ལ་རྩོད་པའི་རྩོད་གཞི་ཡིན། རྟེན་གྱི་གང་ཟག་གང་གིས་རྩོད་ན། མུ་སྟེགས་རྣ་བ་མ་ཕུག་པས་རྩོད་པ་ཡིན་ནོ། །ཚུལ་ཇི་ལྟར་དུ་རྩོད་ན། མུ་སྟེགས་རྣ་བ་མ་ཕུག་པ་ན་རེ། གཟུགས་འཛིན་ཡིད་མངོན་ཡོད་ན་གཟུགས་འཛིན་ཡིད་མངོན་དེས། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་ནམ། དེས་རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་ལས་གཞན་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན། དང་པོ་ལྟར་ན། གཟུགས་འཛིན་ཡིད་མངོན་ཚད་མ་མ་ཡིན་པར་ཐལ། གཟུགས་འཛིན་ཡིད་མངོན་དེས། རང་གི་བདག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར། གཉིས་པ་ལྟར་ན། གཟུགས་འཛིན་ཡིད་མངོན་དེ་རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་ལ་ལྟོས་མེད་དུ་གཟུགས་ལ་འཇུག་པ་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ལོང་བའི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་ཡོད་པར་ཐལ། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། སྔར་མྱོང་བ་ནི། ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་ལན་ལ། ཐལ་བ་དང་པོའི་ལན་དང་། གཉིས་པའི་ལན་གཉིས། དང་པོ་ལ། ཀུན་བཏུས་ཀྱི་འགྲེལ་བྱེད་ཁ་ཅིག་ན་རེ། ཐལ་བ་དང་པོ་ལ་ཁྱབ་པ་མེད་པའི་ལན་འདེབས་པ་ཡིན་ནོ་ཞེ་ན། དེ་མི་འཐད་དེ། དེ་ལ་རྟགས་མ་གྲུབ་པའི་ལན་འདེབས་རིགས་པའི་ཕྱིར། དེར་ཐལ། དེ་ལ་གཟུགས་འཛིན་ཡིད་མངོན་གྱིས་རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པར་འདོད་པ་དེ་ལ། དེ་ལྟར་མི་འཛིན་པའི་རྒྱུ་མཚན་བཤད་པ་དང་། འཛིན་པ་ལ་གནོད་བྱེད་བསྟན་པ་གཉིས། དང་པོ་ནི། གཟུགས་འཛིན་ཡིད་མངོན་དེས། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པ་མ་ཡིན་པར་ཐལ། དེ་འདྲ་བའི་གཟུགས་དེ། དེའི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་དུས་སུ་འདས་ཟིན་པའི་ཕྱིར་ཏེ། དེ་སྐད་ཅིག་མ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། སྐད་ཅིག་ཉིད་ཕྱིར་འདས་པ་ཡི། །ཞེས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། དེ་སྐད་ཅིག་མ་མ་ཡིན་ཏེ། དེ་རྟག་པ་ཡིན་ནོ་ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། སྐད་ཅིག་མིན་ན། ཞེས་པ་འདི་བྱུང་། འོ་ན། ཡིད་མངོན་གྱི་མཚན་ཉིད་ཀྱི་ཟུར་དུ་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་པའི་བྱེད་པ་མ་ཉམས་པའི་དོན་ལ་བསྣན་ནས་འཇུག་པའི་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཞེས་པའི་ཁྱད་པར་ཞིག་སྨོས་རིགས་པར་ཐལ། གཟུགས་འཛིན་ཡིད་མངོན་དེས། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་རྟག་པ་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། མཚན་ཉིད་ནི། །ཞེས་སོགས་བྱུང་། གཉིས་པ་ལ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པ་ལྟར་དུ། གཟུགས་འཛིན་ཡིད་མངོན་ཡང་བཅད་ཤེས་ཡིན་པར་ཐལ་བ་དང་། གཟུགས་འཛིན་དབང་ཡིད་གཉིས་གཅིག་ཆར་དུ་སྐྱེས་པར་ཐལ་བའི་གནོད་བྱེད་གཉིས་ཡོད་པ་ལས། དང་པོ་ནི། འོ་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པ་ལྟར་དུ་གཟུགས་འཛིན་ཡིད་མངོན་ཡང་བཅད་ཤེས་ཡིན་པར་ཐལ། གཟུགས་འཛིན་ཡིད་མངོན་དེ་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་པའི་བྱེད་པ་མ་ཉམས་པའི་དོན་ལ་བསྣན་ནས་འཇུག་པའི་རིག་པ་ཡིན་པའི་ཕྱིར་ཏེ། དེས་རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་རྟག་པ་དེ་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། བྱ་བ་སྒྲུབ་ཅན་ལས་ལ་ནི། །ཞེས་སོགས་རྐང་པ་བཞི་བྱུང་། དབང་པོ་ཅན་ནམ། ཞེས་ནམ་སྒྲའི་དོན་ལ། ཐམས་ཅད་མཁྱེན་པ་མཁས་གྲུབ་རྗེའི་གསུང་ནས། ནམ་སྒྲ་སྨོས་པ་ལ་དགོས་པ་ཡོད་དེ། གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་དང་། གཟུགས་འཛིན་ཡིད་མངོན་གཉིས་གཟུང་དོན་གཅིག་ལས་སྐྱེས་པའོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ན་འདིས་མངོན་སུམ་འགྲོས་གསུམ་དུ་སྐྱེ་བར་བསྟན་པ་ཡིན་ཏེ། འདིས་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་དང་གཟུགས་འཛིན་ཡིད་མངོན་གཉིས་དུས་མཉམ་དུ་བསྟན་པའི་ཕྱིར་དང་། འདིས་མངོན་སུམ་ལ་ཚད་མས་ཁྱབ་པ་ཡང་བསྟན་པའི་ཕྱིར། ཞེས་གསུངས་སོ། །སྨྲ་བའི་སེང་གེ་རྒྱལ་ཚབ་ཐམས་ཅད་མཁྱེན་པས། དབང་པོ་ཅན་ནམ། ཞེས་པའི་ཚིག་འདི་འདམ་ཁ་ཅན་གྱི་ཚིག་མ་ཡིན་པར་དཔེ་སྟོན་པའི་ཚིག་ཏུ་བརྗོད་པ་ཡིན་ཏེ། ཐར་ལམ་གསལ་བྱེད་ལས། དབང་མངོན་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་གྱི་ཚད་མ་མ་ཡིན་པ་དེ་བཞིན་དུ་ཡིད་མངོན་ཡང་དེ་དང་འདྲ་བར་ཐལ་ལོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། གཟུགས་འཛིན་དབང་ཡིད་གཉིས་གཅིག་ཆར་དུ་སྐྱེས་པར་ཐལ། གཟུགས་འཛིན་དབང་ཡིད་གཉིས་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་པ་ལས་སྐྱེས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དངོས་པོ་དེ་ལས་སྐྱེས་པའི་བློའང་། །ཞེས་སོགས་རྐང་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་དེ་རྟག་པ་ཡིན་ཀྱང་། དེས་རྐྱེན་ལ་ལྟོས་ནས་གཟུགས་འཛིན་དབང་ཡིད་གཉིས་རིམ་ཅན་དུ་སྐྱེད་པ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་དེ་ལ་རྐྱེན་གྱི་བྱེད་པ་མི་འཇུག་པའི་ཕྱིར་ཏེ། དེ་རྟག་དངོས་ཡིན་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། གཞན་གྱི་ཁྱད་པར་བྱ་མིན་ན། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་ན་ཐལ་བ་དང་པོ་ལ་ཁྱབ་པ་མེད་ཀྱི་ལན་འདེབས་པ་བཀག་ནས། དེ་ལ་རྟགས་མ་གྲུབ་ཀྱི་ལན་འདེབས་ཤིང་། ཐལ་བ་གཉིས་པ་ལ་ཁྱབ་པ་མེད་ཀྱི་ལན་འདེབས་པར་བྱེད་པ་ལ། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །ཞེས་སོགས་རྐང་པ་གསུམ་བྱུང་། དེས་ན་གཟུགས་འཛིན་ཡིད་མངོན་དེས། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་ལས་གཞན་པའི་རང་གི་གཟུང་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་ན་ཡང་། ལོང་བའི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་ཡོད་པར་ཐལ་བའི་སྐྱོན་མེད་དེ། གཟུགས་འཛིན་ཡིད་མངོན་དེ། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་ལས་བྱུང་བ་གང་ཞིག །ལོང་བའི་རྒྱུད་ལ་གཟུགས་འཛིན་དབང་མངོན་མེད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཕྱིར་ལོང་བས་མཐོང་བ་མིན། །ཞེས་པ་འདི་བྱུང་། གསུམ་པ་རྩོད་པ་སྤང་བ་ལ། རང་རེས། ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད། །ཅེས་འཆད་པ་ལ་ཁོ་ན་རེ། འོ་ན། གཟུགས་འཛིན་ཡིད་མངོན་དེས་རང་ཡུལ་ངེས་མེད་གཅིག་འཛིན་པར་ཐལ། དེས་རང་གི་དེམ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་ལས་གཞན་པའི་རང་གི་གཟུང་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར་ཞེ་ན། དེས་དེ་ལྟར་འཛིན་ན་ཡང་། དེས་རང་ཡུལ་ངེས་པ་ཅན་གཅིག་འཛིན་པ་ཡིན་ཏེ། གཟུགས་འཛིན་དབང་མངོན་དང་དུས་མཉམ་དུ་གྱུར་པའི་གཟུགས་དེ་དེའི་གཟུང་དོན་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རང་དོན་རྗེས་འགྲོའི་དོན་ལྟོས་ཅན། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་ཡིད་མངོན་དེས་གཟུགས་འཛིན་དབང་མངོན་དང་དུས་མཉམ་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་མི་འཛིན་ཏེ། གཟུགས་འཛིན་ཡིད་མངོན་དང་དེའི་གཟུང་དོན་གཉིས་དུས་མཉམ་ཅིང་། གཟུགས་འཛིན་ཡིད་མངོན་དང་གཟུགས་འཛིན་དབང་མངོན་གཉིས་དུས་མཉམ་མ་ཡིན་པའི་ཕྱིར། ཞེས་འདོད་པ་རྗོད་པར་བྱེད་པ་ལ། དེ་དང་བྱེད་དུས་མཚུངས་མེད་ཅན། །ཞེས་སོགས་རྐང་པ་བཞི་བྱུང་། དེ་འགོག་པར་བྱེད་པ་ལ། མེད་པ་སྔར་ནུས་མེད་ཕྱིར་དང་། །ཞེས་སོགས་བྱུང་བ་ཡིན་པའི་ཕྱིར། འོ་ན། གཟུགས་འཛིན་ཡིད་མངོན་གྱི་གཟུང་དོན་ཆོས་ཅན། ཁྱོད་ཀྱིས་གཟུགས་འཛིན་ཡིད་མངོན་སྐྱེད་མི་ནུས་པར་ཐལ། ཁྱོད་གཟུགས་འཛིན་ཡིད་མངོན་གྱི་སྔ་ལོགས་སུ་མེད་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། མེད་པ་སྔར་ནུས་མེད་ཕྱིར་དང་། །ཞེས་པ་འདི་བྱུང་། གཞན་ཡང་། གཟུགས་འཛིན་ཡིད་མངོན་གྱི་གཟུང་དོན་ཆོས་ཅན། ཕྱིས་ཀྱང་ཁྱོད་ཀྱིས་གཟུགས་འཛིན་ཡིད་མངོན་སྐྱེད་མི་ནུས་པར་ཐལ། ཁྱོད་ཀྱི་དུས་སུ་གཟུགས་འཛིན་ཡིད་མངོན་གྲུབ་ཟིན་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །ཞེས་པ་འདི་བྱུང་། དེར་ཡང་མ་ཟད། དེ་ཆོས་ཅན། གཟུགས་འཛིན་ཡིད་མངོན་གྱི་རྒྱུ་མ་ཡིན་པར་ཐལ། དེའི་སྔ་ལོགས་སུ་ཡང་མེད་པ་གང་ཞིག །རྒྱུ་ཡིན་ན། རང་གི་འབྲས་བུའི་སྔ་ལོགས་སུ་ཡོད་དགོས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་ཡིད་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་ཆོས་ཅན། གཟུགས་འཛིན་ཡིད་མངོན་གྱིས་མི་འཛིན་པར་ཐལ། གཟུགས་འཛིན་ཡིད་མངོན་དང་དུས་མཉམ་མ་ཡིན་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། དུས་ཐ་དད་པས་ཇི་ལྟར་འཛིན། །ཞེ་ན། ཞེས་པ་འདི་བྱུང་། འོ་ན། གཟུགས་འཛིན་ཡིད་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་ཆོས་ཅན། གཟུགས་འཛིན་ཡིད་མངོན་གྱིས་འཛིན་པར་ཐལ། གཟུགས་འཛིན་ཡིད་མངོན་ལ་རང་འདྲའི་རྣམ་པ་གཙོ་བོར་དངོས་སུ་གཏོད་བྱེད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རིགས་པ་ཤེས་པ་ཡིས། །ཞེས་སོགས་རྐང་པ་ཕྱེད་དང་གསུམ་བྱུང་། ཁོ་ན་རེ། འོ་ན། གཟུགས་འཛིན་ཡིད་མངོན་དེས། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དང་། དེ་མ་ཐག་རྐྱེན་གཉིས་གཟུང་དོན་དུ་བྱས་ནས་མི་འཛིན་ལ། རང་གི་དམིགས་རྐྱེན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། གཟུགས་འཛིན་ཡིད་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དང་། དེ་མ་ཐག་རྐྱེན་གཉིས་གཟུགས་འཛིན་ཡིད་མངོན་ལ་རང་འདྲའི་རྣམ་པ་གཙོ་བོར་དངོས་སུ་གཏོད་བྱེད་མ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རྒྱུ་དུ་མ་ཉིད་ཡོད་ན་ཡང་། །ཞེས་པ་ནས། བཞག་དང་གཟུང་ཞེས་བརྗོད་པ་ཡིན། །ཞེས་པའི་བར་བྱུང་། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །ཞེས་སོགས་ཀྱི་སྐབས་སུ། །

