cover

ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།

པོད་གཉིས་པ། བྱང་སེམས་བློ་སྦྱོང་གི་རིམ་པ་གཞན་ཕན་ཟླ་བའི་འོད་ཟེར།

སྟོན་པ་ཤཱཀྱ་ཐུབ་པ། རིག་འཛིན་འཇིགས་མེད་གླིང་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྒྱལ་སྲས་འགྱུར་མེད་རྡོ་རྗེ། ཨ་རིག་པཎ་ཆེན་པདྨ་ཚེ་དབང་། འགྲོ་འདུལ་དཔའ་བོ་རྡོ་རྗེ། རྫ་དཔལ་སྤྲུལ་རིན་པོ་ཆེ། བྱ་བྲལ་སངས་རྒྱས་རྡོ་རྗེ། དགེ་བཤེས་གླང་རི་ཐང་པ། དགེ་བཤེས་འཆད་ཁ་པ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། པདྨ་འགྱུར་མེད་རྒྱ་མཚོ། མཁྱེན་བརྩེ་རབ་གསལ་ཟླ་བ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། རྒྱལ་སྲས་དངུལ་ཆུ་ཐོགས་མེད། འཇམ་མགོན་ས་སྐྱ་པཎ་ཆེན། རྗེ་བཙུན་མི་ལ་རས་པ། རྗེ་བདག་ཉིད་ཆེན་པོ། ཕ་དམ་པ་སངས་རྒྱས།

ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བློ་གྲོས་རྒྱ་མཚོ་ཞུས་པའི་མདོ་ལས་བསྟན་པའི་དགེ་བཅུའི་རྣམ་གཞག །སྟོན་པ་ཤཱཀྱ་ཐུབ་པ།

༄༅། །བློ་གྲོས་རྒྱ་མཚོ་ཞུས་པའི་མདོ་ལས་བསྟན་པའི་དགེ་བཅུའི་རྣམ་གཞག །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ཆོས་གཅིག་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སྐྱེ་བ་ཡང་དག་པར་གཅོད་དོ། །ཆོས་གཅིག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་མཚན་རྣམས་འདའ་ཞིང་འདུག་སྙམ་དུ་དགེ་བའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། དེ་དགེ་བའི་ཆོས་ལ་སོ་སོར་རྟོག་པ་མང་བས་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གོ་སྐབས་མི་འབྱེད་དོ། །དེ་མི་དགེ་བའི་ཆོས་སྤངས་ཏེ་དགེ་བའི་ཆོས་དང་ལྡན་པས་བསམ་པ་དགེ་བའི་སེམས་ཅན་འདི་ལྟ་སྟེ། སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འགྲོག་པ་རྙེད་པར་འགྱུར་རོ། །ཀླུའི་བདག་པོ་དེ་ལ་དགེ་བའི་ཆོས་དེ་དག་གང་ཞེ་ན། དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི་ལྷ་དང་མིའི་སྐྱེ་དགུའི་ཕུན་སུམ་ཚོགས་པའི་རྩ་བའི་རྟེན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྩ་བའི་རྟེན་ཏོ། །བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བའི་རྟེན་ཏོ། །རྩ་བའི་རྟེན་ཡང་གང་ཞེ་ན། འདི་ལྟ་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། བརྫུན་དུ་སྨྲ་བ་སྤོང་བ་དང་། ཕྲ་མ་སྤོང་བ་དང་། ངག་རྩུབ་པོ་སྤོང་བ་དང་། ཚིག་ཀྱལ་པ་སྤོང་བ་དང་། བརྣབ་སེམས་སྤོང་བ་དང་། གནོད་སེམས་སྤོང་བ་དང་། ལོག་པར་ལྟ་བ་སྤོང་བ་སྟེ། དེ་ནི་རྩ་བའི་རྟེན་ཞེས་བྱའོ། །ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་ཐོབ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། དེས་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་བྱིན་པ་ཡིན། དེའི་སེམས་བྱམས་པར་དམིགས་པ་ལ་ཉེ་བར་གནས་པ་ཡིན། དེའི་ཞེ་སྡང་གི་བག་ཆགས་ཡང་དག་པར་ཆད་པ་ཡིན། དེས་ནད་ཉུང་བར་འགྱུར་པའི་ལམ་ཡོངས་སུ་བཟུང་བ་ཡིན། དེས་ཚེ་རིང་བར་འགྱུར་བའི་ས་བོན་བཏབ་པ་ཡིན། དེ་ལ་མི་མ་ཡིན་པ་རྣམས་ཀྱིས་སྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་པ་ཡིན། བདེ་བར་ཉལ་ཞིང་བདེ་བར་སད་པ་དང་། སྡིག་པའི་རྨི་ལམ་མི་རྨི་བ་ཡིན། གཉིད་ལོག་པ་ན་ཡང་དེ་ལ་ལྷ་རྣམས་སྲུང་བ་ཡིན། དེ་ལ་ཤར་གཉེར་བ་མེད་པ་ཡིན་ཏེ། དེ་ལ་ཤར་གཉེར་བའི་བག་ལ་ཉལ་བ་མེད་པ་ཡིན། ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་དང་། ཤི་འཕོས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་ཡིན་ཏེ། རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་པོ་དེ་དག་འཐོབ་བོ། །སྲོག་གཅོད་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་བྱང་ཆུབ་ཐོབ་པ་ན་ཚེའི་ཚད་སེམས་ཀྱི་དབང་དུ་འགྱུར་རོ། །ཀླུའི་བདག་པོ་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བརྟན་པའི་ཆོས་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། ལོངས་སྤྱོད་ཆེ་བར་ཡང་འགྱུར་ལ། དེའི་ལོངས་སྤྱོད་དེ་དག་ཀྱང་རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་དང་། མེ་དང་བགོ་སྐལ་ལ་སྤྱོད་པའི་མི་མཛའ་བ་རྣམས་ཀྱིས་མི་འཕྲོག་པ་ཡིན། སྐྱེ་བོ་མང་པོའི་ཡིད་དུ་འོང་ཞིང་དཔའ་བ་ཡིན། དོགས་པ་མེད་པ་ཡིན། ཕྱོགས་དང་ཕྱོགས་མཚམས་སུ་དེའི་བསྔགས་པ་བརྗོད་ཅིང་དེ་ལ་ཕ་རོལ་གྱི་གནོད་པས་འཇིགས་པ་མེད་པ་ཡིན། དེའི་སེམས་སྦྱིན་པའི་བགོ་བཤའ་ལ་འཇུག་པ་ཡིན་ཏེ་ལྔ་པོ་དེ་དག་གོ །མ་བྱིན་པར་ལེན་པ་སྤངས་བའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་དེ་བཞིན་གཤེགས་པ་ཉེ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་ཅན་དུ་རང་གིས་མངོན་པར་རྟོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཀླུའི་བདག་པོ་འདོད་པས་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་མཁས་པས་བསྔགས་པའི་ཆོས་བཞི་འཐོབ་སྟེ་བཞི་གང་ཞེ་ན། དབང་པོ་བསྡམས་པ་དང་། རྒོལ་བ་ལས་ཡང་དག་པར་འདས་པ་དང་། འཇིག་རྟེན་ཐམས་ཅད་ཀྱིས་བསྔགས་པ་དང་། ཆུང་མ་མི་འཕྲོག་པ་སྟེ་བཞི་པོ་དེ་དག་གོ། །འདོད་པ་ལ་ལོག་པར་གཡེམ་པ་སྤངས་བའི་དགེ་བའི་རྩ་བ་དེ་གལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་འཐོབ་བོ། །ཀླུའི་བདག་པོ་བརྫུན་དུ་སྨྲ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་ལྷ་དང་མིས་བསྔགས་པའི་ཆོས་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། ཨུཏྤ་ལའི་དྲི་འབྱུང་བས་ཁ་དོག་ཡོངས་སུ་དག་པ་འཐོབ་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་ཚད་མར་འགྱུར་བ་དང་། ལྷ་དང་མི་དགའ་བས་དཔང་གཅིག་པུར་འགྱུར་བ་དང་། ཡང་དག་པའི་བསམ་པ་དང་ལྡན་པས་དོགས་པ་མེད་པར་འགྱུར་བ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལུས་དང་ངག་དང་སེམས་ཡོངས་སུ་དག་པར་འགྱུར་བ་དང་། ཚིག་འཁྲུལ་པ་མེད་པས་མཆོག་ཏུ་དགའ་བ་མང་བར་འགྱུར་བ་དང་། ཚིག་གཟུང་བར་འོས་པས་ངག་མཉན་པར་འགྱུར་བ་དང་། ཤེས་རབ་ཐོབ་པས་ལྷ་དང་མིར་སྐྱེས་ན་ཡང་དཔང་གཅིག་པུར་འགྱུར་བ་ཡིན་ཏེ། བརྒྱད་པོ་དེ་དག་གོ །རྫུན་དུ་སྨྲ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་བདེན་པའི་རྗེས་སུ་འཇུག་པའི་ཚིག་ཏུ་འགྱུར་རོ། །ཀླུའི་བདག་པོ་ཕྲ་མ་སྤངས་པའི་སྐྱེས་བུ་གང་ཟག་ནི་མི་ཕྱེད་པ་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། གཞན་གྱིས་གནོད་པར་བྱ་བ་དང་བྲལ་བས་ལུས་མི་ཕྱེད་པ་འཐོབ་པ་དང་། གཞན་དག་གི་ལ་ཆགས་པ་མེད་པས་གཡོག་འཁོར་མི་ཕྱེད་པ་འཐོབ་པ་དང་། ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་དད་པ་མི་ཕྱེད་པ་འཐོབ་པ་དང་། སྒྲུབ་པ་སྙིང་པོར་བྱེད་པས་ཆོས་ལས་མི་ཕྱེད་པ་འཐོབ་པ་དང་། མི་སླུ་བས་མཛའ་བཤེས་མི་ཕྱེད་པ་འཐོབ་པ་སྟེ། ལྔ་པོ་དེ་དག་གོ །དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་གཡོག་འཁོར་མི་ཕྱེད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། དེའི་འཁོར་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་དབྱེ་བར་མི་ནུས་སོ། །ཀླུའི་བདག་པོ་ངག་རྩུབ་པོ་སྤངས་བའི་སྐྱེས་བུ་གང་ཟག་ནི་ངག་ཡོངས་སུ་དག་པ་བརྒྱད་འཐོབ་ལ། ཤི་འཕོས་ན་ཡང་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། རན་པའི་ཚིག་དང་། ཕན་པའི་ཚིག་དང་། རིགས་པའི་ཚིག་དང་། འཇམ་པའི་ཚིག་དང་། གཟུང་བའི་ཚིག་དང་། མཉན་པའི་ཚིག་དང་། སྐྱེ་བོ་མང་པོ་དགའ་བའི་ཚིག་དང་། མི་སྨད་པའི་ཚིག་སྟེ། བརྒྱད་པོ་དེ་དག་གོ །དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་ཚངས་པའི་སྒྲ་སྐད་ཀྱི་གདངས་ཅན་གྱི་དེ་བཞིན་གཤེགས་པར་འགྱུར་རོ། །ཀླུའི་བདག་པོ་ཚིག་ཀྱལ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་གཅིག་ཏུ་ངེས་པ་གསུམ་འཐོབ་སྟེ། གསུམ་གང་ཞེ་ན། མཁས་པ་རྣམས་གཅིག་ཏུ་ངེས་པར་དགའ་བ་དང་། ལན་ལེགས་པར་གློན་པས་གཅིག་ཏུ་ངེས་པར་དེའི་བློ་བདེན་པ་ལ་འགྲོ་བ་དང་། བཅོས་མ་མ་ཡིན་པས་གཅིག་ཏུ་ངེས་པར་ལྷ་དང་མིའི་བདག་ཉིད་ཆེན་པོ་འཐོབ་པ་སྟེ། གསུམ་པོ་དེ་དག་གོ །དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་ཕྱད་པར་ལུང་སྟོན་ཅིང་གཞན་དུ་མི་གསུང་བའི་དེ་བཞིན་གཤེགས་པར་འགྱུར་རོ། །ཀླུའི་བདག་པོ་བརྣབ་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་བདག་པོའི་ཆོས་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། དབང་པོ་མ་ཚང་བ་མེད་པས་ལུས་དང་། ངག་དང་། སེམས་ཀྱི་བདག་པོ་འཐོབ་པ་དང་། དགྲ་ཐམས་ཅད་ཀྱིས་མི་རྫི་བས་ལོངས་སྤྱོད་དང་དབང་ཕྱུག་རྒྱ་ཆེན་པོའི་བདག་པོ་འཐོབ་པ་དང་། བསོད་ནམས་ལ་དབང་བྱེད་པས་དེའི་སེམས་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་རྒྱ་ཆེན་པོ་རྣམས་ལ་འཇུག་པ་དང་ཕྱིས་བཀྲབ་པ་ཐོབ་པས་རྒྱལ་པོ་བདག་པོས་མཆོད་པ་དང་། སྔོན་ཕྲག་དོག་མེད་པས་ལོངས་སྤྱོད་ཇི་ལྟར་སྨོན་པ་རྣམས་འབུམ་གྱུར་དུ་ཁྱད་དུ་འགྱུར་བ་འཐོབ་པ་སྟེ་ལྔ་པོ་དེ་དག་གོ །དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་འཇིག་རྟེན་གསུམ་གྱིས་མཆོད་པའི་དེ་བཞིན་གཤེགས་པ་སྟོན་པ་གཅིག་པུར་འགྱུར་རོ། །ཀླུའི་བདག་པོ་གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བདེ་བར་བྱེད་པའི་ཆོས་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། དེའི་སེམས་རྣམ་པར་མི་འཚེ་བ་ལ་འཇུག་པ་དང་། དེའི་གནོད་སེམས་རབ་ཏུ་ཞི་བ་ལ་འཇུག་པ་དང་། དེའི་སེམས་རྩོད་པ་མེད་ཅིང་འཐབ་པ་མེད་པ་ལ་འཇུག་པ་དང་། དེའི་སེམས་འཇམ་པ་དང་མཉེན་པ་དང་། དེས་པ་ལ་འཇུག་པ་དང་། བྱམས་པའི་སེམས་དང་ལྡན་པའི་ཕྱིར་འཕགས་པའི་སྐྱེ་བོས་བཀུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལ་མངོན་པར་དགའ་བའི་ཕྱིར་ཕན་པའི་དངོས་པོ་མང་བ་དང་། སྐྱེ་བོ་མང་པོས་བཀུར་སྟི་བྱ་བའི་ཕྱིར་མཛེས་པ་དང་། སེམས་འཇམ་ཞིང་ལས་སུ་རུང་བའི་ཕྱིར་དེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་དཀའ་བ་མེད་པ་སྟེ། བརྒྱད་པོ་དེ་དག་གོ །དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་སེམས་ཐོགས་པ་མེད་པའི་དེ་བཞིན་གཤེགས་པ་ལྟ་བས་ཆོག་མི་ཤེས་པར་འགྱུར་རོ། །ཀླུའི་བདག་པོ་ལོག་པར་ལྟ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡོན་ཏན་གྱི་ཆོས་བཅུ་འཐོབ་སྟེ། བཅུ་གང་ཞེ་ན། བསམ་པ་དགེ་བར་འགྱུར་ཞིང་གྲོགས་པོ་དགེ་བ་རྙེད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་ཏེ། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང་། ལྷར་སངས་རྒྱས་འཛིན་ཏེ་གཞན་ལྷར་མི་འཛིན་པ་དང་། དགེ་མཚན་དང་བཀྲ་ཤིས་སུ་འཛིན་པ་མེད་པས་ལྟ་བ་དྲང་བ་དང་། གྲོགས་ལྷ་དང་མི་ཡིན་ཏེ། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་གྲོགས་མ་ཡིན་པ་དང་། བསོད་ནམས་འབར་བས་ཁྱད་པར་དུ་འགྲོ་བ་དང་། ལོག་པ་ཐམས་ཅད་མེད་པས་འཕགས་པའི་ལམ་དུ་ཞུགས་པ་དང་། འཇིག་ཚོགས་ལ་ལྟ་བ་ལས་བསྐྱོད་དེ་སྡིག་པའི་ལྟ་བ་ཐམས་ཅད་དང་བྲལ་བ་དང་། སྒྲིབ་པ་མེད་པར་མཐོང་བ་ཡིན་ཏེ། ཡང་དག་པར་སོང་བ་ཡང་དག་པར་ཞུགས་པ་དང་། ལྷ་དང་མི་རྣམས་ཀྱི་ནང་ན་མི་ཁོམ་པ་དང་བྲལ་བ་ཡིན་ཏེ་བཅུ་པོ་དེ་དག་གོ །ལོག་པར་ལྟ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་བྱང་ཆུབ་ཐོབ་པ་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ལ་མངོན་སུམ་དུ་འགྱུར་ཞིང་མངོན་པར་ཤེས་པ་མྱུར་བའི་དེ་བཞིན་གཤེགས་པར་འགྱུར་རོ། །ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་། ཚེ་རིང་བར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྦྱོད་པ་ན་ཡང་གཞན་གྱིས་གནོད་པར་བྱ་བ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་རོ། །མ་བྱིན་པར་ལེན་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ལོངས་སྤྱོད་མི་འཕྲོག་པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབས་པས་བླ་ན་མེད་པ་ཐོབ་པར་འགྱུར་རོ། །འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་ཆུང་མ་མི་གཡེམ་པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་དེའི་མ་དང་། བུ་དང་ཆུང་མ་ལ་སུ་ཡང་ཆགས་པའི་སེམས་ཀྱིས་ལྟ་བར་མི་འགྱུར་རོ། །རྫུན་དུ་སྨྲ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ལོངས་སྤྱོད་མི་འཕྲོག་པ་དང་། སྐུར་པ་འདེབས་པ་མེད་པར་འགྱུར་བའི་ལམ་ཡང་ཡོངས་སུ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་དེ་དམ་བཅས་པ་བརྟན་པར་འགྱུར་རོ། །ཕྲ་མ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྦྱོད་ཆེ་བར་འགྱུར་ཞིང་གཡོག་འཁོར་མི་བྱེད་པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྦྱད་པ་སྦྱོད་པ་ན་ཡང་བསམ་པ་མཐུན་པས་བྱང་ཆུབ་སེམས་དཔའི་གཡོག་འཁོར་འཐོབ་བོ། །ངག་རྩུབ་པོ་སྤངས་པའི་བྱང་ཆུབ་སེས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་ཚིག་བཙུན་པར་འགྱུར་ལ་ཚིག་སུན་དབྱུང་དུ་མེད་པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་འཁོར་མ་མགུ་བར་སུ་ཡང་མི་འགྲོའོ། །ཚིག་ཀྱལ་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་ཚིག་སྙན་པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཐེ་ཚོམ་ཐམས་ཅད་གཅོད་པ་ལ་མཁས་པར་འགྱུར་རོ། །བརྣབ་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་རྒྱ་ཆེན་པོ་དག་ལ་དེའི་སེམས་འཇུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་རྒྱ་ཆེན་པོ་ལ་མོས་ཤིང་དབང་ཆེ་བར་གྲགས་པར་འགྱུར་རོ། །གནོད་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་མཛེས་པ་དང་། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་བར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་བློ་ཐོགས་པ་མེད་ཅིང་སེམས་ཐོགས་པ་མེད་ལ་དབང་པོ་མ་ཚང་བ་མེད་པར་འགྱུར་རོ། །ལོག་པར་ལྟ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་སངས་རྒྱས་ལ་དད་པ་དང་ཡང་དག་པར་ལྟ་བའི་ཁྱིམ་དུ་སྐྱེའོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་སངས་རྒྱས་ལ་ལྟ་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་འབྲལ་བར་མི་འགྱུར་རོ། །ཀླུའི་བདག་པོ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་སྦྱིན་པས་བརྒྱན་ན་དེ་ལྟར་མཐུ་ཆེ་ཞིང་ཕན་ཡོན་ཆེ་ལ་བྱིན་ཆེ་ཞིང་རྒྱ་ཆེ་བར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་ཚུལ་ཁྲིམས་ཀྱིས་བརྒྱན་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྨོན་པ་ཡོངས་སུ་རྫོགས་པར་བྱེད་དོ། བཟོད་པས་བརྒྱན་ན་མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་གསུང་གི་གདངས་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་ཀྱིས་བརྒྱན་ན་བདུད་ཕྱིར་རྒོལ་བ་འཇོམས་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་པར་འགྱུར་རོ། །བསམ་གཏན་གྱིས་བརྒྱན་ན་དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ངོ་ཚ་ཤེས་པ་དང་། བརྟན་པ་ཡོངས་སུ་དག་པར་འགྱུར་རོ། །ཤེས་རབ་ཀྱིས་བརྒྱན་ན་ལྟ་བ་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུར་རོ། །བྱམས་པས་བརྒྱན་ན་སེམས་ཅན་ཐམས་ཅད་དང་ཞེ་འགྲས་པ་མེད་པར་འགྱུར་རོ། །སྙིང་རྗེས་བརྒྱན་ན་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་འགྱུར་རོ། །དགའ་བས་བརྒྱན་ན་སེམས་ཞུམ་པ་མེད་པར་འགྱུར་རོ། །བཏང་སྙོམས་ཀྱིས་བརྒྱན་ན་རྗེས་སུ་ཆགས་པ་དང་། །ཁོང་ཁྲོ་བ་སྤོང་བར་འགྱུར་རོ། །བསྡུ་བའི་དངོས་པོས་བརྒྱན་ན་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པས་བརྒྱན་ན་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ལ་མཁས་པར་འགྱུར་རོ། །ཡང་དག་པའི་སྤོང་བས་བརྒྱན་ན་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་བས་བརྒྱན་ན་ལུས་དང་སེམས་ཡང་དག་པར་འགྱུར་རོ། །དབང་པོ་ལྔས་བརྒྱན་ན་དད་པ་བརྟན་པ་དང་། བརྩོན་འགྲུས་བརྟན་པ་དང་། རྨོངས་པ་མེད་པ་དང་། སེམས་ལས་སུ་རུང་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་རོ། །སྟོབས་ཀྱིས་བརྒྱན་ན་རྫི་བ་མེད་པ་དང་། དགྲ་དང་འཁྲུག་པ་ཐམས་ཅད་ངེས་པར་འཇོམས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་གིས་བརྒྱན་ན་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་འགྱུར་རོ། །ལམ་གྱིས་བརྒྱན་ན་ཡང་དག་པའི་ཡེ་ཤེས་འདྲེན་པར་འགྱུར་རོ། །ཞི་གནས་ཀྱིས་བརྒྱན་ན་ཉོན་མོངས་པ་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །ལྷག་མཐོང་གིས་བརྒྱན་ན་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་འགྱུར་རོ། །ཐབས་ཀྱིས་བརྒྱན་ན་འདུས་བྱས་དང་། འདུས་མ་བྱས་ཀྱི་བདེ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཀླུའི་བདག་པོ་མདོར་ན་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཁོ་ནས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པ་དང་། མི་འཇིགས་པ་བཞི་ཡོངས་སུ་རྫོགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། ཀླུའི་བདག་པོ་དེ་ལྟ་བས་ན་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་རྒྱས་པར་རྣམ་པར་དབྱེ་བ་དང་། བརྒྱན་པར་བརྩོན་པར་བྱའོ། །ཀླུའི་བདག་པོ་དཔེར་ན་གྲོང་དང་གྲོང་ཁྱེར་དང་། གྲོང་བརྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཐམས་ཅད་དང་། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ཤིང་ཐམས་ཅད་དང་། ལས་ཀྱི་མཐའ་ཐམས་ཅད་དང་། ས་བོན་གྱི་ཚོགས་ཐམས་ཅད་དང་། ལོ་ཏོག་ཐམས་ཅད་སྐྱེ་ཞིང་རྨོ་བ་དང་། ཤལ་བས་བཤལ་བ་དང་། འབྱུང་བ་རྣམས་ནི་ས་ལ་གནས་ཏེ། དེ་དག་གི་གནས་ནི་ས་ཡིན་ནོ། ཀླུའི་བདག་པོ་དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་ལྷ་དང་། མིའི་སྐྱེ་བ་དང་སློབ་པ་དང་། མི་སློབ་པའི་དགེ་སྦྱོང་གི་འབྲས་བུ་འཐོབ་པ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་བྱང་ཆུབ་སེམས་དཔའི་སྦྱོད་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན་ནོ། །དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །།

འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ། སྟོན་པ་ཤཱཀྱ་ཐུབ་པ།

༄༅། །འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ། རྒྱ་གར་སྐད་དུ། ཨཱརྱ་སཾ་ཛྙཱ་ན་ཨེ་ཀ་ད་ཤ་ནི་ར་དེ་ཤ་སཱུ་ཏྲ། བོད་སྐད་དུ། འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་དགེ་སློང་རྣམས་ལ་བཀའ་བསྩལ་པ། དགེ་སློང་དག་ནམ་འཆི་བའི་དུས་ཀྱི་ཚེ་དགེ་སློང་གིས་འདུ་ཤེས་བཅུ་གཅིག་མངོན་དུ་བྱའོ། །བཅུ་གཅིག་གང་ཞེ་ན། འདི་ལ་མ་ཆགས་པའི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་འདུ་ཤེས་དང་། འཁོན་དུ་འཛིན་པ་ཐམས་ཅད་ཡོངས་སུ་དོར་བའི་འདུ་ཤེས་དང་། འཆལ་པའི་ཚུལ་ཁྲིམས་ཐམས་ཅད་བཤགས་པའི་འདུ་ཤེས་དང་། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས་དང་། ཉེས་པ་ཆེན་པོ་བྱས་པ་དག་ལ་ཡང་ཡ་ང་བའི་འདུ་ཤེས་དང་། དགེ་བའི་རྩ་བ་ཆུང་དུ་དག་ལ་ཆེ་བའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་དག་ལ་འཇིགས་པ་མེད་པའི་འདུ་ཤེས་དང་། འདུས་བྱས་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། ཆོས་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་པའི་འདུ་ཤེས་མངོན་དུ་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འདུ་ཤེས་བཅུ་གཅིག་བསྟན་པ་བཅོམ་ལྡན་འདས་ཀྱི་ཞལ་ཆེམས་རྫོགས་སོ།། །།

རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སྟོན་པ་ཤཱཀྱ་ཐུབ་པ།

༄༅། །རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་སྐད་དུ། རཱ་ཛ་དེ་ཤ་ན་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་བཱ་རཱ་ཎ་སཱི་ན་འཁོར་རྣམས་ལ་ཆོས་སྟོན་པ་ན། བད་ས་ལའི་རྒྱལ་པོ་འཆར་བྱེད་འདུལ་བའི་དུས་ལ་བབ་པར་གཟིགས་ནས་འཁོར་དང་བཅས་པ་བད་ས་ལའི་ཡུལ་དུ་གཤེགས་པ་དང་། བད་ས་ལའི་རྒྱལ་པོ་འཆར་བྱེད་གྲོང་ཁྱེར་ཆེན་པོ་གསེར་ཅན་ཞེས་བྱ་བ་གཞོམ་པའི་ཕྱིར་དམག་བཞི་དང་ཆས་པ་དང་ཕྲད་པས་རྒྱལ་པོ་འཆར་བྱེད་ཁྲོས་ཏེ། འདི་འདྲ་བའི་བཀྲ་མི་ཤིས་པ་དང་ཕྲད་པས་བསད་པར་སོགས་སོ་ཞེས་ནས་མདའ་སྟེའུ་ཁ་ཉ་རྔ་མ་བླངས་ཏེ། བཅོམ་ལྡན་འདས་ལ་འཕངས་སོ། །དེ་ནས་མདའ་དེ་ནམ་མཁའ་ལ་འཁོར་ཞིང་འདི་སྐད་ཅེས་གྲགས་སོ། །ཞེ་སྡང་གིས་ནི་སྡུག་བསྔལ་སྐྱེད། །འདིར་ཡང་ཤ་ཐང་འཐབ་དང་རྩོད། །ཕྱི་མར་དམྱལ་བའི་སྡུག་བསྔལ་འབྱུང་། །དེས་ན་ཞེ་སྡང་འཐབ་རྩོད་སྤང་། །ཞེས་བྱ་བའི་ཚིག་དེ་རྒྱལ་པོ་འཆར་བྱེད་ཀྱིས་ཐོས་པར་འགྱུར་པ་དང་། བཅོམ་ལྡན་འདས་ལ་མོས་པར་གྱུར་ཏེ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རྒྱལ་པོ་ཆེན་པོ་འཐབ་རྩོད་ནི་འདིར་ཤ་ཐང་ལ་ཕྱི་མར་ངན་སོང་དུ་སྐྱེ་ན་ཅིའི་ཕྱིར་རྟག་ཏུ་འཐབ་རྩོད་འབའ་ཞིག་བྱེད། རྒྱལ་པོས་གསོལ་པ། གཽ་ཏ་མ་བདག་གིས་གང་དང་འཐབས་ཀྱང་ཕམ་མ་མྱོང་སྟེ་རྒྱལ་བས་བདག་ནི་དམག་དང་འཐབ་པ་ལ་མོས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རྒྱལ་པོ་ཆེན་པོ་དགྲ་འདི་ནི་དགྲ་ཆུང་ངུ་ཡིན་ཏེ། རྒྱལ་པོ་ཆེན་པོ་འདི་མ་ཡིན་པའི་དགྲ་ཆེན་པོ་ཤར་གཉེར་བ་ཞིག་ཡོད་དོ། །རྒྱལ་པོས་གསོལ་བ་དགྲ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དགྲ་ཆེན་པོ་ཉོན་མོངས་པ་བདག་ཏུ་འཛིན་པ་ཞེས་བྱ་བ་ཞིག་ཡོད་དོ། །རྒྱལ་བོས་གསོལ་པ། དགྲ་དེ་ཇི་ལྟ་བུ་ལགས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རྣམ་རྟོག་བདག་ཏུ་འཛིན་པའི་དགྲ་ཆེན་པོ། །འདི་ནི་རྒྱུ་བཞིན་དངོས་པོ་མེད་བཞིན་དུ། །ཐོག་མ་མེད་ནས་བདག་ལ་གནས་ནས་ནི། །བདག་གི་ཆོས་སྐུ་ཡིད་བཞིན་རིན་ཆེན་དེ། །གཟོད་མའི་མུ་ནས་དགྲ་ཡིས་བརྐུས་ནས་སུ། །མཚན་མའི་ཚང་ཚིང་གསེབ་ཏུ་སྦས་ནས་དག །ད་རུང་འཆིང་ཞིང་འཁོར་བར་འཁྱམ་དུ་འཇུག །འཇིག་རྟེན་དགྲས་ནི་བསད་ནས་ནོར་འཕྲོག་ཙམ། །དེ་ལ་བཟོད་བྱས་བསོད་ནམས་ཚོགས་ཀྱང་རྫོགས། །དགྲ་འདི་ཞི་བདེ་ཐར་པའི་སྲོག་ཀྱང་གཅོད། །དེ་བསྟེན་བསོད་ནམས་འཁོར་བར་འདམ་དུ་འཆིང་། །རྒྱལ་པོས་གསོལ་པ། དགྲ་ཆེན་པོ་དེ་དང་ཇི་ལྟར་འཐབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རྣམ་རྟོག་དགྲ་ལ་རྒོལ་བའི་ཤོམ་ར་ཡང་། །དད་པས་སྦྱིན་དང་ཚུལ་ཁྲིམས་མཁར་བརྩིགས་ཏེ། །དགེ་བའི་དཔུང་བྱས་བཟོད་པའི་གོ་གྱོན་ལ། །བརྩོན་འགྲུས་ལྕག་ཐོགས་བསམ་གཏན་གཞུ་བདུངས་ཏེ། །བདག་མེད་སྟོང་པའི་མདའ་ཡིས་བདག་འཛིན་བསད། །རྒྱལ་པོས་གསོལ་པ། བདག་མེད་ཅེས་པ་དེ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གང་ཟག་བདག་མེད་རྒྱལ་པོ་མཉན་པར་གྱིས། །གང་ཟག་ལྔ་ཕུང་རྒྱུན་ཡིན་ཅི་ཕྱིར་ན། །རྒྱུ་ནི་ལས་དང་ཉོན་མོངས་པས་གང་ནས། །འབྲས་བུ་ཕུང་པོར་ཟག་སྟེ་དེ་ཡི་བདག །བདག་ནི་སེམས་ཅན་སོ་སོའི་ལུས་འདི་ལ། །ང་དང་བདག་ཏུ་བཟུང་ནས་ཆགས་གྱུར་ཏེ། །བདག་ནི་ན་དང་ཤི་བཀྲེས་གྲང་གིས་དོགས། །བསྟོད་ན་དགའ་ཞིང་སྨད་ན་མི་དགའ་སྟེ། །དེ་ལ་དམིགས་ནས་མུ་སྟེགས་ལྔ་རྣམས་འཇུག །ང་འམ་བདག་དེ་ཡོད་པ་མ་ཡིན་ཏེ། །ཕུང་པོ་འདི་ལ་བརྟགས་ནས་འཁྲུལ་པ་ཡིན། །མིང་ནི་བདག་མ་ཡིན་ཏེ་བཏགས་པ་ཙམ། །ལུས་ནི་བདག་མ་ཡིན་ཏེ་ཤ་རུས་རྣམས། །འབྱུང་ཆེན་འདུས་པ་ཕྱི་རོལ་རྩིག་པ་འདྲ། །སེམས་ཀྱང་བདག་མ་ཡིན་ཏེ་དངོས་པོ་མེད། །ཆོས་ལ་བདག་མེད་རྒྱལ་པོ་མཉན་པར་གྱིས། །ཆོས་ནི་གཟུགས་སོགས་དངོས་པོ་ཐམས་ཅད་ཡིན། །བྱེད་པ་མེད་ལ་མཚན་ཉིད་འཛིན་ཕྱིར་རོ། །དེ་དག་ལོག་རྟོག་མཚན་མར་བཅས་པ་དང་། །ལྟ་མི་མཐུན་པ་ཡིན་ཏེ་དེ་མེད་དོ། །ཅི་ཕྱིར་ཞེ་ན་ཕྱི་ནང་ཆོས་འདི་ལ། །དངོས་འདི་སྤངས་ནས་སྟོང་ཉིད་མི་བཙལ་གྱི། །སྣང་བ་ཉིད་ན་སྟོང་པ་ཉིད་ཡིན་ཕྱིར། །གཞིག་བཅོམ་མི་རྟག་ཙམ་ལ་སྟོང་མིང་གདགས། །སྣང་ལ་རང་བཞིན་མེད་པར་ཅིས་མངོན་ན། །ཡོད་མེད་དབུས་དང་གསུམ་དུ་མི་གནས་ཏེ། །ཡོད་པར་གྲགས་པ་འཁོར་བ་མྱ་ངན་འདས། །འཁོར་བའི་རང་བཞིན་ཡུལ་སེམས་རྣམ་གཉིས་ཏེ། །ཡུལ་འདི་དངོས་པོ་མེད་པར་འདི་ལྟར་བརྟག །རང་སྣང་རྡུལ་བཤིག་ཏུ་ཡང་ཆས་གཞིག་མེད། །དངོས་སྣང་ཐམས་ཅད་སེམས་ཡིན་རྨི་ལམ་བཞིན། །སེམས་ཀྱང་ཁ་དོག་དབྱིབས་སོགས་རྣམས་དང་བྲལ། །དེས་ན་འཁོར་བ་སྟོང་ཞིང་བདག་མེད་དོ། །འཁོར་བ་མེད་པས་མྱ་ངན་འདས་པའང་མེད། །ཡོད་པ་མ་གྲུབ་པས་ན་མེད་པའང་མེད། །མཐའ་གཉིས་མེད་ཕྱིར་དབུས་ཀྱང་མེད་པ་ཡིན། །དེ་ལྟར་རྒྱལ་བོས་བདག་མེད་བསྒོམས་བྱས་ན། །བདག་འཛིན་འཁོར་བ་རྩད་ནས་ཆོད་པར་འགྱུར། །རྒྱལ་པོས་གསོལ་བ། སྔ་གོང་ཡན་ཆད་དགྲ་མ་ཡིན་པ་ལ་དགྲར་བཟུང་སྟེ་བདག་ཞེ་སྡང་གིས་མནར་བར་གྱུར་ཏོ། །ད་ནི་བདག་གིས་ཡང་དག་པའི་དགྲ་ངོ་ཤེས་པའི་དགྲ་དེ་དང་འཐབ་པའི་ཕྱིར་བདག་མེད་པ་ལ་མོས་པ་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ། །བདག་ཏུ་འཛིན་པའི་དགྲ་ཕམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང་། བད་སའི་རྒྱལ་པོ་འཆར་བྱེད་ལ་སོགས་པ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བད་ས་ལའི་རྒྱལ་པོ་འཆར་བྱེད་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །

ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་གསལ་བྱེད། རིག་འཛིན་འཇིགས་མེད་གླིང་པ།

༄༅། །ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་གསལ་བྱེད་བཅས་བཞུགས་སོ། །ན་མོ་གུ་རུ་བྷྱཿ དེ་ལ་འདིར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་རིམ་པ་རྒྱུན་དུ་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལ། ཐོག་མར་ཐོ་རངས་ལྡང་བའི་དུས་ལ་བབ་པ་ན། མདུན་གྱི་ནམ་མཁར་རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་གི་རྣམ་པ་ལ་འཁོར་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ཀུན་གྱིས་ཕྱག་ན་ཌཱ་མ་རུ་དཀྲོལ་བའི་སྒྲ་སྔགས་ཀྱི་གདངས་སུ་བསྒྲགས་པས་བསྐུལ་ཏེ་གཉིད་ལས་སད་པར་བསམ་ཤིང་། རང་ཉིད་གཞི་ལུས་ཞིང་ཁམས་ཀྱི་བཀོད་པ་དང་བཅས་པ་གསལ་བཞིན་པའི་ངང་ནས་ལྡང་སྟེ། སྙིང་གའི་བླ་མ་དབུ་མའི་ལམ་བརྒྱུད་སྤྱི་བོའི་སྟེང་གི་ནམ་མཁར་ཡེ་རེ་འཁྱིལ་ལེ་དགྱེས་བཞིན་དུ་བཞུགས་པར་བསམ་ལ། གཏི་མུག་གཉིད་སྐྲོག་དབྱངས་དང་བཅས་ཏེ། ཀྱེ་མ་ཀྱེ་ཧུད་སྐལ་ལྡན་རིགས་ཀྱི་བུ། །མ་རིག་གཏི་མུག་དབང་གིས་མ་ནོན་པར། །བརྩོན་འགྲུས་ངར་བསྐྱེད་ད་ལྟ་ཡར་ལོངས་ལ། །ཐོག་མེད་དུས་ནས་ད་ལ་ཐུག་གི་བར། །མ་རིག་དབང་གིས་ཉལ་ཡུན་དེས་ཆོག་གི །ད་ནི་མ་ཉལ་སྒོ་གསུམ་དགེ་ལ་འབད། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་མི་ཤེས་སམ། །དེ་རིང་ཙམ་ཡང་རྟག་པའི་གོ་སྐབས་མེད། །སྒྲུབ་ལ་བརྩོན་འགྲུས་བསྐྱེད་པའི་དུས་ལ་བབ། ད་རེས་གཅིག་པུར་གཏན་བདེ་སྒྲུབ་དུས་འདིར། །སྙོམས་ལས་ངང་དུ་སྡོད་པའི་དུས་མ་ཡིན། །འཆི་བ་སོམས་ལ་སྒྲུབ་པ་མཐའ་རུ་སྐྱོལ། །ཚེ་ལ་ལོངས་མེད་འཆི་རྐྱེན་བསམ་མི་ཁྱབ། །དེ་ཚེ་མི་འཚེར་གདེངས་ཤིག་མ་ཐོབ་ན། །སྐྱེས་བུ་ཁྱེད་ཉིད་གསོན་པས་ཅི་ཞིག་རུང་། །ཆོས་རྣམས་བདག་མེད་སྟོང་ཞིང་སྤྲོས་དང་བྲལ། །སྒྱུ་མ་སྨིག་རྒྱུ་རྨི་ལམ་གཟུགས་བརྙན་དང་། །དྲི་ཟའི་གྲོང་ཁྱེར་བྲག་ཆ་ལྟ་བུར་སྤྱོད། །ཆུ་ཟླ་ཆུ་བུར་མིག་ཡོར་སྤྲུལ་པ་སོགས། །ཤེས་བྱ་སྒྱུ་མའི་དཔེ་བཅུ་དེ་བཞིན་དུ། །འཁོར་འདས་ཆོས་རྣམས་དེ་ལྟར་ཤེས་པར་གྱིས། །ན་མོ་གུ་རུ་བྷྱ༔ ན་མོ་ངྷེ་ཝ་བྷྱ༔ ན་མོ་ཌཱ་ཀི་ནི་བྷྱ༔ ཞེས་བརྗོད། དེ་ནས་ལུས་གནད་ལེགས་པར་བཅོས་ཏེ་རླུང་རོ་དགུ་ཕྲུགས་སུ་བུས་ལ་ཅུང་ཟད་ངལ་གསོ་ཞིང་ཤེས་པ་རྣལ་དུ་ཕབ་པས་བསམ་གཏན་གྱི་སྣོད་དུ་རུང་བ་ནི། དང་པོ་རླུང་བྱིན་གྱིས་བརླབ་པ་ནི་རང་བབས་སུ་ལྷོད་དེ་རྔུབས་རླུང་སྒྲ་དང་ཁ་དོག་ཨོཾ་དཀར་པོ། ནང་དུ་གནས་པའི་དུས་སྒྲ་དང་གཟུགས་ཨཱ་དམར་པོ། ཕྱིར་འབྱིན་དུས་སྒྲ་དང་ཧཱུྃ་སྔོན་པོའི་རྣམ་པ་སྟེ་འབྲུ་གསུམ་རྡོ་རྗེའི་བཟླས་པ་ཉི་ཤུ་རྩ་གཅིག་གམ་སྐབས་བསྟུན་བྱ། དེ་ནས་ངག་བྱིན་གྱིས་བརླབ་པ་ནི་ཞལ་ཤེས་ལྟར། ཨོཾ་ཨཱཿཧཱུྃ། ལྕེ་དབང་རཾ་ཡིག་ལས་བྱུང་མེས་བསྲེགས་ནས། །འོད་དམར་རྣམ་པའི་རྡོ་རྗེ་རྩེ་གསུམ་སྦུབས། །ཨཱ་ལི་ཀཱ་ལིའི་མཐའ་སྐོར་རྟེན་འབྲེལ་སྙིང་། །མུ་ཏིག་ཕྲེང་བ་ལྟ་བུའི་ཡིག་འབྲུ་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད་པས་མཉེས། །སླར་འདུས་ངག་སྒྲིབ་དག་ནས་གསུང་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ ལན་བདུན། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཊ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ལན་བདུན། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱ་བཱ་དཏ། ཏེ་ཥཉྫ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎ་ཡེ་སྭཱ་ཧཱ། ལན་བདུན་དང་། དེ་ནས་རང་གཞུང་ལྟར། བླ་མ་མཁྱེན། ཞེས་ལན་གསུམ་གྱིས་གདུང་བ་དྲག་པོས། སྙིང་དབུས་དད་པའི་གེ་སར་བཞད་པ་ནས། །སྐྱབས་གཅིག་དྲིན་ཆེན་བླ་མ་ཡར་ལ་བཞེངས། །ལས་དང་ཉོན་མོངས་དྲག་པོས་གཟིར་བ་ཡི། །སྐལ་བ་ངན་པ་བདག་ལ་སྐྱོབ་པའི་ཕྱིར། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ། །སྤྲོ་ན་བླ་མའི་རྒྱངས་འབོད་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་འཆང་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མའི་སྐུ་གསུང་ཐུགས་ལ་འདུད། །ཀུན་མཁྱེན་རང་གི་གསུངས། འདྲེན་པ་རྣམས་ཀྱིས་ཡོངས་སྤངས་ཤིང་། །ངན་འགྲོའི་གཡང་སར་ཕྱོགས་པ་བདག །ཐར་པའི་ལམ་དང་རབ་སྤྲོད་པའི། །དེད་དཔོན་ཆེན་པོ་ཁྱོད་ལ་འདུད། །གནས་དང་གནས་མིན་མི་ཤེས་ཤིང་། །ལམ་དང་ལམ་མིན་གྱི་ནར་འཕྱན། །མུན་པ་ལས་ཀྱང་མུན་ནག་ཅན། །བདག་ལྟའི་སྒྲོན་མ་ཁྱོད་ལ་བསྟོད། །གང་སྐུ་མཐོང་བས་སྣང་བ་འགྱུར། །ཞི་བར་གཟིམས་པའི་སྙིགས་མས་ཀྱང་། །མཚམས་མེད་བྱང་ཞེས་མདོ་ལས་རྒྱན་སྟུག་པོ་བཀོད་པ་ལས། འཇམ་དཔལ་ཕྱོགས་གང་ན་ཆོས་སྨྲ་བ་དེ་འདུག་གམ། དེའི་རུས་བུའམ། རོ་བམ་པ་ཞིག་ཡོད་པ་མཐོང་ན་ཡང་མཚམས་མེད་པའི་ལས་ལྔ་རྣམ་པར་བྱང་བར་འགྱུར་རོ། །ཞེས་སོ། །གསུངས། །འབྲེལ་ཚད་དོན་ལྡན་ཆེན་པོར་འདུད། །ཁྱེད་གསུང་ཐོས་པས་བླང་དོར་ཤེས། །ཉེས་སྤྱོད་ཆེན་པོའི་གཡང་ལས་སྐྱོབ། །འགོག་ལམ་བདེན་པའི་ངོ་བོ་ཉིད། །ཐོས་གྲོལ་ཆེན་པོའི་དབྱངས་ལ་བསྟོད། །བདག་གིས་འབད་ཀྱང་མི་ཐར་བ། །ཁྱེད་ཐུགས་གཏད་པས་ཡུད་ལ་སྨིན། །མོས་གུས་ཐོབ་ན་རྟོགས་པ་འཆར། །སྤྲོས་བྲལ་བསམ་མི་ཁྱབ་ལ་འདུད། །གྲངས་མེད་གསུམ་དུ་དཀའ་ཐུབ་ཀྱིས། །གདུངས་པས་དབང་པོ་ཚར་བཅད་ཀྱང་། །ཐོབ་པར་དཀའ་བའི་རྡོ་རྗེ་སེམས། །མ་ནོར་མངོན་སུམ་སྟོན་ལ་འདུད། །བླ་མ་ཡང་ཏིག་ལས། བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ། །འཁོར་བའི་མཚོ་ལས་བསྒྲལ་ཏུ་གསོལ། །ཚེ་འདིའི་ལེགས་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་མེད་པ་དང་། །འཆི་ཁར་ཟབ་མོའི་འོད་གསལ་ཟིན། །བར་དོའི་འཕྲང་ལས་སྒྲོལ་བར་མཛོད། །ལུས་དང་ངག་ཡིད་རྩོམ་པ་ཀུན། །རྟག་ཏུ་གཞན་ལ་ཕན་པ་དང་། །རྐྱེན་རྣམས་བྱང་ཆུབ་ལམ་མཆོག་ཏུ། །དེ་རིང་ཉིད་ནས་བསྒྱུར་དུ་གསོལ། །བདག་གིས་འབད་ཀྱང་ཐར་པར་དཀའ། །མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་གྲུས། །མགོན་མེད་བདག་དང་འགྲོ་བ་ཀུན། །ཐར་བའི་གླིང་དུ་ཕྱིན་པར་མཛོད། །གང་དག་བདག་ལ་དད་གྱུར་ཏམ། །སྨོད་དམ་སྐུར་བ་འདེབས་ཀྱང་རུང་། །དེ་དག་སྡིག་ཟད་ཉོན་མོངས་མེད། །སྲིད་པའི་ཆུ་བོ་སྤོང་པར་ཤོག །ནམ་ཞིག་བདག་གི་མིང་ཙམ་གྱིས། །འགྲོ་བའི་འདོད་དགུ་རབ་འགྲུབ་ཅིང་། །ཕྱོགས་བཅུ་གང་བའི་ཞིང་རྣམས་སུ། །མཆོད་པའི་སྤྲིན་གྱི་ཆར་འབེབས་ཤོག །དགེ་བ་འདི་ཡིས་ལུས་ཅན་ཀུན། །ཐམས་ཅད་སྲིད་ལས་རྣམ་གྲོལ་ནས། །ཡེ་ཤེས་དམ་པ་གཉིས་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་སྙིང་ཁོང་རུས་པའི་གཏིང་ནས་གདུང་ཤུགས་དྲག་པོས་ཚིག་རྗེས་དོན་དྲན་གྱིས་གསོལ་འདེབས་བྱས་རྗེས། སྔོན་འགྲོ་དངོས་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ཀྱི། དང་པོའང་དམིགས་སྐོར་དྲུག་ལས། དེ་ཐམས་ཅད་དཀྱུས་གཅིག་ཏུ་ཉམས་སུ་བླང་བ་ལ་འདི་ལྟར་བསམ་པར་བྱ་སྟེ། དེ་ཡང་མི་ཁོམ་པ་བརྒྱད་ཀྱི་ལྡོག་ཆ་དལ་བ་བརྒྱད་དང་། འཕྲལ་རིས་ཀྱི་མི་ཁོམ་པ་བརྒྱད་བརྒྱད་དེ་དལ་པའི་རང་བཞིན་ཆོས་ཉི་ཤུ་རྩ་བཞི། ཁྱད་པར་གྱི་ཆོས་འབྱོར་བ་བཅུ་སྟེ། དལ་འབྱོར་གྱི་རང་བཞིན་ཆོས་སུམ་ཅུ་རྩ་བཞི་འདི་ནི་རྒྱུ་དང་། དཔེ་དང་། གྲངས་སོགས་གང་གི་སྒོ་ནས་བསམས་ཀྱང་ཤིན་ཏུ་རྙེད་པར་དཀའ་བ་ཨུ་དུམ་ཝཱ་རའི་མེ་ཏོག་ལྟར། ལོ་ཟླའམ་ཚེ་འདིར་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་ཀྱི་རྟེན་འདི་ལྟ་བུ་རྙེད་པ་ནི་དངོས་སམ། རྨི་ལམ་ཡིན་ནམ་སྙམ་པ་འདི་ལྟར་རྙེད་དུ་ཟིན་ནའང་། ཕྱི་སྣོད་ཀྱི་འཇིག་རྟེན་སྲ་ཞིང་འཐས་པ་ལྟར་སྣང་བ་རྣམས་ཀྱང་མཐར་མེ་བདུན་དང་ཆུ་གཅིག་གིས་འཇིག་པའི་ཚེ་ན་ཐལ་བ་ཙམ་ཡང་ལུས་པར་མི་འགྱུར། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་སྐྱེས་ནས་ཚེ་ཐར་དུ་སོང་བ་གཅིག་ཀྱང་མེད་པས་རང་ཉིད་ཀྱང་ངེས་པར་འཆི་བར་མ་ཟད། དོ་ནུབ་ཙམ་ཡང་མི་འཆི་བའི་གདེང་ནི་མེད། འཆི་བའི་ཚེ་ཆོས་རྣམ་དག་ཁོ་ན་མ་གཏོགས་གཞན་གང་གིས་ཀྱང་མི་ཕན། ཚེ་འདིའི་དགེ་སྡིག་གི་ལས་འབའ་ཞིག་གི་རྗེས་སུ་འབྲངས་ཏེ། སྡིག་པའི་ལས་ཀྱིས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་གྱི་སྡུག་བསྔལ་བཟོད་གླགས་མེད་ཅིང་། ཟག་བཅས་ཀྱི་དགེ་བས་མཐོ་རིས་གསུམ་དུ་སྐྱེས་ཀྱང་འགྱུར་པའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ན་ལས་མ་འདས་པས། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཅི་ནས་ཀྱང་ཐར་བ་ཞིག་བྱ་དགོས། དེའི་ཆེད་དུ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ཞིང་། བླང་དོར་གྱི་གནས་ཇི་སྐད་གསུངས་པའི་དོན་རྣམས་ཕྱིས་དང་སྡིག་པའི་གྲོགས་པོའི་གཞན་དབང་དུ་མ་སོང་བར་ལག་ལེན་དུ་ཐེབས་ངེས་པའི་འཆི་ཆོས་གཤའ་མ་ཞིག་ཉིན་ཞག་རེ་རེའི་ཁོངས་སུའང་ཅི་ནུས་ཀྱིས་བསྒྲུབ་པར་བགྱིའོ་སྙམ་པ་དང་། དེ་ལྟར་སྒྲུབ་ནུས་པར་བླ་མ་དང་དཀོན་མཆོག་མཁྱེན་སྙམ་པའི་དད་པ་དང་། ངེས་འབྱུང་གི་ཤུགས་དྲག་ཏུ་བསྐྱེད་དེ་བློ་རྒྱུད་འཁུལ་ངེས་སུ་ཚིག་རྗེས་དོན་དྲན་གྱིས། ད་རེས་དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་ལོག་ལྟ་ཅན། །སངས་རྒྱས་མ་བྱོན་ཞིང་དང་ལྐུགས་པ་སྟེ། །མི་ཁོམ་བརྒྱད་ལས་ཐར་པའི་དལ་བ་ཐོབ། །མིར་གྱུར་དབང་པོ་ཚང་དང་ཡུལ་དབུས་སྐྱེས། །ལས་མཐའ་མ་ལོག་བསྟན་ལ་དད་པ་སྟེ། །རང་ཉིད་འབྱོར་པ་ལྔ་ཚང་སངས་རྒྱས་བྱོན། །ཆོས་གསུངས་བསྟན་པ་གནས་དང་དེ་ལ་ཞུགས། །བཤེས་གཉེན་དམ་པས་ཟིན་དང་གཞན་འབྱོར་ལྔ། །ཐམས་ཅད་རང་ལ་ཚང་བའི་གནས་ཐོབ་ཀྱང་། །རྐྱེན་མང་ངེས་པ་མེད་པའི་ཚེ་སྤངས་ནས། །འཇིག་རྟེན་ཕ་རོལ་ཉིད་དུ་སོན་པར་འགྱུར། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །རྒྱུའི་སྒོ་ནས་རྙེད་དཀའ་བ། ད་རེས་དལ་རྟེན་དོན་ཡོད་མ་བྱས་ན། །ཕྱི་ནས་ཐར་པ་བསྒྲུབ་པའི་རྟེན་མི་རྙེད། དཔེ་ཡི་སྒོ་ནས་མཆན། བདེ་འགྲོའི་རྟེན་ལ་བསོད་ནམས་ཟད་གྱུར་ན། །ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་འཁྱམས། །དགེ་སྡིག་མི་ཤེས་ཆོས་ཀྱི་སྒྲ་མི་ཐོས། །དགེ་བའི་བཤེས་དང་མི་མཇལ་མཚང་རེ་ཆེ། གྲངས་ཀྱི་སྒོ་ནས་མཆན། སེམས་ཅན་ཙམ་གྱི་གྲངས་དང་རིམ་པ་ལ། །བསམས་ན་མི་ལུས་ཐོབ་པ་སྲིད་མཐའ་ཙམ། །མི་ཡང་ཆོས་མེད་སྡིག་ལ་སྤྱོད་མཐོང་ན། །ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། འཕྲལ་བྱུང་བརྒྱད་ནི་མཆན། གལ་ཏེ་མི་ལུས་རིན་ཆེན་གླིང་ཕྱིན་ཡང་། །ལུས་རྟེན་བཟང་ལ་བྱུར་པོ་ཆེ་ཡི་སེམས། །ཐར་པ་བསྒྲུབ་པའི་རྟེན་དུ་མི་རུང་ཞིང་། །ཁྱད་པར་བདུད་ཀྱིས་ཟིན་དང་དུག་ལྔ་འཁྲུགས། །ལས་ངན་ཐོག་ཏུ་བབས་དང་ལེ་ལོས་གཡེངས། །གཞན་ཁོལ་བྲན་གཡོག་འཇིགས་སྐྱོབ་ཆོས་ལྟར་བཅོས། །རྨོངས་སོགས་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །རིས་ཆད་བརྒྱད་ནི་མཆན། སྐྱོ་ཤས་ཆུང་ཞིང་དད་པའི་ནོར་དང་བྲལ། །འདོད་སྲེད་ཞགས་པས་བཅིངས་དང་ཀུན་སྤྱོད་རྩུབ། །མི་དགེ་སྡིག་ལ་མི་འཛེམས་ལས་མཐའ་ལོག །སྡོམ་པ་ཉམས་ཤིང་དམ་ཚིག་རལ་བ་སྟེ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །འདུས་བྱས་མི་རྟག་པ་ནི་མཆན། ད་ལྟ་ནད་དང་སྡུག་བསྔལ་གྱིས་མ་གཟིར། །བྲན་ཁོལ་ལ་སོགས་གཞན་དབང་མ་གྱུར་པའི། །རང་དབང་ཐོབ་པའི་རྟེན་འབྲེལ་འགྲིག་དུས་འདིར། །སྙོམ་ལས་ངང་དུ་དལ་འབྱོར་ཆུད་གསོན་ན། །འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་བ་ལྟ། །ལྟ་ཅི་གཅེས་པར་བཟུང་བའི་ལུས་འདི་ཡང་། །མལ་གྱི་ནང་ནས་ས་ཕྱོགས་སྟོང་བར་བསྐྱལ། །ཝ་དང་བྱ་རྒོད་ཁྱི་ཡིས་འདྲད་པའི་དུས། །བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །དགེ་སྡིག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འབྲང་། །ཁྱད་པར་དམྱལ་བའི་འཇིག་རྟེན་ཉིད་སོན་ན། །ལྕགས་བསྲེགས་ས་གཞིར་མཚོན་གྱིས་མགོ་ལུས་འདྲལ། །སོགས་ལེས་གཤོག་དང་ཐོ་ལུམ་འབར་བས་འཚིར། །སྒོ་མེད་ལྕགས་ཁྱིམ་འཐུམས་པར་འོ་འདོད་འབོད། །འབར་བའི་གསལ་ཤིང་གིས་འབུག་ཁྲོ་ཆུར་འཚོད། །ཀུན་ནས་ཚ་བའི་མེས་བསྲེགས་བརྒྱད་ཚན་གཅིག །གངས་རི་སྟུག་པོའི་འདབས་དང་ཆུ་འཁྱགས་ཀྱི། །གཅོང་རོང་ཡ་ངའི་གནས་སུ་བུ་ཡུག་སྦྲེབས། །གྲང་རེག་རླུང་གིས་བཏབ་པའི་ལང་ཚོ་ནི། །ཆུ་བུར་ཅན་དང་ལྷག་པར་རྡོལ་བ་ཅན། །སྨྲེ་ངག་རྒྱུན་མི་ཆད་པར་འདོན་པ་ཡང་། །ཚོར་བའི་སྡུག་བསྔལ་བརྣག་པར་དཀའ་བ་ཡིས། །ཟུངས་ཀྱིས་རབ་བཏང་འཆི་ཁའི་ནད་པ་བཞིན། །ཤུགས་རིང་འདོན་ཅིང་སོ་འཐམ་པགས་པ་འགས། །ཤའུ་ཐོན་ནས་ལྷག་པར་འགས་ཏེ་བརྒྱད། །དེ་བཞིན་སྤུ་གྲིའི་ཐང་ལ་རྐང་པ་གཤོག །རལ་གྲིའི་ཚལ་དུ་ལུས་ལ་བཅད་གཏུབས་བྱེད། །རོ་མྱགས་འདམ་ཚུད་ཐལ་ཚན་རབས་མེད་ཀློང་། །མནར་བའི་ཉེ་འཁོར་བ་དང་འགྱུར་བ་ཅན། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །རྟག་ཏུ་བཀོལ་ཞིང་སྤྱོད་པའི་ཉི་ཚེ་བ། །རྣམ་གྲངས་བཅོ་བརྒྱད་གང་ལས་འབྱུང་བའི་རྒྱུ། །ཞེ་སྡང་དྲག་པོའི་ཀུན་སློང་སྐྱེས་པའི་ཚེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །དེ་བཞིན་ཕོངས་ལ་ཉམས་མི་དགའ་བའི་ཡུལ། །བཟའ་བཏུང་ལོངས་སྤྱོད་མིང་ཡང་མི་གྲགས་པར། །ཟས་སྐོམ་ལོ་ཟླར་མི་རྙེད་ཡི་དྭགས་ལུས། །རིད་ཅིང་ལྡང་བའི་སྟོབས་ཉམས་རྣམ་པ་གསུམ། །གང་ལས་འབྱུང་བའི་རྒྱུ་ནི་སེར་སྣ་ཡིན། །གཅིག་ལ་གཅིག་ཟ་གསོད་པའི་འཇིགས་པ་ཆེ། །བཀོལ་ཞིང་སྤྱོད་པའི་ཉམས་ཐག་བླང་དོར་རྨོངས། །ཕ་མཐའ་མེད་པའི་སྡུག་བསྔལ་གྱིས་གཟིར་བའི། །ས་བོན་གཏི་མུག་མུན་པར་འཁྱམས་པ་བདག །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །རང་སྐྱོན་ངོས་བཟུང་བ་ནི། མཆན། ཆོས་ལམ་ཞུགས་ཀྱང་ཉེས་སྤྱོད་མི་སྡོམ་ཞིང་། །ཐེག་ཆེན་སྒོར་ཞུགས་གཞན་ཕན་སེམས་དང་བྲལ། །དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་སྒོམ་པའི། །ལམ་གོལ་འདི་ལས་བླ་མས་བསྒྲལ་དུ་གསོལ། །ལྟ་བ་མ་རྟོགས་ཐོ་ཅོའི་སྤྱོད་པ་ཅན། །སྒོམ་པ་ཡེངས་ཀྱང་གོ་ཡུལ་འུད་གོག་འཐབ། །སྤྱོད་པ་ནོར་ཡང་རང་སྐྱོན་མི་སེམས་པའི། །ཆོས་དྲེད་འདི་ལས་བླ་མས༴ ནང་པར་འཆི་ཡང་གནས་གོས་ནོར་ལ་སྲེད། །ན་ཚོད་ཡོལ་ཡང་ངེས་འབྱུང་སྐྱོ་ཤས་བྲལ། །ཐོས་པ་ཆུང་ཡང་ཡོན་ཏན་ཅན་ཏུ་རློམ། །མ་རིག་འདི་ལས་བླ་མས༴ རྐྱེན་ཁར་འཆོར་ཡང་འདུ་འཛི་གནས་བསྐོར་སེམས། །དབེན་པ་བརྟེན་ཀྱང་རང་རྒྱུད་ཤིང་ལྟར་རེངས། །དུལ་བར་སྨྲ་ཡང་ཆགས་སྡང་མ་ཞིག་པའི། །ཆོས་བརྒྱད་འདི་ལས་བླ་མས་བསྒྲལ་དུ་གསོལ། །གཉིད་མཐུག་འདི་ལས་མྱུར་ཏུ་སད་དུ་གསོལ། །ཁྲི་མིན་འདི་ལས་མྱུར་དུ་དབྱུང་དུ་གསོལ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལའང་དྲུག་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། དེ་ལྟ་བུའི་འཇིགས་རུང་འཁོར་བའི་སྡུག་བསྔལ་དེ་ལས་རང་གཞན་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པའི་སྐྱེས་བུ་ཆེན་པོའི་བློས་རང་ཉིད་གང་དུ་འདུག་པའི་ས་ཕྱོགས་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་གཞིར། དཔག་བསམ་ལྗོན་ཤིང་ཡལ་ག་ལྔ་བ། ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ལ་རིན་པོ་ཆེའི་འཕྱང་འཕྲུལ་དྲིལ་གཡེར་ལ་སོགས་པས་རྣམ་པར་བརྒྱན་པ་ནམ་མཁའི་དབྱིངས་ཀུན་ཁྱབ་པའི་དབུས་སུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་གདན་ལ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་མཚོ་རྒྱལ་དཀར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དར་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང་། ཞབས་རྡོ་རྗེ་སྐྱིིལ་མོ་ཀྲུང་གིས་བཞུགས་པའི་དབུ་གཙུག་ཏུ་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་ཤིང་། གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། རྒྱུད་སྡེ་ཆེན་པོ་དྲུག་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་མཐའ་ནས་བསྐོར་བ། མདུན་གྱི་ཡལ་ག་ལ་སངས་རྒྱས་ཤཱཀྱ་ཐུབ་པ་སོགས་དུས་གསུམ་གྱི་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན་རྣམས་དང་། གཡས་ཀྱི་ཡལ་གར་ཉེ་བའི་སྲས་བརྒྱད་ལ་སོགས་པ་ཐེག་པ་ཆེན་པོའི་དགེ་འདུན། གཡོན་གྱི་ཡལ་ག་ལ་ཤཱ་རིའི་བུ་དང་། མོའུ་གལ་གྱི་བུ་ལ་སོགས་པ་ཉན་ཐོས་ཀྱི་དགེ་འདུན་འཕགས་པའི་ཚོགས། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན་ཁ་དོག་དམར་པོ་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོག་པ། དེ་དག་གི་བར་མཚམས་ཐམས་ཅད་ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བར་མེད་དུ་གང་བ། ཐམས་ཅད་ཀྱང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ལ་རྗེས་སུ་བརྩེ་ཞིང་འདྲེན་པའི་དེད་དཔོན་ཆེན་པོར་མངོན་སུམ་དུ་བཞུགས་པར་བསམ་ལ། དེའི་མདུན་དུ་རང་ཉིད། རང་གི་གཡས་སུ་ཕ། གཡོན་ཏུ་མ། མདུན་དུ་གནོད་བྱེད། མཐའ་བསྐོར་ཀུན་ཏུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལུས་གུས་པས་ཐལ་མོ་སྦྱར། ངག་ནས་སྐྱབས་འགྲོའི་ཚིག་འུར་དིར་གྱིས་བརྗོད། ཡིད་ཀྱིས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་ཏུ་བླ་མ་ལ་འདྲེན་པ། ཡི་དམ་དང་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། མཁའ་འགྲོ་ཆོས་སྐྱོང་དགེ་འདུན་ལ་ལམ་སྒྲུབ་པའི་ཟླ་གྲོགས་ཞུ་བའི་ཚུལ་གྱིས་བདག་ཅག་རྣམས་ཁྱེད་ལ་བསྟེན། ཁྱེད་ལ་འབུལ། ཁྱེད་ལས་གཞན་པའི་སྐྱབས་དང་རེ་ས་མེད་པས་ཅི་མཛད་ཁྱེད་མཁྱེན་སྙམ་པའི་གདུང་བ་དྲག་པོས་སྐྱབས་སུ་འགྲོ་བར་མོས་ལ། ལས་དང་པོ་པ་ཚོགས་ཞིང་རྒྱས་པའི་དམིགས་པ་ལྷོངས་སུ་མ་གྱུར་བ་དག་གིས། ཀུན་འདུས་ནོར་བུའི་ལུགས་ལྟར་བླ་མ་དང་ཨོ་རྒྱན་རིན་པོ་ཆེ་དབྱེར་མེད་པ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཐག་བཅད་སྙིང་ནས་ཅི་མཛད་ཁྱེད་ཤེས་ཁ་ཙམ་མ་ཡིན་པའི་དད་པས་གསོལ་བ་བཏབ་པས་འཐུས་སོ། །དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ༔ རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས༔ ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ༔ བྱང་ཆུབ་སྙིང་བོའི་བར་དུ་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་ཅི་འགྲུབ་ཏུ་བྱ། མཐར་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་དག ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ལ་སོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བསམ་ལ་སེམས་འཛིན་མེད་ཀྱི་ངང་དུ་ཅུང་ཟད་རེ་མཉམ་པར་བཞག་གོ །གཉིས་པ་སེམས་བསྐྱེད་ནི། འདི་ལྟར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཚེ་རབས་ཐོག་མ་མེད་པ་ནས་དགྲས་ཀྱང་གཉེན་བྱས། གཉེན་གྱིས་ཀྱང་དགྲ་བྱས་པ་སོགས་དགྲ་གཉེན་ངེས་པ་མེད་ཅིང་། ཚེ་འདི་དང་མ་འོངས་པ་ནའང་དགྲ་གཉེན་ངེས་མེད་དུ་འགྱུར་པ་ལ་བསམ་ནས་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་བཏང་སྙོམས་པ་ཐོག་མར་བསྐྱེད་ཅིང་། དེ་ནས་དེ་ཐམས་ཅད་རང་གི་ཕ་མ་དྲིན་ཆེན་ཤ་སྟག་ཡིན་པའི་ཕྱིར། དྲིན་བཟོ་བའི་སླད་དུ་བདེ་བ་དང་འཕྲད་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། དེ་ལྟ་བུ་དང་མི་འབྲལ་བར་བྱུང་ན་ང་རེ་དགའ་སྙམ་པའི་དགའ་བ་སྟེ་ཚད་མེད་པ་བཞིའི་བློ་སྦྱངས་བའི་མཐར། སྐྱབས་ཡུལ་རྣམས་དཔང་པོར་བཞུགས་པའི་ཚུལ་གྱིས། སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པའི་སླད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཅི་ནས་ཀྱང་ཐོབ་ངེས་པ་ཞིག་བྱའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་ལམ་ཟབ་མོ་འདི་ཉིད་ཀྱིས་མཚོན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་ནས་འཁོར་བ་ན་སེམས་ཅན་གཅིག་ཀྱང་མི་གནས་པ་དེ་ཙམ་དུ་བརྩོན་འགྲུས་བརྩམས་པར་བྱའོ་སྙམ་པ་འཇུག་པ་སྟེ། དེ་ལྟ་བུའི་དམིགས་རྣམ་དང་མ་བྲལ་བར་སེམས་བསྐྱེད་ཀྱི་ཚིག །ཧོཿ སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱིས༔ འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོ༔ རང་རིག་འོད་གསལ་དབྱིངས་སུ་ངལ་གསོའི་ཕྱིར༔ ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོ༔ ཞེས་ལན་གསུམ་སོགས་ཇི་ལྟར་རིགས་པ་བརྗོད། རྒྱུན་དུ་དེ་ཙམ་མི་ལྕོགས་ན་སྨོན་འཇུག་གི་སེམས་བསྐྱེད་ཁོ་ནས་ཀྱང་དོན་འགྲུབ་ཅིང་། སྤྲོ་ན་བར་འདིར་བདག་གཞན་མཉམ་བརྗེའི་བློ་སྦྱོང་དང་། ཁྱད་པར་དབུགས་འགྲོ་འོང་དང་བསྟུན་ཏེ་བདེ་སྡུག་གཏོང་ལེན་གྱི་དམིགས་པའང་ཉམས་སུ་བླང་ཞིང་། བདག་མེད་རྣམ་གཉིས་ཀྱི་ངེས་པས་དྲངས་པའི་ཞི་ལྷག་ཟུང་འཇུག་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱང་ཅི་རིགས་སུ་བསྒོམ་མཐར་བདག་དང་སེམས་ཅན་ཐམས་ཅད་སྐྱབས་ཡུལ་རྣམས་ལ་ཐིམ། དེ་རྣམས་ཀྱང་དབུས་ཀྱི་བླ་མ་ལ་ཐིམ། དེ་ཡང་ཆོས་སྐུ་སྤྲོས་བྲལ་གདོད་མའི་དབྱིངས་སུ་བསྟིམས་ནས་མཉམ་པར་བཞག་གོ། གསུམ་པ་རྡོར་སེམས་བསྒོམ་བཟླས་ནི། ཨཱཿ བདག་ཉིད་ཐ་མལ་སྤྱི་བོ་རུ༔ སོགས་བརྗོད་པ་དང་ཆབས་ཅིག་རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་པད་དཀར་འདབ་མ་བརྒྱད་པ་སྡོང་བུ་སོར་བཞི་ཙམ་ཚངས་བུག་ཏུ་ཟུག་པའི་ལྟེ་བར་ཟེའུ་འབྲུ་དམར་སེར་གྱི་ཚད་དང་མཉམ་པའི་ཟླ་དཀྱིལ་དཀར་བསིལ་ཉ་གང་པའི་སྟེང་དུ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་འོད་ཟེར་འཕྲོ་ཞིང་ཞི་འཛུམ་མཚན་དཔེའི་ཉམས་འགྱུར་ཡོངས་སུ་རྫོགས་པ། དར་དཀར་པོའི་སྟོད་གཡོགས། ཁ་དོག་སྣ་ཚོགས་པའི་སྨད་དཀྲིས། ཅོད་པན། ཟི་ལྡིར། ༼ དར་མཐིང་ཁྲའི་ཅོད་པན་ལྟག་པ་ནས་ཕྱིར་འཕྱང་བ།༽ གར་གྱི་ཕུ་དུང་༼ བྲིས་ཆ་རྙིང་བ་རྣམས་སུ་འབྱུང་བའི་སྟོད་ཁེབས་ལྟ་བུ་ལ་ཕུ་དུང་ཐུང་ངུ་ཡོད་པ། ༽ སྟེ་དར་གྱི་ཆོས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ། ༼ རིན་པོ་ཆེའི་དོ་ཤལ་སྟེ་འོག་ཡན་འཁོར་བ། ༽ སེ་མོ་དོ་༼ ནུ་མའི་བར་སླེབ་པའི་དོ་ཤལ་ཐུང་པ། ༽ སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་གཉིས་རྡོ་རྗེ་དང་པད་མའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་ཅན་དུ་གསལ་བཏབ་ནས། མོས་གུས་གདུང་ཤུགས་དྲག་པོས་བདག་གི་ཤེས་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཞིག་ཁྱེད་མཁྱེན་ནོ་སྙམ་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་ཤུགས་དྲག་ཏུ་བསྐྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་ཉེས་བྱས་སྡོམ་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོར་སེམས་ཀྱི་ཐུགས་ཀར་ཟླ་དཀྱིལ་གྱི་དབུས་སུ་ཧཱུྃ་ཡིག་གི་མཐར་ཡིག་བརྒྱའི་སྔགས་ཕྲེང་དཀར་བོ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་གཡས་སྐོར་དུ་གསལ་ལ། ཀློག་པའི་ཚུལ་གྱིས་ཅུང་ཟད་བཟླས་པས། དེ་ལས་བདེ་ཆེན་གྱི་བདུད་རྩི་དཀར་བོ་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་བབས་པས། ཡབ་ཡུམ་གྱི་སྐུའི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བྱུང་པདྨའི་སྡོང་བུ་ལ་འཁྲིལ་བའི་ཚུལ་གྱིས་རང་གི་ཚངས་བུག་ནས་ཞུགས་ཏེ། ཤྭ་འུད་ཆེན་པོའི་སྣ་ལ་སྦུར་མི་ཆགས་པ་ལྟར་ནད་ཐམས་ཅད་རྣག་ཁྲག །གདོན་ཐམས་ཅད་སྲོག་ཆགས། སྡིག་སྒྲིབ་ཐམས་ཅད་དུད་སོལ་ཁུ་རླངས་ཀྱི་རྣམ་པས་བ་སྤུའི་བུ་ག་དང་འོག་སྒོ་གཉིས་ནས་ཐོན། ས་རིམ་པ་དགུའི་འོག་ཏུ་འཆི་བདག་གླང་དམར་པོའི་རྣམ་པར་གནས་པའི་ཁ་གདངས་བ་ནས་ཞུགས། ལྟོ་བར་ཚུད་པས་དུས་མ་ཡིན་པའི་འཆི་བ་བསླུས་པར་བསམ་ལ་ཡི་གེ་བརྒྱ་བ་རབ་ཅི་ནུས། འབྲིང་བརྒྱ་རྩ། ཐ་མའང་ཉེར་གཅིག་ལ་ཉུང་མཐའ་བྱས་པ་བཟླས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་སྟོབས་བཞིའི་གནད་དང་ལྡན་པས། ཨཿ བདག་ཉིད་ཐ་མལ་སྤྱི་བོ་རུ༔ པད་དཀར་ཟླ་བའི་གདན་གྱི་དབུས༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལ༔ ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོངས༔ འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ༔ ཁྱོད་ཐུགས་ཟླ་བ་དགྱེས་པའི་སྟེང་༔ ཧཱུྃ་ཡིག་ཐ་མར་སྔགས་ཀྱིས་བསྐོར༔ བཟླས་པ་སྔགས་ཀྱི་རྒྱུད་བསྐུལ་བས༔ ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ག་བུར་རྡུལ་ལྟར་འཛག་པ་ཡིས༔ བདག་དང་ཁམས་གསུམ་སེམས་ཅན་གྱི༔ ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ༔ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ༔ མ་ལུས་བྱང་བར་མཛད་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་ཉམས་སུ་བླངས་བའི་མཐར། འཁོར་ལོ་བཞིའི་གནས་རྣམས་ཀྱང་བདུད་རྩིས་སྐྱ་མེར་གྱིས་ཁེངས་པས་སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག །བདེ་སྟོང་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པས་ལུས་སེམས་ཟག་མེད་ཀྱི་བདེ་བས་ཁྱབ་པར་བསམ། མཇུག་བཤགས་སྡོམ་བྱ་བ་ནི། སླར་ཡང་མོས་གུས་གདུང་ཤུགས་དྲག་པོས། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཅེས་སྐྱབས་གསོལ་གྱི་ཚིག་བརྗོད་པ་དང་། རང་རྒྱུད་ཀྱི་སྡིག་ལྟུང་དག་པ་ལ་བླ་མ་རྡོ་རྗེ་སེམས་དཔའ་ཐུགས་དགྱེས་པས་ཞལ་འཛུམ་མདངས་སུ་བཞད་ཅིང་། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གསུང་གིས་དངོས་སུ་གནང་བ་བྱིན་པ་དང་ཆབས་ཅིག་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས། རང་ཉིད་ཀྱང་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་སོགས་མ་འདྲེས་ཤིང་ཡོངས་སུ་རྫོགས་པ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསལ་བའི་ཐུགས་ཀར་ཟླ་དཀྱིལ་གྱི་དབུས་སུ་ཐུགས་སྲོག་ཧཱུྃ། ཕྱོགས་བཞིར། ཨོཾ་བཛྲ་ས་ཏྭའི་སྔགས་ཀྱི་ཡིག་འབྲུ་རྣམས་གསལ་བ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས་པའམ། ཡང་ན་དབུས་སུ་ཧཱུྃ་མཐིང་། ཤར་ཏུ་ཨོཾ་དཀར་པོ། ལྷོ་བཛྲ་སེར་པོ། ནུབ་ཏུ་ས་དམར་པོ། བྱང་དུ་ཏྭ་ལྗང་གུ་རྣམས་ལས་འོད་ཟེར་རང་མདོག་འཕྲོ་བ་དམིགས་ཀྱང་ཆོག །འཕགས་པ་མཆོད། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཚུར་འདུས་རང་ལ་ཐིམ། སླར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཕྱི་སྣོད་ཀྱི་འཇིག་རྟེན་འོག་མིན་མངོན་པར་དགའ་བའི་ཞིང་དང་། ནང་བཅུད་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའ་རིགས་ལྔའི་རང་བཞིན་དུ་སངས་རྒྱས། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒོ་ནས་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བར་ལམ་དུ་ཁྱེར་ཞིང་། ཡང་སྙིང་ཨོཾ་བཛྲ་ས་ཏྭ་ཧཱུྃ་ཅི་ནུས་བཟླས་པ་ནི་ཁྱད་པར་བསྐྱེད་རིམ་ལ་བརྟེན་པའི་སྒྲིབ་སྦྱོང་དང་། མཐར་ཐུག་ལྷ་སྔགས་ཀྱི་སྤྲོས་པ་ཐམས་ཅད་རིམ་པར་ཧཱུྃ་གི་ནཱ་དའི་བར་བསྡུ། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྤྲོས་བྲལ་འོད་གསལ་གཉུག་མའི་ངང་དུ་བསྡུས་ཏེ། སྦྱང་བྱ་སྦྱོང་བྱེད་ཀྱི་རྟོག་ཚོགས་ཐམས་ཅད་གཟོད་མ་ནས་རང་བཞིན་གྱིས་མ་གྲུབ་པའི་རིག་སྟོང་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་བལྟ་ཞིང་མཉམ་པར་འཇོག་པ་ནི་དོན་དམ་རྫོགས་རིམ་ལ་བརྟེན་པའི་སྒྲིབ་པ་སྦྱོང་ཚུལ་བླ་ན་མེད་པའོ། །བཞི་བ་མཎྜལ་ནི། མདུན་གྱི་ནམ་མཁར་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་སྟེ། རིན་པོ་ཆེ་ལ་སོགས་པའི་མཎྜལ་བྱི་དོར་བྱས་ལ་དྲི་བཟང་དང་བ་བྱུང་གི་ཆུས་བྱུགས་པར་མེ་ཏོག་གི་ཚོམ་བུ་སོ་བདུན་ནམ་བདུན་བཀོད་པའམ། རྒྱུན་དུ་མ་འགྲུབ་ན་དམིགས་པས་ཀྱང་རུང་སྟེ། གང་ལྟར་ཡང་ཐུན་མོང་སྤྲུལ་སྐུའི་མཎྜལ་གླིང་བཞི་རི་རབ་ལྷ་གནས་དང་བཅས་པའི་སྟོང་གསུམ་འཇིག་རྟེན་གྱི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་སྣོད་བཅུད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པས་ཡོངས་སུ་གང་བ་དང་། བྱེ་བྲག་ཏུ་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ལྟོས་མེད་དུ་འབུལ་བ། དེའི་སྟེང་མཁར་ཐུན་མིན་ལོངས་སྐུའི་མཎྜལ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་མཆོད་པའི་སྤྲིན་ཕུང་འབྱམས་ཀླས་སུ་ཤར་བ། དེའི་སྟེང་གི་དབྱིངས་ལ་ཁྱད་པར་ཆོས་སྐུའི་མཎྜལ་སྐྱེ་མེད་གདོད་མའི་ས་གཞི་ལ་འགག་མེད་འོད་གསལ་གྱི་སྣང་ཆ་རིག་པ་ཚད་ཕེབས་ཀྱི་ཚོམ་བུ་བཀོད་པ་སྟེ། དེ་དག་ཀྱང་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་རྡུལ་སྙེད་ཀྱི་ཞིང་ཁམས་ཅིར་ཡང་འཆར་བའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་རྣམ་པ་ཐམས་ཅད་པའི་ཚུལ་ཁོང་དུ་ཆུད་པས་ཕུལ་ལ། བདག་གཞན་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་ཤིང་། སྒྲིབ་གཉིས་བྱང་བ་དང་། ཉམས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་རྒྱུད་ལ་སྐྱེས་ནས། མཐར་ཐུག་སྐུ་གསུམ་གྱི་ཞིང་ཁམས་རྒྱ་མཚོར་ལོངས་སྤྱོད་པར་མཛད་དུ་གསོལ་སྙམ་པའི་མོས་གུས་ཀྱི་གདུང་བ་དང་བཅས་ཏེ། ཨོཾ་ཨཱཿཧཱུྃཿ སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་༔ རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་བས་གཏམས༔ བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱིས༔ ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྲིད་ཐོབ་ཤོག༔ འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་༔ ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅན༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པ༔ ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུ༔ ཐུགས་རྗེ་མ་འགག་ཆོས་ཉིད་རོལ་བས་བརྒྱན༔ སྐུ་དང་ཐིག་ལེའི་འཛིན་པ་རྣམ་དག་ཞིང་༔ ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ལན་ཇི་ལྟར་རིགས་པ་འབུལ་ལོ། །ལྔ་བ་ཀུ་སཱ་ལའི་ཚོགས་གསོག་ནི། ཚོགས་ཞིང་སྔར་གསལ་བཞིན་པའི་འོག་ཏུ་གནོད་བྱེད་ཀྱིས་གཙོས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྐད་ཅིག་གིས་གསལ་བཏབ་ལ། ཕཊཿཅེས་བརྗོད་པ་དང་ཆབས་ཅིག །རང་ལུས་འཛིན་སེམས་ཀྱིས་གཅེས་པར་བཟུང་བའི་ཞེན་པ་སྤངས་པས། རང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་པ་ཞིག་སྤྱི་བོ་ནས་རྒྱངས་ཀྱིས་ཐོན་པས་ཡེ་ཤེས་ཀྱི་མཁའ་འགྲོ་ཁྲོས་མ་ནག་མོ་དར་དང་རིན་ཆེན་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། སྤྱི་བོར་ཕག་ཞལ་གྱིས་མཚོན་པའི་ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་པས་ཕུང་བོ་རྙིང་པའི་ཐོད་པ་སྨིན་མཚམས་ནས་བྲེགས་ཏེ་སྟོང་གསུམ་དང་མཉམ་པར་གྱུར་བ་དེ་ཉིད་ཐོད་པའི་སྒྱེད་བུ་རི་རབ་ཙམ་གསུམ་གྱི་ཁར་བཞག་པའི་ནང་དུ་ལུས་ཀྱི་ཆ་ཤས་རྣམས་དུམ་བུར་བཅད་དེ་བླུགས། འོག་ནས་ཨ་ཐུང་ལས་ཡེ་ཤེས་ཀྱི་མེ་འབར། སྟེང་དུ་ཧཾ་ཡིག་དཀར་བོ་མགོ་ཐུར་བསྟན་དུ་གནས་པ་ལས་བདུད་རྩིའི་རྒྱུན་འཛག་སྟེ་ཞུ་ཞིང་ཁོལ། ཨོཾ་བརྗོད་པས་མ་དག་པའི་དངོས་པོ་ཐམས་ཅད་རླངས་པ་སྔོ་དམར་གྱི་རྣམ་པར་ཕྱིར་ཐོན་ཏེ་སྦྱངས། ཨཱཿས་དག་པ་ཡེ་ཤེས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པར་སྤེལ། ཧཱུྃ་གི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་དགུའི་ལོངས་སྤྱོད་ཅིར་ཡང་འཆར་བའི་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་བསྒྱུར་བར་བསམས་ལ་འབྲུ་གསུམ་མང་དུ་བརྗོད། དེ་ནས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ། ཕུད་ཀྱི་ཚོགས་ཞིང་རྣམས་ལ་མཆོད་པས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་ཚིམས་ཏེ་རང་གཞན་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་། དངོས་གྲུབ་རྣམ་པ་གཉིས་ཐོབ། ལྷག་མ་རིགས་དྲུག་གི་སེམས་ཅན་རྣམས་དང་། ཁྱད་པར་གནོད་བྱེད་ཀྱི་ཚོགས་རྣམས་ལ་བྱིན་པས་སོ་སོས་གང་འདོད་པའི་ཡོ་བྱད་དང་། ཤ་ཁྲག་རུས་པའི་ཕུང་པོར་གྱུར་ནས་ལོངས་སྤྱོད། ལན་ཆགས་དང་བུ་ལོན་བྱང་། གནོད་འཚེ་དང་གདུག་སེམས་ཞི། ལུས་ཟག་མེད་འཇའ་ཚོན་གྱི་སྐུ་དང་། སེམས་རྟོག་མེད་ཆོས་ཀྱི་སྐུར་གནས་འགྱུར་བར་བསམ་ལ། ཕཊཿ ལུས་གཅེས་འཛིན་བོར་བས་ལྷ་བདུད་ཆོམ༔ སེམས་ཚངས་པའི་སྒོ་ནས་དབྱིངས་ལ་ཐོན། འཆི་བདག་གི་བདུད་བཅོམ་ཁྲོས་མར་གྱུར༔ གཡས་ཉོན་མོངས་བདུད་འཇོམས་གྲི་གུག་གིས༔ གཟུགས་ཕུང་བོའི་བདུད་བཅོམ་ཐོད་པ་བྲེགས༔ གཡོན་ལས་བྱེད་ཚུལ་གྱིས་བྷནྡྷ་ཐོགས༔ སྐུ་གསུམ་གྱི་མི་མགོའི་སྒྱེད་པུར་བཞག༔ ནང་སྟོང་གསུམ་གང་བའི་བམ་རོ་དེ༔ ཨ་ཐུང་དང་ཧཾ་ཡིག་གིས་བདུད་རྩིར་ཞུ༔ འབྲུ་གསུམ་གྱི་ནུས་པས་སྦྱང་སྤེལ་བསྒྱུར༔ ཨོཾ་ཨཱཿཧཱུྃ༔ གྲངས་མེད་མཐར། ཕཊཿ ཡར་མཆོད་ཡུལ་མགྲོན་གྱི་ཐུགས་དམ་བསྐང་༔ ཚོགས་རྫོགས་ནས་མཆོག་ཐུན་དངོས་གྲུབ་ཐོབ༔ མར་འཁོར་བའི་མགྲོན་མཉེས་ལན་ཆགས་བྱང་༔ ཁྱད་པར་དུ་གནོད་བྱེད་བགེགས་རིགས་ཚིམས༔ ནད་གདོན་དང་བར་ཆད་དབྱིངས་སུ་ཞི༔ རྐྱེན་ངན་དང་བདག་འཛིན་རྡུལ་དུ་བརླགས༔ མཐར་མཆོད་བྱ་དང་མཆོད་ཡུལ་མ་ལུས་ཀུན༔ གཤིས་རྫོགས་པ་ཆེན་པོར་མ་བཅོས་ཨཱཿ ཞེས་མཐར་མཆོད་བྱ་དང་མཆོད་ཡུལ་སོགས་ཀྱིས་མཚོན་གཟུང་འཛིན་གྱི་རྟོག་ཚོགས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སེམས་ཀྱི་གཤིས་ལུགས་འོད་གསལ་རྫོགས་པ་ཆེན་པོའི་དབྱིངས་སུ་སྦྱངས་ནས་འཁོར་གསུམ་གྱི་མཚན་མ་དང་བྲལ་བའི་མ་བཅོས་གཉུག་མའི་ངང་དུ་ངལ་གསོའོ། །དྲུག་པ། བླ་མའི་རྣལ་འབྱོར་ལ་གསུམ་ལས། དང་པོ་གསལ་གདབ་པ་ནི། འདི་ལྟར་ནམ་མཁས་གར་ཁྱབ་ཐམས་ཅད་རང་གི་སྣང་བས་ཁྱབ་པས། སྣང་བས་ཁྱབ་ཚད་ཀྱི་ཞིང་ཁམས་ཐམས་ཅད་ལ། ཐ་མལ་གྱི་འཛིན་སྟངས་དབྱིངས་སུ་ཐིམ་པ་ལས་རང་བྱུང་ལྷུན་གྲུབ་ཏུ་ཤར་བའི་དག་པ་རབ་འབྱམས་ཀྱི་ཞིང་དབྱིབས་དང་། རྒྱན་དང་། བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་འོག་མིན་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གསལ་བའི་དབུས་སུ། རང་ཉིད་གཞི་ལུས་ཀྱི་དངོས་པོ་ངོ་བོ་མཚོ་རྒྱལ་མ། རྣམ་པ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གཡས་གྲི་གུག་དང་། གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ཤིང་། གྲུ་མོ་གཡོན་ན་ཁ་ཊཱཾ་ག་འཆར་བ། པད་ཉི་བམ་རོའི་གདན་ལ་ཞབས་གཡས་བརྐྱངས་ཤིང་། གཡོན་ཅུང་ཟད་བསྐུམས་པའི་དོར་སྟབས་ཀྱིས་བཞུགས་པ། དར་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང་། མོས་གུས་ཀྱི་སྤྱན་གསུམ་བླ་མའི་ཐུགས་ཀར་རིངས་བའི་ཚུལ་གྱིས་གཟིགས་པའི་སྤྱི་བོའི་ཐད་མདུན་གྱི་ནམ་མཁའི་གནས་སུ་སྣ་ཚོགས་པདྨ་འདབ་མ་འབུམ་དང་ལྡན་པ། དེའི་ཟེའུ་འབྲུ་དང་ཚད་ཉམས་པའི་ཉི་ཟླའི་དཀྱིལ་འཁོར་གྱི་དབུས་སུ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ལོ་བརྒྱད་ལོན་པའི་ངང་ཚུལ་ཅན། སྤྱན་གཉིས་ལྟ་སྟངས་ཧྲིག་གེར་གཟིགས་པ། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ་དང་། དེའི་སྟེང་དུ་རིམ་པར་འདུང་མ་དམར་པོ་དང་། སྔགས་ཀྱི་ཕོད་ཆེན་མཐིང་ནག་དང་། ཆོས་གོས་དམར་པོ་གསེར་གྱི་མེ་ཏོག་གི་རི་མོ་སྤྲས་པ་ཟ་འོག་གི་བེར་དམར་སྨུག་རྣམས་བརྩེགས་མར་གསོལ་བ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་བ་ཐུགས་ཀར་གཏོད་པའི་ཚུལ་དང་། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལའི་དབུས་སུ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཚེའི་བུམ་པ་དང་། གྲུ་མོ་༼སྣང་སྲིད་ཟིལ་གནོན་བསྒོམ་ཀྱང་ཆོག་མཆན།༽ གཡོན་དུ་ཡུམ་མནྡྷ་ར་བ་སྦས་པའི་ཚུལ་གྱིས་ཁ་ཊྭཱྂ་རྩེ་གསུམ་གྱི་རྣམ་པར་བསྣམས་པ། དབུ་ལ་འདབ་མ་ལྔ་དང་ལྡན་པའི་པདྨའི་གཉེན་ཞུ་གསོལ་ཞིང་ཁྲོ་འཛུམ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ། ཞབས་གཉིས་རྒྱལ་བོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའི་མཐའ་སྐོར་ཀུན་ཏུ་འཇའ་ཚོན་གྱིས་གུར་ཕུབ་ཅིང་། འོད་ལྔའི་ཟེར་ཐག་གི་དྲ་བ་མིག་མང་རིས་སུ་འབྲེལ་བའི་ནང་ཁོང་འཇའ་འོད་ཀྱི་ཐིག་ལེ་ཟླུམ་པོར་འཁྱིལ་བའི་ཀློང་དུ། རྩ་བའི་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རྣམ་རོལ་ལས་ཤར་བའི་རྒྱ་གར་གྱི་རིག་འཛིན་བརྒྱད། རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་བཞི། བོད་ཀྱི་གྲུབ་ཆེན་རྗེ་འབངས་ཉེར་ལྔ་སོགས་རྒྱ་བོད་ཀྱི་པཎ་གྲུབ་རིག་པ་འཛིན་པའི་ས་ལ་བཞུགས་པ་རྣམས་དང་། རྒྱུད་སྡེ་ཆེན་པོ་དྲུག་དང་འབྲེལ་བའི་ཡི་དམ་ཞི་ཁྲོ་རབ་འབྱམས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་བོ་གཏིབས་པ་ལྟར་བཞུགས་ཤིང་། དེ་ཐམས་ཅད་ཀྱང་གསལ་སྟོང་ཟུང་འཇུག་ཆུ་ཟླ་དང་འཇའ་ཚོན་ལྟ་བུ་ཐ་མལ་གྱི་ཤེས་པ་རང་འགགས་སུ་འགྲོ་བས། ཨེ་མ་ཧོཿ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང༔ བཀོད་པ་རབ་རྫོགས་ཟངས་མདོག་དཔལ་རིའི་དབུས༔ རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན༔ ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས༔ སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེང༔ སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང༔ དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་བའི་སྐུ༔ དཀར་དམར་མདངས་ལྡན་གཞོན་ནུའི་ཤ་ཚུགས་ཅན༔ ཕོད་ཁ་ཆོས་གོས་ཟ་བེར་འདུང་མ་གསོལ༔ ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་བའི་སྟབས༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ དབུ་ལ་འདབ་ལྡན་པདྨའི་གཉེན་ཞུ་གསོལ༔ མཆན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མ༔ སྦས་པའི་ཚུལ་གྱིས་ཁ་ཊྭཱྂ་རྩེ་གསུམ་བསྣམས༔ འཇའ་ཟེར་ཐིག་ལེའི་འོད་ཕུང་ཀློང་ན་བཞུགས༔ ཕྱི་འཁོར་འོད་ལྔའི་དྲྭ་བས་མཛེས་པའི་ཀློང༔ སྤྲུལ་བའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང༔ རྒྱ་བོད་པཎ་གྲུབ་རིག་འཛིན་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་གཏིབས༔ གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ༔ ཞེས་གསལ་བཏབ་ནས། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་བོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཚིག་བདུན་གསོལ་འདེབས་བརྗོད་མཐར་མོས་གུས་ཀྱི་གདུང་ཤུགས་དྲག་པོ་དང་བཅས་ཏེ་བསྐུལ་བས། རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་ཨོ་རྒྱན་པདྨ་ཐོད་ཕྲེང་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་བཞིན་ལྷོ་ནུབ་ཀྱི་མཚམས་ནས་ཡེར་གྱིས་བྱོན་ཏེ་དམ་ཚིག་པ་དང་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བལྟའོ། །གཉིས་པ་ཡན་ལག་བདུན་པ་འབུལ་པ་ནི། རང་ལུས་བརྒྱ་སྟོང་གྲངས་མེད་པར་སྤྲུལ་ཏེ་དེ་རྣམས་དང་ལྷན་ཅིག་ཏུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བ་དང་། དངོས་སུ་བཤམས་པ་དང་། ཡིད་ཀྱིས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་མཁའ་དབྱིངས་ཁྱབ་པར་སྤྲོས་ཏེ་མཆོད་པ་འབུལ་བ་དང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་སྒོ་གསུམ་གྱིས་བསགས་པའི་སྡིག་ལྟུང་ཐམས་ཅད་གནོང་འགྱོད་དྲག་པོས་བཤགས་པས་ལྕེ་ཐོག་ཏུ་ནག་ཕུང་གིས་འདུས་པར། ཚོགས་ཞིང་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་བ་ཕོག་པས་དྲི་མ་བཀྲུས་པ་བཞིན་དག་པར་བསམས་ལ་ཕྱིས་མི་བྱེད་པར་གཉེན་པོས་བསྡམས་ཏེ་བཤགས་པ་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་པས་བསྡུས་པའི་འཁོར་འདས་ལམ་གསུམ་གྱི་དགེ་བའི་རྩ་བ་ལ་དགའ་ཞིང་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བ་དང་། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། འཁོར་བ་མ་སྟོངས་བར་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། དེ་ལྟར་བསགས་པའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བ་སྟེ། ཡན་ལག་བདུན་གྱི་དམིགས་པ་རྣམས་དྲན་བཞིན་པས་ཕྱག་དང་བཅས། ཧྲཱིཿ བདག་ལུས་ཞིང་གི་རྡུལ་སྙེད་དུ༔ རྣམ་པར་འཕྲུལ་བས་ཕྱག་འཚལ་ལོ༔ དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུས༔ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ༔ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ འོད་གསལ་ཆོས་སྐུའི་ངང་དུ་བཤགས༔ བདེན་པ་གཉིས་ཀྱིས་བསྡུས་པ་ཡི༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ རིགས་ཅན་གསུམ་གྱི་གདུལ་བྱ་ལ༔ ༼ ཚིག་འདི་མཁྱེན་བརྩེ་དབང་པོས་ཞལ་སྐོང་། ༽ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ ཇི་སྲིད་འཁོར་བ་མ་སྟོང་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ༔ ཞེས་ལན་ཇི་ལྟར་རིགས་པར་བྱའོ། །གསུམ་པ་གསོལ་བ་གདབ་ཅིང་དབང་བླང་བ་ནི། འདི་ལྟར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ནི། རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་ལ་རགས་ལས་ཤིང་། རྟོགས་པ་སྐྱེ་བ་བླ་མའི་བྱིན་རླབས་དང་། བྱིན་རླབས་འཇུག་པ་མོས་གུས་ཀྱི་རྟེན་འབྲེལ་ཁོ་ན་ལ་རགས་ལས་པས་ན། རང་གི་རྩ་བའི་བླ་མ་དེ་ཉིད་ཡོན་ཏན་གྱི་ངོས་ནས་སངས་རྒྱས་དང་མཉམ་ཞིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་བས་ཀྱང་ཆེས་ཆེར་ལྷག་པར་ཐག་བཅད། ངེས་ཤེས་བསྐྱེད། བློ་སྙིང་བྲང་གསུམ་ལིང་གིས་གཏད་ལ། འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་ཏུ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེད་ཁོ་ན་མཁྱེན་ནོ་སྙམ་པའི་རེ་ལྟོས་ལིང་བསྐྱུར་གྱི་ཚུལ་གྱིས་ལུས་ཀྱི་བ་སྤུ་གཡོ་བ། མིག་ནས་མཆི་མ་འཁྲུགས་པ། བློ་སྣ་བླ་མས་ཕྲོགས་པ། བསམ་རྒྱུ་བླ་མ་ལས་མེད་པ། ལུས་སེམས་ཚུགས་མི་ཐུབ་པའི་མོས་གུས་གདུང་ཤུགས་དྲག་པོས། རྗེ་བཙུན་གུ་རུ་རིན་པོ་ཆེ༔ ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་བྱིན་རླབས་འདུས་པའི་དཔལ༔ སེམས་ཅན་ཡོངས་ཀྱི་མགོན་གཅིག་པུ༔ ལུས་དང་ལོངས་སྤྱོད་བློ་སྙིང་བྲང༔ ལྟོས་པ་མེད་པར་ཁྱོད་ལ་འབུལ༔ འདི་ནས་བྱང་ཆུབ་མ་ཐོབ་པར༔ སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུན༔ རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན༔ ཞེས་སིདྡྷི་ཅི་ནུས་དང་། བདག་ལ་རེ་ས་གཞན་ན་མེད༔ ད་ལྟའི་དུས་ངན་སྙིིགས་མའི་འགྲོ༔ མི་བཟོད་སྡུག་བསྔལ་འདམ་ཁ་ཙམ་མིན་པའི་ཅི་མཛད་ཁྱེད་ཤེས་ཀྱིས་མཆན་དུ་བྱིང༔ འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུ༔ དབང་བཞི་སྐུར་ཅིག་བྱིན་རླབས་ཅན༔ རྟོགས་པ་སྤོར་ཅིག་ཐུགས་རྗེ་ཅན༔ སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན༔ ཞེས་ཚོགས་ཞིང་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ནས་འོད་ཟེར་རིམ་དང་ཅིག་ཅར་དུ་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་གྱི་ལས་དང་སྒྲིབ་པ་དག་པར་མོས་མཆན། ནམ་ཞིག་ཚེ་ཡི་དུས་བྱས་ཚེ༔ རང་སྣང་རྔ་ཡབ་དཔལ་རིའི་ཞིང༔ ཟུང་འཇུག་སྤྲུལ་པའི་ཞིང་ཁམས་སུ༔ གཞི་ལུས་རྡོ་རྗེ་རྣལ་འབྱོར་མ༔ གསལ་འཚེར་འོད་ཀྱི་གོང་བུ་རུ༔ གྱུར་ནས་རྗེ་བཙུན་པད་འབྱུང་དང༔ དབྱེར་མེད་ཆེན་པོར་སངས་རྒྱས་ཏེ༔ བདེ་དང་སྟོང་པའི་ཆོ་འཕྲུལ་གྱི༔ ཡེ་ཤེས་ཆེན་པོའི་རོལ་བ་ལས༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ འདྲེན་པའི་དེད་དཔོན་དམ་པ་རུ༔ རྗེ་བཙུན་པདྨས་དབུགས་དབྱུང་གསོལ༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ ཁ་ཙམ་ཚིག་ཙམ་མ་ཡིན་ནོ༔ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ༔ བསམ་དོན་འགྲུབ་པར་མཛད་དུ་གསོལ༔ ཞེས་ཚར་འོས་མཚམས་ཀྱི་རྗེས་སུ། གསོལ་འདེབས་རྒྱུད་སྐུལ་གྱི་རྣལ་འབྱོར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ལ་ཆིག་སྒྲིལ་དུ་བྱ། དེའི་ཚེའང་། ཨོཾ་ཨཱཿཧཱུྃ་ཞེས་རྡོ་རྗེ་གསུམ་གྱི་ས་བོན་གྱིས་ཐོག་དྲངས་ཏེ། བཛྲ་ནི་མཚན་རྟོག་པའི་སྤྲོས་པས་མི་ཕྱེད་པའི་ཕྱིར་ཆོས་ཀྱི་སྐུ་དང་། གུ་རུ་ནི་དེའི་ངང་ལས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་ཡོན་ཏན་གྱི་ཁུར་གྱིས་ལྕི་བས་ན་ལོངས་སྐུ། པདྨ་ནི་དེའང་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རིག་མདངས་གསུང་པདྨའི་རིགས་སུ་ཤར་བས་ན་སྤྲུལ་སྐུ་སྟེ། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་པའི་བླ་མ་ཨོ་རྒྱན་ཆེན་པོའི་ཡོན་ཏན་རྗེས་སུ་དྲན་པས། སེམས་ཀྱི་གཤིས་སྤྲོས་པ་དང་བྲལ་པའི་རང་རྩལ་མོས་གུས་སུ་དུང་ངེ་བའི་ངང་ནས་གསོལ་བ་གདབ་ཅིང་། དེ་ལྟར་གསོལ་བ་བཏབ་པའི་མཐུ་ལས། སིདྡྷི་སྟེ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཧཱུྃ་ཞེས་བདག་གི་ཤེས་རྒྱུད་ལ་དུས་ད་ལྟ་ཉིད་དུ་སྩོལ་ཅིག་སྙམ་པའི་དོན་དྲན་པར་བྱས་པ་དང་། སྐབས་སུ་ཕྱི་སྣོད་ཀྱི་འཇིག་རྟེན་ཟངས་མདོག་དཔལ་རིའི་ཕོ་བྲང་། ནང་བཅུད་ཀྱི་སེམས་ཅན་ཨོ་རྒྱན་དཔའ་བོ་མཁའ་འགྲོའི་ཚོམ་བུ། སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། གསང་བ་སེམས་ཀྱི་འཕྲོ་འདུ་རང་གྲོལ་བྱ་ལམ་རྗེས་མེད་དུ་ཤེས་པའི་ངང་ནས་བཟླས་པ་ལ་འབད། མཐར་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཡོན་ཏན་དྲན་བཞིན་དུ་བརྒྱུད་པའི་གསོལ་འདེབས། ཨེ་མ་ཧོཿ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས༔ དང་པོའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང༔ ལོངས་སྐུ་ཆུ་ཟླའི་རོལ་རྩལ་རྡོ་རྗེ་སེམས༔ སྤྲུལ་སྐུར་མཚན་རྫོགས་དགའ་རབ་རྡོ་རྗེ་ལ༔ གསོལ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ༔ ཤྲཱི་སིངྷ་དོན་དམ་ཆོས་ཀྱི་མཛོད༔ འཇམ་དཔལ་བཤེས་གཉེན་ཐེག་དགུའི་འཁོར་ལོས་སྒྱུར༔ ཛྙ་ན་སུ་ཏྲ་པཎ་ཆེན་བི་མ་ལར༔ གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོན༔ འཛམ་བུའི་གླིང་གི་རྒྱན་གཅིག་པདྨ་འབྱུང༔ ངེས་པར་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགས༔ ཐུགས་གཏེར་རྒྱ་མཚོའི་བརྡ་འགྲོལ་ཀློང་ཆེན་ཞབས༔ མཁའ་འགྲོའི་དབྱིངས་མཛོད་བཀའ་བབས་འཇིགས་མེད་གླིང༔ གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་སྩོལ༔ ཁ་སྐོང་ནི། གསང་བདག་དཔའ་བོ་ཀུན་བཟང་གཞན་ཕན་དཔལ། །སྤྱན་རས་གཟིགས་དངོས་རྒྱལ་བའི་མྱུ་གུ་དང་། །ཆོས་ཀྱི་སྤྱན་མངའ་དྲི་མེད་བློ་གྲོས་ཞབས། །བཀའ་བབས་བདུན་ལྡན་རྡོ་རྗེ་གཟི་བརྗིད་ལ། །གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་ཤོག །རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་། །རྒྱལ་སྲས་རིག་འཛིན་རྡོ་རྗེ་རབ་བསྔགས་རྩལ། །ཀུན་མཁྱེན་བླ་མ་དགེ་ལེགས་ཆོས་འཕེལ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག ༈ །སྲིད་ལས་ངེས་པར་འབྱུང་བའི་ཞེན་ལོག་གིས༔ རྡོ་རྗེ་བླ་མ་དོན་ལྡན་མིག་བཞིན་བསྟེན༔ ཅི་གསུང་བཀའ་བསྒྲུབ་ཟབ་མོའི་ཉམས་ལེན་ལ༔ ལྟེམ་རྐྱང་མེད་པའི་བསྒྲུབ་ཚུགས་ཞེ་རུས་ཀྱིས༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བར་ཤོག༔ སྣང་སྲིད་འཁོར་འདས་ཡེ་ནས་འོག་མིན་ཞིང༔ ལྷ་སྔགས་ཆོས་སྐུར་དག་རྫོགས་སྨིན་པའི་འབྲས༔ སྤང་བླང་བྱ་རྩོལ་མེད་པའི་རྫོགས་པ་ཆེ༔ ཤེས་ཉམས་ཡིད་དཔྱོད་ལས་འདས་རིག་པའི་གདངས༔ ཆོས་ཉིད་མངོན་སུམ་རྗེན་པར་མཐོང་བར་ཤོག༔ མཚན་མའི་རྟོག་པ་རྣམ་གྲོལ་འཇའ་ཟེར་སྦུབས༔ སྐུ་དང་ཐིག་ལེ་ཉམས་སྣང་གོང་དུ་འཕེལ༔ རིག་རྩལ་ལོངས་སྐུའི་ཞིང་ཁམས་ཚད་ལ་ཕེབས༔ ཆོས་ཟད་བློ་འདས་ཆེན་པོར་སངས་རྒྱས་ཏེ༔ གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག༔ ཤིན་ཏུ་རྣལ་འབྱོར་ཉམས་འོག་མ་ཆུད་དེ༔ རགས་ལུས་དྭངས་མའི་དབྱིངས་སུ་མ་གྲོལ་ན༔ ནམ་ཞིག་ཚེ་ཡི་འདུ་བྱེད་བསྟུང་བའི་ཚེ༔ འཆི་བ་འོད་གསལ་ཀ་དག་ཆོས་སྐུར་ཤར༔ བར་དོའི་སྣང་ཆ་ལོངས་སྤྱོད་རྫོགས་སྐུར་གྲོལ༔ ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་ནས༔ མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག༔ གསང་ཆེན་འོད་གསལ་ཐེག་པ་མཆོག་གི་རྩེ༔ སངས་རྒྱས་གཞན་ནས་མི་འཚོལ་ཆོས་སྐུའི་ཞལ༔ མངོན་གྱུར་གདོད་མའི་ས་ལ་མ་གྲོལ་ན༔ མ་བསྒོམ་སངས་རྒྱས་ཆོས་ལྔའི་ལམ་མཆོག་ལ༔ བརྟེན་ནས་རང་བཞིན་སྤྲུལ་པའི་ཞིང་ལྔ་དང༔ ཁྱད་པར་པདྨ་འོད་ཀྱི་ཕོ་བྲང་དུ༔ རིག་འཛིན་རྒྱ་མཚོའི་གཙོ་མཆོག་ཨོ་རྒྱན་རྗེས༔ གསང་ཆེན་ཆོས་ཀྱི་དགའ་སྟོན་འགྱེད་པའི་སར༔ སྲས་ཀྱི་ཐུ་བོར་སྐྱེས་ནས་དབུགས་དབྱུང་སྟེ༔ མཐའ་ཡས་འགྲོ་བའི་ཉེར་འཚོར་བདག་འགྱུར་ཤོག༔ རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང༔ ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་པ་ཡིས༔ དལ་འབྱོར་རྟེན་ལ་རྫོགས་སྨིན་སྦྱངས་གསུམ་གྱི༔ རྟེན་འབྲེལ་མངོན་གྱུར་སངས་རྒྱས་ཐོབ་པར་ཤོག༔ ཅེས་སྨོན་ལམ་དང་བཅས་པས་མོས་གུས་གདུང་ཤུགས་དྲག་པོ་བྱས་པས་འཁོར་རྣམས་རྩ་བའི་བླ་མ་ལ་ཐིམ། བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལས་དབང་བཞི་ངག་འདོན་གྱི་དཀྱུས་ནས་གསལ་བ། གུ་རུའི་སྨིན་མཚམས་ནས་ཨོཾ་ཡིག་ཆུ་ཤེལ་ལྟ་བུར་འཚེར་བ་ལས་འོད་ཟེར་འཕྲོས། རང་གི་སྤྱིི་བོ་ནས་ཞུགས། ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག །མགྲིན་པ་ནས་ཨཱཿ་ཡིག་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་ག་ནས་ཞུགས། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙཎྜ་ལིའི་སྣོད་དུ་གྱུར། ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས། ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་དུ་ཆད། རང་སེམས་དང་ཐ་དད་མེད་པར་འདྲེས། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རྒྱུད་ལ་བཞག་གོ །དེ་ལྟར་འདོན་སྒོམ་ཟུང་དུ་འཇུག་པས་དབང་བླངས་རྗེས་བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་བསྲེས་ཏེ་རང་སེམས་རིག་སྟོང་རྗེན་པ་སྐད་ཅིག་མའི་ངང་མདངས་བསྐྱངས་ནས་བཟླས་པ་བྱ། ཐུན་བསྡུ་བ་ན། ༈ ནམ་ཞིག་ཚེ་ཡི་༼གོང་དུ་སོང་བ་འདིར་བླང་མཆན།༽ དུས་བྱས་ཚེ༔ སོགས་བརྗོད་པ་དང་ཆབས་ཅིག་རྫོགས་རིམ་བསྡུ་བའི་དམིགས་པ་ནི། བླ་མ་ལ་གདུང་བ་དྲག་པོའི་རྐྱེན་གྱིས་བདག་ཉིད་ལ་ཐུགས་རྗེའི་འཇུག་པས་ལྷག་པར་དགོངས་ཏེ། ཞལ་འཛུམ་པ་དང་སྤྱན་རྗེས་ཆགས་སུ་གཡོ་བར་གསལ་ལ། བླ་མའི་ཐུགས་ཀ་ནས་འོད་ཟེར་དམར་པོ་དྲོད་དང་བཅས་པ་ཞིག་ཝལ་གྱིས་བྱུང་བ་བདག་ཉིད་རྣལ་འབྱོར་མར་གསལ་བའི་སྙིང་གར་རེག་པ་ཙམ་གྱིས་འོད་དམར་གྱི་གོང་བུ་ཞིག་ཏུ་གྱུར་ནས་གུ་རུ་རིན་པོ་ཆེའི་ཐུགས་ཀར་ཐིམ་པས་དབྱེར་མེད་རོ་གཅིག་ཏུ་གྱུར། ཅེས་དེའི་ངང་དུ་ཅི་གནས་སུ་བཞག་ཏེ། སླར་འཕོ་ལུང་རྒྱུན་འཁྱེར་ཁྲིགས་ལྟར་བྱའོ། །དེ་ལས་ལྡང་བའི་ཚེ་དྭངས་བའི་ཆུ་ལས་ཉ་འཕར་བ་བཞིན་གཞི་ལུས་ཞིང་ཁམས་ཀྱི་བཀོད་པ་དང་བཅས་སྔར་བཞིན་གསལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཞེས་གསོལ་འདེབས་བསྔོ་སྨོན་སྤྱི་དང་ཟངས་མདོག་དཔལ་རིའི་སྨོན་ལམ་དཔལ་རིའི་གསང་ལམ་ཀྱང་གདབ། ཐུན་མཚམས་རྣམས་སུ། ཐུན་མོང་ཁྱེར་སོ་གསུམ་གྱི་རྣལ་འབྱོར་བཟླས་དམིགས་ཀྱི་སྐབས་སུ་བཤད་པ་བཞིན་དང་། ཁྱད་པར་བཟའ་བཏུང་གི་ཕུད་བདུད་རྩིའི་རང་བཞིན་དང་། གོས་ལྷ་རྫས་ཀྱི་ན་བཟའ་བསམས་ལ་སྤྱི་བོའི་བླ་མ་ལ་འབུལ། ཚོགས་དྲུག་གི་སྣང་བར་བཟང་ངན་ལེགས་ཉེས་གང་ཤར་ཡང་ཐ་མལ་གྱི་རྟོག་པའི་རྗེས་སུ་མི་འབྲང་བར་ལྷ་སྔགས་ཡེ་ཤེས་ཀྱི་རིག་མདངས་རྒྱུན་བསྐྱང་། ནུབ་མོ་ཉལ་བའི་ཚེ་རང་གཞན་ཐམས་ཅད་ཀྱི་དོན་དུ་གསོལ་འདེབས་བསམ་པ་ལྷུན་གྲུབ་མ་དང་། ཁྱད་པར་སྐུ་གསུམ་ཞིང་ཁམས་སྦྱོང་བའི་སྨོན་ལམ་གྱི་མཐར། སྤྱི་བོའི་བླ་མ་ཚངས་པའི་བུ་ག་ནས་མར་ཡེར་གྱིས་བྱོན། རང་གི་སྙིང་པདྨ་འདབ་བཞིའི་རྣམ་པར་གནས་པའི་ནང་དུ་བྱོན། དེའི་འོད་ཟེར་གྱིས་རང་ལུས་ཀྱི་ནང་ཐམས་ཅད་གང་བའི་གསལ་ལམ་མེ་བ་ལ་སེམས་གཏད་དེ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་པའི་ངང་ཉམས་ལེན་གྱི་རྒྱུན་བསྐྱངས་ཏེ་གཉིད་ལོག་པའམ་ཡང་ན་འོད་ཟེར་དེས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་གསལ་བ་ལ་ཕོག་པས་ལན་ཚྭ་ཆུར་བཅུག་པ་བཞིན་འོད་དུ་ཞུ། ནང་བཅུད་སེམས་ཅན་ལྷར་གསལ་བ་ལ་ཐིམ། དེ་རང་ལ་ཐིམ། རང་སྙིང་གའི་བླ་མ་ལ་ཐིམ། དེའང་མི་དམིགས་པ་འོད་གསལ་དུ་སྦྱངས་པའི་སྣང་བ་ནང་གསལ་རིག་སྟོང་རྗེན་པ་ཐིམ་ལ་མ་རྨུགས་པའི་ངང་དུ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཁམས་གསོ། གལ་ཏེ་སད་ན་འཕྲོ་རྒོད་རྒྱ་འབྱམས་རྨི་ལམ་སོགས་བསམ་གཞིག་གི་འཕྲོ་བཅད་དེ་འོད་གསལ་གྱི་ངང་མདངས་ཁྱབ་བརྡལ་དུ་བསྐྱངས་པས་གཉིད་ཀྱི་འོད་གསལ་དང་རྨི་ལམ་ཟིན་པར་འགྱུར་ལ། སླར་ཡང་ཐོ་རངས་ལྡང་བའི་རྣལ་འབྱོར་སོགས་ཇི་སྐད་བཤད་པ་བཞིན་ཐུན་བཞི་སོགས་སུ་ཉམས་སུ་བླང་ངོ་། །གཞན་ཡང་ནམ་འཆི་བའི་དུས་ལ་བབ་པའི་ཚེ། རྫོགས་རིམ་བསྡུ་བའི་དམིགས་པ་དང་བཅས་དབྱིངས་རིག་བསྲེས་ཏེ་མཉམ་པར་བཞག་པ་ནི་འཕོ་བ་ཐམས་ཅད་ཀྱི་རྒྱལ་བོ་ཡིན་ཅིང་། གལ་ཏེ་འཕོ་བ་མ་ཐེབས་ན་བར་དོར་ཁྱེར་སོ་གསུམ་གྱི་རྣལ་འབྱོར་དྲན་པས་གྲོལ་བར་འགྱུར་ལ། མདོར་ན་མོས་གུས་དང་དམ་ཚིག་རྣམ་པར་དག་པས་སྔོན་འགྲོའི་ལམ་འདི་ཁོ་ནར་མཐར་ཕྱིན་པས་ཀྱང་དངོས་གཞི་ལ་མི་ལྟོས་པར་རྔ་ཡབ་དཔལ་གྱི་རི་བོར་དབྱུགས་དབྱུང་། དག་པའི་ཞིང་ཁམས་དེར་རིག་འཛིན་རྣམ་པ་བཞིའི་ལམ་ཉི་ཟླའི་བགྲོད་པ་ལས་ཀྱང་མྱུར་པས་ཀུན་ཏུ་བཟང་པོའི་ས་ལ་ཕྱིན་པར་འགྱུར་བ་ནི་ངེས་པའོ། །དེ་ལྟ་བུའི་སྔོན་འགྲོའི་ཚུལ་ལ་ཉམས་མྱོང་སྐྱེས་པ་ན། རིམ་གྱིས་དངོས་གཞི་བུམ་དབང་གི་ལམ་རིག་འཛིན་ཞི་དྲག་གི་བསྐྱེད་རིམ། གསང་དབང་གི་ལམ་རླུང་དང་གཏུམ་མོ། ཤེར་དབང་གི་ལམ་སྦས་དོན་ཐབས་ལམ། དབང་བཞི་པའི་ལམ་ཁྲེགས་ཆོད་ཐོད་རྒལ་ཡན་ལག་དང་བཅས་པ་རྣམས་ལ་ཉམས་ལེན་སྙིང་པོར་དྲིལ་ནས་ཚེ་གཅིག་གིས་ཟུང་འཇུག་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བརྙེས་པའི་ཐབས་ལ་འབད་པར་བྱའོ། ཞེས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་རྒྱུན་དུ་ཉམས་སུ་བླང་བའི་སྐབས་ཉེ་བར་མཁོ་བའི་དམིགས་རིམ་ཉུང་གསལ་སྙིང་པོར་དྲིལ་བ་འདིའང་། ལམ་འདིར་འཇུག་པའི་དང་པོའི་ལས་ཅན་རྣམས་ལ་ཕན་པའི་བསམ་པ་ཁོ་ནས་ཁྲིད་ཡིག་ལེ་ཚན་དང་བླ་མ་རྣམས་ཀྱི་ཞལ་ལུང་ཇི་ལྟ་བར། ཀུན་མཁྱེན་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་བོས་སྦྱར་བའི་དགེ་བས་འགྲོ་ཀུན་འཆི་མེད་པདྨ་ཐོད་ཕྲེང་གི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།

ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་སྨོན་ལམ་དུ་བྱ་བ་དངོས་གྲུབ་འདོད་འཇོའི་དགའ་སྟོན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

༄༅། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་སྨོན་ལམ་དུ་བྱ་བ་དངོས་གྲུབ་འདོད་འཇོའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །སེམས་ཀྱི་རྡོ་རྗེ་གཉུག་མའི་ཡེ་ཤེས་དབྱིངས། །འདུ་འབྲལ་མ་དམིགས་པདྨ་ཐོད་ཕྲེང་དང་། །དབྱེར་མེད་ཁྱབ་བདག་དཔལ་ལྡན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གང་སྐུ་མཐོང་བས་ཐ་མལ་འཁྲུལ་སྣང་འགགས། །གསུང་གསང་ཐོས་པས་བདེ་ཆེན་ཡེ་ཤེས་བསྐྱེད། །དྲན་པ་ཡིས་ཀྱང་སྲིད་ཞིའི་འཇིགས་འཕྲོག་པའི། །ཕ་གཅིག་བླ་མ་འབོད་དོ་བརྩེ་བས་དགོངས། །བདག་དང་བདག་འདྲའི་མགོན་མེད་ཉམ་ཐག་འགྲོ། །སྡུག་བསྔལ་འཁོར་བའི་རྒྱ་མཚོར་བྱིང་བ་ལ། །མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་པས། །རྣམ་དག་སྨོན་པའི་གནས་འདི་མྱུར་འགྲུབ་མཛོད། །གནས་སྐབས་ནད་གདོན་འབྱུང་བོའི་འཚེ་བ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སོགས། །མཐུན་རྐྱེན་ལེགས་ཚོགས་རྒྱས་པར་མཛད་དུ་གསོལ། །མཐར་ཐུག་ངེས་འབྱུང་བྱང་སེམས་གཏིང་ནས་འབྱོངས། །སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་ཤར། །ཀ་དག་ལྷུན་གྲུབ་རྡོ་རྗེའི་གསེང་ལམ་ནས། །མཆོག་གི་དངོས་གྲུབ་བརྙེས་པར་བྱིན་གྱིས་རློབས། །གལ་ཏེ་ཚེ་འདིར་གྲུབ་མཐའ་མ་སྙོགས་ན། །འཆི་བ་འོད་གསལ་དོན་གྱི་པདྨ་འབྱུང་། །མངོན་གསུམ་མཐོང་ནས་འབྲལ་མེད་བསྐྱངས་བ་ཡིས། །རང་བཞིན་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག །དེར་ཡང་གཉིས་འཛིན་འཁྲུལ་བའི་གཞན་དབང་གིས། །སྲིད་པ་བར་དོའི་སྣང་བ་འཆར་སྲིད་ཚེ། །དྲིན་ཆེན་བླ་མ་མཚོ་སྐྱེས་རྡོ་རྗེ་དང་། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ཏེ། །རོལ་མོའི་སྒྲ་དང་མེ་ཏོག་ཆར་འབེབས་བཞིན། །བུ་གཅིག་དཔལ་གྱི་རི་བོར་ཚུར་ཤོག་ཅེས། །མིང་ནས་ལུང་བསྟན་ས་ལ་སྤྱོད་པའི་ཞིང་། །པདྨ་འོད་ཀྱི་གྲོང་དུ་འཁྲིད་པར་ཤོག །དེར་ནི་རིག་འཛིན་ཌཱ་ཀིའི་ཚོགས་རྣམས་དང་། །ལྷན་ཅིག་ཐེག་མཆོག་ཆོས་ལ་རྟག་སྤྱོད་ཅིང་། །གསང་ཆེན་སྨིན་གྲོལ་ལམ་གྱི་ཐབས་མཁས་ལ། །བརྟེན་ནས་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །གཞན་ཡང་རིས་མེད་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །བོད་ཁམས་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །རྫོགས་ལྡན་གསར་བའི་དགའ་སྟོན་རྒྱས་པར་ཤོག །མདོར་ན་འདི་ནས་བྱང་ཆུབ་སྙིང་བོའི་བར། །དཔལ་ལྡན་བླ་མ་ཡིད་བཞིན་ནོར་བུའི་ཞབས། །སྙིང་དབུས་པདྨོར་འབྲལ་མེད་རྟག་བཞུགས་ནས། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བྱིན་རླབས་ལས་དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་བོད་ཀྱི་རི་བོ་རྩེ་ལྔའི་མགུལ་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དུ་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའི་ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་ཚོགས་ཀྱི་མཆོད་པ་བགྱིས་པའི་སྐབས་རིག་པ་འཛིན་པ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་བོས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།

པདྨ་འོད་དུ་བགྲོད་པའི་སྨོན་ལམ་རིག་པ་འཛིན་པའི་ཤིང་རྟ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

༄༅། །པདྨ་འོད་དུ་བགྲོད་པའི་སྨོན་ལམ་རིག་པ་འཛིན་པའི་ཤིང་རྟ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ། མི་ཤིགས་ཐིག་ལེ་ཆེན་པོའི་ཡེ་ཤེས་ནི། །འོད་གསལ་གཉུག་མའི་མཁའ་དབྱིངས་དྭངས་པའི་ངོས། །ཟུང་འཇུག་དབང་པོའི་གཞུ་ལྟར་མངོན་སྣང་བའི། །རང་བཞིན་སྤྲུལ་བའི་ཞིང་མཆོག་པདྨ་འོད། །ཆོས་ཉིད་མངོན་སུམ་འཇའ་ཟེར་ཐིག་ལེའི་ཀློང་། །ཉམས་སྣང་གོང་འཕེལ་གཞལ་མེད་ཁང་ཆེན་པོར། །རིག་པ་ཚད་ཕེབས་དཔའ་བོ་ཌཱ་ཀིའི་ཚོགས། །ཆོས་ཟད་བློ་འདས་རྡོ་རྗེའི་གླུ་གར་བསྒྱུར། །དེ་དབུས་གདོད་མའི་མགོན་པོ་འོད་མཐའ་ཡས། །སྙིང་རྗེའི་གཏེར་ཆེན་ཕྱག་ན་པདྨོ་དང་། །སྐུ་གསུམ་ཀུན་འདུས་འཆི་མེད་ཐོད་ཕྲེང་རྩལ། །གང་འདུལ་སྤྲུལ་བའི་མཚན་མཆོག་བརྒྱད་ལ་སོགས། །མཚན་དང་སྐུ་ཡི་རྣམ་རོལ་མཐའ་ཀླས་པའི། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་འདུན་ས་དེར། །བདག་གཞན་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཀུན། །ཚེ་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །དེར་ཡང་རིག་འཛིན་རྣམ་བཞིའི་གསེང་ལམ་ལ། །བརྟེན་ནས་སྐུ་དང་ཡེ་ཤེས་རྒྱ་མཚོའི་དངོས། །མཚོ་སྐྱེས་བླ་མའི་གོ་འཕང་མྱུར་ཐོབ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བརྗོད་པ་སིངྔྷི་རསྟུ།

༈ ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག །དྲི་མེད་བློ་གྲོས་ཀྱིས་མཛད་པའོ། །སྔ་འགྱུར་བསྟན་པའི་རྒྱལ་མཚན་འཁོར་ལོས་བསྒྱུར། །འགྲོ་ལ་ཐེག་ཆེན་སྒྲ་སྒྲོག་རྫོགས་ཆེན་པ། །དོན་ཀུན་གྲུབ་པ་འཇིགས་མེད་གླིང་བ་ཡི། །བསྟན་པ་འཕེལ་རྒྱས་ཡུན་རིང་གནས་གྱུར་ཅིག །ཀུན་མཁྱེན་བཀའ་འབུམ་ལས་སོ། །ཕན་བདེའི་འབྱུང་གནས་བསྟན་པ་དར་གྱུར་ཅིག །ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་རྒྱས་གྱུར་ཅིག །འགྲོ་ཀུན་ཕྱམས་གཅིག་སངས་རྒྱས་ཐོབ་པར་ཤོག །སེམས་ཉིད་ངལ་གསོ་ལས་ཁོལ་བྱུང་ངོ་། །འཁོར་ལོའི་མགོན་པོ་མཁྱེན་བརྩེ་གཉིས་པ་༧པདྨ་འོད་གསལ་མདོ་སྔགས་གླིང་བའི་གསུངས་ལ་གོ་བདེ་བའི་ཆེད་ཚིག་ལ་འབྱིན་འཇུག་ཕྲན་བུ་དང་། ངག་འདོན་སྔ་རབས་པའི་སྲོལ་ལྟར་ལ་སྐབས་རྣམས་སུ་མཆན་བུ་བཅས་ལས་དང་པོ་རྣམས་ལ་ཕན་པའི་བློས་འགྲོ་འདུལ་བས་བགྱིས་པའོ། །

རླུང་རོ་བསལ་ཚུལ། རྒྱལ་སྲས་འགྱུར་མེད་རྡོ་རྗེ།

༄༅། །རླུང་རོ་བསལ་ཚུལ། སྔོན་འགྲོའི་སྐབས་རླུང་རོ་དགུ་ཕྲུགས་བསལ་བ་དེ། ལུས་དྲང་པོར་རྐང་པ་སྐྱིལ་ཀྲུང་བཅའ། ལག་གཡོན་མཛུབ་མོའི་རི་མོ་བར་མས་སྣ་བུག་གཡོན་པ་བཀག །སྣ་གཡས་ནས་རླུང་ཆེ་འབྲིང་ཆུང་གསུམ་འབུད། ཚེ་རབས་ནས་ད་ལྟ་ཡན་ཆད་ཀྱི་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་རང་བཞིན་དང་བཅས་པའི་སྡིག་ལྟུང་། ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་ཕོ་གདོན་རྒྱལ་པོ་ལས་བྱུང་བའི་ནད་དང་གནོད་པ་རྐྱེན་དང་བར་ཆད་ཐམས་ཅད་རླུང་སྔོ་ནག་གི་རྣམ་པར་ཕྱིར་ཐོན་པར་བསམ། ལག་གཡས་མཛུབ་མོས་སྔར་ལྟར་སྣ་བུག་གཡས་བཀག་རླུང་ཆེ་འབྲིང་ཆུང་གསུམ་འབུད། ཚེ་རབས་ནས་ད་ལྟ་ཡན་ཆད་ཀྱི་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་རང་བཞིན་དང་བཅས་པའི་སྡིག་ལྟུང་དང་། ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་མོ་གདོན་བསེན་མོ་ལས་བྱུང་བའི་ནད་དང་གནོད་པ་རྐྱེན་དང་བར་ཆད་ཐམས་ཅད་རླུང་དམར་ནག་གི་རྣམ་པར་ཕྱིར་ཐོན་པར་བསམ། སྣ་བུག་གཉིས་ཀ་ནས་རླུང་ཆེ་འབྲིང་ཆུང་གསུམ་འབུད། ཚེ་རབས་ནས་ད་ལྟ་ཡན་ཆད་ཀྱི་ཉོན་མོངས་པ་གཏི་མུག་གི་སྒོ་ནས་རང་བཞིན་དང་བཅས་པའི་སྡིག་ལྟུང་། ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་འོག་གདོན་ཀླུ་དང་ས་བདག་ལས་བྱུང་བའི་ནད་དང་གནོད་པ་རྐྱེན་དང་བར་ཆད་ཐམས་ཅད་རླུང་ནག་པོའམ་ཁམ་ནག་གི་རྣམ་པར་ཕྱིར་ཐོན་ནས་སངས་ཀྱིས་དག་པར་བསམ། དེ་ནས་རླུང་བྱིན་གྱིས་བརླབས་པ་ནི། ངག་འདོན་ནང་ལྟར་འབྲུ་གསུམ་རྡོ་རྗེའི་བཟླས་པ་བྱའོ། ཞེས་མཁན་ཤེས་རབ་དང་ཡོན་ཏན་མཐར་ཕྱིན་ནས་བསྐུལ་ངོར་ཞལ་རྒྱུན་ལྟར་བྲིས་པའོ།། །།

ངག་བྱིན་རླབས་ཀྱི་དམིགས་ཁྲིད། རྒྱལ་སྲས་འགྱུར་མེད་རྡོ་རྗེ།

༄༅། །ངག་བྱིན་རླབས་ཀྱི་དམིགས་ཁྲིད། གསུང་གི་དབང་ཕྱུག་དང་དབྱེར་མེད་བླ་མར་ཕྱག་འཚལ་ལོ། །ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ནི། ལྕེ་ཡི་དབང་པོ་ཟླ་བ་བཀས་པ་ལྟ་བུར་གནས་པ་དེ། ཡི་གེ་རྃ་ཡིག་དམར་པོ་ཡེ་ཤེས་ཀྱི་མེ་ཡི་རང་བཞིན་ཅན་གྱིས་བསྲེགས། མི་དམིགས་པར་སྦྱངས་ཏེ་འོད་སྣང་ལས་གྲུབ་པའི་རྡོ་རྗེ་རྩེ་གསུམ་པ། དབུས་རྭ་དང་། གཡས་གཡོན་རྭ་གཉིས། ལྟེ་བ་ཟླུམ་པོ་སྟེ་རྡོ་རྗེ་ཕྱེད་པ་ཞིག་གསལ། རྡོ་རྗེའི་ལྟེ་བའི་སྦུབས་ཨ་དཀར་པོ་ཞིག་གསལ་ལ། དེའི་མཐའ་སྐོར་དུ་དབྱངས་ཡིག་བཅུ་དྲུག་པ་ཁ་ཏོག་དཀར་པོ་གཡོན་ཕྱོགས་སུ་བཀོད་ལ། གཡས་ཕྱོགས་སུ་བསྐོར་བ་ལས་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྩེར་མཆོད་སྤྲིན་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། ཁྱད་པར་སྙིང་ཏིག་བརྒྱུད་པའི་བླ་མ་རྣམས་ལ་མཉེས་པའི་མཆོད་པ་འབུལ། ཚེ་རབས་ནས་བསགས་པའི་སྡིག་ལྟུང་སྤྱི་དང་། ཁྱད་པར་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །རྒྱལ་བ་རྣམས་ཀྱི་གསུང་གི་བྱིན་རླབས་ནུས་མཐུ་ཐམས་ཅད་དབྱངས་ཡིག་གི་རྣམ་པར་སྔགས་ཕྲེང་ལ་ཐིམ་པར་དམིགས་ལ་དབྱངས་ཡིག་བཟླ། སླར་རྡོ་རྗེ་སྔར་ལྟར་གསལ་བའི་ལྟེ་བར། །ཨ་ཁ་དོག་དམར་པོ་གསལ། དེའི་མཐར་གསལ་བྱེད་ཁ་དོག་དམར་པོ་བཀོད་པ་གཡས་དང་བསྐོར་བ་གཡོན་དུ་དམིགས་ལ། བཟླས་པའི་རྐྱེན་གྱིས་འོད་ཟེར་དམར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྩེ་མོར་མཆོད་སྤྲིན་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། ཁྱད་པར་སྙིང་ཏིག་བརྒྱུད་པའི་བླ་མ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། ཚེ་རབས་ནས་བསགས་པའི་སྡིག་ལྟུང་སྤྱི་དང་། ཁྱད་པར་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །རྒྱལ་བ་རྣམས་ཀྱི་གསུང་གི་བྱིན་རླབས་ནུས་མཐུ་ཐམས་ཅད་གསལ་བྱེད་ཀྱི་རྣམ་པར་སྔགས་ཕྲེང་ལ་ཐིམ་པར་དམིགས་ལ་གསལ་བྱེད་བཟླ། སླར་རྡོ་རྗེའི་ལྟེ་བར་ཨ་སེར་པོ་གསལ། དེའི་མཐར་རྟེན་སྙིང་ཁ་དོག་སེར་པོ་བཀོད་པ་གཡོན་དང་། འཁོར་བ་གཡས་སུ་བསྐོར་བར་དམིགས་ལ། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་འོད་ཟེར་སེར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྩེར་མཆོད་སྤྲིན་གྱིས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། ཁྱད་པར་སྙིང་ཏིག་བརྒྱུད་པའི་བླ་མ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། ཚེ་རབས་ནས་བསགས་པའི་སྡིག་ལྟུང་སྤྱི་དང་། ཁྱད་པར་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་རྒྱལ་བ་རྣམས་ཀྱི་གསུང་གི་བྱིན་རླབས་ནུས་མཐུ་ཐམས་ཅད་རྟེན་སྙིང་གི་རྣམ་པར་སྔགས་ཕྲེང་ལ་ཐིམ་པར་དམིགས་ལ་རྟེན་སྙིང་བཟླ། དེ་ལྟར་དམིགས་གནད་དང་ལྡན་པས་སྔགས་ལན་བདུན་དང་། ཉེར་གཅིག་སོགས་སྐབས་བསྟུན་བྱ། མཆོག་ཐུན་དངོས་གྲུབ་སྒྲུབ་པའི་ཐབས་ཕལ་ཆེར། །བཟླས་པ་སྔགས་དང་རླུང་སྦྱོར་རག་ལས་པས། །དེ་ཕྱིར་ནུས་མཐུ་མངོན་དུ་འབྱིན་པའི་ཕྱིར། །གདམས་ཟབ་འདི་ལ་བརྩོན་པར་གལ་ཆེའོ། །ཞེས་ཞལ་ཁྲིད་དམིགས་རིམ་ལྟར་འདི་ལྟར་དགོས་ཞེས། རང་དགོན་མཆོག་སྤྲུལ་མངྒ་ལཾ་བཱི་ཛ་ཡས་ལྷ་རེག་དང་། རིན་ཆེན་གཉིས་པའི་རྟེན་བཅས་བསྐུལ་བ་ལ། དབེན་ཁྲོད་དུང་དཀར་སྒང་ནས་འགྱུར་མེད་རྡོ་རྗེ་པས་བྲིས་ཏེ་ཕུལ་བ་དགེའོ།། །།