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་ལ་བརྟེན་ནས་བྱུང་བའི་རྟོག་བྲལ་མ་འཁྲུལ་བའི་གཞན་རིག་གི་ཤེས་པ་དེ་ཡིད་མངོན་གྱི་མཚན་ཉིད་ཟེར་ན། འདོད་ཆགས་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། གཞན་རིག་གི་ཤེས་པ་ཡིན་པར་ཐལ། མཚོན་བྱ་དེའི་ཕྱིར། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་མི་ལྟོས་པར། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་རང་འགྲེལ་རྒྱན་དུ་དྲངས་པ་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་ནི་དབང་པོ་ལ་མི་ལྟོས་པར་ཡིད་ཀྱི་མངོན་སུམ་མོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རང་རིག་ཡིན་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། ཡིད་མངོན་ཡིན་པར་ཐལ། ཡིད་ཀྱི་ཤེས་པ་དང་མངོན་སུམ་གྱི་གཞི་མཐུན་པའི་ཕྱིར། ཁྱབ་སྟེ། དབང་ཤེས་དང་མངོན་སུམ་གྱི་གཞི་མཐུན་ཡིན་ན། དབང་མངོན་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཡིད་དང་མངོན་སུམ་གྱི་གཞི་མཐུན་ཡིན་ན། ཡིད་མངོན་ཡིན་དགོས་པར་ཐལ། ཡིད་ཀྱི་ཤེས་པ་དང་མངོན་སུམ་གྱི་གཞི་མཐུན་ཡིན་ན། ཡིད་མངོན་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། སངས་འཕགས་ཀྱི་རྒྱུད་ཀྱི་མིག་གི་རྣམ་པར་ཤེས་པ་ཆོས་ཅན། ཐལ་ཕྱིར་ཟེར་ན། ཁོ་རང་ལ། དབང་པོ་དང་མངོན་སུམ་གྱི་གཞི་མཐུན་ཡིན་ན། དབང་མངོན་ཡིན་དགོས་པར་ཐལ། དབང་ཤེས་དང་མངོན་སུམ་གྱི་གཞི་མཐུན་ཡིན་ན། དབང་མངོན་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སངས་འཕགས་ཀྱི་རྒྱུད་ཀྱི་དད་པོའི་དབང་པོ་ཆོས་ཅན། ཐལ་ཕྱིར། བྱས་པ་ལ་ཁོ་ན་རེ། དབང་མངོན་དང་ཡིད་མངོན་གཉིས་གཅིག་ཆར་དུ་གྲུབ་པར་ཐལ། དབང་མངོན་དང་དེ་ཉམས་སུ་མྱོང་བའི་རང་རིག་གཉིས་གཅིག་ཆར་དུ་གྲུབ་པ་གང་ཞིག །དེ་འདྲའི་རང་རིག་དེ་ཡིད་མངོན་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས་ཟེར་ན། འོ་ན། གཟུགས་འཛིན་དབང་ཡིད་གཅིག་ཆར་དུ་གྲུབ་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། གཟུགས་འཛིན་ཡིད་མངོན་དེ། གཟུགས་འཛིན་དབང་མངོན་གྱིས་དེ་མ་ཐག་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་པའི་ཕྱིར། གཞན་ཡང་། ཁོ་ན་རེ། བསྟན་བཅོས་འདིར་དང་པོ་དབང་མངོན་བསྟན། དེ་རྗེས་ཡིད་མངོན་བསྟན་པ་དེ། རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་ནས་བསྟན་པ་མ་ཡིན་པར་ཐལ། དབང་མངོན་ཡིན་ན། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་ཡིད་མངོན་ལས་བྱུང་བས་ཁྱབ། ཡིད་མངོན་ཡིན་ན་ཡང་། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་དབང་མངོན་ལས་བྱུང་བས་ཁྱབ་པའི་ཕྱིར་ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། དབང་མངོན་ཡིན་ན། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་རང་རིག་ལས་བྱུང་བས་ཁྱབ། རང་རིག་ཡིན་ན། ཡིད་མངོན་ཡིན་དགོས་པའི་ཕྱིར་ཟེར། དེས་ན། ཁོ་རང་གི་ལུགས་ལ་ཡིད་མངོན་ཡིན་ན། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་དབང་མངོན་ལས་བྱུང་བས་ཁྱབ་བོ། །ཞེ་ན། ཚུར་མཐོང་གི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། ཡིད་དང་མངོན་སུམ་གྱི་གཞི་མཐུན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དོན་རིག་མངོན་སུམ་ཡིན་པར་ཐལ། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་དབང་མངོན་ལས་བྱུང་བའི་ཡིད་མངོན་ཡིན་པའི་ཕྱིར། འདོད་ན། གཞན་སེམས་ཕྱི་རོལ་གྱི་དོན་ཡིན་པར་ཐལ། ཚུར་མཐོང་གི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེ། དོན་རིག་མངོན་སུམ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། ཁྱོད་ཡིད་མངོན་ཚད་མ་ཡིན་པར་ཐལ། ཁྱོད་ཡིད་མངོན་གང་ཞིག །ཚད་མ་ཡིན་པའི་ཕྱིར། འདོད་ན། ཚུར་མཐོང་གི་རྒྱུད་ལ་ཡིད་མངོན་ཚད་མ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཐར་ལམ་གསལ་བྱེད་ལས། སོ་སྐྱེའི་རྒྱུད་ལ་ཡིད་ཀྱི་མངོན་སུམ་ཡོད་ཀྱང་། ཡིད་ཀྱི་མངོན་སུམ་ཚད་མ་ནི་མེད་ལ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་རྒྱུད་ལ་དོན་རིག་ཡིད་མངོན་ཚད་མ་མེད་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། གཞན་ཡང་། ཚུར་མཐོང་གི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། མདོ་ལས། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཡིད་མངོན་ཡིན་པར་ཐལ། ཡིད་མངོན་ཡིན་པའི་ཕྱིར། ཁྱབ་སྟེ། དབང་མངོན་ཡིན་ན། དེའི་སྐབས་ནས་དངོས་སུ་བསྟན་པའི་དབང་མངོན་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། ཡིད་ཀྱང་དོན་དང་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཡིད་མངོན་ཡིན་པར་ཐལ་ལོ། །འདོད་ན། དེ་ཆོས་ཅན། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཡིད་མངོན་ཡིན་པར་ཐལ་ལོ། །འདོད་ན། དེ་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་དབང་པོ་ལས་བྱུང་བར་ཐལ། འདོད་པའི་ཕྱིར་ཟེར་ན། ཁོ་རང་ལ། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ཆོས་ཅན། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཡིད་མངོན་ཡིན་པར་ཐལ། ཡིད་མངོན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་དབང་མངོན་གྱི་རྒྱུན་མཐར་སྐྱེ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མིག་བྱེད་པ་དང་ལྡན་པའི་སངས་འཕགས་ཀྱི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་མེད་པར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་དེ། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་དབང་མངོན་གྱི་རྒྱུན་མཐར་སྐྱེ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སངས་འཕགས་ཀྱི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་ཡོད་པ་གང་ཞིག །སངས་འཕགས་ཡིན་ན། མིག་བྱེད་པ་དང་ལྡན་པའི་སངས་འཕགས་ཡིན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་རྒྱུད་ལ་གཟུགས་འཛིན་དབང་མངོན་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སངས་འཕགས་ཀྱི་རྒྱུད་ལ་གཟུགས་འཛིན་དབང་ཡིད་གཉིས་གཅིག་ཆར་དུ་སྐྱེ་བ་ཡིན་པར་ཐལ། དེ་གཉིས་ཡོད། དེ་གཉིས་རིམ་ཅན་དུ་མི་སྐྱེ་བའི་ཕྱིར། འདོད་ན། གཟུགས་འཛིན་དབང་ཡིད་གཉིས་གཅིག་ཆར་དུ་སྐྱེ་བའི་དུས་སྲིད་པར་ཐལ། སངས་འཕགས་ཀྱི་རྒྱུད་ལ་དེ་གཉིས་གཅིག་ཆར་དུ་སྐྱེ་བའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར། གཞན་ཡང་། སངས་འཕགས་ཀྱི་རྒྱུད་ལ་དུས་མཐའི་སྐད་ཅིག་མར་གྱུར་པའི་ཤེས་པ་ཡོད་པར་ཐལ། དེའི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་ཡོད་པའི་ཕྱིར། རྟགས་ཁས་ཟེར། འདོད་མི་ནུས་ཏེ། དེའི་རྒྱུད་ཀྱི་ཤེས་པ་ཡིན་ན། དུས་མཐའི་སྐད་ཅིག་མ་མ་ཡིན་དགོས་པའི་ཕྱིར། དེ་ཡིན་ན་རང་གི་རིགས་འདྲ་ཡོད་དགོས་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། སངས་འཕགས་ཀྱི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་ཡོད་པར་ཐལ། དེའི་རྒྱུད་ལ་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་ཡོད་པའི་ཕྱིར། མ་གྲུབ་ན། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཆོས་ཅན། ཁྱོད་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་པར་ཐལ། ཁྱོད་སྐད་ཅིག་མ་གང་ཞིག །དུས་མཐའི་སྐད་ཅིག་མ་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། སངས་འཕགས་ཀྱི་རྒྱུད་ལ་དུས་མཐའི་སྐད་ཅིག་མར་གྱུར་པའི་ཤེས་པ་མེད་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ཁྱོད་སྐད་ཅིག་ཐ་མ་ཡོད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། སངས་འཕགས་ཀྱི་རྒྱུད་ལ་དུས་མཐའི་སྐད་ཅིག་མར་གྱུར་པའི་ཤེས་པ་ཡོད་པར་ཐལ། དེའི་རྒྱུད་ལ་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་ཡོད་པ་གང་ཞིག །དེ་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་དང་པོ་བསྒྲུབས་ཟིན། གཉིས་པ་གྲུབ་སྟེ། དེ་བྱ་རྫོགས་ཀྱི་སྐད་ཅིག་མ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ལ་སྐད་ཅིག་སྔ་ཕྱིའི་ཆ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐར་ལམ་གསལ་བྱེད་ལས། དབང་མངོན་སྐད་ཅིག་མ་དང་པོ་ཚད་མར་བཞག་པ་ལ་སྔ་ཕྱིའི་ཆ་དུ་མ་ཡོད་ཀྱི་ཞེས་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་ལ་སྐད་ཅིག་སྔ་ཕྱིའི་ཆ་ཡོད་ལ། གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་ལ་སྐད་ཅིག་སྔ་ཕྱིའི་ཆ་མེད་པར་བསྟན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སངས་འཕགས་ཀྱི་རྒྱུད་ལ་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་མེད་པར་ཐལ། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་དེ་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་ཡིན་པའི་ཕྱིར། རྣམ་མཁྱེན་སྐད་ཅིག་དང་པོ་ལ་གནས་པའི་སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་དེ། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་ཡིན་པའི་ཕྱིར་ཏེ། བྱང་སེམས་རྒྱུན་མཐའ་བའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་མེད་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། སངས་འཕགས་སྐད་ཅིག་ཐ་མ་ཡོད་པར་ཐལ། སངས་འཕགས་ཀྱི་རྒྱུད་ལ་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་ཡོད་པའི་ཕྱིར། འདོད་ན། དགྲ་བཅོམ་པ་སྐད་ཅིག་ཐ་མ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དགྲ་བཅོམ་པ་ཡིན་ན། རང་གི་ཉེར་ལེན་བྱས་པ་ལ་བརྟེན་ནས་བྱུང་བའི་དགྲ་བཅོམ་པ་ཡོད་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གང་ཟག་ཡིན་ན། རང་གི་ཉེར་ལེན་བྱས་པ་ལ་བརྟེན་ནས་བྱུང་བའི་གང་ཟག་ཡོད་དགོས་པའི་ཕྱིར་ཏེ། ཤེས་པ་ཡིན་ན། རང་གི་ཉེར་ལེན་བྱས་པ་ལ་བརྟེན་ནས་བྱུང་བའི་ཤེས་པ་ཡོད་དགོས་པའི་ཕྱིར་ཟེར་ན། ཁོ་རང་ལ། དགྲ་བཅོམ་སྐད་ཅིག་ཐ་མ་ཡོད་པར་ཐལ། ཉན་ཐོས་དགྲ་བཅོམ་སྐད་ཅིག་ཐ་མ་དེ་དགྲ་བཅོམ་སྐད་ཅིག་ཐ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཐེག་དམན་དགྲ་བཅོམ་སྐད་ཅིག་ཐ་མ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། གཞན་ཡང་། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་དེ། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མའི་རིགས་འདྲ་སྔ་མ་ཡིན་པར་ཐལ། དེའི་རིགས་འདྲ་སྔ་མ་ཡོད་པ་གང་ཞིག །དེ་སྐད་ཅིག་དང་པོ་དེ་སྐད་ཅིག་གཉིས་པའི་རིགས་འདྲ་སྔ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་རིགས་འདྲ་ཡོད། དེའི་རིགས་འདྲ་ཕྱི་མ་མེད་པའི་ཕྱིར། འདོད་ན། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་ཆོས་ཅན། སེམས་ཅན་གྱི་རྒྱུད་ཀྱི་ཤེས་པ་ཡིན་པར་ཐལ། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མའི་རིགས་འདྲ་སྔ་མར་གྱུར་པའི་ཤེས་པ་ཡིན་པ་གང་ཞིག །སངས་འཕགས་ཀྱི་རྒྱུད་ལ་དེའི་རིགས་འདྲ་སྔ་མ་མེད་པའི་ཕྱིར་ཏེ། དེའི་རྒྱུད་ལ་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་མེད་པའི་ཕྱིར། རྟགས་ཁས། བྱས་པ་ལ་ཁོ་ན་རེ། གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་མཆོག་ཐ་མའི་ཡེ་ཤེས་དེ། དུས་མཐའི་སྐད་ཅིག་མ་ཡིན་པར་ཐལ། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་དེ་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མི་བསླུ་བའི་རིག་པ་མ་ཡིན་པར་ཐལ། ཚུར་མཐོང་གི་རྒྱུད་ཀྱི་དུས་མཐའི་སྐད་ཅིག་མར་གྱུར་པའི་ཤེས་པ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། གང་ཟག་གི་བདག་མེད་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར་ཟེར་ན། ཁོ་རང་ལ། གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་མཆོག་ཐ་མའི་ཡེ་ཤེས་དེ། དུས་མཐའི་སྐད་ཅིག་མ་ཡིན་པར་ཐལ། མཛོད་ལས། དེ་ནི་སྐད་ཅིག་གཅིག་དེ་བཞིན། །ཆོས་མཆོག །ཅེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་དུས་མཐའི་སྐད་ཅིག་མར་གྱུར་པའི་ཤེས་པ་དེ་ཡིན་ན། མི་བསླུ་བའི་རིག་པ་མ་ཡིན་དགོས་པར་ཐལ། དེ་ཡིན་ན། མངོན་སུམ་གྱི་ཚད་མ་མ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཐར་ལམ་གསལ་བྱེད་ལས། དབང་མངོན་སྐད་ཅིག་དང་པོ་ཚད་མར་བཞག་པ་ལ་ཡང་སྔ་ཕྱིའི་ཆ་དུ་མ་ཡོད་ཀྱིས། དུས་ཀྱི་ཐུང་བའི་མཐར་ཐུག་པ་ཡིན་ན་ཡིད་མངོན་དང་འདྲ་བར་སོ་སྐྱེའི་ཚད་མར་མི་རུང་ངོ་། །ཞེས་གསུངས་པའི་ཕྱིར། རང་རེས། གོང་དུ་མ་ཁྱབ་བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་མངོན་སུམ་གྱི་ཚད་མ་ཆོས་ཅན། མངོན་སུམ་ཚད་མ་མ་ཡིན་པར་ཐལ། ཚུར་མཐོང་གི་རྒྱུད་ཀྱི་དུས་མཐའི་སྐད་ཅིག་མར་གྱུར་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཚུར་མཐོང་གི་རྒྱུད་ཀྱི་ཤེས་པ་གང་ཞིག །དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེའི་དེ་མ་ཐག་རྐྱེན་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེའི་ཕྱིར། མ་གྲུབ་ན། དེ་ཁོ་ཁོ་རང་ཡིན་པར་ཐལ། ཁོ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་དེ་དེ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་སྐད་ཅིག་སྔ་ཕྱིའི་ཆ་དང་བཅས་པའི་དངོས་པོ་ཆོས་ཅན། སྐད་ཅིག་སྔ་ཕྱིའི་ཆ་དང་བཅས་པའི་དངོས་པོ་ཡིན་པར་ཐལ། ཆོས་ཅན་དེའི་ཕྱིར། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེའི་དེ་མ་ཐག་རྐྱེན་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། གཞན་ཡང་། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་དེ་དུས་མཐའི་སྐད་ཅིག་མ་ཡིན་པར་ཐལ། ཚུར་མཐོང་གི་རྒྱུད་ཀྱི་དེ་དེ་ཡིན་པའི་ཕྱིར། དེའི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར་ཏེ། དེའི་དམིགས་རྐྱེན་དེ་དེ་ཡིན་པའི་ཕྱིར། དེའི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་དེ་དེ་ཡིན་པའི་ཕྱིར། ཁྱབ་སྟེ། འཐད་ལྡན་ལས། ཡིད་ཀྱི་མངོན་སུམ་སྐད་ཅིག་མ་ཡིན་པ་དེ་ཡུལ་སྐད་ཅིག་མ་ཡིན་པ་དང་འདྲའོ། །ཞེས་གསུངས་པའི་་ཕྱིར། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་དུས་མཐའི་སྐད་ཅིག་མ་ཡིན་པར་ཐལ། དེའི་རྒྱུད་ཀྱི་གཟུག །ས་འཛིན་ཡིད་མངོན་གྱི་དམིགས་རྐྱེན་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་དེ་དུས་མཐའི་སྐད་ཅིག་མ་རྟོགས་པའི་ཚད་མ་ཡིན་པར་ཐལ། དེ་རང་གི་དམིགས་རྐྱེན་རྟོགས་པའི་ཚད་མ་གང་ཞིག །དེའི་དམིགས་རྐྱེན་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར་ན་མ་ཁྱབ། དང་པོ་མ་གྲུབ་ན། དེ་ཆོས་ཅན། རང་གི་དམིགས་རྐྱེན་རྟོགས་པའི་ཚད་མ་ཡིན་པར་ཐལ། དམིགས་རྐྱེན་ཅན་གྱི་ཚད་མ་ཡིན་པའི་ཕྱིར། འདོད་ན། ཚུར་མཐོང་དེ་དུས་མཐའི་སྐད་ཅིག་མ་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་ན། འཕགས་པ་ཡིན་དགོས་པའི་ཕྱིར་ཟེར་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་གྱི་དམིགས་རྐྱེན་དུས་མཐའི་སྐད་ཅིག་མ་ཡིན་པར་ཐལ། དེའི་རྐྱེན་གསུམ་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར་ཏེ། དེའི་རྐྱེན་གསུམ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཐར་ལམ་གསལ་བྱེད་ལས། ཡིད་ཀྱི་མངོན་སུམ་ཤིན་ཏུ་ལྐོག་གྱུར་ཡིན་པས་ན། དེས་ཁྱད་པར་དུ་བྱས་པའི་དེའི་རྐྱེན་གསུམ་ཡང་ཤིན་ཏུ་ལྐོག་ཏུ་གྱུར་པ་ལུང་ལ་བརྟེན་ནས་དཔོག་པའོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེའི་རྐྱེན་གསུམ་པོ་གང་རུང་ཡིན་ན། ཤིན་ཏུ་ལྐོག་གྱུར་ཡིན་དགོས་པར་ཐལ། དེ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེའི་དེ་མ་ཐག་རྐྱེན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་མངོན་སུམ་གྱིས་རྟོགས་པའི་སོ་སྐྱེ་ཡོད་པའི་ཕྱིར། གཞན་ཡང་། རྣམ་མཁྱེན་སྐད་ཅིག་དང་པོ་ལ་གནས་པའི་སངས་འཕགས་ཀྱི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་ཡོད་པར་ཐལ། སངས་འཕགས་ཀྱི་རྒྱུད་ལ་དེ་ཡོད་པའི་ཕྱིར། ཁྱབ་པ་ཁས་ཟེར། འདོད་ན། དེའི་རྒྱུད་ཀྱི་དེ་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་རྒྱུན་མཐར་སྐྱེ་བར་ཐལ། གཟུགས་འཛིན་ཡིད་མངོན་ཡིན་པའི་ཕྱིར། ཁྱབ་སྟེ། ཐར་ལམ་གསལ་བྱེད་ལས། དབང་མངོན་རྫོགས་པའི་རྗེས་དེར་ཡིད་མངོན་དུས་ཀྱི་ཐུང་བ་མཐར་ཐུག་པ་སྐད་ཅིག་མ་གཅིག་སྐྱེ་བ་ཡིན་ནོ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་སོ་སྐྱེའི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ལ་དགོངས་པ་ཡིན་པའི་ཕྱིར། འདོད་ན། བྱང་སེམས་རྒྱུན་མཐའ་བའི་རྒྱུད་ལ་གཟུགས་འཛིན་དབང་མངོན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་མེད་པར་ཐལ། ཁྱོད་སྟོང་ཉིད་ལ་གཉིས་སྣང་ནུབ་པའི་སེམས་ཅན་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། གཟུགས་འཛིན་དབང་མངོན་དེ་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་ཡིན་པར་ཐལ། དེ་གཟུགས་འཛིན་ཡིད་མངོན་གྱི་དེ་གང་ཞིག །སངས་འཕགས་ཀྱི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་དེ། དེའི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་ཡིན་པའི་ཕྱིར། གཉིས་པ་ཁས། འདོད་ན། གཟུགས་འཛིན་དབང་མངོན་དེ་ཚུར་མཐོང་གི་རྒྱུད་ཀྱི་མངོན་སུམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་རྒྱུད་ལ་ལྡན་པའི་སངས་འཕགས་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ལ་དེ་ལྟར་ཡིན་ཀྱང་། གཟུགས་འཛིན་དབང་མངོན་དེ་གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་མིན་ནོ་ཞེ་ན། དེ་དེ་ཡིན་པར་ཐལ། གཟུགས་འཛིན་ཡིད་མངོན་དེ་རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་ལས་བྱུང་བའི་ཕྱིར་ཏེ། དེ་དོན་རིག་ཡིད་མངོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཚུར་མཐོང་གི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་ཚད་མ་ཡོད་པར་ཐལ། ཚུར་མཐོང་གི་རྒྱུད་ཀྱི་ལྷའི་མིག་གི་མངོན་པར་ཤེས་པ་དེ། གཟུགས་འཛིན་ཡིད་མངོན་ཚད་མ་ཡིན་པའི་ཕྱིར་ཟེར་ན། འོ་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ཚད་མ་ཡིན་པར་ཐལ། དེའི་རྒྱུད་ལ་དེ་ཚད་མ་ཡོད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་དེ་ཆོས་ཅན། མངོན་སུམ་ཚད་མ་མ་ཡིན་པར་ཐལ། དེའི་རྒྱུད་ཀྱི་དུས་མཐའི་སྐད་ཅིག་མར་གྱུར་པའི་མངོན་སུམ་ཡིན་པའི་ཕྱིར། ཁྱབ་སྟེ། ཐར་ལམ་གསལ་བྱེད་ལས། དབང་མངོན་སྐད་ཅིག་དང་པོ་ཚད་མར་ཞེས་པ་ནས། མི་རུང་ཞེས་པའི་བར་གསུངས། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་མངོན་སུམ་གང་ཞིག །དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གྱི་རྒྱུན་མཐར་སྐྱེ་བ་ཡིན་པའི་ཕྱིར་ཏེ། འཐད་ལྡན་ལས། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་མིག་གི་བྱ་བ་འདས་པའི་ཚེ་མངོན་དུ་བྱེད། ཅེས་གསུངས་པའི་ཕྱིར། གཞན་ཡང་། མིག་བྱེད་པ་དང་ལྡན་པའི་ཚུར་མཐོང་གི་རྒྱུད་ཀྱི་ལྷའི་མིག་གི་མངོན་པར་ཤེས་པ་དེ་ཡང་། གཟུགས་འཛིན་ཡིད་མངོན་ཡིན་པར་ཐལ། ཚུར་མཐོང་གི་རྒྱུད་ཀྱི་ལྷའི་མིག་གི་མངོན་པར་ཤེས་པ་དེ་གཟུགས་འཛིན་ཡིད་མངོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ལ་བརྟེན་ནས་བྱུང་བར་ཐལ། མིག་བྱེད་པ་དང་ལྡན་པའི་ཚུར་མཐོང་གཟུགས་ལ་ལྟ་བཞིན་པའི་གནས་སྐབས་ཀྱི་གཟུགས་འཛིན་མངོན་སུམ་ཡིན་པའི་ཕྱིར། ཁྱབ་སྟེ། འཐད་ལྡན་ལས། མིག་བྱེད་བ་དང་ལྡན་པའི་དུས་ཀྱི་ཚེ་གཟུགས་གསལ་བར་སྣང་བའི་ཤེས་པ་གང་ཡིན་པ་དེ་མིག་ལ་བརྟེན་པ་ཁོ་ན་ཡིན་ཏེ། དེ་ལྟར་མ་ཡིན་ན་རྣམ་པར་ཤེས་པ་གང་ཡང་མིག་ལ་བརྟེན་པ་མི་འཐད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་མ་གྲུབ་ན། མིག་བྱེད་པ་དང་ལྡན་པའི་ཚུར་མཐོང་གི་རྒྱུད་ཀྱི་ལྷའི་མིག་གི་མངོན་པར་ཤེས་པ་དེ། མིག་བྱེད་པ་དང་ལྡན་པའི་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་ལ་ལྟ་བཞིན་པའི་གནས་སྐབས་ཀྱི་གཟུགས་འཛིན་མངོན་སུམ་ཡིན་པར་ཐལ། དེའི་གནས་སྐབས་ཀྱི་གཟུགས་འཛིན་ཡིད་མངོན་ཡིན་པའི་ཕྱིར་ཏེ། དེ་དེའི་གནས་སྐབས་སུ་ཡོད། དེ་གཟུགས་འཛིན་ཡིད་མངོན་ཡིན་པའི་ཕྱིར། ཕྱི་མ་གོ་སླ། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་མངོན་སུམ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ལས་བྱུང་བར་ཐལ། མིག་བྱེད་པ་དང་ལྡན་པའི་ཚུར་མཐོང་གིས་གཟུགས་ལ་ལྟ་བཞིན་པའི་གནས་སྐབས་ཀྱི་གཟུགས་འཛིན་མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར། རྟགས་གྲུབ་སྟེ། དེའི་གནས་སྐབས་སུ་གཟུགས་འཛིན་མངོན་སུམ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེའི་དུས་སུ་གཟུགས་འཛིན་མངོན་སུམ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་མིག་ཤེས་གཟུགས་ལ་འཇུག་པའི་དུས་སུ་གཟུགས་གསལ་བར་སྣང་བའི་ཡིད་མངོན་མེད་ཟེར་ན། ཚུར་མཐོང་ཡིན་ན། ཁྱོད་ཀྱི་རྒྱུད་ཀྱི་མིག་ཤེས་གཟུགས་ལ་འཇུག་པའི་དུས་སུ་གཟུགས་གསལ་བར་སྣང་བའི་ཡིད་མངོན་མེད་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མིག་ཤེས་དང་མིག་གི་མངོན་པར་ཤེས་པ་གཉིས་ཀ་གཟུགས་ལ་གཅིག་ཆར་དུ་འཇུག་བཞིན་པའི་ཚུར་མཐོང་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་འདྲའི་ཚུར་མཐོང་གི་རྒྱུད་ཀྱི་མིག་ཤེས་གཟུགས་ལ་འཇུག་པའི་དུས་སུ་གཟུགས་གསལ་བར་སྣང་བའི་ཡིད་མངོན་ཡོད་པར་ཐལ། དེའི་དུས་སུ་དེ་འདྲའི་ཚུར་མཐོང་གི་རྒྱུད་ཀྱི་མིག་གི་མངོན་པར་ཤེས་པ་དེ་གཟུགས་གསལ་བར་སྣང་བའི་ཡིད་མངོན་ཡིན་པའི་ཕྱིར་ཏེ། དེ་ལ་གཟུགས་གསལ་བར་སྣང་བ་གང་ཞིག །ཡིད་མངོན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་ལྷའི་མིག་གི་མངོན་པར་ཤེས་པ་ཆོས་ཅན། གཟུགས་འཛིན་ཡིད་མངོན་ཡིན་པར་ཐལ། གཟུགས་འཛིན་མངོན་སུམ་གང་ཞིག །ཡིད་མངོན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གཟུགས་འཛིན་པའི་ཤེས་པ་གང་ཞིག །མངོན་སུམ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གཟུགས་འཛིན་མངོན་ཤེས་གང་ཞིག །ཤེས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གཟུགས་འཛིན་མངོན་ཤེས་ཡོད་པའི་ཕྱིར་ཏེ། གཟུགས་འཛིན་པའི་མངོན་ཤེས་ཡོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། དམིགས་རྐྱེན་ཅན་གྱི་ཤེས་པ་ཡིན་ན། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་དབང་མངོན་གྱི་དམིགས་རྐྱེན་གྱི་རིགས་འདྲ་ཡོད་པས་ཁྱབ་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། སྒྲ་འཛིན་ཡིད་མངོན་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། སྒྲ་དམིགས་རྐྱེན་དུ་བྱེད་པའི་ཡིད་མངོན་ཡིན་པའི་ཕྱིར། འདོད་ན། སྒྲ་འཛིན་དབང་མངོན་གྱི་དམིགས་རྐྱེན་གྱི་རིགས་འདྲ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲའི་རིགས་འདྲ་ཡོད་པར་ཐལ་ལོ། །འདོད་ན། སེ་གོལ་གྱི་སྒྲའི་རིགས་འདྲ་ཡོད་པར་ཐལ་ལོ། །འདོད་ན། སྔ་དྲོའི་དུས་ཀྱི་སེ་གོལ་གྱི་སྒྲའི་རིགས་འདྲ་ཡོད་པར་ཐལ་ལོ། །འདོད་ན། ཕྱི་དྲོའི་དུས་ཀྱི་དེ་འདྲ་ཡོད་པར་ཐལ་ལོ། །འདོད་ན། སྔ་དྲོའི་དུས་ཀྱི་དེ་འདྲའི་སྒྲ་དེ་དུས་ཐུང་ངུར་གནས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། སྒྲའི་རིགས་འདྲ་མེད་པར་ཐལ། སྒྲའི་དེ་མེད་པའི་རྒྱུ་མཚན་གྱིས་སྒྲ་ལ་ཟད་པར་གྱི་སྐྱེ་མཆེད་མ་བཞག་པའི་ཕྱིར། སྒྲ་ལ་དེ་འདྲ་མ་བཞག་པ་ལ་དགོས་པ་ཡོད་པའི་ཕྱིར་ན་མ་ཁྱབ། སེ་གོལ་གྱི་སྒྲ་ལྟ་བུ་དེ་དུས་ཐུང་ངུར་གནས་པའི་རྒྱུ་མཚན་གྱིས་སྒྲ་ལ་ཟད་པར་གྱི་སྐྱེ་མཆེད་མ་བཞག་པའི་ཕྱིར། དེ་ལྟར་མ་ཡིན་ན། སྒྲའི་རིགས་འདྲ་ཡོད་པར་ཐལ། སྒྲ་སྐད་ཅིག་གཉིས་པ་དེ་སྒྲ་སྐད་ཅིག་དང་པོའི་རིགས་འདྲ་ཡིན་པའི་ཕྱིར་ཏེ། དེ་སྐད་ཅིག་གཉིས་པ་དེ་དེའི་ཉེར་འབྲས་ཡིན་པའི་ཕྱིར་ཏེ། དེ་སྐད་ཅིག་གཉིས་པ་དེ་རང་གི་ཉེར་ལེན་དུ་གྱུར་པའི་དེ་སྐད་ཅིག་དང་པོ་ལས་བྱུང་བའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་ཉེར་ལེན་དུ་གྱུར་པའི་སྒྲ་སྐད་ཅིག་དང་པོ་ལས་བྱུང་བར་ཐལ། སྒྲ་སྐད་ཅིག་གཉིས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུགས་སྐད་ཅིག་གཉིས་པ་ཡིན་ན། རང་གི་ཉེར་ལེན་དུ་གྱུར་པའི་གཟུགས་སྐད་ཅིག་དང་པོ་ལས་བྱུང་བས་ཁྱབ་པའི་ཕྱིར། གཞན་ཡང་། སྒྲའི་རིགས་འདྲ་ཡོད་པར་ཐལ། སངས་འཕགས་ཀྱི་ཆོས་སྟོན་པའི་སྒྲའི་རིགས་འདྲ་ཡོད་པའི་ཕྱིར། སངས་འཕགས་ཀྱི་གསུང་གི་རིགས་འདྲ་ཡོད་པའི་ཕྱིར། སངས་འཕགས་ཀྱི་གསུང་དེ་རིགས་འདྲ་བར་མ་ཆད་དུ་གནས་པའི་ཕྱིར། དེ་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་གནས་པའི་ཕྱིར་ཏེ། སངས་འཕགས་ཀྱི་འཕྲིན་ལས་དེ་དེ་ལྟར་དུ་གནས་པའི་ཕྱིར། གཞན་ཡང་། སྒྲའི་དེ་ཡོད་པར་ཐལ། རྗོད་བྱེད་སྒྲའི་དེ་ཡོད་པའི་ཕྱིར། བཀའ་བརྒྱད་སྟོང་པའི་དེ་ཡོད་པའི་ཕྱིར། བཀའ་བརྒྱད་སྟོང་པ་སྔ་མས་ཉེར་ལེན་བྱས་པ་ལས་བྱུང་བའི་བཀའ་བརྒྱད་སྟོང་པ་ཕྱི་མ་ཡོད་པའི་ཕྱིར། བཀའ་བརྒྱད་སྟོང་པ་རྩོམ་པ་པོའི་གང་ཟག་སྔ་མས་ཉེར་ལེན་བྱས་པ་ལས་བྱུང་བའི་བཀའ་བརྒྱད་སྟོང་པ་རྩོམ་པ་པོའི་གང་ཟག་ཕྱི་མ་ཡོད་པའི་ཕྱིར་ཏེ། སངས་འཕགས་ལ་དེའི་ཕྱིར། རང་རེས། གཟུགས་འཛིན་ཡིད་མངོན་གྱི་ཉེར་ལེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་དེ། གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་ཡིད་མངོན་གྱི་ཉེར་ལེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་དེ་གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་ཡིན་པར་ཐལ། འདོད་པ་གང་ཞིག །དེའི་ཉེར་ལེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་དང་། དེའི་ཉེར་ལེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་གཉིས་གྲུབ་པ་དུས་མཉམ་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་འཛིན་ཡིད་མངོན་དང་དེའི་ཉེར་ལེན་དུ་གྱུར་པའི་དབང་མངོན་སྐད་ཅིག་གཉིས་པ་གཉིས་གྲུབ་པ་དུས་མཉམ་པར་ཐལ། དེ་གཉིས་དེའི་ཉེར་ལེན་དུ་གྱུར་པའི་དེ་སྐད་ཅིག་དང་པོའི་དངོས་འབྲས་སུ་མཚུངས་པའི་ཕྱིར་ཏེ། དེའི་ཉེར་ལེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་དེ། གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་འཛིན་ཡིད་མངོན་གྱི་ཉེར་ལེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་མ་རྫོགས་གོང་དུ་གཟུགས་འཛིན་ཡིད་མངོན་གྲུབ་པ་མེད་པའི་ཕྱིར། འཐད་ལྡན་ལས། མིག་བྱེད་པ་དང་ལྡན་པའི་དུས་ཀྱི་ཚེ། གཟུགས་གསལ་བར་སྣང་བའི་ཤེས་པ་གང་ཡིན་པ་དེ། ཞེས་གསུངས་པའི་ཕྱིར་ཟེར་ན། གཟུགས་འཛིན་ཡིད་མངོན་གྱི་ཉེར་ལེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་དེ་གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་ཡིན་པར་ཐལ། དེ་དེའི་དངོས་ཀྱི་ཉེར་ལེན་ཡིན་པའི་ཕྱིར་ཏེ། གཟུགས་འཛིན་ཡིད་མངོན་གྱི་ཉེར་ལེན་དེ་དེའི་དངོས་ཀྱི་ཉེར་ལེན་ཡིན་པའི་ཕྱིར་ཏེ། ཡིད་མངོན་གྱི་ཉེར་ལེན་དེ་དེའི་དངོས་ཀྱི་དེ་ཡིན་པའི་ཕྱིར། དབང་མངོན་ལ་དེའི་ཕྱིར། གཞན་ཡང་། གཟུགས་འཛིན་ཡིད་མངོན་གྱི་ཉེར་ལེན་དེ་དེའི་དངོས་ཀྱི་དེར་ཐལ། དེའི་ཉེར་འབྲས་དེ་དེའི་དངོས་ཀྱི་དེའི་ཕྱིར། དེའི་འབྲས་བུ་ལ་དེའི་ཕྱིར། གཞན་ཡང་། གསལ་བ་དེར་ཐལ། གཟུགས་འཛིན་དབང་མངོན་གྱི་ཉེར་ལེན་དེ་དེའི་དངོས་ཀྱི་དེ་ཡིན་པའི་ཕྱིར། དེའི་རྒྱུ་དེ་དེའི་དངོས་ཀྱི་རྒྱུ་ཡིན་པའི་ཕྱིར། གཞན་ཡང་། གཟུགས་ཀྱི་རྒྱུ་སྐད་ཅིག་དང་པོ་དེ་དེའི་དངོས་ཀྱི་རྒྱུ་ཡིན་པར་ཐལ། གཟུགས་ཀྱི་རྒྱུ་དེ་དེའི་དངོས་རྒྱུ་ཡིན་པ་གང་ཞིག །གཟུགས་ཀྱི་རྒྱུ་དང་གཟུགས་ཀྱི་རྒྱུ་སྐད་ཅིག་དང་པོ་གཉིས་གྲུབ་དུས་མཉམ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གཟུགས་དང་གཟུགས་ཀྱི་རྒྱུ་སྐད་ཅིག་གཉིས་པ་གཉིས་གྲུབ་དུས་མཉམ་པར་ཐལ། དེ་གཉིས་གཟུགས་ཀྱི་རྒྱུ་སྐད་ཅིག་དང་པོའི་དངོས་འབྲས་སུ་མཚུངས་པའི་ཕྱིར། གཟུགས་ཀྱི་རྒྱུ་སྐད་ཅིག་དང་པོ་དེ། དེ་གཉིས་ཀའི་དངོས་རྒྱུར་མཚུངས་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཀྱི་རྒྱུ་སྐད་ཅིག་གཉིས་པ་མ་འགག་གོང་དུ་གཟུགས་གྲུབ་པ་མེད་པའི་ཕྱིར། གཞན་ཡང་། གཟུགས་དང་གཟུགས་ཀྱི་རྒྱུ་སྐད་ཅིག་གཉིས་པ་གྲུབ་དུས་མཉམ་པ་མ་ཡིན་པར་ཐལ། གཟུགས་ཀྱི་རྒྱུ་སྐད་ཅིག་གཉིས་པ་དེ་གཟུགས་ཀྱི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཆོས་ཅན་དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། མ་ཁྱབ་སྟེ། གཟུགས་ཀྱི་དངོས་རྒྱུ་སྐད་ཅིག་གཉིས་པ་ཆོས་ཅན། གཟུགས་ཀྱི་དངོས་རྒྱུ་ཡིན་པར་ཐལ། ཆོས་ཅན་དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། དེ་ཡོད་པའི་ཕྱིར། མ་གྲུབ་ན། དེའི་དངོས་རྒྱུ་དུས་མཐའི་སྐད་ཅིག་མ་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེའི་དངོས་རྒྱུ་ཡིན་ན། དུས་མཐའི་སྐད་ཅིག་མ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་ཀྱི་རྒྱུ་ཆོས་ཅན། ཐལ་ཕྱིར། གཞན་ཡང་ཁོ་ན་རེ། རྣམ་མཁྱེན་གྱི་ཉེར་ལེན་དེ། རྣམ་མཁྱེན་གྱི་དངོས་ཀྱི་ཉེར་ལེན་ཡིན་པར་ཐལ། གཟུགས་འཛིན་ཡིད་མངོན་ལ་དེའི་ཕྱིར། རྟགས་ཁས། འདོད་ན། རྣམ་མཁྱེན་གྱི་ཉེར་ལེན་ལ་གནས་པའི་གང་ཟག་དེ། དེའི་དངོས་ཀྱི་ཉེར་ལེན་ལ་གནས་པའི་གང་ཟག་ཡིན་པར་ཐལ་ལོ། །འདོད་ན། དེའི་ཉེར་ལེན་ལ་གནས་པའི་གང་ཟག་ཆོས་ཅན། རྣམ་མཁྱེན་རྒྱུད་ལ་སྐྱེ་ཁ་མའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། རྒྱུན་མཐའ་བ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། བྱང་སེམས་ཚོགས་ལམ་པ་ཁྱོད་ཡིན་པའི་ཕྱིར། མ་གྲུབ་ན། བྱང་སེམས་ཚོགས་ལམ་པ་དེ་དེར་ཐལ། བྱང་སེམས་ཀྱི་ཚོགས་ལམ་དེ་རྣམ་མཁྱེན་གྱི་ཉེར་ལེན་ཡིན་པའི་ཕྱིར། དེ་དེའི་རྒྱུར་གྱུར་པའི་ཉེར་ལེན་ཡིན་པའི་ཕྱིར། གཞན་ཡང་། རྣམ་མཁྱེན་གྱི་ཉེར་ལེན་དུ་གྱུར་པའི་མཁྱེན་པ་དེ། དེའི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་མཁྱེན་པ་ཡིན་པར་ཐལ། དེའི་ཉེར་ལེན་དེ་དེའི་དངོས་ཀྱི་ཉེར་ལེན་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་གྱི་ཉེར་ལེན་དུ་གྱུར་པའི་མཁྱེན་པ་དེར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། བྱང་སེམས་ཀྱི་ཚོགས་ལམ་དེ་ཁྱོད་ཡིན་པའི་ཕྱིར། མ་གྲུབ་ན། བྱང་སེམས་ཀྱི་ཚོགས་ལམ་དེ་དེར་ཐལ། བྱང་སེམས་ཀྱི་ཚོགས་ལམ་དེ་རྣམ་མཁྱེན་གྱི་ཉེར་ལེན་ཡིན་པའི་ཕྱིར་ཏེ། དེ་དེའི་རྒྱུར་གྱུར་པའི་ཉེར་ལེན་ཡིན་པའི་ཕྱིར། ཁོ་རང་ལ། བྱང་སེམས་ཀྱི་མཐོང་ལམ་སྐད་ཅིག་དང་པོའི་ཉེར་འབྲས་དེ་དེའི་དངོས་ཀྱི་དེར་ཐལ། དེའི་འབྲས་བུ་དེ་དེའི་དངོས་ཀྱི་དེའི་ཕྱིར། འདོད་ན། དེའི་ཉེར་འབྲས་ལ་གནས་པའི་གང་ཟག་དེའི་དངོས་ཀྱི་དེར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲ་བའི་གང་ཟག་ཆོས་ཅན། བྱང་སེམས་ཀྱི་མཐོང་ལམ་སྐད་ཅིག་གཉིས་པ་ལ་གནས་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། བྱང་སེམས་མཐོང་ལམ་སྐད་ཅིག་གསུམ་པ་ལ་གནས་པའི་གང་ཟག་དེ་ཁྱོད་ཡིན་པའི་ཕྱིར། རང་རེས། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་ཡིན་ན། རང་གི་དེ་མ་ཐག་འབྲས་སུ་གྱུར་པའི་གཟུགས་འཛིན་ཡིད་མངོན་ཡོད་པས་ཁྱབ། བྱས་པ་ལ་ཁོ་ན་རེ། མར་མེ་སྐད་ཅིག་ཐ་མའི་གཟུགས་འཛིན་དབང་མངོན་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེའི་རིགས་འདྲར་གྱུར་པའི་གཟུགས་འཛིན་དབང་མངོན་མེད་པའི་ཕྱིར་ཏེ། མར་མེ་སྐད་ཅིག་ཐ་མའི་གཟུགས་ཀྱི་རིགས་འདྲར་གྱུར་པའི་མར་མེའི་གཟུགས་མེད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་འདྲའི་གཟུགས་འཛིན་དབང་མངོན་གྱི་དེ་མ་ཐག་འབྲས་སུ་གྱུར་པའི་གཟུགས་འཛིན་ཡིད་མངོན་ཆོས་ཅན། ཁྱོད་ཀྱི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ཡོད་པར་ཐལ། ཁྱོད་གཟུགས་འཛིན་ཡིད་མངོན་ཡིན་པའི་ཕྱིར། འདོད་ན། དེའི་དམིགས་རྐྱེན་དུ་གྱུར་པའི་མར་མེའི་གཟུགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མར་མེ་སྐད་ཅིག་ཐ་མའི་གཟུགས་ཀྱི་རིགས་འདྲར་གྱུར་པའི་མར་མེའི་གཟུགས་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་ཡིན་ན། རང་གི་དེ་མ་ཐག་འབྲས་སུ་གྱུར་པའི་གཟུགས་འཛིན་ཡིད་མངོན་ཡོད་པས་ཁྱབ་པར་ཐལ། ཐར་ལམ་གསལ་བྱེད་ལས། དབང་མངོན་གྱི་རྗེས་དེར་ཡིད་མངོན་ངེས་པར་སྐྱེ་བའི་ཁྱབ་པ། དཔྱད་པ་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་ཡིད་ཆེས་རྗེས་དཔག་གིས་གྲུབ་བོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ཁོ་རང་ལ། མར་མེ་སྐད་ཅིག་ཐ་མའི་གཟུགས་ཀྱི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་མར་མེའི་གཟུགས་གཟུང་དོན་དུ་བྱེད་པ་ཡང་ཡིན། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་གཟུགས་འཛིན་དབང་མངོན་ཡོད་པར་ཐལ། མར་མེ་སྐད་ཅིག་ཐ་མའི་གཟུགས་གཟུང་དོན་དུ་བྱེད་པ་ཡང་ཡིན། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་ཡང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། མར་མེ་སྐད་ཅིག་ཐ་མའི་གཟུགས་འཛིན་དབང་མངོན་དེ་དེ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་འདྲ་བའི་གཞི་མཐུན་པར་གྱུར་པའི་གཟུགས་འཛིན་དབང་མངོན་ཆོས་ཅན། རང་གི་དེ་མ་ཐག་འབྲས་སུ་གྱུར་པའི་གཟུགས་འཛིན་ཡིད་མངོན་ཡོད་པར་ཐལ། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་གང་ཞིག །རང་གི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ཀྱི་རིགས་འདྲ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། གཉིས་པ་གྲུབ་སྟེ། མར་མེ་སྐད་ཅིག་ཐ་མའི་གཟུགས་ཀྱི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་མར་མེའི་གཟུགས་ཁྱོད་ཀྱི་དམིགས་རྐྱེན་གང་ཞིག །དེའི་རིགས་འདྲ་ཡོད་པའི་ཕྱིར། དང་པོ་དངོས། ཕྱི་མ་གྲུབ་སྟེ། དེའི་རིགས་འདྲ་ཕྱི་མ་ཡོད་པའི་ཕྱིར་ཏེ། མར་མེ་སྐད་ཅིག་ཐ་མའི་གཟུགས་དེའི་རིགས་འདྲ་ཕྱི་མ་ཡིན་པའི་ཕྱིར། དེའི་དངོས་ཀྱི་ཉེར་འབྲས་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་གཞི་མཐུན་པར་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་དེ་མ་ཐག་འབྲས་སུ་གྱུར་པའི་གཟུགས་འཛིན་ཡིད་མངོན་ཆོས་ཅན། ཁྱོད་ཀྱི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ཡོད་པར་ཐལ། ཁྱོད་གཟུགས་འཛིན་ཡིད་མངོན་ཡིན་པའི་ཕྱིར། འདོད་ན། དེའི་དམིགས་རྐྱེན་དུ་གྱུར་པའི་མར་མེའི་གཟུགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མར་མེ་སྐད་ཅིག་ཐ་མའི་གཟུགས་གཟུང་དོན་དུ་བྱེད་པའི་གཟུགས་འཛིན་ཡིད་མངོན་ཡོད་པར་ཐལ་ལོ། །འདོད་ན། མར་མེ་སྐད་ཅིག་ཐ་མའི་གཟུགས་གཟུང་དོན་དུ་བྱེད་པའི་གཟུགས་འཛིན་ཡིད་མངོན་དང་། དེ་འཛིན་པའི་དབང་མངོན་གཉིས་གྲུབ་དུས་མཉམ་པར་ཐལ། དེ་གཉིས་མར་མེ་སྐད་ཅིག་ཐ་མའི་གཟུགས་དེའི་དངོས་འབྲས་སུ་མཚུངས་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། གཟུགས་འཛིན་དབང་མངོན་མ་རྫོགས་གོང་དུ་དེ་འཛིན་པའི་ཡིད་མངོན་གྲུབ་པ་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མ་ཁྱབ་ཟེར་ན། གཟུགས་གཟུང་དོན་དུ་བྱེད་པའི་གཟུགས་འཛིན་ཡིད་མངོན་ཡོད་པར་ཐལ། མར་མེ་སྐད་ཅིག་ཐ་མའི་གཟུགས་གཟུང་དོན་དུ་བྱེད་པའི་གཟུགས་འཛིན་ཡིད་མངོན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། དེ་འདྲ་བའི་གཟུགས་འཛིན་ཡིད་མངོན་དང་གཟུགས་འཛིན་དབང་མངོན་གཉིས་གྲུབ་དུས་མཉམ་པར་ཐལ། དེ་གཉིས་གཟུགས་ཀྱི་དངོས་འབྲས་སུ་མཚུངས་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་འཛིན་དབང་མངོན་སྐད་ཅིག་གསུམ་པ་མ་རྫོགས་གོང་དུ་གཟུགས་འཛིན་ཡིད་མངོན་གྲུབ་པ་མེད་པའི་ཕྱིར། རང་རེས། མར་མེ་སྐད་ཅིག་ཐ་མའི་གཟུགས་འཛིན་ཡིད་མངོན་ཡོད་བྱས་པ་ལ་ཁོ་ན་རེ། འོ་ན། མར་མེ་སྐད་ཅིག་དང་པོའི་གཟུགས་འཛིན་པའི་ཡིད་མངོན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚུར་མཐོང་གི་རྒྱུད་ཀྱི་དེ་ཡོད་པར་ཐལ་ལོ། །འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ཡོད་པར་ཐལ། ཁྱོད་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ཡིན་པའི་ཕྱིར། འདོད་ན། མར་མེའི་གཟུགས་སྐད་ཅིག་དང་པོའི་ཉེར་ལེན་དུ་གྱུར་པའི་གཟུགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཉེར་ལེན་དུ་གྱུར་པའི་མར་མེའི་གཟུགས་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་དུ་གྱུར་པའི་མར་མེའི་གཟུགས་མེད་པར་ཐལ། ཁྱོད་མར་མེའི་གཟུགས་སྐད་ཅིག་དང་པོ་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། མར་མེའི་གཟུགས་སྐད་ཅིག་དང་པོ་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་དུ་གྱུར་པའི་གཟུགས་ཡོད་པར་ཐལ། ཁྱོད་ཀྱི་ཉེར་ལེན་དུ་གྱུར་པའི་བེམ་པོ་ཡོད་པ་གང་ཞིག །ཁྱོད་གཟུགས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་ཀྱི་ཉེར་ལེན་ཡོད་པ་གང་ཞིག །ཁྱོད་བེམ་པོ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། འདུས་བྱས་ཡིན་པའི་ཕྱིར། གཞན་ཡང་། རྣམ་མཁྱེན་སྐད་ཅིག་དང་པོའི་ཉེར་ལེན་དུ་གྱུར་པའི་རྣམ་མཁྱེན་མེད་པར་ཐལ། དེ་འདྲའི་མར་མེའི་གཟུགས་མེད་པ་དེའི་ཕྱིར། རྟགས་ཁས། འདོད་ན། དེའི་ཉེར་ལེན་དུ་གྱུར་པའི་ཤེས་པ་མེད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེའི་དེར་གྱུར་པའི་རྒྱུན་མཐའི་ཡེ་ཤེས་ཡོད་པའི་ཕྱིར་ཏེ། དེ་ཐོབ་བྱར་བྱེད་པའི་བྱང་སེམས་རྒྱུན་མཐའ་བ་ཡོད་པ་གང་ཞིག །དེ་དེའི་ཉེར་ལེན་དུ་གྱུར་པའི་དེ་ཐོབ་བྱར་བྱེད་པའི་རྒྱུན་མཐའ་བའི་རྒྱུད་ཀྱི་རྒྱུན་མཐའི་ཡེ་ཤེས་ཀྱི་རྫས་རྒྱུན་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་ཀྱི་ཉེར་ལེན་དུ་གྱུར་པའི་ཁྱོད་ཐོབ་བྱར་བྱེད་པའི་རྒྱུན་མཐའ་བའི་རྒྱུད་ཀྱི་ཡེ་ཤེས་ཀྱི་རྫས་རྒྱུན་དུ་ཐལ། ཁྱོད་རྣམ་མཁྱེན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སངས་རྒྱས་ཡིན་པའི་ཕྱིར། རྐྱེན་གསུམ་ལ་ཁ་ཅིག་ན་རེ། གཟུགས་འཛིན་ཡིད་མངོན་གྱི་བདག་རྐྱེན་དང་། དེའི་དེ་མ་ཐག་རྐྱེན་གཉིས་འགལ་ལོ་ཟེར་ན། དེ་མི་འཐད་པར་ཐལ། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་དེ་གཉིས་ཀ་ཡིན་པའི་ཕྱིར། དེ་སྐད་ཅིག་ཐ་མ་དེ། དེ་རང་དབང་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རིག་པ་དང་། དེ་མྱོང་བ་གསལ་རིག་ཏུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རིག་པ་གཉིས་ཀ་ཡིན་པའི་ཕྱིར། ཐར་ལམ་གསལ་བྱེད་ལས། དབང་མངོན་སྐད་ཅིག་ཐ་མ་དེ་ལ་ཡོད་པའི་ཡིད་མངོན་རང་དབང་དུ་སྐྱེད་པའི་ཆ་བདག་རྐྱེན་དང་། མྱོང་བར་སྐྱེད་པའི་ཆ་དེ་མ་ཐག་རྐྱེན་གཉིས་རྫས་གཅིག་ལ་ལྡོག་པ་འགལ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་རང་རེས། གཟུགས་འཛིན་ཡིད་མངོན་གྱི་བདག་རྐྱེན་དང་། དེའི་དེ་མ་ཐག་རྐྱེན་གཉིས་ཡིན་ཁྱབ་མཉམ་ཡིན། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་ཚོར་བ་ཆོས་ཅན། གཟུགས་འཛིན་ཡིད་མངོན་གྱི་བདག་རྐྱེན་དུ་ཐལ། གཅིག་ཤོས་དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཡིད་དབང་དུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། གཟུགས་འཛིན་ཡིད་མངོན་ཆོས་ཅན། ཁྱོད་ཀྱི་བདག་རྐྱེན་ཡིན་ན། ཡིད་དབང་ཡིན་དགོས་པར་ཐལ། ཁྱོད་ཡིད་ཀྱི་ཤེས་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་ན། དེ་ཆོས་ཅན། གཙོ་སེམས་དུ་ཐལ། འདོད་པའི་ཕྱིར་ཟེར་ན། ཁོ་རང་ལ། བྱང་སེམས་འཕགས་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། ཁྱོད་ཀྱི་བདག་རྐྱེན་ཡིན་ན། ཡིད་དབང་ཡིན་དགོས་པར་ཐལ། ཁྱོད་ཡིད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ཤེས་པ་གང་ཞིག །ཤེས་པ་ལ་ཡིད་ཀྱི་ཤེས་པ་དང་། དབང་ཤེས་གཉིས་སུ་གྲངས་ངེས་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་བདག་རྐྱེན་དུ་གྱུར་པའི་སེམས་བྱུང་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། དེ་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། གཞན་ཡང་། གཟུགས་འཛིན་དབང་མངོན་གྱི་བདག་རྐྱེན་ཡིན་ན། དབང་པོ་གཟུགས་ཅན་པ་ཡིན་དགོས་པར་ཐལ། ཡིད་མངོན་གྱི་བདག་རྐྱེན་ཡིན་ན། ཡིད་དབང་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པའི་བདག་རྐྱེན་དུ་གྱུར་པའི་ཤེས་པ་ཡོད་པའི་ཕྱིར། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་དེ་དེ་ཡིན་པའི་ཕྱིར། གཞན་ཡང་། མར་མེ་སྐད་ཅིག་ཐ་མའི་གཟུགས་འཛིན་པའི་དབང་མངོན་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་ཡིན་ཟེར་ན། སངས་འཕགས་ཀྱི་རྒྱུད་ལ་མར་མེ་སྐད་ཅིག་ཐ་མའི་གཟུགས་འཛིན་དབང་མངོན་མེད་པར་ཐལ། དེ་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་གང་ཞིག །སངས་འཕགས་ཀྱི་རྒྱུད་ལ་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་མེད་པའི་ཕྱིར། འདོད་ན། སངས་འཕགས་ཀྱི་རྒྱུད་ལ་མར་མེ་སྐད་ཅིག་ཐ་མའི་གཟུགས་འཛིན་པའི་དབང་མངོན་ཡོད་པར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་མར་མེ་སྐད་ཅིག་ཐ་མ་འཛིན་པའི་དབང་མངོན་དེ་དེ་ཡིན་པའི་ཕྱིར་ཏེ། དེས་མར་མེ་སྐད་ཅིག་ཐ་མའི་གཟུགས་བཟུང་བའི་ཕྱིར། གཞན་ཡང་། མར་མེ་སྐད་ཅིག་མ་དང་པོའི་གཟུགས་འཛིན་པའི་ཡིད་མངོན་ཡོད་པར་ཐལ། བྱང་འཕགས་ཀྱི་རྒྱུད་ལ་དེ་ཡོད་པའི་ཕྱིར་ཏེ། བྱང་འཕགས་ཀྱི་རྒྱུད་ཀྱི་མར་མེའི་གཟུགས་འཛིན་པའི་ཡིད་མངོན་དེ། མར་མེ་སྐད་ཅིག་དང་པོའི་གཟུགས་འཛིན་པའི་ཡིད་མངོན་ཡིན་པའི་ཕྱིར་ཏེ། དེས་མར་མེ་སྐད་ཅིག་དང་པོའི་གཟུགས་བཟུང་བའི་ཕྱིར། གཞན་ཡང་། དུས་མཐའི་སྐད་ཅིག་མ་ཡིན་ན། རང་གི་རིགས་འདྲ་མེད་པས་ཁྱབ་ཟེར་ན། དེ་ལ་གཟུགས་འཛིན་ཡིད་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་ཆོས་ཅན། ཁྱོད་ཀྱི་རིགས་འདྲ་མེད་པར་ཐལ། ཁྱོད་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། གཟུགས་འཛིན་ཡིད་མངོན་དེ་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་དེ་དེའི་རིགས་འདྲ་ཡིན་པའི་ཕྱིར་ཏེ། དེ་དེའི་རིགས་འདྲ་སྔ་མ་ཡིན་པའི་ཕྱིར། སྐྱེ་ཚུལ་ལ་ཁ་ཅིག་ན་རེ། གཟུགས་འཛིན་ཡིད་མངོན་དེ། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་རྒྱུན་མཐར་སྐྱེས་ཟེར་བ་དང་། དུས་མཐའི་སྐད་ཅིག་མ་ཡིན་ན། ཁྱོད་ཀྱི་རྒྱུན་མེད་པས་ཁྱབ་ཟེར་བ་ནང་འགལ་ཏེ། འོ་ན། གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་ཆོས་ཅན། ཁྱོད་ཀྱི་རྒྱུན་མེད་པར་ཐལ། ཁྱོད་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། གཟུགས་འཛིན་ཡིད་མངོན་དེ་དེ་ཡིན་པའི་ཕྱིར། འདོད་ན། དེ་འདྲ་བའི་གཟུགས་འཛིན་དབང་མངོན་གྱི་རྒྱུན་ཡོད་པར་ཐལ། དེའི་རྒྱུན་གྱི་མཐའ་ཡོད་པའི་ཕྱིར་ཏེ། གཟུགས་འཛིན་ཡིད་མངོན་དེ་དེའི་རྒྱུན་གྱི་མཐར་སྐྱེ་བ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་འཛིན་ཡིད་མངོན་དེ་གཟུགས་འཛིན་དབང་མངོན་གྱི་རྒྱུན་རྫོགས་པའི་མཐར་སྐྱེ་བ་ཡིན་ནོ་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། གཟུགས་འཛིན་དབང་མངོན་གྱི་རྒྱུན་རྫོགས་པ་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེའི་རྒྱུན་ཆད་པ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་རྒྱུན་ཆད་པ་ཡོད་པར་ཐལ་ལོ། །འདོད་ན། སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་པ་ཡོད་པར་ཐལ་ལོ། །ཁ་ཅིག་ན་རེ། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་རྒྱུན་ཆད་པ་མེད་ཀྱང་། གཟུགས་འཛིན་དབང་མངོན་རྒྱུན་ཆད་པ་ཡོད་དེ། དབང་མངོན་རྒྱུན་ཆད་པ་ཡོད་པའི་ཕྱིར་ཏེ། གཟུགས་རྒྱུན་ཆད་པ་ཡོད་པའི་ཕྱིར་ཏེ། གཟུགས་མེད་པའི་གང་ཟག་དེ་གཟུགས་རྒྱུན་ཆད་པའི་གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེ་དང་བྲལ་བའི་གང་ཟག་ཡིན་པའི་ཕྱིན་ན་མ་ཁྱབ། འོ་ན། ཁོ་རང་ལ། གཟུགས་མེད་པའི་གང་ཟག་དེ་སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་རྒྱུན་ཆད་པའི་གང་ཟག་ཏུ་ཐལ། དེ་དེའི་རྒྱུད་ཀྱི་དེ་དང་བྲལ་བའི་དེ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་རྒྱུན་ཆད་པ་ཡོད་པར་ཐལ་ལོ། །དེར་ཡང་མ་ཟད་གཟུགས་མེད་པའི་གང་ཟག་དེ་སངས་འཕགས་ཀྱི་རྒྱུད་ཀྱི་དབང་མངོན་རྒྱུན་ཆད་པའི་གང་ཟག་ཏུ་ཐལ། དེ་དེའི་རྒྱུད་ཀྱི་དབང་མངོན་དང་བྲལ་བའི་དེ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་རྒྱུད་ལ་འཇུག་འགྱུར་གྱི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག །གཟུགས་འཛིན་ཡིད་མངོན་དེ། གཟུགས་འཛིན་དབང་མངོན་གྱི་རྒྱུན་མཐར་དངོས་སུ་སྐྱེས་ཀྱང་། དེ་དེའི་རྒྱུན་མཐའ་ཁོ་ནར་མི་སྐྱེའོ་ཟེར་ན། དེ་དེའི་རྒྱུན་མཐའ་ཁོ་ནར་སྐྱེ་བར་ཐལ། དེ་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མའི་དུས་ཁོ་ནར་སྐྱེ་བ་ཡིན་པའི་ཕྱིར་ཏེ། དེ་དེའི་དུས་སུ་སྐྱེ། དེ་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོའི་དུས་སུ་མི་སྐྱེ་བའི་ཕྱིར། དང་པོ་གྲུབ་སྟེ། དེ་དེའི་རྒྱུན་མཐར་སྐྱེ་བ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། དུ་བ་དེ་བུད་ཤིང་གི་དུས་སུ་སྐྱེ་བར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དུ་བ་དེ་དེའི་དུས་སུ་སྐྱེ་བཞིན་པ་ཡིན་པར་ཐལ་ལོ། །འདོད་ན། མེ་དེ་དེའི་དུས་སུ་འགག་བཞིན་པ་ཡིན་པར་ཐལ། འདོད་པ་གང་ཞིག །དུ་བ་སྐྱེ་བཞིན་པ་དང་མེ་འགག་བཞིན་པ་གཉིས་དུས་མཉམ་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མེ་དུ་བའི་དུས་སུ་སྐྱེ་བ་ཡིན་པར་ཐལ། བུད་ཤིང་དུ་བའི་དུས་སུ་འགག་པ་གང་ཞིག །མེ་སྐྱེ་བ་དང་བུད་ཤིང་འགག་པ་དུས་མཉམ་པའི་ཕྱིར། ཁྱབ་པ་ཁས་ཟེར་ན། མི་འགྲིག་གོ །གཞན་ཡང་། ཁོ་ན་རེ། དུ་བ་བུད་ཤིང་ལས་སྐྱེས་པའི་དུས་མེད་པར་ཐལ། དུ་བ་བུད་ཤིང་གི་དུས་སུ་ཡང་བུད་ཤིང་ལས་མ་སྐྱེས། དུ་བའི་དུས་སུ་ཡང་དེ་ལས་མ་སྐྱེས་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། བུད་ཤིང་དང་དུ་བ་གཉིས་རྫས་ཐ་དད་པའི་དུས་མེད་པར་ཐལ། བུད་ཤིང་གི་དུས་སུ་ཡང་དེ་གཉིས་རྫས་ཐ་དད་མ་ཡིན། དུ་བའི་དུས་སུ་ཡང་དེ་གཉིས་རྫས་ཐ་དད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། རྩ་བའི་དམ་བཅའ་མི་འཐད་པར་ཐལ། གཟུགས་འཛིན་དབང་མངོན་གྱི་རྒྱུན་མཐའ་ཁོ་ནར་དངོས་སུ་སྐྱེ་ན། དེའི་རྒྱུན་མཐའ་ཁོ་ནར་སྐྱེས་དགོས་པའི་ཕྱིར་ཏེ། དུས་དེར་དངོས་སུ་སྐྱེ་བཞིན་པ་ཡིན་ན། དུས་དེར་སྐྱེ་བཞིན་པ་ཡིན་དགོས་པའི་ཕྱིར་ཏེ། དུས་དེར་དངོས་སུ་འགག་བཞིན་པ་ཡིན་ན། དུས་དེར་འགག་བཞིན་པ་ཡིན་དགོས་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་འཛིན་དབང་མངོན་གཟུགས་འཛིན་དབང་མངོན་གྱི་རྒྱུན་འགག་རྗེས་སུ་སྐྱེ་བ་ཡིན་ནོ་ཟེར་ན། དེ་དེ་འཛིན་དབང་མངོན་སྐད་ཅིག་ཐ་མ་འགགས་རྗེས་སུ་སྐྱེ་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དེ་འཛིན་དབང་མངོན་སྐད་ཅིག་ཐ་མ་འགགས་པ་དང་དུས་མཉམ་དུ་སྐྱེ་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། དུ་བ་དེ་མེ་མ་འགག་གོང་དུ་གྲུབ་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན། དུ་བ་དེ་མེ་མ་འགག་གོང་དུ་སྐྱེས་པར་ཐལ། དེ་མེའི་གནས་སྐབས་སུ་སྐྱེས་པ་ཡིན་པའི་ཕྱིར་ཏེ། དེ་མེའི་དུས་སུ་སྐྱེ་བ་ཡིན་པའི་ཕྱིར། དེ་དེའི་དུས་སུ་སྐྱེ་བཞིན་པ་ཡིན་པའི་ཕྱིར། གཞན་ཡང་། གཟུགས་འཛིན་ཡིད་མངོན་དེ། གཟུགས་འཛིན་དབང་མངོན་རྒྱུན་འགགས་རྗེས་སུ་མི་སྐྱེ་བར་ཐལ། གཟུགས་འཛིན་ཡིད་མངོན་གྱི་རྒྱུན་དེ་གཟུགས་འཛིན་ཡིད་མངོན་གྱི་སྔ་ལོགས་སུ་གྲུབ་པའི་ཕྱིར་ཏེ། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་དེ་གཟུགས་འཛིན་ཡིད་མངོན་གྱི་སྔ་ལོགས་སུ་གྲུབ་པ་གང་ཞིག །གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་དེ་དེ་འཛིན་དབང་མངོན་གྱི་རྒྱུན་ཐ་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་ཡིད་མངོན་དེ་དེ་འཛིན་དབང་མངོན་གྱི་རྒྱུན་འགགས་རྗེས་སུ་སྐྱེ་བར་ཐལ། དེ་དེའི་རྒྱུན་རྫོགས་རྗེས་སུ་སྐྱེ་བའི་ཕྱིར། ཐར་ལམ་གསལ་བྱེད་ལས། དབང་མངོན་རྒྱུན་རྫོགས་པའི་རྗེས་དེར། ཞེས་སོགས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གཟུགས་འཛིན་ཡིད་མངོན་དེ་དེ་འཛིན་པའི་དབང་མངོན་གྱི་རྒྱུན་གྱི་མཐར་སྐྱེ་བ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་ཡིད་མངོན་དེ་དེ་འཛིན་དབང་མངོན་གྱི་རྒྱུན་མ་ཡིན་པར་ཐལ། དེ་དེ་འཛིན་དབང་མངོན་གྱི་རྒྱུན་མཐར་སྐྱེ་བའི་ཕྱིར། འདོད་ན། གཟུགས་འཛིན་ཡིད་མངོན་ཆོས་ཅན། གཟུགས་འཛིན་དབང་མངོན་གྱི་རྒྱུན་ཡིན་པར་ཐལ། དེའི་རྫས་རྒྱུན་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེའི་ཉེར་འབྲས་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། རྣམ་མཁྱེན་ཆོས་ཅན། ས་བཅུ་པའི་ཡེ་ཤེས་ཀྱི་རྒྱུན་ཡིན་པར་ཐལ། དེའི་རྫས་རྒྱུན་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་དེའི་ཉེར་འབྲས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྒྱུན་མཐའི་ཡེ་ཤེས་དེ་ས་བཅུ་པའི་ཡེ་ཤེས་ཀྱི་རྒྱུན་གྱི་ཐ་མ་ཡིན་པའི་ཕྱིར་ཏེ། དེ་དེའི་རིགས་འདྲ་ཕྱི་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་གྱི་རྫས་རྒྱུན་ཡིན་ན། དེའི་རྒྱུན་མ་ཡིན་དགོས་པར་ཐལ། དེ་ཡིན་ན་དེ་ཡིན་པས་མ་ཁྱབ་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་འཛིནདབང་མངོན་སྐད་ཅིག་དང་པོའི་རྒྱུན་ཡིན་ན། དེའི་རྒྱུན་མ་ཡིན་དགོས་པར་ཐལ་ལོ། །འདོད་ན། གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེའི་ཉེར་འབྲས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་དེའི་རིགས་རྒྱུན་ཡིན་པའི་ཕྱིར་ཏེ། དེ་དེའི་རིགས་རྒྱུན་ཕྱི་མ་ཡིན་པའི་ཕྱིར་ཏེ། དེ་དེ་འདྲ་ཕྱི་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དང་པོར་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་སྐྱེས། དེའི་རྗེས་སུ་གཟུགས་འཛིན་ཡིད་མངོན་སྐད་ཅིག་དང་པོ་སྐྱེས། དེའི་རྗེས་སུ་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་སྐྱེས་པ་ནས་བཟུང་སྟེ། སྤེལ་མར་སྐྱེ་བ་ཡིན་ནོ་ཟེར་ན། དེ་ལ་རིགས་གཏེར་ལས། སྤེལ་མ་དང་ནི་རྒྱུན་གྱི་མཐའ། །གཉིས་ཀ་ལ་ཡང་གནོད་བྱེད་ཡོད། །ཅེས་གསུངས་པའི་ཕྱིར། དེའི་དོན་དུ་བསམས་ནས། རིགས་གཏེར་གྱི་རྗེས་འབྲང་ཁ་ཅིག་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་ཡིད་གཉིས་ལ་ངེས་དཀའི་སླའི་ཁྱད་པར་མེད་པར་ཐལ། སྐྱེ་ཚུལ་དེ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། ཚུར་མཐོང་དེས་རང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ངེས་ནུས་ཀྱང་། དེས་རང་གི་རྒྱུད་ཀྱི་དེ་འཛིན་པའི་ཡིད་མངོན་ངེས་མི་ནུས་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་ཡིད་མངོན་ལ་རྒྱུན་མེད་པའི་ཕྱིར་ཏེ། ཡིད་དབང་ལ་རྒྱུན་མེད་པས་ཡིད་དབང་སྔ་མ་ལས་ཡིད་དབང་ཕྱི་མ་མི་འབྱུང་བའི་ཕྱིར་ཏེ། རིགས་གཏེར་ལས། ཡིད་དབང་ལས་ནི་ཡིད་དབང་མིན། །དེ་ཡི་ཕྱིར་ན་དེ་རྒྱུན་མིན། །ཞེས་གསུངས་པའི་ཕྱིར་ཞེ་ན། ཡིད་དབང་ལ་རྒྱུན་ཡོད་པར་ཐལ། རྣམ་པར་ཤེས་པ་ལ་རྒྱུན་ཡོད་པའི་ཕྱིར་ཏེ། དབང་པོའི་རྣམ་པར་ཤེས་པ་ལ་རྒྱུན་ཡོད་པའི་ཕྱིར། རིགས་གཏེར་ལས། དབང་པོ་གཟུགས་ཅན་ལས་དབང་སྐྱེས། །དེ་ནི་དབང་ཤེས་རྒྱུན་བཅས་ཡིན། །ཞེས་གསུངས་པའི་ཕྱིར། རང་ལུགས་ཀྱི་སྐྱོན་ནི། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་དེ། གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པའི་དངོས་རྒྱུ་མ་ཡིན་པར་ཐལ། དེ་གཉིས་ཀྱི་བར་དུ་གཟུགས་འཛིན་ཡིད་མངོན་སྐད་ཅིག་དང་པོས་ཆོད་པའི་སྐྱེ་ཚུལ་དེ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དབང་ཤེས་སྐད་ཅིག་དང་པོ་དེ། དེ་སྐད་ཅིག་གཉིས་པའི་དངོས་རྒྱུ་ཡིན་པའི་ཕྱིར་ཏེ། དབང་པོ་གཟུགས་ཅན་པ་སྐད་ཅིག་གཉིས་པའི་དངོས་རྒྱུ་ཡིན་པའི་ཕྱིར་ཏེ། དེ་སྐད་ཅིག་གཉིས་པའི་དངོས་རྒྱུར་གྱུར་པའི་དབང་པོ་གཟུགས་ཅན་པ་ཡོད་པའི་ཕྱིར། ཡང་རིགས་གཏེར་གྱི་རྗེས་འབྲང་ཁ་ཅིག་ན་རེ། དང་པོ་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་སྐྱེས། དེས་དེ་མ་ཐག་རྐྱེན་བྱས། དེ་དང་དུས་མཉམ་དུ་གྱུར་པའི་གཟུགས་ཀྱི་དམིགས་རྐྱེན་བྱས་པ་ལ་བརྟེན་ནས་གཟུགས་འཛིན་ཡིད་མངོན་སྐད་ཅིག་དང་པོ། དེ་འཛིན་པའི་དབང་མངོན་སྐད་ཅིག་གཉིས་པ། དེ་གཉིས་ཉམས་སུ་མྱོང་བའི་རང་རིག་གསུམ་གཅིག་ཆར་དུ་སྐྱེ་བ་ཡིན་ལ། སྐྱེ་ཚུལ་འདི་ལ། མངོན་སུམ་འགྲོས་གསུམ་པ། །ཞེས་གསུངས་པ་སྟེ། ཕྱི་ལྟས་སུ་དོན་རིག་གི་འགྲོས་གཉིས་དང་། ནང་ལྟས་སུ་རང་རིག་གི་འགྲོས་གཅིག་ཏུ་སྐྱེ་བ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་རིག་གཏེར་ལས། དེས་ན་མངོན་སུམ་འགྲོས་གསུམ་པ། །ཞེས་གསུངས་པའི་ཕྱིར་ཞེ་ན། སེམས་ཅན་གཅིག་གི་རྒྱུད་ལ་ཡིད་ཀྱི་རྣམ་པར་ཤེས་པ་རིགས་མཐུན་རྫས་ཐ་དད་པ་དུ་མ་མངོན་གྱུར་དུ་གཅིག་ཆར་དུ་སྐྱེ་བ་ཡོད་པར་ཐལ། སེམས་ཅན་གཅིག་གི་རྒྱུད་ལ་གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པ་སྐད་ཅིག་གཉིས་པ་དང་དུས་མཉམ་དུ་གྱུར་པའི་གཟུགས་འཛིན་ཡིད་ཀྱི་རྣམ་པར་ཤེས་པ་སྐད་ཅིག་དང་པོ་སྐྱེ་བ་ནས་བཟུང་སྟེ། རེག་བྱ་འཛིན་པའི་དབང་པོའི་རྣམ་པར་ཤེས་པ་སྐད་ཅིག་གཉིས་པ་དང་དུས་མཉམ་དུ་གྱུར་པའི་རེག་བྱ་འཛིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐད་ཅིག་དང་པོའི་བར་ལྔ་གཅིག་ཆར་དུ་སྐྱེ་བ་ཡོད་པའི་ཕྱིར་ཏེ། སྐྱེ་ཚུལ་དེ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། མདོ་ལས། སེམས་ཅན་རྣམས་ནི་རྣམ་པར་ཤེས་པ་རྒྱུན་རེ་རེ་བའོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སེམས་ཅན་གཅིག་གི་རྒྱུད་ལ་ཡིད་ཀྱི་རྣམ་པར་ཤེས་པ་རིགས་མཐུན་རྫས་ཐ་དད་པ་དུ་མ་མངོན་གྱུར་དུ་སྐྱེ་བ་ཡོད་པར་ཐལ། སེམས་ཅན་གཅིག་གི་རྒྱུད་ལ་འཇུག་ཤེས་དྲུག་ཉམས་སུ་མྱོང་བའི་རང་རིག་དྲུག་མངོན་གྱུར་དུ་གཅིག་ཆར་དུ་སྐྱེ་བ་ཡོད་པ་གང་ཞིག །རང་རིག་ཡིན་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་དགོས་པའི་ཕྱིར། རྟགས་འབུད་དོ་ཟེར་ན། གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པ་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། ཁྱོད་ཀྱི་འཁོར་དུ་གྱུར་པའི་སེམས་བྱུང་དེ་རང་རིག་ཡིན་པར་ཐལ། ཁྱོད་ཀྱི་དེར་གྱུར་པའི་སེམས་བྱུང་ཡོད་པ་གང་ཞིག །ཁྱོད་རང་རིག་ཡིན་པའི་ཕྱིར། འདོད་ན། དེའི་འཁོར་དུ་གྱུར་པའི་སེམས་བྱུང་ཆོས་ཅན། རྣམ་པར་ཤེས་པ་ཡིན་པར་ཐལ། རང་རིག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། གཙོ་སེམས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སེམས་བྱུང་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སེམས་ཅན་གཅིག་གི་རྒྱུད་ལ་ཡིད་ཀྱི་རྣམ་པར་ཤེས་པ་རིགས་མཐུན་རྫས་ཐ་དད་པ་དུ་མ་མངོན་གྱུར་དུ་གཅིག་ཆར་དུ་སྐྱེ་བ་ཡོད་པར་ཐལ། སེམས་ཅན་གཅིག་གི་རྒྱུད་ལ་ཡིད་ཀྱི་རྣམ་པར་ཤེས་པ་རིགས་མི་མཐུན་རྫས་ཐ་དད་པ་དུ་མ་མངོན་གྱུར་དུ་གཅིག་ཆར་དུ་སྐྱེ་བ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སེམས་ཅན་གཅིག་གི་རྒྱུད་ལ་འཇུག་ཤེས་དྲུག་ཉམས་སུ་མྱོང་བའི་རང་རིག་དྲུག་མངོན་གྱུར་དུ་གཅིག་ཆར་དུ་སྐྱེ་བ་ཡོད་པ་གང་ཞིག །རང་རིག་ཡིན་ན། ཡིད་ཀྱི་ཤེས་པ་ཡིན་དགོས་པའི་ཕྱིར་ཟེར་ན། ཁོ་རང་ལ། དངོས་པོ་དེ་ལས་སྐྱེས་པའི་བློ། །ཐམས་ཅད་གཅིག་ཆར་འབྱུང་བར་འགྱུར། །ཞེས་གསུངས་པ་མི་འཐད་པར་ཐལ། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་དང་། དེ་འཛིན་དབང་མངོན་སྐད་ཅིག་གཉིས་པ་གཉིས་གཟུང་དོན་གཅིག་ཉིད་ལས་སྐྱེས་པའི་ཕྱིར་ཏེ། སྐྱེ་ཚུལ་དེ་འཐད་པའི་ཕྱིར། གཞན་ཡང་། ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད། །ཅེས་གསུངས་པ་མི་འཐད་པར་ཐལ། གཟུགས་འཛིན་ཡིད་མངོན་དེས། རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་ལས་གཞན་པའི་རང་གི་གཟུང་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་མི་འཛིན་པའི་ཕྱིར་ཏེ། གཟུགས་འཛིན་ཡིད་མངོན་སྐད་ཅིག་དང་པོ་དང་། དེ་འཛིན་པའི་དབང་མངོན་སྐད་ཅིག་གཉིས་པ་གཉིས་གཟུང་དོན་གཅིག་ཉིད་ལས་སྐྱེས་པའི་ཕྱིར། རྟགས་ཁས། ཁ་ཅིག་ན་རེ། ཡིད་ནི་ཡུལ་གཞན། ཞེས་སོགས་ཀྱི་དོན་དུ་བསམས་ནས། གཞུང་དེའི་སྐབས་ནས་དངོས་སུ་བསྟན་པའི་ཡིད་མངོན་ཡིན་ན། སྣང་ལ་མ་ངེས་ཀྱི་བློ་ཡིན་པས་ཁྱབ་ཟེར་ན། གཟུགས་འཛིན་ཡིད་མངོན་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་དབང་མངོན་ལས་བྱུང་བ་གང་ཞིག །གཞུང་དེས་གཟུགས་འཛིན་ཡིད་མངོན་དངོས་སུ་བསྟན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཚད་མ་ཡིན་པའི་ཕྱིར་ཏེ། དེའི་གཞལ་བྱ་ཡོད་པའི་ཕྱིར་ཏེ། གཟུགས་འཛིན་པའི་དབང་མངོན་གྱི་གཞལ་བྱ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་ཡིད་མངོན་ཚད་མ་ཡིན་ན། འཕགས་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ཡིན་དགོས་པར་ཐལ། སོ་སྐྱེའི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་ཚད་མ་མེད་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་འཛིན་ཡིད་མངོན་ཆོས་ཅན། ཐལ་ཕྱིར། གཞན་ཡང་། གཟུགས་འཛིན་པའི་ཡིད་མངོན་གཟུགས་འཛིན་ཡིད་མངོན་ཡིན་པར་ཐལ། གཟུགས་འཛིན་པའི་ཡིད་མངོན་གྱི་གཞལ་བྱ་ཡོད་ན། གཟུགས་འཛིན་ཡིད་མངོན་གྱི་གཞལ་བྱ་ཡོད་དགོས་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། སངས་འཕགས་ཀྱི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེ་ཡང་གཟུགས་འཛིན་པའི་ཡིད་མངོན་ཡིན་པའི་ཕྱིར། །