མོས་གུས་ལམ་དུ་སློང་ཚུལ། རྒྱལ་སྲས་འགྱུར་མེད་རྡོ་རྗེ།

༄༅། །མོས་གུས་ལམ་དུ་སློང་ཚུལ་བཞུགས། ན་མོ་གུ་རུ་ཡེ༔ བླ་མའི་མོས་གུས་འདི་ལས་ལྷག་པའི་ཆོས་མེད་པ་གསར་རྙིང་ཀུན་ཞལ་མཐུན་པ་དང་། ཁྱད་པར་ངེས་དོན་སྙིང་པོའི་སྒྲུབ་སྡེ་འཛིན་པ་རྣམས་ཀྱིས་སྤྲོས་པའི་བྱ་བ་ཀུན་དོར་ནས་བླ་མའི་རྣལ་འབྱོར་བསྐྱེད་རིམ་དང་། བསྙེན་པ་གསོལ་འདེབས་གྲངས་བསགས་པ་ཀུན་སྔོན་དུ་སོང་ནས། ཉམས་ལེན་དང་མོས་གུས་བསྲེས་ནས་དོན་བརྒྱུད་ཀྱི་བྱིན་རླབས་སྙིང་ལ་འཕོ་དགོས་ཏེ། པྲ་ཎི་དྷ་ལས། གསོལ་འདེབས་དང་མོས་གུས་ཀྱི་མཚམས་སྦྱོར་ལམ་དུ་ལོང་ནས་མཚོན་བྱ་དོན་གྱི་དགོངས་བརྒྱུད་བདག་ལ་འཕོས་ཏེ་རྟོགས་པ་ནམ་མཁའ་དང་མཉམ་པར་ཤོག་ཅིག །ཅེས་གསུངས་པ་ལ། དེང་སྙིགས་དུས་འདིར་གང་ཟག་སྦྱངས་པ་སྔོན་སོང་ཅན་རེ་འགའ་ལས་བླ་མ་སངས་རྒྱས་དངོས་སུ་མཐོང་དཀའ་བས་དེས་ན་མིར་འཛིན་གྱི་ལོག་ལྟ་སེལ་ཕྱིར། སྐྱབས་ཀུན་འདུས་པ་ཨོ་རྒྱན་ཆེན་པོ་དང་དབྱེར་མེད་དུ་གསོལ་བ་གདབ་པ་གལ་ཆེ་གསུངས། གུ་རུ་རིན་པོ་ཆེ། དུས་རེས་འགའ་བའི་སྤྲུལ་པའི་སྐུ་ལྟ་བུ་མ་ཡིན་པར་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ཡིན་ཏེ། བླ་མ་དགོངས་འདུས་ལས། རང་བྱུང་པདྨ་ཞེས་བྱར་གྲགས་པ་བདག༔ སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་སྤྲུལ༔ འཕགས་པ་སྤྱན་རས་གཟིགས་ཀྱི་གསུང་གི་སྤྲུལ༔ མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོ་རྒྱ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ མཉམ་མེད་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ༔ སྤྲུལ་པའི་སྐུར་སྣང་ཐུགས་རྗེ་ཆེན་པོ་ལྡན༔ གང་ལ་གང་འདུལ་འཕྲིན་ལས་རླབས་པོ་ཆེ༔ སེམས་ཅན་རྣམས་ཀྱི་རེ་བ་ཡིད་བཞིན་སྐོང༔ ཞེས་དང་། དེ་ནི་སངས་རྒྱས་ཀུན་བས་སྔར་སངས་རྒྱས༔ ཞེས་པ་ལྟར། ཆོས་སྐུ་ཀུན་ཏུ་བཟང་པོ་དང་དབྱེར་མེད་པ་ཡིན་ཏེ། ཡེ་ནས་ཡིན་པའི་སངས་རྒྱས་གཅིག༔ ཞེས་གསུངས། གདོད་མའི་གཞི་ལ་ཁྱད་ཆོས་དྲུག་གིས་སངས་རྒྱས་པའི་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་ཅིང་། དེ་ལས་ལོངས་སྐུ་ངེས་པ་ལྔ་ལྡན་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་སྐུ་ལྔ་ལྷུན་གྱིས་གྲུབ་ཅིང་། དེ་ལས་སྤྲུལ་པའི་སྐུ་ཡི་འགྲོ་དོན་གང་ལ་གང་འདུལ་དུ་སྟོན་པ་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་གདུལ་བྱའི་བློས་དཔག་པར་མི་ནུས་མོད་ཀྱང་། རྣམ་ཐར་བཀོད་པ་པདྨ་བཀའ་ཐང་སོགས་སུ་བཞུགས་པ་བཞིན་ལ། ད་ལྟ་འདིའི་འགྲོ་དོན་མཛད་པའི་མཉམ་མེད་ཐུབ་པའི་དབང་པོ་ཡང་ཨོ་རྒྱན་ཆེན་པོ་ལས་ལོགས་སུ་གྲུབ་པ་མེད་དེ། རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །འཇིག་རྟེན་ཀུན་ལས་རྒྱལ་བ་མཆོག །ཨོ་རྒྱན་ཡུལ་དུ་ང་ཉིད་བྱུང་། །པདྨ་འབྱུང་གནས་ཞེས་བྱ་བ། །པདྨ་ལས་ནི་འབྱུང་བར་འགྱུར། །གསང་སྔགས་སྟོན་པར་ངེས་ལུང་བསྟན། །ཅེས་དང་། གུ་རུའི་ཞལ་ནས། །ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ འགྲོ་དོན་ཀུན་ལས་བྱིན་རླབས་རྨད་པོ་ཆེ༔ ཞེས་དེ་སྐུ་གསུམ་གྱི་སྟོན་པ་དེས་མདོ་སྔགས་ཀྱི་ཆོས་ཀྱི་ཆར་ཡང་ཕབས་ཏེ། དུས་གསུམ་མཁྱེན་པ་སློབ་དཔོན་པདྨ་འབྱུང༔ ཕྱི་རྒྱུད་དག་པ་སྤྲུལ་སྐུའི་བསྟན་པ་འཛིན༔ ནང་རྒྱུད་དག་པ་ལོངས་སྐུའི་བསྟན་པ་འཛིན༔ གསང་རྒྱུད་དག་པ་ཆོས་སྐུའི་བསྟན་པ་འཛིན༔ ཞེས་དང་། ཀློང་ཆེན་སྙིང་ཐིག་གི་རྡོ་རྗེའི་ཚིག་ལས། ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་བྱིན་རླབས་འདུས་པའི་དཔལ༔ ཞེས་དང་། རྩ་གསུམ་ཀུན་འདུས་ཡིན་ཚུལ། གུ་རུའི་ཞལ་ནས། བདག་ཉིད་རྩ་བ་གསུམ་གྱི་དངོས༔ མཚོ་ལས་སྐྱེས་པ་རྡོ་རྗེའི་སྐུ༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་འཆང་བས༔ མོས་པ་དང་མཚུངས་གསལ་བཏབ་ན༔ དེ་དང་མཐུན་པའི་དངོས་གྲུབ་སྟེར༔ ཞེས་འཕགས་ཡུལ་དང་བོད་ཀྱི་མཁས་གྲུབ་གསར་རྙིང་རིས་མེད་ཀྱི་བསྟན་འཛིན་ཕལ་ཆེར་གུ་རུའི་རྣམ་འཕྲུལ་ཡིན་པར་ལུང་གིས་ཟིན་པ་དང་། རང་སོ་སོས་ཞལ་གཟིགས་ལུང་བསྟན་སྤྲུལ་པ་ཡིན་ཚུལ་རྣམ་ཐར་སོགས་ལས་གསལ་བཞིན། ཟླ་གཟུགས་དང་ཆུ་སྣོད་ཀྱི་དཔེ་ལྟར་བླ་མ་དགེ་བའི་བཤེས་གཉེན་ཐམས་ཅད་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ཡིན་ཚུལ། སྒྱུ་འཕྲུལ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་བའི་སྙིང་པོ་འདི། །རྟོགས་ནས་སྨྲ་བ་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཅེས་དང་། དེ་བཞིན་གཤེགས་པས། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་དུ་འབྱུང་། །ཞེས་ཐ་དད་མེད་པ་ཉི་མ་དང་ཟེར་ལྟ་བུར་བླ༵་མ༵་ཀུ༵ན་འདུས༵་གུ་རུ་རིན་པོ་ཆེ། ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་ཀྱང་བླ་མའི་རྣམ་རོལ་དུ་ཤར་ཚུལ། སྟག་ཚང་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་རྡོ་རྗེ་ཕུར་པའི་དབང་གནང་བའི་སྐབས་གྱི་རྣམ་ཐར་ལྟར་ཐུགས་ཡེ་ཤེས་ཀློང་དགུ་ལས་བདེ་གཤེགས་བཀའ་བརྒྱད་སོགས་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་སྤྲོ་བསྡུའི་བདག་ཉིད་ཡིན་པས་ཡི༵་དམ༵་ཀུན་འདུས། དབྱིངས་ཀ་དག་ཆེན་པོའི་མཁའ་ལ་ལྷུན་གྲུབ་ཀྱི་རོལ་མོ་སྣ་ཚོགས་འཕྲོ་བའམ་ཐུགས་རྗེའི་ཤུགས་ཀྱིས་འགྲོ་བས་གནས་ཡུལ་ཞིང་སྔགས་ལྷན་སྐྱེས་ཀྱི་མཁའ་འགྲོ་ཡོངས་ཀྱི་ཚོགས་རྗེ་དབང་ཕྱུག་ཆེན་པོ་ཡིན་པས་མཁའ༵་འ༵གྲོ་ཀུན་འདུས། རྩ་གསུམ་ཀུན་འདུས་ཨོ་རྒྱན་ཆེན་པོ་ལ་གསོལ་བ་བཏབ་པ་ཙམ་གྱིས་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་འབད་མེད་ལྷུན་གྲུབ་དུ་སྟེར་བས་ན་ནོ༵ར་ལྷ༵་ཀུན་འདུས༵། ཡེ་ཤེས་དང་ལས་ལས་སྒྲུབ་པའི་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་གུ་རུའི་ཕྲིན་ལས་ཀྱི་རོལ་བར་ཤར་བས་ཆོས་སྐྱོང་ཀུན་འདུས། དེ་ལྟར་སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཆེན་པོ་ལ་གསོལ་བ་བཏབ་པ་ཙམ་གྱིས་བྱིན་རླབས་དངོས་གྲུབ་གློག་ལྟར་མྱུར་བ་ཞལ་བཞེས་མཛད་པ་ནི། དད་གུས་མོས་གདུང་ཅན་གྱི་སྐྱེ་འགྲོ་ལ༔ སངས་རྒྱས་གཞན་བས་བདག་གི་ཐུགས་རྗེ་མྱུར༔ ཁམས་གསུམ་འཁོར་བའི་སེམས་ཅན་མ་ཟད་པར༔ པདྨ་འབྱུང་གནས་ཐུགས་རྗེ་ཟད་མི་གྱུར༔ ཅེས་དང་། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་དང་། མོས་གུས་ཅན་གྱི་དྲུང་དུ་ནི༔ ང་ཉིད་འདུ་འབྲལ་མེད་པར་གནས༔ ཞེས་རྡོ་རྗེའི་ཚིག་ལ་བསླུ་བ་མེད་ཅིང་། བླ་མ་དང་དབྱེར་མེད་ཚུལ། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང༔ དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་བའི་སྐུ༔ ཞེས་དང་། ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་ཨོ་རྒྱན་ཆེན་པོའི་སྐུར་གསལ་བ་བླ་མའི་རྣལ་འབྱོར་སྐབས་དང་། ངོ་བོ་དང་རྣམ་པ་ཞེས་མ་དབྱེར་བའི་དབྱེར་མེད་དུ་མོས་གུས་གསོལ་བ་འདེབས་པ་འདི་གལ་ཆེ། སྐྱབས་ཡུལ་ཀུན་ལས་འབྲེལ་ཆེ་བའམ། ཉེ་ཆེ་བ། བྱིན་རླབས་ཆེ་བ་སོགས་བླ་མ་ཡིན་པས། གུ་རུ་རིན་པོ་ཆེའི་ཡེ་ཤེས་སྤྱན་གྱིས་སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་གདུལ་བྱའི་ཁམས་ལ་གཟིགས་ཤིང་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཚད་མེད་ཀྱང་། བདག་སོགས་ཀྱི་རྒྱུད་ལ་བྱིན་རླབས་ཀྱི་ཕ་ཕོག་སྦྱིན་ཅིང་གདོད་མའི་གཏན་སྲིད་གཏད་པ་པོ་རྩ་བའི་བླ་མར་ངེས་པ་མན་ངག་ཡིན་པས། གསོལ་བ་བཏབ་ན་སངས་རྒྱས་ལས་ཀྱང་ལྷག་པར་གསུངས་ཏེ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ ཞེས་དང་༔ སྐུ་གསུང་ཐུགས་ལ་ཉམས་ཆག་ཤོར་ན་ཉེས་ལྟུང་ཡང་ལྕི་བར། དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་སློབ་དཔོན་དཔའ་བོས་རྩ་ལྟུང་དང་པོར་བཞག་པ་ལྟར་ཁེ་ཉེན་ཆེ་བར་ཤེས་བཞིན་གསོལ་འདེབས་ལ་བརྩོན་མ་ནུས་ན་རང་བྱུང་གི་ལྟ་བ་བཟང་པོ་རྒྱུད་ལ་སྐྱེ་དཀའ་སྟེ། མདོ་ལས། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཁོ་ནའོ། །ཞེས་དད་པ་མེད་ན་བདག་ཅག་གི་སྟོན་པ་ལ་མི་ལོ་ཉེར་བཞིར་བསྟེན་པ་ལེགས་སྐར་རྣམ་ཐར་དང་། བསྐྱེད་རྫོགས་སོགས། སྔགས་ཀྱི་ལམ་དུ་ཞུགས་ཀྱང་། རུ་ཏྲས་སངས་རྒྱས་ཐུབ་དཀའ་གཞོན་ནུ་བསྟེན་པ་ལྟར་གྱུར། ཨོ་རྒྱན་ཆེན་པོ་དང་བླ་མ་གཉིས་ཐ་དད་དམ་བཟང་ངན་དུ་བལྟས་ཚེ། བླ་མ་མི་རུ་བཟུང་ན་དངོས་གྲུབ་ཁྱི་ལས་ཐོབ་རྒྱུ་མེད། ཅེས་པས། བླ་མ་སངས་རྒྱས་དངོས་མཐོང་གི་དད་པ་རྒྱུད་ལ་མ་སྐྱེས་པའི་སྐྱོན་ཡིན་པས་ངོ་བོ་གཅིག་ལ་ལྡོག་ཆས་དབྱེ་བ་ཙམ་ལས་དོན་ལ་ཐ་དད་དུ་མ་གྲུབ་པར་རང་ལ་བཀའ་དྲིན་ཆེ་བའི་བླ་མ་ལ་ལྷག་པར་གསོལ་བ་གདབ་པར་བྱ། བླ་མ་ལས་ཡི་དམ་ལྷག་པར་བལྟ་ན། གུ་རུ་རིན་པོ་ཆེས་ཕུར་པའི་དབང་བསྐུར་སྐབས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་མདུན་དུ་སྤྲུལ་ནས་ང་ནས་དབང་ཞུའམ་ཡི་དམ་ལས་ཞུ་གསུངས་པས། ཅོག་རོ་བཟས་ལྷ་ལ་དབང་ཞུ་ཞུས་པ་ལྟར་དང་། ནཱ་རོ་དང་། མར་བའི་རྣམ་ཐར་ལྟར་རོ། །མཁའ་འགྲོ་ལས་བླ་མ་དམན་པར་བསམ་ན་སྔོན་བླ་མ་ཞིག་གིས་མཁའ་སྤྱོད་མ་བསྒྲུབ་པས་དངོས་སུ་གྲུབ་ཀྱང་བླ་མའི་ཐུགས་ཅུང་ཟད་མ་མཉེས་པས་དངོས་གྲུབ་མ་ཐོབ་པ་སོགས་རྣམ་ཐར་ལོ་རྒྱུས་ཁུངས་བཙུན་རྣམས་དང་ལུང་སོགས་མཐའ་ཡས་པས་སྐྱབས་ཀུན་འདུས་པར་ཐག་བཅད་ངེས་ཤེས་བསྐྱེད། ཚེ་ལུས་གཅིག་གིས་སངས་རྒྱས་ཐོབ་པའི་ཐབས་ལམ་བསྐྱེད་རྫོགས་བསྒོམ་པ་གསར་རྙིང་ཀུན་ཞལ་མཐུན་མོད་དེ་ལས་ཀྱང་བླ་མ་བསྒོམ་པ་དང་དད་མོས་གསོལ་བ་བཏབ་ན་ཁྱད་པར་འཕགས་ཚུལ། རྒྱུད་ལས། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། །བླ་མ་སྐད་ཅིག་དྲན་པས་མཆོག །ཅེས་དང་། ནམ་མཁའ་ཀློང་ཡངས་ལས། ལྷ་སྐུ་འབུམ་ཕྲག་སྟོང་བསྒོམ་ལས། །བླ་མའི་མོས་གུས་ཁྱད་པར་འཕགས། །ཞེས་དང་། རྒྱུད་ལས། གང་ཞིག་རྫོགས་རིམ་བསྐལ་པར་བསྒོམ་པ་བས། །བླ་མ་རང་སེམས་དཀྱིལ་དུ་ཤར་ཙམ་གྱིས། །སྟོང་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང་། དཔལ་ས་ར་ཧས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་པ་དག་པའི་ལག་རྗེས་དང་། རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང་། ཨ་བུ་དཔལ་སྤྲུལ་གྱིས། ཆོས་ཀྱི་སྙིང་པོ་དོན་དམ་བྱང་ཆུབ་སེམས། །སྤྲོས་བྲལ་ཡེ་ཤེས་རྒྱལ་བའི་དགོངས་བརྒྱུད་ཆོས། །གང་ལ་བབ་པས་མོས་གུས་སྐལ་བ་ལ། །རག་ལས་ཐེག་ཆེན་ལམ་གྱི་ཁྱད་ཆོས་ཡིན། །ཞེས་སོ། །བཀའ་གདམས་པའི་དགེ་བའི་བཤེས་གཉེན་གྱི་ཞལ་ནས། ཆོས་སྡེ་སྣོད་གསུམ་ཤེས་ཀྱང་བླ་མ་ལ་མོས་གུས་མེད་ན་ཕན་པ་མེད། ཅེས་དང་། བསྐྱེད་རིམ་བསྒོམ་པ་མང་ལགས་ཀྱང་། །བླ་མ་སྒོམ་པའི་གོང་ན་མེད། །རྫོགས་རིམ་བསྒོམས་པ་མང་ལགས་ཀྱང་། །བློ་ཁེལ་ལིང་བསྐྱུར་གོང་ན་མེད། །ཅེས་སོ། །སྔོན་འགྲོ་བླ་མའི་རྣལ་འབྱོར་སྐབས་ལྟ་བུ་ལས་དངོས་གཞིའི་ཁྲིད་ཀྱི་དུས་བླ་མའི་མོས་གུས་སོགས་མི་དགོས་རྩོལ་བཅས་སམ་སེམས་འཛིན་ལྟ་བུའི་གོ་བ་ལེན་པའི་ཕྱིན་ཅི་ལོག་གི་རྟོག་པ་རྒྱངས་བསྲིངས་ཏེ་ལམ་གོལ་ནོར་ས་ཤོར་ས་སོགས་རྐྱེན་ཐམས་ཅད་འདི་ཀས་སེལ། ཀུན་མཁྱེན་ཆེན་པོས། བསྐྱེད་རིམ་དང་རྫོགས་རིམ་བསྒོམ་པ་ལ་སོགས་པ་རྣམས་ནི་རང་རང་གི་ལམ་དེས་མི་གྲོལ་ཏེ། དེ་ཡང་སྤྱོད་པ་བོགས་འདོན་སོགས་ལ་བརྟེན་པ་ཡིན། བླ་མའི་རྣལ་འབྱོར་ནི་རང་གི་ལམ་གྱི་ངོ་བོ་འདི་ཁོ་ནས་གནས་ལུགས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ཏེ་གྲོལ་བ་ཡིན་པས་ན། ལམ་ཐམས་ཅད་ལས་བླ་མའི་རྣལ་འབྱོར་ཟབ་པ་ཡིན། ཞེས་དང་། ཀུན་མཁྱེན་འཇིགས་མེད་གླིང་པས་ཀྱང་བླ་མའི་རྣལ་འབྱོར་ལ་བསྟེན་ནས་མཆོག་གི་དངོས་གྲུབ་བརྙེས་ནས། གཞན་སློབ་མ་ལ་ཁྲིད་གནང་སྐབས་བརྩོན་འགྲུས་ཅན་འཇིག་རྟེན་གྱི་བསམ་གཏན་ལས་ན་མ་འཕར། ཤེས་རབ་ཅན་རྟོག་དཔྱོད་ཀྱི་ཕྱོགས་སུ་གོལ། དོན་དམ་པའི་རྟོགས་ཚུལ་མོས་གུས་ཀྱི་སྲང་ལ་ཐེག་པ་ཤ་སྟག་བྱུང་གསུངས། ཡང་ཀུན་མཁྱེན་གྱིས་རང་དང་བླ་མའི་དགོངས་པ་དབྱེར་མེད་དུ་བསྲེས་པའི་ངང་ལ་དྲན་པ་བབས་མཐའ་བྲལ་དུ་ཀློད། དེ་ལྟར་བགྱིས་པས་ཅི་ཞིག་ན། གསལ་སྟོང་གི་ཉམས་ཤེས་བྱའི་སྒྲིབ་པ་ནང་མཚམས་ཅན་གྱི་ཤུབས་ནས་དོན་དེ་ཚིག་དང་དཔེས་མི་མཚོན་པའི་མཐའ་བཞིའི་སྤྲོས་པ་དབྱིངས་སུ་ཟད་པའི་དགོངས་པ་རྒྱུད་ལ་སྐྱེད་པ་དང་དུས་མཚུངས་པར་ལམ་རྟགས་ཀྱི་ཡོན་ཏན་ནམ་མཁའ་ལས་ཁ་ཆར་བབ་པ་བཞིན་དུ་འབྱུང་བ་ཡིན་པས་ཐུགས་ལ་ཞོག །ཅེས་དང་། དེ་ནས་སེམས་དང་དབྱེར་མེད་དེ་གའི་ངང་ནས་མདངས་མོས་གུས་སུ་ཤར་བ་དེ་ཁོ་ན་བླ་མ་ཆོས་སྐུའི་ཞལ་བལྟ་བ་ཡིན་པས་ནོར་འཁྲུལ་དང་དོགས་པ་མི་བྱ། ལྷག་དོན་གོ་མཉམ་དང་ཕོ་ཚོད་སོགས་མ་ཡིན་པའི་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་གཞི་ཐོག་ཏུ་འཁྱོལ་བའི་ཚེ་བླ་མ་གཟུགས་སྐུར་བལྟ་བ་ལ་གོལ་ན་མོས་གུས་ལམ་དུ་མ་ལོངས་པ་ཡིན། ཅེས་དང་། མཐར་ཐུག་དཔེའི་བླ་མ་ལ་བརྟེན་ནས་དོན་གྱི་བླ་མའི་རང་ཞལ་མཇལ་དགོས་པར་བསྟན། དེ་དུས་བླ་སློབ་དགོངས་པ་རོ་གཅིག་ཏུ་འདྲེས་པ་ཡིན། བླ་མ་སངས་རྒྱས་སུ་མཐོང་སྟེ་ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེ་བ་ལ་ཉེ་བ་ཡིན་ཞིང་། མཐར་བླ་མ་ཡེ་ཤེས་ཀྱི་སྐུ་ཅན་དུ་ཐག་ཆོད་པ་དང་གནས་ལུགས་ཀྱི་རྟོག་པ་མངོན་སུམ་དུ་རྟོགས་པ་དུས་མཚུངས་སོ། །ཞེས་སོགས་ལུང་དང་གདམས་ངག་མཐའ་ཡས་པས་ཐེག་པ་ཀུན་གྱི་བཅུད་བསྡུས་ལྟ་བུ། ཟབ་མོའི་གསང་ལམ་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ལ་བླ་མའི་མོས་གུས་འདི་ཤིན་ཏུ་གལ་ཆེ་བས་ཀུན་མཁྱེན་ཡབ་སྲས་ཀྱི་བཞེད་པ་ལྟར་བརྒྱུད་ལྡན་བླ་མའི་ཞལ་གྱི་བདུད་རྩི་ཐོབ་པ་ལས་ཕྱོགས་ཙམ་བྲིས་པ་དགེ དེ་ལྟར་སྐྱབས་རྗེ་མཆོག་གིས་བཀའ་བསྩལ་དང་། །རིན་གཉིས་མེ་ཏོག་ལྷ་རེག་དང་བཅས་པ། །ཆབས་ཅིག་སྤྱི་བོར་ཕེབས་པ་དང་བླངས་ནས། །ཡི་གེར་བྲིས་པ་དེ་ཡང་དགེ་བར་འགྱུར། །ཞེས་བཀའ་དྲིན་འགྲན་བྲལ་མཆོག་གཟིགས་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱིས་འདི་ལྟར་བྲིས་ཞེས་བཀའ་ཕེབས་བཞིན་རྗེ་དེའི་སློབ་འབངས་ཐ་ཤལ་བ་འགྱུར་མེད་རྡོ་རྗེ་པས་མེ་ཕག་ལོ་ཁྲུམས་སྟོད་ཟླ་བའི་ཚེས་ལ་བྲིས་ཏེ་ཕུལ་བ་དགེ། །།

ངག་རླུང་བྱིན་གྱིས་བརླབ་ཚུལ་གྱི་ཞལ་རྒྱུན། ཨ་རིག་པཎ་ཆེན་པདྨ་ཚེ་དབང་།

༄༅། །ངག་རླུང་བྱིན་གྱིས་བརླབ་ཚུལ་གྱི་ཞལ་རྒྱུན། ན་མོ་གུ་རུ་བྷྱ༔ དེ་ལ་ནང་བར་གཉིད་སད་མ་ཐག་ཏུ་གུ་རུ་རིན་པོ་ཆེ་འཁོར་དཔའ་བོ་དང་མཁའ་འགྲོའི་ཚོགས་དང་བཅས་པའི་ཕྱག་གིས་ཌ་དྲིལ་དང་གསུང་དབྱངས་སྔགས་ཀྱི་སྒྲས་གཉིད་ལས་སད་པར་བསམ། ཀྱེ་མ་ཀྱེ་ཧུད་སོགས། དེ་ནས་སེམས་ལྷོད་ཀྱིས་བཞག་ནས་རླུང་རོ་བསལ། ཀློང་ཆེན་སྔོན་འགྲོའི་སྐབས་འདིར། གཡས་རོ་མ་དཀར་མོ་གཡོན་རྐྱང་མ་དམར་མོ་སྲིན་རྩ་མཐེ་བོང་གིས་མནན་ནས་མཛུབ་མོ་འོག་མ་གསུམ་བསྐུམ། ལག་གཡོན་པའི་གོང་མོས་སྣ་བུག་གཡོན་མནན་ནས། གཡས་ནས་རླུང་ཕྱི་ལ་ལན་གསུམ་འབུད། དེས་ཚེ་རབས་ཐོག་མེད་ནས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་བག་ཆགས་ཐམས་ཅད་དང་། ཕོ་གདོན་རྒྱལ་འགོང་གི་གནོད་པ་ཐམས་ཅད་ཕྱིར་སང་གིས་སོང་བར་བསམ། །དེ་ནས་གཡས་ནས་ལན་གསུམ་སོགས་གོང་བཞིན་བྱ། ཉོན་མོངས་པ་འདོད་ཆགས་སོགས་ནས་མོ་གདོན་འདྲེ་མོའི་གནོད་པ་ཐམས་ཅད་ཕྱིར་སོང་བར་བསམ། དེ་ནས་ལག་གཉིས་པུས་མོ་དགབ་ཏེ་དྲང་པོར་བཞུགས་སྣ་བུག་གཉིས་ནས་རླུང་ལན་གསུམ་འབུད། ཉོན་མོངས་པ་གཏི་མུག་དང་ཀླུ་གདོན་ས་བདག་གི་གནོད་པ་ཐམས་ཅད་ཕྱིར་སོང་བར་བསམ། །དམིགས་སྐོར་འགའ་ཞིག་ན་རཾ་ལས་ཡེ་ཤེས་ཀྱི་མེས་བསྲེགས་པར་བསམ། ཞེས་པ་ལྟ་བུ་ཡོད་ཀྱང་། ཕྱི་རོལ་སངས་ཀྱིས་སོང་བར་བསམ་ན་ཆོག །རླུང་བྱིན་རླབས་ནི། རླུང་ཚུར་ནང་དུ་འཇུག་པའི་དུས་ཨོཾ་དཀར་པོའི་རྣམ་པ་བསམ་ནས་རྔུབས། ནང་དུ་གནས་པའི་དུས་ཨཱཿ་དམར་པོའི་རྣམ་པ་དང་། ཕྱིར་འབྱིན་དུས་ཧཱུྃ་སྔོན་པོའི་རྣམ་པར་བསམ་ལ་རླུང་རང་བབ་བཞག་པས་ཆོག །རླུང་ཁུག་འཛིན་པ་དང་། ངག་གི་བརྗོད་པ་སོགས་གང་ཡང་མི་དགོས། རླུང་འབྱིན་འཇུག་གནས་གསུམ་པོ་གཅིག་ཏུ་བགྲངས་ནས་རབ་ཉེར་གཅིག་གམ་བདུན་ཙམ་ཞིག་བྱ། དེ་ནས་ངག་བྱིན་རླབས་ནི། ལྕེ་དབང་རཾ་ཡིག་སོགས༴ ཐོག་མར་རཾ་ལས་བྱུང་བའི་མེས་རྣམ་སྨིན་གདོས་བཅས་བག་ཆགས་ཀྱི་རྣམ་པ་དེ་སྦྱངས་བར་བསམ། ལྕེ་གསུང་རྡོ་རྗེའི་ངོ་བོ་རྡོ་རྗེ་དམར་པོ་རྩེ་གསུམ་པ་ཅན་དུ་གསལ། བླ་མ་རྣམས་ཀྱི་གསུང་རྒྱུན་ནི། ལྕེ་ཐོག་ལ་ཨ་ཡིག་དཀར་པོ་གསལ་བའམ། མི་ཕམ་གསུང་ལྟར་ན། ལྕེ་ཐོག་དུ་ཨོཾ་ཨཱཿཧཱུྃ་བརྩེགས་མར་གསལ། དེ་གཉིས་གང་མོས་མཐར། སྤྱིར་ཨཱ་ལི་ཤེས་རབ་ཀྱི་རང་བཞིན་ཀཱ་ལི་ཐབས་ཀྱི་རང་བཞིན་གཙོ་ཆེར་གསུང་། འདིའི་སྐབས་སུ་རང་གི་ལྕེ་ཐོག་ཏུ་ཨ་ཡིག་དཀར་པོ་གསལ་བ་དེ་ལ་གཡས་བསྐོར་དུ་ཨ་ཨཱ་ཨི༴ སོགས་དཀར་པོའི་རྣམ་པ་གཡས་སུ་གསལ་བར་བསྒོམ་ཞིང་། ཨཱ་ལི་དཀར་པོ་དེ་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད། སླར་འདུས་ནས་བྱིན་རླབས་དངོས་གྲུབ་ཐམས་ཅད་རང་ལ་བསྟིམ། དེ་ནས་སྔར་གྱི་ཨ་ཡིག་དེ་དམར་པོ་གསལ། ཀ་ཁ་ག་གྷ༴ སོགས། གསལ་བྱེད་རྣམས་དམར་པོའི་རྣམ་པ་གཡོན་བསྐོར་དུ་གསལ། དེ་ལས་འོད་འཕྲོས་སོགས་སྔར་ལྟར་མཐར་མི་དམིགས་པར་བཞག །ཡང་ཨཱཿ་སྔོན་པོའམ་སེར་པོ་གསལ། འདི་ལ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཡེ་དྷརྨ་སྔོན་པོ་གསུང་། འདིར་ཞལ་རྒྱུན་ལྟར་ན་ཡེ་དྷརྨ་སེར་པོ་གསུང་། སེར་སྔོ་གང་རུང་གཡས་བསྐོར་དུ་གསལ། དེ་ལས་འོད་འཕྲོས་སོགས་གོང་བཞིན་བྱ། ལྷན་གཅིག་ཏུ་གསལ་ན་ཐོག་མར་ལྕེ་ཐོག་ཏུ་ཨོཾ་ཨཱཿཧཱུྃ་བརྩེགས་མར་གསལ་བའམ། ཡང་ན་ཨ་ཡིག་དཀར་པོ་ལ་ཨཱ་ལི་དཀར་པོ་གཡས་བསྐོར། ཀཱ་ལི་དམར་པོ་གཡོན་བསྐོར། རྟེན་སྙིང་སེར་པོ་གཡས་བསྐོར། དེ་རྣམས་ཕྱི་རིམ་ནང་རིམ་དུ་འཁོད་པར་བསམ། དེ་ལས་འོད་འཕྲོས་སོགས་སྔར་ལྟར་རོ། །ཞེས་མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་གྱི་ཞལ་གསུང་སྒྲ་ཐག་འཁོར་ལོ་ལས་བཤུས་པ་དགེ་ལེགས་འཕེལ།

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ འཕོ་བ་མ་བསྒོམས་སངས་རྒྱས་བཞུགསཿ འགྲོ་འདུལ་དཔའ་བོ་རྡོ་རྗེ།

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ འཕོ་བ་མ་བསྒོམས་སངས་རྒྱས་བཞུགསཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ འཕོ་བ་མ་བསྒོམས་སངས་རྒྱས་རྒྱུན་གྱི་ཉམས་ལེན་གཏེར་གཞུང་གི་དགོངས་པ་འཁྲུལ་མེད་ཁྲིགས་སུ་བསྡེབས་པ་ལ། སྔོན་འགྲོ་རྒྱས་བསྡུས་སྐབས་བསྟུན་བླ་མའི་རྣལ་འབྱོར་གྱི་མཐར་ལྡང་བའི་རྣལ་འབྱོར་སླར་གནས་འགྱུར་ཚིག་གི་གསལ་གདབ་པ་ནི། རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ༔ ༼སྐབས་འདིར་ཅུང་ཟད་ཁྲོ་ཉམས་ཅན༽ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན༔ ཞབས་གཉིས་འདོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས༔ དེ་ཡི་ཁོང་དབུས་རྩ་དབུ་མ༔ སྦོམ་ཕྲ་མདའ་སྙུག་ཙམ་པ་ལ༔ སྟོང་སངས་འོད་ཀྱི་སྦུ་གུ་ཅན༔ ཡར་སྣེ་ཚང་བུག་གནས་སུ་ཧར༔ མར་སྣེ་ལྟེ་འོག་ཟུག་པ་ཡི༔ སྙིང་གར་ཚིགས་ཀྱིས་བཅད་པའི་སྟེང༔ རླུང་གི་ཐིག་ལེ་ལྗང་སྐྱའི་དབུས༔ རིག་པ་ཧྲཱིཿཡིག་དམར་པོར་གསལ༔ སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང༔ སངས་རྒྱས་སྣང་བ་མཐའ་ཡས་ནི༔ མཚན་དཔེ་རྫོགས་པའི་ཕུང་པོར་གསལ༔ ཞེས་སྙིང་ཁུང་རུས་པའི་གཏིང་ནས་སྤྱི་བོའི་བླ་མ་འོད་དཔག་མེད་ལ་དད་པ་རྩེ་གཅིག་གིས༔ བདག་ནམ་འཆི་བའི་ཚེ་ནུབ་ཕྱོགས་བདེ་བ་ཅན་དུ་འགྲོའོ་སྙམ་པའི་དགའ་བྲོད་བྲེལ་ལང་བ་ལྟ་བུའི་འདུན་པ་དང་བཅས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་ཅི་མང་དང་། སྤྲོ་ཞིང་ནུས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་གཞན་བརྗོད་མཐར། ཨེ་མ་ཧོཿ གནས་རང་སྣང་དོན་གྱི་འོག་མིན་ན༔ ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང༔ སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི༔ སྐུ་ཐ་མལ་མ་ཡིན་དྭངས་མའི་ལུས༔ དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགས༔ ཡིད་མོས་གུས་གདུང་བས་གསོལ་བ་འདེབས༔ ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ གནས་འོག་མིན་བགྲོད་པར་བྱིན་གྱིས་རློབས༔ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག༔ ཅེས་ལན་གསུམ་བརྗོད་མཐར་ཧྲཱིཿལྔ་ཚར་ཕྲུགས་གཅིག་ལ་རྐན་ཕུག་ནས་བརྗོད་པ་དང་ཆབ་གཅིག་སྙིང་གི་ཧྲཱིཿཡིག་ཇེ་མཐོར་སོང་སྟེ་སྤྱི་བོར་སླེབ་པ་དང་ཕཊཿཅེས་དྲག་ཏུ་བརྗོད་པས་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམ། སླར་སྔར་ལྟར་དམིགས་སྤར་བཅས་བདུན་ནམ་ཉེར་གཅིག་སོགས་ཡང་ཡང་སྦྱངས། མཐར་སྐུ་ལྔའི་དབྱིངས་སུ་རྒྱས་གདབ་པའི་ཆེད། ཕཊ༔ལྔ་ཕྲུགས་སུ་བརྗོད་ཅིང་གནས་ལུགས་སྤྲོས་བྲལ་ངང་དུ་ཅུང་ཟད་མཉམ་པར་བཞག་གོ །

༈ སྤྲོ་ན་ཀུན་བཟང་བླ་མའི་ཞལ་ལུང་ལྟར་འཕོ་ལུང་གཞན་རྣམས་བྱ། གཞུང་ལས། དེ་ལྟར་ཡང་ཡང་འབད་པ་ཡིས༔ འབྱོངས་རྟགས་ཚངས་བུག་འཕར་པ་དང༔ མགོ་ན་ཆུ་སེར་ཟིལ་པ་ཕྲུམ༔ འཇག་མ་འདར་གྱིས་ཚུགས་སོགས་འབྱུང༔ ཞེས་རྟགས་ཐོན་པར་སྦྱངས༔ ཐུན་མཐར་སྤྱི་བོའི་བརྒྱུད་པའི་བླ་མ་རྣམས་འོད་དཔག་མེད་ལ་ཐིམ། འོད་དཔག་མེད་འོད་ཀྱི་རྣམ་པས་རང་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་སྐད་ཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་གསལ་བའི་ཐུགས་ཀར་འཁོར་འདས་ཀྱི་དྭངས་བཅུད་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཧྲཱིཿདམར་པོ་གཡས་སུ་ཨཱཿདཀར་པོ་གཡོན་དུ་ནྲཱྀ་ལྗང་གུ་རྣམས་གསལ་བ་ལ་སྲིད་ཞིའི་ཚེ་བཅུད་ཐམས་ཅད་འདུས་པར་བསམ་ལ། ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱིཿཨ་མཱ་ར་ཎ་ཛཱི་ཝནྟེ་ཡ་སྭཱ་ཧཱ༔ ཅི་རིགས་དང་། མཚན་བརྒྱ་རྩ་བརྒྱད་པའི་གཟུངས། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏཱ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱཻ་པུནྱཻ་མ་ཧཱ་པུནྱཻ། ཨ་པ་རི་མི་ཏ་པུཎྱཻ་ཨ་པ་རི་མི་ཏ་པུཎྱཻ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། དེ་ལྟར་སྦྱངས་ཤིང་རྒྱུན་དུ་ཉམས་ལེན་ལ་འབད་པར་བྱའོ། །ཡང་། དེས་ནི་ཚེ་ལ་མི་གནོད་སྟེང་༔ རྟེན་འབྲེལ་བདེན་པས་ཚེ་གེགས་ཞི༔ གསང་སྔགས་ཐབས་ཀྱིས་ཆེ་བའི་ལམ༔ མ་བསྒོམས་སངས་རྒྱས་འཕོ་བའི་གནད༔ སྙིང་དང་མིག་ལས་གཅེས་པར་ཟུངས༔ ཞེས་སོ། །འཆི་ཁ་ལས་ལ་སྦྱར་བ་སོགས་ཁྲིད་ཡིག་གཞུང་དང་བླ་མའི་ཞལ་ལས་ཤེས་སོ། །དེ་ལྟར་རྣམ་ཤེས་སྤར་བ་དང་རྒྱས་གདབ་གཉིས་ཀར་ཕཊཿ བརྗོད་པ་ནི་གཏེར་གཞུང་རྡོ་རྗེ་ཚིག་གི་དགོངས་པ་སོར་བཞག་ཡིན་ལ། ཧིཀ་གིས་སྤར་ཞིང་རྗེས་སུ་ཕཊཿཀྱིས་རྒྱས་གདབ་པ་ནི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་དགོངས་པ་ཡིན་པས་གང་བྱེད་ཀྱང་འདྲའོ། །གང་ལྟར་མཚན་དོན་མཐུན་པའི་གདམས་པ་ཟབ་མོའི་སྔོན་འགྲོ་ལམ་ཁ་ཚང་དང་འཕྲད་པའི་སྐལ་ལྡན་དུ་གྱུར་པ་རྣམས་ཀྱི། དངོས་གཞི་རྫོགས་ཆེན་ཉམས་སུ་བླང་ལ་ཚེ་འདིར་འཆི་མེད་གཉུག་མའི་ཡེ་ཤེས་མངོན་དུ་བྱས་ནས་བཙན་ས་ཟིན་པ་བྱུང་ན་རབ་དང་ཕུལ་དུ་གྱུར་པ་ལགས་མོད། མིན་ཡང་འཆི་ཁའི་གདམས་པ་འདི་ཙམ་ལའང་སྦྱང་གོམས་མ་སོང་བ། གདམས་པ་ཟགས་སུ་ཤོར་བའི་ཐ་ཆད་རྣམས་དང་། ལམ་མཐར་མ་ཕྱིན་པ་ཚེའི་བར་ཆད་དུ་གྱུར་ན་འཆི་ཁ་གཞན་ལ་རག་མ་ལུས་པ་ཞིག་ནི་ངེས་པར་དགོས་པས་སྔོན་འགྲོའི་དུས་ཀྱི་ཁྲིད་སྦྱང་ཁྲལ་སྤྲད་ཙམ་མ་ཡིན་པར་རྒྱུན་དུ་འཕོ་བ་ལ་སྦྱངས་གོམས་རེ་མཛད་ཐུབ་པ་ཕྱི་རབས་རྣམས་ལ་ཐལ་མོ་སྦྱར་ཏེ་ཞུ་ན་རང་དོན་ཡིན་པར་ཤེས་པའི་སྒོ་ནས་བཏང་སྙོམས་སུ་མི་བཞག་པར་མཛད་འཚལ། གདམས་པ་འདིར་ཕྲད་སྐལ་ལྡན་གང་སུ་དག །སྡུག་བདེན་འཆི་བདག་དགྲ་ལས་རྣམ་རྒྱལ་ཏེ། །བདེ་སྟོང་འཆི་མེད་གཉུག་མའི་གསུང་རྡོ་རྗེ། །ཚེ་འདིར་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །ཞེས་ཀུན་ལ་ལྷག་བསམ་དཀར་བ། ཁོ་བོ་འགྲོ་འདུལ་པས་རྒྱུན་ཁྱེར་ཁྲིགས་སུ་བསྡེབ་སྟེ་སྤར་དུ་སྒྲུབ་པས་སྨོན་པའི་གནས་དེ་དེ་བཞིན་དུ་འགྲུབ་ཅིང་བཀྲ་ཤིས་ཀྱིས་སྣང་བ་ཕྱོགས་ཀུན་དུ་དར་ཞིང་རྒྱས་པར་གྱུར་ཅིག །

༈ གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་འཛུགས་མ་རྫོགས་ཆེན་ནས་བརྒྱུད་པ་ལྟར་གྱི་གསོལ་བདེབས་བསྡུས་པ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མས་ཐུགས་རྗེས་ཟུང་། །རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱོང་པར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་ལན་གསུམ་གྱི་རྗེས་མ་ལ། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་ལན་གསུམ་བྱ་ཞིང་།

༈ གནམ་ཆོས་ཀྱི་འཕོ་བ་དཔལ་ཡུལ་ནས་བརྒྱུད་པའི་གསོལ་འདེབས། ཨེ་མ་ཧོ། ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་། །ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ། །བདག་སོགས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་པར་བྱིན་གྱིས་རློབས། །བདག་སོགས་ནམ་ཞིག་འཆི་བའི་དུས་བྱུང་ཚེ། །རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས། །ལན་གསུམ་གྱི་ཚིག་རྐང་རྗེས་མ་ཡང་བསྐྱར་དང་། སྤར་ཆོག་སོགས་སྔར་ལྟར་ཡིན་ནོ། །

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་མན་ངག་ཟབ་མོ། རྫ་དཔལ་སྤྲུལ་རིན་པོ་ཆེ།

༄༅། །གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་མན་ངག་ཟབ་མོ་བཞུགས་སོ། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་ཕཊཿལ་འདུད། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །ཟབ་དོན་གཅོད་ཀྱི་ཉམས་ལེན་བྲི། །དེ་ལ་ཟབ་དོན་གྱི་གདམས་པ་ཉམས་སུ་ལེན་པའི་སྐབས་སུ་སྔོན་འགྲོའི་སྦྱངས་པ་རྣམས་དང་དངོས་གཞི་ཡུམ་དོན་ངོ་སྤྲོད་པ། བདུད་བཞི་དབྱིངས་སུ་གཅོད་པ་སོགས་ཉམས་ལེན་གནད་དུ་ཁེལ་ཞིང་། རྗེས་བོགས་འདོན་སྤྱོད་པས་ལ་ཟླ་བའི་ཆེད་དུ་གཉན་སར་འགྲོ་བའི་ཚེ། ཟིལ་གནོན་དམིགས་པ་སྐོར་གསུམ་དང་། ཉམས་ལེན་ཕུང་པོ་ཟན་བསྐྱུར་རྣམས་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལྟར་བྱ་བ་ལ། དང་པོ་སྔ་གནོན་གྱི་དམིགས་པ་ནི། ཕཊཿཅེས་བརྗོད་པས་རང་གི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་སྲ་ཞིང་བརྟན་པ། ལྕི་ཞིང་འཐས་པ་འོད་ཟེར་དང་མེ་དཔུང་གི་ཚྭ་ཚྭ་འཕྲོ་བ་ཞིག་གང་དམིགས་པའི་གཉན་ས་དེར་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་སོང་སྟེ་གནམ་ལྕགས་ཀྱི་ཐོག་ལྷུང་བ་ལྟར་བབས་ནས་འོད་དང་འོད་ཟེར་དུ་འཕྲོ་ཞིང་མེ་དཔུང་གི་ཚྭ་ཚྭ་ཐོ་རོ་རོ་འཕྲོས་པས་ས་དེ་ན་གནས་པའི་ལྷ་འདྲེ་སྡེ་དང་དཔུང་དུ་བཅས་པ་ཐམས་ཅད་འཕྲོས་ཤིང་འཁྱར་བའི་དབང་མེད་པར་དཔའ་ཟིལ་ང་རྒྱལ་ཆག །སྙེམས་པའི་སྟངས་ཤོར་ནས་ཟིལ་ཆུམ་གྱིས་གནས་པར་བསམ། དེ་ནས་འགྲོ་བའི་ཚེ། ཕོ་ཚོད་ལྷ་འདྲེར་བརྙས་སེམས་དང་། །ཆོས་བརྒྱད་བསམ་པས་མ་ཡིན་པར། །ཞེས་པ་ལྟར། བདག་མེད་གནས་ལུགས་རྟོགས་པའི་ལྟ་བའི་གདེང་དང་། འབྲེལ་ཚད་ཐར་ལམ་ལ་འགོད་པའི་ལྷ་འདྲེའི་འགྲོ་དོན་བྱེད་སྙམ་པའི་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཤུགས་དང་ལྡན་པས་འགྲོ། གཉན་སར་ཕྱིན་ནས། བར་གནོན་གྱི་དམིགས་པ་ནི། ཕཊཿཅེས་བརྗོད་པས་རང་ཉིད་སྐད་ཅིག་གིས་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་བདེ་ཆེན་རྡོ་རྗེ་རྣལ་འབྱོར་མ། ཐུགས་སྙིང་རྗེ་ཆེན་པོས་སེམས་ཅན་ལ་རྗེས་སུ་ཆགས་ཤིང་། ཁམས་གསུམ་དབང་དུ་སྡུད་པའི་བརྡར་སྐུ་མདོག་དམར་མོ་དུས་མཐའི་མེའི་འོད་ཟེར་ལྟར་འབར་བ། ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཀློང་དུ་དུག་གསུམ་དབྱིངས་སུ་དག་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བརྡར་ཉི་མ་འབུམ་ལྟར་གཟི་བརྗིད་འབར་ཞིང་ཁྲོ་བའི་ཉམས་དང་ལྡན་པ། ཆེས་ཕྲ་ཡིད་ཀྱི་བག་ཆགས་དབྱིངས་སུ་དག་ཅིང་། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་མངའ་དབང་འབྱོར་པས་སྐུ་སྟོད་གཟུགས་མེད་སྲིད་པའི་རྩེ་ན་བརྗིད་པ། ཕྲ་བ་ངག་གི་བག་ཆགས་དབྱིངས་སུ་དག་ཅིང་གསུང་མི་ཟད་རྒྱན་གྱི་འཁོར་ལོ་ལ་མངའ་དབང་འབྱོར་པས་སྐུ་སྐེད་གཟུགས་ཀྱི་ཁམས་ན་འགྱིང་བ། རགས་པ་ལུས་ཀྱི་བག་ཆགས་དབྱིངས་སུ་དག་ཅིང་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་ལ་མངའ་དབང་འབྱོར་པས་སྐུ་སྨད་འདོད་ཁམས་ཀྱི་གནས་སུ་རོལ་པ། བདེ་ཆེན་སྒྱུ་མའི་གར་གྱིས་སྲིད་གསུམ་ཕྱག་རྒྱས་འགེངས་པའི་རྡོ་རྗེའི་གར་སྟབས་བསྒྱུར་བ། འགྱུར་མེད་ཆོས་སྐུའི་ཀློང་དུ་འཁོར་འདས་ཐིག་ལེ་ཉག་གཅིག་ཏུ་རྫོགས་པས་ཞལ་གཅིག་པ། ཤེས་པས་སྲིད་ལ་མི་གནས་ཤིང་། སྲིད་མཐའི་འཁྲུལ་པ་གཅོད་པའི་བརྡར་གནག་སྣུམ་དབུ་སྐྲའི་ཐོར་ཅོག་བཅིངས་པ། སྙིང་རྗེས་ཞི་མཐར་མི་གནས་ཤིང་ཞི་མཐར་ཞེན་པ་དགག་པའི་བརྡར་རལ་པའི་ཟུར་ཕུད་ཐུར་དུ་འཕྱང་བས་སྐུ་རྒྱབ་ཁེབ་པ། སྐུ་གསུམ་ལྷུན་གྱིས་གྲུབ་ཅིང་ཐུགས་རྗེས་འགྲོ་ལ་གཟིགས་པའི་ཕྱིར་དམར་ལ་ཟླུམ་པའི་སྤྱན་གསུམ་རྒྱས་པ། ཚད་མེད་རྣམ་བཞིས་འགྲོ་དོན་མཛད་ཅིང་རྣམ་པ་བཞིའི་རྣམ་རྒྱུན་འཆས་པའི་ཕྱིར་མཆེ་བ་བཞི་རྣོ་ངར་དུ་གཙིགས་པ། ཚངས་པའི་དབྱངས་ཀྱི་ཡན་ལག་རྫོགས་ཤིང་འཁྲུལ་སྣང་གདོན་གྱི་མགོ་བོ་འགེམ་པས་གློག་དམར་ལྟ་བུའི་ལྗགས་བརྐྱངས་ཤིང་ཕཊ་དང་ཕེཾ་གྱི་སྒྲ་སྒྲོག་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་ཅིང་ཟུང་འཇུག་རྡོ་རྗེའི་ལམ་གྱིས་འཁོར་འདས་དབྱེར་མེད་དུ་སྦྱོར་བའི་ཕྱིར་ཕྱག་གཉིས་པ། སྙིང་རྗེ་ཆེན་པོས་བརླན་ཞིང་བསྡུ་བཞིའི་ཕྲིན་ལས་རྫོགས་པའི་བརྡར་ཕྱག་གཡས་ཁྲག་གིས་གོས་པའི་མི་ལྤགས་ཀྱི་གཡང་གཞི་དམར་ལྷབ་ལྷབ་ཏུ་བརྡེབ་པས་ལྷ་འདྲེ་མི་གསུམ་དབང་དུ་སྡུད་ཅིང་བྲན་དུ་བཀོལ་བར་བྱེད་པ། ཤེས་རབ་སྟོང་ཉིད་ཆོས་ཀྱི་རང་སྒྲས་སྐྱེ་རྒུའི་མ་རིག་གཉིད་ལས་སློང་བའི་བརྡར་ཕྱག་གཡོན་མི་རྐང་གི་གླིང་བུ་དྲག་ཏུ་འབུད་པས་འཇིག་རྟེན་གྱི་དྲེགས་བྱེད་ཟིལ་གྱིས་གནོན་ཅིང་ང་རྒྱལ་འཇོམས་པ། དུག་ལྔ་ལམ་དུ་བྱེད་ཅིང་ཕུང་པོ་ལྔ་དབྱིངས་སུ་དག་སྟེ་སྐུ་ལྔས་འགྲོ་དོན་མཛད་ལ་རིགས་ལྔའི་དབང་བསྐུར་རྫོགས་པས་ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། ཤེས་རབ་ཡུམ་གྱི་སྐུ་ལ་ཐབས་ཆེན་སྤྱོད་པའི་ཕྱོགས་ཀྱི་ཕ་རོལ་ཕྱིན་པ་ལྔ་འདུ་འབྲལ་མེད་པའི་བརྡར་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཀློང་དགུའི་དབྱིངས་ལ་རོལ་ཞིང་ས་དགུའི་བག་ཆགས་དག་ནས་ཀུན་སྦྱོར་འཆིང་བ་གཅོད་པས་གར་དགུའི་ཉམས་ཀྱིས་སྒེག་པ། ཚོགས་གཉིས་ཟུང་དུ་འཇུག་ཅིང་སྲིད་ཞིའི་ཡུལ་ལས་འདས་པ་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱིར་ཞབས་གཉིས་གར་སྟབས་ཀྱིས་རོལ་པའོ། །དེའི་སྟེང་གི་ནམ་མཁར་གཅོད་ཡུལ་བརྒྱུད་པའི་བླ་མ་ཐམས་ཅད་སྐུ་རྡོ་རྗེའི་གར་སྟབས་བསྒྱུར་བ། གསུང་ཚངས་དབྱངས་ཀྱི་མགུར་གླུ་སྒྲོག་པ། ཐུགས་བདེ་ཆེན་གྱི་ཉམས་སྣང་འུར་བ། འཇའ་དང་འོད་ཕུང་གི་ཀློང་ན་བྱིན་འཐིབས་སེ། འོད་སྤུངས་སེ། བག་དྲོ་ཆིལ་ལེར་བཞུགས་པ། བར་གྱི་ནམ་མཁའ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་མེ་རི་མེ་དཔུང་འཇའ་དང་འོད་ཕུང་གི་ཀློང་ན་སྐུ་སྣ་ཚོགས་ཀྱི་ཕྱག་རྒྱ་བསྒྱུར་བ། གསུང་དགྱེས་པའི་གད་མོ་སྒྲོག་པ། ཐུགས་སྙིང་རྗེ་ཆེན་པོའི་དགོངས་པ་ལ་རོལ་པ། ཞི་བ་རྣམས་ཚུལ་དགུའི་ཉམས་ཀྱིས་སྒེག་ཅིང་། ཁྲོ་བོ་རྣམས་གར་དགུའི་སྟབས་ཀྱིས་རོལ་པ། རང་གི་འཁོར་དུ་གནས་ཡུལ་དུར་ཁྲོད་ཀྱི་ཞིང་སྐྱོང་གི་མཁའ་འགྲོ། དཀར་མོ་མཛེས་འཛུམ་སྐུའི་ཌཱ་ཀི་འབུམ་སྡེ། དམར་མོ་རྗེས་ཆགས་གསུང་གི་ཌཱ་ཀི་འབུམ་སྡེ། སྔོན་མོ་གར་བསྒྱུར་ཐུགས་ཀྱི་ཌཱ་ཀི་འབུམ་སྡེ། སེར་མོ་སྒེག་འཆང་ཡོན་ཏན་གྱི་ཌཱ་ཀི་འབུམ་སྡེ། ལྗང་མོ་ཁྲོ་གཏུམ་ཕྲིན་ལས་ཀྱི་ཌཱ་ཀི་འབུམ་སྡེ། ཐམས་ཅད་ཀྱང་ལ་ལ་གཞོན་ཉམས་ལང་ཚོས་སྒེག་ཅིང་། གནག་སྣུམ་དབུ་སྐྲའི་ཟར་བུ་གཡོ་བ་ཐོར་ཚུགས་རུས་རྒྱན་དྲིལ་གཡེལ་འཁྲོལ་ཞིང་སྣ་ཚོགས་དར་གྱི་ཅོད་པན་འཕུར་བ། ལ་ལ་བགྲེས་ཉམས་གཟི་བརྗིད་རྔམས་ཤིང་དབུ་སྐྲ་སེར་པོ་ལྟག་པར་བཅིངས་བ། སྣུམ་དང་ཁྲག་གི་ཐིག་ལེས་བརྒྱན་ཅིང་རོ་ཆས་རྙིང་པའི་ན་བཟའ་གསོལ་བ། ཁ་ན་སོ་མེད་ཧ་ཧ་རྒོད་ཅིང་རྐང་བ་གར་སྟབས་འཁྲོལ་ཞིང་འགྲོ་བ་། ལ་ལ་ཞི་བའི་འཛུམ་མདངས་གསལ་བ། ལ་ལ་ཁྲོ་བའི་གར་དགུ་ངོམ་པ། ལ་ལ་ཞི་ཁྲོ་ཕྱེད་པའི་ཉམས་ཅན། རྣམ་རྟོག་དབྱིངས་སུ་གསོད་པས་ལ་ལ་གསོད་བྱེད་ཀྱི་ཤན་པ་ལྟར་སྟོན་པ། བག་ཆགས་ཀྱི་དྲི་མ་འཁྲུད་པས་ལ་ལ་དག་བྱེད་ཀྱི་ཁྲུས་མཁན་ལྟར་སྟོན་པ། ཉོན་མོངས་ཡེ་ཤེས་སུ་བསྒྱུར་བས་ལ་ལ་སྒྱུར་བྱེད་ཚོས་མཁན་ལྟར་སྟོན་པ། ཏིང་འཛིན་ཉམས་ཀྱིས་འཚོ་བས་ལ་ལ་འཚོ་བྱེད་གཡོས་མཁན་ལྟར་སྟོན་པ། འགྲོ་དྲུག་རྗེས་སུ་འཛིན་པས་ལ་ལ་སླུ་བྱེད་གཡེམ་མཁན་ལྟར་སྟོན་པ། དེ་དག་ཐམས་ཅད་ཀྱང་རིག་སྟོང་ལྟ་བའི་ཀློང་དུ་ཆོས་སྐུ་དབྱིངས་ཀྱི་མཁའ་འགྲོ་རྫོགས་པ། འཛིན་མེད་སྒོམ་པའི་ཀློང་དུ་ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་བཞུགས་པ། ཞེན་མེད་སྤྱོད་པའི་ཀློང་དུ་སྤྲུལ་སྐུ་ལས་ཀྱི་མཁའ་འགྲོ་ལྟར་སྟོན་པ། ཆགས་མེད་འབྲས་བུ་རྫོགས་པའི་ཤ་ཟ་འཇིག་རྟེན་གྱི་མཁའ་འགྲོ་ཐམས་ཅད་བྲན་དུ་ཁོལ་བ། དེ་དག་གི་མཐའ་བསྐོར་དུ་ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྐྱོང་སྲུང་མ་ཐམས་ཅད་སྐུ་མདོག་དང་ཞལ་ཕྱག་གི་རྣམ་འགྱུར་མ་ངེས་ཤིང་། ཞི་ཁྲོའི་ཉམས་སྣ་ཚོགས་སུ་གསལ་བ། ཐམས་ཅད་ཀྱང་སྐུ་བྲོ་དང་གར་གྱི་རྣམ་འགྱུར་ངོམས་ཤིང་། གསུང་ཧཱུྃ་གི་གླུ་དང་ཕཊཿཀྱི་སྒྲ་སྒྲོག་པ། དེ་ལྟར་གཙོ་དང་འཁོར་དུ་བཅས་པ་ཐམས་ཅད་ཀྱང་ཐུགས་བརྟུལ་ཞུགས་སྤྱོད་པའི་ཉམས་དང་ལྡན་པའི་སྒོ་ནས་འཁོར་འདས་དབྱེར་མེད་བརྡལ་ཞིང་གཉིས་འཛིན་འཁོར་བའི་རྣམ་རྟོག་གཞོམ་པའི་ཆེད་དུ། ཤར་ཕྱོགས་བྱམས་པ་ཆེན་པོའི་རང་བཞིན་འཇའ་འོད་དཀར་གསལ་གྱི་བྲོ་ར་ལུས་འཕགས་གླིང་གི་རྣམ་པར་གནས་པའི་དབུས་སུ་ཞེ་སྡང་ཁྲོ་གཏུམ་གྱི་རྟོག་པ་ཐམས་ཅད་ཕོ་གདོན་རྒྱལ་པོའི་རྣམ་པར་ཁ་སྦུབས་སུ་བསྒྱེལ་བའི་སྟེང་དུ་ཞི་བའི་བྲོ་ར་ཟླུམ་འཁྱིལ་དུ་བཅས་ནས་བྲོ་བརྡུངས་པས་ཞེ་སྡང་མེ་ལོང་ཡེ་ཤེས་སུ་དག་སྟེ། རིག་རྩལ་བྱམས་པ་ཆེན་པོའི་ཏིང་འཛིན་དུ་ཤར། ལྷོ་ཕྱོགས་སྙིང་རྗེ་ཆེན་པོའི་རང་བཞིན་འཇའ་འོད་མཐིང་གསལ་གྱི་བྲོ་ར་འཛམ་བུའི་གླིང་གི་རྣམ་པར་གནས་པའི་དབུས་སུ་ང་རྒྱལ་ཁེངས་དྲེགས་ཀྱི་རྟོག་པ་ཐམས་ཅད་གསོད་བྱེད་གཤིན་རྗེའི་གདོན་ཚོགས་ཀྱི་རྣམ་པར་ཁ་སྦུབས་སུ་བསྒྱེལ་བའི་སྟེང་དུ་རྒྱས་པའི་བྲོ་ར་གྲུ་བཞིར་བཅས་ནས་བྲོ་བརྡུངས་པས་ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་དག་སྟེ། རིག་རྩལ་སྙིང་རྗེ་ཆེན་པོའི་རྣམ་པར་ཤར། ནུབ་ཕྱོགས་དགའ་བ་ཆེན་པོའི་རང་བཞིན་འཇའ་འོད་དམར་གསལ་གྱི་བྲོ་ར་བ་ལང་སྤྱོད་ཀྱི་རྣམ་པར་གནས་པའི་དབུས་སུ་འདོད་ཆགས་ཞེན་པའི་རྟོག་པ་ཐམས་ཅད་མོ་གདོན་སྲིན་མོའི་རྣམ་པར་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ་དབང་གི་བྲོ་ར་ཟླ་གམ་དུ་བཅས་ནས་བྲོ་བརྡུངས་བས་འདོད་ཆགས་སོར་རྟོག་ཡེ་ཤེས་སུ་དག་སྟེ། རིག་རྩལ་དགའ་བ་ཆེན་པོའི་ཏིང་འཛིན་དུ་ཤར། བྱང་ཕྱོགས་བཏང་སྙོམས་ཆེན་པོའི་རང་བཞིན་འཇའ་འོད་སེར་གསལ་གྱི་བྲོ་ར་སྒྲ་མི་སྙན་གྱི་རྣམ་པར་གནས་པའི་དབུས་སུ་ཕྲག་དོག་གདུག་པའི་རྟོག་པ་ཐམས་ཅད་སླུ་བྱེད་དམ་སྲིའི་གདོན་གྱི་རྣམ་པར་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ་དྲག་པོའི་བྲོ་ར་གྲུ་གསུམ་དུ་བཅས་ནས་བྲོ་བརྡུངས་པས་ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ་དག་སྟེ། རིག་རྩལ་བཏང་སྙོམས་ཆེན་པོའི་ཏིང་འཛིན་དུ་ཤར། དབུས་ཕྱོགས་བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་བྲོ་ར་གཞི་ཚད་མེད་བཞིའི་རང་འོད་གསལ་ཞིང་བསྡུ་དངོས་བཞིའི་བང་རིམ་བཀྲ་ལ་ཕར་ཕྱིན་དྲུག་གི་ཁ་ཁྱེར་ཡངས་བའི་རི་རྒྱལ་ལྷུན་པོའི་རྣམ་པར་གནས་པའི་སྟེང་དུ་གཏི་མུག་རྨོངས་པས་བསྐྱེད་པའི་ཀུན་རྟོག་འཁྲུལ་པའི་སྣང་བ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཤི་འདྲེ་གསོན་འདྲེ་ཡུལ་འདྲེ་འཁྱམས་པོ་གནས་གདོན་ལུས་གདོན་སོགས་སྣང་སྲིིད་ལྷ་འདྲེའི་རྣམ་པར་གཅལ་དུ་བཀྲམ་པའི་སྟེང་དུ་ཆོས་ཀྱི་དབྱིངས་ཀྱི་བྲོ་ར་བྱིན་ཆགས་པ་བཅས་ནས་བྲོ་བརྡུངས་བས་གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་དག་སྟེ། རིག་རྩལ་བྱང་ཆུབ་སེམས་སུ་འབར་བས་སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་ཏེ། འཁོར་བ་མྱང་འདས་སུ་དག་སྟེ་རེ་དོགས་སྤང་བླང་གི་རྣམ་རྟོག་ཐམས་ཅད་དབྱིངས་སུ་དག་པར་བསམ་ཞིང་བྲོ་བརྡུང་བར་བྱའོ། །

དེ་ནས་སླར་ཡང་རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དང་ལས་བྱེད་མཁའ་འགྲོ་མ་གྲངས་མེད་པ་རྣམས་ཀྱིས་འཁྲུལ་གཟུགས་གདོན་གྱི་རྣམ་པར་ཤར་བའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་དང་། ཁྱད་པར་ཡུལ་ཕྱོགས་འདི་ན་གནས་པའི་ལྷ་འདྲེ་གདུག་པ་ཅན་གང་ཡིན་པ་དེ་རང་དབང་མེད་པར་བཀུག་ནས་གན་རྐྱལ་དུ་བསྒྱེལ་བའི་ཡན་ལག་ལྔར་ཕུར་པ་འདེབས་པ་སྟེ། དེ་ཡང་རང་རིག་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་དཀར་མོ་ཞི་འཛུམ་མཛེས་པའི་ཉམས་དང་ལྡན་པས་རིག་རྩལ་བྱམས་པ་ཆེན་པོའི་རང་བཞིན་ཞི་བའི་ཕུར་པ་དཀར་པོ་ཟླུམ་པོའི་རྣམ་པ་ཅན་བདག་འཛིན་ལྷ་འདྲེའི་གཟུགས་ཀྱི་ལག་གཡས་ཞེ་སྡང་གི་རང་བཞིན་ལ་བཏབ་པས་ཞེ་སྡང་གནོད་སེམས་ཀྱི་རྟོག་པ་སྐད་ཅིག་ཀྱང་མི་གཡོ་ཞིང་བྱམས་པ་ཆེན་པོའི་ཏིང་འཛིན་རྒྱུད་ལ་ལྷང་གིས་སྐྱེས་པར་བསམ། མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སེར་མོ་དགའ་སྤྲོ་དགྱེས་པའི་ཉམས་དང་ལྡན་པས་རིག་རྩལ་སྙིང་རྗེ་ཆེན་པོའི་ཕུར་པ་སེར་པོ་གྲུ་བཞིའི་རྣམ་པ་ཅན་ང་རྒྱལ་གྱི་རང་བཞིན་ལག་གཡོན་པར་བཏབ་པས་ང་རྒྱལ་རྒྱགས་པའི་རྟོག་པ་སྐད་ཅིག་ཀྱང་མི་གཡོ་ཞིང་སྙིང་རྗེ་ཆེན་པོའི་ཏིང་འཛིན་རྒྱུད་ལ་སྐྱེས་པར་བསམ། རང་རིག་སོར་རྟོག་ཡེ་ཤེས་ཀྱི་རང་གདངས་པདྨ་རིགས་ཀྱི་མཁའ་འགྲོ་མ་དམར་མོ་འཛུམ་ཆགས་བཞད་པའི་ཉམས་དང་ལྡན་པས་དགའ་བ་ཆེན་པོའི་རང་བཞིན་དབང་གི་ཕུར་པ་ཟླ་གམ་གྱི་རྣམ་པ་ཅན་འདོད་ཆགས་ཀྱི་རང་བཞིན་རྐང་པ་གཡོན་པར་བཏབ་པས་འདོད་ཆགས་ཞེན་པའི་རྟོག་པ་སྐད་ཅིག་ཀྱང་མི་གཡོ་ཞིང་དགའ་བ་ཆེན་པོའི་ཏིང་འཛིན་རྒྱུད་ལ་སྐྱེས་པར་བསམ། རང་རིག་བྱ་གྲུབ་ཡེ་ཤེས་ཀྱི་རང་གདངས་ལས་ཀྱི་མཁའ་འགྲོ་མ་ལྗང་མོ་ཁྲོ་གཏུམ་འཁྲུགས་པའི་ཉམས་དང་ལྡན་པས་རིག་རྩལ་བཏང་སྙོམས་ཆེན་པོའི་རང་བཞིན་དྲག་པོའི་ཕུར་པ་ནག་པོ་གྲུ་གསུམ་གྱི་རྣམ་པར་ཕྲག་དོག་གི་རང་བཞིན་རྐང་པ་གཡས་པར་བཏབ་པས་ཕྲག་དོག་འགྲན་སེམས་ཀྱི་རྟོག་པ་སྐད་ཅིག་ཀྱང་མི་གཡོ་ཞིང་བཏང་སྙོམས་ཆེན་པོའི་ཏིང་འཛིན་རྒྱུད་ལ་སྐྱེས་པར་བསམ། །རང་རིག་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་མཐིང་ག་དགའ་ཁྲོ་ཆགས་པའི་ཉམས་འགྱུར་རྫོགས་པའི་རིག་རྩལ་སྨོན་འཇུག་བྱང་ཆུབ་སེམས་ཀྱི་རང་བཞིན་ཕུར་བུ་ཆངས་ཟུང་ཟླུམ་པོ་རྒྱ་མདུད་གྲུ་བཞི་དབལ་ཁ་ཟླ་གམ་དབལ་རྩེ་གྲུ་གསུམ་སྟེ་ལས་བཞི་ལྷུན་གྲུབ་ཀྱི་རྣམ་པ་ཅན་གཏི་མུག་མ་རིག་པའི་རང་བཞིན་མགོ་བོར་བཏབ་པས་གཟུང་འཛིན་གྱི་དབང་གིས་ལུས་ངག་ཡིད་གསུམ་སྐད་ཅིག་ཀྱང་མི་གཡོ་ཞིང་བྱང་ཆུབ་སེམས་ཀྱི་ངང་དུ་ལྷན་གྱིས་གནས་པར་བསམས་ནས་ཕུར་གདབ་བྱའོ། །