རང་ལུགས་ཀྱི་ཡིད་མངོན་གྱི་མཚན་ཉིད་དང་སྐྱེ་ཚུལ་སོགས་བཤད་པ།

༈ རང་ལུགས་བཞག་པ་ལ། ཡིད་མངོན་ལ་མཚན་ཉིད། དབྱེ་བ། རྐྱེན་གསུམ། སྐྱེ་ཚུལ། ཡིད་མངོན་སྒྲུབ་བྱེད་ཀྱི་ལུང་ངོས་བཟུང་བ་དང་ལྔ། དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་ལ་བརྟེན་ནས་བྱུང་བའི་རིག་པ་དེ། ཡིད་ཀྱི་ཤེས་པའི་མཚན་ཉིད་ཡིན། དེ་ལ་དབྱེ་ན། རྟོག་པ་དང་། ཡིད་མངོན་གཉིས། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ། ཡིད་མངོན་གྱི་མཚན་ཉིད། དེ་ལ་དབྱེ་ན། གཟུང་དོན་ཅན་གྱི་ཡིད་མངོན་དང་། གཟུང་དོན་ཅན་མ་ཡིན་པའི་དེ་གཉིས། རང་གི་གཟུང་དོན་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པར་འགྱུར་པའི་ཡིད་མངོན། དང་པོའི་མཚན་ཉིད། མཚན་གཞི། གཟུགས་འཛིན་ཡིད་མངོན་ལ་སོགས་པ་ལྟ་བུ་ལ་བྱེད། རང་གི་གཟུང་དོན་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པ་མ་ཡིན་པར་གྱུར་པའི་ཡིད་མངོན་དེ་གཉིས་པའི་མཚན་ཉིད། མཚན་གཞི་མངོན་ཤེས་དྲུག་ལ་སོགས་པ་ལྟ་བུ་ལ་བྱེད། ཡང་དེ་ལ་དབྱེ་ན། ཁྱད་པར་ཅན་གྱི་ཡིད་མངོན་དང་། ཁྱད་པར་ཅན་མ་ཡིན་པའི་དེ་གཉིས། དང་པོ་ནི། མངོན་ཤེས་དྲུག་ལ་སོགས་པ་ལྟ་བུ་ལ་བྱེད། གཉིས་པ་ནི། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ལ་སོགས་པ་ལྟ་བུ་ལ་བྱེད། གཟུགས་འཛིན་ཡིད་མངོན་གྱི་རྐྱེན་གསུམ་གང་རུང་གང་ཞིག །དེ་རང་གི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད། དེའི་དམིགས་རྐྱེན་གྱི་མཚན་ཉིད་ཡིན། དེ་གསུམ་གང་རུང་གང་ཞིག །གཟུགས་འཛིན་ཡིད་མངོན་རང་དབང་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རིག་པ་དེ། གཟུགས་འཛིན་ཡིད་མངོན་གྱི་བདག་རྐྱེན་གྱི་མཚན་ཉིད། དེ་གསུམ་གང་རུང་གང་ཞིག །གཟུགས་འཛིན་ཡིད་མངོན་མྱོང་བ་གསལ་རིག་ཏུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རིག་པ་དེ། དེའི་དེ་མ་ཐག་རྐྱེན་གྱི་མཚན་ཉིད། མཚན་གཞི། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་དེ། གཟུགས་འཛིན་ཡིད་མངོན་གྱི་བདག་རྐྱེན་དང་། དེ་མ་ཐག་རྐྱེན་གཉིས་ཀ་ཡིན་ཏེ། ཊཱིཀྐ་ལས། དབང་མངོན་སྐད་ཅིག་ཐ་མ་དེ་ལ་ཡོད་པའི་ཡིད་མངོན་རང་དབང་དུ་སྐྱེད་པའི་ཆ་བདག་རྐྱེན་དང་། མྱོང་བར་སྐྱེད་པའི་ཆ་དེ་མ་ཐག་རྐྱེན་གཉིས་རྫས་གཅིག་ལ་ལྡོག་པ་འགལ་བ་ཡིན་ནོ། །ཞེས་གསུངས། གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མའི་གཟུང་དོན་ཅན་གྱི་རིགས་འདྲར་གྱུར་པའི་གཟུགས་འཛིན་ཡིད་མངོན་གྱི་དངོས་རྒྱུར་གྱུར་པའི་གཟུགས་དེ། དེའི་དམིགས་རྐྱེན་ཅན་གྱི་མཚན་གཞི་ཡིན་ཏེ། ཐར་ལམ་གསལ་བྱེད་ལས། དབང་མངོན་སྐད་ཅིག་ཐ་མ་དེའི་གཟུང་དོན་ཅན་གྱི་རིགས་འདྲ་སྐད་ཅིག་གཉིས་པ་ནི་ཡིད་མངོན་དེའི་དམིགས་རྐྱེན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྐྱེ་ཚུལ་ནི་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་དེ་དེའི་རྒྱུད་ཀྱི་དེ་འཛིན་དབང་མངོན་གྱི་རྒྱུན་མཐར་སྐྱེ་བ་ཡིན་ཏེ། འཐད་ལྡན་ལས། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་། མིག་གི་བྱ་བ་འདས་པའི་ཚེ་མངོན་དུ་བྱེད་དོ། །ཞེས་གསུངས། ཐར་ལམ་གསལ་བྱེད་ལས། དབང་མངོན་རྒྱུན་རྫོགས་པའི་རྗེས་དེར་ཡིད་མངོན་དུས་ཀྱི་ཐུང་བ་མཐར་ཐུག་པའི་སྐད་ཅིག་མ་སྐྱེ་བ་ཡིན་པས། ཞེས་གསུངས་པའི་ཕྱིར། ཡིད་མངོན་སྒྲུབ་བྱེད་ཀྱི་ལུང་ངོས་བཟུང་བ་ནི། གཟུགས་འཛིན་ཡིད་མངོན་དེ་ཤིན་ཏུ་ལྐོག་གྱུར་ཡིན་ཏེ། དེ་དཔྱད་པ་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་ཡིད་ཆེས་རྗེས་དཔག་གིས་རྟོགས་པའི་ཕྱིར། དེ་ཡིན་ཏེ། མདོ་ལས། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ། །ཞེས་པའི་ནང་ཚན་དུ་གྱུར་པའི་ཡིད་ལ་བརྟེན་པའོ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རྟོགས་པའི་རྗེས་དཔག་འདིས་གཟུགས་འཛིན་ཡིད་མངོན་རྟོགས་པའི་ཕྱིར། དེའི་ནང་ཚན་དུ་གྱུར་པའི་ཡིད་ལ་བརྟེན་པའོ་ཞེས་པའི་ལུང་དེས་གཟུགས་འཛིན་ཡིད་མངོན་བསྟན་པའི་ཕྱིར། དེ་སྐད་དུ་ཡང་འཐད་ལྡན་ལས། ཡིད་ཀྱི་མངོན་སུམ་ལུང་ལ་གྲགས་པ་ཙམ་ཡིན་གྱིས། འདི་སྒྲུབ་པར་བྱེད་པ་ལ་ཚད་མ་གཞན་བཙལ་བར་བྱ་བ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ངག་དོན་ནི། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་དེས་རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་ལས་གཞན་པའི་རང་གི་གཟུང་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པ་ཡིན་ཏེ། དེ་འཛིན་པའམ། དེས་རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པ་གང་རུང་གང་ཞིག །ཕྱི་མ་དེ་ལྟར་འཛིན་པ་ལ་གནོད་བྱེད་གོང་དུ་བསྟན་ཟིན་པའི་ཕྱིར། །

རང་རིག་གི་འཕྲོས་ཚུལ་དང་མཐའ་དཔྱད།

༈ བདེ་སོགས་བདག་ཉིད་གཞན་མི་བརྟེན། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། གོང་དུ་ཚད་མ་མདོ་ལས། ཡིད་ཀྱང་དོན་དང་། ཞེས་པའི་དོན་འགྲེལ་ཚུལ་བཤད་པ་ལ། འོ་ན། ཆགས་ལ་སོགས། །རང་རིག་རྟོག་པ་མེད་པ་ཡིན། །ཞེས་པའི་དོན་འགྲེལ་ཚུལ་གང་ཞེ་ན། དེའི་དོན་འགྲེལ་བའི་སྒོ་ནས། ཆགས་སོགས་ཉམས་མྱོང་གི་རང་རིག་རྟོག་བྲལ་དུ་སྒྲུབ་པར་བྱེད་པ་ལ། བདེ་སོགས་བདག་ཉིད། ཅེས་སོགས་རྐང་པ་བཞི་བྱུང་། རིག་པ་ཅན་པས། ཚོར་བ་བདེ་བ་དེ་ནང་གི་བེམ་པོ་ཡིན་པས། དེ་ལ་མྱོང་བྱེད་རང་རིག་མེད་པར་འདོད་པས། དེ་འགོག་པར་བྱེད་པ་ལ། གཞན་ཡང་རིག་བྱེད་མིན་དེ་དག །ཅེས་པ་ནས། དམིགས་པ་ཉིད་ནི་དེར་སྣང་བའོ། །ཞེས་པའི་བར་བྱུང་། གྲངས་ཅན་གྱིས། ཚོར་བ་བདེ་བ་དེ་ཕྱིའི་བེམ་པོ་ཡིན་པས། དེ་ལ་མྱོང་བྱེད་ཀྱི་རང་རིག་མེད་པར་འདོད་པས། དེ་འགོག་པར་བྱེད་པ་ལ། འགའ་ཞིག་བདེ་སོགས་ཕྱི་རོལ་ན། །ཞེས་པ་ནས། ཐ་དད་རྣམ་གཞག་གྲུབ་པ་ཡིན། །ཞེས་པའི་བར་བྱུང་། ངག་དོན་ནི། ཆགས་སོགས་ཉམས་མྱོང་གི་རང་རིག་དེ། ཆགས་སོགས་ལ་རྟོག་པ་མ་ཡིན་ཏེ། དེས་ཆགས་སོགས་ལ་བརྡ་སྦྱོར་མི་ནུས་པའི་ཕྱིར། །

༈ སྐབས་འདིར་མཐའ་དཔྱད་པ་ལ། ཁ་ཅིག །ཤེས་པ་ཡིན་ན། རང་གི་ངོ་བོ་ལ་རང་རིག་ཡིན་པས་ཁྱབ་ཅིང་། ཚུར་མཐོང་གི་རྒྱུད་ཀྱི་རང་རིག་གི་ཡུལ་མེད་དོ་ཟེར་ན། དེའི་རྒྱུད་ཀྱི་རང་རིག་ཆོས་ཅན། རང་གི་ངོ་བོ་ལ་ཤེས་པར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ལ་རང་རིག་ཏུ་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཁྱོད་རང་ལ་མངོན་སུམ་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་རང་རིག་དེ། ཁྱོད་ཀྱི་ཡུལ་དུ་ཐལ། ཁྱོད་དེའི་རྒྱུད་ཀྱི་རང་རིག་ལ་མངོན་སུམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་ཡུལ་མེད་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། ཁྱོད་ཀྱི་ཡུལ་ཡོད་པར་ཐལ། ཁྱོད་ཡུལ་ཅན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་རྟག་འཛིན་རྟོག་པའི་འཛིན་སྟངས་ཆོས་ཅན། ཁྱོད་ཀྱི་ཡུལ་ཡོད་པར་ཐལ། ཁྱོད་ཡུལ་ཅན་ཡིན་པའི་ཕྱིར་ན་ཆོས་ཅན་སྐྱོན་ཅན་ཡིན་ནོ། །རྟགས་གྲུབ་སྟེ། སྒྲ་རྟག་འཛིན་རྟོག་པ་ཡིན་པའི་ཕྱིར། འདོད་ན། རྟོག་པ་དེའི་ཞེན་ཡུལ་ཡོད་པར་ཐལ་ལོ། །གཞན་ཡང་། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། རང་གི་ངོ་བོ་ལ་རང་རིག་ཏུ་ཐལ། ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ལ་རང་རིག་ཏུ་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཁྱོད་རང་ལ་མངོན་སུམ་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་ལ་མངོན་སུམ་མ་ཡིན་པར་ཐལ། ཁྱོད་དེ་དང་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་གཉིས་ཀྱི་ནང་ནས་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཁོ་ན་ལ་མངོན་སུམ་ཡིན་པའི་ཕྱིར། གཞན་ཡང་། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཆོས་ཅན། རང་གི་ངོ་བོ་ལ་དེར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་རང་ལ་མངོན་སུམ་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་མ་ཡིན་པར་ཐལ། ཁྱོད་དེ་དང་གཟུགས་གཉིས་ཀྱི་ནང་ནས་གཟུགས་ཁོ་ན་ཡུལ་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཤེས་པ་ཡིན་ན། རང་གི་ངོ་བོ་ལ་རང་རིག་ཡིན་དགོས་པར་ཐལ། དེ་ཕྱིར་དེ་ལ་ཀུན་མངོན་སུམ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཤེས་པ་ཀུན་རང་ཉམས་སུ་མྱོང་བའི་རང་རིག་ལ་མངོན་སུམ་དུ་སྣང་བ་དེ་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཁ་ནང་ཁོ་ན་ལ་ཕྱོགས་པའི་ཤེས་པ་དེ། རང་རིག་གི་མཚན་ཉིད་ཟེར་ན། ཤེས་པ་མངོན་སུམ་དུ་རྟོགས་པའི་ཤེས་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། ཤེས་པ་དེ་ཁ་ནང་ཁོ་ནའི་ཆོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་མཁྱེན་ཁྱོད་ཡིན་པའི་ཕྱིར། མཚན་ཉིད་དེ་ལ་སྐྱོན་འཕེན་པ་ཁ་ཅིག །སངས་འཕགས་ཀྱི་རྒྱུད་ཀྱི་རང་རིག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། ཁ་ཕྱིར་བལྟས་ཀྱི་ཤེས་པ་ཡིན་པའི་ཕྱིར། རང་ཡུལ་དུ་གྱུར་པའི་ཕྱིའི་ཆོས་ལ་དམིགས་པའི་ཤེས་པ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁ་ཕྱིར་བལྟས་ཀྱི་ཤེས་པ་དང་། ཁ་ནང་བལྟས་ཀྱི་ཤེས་པ་གཉིས་མི་འགལ་བར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་རང་རིག་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཕྱིའི་ཆོས་དང་ནང་གི་ཆོས་མི་འགལ་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ནང་གི་ཆོས་ཡིན་ན། སྐྱེས་བུའི་རྒྱུད་ཀྱིས་བསྡུས་པས་ཁྱབ། གཅིག་ཤོས་ཡིན་ན། དེས་མ་བསྡུས་པས་ཁྱབ་པའི་ཕྱིར། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་གིས་གཟུགས་རྟོགས་མ་རྟོགས་དཔྱད་པ་ལ། རང་རེས། དེས་གཟུགས་རྟོགས་བྱས་པ་ལ། དེའི་རྒྱུད་ཀྱི་གཟུགས་འཛིན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་གིས་གཟུགས་རྟོགས་པར་ཐལ། དམ་བཅའ་འཐད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེའི་རྒྱུད་ཀྱི་རྣམ་མཁྱེན་འཛིན་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་གིས་རྣམ་མཁྱེན་རྟོགས་པར་ཐལ་ལོ། །འདོད་མི་ནུས་ཏེ། ཚུར་མཐོང་གི་རྒྱུད་ཀྱི་རྣམ་མཁྱེན་འཛིན་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་དེས་རྣམ་མཁྱེན་མངོན་སུམ་གྱིས་མ་རྟོགས་པའི་ཕྱིར། གཞན་ཡང་། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་གིས་གཟུགས་རྟོགས་པར་ཐལ། དེའི་རྒྱུད་ཀྱི་གཟུགས་འཛིན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་གིས་གཟུགས་ཀྱི་དོན་སྤྱི་རྟོགས་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་བུམ་འཛིན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་གིས་བུམ་པའི་དོན་སྤྱི་རྟོགས་པའི་ཕྱིར་ཏེ། དེ་དེའི་དོན་སྤྱི་ལ་རང་རིག་མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར། སྤྱི་དོན་རིགས་རྒྱན་ལས། བུམ་འཛིན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཚད་མ་དེ། བུམ་པའི་དོན་སྤྱི་ལ་རང་རིག་མངོན་སུམ་གྱི་ཚད་མ་ཡིན་ཀྱང། དེ་ལ་རང་རིག་མངོན་སུམ་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཞན་ཡང་། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་དེས་གཟུགས་རྟོགས་པར་ཐལ། དེའི་རྒྱུད་ཀྱི་གཟུགས་འཛིན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་གིས་གཟུགས་རྟོགས་པའི་ཕྱིར་ཏེ། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་འཛིན་པའི་དབང་མངོན་ཉམས་སུ་མྱོང་བའི་རང་རིག་དེས་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་རྟོགས་པའི་ཕྱིར་ཏེ། དེས་དེ་འདྲ་བའི་ས་ཕྱོགས་སུ་བུམ་པ་ཚད་མས་མ་དམིགས་པར་རྟོགས་པའི་ཕྱིར་ཏེ། དེས་དེ་འདྲའི་ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པའི་ཕྱོགས་ཆོས་རྟོགས་པའི་ཕྱིར་ཏེ། དེ་སྐོར་གྱི་ཕྱོགས་ཆོས་རང་རིག་མངོན་སུམ་གྱིས་གྲུབ་པའི་ཕྱིར། གཅིག་དམིགས་ཉམས་སུ་མྱོང་བ་ལས། །ཞེས་སོགས་གསུངས་པའི་ཕྱིར། གོང་དུ་མ་ཁྱབ་ཟེར་ན། དེའི་རྒྱུད་ཀྱི་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་འཛིན་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་དེས། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་རྟོགས་པར་ཐལ། དེའི་རྒྱུད་ཀྱི་དེ་འདྲ་བའི་དབང་མངོན་ཉམས་སུ་མྱོང་བའི་རང་རིག་དེས། དེ་འདྲ་བའི་ས་ཕྱོགས་རྟོགས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེའི་རྒྱུད་ཀྱི་རྣམ་མཁྱེན་འཛིན་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་གིས་རྣམ་མཁྱེན་རྟོགས་པར་ཐལ། །འདོད་པའི་ཕྱིར། འདོད་ན། ཚུར་མཐོང་དེས་རྣམ་མཁྱེན་མངོན་སུམ་གྱིས་རྟོགས་པར་ཐལ་ལོ། །ཁ་ཅིག་ན་རེ། ཁྱོད་མྱོང་རང་རིག་ཚད་མ་ཡིན་ན། ཁྱོད་མྱོང་རང་རིག་ཁྱོད་ལ་ཚད་མ་ཡིན་པས་ཁྱབ་ཟེར་ན། གྲངས་ཅན་གྱི་རྒྱུད་ཀྱི་བློ་ཤེས་པ་ཡིན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་དེ་ཡིན་པ་ཉམས་སུ་མྱོང་བའི་རང་རིག་ཚད་མ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་བློ་ཉམས་སུ་མྱོང་བའི་རང་རིག་དེ་དེ་ཡིན་པའི་ཕྱིར། དེའི་རྒྱུད་ཀྱི་དེ་འདྲ་བའི་རང་རིག་དེ། དེའི་རྒྱུད་ཀྱི་བློ་ཤེས་པ་ཡིན་པ་མྱོང་བའི་རང་རིག་ཡིན་པ་གང་ཞིག །དེ་ཚད་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེའི་རྒྱུད་ཀྱི་བློ་ཆོས་ཅན། ཁྱོད་མྱོང་རང་རིག་ཁྱོད་ཤེས་པ་ཡིན་པ་མྱོང་བའི་རང་རིག་ཏུ་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། གྲངས་ཅན་གྱི་རྒྱུད་ཀྱི་དེ་འདྲ་བའི་རང་རིག་ཚད་མར་ཐལ། གྲངས་ཅན་དེ་རང་རྒྱུད་ཀྱི་བློ་རང་རིག་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། རྩ་བར་འདོད་ན། དེའི་རྒྱུད་ཀྱི་དེ་འདྲ་བའི་རང་རིག་དེས། དེའི་རྒྱུད་ཀྱི་བློ་ཤེས་པ་ཡིན་པ་དེ་རྟོགས་པར་ཐལ། དེ་དེ་ལ་ཚད་མ་ཡིན་པའི་ཕྱིར། འདོད་ན། གྲངས་ཅན་དེས་གྲངས་ཅན་གྱི་རྒྱུད་ཀྱི་བློ་ཤེས་པ་ཡིན་པ་དེ་རྟོགས་པར་ཐལ་ལོ། །འདོད་མི་ནུས་ཏེ། དེས་རང་རྒྱུད་ཀྱི་བློ་བེམ་པོར་འདོད་པའི་ཕྱིར་ཏེ། དེས་རང་རྒྱུད་ཀྱི་ཚོར་བ་བདེ་བ་བེམ་པོར་འདོད་པའི་ཕྱིར་ཏེ། དེས་ཚོར་བ་བདེ་བ་བེམ་པོར་འདོད་པའི་ཕྱིར་ཏེ། དེས་ཚོར་བ་བདེ་བ་ཕྱིའི་བེམ་པོར་འདོད་པའི་ཕྱིར། འགའ་ཞིག་བདེ་སོགས་ཕྱི་རོལ་ན། །གནས་ཉིད་དང་ནི་སེམས་མེད་དང་། །ཞེས་པའི་གཞུང་འདི་གྲངས་ཅན་གྱི་འདོད་པ་བརྗོད་པའི་གཞུང་ཡིན་པའི་ཕྱིར། །

རང་ལུགས་དང་རྩོད་སྤོང་བཤད་པ།

༈ རང་ལུགས་བཞག་པ་ལ། རང་རིག་ལ་མཚན་ཉིད། དབྱེ་བ། རང་རིག་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་དང་གསུམ། དང་པོ་ནི། འཛིན་རྣམ་རང་རིག་གི་མཚན་ཉིད། གཟུང་རྣམ་གཞན་རིག་གི་མཚན་ཉིད། གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་འཛིན་རྣམ། དེ་འདྲའི་རང་རིག་གི་མཚན་ཉིད་ཡིན། གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་དེ་མྱོང་བྱེད་ཀྱི་ཤེས་པ། དེའི་འཛིན་རྣམ་རྣམས་དོན་གཅིག །གཉིས་པ་ནི། རང་རིག་དེ་ལ་དབྱེ་ན། སོ་སྐྱེའི་རྒྱུད་ཀྱི་དེ་དང་། འཕགས་པའི་རྒྱུད་ཀྱི་དེ་གཉིས་ཡོད། གསུམ་པ་རང་རིག་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་ནི། གཟུགས་འཛིན་དབང་མངོན་ཆོས་ཅན། མྱོང་བྱེད་ཅན་གྱི་ཤེས་པ་ཡིན་ཏེ། གཟུང་རྣམ་དང་འཛིན་རྣམ་ཚུལ་གཉིས་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་ལ་བརྟེན་ནས་གཟུགས་འཛིན་དབང་མངོན་མྱོང་བྱེད་ཀྱི་རང་རིག་འགྲུབ་པ་ཡིན་ཏེ། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར། དེའི་རྟགས་སྒྲུབ་པ་ནི། གཟུགས་འཛིན་དབང་མངོན་དེ་གཟུགས་ཀྱི་རྣམ་པ་ཤར་བའི་གཟུང་རྣམ་ཅན་དང་རང་ཉམས་སུ་མྱོང་བའི་རང་རིག་གིས་མྱོང་བའི་འཛིན་རྣམ་གྱི་ཚུལ་གཉིས་པ་ཅན་གྱི་ཤེས་པ་ཡིན་ཏེ། དེ་ལྟར་དུ་ཁོས་དྲངས་ནས་སྐྱེས་པའི་གཟུགས་དོན་མཐུན་དུ་ངེས་པའི་ངེས་ཤེས་ལ་བརྟེན་ནས་ངེས་པ་འདྲེན་ནུས་པའི་ཕྱིར། དེ་ཡང་འདྲེན་ནུས་ཏེ། ངེས་ཤེས་དེས་གཟུགས་འཛིན་དབང་མངོན་གྱིས་གཟུགས་མཐོང་བ་དྲན་པའི་སྒོ་ནས་གཟུགས་ཀྱང་དྲན། གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་ལ་གཟུགས་འཛིན་དབང་མངོན་སྣང་བར་ཡང་དྲན་པའི་ཕྱིར་རོ། །དེར་ཡང་མ་ཟད་གཟུགས་འཛིན་དབང་མངོན་ཆོས་ཅན། མྱོང་བྱེད་ཅན་གྱི་ཤེས་པ་ཡིན་ཏེ། དྲན་ཤེས་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་ལ་བརྟེན་ནས་གཟུགས་འཛིན་དབང་མངོན་ལ་མྱོང་བྱེད་ཀྱི་རང་རིག་ཡོད་པར་གྲུབ་པ་ཡིན་ཏེ། འདི་ལ་བརྟེན་ནས་གཟུགས་འཛིན་དབང་མངོན་ལ་མྱོང་བྱེད་ཀྱི་ཤེས་པ་ཡོད་པར་གྲུབ། དེ་ལ་བརྟེན་ནས་དེ་ལ་མྱོང་བྱེད་ཀྱི་རང་རིག་ཡོད་པར་གྲུབ་པའི་ཕྱིར། དེ་སྐད་དུ་ཡང་། དྲན་པ་ལས་ཀྱང་བདག་རིག་འགྲུབ། །ཅེས་གསུངས་པའི་ཕྱིར། གཟུགས་འཛིན་དབང་མངོན་དྲན་ཤེས་ཅན་གྱི་ཤེས་པ་ཡིན་ཏེ། ཁོས་དྲངས་ནས་སྐྱེས་པའི་གཟུགས་དོན་མཐུན་དུ་ངེས་པའི་ངེས་ཤེས་དེ་དྲན་ཤེས་ཡིན་པའི་ཕྱིར། གཟུགས་འཛིན་དབང་མངོན་ལ་མྱོང་བྱེད་ཀྱི་ཤེས་པ་ཡོད་པ་ལ་བརྟེན་ནས་ཁོ་མྱོང་བྱེད་ཀྱི་རང་རིག་གྲུབ་པ་ཡིན་ཏེ། དེ་ལ་བརྟེན་ནས་ཁོ་ལ་མྱོང་བྱེད་ཡོད་པར་གྲུབ། གཟུགས་འཛིན་དབང་མངོན་ཁོ་དོན་གཞན་པ་ཞིག་གིས་མི་མྱོང་བའི་ཕྱིར། དེ་ཡང་མི་མྱོང་སྟེ། རང་དང་དུས་མཉམ་དུ་གྱུར་པའི་ཤེས་པ་དོན་གཞན་པ་ཞིག་གིས་མི་མྱོང་། རང་ལས་ཕྱིས་འབྱུང་བའི་ཤེས་པ་དོན་གཞན་པ་ཞིག་གིས་མི་མྱོང་བའི་ཕྱིར། དང་པོ་ལྟར་ན་མྱོང་བྱེད་ཐུག་མེད་དུ་ཐལ། གཟུགས་འཛིན་དབང་མངོན་དེ་ཡང་རང་དང་དུས་མཉམ་དུ་གྱུར་པའི་ཤེས་པ་དོན་གཞན་པ་ཞིག་གིས་མྱོང་། གཟུགས་འཛིན་དབང་མངོན་མྱོང་བྱེད་ཀྱི་ཤེས་པ་དེ་ཡང་རང་དང་དུས་མཉམ་དུ་གྱུར་པའི་ཤེས་པ་དོན་གཞན་པ་ཞིག་གིས་མྱོང་བའི་ཕྱིར། རྟགས་ཁས། ཞེས་པ་ནི། མྱོང་བྱེད་ཐུག་མེད་དུ་ཐལ་བའི་རིགས་པའོ། །གཉིས་པ་ལྟར་ན་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་དེས་དེ་འཛིན་དབང་མངོན་སྐད་ཅིག་དང་པོ་མྱོང་བར་ཐལ། གཟུགས་འཛིན་དབང་མངོན་དེ་རང་ལས་ཕྱིས་འབྱུང་བའི་ཤེས་པ་དོན་གཞན་པ་ཞིག་གིས་མྱོང་བའི་ཕྱིར། འདོད་ན། གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་ལ་དེ་སྐད་ཅིག་དང་པོའི་རྣམ་པ་ཤར་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ལ་གཟུགས་ཀྱི་རྣམ་པ་མ་ཤར་བར་ཐལ། ཞེས་པ་ནི་ཡུལ་ཅན་ཕྱི་མ་ཡུལ་ལ་འཕོ་བ་མེད་པར་ཐལ་བའི་རིགས་པའོ། །དེས་ན་གཟུགས་འཛིན་དབང་མངོན་གྱིས་དྲངས་ནས་སྐྱེས་པའི་གཟུགས་དོན་མཐུན་དུ་ངེས་པའི་ངེས་ཤེས་དེ། གཟུགས་འཛིན་དབང་མངོན་ལས་གཟུང་རྣམ་གཅིག་གིས་ལྷག་པ་ཡིན་ཏེ། གཟུགས་འཛིན་དབང་མངོན་དེ་ལ་ཁོ་རང་དང་གཟུགས་གཉིས་ཀྱི་ནང་ནས་གཟུགས་ཁོ་ནའི་རྣམ་པ་ཤར། ངེས་ཤེས་དེ་ལ་གཟུགས་འཛིན་དབང་མངོན་དང་གཟུགས་གཉིས་ཀའི་རྣམ་པ་ཤར་བའི་ཕྱིར། དེ་སྐད་དུ་ཡང་། རྣམ་པ་གཅིག་གིས་ཁྱད་པར་ཅན། །དེ་ཤེས་པ་ཡི་དམིགས་པར་འགྱུར། །ཞེས་གསུངས་པའི་ཕྱིར། གཟུགས་འཛིན་དབང་མངོན་གྱིས་དྲངས་ནས་སྐྱེས་པའི་གཟུགས་དོན་མཐུན་དུ་ངེས་པའི་ངེས་ཤེས་དེས་དྲངས་ནས་སྐྱེས་པའི་གཟུགས་དོན་མཐུན་དུ་ངེས་པའི་ངེས་ཤེས་དེ། ངེས་ཤེས་དང་པོ་དེ་ལས་གཟུང་རྣམ་གཅིག་གིས་ལྷག་པ་ཡིན་ཏེ། ངེས་ཤེས་དང་པོ་དེ་ལ་གཟུགས་འཛིན་དབང་མངོན་དང་གཟུགས་གཉིས་ཀའི་རྣམ་པ་ཤར་ཡང་ཁོ་རང་གི་རྣམ་པ་མ་ཤར། ཕྱི་མ་དེ་ལ་གཟུགས་དང་གཟུགས་འཛིན་དབང་མངོན་དང་དེའི་ངེས་ཤེས་དེ་དང་གསུམ་ཀའི་རྣམ་པ་ཤར་བའི་ཕྱིར། དེ་སྐད་དུ་ཡང་། འདི་ལྟར་ཕྱི་མ་ཕྱི་མ་ཡོད། །ཤེས་པ་རྣམ་གཅིག་ལྷག་པ་ཉིད། །ཅེས་གསུངས་པའི་ཕྱིར། །

༈ རྩོད་པ་སྤོང་བ་ལ། ཁ་ཅིག །འདུས་བྱས་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་དྲངས་ནས་སྐྱེས་པའི་འདུས་བྱས་མི་རྟག་པར་ངེས་པའི་ངེས་ཤེས་དེས་འདུས་བྱས་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་དྲན་པར་ཐལ། གཟུགས་འཛིན་དབང་མངོན་གྱིས་དྲངས་ནས་སྐྱེས་པའི་གཟུགས་དོན་མཐུན་དུ་ངེས་པའི་ངེས་ཤེས་དེས་གཟུགས་འཛིན་དབང་མངོན་དྲན་པའི་ཕྱིར། རྟགས་ཁས། འདོད་ན། འདུས་བྱས་གང་ཟག་གི་བདག་མེད་དུ་ཞེས་སོགས་ཀྱི་ངེས་ཤེས་དེས་དེ་གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་དྲན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་གིས་དྲངས་ནས་སྐྱེས་པའི་གང་ཟག་གི་བདག་མེད་ངེས་པའི་ངེས་ཤེས་དེས་གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་དྲན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་གི་རྒྱུན་དུ་གྱུར་པའི་གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་དེས་གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་དྲན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། དེས་དེ་འདྲའི་རྗེས་དཔག་རྟོགས་པར་ཐལ་ལོ། །འདོད་ན། དེ་དེའི་འཛིན་སྟངས་ཀྱི་ཡུལ་དུ་ཐལ་ལོ། །འདོད་ན། དེ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པར་ཐལ་ལོ། །གཞན་ཡང་། གཟུགས་འཛིན་དབང་མངོན་གྱི་རྣམ་པ་ཡིན་ན། གཟུགས་འཛིན་དབང་མངོན་ཡིན་དགོས་པར་ཐལ། དེའི་གཟུང་རྣམ་ཡིན་ན་དེ་ཡིན་དགོས་པའི་ཕྱིར་ཟེར་ན། འདོད་བྱས་པ་ལ། གཟུགས་འཛིན་དབང་མངོན་གྱི་འཛིན་རྣམ་ཆོས་ཅན། ཐལ་ཕྱིར། ཆོས་ཅན་དེའི་ཕྱིར་ན་མ་ཁྱབ་བོ། །

རྣལ་འབྱོར་མངོན་སུམ་བཤད་པ།

༈ རྣལ་འབྱོར་ཤེས་པ་སྔར་བཤད་པ། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། བདེ་སོགས་བདག་ཉིད་གཞན་མི་བརྟེན། །ཞེས་སོགས་ཀྱི་སྐབས་སུ། ཆགས་ལ་སོགས། །རང་རིག་རྣམ་པར་མི་རྟོག་པ། །ཞེས་པའི་དོན་འགྲེལ་ཚུལ་བསྟན་པ་ལ། འོ་ན། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་པའི་འགྲེལ་ཚུལ་གང་ཞེ་ན། དེའི་དོན་བཀྲལ་བའི་སྒོ་ནས། རྣལ་འབྱོར་མངོན་སུམ་གྱི་མཚན་གཞི་དང་མཚན་ཉིད་འཆད་པར་བྱེད་པ་ལ། རྣལ་འབྱོར་ཤེས་པ་སྔར་བཤད་པ། །ཞེས་པ་ནས། ལྷག་མ་ཉེ་བར་བསླད་པ་ཡིན། །ཞེས་པའི་བར་བྱུང་། དེ་ཡང་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་འཆད་པར་བྱེད་པ་ལ། རྣལ་འབྱོར་ཤེས་པ་སྔར་བཤད་པ། །ཞེས་པའི་རྐང་པ་གཉིས་བྱུང་། དེའི་མཚན་ཉིད་ཀྱི་ཟུར་གྱི་རྟོག་བྲལ་དེ་འཆད་པར་བྱེད་པ་ལ། རྟོག་པའི་དྲ་བ་རྣམ་བསལ་བས། །ཞེས་པ་ནས། གསལ་བར་སྣང་བ་ཅན་དུ་མཐོང་། །ཞེས་པའི་བར་བྱུང་། དེའི་དོན་བསྡུ་དེ་འཆད་པར་བྱེད་པ་ལ། དེ་ཕྱིར་ཡང་དག་ཡང་དག་མིན། །ཞེས་པ་ནས། བསྒོམས་བྱུང་མངོན་སུམ་ཚད་མར་འདོད། །ཅེས་པའི་བར་བྱུང་། དེའི་མཚན་ཉིད་ཀྱི་ཟུར་གྱི་མ་འཁྲུལ་བའི་རིག་པ་འཆད་པར་བྱེད་པ་ལ། ལྷག་མ་ཉེ་བར་བསླད་པ་ཡིན། །ཞེས་པ་འདི་བྱུང་། །

༈ སྐབས་འདིར་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རང་ཡུལ་དུ་གྱུར་པའི་བདག་མེད་ཕྲ་རགས་གང་རུང་གཅིག་མངོན་སུམ་གྱིས་རྟོགས་པའི་ཡེ་ཤེས་དེ་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ཟེར་ན། འདུས་བྱས་མི་རྟག་པར་མངོན་སུམ་གྱི་རྟོགས་པའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། བདེན་བཞི་མངོན་སུམ་གྱིས་རྟོགས་པའི་ཡེ་ཤེས་དེ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་ཏེ། རྣལ་འབྱོར་ཤེས་པ་སྔར་བཤད་པ། །ཞེས་སོགས་གསུངས་པའི་ཕྱིར། འདོད་ན། འདུས་བྱས་མི་རྟག་པ་དེ། བདག་མེད་ཕྲ་རགས་གང་རུང་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མེད་དགག་ཏུ་ཐལ་ལོ། །ཁ་ཅིག་ན་རེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུག་འབྲེལ་གྱི་ཏིང་འཛིན་ལ་བརྟེན་ནས་བྱུང་བའི་འཕགས་རྒྱུད་ཀྱི་རྟོག་བྲལ་མ་འཁྲུལ་པའི་རིག་པར་གྱུར་པའི་མཁྱེན་པ་དེ། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྣམ་མཁྱེན་ཡིན་པའི་ཕྱིར་ཏེ། ཆོས་ཐམས་ཅད་མངོན་སུམ་གྱིས་རྟོགས་པ་མཐར་ཕྱིན་པའི་ཡེ་ཤེས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། བརྒྱད་སྟོང་འགྲེལ་ཆེན་ལས། སངས་རྒྱས་ཉིད་ཀྱི་གནས་སྐབས་ན་མི་ཤེས་པའི་དབང་པོ་སྤངས་པའི་ཕྱིར། ཡིད་ཀྱི་བློ་དང་འབྲེལ་བར་དབང་པོའི་བློས་ཡུལ་ཡོངས་སུ་དཔྱོད་པར་བྱེད་པ་དེའི་ཕྱིར་ན་སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་ཡུལ་ཐམས་ཅད་པར་འདོད་དོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རང་གི་ཐུན་མོང་བའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལས་བྱུང་བའི་ཕྱིར། ཁ་ཅིག །རྣལ་འབྱོར་མངོན་སུམ་ཡིན་ན། ཡིད་མངོན་ཡིན་པས་ཁྱབ་ཟེར་བ་མི་འཐད་དེ། སངས་འཕགས་ཀྱི་རྒྱུད་ཀྱི་དབང་ཤེས་ཡིན་ན། རྣལ་འབྱོར་མངོན་སུམ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྣལ་འབྱོར་མངོན་སུམ་ཡིན་ན། ཡིད་མངོན་ཡིན་དགོས་པར་ཐལ། དེ་ཡིན་ན། ཡིད་མངོན་ཁྱད་པར་ཅན་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན། རང་གི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་ལ་བརྟེན་ནས་བྱུང་བའི་ཤེས་པ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །རྣམ་མཁྱེན་རྟོགས་པའི་བྱང་འཕགས་ཀྱི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་མེད་དོ་ཞེ་ན། དེ་ཡོད་པར་ཐལ། རྣམ་མཁྱེན་རྟོགས་པའི་བྱང་འཕགས་དེ། རྣལ་འབྱོར་མངོན་སུམ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། འཕགས་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྣམ་མཁྱེན་རྟོགས་པའི་བྱང་འཕགས་ཀྱི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་ཁོ་ཁོ་རང་དུ་ཐལ། ཁོ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྣམ་མཁྱེན་རྟོགས་པའི་རྣལ་འབྱོར་མངོན་སུམ་དུ་ཐལ། ཆོས་ཅན་དེའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རྣམ་མཁྱེན་དེ་སངས་འཕགས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར། །

༈ རང་ལུགས་ལ་རྣལ་འབྱོར་མངོན་སུམ་ལ། མཚན་ཉིད། དབྱེ་བ། སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་དང་གསུམ། དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེས་པའི་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད། རིགས་སུ་གནས་པ་སྨོས་པ་ལ་དགོས་པ་ཡོད་དེ། སངས་འཕགས་ཀྱི་རྒྱུད་ཀྱི་མིག་ཤེས་དེ་རྣལ་འབྱོར་མངོན་སུམ་དུ་བསྡུ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་དེ་ལ་རྟེན་གྱི་སྒོ་ནས་དབྱེ་ན། ཉན་ཐོས་འཕགས་པའི་རྣལ་འབྱོར་མངོན་སུམ། རང་རྒྱལ་འཕགས་པའི་རྣལ་འབྱོར་མངོན་སུམ། ཐེག་ཆེན་འཕགས་པའི་རྣལ་འབྱོར་མངོན་སུམ་དང་གསུམ་ཡོད། གསུམ་པ་ནི། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་མཁྱེན་པ་ཆོས་ཅན། གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་པར་བྱས་ན། གོམས་བྱའི་དོན་ལ་གསལ་སྣང་མཐར་ཐུག་འབྱུང་དུ་རུང་ཏེ། རྟེན་བརྟན་པ་གོམས་ཟིན་འབད་རྩོལ་སྐྱར་མ་ལ་མི་ལྟོས་པའི་བྱང་སེམས་སོ་སྐྱེ་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་ལ་བརྟེན་ནས་རྣལ་འབྱོར་མངོན་སུམ་འགྲུབ་པ་ཡིན་ནོ། །ངག་དོན་ནི། འཕགས་རྒྱུད་ཀྱི་བདེན་བཞི་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཆོས་ཅན། རྣལ་འབྱོར་མངོན་སུམ་ཡིན་ཏེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེས་པའི་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར་རོ། །

སེམས་སེམས་བྱུང་གི་རྣམ་གཞག་བཤད་པ།

༈ གཅིག་ཚེ་གསལ་བས་སྒྲིབས་ན་ཡང་། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། རང་རེས། གོང་དུ་བློ་མྱོང་རྫས་ཐ་དད་དུ་ཚད་མས་མ་དམིགས་ན། བློ་མྱོང་རྫས་ཐ་དད་མ་ཡིན་དགོས་པར་ཁས་བླངས་པ་ལ། གྲངས་ཅན་ན་རེ། དེ་ཡིན་མི་དགོས་ཏེ། དཔེར་ན། ལྕགས་གོང་དམར་འབར་བར་གྱུར་བའི་ལྕགས་དང་མེ་གཉིས་རྫས་ཐ་དད་ཡིན་ཀྱང་། རྫས་ཐ་དད་དུ་ཚད་མས་མ་དམིགས་པ་བཞིན་ནོ། །ཞེས་པའི་འདོད་པ་བརྗོད་པར་བྱེད་པ་ལ། ལྕགས་གོང་དང་ནི་མེ་བཞིན་དུ། །ཞེས་པའི་རྐང་པ་གཉིས་བྱུང་། འོ་ན། དངོས་པོ་ཀུན་རྫས་ཐ་དད་དང་། རྫས་ཐ་དད་མ་ཡིན་པའི་རྣམ་གཞག་མི་འཐད་པར་ཐལ། རྫས་ཐ་དད་དུ་ཚད་མས་མ་དམིགས་ན། རྫས་ཐ་དད་མ་ཡིན་མི་དགོས་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། དེ་ལྟར་ཡིན་ན་དངོས་ཀུན་ལ། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ཡང་། རྫས་ཐ་དད་ཀྱི་སྒྲུབ་བྱེད་དང་། རྫས་ཐ་དད་མ་ཡིན་པའི་སྒྲུབ་བྱེད་མེད་པར་ཐལ། སྡུག་བསྔལ་དང་དཀར་པོ་གཉིས་རྫས་ཐ་དད་དུ་ཚད་མས་དམིགས་ཀྱང་། རྫས་ཐ་དད་མ་ཡིན། བློ་མྱོང་རྫས་ཐ་དད་དུ་ཚད་མས་མ་དམིགས་ཀྱང་རྫས་ཐ་དད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཅན་གྲུབ་འདི་སྒྲུབ་བྱེད་མིན་ནོ། །ཞེས་པ་ནས། ཐ་དད་ཐ་དད་མེད་རྟེན་ཅི། །ཞེས་པའི་བར་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། འོ་ན། གཙོ་སེམས་གཅིག་གི་འཁོར་དུ་ཚོར་བ་བདེ་བ་ལྟ་བུ་གཅིག་གསལ་བར་རྒྱུ་བ་དེའི་ཚེ་ཀུན་འགྲོ་གཞན་རྣམས་ཐ་དད་དུ་མེད་པར་ཐལ། དེའི་ཚེ་ཀུན་འགྲོ་གཞན་རྣམས་ཐ་དད་དུ་གསལ་བར་སོ་སོར་ཚད་མས་མ་མཐོང་བའི་ཕྱིར། ཁྱབ་པ་ཁས་ཞེ་ན། མི་མཚུངས་ཏེ། སེམས་ཀྱི་རྒྱུན་གྱི་ཁྱད་པར་བརྟགས་བརྟགས་ནས། དེའི་ཚེ་ཀུན་འགྲོ་གཞན་རྣམས་ཐ་དད་དུ་ཚད་མས་མ་དམིགས་པ་ཡོད། བློ་མྱོང་རྫས་ཐ་དད་དུ་ཚད་མས་དམིགས་པ་མེད་པའི་ཕྱིར། དཔེར་ན། རང་གི་མིག་ཤེས་ཀྱིས་ཉིན་པར་གྱི་གནས་སྐབས་སུ། སྐར་མ་རྣམས་ཐ་དད་དུ་གསལ་བར་སོ་སོར་ཚད་མས་མ་མཐོང་ཡང་། སྟོན་ནམ་གཡའ་དག་པའི་མཚན་དུས་སུ་སྐར་མ་རྣམས་ཐ་དད་དུ་གསལ་བར་སོ་སོར་མཐོང་བ་བཞིན་ནོ། །ཞེས་འཆད་པར་བྱེད་པ་ལ། གཅིག་ཚེ་གསལ་བ་ཞེས་སོགས་རྐང་པ་བཞི་བྱུང་། །