དེ་ལྟར་འཁྲུལ་གཟུགས་ལྷ་འདྲེར་སྣང་བ་གནས་རྟེན་དང་བཅས་པ་ཐམས་ཅད་ཡེ་ཤེས་ལྔའི་ཀློང་དུ་སྦྱངས་ནས། ཡུམ་ལྔའི་མཁའ་ཀློང་གི་རང་བཞིན་དུ་རྣམ་པར་དག་པའི་དབྱིངས་སུ་ཅོག་བུ་མཁའ་འགྲོའི་ཕོ་བྲང་བཅས་འཁོར་བ་མ་སྟོང་གི་བར་དུ་གནས་པར་བྱའོ་སྙམ་དུ་ཡང་ཡང་བསམ་ཞིང་མཐར་བདག་གནས་ལྷ་འདྲེ་དང་བཅས་པ་གང་དུའང་མི་དམིགས་ཤིང་། རིག་སྟོང་སྤྲོས་པ་དང་བྲལ་བའི་ངང་དུ་ཡུམ་དོན་ཤེས་རབ་ཕར་ཕྱིན་གྱི་ཉམས་ལེན་ལས་སྐད་ཅིག་ཀྱང་མི་གཡེང་བས་བསྐྱང་བར་བྱའོ། །འདི་གཉིས་ཀ་ལ་བདག་གནས་ལྷ་འདྲེ་ཟིལ་གྱིས་གནོན་པ་གསུམ་ག་ཚང་ཡང་གཙོ་ཆེ་བའི་དབང་དུ་བྱས་ནས་བྲོ་བརྡུང་གིས་བདག་དང་གནས་ཟིལ་གྱིས་གནོན་པ་དང་ཕུར་གདབ་ཀྱིས་ལྷ་འདྲེ་ཟིལ་གྱིས་གནོན་པ་གཙོ་བོར་སྟོན་པས་ཟིལ་གནོན་སྐོར་གསུམ་ལོགས་ནས་བཙལ་མི་དགོས། དེ་ལྟར་ཟིལ་གནོན་གྱི་དམིགས་པ་ལ་བརྟེན་ནས་ལྷོང་དང་ཆོ་འཕྲུལ་རྣམས་ཁྲིད་གཞུང་ནས་བཤད་པ་ལྟར་བྱུང་བ་དང་། ཉམས་ལེན་ཕུང་པོ་ཟན་བསྒྱུར་དངོས་ལ་འཇུག་པ་སྟེ།

དེ་ལ་ཡང་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་བཞི་ལས་སྐྱབས་སུ་འགྲོ་བ་ནི། རང་ཉིད་ཐ་མལ་དུ་གནས་པའི་མདུན་གྱི་ནམ་མཁར་རྩ་བའི་བླ་མ་དེ་ཉིད་ཆོས་སྐུ་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བཞུགས་པའི་མཐའ་བསྐོར་དུ་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུངས་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ནམ་མཁའ་ལ་སྤྲིན་ཕུང་འཁྲིགས་པ་ལྟར་བཞུགས་པའི་དྲུང་དུ་རང་གི་འཁོར་དུ་གནས་གདོན་ལུས་གདོན་ལས་གདོན་གསུམ་གྱིས་ཐོག་དྲངས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཁྲོམ་འཚོགས་པ་ལྟར་ཚོགས་ནས་ལུས་ངག་ཡིད་གསུམ་ཆུན་གཅིག་དྲིལ་གྱིས་སྐྱབས་འགྲོ་བྱེད་པར་བསམ་ཞིང་སྐྱབས་འགྲོ་བྱ།

གཉིས་པ་སེམས་བསྐྱེད་ནི། སྤྱིར་སྨོན་འཇུག་སོགས་ཀྱི་གོ་བ་ཁྲིད་གཞུང་ལྟར་ངེས་པར་བྱ་ཞིང་གསལ་འདེབས་དང་། ཁྱད་པར་རང་གཞན་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ཕྱི་སྣང་བའི་ཡུལ་ལ་དངོས་པོ་བདེན་གྲུབ་ཏུ་ཞེན་ཏེ། དགག་སྒྲུབ་ཆགས་སྡང་གི་དབང་དུ་གྱུར་པས། དེ་ཉིད་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་ཚར་བཅད་ནས་ཡང་དག་པའི་གནས་ལུགས་རྟོགས་པར་བྱའོ་སྙམ་དུ་སེམས་བསྐྱེད།

གསུམ་པ་མཎྜལ་ནི། གཞུང་གཞན་ནས་བེམ་རིག་ཕྲལ་ཏེ་པགས་པ་བཤུས་ནས་དབང་ཆེན་གསེར་གྱི་ས་གཞིར་བསྒོམ་པ་སོགས་རིམ་བཞིན་གསལ་འདེབས་པར་གསུངས་ཀྱང་། འདིར་བེམ་རིག་ཕྲལ་བ་མ་གསུངས་པ་ལུས་གཅེས་པར་འཛིན་མཁན་གྱི་སེམས་དེ་ཉིད་འབུལ་བ་པོར་བྱས་ནས་གཅེས་པར་གཟུང་རྒྱུའི་ལུས་ཡན་ལག་ཉིང་ལག་ལ་སོགས་པ་གླིང་བཞི་རི་རབ་ཉི་ཟླ་སོགས་བློས་བཏགས་ཏེ་གཅེས་འཛིན་དང་བྲལ་བས་ཚོགས་ཞིང་གི་ལྷ་ཚོགས་རྣམས་ལ་འབུལ་ཏེ་རྣམ་པ་གསལ་ཀྱང་ལེགས་ལ་མ་གསལ་ཀྱང་འདྲ།

བཞི་པ་བླ་མའི་རྣལ་འབྱོར་ནི། རང་གཞན་སེམས་ཅན་ཐམས་ཅད་ཀྱི་མདུན་གྱི་ནམ་མཁར་རྩ་བརྒྱུད་བླ་མ་འདུས་པའི་རང་བཞིན་ཨོ་རྒྱན་རྡོ་རྗེ་འཆང་ཧེ་རུ་ཀའི་ཆས་ཅན་དུ་གསལ་བ་ལ་བདག་གཞན་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་གདབ། མཐར་རྩ་བའི་བླ་མའི་གསང་གསུམ་དང་རང་གི་སྒོ་གསུམ་དུ་མ་རོ་གཅིག་ཏུ་གྱུར་པར་བསམ་ལ་གནས་ལུགས་ཀྱི་ངང་ལ་མཉམ་པར་གཞག་གོ། དེ་ཡན་ཆད་སྔོན་འགྲོའི་རྣམ་པ་སོང་ནས། གཉིས་པ་དངོས་གཞི་བེམ་རིག་ཕྲལ་ནས་ཁྲོས་མ་བསྐྱེད་པ། མགྲོན་རྣམས་སྤྱན་འདྲེན་པ། འགྱེད་ཆེན་གསུམ་མམ་བཞི་བྱ་བའོ། །

དང་པོ་རང་གི་ལུས་འདི་ཉིད་ཆེ་ལ་ཚོ་ཞིང་སྣུམ་ལ་གཞོན་ཞིང་ལང་ཚོ་མཛེས་པའི་སྙིང་གའི་དབུས་སུ་རང་སེམས་ཀྱི་ངོ་བོ་མ་ཅིག་ཁྲོས་མ་ནག་མོ་གར་སྟབས་ལིང་ངེ་བར་གསལ་པ་དེ་ཉིད་ཕཊཿཅེས་བརྗོད་པས་སྤྱི་བོ་ཚངས་པའི་བུ་ག་ནས་ནམ་མཁར་སྤར། དེའི་ཕྱག་གི་གྲི་གུག་གིས་རང་གི་སྨིན་མཚམས་ནས་བྲེགས་ཏེ་ཕྱག་གཡོན་པས་བླངས་ནས་ཐོད་པའི་སྒྱེད་པུ་རི་རབ་དང་མཉམ་པ་གསུམ་གྱི་སྟེང་དུ་བཀལ་བ་སྟོང་གསུམ་རྒྱ་ཁྱོན་དང་མཉམ་པར་གྱུར་པའི་ནང་དུ་རང་ལུས་རིམ་པ་བཞིན་གྲི་གུག་གིས་གཏུབས་ནས་བཅུག་པའི་འོག་ནས་རླུང་གཡོས་མེ་སྦར་ཤ་ཁྲག་རུས་གསུམ་བདུད་རྩིའི་རང་བཞིན་དུ་ཞུ་བར་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ་པ་གཞུང་ལྟར་བྱ། གཉིས་པ་མགྲོན་འབོད་པ་ནི། རང་ཉིད་ཁྲོས་མའི་ཐུགས་ཀའི་འོད་ཟེར་གྱིས་བཀུག་ནས་ཡར་མཆོད་ཡུལ་དུ་གྱུར་པའི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་སེམས་ལ་སོགས་པ་ནས་བཟུང་སྟེ་མར་སྦྱིན་ཡུལ་དུ་གྱུར་པའི་ལྷ་འདྲེ་གདོན་བགེགས་ཡན་ཆད་གནམ་ས་བར་སྣང་ཐམས་ཅད་གང་བར་འདུས་པར་བསམ་ཞིང་། མཆོད་ཡུལ་དམ་ཅན་སོགས་བརྗོད། གསུམ་པ་འགྱེད་ཆེན་གྱི་དམིགས་པ་སྤྱིར་མགྲོན་རིགས་ཐམས་ཅད་ལ་དཀར་འགྱེད་དང་། ཁྲ་འགྱེད་གཉིས་བྱེད་པ་དང་། ཁྱད་པར་ཤ་ཁྲག་ཟ་བའི་རིགས་ལ་དམར་འགྱེད། གདོན་བགེགས་ལ་ནག་འགྱེད་བྱེད་པ་སོགས་དམིགས་པའི་རྣམ་གྲངས་རྣམས་ཤེས་པར་བྱ་ཞིང་། རང་གཞུང་འདོན་ཆ་དང་སྦྲགས་ནས་ཡར་མགྲོན་རྣམས་ལ་དཀར་འགྱེད་བདུད་རྩིའི་རང་བཞིན་རུ་སྟོང་བ་དང་། མར་མགྲོན་ལྷ་འདྲེ་གདོན་བགེགས་འབྱུང་པོ་ཡི་དྭགས་སྲིན་པོ་སོགས་ལ་དམར་འགྱེད་ཤ་ཁྲག་རུས་གསུམ་སོགས་བསྔོ་བ་དང་། རིགས་དྲུག་གཞན་དང་བུ་ལོན་ལན་ཆགས་ཀྱི་བདག་པོ་རྣམས་ལ་ཁྲ་འགྱེད་གང་ལ་གང་འདོད་དུ་འདོད་རྒུའི་ཆར་འབེབས་པ་སོགས་ཡིན་ཏེ་དམིགས་པའི་རྣམ་གྲངས་ནི་གཅོད་གཞུང་རྣམས་དང་ཁྲིད་ཡིག་ལས་ཤེས་པར་བྱའོ། །

གསུམ་པ་རྗེས་བསྔོ་བ་དང་སྨོན་ལམ་བྱ་བ་ནི། གཏོང་ལེན་གྱིས་བདག་གཞན་བརྗེ་བ་ཆོས་ཀྱི་སྦྱིན་པས་སྦྱིན་གཏོང་དོན་ཆེན་པོར་བྱེད་པ་སོགས་རྒྱལ་སྲས་སྤྱིའི་གཞུང་ལམ་ལྟར་ཉམས་སུ་བླང་བར་བྱའོ། །དེ་ལྟར་ཐུན་དྲུག་གམ་བཞི་ལ་སོགས་པར་ལུས་སྦྱིན་བྱ་ཞིང་གཙོ་བོར་ལུས་ལ་གཅེས་འཛིན་དང་། སེམས་ལ་བདག་འཛིན་གྱི་བློ་དྲུང་ནས་ཕྱུང་སྟེ་སུས་འདོད་པ་ཁྱེར། ཅི་ཡོང་བ་ཤོག་སྙམ་དུ་སྙེམ་བྱེད་བདག་གི་འཁྲི་བ་ཆོད་པའི་ལྟ་བའི་ངང་སྐྱོང་ཞིང་། སྟོང་ཉིད་སྙིང་རྗེ་དང་འབྲེལ་བའི་སྒོ་ནས་ཚད་མེད་བཞིའི་ཏིང་ངེ་འཇིན་ལ་གཙོ་བོར་འབད་པར་བྱའོ། གཅོད་ནི་ཡུམ་དོན་ཤེས་རབ་ཕར་ཕྱིན་གྱི་དགོངས་པ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་ཉམས་ལེན་གྱི་མཐིལ་དུ་བྱེད་པ་ཡིན་པས་གཙོ་བོར་སྙིང་རྗེ་ཆེན་པོའི་སྒོ་ནས་ཞི་དུལ་བག་ཡོད་དང་ལྡན་པས་ཉམས་སུ་བླང་ཞིང་། འབྲེལ་ཚད་དགེ་ལ་འགྱུར་ཏེ་ལྷ་འདྲེའི་འགྲོ་དོན་ནུས་པ་ཞིག་དགོས་ཀྱི། ཞེ་སྡང་གི་སྡང་མིག་གཡོ་བས་ལྷ་འདྲེ་བསྐྲད་བརྡུང་བྱེད་པ་ནི་གཅོད་ལོག་བདུད་དུ་སོང་ནས་ངན་སོང་དུ་འགྲོ་བ་མ་གཅིག་གི་ལུང་བསྟན་སོགས་ལས་ཤེས་པར་བྱ་ཞིང་། སྔོན་འགྲོའི་སྦྱང་པ་རྣམས་མཐར་ཕྱིན་པ་དང་། དངོས་གཞིའི་ཉམས་ལེན་གཉིས་ལ་མྱོང་བ་ཅུང་ཟད་ཀྱང་མ་སྐྱེས་ཤིང་སྙིང་རྗེ་ཆེན་པོའི་རྩིས་མ་ཟིན་པར་གཉན་ས་སོགས་འགྲིམ་སྔ་ན་ལྷ་འདྲེས་རྒྱུད་བརླམས་ནས་ལྟར་སྣང་གི་མངོན་ཤེས་ངག་ནུས་སོགས་འབྱུང་ཡང་ཤེས་རྒྱུད་ཆོས་དང་ཇེ་འགལ་དུ་འགྲོ་ཞིང་། འདི་སྣང་གི་གྲུབ་ཐོབ་ཆེན་པོ་དམྱལ་བའི་གྲོང་སྒོར་འོ་བརྒྱལ་ཆེ་བ་ཡང་ཤེས་དགོས་སོ། །

དེས་ན་དུས་དང་རྣམ་པ་ཐམས་ཅད་དུ་བླ་མ་དཀོན་མཆོག་ལ་ཁྱེད་ཤེས་ཀྱི་དད་པ། འགྲོ་དྲུག་གི་སེམས་ཅན་ལ་བཅོས་མིན་གྱི་སྙིང་རྗེ། རེ་དོགས་ཀྱི་འཛིན་པ་ལ་རོ་སྙོམས་ཀྱི་རྡུང་བརྡེག་བྱེད་པ་དང་མ་བྲལ་བའི་ངང་ནས་ཉམས་ལེན་ཕུང་པོ་གཟན་བསྐྱུར་ལ་འབད་ཅིང་། རྒྱལ་བའི་བཀའ་དང་འབྲེལ་བའི་ཆོས་སྦྱིན་དང་། འབྲེལ་ཚད་དགེ་ལ་འགོད་པའི་སྨོན་ལམ་གཉིས་ལ་ནན་ཏན་བྱེད་ཅིང་བདག་ལས་ལྷ་འདྲེ་གཅེས་པར་བཟུང་ནས་རང་གཞན་གཉིས་ཀའི་རྒྱུད་ཀྱི་དུག་ལྔ་ལ་གཅོད་པར་བྱེད་པ་ནི་རྒྱལ་བ་སྲས་བཅས་དགྱེས་པའི་གཅོད་ཡུལ་གྱི་ལམ་བཟང་མ་ནོར་བ་ཡིན་ནོ། །མཚུངས་མེད་དམ་པ་དུ་མའི་བཀའ་དྲིན་ལས། །དབང་ཐོབ་བདུད་རྩི་བཏུང་བས་སྙིང་སིམ་ཡང་། །ཉམས་མྱོང་ཟུངས་སུ་མ་ལོན་སྐལ་དམན་བདག །ཟབ་དོན་མན་ངག་འཆད་ལ་ཇི་ལྟར་དབང་། །དེ་ལྟ་ན་ཡང་སྙིགས་མའི་དུས་མཐའ་འདིར། །རྒྱལ་བ་དགྱེས་པའི་ལམ་ལ་རྒྱབ་ཕྱོགས་པའི། །དྲག་ཤུལ་བདུད་ཀྱིས་བརླམས་པའི་གཅོད་རྒན་ལས། །ཉམ་ཆུང་བདག་འདུ་སྐལ་བ་བཟང་ངམ་སྙམ། །དེ་འདྲ་དེ་ཡང་བླ་མ་རྗེ་ཡི་དྲིན། །དྲིན་ལན་འཁོར་མཐའ་མེད་དོ་ཆོས་ཀྱི་རྗེ། །རྟག་ཏུ་མི་བརྗེད་དད་པའི་གདུང་ཤུགས་ཀྱིས། །ཡང་ཡང་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དེ་ལྟར་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་འདི་ཉིད་རང་གཞུང་ཞལ་གསལ་བ་དང་། ཁྱད་པར་དཔལ་གྲུབ་པའི་དབང་ཕྱུག་ལག་ན་རྡོ་རྗེ་དང་། སྲས་ཀྱི་ཐུ་པོ་ཨཱརྱ་དེ་བ་སྟེ་གྲུབ་རྗེ་ཡབ་སྲས་གཉིས་ཀྱི་གཞུང་ཁྲིད་རྣམ་བཤད་སོགས་དང་། ཁྱད་པར་དབང་སྡུད་ཟིལ་གནོན་སྐོར་རྒྱས་བསྡུས་ཀྱི་ཡི་གེ་གྲངས་མང་པ་བཅས་ན། ཡན་ལག་བརྒྱད་ལྡན་གྱི་མཚོ་འགྲམ་དུ་པ་ཚྭའི་ཁྲོན་པ་རྐོ་མ་དགོས་ཀྱང་སྐུལ་བ་པོའི་བཀའ་ཕེབས་ལྡོག་ཏུ་མ་ནུས་ནས་ཉམས་སུ་མ་ལོན་པའི་ཆོས་བཤད་འོན་པའི་རོལ་མོ་ལྟ་བུར་བྲིས་པའོ། །དགེའོ། །

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཐུན་མོང་གི་སྔོན་འགྲོ་ཁྲིད་ཀྱི་ལག་ལེན་ལ་འདེབས་ལུགས། རིག་འཛིན་འཇིགས་མེད་གླིང་པ།

༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཐུན་མོང་གི་སྔོན་འགྲོ་ཁྲིད་ཀྱི་ལག་ལེན་ལ་འདེབས་ལུགས་བཞུགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །འདིར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཐུན་མོང་གི་སྔོན་འགྲོ་ལག་ལེན་དུ་དྲིལ་ནས་ཁྲིད་ཀྱི་ལུགས་སུ་འདེབས་པའི་ཚུལ་ལ་དལ་འབྱོར་རྙེད་དཀའ་བ། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། ཐར་བའི་ཕན་ཡོན། བཤེས་གཉེན་བསྟེན་པ་དང་དྲུག་ལས། དང་པོའང་། ངོ་བོ་དལ་བ་བསམ་པ། ཁྱད་པར་འབྱོར་པ་བསམ་པ། །རྙེད་དཀའི་དཔེ་ལ་བསམ་པ། གྲངས་ཀྱི་ཁྱད་པར་བསམ་པ་དང་བཞི་ལས། དང་པོ་ནི། མི་ཁོམ་པའི་གནས་བརྒྱད་དུ་སྐྱེས་ན་ཆོས་བྱེད་པའི་མཐུ་མེད་པས་དལ་བ་མ་ཡིན་པའི་ཚུལ། དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་ཁོར་མོར་སྤྱོད་པས་ཆོས་བྱེད་དུ་མི་ཁོམ། ཡི་དྭགས་ནི་བཀྲེས་སྐོམ་གྱི་སྡུག་བསྔལ་ལ་སྤྱོད་པས་ཆོས་བྱེད་དུ་མི་ཁོམ། དུད་འགྲོ་ནི་བཀོལ་སྤྱོད་དང་ཕན་ཚུན་འཚེ་བའི་སྡུག་བསྔལ་ལ་སྤྱོད་པས་ཆོས་བྱེད་དུ་མི་ཁོམ། ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པའི་ངང་དུ་དུས་དྲོན་པས་ཆོས་བྱེད་དུ་མི་ཁོམ། ཡུལ་མཐའ་འཁོབ་ཏུ་སྐྱེས་ན་སངས་རྒྱས་ཀྱི་བསྟན་པ་མེད་པས་ཆོས་བྱེད་དུ་མི་ཁོམ། མུ་སྟེགས་བྱེད་དམ་དེ་དང་བསམ་པ་ཕྱོགས་མཐུན་པའི་སྐལ་བ་ངན་པར་སྐྱེས་ན་རང་རྒྱུད་ལོག་ལྟས་བསླད་པས་ཆོས་བྱེད་དུ་མི་ཁོམ། མུན་པའི་བསྐལ་པ་ལ་སྐྱེས་ན་དཀོན་མཆོག་གསུམ་གྱི་སྒྲ་མི་གྲག་ཅིང་དགེ་སྡིག་ངོ་མི་ཤེས་པས་ཆོས་བྱེད་དུ་མི་ཁོམ། ལྐུགས་པར་སྐྱེས་ན་རྣམ་པར་ཤེས་པ་ལས་སུ་མི་རུང་བས་ཆོས་བྱེད་དུ་མི་ཁོམ། དེ་ལྟར་བརྒྱད་དུ་མ་སྐྱེས་པ་ལ་ཁོམ་པ་ཞེས་བྱ་སྟེ་ཆོས་བྱེད་པའི་སྐབས་ཡོད་པས་དལ་བའི་སྒྲ་ཞུགས་པའོ། །དེའི་ཕྱིར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས་ད་རེས་རང་རྒྱུད་རྟེན་གྱི་མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པ་ལ་དགའ་བ་སྒོམ་ཞིང་། སླད་ནས་འདི་འདྲ་བའི་དལ་བརྒྱད་ཀྱི་ངོ་བོ་ཤིན་ཏུ་རྙེད་པར་དཀའ་བས་ད་རེས་ཆོས་ལ་མ་འབད་ན་བདག་གི་མི་ལུས་དོན་མེད་པའོ་སྙམ་དུ་ཡང་ནས་ཡང་དུ་བསམ་ཞིང་། དགེ་བ་སེམས་ཅན་ཐམས་ཅད་ལ་བསྔོ་བ་ནི་འོག་མ་རྣམས་ལའང་འགྲེའོ། །ཞར་ལ་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་རྣམ་པ་བརྒྱད་དང་། རིས་ཆད་བློའི་མི་ཁོམ་པ་བརྒྱད་ཀྱིས་རང་རྒྱུད་ཆུད་ཟོས་པ་ལའང་ཞིབ་ཏུ་བརྟགས་ནས་རང་མཚང་གདོན་པ་ནི་དོན་ཆེན་པོ་དང་ལྡན་པ་ཡིན་པས་ཡིད་བཞིན་རིན་པོ་ཆེར། དུག་ལྔ་འཁྲུགས་དང་བླུན་མོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེནབརྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱི་མི་ཁོམ་རྣམ་པ་བརྒྱད། །ཅེས་པ་དང་། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྱོ་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་བྲལ། །སྡོམ་དང་དམ་ཚིག་འཆལ་བ་ཞེས་བྱ་སྟེ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཅེས་དང་། དེ་ལ་བརྒྱད་ཚན་གཉིས་པོ་ནི་ཤིན་ཏུའང་འབྱུང་ཉེ་བ་ཡིན་པས། དེ་དག་ལ་བླང་དོར་མ་བགྱིས་ན་དལ་བའི་ངོ་བོ་ཙམ་ཐོབ་ཀྱང་ཆོས་ཀྱི་བྱ་བ་ལ་མི་ཁོམ་པའི་གནས་སུ་ལྟུང་བར་འགྱུར་བས་མི་ཚེ་སོས་དལ་དུ་རྒ་བའི་དལ་བ་ཙམ་པོ་བ་ཉིད་དུ་རིག་པར་བྱའོ། །གཉིས་པ་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལས། དང་པོ་རང་འབྱོར་ནི། མི་ལུས་མ་ཐོབ་ན་ཆོས་དང་མི་འཇལ་བ་ལས་ད་རེས་མིའི་ལུས་རྟེན་གྱིས་འབྱོར་བ་དང་། དེའང་ཆོས་མེད་པའི་ཡུལ་མཐའ་འཁོབ་ལ་སོགས་པར་སྐྱེས་ན་ཆོས་དང་མི་འཇལ་བ་ལས་ད་རེས་ཆོས་ཚིགས་ཀྱི་ཡུལ་དབུས་སུ་སྐྱེས་པས་ཡུལ་གྱིས་འབྱོར་བ་དང་། དབང་པོ་མ་ཚང་ན་ཆོས་ཀྱི་གེགས་སུ་འགྱུར་བ་ལས་ད་རེས་དེ་འདྲའི་སྐྱོན་དང་བྲལ་བས་དབང་པོའི་ཡོན་ཏན་གྱིས་འབྱོར་བ་དང་། ལས་ཀྱི་མཐའ་ལོག་པ་སྟེ་རྟག་ཏུ་མི་དགེ་བ་ལ་སྤྱོད་ན་ཆོས་དང་རྒྱབ་ཀྱིས་ཕྱོགས་པ་ལས་ད་རེས་དགེ་བ་ལ་མོས་པས་བསམ་པའི་ཁྱད་པར་གྱིས་འབྱོར་བ་དང་། དད་པའི་གནས་བསྟན་པ་ལ་མ་དད་ན་ཆོས་ལ་ཡིད་མི་ཕྱོགས་པ་ལས་ད་རེས་བློ་ཆོས་ལ་ཕྱོགས་ནུས་པས་དད་པའི་འབྱོར་པ་སྟེ། ལྔ་བོ་ནི་རང་ངོ་ལ་ལྟོས་ནས་ཚང་དགོས་པས་རང་འབྱོར་ལྔ་ཞེས་བྱའོ། །གཉིས་པ་གཞན་འབྱོར་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྒྲོན་བསྐལ་ལ་མ་སྐྱེས་ན་ཆོས་ཀྱི་མིང་ཡང་མེད་པ་ལས་ད་རེས་སངས་རྒྱས་བྱོན་པའི་བསྐལ་པ་དང་ཐུག་པས་སྟོན་པ་ཁྱད་པར་ཅན་གྱིས་འབྱོར་བ་དང་། བྱོན་ཀྱང་ཆོས་མ་བསྟན་ན་མི་ཕན་པ་ལས་ཆོས་འཁོར་རིམ་པ་གསུམ་བསྟན་པས་ཆོས་ཀྱིས་འབྱོར་བ་དང་། ཆོས་བསྟན་ཀྱང་བསྟན་པ་ནུབ་ན་མི་ཕན་པ་ལས་ད་ལྟ་བསྟན་པའི་གནས་ཚད་མ་རྫོགས་པས་དུས་ཀྱིས་འབྱོར་བ་དང་། བསྟན་པ་གནས་ཀྱང་དེ་ལ་མ་ཞུགས་ན་མི་ཕན་པ་ལས་བསྟན་པའི་སྒོར་ཞུགས་པས་རང་གི་སྐལ་པས་འབྱོར་པ་དང་། ཞུགས་སུ་ཟིན་ཀྱང་མཐུན་པའི་རྐྱེན་དགེ་བའི་བཤེས་གཉེན་གྱིས་མ་ཟིན་ན་ཆོས་ཀྱི་དེ་ཉིད་མི་ཤེས་པས་དེས་ཟིན་པས་ལྷག་པའི་ཐུགས་རྗེས་འབྱོར་པ་སྟེ། ལྔ་པོ་ནི་གཞན་རྐྱེན་ལ་ལྟོས་ནས་ཚང་དགོས་པས་གཞན་འབྱོར་ལྔ་ཞེས་བྱའོ། །དེ་ལྟར་བཅོ་བརྒྱད་པོ་ཚང་ན་དམ་ཆོས་བསྒྲུབ་པའི་རྟེན་ཡིན་པས་མི་ལུས་རིན་པོ་ཆེ་ཞེས་བྱ་ལ། དེ་ལས་ཅིག་ཤོས་ཙམ་མ་ཚང་ཡང་ཐར་ལམ་རྣལ་མར་འགྲོ་མི་ནུས་པས་མི་ལུས་ཕལ་པ་ཞེས་བྱའོ། །དེའི་ཕྱིར་བདག་ཉིད་ལའང་མི་ལུས་རིན་པོ་ཆེར་འབོད་དུ་རུང་བ་དེ་རིང་གི་གནས་སྐབས་ནས་ཡིན་པ་ལ་དགའ་བ་བསྒོམ་ཞིང་ད་དུང་ཡང་ལས་མཐའ་ལོག་པ་དང་། དད་པ་འགྲིབ་པ་ལ་སོགས་པས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ལས་བྲི་བའི་གནས་སྐབས་ལ་གཟབ་པར་བྱ་བ་ནི་གནད་དུ་ཆེ་ལ། འདི་ལྟ་བུ་ནི་ཕྱིན་ཆད་རྙེད་པ་མ་ཡིན་པས་ད་རེས་ཐོབ་པའི་དལ་འབྱོར་དོན་ཡོད་པར་མ་བྱས་ན་སླད་དུ་ངན་འགྲོ་ལོག་པར་ལྷུང་དུས་དགེ་སྡིག་ངོ་མི་ཤེས། བདེ་འགྲོ་ཐོབ་ཀྱང་དགེ་བའི་བཤེས་གཉེན་དང་མཇལ་དཀའ། གང་བྱེད་སྡིག་པ་རང་གྱུར་པས་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས་མེད་པ་དེའི་མཚང་མ་རིག་ན་ང་རེ་བླུན་སྙམ་དུ་སྙིང་ཐག་པ་ནས་བསམ་ཞིང་། ཡུལ་གྲུ་དང་ཁྲོམ་ཚོགས་ཆེན་པོའི་དབུས་སུའང་བཅོ་བརྒྱད་པོ་མཐའ་དག་ཚང་བའི་མི་ལུས་རིན་པོ་ཆེ་མང་ཉུང་ལེགས་པར་བརྟགས་ནས་རང་གི་ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ཡང་ཡང་བསམ་མོ། །གསུམ་པ་རྙེད་དཀའི་དཔེ་ལ་བསམ་པ་ནི། རླབས་ཆེན་པོས་རྣམ་པར་དཀྲུགས་པའི་རྒྱ་མཚོའི་སྟེང་གི་གཉའ་ཤིང་བུ་ག་གཅིག་པ་ཡུད་ཙམ་ཡང་མི་གནས་པ། རྒྱ་མཚོའི་གཏིང་ན་རུས་སྤལ་ལོང་བ་ལོ་བརྒྱ་བརྒྱའི་མཚམས་ལ་སྟེང་དུ་འོང་བ་འཛོམ་ནས་གཉའ་ཤིང་གི་བུག་པར་རུས་སྦལ་གྱི་མགྲིན་པ་ཆུད་པ་ལས་ནི། མིའི་ལུས་རྟེན་རྙེད་པར་དཀའ་བའི་ཚུལ་དེ་བཞིན་གཤེགས་པས་གསུངས་སོ། །བཞི་པ་གྲངས་ཀྱི་ཁྱད་པར་བསམ་པ་ནི། སེམས་ཅན་གྱི་གྲངས་དང་རིམ་པ་བལྟས་ནའང་མི་ལུས་ཐོབ་པ་སྲིད་པ་ཙམ་སྟེ། འདི་ལྟར་དམྱལ་བ་མཚན་མོའི་སྐར་མ་ཙམ་ལ་ཡི་དྭགས་ཉིན་མོའི་སྐར་མ་ཙམ། ཡི་དྭགས་མཚན་མོའི་སྐར་མ་ཙམ་ལ་དུད་འགྲོ་ཉིན་མོའི་སྐར་མ་ཙམ། དུད་འགྲོ་མཚན་མོའི་སྐར་མ་ཙམ་ལ་བདེ་འགྲོ་ཉིན་མོའི་སྐར་མ་ཙམ་ལས་མེད་པའི་ཚུལ་མཐོང་ཆོས་སུ་མིའི་ལུས་རྟེན་གཅིག་ལ་ཕྱི་ནང་གི་སྲིན་བུ་ཇི་ལྟར་གནས་བརྟགས་པས་ཤེས་ལ། མི་ཡང་ཆོས་ཀྱི་སྣང་བ་དང་བྲལ་བ། ཆོས་ལས་ཉམས་པ་རྣམས་ལ་དཔགས་ན་ཆོས་བཞིན་སྤྱོད་པ་ཤིན་ཏུ་ཉུང་བས་སྤྱིར་མིའི་ལུས་རྟེན་ཙམ་དང་། ཁྱད་པར་ཆོས་ལྡན་གྱི་ལུས་ཐོབ་པར་དཀའ་བ་ལ་ལེགས་པར་བསམས་ནས་དལ་འབྱོར་རྙེད་དཀའ་ལ་ངེས་ཤེས་བསྐྱེད་དོ། །གཉིས་པ་ཚེ་མི་རྟག་པ་བསམ་པ་ལ། དང་པོ་སྣོད་ཀྱི་འཇིག་རྟེན་ལ་བསམ་སྟེ་མི་རྟག་པ་སྒོམ་པ་ནི། འདི་ལྟར་གླིང་བཞི་རི་རབ་ལྷ་གནས་དང་བཅས་པའི་ར་བ་སྲ་ཞིང་བརྟན་པ། བསྐལ་བའི་བར་དུ་གནས་པ་འདི་དག་ཀྱང་ནམ་ཞིག་འཇིག་པའི་དུས་ལ་བབ་པ་ན་མེ་བདུན་དང་ཆུ་གཅིག་གིས་ཐལ་བ་ཙམ་ཡང་ལུས་པར་མི་འགྱུར་བ་ལ་བསམ་སྟེ་སྐྱོ་བ་བསྐྱེད་དོ། །གཉིས་པ་བཅུད་ཀྱི་འགྲོ་བ་མི་རྟག་པར་སྒོམ་པ་ནི། ཚེ་བསྐལ་པར་ཐུབ་ཅིང་གཟི་བརྗིད་ཕུན་སུམ་ཚོགས་པའི་ལྷ་དང་དྲང་སྲོང་རྣམས་ཀྱང་འཆི་བའི་གནས་སྐབས་ལས་མ་ཐར་ན། རང་རེ་འཛམ་བུའི་གླིང་པ་ཚེ་ལ་ངེས་པ་མེད་པའི་གནས་སུ་དུས་ཀྱི་ཐ་མར་སྐྱེས་པས་ད་ནི་མྱུར་དུ་འཆི། སྔོན་དར་ཞིང་རྒྱས་པའི་གྲོང་སྡེ་དང་། དགོན་གནས་སྟོང་པའི་ཤུལ་འདི་དག་ལའང་དང་པོར་སྐྱེས་བུའི་བདག་བཟང་པོ་རེ་ཡོད་པ་ཡིན་ཏེ་ད་ལྟའི་གནས་སྐབས་ན་བྱ་དང་བྱེའུའི་ཚང་དུ་སོང་། རང་གིས་དྲན་པ་ཙམ་ན་ཡོད་པའི་ཕ་མ་ཉེ་ལྟོས་ཡུལ་མི། ཁྱིམ་མཚེས་སྒོ་ཕྱུགས་སོགས་ཇི་སྙེད་མཆིས་པ་ལས་དེ་དག་ཕལ་ཆེར་མེད་ཅིང་ན་ནིང་ཡོད་པའང་ད་ལོ་མེད་པའི་དུས་ལ་ལྟོས། ཁྱད་པར་ད་ལྟའི་གནས་སྐབས་ན་རང་གི་ལུས་ཡན་ལག་དང་ཉིང་ལག་ལ་སོགས་པ་འདི་དག་ལ་ཟས་གོས་བཟང་པོ་སྦྱར། རྒྱན་དང་སྤྱོད་ལམ་གཟབ་ཀྱང་ཉིན་ཞག་རེས་མི་ཚེ་ཐུང་ངུར་སོང་བས་རིང་པོ་མི་ཐོགས་པར་འཆི་བ་སླེབས་ཏེ་དབུགས་ནི་ངར། བཀྲག་མདངངས་ཉམས། ཡན་ལག་གཡོབ། འདུ་ཤེས་འཁྲུལ། རོ་ལ་ལིང་གིས་སོང་ནས་ཐ་གུས་བསྡམ། ཡོལ་བས་བསྒྲིབ། དུར་ཁྲོད་དུ་སྒྲེན་མོར་འདོར། ཡན་ལག་དང་ཉིང་ལག་འདྲལ། བྱ་རྒོད་དང་གཅན་གཟན་གྱིས་ཟ། སྐྲ་དང་རུས་དུམ་ཀྱང་ཕན་ཚུན་དུ་འཐོར་བའི་སྐབས་ན། ཉེ་དུ་དང་ལོངས་སྤྱོད་ནི་རྗེས་སུ་མི་འབྲང་། བློས་ནི་མི་ཐོངས། ལས་འབའ་ཞིག་གི་རྗེས་སུ་འགྲོ་བའི་དུས་དེ་ནི་དེ་རིང་གི་ཉིན་ནུབ་ལའང་མི་འབྱུང་བའི་གདིང་མེད་པས་ཤིན་ཏུ་བཟོད་པར་དཀའ་སྙམ་དུ་འདུན་པ་དྲག་པོས་དྲན་པར་བྱས་ནས་འགྲོ་འདུག་ཉལ་གསུམ་ཐམས་ཅད་ལ་འཇིག་རྟེན་འདིའི་སྤྱོད་ལམ་གྱི་ཐ་མ་ཡིན་ནོ་ཞེས་ངག་ཏུའང་བརྗོད་ལ་ཡིད་དུང་ངེ་བསྒོམ་པར་བྱའོ། །དོན་གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ་ལ། སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི། འདི་ལྟར་འཁོར་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་འགྲོ་བའི་གནས་རིགས་དྲུག་ཏུ་རྒྱུད་མར་འཁོར་བའི་ལུས་རྟེན་འདི་མ་བཟུང་བྱ་བ་དང་། ཕན་ཚུན་ཕ་མ་དང་དགྲ་གཉེན་བཏང་སྙོམས་མ་བྱས་པ་གཅིག་ཀྱང་མེད་ལ། དེ་ལྟར་མེད་པས་ཕ་མ་དང་གཉེན་བཤེས་ཀྱི་ཚེ་ཕན་བཏགས། དགྲའི་ཚེ་གནོད་པ་བྱས། འདོད་པའི་ཕྱིར་མགོ་དང་ཡན་ལག་དང་ཉིང་ལག་གཏུབ་པའང་གྲངས་ཀྱིས་མི་ཆོད། སྲོག་ཆགས་ཕྲ་མོར་སྐྱེས་པའི་ཡན་ལག་རྣམས་གཅིག་ཏུ་བསྡོམས་ན་རི་རབ་ལས་ཀྱང་མཐོ། ངུས་པ་གཅིག་པོའི་མཆི་མ་བསགས་ཀྱང་རྒྱ་མཚོ་ཙམ་འོང་ངེས། ཚངས་པ་དང་ལྷའི་དབང་བོ་ལྟ་བུར་ཚེ་རིང་ཞིང་གཟུགས་དང་དཔལ་འབྱོར་ཕུན་སུམ་ཚོགས་པའང་ཤི་ནས་ངན་སོང་གི་སྡུག་བསྔལ་ཉམས་ཐག་པ་ལ་སྤྱོད་པ་ཡོད་ན་ལུས་རྟེན་འདིར་དབང་ཕྱུག་དང་ནད་མེད་པ་ལ་སོགས་པའི་བདེ་བ་ཅུང་ཟད་ཙམ་པ་ནི་ལོ་ཤས་དང་ཟླ་བ་ཞག་འགའ་ཙམ་པས་མགོ་སྐོར་ཏེ་མཐོ་རིས་ཀྱི་བདེ་འབྲས་ཟད་ནས་ཤིན་ཏུ་དབུལ་ཞིང་ཉམ་ཐག་པའམ། ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་ལ་མི་འདོད་བཞིན་དུ་སྤྱོད་དགོས་པས་ད་ལྟའི་བདེ་སྐྱིད་རྨི་ལམ་བདོ་འཕྲོ་ལ་སད་པ་ལྟ་བུ་འདི་ལ་སྙིང་པོ་ཅི་ཞིག་ཡོད། དེ་བས་ད་རེས་ཀྱི་ཚེ་ལ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བ་ཞིག་ཅི་ནས་ཀྱང་བྱེད་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ་། །གཉིས་པ་རིགས་དྲུག་སོ་སོའི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ་ལ་དྲུག་ལས། དང་པོ་དམྱལ་བ་ལ་སྡེ་ཚན་བཅོ་བརྒྱད་ཀྱི་ཚ་དམྱལ་བརྒྱད་ནི། གཞི་དང་འཁོར་ཡུག་ཐམས་ཅད་མགལ་གྱི་ལྕགས་བསྲེགས་ལྟ་བུ་ལས་རྡོག་པ་བཞག་ཙམ་གྱི་བདེ་བར་མངོན་པའང་མེ་ལྕེའི་ཀློང་ཤིན་ཏུ་དབལ་ཚ་བ་ནི་བརྒྱད་པོའི་གནས་སྤྱི་མཐུན་ཡིན་ལ། དེ་ལས་ཡང་སོས་ཞེས་བྱ་བ་ནི། མདག་མེའི་ཀློང་དུ་དམྱལ་བ་པ་དེ་དག་འདུས་ནས་ཕན་ཚུན་དགྲ་མི་ཤ་བོར་མཐོང་བའི་ཞེ་སྡང་གི་སེམས་ཀྱིས་མཚོན་ཆ་བརྡེག་རེས་འབའ་ཞིག་བྱེད་པས་ཤི་མ་ཐག་ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག །ཅེས་པའི་སྒྲ་གྲགས་མ་ཐག་ཡང་སོས་ནས་ལས་མ་ཟད་ཀྱི་བར་སྡུག་བསྔལ་སྔར་ལྟར་མྱོང་བས་ཡང་སོས་ཞེས་མྱོང་བྱའི་ལས་ལ་མིང་བཏགས་པའོ། །དེའི་ཚུལ་རང་རྒྱུད་ལ་མངོན་སུམ་བྱུང་བ་བཞིན་ཉམས་སུ་བསྟར་ནས་བསྒོམས་པའི་རྗེས་ཤེས་ལ། ད་ལྟ་དམིགས་པས་སྒོམ་པ་ཙམ་ལའང་འདི་ལྟར་སྡུག་བསྔལ་ན། མངོན་སུམ་པའི་ལས་ལ་སྤྱོད་དུས་ཇི་ལྟར་བཟོད། དམྱལ་བར་སྐྱེ་བའི་རྒྱུའི་གཙོ་བོ་ནི་ཞེ་སྡང་གི་སེམས་ཡིན་ན་ལས་དེའི་རྒྱུ་ནི་མང་པོ་ཞིག་སྔོན་ནས་ད་ལྟའི་བར་འདུ་བྱས་པས། བདག་ཀྱང་མི་འདོད་བཞིན་དུ་ལས་དེའི་འབྲས་བུ་ལ་གདོད་མི་ཟ་བར་སྤྱད་དགོས་པས་ཇི་ལྟར་བཟོད་སྙམ་དུ་འཇིགས་པ་དང་། སྔོན་ཆད་ཀྱི་ལས་ལ་འགྱོད་སེམས་དྲག་པོ་བསྐྱེད་ཅིང་བཤགས་སྡོམ་དང་། ཕྱིན་ཆད་བྱེད་རེ་ཤི་སྙམ་དུ་རང་རྒྱུད་གཉེན་པོས་སྡོམ་ཞིང་། སྡུག་བསྔལ་དེའི་འབྲས་བུ་ལ་ད་ལྟ་མངོན་སུམ་པར་སྤྱོད་པའི་སེམས་ཅན་དམྱལ་བ་དང་། ཕྱིས་ནས་འདུ་བྱེད་ཀྱི་རྒྱུ་ལ་སྤྱོད་པ་རྣམས་ལའང་སྙིང་རྗེ་དྲག་པོ་སྒོམ་པ་ནི་རང་རྒྱུད་ཀྱི་སྡིག་པ་སྲབ་མོར་བྱེད་པའི་ཐབས་ཡང་དག་པ་ཡིན་པས་འོག་མ་ཐམས་ཅད་ལའང་དེ་ལྟར་ཤེས་པར་བྱའོ། །ཐིག་ནག་ནི། གཤིན་རྗེའི་ཕོ་ཉ་འཇིགས་སུ་རུང་བ་རྣམས་ཀྱིས་ལུས་མགལ་དུམ་བཞིན་དུ་བསྲངས་པའི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐིག་བརྒྱད་དང་། བཅུ་དྲུག་དང་། དེ་བས་ཆེས་མང་བ་བཏབ་ནས་སོག་ལེ་རྣོན་པོས་སྤྱི་བོ་ནས་རྐང་མཐིལ་ལ་ཐུག་གི་བར་གཤོག་ཅིང་། དེ་མ་ཐག་འབྱར་ནས་ཡང་གཤོག་པའི་སྡུག་བསྔལ་དཔག་ཏུ་མེད་དོ། །བསྡུས་འཇོམས་ནི། ལྕགས་བསྲེགས་ཀྱི་ཡུལ་ལྗོངས་སུ་སོང་བ་ལས་རི་རྣམས་ཕན་ཚུན་རྟ་དང་རྔ་མོང་བ་ལང་ལ་སོགས་པའི་སྲོག་ཆགས་ཀྱི་མགོ་བརྙན་ལྟར་མཐོང་ནས་དེ་དག་ཕན་ཚུན་འཐབ་པའི་བར་སྒང་ལྤགས་བཞིན་དུ་བཅར་བ་དང་། རེས་འགའ་ལྕགས་གཏུན་དུ་ཐོ་ལུམ་མེ་འབར་བས་ཏིལ་བཞིན་དུ་བརྡུང་འཐག་བྱས་ཀྱང་མོད་ལ་སོས་པས་སྔར་བཞིན་དུ་སྡུག་བསྔལ་ལོ། །ངུ་འབོད་ནི། ལྕགས་ཞུན་སྐོལ་བར་འཚོད་ཅིང་འོ་དོད་དྲག་པོ་འབོད་པའོ། །ངུ་འབོད་ཆེན་པོ་ནི། ལྕགས་ཁང་འབར་བ་ཉིས་རིམ་དུ་བཅུག་ནས་སྒོ་འགྲིག་པས་སྡུག་བསྔལ་ཞིང་མེའི་ཐོ་བས་འཇོམས་པའོ། །ཚ་བ་ནི། ལྕགས་ཀྱི་ཡོལ་གོར་ཁྲོ་ཆུ་འབར་བར་འཚོད་ཅིང་། སྟེང་དུ་འཐོན་པའི་རེས་ལ་མགོ་ལ་ཐོ་ལུམ་བསྣུན་ནས་དྲན་པ་ཉམས་པའང་བདེ་བར་སྒོམ་པས་སྡུག་བསྔལ་ལོ། །རབ་ཏུ་ཚ་བ་ནི། ལྕགས་ཁྱིམ་འབར་བའི་ནང་དུ་གསལ་ཤིང་རྩེ་གསུམ་པས་ཕྲག་པ་གཉིས་དང་སྤྱི་བོ་ལ་ཏལ་མར་འབུགས་ཤིང་། ལྕགས་བསྲེགས་ཀྱི་སྣམ་བུས་ལུས་ལ་དཀྲི་བས་ཤིན་ཏུ་སྡུག་བསྔལ་ལོ། །མནར་མེད་ནི། ལྕགས་ཁྱིམ་མེ་འབར་བ་ཉེ་འཁོར་ལྷག་པ་བཅུ་དྲུག་གིས་བསྐོར་བའི་ནང་དུ་མེ་དང་ལུས་གཉིས་སུ་མེད་པར་བསྲེགས་པས་སྡུག་བསྔལ་གྱི་ཚོར་བ་ཤིན་ཏུ་རགས་ཤིང་འོ་དོད་འབོད་པའི་སྒྲ་ཙམ་ལས་ལུས་ཀྱི་དངོས་པོ་བལྟར་མི་མངོན་ལ། ཐར་བར་འདོད་པའི་སེམས་རྒྱུན་ཆད་མེད་པ་ལ་སྒོའི་རྣམ་པ་མཐོང་བ་དེ་ཡང་རིང་དུ་བྱེར་ཞིང་བཅད་པར་གྱུར་པས་ཡི་མུག་པའི་སྡུག་བསྔལ་གསར་བ་མཐོང་བས་གནས་ཁང་གི་གནོད་པ་དང་། དེ་བཞིན་དུ་མདའ་བོ་ཆེ་དང་། དབྱུག་པ་དང་། ལྕགས་ཞུན་ཁར་ལྡུག་པས་ཕྱིའི་གནོད་པ་སོགས་མདོར་ན་དམྱལ་བ་སྔ་མ་བདུན་པོའི་སྡུག་བསྔལ་ཡང་རྟག་པར་འཆར་བས་ཚེ་ཚད་བར་བསྐལ་གཅིག་ཏུ་བདེ་བར་བསྟི་བའི་སྐབས་ཅུང་ཟད་ཙམ་ཡང་མེད་པས་མནར་མེད་བསྟིར་མེད་ཅེས་བཤད་པ་ཡིན་ནོ། །དེ་ལྟར་ཚ་དམྱལ་བརྒྱད་པོའང་རིམ་པས་ཚོར་བ་བདུན་འགྱུར་གྱིས་རགས་པས་སྡུག་བསྔལ་བདུན་འགྱུར་གྱིས་ཆེ་བའི་ཚུལ་བློ་ལ་བླང་ཞིང་། སྔར་ཉམ་ཉེས་ཆེན་པོ་བྱུང་བའི་སར་ཕྱིན་ཆད་བགྲོད་པའི་བློ་སྣ་ལྡོག་པ་བཞིན་དུ། དེར་མི་སྐྱེ་བའི་ཐབས་ལ་འབད་པར་བྱའོ་སྙམ་དུ་བསྒོམ་པར་བྱའོ། །དེ་ལ་ཉེ་འཁོར་བ་ནི། མནར་མེད་ཀྱི་འཁོར་ལྷག་པ་བཅུ་དྲུག་ཡིན་ཏེ། ཕྱོགས་བཞི་སོ་སོ་ན། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། མཚོན་ཆའི་ཐང་། རལ་གྲི་ལོ་མའི་ནགས་ཚལ་བཞི་བཞི་ཡོད་པ་ལས། མེ་མུར་གྱི་འོབས་ནི། དམྱལ་བ་མནར་མེད་ཀྱི་ལས་བསྲབས་པ་དག་ཕྱིར་འཐོན་པ་ན་གྲིབ་མ་ནག་ངམ་པའི་འོབས་ལ་དགའ་ནས་སོང་བ་དང་། ཐལ་ཚན་གྱི་མདག་མེ་འབར་བའི་ནང་དུ་ཚུད་ནས་ཤ་རུས་འཚིག་པའོ། །དེ་བཞིན་དུ་ཆུ་ཀླུང་མཐོང་བ་ལ་ཕྱིན་པས། རོ་མྱགས་ཀྱི་འདམ་རྫབ་དྲི་ང་བར་ཚུད་ནས་སྲིན་བུ་ལྕགས་ཀྱི་མཆུ་རྣོན་ཅན་གྱིས་འབིགས་པའོ། །མཚོན་ཆའི་ཐང་ནི། ཐང་ཉམས་དགའ་བ་མཐོང་ནས་ཕྱིན་པ་ན། དེ་ཐམས་ཅད་ལྕགས་ཀྱི་ཐུར་མ་རྣོན་པོར་གཟིངས་པས་རྐང་པ་གར་བཞག་ཐལ་མར་འབིགས་ཤིང་བཏེག་ན་སོས་པས་སྡུག་བསྔལ་ལོ། །ལོ་མའི་ཚལ་མཐོང་ནས་དགའ་སྟེ་ཕྱིན་པ་དང་། ལོ་མ་ཐམས་ཅད་རལ་གྲིར་གྱུར་པ་རླུང་གིས་བསྐྱོད་པའི་ཆར་གྱིས་ལུས་དུམ་བུར་གཅོད་པའོ། །གཞན་ཡང་ལྕགས་ཀྱི་ཤལ་མ་ལི་ཞེས་བྱ་བ། རིའི་རྩེ་ནས་རང་ལ་དགའ་གདུང་ཡོད་པའི་སྐྱེ་བོས་འབོད་པར་མཐོང་ནས་ཕྱིན་པ་ན། ལམ་དུ་ལྕགས་ཐུར་རྣོན་པོས་རྐང་བ་འབིགས་ཤིང་སྟེང་དུ་སླེབ་དུས་ཁྭ་ཏ་དང་བྱ་རྒོད་ཀྱི་ཀླད་པ་དང་། མིག་ཚིལ་འབྲུ་ཞིང་། ཐུར་ནས་འབོད་པར་མཐོང་ནས་ཕྱིན་པས་སྔར་བཞིན་འབིགས་ནས་དེའི་རྩར་སླེབས་དུས་ལྕགས་ཀྱི་སྐྱེས་པ་དང་། བུད་མེད་མེ་འབར་བར་སོང་ནས་རང་ལ་འཁྱུད་པས་བསྲེག་ཅིང་ཟ་བར་བྱེད་དོ། །དེ་ནས་གྲང་དམྱལ་བརྒྱད་བསམ་པ་ནི། སྤྱི་མཐུན་དུ་གངས་རི་དང་ཆབ་རོམ་གྱི་ཁྲོད། སའི་རྣམ་པ་རྡོག་པ་བཞག་ཙམ་ཡང་མི་མངོན་པ་ལ་བུ་ཡུག་འབའ་ཞིག་གིས་ལུས་སྦྲེབས་པའི་གནས་སུ། གཅེར་བུར་གྲང་བའི་ཉེན་ཆེས་པས་ལུས་ལ་ཆུ་བུར་ཐོལ་གྱིས་འབྱུང་བས་ཆུ་བུར་ཅན་ནོ། །དེ་རྡོལ་ནས་རྨར་སོང་བས་ཆུ་བུར་རྡོལ་པའོ། །ཟུག་རྔུ་སྲན་མ་བཟོད་པའི་སོ་འཚིར་བས་སོ་ཐམ་ཐམ་པའོ། །སྨྲེ་སྔགས་རྒྱུན་མི་ཆད་པར་འདོན་པས་ཨ་ཆུ་ཆུའོ། །སྐད་ཀྱི་གདངས་ཆག་པས་ཤུགས་རིང་ཀྱི་ཧུད་དུ་འདོན་པའོ། །པགས་པ་བཞི་ཚལ་དུ་གས་པས་ཨུཏྤལ་ལྟར་གས་པའོ། །བརྒྱད་ཚལ་དུ་གས་པས་པདྨ་ལྟར་གས་པའོ། །བཅུ་དྲུག་དང་སུམ་ཅུ་རྩ་གཉིས་ལ་སོགས་པ་གྲངས་མེད་དུ་གས་པས་པདྨ་ལྟར་ཆེར་གས་པའོ། །དེ་ལྟར་གས་པའི་ནང་དུ་སྲོག་ཆགས་མཆུ་རྣོན་ཅན་ཞུགས་ནས་ཟ་ཞིང་གྲངས་བའི་སྡུག་བསྔལ་མི་བཟོད་པའི་ཚུལ་བརྒྱད་ལ་མིང་བརྒྱད་དུ་ཆགས་པའི་སྡུག་བསྔལ་བློ་ལ་བླང་ཚུལ་སྔ་མ་བཞིན་ནོ། །དེ་ནས་ཉི་ཚེ་བ་ནི། བྲག་བར་ཏུ་བཅར་བ་དང་། རྡོའི་ནང་དུ་འཐུམས་པ་དང་། ཆབ་རོམ་གྱི་ནང་དུ་རེངས་བ་དང་། ཆུ་ཚན་གྱི་ནང་དུ་འཚོད་པ་དང་། མེ་ནང་དུ་བསྲེག་པ་དང་། ཤིང་སྡོང་ལ་བཅད་གཏུབས་བྱས་པའི་ཉེར་ལེན་བདག་ཉིད་ཀྱིས་ཚོར་བར་མངོན་ནས་ཡན་ལག་དང་ཉིང་ལག་བཅད་པའི་སྡུག་བསྔལ་དང་། གཏུན་དང་། ཕྱགས་མ་དང་། ཕྲུ་བ་དང་། སྒོ་དང་། སབ་མོ་དང་། ཀ་བ་དང་། སྒྱེད་པུ་དང་། ཐག་པ་ལ་སོགས་པ་རྟག་ཏུ་བཀོལ་ཞིང་སྤྱོད་པའི་གཟུགས་སུ་འདུ་ཤེས་པའི་སྡུག་བསྔལ་བཟོད་མི་ཕོད་པ་མྱོང་བ་དང་། ལྕགས་ཀྱི་ཁང་བར་ཉིན་མོ་སྡུག་བསྔལ་ལ། མཚན་མོ་དེ་ལས་ལྡོག་པ་དང་། ཕན་ཚུན་གསོད་རེས་བྱེད་པ་སོགས་སྡུག་བསྔལ་གྱི་རྣམ་པ་མྱོང་ཚུལ་ཐ་དད་པ་བློ་ལ་བླང་ཞིང་སྐྱོ་ཤས་བསྐྱེད་པར་བྱའོ། །དེ་ནས་ཡི་དྭགས་ཀྱི་སྡུག་བསྔལ་ལ། བྱིངས་ན་གནས་པ་དང་མཁའ་ལ་རྒྱུ་བ་གཉིས་ཀྱིས། བྱིངས་གནས་ལ་གསུམ་ལས་སྤྱི་མཐུན་དུ། པགས་རུས་གཉིས་ཀྱི་བར་ན་ཤ་མེད་པས་ཀེང་ཞིང་རིད་ལ། ལོ་ཟླ་མང་བོའི་བར་དུ་བཟའ་བཏུང་གི་སྒྲ་ཡང་མི་ཐོས་ན་མྱོང་བ་ལྟ་ཅི་སྨོས། ཕྱིའི་སྒྲིབ་པ་ཅན་ནི། ཚ་གྲང་གོ་ལྡོག་པ་ལ་སོགས་ཕྱིན་ཅི་ལོག་བཞི་དང་། ཆུ་ཀླུང་དང་། འབྲས་བུ་ལ་སོགས་པ་མཐོང་ནས་དེ་ལ་བསྙེགས་པས་དེ་མ་ཐག་མེད་པར་གྱུར་བའི་ཤུལ་དུ་ངམ་གྲོག་ཉམས་མི་དགའ་བ་དང་། མྱ་ངན་གྱི་ཐང་དུ་མངོན་ལ། ཡང་ན་སྐྱེ་བོ་མཚོན་ཆ་ཐོགས་པས་སྲུང་ཞིང་བརྡེག་བཙོག་འཕོག་པའི་སྡུག་བསྔལ་ལོ། །ནང་གི་སྒྲིབ་པ་ཅན་ནི། ཁ་ཁབ་མིག་ཙམ་པས་རྒྱ་མཚོའི་ཆུ་བཏུངས་ཀྱང་མགྲིན་པ་རྟ་རྔ་ཙམ་དུ་མ་ཆུད་པའི་བར་ལ་ཁའི་དུག་ཀྱིས་མོད་ལ་སྐམ་པ་དང་། ལྟོ་བ་ཡུལ་ལྗོངས་ཙམ་ཡན་ལག་འཇག་མ་ཙམ་གྱིས་མི་ཐེག །གལ་ཏེ་ཅུང་ཟད་རྙེད་ནའང་དེའི་ཁར་བྱེ་ཚན་འབར་བ་ཅན་དུ་འབབ་པས། མཚན་མོའི་ཆ་ཐམས་ཅད་ལ་བློ་སྙིང་ནས་མེ་འབར་ཞིང་སྣ་ནས་དུ་བ་འཐུལ་བས་ཟས་སྐོམ་གྱི་སྒྲིབ་པ་ཅན་ཞེས་བྱའོ། །སྒོས་ཁུར་གྱི་སྒྲིབ་པ་ཅན་ནི། ཡི་དྭགས་རེ་རེའི་ལུས་ལ་སྲོག་ཆགས་མང་པོས་ཚང་བཅས་ནས་ལུས་ཀྱི་ནང་ནས་ཟ་བར་བྱེད་ཅིང་། མདོར་ན་དེ་དག་རྣམས་ཕན་ཚུན་འཕྲད་ནའང་ཁྲོས་པའི་སེམས་ཀྱིས་བརྡེག་ཅིང་འཚོག་པ་དང་། མགྲིན་པ་ལས་རྨ་བྱུང་བ་རྣག་ཏུ་སྨིན་པ་ཁ་ཟས་སུ་བྱེད་དགོས་པ་སོགས་ཤིན་ཏུ་ཉམ་ཐག་པའོ། །གཉིས་པ་མཁའ་ལ་རྒྱུ་བའི་ཡི་དྭགས་ནི། སྨྱོ་བརྗེད་ལ་སོགས་པ་དང་། བཙན་དང་རྒྱལ་བོ་ལ་སོགས་གནོད་སྦྱིན་གྱི་རིགས་གཞན་ལ་འཚེ་བ་རྣམས་ཏེ། རྫུ་འཕྲུལ་དང་། ལོངས་སྤྱོད་ཅུང་ཟད་ཡོད་ཀྱང་འཚེ་བ་མང་བས་མི་བརྟན་ཞིང་དུས་ཚིགས་ལོག་པ་དང་། སྔར་གྱི་གནད་འཆད་པའི་ཚོར་བ་དེས་རྟག་ཏུ་གདུངས་ཤིང་། དེ་གཞན་ལ་སྤོ་བའི་བསམ་སྦྱོར་ངན་པ་དང་། ཁྱི་དང་བྱ་ལ་སོགས་པའི་རྣམ་པ་དང་ཉི་འཚེ་བ་དང་མཐུན་པའི་སྡུག་བསྔལ་དང་། ཕྱིན་ཅི་ལོག་བཞིའི་སྣང་བའང་ཐུན་མོང་དུ་འཆར་བས་ཉམ་ཐག་ལ། རྟག་ཏུ་གཞན་ལ་འཚེ་བའི་བསམ་སྦྱོར་ངན་པས་ཕྱི་མའི་སྡུག་བསྔལ་འདུ་བྱེད་པ་ལ་སོགས་ཏེ་ཉེས་པ་ཆེན་པོ་དང་ལྡན་པ་ཡིན་པས་གཤིན་རྗེའི་འཇིག་རྟེན་དུ་སོང་བ་ཞེས་བྱ་སྟེ་དེར་མི་སྐྱེ་བའི་ཐབས་ལ་འབད་དགོས་སྙམ་དུ་ཉམས་སུ་བླང་ངོ་། །དེ་ནས་དུད་འགྲོའི་སྡུག་བསྔལ་ནི། ཁ་ཐོར་བ་དང་བྱིངས་གནས་གཉིས་ལས། ཁ་ཐོར་བ་ནི། བྱ་དང་རི་དྭགས་ལ་སོགས་བདག་མེད་རྣམས་གཅིག་ལ་གཅིག་ཟ་ཞིང་། རྔོན་པ་དང་། གདོལ་བ་ལ་སོགས་པས་ཐབས་དུ་མའི་སྲོག་དང་བྲལ་བ་དང་། རྟ་གླང་མ་ཧེ་ར་ལུག་ལ་སོགས་པ་བདག་ཏུ་བཟུང་བ་རྣམས་ནི་གོ་རར་འཛུད་པ་དང་། ལས་ཀྱིས་མནར་བ་དང་། སྣ་འབིག་པ་དང་། བྱ་གཅོད་པ་དང་། གསོན་ཁྲག་འབྱིན་པ་དང་། གསོད་པ་དང་། དེ་ལ་ཡང་མཐའ་འཁོབ་པའི་རིགས་ཀྱིས་དམྱལ་བ་ལྟ་བུར་སྲོག་གཅོད་པ་ལ་སོགས་པ་མངོན་སུམ་དུ་མཐོང་ཞིང་ཐོས་པ་དང་། བྱིངས་ག །ནས་ནི། ཐར་བ་ཆ་མཐུན་གྱི་དགེ་བ་སྤངས་པ་རྣམས་ཀྱིས་མྱོང་བྱར་གསུངས་པས་གླིང་བར་མུན་ནག་གི་རྒྱ་མཚོ་དང་། ཆུ་གཏེར་བཞིའི་ཁྱོན་ལ་གནས་ནས་གཅིག་ལ་གཅིག་ཟ་ཞིང་། སྣང་བའི་ཆ་ཅུང་ཟད་ཀྱང་མེད་པར་ཚ་གྲངས་བཀྲེས་སྐོམ་གླེན་རྨོངས་ཀྱིས་རྣམ་པ་ཀུན་ཏུ་མནར་བ་ཉིད་དེ། དེའི་རང་བཞིན་བློ་ཡུལ་དུ་མངོན་སུམ་བླང་ལ་སྐྱོ་ཤས་བསྐྱེད་པར་བྱའོ། །དེ་ནས་མིའི་སྡུག་བསྔལ་བསམ་པ་ལ། རྩ་བའི་སྡུག་བསྔལ་ཆེན་པོ་གསུམ་ལས། འགྱུར་བའི་སྡུག་བསྔལ་ནི། ད་ལྟ་བདེ་འགྲོའི་ལུས་རྟེན་རྙེད་ནས་བདེ་བ་ལྟར་ཡོད་ཀྱང་། འདིས་རྟག་མི་ཐུབ་པར་ཉིན་ཞག་དེའི་སྔ་ཕྱིའམ། སང་རེས་ལ་སོགས་པར་ལུས་སེམས་ལ་སྡུག་བསྔལ་གསར་བ་ཅིག་བྱུང་ནས་གདུང་བ་ཆེན་པོ་འཕེལ་བ་མངོན་སུམ་པ་དང་། སྡུག་བསྔལ་གྱི་སྡུག་བསྔལ་དེའི་ཡང་སྟེང་དུ་ད་དུང་གློ་བུར་བ་གཅིག་བརྩེགས་པ་དཔེར་ན་འགྱུར་བའི་སྡུག་བསྔལ་དེ་སྲིན་ཕོ་བར་ལངས་པ་ལྟ་བུ་ཡིན་ན། དེའི་སྟེང་དུ་རྒྱལ་པོས་ཆད་པ་བྱུང་བ་ལྟ་བུའོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། ད་ལྟ་བདེ་བ་ལྟར་སྣང་བ་མང་སྟེ། འདི་ལྟར་འཇིག་རྟེན་གྱི་ཕུན་ཚོགས་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ལམ་གྱིས་བསྒྲུབས་པ་ཁོ་ནའི་ཕྱིར། སྐྱེད་མོས་ཚལ་གཅིག་ཏུ་རྩེད་སྣ་མང་པོས་ཉམས་དགའ་ཞིང་། ཆོ་ལོ་དང་། རྒྱན་པོ་འགྱེད་པ་ལ་སོགས་པའི་ཚེ་ཤ་དང་མྱོས་པར་བྱེད་པའི་བཟའ་བཏུང་གིས་ཚོར་བ་བདེ་བར་འཆར་བའི་གནས་སྐབས་དེ་ཙམ་ནས། དེ་ལྟར་སྤྱོད་པའི་རྒྱུ་ཐམས་ཅད་སྡིག་པ་འབའ་ཞིག་པའི་ཕྱིར་སླད་ནས་དེའི་འབྲས་བུ་སྡུག་བསྔལ་ཁོ་ན་འདུ་བྱེད་པ་དང་། དེ་བཞིན་དུ་གཞན་ལ་གནོད་པ་བྱས་པས་ཕྱིས་རང་ལ་གནོད་ལེན་འདུ་བྱེད་པ་ཆོས་ཉིད་ཡིན་པས་འདི་ན་འཇིག་རྟེན་པའི་ཉེ་བར་གཅོད་པ་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱང་འཕྲལ་དུ་སྡུག་བསྔལ་དུ་ལྟར་མི་མངོན་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱའོ། །དེ་ནས་སྐྱེ་རྒ་ན་འཆིའི་ཚུལ་ལ་བསམ་པ་ནི། དེ་ལ་མིའི་འགྲོ་བ་ནི་མངལ་ནས་སྐྱེ་བས་དྲི་ཟ་ཉེ་བར་འཁོར་བ་དང་ཕ་མའི་ཁུ་ཁྲག་འདྲེས་པ་ལས་མེར་མེར་པོ་ལ་སོགས་པའི་འགྱུར་བ་སྣ་ཚོགས་ཀྱིས་ལུས་ཆགས་ཤིང་། དབང་བོ་ཡུལ་ལ་སད་ནས་མིའི་ལྟོ་བ་ལ་སྐྱུགས་བྲོ་བ་དང་། དྲི་ང་བ་དང་། འཁུམས་པ་དང་། དབུགས་འཐུམས་པ་དང་། མས་ཟས་གོས་སྤྱོད་ལམ་ཉེས་པ་ན་མེའི་ནང་ན་འདུག་པ་ལྟར་ཚ་བ་དང་། ཆུ་ནང་དུ་ཚུད་པ་ལྟར་གྲང་བ་དང་། རིས་ནོན་པ་ལྟ་བུ་དང་། གཡང་སར་ལྷུང་པ་ལྟ་བུ་དང་། སྟན་ལ་ལྷུང་ཞིང་ལག་པས་རེག་དུས་རྨ་རྨེན་ལ་མཚོན་ཆས་བྲབ་པ་ལྟ་བུ་དང་། ཁྲུས་བྱས་པ་ན་པགས་པ་བཤུས་པ་ལྟར་དབལ་ཚ་བ་ལ་སོགས་ཏེ་སྐྱེ་བའི་སྡུག་བསྔལ་དཔག་ཏུ་མེད་དོ། །དེ་ལྟར་སྐྱེས་ནས་ནི། ལང་ཚོ་མིན་པའི་ཆ་ན་རེ་ཞིག་འཕེལ་བ་ལྟར་སྣང་ཡང་། ཚེ་ནི་འགྲུབ་པ་ལ་ཕྱོགས་ཤིང་རིང་པོར་མི་ཐོགས་པ་རྒས་པའི་སྡུག་བསྔལ་གྱིས་གཟིར་ནས་ལུས་ཀྱི་སྟོབས་ཉམས། ཞོ་ཤས་ཁུར་མི་བཟོད། ཟས་མི་འཇུ། མིག་འགྲིབ། རྣ་བ་འོན། ལྕེ་ལྡིབ། དྲན་པ་རྨོངས། སོ་ཕྲེང་ཟགས། འདོད་པའི་ལོངས་སྤྱོད་ལ་དགའ་ཡང་སྤྱོད་པའི་མཐུ་མེད། ཚ་གྲང་གང་ཡང་མི་བཟོད་ཅིང་བློ་སྲབ་པའི་ཁར། ཕ་རོལ་གྱིས་བརྙས་ཤིང་སུན་འབྱིན་པས་ཚོར་བ་ཕལ་ཆེར་སྡུག་བསྔལ་དུ་འཆར་བ་མངོན་སུམ་དུ་མཐོང་བ་ལ་བསམ་མོ། །དེ་ལྟ་བུའི་ལུས་དེ་ཡང་འབྱུང་བཞི་འདུས་པའི་བདག་ཉིད་ཅན་ཡིན་པས་དེ་དག་ཕན་ཚུན་ཆ་མ་མཉམ་པ་ལས། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་སྟེ། ནད་སྣ་ཚོགས་པས་རྟག་ཏུ་གཟིར་ཞིང་། དེས་ཉེར་ལེན་གྱི་ཕུང་པོ་ལྔ་སྡུག་བསྔལ་འབའ་ཞིག་ལ་སྦྱོར་བས་དགའ་གདུང་གི་ཡུལ་དུ་གྱུར་བ་རྣམས་ཀྱང་དེ་ལས་ཕྱིན་ཅི་ལོག་ཏུ་འཆར་ཞིང་། ན་བའི་རྐྱེན་གྱིས་ནི། ཤི་བའང་གློ་བུར་དུ་འོང་ངོ་སྙམ་པའི་འཇིགས་པ་དང་བཅས་པའི་ཚུལ་ལ་ལེགས་པར་བསམ་མོ། །དེ་ནས་འཆི་བ་ལ་བབ་པ་འབྱུང་སྟེ། མལ་དུ་ལྷུང་བ་ལས་ལྡང་མི་ཤེས། ཟས་སྐོམ་མཐོང་ཡང་ཡི་གར་མི་འོང་། འཆི་བའི་ཚོར་བས་གདུང་བས་སྙིང་མི་དགའ། ཕོ་ཚོད་དང་ཉམས་པའི་སྟོབས་ཤོར། འཁྲུལ་སྣང་གི་བསུན་མས་གཏུགས། སྐྱས་ཆེན་པོ་འདེགས་པ་ལ་ཐུག །གཉེན་བཤེས་ཀྱིས་མཐའ་སྐོར་ཡང་བཤོལ་ནི་མི་ཐེབས། གནད་གཅོད་ཀྱི་སྡུག་བསྔལ་རང་གཅིག་པུས་མྱོང་། ལོངས་སྤྱོད་དཔག་ཏུ་མེད་པ་ཡོད་ཀྱང་ཁྱེར་དབང་ནི་མེད། བློས་ནི་མི་ཐོངས། རྗེས་སུ་ནི་མི་འབྲང་། ཡན་ལག་གཡོབ་ཅིང་། མིག་བཟི་བའི་ངང་ལ་འབྱུང་བ་བསྡུ། འདུ་ཤེས་འཁྲུལ། མཆི་མ་སྐྱ་ཙ་རེ་འཇིག་རྟེན་ཕ་རོལ་ཏུ་འགྲོ། བར་དོའི་སྣང་བ་ནི་ཤར། དེ་ན་མགོན་སྐྱབས་ནི་མེད། སྣང་བ་ཐམས་ཅད་ནི་འཇིགས་སྐྲག །ཚོར་བ་ཐམས་ཅད་ནི་སྡུག་བསྔལ་ལ་སྤྱོད་པའི་ཚེ། གཅེས་པར་བཟུང་བའི་ལུས་ནི་ཐ་གུས་བཅིངས། རྡོག་པས་བརྫིས། དུར་ཁྲོད་ཉམས་མི་དགའ་བར་འདོར། ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ཀྱང་དྲི་ཟ་བའི་དུས་ལ་བབ་ཅིང་། དེ་ནས་ཀྱང་ལས་ཀྱི་ཕྱི་བཞིན་དུ་རང་དབང་མེད་པར་འགྲོ་དགོས་ན། ད་ལྟ་ཕན་ཆོད་འཆི་བ་མ་དྲན་པས་དགྲ་འདུལ་གཉེན་སྐྱོང་། གནས་མལ་དང་ཟང་ཟིང་ལ་ཕྱི་ཚིས། ཉེ་དུ་འབྲེལ་ཅན་ལ་སོགས་པའི་དོན་དུ་ཆགས་སྡང་རྨོངས་གསུམ་གྱིས་དུས་འདའ་བ་ནི་མཚང་རེ་ཆེ་སྙམ་དུ་བསམ་མོ། །དེ་ལྟར་བཞི་པོའི་སྟེང་དུ། དགྲ་ལ་སོགས་ཏེ་ཡུལ་གྱི་རྐྱེན་སྣང་མི་སྡུག་པ་དང་ཕྲད་ནས་མི་འདོད་བཞིན་དུ་སྡུག་བསྔལ་དང་ཡིད་མི་བདེ་བ་མྱོང་བ་དང་། གཉེན་བཤེས་སམ། ཡིད་ལ་གཅེས་པའི་དངོས་པོ་དང་བྲལ་ནས་དེ་དག་གི་ཡོན་ཏན་དང་རྣམ་འགྱུར་དྲན་པས་སེམས་གདུང་བ་དང་། འཇིག་རྟེན་ནི་རེ་དོགས་ཀྱི་རྣམ་པར་རྟོག་པའི་གཞན་དབང་ཅན་ཡིན་པས་དེ་དག་འདོད་པ་བཞིན་ཐོག་ཏུ་མ་ཁེལ་བའི་སྡུག་བསྔལ་དང་། སྡུག་བསྔལ་ལྡན་པའི་ཉེ་བར་ལེན་པ་པོ་ཟག་བཅས་ཀྱི་ཕུང་པོ་དང་ལྡན་ཕྱིན་ཆད་གཟུགས་ལ་རྟེན་བཅས། ཚོར་བས་དེའི་རང་བཞིན་ཤེས། འདུ་ཤེས་ཀྱི་འབྲེལ་རྒྱུན་ཆགས། འདུ་བྱེད་ཀྱིས་སླད་ཀྱིས་ས་བོན་བསྒྲུབ། རྣམ་པར་ཤེས་པས་དེ་ལ་བདག་གི་བར་ལྟ་བའི་ཕྱིར་སྡུག་བསྔལ་གྱི་གནས་དང་། རྟེན་དང་། འབྱུང་ཁུངས་ཅན་དང་། རྟག་པར་འབྲེལ་བའི་འཁོར་བ་སྡུག་བསྔལ་གྱི་ཕུང་བོ་ཅན་ཞེས་བྱ་སྟེ། མིའི་འགྲོ་བ་རྣམས་ནི་ལྷག་པར་དུའང་རྣམ་པ་བརྒྱད་པོ་དེས་རྟག་ཏུ་སྡུག་བསྔལ་བའི་ཚུལ་ལ་སོགས་པར་བསམ་ཞིང་ངོ་ཤེས་པར་བྱས་ནས་སྐྱེ་བའི་རང་བཞིན་ལ་སྐྱོ་བར་བྱའོ། །དེ་ནས་ལྷ་མ་ཡིན་གྱི་སྡུག་བསྔལ་བསམ་པ་ནི། འཕེན་བྱེད་མི་དགེ་བས་འཕངས་པའི་རྒྱུས། ལུས་རྟེན་དེ་བཟུང་བ་ཙམ་ནས་ཕྲག་དོག་གི་འདུ་ཤེས་རགས་པས་རང་རང་གི་གནས་རིས་རྩོད་ཅིང་འཚོ་བའི་ཆ་ལའང་ཕན་ཚུན་ཁ་སྨྲས་དང་འཐབ་རྩོད་འབའ་ཞིག་གིས་ལུས་སེམས་འཁྲུགས་པས་རྒྱུན་དུ་མནར་བའི་སྟེང་། ལྷ་རྣམས་ཀྱི་དཔལ་འབྱོར་ལ་མི་བཟོད་པའི་ཕྲག་དོག་གིས་གཡུལ་གྱི་བྱ་བ་ཁོ་ནས་ཉོན་མོངས་ཤིང་གདུང་བ་དང་། དེ་ཡང་སྔོན་གྱི་བསོད་ནམས་ཀྱིས་ཁྱད་པར་ལས་ལྷ་རྣམས་ནི་མི་འཕྲེང་བདུན་ཅུ་ཙམ་གྱིས་མཐོ་ཞིང་གནད་ཆེ་སར་མཚོན་ཆ་མ་ཕོག་ན་མི་འཆི་ལ། ལྷ་མ་ཡིན་རྣམས་དེ་སྙེད་ཀྱིས་དམའ་ཞིང་གནད་སར་མ་ཕོག་ན་དེ་མ་ཐག་འཆི་བའི་སྡུག་བསྔལ་ཉམས་སུ་མྱོང་ཞིང་། གལ་ཏེ་དེ་ན་བློ་དང་ལྡན་པ་རེ་ཙམ་ཡོད་སྲིད་ཀྱང་ལས་ཀྱི་སྒྲིབ་པས་ཉན་རང་གི་བདེན་པ་མི་མཐོང་བའི་སྐལ་བ་ངན་པ་ཅན་རྟག་ཏུ་འཐབ་རྩོད་ཀྱིས་སྡུག་བསྔལ་ལ་སྤྱོད་པའི་རང་བཞིན་ལ་བསམས་ཏེ་དེའི་རྒྱུ་འབྲས་སྤང་པའི་ཐབས་ལ་འབད་པར་བྱའོ། །དེ་ནས་ལྷའི་སྡུག་བསྔལ་ནི། རྒྱལ་ཆེན་རིགས་བཞི་པ་ནས་གཞན་འཕྲུལ་དབང་བྱེད་པའི་བར་གྱི་འདོད་ཁམས་པ་རྣམས་ནི་རེ་ཞིག་བདེ་བ་ལྟར་སྣང་ཡང་། དེར་སྔ་མའི་ལས་དཀར་པོའི་ཆ་ཐམས་ཅད་ཟད་པར་བྱེད་ལ། གནས་སྐབས་ཀྱི་བདེ་བ་དེས་སྐྱོ་ཤས་དང་ངེས་འབྱུང་བྲལ་བས་ཕྱི་མའི་དོན་ལ་གཡེལ་ཞིང་སྔོན་གྱི་དགེ་བའི་ལས་ཟད་པ་དང་གནས་རིགས་དེ་ནས་འཆི་འཕོ་བའི་ལྟས་ལུས་ཀྱི་མདོག་ཉམས་པ་དང་། སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིངས་པ་དང་། གོས་ལ་དྲི་མ་ཆགས་པ་དང་། ལུས་ལ་རྔུལ་འབྱུང་བ་ལྔ་མཐོང་བས་སྔངས་ཤིང་བརྒྱལ་བའི་སྡུག་བསྔལ་ལྷའི་ཞག་བདུན་དུ་མྱོང་བས་རིང་ཞིང་བཟོད་པར་དཀའ་བ། གཟུགས་དང་གཟུགས་མེད་གཉིས་ནི་ཏིང་ངེ་འཛིན་གྱི་བདེ་བས་དར་ཅིག་འཚོ་ཡང་། བསོད་ནམས་ཆ་མཐུན་གྱིས་འཕངས་པའི་འཇིག་རྟེན་པའི་བསམ་གཏན་ཡིན་པས་བདེན་པ་མཐོང་པའི་སྐལ་བ་མེད་པའི་ངང་ལ་ལས་དེ་ཟད་ནས་སྲིད་པ་འོག་མར་ལྟུང་བའི་སྡུག་བསྔལ་འདུ་བྱེད་ཅིང་། ཕུང་པོ་ཉིང་མཚམས་སྦྱར་བས་འགྱུར་བའི་སྡུག་བསྔལ་ལ་སྤྱོད་པའི་ཕྱིར་ན་ཁམས་གསུམ་རིགས་དྲུག་གི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་ལས་མེད་པའི་ཚུལ་ལེགས་པར་བསམ་ཞིང་། ད་རེས་འཁོར་བ་ལས་ཐར་བའི་ཐབས་ལ་མ་འབད་ན་ང་རེ་བླུན་སྙམ་དུ་ཞེ་དམ་དྲག་པོ་བཅའ་ཞིང་དགེ་བ་བསྔོ་བར་བྱའོ། །བཞི་བ་ལས་རྒྱུ་འབྲས་བསམ་པ་ནི། འདི་ལྟར་འཁོར་བ་ནི་ལས་ལས་སྐྱེ་ཞིང་། ལས་ཀྱི་འབྲས་བུས་བྱས་པ་ཡིན་པས་མཐོ་རིས་དང་ངན་སོང་གི་གནས་སུ་འགྲོ་བ་ལ་བྱེད་པ་པོ་གཞན་མེད་ཅིང་། སྟེས་དབང་གིས་འགྲོ་བའང་མ་ཡིན་པས་རྣམ་པ་ཐམས་ཅད་དུ་དགེ་མི་དགེའི་རྒྱུ་འབྲས་ལ་དཔྱད་ནས་མི་དགེ་བའི་ཕྱོགས་སྤང་ཞིང་། དགེ་བའི་ཕྱོགས་བསྒྲུབ་པ་ལ་འབད་དགོས་ཏེ། དེ་ལ་སྤང་བྱ་མི་དགེ་བ་བཅུའི་དང་པོ་ལུས་ཀྱི་ལས་གསུམ་ལས་སྲོག་གཅོད་པ་ནི། ཀུན་སློང་གི་སྒོ་ནས་ཞེ་སྡང་ལ་བརྟེན་པས་དམྱལ་བ། འདོད་ཆགས་ལ་བརྟེན་པས་ཡི་དྭགས། གཏི་མུག་ལ་བརྟེན་པས་དུད་འགྲོར་སྐྱེ་བ་ནི་རྣམ་སྨིན་གྱི་འབྲས་བུ་སྟེ་འོག་མ་ཐམས་ཅད་ལ་ཡང་མཚུངས་ལ། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ལ་མཐོ་རིས་ཐོབ་ཀྱང་ཚེ་ཐུང་ལ་ནད་མང་བའོ། །དབང་གི་འབྲས་བུ་ནི་ཡུལ་ལ་སྨིན་པས། ས་ཕྱོགས་ཉམས་མི་དགའ་ཞིང་ངམ་གྲོགས་དང་གཡང་ས་ཅན་ལ་སོགས་སྲོག་ལ་གནོད་པ་རྒྱུན་དུ་སྐྱེ་བའོ། །མ་བྱིན་བླངས་པའི་རྒྱུ་མཐུན་ནི་ལོངས་སྤྱོད་དབུལ་བ་དང་། ཅུང་ཟད་རྙེད་ན་ཡང་གཞན་དང་ཐུན་མོང་དུ་བྱེད་དགོས་ལ། དབང་གི་འབྲས་བུར་ལོ་ཐོག་ལ་སད་སེར་སྡང་། ལྗོན་ཤིང་ལ་འབྲས་བུ་མི་ཆགས། མུ་གེ་ཡོད་པའི་སར་སྐྱེའོ། །དེའང་དེང་སང་འཇིག་རྟེན་ན་འཇབ་བུས་ལེན་པ་བརྐུ་བར་གྲགས་ཤིང་དེའི་ཉེས་དམིགས་ཆེ་ཤོས་དཀོན་མཆོག་གི་དཀོར་འཕྲོག་པ་དང་། གཞན་དབང་ཡོད་ཀྱིས་འཕྲོག་པ་དང་། ཚོང་དང་བྲེ་སྲང་གི་གཡོ་སྒྱུས་ལེན་པ་རྣམས་ལ་ཧ་ཅང་མི་སེམས་པ་མང་ཡང་མ་བྱིན་བླངས་བའི་སྒྲ་དོན་ལ་ཡང་དག་པར་ཞུགས་པས་བརྐུ་བའི་བྱེད་ལས་ཀྱི་ཁྱད་པར་ཙམ་དུ་ཤེས་པར་བྱའོ། །ལོག་པར་གཡེམ་པ་ནི། ཉེས་དམིགས་ཆེ་ཤོས་གཞན་གྱི་སྡོམ་པ་གཏོང་བའི་རྐྱེན་བྱས་པ་དང་། རང་གི་ཁུ་བ་ཕྱུང་བ་དང་། གཞན་གྱིས་བདག་པ་དང་། གླ་རྔན་སྤྲད་ཚར་བ་དང་། རང་དབང་ཡིན་ཡང་ཉིན་མོ་དང་། བསྙེན་གནས་སྲུང་བ་དང་། ན་བ་དང་། སྦྲུམ་པ་དང་། མྱ་ངན་གྱིས་ནོན་པ་དང་། ཟླ་མཚན་ཡོད་པ་དང་། བང་མ་སངས་བ་དང་། དཀོན་མཆོག་གི་རྟེན་ཡོད་སར་བསྒྲོད་པ་དང་། ཕ་མ་དང་རིགས་ཀྱིས་སྲུང་བ་དང་། མ་སྨིན་པའི་གཞོན་ནུ་མ་དང་། ཁ་དང་བཤང་ལམ་ལ་སོགས་པར་བསྒྲོད་པ་སྟེ། ཡུལ་དུས་གནས་སྐབས་ཀྱི་སྒོ་ནས་ལོག་གཡེམ་གྱི་རྣམ་པ་ཐ་དད་པ་ཉམས་སུ་མྱོང་བའོ། །དེ་དག་གི་མྱོང་བ་རྒྱུ་མཐུན་ནི། ཁྱིམ་ཐབས་མི་མཛེས་ཤིང་ལྷོད་པ་ཅན་དང་། དགྲ་ཟླ་ལྟ་བུ་འབྱུང་ངོ་། །དབང་གི་འབྲས་བུ་བཤང་གཅི་དང་། འདམ་རྫབ་ལ་སོགས་པ་དྲི་ང་བའི་གནས་ཡུལ་ཡིད་དུ་མི་འོང་བར་གནས་དགོས་པའོ། །གཉིས་པ་ངག་གི་རྣམ་པ་བཞི་ལས། རྫུན་ནི། གཞན་བསླུ་བའི་བསམ་པས་བདེན་པ་མ་ཡིན་པར་སྨྲས་པ་ཐམས་ཅད། ཁྱད་པར་ས་མ་ཐོབ་བར་ཐོབ། མངོན་ཤེས་མེད་པར་ཡོད་ཟེར་བ་ལ་སོགས་དང་། བྱེ་བྲག་ཏུ་སངས་རྒྱས་ལ་སྐུར་བ་འདེབས་པ་གང་ཡིན་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར་རང་ཉིད་ལ་སྐུར་བ་མང་ཞིང་། གཞན་གྱིས་བསླུ་བར་བྱེད། དབང་གི་འབྲས་བུར་འབྱོར་བ་མི་བརྟན་ཞིང་རྟག་ཏུ་ཤེས་པ་རྟབས་ཤིང་སྐྲག་པའི་ཡུལ་རྐྱེན་དང་འཕྲད་དོ། །ཕྲ་མ་ནི། འབྱེད་པའི་བསམ་པས་གཞན་མི་མཐུན་པར་བཅོས་པ་མཐའ་དག་དང་། ཁྱད་པར་དགེ་འདུན་གྱི་དབྱེན་བྱེད་པའོ། །དེའི་རྒྱུ་མཐུན་འབྲས་བུ་ནི། འཁོར་གཡོག་མི་མཐུན་པ་དང་། བདག་ཉིད་ལ་རྒོལ་བ་ཅན་འབྱུང་ངོ་། །དབང་གི་འབྲས་བུ་ནི། ཡུལ་ངམ་གྲོགས་དང་གཅོང་རོང་ཅན་ལ་སོགས་བགྲོད་དཀའ་བར་གནས་དགོས་པའོ། །ཚིག་རྩུབ་ནི། སྐྱེ་བོ་བྱད་མི་མཛེས་པ་ལྟ་བུ་ལ་དེའི་སྐྱོན་མངོན་འགྱུར་དུ་སྒྲོག་པ་ལྟ་བུས་མཚོན། མདོར་ན་ཕ་རོལ་པོའི་སྙིང་ལ་ཚེར་མ་ལྟ་བུར་འགྱུར་བ་མཐའ་དག་དང་། ཁྱད་པར་འཕགས་པ་རྣམས་ལ་མི་སྙན་པར་བརྗོད་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུ་རྟག་ཏུ་མི་སྙན་པ་ཐོས་ཤིང་རང་གིས་སྨྲས་པའང་འཐབ་མོའི་ཚིག་ཏུ་འགྱུར་རོ། །དབང་གི་འབྲས་བུ་ནི། རྡོ་གསེག་དང་ཚེར་མ་ཅན་ལ་སོགས་པའི་ས་ཕྱོགས་ཡིད་མི་བདེ་བར་གནས་དགོས་པའོ། །ངག་འཁྱལ་ནི། བྲམ་ཟེའི་གསང་སྔགས་སོགས་ཆོས་མ་ཡིན་པ་ཆོས་སུ་སེམས་པ་དང་། སྨད་འཚོང་མའི་གཏམ་དང་ཆགས་སེམས་ཀྱི་གླུས་ཆོས་རྣམ་པར་གཡེང་བ་དང་། དམག་དང་ཆོམ་རྐུན་ལ་སོགས་ཆགས་སྡང་གི་ཚིག་དག་གོ །དེའི་རྒྱུ་མཐུན་གྱི་འབྲས་བུར། རང་གི་ཚིག་མི་བཙུན་ཞིང་སྤོབས་པ་ཆུང་བའོ། །དབང་གི་འབྲས་བུ་སོ་ནམ་བྱས་ཀྱང་འབྲས་བུ་མི་འབྱུང་། དུས་ཚིག་ལོག་ཅིང་མི་བརྟན་པའོ། །དེ་ལྟར་ལུས་ངག་གི་ལས་བདུན་པོ་ནི་བརྟན་ཡོད་ཐོགས་བཅས་ཀྱི་གཟུགས་ཅན་ཡིན་པས། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ཚང་བ་ལ་ལས་དེའི་ནུས་པ་རྫོགས་པའོ། །གསུམ་པ་ཡིད་ཀྱི་རྣམ་པ་གསུམ་ལས། བརྣབ་སེམས་ནི། གཞན་གྱི་དངོས་པོ་ལ་ཆགས་ནས་ཡིད་ཀྱི་རྩོལ་བས་རོ་མྱོང་ཞིང་འཁུས་ཟས་ཀྱིས་བདག་གིར་བྱེད་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར། ཡིད་ལ་བསམ་པ་མི་འགྲུབ་ཅིང་། མི་འདོད་པ་ཐོག་ཏུ་འབབ་པའོ། །དབང་འབྲས་ནི། ལོ་ཐོག་ཉེས་ཤིང་གནས་དུས་ངན་པའི་སྡུག་བསྔལ་མང་པོ་འབྱུང་ངོ་། །གནོད་སེམས་ནི། གཞན་ལ་ཞེ་སྡང་དང་ཁོང་ཁྲོའི་སེམས་ཀྱིས་ཀུན་ནས་མནར་འདོད་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར། རྟག་ཏུ་འཇིགས་པ་དང་། འཚེ་བ་མང་། དབང་འབྲས་ནི། སྡིག་སྤྱོད་རྒྱལ་བོ་དང་། ཆོམ་རྐུན། སྦྲུལ་དང་གཅན་གཟན་ལ་སོགས་པའི་འཇིགས་པ་འབྱུང་ངོ་། །ལོག་ལྟ་ནི། རྒྱུ་འབྲས་ནི་མི་བདེན་ནོ་སྙམ་པ་དང་། རྟག་ཆད་དུ་ལྟ་བ་ལ་མཆོག་ཏུ་འཛིན་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར། ལྟ་བ་ངན་པ་ལ་གནས་ཤིང་། གཡོ་སྒྱུས་སེམས་འཁྲུགས་པའོ། །དབང་གི་འབྲས་བུར། འབྱོར་བ་ཉུང་ཞིང་། སྐྱབས་དང་དཔུང་གཉེན་མེད་པར་སྐྱེའོ། །དེ་ལྟར་ཡིད་ཀྱི་གསུམ་པོ་ནི། བརྟན་མེད་ཐོག་བཅས་ཀྱི་གཟུགས་སུ་འདུ་བས། ཡན་ལག་གཉིས་གཉིས་ཀྱིས་རྫོགས་པའོ། །དེ་ལྟའི་མི་དགེ་བ་བཅུ་ཆར་ལ་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི་སླར་ཡང་དེ་དང་མཐུན་པའི་ལུས་རྟེན་ཐོབ་ནས་སྔ་མའི་སྤྱོད་པ་ངན་པ་ལ་འཇུག །ལས་དེ་མུ་མཐའ་མེད་པར་འཕེལ་ནས་སྡུག་བསྔལ་རྒྱུ་ཆེན་པོ་མྱོང་བའོ། །དེའི་ཕྱིར་རྒྱུ་མི་དགེ་བ་བཅུ་དང་། དེའི་འབྲས་བུར་སྡུག་བསྔལ་ཐ་དད་པ་མྱོང་ཚུལ་ཤེས་པར་བྱས་ནས་མི་དགེ་བ་བཅུ་ལ་སྤོང་སེམས་བརྟན་པ་དང་། དགེ་བ་བཅུའི་འབྲས་བུ་ལ་བྲོད་པ་བསྐྱེད་ནས་དང་དུ་བླང་ཚུལ་སྲོག་གཅོད་སྤངས་པས་ཚེ་རིང་ཞིང་ནད་ཉུང་། མ་བྱིན་ལེན་སྤངས་པས་ལོངས་སྤྱོད་དང་ལྡན། འདོད་ལོག་སྤངས་པས་ཁྱིམ་ཐབས་མཛེས་ཤིང་དགྲ་ཟླ་ཉུང་། རྫུན་སྤངས་པས་ཀུན་གྱིས་བསྟོད་ཅིང་བྱམས། ཕྲ་མ་སྤངས་པས་འཁོར་གཡོག་གུས། ཚིག་རྩུབ་པ་སྤངས་པས་སྙན་པར་ཐོས། ངག་འཁྱལ་སྤངས་པས་ཚིག་བཙན། བརྣབ་སེམས་སྤངས་པས་བསམ་དོན་འགྲུབ། གནོད་སེམས་སྤངས་པས་འཚེ་བ་དང་བྲལ། ལོག་ལྟ་སྤངས་པས་ལྟ་བ་བཟང་བོ་རྒྱུད་ལ་སྐྱེ། དེའི་ཕྱིར་ན་བདག་གི་བསོད་ནམས་ཆ་མཐུན་གྱིས་དཀར་བོའི་རྒྱུ་འབད་པས་བསྒྲུབ་བོ་སྙམ་དུ་བློ་སྟོབས་བསྐྱེད་པར་བྱའོ། །ལྔ་བ་ཐར་པའི་ཕན་ཡོན་བསམ་པ་ནི། ཉན་ཐོས། རང་རྒྱལ། རྫོགས་པའི་སངས་རྒྱས་གསུམ་གྱི་གོ་འཕང་གང་ཐོབ་ཀྱང་། ཞི་བ་བསིལ་བ། འཁོར་བའི་སྡུག་བསྔལ་གྱི་འཕྲང་ལས་ཐར་བ་ཅན་ཡིན་པས་ང་རེ་དགའ། དེའི་ནང་ཚན་ལས་ཀྱང་ད་རེས་ཐེག་པ་ཆེན་པོ་དང་མཇལ་བའི་དགེ་བ་བཅུ་དང་ཚད་མེད་བཞི་དང་ཕར་ཕྱིན་དྲུག་དང་། བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། ཞི་ལྷག་གཉིས་ལ་སོགས་པ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཁོ་ན་འདོད་པས་བསྒྲུབ་པར་བྱ་སྙམ་དུ་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་པ་མེད་པ། རྗེས་བསྔོ་སྨོན་གྱིས་རྒྱས་ཐེབས་པའི་དམ་པ་གསུམ་གྱིས་ཟིན་པས་ཉམས་སུ་བླང་ངོ་། །དྲུག་པ་དགེ་བའི་བཤེས་གཉེན་བསྟེན་པ་ནི། བླ་མ་མ་བསྟེན་པར་སངས་རྒྱས་འགྲུབ་པའི་ལོ་རྒྱུས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་མ་གསུངས། མཐོང་ཆོས་སུའང་རང་བཟོ་དང་། ཕོ་ཚོད་ཀྱིས་ས་ལམ་གྱི་ཡོན་ཏན་སྐྱེས་པ་གཅིག་ཀྱང་མེད། འདི་ལྟར་རང་དང་བཅས་པའི་སེམས་ཅན་ཐམས་ཅད་ལོག་པའི་ལས་ལ་རྣམ་རིག་བཟོ་བ་ཉིད་དེ། ཐར་བ་དང་རྣམ་མཁྱེན་གྱི་ལམ་ལ་ལོང་བ་བཤེས་མེད་ཐང་སྟོང་དུ་འགོ་འཁོར་བ་དང་མཚུངས། དཔེར་ན་དེད་དཔོན་ལ་མ་བརྟེན་པར་རིན་པོ་ཆེའི་གླིང་ནས་ནོར་བུ་བླངས་བའི་དཔེ་མེད། དེ་བས་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ནི་ཐར་བ་དང་ཐམས་ཅད་མཁྱེན་པའི་ས་མཁན་མངོན་སུམ་པའི་ཕྱིར། གུས་པས་བསྟེན། སྤྱི་བོས་མཆོད། ཅི་གསུངས་བསྒྲུབ། མི་མཉེས་པ་སྐད་ཅིག་ཙམ་ཡང་མེད་པར་བསྟེན་པའི་ཡོན་ཏན་ནི་བསམ་ལས་འདས་པ་ལ་སྤྲོ་བ་བསྐྱེད། སྡིག་གྲོགས་དང་རྨོངས་པའི་གཞན་དབང་དུ་མ་སོང་བར་བླ་མ་བསྟེན་པའི་ཚུལ་ལ་སྐྱོ་དུབ་མེད་པ་དང་། ཚེ་རབས་གཞན་དུའང་བླ་མ་དམ་པ་དང་མཇལ་ནས་ཐུགས་རྗེ་འཛིན་པའི་སྨོན་ལམ་གདབ་ལ་འབད་པར་བྱའོ། །ཞེས་པའང་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །།