༈ སྐབས་འདིར་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རང་ཡུལ་མཐོང་བའི་གཙོ་བོ་རྣམ་རིག་དེ། གཙོ་སེམས་ཀྱི་མཚན་ཉིད་ཟེར་ན། གང་ཟག་གི་བདག་འཛིན་དུ་གྱུར་པའི་རྣམ་པར་ཤེས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྣམ་པ་ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་མཐོང་བ་མེད་པའི་ཕྱིར་ཏེ། ཁྱོད་ཀྱིས་རྟོགས་པ་མེད་པའི་ཕྱིར། ཁ་ཅིག །ཚོར་བ་བདེ་བ་དང་སྡུག་བསྔལ་གང་རུང་ཡིན་ན། དབང་པོའི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་ཡིན་པས་ཁྱབ། ཚོར་བ་ཡིད་བདེ་དང་། ཚོར་བ་ཡིད་མི་བདེ་གང་རུང་ཡིན་ན། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་ཡིན་པས་ཁྱབ་ཟེར་ན། ཚུར་མཐོང་ལྷས་སྦྱིན་གྱི་རྒྱུད་ཀྱི་ཚོར་བ་བདེ་བ་ཆོས་ཅན། དམ་བཅའ་དང་པོ་ལ་དེར་ཐལ། དེའི་ཕྱིར་ཏེ། ཚོར་བ་བདེ་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དབང་པོའི་རྣམ་པར་ཤེས་པ་དང་མཚུངས་ལྡན་དུ་གྱུར་པའི་ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དབང་པོའི་རྣམ་པར་ཤེས་པ་དེ། ཚུར་མཐོང་ལྷས་སྦྱིན་གྱི་རྒྱུད་ཀྱི་ཤེས་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། དེའི་རྒྱུད་ཀྱི་ཚོར་བ་སྡུག་བསྔལ་ཆོས་ཅན། ཁྱབ་པ་དང་པོ་ལ་དེར་ཐལ། དེའི་ཕྱིར་ཏེ། ཚོར་བ་སྡུག་བསྔལ་ཡིན་པའི་ཕྱིར། འདོད་ན། དབང་པོའི་རྣམ་པར་ཤེས་པ་དང་མཚུངས་ལྡན་དུ་གྱུར་པའི་ཚོར་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དབང་པོའི་རྣམ་པར་ཤེས་པ་དེ་དེའི་རྒྱུད་ཀྱི་ཤེས་པར་ཐལ་ལོ། །དེས་ཕྱི་མ་ལ་རིགས་འགྲེ། ཁ་ཅིག །ཚོར་བ་བདེ་བ་དང་སྡུག་བསྔལ་གང་རུང་ཡིན་ན། ལུས་ཚོར་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། ཡིད་བདེ་དེ་བདེ་བའི་དབང་པོ་ཡིན་པའི་ཕྱིར་ཏེ། དེ་བདེ་བ་ཡིན་པའི་ཕྱིར་ཏེ། ཡིད་བདེ་ཡིན་པའི་ཕྱིར། གཞན་ཡང་། དེ་མི་འཐད་དེ། ཚོར་བ་ཡིད་མི་བདེ་དེ། སྡུག་བསྔལ་གྱི་དབང་པོ་ཡིན་པའི་ཕྱིར་ཏེ། དེ་སྡུག་བསྔལ་ཡིན་པའི་ཕྱིར་ཏེ། དེ་སེམས་ཀྱི་སྡུག་བསྔལ་ཡིན་པའི་ཕྱིར། ཁ་ཅིག །ཚོར་བ་ལ་ལྔར་ཕྱེ་བའི་བདེ་བའི་དབང་པོ་དེ་ཡིན་ན། ལུས་ཚོར་ཡིན་པས་ཁྱབ་ཟེར་ན། བསམ་གཏན་གསུམ་པའི་ཡན་ལག་ཏུ་གྱུར་པའི་ཚོར་བ་བདེ་བ་དེ་ཆོས་ཅན། ཐལ་ཕྱིར། ཚོར་བ་ལ་ལྔར་ཕྱེ་བའི་ཚོར་བ་ལྔ་པོ་གང་རུང་གང་ཞིག །ཚོར་བ་སྡུག་བསྔལ། ཚོར་བ་ཡིད་བདེ། ཚོར་བ་ཡིད་མི་བདེ། ཚོར་བ་བཏང་སྙོམས་རྣམས་རེ་རེ་ནས་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དབང་ཤེས་སུ་གྱུར་པའི་ཚོར་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། ཁ་ཅིག །དབང་ཤེས་སུ་གྱུར་པའི་ཚོར་བ་དང་བསམ་གཏན་གསུམ་པའི་ཡན་ལག་ཏུ་གྱུར་པའི་ཚོར་བ་བདེ་བ་གང་རུང་དེ། ཚོར་བ་ལ་ལྔར་ཕྱེ་བའི་བདེ་བའི་དབང་པོའི་མཚན་ཉིད་ཟེར་ན། དེ་གཉིས་ཀ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། དེ་གཉིས་རེ་རེ་ནས་དེ་ཡིན་པའི་ཕྱིར། འདོད་ན། དབང་ཤེས་སུ་གྱུར་པའི་ཚོར་བ་ཡིན་པར་ཐལ། འདོད་པ་གང་ཞིག །གཅིག་ཤོས་མ་ཡིན་པའི་ཕྱིར། འདོད་ན། བསམ་གཏན་གསུམ་པའི་ཡན་ལག་ཏུ་གྱུར་པའི་ཚོར་བ་དེ་ཡང་དབང་ཤེས་སུ་གྱུར་བའི་དེར་ཐལ། འདོད་པའི་ཕྱིར། ཁ་ཅིག །གཟུགས་འཛིན་མིག་གི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་བདེ་བ་དང་དེ་སྡུག་བསྔལ་གཉིས་ཀ་ཡོད་ཟེར་ན། གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པ་དེ། རང་ཡུལ་དུ་གྱུར་པའི་གདུང་བའི་རྣམ་པ་ཅན་གྱི་བློ་དང་། དེར་གྱུར་པའི་སིམ་པའི་རྣམ་པ་ཅན་གྱི་བློ་གཉིས་ཀ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་འགལ་བའི་ཕྱིར། ཁ་ཅིག །ཟང་ཟིང་མེད་པའི་ཚོར་བ་ཡིན་ན། སྲེད་པ་སྤངས་པའི་ཚོར་བ་ཡིན་པས་ཁྱབ་ཟེར་ན། ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་ཟག་མེད་ཀྱི་ཚོར་བ་ཆོས་ཅན། ཐལ་ཕྱིར། ཟག་མེད་ཀྱི་ཚོར་བ་ཡིན་པའི་ཕྱིར། འདོད་ན། འདོད་ཆགས་སྤངས་པའི་དེར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་མཐོང་ལམ་པ་དེ་འདོད་ཆགས་སྤངས་པའི་གང་ཟག་ཏུ་ཐལ་ལོ། །འདོད་མི་ནུས་ཏེ། དེ་སྤངས་པའི་གང་ཟག་ཡིན་ན། དགྲ་བཅོམ་པ་ཡིན་དགོས་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། སེམས་སེམས་བྱུང་སོ་སོའི་ངོ་བོ། དབྱེ་བ། མཚུངས་ལྡན་དུ་སྒྲུབ་པ་དང་གསུམ། དང་པོ་ནི། སེམས་སེམས་བྱུང་གང་རུང་ཡང་ཡིན། མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ་དེ། གཙོ་སེམས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། མིག་གི་རྣམ་པར་ཤེས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་ཏུ་ཡོད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ལ་བརྟེན་ནས་བྱུང་བའི་རྣམ་རིག་དེ། མིག་གི་རྣམ་པར་ཤེས་པའི་མཚན་ཉིད། མིག་གི་རྣམ་པར་ཤེས་པ་ལ། མིག་ཤེས་ཀྱིས་ཁྱབ་ཀྱང་། མིག་ཤེས་ལ་གཅིག་ཤོས་ཀྱིས་མ་ཁྱབ་སྟེ། མིག་ཤེས་སུ་གྱུར་པའི་ལུས་ཚོར་ཡོད་པའི་ཕྱིར། དེ་གང་རུང་ཡང་ཡིན། མཚུངས་ལྡན་འདུ་བྱེད་ཀྱི་ཕུང་པོ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ་དེ། སེམས་བྱུང་གི་མཚན་ཉིད། དེ་ལ་དབྱེ་ན། སེམས་བྱུང་ལྔ་བཅུ་རྩ་གཅིག་ཏུ་ཡོད་དེ། ཀུན་འགྲོ་ལྔ་ནི། ཀུན་བཏུས་ལས། ཚོར་འདུ་སེམས་པ་རེག་ཡིད་བྱེད། །ཅེས་པས་བསྟན། ཡུལ་ངེས་ལྔ་ནི། འདུན་མོས་དྲན་དང་ཏིང་འཛིན་ཤེས་རབ་སྟེ། །ཞེས་པས་བསྟན། དགེ་བ་བཅུ་གཅིག་ནི། དད་དང་ངོ་ཚ་ཤེས་ཁྲེལ་ཡོད། །འདོད་ཆགས་ཞེ་སྡང་གཏི་མུག་མེད། །བརྩོན་འགྲུས་ཤིན་ཏུ་སྦྱངས་པ་སྟེ། །བག་ཡོད་བཏང་སྙོམས་རྣམ་མི་འཚེ། །ཞེས་པས་བསྟན། གཞན་འགྱུར་བཞི་ནི། རྟོག་དཔྱོད་གཉིད་འགྱོད་གཞན་འགྱུར་བཞི། །ཞེས་པས་བསྟན། རྩ་ཉོན་དྲུག་ནི། མཛོད་ལས། འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ཉོན་མོངས་ལྟ་བ་སྟེ། །ཞེས་པས་བསྟན། ཉེ་ཉོན་ཉི་ཤུ་ནི། ཁྲོ་དང་ཁོན་འཛིན་འཆབ་པ་དང་། །འཚིག་དང་ཕྲག་དོག་སེར་སྣ་སྒྱུ། །གཡོ་རྒྱགས་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་རྨུགས་རྒོད་མ་དད་དང་། །ལེ་ལོ་བག་མེད་བརྗེད་ངད་ཆེ། །རྣམ་གཡེང་ཤེས་བཞིན་མིན་པ་སྟེ། །ཞེས་པས་བསྟན། དང་པོ་ལྔ་བཞག་ཏུ་ཡོད་དེ། ཚོར་བ། སེམས་པ། འདུ་ཤེས། རེག་པ། ཡིད་ལ་བྱེད་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལྔ་ནི། འདུན་པ། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་རྣམས་སོ། །གསུམ་པ་བཅུ་གཅིག་བཞག་ཏུ་ཡོད་དེ། དད་པ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། གཏི་མུག་མེད་པ། ཞེ་སྡང་མེད་པ། འདོད་ཆགས་མེད་པ། བརྩོན་འགྲུས། ཤིན་ཏུ་སྦྱངས་པ། བག་ཡོད་པ། བཏང་སྙོམས། རྣམ་པར་མི་འཚེ་བའི་སེམས་བྱུང་རྣམས་སུ་ཡོད་པའི་ཕྱིར། བཞི་པ་བཞི་བཞག་ཏུ་ཡོད་དེ། གཉིད། འགྱོད་པ། རྟོག་པ། དཔྱོད་པ་རྣམས་སུ་ཡོད་པའི་ཕྱིར། ལྔ་པ་དྲུག་བཞག་ཏུ་ཡོད་དེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཉོན་མོངས་ཅན་གྱི་མ་རིག་པ། ཉོན་མོངས་ཅན་གྱི་ཐེ་ཚོམ། ཉོན་མོངས་ཅན་གྱི་འཇིག་ལྟ་རྣམས་སུ་ཡོད་པའི་ཕྱིར། དྲུག་པ་ཉི་ཤུ་བཞག་ཏུ་ཡོད་དེ། ཁྲོ་བ། ཁོན་དུ་འཛིན་པ། འཆབ་པ། འཚིག་པ། ཕྲག་དོག། སེར་སྣ། སྒྱུ། གཡོ། རྒྱགས་པ། རྣམ་པར་འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། བག་མེད་པ། བརྗེད་ངད་ཆེ་བ། ཤེས་བཞིན་མ་ཡིན་པ། རྣམ་པར་གཡེང་བའི་སེམས་བྱུང་རྣམས་སུ་ཡོད་པའི་ཕྱིར། སྔར་བཤད་པ་རྣམས་ལ་སེམས་བྱུང་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་རང་གི་གཙོ་སེམས་ཀྱི་བྱེད་པ་ལ་བརྟེན་ནས་འཕྲལ་ལ་འབྱུང་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་རྣམས་ཀྱི་ནང་ནས་ཚོར་བའི་རྣམ་གཞག་ཅུང་ཟད་བཤད་ན། ཀུན་འགྲོ་ལྔའི་ནང་ཚན་གང་ཞིག །རང་ཡུལ་དུ་གྱུར་པའི་གདུང་བ་སིམ་པ་བར་མ་གསུམ་ཅི་རིགས་ཉམས་སུ་མྱོང་བའི་སེམས་བྱུང་དེ་ཚོར་བའི་མཚན་ཉིད། དེ་ལ་དབྱེ་ན། ཚོར་བ་བདེ་བ། ཚོར་བ་སྡུག་བསྔལ། ཚོར་བ་ཡིད་བདེ། ཚོར་བ་ཡིད་མི་བདེ། ཚོར་བ་བཏང་སྙོམས་དང་ལྔར་ཡོད། ཚོར་བ་ཡིད་བདེ་ལ་བདེ་བས་ཁྱབ། ཚོར་བ་ཡིད་མི་བདེ་བ་ལ་སྡུག་བསྔལ་གྱིས་ཁྱབ་ཀྱང་། ཚོར་བ་ལ་ལྔར་ཕྱེ་བའི་ཚོར་བ་ཡིད་བདེ་དང་། ཚོར་བ་བདེ་བ་འགལ། དེ་ལ་ལྔར་ཕྱེ་བའི་ཚོར་བ་ཡིད་བདེ་དང་ཚོར་བ་སྡུག་བསྔལ་འགལ་ལོ། །ཡང་ཚོར་བ་ལ་དབྱེ་ན། ཆགས་པ་བརྟེན་པའི་ཚོར་བ་དང་། མངོན་པར་འབྱུང་བ་བརྟེན་པའི་ཚོར་བ་གཉིས། དང་པོ་ནི། འདོད་ཡོན་གྱི་སྲེད་པས་བཅིངས་པའི་ཚོར་བ་ལྟ་བུ། གཉིས་པ་ནི། ཁམས་གོང་མ་གཉིས་ཀྱི་ཚོར་བ་ལྟ་བུའོ། །ཡང་ཚོར་བ་ལ་དབྱེ་ན། ཟང་ཟིང་མེད་པའི་དེ་དང་། ཟང་ཟིང་དང་བཅས་པའི་དེ་གཉིས། དང་པོ་དང་ཟག་མེད་ཀྱི་ཚོར་བ་དོན་གཅིག །གཉིས་པ་དང་ཟག་བཅས་ཀྱི་ཚོར་བ་དོན་གཅིག་གོ །ངག་དོན་ནི། གཟུགས་ཡིད་འོང་དུ་སྣང་བའི་གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་བདེ་བ་དེ་གསལ་བར་རྒྱུ་བ་དེའི་ཚེ། ཀུན་འགྲོ་ལྷག་མ་རྣམས་ཚོར་བ་དེ་དང་འདྲ་བར་གསལ་པོར་ཐ་དད་དུ་ཚད་མས་མ་མཐོང་ཡང་། དེའི་ཚེ་ཀུན་འགྲོ་ལྷག་མ་རྣམས་ཐ་དད་ཡིན་ཏེ། དེ་རྣམས་ཐ་དད་དུ་གཟུགས་ཡིད་འོང་དུ་སྣང་བའི་གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པའི་རྒྱུན་ལ་བརྟེན་ནས་གྲུབ་པ་ཡིན་པའི་ཕྱིར་རོ། །རྩོད་པ་སྤང་པ་ལ། ཁ་ཅིག་ན་རེ། ཟང་ཟིང་མེད་པའི་ཚོར་བ་སྡུག་བསྔལ་ཆོས་ཅན། ཟག་མེད་ཀྱི་ཚོར་བ་ཡིན་པར་ཐལ། ཟང་ཟིང་མེད་པའི་ཚོར་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། འདོད་མི་ནུས་ཏེ། ཟག་བཅས་ཡིན་པའི་ཕྱིར་ཏེ། སྡུག་བསྔལ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། །

མངོན་སུམ་ལྟར་སྣང་བཤད་པ།

༈ མངོན་སུམ་ལྟར་སྣང་རྣམ་པ་བཞི། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། འདི་ལ་ཚད་མ་མདོ་ལས་གསུངས་ཚུལ་དང་། བསྟན་བཅོས་འདིར་འགྲེལ་ཚུལ་གཉིས། དང་པོ་ནི། ཚད་མ་མདོ་ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་མངོན་འདོད་ཅེས་བྱ་བ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་གསུངས། འདིའི་ངག་དོན་ནི། མངོན་གསུམ་ལྟར་སྣང་དེ་ལ་དབྱེ་ན། བདུན་ཡོད་དེ། རྟོག་པ་མངོན་སུམ་ལྟར་སྣང་དྲུག །རྟོག་མེད་མངོན་སུམ་ལྟར་སྣང་གཅིག་རྣམས་སུ་ཡོད་པའི་ཕྱིར། དང་པོ་དྲུག་བཞག་ཏུ་ཡོད་དེ། རང་གི་ཞེན་ཡུལ་ལ་འཁྲུལ་པའི་རྟོག་པ། ཀུན་རྫོབ་པའི་རྟོག་པ། རྗེས་དཔག་གི་མིང་ཅན་གྱི་རྟོག་པ། རྗེས་དཔག་ལས་བྱུང་བའི་རྟོག་པ། འདས་པའི་དོན་དྲན་པའི་རྟོག་པ། མ་འོངས་པའི་དོན་མངོན་པར་འདོད་པའི་རྟོག་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ནི། སྨིག་རྒྱུ་ལ་ཆུར་འཛིན་པའི་རྟོག་པ་ལྟ་བུ། གཉིས་པ་ནི། ལྟོ་ལྡིར་བ་ལ་དམིགས་ནས་འདི་བུམ་པའོ་སྙམ་དུ་འཛིན་པའི་རྟོག་པ་ལྟ་བུ། གསུམ་པ་ནི། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་རྟགས་འཛིན་སེམས་སུ་གྱུར་པའི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་དྲན་པའི་དྲན་ཤེས་ལྟ་བུ། བཞི་པ་ནི། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུ། ལྔ་པ་ནི། ཁ་སང་གི་དུས་ཀྱི་བུམ་པ་དེ། དེ་རིང་གི་དུས་སུ་དྲན་པའི་རྟོག་པ་ལྟ་བུ། དྲུག་པ་ནི། མ་འོངས་པ་ན་སངས་རྒྱས་ཐོབ་པར་འདོད་པའི་རྟོག་པ་ལྟ་བུ་ལ་བྱེད་པ་ཡིན་ནོ། །མངོན་སུམ་ལྟར་སྣང་བདུན་པོ་དེ། བསྟན་བཅོས་འདིར་བཞིར་བསྡུས་ནས་སྟོན་པར་བྱེད་པ་ལ། མངོན་སུམ་ལྟར་སྣང་རྣམ་པ་བཞི། །ཞེས་སོགས་རྐང་པ་བཞི་བྱུང་། ཡང་མངོན་སུམ་ལྟར་སྣང་བདུན་པོ་དེ་བཞིར་འདུ་བ་ཡིན་ཏེ། རྟོག་པ་མངོན་སུམ་ལྟར་སྣང་གསུམ་དང་། རྟོག་མེད་མངོན་སུམ་ལྟར་སྣང་གཅིག་ཏུ་འདུས་པ་ཡིན་པའི་ཕྱིར། དང་པོ་གསུམ་ཡང་བཞག་ཏུ་ཡོད་དེ། བརྡ་ལ་བརྟེན་པའི་རྟོག་པ་དང་། དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ་དང་། ལྐོག་ཏུ་གྱུར་པའི་དོན་ཅན་གྱི་རྟོག་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ནི། ལྟོ་ལྡིར་བ་ལ་དམིགས་ནས་འདི་བུམ་པའོ་སྙམ་དུ་འཛིན་པའི་རྟོག་པ་ལྟ་བུ། གཉིས་པ་ནི། སྨིག་རྒྱུ་ལ་ཆུར་འཛིན་པའི་རྟོག་པ་ལྟ་བུ། གསུམ་པ་ནི། ལྷག་མ་རྟོག་པ་བཞི་པོ་དེ་ལ་བྱེད་དོ། །

༈ སྐབས་འདིར་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། འཁྲུལ་པའི་རྟོག་པ་དང་ཀུན་རྫོབ་པའི་རྟོག་པ་གཉིས་འགལ་ཟེར་ན། དེ་མི་འཐད་དེ། རྟོག་པ་ཡིན་ན། ཀུན་རྫོབ་པའི་རྟོག་པ་ཡིན་དགོས་པའི་ཕྱིར་ཏེ། རྗེས་སུ་དཔག་པའི་ཚད་མ་ཡིན་ན། ཀུན་རྫོབ་པའི་ཚད་མ་ཡིན་དགོས་པའི་ཕྱིར་ཏེ། མངོན་སུམ་ཚད་མ་ཡིན་ན། དོན་དམ་པའི་ཚད་མ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འཁྲུལ་པའི་རྟོག་པ་དང་། ཀུན་རྫོབ་པའི་རྟོག་པ་གཉིས་འགལ་བར་ཐལ། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །ཞེས་དེ་གཉིས་སོ་སོར་ཕྱེ་ནས་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། རྟགས་འཛིན་སེམས་དང་རྗེས་དཔག་འགལ་བར་ཐལ། རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །ཞེས་དེ་སོ་སོར་བཤད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་བྱས་པར་རྟོགས་པའི་རྗེས་དཔག་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། རང་རེས། འཁྲུལ་ཤེས་ཡིན་ན། མངོན་སུམ་ལྟར་སྣང་ཡིན་པས་ཁྱབ། བྱས་པ་ལ་ཁོ་ན་རེ། བཅད་ཤེས་ཆོས་ཅན། ཐལ་ཕྱིར། འདོད་ན། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ལྟར་སྣང་དུ་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་ལྟར་སྣང་དེ། མངོན་སུམ་ལྟར་སྣང་གི་མཚན་ཉིད་ཡིན་པའི་ཕྱིར། དེ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ། མངོན་སུམ་གྱི་མཚན་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་ན། དེ་ཆོས་ཅན། རིག་པ་ལྟར་སྣང་དུ་ཐལ་ལོ། །འདོད་མི་ནུས་ཏེ། ཡང་དག་པའི་ཤེས་པ་ཡིན་པའི་ཕྱིར་ཏེ། མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར་རོ། ༈ །དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །ཞེས་པ་དེ་ཡང་གང་ལས་འཕྲོས་ན། དེ་ཡང་། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པ་ནས། མངོན་སུམ་ལྟར་སྣང་གཉིས་སུ་བཤད། །ཅེས་པའི་བར་གྱིས་ཚད་མའི་གྲངས་དང་། སྤྱོད་ཡུལ་ལ་ལོག་རྟོག་སེལ་ཚུལ་དང་། མངོན་སུམ་རང་གི་ངོ་བོ་ལ་ལོག་རྟོག་སེལ་ཚུལ་དེ་བསྟན་ནས། མངོན་སུམ་ཚད་མའི་འབྲས་བུ་ལ་ལོག་རྟོག་སེལ་ཚུལ་དེ་འཆད་པར་བྱེད་པ་ལ། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ཞེས་སོགས་བྱུང་། འདི་ལ་ཚད་འབྲས་དང་པོའི་རྣམ་གཞག་བཤད་པ་དང་། ཚད་འབྲས་གཉིས་པའི་རྣམ་གཞག་བཤད་པ་དང་། ཚད་འབྲས་གསུམ་པའི་རྣམ་གཞག་བཤད་པ་དང་གསུམ། དང་པོ་ལ། ཚད་མ་མདོ་ལས་གསུངས་ཚུལ་དང་། དེ་བསྟན་བཅོས་འདིར་འགྲེལ་ཚུལ་གཉིས། དང་པོ་ལ་བཤད་བྱའི་ལུང་འགོད་པ་དང་། ལུང་གི་དོན་བཤད་པ་གཉིས། དང་པོ་ནི། ཚད་མ་མདོ་ལས། བྱ་དང་བཅས་པ་རྟོགས་པའི་ཕྱིར། །འབྲས་བུ་ཉིད་ཡིན་འཇལ་བྱེད་ལ། །ཚད་མ་ཉིད་དུ་འདོགས་པ་སྟེ། །བྱ་བ་མེད་པའང་མ་ཡིན་ནོ། །ཞེས་དང་། དེའི་རང་འགྲེལ་ལས། འདིར་ཡང་། བྱ་དང་བཅས་པ་རྟོགས་པའི་ཕྱིར། །ཚད་མའི་འབྲས་བུ་ཉིད་དུ་འདོད། །འདི་ལ་ཕྱི་རོལ་པ་རྣམས་བཞིན་དུ་ཚད་མའི་འབྲས་བུ་དོན་གཞན་དུ་འགྱུར་བ་ནི་མེད་ཀྱི། འབྲས་བུར་གྱུར་པའི་ཤེས་པ་དེ་ཉིད་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པ་དང་། བྱ་བ་དང་བཅས་པ་རྟོགས་པ་སྟེ། ཉེ་བར་བླངས་ནས་ཚད་མ་ཉིད་དུ་འདོད་པ་སྟེ། བྱ་བ་མེད་པའང་མ་ཡིན་ནོ། །དཔེར་ན། འབྲས་བུ་རྒྱུ་དང་རྗེས་སུ་མཐུན་པར་སྐྱེས་པ་ལ་རྒྱུའི་གཟུགས་འཛིན་ཞེས་བརྗོད་པར་བྱ་བ་མེད་པར་ཡང་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །ཞེས་གསུངས། གཉིས་པ་ལ་རྩ་བའི་དོན་བཤད་པ་དང་། འགྲེལ་པའི་དོན་བཤད་པ་གཉིས། དང་པོ་ནི། བྱ་དང་བཅས་པ་རྟོགས་པའི་ཕྱིར། །འབྲས་བུ་ཉིད་ཡིན་ཞེས་པ་ནི། གཞན་གྱི་དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་བཀག་པའི་སྒོ་ནས། དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་ཡིན་ན། དེ་དང་བདག་ཉིད་གཅིག་ཡིན་དགོས་པར་བསྟན། འཇོག་བྱེད་ལ། ཚད་མ་ཉིད་དུ་འདོད་པ་སྟེ། །ཞེས་པས། དོན་གྱི་རྣམ་པ་ཤར་ནས་དོན་ལ་གསར་དུ་མི་བསླུ་བའི་རིག་པ་དེ། དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་དུ་བསྟན། བྱ་བ་མེད་པའང་མ་ཡིན་ནོ། །ཞེས་པས། དེ་ལ་རྩོད་སྤོང་དེ་བསྟན། འདི་ལ་རྩོད་པ་དང་། ལན་གཉིས། དང་པོ་ནི། དོན་གྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་དང་། དེ་དངོས་སུ་རྟོགས་པའི་ཚད་མ་གཉིས་རྫས་གཞན་མ་ཡིན་ཏེ། དེ་ལ་བྱ་བྱེད་ཀྱི་ཆོས་གསུམ་ཚང་དགོས་པས། དེ་གཉིས་བྱ་བྱེད་དུ་མི་རིགས་པར་འགྱུར་ཞེ་ན། གཉིས་པ་ལན་ལ། དེ་གཉིས་རྫས་གཞན་མ་ཡིན་ཀྱང་། དེ་གཉིས་ལ་བྱ་བྱེད་ཀྱི་ཆོས་གསུམ་ཚང་བ་ཡིན་ཏེ། བྱ་བ་མེད་པའང་མ་ཡིན་ནོ། །ཞེས་པས། དངོས་སུ་རང་གི་བྱ་བའི་ལས་དང་ལྡན་པ་དེ་བསྟན་ནས། ཤུགས་ལ་བྱེད་པ་པོ་གཞན་གྱི་དབང་པོས་གྲུབ་པ་དང་། གཙོ་བོར་བསྒྲུབ་བྱ་ལ་ཕན་པ་ཉེ་བར་སྦྱོར་བ་དེ་བསྟན་པའི་ཕྱིར། གཉིས་པ་འགྲེལ་པའི་དོན་བཤད་པ་ནི། འཚམས་སྦྱོར་རྩ་བའི་གཞུང་དོན་འཆད་པར་བྱེད་པ་ལ། འདིར་ཡང་། བྱ་དང་བཅས་པ་རྟོགས་པའི་ཕྱིར། །ཚད་མའི་འབྲས་བུ་ཉིད་དུ་འདོད། །ཅེས་པ་འདི་བྱུང་། ཕྱི་རོལ་པས་འདོད་པའི་ཚད་འབྲས་རྫས་གཞན་པ་དེ་བཀག་པའི་སྒོ་ནས་གཞན་ལུགས་འགོག་ཚུལ་དེ་འཆད་པར་བྱེད་པ་ལ། འདི་ལ་ཕྱི་རོལ་པ་རྣམས་བཞིན་དུ་ཚད་མའི་འབྲས་བུ་དོན་གཞན་དུ་གྱུར་པ་ནི་མེད་ཀྱི། ཞེས་པ་འདི་བྱུང་། འབྲས་བུར་གྱུར་པའི་ཤེས་པ་དེ་ཉིད་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པ་དང་། ཞེས་པས། དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་ཡིན་ན། དོན་གྱི་རྣམ་པ་ཤར་བ་གཅིག་དགོས་པར་བསྟན། བྱ་བ་དང་བཅས་པ་རྟོགས་པ་སྟེ། ཉེ་བར་བླངས་ནས་ཚད་མ་ཉིད་དུ་འདོགས་པ་སྟེ། ཞེས་པས། དོན་གྱི་རྣམ་པ་ཤར་ནས་དོན་ལ་གསར་དུ་མི་བསླུ་བའི་རིག་པ་དེ། དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་དུ་བསྟན། བྱ་བ་མེད་པའང་མ་ཡིན་ནོ། །ཞེས་པ་ནས། དེ་བཞིན་དུ་འདིར་ཡང་ཡིན་ནོ། །ཞེས་པའི་བར་གྱིས། དེ་རྣམས་ལ་རྩོད་སྤོང་དེ་བསྟན་པ་ཡིན་ནོ། །གཉིས་པ་དེ་བསྟན་བཅོས་འདིར་འགྲེལ་ཚུལ་ལ། མདོ་དོན་ཚིག་དོན་གྱི་སྒོ་ནས་འཆད་པ་དང་། མདོ་དོན་རིགས་པའི་སྒོ་ནས་འཆད་པ་གཉིས། དང་པོ་ལ་བྱ་བྱེད་སྤྱིའི་རྣམ་གཞག་བཤད་པ་དང་། ཚད་འབྲས་ཀྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། རྩ་འགྲེལ་དེ་གཉིས་ཀྱི་དོན་བཀྲལ་བའི་སྒོ་ནས། བྱ་བྱེད་སྤྱིའི་རྣམ་གཞག་འཆད་པར་བྱེད་པ་ལ། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ཞེས་སོགས་རྐང་པ་བཞི་བྱུང་། བྱ་བ་སྒྲུབ་པར། ཞེས་སོགས་རྐང་པ་ཕྱེད་དང་གསུམ་གྱིས་གཞན་ལུགས་འགོག་ཚུལ་དེ་བསྟན། གང་ལས་འབྲས། ཞེས་སོགས་རྐང་པ་ཕྱེད་དང་གཉིས་ཀྱིས་རང་ལུགས་འཇོག་ཚུལ་དེ་བསྟན་ནོ། །

མངོན་སུམ་ཚད་མའི་འབྲས་བུ་ལ་ལོག་རྟོག་སེལ་ཚུལ།

ཚད་འབྲས་དང་པོའི་རྣམ་གཞག་བཤད་པ།

༈ གཉིས་པ་ཚད་འབྲས་ཀྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ནི། དེ་ཡང་གཞན་ལུགས་ཀྱི་དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་དངོས་སུ་བཀག་པའི་སྒོ་ནས། བྱ་དང་བཅས་པ་ཞེས་སོགས་རྐང་པ་ཕྱེད་དང་གཉིས་ཀྱི་དོན་མདོར་བསྟན་གྱི་ཚུལ་གྱིས་འཆད་པར་བྱེད་པ་ལ། དེ་ལ་ཉམས་མྱོང་ཙམ་དུ་ནི། །ཞེས་པ་ནས། ཐ་དད་པར་ནི་ངེས་བྱེད་མིན། །ཞེས་པའི་བར་བྱུང་། དེ་ཡང་། དེ་ལ་ཉམས་སུ་མྱོང་ཞེས་སོགས་རྐང་པ་བཞིའི་སྐབས་སུ། དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་ཡིན་ན། དོན་གྱི་རྣམ་པ་ཤར་བ་གཅིག་དགོས་པར་བསྟན། བདག་ཉིད་འགྱུར་མིན། ཞེས་སོགས་རྐང་པ་བཞིའི་སྐབས་སུ། དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་ཡིན་ན། དེ་འདྲའི་ཚད་མ་དང་བདག་ཉིད་གཅིག་ཡིན་དགོས་པར་བསྟན་པ་ལ། འོ་ན། ཁྱད་ཆོས་དེ་གཉིས་དང་ལྡན་པའི་དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་གང་ཞེ་ན། དོན་གྱི་རྣམ་པ་ཤར་ནས་དེ་འདྲའི་གསར་དུ་མི་བསླུ་བའི་རིག་པ་དེ། ཁྱད་ཆོས་དེ་གཉིས་དང་ལྡན་པའི་དེའི་འཇོག་བྱེད་དུ་བསྟན་པའི་སྒོ་ནས། འཇལ་བྱེད་ལ་ཚད་མ་ཉིད་དུ་འདོད་པ་སྟེ། ཞེས་པ་རྩ་འགྲེལ་གྱི་དོན་མདོར་བསྟན་གྱི་ཚུལ་གྱིས་འཆད་པར་བྱེད་པ་ལ། དེ་ཕྱིར་འདི་བདག་ཐ་དད་པ། །ཞེས་སོགས་རྐང་པ་བཞི་བྱུང་། གཞན་ལུགས་ཀྱི་དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་དེ་བཀག་པའི་སྒོ་ནས། བྱ་དང་བཅས་པ་ཞེས་སོགས་རྐང་པ་ཕྱེད་དང་གཉིས་ཀྱི་དོན་རྒྱས་པར་བཤད་པ་ལ། རྣམ་འགས་ཤེས་པའི་རང་བཞིན་ནི། །ཞེས་སོགས་རྐང་པ་བཞི་བྱུང་། རང་ལུགས་ཀྱི་དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་ངོས་བཟུང་བའི་སྒོ་ནས་འཇལ་བྱེད་ལ། ཞེས་པ་རྐང་པ་ཕྱེད་དང་གཉིས་ཀྱི་རྩ་འགྲེལ་གྱི་དོན་རྒྱས་པར་བཤད་པ་ལ། དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་རྣམས་ཀྱི་དོན་བསྡུ་འཆད་པར་བྱེད་པ་ལ། སྒྲུབ་བྱེད་གཞན་ཡིན་ན་དེ་ནི། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ཡང་གཞན་ལུགས་བཀག་པའི་དོན་བསྡུ་འཆད་པར་བྱེད་པ་ལ། སྒྲུབ་བྱེད་གཞན་ཡིན་ན་དེ་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། རང་ལུགས་བཞག་པའི་དོན་བསྡུ་འཆད་པར་བྱེད་པ་ལ། དེ་ཡང་དེ་ཡི་བདག་ཉིད་ཡིན། །ཞེས་སོགས་རྐང་པ་གཉིས་བྱུང་། བྱ་བ་མེད་པའང་མ་ཡིན་ནོ། །ཞེས་པའི་ཤུགས་ལ་བསྟན་པའི་བྱེད་པ་པོ་གཞན་གྱི་དབང་དུ་གྱུར་པའི་དོན་ཚང་ཚུལ་དེ་འཆད་པར་བྱེད་པ་ལ། དེ་ཡི་བདག་ཉིད་འཛིན་པ་དེ། །ཞེས་པ་འདི་བྱུང་། དེས་དངོས་སུ་བསྟན་པའི་རང་གི་བྱ་བའི་ལས་དང་ལྡན་ཚུལ་དེ་འཆད་པར་བྱེད་པ་ལ། དོན་རྟོགས་པ་ཡི་བདག་ཉིད་ཀྱི། །བྱེད་པས། ཞེས་པ་འདི་བྱུང་། དེའི་ཤུགས་ལ་བསྟན་བྱའི་གཙོ་བོར་གྱུར་པའི་བསྒྲུབ་བྱ་ལ་ཕན་པ་ཉེ་བར་སྦྱོར་བ་ལྟ་བུའི་དོན་ཚང་ཚུལ་དེ་འཆད་པར་བྱེད་པ་ལ། རང་གི་ལས་ལ་ནི། །བྱེད་དང་བཅས་པ། ཞེས་པ་འདི་བྱུང་། འང་སྒྲས་ཤུགས་ལ་བསྟན་པའི་ཚད་འབྲས་རྫས་གཞན་མེད་ཚུལ་དེ་འཆད་པར་བྱེད་པ་ལ། ལྟ་བུར་སྣང་། །ཞེས་པ་འདི་བྱུང་། འགྲེལ་པར་འདིར་ཡང་ཡིན་ནོ། །ཞེས་པའི་དོན་ཚིག་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ལ། བདག་ཉིད་བྱེད་པོ་མིན་ན་ཡང་། །ཞེས་སོགས་རྐང་པ་གཉིས་བྱུང་། འགྲེལ་པར་དཔེར་ན་འབྲས་བུ་རྒྱུ་དང་ཞེས་པ་ནས། ཡིན་པ་དེ་བཞིན་དུ་ཞེས་པའི་བར་གྱི་དོན་ཚིག་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ལ། དཔེར་ན་འབྲས་བུ་རྒྱུ་རྣམས་ཀྱི། །ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་མདོ་དོན་རིགས་པའི་སྒོ་ནས་འཆད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ། རྩོད་པ་སྤངས་པ་དང་གསུམ། དང་པོ་ལ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ་གཉིས། དང་པོ་ནི། དང་པོར་དོན་ལ་ལྟ་བའི་ཤེས་པ་དག་པ་བ་རྟོག་མེད་ཚད་མ་དང་དབང་པོ་གཟུགས་ཅན་པ་དང་། དབང་དོན་འཕྲད་པའི་འབྲེལ་པ་དང་། སྤྱི་སོགས་ཁྱད་པར་མཐོང་བའི་བློ་དང་། རྣ་བ་ལ་སོགས་པའི་དབང་པོའི་འཇུག་པ་རྣམས་ཆོས་ཅན། ཁྱོད་དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་མ་ཡིན་ཏེ། ཁྱོད་ཀྱི་དེ་འཇོག་པར་བྱེད་པ་ལ་འཇོག་བྱེད་གཞན་གྱིས་བར་ཆོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཕྱིར་མཐོང་དང་དབང་འབྲེལ་དང་། །ཞེས་སོགས་རྐང་པ་བཞི་བྱུང་། གཉིས་པ་རང་ལུགས་ནི། དོན་དངོས་སུ་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་སྐྱེད་བྱེད་དེ་ཁྱོད་ཀྱི་འཇོག་བྱེད་མ་ཡིན་ཀྱང་། ཁྱོད་ཀྱི་འཇོག་བྱེད་ཡོད་དེ། དོན་གྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་དེ། ཁྱོད་ཀྱི་འཇོག་བྱེད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། བྱ་བ་ལ་ནི་བྱེད་པ་རྣམས། །ཞེས་སོགས་རྐང་པ་བཞི་བྱུང་། །

༈ གཉིས་པ་རྒྱས་པར་བཤད་པ་ལ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ་གཉིས། དང་པོ་ལ། བྱེ་བྲག་སྨྲ་བའི་ལུགས་དགག་པ། དཔྱོད་པ་པ་དང་། གྲངས་ཅན་གྱི་ལུགས་དགག་པ། རིགས་པ་ཅན་པའི་ལུགས་དགག་པ། བྱེ་བྲག་པའི་ལུགས་དགག་པ་བཞི། དང་པོ་ནི། དབང་པོ་གཟུགས་ཅན་པ་ཆོས་ཅན། རང་འབྲས་སྔོན་འཛིན་དབང་མངོན་གྱི་འཇོག་བྱེད་མ་ཡིན་པར་ཐལ། རང་འབྲས་སྔོན་འཛིན་དབང་མངོན་དང་། སེར་འཛིན་དབང་མངོན་གཉིས་ཀྱི་རྒྱུ་ཐུན་མོང་བ་ཡིན་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། ཀུན་གྱི་མཚུངས་རྒྱུ་ཡིན་པའི་ཕྱིར། །ཞེས་སོགས་རྐང་པ་གཉིས་བྱུང་། དེར་ཡང་མ་ཟད། དབང་པོ་གཟུགས་ཅན་པ་དེ་རང་འབྲས་སྔོན་འཛིན་དབང་མངོན་དང་སེར་འཛིན་དབང་མངོན་གཉིས་ཀྱི་འཇོག་བྱེད་མ་ཡིན་པར་ཐལ། དེ་ལ་སྔོ་སེར་གཉིས་པོ་སོ་སོའི་རྣམ་པ་མ་ཤར་བའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཐ་དད་ཀྱང་ཐ་དད་མེད། །ཅེས་སོགས་རྐང་པ་གཉིས་བྱུང་། གཉིས་པ་དཔྱོད་པ་པ་དང་གྲངས་ཅན་གྱི་ལུགས་བཞག་པ་ནི། དང་པོར་དོན་ལ་ལྟ་བའི་ཤེས་པ་དག་པ་བ་རྟོག་མེད་ཚད་མ་དང་། རྣ་བ་ལ་སོགས་པའི་དབང་པོའི་འཇུག་པ་རྣམས་ཆོས་ཅན། དོན་དངོས་སུ་འཇོག་པའི་ཚད་མ་འཇོག་བྱེད་མ་ཡིན་པར་ཐལ། ཁྱོད་ལ་རང་ཡུལ་དུ་གྱུར་པའི་དོན་གྱི་རྣམ་པ་མ་ཤར་བའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། འདིས་ནི་ལྷག་མ་བཤད་པ་ཡིན། །ཞེས་པ་འདི་བྱུང་། གསུམ་པ་རིགས་པ་ཅན་པའི་ལུགས་དགག་པ་ནི། འོ་ན། བུམ་པའི་སྤྱི་འཛིན་པའི་བློ་དང་། སྣམ་བུའི་སྤྱི་འཛིན་པའི་བློ་གཉིས་ཐ་དད་དུ་བསྟན་པ་མི་འཐད་པར་ཐལ། བུམ་པའི་སྤྱི་འཛིན་པའི་བློ་ལ་བུམ་པའི་སྤྱིའི་རྣམ་པ་མ་ཤར། སྣམ་བུའི་སྤྱི་འཛིན་པའི་བློ་ལ་སྣམ་བུའི་སྤྱིའི་རྣམ་པ་མ་ཤར་བའི་ཕྱིར། རྟགས་ཁས། འདོད་ན། བུམ་པའི་སྤྱི་འཛིན་པའི་བློ་དེ་བུམ་པའི་རྫས་འཛིན་གྱི་བློའི་མཚན་ཉིད་དང་། སྣམ་བུའི་སྤྱི་འཛིན་གྱི་བློ་དེ། སྣམ་བུའི་རྫས་འཛིན་གྱི་བློའི་མཚན་ཉིད་ཡིན་པ་མི་འཐད་པར་ཐལ། བུམ་པའི་སྤྱི་འཛིན་པའི་བློ་དང་། སྣམ་བུའི་སྤྱི་འཛིན་གྱི་བློ་གཉིས་ཐ་དད་མ་ཡིན་པའི་ཕྱིར། རྟགས་གསལ་ཁས། ཞེས་འཆད་པར་བྱེད་པ་ལ། དེ་དངོས་མེད་ན་ཁྱད་པར་གྱིས། །ཞེས་སོགས་རྐང་པ་གསུམ་བྱུང་། དེར་ཡང་མ་ཟད། སྤྱི་སོགས་ཁྱད་པར་མཐོང་བའི་བློ་དང་། ཁྱད་པར་རྫས་འཛིན་གྱི་བློ་གཉིས་ཆོས་ཅན། གཞི་གཅིག་ལ་ལྟོས་པའི་ཚད་འབྲས་མ་ཡིན་པར་ཐལ། ཡུལ་རྫས་ཐ་དད་པ་ཁོ་ན་ལ་འཇུག་པའི་ཕྱིར། རྟགས་གསལ་ཁས། ཞེས་འཆད་པར་བྱེད་པ་ལ། བྱ་བ་དང་ནི་སྒྲུབ་བྱེད་གཉིས། ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། བུམ་པའི་སྤྱི་འཛིན་གྱི་བློ་དང་། བུམ་པའི་རྫས་འཛིན་གྱི་བློ་གཉིས་གཟུང་དོན་གཅིག་ཉིད་ལས་སྐྱེས་པ་ཡིན་ནོ། །ཞེས་པའི་འདོད་བརྗོད་པར་བྱེད་པ་ལ། དོན་གཅིག་ཡིན་ན་ཞེས་པ་འདི་བྱུང་། འོ་ན། བུམ་པ་འཇལ་བའི་ཕྱིར་དུ་སྤྱི་འཛིན་པའི་བློ་དང་། བུམ་པའི་རྫས་འཛིན་གྱི་བློ་གཉིས་བསྟན་པ་དོན་མེད་པར་ཐལ། དེ་གཉིས་གཟུང་དོན་གཅིག་ཉིད་ལས་སྐྱེས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གཉིས་དོན་མེད། །ཅེས་པ་འདི་བྱུང་། དེར་ཡང་མ་ཟད། བུམ་པའི་སྤྱི་འཛིན་གྱི་བློ་དང་། བུམ་པའི་རྫས་འཛིན་གྱི་བློ་གཉིས་རིམ་བཞིན་དུ་འབྱུང་བ་མ་ཡིན་པར་ཐལ། དེ་གཉིས་གཟུང་དོན་གཅིག་ཉིད་ལས་སྐྱེས་པ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རིམ་བཞིན་འབྱུང་བ་མེད་པར་འགྱུར། །ཞེས་པ་འདི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། དེ་གཉིས་གཅིག་ཆར་དུ་འབྱུང་བ་ཡིན་ནོ། །ཞེས་འདོད་པ་རྗོད་པར་བྱེད་པ་ལ། བློ་ནི་གཅིག་ཆར་འབྱུང་འགྱུར་ན། །ཞེས་པ་འདི་བྱུང་། འོ་ན། དེ་གཉིས་སྐྱེད་བྱ་སྐྱེད་བྱེད་ཡིན་པ་མི་འཐད་པར་ཐལ། དེ་གཉིས་གཅིག་ཆར་དུ་འབྱུང་བའི་ཕྱིར། རྟགས་གསལ་ཁས། ཞེས་འཆད་པར་བྱེད་པ་ལ། བསྒྲུབ་བྱ་སྒྲུབ་བྱེད་མེད་པར་འགྱུར། །ཞེས་པ་འདི་བྱུང་། དེ་ལ་ཁོ་ན་རེ། དོན་གྱི་རྣམ་པ་ཤར་ནས། དོན་ལ་གསར་དུ་མི་བསླུ་བའི་རིག་པ་དང་། དོན་དངོས་སུ་རྟོགས་པའི་ཚད་མ་གཉིས་བྱ་བྱེད་ཡིན་པ་དེ་མི་འཐད་པར་ཐལ། དེ་གཉིས་གཅིག་ཆར་དུ་འབྱུང་བའི་ཕྱིར། ཁྱབ་པ་ཁས་ཟེར་ན། མ་ཁྱབ་སྟེ། དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་སྒོ་ནས་བྱ་བྱེད་དུ་འཇོག་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་རྣམ་བཞག་ལ་བརྟེན་ནས་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། བཞི་པ་བྱེ་བྲག་པའི་ལུགས་འགོག་པ་ནི། བུམ་པའི་གཟུགས་འཛིན་པའི་མིག་ཤེས་ཀྱིས་བུམ་པའི་གཟུགས་རྟོགས་ལ། བུམ་པའི་དྲི་མ་རྟོགས་པའི་ཁྱད་པར་མི་འཐད་པར་ཐལ། དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་དེ། བུམ་པའི་གཟུགས་དྲི་གཉིས་ལ་འཕྲོ་འདུའི་འབྲེལ་པ་གྲུབ་པར་མཚུངས་པའི་ཕྱིར། ཁྱབ་སྟེ། དབང་དོན་འཕྲད་པའི་འབྲེལ་པ་དེ་དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་ཡིན་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། བདག་ཉིད་ཀུན་གྱིས་འབྲེལ་ན་ཡང་། །ཞེས་སོགས་རྐང་པ་བཞི་བྱུང་། །