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཁྲིད་ཡིག་དྲན་པ་ཉེར་གཞག །རིག་འཛིན་འཇིགས་མེད་གླིང་པ།

༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཁྲིད་ཡིག་དྲན་པ་ཉེར་གཞག་བཞུགས་སོ། །རང་བྱུང་གདོད་མའི་དབྱིངས་ལ་ཕྱག་འཚལ་ལོ། །ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱིས་རྒྱུད་ལས་སུ་རུང་བར་བྱས་ནས། ཐུན་མོང་མ་ཡིན་པ་དང་། ཁྱད་པར་གྱི་སྔོན་འགྲོའི་གོ་ཕྱེ་ནས་རང་བཞིན་རྫོགས་པ་ཆེན་པོའི་སྙིང་ཐིག་འོད་གསལ་ཐེག་མཆོག་རྒྱལ་པོའི་གོ་འཕང་མཆོག་ལ་གཞག་པར་བྱ་བ་ནི། འཁྲིད་ཚུལ་གྱི་རིམ་པ་མང་དུ་བྱུང་བས་སྙིང་ཏིག་གི་བསྟན་པ་རི་མོའི་མར་མེ་ལྟ་བུར་གྱུར་པ་ལ་ཡིད་དབྱུང་ནས། ཐེག་མཆོག་འདིའི་བསྟན་པའི་བདག་པོ་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱི་དགོངས་པ་སོར་བཞག་སྟེ་བསྟན་པ་གཞི་བཞེངས་སུ་སློང་བར་དམ་བཅའོ། །དེ་ལ་དང་པོར་སྐྱབས་སུ་འགྲོ་བ་ལ་གསུམ། ཁྱད་པར་དབྱེ་བ། སྐྱབས་སུ་འགྲོ་ཚུལ། ཕན་ཡོན་བསམ་པ་ལས། དང་པོ་ནི། འདི་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ནས་བདེ་འགྲོ་མཐོ་རིས་ཀྱི་བདེ་བ་ཙམ་དོན་དུ་གཉེར་བའི་ཕྱིར། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆུང་ངུ་ཞེས་བྱ་སྟེ། འབྲས་བུ་གནས་སྐབས་ཀྱི་བདེ་བ་ཙམ་དོན་དུ་གཉེར་བ་ལས་གཞན་མེད་པའི་ཕྱིར་རོ། །འཁོར་བའི་སྡུག་བསྔལ་ལ་སྐྲག་ནས་རང་ཉིད་གཅིག་པུ་ཞི་བདེ་དོན་དུ་གཉེར་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་འབྲིང་པོ་ཞེས་བྱ་སྟེ་འཁོར་བ་ལས་རང་ཉིད་ཐར་ཙམ་པའི་འབྲས་བུ་ལ་དམིགསཔའི་ཕྱིར་རོ། །མཐའ་མེད་འཁོར་བའི་སེམས་ཅན་གཞན་རྣམས་ཀྱི་སྡུག་བསྔལ་མཐོང་ནས། དེ་རྣམས་འཁོར་བ་ལས་བསྒྲལ་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འདོད་པ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེས་བུ་ཆུང་ངུ་དང་འབྲིང་གི་ཆ་ལས་ལོག་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱེས་བུ་ཆེན་པོའི་རྗེས་སུ་བསླབ་པར་བྱའོ་སྙམས་པས་ཀུན་སློང་འཆོས་པར་བྱའོ། །གཉིས་པ་སྐྱབས་སུ་འགྲོ་ཚུལ་ནི། དེ་ཡང་ཐུན་མོང་ཐེག་པའི་ལུགས་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་སུ་མོས་ཏེ་སྐྱབས་སུ་འགྲོ་བ་དང་། ཐུན་མོང་མ་ཡིན་པ་གསང་སྔགས་སྤྱིའི་ཚུལ་གྱིས་སྒོ་གསུམ་བླ་མ་ལ་འབུལ། ཡི་དམ་ལ་བརྟེན། མཁའ་འགྲོ་ལ་གྲོགས་སུ་བྱས་ནས་སྐྱབས་སུ་འགྲོ་བ་དང་། ཁྱད་པར་བ་ཐབས་མཆོག་རྡོ་རྗེ་སྙིང་པོའི་ལུགས་ཀྱི། རྩ་སྤྲུལ་སྐུར་བརྟེན། རླུང་ལོངས་སྐུར་སྦྱངས། ཐིག་ལེ་ཆོས་སྐུར་དག་པའི་མྱུར་ལམ་ལ་སྐྱབས་སུ་འགྲོ་བ་དང་། མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ནི། སྐྱབས་ཡུལ་དེ་དག་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་ཡེ་ཤེས་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་རྣམ་གསུམ་དབྱེར་མེད་ཆེན་པོ་རང་རྒྱུད་ལ་བསྒྲུབ་བྱར་བྱེད་ཅིང་ལ་བཟླ་བ་སྟེ། ཚུལ་དེ་ལྟ་བུའི་གནས་ལ་འདྲིས་པར་བྱས་ནས། དངོས་གཞིའི་དམིགས་པ་ནི། རང་ཉིད་འདུག་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་བ། ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ལ། རིན་པོ་ཆེའི་འཕྱང་འཕྲུལ་དྲིལ་གཡེར་ལ་སོགས་པས་རྣམ་པར་བརྒྱན་པས་ནམ་མཁའི་དབྱིངས་ཁྱབ་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྟེང་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཡུམ་དང་བཅས་པའི་རྣམ་པ་ཅན་ལ་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་ཤིང་། ཡི་དམ་དཔའ་བོ་མཁའ་འགྲོས་མཐའ་ནས་བསྐོར་བ། མདུན་གྱི་ཡལ་ག་ལ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་དང་། གཡས་ཀྱི་ཡལ་གར་བྱང་ཆུབ་སེམས་དཔའི་དགེ་འདུན་ཉེ་བའི་སྲས་བརྒྱད། གཡོན་གྱི་ཡལ་ག་ལ་མཆོག་ཟུང་ལ་སོགས་ཉན་ཐོས་ཀྱི་དགེ་འདུན་འཕགས་པའི་ཚོགས། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོག་པ། དེ་དག་གི་བར་མཚམས་ཐམས་ཅད་ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བར་མེད་དུ་གང་བ། ཐམས་ཅད་ཀྱང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ལ་རྗེས་སུ་བརྩེ་ཞིང་། འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་པ་ལ་ཕ་མ་དང་གནོད་བྱེད་ཀྱིས་གཙོས་བྱས་བདག་གཞན་གྱི་སེམས་ཅན་ཐམས་ཅད་ས་གཞིའི་ངོས་ནས་ཐལ་མོ་སྦྱར་ཏེ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་ཁྱེད་ལ་བརྟེན་། ཁྱེད་ལ་འབུལ། ཁྱེད་ལས་གཞན་པའི་སྐྱབས་དང་རེ་ས་མེད་སྙམ་པའི་གདུང་བ་དྲག་པོས། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམཿ རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམསཿ ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ ཞེས་སྐྱབས་འགྲོ་ཅི་འགྲུབ་ཏུ་བྱས་ནས། བདག་དང་སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་སོགས་སྐྱབས་ཡུལ་རྣམས་ལ་ཐིམཿ དེ་དག་ཀྱང་དབུས་ཀྱི་བླ་མ་སྐྱབས་གསུམ་ཀུན་འདུས་ལ་ཐིམ། དེ་ཡང་ཆོས་སྐུ་སྤྲོས་བྲལ་གདོད་མའི་ངང་ལ་བསྟིམས་ནས། གནས་ལུགས་དོན་གྱི་སྐྱབས་འགྲོ་ལ་ཅི་གནས་སུ་མཉམ་པར་འཇོག །གསུམ་པ་ཕན་ཡོན་བསམ་པ་ནི། འདི་ནི་ཆོས་ཐམས་ཅད་ཀྱི་གཞི་རྟེན་ཡིན་ཏེ། གང་གིས་སྐྱབས་སུ་སོང་བ་ཙམ་གྱིས་ཐར་བའི་ས་བོན་འདེབས་པ་དང་། མི་དགེའི་ཚོགས་ལས་རིང་དུ་བྱེད་ཅིང་། དགེ་བ་གོང་དུ་འཕེལ་བ་དང་། སྡོམ་པ་ཀུན་གྱི་རྟེན་གཞིར་འགྱུར་ཞིང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་བ་དང་། གནས་སྐབས་སུ་ཡང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་བསྲུང་ཞིང་སྨོན་པ་ཡིད་བཞིན་དུ་འགྲུབ་པ་དང་། རྟག་ཏུ་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་ཞིང་ཚེ་རབས་དྲན་པ་དང་། འདི་ཕྱིར་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སོགས་ཕན་ཡོན་དཔག་དུ་མེད་དོ། །ཞར་ལ་སྐྱབས་སུ་སོང་བའི་སྡོམ་པ་རྒྱུད་ལ་གནས་བྱའི་ཕྱིར། བསླབ་བྱའི་མཚན་ཉིད་མདོར་བསྡུས་ན། སངས་རྒྱས་ལ་སྐྱབས་སུ་སོང་ནས་རང་ཉིད་འཁོར་བ་ན་འཁོར་བའི་འཇིག་རྟེན་པའི་ལྷ་དང་བརྟེན་པར་དཀའ་ཞིང་གནོད་པ་སྦྱིན་པའི་རང་བཞིན་རྒྱལ་པོ་ལ་སོགས་པར་མགོན་སྐྱབས་མི་འཚོལ། སྐུའི་རྟེན་ཆག་དུམ་ཡན་ཆད་ལ་ཅི་མི་སྙམ་པའི་སྲི་ཞུ་མི་ལྷོད། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བའི་རྟོག་པ་རྨི་ལམ་དུའང་སྤོང་ཞིང་། ཡི་གེའི་རས་མ་ཡན་ཆད་ལ་གུས་པ་བསྐྱེད། དགེ་འདུན་ལ་སྐྱབས་སུ་སོང་ནས་ལྟ་སྤྱོད་ལོག་པའི་གང་ཟག་མུ་སྟེགས་ཀྱི་དངོས་པོ་ཅན་དང་མི་འགྲོགས་ཤིང་། ལྷན་པ་སེར་པོའང་རྡོག་པས་མི་བརྫི། མདོར་ན་གསང་བ་མཆོག་གི་ཐེག་པ་འདིར་སྐྱབས་ཡུལ་གྱི་གཙོ་བོ་བླ་མ་ཡིན་ལ། བླ་མའི་ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན་ཡིན་པས་དེ་ཉིད་སུན་ཕྱུང་ན་སྐྱབས་ཡུལ་ཐམས་ཅད་སྤངས་པར་འགྲོ། ཆོས་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་འགྲོའི་གནད་ལ་ནན་ཏན་བྱའོ། །གཉིས་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་ཀྱི་ཁྲིད་ལ་གསུམ། ཚད་མེད་བཞིས་བློ་སྦྱོང་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། སྨོན་འཇུག་གི་བསླབ་བྱ་གཟུང་བ་དང་གསུམ་ལས། དང་པོའི་ནང་གསེས་བཏང་སྙོམས་བསྒོམ་པ་ནི། ག་རེ་ད་ལྟའི་གནས་སྐབས་ན་ཕ་མ་དང་གཉེན་འདུན་སོགས་རང་ཕྱོགས་ལ་ཤིན་ཏུ་ཆགས། དགྲ་དང་དེའི་ཕྱོགས་ལ་སྡང་ཞེན་མི་བཟད་པར་བྱེད་པ་འདི་ཡང་མ་བརྟགས་པའི་སྐྱོན་དུ་འདུག །འདི་ལྟར་ཚེ་རབས་སྔ་མར་དགྲས་ཀྱང་གཉེན་བྱས་གཉེན་གྱིས་ཀྱང་དགྲ་བྱས་པ་ལ་ཐེ་ཚོམ་མེད། ད་ལྟའང་དགྲ་ལ་དགྲར་བཟུང་ཡང་དེས་ངེས་པར་རང་ལ་གནོད་ཐུབ་པའི་གཏན་ཚིགས་མེད། རང་གིས་བསྟུན་ཤེས་ན་གཉེན་བཞིན་ཕན་ཐོགས་པའང་སྲིད་ལ། གཉེན་ཡིན་ཡང་བུ་ཚས་ཕ་མ་བསླུ་བ་བཞིན། འགལ་ཟླ་དང་བསྡོངས་ནས་དེའི་ཕྱོགས་བཟུང་། ནོར་འཕྲོག་རྩོད་པ་འགྱེད་པ་སོགས་མཐོང་ཆོས་སུ་འགྱུར་བ་དང་། གལ་ཏེ་གཅིག་ཏུ་མཛའ་བ་ལྟར་སྣང་ཡང་དེ་ལ་མི་འདོད་པ་བྱུང་བའི་ཚེ་རང་ལའང་སྡུག་བསྔལ་བསྐྱེད་ཅིང་གནས་སྐབས་ཀྱི་བདེ་བ་འཇོམས་པ་དང་། མཐར་ཐུག་དགེ་བའི་གེགས་རླབས་པོ་ཆེ་བྱས་ཏེ་ངན་སོང་དུ་བསྐྱུར་བའང་ཡོད་ན་དེ་ལས་དགྲར་གྱུར་བ་ཅི་ཞིག་ཡོད། མ་འོངས་པའི་ཆ་ལ་དགྲ་གཉེན་དུ་འགྱུར་བ་དང་། གཉེན་དགྲ་རུ་འགྱུར་ངེས་པ་མེད་ངེས་ཡིན་པ་ལ་ཅིས་སྨྱོན་སྙམ་དུ་སེམས་ཅན་གཅིག་དང་གཉིས་ནས་རིམ་པར་ནམ་མཁས་གར་ཁྱབ་ཏུ་བརྟགས་ལ་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བ་དམིགས་པ་མེད་པའི་བཏང་སྙོམས་ལ་རྩལ་སྦྱང་ངོ་། །དེ་ནས་བྱམས་པ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བསམ་ལ། བུ་ཚ་ཆུང་ངུར་ཕ་མས་བརྩེ་ཞིང་ལོག་སྒྲུབ་བཟོད་པ་ལྟར། སེམས་ཅན་དེ་དག་བདེ་བ་དང་ལེགས་པའི་དཔལ་སྦྱོར་བའི་བློ་འདུན་དྲག་པོས། ཐབས་ཇི་ལྟ་བུས་ཕན་གདགས་པར་བྱ་སྙམ་པའི་བྱམས་པ་སྒོམ་ཞིང་རྩལ་སྦྱང་ངོ་། །དེ་ནས་སྙིང་རྗེ་བསྒོམ་པ་ལ། གང་ཞིག་ནག་ཅན་བཙོན་དོང་དུ་བཅུག་པ་དེ་ཉིད་མཐར་གསོད་དུ་ཉེ་བའམ། ཤན་པའི་འདུན་སར་དུད་འགྲོ་འཆི་ཀ་མ་ལྟ་བུའི་སེམས་ཅན་སྡུག་བསྔལ་དྲག་པོས་གདུངས་པ་ཞིག་བློ་ཡུལ་དུ་བསམ་ལ། དེ་ལ་བརྩེ་བའི་ཡུལ་མ་དང་བུའི་འདུ་ཤེས་བསྐྱེད་དེ་སྡུག་བསྔལ་འདི་ལས་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་སྐད་ཅིག་ཉིད་དུ་ཐར་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་ཤས་མི་བཟོད་པ་མཆི་མ་ཐོན་པར་བསྒོམ་ཞིང་། དེ་ནས་རིམ་པར་ངན་སོང་གཞན་དང་། དེར་སྐྱེ་བའི་རྒྱུ་སྒྲུབ་པ་ཐམས་ཅད་ལ་སྒོམ་ཞིང་མཐར་མི་དམིགས་པའི་ངང་དུ་མཉམ་པར་འཇོག་གོ །དེ་ནས་དགའ་བ་ནི། མཐོ་རིས་ཀྱི་ཡུལ་ན་སུ་ཞིག་བདེ་ཞིང་སྐྱིད་པ། ཚེ་རིང་བ། འཁོར་མང་བ། ལོངས་སྤྱོད་དང་ལྡན་པ་ཞིག་དམིགས་ཡུལ་དུ་བསམ་ནས། དེ་ལ་འགྲན་སེམས་དང་ཕྲག་དོག་མེད་པར། ད་དུང་འདི་བས་ཀྱང་མངོན་མཐོའི་དཔལ་གྱིས་འབྱོར་ཞིང་། འཚེ་བ་མེད་པ། ཤེས་རབ་ཆེ་བ་ལ་སོགས་པའི་ཕུན་སུམ་ཚོགས་པ་དུ་མས་འབྱོར་བར་ཤོག་ཅིག །སེམས་ཅན་གཞན་རྣམས་ཀྱང་འདི་ལྟ་བུའི་གོ་འཕང་ལ་གནས་ན་ང་རེ་དགའ་སྙམ་པ་དང་། ཁྱད་པར་དུ་རང་ལ་གནོད་བྱེད་ཀྱི་དགྲ་དང་སེམས་ལ་ཕྲག་དོག་གི་གནས་སུ་གྱུར་པ་ཐམས་ཅད་ལ་གཞན་འབྱོར་ཕུན་སུམ་ཚོགས་པ་ལ་མི་བཟོད་པའི་བློ་ངན་གྱི་རྩ་བ་དྲུང་ནས་ཕྱུང་སྟེ། བདེ་བ་དང་ལྡན་པའི་ཆ་ཐམས་ཅད་ལ་དགའ་བ་ཁྱད་པར་ཅན་སྒོམ་ཞིང་མཐར་དམིགས་པ་མེད་པའི་ངང་ལ་གཞག་གོ །གཉིས་པ་སེམས་བསྐྱེད་དངོས་ལ། བློའི་ཁྱད་པར་གྱིས། སྔོན་ལ་རང་ཉིད་ཐར་བར་བྱས་ནས་འགྲོ་བ་གཞན་ཡང་དེའི་གོ་འཕང་ལ་འགོད་པར་འདོད་པ་དེད་དཔོན་ལྟ་བུའི་སེམས་བསྐྱེད། རང་དང་སེམས་ཅན་གཞན་ལྷན་ཅིག་ཐར་བར་འདོད་པ་མཉན་པ་ལྟ་བུའི་སེམས་བསྐྱེད། སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རང་ཉིད་ཐར་པའི་འདོད་པ་མི་བྱེད་པ་རྫི་བོ་ལྟ་བུའི་སེམས་བསྐྱེད། ས་མཚམས་ཀྱིས་དབྱེ་ན། ཚོགས་སྦྱོར་གྱི་ལམ་ལ་མོས་པས་སྤྱོད་པའི་སེམས་བསྐྱེད། ས་དང་པོ་ནས་བདུན་པའི་བར་ལ་ལྷག་བསམ་རྣམ་དག་གི་སེམས་བསྐྱེད། དག་པ་ས་གསུམ་ན་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་སར་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཀྱི་ཐ་སྙད་ཡོད་ཀྱང་། ཀུན་རྫོབ་ཆོ་ག་དང་དོན་དམ་མཚན་ཉིད་པ་སྒོམ་སྟོབས་ཀྱིས་ཐོབ་པ་ཡིན་ལ། འདིར་ལས་དང་པོ་བ། ཆོ་ག་ལ་ལྟོས་པ་ཅན་ཡིན་པས་སེམས་བསྐྱེད་འབོག་ཆོག་གཞན་དུ་བལྟ། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་སེམས་བསྐྱེད་ཀྱི་དཔང་པོར་དམིགས་ལ་བློ་གྲོས་ཆེན་པོའི་སེམས་བསྐྱེད་ནི། འདི་ལྟར་སེམས་ཅན་འདི་དག་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། ཕ་མར་གྱུར་པའི་ཚེ་ད་ལྟའི་ཕ་མ་བཞིན་གཅེས་སྤྲས་ཀྱིས་བསྐྱངས། ཟས་སུ་ཕུད་བྱིན། གོས་ཀྱིས་རྩེས་གཡོགས་ཤིན་ཏུ་བྱམས་པའི་བསམ་སྦྱོར་གྱིས་བསྐྱེད་བསྲིང་བར་ངེས་ན། ཕ་མ་འཁོར་བ་ན་གནས་བཞིན་བདག་ཐར་པ་ལ་དགོས་པ་ཅི་ཡོད། དེའི་ཕྱིར་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྤྱོད་པ་རླབས་པོ་ཆེ་ལ་བསླབ་ཅིང་འཁོར་བ་ན་སེམས་ཅན་གཅིག་ཀྱང་མི་གནས་པ་དེ་ཙམ་དུ་བརྩོན་འགྲུས་བརྩམ་མོ་སྙམ་པས། ཧོཿ སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱིསཿ འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོཿ རང་རིག་འོད་གསལ་དབྱིངས་སུ་ངལ་བསོ་ཕྱིརཿ ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོཿ ཞེས་མང་དུ་བརྗོད་པའི་མཐར་ཚོགས་ཞིང་དུ་གྱུར་པ་རྣམས་རང་ཉིད་ལ་བསྟིམས་པས་དེ་དག་གི་ཐུགས་རྒྱུད་ལ་གནས་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རང་གི་ཤེས་རྒྱུད་ལ་ལྷང་གིས་སྐྱེས་པར་སེམས་ལ་སྟོང་པ་ཉིད་ཀྱི་གཤིས་ལ་གཞག་པར་བྱའོ། །གསུམ་པ་བསླབ་བྱའི་བསམ་པ་ལ་སྨོན་འཇུག་གཉིས་ལས། དང་པོ་འགྲོ་བར་འདོད་པ་ལྟ་བུ་སྨོན་པའི་བསླབ་བྱ་ལ་བདག་གཞན་མཉམ་པ། བརྗེ་བ། གཞན་གཅེས་པར་བསྒོམ་པ་གསུམ་ལས། དང་པོ་མ་འབྱོངས་པར། འདི་ལྟར་སེམས་ཅན་ཐམས་ཅད་དང་བདག་ཉིད་བདེ་བ་འདོད་སྡུག་བསྔལ་མི་འདོད་པར་བློ་གཅིག་ཏུ་མཐུན་ཀྱང་། སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་དགེ་སྡིག་བླང་དོར་གྱི་གནད་ལ་རྨོངས་པས་རྟག་ཏུ་སྡུག་བསྔལ་ལ་སྤྱོད་པ་འདི་ཉིད་སྙིང་རེ་རྗེ། བདག་དམ་ཆོས་ཀྱིི་རྗེས་སུ་ཞུགས་པས་ཁེ་ཉེན་ཤེས་པའི་རང་བཞིན་ཅན་གྱི་ཕྱིར། ལོག་སྒྲུབ་དང་ཕྱོགས་རིས་བཟོད་པར་བྱས་ཏེ། བདག་གཞན་མཉམ་པ་ཉིད་དུ་བལྟ་བར་བྱའོ་སྙམ་དུ་ཡང་ཡང་སྒོམ། དེ་ནས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ནི། མཐོང་ཆོས་སུ་གྱུར་པའམ། ཡང་ན་སྡུག་བསྔལ་ཀྱིས་གདུངས་པའི་སེམས་ཅན་ཞིག་མདུན་དུ་བསམས་ནས། དབུགས་ཕར་རྒྱུ་བ་ན་བདག་གི་བདེ་བ་དང་ལེགས་པ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་གོས་ཕུད་དེ་གཡོགས་པ་ལྟར་ཁོང་ལ་བྱིན། ཁོང་གི་སྡུག་བསྔལ་ཅི་ཡོད་པ་དེ་དག་ཐམས་ཅད་རང་ཉིད་ཀྱིས་དང་དུ་བླངས་པར་བསམ་པ་དང་ལྷན་ཅིག་དབུགས་ནང་དུ་རྔུབས་པས་དེ་ཉིད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་བསམས་པའི་གཏོང་ལེན་སེམས་ཅན་གཅིག་ནས་ཐམས་ཅད་ཀྱི་བར་ལ་རིམ་པར་སྒོམ་མོ། །འབྱོངས་ནས་བདག་བས་གཞན་གཅེས་པར་བསྒོམ་པ་ནི། བདག་འཁོར་བར་གནས་རུང་། དམྱལ་བར་སྐྱེས་རུང་། ན་རུང་ཚ་རུང་ཉམ་ཉེས་ཅི་བྱུང་ཡང་བཟོད་པར་བྱ་ཡིས། སེམས་ཅན་གཞན་གྱི་སྡུག་བསྔལ་བདག་ལ་སྨིན་པར་ཤོག་ཅིག །བདག་གི་བདེ་བ་དང་དགེ་བའི་འབྲས་བུ་ཁོང་ལ་རྫོགས་པར་ཤོག་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་ཞིང་མཐར་དམིགས་པ་མེད་པའི་ངང་དུ་གཞག་གོ །གཉིས་པ་འགྲོ་བ་དངོས་ལྟ་བུ་འཇུག་པའི་བསླབ་བྱ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནོར་རྫས་ལ་ཆགས་ཞེན་མེད་པར་དགེ་བའི་ཕྱོགས་ལ་གཏོང་བ་དང་། ཡོངས་སུ་གཏོང་བ་དང་། ཤིན་ཏུ་གཏོང་བ་གསུམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། རང་རྒྱུད་ཀྱི་ཉེས་སྤྱོད་སྡོམ་ཞིང་གཞན་ལ་ཕན་གདགས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། དེའི་ཁྱད་པར་ལ་ཕལ་བོ་ཆེའི་སྤྱོད་ཡུལ་དག་པ་དང་། སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་བསྒོམ་པ། ཆོས་ཕྱིར་དཀའ་བ་སྤྱོད་པ་དང་གཞན་གྱི་ལོག་སྒྲུབ་བཟོད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། དལ་འབྱོར་ཆུད་གསན་པའི་བྱེད་པོ་ལེ་ལོ་ཟིལ་གྱིས་མནན་ནས་ཆོས་སྤྱོད་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་འབད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། འདུས་པ་ནི་འབྲལ་བའི་ཆོས་ཅན། འདོད་པ་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས། ཡོད་ཀྱང་ཆོག་མི་ཤེས་སེར་སྣ་འཕེལ་ལ་རྐུན་པོ་ལ་སོགས་རྩོད་པ་ཅན་དང་ཐུན་མོང་བ་རྣམ་པར་གྲོལ་བའི་ཆོས་དང་འགལ་བས་འཕགས་པ་རྣམས་ཀྱིས་སྨད་པ། བྱིས་པའི་གྲོགས་ནི་རང་བཞིན་ངན་པ། བྱས་པ་མི་གཟོ་བ། མགུ་བར་དཀའ་བ། ཕྲག་དོག་པ་ལ་སོགས་འགྲོགས་པ་ཙམ་གྱིས་དགེ་བ་འགྲིབ་པ། འདུ་འཛི་ནི་རྟག་ཏུ་བྲེལ་ཞིང་དོན་ཆུང་བ། ཇི་ཙམ་བརྩོན་ཡང་སྙིང་པོ་མེད་པ། དགྲ་བཏུལ་ཀྱང་མཐའ་མེད་པ། གཉེན་བསྐྱངས་ཀྱང་མཐའ་མེད་པ་འདི་དག་ནི་ངེས་པར་སྤང་བར་བྱའོ། །དེ་ལྟར་སྤངས་ནས་ནགས་ཁྲོད་དབེན་པ་ཞེས་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཞི་བ་བརྙེས་པའི་གནས། འདུ་འཛི་དང་རྣམ་གཡེང་མེད་པ་ཚོང་དང་སོ་ནམ་མེད་པ། བྱིས་པའི་གྲོགས་དང་བྲལ་བ། བྱ་དང་རི་དྭགས་འགྲོགས་ན་བདེ། ཆུ་དང་ལོ་མ་དཀའ་ཐུབ་ཀྱི་ཟས་དང་མཐུན་པ། རིག་པ་ངང་གིས་དྭངས། ཏིང་འཛིན་ཤུགས་ཀྱིས་འཕེལ་བའི་གནས། དགྲ་མེད་གཉེན་མེད་ཆགས་སྡང་གི་སྒྲོག་ལས་གྲོལ་བ་ཡོན་ཏན་དུ་མ་དང་ལྡན་པའི་གནས་སུ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ཡིད་གང་དུའང་མི་རྟོག །ཅིར་ཡང་མི་འཛིན་པའི་ངང་དུ་འཇོག་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། འདི་ལྟར་ཕྱི་ཡུལ་ལྔའི་སྣང་བ་ཐམས་ཅད་ནི་མེད་བཞིན་འཁྲུལ་ངོ་ལ་སྣང་བ་རྨི་ལམ་ལྟ་བུ། རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་གློ་བུར་དུ་སྣང་བ་སྒྱུ་མ་ལྟ་བུ། མེད་པ་ཡོད་པར་སྣང་བ་མིག་ཡོར་ལྟ་བུ། སྣང་བཞིན་དུ་བདེན་པར་མ་གྲུབ་པས་སྨིག་རྒྱུ་ལྟ་བུ། ཕྱི་ནང་གང་ལའང་སྣང་བའི་བྲག་ཅ་ལྟ་བུ། རྟེན་དང་བརྟེན་པར་མེད་པས་དྲི་ཟའི་གྲོང་ཁྱེར་ལྟ་བུ། སྣང་ལ་རང་བཞིན་མེད་པས་གཟུགས་བརྙན་གྱི་སྣང་བ་ལྟ་བུ། མེད་སྣང་ཅིར་ཡང་ཤར་བས་སྤྲུལ་བའི་གྲོང་ཁྱེར་ལྟ་བུ། དངོས་པོ་མེད་པའི་སྟོང་གཟུགས་སྒྱུ་མའི་དཔེ་བརྒྱད་དུ་བལྟས་པས་ཡུལ་ཕྱི་ཡི་སྣང་བ་རྫུན་པའི་རང་བཞིན་དུ་གོ་ལ། དེ་ལྟར་སྣང་བའི་མཁན་པོ་ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་བརྟགས་པས། ཡུལ་སྣང་མ་འགགས་ལ། ཡུལ་གྱི་འཛིན་རྟོག་ཞི། ཆོས་ཉིད་སྟོང་གསལ་ནམ་མཁའ་ལྟ་བུར་རྟོགས་པའི་ངང་དུ་འཇོག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་འཁྲིད་ཚུལ་འདི་ལྟ་བུའི་ངེས་པ་ལས་ཕར་ཕྱིན་ཐེག་པའི་ཟབ་གནད་ཐམས་ཅད་ཀྱང་འདུ་ཞིང་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་ཡིན་པས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པ་དང་། ཉན་རང་གི་ཐེག་པ་ལས་འཕགས་པ་དང་། དགེ་རྩ་མི་ཟད་ཅིང་འཕེལ་བ་དང་། བསོད་ནམས་རྒྱ་ཆེན་པོ་ཐོབ་པ་དང་། སངས་རྒྱས་ཀྱི་གདུང་འཚོབ་པ་དང་གཞན་དོན་རླབས་པོ་ཆེ་འགྲུབ་པ་ལ་སོགས་པའི་དགོས་པ་དཔག་ཏུ་མེད་པས་ན་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཟབ་མོའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པ་ནི་སྡིག་སྒྲིབ་ཡིན་ལ། དེ་ཉིད་སྦྱོང་བའི་མཆོག་ཏུ་གྱུར་བ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཡིན་ཏེ། དེ་ལ་སྟོབས་བཞིའི་གནད་ནི། རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་བཟུང་ནས་སྨོན་འཇུག་གི་བྱང་སེམས་དང་ལྡན་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་འགྱོད་སེམས་དྲག་པོ་བསྐྱེད་པ་ཉེས་བྱས་སུན་འབྱིན་གྱི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པ་ཉེས་སྤྱོད་སྡོམ་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱེད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། སྟོབས་བཞིས་དག་པ་དྲན་པའི་ངང་ནས་འདོན་སྒོམ་ཟུང་འཇུག་ཏུ། ཨཿ བདག་ཉིད་ཐ་མལ་སྤྱི་བོ་རུཿ པད་དཀར་ཟླ་བའི་གདན་གྱི་དབུསཿ ཧཱུྃ་ལས་བླ་མ་རྡོ་རྗེ་སེམསཿ དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུཿ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལཿ ཁྱེད་ལ་སྐྱབས་གསོལ་སྡིག་པ་སྦྱངཿ འགྱོད་སེམས་དྲག་པོས་མཐོལ་ལོ་བཤགསཿ ཕྱིན་ཆད་སྲོག་ལ་བབས་ཀྱང་སྡོམཿ ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེངཿ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོརཿ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བསཿ ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནསཿ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིནཿ ག་བུར་རྡུལ་ལྟར་འཛག་པ་ཡིསཿ བདག་དང་ཁམས་གསུམ་སེམས་ཅན་གྱིཿ ལས་དང་ཉོན་མོངས་སྡུག་བསྔལ་རྒྱུཿ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབཿ མ་ལུས་བྱང་བར་མཛད་དུ་གསོལཿ ཞེས་དམིགས་པ་དང་མོས་གུས་རྩེ་གཅིག་ལས་རྣམ་རྟོག་གཞན་དུ་མི་ཡེངས་པར་ཡི་གེ་བརྒྱ་བ་བཟླས་པས་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩི་ཟླ་བ་ཞུན་མ་ལྟ་བུ་བབས། སྐུའི་དབྱིབས་རྒྱུད། སྦྱོར་མཚམས་ནས་བདག་ཉིད་ཀྱི་ཚངས་བུག་ནས་ཞུགས། ནད་ཐམས་ཅད་རྣག་ཁྲག །གདོན་ཐམས་ཅད་སྲོག་ཆགས། སྡིག་སྒྲིབ་ཐམས་ཅད་དུད་སོལ་ཁུ་རླངས་ཀྱི་རྣམ་པར་བ་སྤུའི་བུ་ག་དང་དབང་བོའི་སྒོ་གཉིས་ནས་ཐོན། ས་རིམ་པ་དགུའི་འོག་ཏུ་འཆི་བདག་ལས་ཀྱི་གཤིན་རྗེ་ཁ་གདངས་པའི་ལྟོ་བར་ཚུད་པས་དུས་མ་ཡིན་པའི་འཆི་བ་བསླུས་པར་བསམ་ལ་སྔགས་ཅི་མང་བཟླས་མཐར། འཁོར་ལོ་བཞིའི་གནས་རྣམས་ཀྱང་བདུད་རྩིས་སྐྱ་མེར་གྱིས་ཁེངས་པའི་རྐྱེན་ལས་ལུས་སེམས་ཟག་མེད་ཀྱི་བདེ་བས་མྱོས། རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟ་བུར་སྐུར་གྱུར་བའི་ཐུགས་སྲོག་གི་ཐ་མར་ཡི་གེ་འབྲུ་བཞི་པོ་གསལ་བ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་དང་བཅས་པ་རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་པར་བསམ་ལ། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་བཟླ་བ་ནི་ཁྱད་པར་ཅན་གྱི་མན་ངག་དང་། ཐུན་བསྡུ་བ་ན་སྦྱང་གཞི་སྦྱོང་བྱེད་ཀྱི་རྟོག་ཚོགས་ཐམས་ཅད་འཁོར་གསུམ་མི་རྟོག་པའི་དྲན་ཤེས་ཁ་ཡན་གྱིས་རྒྱས་འདེབས་པ་ནི་དོན་དམ་པའི་སྒྲིབ་སྦྱོང་ངོ་། །འདི་ནི་འབུམ་ཐེར་ཐ་མ་ཡིན་ཏེ་སྒྲིབ་པ་དག་པའི་རྟགས་མ་མཐོང་ཚུན་བྱའོ། །བཞི་བ་མཐུན་རྐྱེན་ཚོགས་བསག་པ་ལ་མཎྜལ་གྱི་ཁྲིད་ནི། བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་སུ་གྱུར་བའི་འབྲས་བུ་ནི་དག་པ་གཉིས་ལྡན་གྱི་སངས་རྒྱས་ཡིན་ལ། དེའི་ཕྱིར་ལམ་གྱི་དུས་ན་ཚོགས་གཉིས་བསགས་པ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡིན་ནོ། །དེ་ལ་འབྱོར་བ་དང་བསྟུན་པའི་རབ་ཀྱིས་རིན་པོ་ཆེའི་མཎྜལ། འབྲིང་འཁར་བ་ལ་སོགས་པའི་རྒྱུ་དག་པ། ཐ་མའང་རྡོ་ཤིང་ལ་སོགས་པའི་སྟེགས་ཁོད་སྙོམས་ལ་ངོས་འཇམ་པའི་གཞི་མ་བྱི་དོར་ལེགས་པར་བྱས། དྲི་བཟང་དང་བ་བྱུང་གིས་བྱུགས། རབ་རིན་པོ་ཆེ། འབྲིང་སྨན་གྱི་འབྲས་བུ། ཐ་མ་འབྲུ་ལ་སོགས་པའི་ཚོམ་བུ་རྣམ་ངེས་ལྟར་བཀོད་པ་དམིགས་རྟེན་དུ་བྱས། མདུན་གྱི་ནམ་མཁར་སྐུ་གསུམ་གྱི་ངོ་བོ་རྒྱལ་བ་སྲས་དང་བཅས་པ་ཚོགས་ཞིང་དུ་དམིགས་ལ་བསམ་པར་བྱ་བ་ནི། ཐུན་མོང་སྤྲུལ་སྐུའི་མཎྜལ་གླིང་བཞི་རི་རབ་ལྷ་གནས་དང་བཅས་པའི་སྟོང་གསུམ་འཇིག་རྟེན་གྱི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་དང་བྱེ་བྲག་རང་གི་ལུས་ལོངས་སྤྱོད་མངའ་རིས་ཕུན་ཚོགས་དང་བཅས་པ་མདོར་ན་འཛིན་སེམས་ཀྱིས་གཅེས་དགུར་བཟུང་བ་ཐམས་ཅད་སེར་སྣ་དང་འཇུར་གེགས་ཀྱིས་མ་བཅིངས་པར་ལྟོས་མེད་དུ་འབུལ་བ་ནི་བདག་ཏུ་ལྟ་བའི་གཉེན་པོར་ཡང་འགྱུར་རོ། །དེའི་སྟེང་གི་ནམ་མཁར་ཐུན་མིན་ལོངས་སྐུའི་མཎྜལ་རང་སྣང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་གཞལ་མེད་ཁང་སྐུ་དང་ཞིང་ཁམས་ཡེ་ནས་ལྷུན་གྲུབ་ཀྱི་རྣམ་པ་ལ་སྒེག་སོགས་འདོད་ཡོན་གྱི་ལྷ་མོས་སྤྲས་པ། དེའི་སྟེང་གི་དབྱིངས་ལ་ཁྱད་པར་ཆོས་སྐུའི་མཎྜལ་སྐྱེ་མེད་གདོད་མའི་གཞི་ལ་འགག་མེད་འོད་གསལ་གྱི་སྣང་ཆ་རིག་པ་ཚད་ཕེབས་ཀྱི་ཚོམ་བུར་བཀོད་པ་སྟེ་སྐུ་གསུམ་གྱི་དམིགས་པའི་བྱེ་བྲག་རྣམས་གསལ་བདེ་བའི་ཆེད་འདི་ལྟར་དུ་སྒོམ་ཞིང་། དངོས་གནས་ལ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རང་སྣང་གི་ཞིང་ཁམས་རྣམས་ལ་ཡན་མན་དང་སྟེང་འོག་གི་གཞལ་བྱར་མ་དམིགས་པ་རྡུལ་ཕྲན་གྱི་ཁོངས་སུ་རྡུལ་སྙེད་ཀྱི་ཞིང་ཁམས་ཡངས་དོག་མེད་པར་རང་ཤར་ལྷུན་གྱིས་གྲུབ་པའི་གནས་རྣམས་ཁོངས་སུ་ཆུད་པའི་ངང་ནས་མོས་གུས་ཀྱི་གདུང་བ་དང་བཅས། ཨོཾ་ཨཱ་ཧཱུྃཿ སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིངཿ རིན་ཆེན་སྣ་བདུན་ལྷ་མའི་འབྱོར་བས་གཏམསཿ བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱིསཿ ཆོས་ཀྱི་འཁོར་ལོས་བསྒྱུར་བའི་སྲིད་ཐོབ་ཤོགཿ འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིངཿ ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅནཿ འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པཿ ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོགཿ སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུཿ ཐུགས་རྗེ་མ་འགགས་ཆོས་ཉིད་རོལ་བས་བརྒྱནཿ སྐུ་དང་ཐིག་ལེའི་འཛིན་པ་རྣམ་དག་ཞིངཿ ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོགཿ ཅེས་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས་དབུལ་ལོ། །ལྔ་བ་བདུད་བཞི་ཅིག་ཆར་དུ་བཅོམ་པ་ཀུ་སུ་ལུའི་ཚོགས་གསོག་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་རྐང་དར་ཟབ་འབོལ་བརྩེགས་དང་བཅས་པའི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་རྒྱ་མཚོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པས་བསྐོར་ཞིང་། འོག་ཏུ་རིགས་དྲུག་གནོད་བྱེད་དང་བཅས་པ་སྐད་ཅིག་གིས་གསལ་བཏབ་ལ་དམིགས་འདོན་ཟུང་དུ་ཆུད་པས། ཕཊཿ ལུས་གཅེས་འཛིན་བོར་བས་ལྷ་བདུད་ཆོམཿ སེམས་ཚངས་པའི་སྒོ་ནས་དབྱིངས་ལ་ཐོནཿ འཆི་བདག་གི་བདུད་བཅོམ་ཁྲོས་མར་གྱུརཿ གཡས་ཉོན་མོངས་བདུད་བཅོམ་གྲི་གུག་གིསཿ གཟུགས་ཕུང་པོའི་བདུད་བཅོམ་ཐོད་པ་བྲེགསཿ གཡོན་ལས་བྱེད་ཚུལ་གྱིས་བྷནྷ་ཐོགསཿ སྐུ་གསུམ་གྱི་མི་མགོའི་སྒྱེད་པུར་བཞགཿ ནང་སྟོང་གསུམ་གང་བའི་བམ་རོ་དེཿ ཨ་ཐུང་དང་ཧཾ་ཡིག་གིས་བདུད་རྩིར་བཞུཿ འབྲུ་གསུམ་གྱི་ནུས་པས་སྦྱང་སྤེལ་བསྒྱུརཿ ཨོཾ་ཨཱཿ ཧཱུྃ་གྲངས་མེད་བརྗོདཿ ཕཊཿ ཡར་མཆོད་ཡུལ་མགྲོན་གྱི་ཐུགས་དམ་བསྐངསཿ ཚོགས་རྫོགས་ནས་མཆོག་ཐུན་དངོས་གྲུབ་ཐོབཿ མར་འཁོར་བའི་མགྲོན་མཉེས་ལན་ཆགས་བྱངཿ ཁྱད་པར་དུ་གནོད་བྱེད་བགེགས་རིགས་ཚིམཿ ནད་གདོན་དང་བར་ཆད་དབྱིངས་སུ་ཞིཿ རྐྱེན་ངན་དང་བདག་འཛིན་རྡུལ་དུ་བརླགཿ མཐར་མཆོད་བྱ་དང་མཆོད་ཡུལ་མ་ལུས་ཀུནཿ གཤིས་རྫོགས་པ་ཆེན་པོར་མ་བཅོས་ཨཱཿ ཞེས་མཉམ་པར་བཞག །འདིས་ནི་ཚོགས་དཔག་ཏུ་མེད་པ་འདུམས། འཆི་བ་བསླུས་ཤིང་ནད་གཅོད་ཞི། བར་དོའི་འོད་གསལ་ཟིན་པ་ལ་སོགས་ཕན་ཡོན་དཔག་ཏུ་མེད་དོ། །དྲུག་པ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་མངོན་དུ་བྱ་བའི་ཐབས་ཀྱི་མཐར་ཕྱིན་པ་བླ་མའི་རྣལ་འབྱོར་ལ་སྐྱབས་ཡུལ་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། གསོལ་བ་གདབ་པ་དང་གསུམ་ལས། དང་པོ་ནི། ཞིང་ཁམས་སྦྱོང་བ་བསམ་སྟོབས་ཆེན་པོའི་སྤྱོད་ཡུལ་ཁྱད་པར་ཅན་ཡིན་པས། སྣང་བས་གར་ཁྱབ་པདྨ་འོད་ཀྱི་ཕོ་བྲང་བཀོད་པ་དང་མཚན་ཉིད་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ། དབང་གི་སྣོད་དུ་རུང་བ་དང་། བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་དང་། རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་ཁྱད་པར་ལས། རང་ཉིད་ངོ་བོ་ཡེ་ཤེས་མཚོ་རྒྱལ་ལ་རྣམ་པ་རྡོ་རྗེ་རྣལ་འབྱོར་མ་མོས་གུས་ཀྱི་སྤྱན་བླ་མའི་ཐུགས་ཀར་རེངས་བའི་ཚུལ་གྱིས་གཟིགས་པའི་སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་དང་ཐ་མི་དད་པའི་ཨོ་རྒྱན་རྡོ་རྗེ་འཆང་སྐུའི་རྣམ་འགྱུར་ཡོངས་སུ་རྫོགས་ཤིང་ལོ་བརྒྱད་ལོན་པའི་ངང་ཚུལ་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་བཞག་གི་སྟེང་ན་ཐོད་བུམ་བསྣམས་པ། རྒྱལ་བོ་རོལ་བའི་འདུག་སྟངས་ཅན། དེའི་མཐའ་སྐོར་དུ་འོད་ལྔའི་དྲ་བ་མིག་མངས་རིས་སུ་ཤར་བའི་ནང་ཁོངས་འཇའ་འོད་ཟླུམ་འཁྱིལ་གྱི་དབུས་སུ་རྒྱ་གར་གྱི་རིག་འཛིན་བརྒྱད། བོད་ཀྱི་རྗེ་འབངས་ཉེར་ལྔ། རྩ་གསུམ་དམ་ཅན་རྒྱ་མཚོ་མ་ཚང་བ་མེད་པས་ཐ་མལ་གྱི་སྣང་བ་རང་འགགས་སུ་འགྲོ་བར་གསལ་ལ། ཨེ་མ་ཧོཿ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཤིངཿ ཞེས་སོགས་པའི་ཚིག་དོན་འབྲེལ་ཆགས་པར་གསལ་གདབ་པོ། །གཉིས་པ་ཡན་ལག་བདུན་པ་ནི། འདི་ལྟར་རྡོ་རྗེ་ཐེག་པའི་ལམ་ཐབས་མང་བ་དང་། དཀའ་བ་མེད་པ་དང་། དབང་བོ་རྣོན་པོའི་སྤྱོད་ཡུལ་ཡིན་པས། སེམས་སྟོབས་ཆེན་པོས་ཚོགས་བསགས་པ་ལ་རྒྱུན་ཆགས་སུ་བསླབས་པས་ཕ་རོལ་ཏུ་ཕྱིན་པའི་བསྐལ་བ་ཆེན་པོའི་ཚོགས་འདིར་སྐད་ཅིག་མའི་བྱེ་བྲག་གིས་ཀྱང་འདུམས་ནས་ཚེ་གཅིག་ལ་སོགས་པས་གྲོལ་བ་ཡིན་ནོ། །དེའི་ཕྱིར་གསང་བ་བླ་ན་མེད་པའི་ཚོགས་ཞིང་གི་རབ་དང་ཕུལ་དུ་གྱུར་པ་ཡང་རྡོ་རྗེའི་སློབ་དཔོན་ཉག་གཅིག་ཏུ་ངེས་པས་བླ་མའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་བྱུང་ལ། དེ་ལ་ཚོགས་གསོག་པའི་སྒོ་མཐའ་ཡས་པ་ཡན་ལག་བདུན་དུ་འདུ་བའི་དམིགས་པའི་བྱེ་བྲག་ནི། རང་ལུས་བརྒྱ་སྟོང་གྲངས་མེད་པར་སྤྲུལ་ཞིང་དེ་དང་ལྷན་ཅིག་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་ཐལ་མོ་སྤྱི་མགྲིན་སྙིང་ག་གསུམ་གང་རུང་དུ་སྦྱར་ལ། པུས་མོ་ས་ལ་ཕབ་སྟེ་ཡན་ལག་སྨད་ལྔ་བཏུད་པས། ཕྱག་འཚལ་བར་དམིགས་པ་ནི་ཕྱག་གི་ཡན་ལག །དངོས་སུ་ཅི་འབྱོར་བའི་མཆོད་པ་བཤམ་ཞིང་། ཡིད་ཀྱིས་ནམ་མཁའ་དང་ས་གཞི་ཐམས་ཅད་ལྷ་མའི་མཆོད་རྫས་མེ་ཏོག་བདུག་སྤོས་མར་མེ་ལ་སོགས་པ་དང་། གཞལ་མེད་ཁང་དང་ཡུལ་མཁར་ཀུན་དགའ་ར་བ། རྒྱལ་སྲིད་བདུན། བཀྲ་ཤིས་བརྒྱད། རྡོ་རྗེ་ལྷ་མོ་བཅུ་དྲུག་ལ་སོགས་པའི་ཁྱད་པར་མང་པོ་གླུ་གར་དང་རོལ་མོའི་སྤྲིན་ཕུང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་རྗེས་སུ་འགྲོ་བ་ནི་མཆོད་པའི་ཡན་ལག །ཚེ་ཐོག་མ་མེད་པ་ནས་དེ་རིང་ཡན་ཆད་དྲན་པ་དང་མི་དྲན་པའི་སྡིག་ལྟུང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ། མཚམས་མེད་ལྔ། དེ་དང་ཉེ་བ་ལྔ་། ལྕི་བ་བཞི། ལོག་པ་བརྒྱད། དཀོན་མཆོག་གི་དཀོར་ལ་འབགས་པ་སོགས་ཁ་ན་མ་ཐོ་བའི་ལས་ཅི་བསགས་པ་ཐམས་ཅད་གནོང་འགྱོད་དྲག་པོས་བཤགས་པས་ལྕེ་ཐོག་ཏུ་ནག་ཕུང་གིས་འདུས་པ་ལས། ཚོགས་ཞིང་གི་སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་བ་ཕོག་པས་དྲི་མ་བཀྲུས་པ་བཞིན་དག་པར་བསམ་ལ། ཕྱིས་མི་བྱེད་པའི་གཉེན་པོས་སྡོམ་པ་ནི་བཤགས་པའི་ཡན་ལག །རྒྱལ་བ་རྣམས་ཀྱིས་འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་ཆེན་པོ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་པ་རླབས་པོ་ཆེ། སེམས་ཅན་རྣམས་ཀྱིས་བསོད་ནམས་དང་ཐར་པ་ཆ་མཐུན་གྱི་དགེ་བ། རང་གིས་སྔར་བྱས་པ། ད་ལྟ་བྱེད་བཞིན། ཕྱིས་བྱེད་པར་ངེས་པ་ཐམས་ཅད་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བའི་ཡན་ལག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་སོགས་གཞན་དོན་རླབས་པོ་ཆེའི་ཁུར་བཟོད་པ་རྣམས། འགྲོ་བའི་ལོག་སྒྲུབ་དང་སྐྱོ་ངལ་གྱིས་སུན་ནས་ཆོས་མི་གསུང་བར་ཞི་བདེར་གཞོལ་བ་དག་གི་དྲུང་དུ། སྔོན་ཚངས་པ་དང་བརྒྱ་བྱིན་གྱིས་ཞུ་བ་ཕུལ་བ་ལྟར། བདག་ཀྱང་ལུས་བྱེ་བ་བརྒྱ་སྟོང་གྲངས་མེད་པར་སྤྲུལ་ནས་འཁོར་ལོ་དང་ནོར་བུ་ལ་སོགས་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ་ནི་ཆོས་འཁོར་བསྐོར་བའི་ཡན་ལག །ཞིང་ཁམས་འདི་དང་གཞན་དག་དུ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་གྱི་དོན་མཛད་ཟིན་ནས་མྱ་ངན་ལས་འདའ་བར་བཞེད་པ་དག་གི་མདུན་དུ། སྔོན་གྱི་དགེ་བསྙེན་ཙུནྡས་གསོལ་བ་བཏབ་པ་ལྟར་བདག་ལུས་མང་པོར་སྤྲུལ་ཏེ་གསོལ་བ་བཏབ་པས། འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་ནས་སེམས་ཅན་གྱི་དོན་མཛད་པར་བསམ་པ་ནི་བཞུགས་པར་གསོལ་འདེབས་ཀྱི་ཡན་ལག །ད་ལྟར་གྱི་དགེ་བས་མཚོན་ནས་རང་གཞན་གྱིས་དུས་གསུམ་དང་འབྲེལ་བར་བསགས་པའི་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇམ་དཔལ་གཞོན་ནུའི་ཡོངས་བསྔོ་ལྟར་དམིགས་པ་མེད་པའི་ཤེས་རབ་ཀྱིས་རྒྱས་འདེབས་པ་ནི་བསྔོ་བའི་ཡན་ལག་སྟེ། ངག་ཏུ། ཧྲཱིཿ བདག་ལུས་ཞིང་གི་རྡུལ་སྙེད་དུཿསོགས་བརྗོད་ཅིང་འདིའི་ཁོངས་སུ་ཕྱག་འབུམ་ཡན་འགྲོ་བར་བྱེད་པ་ཡན་ལག་ཡིན་ནོ། །གསུམ་པ་ཕུར་ཚུགས་སུ་གསོལ་བ་གདབ་ཅིང་རྡོ་རྗེ་བཞིའི་ངོ་བོར་བསྒྲུབ་པ་ནི། འདི་ལྟར་དཔལ་མགོན་བླ་མ་དམ་པ་ནི་དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ངོ་བོར་དབང་རྫོགས། མཐོང་བ་དང་ཐོས་པ་དང་དྲན་པ་དང་རེག་པ་ཙམ་གྱིས་ཐར་པའི་ས་བོན་འདེབས་ཤིང་སངས་རྒྱས་ཐམས་ཅད་དང་ཕྲིན་ལས་ཀྱི་བྱེད་པ་གཅིག་པས་དཀོན་མཆོག་བཞི་པར་བྱོན། རང་ངོར་ཚེ་གཅིག་ལུས་གཅིག་ལ་སྨིན་གྲོལ་ཟབ་མོའི་ལམ་དང་ཐུགས་རྗེའི་བྱིན་རླབས་ཁོ་ནས་རྡོ་རྗེ་འཆང་གི་སར་བཙན་ཐབས་སུ་བཀོད་པས་སངས་རྒྱས་ལས་ཀྱང་བཀའ་དྲིན་མཆོག་ཏུ་ལྷག་ཅིང་ཡོན་ཏན་གྱི་སྒོ་ནས་གཞལ་ན་དགོངས་པ་ནམ་མཁའ་ལྟར་རྒྱ་ཆེ། མཁྱེན་བརྩེ་རྒྱ་མཚོ་ལྟར་ཚད་མེད། ཐུགས་རྗེ་ཆུ་ཀླུང་ལྟར་ཤུགས་དྲག །རང་བཞིན་རི་རྒྱལ་ལྟར་ཐུགས་བརྟན། འགྲོ་བར་ཕ་མ་ལྟར་ཐུགས་སྙོམས་ཤིང་། ཡོན་ཏན་རེ་རེའི་ཆ་ཡང་དཔག་ཏུ་མི་ནུས་པ། གསོལ་བ་བཏབ་པ་ཙམ་གྱིས་ཅི་འདོད་ཀྱི་དངོས་གྲུབ་ཐམས་ཅད་འབད་མེད་དུ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཁྱེད་ལ་བརྟེན། ཁྱེད་ལ་རེ། ཁྱེད་གཅིག་བསྒྲུབ་སྙམ་པའི་མོས་གུས་མཆི་མ་འཁྲུགས་པ་དང་བཅས། རྫེ་བཙུན་གུ་རུ་རིན་པོ་ཆེཿ ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱིཿསོགས་ནས། རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན་ཡན་ཆད་ཚར་ཅི་ནུས་གདབ་རྗེས། བདག་ལ་རེ་ས་གཞན་ན་མེདཿ ཅེས་པ་ནས། སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅནཿ ཡན་ཆད་ཚར་འོས་འཚམས་ཀྱི་རྗེས་སུ། གསོལ་འདེབས་རྒྱུད་བསྐུལ་གྱི་རྣལ་འབྱོར་བཛྲ་གུ་རུ་ལ་ཆིག་སྒྲིལ་དུ་བྱ། དེའི་ཚེ་དབང་བཞི་ལེན་པའི་དམིགས་པ་ནི། བླ་མ་ལ་གདུང་བ་དྲག་པོའི་རྐྱེན་གྱིས་བདག་ཉིད་ལ་བརྩེ་བས་རྗེས་སུ་དགོངས། གུ་རུའི་སྨིན་མཚམས་ནས་ཨོཾ་ཡིག་ཆུ་ཤེལ་ལྟ་བུར་འཚེར་བ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག །མགྲིན་པ་ནས་ཨཱཿཡིག་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་ག་ནས་ཞུགས། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙཎྡ་ལིའི་སྣོད་དུ་གྱུར། ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས། ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་དུ་ཆད། རང་སེམས་དང་ཐ་དད་མེད་པར་འདྲེས། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའིི་བྱིན་རླབས་ཞུགས། ཚིག་གིས་མཚོན་པའི་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་པ་རྒྱུད་ལ་བཞག་གོ །དེ་རྗེས་གུ་རུའི་སྐུ་གསུང་ཐུགས་རང་གི་སྒོ་གསུམ་དུ་མ་རོ་གཅིག་ཏུ་བསྲེས་པའི་ངང་ལ་ལྟ་བའི་ངང་མདངས་བསྐྱང་ཞིང་གསོལ་བ་འདེབས། བསྙེན་པ་ལ་འབད། འདི་ནི་བླ་མ་ཆོས་སྐུའི་ཞལ་ལྟ་བ་ཞེས་བྱའོ། །དེ་ལ་རང་རྒྱུད་ལ་རྡོ་རྗེ་བཞིའི་ས་བོན་གདོད་ནས་འབྲེལ་བ་གྲུབ་པར་གནས་པ་རྡོ་རྗེ་སློབ་དཔོན་གྱིས་རིགས་སད་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་བཅུག་ནས་སྨིན་པར་བྱས་པ་ནི་སྐབས་འདིར་གཞིའི་དབང་ཞེས་བྱ་ལ། བླ་མའི་རྣལ་འབྱོར་གྱི་ཚེ་གཞན་རྐྱེན་ལ་ལྟོས་པ་མེད་པར་ཀུན་ནས་ཀུན་ཏུ་ཉམས་སུ་བླངས་བར་བྱས་ཡོད་པས་ལམ་གྱི་དབང་ཞེས་བྱ་སྟེ། ད་ལྟར་བླངས་པ་ལ་དག་རྫོགས་སྨིན་གསུམ་གྱི་ཡོན་ཏན་རྒྱ་མཚོའི་ས་བོན་ཐེབས་པའི་དགོས་པ་ཆེས་ཆེ་བ་དང་ལྡན་པའི་རྡོ་རྗེའི་ལམ་མཆོག་འདིས་སྨིན་པར་སླེབ་པ་རྣམས་ཀྱིས་ལམ་དབང་འདི་རྟག་པར་བླང་ཞིང་། གསོལ་འདེབས་ཀྱི་བསྙེན་པའི་ཚད་ཀྱང་འབུམ་ཕྲག་བརྒྱ་ཐམ་པ་བཞིའོ། །འབྲས་བུའི་དབང་ནི། སྒྲིབ་བྱེད་མཐའ་དག་ཟད་པའི་ཚེ་མདོ་ལུགས་ལའང་སངས་རྒྱས་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་གྱི་ཐ་སྙད་མཚོན་པ་བཞིན། བླ་ན་མེད་པའི་ཐེག་པ་འདིར། །ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །བླ་མ་བྱ་བ་ཡོད་མིན་ཏེ། །དབང་ཆོས་བཤད་བྱེད་མཁན་པོ་མེད། །རང་སེམས་ཆོས་སྐུར་རྟོགས་ཙ་ན། །དུསགསུམ་རྒྱལ་བའི་དབང་ལུང་ཐོབ། །བརྒྱུད་པར་འཛིན་པ་རྟོག་པ་ཡིན། །ཞེས་སོ། །དེ་ལྟ་བུའི་བླ་སྒྲུབ་ཀྱི་གནས་སྐབས་ན་ཏིང་ངེ་འཛིན་ལ་སྐྱོ་བ་སེང་བ་དང་། བོག་སད་དབྱུང་བའི་ཕྱིར་དམིགས་པའི་རིམ་པ་བསལ་གཞག་དང་སྤྲོ་བསྡུའི་རྣམ་པ་གོ་མ་འགགས་པ་ནི་བླ་སྒྲུབ་གཞུང་རྩ་བའི་ཡིག་ཆུང་གིས་ཤེས་པར་འགྱུར་ལ། ཐུན་ཐམས་ཅད་ཀྱི་མཐར་རྫོགས་རིམ་བསྡུ་བའི་དམིགས་པ་ཟབ་གནད་ཅན་འདི་ངེས་པར་གཅེས་ཏེ། ནམ་ཞིག་ཚེ་ཡི་དུས་བྱས་ཚེཿ སོགས་ཀྱི་ཚིག་བརྗོད་པ་དང་ཆབས་ཅིག །སློབ་དཔོན་ཆེན་པོ་ལ་གདུང་བ་དྲག་པོ་བསྐྱེད་པའི་རྐྱེན་གྱིས་བདག་ཉིད་ལ་ཐུགས་རྗེའི་འཇུག་པས་ཤིན་ཏུ་དགོངས་པར་གྱུར་ཏེ། ཞལ་འཛུམ་པ་དང་སྤྱན་དགྱེས་ཆགས་སུ་གཡོ་བའི་ངང་ལས་ཐུགས་ཀ་ནས་འོད་ཟེར་དམར་པོ་དྲོད་ཚ་ལམ་གྱི་འབར་བ་ཞིག་ཐོན། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་གར་རེག་པའི་མོད་ལ་འོད་ཀྱི་གོང་བུ་སྲན་མ་ཙམ་དུ་གྱུར། དེ་ཉིད་ཀྱང་མཐར་མེ་སྟག་ཡལ་བ་བཞིན་དུ་གུ་རུ་རིན་པོ་ཆེའི་ཐུགས་ཀར་འདྲེས་པའི་ངང་ལ་མཉམ་པར་བཞག །རྗེས་ཐོབ་ལ་དགེ་བ་བསྔོ་ཞིང་ཟངས་མདོག་དཔལ་རིའི་སྨོན་ལམ་འདོན་པའང་གནད་དམ་པའོ། །མོས་གུས་དང་དམ་ཚིག་རྣམ་པར་དག་པ་གང་ཞིག་འདི་ཡན་ཆད་ཀྱི་ལམ་མཐར་ཕྱིན་པས་ཀྱང་དངོས་གཞི་ལ་མི་ལྟོས་པར་རྔ་ཡབ་དཔལ་གྱི་རི་བོར་དབུགས་དབྱུང་། དག་པའི་ཞིང་ཁམས་དེར་རིག་འཛིན་རྣམ་པ་བཞིའི་ལམ་ཉི་ཟླའི་བགྲོད་པ་ལས་ཀྱང་མྱུར་བས་ཀུན་ཏུ་བཟང་པོའི་ས་ལ་ཕྱིན་པར་འགྱུར་རོ། །མངྒ་ལཾ།

སྔོན་འགྲོའི་བློ་སྦྱོང་ཞག་བརྒྱའི་དམིགས་རིམ་ཀུན་བཟང་བླ་མའི་ཞལ་ལུང་དང་དེའི་ཟིན་བྲིས་སོགས་ལས་བཏུས་པ། བྱ་བྲལ་སངས་རྒྱས་རྡོ་རྗེ།

༄༅། །སྔོན་འགྲོའི་བློ་སྦྱོང་ཞག་བརྒྱའི་དམིགས་རིམ་ཀུན་བཟང་བླ་མའི་ཞལ་ལུང་དང་དེའི་ཟིན་བྲིས་སོགས་ལས་བཏུས་པ། མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་སྨིན་ཁྲིད་ཀྱི་དབང་དུ་བྱས་ན་སྤྱིར་ཐུན་ལ་ལུགས་མང་ན་ཡང་འདིར་ཉིན་ཐུན་གཉིས་དང་མཚན་ཐུན་གཉིས་དང་བཞིའི་དབང་དུ་བྱས་ན། ལས་དང་པོ་པ་ལ་འཇུག་བདེ་བའི་ཕྱིར་ན། ནངས་དུས་ཐོ་རངས་བྱ་མ་གྲག་གོང་ཙམ་ནས་མགོ་བཟུང་ནས་ནམ་མ་གསལ་བར་དུ་ཐོར་ཐུན། ནམ་ལངས་པ་དང་ཐུན་གྲོལ་ནས་ཉི་མ་དྲོས་པོ་ཆེ་བར་དུ་ཐུན་མཚམས་ཀྱི་བྱ་བ་ཆུ་གཏོར་དཀར་གསུར་རྒྱུན་གྱི་ཡི་དམ་ཆགས་མེད་ཀྱི་ཐུགས་དམ་ཁ་འདོན་ལ་བརྩོན། དེ་ནས་ཐུན་བསྡམས་ནས་ཉིན་གུང་ཉི་མ་ཀླད་ལ་མ་འཁོར་གྱི་བར་དུ་སྔ་ཐུན། དེ་ནས་གུང་ཚིག་ཕྱག་དཔེ་དང་ཐོད་རྒལ་ལ་བལྟ། དེ་ནས་ཉི་མ་ཕྱི་དྲོ་ཙམ་ནས་ཐུན་བསྡམས་ནས་ཉི་མ་མ་ནུབ་བར་དུ་ཐུན་བསྡམ་པ་ཕྱི་ཐུན། དེ་ནས་ཐུན་གྲོལ་ནས་གསོལ་ཁ། དམར་གསུར་བསྔོ་སྨོན་རྣམས་གདོན། དེ་ནས་སྲོད་དགོང་ནག་ཞེས་མི་གཅིག་མཐོང་ན་མི་ཡིན་རྒྱུ་ཙམ་ལས་འདི་ཡིན་ངོས་མི་ཟིན་པའི་དུས་སུ་ཐུན་བསྡམ་པ་སྲོད་ཐུན། དེ་ནས་མི་ཉལ་ཕྱི་ཙམ་ལ་ཐུན་གྲོལ་བ་སྟེ། ཐུན་བཞི་པོ་དེའི་ནང་དུ་བསྒོམ་ན་སེམས་ལས་སུ་རུང་ལ། ཐུན་མཚམས་རྣམས་སུ་ལས་དང་པོ་པས་བསྒོམས་ཀྱང་གནད་དུ་མི་འགྲོ། ཁྱད་པར་དུ་བྱིང་རྒོད་ཀྱི་སྐྱོན་ལྷག་པོར་འབྱུང་བས་ཐུན་མཚམས་ཁ་ཏོན་དང་དགེ་སྦྱོར་ལ་བརྩོན་ལ་བསྒོམ་པ་བག་ཡང་བྱ། དེ་ནས་ནངས་མོ་ལྡང་བའི་ཚེ་རང་གི་ཡི་དམ་ཀྱི་ལྷ་གང་ཡིན་པ་དེའི་ང་རྒྱལ་གྱིས་ལྡང་ཚེ་ནམ་མཁའ་བར་སྣང་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་ཀྱིས་ཅང་ཏེའུ་དང་དྲིལ་བུའི་སྒྲ་དང་ཨཱ་ལིའི་སྒྲས་སད་པར་བསམ་ཞིང་། དེ་ལྟ་བུའི་ཐུན་རེ་རེ་ལ་ཐུན་གྱི་སྔོན་འགྲོ་དངོས་གཞི་དང་། རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་གཉིས་ལས། སྔོན་འགྲོའི་སྔོན་འགྲོ་ནི་སྣབས་འབུད། གདོང་ཕྱི། སྒོ་ཕྱི་ནང་གི་བྱ་བ་བསྒྲུབ་རྒྱུ་ཡོད་ཚད་བསྒྲུབས། ཕྱི་སྒོ་ནང་སྒོ་ཐམས་ཅད་ལེགས་པར་བཅད། མདོར་ན་ཐུན་ནང་དེར་ཐུན་ཕེད་ནས་རྒྱུག་མི་དགོས་པ་ཞིག་བྱ། དེ་ནས་མལ་དུ་ལུས་སེམས་ཁོང་ལྷོད་དེ་བསྡད་ནས་ཐུན་མཚམས་ཀྱི་རྟོག་ཉོབ་ཐམས་ཅད་མ་བཅད་ན་ཐུན་དེ་ལེགས་པར་མི་ཆོད་པས། ད་ཐུན་འདིའི་ནང་འདིར་དྲིན་ཆེན་གྱི་ཕ་དེ་ཐོན་འོང་ཡང་ཐུན་དེ་ཕེད་རེ་ཤི་སྙམ་པའི་དམ་བཅའ། དེ་ལྟ་བུའི་དམ་བཅའ་དེ་གཏོང་རེ་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་པ་ཞིག་བྱ། འདི་དག་གིས་བསྐྱེད་རྫོགས་བསྒོམ་པའི་དུས་སུ་བགེགས་བསད་ནས་བསྲུང་འཁོར་བསྒོམ་པ་དང་འདྲ། ཐུན་གྱི་སྔོན་འགྲོ་ལུས་གནད་རྣམ་སྣང་ཆོས་བདུན་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་གཉིས་མཉམ་བཞག །སྒལ་ཚིགས་དུང་རྩེ་ལྟར་བརྩེགས། དཔུང་པ་ལྷོད་དེ་བརྒྱང་། མགྲིན་པ་ཨེན་ཙམ་བཀུག །ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེར་ཕབ་པ་དང་བདུན། ངག་གནད་རླུང་རོ་བསལ་བ་ནི། ལག་པ་གཡོན་པའི་རྡོ་རྗེའི་ཁུ་ཚུར་བརླ་ཡི་རྩ་བོ་ཆེའི་སྟེང་ནས་མནན། གཡས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་སྣ་བུག་གཡས་པ་བཀག །སྣ་བུག་གཡོན་པ་ནས་རླུང་ནང་དུ་དལ་བུས་རྔུབ་སྟེ། ལྟེ་འོག་ཏུ་ཆིལ་གྱིས་བཅག །དམིགས་པ་བདག་གི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་སྡིག་སྒྲིབ་དམ་ཚིག་ཉམ་ཆགས་སྒོམ་སྐྱོན་བྱང་རྨུགས་འཐིབ་གསུམ་ཐམས་ཅད་རླུང་ནག་པོ་ཞིག་གི་རྣམ་པར་གྱུར་ནས་ཕྱིར་སང་གིས་འགྲོ་བར་བསམ་ལ་རླུང་འཕེན་པའི་དུས་སུ་ནས་འབྲུ་འདྲ་བར། དང་པོ་ཆུང་ངུ་བར་ཆེར་བསྐྱེད། ཐ་མ་ནར་གྱིས་འཕངས། དེ་ལྟར་ལག་པ་གཡས་གཡོན་རེ་མོས་གསུམ་བྱས། མཉམ་དུ་སྟེ་དགུ་ཕྲུགས་སམ། ཡང་ན་གཡས་ནས་གཅིག །གཡོན་ནས་གཅིག །མཉམ་པར་གཅིག་སྟེ་གསུམ་ཕྲུགས་སམ། ཡང་ན་མཉམ་པར་གསུམ་སྟེ་སུམ་ཕྲུགས་གང་རུང་བྱེད། དེ་ནི་སྣོད་བཀྲུ་བཤལ་བྱེད་པ་དང་མཚུངས། སེམས་གནད་ཀུན་སློང་བཅོས་པ་ནི། ད་ག་རེ་ངས་ཐུན་ཞིག་བསྡམ་པ་འདི་ཀུན་སློང་ཇི་ལྟར་འདུག་སྙམ་རང་རྒྱུད་བརྟག །ཀུན་སློང་འཇིགས་སྐྱོབ་དང་ལེགས་སྨོན་ཙམ་དུ་འདུག་ན་དེ་དུག་ལྟར་སྤང་། ལུང་མ་བསྟན་གྱི་ཀུན་སློང་དུ་འདུག་ན་བཅོས། སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་བསམ་བྱ་དེ་ཡང་ཐེག་ཆེན་ལམ་ཞུགས་ཀྱི་བསམ་བྱ་མིན་པས་སྤངས་ནས། སྐྱེས་བུ་ཆེན་པོའི་ཀུན་སློང་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྣམ་མཁྱེན་གཏན་གྱི་བདེ་བ་ལ་དགོད་པའི་སླད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ངས་ཐུན་འདི་དང་འདི་བསྒོམ་པར་བྱའོ་སྙམ་དུ་སེམས་བསྐྱེད་འདི་ནི་དགེ་རྩ་ཐབས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་དམ་པ་ཡིན། དེ་ནས་བླ་མ་ལ་གསོལ་བ་གདབ་པ་ནི། རང་གི་སྤྱི་བོར་བདྨ་དཀར་པོ་འདབ་མ་འབུམ་ཕྲག་བརྡལ་བ་ཟེའུ་འབྲུ་དམར་སེར་གྱེས་པའི་སྟེང་དུ་སེང་ཁྲི་དར་ཟབ་དང་འབོལ་བརྩེགས་ཀྱི་གདན་ལ་རྩ་བའི་བླ་མ་དེ་ཉིད་རྣམ་པ་བསྒྱུར་བའམ་མ་བསྒྱུར་ཀྱང་ཆོག་པས་རབ་བྱུང་ངམ་སྔགས་པའི་ཆ་ལུགས་ཇི་ལྟ་བ་བཞིན་གསལ་ལ། བླ་མ་སངས་རྒྱས་སུ་ཤེས་པར་བྱ་བ་དང་། གང་མཛད་པ་ཐམས་ཅད་སངས་རྒྱས་ཀྱི་མཛད་པར་ཤེས་པ་དང་། རང་ངོར་སངས་རྒྱས་ལས་བཀའ་དྲིན་ཆེ་བར་ཤེས་པ་དང་། བཀའ་དྲིན་ཅན་གྱི་བླ་མ་དེ་སྐྱབས་གནས་ཀུན་འདུས་ཀྱི་སྤྱི་གཟུགས་ཡིན་པར་ཤེས་པ་དང་། དེ་ལྟར་ཤེས་ནས་གསོལ་བ་བཏབ་ན་བདག་ལམ་རྐྱེན་གཞན་ལ་རག་མ་ལས་པར་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེ་བར་ཤེས་པ་སྟེ། བླ་མ་སངས་རྒྱས་སུ་ཤེས་པ་ལྔས་གསོལ་བ་གདབ་སྟེ།

༈ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་བ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། དྲིན་ཆེན་རྩ་བའི་བླ་མ་ཁྱེད་ཀྱི་ཐུགས་རྒྱུད་ཀྱི་དལ་འབྱོར་སྙིང་པོ་ལོན་པའི་ཡོན་ཏན་དེ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། རྒྱལ་བ་དགོངས་པ་རིག་འཛིན་བརྡ་ཡི་བརྒྱུད། །གང་ཟག་མི་ལས་སྐལ་བར་རབ་གྱུར་པ། །དམ་པའི་རྗེས་ཟིན་དོན་གཉིས་མཐར་ཕྱིན་པ། །བརྒྱུད་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དལ་བ་ཐོབ་ཀྱང་སྙིང་པོའི་ཆོས་ཀྱིས་དབུལ། །ཆོས་སྒོར་ཞུགས་ཀྱང་ཆོས་མིན་སྤྱོད་པས་གཡེངས། །བདག་དང་བདག་འདྲ་རྨོངས་པའི་སེམས་ཅན་རྣམས། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཞེས་མོས་གུས་གདུང་བས་གསོལ་བ་བཏབ་པས་བླ་མ་ཐུགས་བརྩེ་བ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་ཏེ་བླ་མའི་ཐུགས་དང་དབྱེར་མེད་འདྲེས་པའི་ངང་ནས་འདས་པའི་རྗེས་སུ་མི་འབྲང་། །མ་འོངས་པའི་མདུན་མི་བསུ། །ད་ལྟའི་རྟོག་པ་འཕྲོ་མི་མཐུད་པར་ཅི་གནས་སུ་མཉམ་པར་གཞག །དེ་དག་ནི་ཐུན་གྱི་སྔོན་འགྲོ་ཡིན། ད་ཐུན་གྱི་དངོས་གཞི་ལ། ཐོག་མར་དལ་བ་བརྒྱད་བསྒོམ་པའི་མི་མ་ཡིན་པའི་མི་ཁོམ་པ་བཞིའི་གནས་ལུས་སྡུག་བསྔལ་ཚེ་ཚད་རྣམས་ལ་ལེགས་པར་བསམས་ནས་དཔྱད་འཇོག་སྤེལ་མར་བྱེད། མིར་གྱུར་པའི་མི་ཁོམ་པ་བཞི་ཡང་བསྒོམ་ཚུལ་དེ་དང་འདྲ་བར་དཔྱད་འཇོག་སྤེལ་མར་བསྒོམ། དེ་ནི་ཐུན་གྱི་དངོས་གཞི་ཡིན། ད་ཐུན་གྱི་རྗེས་ནི་ཐུན་གྱི་དངོས་གཞི་བསྒོམ་པའི་དགེ་བ་འདིས་མཚོན་རང་གཞན་རྣམས་ཀྱི་དུས་གསུམ་དུ་བསགས་པའི་ཟག་བཅས་ཟག་མེད་ཀྱི་དགེ་བའི་རྩ་བ་ཐམས་ཅད་བློས་གཅིག་ཏུ་བསྡུས་ཤིང་བསྡོམས་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ནས་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པའི་སླད་དུ་བདག་གི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པའི་ཆེད་དུ་བསྔོ། བསྔོ་བའི་ཚུལ་ཡང་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་དུ་ཇི་ལྟར་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པའི་སྒོ་ནས། འཇམ་དཔལ་དཔའ་བོས་སོགས་དང་། དུས་གསུམ་གཤེགས་པའི་རྒྱལ་བ་སོགས། ཤོ་ལོ་ཀ་གཉིས་བརྗོད་པས་འཁོར་གསུམ་ཡོངས་དག་གི་བསྔོ་བའི་གོ་ཆོད། དེ་ནི་དགེ་རྩ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བ་དམ་པ་ཡིན། ཐུན་གཅིག་མ་བཅད་ན་མ་གཏོགས། བཅད་ཕྱིན་ཆད་སྦྱོར་དངོས་རྗེས་གསུམ་པོ་ཐམས་ཅད་ཚང་བར་ཉམས་སུ་ལེན་དགོས་པའི་དོན་ཡིན། དེ་ལྟར་ཐུན་རེ་རེའི་ནང་དུ་སྦྱོར་དངོས་རྗེས་གསུམ་ཚང་བའི་ཐུན་ཙམ་གཅོད་པ་དངོས་གཞི་བློ་སྦྱོང་གང་བསྒོམ་པའི་དམིགས་རིམ་རྣམས་ལེགས་པོ་རེ་འཆར་པ་ན་བསྔོ་སྨོན་བྱ། ཁམས་དུབ་པ་ན་ཨུ་ཚུགས་མི་བྱ་ངལ་གསོ། རྗེས་ཐུན་གྲོལ་ནས་ཧར་ལངས་མི་བྱེད་པར་ད་ག་རེ་ངས་སྔར་ཐུན་གྱི་མགོར་དམ་བཅས་པ་དེ་འཁྲུལ་པའི་དབང་དུ་ཤོར་རམ་སྙམ་དུ་ཕྱི་བལྟས་བྱེད་དེ་གལ་ཏེ་འཁྲུལ་པའི་དབང་དུ་མ་སོང་། ཐུན་ལེགས་པོར་ཆོད་ན་ང་རྒྱལ་བར་གྱུར་བས་ང་རྒྱལ་བཅག་དགོས་ཏེ། ཨོ་ཁྱོད་ལ་ད་ལྟ་ཐུན་ལེགས་པོ་ཞིག་ཆོད་འོང་རྒྱུ་དེ་བསོད་ནམས་འཁྱམ་པོས་ཕྱི་བལྟས་ཟེར་བ་དེ་རེད་ང་རྒྱལ་རྒྱུ་ཅི་ཡོད། ཁྱོད་དེ་འདྲའི་བཟང་པོ་ཞིག་ཨེ་ཡིན་ངས་ཐུན་ཕྱི་མའི་ནང་དུ་བལྟའོ་སྙམ་དུ་ང་རྒྱལ་བཅག་དགོས། ཡང་སེམས་འཁྲུལ་པའི་དབང་དུ་སོང་ནས་དགེ་བ་སྣ་གཅིག་བསམ་ཁ་མ་ཉན་ན་སེམས་སྡུག་འོང་སྟེ། ཨོ་ངས་ཅི་འོང་བ་མི་འདུག་སྙམ་དུ་སྒྱིད་ལུག་པར་འགྱུར་བས་དེ་ལ་སྤྲོ་བ་བསངས་ཏེ་གཟེངས་བསྟོད་དགོས། ཨོ་ཁྱོད་ད་ལྟ་འཁྲུལ་པའི་དབང་དུ་ཤོར་སོང་བས་མ་ལེགས་ཀྱང་སྡུག་རྒྱུའང་ཅི་ཡོད། ཁྱོད་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁྲུལ་ནས་ད་ལྟའང་ཐུན་དང་ཐུན་མཚམས་ཕྱེས་ནས་བསྒོམ་པ་འདི་ལ་ཐུགས་པ་ཡིན་མ་གཏོགས། ཁྱོད་དང་པོ་ནས་མི་འཁྲུལ་པ་ཞིག་ཡིན་ན་སངས་ཅིའི་ཕྱིར་མ་རྒྱས། ད་ལྟ་འཁྲུལ་པའི་དབང་དུ་སོང་རུང་ཐུན་ཕྱི་མ་དེ་ལ་འཁྲུལ་པའི་དབང་དུ་གཏོང་རེ་ཀན་སྙམ་དུ་དམ་བཅའ་བློས་འཁྱུད་ཙམ་ཞིག་བྱེད་ནས་སེམས་གཟེངས་བསྟོད། དེ་ནས་དལ་གྱིས་གདན་ནས་ལངས་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །དེའང་ཐུན་མཚམས་སུ་སྔར་གྱི་གང་བསྒོམ་པ་དེ་རེ་རེ་ནས་མ་བསམ་ན། དཔེར་ན་མགར་གྱི་མེ་ནང་དུ་ལྕགས་བསྲེགས་པ་ཕྱིར་བླངས་པ་དང་མཉམ་དུ་ནག་ཁྲོག་གེར་འགྲོ་བ་བཞིན་ཐུན་ནང་དུ་ཅུང་ཟད་བློ་སེམས་འགྱུར་བ་ལྟ་བུ་རེ་ཡོད་པ་དེ་ཐུན་མཚམས་འཇིག་རྟེན་ཚེ་འདིའི་སྣང་ཤེས་གང་དགའ་ལ་བཏང་ན། ཐུན་ནང་དུ་དམན་སོགས་བསམ་མ་བསམ་མེད་པར་བློ་དྲེད་པོར་འཆོར་ཉེན་ཡོད་པས་ཐུན་གྱི་དངོས་གཞི་རྗེས་ཐོབ་ལ་བསྲེ་བ་གལ་ཆེ། དེ་ལྟར་ངོ་བོ་དལ་བ་ཞག་གསུམ། འབྱོར་པ་ཞག་བཞི། རྙེད་དཀའི་དཔེ་ཞག་གཅིག །གྲངས་ཀྱི་ཁྱད་པར་ཞག་གཅིག །འཕྲལ་རིས་གཉིས་ཞག་རེ་རེ། དེ་དག་རྣམས་ནི་དངོས་གཞིའི་དམིགས་རིམ་བརྗེ་བ་ལས། ཐུན་གྱི་སྔོན་རྗེས་དང་ཐུན་མཚམས་ཀྱི་བྱ་བ་སོགས་ནི་གོང་དུ་བཤད་པ་ལྟར་ཡིན། མདོར་ན་དངོས་གཞིའི་དམིགས་རིམ་རྣམས་ནི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་། ཟིན་བྲིས་བསྒོམ་རིམ་གཉིས་ལ་དཔེ་བལྟས་ནན་ཏན་མཛད་ནས་དཔྱད་འཇོག་སྤེལ་མར་བྱེད་པ་ནི་གནད་གལ་ཆེ་ཡིན། དེ་ནས་འཆི་བ་མི་རྟག་པ་བསྒོམ་པ་ལ། ཐུན་གྱི་སྔོན་འགྲོའི་སྔོན་འགྲོ་ནི། དམ་བཅའ་ལུས་གནད། ངག་གནད། སེམས་གནད་ཡན་ཆད་སྔར་ལྟར་ལ། བླ་མ་ལ་གསོལ་བ་འདེབས་སྐབས། དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་ཀྱི་ཐུགས་རྒྱུད་ཀྱི་འཆི་བ་མི་རྟག་པའི་ཉམས་ལེན་གྱི་ཡོན་ཏན་དེ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྲིད་གསུམ་མི་རྟག་སྒྱུ་མའི་ཚུལ་དུ་གཟིགས། །ཚེ་འདིའི་བྱ་གཞག་མཆིལ་མའི་ཐལ་བཞིན་བོར། དཀའ་སྤྱད་མཛད་པ་གོང་མའི་རྗེས་སུ་སྙེགས། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །མི་རྟག་མངོན་དུ་གྱུར་ཀྱང་རྟག་པར་འཛིན། །རྒ་བའི་གྲོང་སྒོར་བསླེབས་ཀྱང་གཞོན་པར་རློམ། །བདག་དང་བདག་འདྲའི་ལོག་རྟོག་སེམས་ཅན་རྣམས། །མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ནས་ཐུགས་ཡིད་བསྲེ་བ་སོགས་གོང་དང་འདྲ། ཐུན་གྱི་དངོས་གཞི་ནི། ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམས་ཏེ་མི་རྟག་པར་བསྒོམ་པ་ནས་རིམ་བཞིན་ཁྲིད་ཡིག་ལྟར་དཔྱད་འཇོག་སྤེལ་མར་བསྒོམ། འདུན་པ་དྲག་པོ་ལ་བསམ་ཏེ་མི་རྟག་པར་བསྒོམ་པ་རྗེས་ཐོབ་ཀྱི་གནས་སྐབས་སུ་བསྒོམ་པ་ཡིན། ཐུན་གྱི་རྗེས་གོང་དང་འདྲ། དེ་ལྟར་ཕྱི་སྣོད་མི་རྟག་པར་ཞག་གཅིག །ནང་བཅུད་སེམས་ཅན་ཞག་གསུམ། དམ་པའི་སྐྱེས་བུ་ཞག་གཅིག །སྐྱེ་དགུའི་བདག་པོ་ཞག་གཅིག །དཔེ་དོན་སྣ་ཚོགས་ཞག་གསུམ། འཆི་རྐྱེན་ངེས་མེད་ཞག་གཅིག །འདུན་པ་དྲག་པོ་ཞག་གཅིག །ཁྱོན་ཞག་བཅུ་གཅིག །དེ་དག་དངོས་གཞིའི་སྐབས་སུ་དམིགས་རིམ་བརྗེ་བར་བྱ། འཁོར་བའི་ཉེས་དམིགས་བསྒོམ་སྐབས་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་ཀྱི་ཐུགས་རྒྱུད་ཀྱི་འཁོར་བ་སྡུག་བསྔལ་དུ་མཁྱེན་པའི་ཡོན་ཏན་དེ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁོར་བའི་བྱ་གཞག་སྙིང་པོ་མེད་པར་དགོངས། །སྙིང་རྗེ་ཆེན་པོས་གཞན་དོན་འབའ་ཞིག་གཉེར། །སྲིད་པར་མ་ཞེན་ཐེག་ཆེན་གཞུང་བཞིན་མཛད། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །འཁོར་བའི་སྡུག་བསྔལ་མཐོང་བཞིན་ཞེན་ཅིང་ཆགས། །ངན་འགྲོའི་གཡང་ལ་འཇིགས་ཀྱང་མི་དགེ་སྤྱོད། །བདག་དང་བདག་འདྲའི་ལམ་གོལ་སེམས་ཅན་རྣམས། །ཚེ་འདི་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །ཞེས་དངོས་གཞིའི་སྐབས་སྤྱིར་བསམ་པས། གནས་གང་དུ། སེམས་ཅན་སུ། དུས་ནམ། ཚུལ་ཇི་ལྟར། རྒྱུ་གང་ཞིག་དཔེ་ཇི་ལྟར་བསམ་ནས་དཔྱད་འཇོག་སྤེལ་མར་བསྒོམ། བྱེ་བྲག་སོ་སོའི་སྡུག་བསྔལ་བསྒོམ་སྐབས་རིགས་དྲུག་སོ་སོའི་གནས་དང་ལུས་རྟེན་སྡུག་བསྔལ་ཚེ་ཚད་རྣམས་ལ་བསམས་ནས་དེ་དག་གི་སྡུག་བསྔལ་བློ་ཐོག་ཏུ་བླངས་ནས་སེམས་སྡུག་ལྷང་ངེ་འོང་བ་སྐྱོ་ཤས་ཡིན། དེ་ལས་ཐར་འདོད་ཀྱི་བློ་སྐྱེ་བ་ངེས་འབྱུང་ཡིན། དེར་སྐྱེ་བའི་རྒྱུ་རང་རྒྱུད་ལ་གྲངས་ཀྱིས་མི་ཆོད་པ་ཡོད་པ་ལ་སྟོབས་བཞི་ཚང་བའི་བཤག་པ་དང་། སླན་ཆད་མི་བྱེད་པའི་དམ་བཅའ། དེར་སྐྱེས་པའི་སེམས་ཅན་ལ་མར་ཤེས། དྲིན་དྲན། དྲིན་གཟོ་འདོད་ཀྱི་རྟོག་པ་བསྐྱེད། དེ་ལྟ་བུའི་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ན་ཅི་མ་རུང་སྙམ་པའི་འདུན་པ་དང་འབྲེལ་བ། བྲལ་བར་གྱུར་ཅིག་སྙམ་པའི་སྨོན་པ་དང་འབྲེལ་བ། འབྲལ་བ་ངེས་པར་བྱ་སྙམ་པའི་དམ་བཅའ་དང་འབྲེལ་བ། བྲལ་བ་ཞིག་སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ་ཁྱེད་སྙམ་ནས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་གསོལ་འདེབས་དང་འབྲེལ་བའི་གདུང་ཤུགས་དྲག་པོའི་སྒོ་ནས། ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་བརྩེ་བའི་ཐུགས་མངའ་བས། །བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །བླ་མ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་བ། །དེ་རིང་ཉིད་ནས་བདག་སྐྱབས་མཆི། །དཔའ་བོ་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་ཞིང་། །སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ། །ཞེས་བརྗོད། དེ་ལྟར་འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ་ཞག་གསུམ། ཚ་དམྱལ་ལ་ཞག་གཅིག །གྲང་དམྱལ་ཞག་གཅིག །ཉི་ཚེ་ཉེ་འཁོར་ཞག་གཅིག །ཡི་དྭགས་བྱིང་གནས་ཞག་གཅིག །མཁའ་ལ་རྒྱུ་ཞག་གཅིག །མི་ལ་སྡུག་བསྔལ་གསུམ་པོ་ཞག་རེ་རེ། སྐྱེ་རྒ་ན་འཆི་བཞི་པོ་ཞག་རེ་རེ། དགྲ་སྡང་བ་དང་འཕྲད་པ་སོགས་བཞི་པོ་ཞག་རེ་རེ། ལྷ་མིན་ཞག་གཅིག །ལྷ་ཞག་གཅིག་སྟེ་ཁྱོན་ཞག་ཉེར་གསུམ་དེ་དག་དངོས་གཞིའི་ཉམས་ལེན་བརྗེས་ནས་རིམ་བཞིན་བསྒོམ། ལས་རྒྱུ་འབྲས་སྐབས་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་ཀྱི་ཐུགས་རྒྱུད་ཀྱི་ལས་རྒྱུ་འབྲས་ལ་བླང་དོར་མཁྱེན་པའི་ཡོན་ཏན་དེ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དགེ་སྡིག་འདོར་ལེན་རྒྱུ་འབྲས་གཞུང་བཞིན་མཛད། །སྤྱོད་པ་མས་འཛེག་ཐེག་པའི་བབ་དང་བསྟུན། །ཡང་དག་ལྟ་བས་གང་ལ་ཞེན་པ་མེད། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རྒྱུ་འབྲས་རྣམ་གྲངས་ཤེས་ཀྱང་ཡིད་ཆེས་ཞན། །དམ་ཆོས་ཐོས་པ་མང་ཡང་ཉམས་ལེན་མེད། །བདག་དང་བདག་འདྲའི་ཉེས་སྤྱོད་སེམས་ཅན་རྣམས། །སེམས་དང་ཆོས་སུ་འདྲེས་པར་བྱིན་གྱིས་རློབས། །ཞེས་དང་། དངོས་གཞིའི་སྐབས་སྤང་བྱ་མི་དགེ་བའི་ལས། བསྒྲུབ་བྱ་དགེ་བའི་ལས། ཐམས་ཅད་ལས་ཀྱི་རང་བཞིན། དགེ་སྡིག་གི་ལས་རེ་རེ་ལས་རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། དབང་གི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུ། རྒྱུ་མཐུན་ལ་ཡང་བྱས་པ་རྒྱུ་མཐུན་དང་། མྱོང་བ་རྒྱུ་མཐུན་གཉིས་སོགས་ཞིབ་པར་དཔྱད་འཇོག་སྤེལ་མར་བསྒོམ། གཞན་ཡང་། ལས་ཀྱི་ལྕི་ཡང་། སྨིན་པའི་གོ་རིམ། ལས་ཀྱི་ཕན་གནོད་སོགས་ལེགས་པར་བསམས་ནས་སྤང་བྱ་མི་དགེ་བའི་ལས་ལ་བཤག་པ་དང་འགྱོད་བསྡོམ་བྱ། བསྒྲུབ་བྱ་དགེ་བའི་བློ་བཅོས་མིན་སྐྱེ་བར་བསྒོམ། རྗེས་བསྔོ་སྨོན་སོགས་འདྲ། དེ་ལྟར་མི་དགེ་བ་ཞག་གསུམ། དགེ་བ་ཞག་གསུམ། ཐམས་ཅད་ལས་ཀྱི་རང་བཞིན་ཞག་གསུམ། དངོས་གཞི་བརྗེ་རེས་བྱ། ཁྱོན་ཞག་དགུ་ཐར་པའི་ཕན་ཡོན་སྐབས། དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་ཀྱི་ཐུགས་རྒྱུད་ཀྱི་ཐར་བ་དམ་པའི་ཡོན་ཏན་དེ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དམ་པའི་མཁས་གྲུབ་མང་པོས་རྗེས་སུ་བཟུང་། །བླ་མའི་བཀའ་བཞིན་བསྒྲུབས་ནས་ཉམས་སུ་བླངས། །ཐར་པའི་ལམ་མཆོག་མ་ནོར་འགྲོ་ལ་སྟོན། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དམ་པ་མཇལ་ཡང་དམན་པའི་སྤྱོད་པས་བསླུས། །ལམ་མཆོག་རྙེད་ཀྱང་ལམ་མིན་གཡང་ལ་འཕྱན། །བདག་དང་བདག་འདྲའི་གཤིས་ངན་སེམས་ཅན་རྣམས། །རང་རྒྱུད་ཆོས་ཀྱིས་ཐུལ་བར་བྱིན་གྱིས་རློབས། །ཞེས་དང་། དངོས་གཞིའི་སྐབས། ཐར་པའི་ངོ་བོ་དང་ཐར་པའི་ཕན་ཡོན་སོགས་ལེགས་པར་དཔྱད་ནས་ཐར་འདོད་ཀྱི་བློ་བཅོས་མིན་སྐྱེ་བར་བསྒོམ། བསྔོ་སྨོན་སོགས་གོང་ལྟར་བྱ། དེ་ལྟར་ཐར་པའི་ཕན་ཡོན་ཞག་གཅིག །བཤེས་གཉེན་བསྟེན་པའི་སྐབས། དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་ཀྱི་བླ་མ་སངས་རྒྱས་སུ་མཐོང་བའི་ཡོན་ཏན་དེ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དམ་པའི་མཁས་གྲུབ་སོགས་དང་། དམ་པ་མཇལ་ཡང་ཞེས་སོགས་དང་། དངོས་གཞིའི་སྐབས། བླ་མ་བསྟེན་པའི་ཕན་ཡོན། མ་བསྟེན་པའི་སྐྱོན། དང་པོ་བླ་མ་བརྟག་པ་དང་། བར་དུ་བླ་མ་བསྟེན་ཚུལ། ཐ་མ་དགོངས་སྤྱོད་བསླབ་ཚུལ་སོགས་དཔྱད་འཇོག་གི་སྒོ་ནས་ལེགས་པར་བསྒོམས་ནས་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་བཅོས་མིན་སྐྱེ་བར་བསྒོམ། རྗེས་བསྔོ་སྨོན་སོགས་བྱ། དེ་ལྟར་བཤེས་གཉེན་བསྟེན་པ་ཞག་གསུམ། ཐུན་དེ་དག་གི་སུམ་ཆ་ཕྱི་མ་རེ་ལ་སྐྱབས་འགྲོ་བསྒོམ་དགོས་པས་ཐུན་གྱི་སྦྱོར་བ་རྣམས་གོང་ལྟར་ལས། དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་ཀྱི་ཕྱི་ནང་གསང་བའི་སྐྱབས་འགྲོའི་ཡོན་ཏན་དེ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཕྱི་ཡི་སྐྱབས་འགྲོ་མཆོག་གསུམ་ཐོད་བཞིན་ཁུར། །ནང་གི་སྐྱབས་འགྲོ་རྩ་གསུམ་དངོས་སུ་གྲུབ། །དོན་གྱི་སྐྱབས་འགྲོ་སྐུ་གསུམ་མངོན་དུ་བྱས། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྐྱབས་གསུམ་བསྟེན་ཀྱང་སྙིང་ནས་ཡིད་ཆེས་དམན། །བསླབ་གསུམ་ནོད་ཀྱང་བསྲུང་བསྡོམ་ཡལ་བར་བོར། །བདག་དང་བདག་འདྲའི་སྙིང་མེད་སེམས་ཅན་རྣམས། །མི་ལྡོག་དད་པ་བརྟན་པར་བྱིན་གྱིས་རློབས། །ཞེས་བརྗོད། དངོས་གཞིའི་སྐབས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫོགས་སྨིན་སྦྱང་གསུམ་ལས། འདི་ནི་ཞིང་སྦྱང་བ་ཡིན་པས། རང་ཉིད་འདུག་པའི་ས་ཕྱོགས་འདི་དག་ཐམས་ཅད་རིན་པོ་ཆེའི་ས་གཞི་མིག་མང་རིས་སུ་བྲིས་པའི་ཞིང་ཁམས་སོགས་སྐྱབས་ཡུལ་རྣམས་ལེགས་པར་ཁྲིད་ཡིག་ལྟར་གསལ་བཏབ་ནས། སྐྱབས་ཡུལ་དེ་དག་ཐམས་ཅད་ཀྱང་མཁྱེན་བརྩེ་ནུས་པའི་ཐུགས་དང་ལྡན་པ་སོགས་ཡོན་ཏན་དྲན་པས་བདག་ཅག་གི་འདྲེན་པའི་དེད་དཔོན་ཆེན་པོ་གཅིག་ཏུ་བཞུགས་པར་བསམ། བསྐྱབ་བྱ་སེམས་ཅན་ནི་རང་གི་གཡས་སུ་ཕ། གཡོན་དུ་མ། མདུན་དུ་གང་རང་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས་གཉིས་ཀྱིས་ཐོག་དྲངས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ས་གཞིའི་ངོས་ལ་ཁྲོམ་ཚོགས་པ་བཞིན་རྒྱན་གོས་དང་ལྡན་ཞིང་། ལུས་གུས་པས་ཐལ་མོ་སྦྱར་ཏེ་ཕྱག་འཚལ། ངག་གུས་པའི་སྒོ་ནས་སྐྱབས་འགྲོ་འདོན། ཡིད་གུས་པའི་སྒོ་ནས་སྙིང་ཁོང་རུས་པའི་གཏིང་ནས་བློ་ལིང་གི་སྒོ་ནས་རང་གི་བྱང་འདྲེན་པ་ལྟར་སྐྱབས་འགྲོའི་ཚིག་བརྗོད། དང་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བོས་ཏེ། ལོ་འདིའི་ཟླ་བ་འདིའི་ཉི་མ་འདིའི་དུས་ཚོད་འདི་ནས་བཟུང་། མཐར་ཐུག་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ཁྱེད་ནི་བདག་གི་སྟོན་པའོ། །ཁྱེད་ལས་མ་གཏོགས་པའི་སྟོན་པ་གཞན་མི་བསྟེན་ཞེས་བརྗོད། ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བོས་ཏེ། ཁྱེད་ཀྱི་ཞལ་ནས་གསུངས་པའི་བསྟན་པ་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་དེ་ངས་ཉི་མ་དེ་རིང་ནས་བཟུང་སྟེ་མཐར་ཐུག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཐར་བ་བྱང་ཆུབ་སྒྲུབ་པའི་ལམ་དུ་ཁས་ལེན། དམ་པའི་ཆོས་མ་གཏོགས་པའི་ལམ་ལོག་པ་ཕྱི་རོལ་པའི་ལམ་མི་བསྟེན་ཞེས་བརྗོད། ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བོས་ཏེ། ཁྱེད་ཀྱི་ཞལ་ནས་གསུངས་པའི་བསྟན་པ་དམ་པའི་ཆོས་བཤད་བསྒྲུབ་འཁོར་ལོ་གཉིས་ཀྱི་སྒོ་ནས་འཛིན་པའི་འཕགས་པའི་དགེ་འདུན་པ་རྣམས་ངས་ལམ་སྒྲུབ་པའི་གྲོགས་སུ་ཁས་ལེན། དེ་མ་གཏོགས་པའི་འཇིག་རྟེན་པའི་མནའ་ཟ་རོགས། གཏམ་སྣོག་རོགས། མི་དགེ་བ་སྒྲུབ་རོགས་རྣམས་གྲོགས་སུ་མི་བསྟེན་ཞེས་བརྗོད། དེ་ལྟར་ཐུན་རེ་ལ་སྦྱོར་དངོས་རྗེས་གསུམ་ཚང་བ་ཅི་ནུས་བྱ། མཐར་ཐུན་བསྡུ་བ་ན། སྐྱབས་ཡུལ་ལྷ་ཚོགས་ཀྱི་སྐུ་ལས་འོད་ཟེར་དམར་པོ་འཕྲོས་ནས་བདག་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས། ཉོན་ཤེས་བག་ཆགས་ཀྱི་སྒྲིབ་པ་དག །ཁམས་བདེ་གཤེགས་སྙིང་པོ་མངོན་དུ་བྱས། ཐམས་ཅད་བྱ་ཁྱུ་འུར་རྡོས་དཀྲོགས་པ་ལྟར་འུར་དིར་གྱིས་འཕུར་ཏེ་སྐྱབས་ཡུལ་ལྷ་ཚོགས་རྣམས་ལ་ཐིམ། སྐྱབས་ཡུལ་ལྷ་ཚོགས་རྣམས་ཀྱང་མཐའ་ནས་རིམ་བཞིན་འོད་དུ་ཞུ་ནས་དབུས་ཀྱི་བླ་མ་སྐྱབས་གསུམ་ཀུན་འདུས་ལ་ཐིམ། སྤྱི་བོའི་ཐོ་བརྩེགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང་མར་བླ་མ་ལ་ཐིམ། མཐར་བླ་མ་ཡང་ཞབས་གདན་ཁྲི་དང་དབུ་ནས་རིམ་གྱིས་བསྡུས་ནས་ཐུགས་ཀའི་ཐད་དུ་ཡལ་བའི་ངང་ལ་མཉམ་པར་གཞག །དེ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་ཡིན། དེ་ལས་ལྡང་བ་ན། ཚོགས་ཞིང་སྔར་ལྟར་གསལ་བཏབ་ནས་གོང་ལྟར་དགེ་བ་བསྔོ། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་བརྗོད། དེ་ནས་ཐུན་མཚམས་རྣམས་སུ་ཡང་ཁྲིད་ཡིག་ལྟར་སྐྱབས་འགྲོ་ལམ་ཁྱེར་བྱ། སྐྱབས་འགྲོའི་བསླབ་བྱ་དང་ཕན་ཡོན་རྣམས་ཞིབ་པར་དཔེ་བལྟས་བྱེད་ནས་བློ་ལ་ཟིན་པར་བྱ། སྐྱབས་འགྲོ་འདི་གོང་གི་ཐུན་རྣམས་ཀྱི་ཆ་ཕྱི་མ་རེ་ལ་བསྒོམ་པ་ལས་ཞག་གྲངས་ལོགས་སུ་མི་དགོས། སེམས་བསྐྱེད་སྐབས། སྔོན་འགྲོའི་སྔོན་འགྲོ་ནི། ཕྱིར་འབུད། སྣབས་འབུད། གདོང་ཕྱི། སྒོ་ཕྱི་ནང་གི་བྱ་བ་ཐམས་ཅད་བསྒྲུབ། དམ་བཅའ་ཡང་བྱེད་དགོས། སྔོན་འགྲོ་ནི་ལུས་གནད་རྣམ་སྣང་ཆོས་བདུན། ངག་གནད་རླུང་རོ་བསལ་བ། སེམས་གནད་ཀུན་སློང་བཅོས་པ། དེ་ནས་བླ་མ་ལ་གསོལ་བ་འདེབས་པ་ནི། དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་ཀྱི་ཐུགས་རྒྱུད་ཀྱི་བྱང་ཆུབ་སེམས་ཀྱི་ཕན་ཡོན་ཡོན་ཏན་དེ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཤེས་རབ་ཆེན་པོས་མྱང་འདས་མངོན་དུ་མཛད། །སྙིང་རྗེ་ཆེན་པོས་འཁོར་བ་དང་དུ་བླངས། །ཐབས་ལ་མཁས་པས་འཁོར་འདས་དབྱེར་མེད་རྟོགས། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སེམས་མཆོག་བསྐྱེད་པར་རློམ་ཀྱང་སྐྱེས་པ་མེད། །ཕྱིན་དྲུག་ལམ་ལ་བསླབ་ཀྱང་རང་འདོད་བཅས། །བདག་དང་བདག་འདྲའི་བློ་ཆུང་སེམས་ཅན་རྣམས། །བྱང་ཆུབ་སེམས་མཆོག་འབྱུང་བར་བྱིན་གྱིས་རློབས། །ཞེས་དང་། དངོས་གཞིའི་སྐབས། ཚད་མེད་བཞིའི་དང་པོ་གཞུང་བཤད་ལ་བྱམས་པ་ནས་གསུངས་ཀྱང་། མན་ངག་གི་ལུགས་ལ་དང་པོ་བཏང་སྙོམས་ནས་བསྒོམ་དགོས་པར་གསུངས་པས་བཏང་སྙོམས་ལ། གཉེན་དང་དགྲ་གཉིས་ལ་ཆགས་སྡང་སློང་ནས། དུས་གསུམ་ལ་བསྐོར་ཏེ་བསམ་པ་སོགས་ཀྱིས་དགྲ་གཉེན་གཉིས་མགོ་སྙོམས་པར་མར་ཤེས་དྲིན་དྲན་སོགས་བསྐྱེད་ནས་རིམ་གྱིས་གཞན་ལ་སྤོ། དེ་ལྟར་བཏང་སྙོམས་ཞག་གསུམ། བྱམས་པ་བསྒོམ་པ་ལ་དང་པོ་རང་གི་རྩ་བའི་མ་མདུན་དུ་དངོས་སུ་བསམས་ནས་མར་ཤེས་དྲིན་དྲན་སོགས་བསྒོམ་སྟེ། དྲིན་དྲན་པ་ལ་ལུས་སྲོག་ཡོ་བྱད་འཇིག་རྟེན་བསྟན་པ། ཆོས་ཀྱི་ཕྱོགས་ནས་དྲིན་དྲན་པར་བྱ། འདི་གོང་འོག་ཐམས་ཅད་དུ་བསྒོམ་དགོས། བྱམས་པའི་ངོ་བོ་ནི་སེམས་ཅན་ལ་བདེ་བ་དང་ལྡན་འདོད་སྟེ། དེ་ཡང་འབྲེལ་བ་བཞི་ལྡན་དང་། ཀྱེ་མ་ཀྱེ་ཧུད་སོགས་དང་བླ་མ་རྒྱལ་བ་སོགས་དང་། དཔའ་བོ་ཁྱེད་སོགས་བརྗོད། དེ་ལྟར་བྱམས་པ་ཞག་གསུམ། སྙིང་རྗེ་བསྒོམ་པ་ཡང་། རང་གི་རྩ་བའི་མའམ་བཤའ་ལུག་སོགས་སེམས་ཅན་སྡུག་བསྔལ་ཅན་ཞིག་ལ་དམིགས་ནས་མར་ཞེས་དྲིན་དྲན་སོགས་བསྒོམ། སྙིང་རྗེ་ནི་སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ཡིན་པས། བྲལ་ན་ཅི་མ་རུང་སོགས་དང་གསོལ་འདེབས་བྱ། དེ་ལྟར་སྙིང་རྗེ་ཞག་གསུམ། དགའ་བ་བསྒོམ་པ་ལ་ཡང་། རང་གི་མ་ལ་མར་ཤེས། དྲིན་དྲན་སོགས་དང་། དགའ་བའི་ངོ་བོ་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་འདོད་པ་ཡིན་པས་དེ་ལྟར་འབྲེལ་བ་བཞི་ལྡན་གྱི་གསོལ་འདེབས་བྱ། དེ་ལྟར་དགའ་བ་ཞག་གསུམ། སེམས་བསྐྱེད་ཀྱི་ངོ་བོ་དབྱེ་བ་བཅས་ཞག་གསུམ། བདག་གཞན་མཉམ་པ་ཞག་གསུམ། བརྗེ་བ་ཞག་གསུམ། གཞན་གཅེས་ཞག་གསུམ། ཕར་ཕྱིན་དྲུག་ཞག་གསུམ་རེ་ཡིན་ལགས། །