༈ གཉིས་པ་རང་ལུགས་བཞག་པ་ནི། དོན་དངོས་སུ་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་ཀྱི་འཇོག་བྱེད་དོན་གཞན་མེད་ཀྱང་། ཁྱོད་ཀྱི་འཇོག་བྱེད་ཡོད་དེ། དོན་གྱི་རྣམ་པ་ཤར་ནས་དོན་ལ་གསར་དུ་མི་བསླུ་བའི་རིག་པ་དེ། ཁྱོད་ཀྱི་འཇོག་བྱེད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཐ་དད་མེད་ཀྱང་གང་ལས། །ཞེས་སོགས་རྐང་པ་གཉིས་བྱུང་། བྱས་པ་ལ་ཁོ་ན་རེ། ཤེས་པའི་བག་ཆགས་བདག་གི་ཡོན་ཏན་འདུས་བྱས་དེས་དོན་ལྡོག་སོ་སོར་འཇོག་ནུས་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། རང་ཡུལ་གྱི་རྣམ་པ་ཤར་བའི་བློ་མེད་ན། ཤེས་པ་སོ་སོར་མེད་དགོས། དེ་མེད་ན་ཤེས་པས་བཞག་པའི་བག་ཆགས་སོ་སོ་བ་མེད་དགོས། དེ་མེད་ན་ཤེས་པའི་བག་ཆགས་བདག་གི་ཡོན་ཏན་འདུས་བྱས་དེ་ཡང་མེད་དགོས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། འདུས་བྱས་ལས་ནི་མིན་དེའི་དངོས། །ཞེས་རྐང་པ་གཉིས་བྱུང་། གསུམ་པ་རྩོད་པ་སྤང་པ་ལ་ཁོ་ན་རེ། དོན་གྱི་རྣམ་པ་ཤར་ནས་དོན་ལ་གསར་དུ་མི་བསླུ་བའི་རིག་པ་དང་། དོན་དངོས་སུ་རྟོགས་པའི་ཚད་མ་གཉིས་ཆོས་ཅན། རྫས་གཞན་དུ་ཐལ། བྱ་བྱེད་ཡིན་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་བྱ་བྱེད་གཅིག་ཡིན་པར། །འགལ་ལོ་ཞེ་ན། ཞེས་པ་འདི་བྱུང་། དེ་ལྟར་ཟེར་ན། སྐྱོན་མེད་དེ། དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་སྒོ་ནས་ཚད་འབྲས་སུ་བཞག་པ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མི་བདེན་ཏེ། །ཆོས་ཐ་དད་པ་ཁས་ལེན་ཕྱིར། །ཞེས་པ་འདི་བྱུང་། དེས་ན་དེ་གཉིས་རྫས་གཅིག་ཡིན་ཏེ། རྫས་སུ་གྲུབ་པ་གང་ཞིག །རྫས་གཞན་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། དོན་གྱི་རྣམ་པ་ཤར་ནས་དོན་ལ་གསར་དུ་མི་བསླུ་བའི་རིག་པ་དེ། དོན་དངོས་སུ་རྟོགས་པའི་ཚད་མའི་རྣམ་པར་འཇོག་བྱེད་ཀྱི་རྒྱུ་དང་། དོན་དངོས་སུ་རྟོགས་པའི་ཚད་མ་དེ་དོན་གྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པའི་རྣམ་པར་བཞག་བྱའི་འབྲས་བུ་ཡིན་པ་ཐ་དད་པའི་ཆ་དེ་རྟོག་པས་སྒྲོ་བཏགས་ཡིན་པའི་ཕྱིར། འོ་ན། དེ་ཀ་ཙམ་རྟོག་པས་སྒྲོ་བཏགས་ཡིན་ནམ་ཞེ་ན། གཞན་ཡང་ཡོད་དེ། བུད་ཤིང་མེའི་བསྲེག་བྱ་ཡིན་པ་དང་། མེ་བུད་ཤིང་སྲེག་བྱེད་ཡིན་པ་འཐད་པའི་ཆ་དེ་དང་། ཤིང་སྟ་གྲིའི་བཅད་བྱ་ཡིན་པ་དང་། སྟ་གྲི་ཤིང་གཅོད་བྱེད་ཡིན་པ་ཐ་དད་པའི་ཆ་དེ་ཡང་རྟོག་པས་སྒྲོ་བཏགས་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། བྱ་བ་བྱེད་པའི་ཐ་སྙད་དག །ཅེས་སོགས་རྐང་པ་བཞི་བྱུང་། །

༈ འབྲས་རྟོག་དང་པོའི་སྐབས་འདིར་མཐའ་དཔྱད་པ་ལ། ཁོ་ན་རེ། ཕྱི་དོན་གཞལ་བྱ། རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། བྱེ་བྲག་སྨྲ་བའི་ཚད་འབྲས་ཀྱི་རྣམ་བཞག་ཡིན་ནོ་ཞེ་ན། འོ་ན། རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་དེ། བྱེ་བྲག་སྨྲ་བའི་ཚད་མར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཚད་མར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དེའི་ཤེས་པ་ཡིན་ན། ཤེས་པ་ཡིན་དགོས་པའི་ཕྱིར། གཞན་ཡང་། བྱེ་བྲག་སྨྲ་བའི་ལུགས་ལ་ཚད་འབྲས་ཀྱི་རྣམ་བཞག་ཡིན་ན། བྱེ་བྲག་སྨྲ་བའི་ཚད་འབྲས་ཀྱི་རྣམ་བཞག་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེའི་ལུགས་ལ་ཚད་མ་ཡིན་ན། དེའི་ཚད་མ་ཡིན་དགོས་པར་ཐལ་ལོ། །འདོད་ན། རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཆོས་ཅན། ཐལ་ཕྱིར། གཞན་ཡང་། སེམས་ཙམ་པའི་ལུགས་ལ་ཚད་འབྲས་ཀྱི་རྣམ་བཞག་ཡིན་ན། དེའི་ཚད་འབྲས་ཀྱི་རྣམ་བཞག་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སེམས་ཙམ་པའི་ལུགས་ལ་གཞལ་བྱ་ཡིན་ན། སེམས་ཙམ་པའི་གཞལ་བྱ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། སྒྲ་གྲངས་ཅན་གྱི་ལུགས་ལ་རྟག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཞལ་བྱ་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། རྩ་བའི་དམ་བཅའ་འཐད་པར་ཐལ། བྱེ་བྲག་སྨྲ་བའི་ཚད་འབྲས་ཀྱི་རྣམ་བཞག་ཡོད་པའི་ཕྱིར་ཏེ། མདོ་རང་འགྲེལ་ལས། འདི་ལ་ཕྱི་རོལ་པ་རྣམས་བཞིན་དུ་ཚད་མ་ལས་འབྲས་བུ་དོན་གཞན་དུ་གྱུར་པ་ནི་མེད་ཀྱི། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དོན་ནི། ཕྱི་རོལ་པའི་ལུགས་ལ་ཚད་འབྲས་ཀྱི་རྣམ་བཞག་ཡོད་ཅེས་པའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། བྱེ་བྲག་སྨྲ་བས། ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་འཇོག་ཤེས་པར་ཐལ། དེའི་ཚད་འབྲས་ཀྱི་རྣམ་བཞག་ཡོད་པའི་ཕྱིར། འདོད་ན། དེས་རང་ཡུལ་གྱི་རྣམ་པ་ཤར་བའི་བློ་ཁས་ལེན་པར་ཐལ་ལོ། །ཁོ་ན་རེ། ཚད་འབྲས་དང་ཚད་འབྲས་ཀྱི་རྣམ་བཞག་དོན་གཅིག་ཟེར་ན། དོན་གྱི་རྣམ་པ་ཤར་ནས་དོན་ལ་གསར་དུ་མི་བསླུ་བའི་རིག་པ་དང་། དོན་དངོས་སུ་རྟོགས་པའི་ཚད་མ་གཉིས་ཆོས་ཅན། ཚད་འབྲས་ཀྱི་རྣམ་བཞག་ཏུ་ཐལ། ཚད་འབྲས་ཡིན་པའི་ཕྱིར་ཏེ། དེ་གཉིས་རྣམ་པར་བཞག་འཇོག་གི་དབང་དུ་བྱས་པའི་རྒྱུ་འབྲས་ཡིན་པའི་ཕྱིར། ཁྱབ་སྟེ། རིགས་གཏེར་ལས། དེས་ན་རྣམ་པར་བཞག་འཇོག་གི། རྒྱུ་འབྲས་གཉིས་ལ་ཚད་འབྲས་འདོད། །ཅེས་གསུངས་པའི་ཕྱིར། འདོད་ན། དེ་གཉིས་སྟོན་པའི་བསྟན་བཅོས་དེ་ཚད་འབྲས་ཀྱི་རྣམ་བཞག་སྟོན་པའི་བསྟན་བཅོས་ཡིན་པར་ཐལ། དེ་གཉིས་ཚད་འབྲས་ཀྱི་རྣམ་བཞག་ཡིན་པའི་ཕྱིར། འདོད་ན། དེ་གཉིས་སྟོན་པའི་བསྟན་བཅོས་དེ། ཚད་འབྲས་སྟོན་པའི་བསྟན་བཅོས་ཡིན་པར་ཐལ། དེ་གཉིས་ཚད་འབྲས་ཡིན་པའི་ཕྱིར། འདོད་ན། དེ་གཉིས་སྟོན་པའི་བསྟན་བཅོས་དེ། དོན་གྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ། དོན་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་དུ་སྟོན་པའི་བསྟན་བཅོས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲ་བའི་བསྟན་བཅོས་དེ་སེལ་འཇུག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དོན་གྱི་རྣམ་པ་ཤར་ནས་ཞེས་སོགས་དང་། དོན་དངོས་སུ་རྟོགས་པའི་ཚད་མ་གཉིས་ཆོས་ཅན། མཚན་ཉིད་དང་མཚོན་བྱ་ཡིན་པར་ཐལ། མཚན་མཚོན་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཚད་འབྲས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ཡིན་པ་མེད་པའི་ཕྱིར་ཏེ། རྟག་པ་དང་མི་རྟག་པ་ཡིན་པ་མེད་པའི་ཕྱིར། ཁོ་རང་ལ། ཀ་བུམ་གཉིས་ཆོས་ཅན། རྒྱུ་འབྲས་ཡིན་པར་ཐལ། རྒྱུ་དང་འབྲས་བུ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རྒྱུ་དང་འབྲས་བུའི་གཞི་མཐུན་ཡིན་པའི་ཕྱིར། དེས་ན་རང་རེས། ཚད་འབྲས་ཀྱི་རྣམ་བཞག་ཡིན་ན། རྗོད་བྱེད་ཀྱི་སྒྲ་ཡིན་པས་ཁྱབ། བྱས་པ་ལ་ཁོ་ན་རེ། གཟུགས་ཀྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་རིག་པ་དེ། གཟུགས་དངོས་སུ་རྟོགས་པའི་ཚད་མའི་རྣམ་པར་འཇོག་བྱེད་ཀྱི་རྒྱུ་དང་། དེ་དངོས་སུ་རྟོགས་པའི་ཚད་མ་དེ་དེ་འདྲའི་རིག་པའི་རྣམ་པར་བཞག་བྱའི་འབྲས་བུ་ཡིན་པ་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་དང་། དངོས་པོ་དོན་བྱེད་ནུས་པའི་མཚོན་བྱ་ཡིན་པ་དེ་མཚན་མཚོན་གྱི་རྣམ་བཞག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་དང་། དངོས་པོ་དོན་བྱེད་ནུས་པའི་མཚོན་བྱ་དང་། བུམ་པ་དངོས་པོའི་མཚན་གཞི་ཡིན་པ་དེ། མཚན་མཚོན་གཞི་གསུམ་གྱི་རྣམ་བཞག་ཡིན་པའི་ཕྱིར་ཏེ། དེ་འདྲའི་རྣམ་བཞག་འཐད་པའི་ཕྱིར། གཞན་ཡང་། ཁོ་ན་རེ། གསལ་བ་དེར་ཐལ། བུམ་པ་དངོས་པོའི་བྱེ་བྲག་དང་། དངོས་པོ་བུམ་པའི་སྤྱི་ཡིན་པ་དེ། སྤྱི་བྱེ་བྲག་གི་རྣམ་བཞག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེའི་རྣམ་བཞག་འཐད་པའི་ཕྱིར། གཞན་ཡང་། གསལ་བ་དེར་ཐལ། མེ་དུ་བའི་རྒྱུ་དང་། དུ་བ་མེའི་འབྲས་བུ་ཡིན་པ་དེ། རྒྱུ་འབྲས་ཀྱི་རྣམ་བཞག་ཡིན་པའི་ཕྱིར་ན་ཡང་མ་ཁྱབ་བོ། །རྟགས་གྲུབ་སྟེ། དེའི་རྣམ་བཞག་འཐད་པའི་ཕྱིར་ཟེར་ན། འོ་ན། གཟུགས་ཀྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་དེ་དེ་དངོས་སུ་རྟོགས་པའི་ཚད་མའི་རྣམ་པར་འཇོག་བྱེད་ཀྱི་རྒྱུ་དང་། དེ་དངོས་སུ་རྟོགས་པའི་ཚད་མ་དེ་དེ་འདྲའི་རིག་པའི་རྣམ་པར་བཞག་བྱའི་འབྲས་བུ་ཡིན་པ་དེ་ཆོས་ཅན། ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ། ཚད་འབྲས་ཀྱི་རྣམ་བཞག་གང་ཞིག །དེ་ལྟར་སྣང་མ་ཡིན་པའི་ཕྱིར། རྟགས་དངོས། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་གཞལ་བྱ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་དེ་དེ་འདྲ་བའི་གཞལ་བྱ་ཡིན་པར་ཐལ་ལོ། །གཞན་ཡང་། གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་མ་ཡིན་པར་ཐལ། གཟུགས་གཞལ་བྱ་ཞེས་སོགས་ཀྱི་རིག་པ་དེ་དངོས་སུ་རྟོགས་པའི་ཚད་མའི་རྣམ་པར་འཇོག་བྱེད་ཀྱི་རྒྱུ་དང་། དེ་དངོས་སུ་རྟོགས་པའི་ཚད་མ་དེ་འདྲ་བའི་རིག་པའི་རྣམ་པར་བཞག་བྱའི་འབྲས་བུ་ཡིན་པ་དེ། ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པའི་ཕྱིར། ཁོ་ན་རེ། ཚད་འབྲས་ཀྱི་རྣམ་བཞག་ཡིན་ན། ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་དགོས་པར་ཐལ། དེ་ཚད་འབྲས་ཀྱི་རྣམ་བཞག་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སེམས་ཙམ་པས་སྨྲས་པའི་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། གྲངས་ཅན་གྱིས་སྨྲས་པའི་སྒྲ་མཚན་གཞི། མི་རྟག་པ་ཡིན་པར་མཚོན། སྐད་ཅིག་མ་ཡིན་པ་ཞེས་པའི་མཚོན་སྦྱོར་གྱི་རྣམ་བཞག་དེ། མཚོན་སྦྱོར་གྱི་རྣམ་བཞག་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ངག་རྣམ་དག་ཏུ་ཐལ། ངག་གང་ཞིག །ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་སྨྲ་བ་པོའི་གང་ཟག་གིས་རང་གི་ཞེན་དོན་ཚད་མས་གྲུབ་པར་ཐལ་ལོ། །འདོད་ན། སེམས་ཙམ་པས་ཕྱི་རོལ་གཟུགས་ཀྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་དེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། དེའི་རྣམ་པར་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ནོ་ཟེར་ན། དེ་ཆོས་ཅན། ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ། འབྲས་རྟོག་གཉིས་པའི་དེའི་ཕྱིར། འདོད་ན། གཟུགས་ཤེས་པའི་བདག་ཉིད་དུ་ཐལ་ལོ། །གཞན་ཡང་། དེས་ན་གཞན་རིག་མེད་པའི་ཕྱིར། །ཞེས་སོགས་ཀྱི་གཞུང་འདི་རང་གི་བསྟན་བྱ་ལ་མི་བསླུ་བའི་རིག་པ་མ་ཡིན་པར་ཐལ། དེའི་ཞེན་དོན་ཡིན་ན་ཡོད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་དེའི་བསྟན་བྱའི་གཙོ་བོ་ཡིན་པའི་ཕྱིར་ཏེ། དེ་འབྲས་རྟོག་གཉིས་པའི་དེ་ཡིན་པའི་ཕྱིར་ཏེ། དེ་འདྲའི་ཚད་འབྲས་ཀྱི་རྣམ་བཞག་དེ་འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། དེས་ན་གཞན་རིག་མེད་པའི་ཕྱིར། །རང་རིག་འབྲས་བུ་ཡིན་པར་འདོད། །ཅེས་པའི་གཞུང་གི་བསྟན་བྱའི་གཙོ་བོ་ཡིན་པར་ཐལ། དེ་དེའི་དངོས་བསྟན་བསྟན་བྱའི་གཙོ་བོ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སེམས་ཙམ་པའི་ལུགས་ལ་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱེད་པའི་ཚད་འབྲས་ཀྱི་རྣམ་བཞག་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པ་དེ། གཞུང་དེའི་བསྟན་བྱའི་གཙོ་བོ་དང་དངོས་བསྟན་ལ་སོགས་པ་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། འོ་ན། དེ་འདྲའི་གཞུང་དེ་སེམས་ཙམ་པའི་གཞུང་དུ་ཐལ། གཞུང་དོན་འཐད་པའི་ཕྱིར། འདོད་ན། དེའི་བསྟན་བྱའི་གཙོ་བོ་ཡིན་ན། མདོ་སྡེ་པས་ཁས་མི་ལེན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེའི་བསྟན་བྱའི་གཙོ་བོ་ཡིན་ན་ཡོད་པས་ཁྱབ། ཡོད་ན་མདོ་སྡེ་པས་ཁས་ལེན་པས་ཁྱབ་པའི་ཕྱིར། གཞན་ཡང་། ཁོ་ན་རེ། དེས་ན་གཞན་རིག་མེད་པའི་ཕྱིར། ཞེས་སོགས་ཀྱི་གཞུང་དེ་སེམས་ཙམ་པའི་གཞུང་མ་ཡིན་པར་ཐལ། དེ་མདོ་སྡེ་པར་གྱུར་པའི་དཔལ་ལྡན་ཆོས་གྲགས་ཀྱི་གཞུང་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་དཔལ་ལྡན་ཆོས་གྲགས་ཀྱི་གཞུང་གང་ཞིག །དཔལ་ལྡན་ཆོས་གྲགས་མདོ་སྡེ་པ་ཡིན་པའི་ཕྱིར། འོ་ན། ཁྱོད་རང་ལ། མདོ་སྡེ་རྒྱན་སེམས་ཙམ་པའི་བསྟན་བཅོས་མ་ཡིན་པར་ཐལ། དེ་མདོ་སྡེ་པར་གྱུར་པའི་རྗེ་བཙུན་བྱམས་མགོན་གྱི་བསྟན་བཅོས་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རྗེ་བཙུན་བྱམས་མགོན་གྱི་དེ་གང་ཞིག །རྗེ་བཙུན་བྱམས་མགོན་མདོ་སྡེ་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མདོ་སྡེ་རྒྱན་ཡིན་ན། སེམས་ཙམ་པའི་བསྟན་བཅོས་ཡིན་དགོས་པར་ཐལ། དེ་དེའི་བསྟན་བཅོས་ཡིན་པའི་ཕྱིར། འདོད་ན། ཕྱི་རོལ་དོན་དུ་གྱུར་པའི་མདོ་སྡེ་རྒྱན་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་བསྟན་བྱ་སེམས་ཙམ་པས་ཁས་ལེན་པར་ཐལ། ཁྱོད་སེམས་ཙམ་པའི་བསྟན་བཅོས་རྣམ་དག་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སེམས་ཙམ་པས་ཕྱི་རོལ་དོན་དུ་གྱུར་པའི་མདོ་སྡེ་རྒྱན་ཁས་ལེན་པར་ཐལ་ལོ། །གཞན་ཡང་། ཁོ་ན་རེ། ཕྱི་རོལ་དོན་དུ་གྱུར་པའི་སེམས་ཙམ་པའི་དམ་བཅའ་དེ། སེམས་ཙམ་པའི་དམ་བཅའ་ཡིན་པར་ཐལ། དེར་གྱུར་པའི་མདོ་སྡེ་རྒྱན་ལ་དེའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། སེམས་ཙམ་པའི་དམ་བཅའ་ཡིན་པར་ཐལ་ལོ། །འདོད་ན། དེ་ཆོས་ཅན། སེམས་ཙམ་པས་ཁས་ལེན་པར་ཐལ་ལོ། །གཞན་ཡང་། དེར་གྱུར་པའི་སེམས་ཙམ་པའི་ཁས་བླངས་དེ། སེམས་ཙམ་པའི་ཁས་བླངས་སུ་ཐལ། དེར་གྱུར་པའི་མདོ་སྡེ་རྒྱན་ལ་དེའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། སེམས་ཙམ་པས་ཁས་ལེན་པར་ཐལ་ལོ། །ཁ་ཅིག་ན་རེ། སྔོན་པོ་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ནོ་ཟེར་ན། སྔོན་འཛིན་དབང་མངོན་ལ་རང་ཡུལ་གྱི་རྣམ་པ་ཤར་བར་ཐལ། སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། འདོད་ན། སྔོན་འཛིན་དབང་མངོན་གྱི་ཡུལ་དེ་དེའི་སྣང་ཡུལ་དུ་ཐལ་ལོ། །འདོད་ན། དེའི་ཡུལ་ཆོས་ཅན། རང་མཚན་དུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྔོན་པོ་སྔོན་པོ་མ་ཡིན་པས་སྟོང་པ་དེ་ཁྱོད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྔོན་པོ་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ་ཚད་འབྲས་ཀྱི་དེ་འཐད་ལྡན་དུ་ཐལ། ཚད་མ་མདོའི་དར་ཊཱིཀ་ལས། སྔོན་པོ་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་ནས་སྔོན་པོ་ལ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན། ཞེས་པའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། ཁོ་རང་ལ། སྔོན་པོ་ཤུགས་ལ་རྟོགས་པའི་རྗེས་དཔག་ཆོས་ཅན། སྔོན་པོ་དངོས་སུ་རྟོགས་པའི་ཚད་མར་ཐལ། རང་ཡུལ་གྱི་རྣམ་པ་ཤར་ནས་སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ཏེ། རང་ཡུལ་གྱི་རྣམ་པ་ཤར་བ་གང་ཞིག །གཅིག་ཤོས་ཡིན་པའི་ཕྱིར། ཁ་ཅིག །ལུང་དེའི་དོན་ནི། སྔོན་པོ་གཞལ་བྱ། རང་ཡུལ་དུ་གྱུར་པའི་སྔོན་པོའི་རྣམ་པ་ཤར་ནས་སྔོན་པོ་ལ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ཞེས་པའི་དོན་ཡིན་ཟེར་ན། སྔོན་པོ་མ་ཡིན་པ་ལས་ལོག་པ་འཛིན་པའི་རྗེས་དཔག་ཆོས་ཅན། སྔོན་པོ་དངོས་སུ་རྟོགས་པའི་ཚད་མར་ཐལ། རང་ཡུལ་དུ་གྱུར་པའི་སྔོན་པོའི་རྣམ་པ་ཤར་ནས་ཞེས་སོགས་དེ་ཡིན་པའི་ཕྱིར་ཏེ། དེའི་རྣམ་པ་ཤར་པའི་རིག་པ་གང་ཞིག །སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རང་ཡུལ་དུ་གྱུར་པའི་སྔོན་པོ་མ་ཡིན་པ་ལས་ལོག་པའི་རྣམ་པ་ཤར་བའི་རིག་པ་ཡིན་པའི་ཕྱིར་ཏེ། སྔོན་པོ་མ་ཡིན་པ་ལས་ལོག་པའི་རྣམ་པ་ཤར་བའི་རིག་པ་ཡིན་པའི་ཕྱིར། ཁོ་ན་རེ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་ཡིན་པ་གང་ཞིག །ཆོས་དེ་འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་ན། རང་ཉིད་ཆོས་དེའི་མཚན་ཉིད་ཡིན་པས་ཁྱབ་ཟེར་ན། གཟུགས་ཀྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་རིག་པ་ཆོས་ཅན། སྔོན་པོ་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་ཡིན་པར་ཐལ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་གང་ཞིག །དེ་དེའི་དེར་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། འབྲས་རྟོག་དང་པོའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་ཆོས་ཅན། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་དེར་ཐལ། དེ་དེའི་དེར་གྱུར་པའི་སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པར་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར། ཁོ་ན་རེ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་གང་ཞིག །ཆོས་དེ་འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་གཟུགས་གཞལ་བྱར་བྱེད་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་ན། རང་ཉིད་ཆོས་དེའི་མཚན་ཉིད་ཡིན་པས་ཁྱབ་ཟེར་ན། གཟུགས་ཀྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་རིག་པ་ཆོས་ཅན། གཟུགས་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མའི་མཚན་ཉིད་ཡིན་པར་ཐལ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་གང་ཞིག །དེ་དེའི་དེར་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། འབྲས་རྟོག་དང་པོའི་དེར་གྱུར་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། གཟུགས་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མ་ཆོས་ཅན། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་གཟུགས་གཞལ་བྱར་བྱེད་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་དེར་ཐལ། དེ་དེའི་དེར་གྱུར་པའི་གཟུགས་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་། གཟུགས་ཀྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོ་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ནོ་ཟེར་ན། ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོའི་རྣམ་པ་ཤར་ནས། དེར་གྱུར་པའི་སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། འབྲས་རྟོག་དང་པོའི་དེར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སེམས་ཙམ་པས་ཁས་ལེན་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། འབྲས་རྟོག་དང་པོའི་དེར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་ཡིན་པར་ཐལ། དེ་འདྲའི་ཚད་མ་དང་། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། དེར་ཐལ། འབྲས་རྟོག་གཉིས་པའི་དེར་གྱུར་པའི་དེ་འདྲའི་ཚད་མ་ཡིན་ན། འབྲས་རྟོག་དང་པོའི་དེར་གྱུར་པའི་དེ་འདྲའི་ཚད་མ་ཡིན་དགོས་པའི་ཕྱིར་ཏེ། དེ་འདྲའི་ཁྱབ་པ་དེ་སེམས་ཙམ་པས་ཁས་ལེན་པའི་ཕྱིར་ཏེ། སེམས་ཙམ་པས། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་ཡང་སྒྲའི་དོན་འབྲས་རྟོག་དང་པོའི་སྐབས་སུ། གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་མི་བསླུ་བའི་རིག་པ་ཚད་མར་བཞག་པ་དེའི་ཚེ། གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིག་པ་དེའམ། ཡང་ན། གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མར་བཞག་པ་དེའི་ཚེ་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིག་པའི་ཕྱིར། ཞེས་པའི་དོན་དུ་འཆད་རིགས་པའི་ཕྱིར་ཏེ། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་གཞུང་དེ་སེམས་ཙམ་པས་བཤད་པའི་ཚད་འབྲས་ཀྱི་རྣམ་བཞག་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེར་གྱུར་པའི་སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱེད་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་མདོ་སེམས་གཉིས་ཀྱི་ནང་ནས། མདོ་སྡེ་པ་ཁོ་ནས་ཁས་ལེན་པའི་འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ནོ་ཟེར་ན། འོ་ན། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ་ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོ་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་དུ་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མཉན་བྱ་དེ་ཕྱི་རོལ་དོན་དུ་གྱུར་པའི་སྒྲའི་མཚན་ཉིད་དུ་ཐལ་ལོ། །འདོད་ན། དེར་གྱུར་པའི་སྒྲ་དང་སྒྲ་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས་པར་ཐལ་ལོ། །འདོད་ན། སྒྲ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། ཕྱི་རོལ་དོན་དུ་གྱུར་པའི་སྒྲ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། སེམས་ཙམ་པ་ཆོས་ཅན། ཐལ་ཕྱིར། བྱས་པ་ལ་ཁོ་ན་རེ། རྩ་བའི་དམ་བཅའ་འཐད་པར་ཐལ། མདོ་སེམས་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནས་ཁས་ལེན་པའི་འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཞིག་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ་དེ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། རྩ་བའི་དམ་བཅའ་འཐད་པར་ཐལ། འབྲས་རྟོག་དང་པོའི་གཞུང་དེས་ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེར་གྱུར་པའི་སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱེད་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར་ཏེ། དེས་དེ་ལྟར་བསྟན་པ་དེ་འགོག་པར་བྱེད་པ་ལ་འབྲས་རྟོག་གཉིས་པར། དོན་རིག་གང་ཡིན། ཞེས་གསུངས་པའི་ཕྱིར་ཏེ། འབྲས་རྟོག་གཉིས་པར་ཕྱི་དོན་དགག་བྱའི་གཙོ་བོར་བྱས་ནས་འགོག་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཐར་ལམ་གསལ་བྱེད་ལས། འོ་ན། དེ་དག་ནི་ཕྱི་རོལ་གྱི་དོན་རིག་པའི་ཆ་ཙམ་ཞིག་འགོག་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཞན་ཡང་ཁོ་ན་རེ། འབྲས་རྟོག་དང་པོའི་གཞུང་དེས། དེ་འདྲ་བའི་ཚད་འབྲས་ཀྱི་རྣམ་བཞག་དེ་འཐད་ལྡན་དུ་བསྟན་པར་ཐལ། དེས་སྔོན་པོའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་དེ་དང་། ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་གཉིས་རྫས་གཞན་དུ་འཛིན་པའི་ལོག་རྟོག་གཙོ་བོར་བཀག་པའི་ཕྱིར་ཏེ། དེས་ན་འབྲས་བུ་དོན་གཞན་མིན། །ཞེས་པའི་གཞུང་དེས། དེ་འདྲའི་ལོག་རྟོག་གཙོ་བོར་བཀག་པའི་ཕྱིར་ཏེ། དེ་ཡང་དེ་ཡི་བདག་ཉིད་ཡིན། །ཞེས་པའི་གཞུང་དེས། དེ་གཉིས་བདག་ཉིད་གཅིག་ཏུ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར་ཏེ། དེ་འདྲའི་གཞུང་དེ་རང་ལུགས་ཀྱི་དོན་བསྡུ་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། བྱེ་བྲག་སྨྲ་བས་སྔོན་པོའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དང་། ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་གཉིས་རྫས་གཞན་དུ་ཁས་ལེན་པར་ཐལ། འབྲས་རྟོག་དང་པོའི་གཞུང་དེས། དེ་གཉིས་རྫས་གཞན་དུ་འཛིན་པའི་ལོག་རྟོག་དགག་བྱའི་གཙོ་བོར་བྱས་ནས་འགོག་པ་གང་ཞིག །བྱེ་བྲག་སྨྲ་བ་དེ། གཞུང་དེའི་ཕྱོགས་སྔ་སྨྲ་བ་པོའི་གང་ཟག་ཡིན་པའི་ཕྱིར། འདོད་ན། བྱེ་བྲག་སྨྲ་བས་རང་ཡུལ་གྱི་རྣམ་པ་ཤར་བའི་བློ་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་གཟུང་རྣམ་དང་འཛིན་རྣམ་གྱི་རྣམ་བཞག་ཁས་ལེན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། བྱེ་བྲག་སྨྲ་བས་སྔོན་པོའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་དང་། སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་གཉིས་རྫས་གཞན་དུ་ཁས་ལེན་པར་ཐལ། འབྲས་རྟོག་དང་པོའི་གཞུང་དེས། དེ་གཉིས་རྫས་གཞན་དུ་འཛིན་པའི་ལོག་རྟོག་གཙོ་བོར་བཀག་པ་གང་ཞིག །བྱེ་བྲག་སྨྲ་བ་གཞུང་དེའི་ཕྱོགས་སྔ་སྨྲ་བ་པོའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། དང་པོ་གྲུབ་སྟེ། དེས་ན་འབྲས་བུ་དོན་གཞན་མིན། །ཞེས་པའི་གཞུང་དེས་དེ་འདྲའི་ལོག་རྟོག་གཙོ་བོར་བཀག་པའི་ཕྱིར་ཏེ། དེ་ཡང་དེ་ཡི་བདག་ཉིད་ཡིན། །ཞེས་པའི་གཞུང་དེས་དེ་གཉིས་བདག་ཉིད་གཅིག་ཏུ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། རྩ་བར་འདོད་ན། བྱེ་བྲག་སྨྲ་བས། རང་ཡུལ་གྱི་རྣམ་པ་ཤར་བའི་བློ་ཁས་ལེན་པར་ཐལ་ལོ། །གཞན་ཡང་ཁོ་ན་རེ། བྱེ་བྲག་སྨྲ་བས་དབང་མངོན་གྱི་ཚད་འབྲས་རྫས་གཞན་དུ་ཁས་ལེན་པར་ཐལ། འབྲས་རྟོག་དང་པོའི་གཞུང་དེས། དབང་མངོན་གྱི་ཚད་འབྲས་རྫས་གཞན་དུ་འཛིན་པའི་ལོག་རྟོག་གཙོ་བོར་བཀག་པ་གང་ཞིག །བྱེ་བྲག་སྨྲ་བ་དེ་གཞུང་དེའི་ཕྱོགས་སྔ་སྨྲ་བའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར། འདོད་ན། བྱེ་བྲག་སྨྲ་བ་རང་གིས་ཚད་འབྲས་རྫས་གཞན་དུ་ཁས་ལེན་པ་ཡང་ཡིན། ཚད་འབྲས་ཀྱི་རྣམ་བཞག་ཡང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། སྔོན་པོ་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་དེ་འདྲའི་གཞི་མཐུན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱེ་བྲག་སྨྲ་བས་དེའི་ཚད་འབྲས་རྫས་གཞན་དུ་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱེ་བྲག་སྨྲ་བས། སྔོན་པའི་རྣམ་པ་ཤར་བའི་བློ་ཁས་ལེན་པར་ཐལ་ལོ། །འོ་ན། བྱེ་བྲག་སྨྲ་བས་དབང་མངོན་གྱི་ཚད་འབྲས་རྫས་གཞན་དུ་ཁས་ལེན་པར་ཐལ། དེས་ཕྱི་དོན་གཞལ་བྱ། རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་དབང་མངོན་གྱི་ཚད་འབྲས་ཀྱི་རྣམ་བཞག་ཏུ་འདོད་པ་གང་ཞིག །དེས་ཚད་འབྲས་རྫས་གཞན་དུ་ཁས་ལེན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་དང་། དེ་ལས་སྐྱེས་པའི་དོན་རྟོགས་གཉིས་སྐྱེད་བྱ་སྐྱེད་བྱེད་དུ་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ལ་དབྱེ་ན། མངོན་སུམ་གྱི་དེ་དང་། རྗེས་དཔག་གི་དེ་གཉིས། དང་པོ་ནི། སྔོན་པོ་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་ལྟ་བུ། དེ་ལ་དབྱེ་ན། དབང་མངོན་གྱི་དེ། ཡིད་མངོན་གྱི་དེ། རང་རིག་གི་དེ། རྣལ་འབྱོར་མངོན་སུམ་གྱི་དེ་དང་བཞི། དང་པོ་ནི། སྔོན་པོ་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་། སྔོན་པོའི་རྣམ་པ་ཤར་ནས་སྔོན་པོ་ལ་རྟོག་པ་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ལྟ་བུ། གཉིས་པ་ནི། སྔོན་པོ་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་ལ་བརྟེན་ནས་སྐྱེས་ཤིང་། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཡིད་ཀྱི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ལྟ་བུ། གསུམ་པ་ནི། སྔོན་འཛིན་དབང་མངོན་གཞལ་བྱ། དེ་ཉམས་སུ་མྱོང་བའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ལྟ་བུ། བཞི་པ་ནི། འཕགས་པའི་བདེན་པ་བཞི་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་འཕགས་རྒྱུད་ཀྱི་མཁྱེན་པ་ཚད་མ། དེ་དངོས་སུ་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ལྟ་བུའོ། །རྗེས་དཔག་གི་ཚད་འབྲས་ནི། སྒྲ་མི་རྟག་པ་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཞེན་རིག་ཚད་མ། དེ་དངོས་སུ་རྟོགས་པའི་རྗེས་སུ་དཔག་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ལྟ་བུའོ་ཟེར་ན། འོ་ན། སྔོན་པོའི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། མངོན་སུམ་གྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་ཐལ། མངོན་སུམ་གྱི་དེའི་མཚན་གཞིར་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མངོན་སུམ་དུ་ཐལ་ལོ། །འདོད་ན། ཚད་མ་མངོན་སུམ་དུ་ཐལ་ལོ། །འདོད་ན། གྲུབ་མཐའ་དང་འགལ་ལོ། །བྱས་པ་ལ་ཁོ་ན་རེ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་ཚད་མར་ཐལ། སྒྲ་མི་རྟག་པ་གཞལ་བྱ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་ཚད་མ། རྟོག་པ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་འཐད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སྒྲ་གཞལ་བྱ། སྒྲའི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་ཞེན་རིག་ཚད་མ། དེ་དངོས་སུ་རྟོགས་པའི་རྗེས་དཔག་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་དེ་འཐད་ལྡན་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། དབང་མངོན་གྱི་དེའི་མཚན་གཞི་ལ། སྔོན་པོ་ཚད་མས་མ་ངེས་པའི་གང་ཟག་གི་རྒྱུད་ཀྱི་སྔོན་འཛིན་དབང་མངོན་ཆོས་ཅན། སྔོན་པོ་དངོས་སུ་རྟོགས་པའི་དེར་ཐལ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་། སྔོན་པོ་ཞེས་སོགས་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དབང་མངོན་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྱོད་ལ་སྔོན་པའི་རྣམ་ཤར་བ་གང་ཞིག །ཁྱོད་དེ་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། ཡིད་མངོན་གྱི་དེ་ལ་ཡང་། སྔོན་པོ་ཚད་མས་མ་ངེས་པའི་གང་ཟག་གི་རྒྱུད་ཀྱི་སྔོན་འཛིན་ཡིད་མངོན་ཆོས་ཅན། འབྲས་བུ་དེར་ཐལ། རང་གི་ཐུན་མོང་མ་ཡིན་པའི་ཞེས་སོགས་ཚད་མ་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དང་པོ་གང་ཞིག། ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཡིད་མངོན་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྱོད་ལ་སྔོན་པོའི་རྣམ་པ་ཤར་བ་གང་ཞིག །ཁྱོད་དེ་ལ་རྟོག་བྲལ་མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར། གཞན་ཡང་། བདེན་བཞི་དངོས་སུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡོད་པར་ཐལ། དམ་བཅའ་བཞི་པ་འཐད་པའི་ཕྱིར། འདོད་ན། བདེན་བཞི་དེ་རྣལ་འབྱོར་མངོན་སུམ་གྱི་དངོས་ཀྱི་གཞལ་བྱར་ཐལ་ལོ། །འདོད་ན། དེ་དེའི་སྣང་ཡུལ་དུ་ཐལ་ལོ། །འདོད་ན། འགོག་བདེན་ཡང་དེར་ཐལ་ལོ། །འདོད་ན། དེ་ཆོས་ཅན། རང་མཚན་དུ་ཐལ་ལོ། །ཁ་ཅིག་ན་རེ། འབྲས་རྟོག་དང་པོའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། མདོ་སེམས་གཉིས་ཀས་ཐུན་མོང་དུ་ཁས་ལེན་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པས་ཁྱབ་ཅིང་། འབྲས་རྟོག་དང་པོའི་གཞུང་འདི་མདོ་སེམས་ཐུན་མོང་བའི་རང་གཞུང་རྣམ་དག་ཡིན་ཟེར་ན། དང་པོ་མི་འཐད་པར་ཐལ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡང་ཡིན། མདོ་སེམས་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནས་ཁས་ལེན་པ་ཡང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། ཊཱིཀྐ་ལས། ཕྱི་རོལ་དོན་གྱི་ཁྱད་པར་དུ་བྱས་པའི་ཚད་འབྲས་དང་པོ་མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་གཞུང་ཡིན་ལ། ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་ཡིན་ན། སེམས་ཙམ་པས་ཁས་ལེན་པས་མ་ཁྱབ་པར་ཐལ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡང་ཡིན། འབྲས་རྟོག་གཉིས་པའི་དགག་བྱའི་གཙོ་བོར་བྱས་ནས་འགོག་པའི་དེ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར་ཏེ། འབྲས་རྟོག་གཉིས་པར་དོན་རིག་གང་ཡིན་ཞེས་མདོ་སྡེ་པ་ལ་དྲི་བ་མཛད་པ་ལ་དགོས་པ་ཡོད་པའི་ཕྱིར། གཞན་ཡང་། དམ་བཅའ་ གཉིས་པ་མི་འཐད་པར་ཐལ། དེའི་གཞུང་དེ་མདོ་སེམས་གཉིས་ཀྱི་ནང་ནས། མདོ་སྡེ་པ་ཁོ་ནའི་རང་གཞུང་རྣམ་དག་ཡིན་པའི་ཕྱིར་ཏེ། མདོ་སེམས་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནའི་ལུགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་སྟོན་བྱེད་ཀྱི་མངོན་སུམ་ལེའུའི་གཞུང་ཞིག་ཡོད་པའི་ཕྱིར། གཞན་ཡང་། འབྲས་རྟོག་དང་པོའི་གཞུང་དེ་སེམས་ཙམ་པའི་རང་གཞུང་རྣམ་དག་མ་ཡིན་པར་ཐལ། དེ་དེའི་ཕྱོགས་སྔ་མའི་གཞུང་ཡིན་པའི་ཕྱིར་ཏེ། སེམས་ཙམ་པས་དེ་ཕྱོགས་སྔར་བྱས་ནས། འབྲས་རྟོག་གཉིས་པར། ཕྱི་དོན་དེ་བཀག་པའི་ཕྱིར། དོན་རིག་གང་ཡིན། ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང་། མདོ་སེམས་ཐུན་མོང་བའི་གཞུང་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེའི་ཐུན་མོང་བའི་ངག་ཡོད་པར་ཐལ་ལོ། །འདོད་ན། མདོ་སྡེ་པའི་ངག་དང་སེམས་ཙམ་པའི་ངག་གི་གཞི་མཐུན་ཡོད་པར་ཐལ་ལོ། །གཞན་ཡང་། སྔོན་པོ་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། མདོ་སེམས་ཐུན་མོང་དུ་ཁས་ལེན་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་དབང་མངོན་གྱི་ཚད་འབྲས་རྣམ་བཞག་འཐད་ལྡན་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་བསྟན་བྱའི་གཙོ་བོར་གྱུར་པའི་དབང་མངོན་གྱི་ཚད་འབྲས་རྣམ་བཞག་འཐད་ལྡན་ཞིག་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། སེམས་ཙམ་པས་དེ་འཐད་ལྡན་དུ་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་སྔོན་པོ་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མ་ལ། མ་འཁྲུལ་བའི་རིག་པས་ཁྱབ་པ་ཁས་ལེན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེས་དེ་དང་འཁྲུལ་ཤེས་ཀྱི་གཞི་མཐུན་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། སྔོན་པོ་གཞལ་བྱ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཡིན་པའི་སྒོ་ནས་སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། སྔོན་པོ་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། མདོ་སེམས་ཐུན་མོང་དུ་ཁས་ལེན་པའི་དབང་མངོན་གྱི་ཚད་འབྲས་རྣམ་བཞག་འཐད་ལྡན་ཡིན་ནོ་ཟེར་ན། སེམས་ཙམ་པས་སྔོན་པོ་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་ཚད་མ་ལ་མ་འཁྲུལ་བའི་རིག་པས་ཁྱབ་པ་ཁས་ལེན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེས་དེ་དང་འཁྲུལ་ཤེས་ཀྱི་གཞི་མཐུན་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། མདོ་སེམས་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནས་ཁས་ལེན་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡང་ཡིན། མདོ་སེམས་ཐུན་མོང་དུ་ཁས་ལེན་པ་ཡང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། ཊཱིཀྐ་ལས། དེ་ན་འབྲས་རྟོག་དང་པོའི་རྣམ་བཞག་མདོ་སེམས་གཉིས་ཀས་ཐུན་མོང་དུ་ཁས་ལེན་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། འབྲས་རྟོག་དང་པོའི་དེར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ན། འབྲས་རྟོག་གཉིས་པར། དེ་དགག་བྱའི་གཙོ་བོར་བྱས་ནས་འགོག་པའི་ཁྱབ་པ་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། ཊཱིཀ་ཆེན་ལས། འདི་དག་ནི་ཕྱི་དོན་རིག་པའི་ཆ་ཙམ་ཞིག་འགོག་པ་ཡིན་གྱི། ཚད་འབྲས་དང་པོ་རིལ་འགོག་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང་། དབང་མངོན་གྱི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཆོས་ཅན། མདོ་སེམས་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནས་ཁས་ལེན་པར་ཐལ། འབྲས་རྟོག་དང་པོའི་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོ་གང་ཞིག །ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། འབྲས་རྟོག་དང་པོའི་གཞུང་དེས། དབང་མངོན་གྱི་ཚད་འབྲས་ཀྱི་དེ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཚད་འབྲས་ཀྱི་རྣམ་བཞག་དེ་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པའི་ཕྱིར་ཏེ། རྒྱུ་འབྲས་ཀྱི་རྣམ་བཞག་དེ་རྒྱུ་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སེམས་ཙམ་པས་ཀྱང་ཁས་ལེན་པའི་ཕྱིར། རྟགས་གྲུབ་སྟེ། དེས་སྔོན་པོ་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་བྱུང་གི་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཁས་ལེན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྩ་བའི་དམ་བཅའ་འཐད་པར་ཐལ། འབྲས་རྟོག་དང་པོའི་རང་གཞུང་རྣམ་དག་ཡིན་ན། མདོ་སེམས་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནའི་གཞུང་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འབྲས་རྟོག་དང་པོའི་གཞུང་དེ། དེ་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནའི་རང་གཞུང་རྣམ་དག་ཡིན་པའི་ཕྱིར། གཞན་ཡང་། ཁོ་ན་རེ། སྔོན་པོ་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་དང་པོའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡང་ཡིན། མདོ་སེམས་ཐུན་མོང་དུ་ཁས་ལེན་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡང་ཡིན་པའི་གཞི་མཐུན་ཏུ་ཐལ། དེ་འདྲའི་གཞི་མཐུན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་མདོ་སེམས་ཐུན་མོང་དུ་ཁས་ལེན་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་འདྲ་བ་དེ་དེ་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནས་ཁས་ལེན་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་དེ་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནས་ཁས་ལེན་པའི་ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། མདོ་སྡེ་པ་ཁོ་ནས་ཁས་ལེན་པས་ཁྱབ་ཟེར་ན། འོ་ན། ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། ཐལ་ཕྱིར། འདོད་མི་ནུས་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཚད་འབྲས་དེ་དེ་འཐད་ལྡན་དུ་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། དབང་མངོན་གྱི་དེ་འཐད་ལྡན་ཡིན་པས་ཁྱབ་ཟེར་ན། འོ་ན། སྔོན་པོ་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། འབྲས་རྟོག་དང་པོའི་གཞུང་དེས། དེ་འདྲ་བའི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། འདོད་ན། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། དབང་མངོན་གྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་ཐལ་ལོ། །འདོད་ན། དེ་ཆོས་ཅན། དབང་མངོན་དུ་ཐལ་ལོ། བྱས་པ་ལ་ཁོ་ན་རེ། དབང་མངོན་གྱི་དེ་འདྲའི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་ན། དབང་མངོན་ཡིན་དགོས་པར་ཐལ། དེ་འདྲའི་ཚད་མ་ཡིན་ན་དབང་མངོན་ཡིན་དགོས་པའི་ཕྱིར། འདོད་ན། རང་རིག་མངོན་སུམ་གྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་ན། རང་རིག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་རིག་ཆོས་ཅན། ཐལ་ཕྱིར། མ་གྲུབ་ན། རང་རིག་ཆོས་ཅན། མངོན་སུམ་གྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་དེར་ཐལ། རང་རིག་གི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་རང་རིག་ཡིན་པའི་ཕྱིར་ཟེར་ན། འོ་ན། རང་རིག་གི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་ན། རང་རིག་ཡིན་དགོས་པར་ཐལ། རྣལ་འབྱོར་མངོན་སུམ་གྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་ན། རྣལ་འབྱོར་མངོན་སུམ་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ཡིན་ན། འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འབྲས་རྟོག་དང་པོའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། དབང་མངོན་གྱི་དེ་འཐད་ལྡན་ཡིན་དགོས་པར་ཐལ། འབྲས་རྟོག་དང་པོའི་གཞུང་རྣམས་ཀྱིས། དབང་མངོན་གྱི་ཚད་འབྲས་ཀྱི་དེ་གཙོ་བོར་བྱས་ནས་བསྟན་པ་གང་ཞིག །དེས་ཡིད་མངོན་རང་རིག་རྣལ་འབྱོར་མངོན་སུམ་གྱི་དེ་དང་རྗེས་དཔག་གི་དེ་གང་ཡང་བསྟན་བྱའི་གཙོ་བོར་བྱས་ནས་མ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། གལ་ཏེ་མངོན་སུམ་ཤེས་སྐྱེད་ལ། །ཞེས་པ་ནས། བྱེད་པ་ཡིན་ཞེས་བརྗོད་ཟིན་ཏོ། །ཞེས་པའི་བར་དབང་མངོན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་གང་ཞིག །འབྲས་རྟོག་དང་པོའི་གཞུང་དེ་ཡང་། དབང་མངོན་བསྟན་བྱའི་གཙོ་བོར་བྱེད་པའི་གཞུང་དེ་རྣམས་ལས་འཕྲོས་ནས། དབང་མངོན་གྱི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་གཞུང་ཡིན་པའི་ཕྱིར་ཏེ། ཊཱིཀ་ཆེན་ལས། དབང་པོའི་མངོན་སུམ་གྱི་གཞལ་བྱ་འཇལ་བར་བྱེད་ཚུལ་ཡང་གོང་དུ་བསྟན་ཟིན་མོད། དེ་ལྟར་ན་ཚད་འབྲས་གཞལ་གསུམ་ལ་ལོག་རྟོག་བྱེ་བྲག་ཏུ་དགག་པར་བཞེད་ནས། འདིར་དབང་པོའི་མངོན་སུམ་གྱི་ཚད་འབྲས་གཙོ་བོར་བསྟན་ལ། འདི་གང་ལས་འཕྲོས་ན་ཡང་དབང་པོའི་མངོན་སུམ་ལས་འཕྲོས་པའོ། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། དབང་མངོན་དུ་ཐལ། གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་ཚད་འབྲས་ཀྱི་རྣམ་བཞག་དེ་དབང་མངོན་གྱི་དེ་འཐད་ལྡན་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་མངོན་སུམ་གྱི་རྣམ་བཞག་འཐད་ལྡན་ཡིན་པ་གང་ཞིག །དེ་ཡིད་མངོན་གྱི་དེ་ལ་སོགས་པ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རིགས་ཐིགས་ལས། མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུ་སྟེ། དོན་རྟོགས་པའི་ངོ་བོ་ཁོ་ན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དོན་ནི་གཟུགས་གཞལ་བྱ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་ཡིན་པའི་སྒོ་ནས། གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། དབང་མངོན་གྱི་ཚད་འབྲས་ཀྱི་རྣམ་བཞག་ཏུ་ཐལ། ཊཱིཀ་ཆེན་ལས། འབྲས་རྟོག་དང་པོར་ཕྱི་རོལ་གཞལ་བྱར་བྱེད་པས་མདོ་སྡེ་པ་ཁོ་ནའི་ལུགས་སོ་ཞེ་ན། གཟུགས་ཕྱི་རོལ་དོན་དུ་ཁས་ལེན་པ་མདོ་སྡེ་པའི་ལུགས་ཡིན་ཡང་། གཟུགས་ཙམ་གཞལ་བྱར་བྱས་པའི་དབང་མངོན་གྱི་ཚད་འབྲས་ཀྱི་རྣམ་བཞག །བྱ་རོག་གིས་ཟོས་པ་ནི་མེད་དོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་འདྲའི་ཚད་འབྲས་ཀྱི་རྣམ་བཞག་ལ་དབང་མངོན་གྱི་དེའི་རྣམ་བཞག་གི་མིང་གིས་འདོགས་པ་དེ་དེའི་དོན་ཡིན་པའི་ཕྱིར། འོ་ན། མདོ་སེམས་ཐུན་མོང་དུ་ཁས་ལེན་པའི་དབང་མངོན་གྱི་ཚད་འབྲས་ཀྱི་རྣམ་བཞག་ཅིག་ཡོད་དམ་མེད་ཅེ་ན། རྫས་སྤྱིའི་དབང་དུ་བྱས་ན་ཡོད་དེ། དབང་མངོན་གྱི་ཚད་འབྲས་ཀྱི་རྣམ་བཞག་དེ་དེ་ཡིན་པའི་ཕྱིར། དེ་སེམས་ཙམ་པས་ཁས་ལེན་ཏེ། སེམས་ཙམ་པས་གཟུགས་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལས་སྐྱེས་ཤིང་། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་བྱུང་གི་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། དབང་མངོན་གྱི་ཚད་འབྲས་རྣམ་བཞག་འཐད་ལྡན་དུ་ཁས་ལེན་པའི་ཕྱིར། དེ་མདོ་སྡེ་པས་ཁས་ལེན་ཏེ། དེས་གཟུགས་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་། དེའི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ་ཚད་མ། གཟུགས་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་དེ་འཐད་ལྡན་དུ་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་གཞལ་བྱ། རང་གི་སྣང་ཡུལ་གྱི་གཙོ་བོ་ལ་མ་འཁྲུལ་པའི་རིག་པ་ཡིན་པའི་སྒོ་ནས། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། མདོ་སེམས་གཉིས་ཀས་མངོན་སུམ་གྱི་དེ་འཐད་ལྡན་དུ་ཁས་ལེན་ནོ་ཟེར་ན། འོ་ན། མདོ་སེམས་གཉིས་ཀ་མངོན་སུམ་གྱི་མཚན་ཉིད་ལ་མཐུན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་གཉིས་དབང་མངོན་གྱི་མཚན་ཉིད་ལ་མཐུན་པར་ཐལ་ལོ། །འདོད་ན། དེ་གཉིས་ཚུར་མཐོང་གི་རྒྱུད་ཀྱི་དབང་མངོན་གྱི་མཚན་ཉིད་ལ་མཐུན་པར་ཐལ་ལོ། །འདོད་མི་ནུས་ཏེ། སེམས་ཙམ་པས་དེའི་དབང་མངོན་ལ་འཁྲུལ་ཤེས་ཀྱིས་ཁྱབ་པ་ཁས་ལེན། མདོ་སྡེ་པས་དེ་ལ་མ་འཁྲུལ་པས་རིག་པའི་ཁྱབ་པ་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། དབང་མངོན་གྱི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ། སྒྲ་མི་རྟག་པ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ་རྗེས་དཔག་གི་དེ་འཐད་ལྡན་ཡིན་པའི་ཕྱིར་ཏེ། ཚད་མ་མདོ་ལས། འབྲས་བུ་སྔར་བཞིན་ཞེས་དང་། རིགས་ཐིགས་ལས། འདིར་འབྲས་བུའི་རྣམ་པར་བཞག་པ་ནི་མངོན་སུམ་དང་འདྲའོ། །ཞེས་དང་། རྣམ་ངེས་ལས། འདིར་འབྲས་བུའི་རྣམ་པར་བཞག་པ་ནི་མངོན་སུམ་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་རྣམས་ཀྱི་དོན་ནི། སྒྲ་མི་རྟག་པ་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཞེན་རིག་ཚད་མ། དེ་དངོས་སུ་རྟོགས་པའི་རྗེས་སུ་དཔག་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། རྗེས་དཔག་གི་ཚད་འབྲས་རྣམ་བཞག་འཐད་ལྡན་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར། རང་རེས། གཟུགས་ལ་མངོན་སུམ་ཡིན་ན། གཟུགས་ལ་གསལ་སྣང་ཅན་གྱི་མངོན་སུམ་ཡིན་པས་ཁྱབ། བྱས་པ་ལ་ཁོ་ན་རེ། གཟུགས་ལ་མངོན་སུམ་གྱི་ཚད་མ་ཡིན་ན། གཟུགས་གསལ་བར་སྣང་བའི་མངོན་སུམ་གྱི་ཚད་མ་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། གཟུགས་མ་ཡིན་པ་ལས་ལོག་པ་འཛིན་པའི་དབང་མངོན་ཆོས་ཅན། ཐལ་ཕྱིར། འདོད་ན། གཟུགས་དེའི་དངོས་ཀྱི་གཞལ་བྱར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ཆོས་ཅན། དེ་མ་ཡིན་པར་ཐལ། སྒྲུབ་པ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། གཟུགས་དེ་དེའི་དངོས་ཀྱི་གཞལ་བྱ་ཡིན་པར་ཐལ། དེ་དེའི་དངོས་ཡུལ་ཡིན་པའི་ཕྱིར་ཏེ། གཟུགས་མ་ཡིན་པ་ལས་ལོག་པའི་སྟེང་གི་གཟུགས་དེ་དེའི་དངོས་ཡུལ་ཡིན་པའི་ཕྱིར་ཏེ། དེ་གཟུགས་མ་ཡིན་པ་ལས་ལོག་པའི་སྟེང་གི་གཟུགས་ལ་མངོན་སུམ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། གཟུགས་མ་ཡིན་པ་ལས་ལོག་པ་ལ་མངོན་སུམ་གང་ཞིག །དེ་དང་དེའི་སྟེང་གི་གཟུགས་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། གཞན་ཡང་། གཟུགས་དེ་འདྲའི་དབང་མངོན་གྱི་དངོས་ཡུལ་དུ་ཐལ། གཟུགས་མ་ཡིན་པ་ལས་ལོག་པ་དེ་གཟུགས་འཛིན་དབང་མངོན་གྱི་དངོས་ཡུལ་ཡིན་པའི་ཕྱིར་ཏེ། དེ་གཟུགས་འཛིན་མིག་ཤེས་ཀྱི་དངོས་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེའི་དངོས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཏེ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མདོ་སྡེ་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། རང་ཉིད་ཀྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་དེ་མདོ་སྡེ་པའི་ཚད་མ་ཡིན་པས་ཁྱབ་ཟེར་ན། གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་སངས་རྒྱས་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པའི་ཕྱིར་ཏེ། དེ་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་གང་ཞིག །ཕྱི་རོལ་པ་རྣམས་ཀྱིས་དེ་འདྲ་བའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་འཇོག་མི་ཤེས་པའི་ཕྱིར། རྩ་བར་འདོད་ན། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ་མདོ་སྡེ་པའི་ཚད་མར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། མདོ་སྡེ་པའི་ལུགས་ལ་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། མདོ་སྡེ་པའི་དེ་འཐད་ལྡན་ཡིན་དགོས་པར་ཐལ། གཟུགས་གཞལ་བྱ། ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། མདོ་སྡེ་པའི་དེ་འཐད་ལྡན་ཡིན་པའི་ཕྱིར། འདོད་ན། སེམས་ཙམ་པའི་ལུགས་ལ་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ན། སེམས་ཙམ་པའི་དེ་འཐད་ལྡན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་ཆོས་ཅན། ཚད་འབྲས་ཀྱི་དེ་འཐད་ལྡན་དུ་ཐལ་ལོ། །འདོད་ན། སེམས་ཙམ་པའི་ལུགས་ལ་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། སེམས་ཙམ་པས་ཁས་ལེན་པའི་དེ་འཐད་ལྡན་ཡིན་དགོས་པར་ཐལ། མདོ་སྡེ་པའི་ལུགས་ལ་དེ་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། ཐལ་ཕྱིར། འདོད་ན། དེ་ཆོས་ཅན། ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ་ལོ། །ཁ་ཅིག་ན་རེ། གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་དང་འབྲས་བུ་གཉིས་རྣམ་པར་བཞག་འཇོག་གི་དབང་དུ་བྱས་པའི་རྒྱུ་འབྲས་ཡིན་ཟེར་ན། འོ་ན། དེ་གཉིས་མཚན་མཚོན་དུ་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་གཉིས་ཡིན་ཁྱབ་མཉམ་དུ་ཐལ་ལོ། །འདོད་མི་ནུས་ཏེ། དེའི་ནང་ཚན་དུ་གྱུར་པའི་ཚད་མ་ལ་མཚན་ཉིད་ཀྱིས་ཁྱབ། དེའི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་ན། མཚོན་བྱ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་དངོས་སུ་རྟོགས་པའི་ཚད་མ་ཆོས་ཅན། མཚན་ཉིད་དུ་ཐལ། དེའི་ནང་ཚན་དུ་གྱུར་པའི་ཚད་མ་ཡིན་པའི་ཕྱིར་ཏེ། དེའི་ནང་ཚན་གང་ཞིག །ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་དངོས་སུ་རྟོགས་པའི་ཚད་མ་ཆོས་ཅན། དེའི་ནང་ཚན་དུ་གྱུར་པའི་གཞལ་བྱ་ཡིན་པར་ཐལ། དེའི་ནང་ཚན་གང་ཞིག །གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པའི་གཞལ་བྱར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་འཛིན་དབང་མངོན་དེ་དེའི་གཟུགས་འཛིན་དབང་མངོན་གྱི་གཞལ་བྱར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། རྩ་བའི་དམ་བཅའ་འཐད་པར་ཐལ། རིགས་གཏེར་ལས། དེས་ན་རྣམ་པར་བཞག་འཇོག་གི། རྒྱུ་འབྲས་གཉིས་ལ་ཚད་འབྲས་འདོད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ། དེའི་དོན་ནི་གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དང་། གཟུགས་དངོས་སུ་རྟོགས་པའི་ཚད་མ་གཉིས་རྣམ་པར་བཞག་འཇོག་གི་དབང་དུ་བྱས་པའི་རྒྱུ་འབྲས་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། གཞུང་འདིའི་ཕྱོགས་སྔ་ཕྱི་སྨྲ་བ་པོའི་གང་ཟག་ངོས་བཟུང་བ། བློ་གང་གི་ཚད་འབྲས་གཙོ་བོར་སྟོན་པ། ཚད་འབྲས་ཀྱི་རྣམ་བཞག་ངོས་བཟུང་བ་དང་གསུམ། དང་པོ་ལ། ཕྱོགས་སྔ་མ་སྨྲ་བ་པོའི་གང་ཟག་ངོས་བཟུང་བ་དང་། ཕྱོགས་ཕྱི་མ་སྨྲ་བ་པོའི་གང་ཟག་ངོས་བཟུང་བ་གཉིས། དང་པོ་ནི། དཔྱོད་པ་པ་དེ། འབྲས་རྟོག་དང་པོའི་ཕྱོགས་སྔ་མ་སྨྲ་བ་པོ་ཡིན་ཏེ། དེས་ཕྱི་དོན་གཞལ་བྱ། དང་པོར་དོན་ལ་ལྟ་བའི་ཤེས་པ་དག་པ་བ་རྟོག་མེད་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་དེ་འཐད་ལྡན་དུ་འདོད་པ་གང་ཞིག །དེ་འགོག་པར་བྱེད་པ་ལ། མདོར་བསྟན་གྱི་སྐབས་སུ། དེ་ཕྱིར་མཐོང་དང་ཞེས་པ་དང་། རྒྱས་བཤད་ཀྱི་སྐབས་སུ། འདིས་ནི་ལྷག་མ་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར། བྱེ་བྲག་སྨྲ་བ་དེ་ཡང་དེའི་ཕྱོགས་སྔ་སྨྲ་བ་པོའི་གང་ཟག་ཡིན་ཏེ། དེས་ཕྱི་དོན་གཞལ་བྱ། རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་འདོད་པ་གང་ཞིག །དེ་འགོག་པར་བྱེད་པ་ལ། མདོར་བསྟན་གྱི་སྐབས་སུ། དབང་འབྲེལ་དང་། ཞེས་དང་། རྒྱས་བཤད་ཀྱི་སྐབས་སུ། ཀུན་གྱི་མཚུངས་རྒྱུ་ཡིན་པའི་ཕྱིར། །ཞེས་སོགས་གསུངས་པའི་ཕྱིར། གྲངས་ཅན་པ་དེ་ཡང་དེ་ཡིན་ཏེ། དེས་ཕྱི་དོན་གཞལ་བྱ། རྣ་བ་ལ་སོགས་པ་དབང་པོའི་འཇུག་པ་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་འདོད་པ་གང་ཞིག །དེ་འགོག་པར་བྱེད་པ་ལ། འདིས་ནི་ལྷག་མ་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར། རིགས་པ་ཅན་པ་དེ་ཡང་དེ་ཡིན་ཏེ། དེས་ཕྱི་དོན་གཞལ་བྱ། སྤྱི་སོགས་ཁྱད་པར་མཐོང་བའི་བློ་ཚད་མ། ཁྱད་པར་རྫས་འཛིན་གྱི་བློ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་དེ་དེ་འཐད་ལྡན་དུ་འདོད་པ་གང་ཞིག །དེ་འགོག་པར་བྱེད་པ་ལ། མདོར་བསྟན་གྱི་སྐབས་སུ། ཁྱད་པར་གྱི་ནི་བློ་དེ་དག །ཅེས་པ་དང་། རྒྱས་བཤད་ཀྱི་སྐབས་སུ། དེ་དངོས་མེད་ན་ཁྱད་པར་གྱི། །ཞེས་སོགས་གསུངས་པའི་ཕྱིར། བྱེ་བྲག་པ་དེ་དེ་ཡིན་ཏེ། དེས་ཕྱི་དོན་གཞལ་བྱ། དབང་མངོན་འཕྲད་པའི་འབྲེལ་པ་ཚད་མ། དེ་ལས་སྐྱེས་པའི་དོན་རྟོགས་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་དེ་དེ་འཐད་ལྡན་དུ་འདོད་པ་གང་ཞིག །དེ་འགོག་པར་བྱེད་པ་ལ། མདོར་བསྟན་གྱི་སྐབས་སུ། དབང་འབྲེལ་དང་། ཞེས་དང་། རྒྱས་བཤད་ཀྱི་སྐབས་སུ། བདག་ཉིད་ཀུན་གྱིས་འབྲེལ་ན་ཡང་། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ཕྱོགས་ཕྱི་མ་སྨྲ་བ་པོའི་གང་ཟག་ངོས་བཟུང་བ་ནི། མདོ་སེམས་གཉིས་པོ་དེ་འབྲས་རྟོག་དང་པོའི་ཕྱོགས་ཕྱི་མ་སྨྲ་བ་པོའི་གང་ཟག་ཡིན་ཏེ། འབྲས་རྟོག་དང་པོའི་གཞུང་དེས། མདོ་སེམས་ཐུན་མོང་དུ་ཁས་ལེན་པའི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། དེ་གཉིས་ཀྱི་ནང་ནས་མདོ་སྡེ་པ་དེ་འབྲས་རྟོག་དང་པོའི་ཕྱོགས་ཕྱི་མ་སྨྲ་བ་པོའི་གང་ཟག་ཡིན་ཏེ། སྐབས་འདིར་མདོ་སྡེ་པའི་གྲུབ་མཐའ་རང་ལུགས་སུ་ཁས་ལེན་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་བློ་གང་གི་ཚད་འབྲས་གཙོ་བོར་སྟོན་པ་ནི། སྤྱིར་བློ་དེ་ལ་མངོན་སུམ་དང་རྗེས་དཔག་གཉིས་སུ་ཡོད་པ་ལས། སྐབས་འདིར་མངོན་སུམ་གྱི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་ལ། མངོན་སུམ་དེ་ལ་ཡང་བཞི་ཡོད་པའི་ནང་ནས། སྐབས་འདིར་དབང་མངོན་གྱི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པ་ཡིན་ཏེ། དབང་པོའི་མངོན་སུམ་གྱི་གཞལ་བྱ་འཇུག་ཚུལ་ལ་ལོག་རྟོག་གཙོ་བོར་སེལ་བ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། ཊཱིཀ་ཆེན་ལས། དབང་པོའི་མངོན་སུམ་གྱི་གཞལ་བྱ་འཇུག་ཚུལ་ཡང་གོང་དུ་བསྟན་ཟིན་མོད། དེ་ལྟར་ན་ཚད་འབྲས་ལ་ལོག་རྟོག་བྱེ་བྲག་ཏུ་འགོག་པར་བཞེད་ནས། འདིར་ཚད་འབྲས་ཀྱི་རྣམ་བཞག་གཙོ་བོར་སྟོན་ལ། འདི་གང་ལས་བྱུང་བ་ཡང་དབང་པོའི་མངོན་སུམ་ལས་འཕྲོས་པའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ཚད་འབྲས་ཀྱི་རྣམ་བཞག་ངོས་བཟུང་བ་ནི། སྤྱིར་འབྲས་རྟོག་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དེ་ལ། མདོ་སེམས་ཐུན་མོང་དུ་ཁས་ལེན་པའི་དེ་འཐད་ལྡན་དང་། དེ་གཉིས་ཀྱི་ནང་ནས་མདོ་སྡེ་པ་ཁོ་ནས་ཁས་ལེན་པའི་དེ་གཉིས་ཡོད་དེ། ཊཱིཀ་ཆེན་ལས། དེས་ན་འབྲས་རྟོག་དང་པོའི་རྣམ་བཞག་ཚད་མ། མདོ་སེམས་གཉིས་ཀས་ཐུན་མོང་དུ་ཁས་བླངས་པར་བྱའོ། །ཞེས་དང་། ཕྱི་རོལ་དོན་གྱི་ཁྱད་པར་དུ་བྱས་པའི་ཚད་འབྲས་དང་པོ་མདོ་སྡེ་པའི་ཐུན་མོང་མ་ཡིན་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། དེས་ན་སྔོན་པོ་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་དེ་དེ་འཐད་ལྡན་ཡིན་ལ། དེ་ལ་དབྱེ་ན། མངོན་སུམ་གྱི་རྣམ་བཞག་འཐད་ལྡན་དང་། རྗེས་དཔག་གི་རྣམ་བཞག་འཐད་ལྡན་གཉིས། དང་པོ་ནི། སྔོན་པོ་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དེ་དེ་ཡིན། དེ་ལ་དབྱེ་ན། དབང་མངོན་གྱི་རྣམ་བཞག་འཐད་ལྡན་དང་། ཡིད་མངོན་གྱི་དེ་དང་། རང་རིག་གི་དེ་དང་། རྣལ་འབྱོར་མངོན་སུམ་གྱི་དེ་དང་བཞི། དང་པོ་ནི། སྔོན་པོ་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ལྟ་བུ། གཉིས་པ་ནི། སྔོན་པོ་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་ལ་བརྟེན་ནས་སྐྱེས་ཤིང་། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཡིད་ཀྱི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ལྟ་བུ། གསུམ་པ་ནི། སྔོན་འཛིན་དབང་མངོན་གཞལ་བྱ། དེ་ཉམས་སུ་མྱོང་བའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ལྟ་བུ། བཞི་པ་ནི། སྔོན་པོ་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེས་པའི་རིགས་སུ་གནས་ཤིང་། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་འཕགས་རྒྱུད་ཀྱི་མཁྱེན་པར་གྱུར་པའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ལྟ་བུ། གཉིས་པ་རྗེས་དཔག་གི་དེ་ནི། སྒྲ་མི་རྟག་པ་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཞེན་རིག་ཚད་མ། དེ་དངོས་སུ་རྟོགས་པའི་རྗེས་སུ་དཔག་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ལྟ་བུའོ། །ངག་དོན་ནི། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཆོས་ཅན། སྔོན་པོ་དངོས་སུ་རྟོགས་པའི་ཚད་མའི་སྒྲུབ་བྱེད་ཡིན་ཏེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། །

༈ རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། འཐད་ལྡན་ལས། དེ་ལྟར་ཕྱི་རོལ་དོན་དུ་སྨྲ་བ་ལས། རྣམ་པར་ཤེས་པའི་དོན་དང་འདྲ་བ་ནི་ཚད་མ་ཡིན་ལ་དོན་རྟོགས་པའི་རང་བཞིན་དུ་རྣམ་པར་དག་པ་ནི་འབྲས་བུའོ། །ཞེས་ཚད་མ་དང་འབྲས་བུ་རྣམ་པར་བཞག་པར་མཛད་ནས། དེ་ཉིད་རྣམ་པར་ལྡོག་པའི་ཕྱིར། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ། འབྲས་རྟོག་དང་པོའི་དེ་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་པའི་ཕྱིར། རྟགས་ཁས་ཟེར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། འབྲས་རྟོག་གཉིས་པར་དགག་བྱའི་གཙོ་བོར་བྱས་ནས་འགོག་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་དུ་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དེ་ཉིད་རྣམ་པར་ལྡོག་པའི་ཕྱིར། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། སེམས་ཙམ་པའི་རྒྱུད་ཀྱི་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། མདོ་སྡེ་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ། མདོ་སྡེ་པའི་ལུགས་ལ་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སེམས་ཙམ་པའི་རྒྱུད་ཀྱི་གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། དེ་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་ཡིན་པར་ཐལ། སེམས་ཙམ་པའི་རྒྱུད་ཀྱི་གསར་དུ་མི་བསླུ་བའི་རིག་པ་དེ་དེའི་རྒྱུད་ཀྱི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། གྲངས་ཅན་གྱི་དེའི་རྣམ་བཞག་འཐད་ལྡན་དུ་ཐལ། སེམས་ཙམ་པའི་རྒྱུད་ཀྱི་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཞལ་བྱ། ཞེས་སོགས་ལ་དེའི་ཕྱིར། རྟགས་ཁས། འདོད་ན། གྲངས་ཅན་གྱི་དེ་འདྲའི་ཚད་འབྲས་ཀྱི་རྣམ་བཞག་འཇོག་ཤེས་པར་ཐལ་ལོ། །འདོད་ན། དེས་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་འཇོག་ཤེས་པར་ཐལ་ལོ། །ཁ་ཅིག་ན་རེ། གཟུགས་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པར་ཐལ། དེ་དངོས་སུ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། ཁྱོད་ཀྱིས་དེ་དངོས་སུ་རྟོགས་པ་གང་ཞིག །ཁྱོད་དེ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། གཟུགས་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མ་དང་། གཟུགས་མི་རྟག་པར་མ་རྟོགས་པའི་རྗེས་དཔག་ཚད་མ་གང་རུང་གང་ཞིག །ཕྱི་མ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཤེས་པ་ཡིན་ན། གཟུགས་རྟོགས་པའི་ཤེས་པ་དང་། དེ་མ་རྟོགས་པའི་ཤེས་པ་གང་རུང་ཡིན་དགོས་པའི་ཕྱིར་ན་ཡང་མ་ཁྱབ། འདོད་མི་ནུས་ཏེ། གཟུགས་ལ་བཅད་ཤེས་ཡིན་པའི་ཕྱིར། གཞན་ཡང་། དེ་འདྲ་བའི་རྗེས་དཔག་དེར་ཐལ། དེ་གཟུགས་དངོས་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ཏེ། དེ་དངོས་ཡུལ་དུ་བྱེད་པའི་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེ་དངོས་ཡུལ་དུ་བྱས་པའི་སྒོ་ནས་རང་གི་གཞལ་བྱ་ངེས་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། དེ་ཆོས་ཅན། གཟུགས་དངོས་སུ་རྟོགས་པའི་ཚད་མར་ཐལ། དེ་དངོས་སུ་རྟོགས་པའི་ཤེས་པར་གྱུར་པའི་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་དངོས་ཡུལ་དུ་བྱེད་པའི་ཤེས་པ་གང་ཞིག །ཚད་མ་ཡིན་པའི་ཕྱིར། གཞན་ཡང་། གཟུགས་དངོས་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན། གཟུགས་ལ་ཚད་མ་ཡིན་དགོས་པར་ཐལ། དེ་འདྲ་བའི་རྗེས་དཔག་དེ། དེ་དངོས་ཡུལ་དུ་བྱེད་པའི་ཚད་མ་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་ཀྱི་དོན་སྤྱི་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན། དེའི་དོན་སྤྱི་ལ་ཚད་མ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་འཛིན་པའི་རྗེས་དཔག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། གཟུགས་ཞེན་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ཟེར་ན། སངས་འཕགས་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་ནུས་ཀྱི་གཏན་ཚིགས་དང་། དེ་མི་ནུས་པའི་གཏན་ཚིགས་གང་རུང་དུ་ཐལ། དེ་སྒྲུབ་ཀྱི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་མི་ནུས་པའི་དེར་ཐལ། འདོད་པ་གང་ཞིག །གཅིག་ཤོས་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་མི་ནུས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་རིགས་པ་ཡང་དག་ལ་བརྟེན་ནས་སྒྲུབ་ནུས་པའི་ཕྱིར། གཞན་ཡང་། མཉན་བྱ་ཚད་མས་ངེས་ནས། སྒྲ་ཚད་མས་མ་ངེས་པའི་གང་ཟག་གི་རྒྱུད་ཀྱི་མཉན་བྱ་འཛིན་པའི་དབང་མངོན་ཆོས་ཅན། སྒྲ་ལ་སྒྲུབ་འཇུག་གི་ཚད་མར་ཐལ། དེ་ལ་སྒྲུབ་འཇུག་གི་ཤེས་པར་གྱུར་པའི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ལ་སྒྲུབ་འཇུག་གི་ཤེས་པ་གང་ཞིག །ཚད་མ་ཡིན་པའི་ཕྱིར། ཁོ་ན་རེ། གཟུགས་ཀྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་རིག་པ་ཡོད་པར་ཐལ། དེ་གཟུགས་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་ལ་ཚད་མ་ཡོད་པར་ཐལ་ལོ། །འདོད་ན། གཟུགས་ལ་ཤེས་པ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། ས་ལ་ཤེས་པ་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། བདག་དང་ས་ལ་ཤེས་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །གཟུགས་ལ་ཤེས་པ་ཡོད་པར་ཐལ། རང་གི་གཞལ་བྱར་གྱུར་པའི་གཟུགས་ལ་དེ་ཡོད་པའི་ཕྱིར། རྟག་པ་གང་ཞིག །རང་གི་གཞལ་བྱ་ལ་ཚད་མ་ཡོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་ཡོད་པའི་ཕྱིར། གཞན་ཡང་། གཟུགས་ལ་ཚད་མ་ཡོད་པར་ཐལ། ཚད་མ་དེ་ལ་ཚད་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་ལ་ཤེས་པ་ཡོད་པར་ཐལ། ཤེས་པ་དེ་ལ་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཚད་མ་དེ་ལ་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ། གཞན་ཡང་། སངས་འཕགས་ལ་སྒྲོ་འདོགས་ཡོད་པར་ཐལ། སངས་འཕགས་སངས་འཕགས་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ་སངས་འཕགས་ལ་སྒྲོ་འདོགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། སངས་འཕགས་དེ་སྒྲོ་འདོགས་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། སངས་འཕགས་ལ་དམིགས་པའི་སྒྲོ་འདོགས་ཡོད་པར་ཐལ། སངས་འཕགས་ལ་དམིགས་པའི་སྒྲོ་འདོགས་སྤངས་པའི་གང་ཟག་ཡོད་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། སངས་འཕགས་ལ་སྒྲོ་འདོགས་ཡོད་པར་ཐལ། སངས་འཕགས་ལ་སྒྲོ་འདོགས་པའི་སྒྲོ་འདོགས་རྒྱུ་ལྡན་གྱི་གང་ཟག་ཡོད་པའི་ཕྱིར་ཏེ། སངས་འཕགས་སངས་འཕགས་མ་ཡིན་པར་བདེན་ཞེན་གྱིས་འདོད་པའི་གང་ཟག་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲའི་གང་ཟག་ཆོས་ཅན། དེར་ཐལ། ཆོས་ཅན་དེ་གང་ཞིག །ཁྱོད་ཀྱི་རྒྱུད་ཀྱི་དེ་དེ་མ་ཡིན་པར་འཛིན་པའི་རྟོག་པ་དེ། དེ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར། གཞན་ཡང་། གཟུགས་ལ་མི་བསླུ་བའི་རིག་པ་ཡིན་ན། གཟུགས་ལ་རིག་པ་ཡིན་དགོས་པར་ཐལ། རིག་པ་དེ་ལ་རིག་པ་ཡིན་པའི་ཕྱིར་ཏེ། ཤེས་པ་དེ་ལ་ཤེས་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ལ་གསར་དུ་མི་བསླུ་བའི་ཞེན་རིག་ཡིན་ན། དེ་ལ་ཞེན་རིག་ཡིན་དགོས་པར་ཐལ་ལོ། །འདོད་ན། གཟུགས་ཤུགས་ལ་རྟོགས་པའི་རྗེས་དཔག་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་ལ་རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཟུགས་ལ་རྟོག་པ་ཡིན་པར་ཐལ་ལོ། །འདོད་ན། ཁྱོད་ལ་གཟུགས་ཀྱི་རྣམ་པ་ཤར་བར་ཐལ་ལོ། །ཁ་ཅིག་ན་རེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་རྟོགས་པའི་ཚད་མ་ཡོད་པར་ཐལ། དེར་གྱུར་པའི་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་འཛིན་དབང་མངོན་དེ་དེ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་ཤེས་པར་གྱུར་པའི་གཟུགས་རྟོགས་པའི་ཚད་མ་ཡིན་པའི་ཕྱིར་ཏེ། དེར་གྱུར་པའི་གཟུགས་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ཏེ། བཅད་ཤེས་ཀྱི་ཉེར་ལེན་དུ་གྱུར་པའི་གཟུགས་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སེམས་ཅན་གྱི་རྒྱུད་ཀྱི་དེ་འདྲ་བའི་གཟུགས་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ཏེ། དེ་འདྲའི་ཚད་མ་དེ་དེ་ཡིན་པའི་ཕྱིར། གཞན་ཡང་། ཤེས་པར་གྱུར་པའི་གཟུགས་རྟོགས་པའི་ཚད་མ་ཡོད་པར་ཐལ། གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་དེ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེར་གྱུར་པའི་དེ་འཛིན་པའི་དབང་མངོན་ཡོད་པའི་ཕྱིར་ཏེ། དེར་གྱུར་པའི་དེ་འཛིན་དབང་མངོན་ཡོད་པའི་ཕྱིར་ཏེ། གཟུགས་འཛིན་ཡིད་མངོན་དེ་རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་ལས་སྐྱེས་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྣམ་མཁྱེན་སྐད་ཅིག་དང་པོ་དེ། དེ་སྐད་ཅིག་གཉིས་པའི་ཉེར་ལེན་དུ་གྱུར་པའི་གཟུགས་རྟོགས་པའི་ཚད་མ་ཡིན་པར་ཐལ། སེམས་ཅན་གྱི་རྒྱུད་ཀྱི་ཚད་མ་དེ། དེའི་རྒྱུད་ཀྱི་བཅད་ཤེས་ཀྱི་ཉེར་ལེན་དུ་གྱུར་པའི་གཟུགས་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་དེར་གྱུར་པའི་དེ་མེད་པར་རྟོགས་པའི་ཚད་མ་ཡིན་པའི་ཕྱིར་ཏེ། དེ་དེར་གྱུར་པའི་དེ་མེད་པར་རྟོགས་པའི་རྣམ་མཁྱེན་ཡིན་པའི་ཕྱིར་ཏེ། སངས་འཕགས་དེ་དེ་མེད་པར་རྟོགས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ཤེས་པ་གང་ཞིག །གཟུགས་རྟོགས་པའི་ཚད་མ་ཡིན་ན། ཤེས་པར་གྱུར་པའི་གཟུགས་རྟོགས་པའི་ཚད་མ་ཡིན་དགོས་པར་ཐལ། དེར་གྱུར་པའི་གཟུགས་རྟོས་པའི་ཚད་མ་ཡོད་པའི་ཕྱིར། འདོད་ན། ཤེས་པའི་བདག་ཉིད་གང་ཞིག །གཟུགས་རྟོགས་པའི་ཚད་མ་ཡིན་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་ཚད་མ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་འཛིན་དབང་མངོན་ཆོས་ཅན། ཐལ་ཕྱིར། དང་པོ་གྲུབ་སྟེ། ཤེས་པའི་བྱེ་བྲག་ཡིན་པའི་ཕྱིར། འདོད་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་ཚད་མ་ཡོད་པར་ཐལ་ལོ། །

ཚད་འབྲས་གཉིས་པའི་རྣམ་གཞག་བཤད་པ།

༈ ཚད་འབྲས་གཉིས་པའི་རྣམ་བཞག་འཆད་པར་བྱེད་པ་ལ། ཚད་མ་མདོ་ལས་གསུངས་ཚུལ་དང་། དེ་བསྟན་བཅོས་འདིར་འགྲེལ་ཚུལ་གཉིས། དང་པོ་ལ་བཤད་བྱའི་ལུང་འགོད་པ་དང་། ལུང་གི་དོན་བཤད་པ་གཉིས། དང་པོ་ནི། ཚད་མ་མདོ་ལས། ཡང་ན་རང་རིག་འབྲས་བུ་སྟེ། །དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་དང་། དེའི་འགྲེལ་བར་འདིར་ཤེས་པ་ནི་གཉིས་སུ་སྣང་བ་སྐྱེས་ཏེ། རང་གི་སྣང་བ་དང་། ཡུལ་གྱི་སྣང་བའོ། །སྣང་བ་གཉིས་ལས་གང་རིག་པ་དེ་ནི་འབྲས་བུར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ངོ་བོ་ལས་དོན་ངེས་པ་གང་གི་ཚེ། ཤེས་པ་ཡུལ་དང་བཅས་པ་ཡིན་པ་དེའི་ཚེ། དེ་དང་རྗེས་སུ་མཐུན་པའི་རང་འདོད་པའམ། མི་འདོད་པའི་དོན་རྟོགས་པར་བྱེད་དོ། །ཞེས་གསུངས། གཉིས་པ་ལུང་དོན་བཤད་པ་ལ། རྩ་བའི་དོན་བཤད་པ་དང་། འགྲེལ་པའི་དོན་བཤད་པ་གཉིས། དང་པོ་ནི། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་དོན་ནི། སེམས་ཙམ་པས། འབྲས་རྟོག་དང་པོའི་སྐབས་སུ། གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མར་བཞག་པ་དེའི་ཚེ། གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིགས་པ་དེ་ལས། ཡང་ན་དེའི་ཚེ་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིགས་སོ། །ཞེས་པའི་དོན་དུ་འཆད་རིགས་ཏེ། འགྲེལ་བཤད་རྒྱལ་དབང་བློས། ཡང་ན་དོན་ནི་རྟག་པའི་དོན་ཅན་ནོ། །འདིར་ཅེས་པ་སྔར་བཤད་པའི་མངོན་སུམ་ལའོ། །ཞེས་གསུངས། གཉིས་པ་འགྲེལ་པའི་དོན་བཤད་པ་ལ། འདིར་ཤེས་པ་ནི་གཉིས་སུ་སྣང་བ་སྐྱེ་སྟེ། རང་གི་སྣང་བ་དང་། ཡུལ་གྱི་སྣང་བའོ། །ཞེས་པའི་དོན་ནི། ཤེས་པའི་རྫས་གཅིག་ལ། གཟུང་འཛིན་གྱི་ཚུལ་གཉིས་འཐད་དེ། གཟུགས་དེ་གཟུགས་འཛིན་དབང་མངོན་གྱི་གཟུང་བྱ་དང་། དེ་འཛིན་དབང་མངོན་དེ་གཟུགས་འཛིན་བྱེད་ཀྱི་ཤེས་པ་ཡིན་པའི་ཚུལ་གཉིས་འཐད་པའི་ཕྱིར། དེས་ན་སྐབས་འདིར་བསྟན་གྱི་ཚུལ་གཉིས་པོ་དེ་གཟུང་རྣམ་བཏགས་པ་བ་དང་། འཛིན་རྣམ་བཏགས་པ་བ་གཉིས་ལ་བྱེད་རིགས་ཏེ། གཟུགས་འཛིན་དབང་མངོན་དེ། གཟུགས་འཛིན་བྱེད་ཀྱི་ཤེས་པ་ཡིན་པས། དེ་ལ་འཛིན་རྣམ་གྱི་མིང་གིས་བཏགས། གཟུགས་དེ་དེ་འཛིན་དབང་མངོན་གྱི་དོན་རྣམ་ཡིན་པས། དེ་ལ་གཟུང་རྣམ་གྱི་མིང་གིས་བཏགས་པ་ཡིན་པའི་ཕྱིར། ཞེས་པའི་དོན་ཡིན་ལ། དེས་ན་ཚུལ་གཉིས་པོ་དེའི་ནང་ནས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མར་རིགས་སོ། །ཞེས་འཆད་པར་བྱེད་པ་ལ། སྣང་བ་གཉིས་ལས་གང་རིག་པ་དེ་ནི་འབྲས་བུར་འགྱུར་རོ། །ཞེས་པ་འདི་བྱུང་། དེ་ལྟར་བྱས་པ་ལ་མདོ་སྡེ་པ་ན་རེ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་མི་རིགས་པར་ཐལ། དེ་ལ་སྒྲུབ་བྱེད་ཡང་དག་མེད་ཅིང་། དམ་བཅའ་ཙམ་དུ་ཟད་པའི་ཕྱིར། ཞེས་མདོ་སྡེ་པའི་དྲི་བ་འགོད་པར་བྱེད་པ་ལ། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་འདི་བྱུང་། དེའི་ལན་འཆད་པར་བྱེད་པ་ལ། དེའི་ངོ་བོ་ལས་དོན་ངེས་པ་གང་གི་ཚེ་ཤེས་པ་ཞེས་སོགས་བྱུང་། །