རི་ཆོས་མཚམས་ཀྱི་ཁོག་དབུབ། བྱ་བྲལ་སངས་རྒྱས་རྡོ་རྗེ།

༄༅། །རི་ཆོས་མཚམས་ཀྱི་ཁོག་དབུབ་བཞུགས། རྗེ་བཙུན་བླ་མ་དམིགས་མེད་ཐུགས་རྗེའི་བདག་ཉིད་དཔལ་ངག་གི་དབང་པོའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་བདག་དང་བརྒྱུད་འཛིན་རྗེས་འཇུག་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། འདིར་ཐེག་པའི་འཇུག་སྒོ་མཐའ་ཡས་པ་རྣམས་ཀྱི་སྙིང་པོའི་མཐར་ཐུག་འོད་གསལ་རྫོགས་པ་ཆེན་པོ་བླ་མེད་ཡང་གསང་ཀློང་ཆེན་སྙིང་གི་ཐིག་ལེའི་ལམ་ནས་ལོ་གསུམ་སྙིང་པོའི་སྒྲུབ་ལ་གཞོལ་བའི་སྐལ་ལྡན་རྣམས་ཀྱིས་སྨིན་གྲོལ་གཉིས་ཀྱི་སྒོར་འཇུག་པ་ལ་ཐོག་མར་ལམ་འདིའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཀྱི་ཆོ་ག་ལ་བརྟེན་ནས་རྒྱུད་སྡེ་ཞི་ཁྲོའམ། སྒྲུབ་སྡེ་བཀའ་བརྒྱད་གང་རུང་གི་དབང་གིས་རྒྱུད་སྨིན་པར་བྱས་ནས། གཉིས་པ་གྲོལ་བྱེད་གདམས་ཁྲིད་ཀྱི་རིམ་པ་ལ་ཇི་ལྟར་འཇུག་ཅིང་ལག་ཏུ་བླང་ཚུལ་མདོ་ཙམ་བཤད་པ་ལ། སྤྱིར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་གང་ལ་འཇུག་ཀྱང་། སྨིན་པར་སློབ་པ་དང་མོས་པ་ལམ་བྱེད་གཉིས་སུ་ཡོད་པ་ལས། དེང་སང་དད་བརྩོན་ཤེས་རབ་འཛོམ་པ་དཀོན་པའི་གཤིས་ཀྱིས་མོས་པ་ལམ་བྱེད་སྤྱི་རྒྱུག་ཙམ་ལས་མེད་པ་དེ་ལྟར་ལགས་མོད། འོན་ཀྱང་ཁྱད་པར་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་ཚུན་ཆད་ནས་ད་ལྟའི་བར་དུ་སྨིན་ཁྲིད་ཀྱི་དོད་ཐུབ་མ་ཆད་པར་བྱུང་བའི་བརྒྱུད་པ་འདི་ལ། ཀུན་མཁྱེན་ཆེན་པོའི་སེམས་ཉིད་ངལ་བསོའི་དགེ་བ་གསུམ་གྱི་དོན་ཁྲིད་ཀྱི་དགོངས་པ་བཞིན་ལམ་ཐུན་མོང་དང་ཐུན་མིན་གྱི་ཁྲིད་རྐང་རེ་རེ་བཞིན་ཐུན་དུ་བཅད་ནས་མྱོང་བ་ཐོན་ཐོན་དུ་མ་བསྒོམ་ན་ཚིག་སྐམ་རྐྱང་བའི་འབུམ་ལྔ་ཁྲལ་འཇལ་ལྟ་བུས་ནི་ཆོས་པའི་བློ་ལ་ཡར་སྐྱེད་མི་འབྱུང་བས། ཐོག་མར་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་དེའི་ཟིན་བྲིས་རྗེ་བླ་མའི་གསུང་གཉིས་སྦྲགས་མར་ཞུས་ནས་སྒྲོ་འདོགས་ལེགས་པར་བཅད། དེ་ནས་དལ་འབྱོར་རྙེད་དཀའ་སོགས་བློ་ལྡོག་རྣམ་བཞི་ལ་བློ་སྦྱོང་བྱེད་ཚེ་ཐུན་རེ་བཞིན་སྙིང་ཐིག་སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་དལ་བར་འདོན་ལ་གང་ལ་བསྒོམ་བྱའི་དོན་དེའི་མཚམས་ལ་ཐུག་དུས་ངག་འདོན་རེ་ཞིག་བཞག་ལ་ཀུན་བཟང་ཞལ་ལུང་གི་ཁྲིད་རྐང་སོ་སོའི་དབུ་མཇུག་གི་ཚིག་བཅད་ཤྭ་ལོ་ཀ་གཉིས་པོ་ངག་ཏུ་བརྗོད། དེ་ནས་ཐུན་གྱི་དངོས་གཞིར་བསྒོམ་བྱའི་དོན་དེ་དང་དེའི། ངོ་བོ། དབྱེ་བ། གྲངས་ངེས་གོ་རིམ་རྣམས་ལ་དཔྱད་འཇོག་སྤེལ་མའི་ཚུལ་དུ་བསྒོམས་ན་རྒྱུད་འཁུལ་ཞིང་སེམས་བཏང་འགྲོ་བཞག་སྡོད་བདེ་བ་འབྱུང་། དེའང་ཐུན་རེ་ལ་ཆ་གསུམ་དུ་བགོས་པའི་ཆ་སྔ་མ་གཉིས་ལ་བློ་སྦྱོང་དང་ཆ་ཕྱི་མ་གཅིག་ལ་སྐྱབས་འགྲོའི་དམིགས་རྣམ་གསལ་བཏབ་ལ་སྐྱབས་འགྲོའི་དཀོན་མཆོག་གསུམ་དངོས་མ་གྲངས་བསགས་ཤིང་། ཐུན་མཐར་ངག་འདོན་ཚིག་མཚམས་གང་དུ་བཞག་པ་དེ་མན་ཆད་ཚིག་རྗེས་དོན་དྲན་ཀྱིས་བླ་མའི་རྣལ་འབྱོར་བར་ཆ་ཚང་མཐར་དབྱུང་ལ་ཐུན་གྲོལ་བ་ནི་འོག་མ་རྣམས་ལའང་འགྲེ། དེ་ལྟ་བུས་ཐུན་མོང་གི་སྔོན་འགྲོའི་བློ་སྦྱོང་དང་སྐྱབས་འགྲོ་འབུམ་ཐེར་བཅས་ཐོན་ནས་སེམས་བསྐྱེད་ཀྱི་བསླབ་བྱ་ལ་བློ་སྦྱོང་བྱེད་ཚེ་ཐུན་གྱི་ཆ་ཕྱི་མ་ལ་སེམས་བསྐྱེད། ཧོཿ སྣ་ཚོགས་སྣང་བ་སོགས་བསག་དགོས་པ་དང་གྲངས་ཁྲི་གསུམ་ཀྱིས་ཆོག་པར་གསུངས། འདིར་ལས་དང་པོ་པ་འཇུག་བདེ་ཕྱིར་རང་ལུགས་བརྒྱུད་པའི་མན་ངག་ལག་ཏུ་ལེན་པའི་སྔོན་འགྲོ་ཕྱི་ནང་གི་ཁྲིད་སྦྱང་ཞག་གྲངས་ནི་འདི་ལྟར། དང་པོ་དལ་འབྱོར་རྙེད་དཀའི་ཁྲིད་ཀྱི། ངོ་བོ་མི་ཁོམ་བརྒྱད་ལས་ལྡོག་པའི་དལ་བ་བརྒྱད་བསམ་པ་ལ་ཞག་གསུམ། རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལ་ཞག་བཞི། རྙེད་དཀའི་དཔེ་ལ་ཞག་གཅིག །གྲངས་ཀྱི་ཁྱད་པར་བསམ་པ་ལ་ཞག་གཅིགའཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་བསམ་པ་ལ་ཞག་གཅིག །རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་བསམ་པ་ལ་ཞག་གཅིག །དེ་ལྟར་དལ་འབྱོར་རྙེད་དཀའི་ཁྲིད་རྐང་དྲུག་ལ་ཞག་གྲངས་ཁྱོན་བསྡོམས་བཅུ་གཅིག་བསམ་པར་བྱའོ། །གཉིས་པ་ཚེ་མི་རྟག་པ་བསྒོམ་པའི་ནང་གསེས། ཕྱི་སྣོད་འཇིག་རྟེན་མི་རྟག་ཚུལ་བསམ་པ་ལ་ཞག་གཅིག །ནང་བཅུད་སྐྱེ་འགྲོ་མི་རྟག་ཚུལ་བསམ་པ་ལ་ཞག་གསུམ། དམ་པའི་སྐྱེས་བུ་མི་རྟག་ཚུལ་ལ་ཞག་གཅིག །སྐྱེ་དགུའི་བདག་པོ་མི་རྟག་ཚུལ་ལ་ཞག་གཅིག །དཔེ་དོན་སྣ་ཚོགས་ལ་བསམ་སྟེ་མི་རྟག་པ་བསྒོམ་ཚུལ་ལ་ཞག་གསུམ། འཆི་རྐྱེན་ངེས་མེད་ལ་བསམ་སྟེ་མི་རྟག་པ་བསྒོམ་ཚུལ་ལ་ཞག་གཅིག །འདུན་པ་དྲག་པོ་ནི་ཐུན་མཚམས་སུ་བསྒོམ་པར་གསུངས། དེ་ལྟར་ཚེ་མི་རྟག་པའི་ཁྲིད་རྐང་དྲུག་ལ་ཞག་གྲངས་བཅུ་བསམ་མོ། །གསུམ་པ་འཁོར་པའི་ཉེས་དམིགས་ཀྱི་ཁྲིད་ལ་ནང་གསེས། འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ་ལ་ཞག་གསུམ། བྱེ་བྲག་དང་པོ་དམྱལ་བའི་སྡུག་བསྔལ་ཚ་དམྱལ་བརྒྱད་བསམ་པ་ལ་ཞག་གཅིག །གྲང་དམྱལ་བརྒྱད་ལ་ཞག་གཅིག །ཉི་ཚེ་བ་དང་ཉེ་འཁོར་ལྷག་པ་བཅུ་དྲུག་བཅས་ལ་ཞག་གཅིག །གཉིས་པ་ཡི་དྭགས་ལ་བྱིང་གནས་ལ་ཞག་གཅིག །མཁའ་ལ་རྒྱུ་བའི་ཡི་དྭགས་ལ་ཞག་གཅིག །གསུམ་པ་དུད་འགྲོ་བྱིང་ན་གནས་པ་ལ་ཞག་གཅིག །ཁ་འཐོར་བ་ལ་ཞག་གཅིག །བཞི་པ་མིའི་སྡུག་བསྔལ་གྱི་སྡུག་བསྔལ་ལ་ཞག་གཅིག །འགྱུར་བའི་སྡུག་བསྔལ་ལ་ཞག་གཅིག །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་ཞག་གཅིག །སྐྱེ་བའི་སྡུག་བསྔལ་ལ་ཞག་གཅིག །རྒ་བའི་སྡུག་བསྔལ་ལ་ཞག་གཅིག །ན་བའི་སྡུག་བསྔལ་ལ་ཞག་གཅིག །འཆི་བའི་སྡུག་བསྔལ་ལ་ཞག་གཅིག །དགྲ་སྡང་བ་དང་འཕྲད་ཀྱི་དོགས་པའི་སྡུག་བསྔལ་ལ་ཞག་གཅིག །གཉེན་བྱམས་པ་དང་འབྲལ་གྱི་དོགས་པའི་སྡུག་བསྔལ་ལ་ཞག་གཅིག །མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ་ལ་ཞག་གཅིག །འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ་ལ་ཞག་གཅིག །ལྔ་པ་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ལ་ཞག་གཅིག །དྲུག་པ་ལྷ་འཆི་འཕོ་བ་དང་ལྷུང་བའི་སྡུག་བསྔལ་ལ་ཞག་གཅིག་སྟེ་དེ་ལྟར་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་བཤད་པ་ཁྲིད་རྐང་ཉི་ཤུ་རྩ་གཅིག་ལ་ཞག་གྲངས་ཁྱོན་བསྡོམས་ཉི་ཤུ་རྩ་གསུམ་མོ། །བཞི་པ་ལས་རྒྱུ་འབྲས་ཀྱི་ཁྲིད་ལ་ནང་གསེས་སྤང་བྱ་མི་དགེ་བ་བཅུ་ཡི་རང་བཞིན་བསམ་པ་ལ་ཞག་གསུམ། བསྒྲུབ་བྱ་དགེ་བ་བཅུ་བསམ་པ་ལ་ཞག་གསུམ། ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་ལ་ཞག་གསུམ་སྟེ་དེ་ལྟར་ལས་རྒྱུ་འབྲས་ཀྱི་ཁྲིད་རྐང་གསུམ་ལ་ཁྱོན་བསྡོམས་ཞག་གྲངས་དགུའི་བར་བསམ་མོ། །ལྔ་པ་ཐར་པའི་ཕན་ཡོན་བསྟན་པའི་ཁྲིད་རྐང་གཅིག་ལ་ཞག་གཉིས་བསམ་མོ། །དྲུག་པ་བཤེས་གཉེན་བསྟེན་ཚུལ་གྱི་ཁྲིད་རྐང་གཅིག་ལ་ཞག་གསུམ་བསམ་པ་བཅས་འདི་ཡན་ཐུན་མོང་ཕྱི་ཡི་སྔོན་འགྲོ་ཁྲིད་རྐང་དྲུག་ནང་གསེས་བཅས་ལ་ཞག་གྲངས་ཁྱོན་བསྡོམས་ལྔ་བཅུ་ང་བརྒྱད་བར་བློ་སྦྱང་བྱ་དགོས་པ་ཡིན་ནོ། །

དེ་ནས་ཐུན་མིན་ནང་གི་སྔོན་འགྲོ་བསག་སྦྱང་བྱ་བ་ལ་སྐྱབས་འགྲོ་གོང་དུ་སོང་བའི་དབང་དུ་བྱས་ནས། གཉིས་པ་སེམས་བསྐྱེད་ཀྱི་ཁྲིད་སྦྱང་ལ་སྨོན་པའི་བསླབ་བྱ་ཚད་མེད་བཞི་དང་། བདག་གཞན་མཉམ་བརྗེ། བདག་བས་གཞན་གཅེས་བསྒོམ་པ་རྣམས་ཡོད་པ་ལས། དང་པོ་བཏང་སྙོམས་ལ་ཞག་གསུམ། གཉིས་པ་བྱམས་པ་ལ་ཞག་གསུམ། གསུམ་པ་སྙིང་རྗེ་ལ་ཞག་གསུམ། བཞི་པ་དགའ་བ་ལ་ཞག་གསུམ། དེ་ནས་བདག་གཞན་མཉམ་པ་ལ་ཞག་བཞི། བདག་གཞན་བརྗེ་བ་ལ་ཞག་བཞི། བདག་བས་གཞན་གཅེས་པར་བསྒོམ་པ་ལ་ཞག་བཞི། དེ་ནས་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དང་པོ་སྦྱིན་པ་ལ་ཞག་གསུམ། ཚུལ་ཁྲིམས་ལ་ཞག་གསུམ། བཟོད་པ་ལ་ཞག་གསུམ། བརྩོན་འགྲུས་ལ་ཞག་གསུམ། བསམ་གཏན་ལ་ཞག་གསུམ། ཤེས་རབ་ལ་ཞག་གསུམ་བཅས་སེམས་བསྐྱེད་ཀྱི་ཁྲིད་རྐང་བཅུ་གསུམ་ལ་ཞག་གྲངས་ཁྱོན་བསྡོམས་བཞི་བཅུ་ཞེ་གཉིས་བར་བསྒོམ་དགོས་ཤིང་དོན་དུ་བློ་ལྡོག་རྣམ་བཞི་དང་སེམས་བསྐྱེད་ཡན་ཆད་ལ་ཞག་གྲངས་བརྒྱ་ཐམ་པ་བློ་སྦྱོང་བྱས་ནས་ཞི་ལྷག་གི་ཏིང་ངེ་འཛིན་ལ་ཅུང་ཟད་མྱོང་བ་ཐོན་པར་བྱ། དེ་ནས་རྡོར་སེམས་བསྒོམ་བཟླས་དང་འབྲེལ་ཡིག་བརྒྱ་འབུམ་ཕྲག་གཅིག་ཁ་སྐོང་བཅས་བསགས། དེ་ནས་སྐུ་གསུམ་མཎྚལ་སྟོང་གསུམ་འཇིག་རྟེན་མ་ཁྲི་གསུམ་བདག་གཞན་དུས་གསུམ་མ་ཁྲི་བདུན་ཁ་སྐོང་བཅས་བསགས། དེ་ནས་བླ་མའི་རྣལ་འབྱོར་གྱི་སྐབས་ལ་བབས་ཚེ་བདག་ལུས་ཞིང་གི་སོགས་ཡན་ལག་བདུན་པ་འདོན་བཞིན་བརྐྱང་ཕྱག་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་འཚལ། དེ་ནས་དངོས་གྲུབ་སྒྲུབ་པ་དང་། དངོས་གྲུབ་བསྐུལ་བའི་གསོལ་འདེབས་གཉིས་པོ་ཐུན་གྱི་སྟོད་སྨད་བྱས་ནས་སིདྡྷི་སྟོང་རེའི་མཚམས་སུ་ཚར་རེ་བལྡབ། དེའི་འགྲོས་ཀྱིས་གསོལ་འདེབས་བསྙེན་པ་སིདྡྷི་འབུམ་བརྒྱ་དང་བཅུ་གསུམ་འགྲོ་ངེས་དགོས། དེ་ནས་དངོས་གཞི་ཐུན་མོང་བ་བུམ་དབང་གི་ལམ་ནང་སྒྲུབ་རིག་འཛིན་ཞི་དྲག་དང་། གསང་སྒྲུབ་ཐུགས་ཆེན་སྡུག་བསྔལ་རང་གྲོལ། ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན། ཡུམ་ཀ་རྩ་བའི་སྒྲུབ་པ་བདེ་ཆེན་རྒྱལ་མོ་བཅས་རྩ་བ་གསུམ་གྱི་དབང་བསྐུར་སྔོན་དུ་ཞུས་ནས། བསྙེན་སྒྲུབ་ལ་འཇུག་ཚེ། ཐོག་མར་བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས་དང་། སྲོག་སྡོམ་གཟེར་བཞིའི་མན་ངག་ཁྲིད་ཞུས་ཏེ་བསྐྱེད་རྫོགས་ཀྱི་གོ་དོན་ལྷོངས་པར་བྱ། དེ་ནས་བསྐྱེད་ཚུལ་ཡོ་ག་གསུམ་གྱི་གནད་ལ་བརྟེན་ནས། བསྙེན་སྒྲུབ་ཡན་ལག་བཞི་ལྡན་དུ། དུས་གྲངས་རྟགས་གསུམ་གང་རུང་གི་བསྙེན་ཚད་ཐོན་པར་བྱ། དེ་ནས་གསང་དབང་གི་ལམ། བདེ་སྟོང་རླུང་གི་རྫོགས་རིམ་བུམ་ཅན་ལ་བསླབ་པ། དྲོད་ཀྱི་རྣལ་འབྱོར་གཏུམ་མོ་འབར་འཛག་བསྒོམ་པ། གེགས་སེལ་འཁྲུལ་འཁོར་ལག་ཁྲིད་དང་བཅས་པ་ལ་རྟགས་ཐོན་པར་གནད་དུ་བསྣུན་པ་དང་། དེ་ནས་ཤེར་དབང་གི་ལམ་སྦས་དོན་ཐབས་ལམ་སྙན་བརྒྱུད་ཀྱི་ཁྲིད་མན་ངག་བཀའ་རྒྱ་མ་དང་བཅས་སོང་ནས། གཟོད་དངོས་གཞི་ཐུན་མོང་མ་ཡིན་པ་དབང་བཞི་པའི་ལམ་ཀ་དག་ཁྲེགས་ཆོད་ཀྱི་ངོ་སྤྲོད་སྙན་རྒྱུད་ཆུ་བོའི་བཅུད་འདུས་དང་། ཐོད་རྒལ་གནད་ཀྱི་མན་ངག་ཡིག་མེད་ཨུ་པ་དེ་ཤ་གཉིས་པོ་ཆིག་བརྒྱུད་སྨིན་ཁྲིད་དུ་བཏབ། དེ་དག་གི་རྒྱབ་སྐྱོར་དུ། ཁྲིད་ཡིག་ཆེན་མོ་ཡེ་ཤེས་བླ་མའི་བཤད་པ་སྨིན་རྒྱས་སུ་ཞུས་ནས་འཁོར་འདས་རུ་ཤན་རིག་པའི་རྩལ་དབང་སྣང་བཞི་བར་དོའི་གདམས་པ་དང་བཅས་པ་ལ་སྒྲོ་འདོགས་ཞུན་ཐར་ལེགས་པར་བཅད་ནས་སྐྱེ་འཆི་བར་དོའི་ལམ་ཁྱེར་ལ་རང་བྱན་ཚུད་པ་ཞིག་བྱུང་ན་རང་དྲིན་རང་ལ་ཆེ་ཞིང་། བླ་མའི་ཐུགས་དགོངས་རྫོགས། ཕ་མའི་དྲིན་ལན་སོད། བསྟན་པའི་ཞབས་ཏོག་གྲུབ་པ་བཅས་བྱུང་བ་ཡིན། དེ་ལྟར་མ་ཡིན་པར་ཞུས་ཞུས་ཐོབ་ལོ་རྣམ་གྲངས་མང་པོ་དང་། །མཚམས་ཀྱི་གཟུགས་བརྙན་ཙམ་གྱིས་ནི་དགོས་དོན་མི་འགྲུབ་ཅིང་འཆི་ཁར་ཕན་པ་དཀའ་སྟེ། ཀུན་མཁྱེན་ཆེན་པོས། ཡང་དག་དོན་གྱི་སྙིང་པོ་ཉམས་ལེན་ཞིག་མ་ནུས་ན། ཆོས་ཀྱི་གླེགས་བམ་འབུམ་ཕྲག་མང་པོ་བློ་ལ་ཡོད་ཀྱང་འཆི་ཁར་ཕན་ངེས་ནི་དཀའ་གསུངས་པ་ལྟར་ལགས་པས་སྙིང་ལ་རུས་པ་བཅུག་ནས་མཚམས་སྒྲུབ་མིང་དོན་མཚུངས་པ་ཞིག་ཅིས་ཀྱང་མཛད་འཚལ། ཞེས་གུ་རུའི་སྦས་ཡུལ་ཡོལ་མོ་གངས་རིའི་ཡང་ཁྲོད་ཀུན་བཟང་ཆོས་གླིང་གི་ལོ་གསུམ་སྒྲུབ་པ་པོ་གསར་ཞུགས་རྣམས་ཀྱིས་ཟིན་བྲིས་འདི་ལྟ་ཞིག་བྲིས་ཞེས་བསྐུལ་བ་དོན་ཡོད་པར་བྱ་ཕྱིར་སྙིང་ཐིག་ཆོས་ཀྱི་བདག་པོ་བཀའ་དྲིན་མཉམ་མེད་རྗེ་བཙུན་པདྨ་ལས་འབྲེལ་རྩལ་གྱི་སློབ་བུའི་ཐ་ཤལ་སངས་རྒྱས་རྡོ་རྗེས་བགྲང་བྱ་དོན་བཞིར་སོན་པ་ཟད་བྱེད་མེ་སྟག་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་བྲིས་པ་འདིས་ཀྱང་འོད་གསལ་སྙིང་ཐིག་གི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ། །

རི་ཆོས་མཚམས་ཀྱི་ལྷན་ཐབས། བྱ་བྲལ་སངས་རྒྱས་རྡོ་རྗེ།

༄༅། །རི་ཆོས་མཚམས་ཀྱི་ལྷན་ཐབས་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །འདིར་སྦས་ཡུལ་ཡོལ་མོ་གངས་རིའི་ཡང་ཁྲོད་སྒྲུབ་སྡེ་ཀུན་བཟང་ཆོས་གླིང་དུ་ལོ་གསུམ་ཞག་གསུམ་སྒྲུབ་པའི་དམ་བཅའ་བརྟན་པོ་བཟུང་བའི་སྐལ་ལྡན་སློབ་བུ་གསར་པ་རྣམས་ཀྱིས་རྒྱུན་པར་ཐུན་དང་ཐུན་མཚམས་རྣམས་སུ་ཉམས་ལེན་ཆོས་སྤྱོད་ཀྱི་རིམ་པ་ཇི་ལྟར་བྱ་ཚུལ་གོ་བདེ་བར་འགོད་པ་ལ། དེའང་ཐོག་མར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོ་རྣམས་ཐོ་རངས་སྡང་བའི་དུས་ཆུ་ཚོད་གསུམ་ཙམ་གྱི་ནམ་མ་ལངས་པའི་སྔོན་དུ་མལ་ནས་ལྡང་བའི་རྣལ་འབྱོར་གྱིས་ལང་། ལུས་གནད་སྐྱིལ་ཀྲུང་བཅའ། ངག་གནད་རླུང་རོ་ཞལ་ཤེས་ལྟར་ལན་གསུམ་མམ་དགུ་ཕྲུག་ཏུ་འབུད། དེ་ནས་ངག་བྱིན་རླབས་ལྕེ་དབང་རཾ་ཡིག་སོགས་དང་དབྱངས་གསལ་རྟེན་སྙིང་བཅས་སོ་སོར་བདུན་རེ་དང་། ཨོཾ་སམྦྷ་ར་སམྦྷ་ར་བི་མཱ་ན་སཱ་ར་མ་ཧཱ་ཛམྦྷ་བ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་འགྱུར་སྔགས་ལན་བདུན་བཟླ། ངག་བྱིན་རླབས་འདི་ཐུན་ཕྱི་མ་གསུམ་ལ་མི་དགོས། དེ་ནས་ཡིད་གནད་ཀུན་སློང་བཅོས་ཏེ་སེམས་བསྐྱེད་ལེགས་པར་གསལ་བཏབ། དེ་ནས་བླ་མ་ལ་གསོལ་བ་འདེབས་པའི་ཕྱིར་དུ་ངག་འདོན་རྡོ་གྲུབ་གསུང་རྣམ་མཁྱེན་ལམ་བཟང་གཞུང་བཞིན། བླ་མ་མཁྱེན་ཞེས་རྒྱང་འབོད་ལན་གསུམ་གྱིས་བོས་ལ། སྙིང་དབུས་དད་པའི་སོགས་ཚིག་རྐང་དྲུག་གིས་བཞེངས་བསྐུལ་གྱིས། སྙིང་གའི་བླ་མ་དབུ་མའི་ལམ་བརྒྱུད་སྤྱི་བོར་དགྱེས་བཞིན་བཞུགས་པར་བསམ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཀ་དག་གནས་ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་འདེབས་པ་དང་དབང་བླངས། ཐུགས་ཡིད་བསྲེ་ཞིང་ཅི་གནས་སུ་མཉམ་པར་གཞག་པ་སྟེ། ལུས་གནད། ངག་གནད། སེམས་གནད། བླ་མ་བསྒོམས་ནས་གསོལ་བ་འདེབས་པ་དང་བཞི་པོ་ནི་ཐུན་གྱི་སྔོན་འགྲོའམ་སྔོན་འགྲོའི་སྔོན་འགྲོ་བྱ་བ་ཡིན་པས། ཐུན་ཐམས་ཅད་ལ་འདི་མེད་དུ་མི་རུང་བ་དེ་ལྟར་ཤེས་དགོས། ཐུན་རྗེས་མ་རྣམས་ཀྱི་བླ་མ་ལ་གསོལ་བ་འདེབས་པ། སྤྱི་བོར་བླ་མ་བསྒོམ་ཞིང་གསོལ་འདེབས་གོང་ལྟར་བྱ་བ་ལས། བླ་མ་རྒྱང་འབོད་དང་བཞེངས་སྐུལ་གྱི་ཚིག་རྐང་དྲུག་བཅས་དོར་བ་ཁྱད་པར་རོ། །དེ་ནས་ཁྲིད་ཀྱི་རིམ་པ་རྣམས་མོས་སློབ་ཙམ་གྱིས་མི་ཆོག་པར་སྨིན་ཁྲིད་ཀྱི་ལུགས་ལྟར་བྱེད་དགོས་པས་ལོ་དང་པོར་སྔོན་འགྲོ་བློ་ལྡོག་རྣམ་བཞི་དང་། སེམས་བསྐྱེད་ཀྱི་བསླབ་བྱ་བཅས་པར་ཞག་བརྒྱའི་བར་བློ་སྦྱོང་བ་སྔོན་དུ་འགྲོ་བས། ཐུན་མིན་ནང་གི་སྔོན་འགྲོ་སྐྱབས་འགྲོ་ནས་བཟུང་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་བར་འབུམ་ལྔ་རྣམས་ལ་མྱོང་བ་དང་རྟགས་ཐོན་ཐོན་དུ་བསག་སྦྱང་བྱ། ལོ་བར་བ་ལ་ནང་སྒྲུབ་རིག་འཛིན་འདུས་པ་ནས་བཟུང་། རྩ་གསུམ་ཞི་དྲག་རྣམས་ལ་དུས་གྲངས་རྟགས་གསུམ་གང་རུང་དང་སྦྱར་བའི་བསྙེན་སྒྲུབ་ལས་གསུམ་རྫོགས་པར་བྱ། ལོ་ཐ་མ་ལ་རྩ་རླུང་དང་རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་ལ་རྩེ་གཅིག་ཏུ་ཉམས་ལེན་བསྐྱང་བ་སྟེ། དེ་ལྟར་ལམ་ཐུན་མོང་དང་ཁྱད་པར་གང་དང་གང་གི་སྐབས་སུ་བབས་པ་དེ་དང་དེའི་ཐུན་ལ་འཇུག་ཅིང་། ནམ་ལངས་པ་དང་ཐུན་གྲོལ་ལ། འདིར་བསང་གཡོག་པས་དུང་དཀར་གྱི་བརྡ་བཏང་ཚེ། ཀུན་གྱིས་རི་བོའི་བསང་མཆོད་བཏང་གྲུབ་པ་དང་ཞོགས་ཇ་བཞེས། དེ་ནས་སྔ་ཐུན་ལ་འཇུག །ཐུན་གྲོལ་ནས། སྙིང་ཐིག་སྤུངས་གཏོར་བསྡུས་པ་དང་། མཆོག་གླིང་གཏེར་གསར་མཆོད་སྦྱིན་སྤྱད་གྲོལ་བཅས་བཏང་ནས། བརྐྱང་ཕྱག་བརྒྱ་རྩ་རེ་འཚལ་བ་དང་སྦྲགས། ལྟུང་བཤགས་དང་ཞི་ཁྲོའི་བཤགས་ཆུང་། ཡེ་ཤེས་སྐུ་མཆོག་མ་བཅས་ངག་ཏུ་འདོན། དེ་ནས་གུང་ཚིགས་བཞེས། བར་འདིར་ཁྲིད་ཡིག་དང་། དམ་པ་གོང་མའི་རྣམ་ཐར་མགུར་འབུམ་ཞལ་གདམས་སྐོར་མཇལ་བ་སོགས་ཆོས་སྤྱོད་ཀྱི་བྱ་བས་འདའ་བར་བྱའོ། །དེ་ནས་ཕྱི་དྲོའི་ཆུ་ཚོད་དང་པོ་ཙམ་ནས་དགོང་ཐུན་ལ་འཇུག་ཅིང་གྲོལ་བའི་རྗེས། གསང་སྔགས་ནང་གཏོར་མཁྱེན་བརྩེའི་གསུང་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་བསྐང་བཤག་དང་གཏོར་བསྔོས་བསྡུས་པ་དངོས་གྲུབ་མཆོག་སྦྱིན་བཏང་། དེ་ནས་སྐུ་རིམ་སྐོར། ཟབ་མདོ། སེང་གདོང་། གདུགས་དཀར་བཅས་བཏོན་ལ་ཐལ་བརྡེབ་བྱ། དེ་ནས་སྤུངས་གཏོར་བསྡུས་པའི་དབུར་ཡོད་པའི་ཇོ་བོ་ཁ་སར་པ་ཎིའི་བདག་བསྐྱེད་གསལ་བཏབ་ལ་ཡིག་བདུན་ཕྲེང་སྐོར་གསུམ་ཙམ་བཟླ། གསུར་གཡོག་པས་དུང་དཀར་བཏང་བ་དང་། ཀུན་གྱིས་དཀར་གསུར་ཞིང་ཁམས་ཀུན་ཁྱབ་བཏང་རྗེས། བཟང་སྤྱོད་བདེ་སྨོན་བར་དོའི་སྨོན་ལམ་དུས་མཐར་གདབ་པའི་སྨོན་ལམ་སོགས་གང་རྒྱས་བཏོན་ལ། ནུབ་ཇ་བཞེས། དེ་ནས་ས་རུབ་པ་དང་བསྟུན་སྲོད་ཐུན་ལ་འཇུག །ཐུན་གྲོལ་རྗེས། ལུས་སྦྱིན་བཏང་། མཐར་སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་དང་། རྫོགས་ཆེན་གཞི་ལམ་འབྲས་བུའི་སྨོན་ལམ། ལེགས་སྨོན་དངོས་གྲུབ་རྒྱ་མཚོ་མ་བཅས་གྲུབ་པ་དང་ཉལ་བའི་རྣལ་འབྱོར། དང་པོ་སྔོན་འགྲོའི་སྐབས་སུ་བླ་མ་སྤྱི་བོ་ཚངས་བུག་ནས་མར་བྱོན། སྙིང་པདྨ་འདབ་བཞིའི་རྣམ་པར་གནས་པའི་ནང་དུ་བཞུགས་པ་དེའི་འོད་ཀྱིས་རང་ལུས་སྣོད་བཅུད་དང་བཅས་པ་འོད་གསལ་དུ་སྦྱངས་པའི་ནང་གསལ་ཐིམ་ལ་མ་རྨུགས་པའི་ངང་དུ་གཉིད་ལོག་པས་རྨི་ལམ་དང་འོད་གསལ་ཟིན་པར་འགྱུར་ལ། བར་དུ་བསྐྱེད་རིམ་གྱི་སྐབས་སུ་སྙིང་གའི་སྔགས་འཁོར་ལ་སེམས་བཟུང་སྟེ། དེ་ཉིད་བཟླ་བཞིན་པར་ཉལ་བ་དང་། ཐ་མ་རྫོགས་ཆེན་སྐབས་སུ་ཤེས་བྱ་བུམ་པར་བསྡུ་བའི་མན་ངག་ལྟར་ཉལ། སླར་ཡང་ཐོ་རངས་སྡང་བའི་རྣལ་འབྱོར་སོགས་སྔར་བསྟན་པ་བཞིན་ཉམས་སུ་ལེན་པ་བཅས་ཉིན་ཞག་ཕྲུགས་གཅིག་གི་ཐུན་མཚམས་ཀྱི་བྱ་བ་རྣམས་བསྟན་ཟིན། ཐུན་དངོས་གཞིའི་ཡུན་རིང་ཐུང་སྙོམས་པར་ཆུ་ཚོད་གསུམ་ཙམ་རེ་བྱས་ན་རན་པར་མཐོང་། ཐུན་གྲོལ་བསྡམས་ཀྱི་བརྡ་རྭ་དུང་བདུན་འབུད་འདི་ཀཿཐོག་དམ་པ་བདེ་གཤེགས་ཀྱི་ལུགས་ཏེ་རྙིང་ལུགས་ལ་གྲགས་ཆེ་བས་དེ་བཞིན་འབུད། གཞན་ཡང་བཟའ་བཏུང་གཡོས་བསྐོལ་དང་། གུང་ཚིགས་སྐབས་སོགས་ཀྱི་འདོན་དམིགས་རྣམས་མདོ་སྔགས་ཟུང་འཇུག་གི་སྤྱོད་ཡུལ་ལམ་ཁྱེར་སངས་རྒྱས་ལམ་ཞུགས་ལྟར་བྱའོ། །ད་ནི་ཞར་བྱུང་རྗེ་བླ་མ་རིན་པོ་ཆེའི་ཁྲིད་ཡིག་ཀུན་བཟང་ཞལ་ལུང་གི་ཟིན་བྲིས་སུ་བསྟན་པའི་འབྲེལ་བ་བཞི་ལྡན་ཞེས། འདུན་སྨོན་དམ་བཅའ། བླ་མ་ལ་གསོལ་བ་འདེབས་པ་དང་བཞི་ལས། ཕྱི་མའི་དོན་སྐྱབས་གསོལ་ཐུགས་རྗེ་བསྐུལ་ཞིང་ར་མདར་སྦྲན་པའི་ཚིག་གཞན་དུ་ཡང་ཡང་ཞལ་འཕངས་པ་ནི་འདི་ལྟ་སྟེ། བླ་མ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་བར། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལའང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །འདི་ནི་འཇིགས་པས་རྣམ་སྐྲག་པས། །ཀུན་ཏུ་བཟང་ལ་འདི་ཉིད་འབུལ། །འཇམ་པའི་དབྱངས་ལའང་འདི་ཉིད་ཀྱིས། །འདི་ཡི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་སྤྱོད་འཇུག་ལས་བྱུང་བ་རང་གཞན་སྐབས་དོན་དམིགས་བསལ་ཚིག་ཕྲད་བསྒྱུར་ཆོག་དང་། ༈ དཔའ་བོ་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་ཞིང་། །སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ། །ཞེས་རཱུ་དྲའི་སྨྲེ་བཤགས་ལས་བྱུང་བ་དང་། ༈ ཀྱེ་མ་ཀྱི་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་བརྩེ་བའི་ཐུགས་མངའ་བས། །བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །ཞེས་ཀར་གླིང་ཞི་ཁྲོའི་ཆོས་སྤྱོད་ཐུན་བཞིའི་རྣལ་འབྱོར་ལས་གསུངས་པ་རྣམས་ཀྱང་ལས་དང་པོ་པ་ལ་དཔེ་འཚོལ་གྱི་ངལ་བ་ཅན་རྣམས་འཇུག་བདེ་བ་ལ་ཕན་པའི་བློས། དཀྱུས་གཅིག་ཏུ་བཀོད་པ་ཡིན་ནོ། །རི་ཆོས་ལྷན་ཐབས་ཉུང་ངུ་འདི། །རི་པ་སངས་རྒྱས་རྡོ་རྗེ་ཡིས། །རི་བོ་གཡང་ཅན་མགུལ་དུ་བྲིས། །རི་ཁྲོད་འགྲིམས་པའི་ཆ་རྐྱེན་ཤོག ༈ །འོག་མིན་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ། །གཉིས་པ་སྦས་པའི་ཡང་ཁྲོད་དགའ་བའི་ཚལ། །ཀུན་བཟང་ཐུགས་ཀྱི་བསྟན་པ་ཨ་ཏིའི་ཆོས། །དུས་མཐར་གླིང་འདིར་དར་སྨིན་རྒྱས་གྱུར་ཅིག །དགེའོ། །

བློ་སྦྱོང་ཚིགས་རྐང་བརྒྱད་མ། དགེ་བཤེས་གླང་རི་ཐང་པ།

༄༅། །བློ་སྦྱོང་ཚིགས་རྐང་བརྒྱད་མ་བཞུགས་སོ། །བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་བསྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་ལྟ་ཞིང་། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུང་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག །རང་བཞིན་ངན་པའི་སེམས་ཅན་ནི། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །རིན་ཆེན་གཏེར་དང་འཕྲད་པ་བཞིན། །རྙེད་པར་དཀའ་བའི་གཅེས་འཛིན་ཤོག །བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་སྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རང་གིས་ལེན་པ་དང་། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིགགིས། །ཤིན་ཏུ་མི་རིགས་གནོད་ནའང་། །བཤེས་གཉེན་དམ་པར་བལྟ་བར་ཤོག །མདོར་ན་དངོས་དང་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡིས་གནོད་དང་སྡུག་བསྔལ་ཀུན། །གསུང་བའི་བདག་ལ་ལེན་པར་ཤོག །དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོགས་པའི་དྲི་མས་མ་སྦགས་ཤིང་། །ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་པའི་འཆི་བ་ལས་གྲོལ་ཤོག །ཅེས་བློ་སྦྱོང་ཚིག་རྐང་བརྒྱད་མར་གྲགས་པའི་གདམ་པ་འདི་ནི་སྣང་བ་མཐའ་ཡས་ཀྱི་སྒྱུ་འཕྲུལ་དགེ་བཤེས་ཆེན་པོ་གླང་རི་ཐང་བས་མཛད་པའོ། །སརྦ་མདྒ་ལཾ། དགེའོ། །

བློ་སྦྱོང་དོན་བདུན་མའི་རྩ་བ། དགེ་བཤེས་འཆད་ཁ་པ།

༄༅། །བློ་སྦྱོང་དོན་བདུན་མའི་རྩ་བ་བཞུགས་སོ། །བློ་སྦྱོང་དོན་བདུན་མའི་རྩ་བ་ནི། ཐེག་པ་ཆེན་པོའི་བློ་སྦྱོང་བཤད་པ་ལ། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་དང་། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་འཁྱེར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱ་དང་བདུན། དང་པོ་ནི། དང་པོ་སྔོན་འགྲོ་དག་ལ་བསླབ། །དངོས་གཞི་ལ་གཉིས་ལས། དང་པོ་དོན་དམ་བྱང་སེམས་སྦྱང་བ་ལ་མཉམ་རྗེས་གཉིས་ཡོད་པའི། མཉམ་བཞག་ནི། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །མ་སྐྱེས་རིག་པའི་གཤིས་ལ་དཔྱད། །གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ངོ་བོ་ཀུན་གཞིའི་ངང་ལ་བཞག །གཉིས་པ་རྗེས་ཐོབ་ནི། ཐུན་མཚམས་སྒྱུ་མ་སྐྱེ་བུར་བྱ། །གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། མཉམ་རྗེས་གཉིས་ལས། མཉམ་བཞག་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱངས། །དེ་ཉིད་རླུང་ལ་བསྐྱོན་པར་བྱ། །གཉིས་པ་རྗེས་ཐོབ་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །དེ་ལ་དྲན་པ་བསྐུལ་བའི་ཕྱིར། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱང་། །ལེན་པའི་གོ་རིམ་རང་ནས་བརྩམ། །གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་འཁྱེར་བ་ལ་གསུམ་ལས། དང་པོ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་རྐྱེན་ངན་ལམ་དུ་བསྒྱུར་བ། སྣོད་བཅུད་སྡིག་པས་གང་པའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་རྐྱེན་ངན་ལམ་དུ་བསྒྱུར་བ་ནི། འཁྲུལ་སྣང་སྐུ་བཞིར་ལྟ་བ་ཡིས། །སྟོང་ཉིད་སྲུང་བ་བླ་ན་མེད། །སྦྱོར་བ་ཁྱད་པར་ཅན་བསག་སྦྱང་གཉིས་ཀྱིས་རྐྱེན་ངན་ལམ་དུ་བསྒྱུར་བ་ནི། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །འཕྲལ་ལ་གང་ཐུག་བསྒོམ་དུ་སྦྱར། །བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ། །ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ལྔ་པ་བློ་སྦྱོང་བའི་ཚད་བསྟན་པ་ནི། ཆོས་ཀུན་དགོས་པ་གཅིག་ཏུ་འདུས། །དཔང་པོ་གཉིས་ཀྱི་གཙོ་བོར་བཟུང་། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །དྲུག་པ་བློ་སྦྱོང་གི་དམ་ཚིག་བསྟན་པ་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །འདུན་པ་བསྒྱུར་ལ་རང་སར་བཞག །ཡན་ལག་ཉམས་པ་བརྗོད་མི་བྱ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །ཉོན་མོངས་གང་ཆེ་སྔོན་ལ་སྦྱང་། །འབྲས་བུར་རེ་བ་ཐམས་ཅད་སྤངས། །དུག་ཅན་གྱི་ཟས་སྤང་། གཞུང་བཟང་པོ་མ་བསྟེན། ཤག་ངན་མ་རྒོད། འཕྲང་མ་བསྒུག །གནད་ལ་མི་དབབ། མཛོ་ཁལ་གླང་ལ་མ་འབྱོ། མགྱོགས་ཀྱི་རྩེ་མ་གཏོད། གཏོ་ལོག་མི་བྱ། ལྷ་བདུད་དུ་མི་དབབ། སྐྱིད་ཀྱི་ཡན་ལག་དུ་སྡུག་མ་འཚོལ། བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། བློ་སྦྱོང་མི་ཉམས་ཤིང་འཕེལ་བར་འགྱུར་བའི་ཐབས་ལ་བསླབ་སྟེ། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ལོག་གནོན་ཐམས་ཅད་གཅིག་གིས་བྱ། ཐོག་མཐའ་གཉིས་ལ་བྱ་བ་གཉིས། །གཉིས་པོ་གང་བྱུང་བཟོད་པར་བྱ། །གཉིས་པོ་སྲོག་དང་བསྡོས་ནས་སྲུང་། །དཀའ་བ་གསུམ་ལ་བསླབ་པར་བྱ། །རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་། །ཉམས་པ་མེད་པ་རྣམ་གསུམ་བསྒོམ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱང་། །ཁྱབ་དང་གཏིང་འབྱོང་ཀུན་ལ་གཅེས། །བཀོལ་བ་རྣམས་ལ་རྟག་དུ་བསྒོམ། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ད་རེས་གཙོ་བོ་ཉམས་སུ་བླངས། །གོ་ལོག་མི་བྱ། རེས་འཇོག་མི་བྱ། དོལ་ཆོད་དུ་སྦྱང་། རྟོག་དཔྱད་གཉིས་ཀྱིས་ཐར་བར་བྱ། ཡུས་མ་བསྒོམ། ཀོ་ལོང་མ་སྡོམ། ཡུད་ཙམ་པར་མི་བྱ། འོར་ཆེ་མ་འདོད། སྙིགས་མ་ལྔ་བོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །གཞུང་འདི་ནི་རྒྱལ་སྲས་ཐོགས་མེད་ཀྱི་བློ་སྦྱོང་དང་། བློ་སྦྱོང་གསུང་གྲོས་མ་དང་། །བློ་སྦྱོང་དོན་གསལ་ཤེས་རབ་སྒྲོན་མེ་རྣམས་ཀྱི་རྩ་བ་ཡིན་ནོ། །ལེགས་བཤད་ཀུན་བཏུས་ལས། བློ་སྦྱོང་གི་རྩ་བ་འདི་ལ་དོན་ཚན་བདུན་དུ་གཅོད་པ་འདི་དགེ་བའི་བཤེས་གཉེན་འཆད་ཀ་བས་མཛད་ཅེས་གྲགས་ཀྱང་། ཤ་ར་པའི་དགོངས་པར་མངོན་ནོ། །རྩ་བ་འདི་ནི་ཇོ་བོས་མཛད་པ་ལ་གཞི་བླངས་ནས་གོ་སླ་བའི་ཕྱིར། ཚིག་སྡེབས་ཅུང་ཟད་བཅོས་པ་ཙམ་ཡིན་གྱི་རང་དགར་མཛད་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །

ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་བློ་དམན་འཇུག་བདེར་བཀོད་པ་བྱང་ཆུབ་གཞུང་ལམ། ཀོང་སྤྲུལ་བློ་གྲོས་མཐའ་ཡས།