༈ གཉིས་པ་རྩ་འགྲེལ་དེ་གཉིས་ཀྱི་དོན་བསྟན་བཅོས་འདིར་འགྲེལ་བར་བྱེད་པ་ལ། མདོ་དོན་རིགས་པའི་སྒོ་ནས་འཆད་པ་དང་། མདོ་དོན་ཚིག་དོན་གྱི་སྒོ་ནས་འཆད་པའོ། །དང་པོ་ལ། དམ་བཅའ་ངོས་འཛིན་གྱི་མདོ་དོན་རིགས་པའི་སྒོ་ནས་འཆད་པ་དང་། སྒྲུབ་བྱེད་ངོས་འཛིན་གྱི་མདོ་དོན་རིགས་པའི་སྒོ་ནས་འཆད་པ་གཉིས། དང་པོ་འཆད་པར་བྱེད་པ་ལ། དོན་རིག་གང་ཡིན། ཞེས་པ་ནས། རང་རིག་འབྲས་བུ་ཡིན་པར་འདོད། །ཅེས་པ་འདི་བྱུང་། གཉིས་པ་ལ། རྩོད་པའི་མདོ་དོན་རིགས་པའི་སྒོ་ནས་འཆད་པ་དང་། ལན་གྱི་མདོ་དོན་རིགས་པའི་སྒོ་ནས་འཆད་པ་གཉིས། དང་པོ་འཆད་པར་བྱེད་པ་ལ། གལ་ཏེ་ཕྱི་རོལ་མྱོང་གྱུར་ན། །ཉེས་པ་ཅི་ཡོད། ཅེས་པ་འདི་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། ཅི་ཡང་མེད། ཅེས་པ་ནས། ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །ཞེས་པའི་བར་བྱུང་། གཉིས་པ་མདོ་དོན་ཚིག་དོན་གྱི་སྒོ་ནས་འཆད་པ་ལ། དེའི་ངོས་འཛིན་གྱི་མདོ་དོན་ཚིག་དོན་གྱི་སྒོ་ནས་འཆད་པ་དང་། སྒྲུབ་བྱེད་ངོས་འཛིན་གྱི་མདོ་དོན་ཚིག་དོན་གྱི་སྒོ་ནས་འཆད་པ་གཉིས། དང་པོ་འཆད་པར་བྱེད་པ་ལ། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་སོགས་ཤོ་ལོ་ཀ་གཅིག་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །ཞེས་པ་ནས། དོན་རིག་པར་ནི་འགྱུར་བ་མིན། །ཞེས་པའི་བར་བྱུང་། དོན་རིག་གང་ཡིན། ཞེས་པའི་དོན་ཡང་། འབྲས་རྟོག་དང་པོའི་སྐབས་སུ་མདོ་སྡེ་པས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་འདོད་ཚུལ་བསྟན་ནས། འོ་ན། དེར་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་མཚན་གཞི་གང་ཞེས་མདོ་སྡེ་པ་ལ་དྲི་བ་འགོད་པར་བྱེད་པ་ལ། དོན་རིག་གང་ཡིན། ཞེས་པ་འདི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་དེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་དང་། སྒྲ་འཛིན་དབང་མངོན་དེ། དེར་གྱུར་པའི་སྒྲ་དངོས་སུ་རྟོགས་པའི་ཚད་མ་ཡིན། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། སོ་སོར་རིག། མངོན་སུམ་གང་ཡིན་འདི་ཉིད་དོ། །ཞེས་པ་འདི་བྱུང་། འོ་ན། གཟུགས་འཛིན་དབང་མངོན་དེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡིན་པའི་རྒྱུ་མཚན་གང་ཞེ་ན། ཞེས་པའི་དྲི་བ་འགོད་པར་བྱེད་པ་ལ། དེ་ནི་གང་གི་དོན་རིག་ཡིན། །ཞེས་པ་འདི་བྱུང་། དེ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་ཆོས་ཅན། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡིན་ཏེ། དེར་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་བའི་བློ་ཡིན་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། དེ་ཡི་ཁྱབ་པ་འབྲས་བུའི་ཕྱིར། །ཞེས་འཆད་པར་བྱེད་པ་ལ། དེ་འདྲ་ལས་ཡིན་འཁྲུལ་བར་འགྱུར། །ཞེས་པ་འདི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་ཆོས་ཅན། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡིན་པར་ཐལ། དེར་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་པའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། དེ་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་པའི་ཤེས་པ་མ་ཡིན་ཏེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རགས་པའི་རང་འདྲའི་རྣམ་པ་ཡང་མ་གཏད། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་ཕྲ་མོའི་རང་འདྲའི་རྣམ་པ་ཡང་མ་གཏད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རྡུལ་ཕྲན་དེ་དག་གང་གིས་ན། །ཞེས་སོགས་རྐང་པ་དྲུག་བྱུང་། ཡང་ཁོ་ན་རེ། གཟུགས་འཛིན་དབང་མངོན་ཆོས་ཅན། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡིན་ཏེ། དེའི་རྣམ་པ་ཤར་བ་གང་ཞིག །དེ་ལས་བྱུང་བའི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། དེ་འདྲ་བ་དང་དེ་ལས་བྱུང་། །ཞེས་སོགས་རྐང་པ་གཉིས་བྱུང་། འོ་ན། སྔོན་འཛིན་དབང་མངོན་གྱི་དྲངས་ནས་སྐྱེས་པའི་སྔོན་པོ་དོན་མཐུན་དུ་ངེས་པའི་ངེས་ཤེས་ཆོས་ཅན། སྔོན་འཛིན་དབང་མངོན་དངོས་སུ་རྟོགས་པའི་ཚད་མ་ཡིན་པར་ཐལ། དེའི་རྣམ་པ་ཤར་ཞིང་། དེ་ལས་བྱུང་བའི་ཤེས་པ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དོན་མཚུངས་ཅན་གྱི་རྣམ་པར་ཤེས། །ཞེས་སོགས་རྐང་པ་གཉིས་བྱུང་། ཡང་ཁོ་ན་རེ། གཟུགས་འཛིན་དབང་མངོན་ཆོས་ཅན། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡིན་ཏེ། དེར་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་ཅིང་། དེ་ལས་བྱུང་བའི་དེ་ལ་ངེས་པ་གསར་དུ་འདྲེན་ནུས་ཀྱི་ཤེས་པ་ཡིན་པའི་ཕྱིར། ཞེས་འདོད་པ་རྗོད་པར་བྱེད་པ་ལ། འདི་མཐོང་འདི་ཐོས་ཞེས་བྱ་བར། །ཞེས་སོགས་རྐང་པ་ཕྱེད་དང་གསུམ་བྱུང་། འོ་ན། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལས་བྱུང་ཞིང་། དེ་ལ་ངེས་པ་གསར་དུ་འདྲེན་ནུས་ཀྱི་ཤེས་པ་དེ་ཆོས་ཅན། གཟུགས་འཛིན་དབང་མངོན་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་མ་ཡིན་པར་ཐལ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ལ་ངེས་པ་གསར་དུ་འདྲེན་ནུས་ཀྱི་ཤེས་པ་མེད་པའི་ཕྱིར་ཏེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་དང་། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཉིས་ལ་ཡུལ་ཡུལ་ཅན་གྱི་འབྲེལ་པ་མ་གྲུབ་པའི་ཕྱིར། ཁྱབ་སྟེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ངེས་པའི་ངེས་ཤེས་ཡིན་ན། འབྲེལ་པ་དེ་ལ་བརྟེན་ནས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ངེས་པའི་ངེས་ཤེས་ཡིན་དགོས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གང་གིས་དེ། །དེ་ཡི་སྒྲུབ་བྱེད་ཡིན་འདོད་པ། །ཞེས་པ་ནས། ལྟ་བ་པོ་ཡི་ངེས་དེ་ཡིན། །ཞེས་པའི་བར་བྱུང་། ཡང་ཁོ་ན་རེ། གཟུགས་འཛིན་དབང་མངོན་དེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡིན་ཏེ། གཟུང་འཛིན་རྫས་གཞན་ཡོད་པའི་ཕྱིར་ཞེ་ན། གཟུང་འཛིན་རྫས་གཞན་མེད་དེ། ཕྱི་རོལ་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཡང་མེད། ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཡང་མེད་པའི་ཕྱིར། རྟགས་གྲུབ་སྟེ། གཟུགས་དེ་གཟུགས་འཛིན་དབང་མངོན་ལ་ལྟོས་ཏེ། གཟུང་བ་རྫས་གཞན་དུ་ཡང་མ་གྲུབ། གཟུགས་འཛིན་དབང་མངོན་དེ་གཟུགས་ལ་ལྟོས་པས་འཛིན་པ་རྫས་གཞན་དུ་ཡང་མ་གྲུབ་པའི་ཕྱིར་ཏེ། གཟུགས་འཛིན་དབང་མངོན་གྱིས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པ་ལ་གནོད་བྱེད་གོང་དུ་བསྟན་ཟིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཡི་མྱོང་དེ་བདག་ཉིད་དེ། །ཞེས་སོགས་རྐང་པ་བཞི་བྱུང་། ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་མེད་དེ། གཟུགས་འཛིན་དབང་མངོན་དེ་ལ་མྱོང་བྱེད་རྫས་གཞན་མེད་པའི་ཕྱིར་ཏེ། དེ་ལ་མྱོང་བྱ་རྫས་གཞན་མེད་པའི་ཕྱིར། དེ་དང་ཕྱི་རོལ་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་འགོག་བྱེད་ཀྱི་རིགས་པ་དེས། ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་འགོག་ནུས་པ་ཡང་མཚུངས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེས་ན་ཉམས་མྱོང་བྱ་གཞན་མེད། །ཅེས་སོགས་རྐང་པ་གསུམ་བྱུང་། དེས་ན་གཟུགས་འཛིན་དབང་མངོན་གྱིས་རང་གི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་སོ། །ཞེས་པའི་དོན་བསྡུ་འཆད་པར་བྱེད་པ་ལ། དེ་ནི་རང་ཉིད་གསལ་བ་ཡིན། །ཞེས་པ་འདི་བྱུང་། དེ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་གྱི་རྗེས་སུ་གཟུགས་འཛིན་དབང་མངོན་གྱིས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་རིག་པར་འཛིན་པའི་བློ་སྐྱེ་བ་མི་འཐད་པར་ཐལ། གཟུགས་འཛིན་དབང་མངོན་དེས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་ཕྱིར་ཞེ་ན། གཟུགས་འཛིན་དབང་མངོན་དེས། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་ཀྱང་། སྐྱོན་དེ་ཡོད་པ་མ་ཡིན་ཏེ། ཁོའི་རྗེས་སུ་སྐྱེས་པའི་བློ་འཁྲུལ་པ་གང་ཞིག །དེ་ལྟར་བཞེད་པ་ཙམ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཡི་དངོས་དེ་སྔོ་སོགས་ཕྱིར། །ཞེས་སོགས་རྐང་པ་བཞི་བྱུང་། འོ་ན། གཟུགས་འཛིན་དབང་མངོན་དེས། རང་གི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་ན། གཟུགས་འཛིན་དབང་མངོན་ཁོ་རང་གང་གིས་རྟོགས་པ་ཡིན་ཞེ་ན། གཟུགས་འཛིན་དབང་མངོན་དེ་ཁོ་ཉམས་སུ་མྱོང་བའི་རང་རིག་གིས་མྱོང་ཞིང་རྟོགས་པ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། ཇི་ལྟར་དེ་ཡི་བདག་ཉིད་ཕྱིར། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་དང་། ཁོའི་རིག་བྱར་གྱུར་པའི་གཟུགས་གཉིས་དོན་གཞན་ཡིན་ནོ། །ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། དེ་ཡི་རིག་བྱ་དོན་གཞན་ན། །ཞེས་པ་འདི་བྱུང་། འོ་ན། གཟུགས་འཛིན་དབང་མངོན་དང་། ཁོའི་རིག་བྱར་གྱུར་པའི་གཟུགས་གཉིས་རིག་བྱ་རིག་བྱེད་མ་ཡིན་པར་ཐལ། དེ་གཉིས་དོན་གཞན་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཚོར་བྱ་ཚོར་བྱེད་འཐད་པར་དཀའ། །ཞེས་སོགས་རྐང་པ་གཉིས་བྱུང་། རང་རེས། གོང་དུ་གཟུང་འཛིན་རྫས་གཞན་བཀག་པ་ལ། འོ་ན། གཟུང་འཛིན་རྫས་གཞན་དུ་འཛིན་པའི་བློ་སྐྱེ་བ་མི་འཐད་པར་ཐལ། གཟུང་འཛིན་རྫས་གཞན་མེད་པའི་ཕྱིར་ན་མ་ཁྱབ་སྟེ། གཟུང་འཛིན་རྫས་གཞན་དུ་འཛིན་པའི་བློ་དེ། རང་རྒྱུ་མ་རིག་པའི་བག་ཆགས་ཀྱི་དབང་གིས་བྱུང་བ་ཡིན་པའི་ཕྱིར། ཞེས་དཔེའི་སྒོ་ནས་འཆད་པར་བྱེད་པ་ལ། སྐྲ་སོགས་ཤེས་པའི་ཐ་དད་བཞིན། །ཞེས་པ་ནས། མཚན་ཉིད་ལ་ནི་བརྩད་བྱ་མིན། །ཞེས་པའི་བར་བྱུང་། དེས་ན་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིགས་པ་ཡིན་ཏེ། དེ་རིགས་པའམ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིགས་པ་གང་རུང་གང་ཞིག །གཅིག་ཤོས་དེ་ལྟར་རིགས་པ་ལ་གནོད་བྱེད་གོང་དུ་བསྟན་ཟིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེས་ན་གཞན་རིག་མེད་པའི་ཕྱིར། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་གྱིས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པ་དེ་ཚད་མས་གྲུབ་ན། ཉེས་པ་ཅི་ཡོད། ཅེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་ཕྱི་རོལ་མྱོང་གྱུར་ན། །ཉེས་པ་ཅི་ཡོད། ཅེས་པ་འདི་བྱུང་། དེའི་ལན་ནི། དེ་ལྟར་ཚད་མས་གྲུབ་ན། ཉེས་པ་ཅི་ཡང་མེད་དེ། ཚད་མས་གྲུབ་པའི་དོན་སུས་ཀྱང་དགག་མི་ནུས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཅི་ཡང་མེད། །ཅེས་པ་འདི་བྱུང་། དེས་ན་ཁོ་རང་ལ། གཟུགས་འཛིན་དབང་མངོན་གྱིས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པའི་རྒྱུ་མཚན་གང་། ཞེས་པའི་དྲི་བ་འགོད་པར་བྱེད་པ་ལ། ཕྱི་རོལ་དོན་ནི་མྱོང་གྱུར་པ། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་ཆོས་ཅན། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པ་ཡིན་ཏེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་བློ་ནི་དེ་རྣམ་ཅན། །ཞེས་པ་འདི་བྱུང་། འོ་ན། གཟུགས་འཛིན་དབང་མངོན་དེ་ལ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་པ་མ་ཡིན་པར་ཐལ། དེ་ལྟར་གཏད་ན་ནི། དེ་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བ་དེ་ཕྱི་རོལ་དོན་གྱི་ངོས་ནས་སྣང་དགོས་པ་ལས། དེ་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བ་དེ་ནི། ཤེས་པའི་བག་ཆགས་ཀྱི་དབང་གིས་སྣང་བ་ཙམ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རྣམ་པ་རྗེས་ཞུགས་ཅན་དེ་ཡོད། །ཅེས་རྐང་པ་གསུམ་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། སྔོན་འཛིན་དབང་མངོན་ལ་སྔོན་པོ་ཕྱི་རོལ་དོན་དུ་སྣང་བ་དེ། ཕྱི་རོལ་དོན་གྱི་ངོས་ནས་སྣང་བ་ཡིན་ཏེ། སྔོན་འཛིན་དབང་མངོན་ལ་སྣང་བའི་སྔོན་པོ་དེ། ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར་ཞེ་ན། དེ་ཕྱི་རོལ་གྱི་དོན་མ་ཡིན་ཏེ། དེ་དང་སྔོན་འཛིན་དབང་མངོན་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མཐོང་བའི་ཁྱད་པར་དང་བྲལ་བ། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཕྱི་རོལ་དོན་སྣང་གི་བློ་སྐྱེ་བ་མི་འཐད་པར་ཐལ། ཕྱི་རོལ་གྱི་དོན་མེད་པའི་ཕྱིར་ན་མ་ཁྱབ་སྟེ། ཕྱི་རོལ་དོན་དུ་སྣང་བའི་བློ་དེ་རང་རྒྱུ་མ་རིག་པའི་བག་ཆགས་ཀྱི་དབང་གིས་བྱུང་བ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། འདིར་འགའ་ཞིག་ནི་འགའ་ཞིག་གི། ཞེས་སོགས་རྐང་པ་བཞི་བྱུང་། དེས་ན་ཕྱི་རོལ་གྱི་དོན་བཀག་པ་ལ་བརྟེན་ནས་ཤེས་པའི་རྫས་གཅིག་ལ་གཟུང་འཛིན་གྱི་ཚུལ་གཉིས་ཡོད་པར་གྲུབ་པ་ཡིན་ཏེ། གཟུགས་དེ་གཟུགས་འཛིན་དབང་མངོན་གྱི་བཟུང་བྱ་དང་། གཟུགས་འཛིན་དབང་མངོན་དེ་གཟུགས་འཛིན་བྱེད་ཀྱི་ཤེས་པ་ཡང་ཡིན་པའི་ཚུལ་གཉིས་འཐད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་པ་འདི་བྱུང་། རྟགས་དེ་ཡང་གྲུབ་སྟེ། གཟུགས་འཛིན་དབང་མངོན་གཟུགས་འཛིན་བྱེད་ཀྱི་ཤེས་པ་ཡིན་པ་དེ། གཟུགས་འཛིན་དབང་མངོན་ཉམས་མྱོང་གི་རང་རིག་གིས་རྟོགས་ཤིང་དེ་གཟུགས་འཛིན་དབང་མངོན་དྲན་པའི་དྲན་ཤེས་ཀྱིས་དྲན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གང་ཕྱིར་དེ་ལྟར་མྱོང་བ་དང་། །ཞེས་སོགས་རྐང་པ་གཉིས་བྱུང་། དེས་ན་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིགས་སོ། །ཞེས་འཆད་པར་བྱེད་པ་ལ། མྱོང་བ་ཉིད་ནི་འབྲས་བུ་ཡིན། །ཞེས་པ་འདི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་དེ་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཆ་ནས། གཟུགས་དངོས་སུ་རྟོགས་པའི་ཚད་མར་འཇོག་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་འཇོག་པ་ཡིན་ཏེ། གཟུགས་འཛིན་དབང་མངོན་དེ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཆ་ནས། གཟུགས་དངོས་སུ་རྟོགས་པའི་ཚད་མར་འཇོག་པ་གང་ཞིག །གཟུགས་འཛིན་དབང་མངོན་ལ་སྣང་བའི་གཟུགས་དེ་ཕྱི་རོལ་གྱི་དོན་མ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །ཞེས་རྐང་པ་བཞི་བྱུང་། རང་རེས་གོང་དུ་གཟུགས་འཛིན་དབང་མངོན་གྱི་རྗེས་སུ་གཟུགས་འཛིན་དབང་མངོན་གྱིས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་རིག་པར་ཞེན་པའི་བློ་སྐྱེ་བར་ཁས་བླངས་པ་ལ། དེ་ལྟར་སྐྱེས་བའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་འཆད་པར་བྱེད་པ་ལ། གང་ཚེ་ཤེས་ཆ་དོན་དུ་ནི། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་གྱིས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པ་མི་འཐད་པར་ཐལ། དེ་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་ལ་རང་རྒྱུ་ཤེས་པའི་བག་ཆགས་ཀྱི་དབང་གིས་གཟུགས་ཕྱི་རོལ་དོན་དུ་སྣང་བ་ཙམ་ཡིན་ཡང་ཡིན་ལུགས་ལ། དེས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གལ་ཏེ་འདི་བདག་འདོད་རྣམས་དང་། །ཞེས་སོགས་རྐང་པ་བཞི་བྱུང་། །

༈ དེས་ན་གཞན་རིག །ཅེས་སོགས་ཀྱི་སྐབས་འདིར། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། འབྲས་རྟོག་གཉིས་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པས་ཁྱབ་སྟེ། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་རང་རིག་དེ། རང་རིག་མཚན་ཉིད་པ་ལ་བྱེད་རིགས་པའི་ཕྱིར། མདོ་རང་འགྲེལ་ལས། འདིར་ཤེས་པ་ནི་གཉིས་སུ་སྣང་བ་སྐྱེ་སྟེ། རང་གི་སྣང་བ་དང་། ཡུལ་གྱི་སྣང་བའོ། །ཞེས་པའི་རང་གི་སྣང་བ་དེ་རང་རིག་མཚན་ཉིད་པ་ལ་བྱེད་རིགས་པའི་ཕྱིར་ཏེ། རང་རིག་གི་གཞུང་འདི་ཕྱོགས་སྔ་མའི་གཞུང་དུ་བྱས་ནས། རྟོག་གེ་འབར་བར་རང་རིག་བཀག་པའི་ཕྱིར་ཏེ། རྟོག་གེ་འབར་བ་ལས། སེམས་ཙམ་པས་རྣམ་པར་ཤེས་པ་ནི་གཉིས་སུ་སྣང་བར་སྐྱེ་སྟེ། རང་གི་སྣང་བ་དང་། ཡུལ་གྱི་སྣང་བའོ། །ཡུལ་གྱི་སྣང་བའི་རྣམ་པ་ནི་ཕྱི་རོལ་ཡུལ་གྱི་རྣམ་པར་འགྱུར་ནས་རང་སྣང་བའི་རྣམ་ཤེས་ཀྱི་ཡུལ་དུ་གྱུར་པའོ། །ཞེས་གསུངས་པའི་ཕྱིར། འོ་ན། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་ན། རང་རིག་ཡིན་དགོས་པར་ཐལ། དེའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ན། རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་དགོས་པའི་ཕྱིར། འདོད་ན། འབྲས་རྟོག་གཉིས་པའི་དེར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་དང་། གཞན་རིག་གི་ཤེས་པའི་གཞི་མཐུན་ཡོད་པར་ཐལ། དེ་དང་འབྲས་རྟོག་གསུམ་པའི་དེར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུའི་གཞི་མཐུན་ཡོད་པ་གང་ཞིག །འབྲས་རྟོག་གསུམ་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་ན། གཞན་རིག་གི་ཤེས་པ་ཡིན་པའི་ཁྱབ་པའི་ཕྱིར། གསལ་བ་ཁས། རྟགས་ཕྱི་མ་བུད། དང་པོ་གྲུབ་སྟེ། འཐད་ལྡན་ལས། ཡང་ཕྱི་རོལ་དོན་གྱི་ཚུལ་ལ་འབྲས་བུའི་རྣམ་པར་རྟོག་པ་གཉིས་དོན་གཞལ་བྱ། བཟུང་བའི་རྣམ་པ་ནི་ཚད་མ། བདག་ཉིད་རིག་པ་ནི་འབྲས་བུའོ། །ཞེས་རྒྱུ་དང་འབྲས་བུའི་རྣམ་པར་བཞག་པ་ནི། འཐད་པར་སྒྲུབ་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། གསལ་བ་དེར་ཐལ། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་གཞུང་དེ། འབྲས་རྟོག་གཉིས་པ་དང་གསུམ་པའི་འབྲས་བུ་ཐུན་མོང་དུ་ངོས་འཛིན་གྱི་གཞུང་ཡིན་པའི་ཕྱིར་ཏེ། ཚད་མ་མདོ་ལས། འབྲས་རྟོག་གསུམ་གྱི་འབྲས་བུ་ངོས་འཛིན་གྱི་གཞུང་སོ་སོར་མ་བྱུང་བའི་ཕྱིར་དང་། འགྲེལ་བཤད་རྒྱལ་དབང་བློས། ཕྱི་རོལ་དང་གཅིག་ཤོས་ཀྱི་ཕྱོགས་དག་ལ་ཡོད་པ་གཅིག་ཁས་བླངས་པའི་འབྲས་བུའི་རྣམ་པར་བཞག་པ་བྱེད་པས་གསུངས་པ་ཡང་སྔར་བཞིན། རང་རིག་འབྲས་བུ་དང་བཅས་པའོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ན། རང་རིག་གི་དེ་ཡིན་དགོས་པར་ཐལ། འབྲས་རྟོག་གཉིས་པའི་གཞུང་དེས། རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། རང་གི་བདག་ཉིད་དུ་གྱུར་པའི་གཞལ་བྱ་རིག་པའི་གཟུང་རྣམ་དེ་གཞལ་བྱ། དེ་ཉམས་སུ་མྱོང་བའི་འཛིན་རྣམ་དེ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པའི་ཕྱིར་ཏེ། ཊཱིཀྐ་ལས། རྣམ་རིག་པའི་ཐུན་མོང་མ་ཡིན་པའི་ཚད་འབྲས་ཀྱི་རྣམ་བཞག་འདི་ལྟར་བྱ་སྟེ། རང་གི་བདག་ཉིད་དུ་གྱུར་པའི་གཞལ་བྱ་རིག་པའི་གཟུང་རྣམ་གཞལ་བྱ། སྒྲོ་འདོགས་གསར་དུ་གཅོད་པའི་འཛིན་རྣམ་ཚད་མ། རང་རིག་ཚད་མ་འབྲས་བུའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དོན་ནི། འབྲས་རྟོག་གཉིས་པའི་གཞུང་དེས། དེ་འདྲའི་ཚད་འབྲས་ཀྱི་རྣམ་བཞག་དེ། ཤུགས་ལ་བསྟན་པ་དེ་དེའི་དོན་ཡིན་པའི་ཕྱིར་ཏེ། དེ་ལྟར་མ་ཡིན་ན། འབྲས་རྟོག་གཉིས་པའི་གཞུང་དེས། རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་མ་བསྟན་པར་ཐལ། དེས་དབང་མངོན་གྱི་ཚད་འབྲས་ཀྱི་དེ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར་ཏེ། ཊཱིཀ་ཆེན་ལས། གཞུང་སྔ་མ་རྣམས་ཀྱི་འགྲེལ་གྱི་དབང་དུ་བྱས་ན། དབང་པོའི་མངོན་སུམ་རང་གི་བདག་ཉིད་དུ་གྱུར་པའི་གཞལ་བྱ་རིག་པའི་འབྲས་བུ་ཞེས་པར་གནས་ཏེ། སྔར་ནས་བཤད་པ་རྣམས་དབང་མངོན་གྱི་གཟུང་འཛིན་རྫས་གཞན་འགོག་པ་ཤ་སྟག་ཏུ་སྣང་བའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁ་ཅིག །འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་ལ་རང་རིག་གི་དེ་འཐད་ལྡན་གཅིག་དང་། གཞན་རིག་གི་རྣམ་བཞག་འཐད་ལྡན་གཉིས་ཡོད་པ་ལས། དང་པོ་ནི། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པས་བསྟན། གཉིས་པ་ནི། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་བསྟན་པ་ཡིན་ནོ་ཞེས་ན། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་རང་རིག་དེ་རང་རིག་མཚན་ཉིད་པ་ལ་བྱེད་རིགས་པར་ཐལ། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་གཞུང་དེས། རང་རིག་གི་ཚད་འབྲས་ཀྱི་དེ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། འདོད་ན། རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། ཅེས་པའི་རང་རིག་དེ་རང་རིག་མཚན་ཉིད་པ་ལ་བྱེད་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་དང་། རང་རིག་གི་གཞི་མཐུན་ཡོད་པར་ཐལ་ལོ། །གཞན་ཡང་། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་པའི་གཞུང་དེ་ཡང་། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པ་འཆད་བྱེད་ཀྱི་གཞུང་མ་ཡིན་པར་ཐལ། ཡང་ན་རང་རིག་འབྲས་བུ་ཞེས་པའི་གཞུང་དེས་རང་རིག་གི་ཚད་འབྲས་ཀྱི་དེ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། འདོད་ན། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །ཁ་ཅིག །འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། གཞན་རིག་གི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་པས་ཁྱབ་ཅིང་། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་པའི་གཞུང་དེས་རང་རིག་གི་ཚད་འབྲས་ཀྱི་དེ་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་ཞེ་ན། འོ་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་གཟུང་རྣམ་གཞལ་བྱ། དེ་ཉམས་སུ་མྱོང་བའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། དེ་ཕྱིར་ཞེས་སོགས་ཀྱི་གཞུང་གི་དེར་གྱུར་པའི་རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ། དེ་འཐད་ལྡན་གཅིག་བསྟན་བྱའི་དེར་བྱས་ནས་བསྟན་པའི་ཕྱིར། འདོད་ན། དེ་འདྲའི་རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། མདོ་རང་འགྲེལ་ལས། འདིར་ཤེས་པ་ནི་གཉིས་སུ་སྣང་བ་སྐྱེ་སྟེ། ཞེས་པ་ནས། འགྱུར་རོ། །ཞེས་པའི་བར་གྱི་འགྲེལ་པ་དེའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ། འདོད་པ་གང་ཞིག །འགྲེལ་པ་དེའི་དོན་འཆད་པར་བྱེད་པ་ལ། གཞུང་འདི་བྱུང་བའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་ན་གཞན་རིག་མེད་པའི་ཕྱིར། །ཞེས་སོགས་ཀྱི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ། འདོད་པ་གང་ཞིག །འགྲེལ་པ་དེ། གཞུང་དེའི་ཚིག་དོན་འཆད་བྱེད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ་ལོ། །འདོད་ན། གཞན་རིག་གི་ཚད་འབྲས་ཀྱི་དེ་དེ་འཐད་ལྡན་དུ་ཐལ་ལོ། །གཞན་ཡང་། མྱོང་བ་ཉིད་ནི་འབྲས་བུ་ཡིན། །ཞེས་པའི་མྱོང་བ་དེ། རང་མྱོང་ལ་བྱེད་རིགས་པར་ཐལ། དེ་ཕྱིར་གཅིག་ལ། ཞེས་སོགས་ཀྱི་གཞུང་དེས། རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། འདོད་ན། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་དང་། རང་རིག་གི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུའི་གཞི་མཐུན་ཡོད་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། མཐོང་བའི་ཁྱད་པར་དང་བྲལ་བ། །ཞེས་པའི་བསྟན་བྱའི་གཙོ་བོ་ཡིན་ན། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོ་ཡིན་དགོས་པར་ཐལ། དེ་ཕྱིར་གཅིག་ལ། ཞེས་སོགས་ཀྱི་བསྟན་བྱའི་གཙོ་བོ་ཡིན་ན། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་གཟུགས་དང་། གཟུགས་འཛིན་ཚད་མ་རྫས་གཞན་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། གཞུང་དེས་ལྷན་ཅིག་དམིགས་ངེས་དེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། རྩ་བར་འདོད་ན། འབྲས་རྟོག་གཉིས་པའི་གཞུང་དེས། རྟགས་ཡང་དག་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པར་ཐལ་ལོ། །འདོད་མི་ནུས་ཏེ། རྟགས་ཡང་དག་ལེའུ་དང་པོར་བསྟན་ཟིན་པའི་ཕྱིར། ཁ་ཅིག་ན་རེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ནོ་ཟེར་ན། གཟུགས་ཤུགས་ལ་རྟོགས་པའི་རྗེས་དཔག་ཆོས་ཅན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མར་ཐལ། རང་ཡུལ་གྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རང་ཡུལ་གྱི་རྣམ་པ་ཤར་བའི་བློ་གང་ཞིག །གཟུགས་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྟོག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། གཟུགས་དངོས་སུ་རྟོགས་པའི་ཚད་མར་ཐལ་ལོ། །ཁ་ཅིག་ན་རེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ནོ་ཟེར་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མདོ་སྡེ་པས་ཁས་ལེན་པར་ཐལ་ལོ། །ཁ་ཅིག་ན་རེ། གཟུགས་འཛིན་དབང་མངོན་གཞལ་བྱ། དེ་ཉམས་སུ་མྱོང་བའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་པའི་གཞུང་གི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ནོ་ཟེར་ན། དེ་ཆོས་ཅན། མདོ་སེམས་གཉིས་ཀྱི་ནང་ནས། སེམས་ཙམ་པ་ཁོ་ནས་ཁས་ལེན་པར་ཐལ། དེ་ཕྱིར་གཅིག་ལ་ཞེས་སོགས་ཀྱི་བསྟན་བྱའི་གཙོ་བོར་གྱུར་པའི་དེའི་ཕྱིར། འདོད་མི་ནུས་ཏེ། དེ་མདོ་སྡེ་པས་ཁས་ལེན་པའི་ཕྱིར། མ་གྲུབ་ན། དེ་མདོ་སྡེ་པས་དེར་ཐལ། འདི་ནི་ཀུན་ལ་སྦྱར་བར་བྱ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ན། དབང་མངོན་གྱི་དེ་འཐད་ལྡན་ཡིན་པས་ཁྱབ་ཟེར་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། ཐལ་ཕྱིར། འདོད་ན། གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། དབང་མངོན་གྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དབང་མངོན་དུ་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ན། དབང་མངོན་གྱི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་དགོས་པར་ཐལ། འབྲས་རྟོག་གཉིས་པའི་གཞུང་དེས་དབང་མངོན་གྱི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བསྟན་པ་གང་ཞིག །དེས་ཡིད་མངོན་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེར་བྱས་ནས་མ་བསྟན་པའི་ཕྱིར་ན་མ་ཁྱབ། དང་པོ་གྲུབ་སྟེ། ཊཱིཀ་ཆེན་ལས། གཞུང་སྔ་མ་རྣམས་ཀྱི་འགྲེལ་གྱི་དབང་དུ་བྱས་ན། ཞེས་པ་ནས། ཤ་སྟག་ཏུ་སྣང་བའི་ཕྱིར། ཞེས་པའི་བར་གྱི་དོན་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ན། སེམས་ཙམ་པ་ཁོ་ནས་ཁས་ལེན་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་དགོས་སོ་ཟེར་ན། གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་ཡང་སྒྲ་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། སློབ་དཔོན་སེང་གེ་བཟང་པོས་ཀྱང་། དེ་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཁས་ལེན་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། གཞུང་འདིའི་ཕྱོགས་སྔ་ཕྱི་སྨྲ་བ་པོའི་གང་ཟག་ངོས་བཟུང་བ། བློ་གང་གི་ཚད་འབྲས་གཙོ་བོར་སྟོན་པ། ཚད་འབྲས་གཞལ་གསུམ་གྱི་ནང་ནས་གང་གཙོ་བོར་སྟོན་པ། གཏན་ལ་དབབ་བྱའི་ཚད་འབྲས་ངོས་བཟུང་བ་དང་བཞི། དང་པོ་ནི། མདོ་སྡེ་པ་དེ། འབྲས་རྟོག་གཉིས་པའི་ཕྱོགས་སྔ་མ་སྨྲ་བ་པོའི་གང་ཟག་ཡིན་ཏེ། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། ཚད་འབྲས་ཀྱི་དེ་འཐད་ལྡན་དུ་འདོད་པ་གང་ཞིག །དེ་འགོག་པར་བྱེད་པ་ལ། འབྲས་རྟོག་གཉིས་པའི་གཞུང་རྣམས་གསུངས་པའི་ཕྱིར། སེམས་ཙམ་པ་དེ། འབྲས་རྟོག་གཉིས་པའི་ཕྱོགས་ཕྱི་མ་སྨྲ་བ་པོའི་གང་ཟག་ཡིན་ཏེ། སྐབས་འདིར་སེམས་ཙམ་པའི་གྲུབ་མཐའ་རང་ལུགས་སུ་ཁས་བླང་བར་བྱ་བ་ཡིན་པའི་ཕྱིར། གཉིས་པ་བློ་གང་གི་ཚད་འབྲས་གཙོ་བོར་སྟོན་པ་ནི། བློ་དེ་ལ་མངོན་རྗེས་གཉིས་སུ་ཡོད་པ་ལས། སྐབས་འདིར་མངོན་སུམ་གྱི་ཚད་འབྲས་ཀྱི་དེ་གཙོ་བོར་སྟོན་པ་ཡིན་ནོ། །དེ་ལ་མངོན་སུམ་ལ་བཞི་ཡོད་པ་ལས། སྐབས་འདིར་དབང་མངོན་གྱིས་ཚད་འབྲས་ཀྱི་དེ་གཙོ་བོར་སྟོན་པ་ཡིན་ཏེ། སྐབས་འདིར་དབང་མངོན་གྱི་གཞལ་བྱ་འཇལ་ཚུལ་ལ་ལོག་རྟོག་གཙོ་བོར་སེལ་བ་ཡིན་པའི་ཕྱིར་ཏེ། དེ་ལྟར་དུ་སྔར་དྲངས་པའི་ཊཱིཀྐ་རྣམས་ལས་གྲུབ་པའི་ཕྱིར། གསུམ་པ། ཚད་འབྲས་གཞལ་གསུམ་གྱི་ནང་ནས་གང་གཙོ་བོར་སྟོན་པ་ནི། འབྲས་བུ་གཙོ་བོར་སྟོན་པ་ཡིན་ཏེ། སྐབས་འདིར་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིག་པས་དེ། དམ་བཅའ་དང་སྒྲུབ་བྱེད་གཉིས་ཀྱི་ནང་ནས་རྒྱས་པར་སྒྲུབ་བྱེད་སྐབས་འདིར་བཤད་པའི་ཕྱིར། བཞི་པ་གཏན་ལ་དབབ་བྱའི་ཚད་འབྲས་ངོས་བཟུང་བ་ནི། སྤྱིར་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ་ཡང་། ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ནོ། །ཡང་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་དེ་དེ་འཐད་ལྡན་ཡིན་ལ། གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ། ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ་འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་དེ་འཐད་ལྡན་ཡིན་ནོ། །ཡང་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ། ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ་ཡང་། འབྲས་རྟོག་གཉིས་པའི་དེར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ནོ། །ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་བྱུང་གི་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱར་པའི་གཟུགས་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གཉིས་པའི་དེར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ནོ། །རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། གཟུགས་དངོས་སུ་རྟོགས་པའི་ཚད་མ་དང་། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས་པར་ཐལ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་དངོས་སུ་རྟོགས་པའི་ཚད་མ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ་མི་རྟག་པར་ཚད་མས་ངེས་པའི་དེ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། མདོ་སྡེ་པ་ཆོས་ཅན། ཐལ་ཕྱིར། གཞན་ཡང་། གཟུགས་ཀྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་རིག་པ་ཆོས་ཅན། མདོ་སྡེ་པས་ཁས་མི་ལེན་པར་ཐལ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་གང་ཞིག །མདོ་སྡེ་པས། དེ་འདྲའི་ཚད་མ་ཁས་མི་ལེན་པའི་ཕྱིར་ན་ཡང་མ་ཁྱབ། གཞན་ཡང་། མཉན་བྱ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་སྒྲའི་མཚན་ཉིད་དུ་ཐལ། གཟུགས་ཀྱི་རྣམ་པ་ཞེས་སོགས་ཀྱི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སྒྲ་ཁས་ལེན་པའི་གང་ཟག་ཡིན་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་ཁས་ལེན་པའི་དེ་ཡིན་དགོས་པར་ཐལ་ལོ། །གཞན་ཡང་། ཤེས་པའི་འབྲས་བུར་གྱུར་པའི་རྣམ་མཁྱེན་ཆོས་ཅན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མར་ཐལ། གཟུགས་ཀྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་ཡིན་པའི་ཕྱིར། འདོད་པ་ན། དེ་ཆོས་ཅན། ཤེས་པའི་བདག་ཉིད་དུ་གྱུར་པའི་ཚད་མར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། ཤེས་པའི་བདག་ཉིད་དུ་ཐལ་ལོ། །འདོད་མི་ནུས་ཏེ། དེའི་འབྲས་བུ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། །

ཚད་འབྲས་གསུམ་པའི་རྣམ་གཞག་བཤད་པ།

༈ ཚད་འབྲས་གསུམ་པའི་རྣམ་བཞག་བཤད་པ་ལ། ཚད་མ་མདོ་ལས་གསུངས་ཚུལ་དང་། དེ་བསྟན་བཅོས་འདིར་འགྲེལ་ཚུལ་གཉིས། དང་པོ་ལ། བཤད་བྱའི་ལུང་འགོད་པ་དང་། ལུང་གི་དོན་བཤད་པ་གཉིས། དང་པོ་ནི། ཚད་མ་མདོ་ལས། ཡུལ་གྱི་སྣང་བ་ཉིད་དེ་འདིའི། །ཚད་མ་དེ་ཡིས་འཇལ་བར་བྱེད། །ཅེས་དང་། དེའི་འགྲེལ་པར། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ་ནི། ཞེས་པ་ནས། དེ་དང་དེའི་ངོ་བོ་ཡུལ་དང་བཅས་པ་འཇལ་བར་བྱེད་དེ། ཅེས་པའི་བར་གསུངས། གཉིས་པ་ལུང་དོན་བཤད་པ་ནི། དེ་ཡང་གང་གི་ཚེ། ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ་ནི། ཞེས་པས་འབྲས་རྟོག་གསུམ་པའི་གཞལ་བྱ་དང་འབྲས་བུ་གཉིས་ཐུན་མོང་དུ་བསྟན། ཡུལ་གྱི་སྣང་བ་ཉིད་དེ་འདིའི། །ཚད་མ་ཞེས་སོགས་ཀྱིས་འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་དེ་བསྟན། གང་གི་ཕྱིར་ཞེ་ན། དོན་དེ་དེ་ཡིས་འཇལ་བར་བྱེད། །ཅེས་པ་མན་ཆད་ཀྱི་དེའི་རྒྱུ་མཚན་དེ་བསྟན་པ་ཡིན་ནོ། །འོ་ན། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ་ཞེས་པའི་འབའ་ཞིག་པའི་དོན་གང་ཞེ་ན། སྐབས་འདིར་འབའ་ཞིག་པའི་དོན་དེ། ཡང་སྒྲའི་དོན་དུ་འཆད་རིགས་པའི་ཕྱིར་ཏེ། འདིའི་དོན་འཆད་པར་བྱེད་པ་ལ། རྣམ་འགྲེལ་འདིར། ཕྱིར་རོལ་དོན་ནི་ཡོད་ན་ཡང་། །ཞེས་ཡང་སྒྲ་བྱུང་བ་ཡིན་པའི་ཕྱིར། འོ་ན། དཀར་པོ་དང་དཀར་པོ་མ་ཡིན་ཞེས་པའི་དཀར་པོ་དང་། དཀར་པོ་མ་ཡིན་པའི་དོན་དེ་གང་ཞེ་ན། དེའི་དོན་ནི་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་ལ་བྱེད་པ་ཡིན་ནོ། །གཉིས་པ། རྩ་འགྲེལ་དེ་གཉིས་ཀྱི་དོན་འདིར་འཆད་པར་བྱེད་པ་ལ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་པ་ནས། དེ་འདྲ་ངས་ཀྱང་མི་ཤེས་སོ། །ཞེས་པའི་བར་བྱུང་། དེ་ཡང་མདོ་རང་འགྲེལ་ལས། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ། ཞེས་པའི་དོན་རིགས་པའི་སྒོ་ནས་འཆད་པར་བྱེད་པ་ལ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་པ་ནས། འཚམས་སྦྱོར་མེད་སེམས་མཐོང་བ་ཡིན། །ཞེས་པའི་བར་བྱུང་། དེའི་དོན་ཚིག་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ལ། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་པའི་དོན་ཚིག་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ལ། གང་ཕྱིར་ཇི་ལྟར་འདི་རང་བཞིན། །ཞེས་སོགས་རྐང་པ་གཉིས་བྱུང་། མདོ་རྩ་བར། ཡུལ་གྱི་སྣང་བ་ཉིད་དེ་འདིའི། །ཚད་མ་དེ་ཡིས་ཞེས་སོགས་དེའི་འགྲེལ་པར་ཡུལ་གྱི་སྣང་བ་འདི་ཉིད་འདིའི་ཚད་མ། ཞེས་པའི་དོན་ཚིག་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ལ། དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན། ཞེས་པ་འདི་བྱུང་། དེའི་ཚེ་ནི་ཤེས་པ་རང་རིག་པ་ཡིན་ཡང་། ཞེས་པའི་དོན་ཚིག་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ལ། ཡོད་དུ་ཟིན་ཀྱང་ནི། །ཞེས་པ་འདི་བྱུང་། རང་གི་ངོ་བོ་ལ་མི་ལྟོས་པའི་དོན་གྱི་སྣང་བ་འདི་ཚད་མའོ། །ཞེས་པའི་དོན་ཚིག་དོན་་གྱི་སྒོ་ནས་འཆད་པ་ལ། དོན་གཞན་མིན་ཕྱིར་ཕྱི་རོལ་ལ། །ཞེས་སོགས་རྐང་པ་གཉིས། གང་གི་ཕྱིར་ཞེ་ན། དོན་དེ་དེ་ཡིས་འཇལ་བར་བྱེད། །ཅེས་པ་མན་ཆད་ཀྱི་དོན་ཚིག་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ལ། གང་ཕྱིར་ཇི་ལྟར་དོན་བདག་དེ། །ཞེས་སོགས་རྐང་པ་བཞི་བྱུང་། ཡུལ་གྱི་སྣང་བ་ཉིད་དེ་འདིའི། །ཚད་མ་དེ་ཡིས་ཞེས་པ་རྩ་འགྲེལ་གྱི་དོན་རིགས་པའི་སྒོ་ནས་འཆད་པར་བྱེད་པ་ལ། དེ་ཕྱིར་དེ་ཉིད་དོན་རིག་འདོད། །ཅེས་སོགས་རྐང་པ་དྲུག་བྱུང་། རྩོད་པ་སྤོང་བ་ལ། ཚད་མ་ལ་རྩོད་པ་སྤོང་བ། འབྲས་བུ་ལ་རྩོད་པ་སྤོང་བ། གཞལ་བྱ་ལ་རྩོད་པ་སྤོང་བ་དང་གསུམ། དང་པོ་འཆད་པར་བྱེད་པ་ལ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །ཞེས་སོགས་རྐང་པ་གསུམ་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། རང་གི་ངོ་བོ་དཔྱོད་པ་ན། །ཞེས་སོགས་རྐང་པ་གསུམ་བྱུང་། གསུམ་པ་འཆད་པར་བྱེད་པ་ལ། དེ་དང་འདྲ་བའམ་གཞན་འདྲའང་རུང་། །ཞེས་པ་ནས། དེ་འདྲ་ངས་ཀྱང་མི་ཤེས་སོ། །ཞེས་པའི་བར་བྱུང་། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་པའི་དོན་ཡང་། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱར་བཞག་པ་དེའི་ཚེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་ཡོད་པའི་ཕྱིར་ཏེ། གཟུགས་འཛིན་དབང་མངོན་དེས། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་བའི་སྒོ་ནས་གཟུགས་རྟོགས་པ་ཡིན་གྱི། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་པའི་སྒོ་ནས་གཟུགས་རྟོགས་པ་མ་ཡིན་པའི་ཕྱིར་ཏེ། དེ་ལ་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་ན། གཟུགས་ཡིད་འོང་དང་། ཡིད་མི་འོང་གཉིས་ཀར་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་རྐང་པ་བཞི་བྱུང་། བྱས་པ་ལ་ཁོ་ན་རེ། དེ་དེ་གཉིས་ཀར་ཁས་བླངས་པ་ལ་སྐྱོན་ཅི་ཡོད་ཅེ་ན། གཟུགས་ཡིད་མི་འོང་དུ་སྣང་བའི་ཚུར་མཐོང་གི་མིག་ཤེས་ལ་ཡང་། གཟུགས་ཡིད་འོང་དང་། ཡིད་མི་འོང་གཉིས་ཀར་དུ་སྣང་བར་ཐལ། གཟུགས་ཡིད་འོང་དང་གཅིག་ཤོས་གཉིས་ཀ་ཡིན་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། ཁས་བླངས་ན་ཡང་གཉིས་པོ་དག ། ཅེས་སོགས་རྐང་པ་གཉིས་བྱུང་། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། གཟུགས་ཡིད་འོང་དང་ཡིད་མི་འོང་གཉིས་ཀ་ཡིན་ཀྱང་། དེ་ཡིད་འོང་དུ་སྣང་བའི་ཚུར་མཐོང་གི་མིག་ཤེས་ལ། དེ་ཡིད་འོང་ཁོ་ནར་སྣང་ཞིང་། ཡིད་མི་འོང་དུ་ཚེ་སྔ་མའི་ལས་ཀྱིས་བསྒྲིབས་ནས་མི་སྣང་། དེ་ཡིད་མི་འོང་དུ་སྣང་བའི་ཚུར་མཐོང་གི་རྒྱུད་ཀྱི་མིག་ཤེས་ལ། དེ་ཡིད་མི་འོང་ཁོ་ནར་སྣང་ཞིང་། ཡིད་འོང་དུ་ཚེ་སྔ་མའི་ལས་ཀྱིས་བསྒྲིབས་ནས་མི་སྣང་བའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། མ་མཐོང་བསྒྲིབས་ཕྱིར་མིན་ཞེ་ན། །ཞེས་པ་འདི་བྱུང་། འོ་ན། དེ་ལྟར་འདོད་པ་དང་གཟུགས་ཡིད་འོང་དང་། ཡིད་མི་འོང་གཉིས་ཀར་ཁས་ལེན་པ་ནང་འགལ་ལོ། །ཞེས་འཆད་པར་བྱེད་པ་ལ། དོན་གྱི་དབང་གིས་རྟོགས་མི་འགྱུར། །ཞེས་སོགས་རྐང་པ་ལྔ་བྱུང་། དེ་ལ་ཁོ་ན་རེ། ཡིད་འོང་དང་ཡིད་མི་འོང་སྣང་བའི་རྟོག་པ་ཡོད་པ་ཡིན་གྱི། དབང་ཤེས་ལ་དེ་ལྟར་སྣང་བ་མེད་དོ། །ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་འདོད་དང་མི་འདོད་པར། །ཞེས་སོགས་རྐང་པ་གཉིས་བྱུང་། དེའི་ལན་ནི། རྟོག་པ་ལ་དེ་ལྟར་ཡོད་པར་མ་ཟད་དབང་ཤེས་ལ་ཡང་དེ་ལྟར་ཡོད་དོ། །ཞེས་ལན་འདེབས་པར་བྱེད་པ་ལ། དེ་ལའང་འཆི་ལྟས་ལ་སོགས་པར། །ཞེས་སོགས་རྐང་པ་གཉིས་བྱུང་། དེས་ན། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་པའི་དོན་བསྡུ་འཆད་པར་བྱེད་པ་ལ། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །ཞེས་སོགས་རྐང་པ་བཞི་བྱུང་། རང་རེས། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །ཞེས་འཆད་པ་དེ་ལ་ཁོ་ན་རེ། མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱར་བཞག་པ་དེའི་ཚེ། རང་རིག་འབྲས་བུར་བཞག་འདུག་སྙམ་ནས། འོ་ན། དེའི་ཚེ་ན་འཛིན་རྣམ་དེ། ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་ཐལ། དེའི་ཚེ་རང་རིག་དེ། ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུར་རིགས་པའི་ཕྱིར། དཔེར་ན། རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་འཇོག་པའི་ཚེ། རང་རིག་འབྲས་བུ་ལ་འཛིན་རྣམ་ཚད་མར་འཇོག་པའི་དཔེ་འདི་བཞིན་ནོ་ཞེ་ན། དེའི་ཚེ་ན་འཛིན་རྣམ་དེ་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་མ་ཡིན་ཏེ། དེའི་ཚེ་ན་གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་ཡིན་པའི་ཕྱིར་དང་། འཛིན་རྣམ་དེ་ལ་མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་ཀྱི་རྣམ་པ་ཤར་བ་ཡང་མ་བཤད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཚེ་དོན་སྣང་འདི་ཉིད་ནི། །ཞེས་སོགས་རྐང་པ་བཞི་བྱུང་། འོ་ན། གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འཇོག་བྱེད་ཡིན་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་འཆད་པར་བྱེད་པ་ལ། གང་ཕྱིར་ཇི་ལྟར་དོན་བདག་དེ། །ཞེས་སོགས་རྐང་པ་བཞི་བྱུང་། དེའི་སྒྲུབ་བྱེད་འཆད་པར་བྱེད་པ་ལ། དེ་ཕྱིར་དེ་ཉིད་དོན་རིག་འདོད། །ཅེས་སོགས་རྐང་པ་གཉིས་བྱུང་། འོ་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་དེ། གཟུགས་ཀྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་རིག་པའི་རྣམ་པར་བཞག་བྱའི་འབྲས་བུ་ཡིན་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་འཆད་པར་བྱེད་པ་ལ། དེ་ཡི་སྒྲུབ་བྱེད་བློ་ལ་ནི། །ཞེས་སོགས་རྐང་པ་བཞི་བྱུང་། ཚད་མ་ལ་རྩོད་པ་སྤོང་བ་ལ་ཁོ་ན་རེ། འབྲས་རྟོག་གསུམ་པའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་མ་དང་འབྲས་བུ་གཉིས་ཡུལ་འགལ་བར་ཐལ། གཟུགས་ཀྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་རིག་པ་དེ་འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་དང་། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་དེ་དེའི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར་ཞེ་ན། དེ་གཉིས་ཡུལ་འགལ་བ་ཡང་མ་ཡིན་ཏེ། མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་གཟུགས་དེ། དེ་གཉིས་ཀའི་གཞལ་བྱར་ཁས་ལེན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །ཞེས་སོགས་རྐང་པ་གསུམ་བྱུང་། འབྲས་བུ་ལ་རྩོད་པ་སྤོང་བ་ལ་ཁོ་ན་རེ། འོ་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་དེ། ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུར་རིགས་པའི་རྒྱུ་མཚན་གང་ཞེ་ན། དེ་རིགས་པ་ཡིན་ཏེ། གཟུགས་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རང་གི་ངོ་བོ་དཔྱོད་པ་ན། །ཞེས་སོགས་རྐང་པ་བཞི་བྱུང་། གཞལ་བྱ་ལ་རྩོད་པ་སྤོང་བ་ལ། འོ་ན། གཟུགས་འཛིན་དབང་མངོན་གྱི་དངོས་རྒྱུ་དེ་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཞལ་བྱར་བསྟན་པའི་རྟགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པ་གང་ཞིག །ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་པའི་ཤེས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་འཛིན་དབང་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ཆོས་ཅན། གཟུགས་འཛིན་དབང་མངོན་གྱི་གཞལ་བྱར་ཐལ། དེའི་དངོས་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཞེས་འཆད་པར་བྱེད་པ་ལ། དེ་དང་འདྲ་བའམ་གཞན་འདྲའང་རུང་། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཆོས་ཅན། གཟུགས་འཛིན་དབང་མངོན་གྱི་གཟུང་དོན་མ་ཡིན་པར་ཐལ། ཁྱོད་ཀྱིས་གཟུགས་འཛིན་དབང་མངོན་ལ་རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར། རྟགས་ཁས། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། ཇི་ལྟར་རྣམ་པ་འགའ་ཞིག་ལྟར། །ཞེས་སོགས་བྱུང་། དེའི་ལན་ནི། དེ་འདྲ་བའི་ཐལ་འགྱུར་དེ། དཔལ་ལྡན་ཆོས་གྲགས་ལ་གནོད་བྱེད་ཡང་དག་ཏུ་མི་འཇུག་སྟེ། དཔལ་ལྡན་ཆོས་གྲགས་ཀྱིས་དེ་ལ་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་འདྲ་ངས་ཀྱང་མི་ཤེས་སོ། །ཞེས་པ་འདི་བྱུང་ངོ་། །

༈ ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་རྐང་པ་བཞིའི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། གཞུང་འདི་བྱེ་བྲག་སྨྲ་བ་དང་། ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་མ་ཡིན་ཏེ། འདི་ལས་རང་རིག་བདེན་གྲུབ་ཏུ་བཤད་པའི་ཕྱིར། སེམས་ཙམ་པའི་ལུགས་མ་ཡིན་ཏེ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་ཕྱི་དོན་བསྟན་པའི་ཕྱིར། མདོ་སྡེ་པའི་ལུགས་མ་ཡིན་ཏེ། རང་ངོ་བོས། མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་གཟུགས་འཛིན་དབང་མངོན་འཁྲུལ་ཤེས་སུ་བསྟན་པའི་ཕྱིར། དེས་ན། གཞུང་འདི་གྲུབ་མཐའ་སྨྲ་བ་བཞི་པོ་གང་གི་ཡང་ལུགས་མ་ཡིན་པའི་ཕྱིར། ཕྱོགས་གླང་ཆོས་གྲགས་ཀྱི་རིགས་པས་སྲོལ་ཕྱེ་བ་ཡིན་ནོ་ཞེ་ན། རྗེ་བཙུན་ས་པཎ་གྱིས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པ་མི་འཐད་པར་ཐལ། སངས་རྒྱས་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ལ། དེ་སྨྲ་བའི་གང་ཟག་བཞི་པོ་དེར་གྲངས་མ་ངེས་པའི་ཕྱིར། འབྲས་རྟོག་གསུམ་པའི་གཞུང་འདི། སངས་རྒྱས་པའི་དེ་སྨྲ་བའི་གང་ཟག་གཅིག་གི་ལུགས་ཡིན་ཀྱང་། དེ་སྨྲ་བའི་གང་ཟག་བཞི་པོ་གང་གི་ཡང་ལུགས་མ་ཡིན་པའི་ཕྱིར། རྟགས་ཁས། གཞན་ཡང་། འབྲས་རྟོག་གསུམ་པའི་གཞུང་དེ་སེམས་ཙམ་པའི་གཞུང་དུ་ཐལ། དཔལ་ལྡན་ཆོས་གྲགས་སེམས་ཙམ་པ་ཡིན་པའི་ཕྱིར་ཏེ། བསྟན་བཅོས་རྣམ་འགྲེལ་སེམས་ཙམ་པའི་བསྟན་བཅོས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། ཤཱཀྱས། ཤེས་བྱ་ནང་གི་ཡིན་པར་སྒྲའི་ཕྱོགས་ཀྱི་དོགས་པ་བསལ་བའི་ཕྱིར། ཞེས་གསུངས་པ་མི་འཐད་པར་ཐལ། འབྲས་རྟོག་གསུམ་པའི་གཞུང་དེ། སེམས་ཙམ་པའི་རང་གཞུང་རྣམ་དག་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དོན་ནི། རང་རེས། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །ཞེས་འཆད་པ་ལ་ཁོ་ན་རེ། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱར་བཞག་པ་དེའི་ཚེ། རང་རིག་འབྲས་བུར་བཞག་འདུག་སྙམ་ནས། འོ་ན། དེའི་ཚེ་ན། འཛིན་རྣམ་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་རིགས་པར་ཐལ། དེའི་ཚེ་ན་རང་རིག་དེ། ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུར་རིགས་པའི་ཕྱིར། དཔེར་ན། ཤེས་བྱ་ནང་གི་ཡིན་པ་སྟེ། ཁ་ནང་ཁོ་ན་ལ་ཕྱོགས་པའི་རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་འཇོག་པ་དེའི་ཚེ། རང་རིག་འབྲས་བུ་ལ། འཛིན་རྣམ་ཚད་མར་འཇོག་པའི་དཔེ་འདི་བཞིན་ནོ། །སྙམ་པའི་དོགས་པ་དེ་སེལ་བར་བྱེད་པ་ལ། དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན་ཞེས་པའི་གཞུང་བྱུང་བ་དེ་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཕྱི་དོན་གཞལ་བྱ། གཟུང་རྣམ་ཚད་མ། རང་རིག་འབྲས་བུར་བྱེད་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ཟེར་ན། འོ་ན། གཟུང་རྣམ་དང་རང་རིག་གཉིས་ཚད་འབྲས་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་གཉིས་མཚན་མཚོན་དུ་ཐལ་ལོ། །འདོད་ན། རང་རིག་ཡིན་ན། གཟུང་རྣམ་ཡིན་དགོས་པར་ཐལ་ལོ། །འདོད་མི་ནུས་ཏེ། གཟུང་རྣམ་ལ། གཞན་རིག་གི་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མཚན་མཚོན་ལ་ཁྱབ་པ་སྒོ་བརྒྱད་ཁས་མི་ལེན་ནོ་ཟེར་ན། འོ་ན། རིགས་གཏེར་ལས། མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ། །མཚན་ཉིད་ཀྱི་ནི་སྤྱི་སྐྱོན་ཡིན། །ཞེས་གསུངས་པ་མི་འཐད་པར་ཐལ། མཚན་མཚོན་ལ་དེ་བརྩི་མི་རིགས་པའི་ཕྱིར། གཞན་ཡང་། འཛིན་རྣམ་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་ཐལ། རང་རིག་དེ། འབྲས་རྟོག་གསུམ་པའི་དེར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན། ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང་། རང་རིག་ཆོས་ཅན། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་པར་ཐལ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་དེ་འདྲའི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་སྟེ། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་གཞུང་དེ། འབྲས་རྟོག་གཉིས་པ་དང་གསུམ་པ་གཉིས་ཀྱི་འབྲས་བུ་ཐུན་མོང་དུ་ངོས་འཛིན་བྱེད་ཀྱི་གཞུང་ཡིན་པའི་ཕྱིར་ཏེ། དེས་དེ་གཉིས་ཀྱི་འབྲས་བུ་ཐུན་མོང་དུ་ངོས་བཟུང་བ་ལ་དགོངས་ནས། ཚད་མ་མདོར། འབྲས་རྟོག་གསུམ་པའི་འབྲས་བུ་ངོས་འཛིན་གྱི་གཞུང་དངོས་སུ་མ་བྱུང་བ་ཡིན་པའི་ཕྱིར། མདོར། དེ་འདྲ་བ་དེ་མ་བྱུང་བ་ལ་རྒྱུ་མཚན་ཡོད་པའི་ཕྱིར། ཁ་ཅིག་ན་རེ། འབྲས་རྟོག་དང་པོར་ཀུན་རྫོབ་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་བསྟན་ནས། ཚད་འབྲས་གསུམ་པར་དོན་དམ་པའི་ཚད་འབྲས་ཀྱི་དེ་སྟོན་པ་ཡིན་ནོ་ཟེར་ན། དོན་དམ་པར་ཚད་འབྲས་ཀྱི་དེ་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེར་ཚད་འབྲས་ཡོད་པར་ཐལ་ལོ། །འདོད་ན། གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ་དང་། གཟུགས་དངོས་སུ་རྟོགས་པའི་ཚད་མ་གཉིས། དེར་ཚད་འབྲས་ཡིན་པར་ཐལ་ལོ། །འདོད་ན། དེ་གཉིས་ཆོས་ཅན། དེར་མཚན་མཚོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དམ་པར་ཐ་དད་ཡིན་པར་ཐལ་ལོ། །འདོད་ན། རྫས་ཡོད་དུ་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། བྱས་མི་རྟག་གཉིས་ཆོས་ཅན། རྫས་ཐ་དད་དུ་ཐལ། དོན་དམ་པར་ཐ་དད་ཡིན་པའི་ཕྱིར་ཏེ། དེར་གཅིག་དང་ཐ་དད་པ་གང་རུང་གང་ཞིག །དེར་གཅིག་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། བདེན་པར་གྲུབ་པའི་གཅིག་དང་། ཐ་དད་གང་རུང་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེ་ཆོས་ཅན། བདེན་པར་མ་གྲུབ་པར་ཐལ། བདེན་པར་གྲུབ་པའི་གཅིག་དང་། ཐ་དད་གང་རུང་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་ཡིན་ཟེར་ན། འོ་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དེ། འབྲས་རྟོག་གསུམ་པའི་དེར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་གཞལ་བྱ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མདོ་རང་འགྲེལ་ལས། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ། ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང་། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཆོས་ཅན། མདོ་སྡེ་པས་ཁས་ལེན་པར་ཐལ། འབྲས་རྟོག་གསུམ་པའི་དེར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་ཡང་སྒྲ་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། གཞན་ཡང་། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་རིག་པ་ཆོས་ཅན། ཁྱོད་ཀྱི་གཞལ་བྱ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་གཞལ་བྱ་དང་འགལ་བར་ཐལ། ཁྱོད་དེའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་གང་ཞིག །ཤེས་པའི་བདག་ཉིད་དུ་གྱུར་པའི་ཞེས་སོགས་ཀྱི་ཚད་མ་དེ། དེའི་དེ་འདྲའི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར། རྟགས་གསལ་གཉིས་ཀ་ཁས། ཁྱབ་སྟེ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །ཞེས་སོགས་རྐང་པ་གཉིས་པོ་དེ། མདོ་སྡེ་པས། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་དང་འབྲས་བུ་གཉིས་ཡུལ་རྫས་ཐ་དད་པ་ཁོ་ན་ལ་འཇུག་པར་ཐལ་པའི་རྩོད་སྤོང་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། ཁོ་ན་རེ། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་དེར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ཟེར་ན། འོ་ན། གཟུགས་ཤུགས་ལ་རྟོགས་པའི་རྗེས་དཔག་ཆོས་ཅན། འབྲས་བུ་དེར་ཐལ། ཚད་མ་དེའི་ཕྱིར། ཁ་ཅིག་ན་རེ། གཟུགས་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པའི་ངོར། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ། ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ཟེར་ན། རེ་ཞིག་དེ་ལ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཆོས་ཅན། གཟུགས་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པའི་ངོར། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དེ། ཁྱོད་ཀྱི་གཞལ་བྱར་ཐལ། དེའི་རྟོག་པའི་ངོར། དེ་འདྲ་བའི་གཞལ་བྱ། ཞེས་སོགས་ཀྱི་རིག་པ་ཚད་མ། ཁྱོད་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་པའི་ཕྱིར། འདོད་ན། དེའི་ངོ་བོར་དེ་འདྲ་བའི་གཟུགས་དེའི་གཞལ་བྱ་མ་ཡིན་པར་ཐལ། དེ་ཕྱི་རོལ་དོན་དུ་གྱུར་པའི་དེའི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དེའི་ངོར་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཡོད་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པ་ལོག་ཤེས་ཀྱི་ངོར། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ཟེར་ན། འོ་ན། གཟུགས་དེར་འཛིན་པའི་རྟོག་པ་ལོག་ཤེས་ཀྱི་ངོར། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་གཞལ་བྱ་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། མདོ་སྡེ་པས་ཁས་ལེན་པར་ཐལ་ལོ། །

༈ རང་ལུགས་བཞག་པ་ལ། གཞུང་འདིའི་ཕྱོགས་སྔ་ཕྱི་སྨྲ་བ་པོའི་གང་ཟག་ངོས་བཟུང་བ། བློ་གང་གི་ཚད་འབྲས་གཙོ་བོར་སྟོན་པ། ཚད་འབྲས་གཞལ་གསུམ་གྱི་ནང་ནས་གང་གཙོ་བོར་སྟོན་པ། གཏན་ལ་དབབ་བྱའི་ཚད་འབྲས་ངོས་བཟུང་བ་དང་བཞི། དང་པོ་ནི། མདོ་སྡེ་པ་དེ་དེའི་ཕྱོགས་སྔ་མ་སྨྲ་བ་པོའི་གང་ཟག་ཡིན་ཏེ། དེས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཞལ་བྱར་བྱེད་པའི་ཚད་འབྲས་ཀྱི་རྣམ་བཞག་འདོད་པ་གང་ཞིག། སྐབས་འདིར་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་དེ། དེ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར། བློ་གང་གི་ཚད་འབྲས་གཙོ་བོར་སྟོན་པ་ནི། བློ་ལ་མངོན་རྗེས་གཉིས་ཡོད་པའི་ནང་ནས། མངོན་སུམ་གྱི་ཚད་འབྲས་ཀྱི་དེ་གཙོ་བོར་སྟོན་ལ། མངོན་སུམ་དེ་ལ་ཡང་བཞི་ཡོད་པའི་ནང་ནས། དབང་མངོན་གྱི་དེ་གཙོ་བོར་སྟོན་པ་ཡིན་པའི་ཕྱིར་ཏེ། འདིར་དབང་མངོན་གྱི་གཞལ་བྱ་འཇལ་ཚུལ་ལ་ལོག་རྟོག་གཙོ་བོར་སེལ་བ་ཡིན་པའི་ཕྱིར། ཚད་འབྲས་གཞལ་གསུམ་གྱི་ནང་ནས་གང་གཙོ་བོར་སྟོན་པ་ནི་ཚད་མ་དང་། འབྲས་བུ་གཙོ་བོར་སྟོན་པ་ཡིན་ཏེ། དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན། ཞེས་པས་ཚད་མ་དེ་གཙོ་བོར་བསྟན། རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །ཞེས་པས། འབྲས་བུ་དེ་གཙོ་བོར་བསྟན་པ་ཡིན་པའི་ཕྱིར། གཏན་ལ་དབབ་བྱའི་གཙོ་བོའི་ཚད་འབྲས་ཀྱི་རྣམ་བཞག་ངོས་བཟུང་བ་ནི། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ཏེ། འདིའི་གཞལ་བྱ་ངོས་འཛིན་པར་བྱེད་པ་ལ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་དང་། ཚད་མ་ངོས་འཛིན་པར་བྱེད་པ་ལ། དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན། ཞེས་དང་། འབྲས་བུ་ངོས་འཛིན་པར་བྱེད་པ་ལ། ཇི་ལྟར་ཉམས་སུ་མྱོང་ཉིད་དེ། །ཞེས་དང་། རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །ཞེས་པ་འདི་བྱུང་བའི་ཕྱིར། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་བྱུང་ཞིང་། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་བྱུང་གི་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་དབང་པོའིི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་དེར་གྱུར་པའི་དབང་མངོན་གྱི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ནོ། །

༈ རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། མདོ་སྡེ་པའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཆོས་ཅན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མར་ཐལ། གཟུགས་ཀྱི་རྣམ་ཤར་ནས། ཞེས་སོགས་ཀྱི་རིག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན། འོ་ན། མདོ་སྡེ་པ་དེར་གྱུར་པའི་གཟུགས་ཚད་མས་ངེས་པའི་དེར་ཐལ་ལོ། །འདོད་ན། དེ་དེ་འདྲའི་གཟུགས་ཡོད་པར་ཁས་ལེན་གྱི་དེར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་མེད་པར་ཁས་ལེན་གྱི་དེའི་ཕྱིར། གཞན་ཡང་། ཁོ་ན་རེ། གཟུགས་ཡོད་པའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཡོད་པ་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་དུ་ཐལ། གཟུགས་ཀྱི་རྣམ་པ་ཞེས་སོགས་ཀྱི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། མདོ་སྡེ་པའི་རྒྱུད་ཀྱི་གཟུགས་ཡོད་པར་དངོས་སུ་རྟོགས་པའི་ཚད་མ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཁྱབ་པ་ཁས། འདོད་ན། མདོ་སྡེ་པ་དེ། དེ་འདྲའི་གཟུགས་ཡོད་པར་རྟོགས་པའི་གང་ཟག་དུ་ཐལ་ལོ་ཟེར་ན། འོ་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་གང་ཟག་ཡིན་ན། གཟུགས་དེའི་བདག་ཉིད་དུ་རྟོགས་པའི་དེ་ཡིན་དགོས་པར་ཐལ། མདོ་སྡེ་པས། དེ་འདྲ་བའི་གཟུགས་མ་རྟོགས་པའི་ཕྱིར། འདོད་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་མེ་རྟོགས་པའི་གང་ཟག་ཡིན་ན། མེ་དེར་རྟོགས་པའི་དེ་ཡིན་དགོས་པར་ཐལ་ལོ། །འདོད་ན། ཤེས་པའི་དེར་གྱུར་པའི་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་དེར་གྱུར་པའི་མེ་ཡོད་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་དུ་ལྡན་ལ་ལ་དེ་འདྲ་བའི་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། བློ་ལ་བརྟེན་ནས་རྟོགས་བྱེད་ན། །འགལ་བ་དག་ནི་ཅི་ཞིག་ཡོད། །ཅེས་གསུངས་པའི་ཕྱིར། འདོད་ན། དེས་མེ་དང་མེ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཚད་མས་ངེས་པར་ཐལ་ལོ། །གཞན་ཡང་། ཤེས་པའི་བདག་ཉིད་དུ་གྱུར་པའི་ཆོས་དེ་ཚད་མས་ངེས་པའི་གང་ཟག་ཡིན་ན། ཆོས་དེ་དེར་ཚད་མས་ངེས་པའི་དེ་ཡིན་དགོས་པར་ཐལ། དེར་གྱུར་པའི་གཟུགས་ལ་དེའི་ཕྱིར། འདོད་ན། སངས་འཕགས་ཆོས་ཅན། ཤེས་པའི་ཉེར་ལེན་དེའི་བདག་ཉིད་དུ་ཚད་མས་ངེས་པའི་དེར་ཐལ། དེའི་བདག་ཉིད་དུ་གྱུར་པའི་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་བདག་ཉིད་དུ་གྱུར་པའི་དེའི་ཉེར་ལེན་ཡོད་པའི་ཕྱིར་ཏེ། དེའི་དེར་གྱུར་པའི་ཤེས་པ་དེ། རང་གི་ཉེར་ལེན་ལས་སྐྱེས་པའི་ཕྱིར། རྩ་བར་འདོད་ན། དེའི་ཉེར་ལེན་དེ། དེའི་བདག་ཉིད་དུ་ཐལ་ལོ། །འདོད་ན། དེ་དང་བདག་ཉིད་གཅིག་ཏུ་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། ཤེས་པའི་བདག་ཉིད་དུ་གྱུར་པའི་ཤེས་པའི་ཉེར་ལེན་མེད་པར་ཐལ། དེ་དང་བདག་ཉིད་གཅིག་ཏུ་གྱུར་པའི་དེ་མེད་པའི་ཕྱིར་ཏེ། དེའི་ཉེར་ལེན་ཡིན་ན། དེ་དང་བདག་ཉིད་གཅིག་མ་ཡིན་དགོས་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། ཤེས་པའི་བདག་ཉིད་དུ་གྱུར་པའི་ཤེས་པའི་རྒྱུ་མེད་པར་ཐལ། དེའི་རྒྱུ་ཡིན་ན། དེ་དང་བདག་ཉིད་གཅིག་མ་ཡིན་དགོས་པའི་ཕྱིར། འདོད་མི་ནུས་ཏེ། དེའི་བདག་ཉིད་དུ་གྱུར་པའི་ཤེས་པ་དེ། རང་རྒྱུ་ལས་སྐྱེས་པའི་ཕྱིར། གཞན་ཡང་། མདོ་སྡེ་པས། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཚད་མས་ངེས་པར་ཐལ། གཟུགས་ཚད་མས་ངེས་པའི་གང་ཟག་ཡིན་ན། ཤེས་པའི་དེར་གྱུར་པའི་གཟུགས་ཚད་མས་ངེས་པའི་དེ་ཡིན་དགོས་པའི་ཕྱིར་ཏེ། གཟུགས་ཚད་མས་ངེས་པའི་གང་ཟག་ཡིན་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དེ་འདྲ་བའི་ཁྱབ་པ་དེ། སེམས་ཙམ་པས་ཁས་ལེན་པའི་ཕྱིར་ཏེ། ཐལ་འགྱུར་བས། གཟུགས་ཚད་མས་ངེས་པའི་གང་ཟག་ཡིན་ན། རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་གཟུགས་ཚད་མས་ངེས་པའི་དེ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། ཐལ་འགྱུར་བས། སེམས་ཙམ་པའི་ངོར་གཟུགས་ཅན་ཆོས་ཅན། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཐལ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ཐལ་འགྱུར་བ་དང་། སེམས་ཙམ་པ་གཉིས་ལ། གཟུགས་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སེམས་ཙམ་པས། ཐལ་འགྱུར་བའི་ངོར་གཟུགས་ཆོས་ཅན། རང་གི་མཚན་ཉིད་ཀྱིས་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སེམས་ཙམ་པ་དང་། ཐལ་འགྱུར་བ་གཉིས་ལ་གཟུགས་རང་གི་མཚན་ཉིད་ཀྱིས་གྲུབ་ཚུལ་མཐུན་སྣང་བ་མེད་པར་སེམས་ཙམ་པས་ཁས་ལེན་པར་ཐལ། ཐལ་འགྱུར་བས་དེ་ལྟར་བཀོད་པའི་ཚེ་ན། ཐལ་འགྱུར་བ་དང་། གཅིག་ཤོས་གཉིས་ལ་གཟུགས་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མེད་པར་ཐལ་འགྱུར་བས་ཁས་ལེན་པའི་ཕྱིར། རྟགས་ཁས། འདོད་ན། དེའི་ཚེ་ན་དེ་གཉིས་ལ་གཟུགས་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མེད་པར་ཐལ་ལོ། །འདོད་མི་ནུས་ཏེ། དེའི་ཚེ་ན་གཟུགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲུབ་པའི་སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་དེ་ཚད་མས་གྲུབ་ཚུལ་མཐུན་སྣང་བ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། དེའི་ཚེ་ན་ཐལ་འགྱུར་བ་དེ། གཟུགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཏུ་ཐལ། ཁྱོད་ཀྱི་དེ་ལ་ཁྱབ་འབྲེལ་ཡོད་པའི་ཕྱིར། འདོད་ན། དེའི་ཚེ་ན་ཐལ་འགྱུར་བ་ཆོས་ཅན། ཐལ་འགྱུར་བ་མ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེའི་ཚེ་ན་ཐལ་འགྱུར་བ་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་དེས་གཟུགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེ་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱར་བཞག་པ་དེའི་ཚེ་ན། གཟུགས་ཀྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་དུ་ཐལ། དེས་དེར་འདོད་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་དེ་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་པའི་ཕྱིར། འདོད་ན། བུམ་པ་དང་ཕན་ཚུན་ཐ་དད་དུ་གྱུར་པའི་མདོ་སྡེ་པས། དེར་འདོད་པའི་གཟུགས་གཞལ་བྱར་བཞག་པ་དེའི་ཚེ། གཟུགས་ཀྱི་རྣམ་པ་ཞེས་སོགས་ཀྱི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་དུ་ཐལ་ལོ། །འདོད་ན། དེ་འདྲ་བའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡོད་ན། དེའི་ཚེ་ན། དེ་འདྲ་བའི་རིག་པ་ཡོད་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། མདོ་སྡེ་པས། ཁྱོད་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། ཁྱོད་ཡོད་དགོས་པར་ཐལ། མདོ་སྡེ་པའི་ལུགས་ལ་གཞལ་བྱ་ཡིན་ན་ཡོད་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། ཕྱི་རོལ་དོན་དུ་འདོད་པའི་གཟུགས་ཆོས་ཅན། ཐལ་ཕྱིར། འདོད་མི་ནུས་ཏེ། གཟུགས་ཡིན་ན་ཤེས་པའི་བདག་ཉིད་དུ་གྱུར་པར་འདོད་པའི་གཟུགས་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན། སངས་འཕགས་ཀྱིས་དེར་འདོད་པའི་གཟུགས་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མདོ་སྡེ་པས་ཕྱི་རོལ་དོན་དུ་རིག་པའི་གཟུགས་ཡོད་པར་ཐལ། དེས་དེར་འདོད་པའི་གཟུགས་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེས་གཟུགས་དེར་འདོད་རིགས་པར་ཐལ་ལོ། །འདོད་ན། དེས་གཟུགས་དང་། དེ་འཛིན་ཚད་མ་རྫས་གཞན་དུ་འདོད་རིགས་པར་ཐལ་ལོ། །འདོད་མི་ནུས་ཏེ། དེས་དེ་དང་དེ་འཛིན་ཚད་མ་རྫས་གཞན་དུ་འཛིན་པའི་རྟོག་པ་དེ། ཆོས་ཀྱི་བདག་འཛིན་དུ་འདོད་རིགས་པའི་ཕྱིར། ཁ་ཅིག་ན་རེ། མདོ་སྡེ་པས། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཁས་ལེན་ནོ་ཟེར་ན། འོ་ན། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། ཚད་འབྲས་ཀྱི་དེ་འཐད་ལྡན་དུ་ཁས་ལེན་པར་ཐལ། དེས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཁས་ལེན་པའི་ཕྱིར། འདོད་ན། དེ་འདྲའི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། མདོ་སྡེ་པས། དེ་འཐད་ལྡན་དུ་ཁས་མི་ལེན་པར་ཐལ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་དེ་འཐད་ལྡན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མདོ་སྡེ་པས། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཁས་ལེན་པར་ཐལ། དེས་དེར་གྱུར་པའི་སྒྲ་ཁས་ལེན་པའི་ཕྱིར། དེས་དེར་གྱུར་པའི་ཤེས་པའི་གྲངས་ཁས་ལེན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གྲངས་ལྡན་ལ་སོགས་དངོས་པོ་ཡིས། །ཞེས་གསུངས་པའི་ཕྱིར། གཞན་ཡང་། མདོ་སྡེ་པས། དེ་འདྲ་བའི་སྒྲ་ཁས་ལེན་པར་ཐལ། དེས་དེར་གྱུར་པའི་མདོ་སྡེ་པའི་རང་གཞུང་རྣམ་དག་ཁས་ལེན་པའི་ཕྱིར། མ་གྲུབ་ན། དེར་གྱུར་པའི་དེའི་རང་གཞུང་རྣམ་དག་ཆོས་ཅན། མདོ་སྡེ་པས་ཁས་ལེན་པར་ཐལ། དེའི་རང་གཞུང་རྣམ་དག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཤེས་པའི་དེར་གྱུར་པའི་མངོན་པ་མཛོད་དེ། མངོན་པ་མཛོད་ཡིན་པའི་ཕྱིར། གཞན་ཡང་། མདོ་སྡེ་པས་གཟུགས་ཀྱི་སྐྱེ་མཆེད་ཡིན་ན། ཕྱི་དོན་ཡིན་པས་ཁྱབ་པ་ཁས་ལེན་པར་ཐལ། དེས་དེར་གྱུར་པའི་གཟུགས་ཁས་མི་ལེན་པའི་ཕྱིར། འདོད་ན། མདོ་སྡེ་པས། དེ་ཕྱི་རོལ་དོན་དུ་ཁས་ལེན་པར་ཐལ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་བུམ་གཟུགས་ཆོས་ཅན། ཐལ་ཕྱིར། འདོད་ན། མདོ་སྡེ་པས་ཤེས་བྱར་ཁས་ལེན་པར་ཐལ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། མདོ་སྡེ་པས། གཟུགས་ཀྱི་སྐྱེ་མཆེད་ཡིན་ན། ཤེས་བྱ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཤེས་པའི་དེར་གྱུར་པའི་བུམ་གཟུགས་ཆོས་ཅན། ཐལ་ཕྱིར། །

ཕྱི་དོན་འགོག་བྱེད་ལྷན་ཅིག་དམིགས་ངེས་ཀྱི་རྟགས་བཤད་པ།

༈ ངེས་པར་བློ་དང་ལྷན་ཅིག་ཏུ། །ཞེས་སོགས་རྐང་པ་བཞི་གང་ལ་འཕྲོས་ན། གོང་དུ་མདོ་སྡེ་པའི་ལུགས་ལ་བློ་ལ་གཟུང་འཛིན་གྱི་ཚུལ་གཉིས་གྲུབ་པར་བསྟན་པ་ལ། འོ་ན། དེ་ཙམ་དུ་ཟད་པ་ཡིན་ནམ་ཞེ་ན། དེར་ཡང་མ་ཟད། སེམས་ཙམ་པའི་ལུགས་ལ་ཡང་། བློ་ལ་གཟུང་འཛིན་གྱི་ཚུལ་གཉིས་གྲུབ་པ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། ངེས་པར་བློ་དང་ལྷན་ཅིག་ཏུ། །ཞེས་སོགས་རྐང་པ་བཞི་བྱུང་། ༈ ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྔོན་པོ་དང་། སྔོན་འཛིན་ཚད་མ་རྫས་གཞན་མ་ཡིན་པར་སྒྲུབ་པའི་རྗེས་ཁྱབ་སྒྲུབ་བྱེད་ཀྱི་རིགས་པ་དེ་འཆད་པར་བྱེད་པ་ལ། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་སྐོར་གྱི་ལྡོག་ཁྱབ་སྒྲུབ་བྱེད་ཀྱི་རིགས་པ་དེ་འཆད་པར་བྱེད་པ་ལ། སྔོ་སེར་ཐ་དད་དག་ལ་ནི། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་སྐོར་གྱི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རིགས་པ་དེ་འཆད་པར་བྱེད་པ་ལ། མྱོང་བ་མེད་པར་དོན་འགའ་འམ། །ཞེས་སོགས་རྐང་པ་བཞི་བྱུང་། དེའི་དོན་བསྡུ་འཆད་པར་བྱེད་པ་ལ། དེ་ཕྱིར་ཤེས་དུས་སྣང་བ་ཡི། །ཞེས་སོགས་རྐང་པ་གསུམ་བྱུང་། རང་རེས། ཕྱི་དོན་བཀག་པ་ལ་ཁོ་ན་རེ། ཕྱི་དོན་ཡོད་དེ། སྔོན་འཛིན་དབང་མངོན་གྱི་དམིགས་རྐྱེན་དུ་གྱུར་པའི་དེ་ཡོད་པའི་ཕྱིར་ཏེ། སྔོན་འཛིན་དབང་མངོན་གྱི་དེ་མ་ཐག་རྐྱེན་དང་། དེའི་བདག་རྐྱེན་ལས་གཞན་པའི་དེའི་རྐྱེན་ཡོད་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། རྒྱུ་གཞན་དག་ནི། ཞེས་སོགས་རྐང་པ་གསུམ་བྱུང་། དེའི་ལན་དེ་འཆད་པར་བྱེད་པ་ལ། གལ་ཏེ་མཚུངས་པ་དེ་མ་ཐག །ཅེས་སོགས་རྐང་པ་གཉིས་བྱུང་། ཁོ་ན་རེ། ས་བོན་ལས་མྱུ་གུ་སྐྱེ་བ་དང་། མེ་ལས་དུ་བ་སྐྱེ་བ་གཉིས་མི་འཐད་པར་ཐལ། ཕྱི་དོན་མེད་པའི་ཕྱིར་ཞེ་ན། དེ་ལ་མ་ཁྱབ་པའི་ལན་འཆད་པར་བྱེད་པ་ལ། ས་བོན་ལས་ནི། ཞེས་པ་ནས། ཅི་ཞིག་ཡོད། ཅེས་པའི་བར་བྱུང་། ཡང་ཁོ་ན་རེ། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། ཕྱི་དོན་མེད་པའི་ཕྱིར་ཞེ་ན། དེ་ལ་མ་ཁྱབ་པའི་ལན་འཆད་པར་བྱེད་པ་ལ། དུ་བ་མེས་སྐྱེད། ཅེས་པ་ནས། བརྗོད་འདི་ཡོད། ཅེས་པའི་བར་བྱུང་། དེས་ན་མདོ་སྡེ་པའི་ལུགས་ལ་ཡང་། ལྷན་ཅིག་དམིགས་ངེས་དང་། བློ་ལ་གཟུང་འཛིན་གྱི་ཚུལ་གཉིས་གྲུབ་བོ། །ཞེས་འཆད་པར་བྱེད་པ་ལ། ཕྱི་རོལ་ལ་ནི་བརྟེན་ནས་སུ། །ཞེས་སོགས་རྐང་པ་གསུམ་བྱུང་། །

༈ སྐབས་འདིར་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། ཁྱོད་དང་ཁྱོད་འཛིན་ཚད་མ་ཕན་ཚུན་ཐ་དད་གང་ཞིག །ཁྱོད་དམིགས་བྱེད་ཀྱི་ཚད་མ་ཡིན་ན། ཁྱོད་འཛིན་ཚད་མ་དམིགས་བྱེད་ཀྱི་ཚད་མའི་རྫས་སུ་སྐྱེས་པས་ཁྱབ། ཁྱོད་འཛིན་ཚད་མ་དམིགས་བྱེད་ཀྱི་ཚད་མ་ཡིན་ན། ཁྱོད་དམིགས་བྱེད་ཀྱི་ཚད་མའི་རྫས་སུ་སྐྱེས་པས་ཁྱབ་པ་དེ། ཁྱོད་དང་ཁྱོད་འཛིན་ཚད་མ་ལྷན་ཅིག་དམིགས་ངེས་ཡིན་པའི་མཚན་ཉིད་ཟེར་ན། སྔོན་པོ་ཆོས་ཅན། ཟུར་གཉིས་པ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྔོན་པོ་འཛིན་པའི་ཚད་མ་དམིགས་བྱེད་ཀྱི་ཚད་མའི་འབྲས་བུར་གྱུར་པའི་རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། དེ་དང་རྫས་གཅིག་ཡིན་པར་ཐལ་ལོ། །གཞན་ཡང་། སྔོན་པོ་ཆོས་ཅན། མཚན་ཉིད་ཀྱི་ཟུར་གསུམ་པ་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། ཁ་དོག་ཡིན་པའི་ཕྱིར། འདོད་ན། སྔོན་པོ་དམིགས་བྱེད་ཀྱི་ཚད་མའི་འབྲས་བུར་གྱུར་པའི་རྣམ་མཁྱེན་ཆོས་ཅན། ཐལ་ཕྱིར་ཏེ། རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། དེ་དང་རྫས་གཅིག་ཏུ་ཐལ་ལོ། །ཁ་ཅིག་ན་རེ། ཁྱོད་དང་ཁྱོད་འཛིན་ཚད་མ་ངོ་བོ་གཅིག་ཡིན་པ་གང་ཞིག །ཁྱོད་དམིགས་བྱེད་ཀྱི་ཚད་མ། ཁྱོད་འཛིན་ཚད་མ་དམིགས་བྱེད་ཀྱི་ཚད་མའི་རྫས་སུ་སྐྱེས། ཁྱོད་འཛིན་ཚད་མ་ཞེས་སོགས་དེ་ཁྱོད་དམིགས་བྱེད་ཀྱི་ཚད་མའི་རྫས་སུ་སྐྱེས་པ་དེ། ཁྱོད་དང་ཁྱོད་འཛིན་ཚད་མ་དེ་ཡིན་པའི་མཚན་ཉིད་ཟེར་ན། སྔོན་པོ་དང་། དེ་འཛིན་ཚད་མ་ལྷན་ཅིག་དམིགས་ངེས་སུ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་གཉིས་ངོ་བོ་གཅིག་ཏུ་ཚད་མས་ངེས་པའི་དེ་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཡིན་ན། དེ་གཉིས་ངོ་བོ་ཐ་དད་མ་ཡིན་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ་ལོ། །འདོད་ན། དེ་ཡིན་ན། དེ་གཉིས་རྫས་ཐ་དད་མ་ཡིན་པར་ཚད་མས་ངེས་པའི་དེ་ཡིན་དགོས་པར་ཐལ་ལོ། །འདོད་ན། དེ་ཡིན་ན། དེ་གཉིས་རྫས་གཞན་མ་ཡིན་པར་ཚད་མས་ངེས་པའི་དེ་ཡིན་དགོས་པར་ཐལ་ལོ། །འདོད་ན། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་དེ་གཉིས་རྫས་གཞན་མ་ཡིན་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག་ན་རེ། ཁྱོད་དང་ཁྱོད་འཛིན་ཚད་མ་དུས་མཉམ་ཞིང་ཕན་ཚུན་ཐ་དད་གང་ཞིག །ཁྱོད་དམིགས་བྱེད་ཀྱི་ཚད་མ་དེ། ཁྱོད་འཛིན་ཚད་མ་དམིགས་བྱེད་ཀྱི་ཚད་མའི་རྫས་སུ་སྐྱེས། ཞེས་སོགས་སྔར་གྱི་དེ། དེ་ཡིན་པའི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། སྔོན་པོ་དང་། དེ་འཛིན་ཚད་མ་ལྷན་ཅིག་དམིགས་ངེས་སུ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་གཉིས་དུས་མཉམ་དུ་ཚད་མས་ངེས་པའི་དེ་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྔོན་པོ་དང་། དེ་འཛིན་ཚད་མ་གཉིས་ཆོས་ཅན། ལྷན་ཅིག་དམིགས་ངེས་མ་ཡིན་པར་ཐལ། སྔ་ཕྱི་བའི་རྒྱུ་འབྲས་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེ་ཡོད་པའི་ཕྱིར་ཏེ། ལྷན་ཅིག་དམིགས་ངེས་དེ་སྔོན་པོ་དང་། སྔོན་འཛིན་ཚད་མ་གཉིས་སྔ་ཕྱི་བའི་རྒྱུ་འབྲས་མ་ཡིན་པར་སྒྲུབ་པའི་རྟགས་ཡིན་པའི་ཕྱིར་ཏེ། དེ་དེ་གཉིས་རྒྱུ་འབྲས་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་དེ་གཉིས་རྫས་གཞན་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་འདྲའི་ཐལ་འགྱུར་དེར་སོང་བའི་གང་ཟག་ཆོས་ཅན། སྔོན་པོ་དང་དེ་འཛིན་ཚད་མ་གཉིས་དུས་མཉམ་དུ་ཚད་མས་ངེས་པའི་གང་ཟག་དུ་ཐལ། དེ་གཉིས་ལྷན་ཅིག་པའི་དོན་ཚད་མས་ངེས་པའི་གང་ཟག་གང་ཞིག །ལྷན་ཅིག་པའི་དོན་དེ་དུས་མཉམ་པ་ལ་བྱེད་རིགས་པའི་ཕྱིར། ཕྱི་མ་གྲུབ་སྟེ། སློབ་དཔོན་ཆོས་མཆོག་གིས། ལྷན་ཅིག་པ་ནི་དུས་གཅིག་པའོ། །དམིགས་པ་ནི་རྟོགས་པ། ངེས་པ་ནི་ཁྱབ་པའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། སྔོན་པོ་དང་། དེ་འཛིན་ཤེས་པ་དོན་མཐུན་གཉིས་ལྷན་ཅིག་དམིགས་ངེས་ཡིན་ཟེར་ན། འོ་ན། སྔོན་འཛིན་དབང་མངོན་གྱིས་དྲངས་ནས་སྐྱེས་པའི་སྔོན་པོ་དོན་མཐུན་ངེས་པའི་ངེས་ཤེས་དེའི་དུས་སུ། སྔོན་འཛིན་དབང་མངོན་ཡོད་པར་ཐལ། དེའི་དུས་སུ་སྔོན་པོ་ཡོད་པ་གང་ཞིག །སྔོན་པོ་དང་། དེ་འཛིན་དབང་མངོན་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་དུས་སུ་སྔོན་འཛིན་ཤེས་པ་དོན་མཐུན་ཡོད་པ་གང་ཞིག །སྔོན་པོ་དང་དེ་འཛིན་ཤེས་པ་དོན་མཐུན་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཕྱི་མ་ཁས། དང་པོ་གྲུབ་སྟེ། དེའི་དུས་སུ་སྔོན་འཛིན་རྟོག་པ་དོན་མཐུན་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྔོན་པོ་དང་ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་དབང་མངོན་ལྷན་ཅིག་དམིགས་ངེས་སུ་ཐལ། སྔོན་པོ་དང་དེ་འཛིན་དབང་མངོན་གཉིས་དེ་ཡིན་པ་གང་ཞིག །སྔོན་པོ་དང་འཕགས་རྒྱུད་ཀྱི་དེ་གཉིས་ལྷན་ཅིག་དམིགས་ངེས་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སྔོན་འཛིན་དབང་མངོན་དང་རྫས་གཅིག་ཡིན་ན། ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་དབང་མངོན་དང་རྫས་གཅིག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། འཕགས་རྒྱུད་ཀྱི་སྔོན་འཛིན་དབང་མངོན་ཆོས་ཅན། ཐལ་ཕྱིར། འདོད་ན། སྔོན་པོ་དང་ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་ཚད་མ་ལྷན་ཅིག་དམིགས་ངེས་སུ་ཐལ། དེ་དང་དེ་འཛིན་ཚད་མ་ལྷན་ཅིག་དམིགས་ངེས་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྔོན་པོ་དང་རྫས་གཅིག་ཡིན་ན། ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་ཚད་མ་དང་རྫས་གཅིག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། འཕགས་རྒྱུད་ཀྱི་སྔོན་འཛིན་དབང་མངོན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། སྔོན་པོ་དང་རྫས་གཅིག་གང་ཞིག །སྔོན་པོ་དང་སྔོན་འཛིན་དབང་མངོན་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྔོན་པོ་དང་རྫས་གཅིག་ཡིན་ན། སྔོན་འཛིན་དབང་མངོན་དང་རྫས་གཅིག་ཡིན་དགོས་པར་ཐལ། སྔོན་པོ་དང་སྔོན་འཛིན་དབང་མངོན་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། འདོད་ན། སྔོན་འཛིན་ཡིད་མངོན་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། སྔོན་འཛིན་མངོན་སུམ་དང་རྫས་གཅིག་གང་ཞིག །སྔོན་པོ་དང་། དེ་འཛིན་མངོན་སུམ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་བྱེ་བྲག་ཡིན་པའི་ཕྱིར། རྩ་བར་འདོད་ན། གཟུགས་འཛིན་ཡིད་མངོན་དེ་གཟུགས་འཛིན་དབང་མངོན་དང་རྫས་གཅིག་ཏུ་ཐལ་ལོ། །འདོད་མི་ནུས་ཏེ། དེ་འཛིན་ཡིད་མངོན་དེ། དེ་འཛིན་དབང་མངོན་གྱི་དེ་མ་ཐག་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་ཕྱིར་ཏེ། ཚུར་མཐོང་གི་རྒྱུད་ཀྱི་དེ་འཛིན་ཡིད་མངོན་དེ། དེའི་རྒྱུད་ཀྱི་དེ་འཛིན་དབང་མངོན་གྱི་དེ་མ་ཐག་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་ཕྱིར་ཏེ། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དོན་ནི། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་དེ། རང་གི་དེ་ཐག་རྐྱེན་དུ་གྱུར་པའི་དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ལས་བྱུང་། ཞེས་པའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། སྔོན་འཛིན་ཡིད་མངོན་དེ། སྔོན་འཛིན་དབང་མངོན་དང་རྫས་གཅིག་ཏུ་ཐལ། སྔོན་འཛིན་རྗེས་དཔག་དེ། སྔོན་འཛིན་མངོན་སུམ་དང་རྫས་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྔོན་འཛིན་མངོན་སུམ་དང་དེར་ཐལ། སྔོན་པོ་དང་རྫས་གཅིག་གང་ཞིག །སྔོན་པོ་དང་སྔོན་འཛིན་མངོན་སུམ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྔོན་འཛིན་ཚད་མ་དང་རྫས་གཅིག་གང་ཞིག །སྔོན་པོ་དང་དེ་འཛིན་ཚད་མ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྔོན་འཛིན་ཚད་མའི་བྱེ་བྲག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་འཛིན་དབང་མངོན་གྱི་བཟུང་བྱ་ཡིན་ན། གཟུགས་འཛིན་དབང་མངོན་དང་རྫས་གཞན་མ་ཡིན་པས་ཁྱབ་ཟེར་ན། གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཏེ། དེ་གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། དེ་ཡོད་པའི་ཕྱིར་ཏེ། སྔོན་འཛིན་དབང་མངོན་གྱི་དམིགས་རྐྱེན་དུ་གྱུར་པའི་སྔོན་པོ་ཡོད་པའི་ཕྱིར། ཊཱིཀ་ཆེན་ལས། རང་གི་དེ་མ་ཐག་རྐྱེན་དང་རྫས་གཅིག་པའི་སྔོན་པོ་དེ། སྔོན་འཛིན་དབང་མངོན་གྱི་དམིགས་རྐྱེན་དུ་ཁས་བླངས་པ་ལ་འགལ་བ་ཅི་ཞིག་ཡོད། ཅེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུང་འཛིན་རྫས་གཞན་ཡོད་པར་ཐལ། གཟུགས་འཛིན་དབང་མངོན་དེ། ཁོ་རང་གི་དམིགས་རྐྱེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་དང་། ཁོའི་དེར་གྱུར་པའི་གཟུགས་དེ། ཁོའི་གཟུང་བྱ་གང་ཞིག །དེ་གཉིས་རྫས་གཞན་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། གཟུགས་འཛིན་རྫས་གཞན་ཡོད་པར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་དེ། ཁོ་རང་གི་རྒྱུར་གྱུར་པའི་གཟུགས་འཛིན་དབང་མངོན་དང་། དེ་འདྲའི་གཟུགས་དེ་ཁོའི་གཟུང་བྱ་གང་ཞིག །དེ་གཉིས་རྫས་གཞན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། གཟུང་འཛིན་རྫས་གཞན་དུ་འཛིན་པའི་རྟོག་པ་དེ། ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུང་འཛིན་རྫས་གཞན་ཡོད་པར་ཐལ། གཟུང་འཛིན་དུ་གྱུར་པའི་རྫས་གཞན་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཟུགས་འཛིན་དབང་མངོན་དང་། ཁོའི་དངོས་རྒྱུར་གྱུར་པའི་གཟུགས་གཉིས་དེ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ཆོས་ཅན། དེས་ཁྱོད་རྟོགས་པར་ཐལ། དེའི་དམིགས་རྐྱེན་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། གཟུགས་དང་དེ་འཛིན་དབང་མངོན་སྐད་ཅིག་དང་པོ་གཉིས་ལྷན་ཅིག་དམིགས་ངེས་ཡིན་ཟེར་ན། འོ་ན། དེ་གཉིས་སྐྱེ་གནས་འཇིག་གསུམ་གཅིག་ཆར་དུ་བྱེད་པར་ཐལ། དེ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། འདོད་ན། དེ་གཉིས་འགག་པ་དུས་མཉམ་པར་ཐལ་ལོ། །འདོད་མི་ནུས་ཏེ། གཟུགས་དང་། དེ་འཛིན་དབང་མངོན་སྐད་ཅིག་མ་གཉིས་འགག་པ་དུས་མཉམ་པའི་ཕྱིར། གཟུགས་དང་། དེ་འཛིན་དབང་མངོན་གཉིས་འགག་པ་དུས་མཉམ་པ་གང་ཞིག །གཟུགས་འཛིན་དབང་མངོན་དང་། དེ་འཛིན་དབང་མངོན་སྐད་ཅིག་ཐ་མ་གཉིས་འགག་པ་དུས་མཉམ་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། ལྷན་ཅིག་དམིགས་ངེས་ཀྱི་ངོ་བོ་དང་། རྐྱེན་གསུམ་གྱི་རྣམ་བཞག་བཤད་པ་གཉིས། དང་པོ་ནི། སྔོན་པོ་དང་། སྔོན་འཛིན་དབང་མངོན་གཉིས་དུས་མཉམ་ཕན་ཚུན་ཐ་དད་པ་གང་ཞིག །སྔོན་པོ་ཡོད་ན། སྔོན་འཛིན་དབང་མངོན་ཡོད་དགོས། དེ་ཡོད་ན་སྔོན་པོ་ཡོད་དགོས་པ་དེ། སྔོན་པོ་དང་། སྔོན་འཛིན་དབང་མངོན་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་མཚན་ཉིད་ཡིན་ནོ། །གཉིས་པ། རྐྱེན་གསུམ་གྱི་རྣམ་བཞག་བཤད་པ་ལ། གཟུགས་འཛིན་དབང་མངོན་གྱི་རྐྱེན་གསུམ་གང་རུང་གང་ཞིག །གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རིགས་སུ་གནས་པའི་ལྡན་མིན་འདུ་བྱེད་དང་། གཟུགས་ཀྱི་སྐྱེ་མཆེད་གང་རུང་གིས་བསྡུས་པ་དེ་དེའི་དམིགས་རྐྱེན་མཚན་ཉིད། དེ་ལ་སྒྲ་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། དེའི་སྣང་བའི་དམིགས་རྐྱེན་དང་། དེའི་ནུས་པ་འཇོག་པའི་དམིགས་རྐྱེན་གཉིས། དང་པོ་ནི། གཟུགས་ལྟ་བུ་ཡིན་ཏེ། དེ་དེའི་དམིགས་པ་མཚན་ཉིད་པ་དང་། རྐྱེན་བཏགས་པ་བ་ཡིན་པའི་ཕྱིར། འོ་ན། གཟུགས་ལ་དེའི་དམིགས་རྐྱེན་ཞེས་བརྗོད་པའི་རྒྱུ་མཚན་གང་ཞེ་ན། རྒྱུ་མཚན་ཡོད་དེ། གཟུགས་དང་གཟུགས་འཛིན་དབང་མངོན་གཉིས་གཅིག་ཆར་དུ་གྲུབ་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་སྐད་དུ་ཡང་། དམིགས་པ་བརྟགས་པ་ལས། ཅིག་ཆར་མི་འཁྲུལ་ཕྱིར་ན་རྐྱེན། །ཞེས་གསུངས། གཉིས་པ་ནི། གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་གྱི་སྟེང་གི་གཟུགས་འཛིན་དབང་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་ནུས་པ་ལྟ་བུ་ཡིན། དེ་སྐད་དུ་ཡང་། དམིགས་པ་བརྟགས་པ་ལས། ཡང་ན། ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །ཞེས་གསུངས་པའི་ཕྱིར། དེས་ན། གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་དང་། དེའི་ནུས་པ་འཇོག་པའི་དམིགས་རྐྱེན་དོན་གཅིག་གོ །གཟུགས་འཛིན་དབང་མངོན་གྱི་རྐྱེན་གསུམ་གང་རུང་གང་ཞིག །གཟུགས་འཛིན་དབང་མངོན་གཟུགས་འཛིན་ནུས་སུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་ནང་གི་གཟུགས་ཅན་དྭངས་པ་དེ། དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་གྱི་མཚན་ཉིད་དང་། དེའི་དེ་གང་རུང་གང་ཞིག །དེ་མྱོང་བ་གསལ་རིགས་སུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རིག་པ་དེ། དེའི་དེ་མ་ཐག་རྐྱེན་གྱི་མཚན་ཉིད་ཡིན། ངག་དོན་ནི། སྔོན་པོ་དང་སྔོན་འཛིན་ཚད་མ་གཉིས་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། འདི་ཡི་དགེ་བས་མ་གྱུར་སེམས་ཅན་རྣམས། །དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་སྤེལ་བ་ལ། །ཀུན་མཁྱེན་ཙོང་ཁ་པ་དང་མཚུངས་པར་ཤོག །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།