༄༅། །ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་བློ་དམན་འཇུག་བདེར་བཀོད་པ་བྱང་ཆུབ་གཞུང་ལམ་ཞེས་བྱ་བ་བཞུགས་སོ། །གུ་རུ་བུདྡྷ་བོ་དྷི་ས་ཏྭ་བྷྱེ་ན་མཿ བྱམས་པའི་འཁོར་ལོ་སྔོན་དུ་འགྲོ། །དོན་གཉིས་ཕྱོགས་ལས་རྣམ་པར་རྒྱལ། །ཐུབ་མཆོག་ཞབས་ཀྱི་པདྨོ་ནི། །མི་ཕྱེད་དད་པས་གཙུག་ཏུ་བཅིང་། །དཔའ་བོ་སྙིང་རྗེའི་གྲུ་བཟུང་ནས། །སྲིད་འགྲོ་སྡུག་བསྔལ་མཚོ་ལས་སྒྲོལ། །འཇམ་དཔལ་སྤྱན་རས་གཟིགས་དབང་སོགས། །གྲགས་ཆེན་རྒྱལ་བའི་སྲས་ལ་འདུད། །སྟོང་ཉིད་སྙིང་རྗེའི་ལམ་བཟང་སྟོན། །བླ་ན་མེད་པའི་དགེ་བའི་བཤེས། །རྒྱལ་བ་ཀུན་གྱི་འདྲེན་པ་ནི། །བླ་མའི་ཞབས་ལ་ཕྱག་བགྱིའོ། །སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ། །གོ་བར་སླ་བས་བསླད་མེད་ལ། །ལག་ལེན་བདེ་བས་འཇུག་པར་སྤྲོ། །ཟབ་པས་སངས་རྒྱས་འགྲུབ་དེ་འཆད། །འདིར་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་ཁྱད་པར་འཕགས་པ་བློ་སྦྱོང་དོན་བདུན་མའི་ཁྲིད་སྟོན་པ་ལ་གསུམ། བརྒྱུད་པའི་བྱུང་ཁུངས། སྤྱིའི་དགོས་དོན། ཁྲིད་གཞུང་དངོས་འཆད་པའོ། །དང་པོ་ནི། ཐུབ་དབང་སྲས་དང་བཅས་པའི་ཐུགས་ཀྱི་མན་ངག་སྙན་ནས་སྙན་ཏུ་བརྒྱུད་དེ་བྱང་ཆུབ་སེམས་ཀྱི་མངའ་བདག་གསེར་གླིང་པ་ཆོས་ཀྱི་གྲགས་པ་དང་། རང་གི་སྐུ་ཤ་དངོས་སུ་སྦྱིན་ཅིང་བྱམས་སྙིང་རྗེ་ལ་བརྟེན་ནས་སྟོང་ཉིད་རྟོགས་པ་བླ་མ་ངྷརྨ་རཀྵི་ཏ་དང་། གཞན་གྱི་སྡུག་བསྔལ་རང་ལ་དངོས་སུ་ལེན་ནུས་པ་བླ་མ་བྱམས་པའི་རྣལ་འབྱོར་པ་གསུམ་ལས་ཇོ་བོ་དཔལ་ལྡན་ཨ་ཏི་ཤས་ཡུན་རིང་དུ་འབད་རྩོལ་ཆེན་པོའི་ཚུལ་གྱིས་རྫོགས་པར་གསན་ནས་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས། བོད་ཀྱི་མགོན་དུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཞིག་ཀྱང་ཚུལ་འདི་ཁོ་ན་ལ་བརྟེན་ནས་བསྐོར། རིགས་ཅན་གསུམ་གྱི་གདུལ་བྱ་མཐའ་ཡས་པ་བྱང་གྲོལ་དུ་བཀོད་པ་ལས། སློབ་མའི་གཙོ་བོ་ཁུ་རྔོག་འབྲོམ་གསུམ་དང་། དེ་ལས་ཀྱང་སྤྱན་རས་གཟིགས་དངོས་འབྲོམ་སྟོན་རིན་པོ་ཆེའི་ཞལ་སློབ་རིགས་གསུམ་སྤྲུལ་བ་སྐུ་མཆེད་གསུམ་ལ། གཞུང་། གདམས་ངག །མན་ངག་གསུམ་གྱི་བཀའ་སོ་སོར་བབས་པ་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ལས་རིམ་པར་བརྒྱུད་དེ། བཀའ་གདམས་གཞུང་དྲུག་བཤད་སྲོལ་གྱི་བཀའ་དགེ་ལུགས་པ་ལ་བབས། བདེན་བཞི་གདམས་ངག་ཏུ་སྟོན་པའི་བཀའ་དྭགས་བརྒྱུད་པ་ལ་བབས། མན་ངག་ཐིག་ལེ་བཅུ་དྲུག་གི་བཀའ་སྲོལ་གཉིས་ཀས་སྐྱོང་བར་བཞེད། དེ་ལྟར་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པོ་བཀའ་གདམས་རིན་པོ་ཆེར་གྲགས་པ། ལྷ་བཞིས་ལུས་བརྒྱན། སྡེ་སྣོད་གསུམ་གྱིས་ངག་བརྒྱན། བསླབ་པ་གསུམ་གྱིས་སེམས་བརྒྱན་པའི་བཀའ་རྒྱུད་རིན་པོ་ཆེ་འདི་ལ། མདོ་ལུགས་རང་རྐང་དང་། སྔགས་དང་ཅུང་ཟད་འབྲེལ་བའི་གདམས་ངག་མཐའ་ཡས་པ་བཞུགས་པ་ཐམས་ཅད་ཀྱང་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་གྱི་ལམ་སྟོན་པ་ཤ་སྟག་ཡིན་མོད། གཙོ་བོར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བཀའ་བབས་པས་བརྒྱུད་འཛིན་སྐྱེས་ཆེན་ཕལ་མོ་ཆེས་བདག་གཞན་བརྗེ་བའི་མན་ངག་དང་རྣམ་ཐར་རྩལ་དུ་བཏོན་ཞིང་། དེ་ལའང་ཁྲིད་ཚུལ་གྱི་ཕྱག་སྲོལ་འདྲ་མིན་མང་བ་ལས། དོན་བདུན་མ་འདི་ནི་བྱ་འཆད་ཀ་བ་ཆེན་པོ་ཡེ་ཤེས་རྡོ་རྗེའི་གདམས་པའི་བཀའ་སྲོལ་ལས་བྱོན་པ་ལགས་སོ། །གཉིས་པ་ནི། མཐོ་རིས་ལྷ་མིའི་བདེ་འབྲས་ལ་སྙིང་པོ་མེད་པ་ལྟ་ཞོག །ཉན་རང་གི་བྱང་ཆུབ་ཐོབ་ཀྱང་མྱང་འདས་མཐར་ཐུག་མ་ཡིན་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཁོ་ན་དོན་དུ་གཉེར་དགོས། དེ་འཐོབ་པར་བྱེད་པ་ལ་བྱམས་སྙིང་རྗེ་ལ་བློ་སྦྱོང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། སྤྲོས་བྲལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དེ་གཉིས་ལ་མི་རྟེན་པའི་ཐབས་གཞན་ཡོད་པ་མ་ཡིན་ཏེ། འཕགས་པ་ཀླུས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་སོ། །དེའང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་ཀྱང་གང་དང་ལྡན་ན་མི་གནས་པའི་མྱང་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ཐེག་པ་ཆེན་པོའི་གྲངས་སུ་ཆུད་པའི་རྩ་བ་ནི་སེམས་བསྐྱེད་པ་ཁོ་ན་ཡིན་ཞིང་། དེའང་བྱམས་སྙིང་རྗེ་ལ་བརྟེན་ནས་སྐྱེ་བ་དང་། མཐར་ཐུག་གི་སངས་རྒྱས་ཐོབ་པ་དམིགས་མེད་སྙིང་རྗེས་གཞན་དོན་ཉག་གཅིག་མཛད་པ་ལས་ཅིའང་བྱར་ཡོད་པ་མ་ཡིན་པ་དང་། ལས་དང་པོ་པའི་རྒྱུད་ལ་དོན་དམ་བྱང་སེམས་ཇི་བཞིན་པ་མི་སྐྱེ་ཞིང་། ཀུན་རྫོབ་བྱང་སེམས་སྦྱོང་ན་ངེས་པར་སྐྱེ་ལ། དེ་སྐྱེས་པས་དོན་དམ་བྱང་སེམས་རང་ཤུགས་སུ་རྟོགས་པར་འགྱུར་བ་སོགས་སྒོ་དུ་མ་ནས་ཐོག་མར་སེམས་བསྐྱེད་པའི་དོན་འབྲས་ཀུན་རྫོབ་བྱང་ཆུབ་སེམས་ནན་ཏན་དུ་བསྒོམ་དགོས་ལ། དེའི་གདམས་ངག་འདུན་པས་སྦྱོང་བའི་ཐབས་ཀྱི་རྩ་བ་ནི། སློབ་དཔོན་ཞི་བ་ལྷས། །གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་གསུངས་པ་ལྟར། འོག་ཏུ་འཆད་པའི་བདག་གཞན་བརྗེ་བའི་བསྒོམ་རིམ་ཁོ་ན་སྟེ། བློ་སྦྱོང་རིམ་པ་གཞན་རྣམས་ཀྱང་འདི་ལས་འཕྲོས་པའི་ཡན་ལག་ཤ་སྟག་གོ། གསུམ་པ་ལ་གཉིས། གཞུང་ཁྲིད་དངོས་འཆད་པ་དང་། བརྒྱུད་པའི་གདམས་པས་ཁ་སྐོང་བའོ། །དང་པོ་ལ་བདུན། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་བའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱའོ། །དང་པོ་ནི། ཐོག་མར་སྔོན་འགྲོ་དག་ལ་བསླབ། ཅེས་གསུངས་ཏེ། འདི་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་ནི་ཐུན་ལ་འཇུག་པའི་ཐོག་མ་ཐམས་ཅད་དུ། རང་གི་སྤྱི་བོར་པད་ཟླའི་གདན་ལ་རྩ་བའི་བླ་མ་ཞལ་འཛུམ་བག་སྐུ་གཟི་བརྗིད་དང་ལྡན་ཞིང་། ཐུགས་དམིགས་མེད་སྙིང་རྗེས་འགྲོ་ལ་དགོངས་ཏེ་བཞུགས་པ། རྩ་བརྒྱུད་བླ་མ་ཀུན་འདུས་ཀྱི་ངོ་བོར་བསམ། མོས་གུས་དུང་དུང་བའི་ངང་ནས་སྤྲོ་ན་བརྒྱུད་པའི་གསོལ་འདེབས་ཀྱང་བྱ། ཁྱད་པར་དུ། བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་ལན་བརྒྱ་སྟོང་དུ་བཏབ་པའི་མཐར། བླ་མ་དེ་ཉིད་རང་གི་སྤྱི་བོའི་ཚངས་བུག་ནས་མར་བྱོན། སྙིང་འོད་ཀྱི་གུར་ཁང་སྒང་སྐོགས་ཁ་གྱེན་བསྟན་ལྟ་བུར་བཞུགས་པར་བསམ་ལ་མོས་གུས་དུང་བ་ཞིག་བྱ་བ་ནི་བླ་མའི་རྣལ་འབྱོར་ཏེ་ཐུན་འགོ་ཐམས་ཅད་དུ་གལ་ཆེའོ། །གཉིས་པ་ནི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས་བསམ་པ་བཞི་པོ་ཁྲིད་གསར་པ་ཡིན་ན་ལམ་རིམ་ལྟར་རྒྱས་པར་འཆད་ཅིང་། རྒྱུད་ལ་སྐྱེ་ངེས་སུ་བསྒོམ་དགོས་ལ། དམིགས་པའི་རྩ་བ་མདོར་བསྡུས་ལ་མོས་ན། ཆོས་སྒྲུབ་པའི་དལ་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཐོབ་པ་ལ་རྒྱུ་དགེ་བ་ཕུན་སུམ་ཚོགས་པ་བསྒྲུབ་དགོས། སེམས་ཅན་གྱི་ནང་ན་དགེ་བ་རྣམ་དག་བསྒྲུབ་པ་ཆེས་ཉུང་བས་འབྲས་བུ་དལ་འབྱོར་ཐོབ་པ་དཀའ། དུད་འགྲོ་ལ་སོགས་པ་འགྲོ་བ་གཞན་ལ་ལྟོས་ན་མི་ལུས་ཐོབ་པ་སྲིད་མཐའ་ཙམ་དུ་འདུག་པས། བདག་གིས་ད་རེས་མི་ལུས་ལན་ཅིག་ཐོབ་པ་འདི་ཆུད་ཟོས་སུ་མི་གཏང་བར་ཆོས་རྣམ་དག་ཅི་ནུས་ཀྱང་བྱ། དེའང་ཚེ་ལ་ངེས་པ་མེད་ཅིང་འཆི་བའི་རྐྱེན་ཤིན་ཏུ་མང་། དེ་རིང་ཙམ་ཡང་མི་འཆི་བར་འདུག་པའི་གདེང་ཡང་མེད་པས། ད་ལྟ་ཉིད་ནས་དམ་པའི་ཆོས་ལ་འབད་དགོས། འཆི་བའི་ཚེ་དགེ་སྡིག་གཉིས་པོ་མ་གཏོགས་ཟས་ནོར་ལོངས་སྤྱོད་གནས་ལུས་དབང་ཐང་གང་ཡང་རྗེས་སུ་མི་འབྲང་ཞིང་ཕན་པ་སྤུ་ཙམ་ཡང་མེད་པས་ཅིས་ཀྱང་དགོས་པ་མེད། ཤི་བའི་འོག་ཏུ་ལས་དབང་གིས་འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་མ་གཏོགས་བདེ་བ་སྐྲ་རྩེ་ཙམ་མེད། དགེ་སྡིག་གི་ལས་ལས་བདེ་སྡུག་གི་འབྲས་བུ་འབྱུང་བ་ནི་བསླུ་བ་མེད་པས་སྡིག་པ་སྲོག་ལ་བབས་ཀྱང་མི་བྱེད། དགེ་བ་ཁོ་ནར་འབད་པ་ཆེན་པོས་བསྒྲུབ་པར་བྱའོ་སྙམ་པ་ནན་ཏན་ཏུ་སྦྱང་། ཐུན་མཇུག་རྣམས་སུ་ཡན་ལག་བདུན་པ་ཅི་ནུས་དང་། ཐུན་མཚམས་སུ་དམིགས་པའི་དོན་ལག་ལེན་ཏུ་འདེབས་པ་ནི་སྦྱོར་དངོས་ཐམས་ཅད་ལ་འགྲེ་བར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དོན་དམ་བྱང་སེམས་ཞར་བྱུང་དུ་བསྒོམ་པ། ཀུན་རྫོབ་བྱང་སེམས་གཙོ་བོར་བསྒོམ་པའོ། །དང་པོ་ལ་གཉིས། ཐུན་དང་ཐུན་མཚམས་སོ། །དང་པོ་ལ་སྦྱོར་བ་བླ་མའི་རྣལ་འབྱོར་སོང་ནས། ལུས་དྲང་པོར་འདུག་སྟེ་དབུགས་ཕྱིར་འགྲོ་དང་ནང་འགྲོ་ལན་ཉེར་གཅིག་གི་བར་དུ་མ་འཁྲུགས་པར་བགྲངས་བས་བསམ་གཏན་གྱི་སྣོད་དུ་རུང་བར་འགྱུར་རོ། །དངོས་གཞི་ནི། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །ཞེས་གསུངས་པས། སྣོད་བཅུད་དངོས་པོའི་ཆོས་གཟུང་བའི་ཡུལ་དུ་སྣང་བ་འདི་རྣམས་རང་གི་སེམས་ཀྱི་འཁྲུལ་སྣང་ཁོ་ན་ཡིན་པས། དོན་ལ་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དེ་རྨི་ལམ་གྱི་སྣང་བ་ལྟ་བུའོ། །ཞེས་བསམ་ལ་འདུན་པ་ཅུང་ཟད་སྦྱང་། སེམས་ཉིད་བདེན་ནམ་སྙམ་ན། མ་སྐྱེས་རིག་པའི་གཤིས་ལ་དཔྱད། །ཅེས་གསུངས་ཏེ། རང་སེམས་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་པས་ཁ་དོག་དབྱིབས་སོགས་གང་དུའང་མ་གྲུབ་ཅིང་བྱུང་བའི་ཁུངས་མེད་པས་དང་པོར་མ་སྐྱེས། ད་ལྟ་ལུས་ཀྱི་ཕྱི་ནང་ལ་སོགས་པ་གང་དུའང་མི་གནས། མཐར་འགྲོ་ཞིང་འགག་པའི་ཡུལ་མེད་པ་སྐྱེ་འགག་གནས་བྲལ་གྱི་རིག་པའི་གཤིས་ལ་སེམས་ཚོལ་གྱི་དཔྱད་པས་ཐག་ཆོད་ཀྱི་ངེས་ཤེས་ཐོབ་པར་བྱ། དེའི་ཚེ་ལུས་སེམས་ཐམས་ཅད་སྟོང་བའོ་སྙམ་པ་དང་། སྟོང་བ་ཅིས་ཀྱང་ཕན་གནོད་མེད་དོ་སྙམ་པ་སོགས་གཉེན་པོའི་རྣམ་རྟོག་བྱུང་ན། གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ཞེས་གསུངས་ཏེ། གཉེན་པོ་བདེན་མེད་ཀྱི་འདུན་པ་དེ་གའི་ངོ་བོ་ལ་བལྟས་པས། དེ་ཉིད་ཀྱང་གཏད་མེད་རང་སར་གྲོལ་བ་དེའི་ངང་དུ་ལྷོད་ཀྱིས་ཀློད། དེ་དག་ནི་དཔྱད་སྒོམ་པའི་གྲུབ་དོན་མན་ངག་ཏུ་བསྟན་པའོ། ངོ་བོ་ཀུན་གཞིའི་ངང་ལ་བཞག །ཅེས་པ་ནི་འཇོག་ཚུལ་དངོས་བསྟན་པ་སྟེ། རྣམ་ཤེས་ཚོགས་བདུན་གྱི་སྤྲོ་བསྡུ་ཐམས་ཅད་དང་ཕྲལ་ནས། ཆོས་ཐམས་ཅད་ཀྱི་ངོ་བོ་ཀུན་གཞི་རང་ལུགས་དགེ་བ་བདེ་གཤེགས་སྙིང་པོའི་སྒྲས་བསྟན་པ། སྤྲོས་བྲལ་གསལ་ལ་མི་རྟོག་པའི་མཚན་ཉིད་ཅན་གྱི་ངང་དུ། གཤིས་ཅིར་ཡང་མ་གྲུབ་པ་ལ་བློས་གང་ཡང་མི་འཛིན་པར་རང་བབ་ཏུ་བཞག་པ་སྟེ། མདོར་ན་རྣམ་རྟོག་གི་རྗེས་སུ་མི་འབྲང་བར་སེམས་ཉིད་གསལ་ལ་རྟོག་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག་པ་ནི་འཇོག་སྒོམ་པའི་བབས་སོའོ། །རྗེས་ཡན་ལག་བདུན་པ་སྔར་ལྟར་འགྲེའོ། །གཉིས་པ་ནི། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །ཞེས་པས། ཐུན་མཚམས་སུ་སྤྱོད་ལམ་ཅི་བྱེད་ཀྱང་མཉམ་གཞག་གི་ཉམས་དང་མ་བྲལ་བར། རང་གཞན་སྣོད་བཅུད་གང་སྣང་ཐམས་ཅད་མེད་བཞིན་ཏུ་སྣང་བ་སྒྱུ་མའི་སྐྱེས་བུ་ལྟར་བདེན་མེད་དུ་ཤེས་པའི་འདུན་པ་རྒྱུན་ཆགས་སུ་བསྐྱེད་དོ། །གཉིས་པ་ཀུན་རྫོབ་བྱང་སེམས་སྒོམ་པ་ལ་གསུམ། སྦྱོར་བ། དངོས་གཞི། ཐུན་མཚམས་ཀྱི་ཆོས་སོ། །དང་པོ་སྔོན་འགྲོ་སོགས་གོང་ལྟར་ལ། གཏོང་ལེན་གྱི་གཞི་བྱམས་སྙིང་རྗེ་བསྒོམ་དགོས་དེ། དེའང་ཐོག་མར་རང་གི་རྩ་བའི་མ་མདུན་དུ་ཡོད་པར་དམིགས། འདིས་བདག་ལྟོ་ན་གནས་པ་ནས་བཟུང་སྟེ་འབད་རྩོལ་ཆེན་པོས་བསྐྱངས། མོ་རང་ན་ཚ་འཁྱག་ལྟོགས་ཐམས་ཅད་བསྲན། ཟས་གོས་སྟེར། མི་གཙང་བ་ཕྱིས། བཟང་པོ་བསླབ། ངན་པ་ལས་བཟློག་པས་ད་ལྟ་སངས་རྒྱས་ཀྱི་བསྟན་པ་དང་མཇལ་ཞིང་ཆོས་སྒྲུབ་ཏུ་ཡོད་པས་ཤིན་ཏུ་དྲིན་ཆེ། ཚེ་འདི་ཁོ་ནར་མ་ཟད་ཚེ་རབས་དཔག་ཏུ་མེད་པ་རྣམས་སུའང་དེ་ཁོ་ན་ལྟར་བྱས་ནས། བདག་གི་དོན་བྱས་པས་འདི་རང་འཁོར་བར་འཁྱམས་ཤིང་སྡུག་བསྔལ་སྣ་ཚོགས་མྱོང་བ་སྙིང་རྗེ་སྙམ་པ་དྲག་ཏུ་བསྒོམ། དེ་ནས་ཁ་ཙམ་མིན་པའི་སྙིང་རྗེ་སྐྱེས་ཤིང་འབྱོངས་ནས་རིམ་པར་རྒྱ་ཇེ་ཆེ་ལ་བསླབ་སྟེ། སེམས་ཅན་ཐམས་ཅད་རྩ་བའི་མ་དེ་ཇི་ལྟ་བ་བཞིན་ཏུ་ཐོག་མ་མེད་པ་ནས་མར་མ་གྱུར་པ་གཅིག་ཀྱང་མེད་ཕན་མ་བཏགས་པ་མེད་སྙམ་པས་ཐོག་མར་སྐྱེ་སླ་བ་མཛའ་བཤེས་གཉེན་འདུན། སྡུག་བསྔལ་ཤིན་ཏུ་ཆེ་བའི་ངན་སོང་གསུམ། ཉམ་ཐག་པའི་མི། ཚེ་འདིར་སྐྱིད་ཀྱང་ཤི་མ་ཐག་དམྱལ་བར་འགྲོ་བའི་སྡིག་པོ་ཆེ་རྣམས་ལ་བསྒོམ། དེ་འབྱོངས་ནས་སྐྱེ་དཀའ་བ་གནོད་བྱེད་དགྲ་དང་གདོན་སོགས་ལ་བསྒོམ། དེ་ནས་སེམས་ཅན་ཐམས་ཅད་ལ་བསྒོམ། བདག་གི་ཕ་མ་མི་འདོད་བཞིན་དུ་སྡུག་བསྔལ་སྣ་ཚོགས་མྱོང་བར་མ་ཟད་སྡུག་བསྔལ་གྱི་རྒྱུ་ཁམས་པོ་ཆེ་ལ་ལོངས་སྤྱོད་པ་འདི་རྣམས་སྙིང་རེ་རྗེ། ཅི་ཚུག་བྱ། ད་ནི་ངས་ཀྱང་འདི་རྣམས་ཀྱི་དྲིན་ལན་ཏུ་གནོད་པ་བསལ། བདེ་བ་དང་སྐྱིད་པ་བྱས་ནས་ཕན་གདགས་པར་བྱའོ་སྙམ་པའི་བློ་བསྲན་མི་བཟོད་པ་ཙམ་དུ་སྦྱོང་ངོ་། །གཉིས་པ་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱངས། །དེ་ཉིད་རླུང་ལ་བསྐྱོན་ཏེ་བྱ། །ཞེས་གསུངས་ཏེ། སྙིང་རྗེའི་ཡུལ་གྱུར་ཕ་མ་དེ་རྣམས་ལ་སྡུག་བསྔལ་གྱིས་དངོས་སུ་གནོད། ཀུན་འབྱུང་གིས་བརྒྱུད་ནས་གནོད་པས། མའི་རྒྱུད་ལ་ཡོད་པའི་སྡུག་བསྔལ་སྣ་ཚོགས་པ་དང་། ཀུན་འབྱུང་ལས་དང་ཉོན་མོངས་ཐམས་ཅད་བདག་གིས་བླང་བར་བགྱིའོ་སྙམ་པས་དེ་རྣམས་ཐམས་ཅད་རང་ལ་བྱུང་བར་བསྒོམ་ཞིང་། བྱུང་ན་དགའ་བའི་འདུན་པ་དྲག་ཏུ་བྱ། བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་དང་བདེ་བ་ཐམས་ཅད་ཕ་མ་སེམས་ཅན་ཐམས་ཅད་ལ་ལྟོས་པ་མེད་པར་བཏང་བར་བགྱིའོ་སྙམ་པས་བདེ་བ་དེ་རྣམས་གཞན་ལ་རེ་རེ་བཞིན་ཐོབ་པར་བསྒོམ་ཞིང་ཐོབ་ན་དགའ་བའི་འདུན་པ་དྲག་ཏུ་བྱ། ཁྱད་པར་དམིགས་རྣམས་གསལ་བའི་ཁྱད། རང་གི་དབུགས་ནང་དུ་རྔུབ་པ་དང་བསྟུན་སེམས་ཅན་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཅི་ཡོད་པ་ཐམས་ཅད་ནག་རུབ་ཀྱིས་བསྡུས། སྣ་སྒོ་ནས་ཞུགས། རང་གི་སྙིང་ནང་དུ་ཐིམ་པས་སེམས་ཅན་རྣམས་སྡིག་སྡུག་དང་གཏན་བྲལ་དུ་སོང་བར་བསམ། དབུགས་ཕྱིར་འགྲོ་བ་ན། རང་གི་བདེ་བ་དང་དགེ་བ་ཅི་ཡོད་པ་ཐམས་ཅད་ཟླ་ཟེར་ལྟ་བུའི་རྣམ་པས་སྣ་སྒོ་ནས་དཀར་ལམ་གྱིས་སོང་སེམས་ཅན་ཐམས་ཅད་ལ་ཐིམ། དེ་རྣམས་འཕྲལ་དེ་ལས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསམ་ཞིང་དགའ་བའང་སྒོམ། དེ་ལྟར་རླུང་ལ་གཏོང་ལེན་བསྐྱོན་པ་འདི་ཐུན་གྱི་དངོས་གཞིར་བྱས་ཏེ་སྦྱང་། ཕྱིས་སུའང་དྲན་པས་ནམ་ཟིན་ཟིན་ལ་ཉམས་སུ་ལེན། བློ་སྦྱོང་གི་དངོས་གཞི་འདི་ཉིད་ཡིན་ཏེ། ཞི་བ་ལྷས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་ཐུན་མཚམས་ཀྱི་ཉམས་ལེན་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །ཞེས་པ་ནི། ཡུལ་ཡིད་དུ་འོང་བ་དང་ཕན་འདོགས་པ་ལ་ཞེན་ཆགས། ཡིད་དུ་མི་འོང་བ་དང་གནོད་བྱེད་ལ་ཞེ་སྡང་། བར་མ་ལ་ཅིའང་མི་བསམ་པའི་གཏི་མུག་སྟེ་ཡུལ་གསུམ་ལ་བརྟེན་ནས་དུག་གསུམ་རྒྱུན་ཆགས་སུ་འབྱུང་བས། དེ་མ་ཐག་ངོས་ཟིན་པར་བྱས་ལ། དཔེར་ན་འདོད་ཆགས་སྐྱེས་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འདོད་ཆགས་ཇི་སྙེད་པ་ཐམས་ཅད་བདག་གི་འདི་ལ་འདུས་པར་གྱུར་ཅིག་སེམས་ཅན་ཐམས་ཅད་འདོད་ཆགས་མེད་པའི་དགེ་རྩ་དང་ལྡན་པར་གྱུར་ཅིག །དེ་རྣམས་ཀྱི་ཉོན་མོངས་པའི་གོ་བདག་གི་འདིས་ཆོད་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཉོན་མོངས་པ་དང་བྲལ་བར་གྱུར་ཅིག་སྙམ་དུ་བསམ། ཞེ་སྡང་སོགས་ལའང་དེས་འགྲེས་ཏེ་ལམ་དུ་ཁྱེར་བས་དུས་གསུམ་དགེ་བའི་རྩ་བ་མཐའ་ཡས་པ་གསུམ་དུ་འགྱུར་རོ། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱོང་། །ཞེས་པས། དུས་ཐམས་ཅད་དུ། བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་འཕགས་པའི་གསུང་དང་། ཁེ་དང་རྒྱལ་ཁ་ཐམས་ཅད་ཇོ་བོ་སེམས་ཅན་པ་རྣམས་ལ་འབུལ་ལོ། །གྱོང་དང་བུབ་ཁ་ཐམས་ཅད་བདག་གིས་བླང་བར་བགྱིའོ། །ཞེས་བཀའ་གདམས་པའི་གསུང་སྒྲོས་ལས་བྱུང་བ་དང་། སེམས་ཅན་རྣམས་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་ཅིང་། བདག་གི་དགེ་བ་དང་བདེ་བ་ཐམས་ཅད་སེམས་ཅན་རྣམས་ལ་སྨིན་པར་གྱུར་ཅིག །ཅེས་རྒྱལ་སྲས་ཐོགས་མེད་གསུང་སྟེ་དེ་ལྟ་བུ་གང་རུང་བརྗོད་ཅིང་འདུན་པ་དྲག་ཏུ་བྱ། ལེན་པའི་གོ་རིམ་རང་ནས་བརྩམ། །ཞེས་པས། གཞན་གྱི་སྡུག་བསྔལ་རང་ལ་ལེན་ནུས་པའི་ཕྱིར། གོ་རིམ་གྱི་ཐོག་མར་རང་ནས་བརྩམ་སྟེ། རང་ལ་མ་འོངས་པར་སྨིན་འགྱུར་གྱི་སྡུག་བསྔལ་ཐམས་ཅད་ད་ལྟ་ཡིད་ཀྱིས་བླངས་ལ། དེ་བྱང་ནས་གཞན་གྱི་སྡུག་བསྔལ་རྣམས་བླང་ངོ། །གསུམ་པ་ལམ་ཁྱེར་ནི། སྣོད་བཅུད་སྡིག་པས་གོས་པའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་གསུངས་ཏེ། སྣོད་ཀྱི་དཔལ་འབྱོར་ཉམས་པ་དང་། བཅུད་ཀྱི་སེམས་ཅན་མ་རུང་པས་འཚེ་བ་སོགས་སྡིག་པའི་འབྲས་བུ་སྡུག་བསྔལ་མང་པོས་གང་བའི་ཚེ། ཐོག་ཏུ་བབས་པའི་རྐྱེན་ངན་དེ་དག་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་དགོས་པས། དེ་ལ་གསུམ། ཀུན་རྫོབ་བྱང་སེམས་ལ་བརྟེན་པ། དོན་དམ་བྱང་སེམས་ལ་བརྟེན་པ། སྤྱོད་པ་ཁྱད་པར་ཅན་ལ་བརྟེན་པའོ། །དང་པོ་ནི། ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཞེས་པས། རང་གི་ལུས་ལ་ན་ཚ། སེམས་ཀྱི་སྡུག་བསྔལ། མི་ཁ་སྐུར་འདེབས། དགྲ་གྱོད་ཁ་མཆུ། མདོར་ན་རང་དང་རང་ཕྱོགས་ལ་མི་འདོད་པ་ཆེ་ཕྲ་ཅི་བྱུང་ཡང་། འདིས་གནོད་པ་བྱས་སོ་སྙམ་པའི་ལེ་ལན་གཞན་ལ་མི་བདའ་བར། བདག་མེད་པ་ལ་བདག་ཏུ་འཛིན་པའི་སེམས་འདིས། འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རང་འདོད་ཁོ་ནས་མི་དགེ་བ་སྣ་ཚོགས་བྱས་པའི་འབྲས་བུ་སྡུག་བསྔལ་འདི་རྣམས་ཐོག་ཏུ་བབས་པ་ཡིན་པས། གཞན་སུའང་མ་ལན་གྱི། བདག་གཅེས་འཛིན་འདིས་ལན་པས་འདི་གཅིག་པུ་ཅི་ཐུལ་བྱའོ་སྙམ་པས། ཆོས་ཐམས་ཅད་བདག་འཛིན་གྱི་ཐོག་ཏུ་རྩལ་སྤྲུགས་ལ་བཏང་སྟེ། སྤྱོད་འཇུག་ལས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་དང་། འདི་ཡིས་བརྒྱ་ཕྲག་ཐམས་ཅད་དུ། །འཁོར་བར་བདག་ལ་གནོད་པ་བྱས། །ད་ནི་འཁོན་རྣམས་དྲན་བྱས་ཏེ། །ཁྱོད་ཀྱིས་རང་དོན་སེམས་པ་གཞོམ། །ཞེས་སོགས་གསུངས་སོ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། ཞེས་པས། སྤྱིར་སངས་རྒྱས་སྒྲུབ་པ་ནི་ཡུལ་སེམས་ཅན་རྣམས་ལ་མ་བསྟེན་པར་སྒྲུབ་པའི་ཐབས་མེད་པས་བྱང་ཆུབ་འདོད་པའི་གང་ཟག་ལ་སངས་རྒྱས་དང་སེམས་ཅན་བཀའ་དྲིན་མཉམ། ཁྱད་པར་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་དྲིན་ཆེ། ཡང་དགོས་གནོད་བྱེད་ལ་སོགས་པ་འདི་རྣམས་བདག་གི་ཚོགས་བསག་དང་སྒྲིབ་སྦྱོང་གི་གྲོགས་དང་དཔུང་གཉེན་ཡིན་པས་ཤིན་ཏུ་བཀའ་དྲིན་ཆེ་སྙམ་དུ་བསམ་པ་གཏོང་ལེན་བསྒོམ། ཐ་ན་ཁྱི་དང་འབུ་སྲིན་ཡན་ཆད་ལ་ཁོང་མི་ཁྲོ་བར་དངོས་སུ་ཕན་ཅི་ཐོགས་ལ་འབད། མི་ནུས་ན་སེམས་ཅན་ནམ། གནོད་བྱེད་འདི་མྱུར་དུ་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པས་ངག་ཏུའང་བརྗོད། ཡང་ད་ཕྱིན་ཆད། བདག་གིས་དགེ་བ་ཅི་བྱེད་ཐམས་ཅད་འདིའི་དོན་དུ་བྱའོ་སྙམ་དུ་སེམས་བསྐྱེད། ལྷ་འདྲེ་ལ། ཐོག་མ་མེད་པ་ནས་བདག་གིས་འདི་ལ་གནོད་པ་བསྐྱལ་བས་གནོད་པ་བྱུང་། ད་རེས་དེའི་ལན་དུ་ཤ་ཁྲག་ལ་སོགས་པ་སྦྱིན་ནོ་སྙམ་པས། གནོད་བྱེད་དེའི་མདུན་དུ་རང་ལུས་བློས་བཏང་ལ། བདག་གི་ཤ་ཁྲག་ལ་སོགས་གང་འདོད་ཁྱོད་ཀྱིས་རོལ་ཅིག་ཅེས་བརྗོད་ཅིང་། བློས་ལིངས་ཀྱིས་བསྐྱུར་བས། གནོད་བྱེད་དེས་ཤ་ཁྲག་ལ་སོགས་པ་ལོངས་སྤྱོད་པས་རྒྱུད་ཟག་མེད་ཀྱི་བདེ་བས་གང་། བྱང་ཆུབ་ཀྱི་སེམས་གཉིས་སྐྱེས་པར་བསྒོམ། ཡང་བདག་གཉེན་པོ་དང་བྲལ་ནས་ཉོན་མོངས་སྐྱེས་པ་མ་ཚོར་པ་ལ། གནོད་བྱེད་འདིས་སྦྲན་པས་འདི་བླ་མའམ་སངས་རྒྱས་ཀྱི་སྤྲུལ་བ་ཡིན་ངེས་ཏེ། བདག་གི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་སྐུལ་མ་བྱས་པས་ཤིན་ཏུ་བཀའ་དྲིན་ཆེ་སྙམ་དུ་བསམ། ཡང་ནད་དང་སྡུག་བསྔལ་བྱུང་ན། འདི་མ་བྱུང་ན་བདག་ཚེ་འདིའི་བྱ་བས་གཡེངས་ཏེ་ཆོས་མི་དྲན་པར་འདུག །འདིས་ཆོས་དྲན་དུ་བཅུག་པས་བླ་མ་དཀོན་མཆོག་གི་ཕྲིན་ལས་ཡིན་བཀའ་དྲིན་ཆེ་སྙམ་དུ་སྙིང་ཐག་པ་ནས་བསམ། མདོར་ན་རང་དོན་སྒྲུབ་པའི་བསམ་སྦྱོར་སུ་ལ་ཡོད་པ་དེ་འཇིག་རྟེན་ཁྱིམ་པ་ཡིན་ཞིང་། གཞན་དོན་སྒྲུབ་པའི་བསམ་སྦྱོར་སུ་ལ་ཡོད་པ་དེ་ཆོས་པ་ཡིན་པས། གླིང་རུ་ཐང་བའི་ཞལ་ནས། ངས་ཇི་ཙམ་གྱི་ཆོས་ཟབ་མོ་ཞིག་ཞལ་ཕྱེ་སྟེ་བལྟས་ཀྱང་སྐྱོན་ཐམས་ཅད་རང་གི་ཡིན་པར་འདུག །ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་གྱི་ཡིན་པར་འདུག །དེའི་གནད་ཀས་ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་བུབ་ཀ་རང་གིས་ལེན་པ་འདི་མིན་པ་གོ་རྒྱུ་མེད་གསུངས། གཉིས་པ་ནི། འཁྲུལ་སྣང་སྐུ་བཞིར་ལྟ་བ་ཡི། །སྟོང་ཉིད་སྲུང་བ་བླ་ན་མེད། །ཅེས་གསུངས་ཏེ། སྤྱིར་སྣང་བ་ཐམས་ཅད་དང་། སྒོས་རྐྱེན་ངན་དེའང་རྨི་ལམ་དུ་མེས་འཚིགས་པའམ་ཆུས་ཁྱེར་ནས་ཉམ་ཐག་པ་ལྟར། རང་སེམས་འཁྲུལ་བའི་སྣང་བ་མི་བདེན་པ་ལ་བདེན་པར་བཟུང་བ་སྟེ། སྣང་ཡང་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་ཐག་བཅད། སྣང་ཙམ་དེ་འཛིན་མེད་ཀྱི་ངང་ལ་བཞག་པས། ངོ་བོ་སྟོང་བ་ཆོས་སྐུ། རྣམ་པ་གསལ་བ་སྤྲུལ་སྐུ། དེ་གཉིས་ཟུང་དུ་འཇུག་པ་ལོངས་སྐུ། དེ་རྣམས་དབྱེར་མེད་ངོ་བོ་ཉིད་སྐུ་སྟེ། སྐྱེ་འགག་གནས་གསུམ་ངོས་བཟུང་དང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ནི། སྐུ་བཞི་ངོ་སྤྲོད་ཀྱི་གདམས་ངག །ལྟ་བའི་གོ་ཆ། སྟོང་ཉིད་ཀྱི་སྲུང་འཁོར་ཅེས་འཁྲུལ་སྣང་གཅོད་པའི་མན་ངག་བླ་ན་མེད་པའོ། །གསུམ་པ་ནི། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཅེས་གསུངས་ཏེ། དེའང་ཚོགས་བསག་པའི་སྦྱོར་བ། སྡིག་པ་བཤགས་པའི་སྦྱོར་བ། ལྷ་འདྲེ་ལ་གཏོར་མ་སྦྱིན་པ། མཁའ་འགྲོ་ཆོས་སྐྱོང་ལ་མཆོད་གཏོར་འབུལ་བའི་སྦྱོར་བ་བཞི་དང་ལྡན་པ་ནི། རྐྱེན་ངན་ལམ་དུ་བྱེད་པའི་ཐབས་རྣམས་ཀྱི་མཆོག་ཡིན། དེ་ལ་དང་པོ་ནི། བདག་འདོད་པ་བདེ་བ་འདོད་ཀྱང་། འོང་བ་སྡུག་བསྔལ་ཁོ་ན་འོང་བ་འདིར་སྡུག་བསྔལ་གྱི་རྒྱུ་སྡིག་པ་སྤོང་། བདེ་སྐྱིད་ཀྱི་རྒྱུ་ཚོགས་བསགས་བྱས་པའི་བརྡར་འདུག་པས་དེ་ལྟར་བྱའོ་སྙམ་པས། བླ་མ་དཀོན་མཆོག་ལ་མཆོད་པ། དགེ་འདུན་ལ་བསྙེན་བཀུར། འབྱུང་པོ་ལ་གཏོར་མ། མར་མེ་སཱཙྪ་ཕྱག་བསྐོར་སོགས་ལུས་ངག་ཡིད་གསུམ་གྱི་ཚོགས་གསོག་ཅི་འགྲུབ་དང་། སྐྱབས་འགྲོ་སེམས་བསྐྱེད། ཁྱད་པར་ཡན་ལག་བདུན་པ་དང་མཎྜལ་ལ་འབད། བདག་ན་བ་ལེགས་ན་ན་བར་བྱིན་གྱིས་བརླབ་ཏུ་གསོལ། སོས་པ་ལེགས་ན་སོས་པར་བྱིན་གྱིས་བརླབ་ཏུ་གསོལ། ཤི་བ་ལེགས་ན་ཤི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རེ་དོགས་འགོག་པའི་གསོལ་བ་གདབ་པོ། །གཉིས་པ་ནི། འདུན་པ་སྔར་ལྟར་ལ། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པ་ཉེས་པ་ལས་ལྡོག་པའི་སྟོབས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་རྟེན་གྱི་སྟོབས། སྟོང་བ་ཉིད་བསྒོམ་པ་དང་། གཟུངས་སྔགས་ཁྱད་པར་ཅན་ཟློས་པ་སོགས་གཉེན་པོའི་སྒོ་དྲུག་ལ་འབད་ཅིང་རེ་དོགས་འགོག་པའི་གསོལ་འདེབས་བྱེད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བཞི་པོ་ཚད་དུ་ལོང་བར་བྱ། གསུམ་པ་ནི། གནོད་བྱེད་ལ་གཏོར་མ་སྦྱིན། ཁྱེད་ཀྱིས་སྔར་བདག་གི་ལན་ཆགས་བསྙེག་ཏུ་ཕྱིན་ཅིང་བུ་ལོན་ཁྱེར་བར་བྱེད་པ་ཤིན་ཏུ་བཀའ་དྲིན་ཆེ། ད་དུང་བདག་བརླག་པར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མི་འདོད་ནད་བྱུར་ཆགས་ཉམས་ཐམས་ཅད་བདག་ལ་སྨིན་པར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་མཛོད་ཅིག་ཅེས་ཕྲིན་ལས་བཅོལ། དེ་ལྟར་མི་ནུས་ན། གཏོར་མ་བཏང་། བྱམས་སྙིང་རྗེ་གཏོང་ལེན་བསྒོམ་ལ། ངས་ཁྱོད་ལ་འཕྲལ་དང་ཡུན་དུ་གང་ཕན་པ་བྱ་ཡིས། ངའི་ཆོས་ཀྱི་བར་ཆད་མ་བྱེད་ཅིག །ཅེས་བཀའ་བསྒོས། བཞི་པ་ནི། ཆོས་སྐྱོང་ལ་གཏོར་མ་འབུལ། ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་འགྲུབ་པའི་ཕྲིན་ལས་བཅོལ། ཁྱད་པར་གོང་སྨོས་རེ་དོགས་འགོག་པའི་གསོལ་འདེབས་བྱའོ། །རྐྱེན་གློ་བུར་བ་ལམ་དུ་སློང་བའི་ཕྱིར། འཕྲལ་ལ་གང་ཐུག་བསྒོམ་དུ་སྦྱར། །ཞེས་པས། གློ་བུར་དུ་ན་ཚ་གདོན་བགེགས་ཉོན་མོངས་པ་སོགས་རང་ལ་བྱུང་བའམ། གཞན་ལ་མི་འདོད་པས་གཙེས་པ་མཐོང་ན་གཏོང་ལེན་ཁོ་ན་བྱའོ་སྙམ་པ་དང་། དགེ་བ་སོགས་རང་གི་བསམ་སྦྱོར་ལེགས་པ་ཀུན་ལ། སེམས་ཅན་ཐམས་ཅད་འདི་བས་ཀྱང་ཆེས་ལྷག་པའི་ཆོས་ཀྱི་བྱ་བ་ལ་ངང་གིས་འཇུག་པར་གྱུར་ཅིག་སྙམ་པ་དང་། བདེ་བ་དང་སྐྱིད་པ་བྱུང་ནའང་དེ་བཞིན་ཏུ་སྦྱར། གལ་ཏེ་རྣམ་རྟོག་ངན་པ་སྐྱེས་པའམ། དབང་མེད་དུ་བྱ་བ་ངན་པ་ལ་འཇུག་དགོས་པ་བྱུང་ན། སེམས་ཅན་ཐམས་ཅད་ཀྱི་རྣམ་རྟོག་ངན་པའམ། བྱ་བ་ངན་པ་ཐམས་ཅད་བདག་གི་འདི་ལ་འདུས་པར་གྱུར་ཅིག་སྙམ་དུ་བསམ། མདོར་ན་ཟ་ཉལ་འགྲོ་འཆག་སྤྱོད་ལམ་ཅི་བྱེད་ཀྱང་གཞན་ཕན་གྱི་བསམ་པས་ཟིན་པར་བྱས་ནས། འཕྲལ་ལ་རྐྱེན་བཟང་ངན་གང་ལ་ཐུག་ཀྱང་བློ་སྦྱོང་གི་བསྒོམ་ཁོ་ནར་སྦྱང་བར་བྱའོ། །བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ལ་གཉིས། ཚེ་འདིར་ཇི་ལྟར་བྱ་བ་དང་། འཆི་ཀར་ཇི་ལྟར་བྱ་བའོ། །དང་པོ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ། །ཞེས་པ་སྟེ། དམ་པའི་ཆོས་ཉམས་སུ་ལེན་པའི་མན་ངག་ཟབ་དགུ་གཅིག་དྲིལ་ཉམས་ལེན་གནད་འགག་མདོར་བསྡུ་ན་སྟོབས་ལྔ་སྟེ། དང་པོ་འཕེན་པའི་སྟོབས་ནི། དུས་འདི་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་བར་དང་། ཁྱད་པར་མ་ཤིའི་བར་དང་། སྒོས་ང་ལོ་འདི་དང་ཟླ་བ་འདི། ཡང་སྒོས་དེ་རིང་ནས་སང་གི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་གཏན་ནས་མི་འབྲལ་བར་བྱའོ། །ཞེས་བློའི་འཕེན་པ་དྲག་པོ་བཏང་། གཉིས་པ་གོམས་པའི་སྟོབས་ནི། སྤྱོད་ལམ་མམ། དགེ་སྡིག་ལུང་མ་བསྟན་གྱི་བྱ་བ་ཅི་ཞིག་ལ་འཇུག་གི་འདུག་ཀྱང་དྲན་ཤེས་ཀྱིས་ཀྲིག་གིས་བཟུང་ནས་བྱང་ཆུབ་ཀྱི་སེམས་གཉིས་མ་བྲལ་བར་ཡང་དང་ཡང་དུ་སྦྱང་བ་སྟེ།

མདོར་ན་དགེ་སྦྱོར་གྱི་གཙོ་བོ་བྱང་ཆུབ་སེམས་ལ་བསླབ་པའོ། །གསུམ་པ་དཀར་པོའི་ས་བོན་གྱི་སྟོབས་ནི། བྱང་ཆུབ་ཀྱི་སེམས་སྐྱེ་བ་དང་འཕེལ་བའི་དོན་ཏུ་དགེ་བ་ཆོག་ཤེས་མེད་པར་ལུས་ངག་ཡིད་གསུམ་དགེ་བ་ལ་རྟག་ཏུ་འབུང་བའོ། །བཞི་པ་སུན་འབྱིན་པའི་སྟོབས་ནི། བདག་གཅེས་འཛིན་གྱི་རྣམ་རྟོག་ནམ་བྱུང་བ་ན། སྔར་ཡང་ཐོག་མ་མེད་པ་ནས་འཁོར་བར་འཁྱམས། སྡུག་བསྔལ་སྣ་ཚོགས་མྱོང་བ་ཁྱོད་ཀྱིས་ལན། ཚེ་འདིར་ཡང་སྡིག་པ་སྡུག་བསྔལ་ཇི་སྙེད་བྱུང་བ་ཐམས་ཅད་འདི་ཁོ་ནས་ལན། ད་ཡང་ཁྱོད་དང་འགྲོགས་ན་སྐྱིད་མེད། ད་རེས་འདི་ཅི་བརླག་ཅི་ཐུལ་བྱ་དགོས་སྙམ་པས་བདག་འཛིན་གྱི་རྣམ་རྟོག་རྒྱངས་ཀྱིས་སྤང་བའོ། ལྔ་པ་སྨོན་ལམ་གྱི་སྟོབས་ནི། དགེ་སྦྱོར་གང་བྱེད་ཀྱི་གཤམ་དུ། སྤྱིར་སེམས་ཅན་ཐམས་ཅད་བདག་ཁོ་ནས་སངས་རྒྱས་ཀྱི་ས་ལ་འདྲེན་ནུས་པར་གྱུར་ཅིག །ཁྱད་པར་དུས་འདི་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་རྨི་ལམ་དུའང་མི་བརྗེད་ཅིང་གོང་ནས་གོང་དུ་འཕེལ་བར་ཤོག་ཅིག །རྐྱེན་ངན་ཅི་བྱུང་ཡང་བྱང་ཆུབ་སེམས་ཀྱི་གྲོགས་སུ་འཁྱེར་ནུས་པར་གྱུར་ཅིག །ཅེས་ཞེ་ཐག་པ་ནས་གདབ་ཅིང་། དགེ་བ་ཐམས་ཅད་དེའི་དོན་དུ་བསྔོ་བར་བྱའོ། །གཉིས་པ་ཆོས་འདིའི་ལུགས་ཀྱི་འདའ་ཀ་མའི་གདམས་ངག་ཇི་ལྟར་བྱེད་ཅེ་ན། ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ཞེས་པ་སྟེ། ཆོས་འདི་ལ་སྦྱངས་པའི་གང་ཟག་འཆི་ངེས་པའི་ནད་ཀྱིས་ཐེབས་པའི་ཚེ། དང་པོར། ཡོ་བྱད་ཅི་ཡོད་པ་ཐམས་ཅད་སྤྱིར་བླ་མ་དཀོན་མཆོག་སྒོས་རང་ཉིད་ཕན་ཡོན་འདི་རང་ཆེ་སྙམ་པའི་ཕྱོགས་སུ་བཏང་ལ་ཆགས་ཞེན་འཁྲི་བ་སྤུ་རྩེ་ཙམ་མེད་པར་བྱེད་པ་དཀར་པོའི་ས་བོན་གྱི་སྟོབས། ནུས་ན་ཡན་ལག་བདུན་པ་འབུལ། མི་ནུས་ནའང་བདག་གིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་ཡོད་པའི་མཐུས། བདག་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་བརྗེད་ཅིང་སྦྱངས་ནས་གོང་དུ་འཕེལ་བར་གྱུར་ཅིག །ཆོས་འདི་སྟོན་པའི་བླ་མ་ཡང་དག་པ་དང་མཇལ་བར་གྱུར་ཅིག །དེ་ལྟར་འགྲུབ་པ་བླ་མ་དང་དཀོན་མཆོག་རིན་པོ་ཆེའི་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཡིད་རྩེ་གཅིག་པས་སྨོན་པ་སྨོན་ལམ་གྱི་སྟོབས་དང་། བདག་གཅེས་འཛིན་འདིས་སྐྱེ་བ་གྲངས་མེད་པར་སྡུག་ཏུ་བཅུག །ད་རེས་ཀྱང་འཆི་བའི་སྡུག་བསྔལ་མྱོང་། དོན་དམ་པར་བདག་དང་སེམས་མ་གྲུབ་པས་འཆི་རྒྱུ་མེད། ནའོ་འཆིའོ་བསམ་པའི་བདག་འཛིན་ཁྱོད་ཅི་ནས་བརླག་པར་བྱའོ་སྙམ་པ་སོགས་སུན་འབྱིན་པའི་སྟོབས་དང་། འཆི་ཁ་དང་བར་དོ་དང་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་དང་མ་བྲལ་བར་བྱའོ་སྙམ་པ་འཕེན་པའི་སྟོབས་དང་། སྔར་བསྒོམ་པའི་བྱང་ཆུབ་ཀྱི་སེམས་གཉིས་གསལ་འདེབས་པ་ནི་གོམས་པའི་སྟོབས་ཡིན་པས། གཙོ་བོར་དེ་དག་རྩེ་གཅིག་ཏུ་བྱ་ཞིང་། གྲོགས་སུ་སྤྱོད་ལམ་ཡང་གཅེས་ཏེ་ལུས་གནད་ཆོས་བདུན་ནམ། མི་ནུས་ན་གཞོག་གཡས་འོག་ཏུ་བཅུག །ལག་པ་གཡས་ལ་འགྲམ་པ་བརྟེན་པའི་མཐེའུ་ཆུང་གིས་སྣ་བུག་གཡས་བཀག །རླུང་གཡོན་ནས་རྒྱུ་བར་བྱས་ལ་བྱམས་སྙིང་རྗེ་སྔོན་ཏུ་འགྲོ་བས་རླུང་འགྲོ་འོང་དང་སྦྱར་ཏེ་གཏོང་ལེན་སྦྱང་། དེའི་རྗེས་ལ་འཁོར་འདས་སྐྱེ་འཆི་ལ་སོགས་པ་ཐམས་ཅད་སེམས་སྣང་ཡིན། སེམས་ཉིད་ཅིར་ཡང་མ་གྲུབ་པར་ཤེས་པའི་ངང་ལ་བློས་ཅིར་ཡང་མི་འཛིན་པར་བཞག །དེ་དག་གི་ངང་ལ་དབུགས་འགྲོ་ནུས་པར་བྱའོ། །འཆི་ཁའི་གདམས་ངག་འུད་ཆེ་བ་མང་སྟེ་འདི་ལས་ངོ་མཚར་བ་མེད་གསུངས། འགྲོན་བུ་མ་ཉམས་པའི་བསྲེག་ཐལ། རྡོ་ཁབ་ལེན་གྱི་ཕྱེ་མ་གཉིས་སྦྲང་སྨྱོན་ལ་སྦྱར་བ་སྤྱི་བོར་བྱུག་པའང་རྫས་ཀྱི་འཕོ་བའི་མན་ངག་ཡིན་ནོ། །ལྔ་པ་བློ་འབྱོངས་པའི་ཚད་བསྟན་པ་ནི། ཆོས་ཀུན་དགོས་པ་གཅིག་ཏུ་འདུས། །ཞེས་གསུངས་ཏེ། ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་དགོས་པ་ནི་བདག་འཛིན་འདུལ་བ་གཅིག་པུར་འདུས་པས། ཆོས་བྱས་བཞིན། བློ་སྦྱོང་སྒོམ་བཞིན་བདག་གཅེས་འཛིན་ཇེ་ཆུང་དུ་འགྲོ་དགོས། བདག་འཛིན་གྱི་གཉེན་པོར་མ་སོང་ན་ཆོས་བྱས་ཚད་དོན་མེད་དུ་སོང་བ་ཡིན། ཆོས་ཆོས་སུ་འགྲོ་མི་འགྲོའི་རྩ་བ་འདི་ལ་ཐུག་པས། འདི་ཆོས་སྲང་ལ་འཇལ་བའི་རྒྱ་མ་ཡིན་གསུངས། དཔང་པོ་གཉིས་ཀྱི་གཙོ་བོ་བཟུང་། །ཞེས་པ་ནི། གཞན་དག་གིས་ཆོས་པ་ཚད་ལྡན་ཏུ་མཐོང་བ་ཡང་དཔང་པོ་ཡིན་མོད་ཀྱི། རང་བློ་ལྐོག་གྱུར་འཇིག་རྟེན་ཕལ་བས་མི་རྟོགས། སྤྱོད་ལམ་ལེགས་པ་སྣ་རེས་ཀྱང་མགུ་བར་སྲིད། རང་སེམས་རང་གིས་མ་ཁྲེལ་བ་ཞིག་རྟག་ཏུ་བྱུང་ན་བློ་འབྱོངས་པའི་རྟགས་ཡིན་པས། གཞན་གྱི་དཔང་པོ་ལ་ཆགས་མི་འཇོག་པར། རང་སེམས་ཀྱི་དཔང་པོ་གཙོ་བོར་བཟུང་ངོ་། །ཡིད་བདེ་འབའ་ཞིག་རྒྱུན་ཏུ་བསྟེན། །ཞེས་པ་ནི། རྐྱེན་ངན་སྡུག་བསྔལ་ཅི་བྱུང་ཡང་འཇིགས་སྐྲག་ཡི་མུག་ནམ་ཡང་མི་སྐྱེ་བར། བློ་སྦྱོང་གི་གྲོགས་སུ་སོང་ནས་ཡིད་བདེ་འབའ་ཞིག་པ་དང་རྒྱུན་ཏུ་འགྲོག་པ་ནི་བློ་འབྱོངས་པའི་ཚད་ཡིན་པས། རྐྱེན་ངན་གང་བྱུང་ཡང་དེ་ལ་དགའ་བ་བསྒོམས་ནས། དེའི་སྟེང་དུ་གཞན་གྱི་རྐྱེན་ངན་ཐམས་ཅད་ཀྱང་དགའ་བཞིན་ཏུ་ལེན་པ་ལ་བསླབ་པར་བྱའོ། །ཡེངས་ཀྱང་ཐུབ་ན་འབྱོངས་བ་ཡིན། །ཞེས་པ་ནི། དཔེར་ན་རྟ་རྩལ་ཅན་དེ་ཡེངས་ཀྱང་རྟ་ལས་མི་ལྷུང་བ་ལྟར་གློ་བུར་དུ་རྐྱེན་ངན་བྱུང་བ་ན། ཆེད་གཏད་དྲན་པས་མ་བཟུང་ཡང་རྐྱེན་ངན་དེ་ཉིད་བློ་སྦྱོང་གི་གྲོགས་སུ་འགྲོ་ཐུབ་ན་འབྱོངས་བ་སྟེ། དགྲ་གཉེན་གནོད་བྱེད་བདེ་སྡུག་ཅི་སྣང་ཐམས་ཅད་ཀྱི་སྟེང་དུ། བྱང་ཆུབ་ཀྱི་སེམས་གཉིས་རྩོལ་མེད་ལྷང་ལྷང་སྐྱེ་བའོ། །བཞི་པོ་དེ་བྱང་ཆུབ་ཀྱི་སེམས་འབྱོངས་ཤིང་གནད་དུ་སོང་བའི་རྟགས་ཡིན་གྱི། སྦྱང་མི་དགོས་པའི་རྟགས་ཡིན་ཟེར་བ་མིན་པས། སངས་མ་རྒྱས་ཀྱི་བར་དུ་གོང་འཕེལ་ལ་བསླབ་པོ། །དྲུག་པ་བློ་སྦྱོང་གི་ཚིག་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །ཅེས་གསུངས་ཏེ། སྤྱི་དོན་གསུམ་ནི། བློ་སྦྱོང་ཁས་བླངས་དང་མ་འགལ་བ་སྟེ། སོ་ཐར་བྱང་སེམས་སྔགས་ཀྱི་བསླབ་པ་ཕྲ་མོ་ཚུན་ཆད་རང་གིས་གང་བླངས་པ་ལ་ཉེས་ལྟུང་གི་དྲི་མས་མ་གོས་པ་དང་། ཐོ་ཅོར་མ་ཤོར་བ་སྟེ། བདག་གཅེས་འཛིན་མེད་པ་གཞན་གྱིས་གོ་རུ་རེ་བས། ལྷ་རྟེན་བཤིག་པ། ཤིང་གཉན་གཅོད་པ། ཆུ་གཉན་དཀྲུགས་པ། མཛེ་སྤྲང་དང་འགྲོགས་པ་སོགས་ཐོ་ཅོའི་སྤྱོད་པ་སྤངས་ཏེ་རྣམ་ཐར་གཙང་སིང་ངེ་བར་བྱ་བ་དང་། ཕྱོགས་རེར་མ་ལྷུང་བ་སྟེ། མིའི་གནོད་པ་བཟོད་ཀྱང་ལྷ་འདྲེའི་གནོད་པ་མི་བཟོད་པ་དང་དེ་གོ་ལྡོག་པ་དང་། གཉེན་ལ་བཟོད་དགྲ་ལ་མི་བཟོད་པ་དང་། དེ་རྣམས་ལ་བཟོད་ཀྱང་ན་ཚ་སོགས་སྡུག་བསྔལ་ལ་མི་བཟོད་པ་དང་། དེ་ཐམས་ཅད་བཟོད་ཀྱང་སྐྱིད་ཐོག་ཏུ་ཆོས་འཆོར་བ་སོགས་བློ་སྦྱོང་ཕྱོགས་རེ་བ་སྤང་བ་དམ་ཚིག་ཡིན་པས་རྟག་ཏུ་བསླབ་པར་བྱའོ། །འདུན་པ་བསྒྱུར་ལ་རང་སོར་བཞག །ཅེས་པ་ནི། སྔར་རང་གཅེས་གཞན་མི་གཅེས་པའི་འདུན་པ་དེ་གོ་ལྡོག་ཏུ་བསྒྱུར་ལ་གཞན་དོན་ཁོ་ནར་གཅེས་པར་བཟུང་། བློ་སྦྱོང་ཐམས་ཅད་མངོན་ཚན་ཆུང་ལ་ས་ཆོད་ཆེ་བ་ཞིག་བྱ་དགོས་པས། ཕྱིའི་སྤྱོད་ལམ་ཆོས་མཐུན་གྱི་གྲོགས་པོ་གཞན་རྣམས་དང་འདྲ་བར་རང་སོ་ཐུབ་པར་བཞག་ལ། གཞན་གྱིས་མ་ཚོར་བར་རྒྱུད་སྨིན་པ་ཞིག་བྱའོ། །ཡན་ལག་ཉམས་པ་བརྗོད་མི་བྱ། །ཞེས་པས། གཞན་ལ་འཇིག་རྟེན་གྱི་སྐྱོན་ཞར་བ་གླེན་པ་ལ་སོགས་པ་དང་། ཆོས་ཀྱི་སྐྱོན་སྡོམ་པ་ཉམས་པ་སོགས་མི་སྙན་པའི་ཚིག་མི་བརྗོད་པར་ཞི་དལ་འཛུམ་དང་བཅས་པས་འཐད་ཅིང་ཡིད་ལ་འབབ་པའི་ཚིག་བརྗོད་དོ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །ཞེས་གཞན་ཕྱོགས་སེམས་ཅན་སྤྱི་དང་། ཁྱད་པར་ཆོས་སྒོར་ཞུགས་པ་གང་གིའང་སྐྱོན་མི་བསམ་སྟེ། སྐྱོན་མཐོང་བ་དེ་ང་རང་གི་སྣང་བ་མ་དག་པས་ལན། ཁོང་ལ་དེ་འདྲ་མེད། སངས་རྒྱས་བཅོམ་ལྡན་འདས་ལའང་སྐྱོན་ཏུ་མཐོང་བ་ཁ་ཅིག་བྱུང་བ་དང་འདྲ་སྙམ་དུ་བསམ་ལ། རང་བློ་སྐྱོན་ཅན་ཚར་བཅད་པར་བྱའོ། །ཉོན་མོངས་གང་ཆེ་སྔོན་ལ་སྦྱང་། །ཞེས་རང་རྒྱུད་ལ་ཉོན་མོངས་གང་ཆེ་བརྟག་ལ། ཐོག་མར་དེའི་སྟེང་དུ་ཆོས་ཐམས་ཅད་སྤུངས་ནས་འདུལ་ཞིང་སྦྱང་། འབྲས་བུར་རེ་བ་ཐམས་ཅད་སྤངས། །ཞེས་བློ་སྦྱོང་བསྒོམས་པས་ལྷ་འདྲེ་ཐུལ་དུ་རེ་བ་དང་། རང་བཟང་པོར་མཐོང་དུ་རེ་བས་གནོད་ལན་ཏུ་ཕན་གདགས་པ་སོགས་ཚུལ་འཆོས་ཡིན་པས་སྤང་སྟེ། མདོར་ན་ཚེ་འདིའི་བདེ་སྐྱིད་སྙན་གྲགས། ཕྱི་མ་ལྷ་མིའི་བདེ་བ་རང་ཉིད་མྱ་ངན་ལས་འདས་པ་ཐོབ་འདོད་སོགས་རང་དོན་ཡིད་བྱེད་ཀྱི་འབྲས་བུ་ལ་རེ་བ་ཐམས་ཅད་སྤང་ངོ་། །དུག་ཅན་གྱི་ཟས་སྤང་། ཞེས་པ་ནི། དངོས་པོ་བདེན་འཛིན་དང་། བདག་གཅེས་འཛིན་གྱིས་ཀུན་ནས་བསླངས་པའི་དགེ་སྦྱོར་ཐམས་ཅད་ཁ་ཟས་དུག་ཅན་དང་མཚུངས་པས་སྤང་ལ། འཛིན་མེད་སྒྱུ་མ་ལྟ་བུ་ལ་བསླབ་པོ། །གཞུང་བཟང་པོ་མ་བསྟེན། ཞེས་པ་ནི། དཔེར་ན་འཇིག་རྟེན་པའི་མི་གཞུང་བཟང་པོ་ཅན་དེས་ས་ཕྱོགས་དུས་ཚོད་ཇི་ཙམ་སོང་ཡང་རང་ལ་ལྟོས་པའི་མི་བརྗེད་པ་མེད་པ་དེ་བཞིན་ཏུ། རང་ལ་གནོད་པ་བྱས་པ་ལ་འཁོན་ཏུ་བཟུང་ནས་དེ་ལས་ནམ་ཡང་མི་ལྡོག་པ་དེ་སྤངས་ལ། གནོད་པའི་ལན་ཏུ་སླར་ཡང་ཕན་འདོགས་པའི་བསམ་སྦྱོར་དང་ལྡན་པར་བྱའོ། །ཤག་ངན་མ་རྒོད། ཅེས་པ་ནི། སྤྱིར་གཞན་གྱི་མཚང་འབྲུ་བ་ལ་དགའ་བར་མི་བྱ། སྒོས་སུ་ཕ་རོལ་པོས་རང་ལ་ཚིག་ངན་སྨྲས་པའི་ལན་དུ་གཞན་ལ་གནོད་པའི་ཚིག་མི་སྨྲ་བ་མ་ཟད། ཉེས་པ་བྱུང་ནའང་འདིས་ཞེས་མི་སྨྲ་བར་ནམ་ཡང་གཞན་གྱི་ཡོན་ཏན་བསྔགས་པ་ལ་བརྩོན་པར་བྱའོ། །འཕྲང་མ་སྒུགས། ཞེས་པས། གཞན་གྱིས་གནོད་པ་བྱས་པ་ཞེ་ལ་བཞག་ནས་ལོ་མང་པོ་ལོན་ཀྱང་མ་བརྗེད་པར་གནོད་ལན་འཁྱོལ་བའི་འཕྲང་བྱུང་དུས་གནོད་སྐྱེལ་བ་དེ་སྤངས་ནས་གནོད་ལན་ཕན་གང་ཐོགས་བཏགས་པ་སྟེ། གདོན་གྱི་གནོད་པ་ལྟ་བུ་ལའང་གནོད་འཛིན་མི་བྱ་བར་བྱམས་སྙིང་རྗེ་འབའ་ཞིག་བསྒོམ། གནད་ལ་མི་དབབ། ཞེས་མིའི་སྐྱོན་མཚང་ནས་འབྲུ་བ་སོགས་གནད་ལ་བཀར་བའི་ཚིག་དང་། མི་མ་ཡིན་པའི་སྲོག་སྔགས་འདྲེན་པ་སོགས་གཞན་སེམས་ལ་ཟུག་རྔུ་སྐྱེད་པའི་ཚིག་མི་བརྗོད། མཛོ་ཁལ་གླང་ལ་མ་འབྱོ། ཞེས་པས། རང་ལ་བབ་པའི་ཁག་ངན་གཞན་ལ་བསྐུར་བ་དང་། རང་ཐོག་ཏུ་བབས་པའི་བྱ་དཀའ་བ་གཡོ་སྒྱུས་གཞན་གྱི་སྟེང་དུ་བསྒྱུར་ན། མཛོའི་རྒྱབ་ཁལ་གླང་ལ་བྱོ་བ་ལྟ་བུ་སྟེ་དེ་ལྟར་མི་བྱ། མགྱོགས་ཀྱི་རྩེ་མ་གཏོད། ཅེས་རྟ་རྒྱུག་པའི་ཚེ་སུ་མགྱོགས་ལ་བློ་རྩེ་གཏོད་པ་བཞིན་ཆོས་པ་འདྲ་འདྲའི་ནང་དུ་རྙེད་བཀུར་སྙན་གྲགས་སོགས་རང་ལ་ལྷག་པར་འོང་དུ་རེ་བ་དང་། ཟང་ཟིང་གི་རྙེད་པ་ཐོབ་པའི་ཐབས་སྣ་ཚོགས་ལ་བརྩོན་པའི་བསམ་སྦྱོར་སྤངས་ཏེ། རྙེད་བཀུར་སྙན་གྲགས་བྱུང་མ་བྱུང་ལ་ཁྱད་མེད་པར་བྱའོ། །གཏོ་ལོག་མི་བྱ། ཞེས་པས། ཕུག་རང་བཟང་བར་འདོད་ནས་འཕྲལ་ཕམ་ཁ་ལེན་པ་དང་། ནད་གདོན་ཞི་དང་རྐྱེན་ངན་བཟློག་ཏུ་རེ་ནས་བློ་སྦྱོང་བྱེད་ན། གཏོ་བཅོས་བོན་གྱེར་བཞིན་ཏུ་ལོག་པའི་ཆོས་སུ་སོང་བ་ཡིན་པས་དེ་ལྟར་མི་བྱ་བར་སྐྱིད་སྡུག་གང་བྱུང་ཡང་རེ་དོགས་སྙེམས་འཕྲིགས་སྤངས་ཏེ་བསྒོམ། རྒྱལ་སྲས་ཐོགས་མེད་ཞལ་ནས། ཚན་གཅིག་གི་རྣམ་རྟོག་ལ་བློ་སྦྱོང་འདི། འདྲེ་གདོན་ལ་ཕན་པའི་ཐབས་ཞིག་ཏུ་གོ་བ་འདྲ་སྟེ། དེ་ཙུག་བྱེད་ན་བོན་བྱེད་པ་དང་ཁྱད་པར་མེད། ཆོས་བྱ་བ་ཉོན་མོངས་པ་དང་རྣམ་རྟོག་གི་གཉེན་པོར་འགྲོ་བ་ཞིག་དགོས་པ་ཡིན་གསུངས། འདིས་མཚོན་ནས་ཆོས་ལོག་ཟེར་བའང་། རྟག་ཆད་དུ་ལྟ་བ་ལྟ་ལོག །མཆོག་འཛིན་གྱི་སྒོམ་པ་སྒོམ་ལོག །སྡོམ་པ་གསུམ་དང་མི་མཐུན་པ་སྤྱོད་ལོག་སྟེ། དམ་པའི་ཆོས་ཚད་མ་ནས་གསུངས་པའི་ལྟ་སྤྱོད་དང་འགལ་བ་རང་གཞན་མཆོག་དམན་སུ་ལ་ཡོད་ཀྱང་ཆོས་ལོག་ཟེར་ཞིང་འཁོར་བ་དང་ངན་སོང་དུ་འཕེན་པ་ཡིན་ཏེ། དཔེར་ན་གཅོད་ལོག་གམ། ནད་ལ་སྨན་ལོག་ཅེས་པ་ལྟ་བུའོ། །གང་ཟག་ཁ་ཅིག་གིས་སྦྱར་བའམ། གཏེར་ནས་བྱུང་བ་འགའ་ཞིག་ཆོས་ལོག་ཅེས་རྩོམ་ཆོས་དང་གཏེར་ཆོས་དེ་དག་ཡང་དག་དང་ལོག་པ་ཡིན་མིན་ལེའུ་གཅིག་གི་ཚིག་དོན་ལའང་མ་དཔྱད་པར་སྨྲ་བ་ནི། གྲུབ་མཐའ་རང་རང་གི་ཞེན་ཕྱོགས་སམ། གང་ཟག་གི་གནས་སྐབས་ལ་ལྟོས་ནས་བསྒྲགས་པར་སྣང་མོད། གང་ཟག་གི་རྒྱུད་ཚོད་སངས་རྒྱས་མ་གཏོགས་གཞན་གྱིས་མི་གཟུང་བར་གསུངས་པས་ལྟ་སྤྱོད་ཚད་དང་ལྡན་ཕྱིན་གང་ཟག་དེ་ལ་རང་མ་མགུ་ཡང་དེ་ཙམ་གྱིས་ཆོས་ལོག་ཏུ་བསྒྲུབ་མི་ནུས་ཏེ། དཔེར་ན་གསེར་བཟང་པོ་དང་འདྲ་མིན་གཉིས་འཚོང་བ་པོ་མཆོག་དམན་གྱི་ཁྱད་པར་མེད་པ་བཞིན་ནོ། །དེས་ན་སངས་རྒྱས་ཀྱི་ཞལ་ནས། གང་ཟག་ལ་མི་སྟོན་ཆོས་ལ་སྟོན། ཞེས་ཡང་ཡང་བཀའ་བསྩལ་པ་སྟེ་འདིའང་གོ་བ་གལ་ཆེ་བ་སྣང་བ་ནི་འཕྲོས་སུ་སྨོས་པའོ། །ལྷ་བདུད་དུ་མི་དབབ། ཅེས་པས། བློ་སྦྱོང་སྒོམ་བཞིན་ང་རྒྱལ་དང་རློམས་སེམས་བྱས་ཏེ་རང་རྒྱུད་རེངས་ན། ལྷ་བདུད་དུ་བབས་པ་དང་འདྲ་བར་ཆོས་ཆོས་མིན་དུ་སོང་བ་ཡིན་པས། ཆོས་སམ་བློ་སྦྱོང་ཇི་ཙམ་སྒོམ་བཞིན་རང་རྒྱུད་ཇེ་ཐུལ་དུ་འགྲོ་བར་བྱས་ཏེ། ཀུན་ལ་བྲན་གྱི་ཐ་མ་ལྟར་བྱའོ། །སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་འཚོལ། ཞེས་ཡོན་བདག་སོགས་ལ་ན་ཚ་ཤི་ཆད་བྱུང་ན་ཟས་ནོར་འོང་། གྲྭ་རོགས་གྲོགས་མཆེད་ཤི་ན་དཔེ་ཆ་ལྷ་རྟེན་འོང་། རང་དང་མཉམ་པ་ཤི་ན་ང་གཅིག་པུ་ལ་བསོད་ནམས་འོང་། དགྲ་ཤི་ན་ལེགས་སྙམ་པ་སོགས་མདོར་ན་རང་སྐྱིད་པའི་ཡན་ལག་ཏུ་གཞན་ལ་མི་འདོད་སྡུག་བསྔལ་ཡོང་དུ་རེ་བ་སྤང་བར་བྱ་དགོས་སོ། །བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། ཞེས་གསུངས་ཏེ། ཟས་ཟ་བ། གོས་གོན་པ། ཉལ་བ། འགྲོ་འདུག་ལ་སོགས་པ་ཐམས་ཅད་གཞན་ལ་ཕན་གདགས་པའི་བསམ་པ་དང་མི་འབྲལ་བའི་རྣལ་འབྱོར་གཅིག་པུས་ལམ་དུ་ཁྱེར། ལོག་གནོན་ཐམས་ཅད་གཅིག་གིས་བྱ། ཞེས་དཔྱད་ཀྱི་ལོག་གནོན་ཏུ་དཔྱད་རང་བྱ་བ་བཞིན། བློ་སྦྱོང་བསྒོམ་པའི་ཚེ་ན་ཚ་རྐྱེན་ངན་མང་བ། མི་ཁ་སྐུར་འདེབས་ཟུག་པ། འདྲེ་གདོན་དགྲ་གྱོད་ཀྱིས་འཚེ་བ། རང་གི་ཉོན་མོངས་པ་ཆེ་རུ་སོང་བ། སྒོམ་སྙིང་མི་འདོད་པ་སོགས་བྱུང་ན། འཇིག་རྟེན་གྱི་ཁམས་ན་བདག་གི་ཉེས་པ་འདི་ལྟ་བུ་བྱུང་བའི་སེམས་ཅན་མང་པོ་ཡོད་པས་དེ་རྣམས་སྙིང་རེ་རྗེ་སྙམ་དུ་བསམ་ལ། མི་འདོད་པ་འདིའི་སྟེང་དུ་སེམས་ཅན་ཀྱི་མི་འདོད་པ་སྡུག་བསྔལ་ཐམས་ཅད་འདུས་པར་གྱུར་ཅིག་སྙམ་དུ་བདག་གཞན་བརྗེ་བའི་ལོག་གནོན་གཅིག་པུ་བྱའོ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །ཞེས་པས་ཐོག་མ་ནངས་པར་ལྡང་མ་ཐག་པའི་ཚེ། དེ་རིང་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་བྱའོ་སྙམ་པའི་འཕེན་པ་ཤུགས་དྲག་པོ་བཏང་། ཉིན་མོའང་དྲན་པ་རྒྱུན་ཆགས་ཀྱིས་ཟིན་པར་བྱས་མཐར་དོ་ནུབ་ཉལ་བ་ན་དེ་རིང་གི་བསམ་སྦྱོར་རྣམས་ལ་བརྟགས་ཏེ་བྱང་ཆུབ་ཀྱི་སེམས་དང་འགལ་བ་བྱུང་ན་རང་ལ་བརྔན་བགྲང་སྟེ་བཤགས་པ་དང་། ཕྱིན་ཆད་དེ་ལྟར་མི་འབྱུང་བའི་དམ་བཅའ་བྱ། མ་འགལ་བར་འདུག་ན་དགའ་བ་བསྒོམ་ཞིང་ཕྱིན་ཆད་རང་གཞན་ཐམས་ཅད་དེ་ལས་ཆེས་ལྷག་པ་ལ་འཇུག་ནུས་པའི་སྨོན་ལམ་གདབ་པ་སྟེ་བྱ་བ་གཉིས་པོ་དེ་ལ་དུས་རྒྱུན་ཏུ་བསླབ། ཉེས་ལྟུང་སྡོམ་པ་སོགས་ལའང་འདུན་བསམ་དེ་བཞིན་ཏུ་བྱའོ། །གཉིས་པོ་གང་བྱུང་བཟོད་པར་བྱ། །ཞེས་རང་ཉིད་ཤིན་ཏུ་སྡུག་བསྔལ་བ་དང་ཉམ་ཐག་པ་བྱུང་ནའང་སྔོན་ལས་སུ་བསམ་སྟེ་ཞེ་འཁོང་སེམས་སྡུག་མི་བྱ་བར་གཞན་གྱི་སྡིག་སྡུག་ཐམས་ཅད་ལེན་ཅིང་སྡིག་སྒྲིབ་སྦྱོང་བའི་ཐབས་ལ་འབད། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་སོགས་བདེ་སྐྱིད་ཆེར་བྱུང་ནའང་བག་མེད་བཏང་སྙོམས་ཀྱི་དབང་དུ་མི་བཏང་བར། ནོར་དགེ་ཕྱོགས་སུ་བཏང་། དབང་ཐང་དགེ་བར་བསྒྱུར། སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་པར་སྨོན་ལམ་གདབ། མདོར་ན་བདེ་སྡུག་གཉིས་པོ་གང་བྱུང་ཡང་བཟོད་པར་བྱ། གཉིས་པོ་སྲོག་དང་བསྡོས་ནས་སྲུང་། །ཞེས་སྡོམ་པ་གསུམ་སོགས་ཆོས་སྤྱིའི་བསླབ་བྱ་དང་། བློ་སྦྱོང་གི་སྒོས་ཀྱི་བསླབ་བྱ་དང་དམ་ཚིག་ཚུལ་བཞིན་སྲུང་བ་ལས་འདི་ཕྱིའི་བདེ་བ་ཐམས་ཅད་འབྱུང་བས་དམ་ཚིག་དེ་གཉིས་སྲོག་དང་བསྡོས་ནས་བསྲུང་། དེའང་ཅི་བྱེད་རང་དོན་གྱི་རྣམ་རྟོག་གི་འཁྲི་བ་མ་ཞུགས་པར་གཞན་ཕན་གྱི་བསམ་པ་ཁོ་ནས་བསྲུང་ངོ་། །དཀའ་བ་གསུམ་ལ་བསླབ་པར་བྱ། །ཞེས་པ་ནི། ཉོན་མོངས་པ་དང་པོར་ངོ་ཤེས་དཀའ། བར་དུ་ཟློག་པར་དཀའ། མཐར་རྒྱུན་གཅོད་པར་དཀའ་བས། དང་པོར་སྐྱེས་མ་ཐག་ཉོན་མོངས་པ་ཡིན་པ་ངོས་ཟིན་པར་བྱ། བར་དུ་གཉེན་པོའི་སྟོབས་བསྐྱེད་ནས་སྤང་། མཐར་ཕྱིན་ཆད་འདི་ལྟ་བུ་གཏན་ནས་མི་འབྱུང་བར་བྱ་སྙམ་པའི་ཞེ་བཅད་དེ་གསུམ་པོ་ལ་བསླབ་པར་བྱའོ། རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་། །ཞེས་ཆོས་སྒྲུབ་པའི་རྒྱུའི་གཙོ་བོ་བླ་མ་བཟང་པོ་དང་། རང་གི་བློ་ལས་སུ་རུང་བས་ཆོས་ཚུལ་བཞིན་ཉམས་སུ་ལོན་པ་དང་། ཟས་གོས་སོགས་ཆོས་སྒྲུབ་མཐུན་རྐྱེན་འཛོམ་པ་སྟེ། དེ་གསུམ་རང་ལ་འཛོམ་ན་དགའ་བ་བསྒོམ། གཞན་ལའང་དེ་གསུམ་ཚང་བར་སྨོན་ལམ་གདབ། མ་ཚང་ན་གཞན་ལ་སྙིང་རྗེ་བསྒོམ། སེམས་ཅན་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་མ་ཚང་བ་ཐམས་ཅད་རང་ལ་སྤུངས་ཏེ་བླང་། རང་གཞན་ཐམས་ཅད་དེ་གསུམ་དང་ལྡན་པར་སྨོན་ལམ་གདབ། ཉམས་པ་མེད་པ་རྣམ་གསུམ་བསྒོམ། །ཞེས་པ་ནི། ཐེག་པ་ཆེན་པོའི་ཆོས་ཀྱི་ཡོན་ཏན་ཐམས་ཅད་བླ་མ་ལ་རག་ལས་པས། བླ་མའི་མོས་གུས་ཉམས་པ་མེད་པ་དང་། བློ་སྦྱོང་ཐེག་ཆེན་ཀྱི་ཡང་སྙིང་ཡིན་པས། བློ་སྦྱོང་བསྒོམ་པ་ལ་སྤྲོ་བ་ཉམས་པ་མེད་པ་དང་། སྡོམ་པ་གསུམ་གྱི་བསླབ་བྱ་ཉམས་པ་མེད་པ་རྣམ་པ་གསུམ་ལ་བསླབ་པོ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཞེས་དུས་རྟག་ཏུ་ལུས་ངག་ཡིད་གསུམ་གྱི་སྡིག་པ་སྤོང་ཞིང་དགེ་བའི་རྩ་བ་འབྲལ་བ་མེད་པ་དང་སྡན་པར་བྱའོ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱང་། ཁྱབ་དང་གཏིང་འབྱོང་ཀུན་ལ་གཅེས། །ཞེས་ཡུལ་ལ་ཕྱོགས་རིས་མེད་པ་སེམས་ཅན་དང་། འབྱུང་བ་བཞི་སོགས་སེམས་ཅན་མ་ཡིན་པ་དང་མི་མ་ཡིན་སོགས་བློ་ཡུལ་དུ་བཟང་ངན་གང་ཤར་ཐམས་ཅད་ལ་བློ་སྦྱོང་ཁོ་ནས་ཁྱབ་པ་དང་། དེའང་ཁ་ཙམ་ཚིག་ཙམ་མ་ཡིན་པ་གཏིང་ནས་འབྱོང་པར་བྱ་བ་གཅེས་སོ། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །ཞེས་བློ་སྦྱོང་དཀའ་བའི་ཡུལ་སྡང་དགྲ། གནོད་པའི་བགེགས་ཁྱད་པར་རང་གིས་ཕན་བཏགས་པའི་ལན་ཏུ་གནོད་པ་བྱེད་པའི་ལོག་སྒྲུབ་མཁན་དང་། རང་གི་འགྲན་ཟླར་འདུག་པ། ལྷན་ཅིག་ཏུ་འགྲོགས་པ། ཞེ་འགྲས་མེད་ཀྱང་རང་བཞིན་གྱིས་གནོད་པ། ལས་ཀྱི་དབང་གིས་སྙིང་དུ་མི་སྡུག་པ་སོགས་ལ་ལྷག་པར་བྱམས་སྙིང་རྗེ་རྩལ་ཏུ་བཏོན་ནས་བསྒོམ་མོ། །བླ་མ་དང་ཕ་མ་སོགས་ཡུལ་གཉན་པོ་ལ་གནོད་པར་འགྱུར་བའང་ཁྱད་པར་དུ་སྤང་ངོ་། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ཞེས་ཁམས་བཟང་ངན་དང་། ལོངས་སྤྱོད་དཀོན་མོད་དང་། མི་ཁ་བྱམས་མི་བྱམས་དང་། གནོད་པ་ཡོད་མེད་སོགས་རྐྱེན་བཟང་ངན་གང་ལའང་རགས་མ་ལས་པར། མཐུན་རྐྱེན་འཛོམ་ན་འཛོམ་ཐོག་ཏུ་བློ་སྦྱོང་། མ་འཛོམ་ན་མ་འཛོམ་པ་དེ་ཉིད་ཀྱི་ཐོག་ཏུ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་སྟེ། མདོར་ན་རང་གཞན་ལ་མི་ལྟོས་པར་བློ་སྦྱོང་གི་རྣལ་འབྱོར་དང་རྟག་ཏུ་མི་འབྲལ་བའོ། །ད་རེས་གཙོ་བོ་ཉམས་སུ་བླང་། །ཞེས་ཐོག་མ་མེད་པ་ནས་ལུས་གྲངས་མེད་པ་བླངས་པ་ཐམས་ཅད་དོན་མེད་ཁོ་ནར་སོང་། ཕྱིས་ནས་ཀྱང་མཐུན་རྐྱེན་འཛོམ་པ་འདི་འདྲ་མི་འོང་བས་ད་རེས་མི་ལུས་ཐོབ། ཡང་དག་པའི་ཆོས་དང་མཇལ་བའི་སྐབས་འདིར་ཚེ་རབས་གཏན་གྱི་འདུན་མ་འགྲུབ་པའི་དོན་གྱི་གཙོ་བོ་ཞིག་ཉམས་སུ་བླང་དགོས། དེའང་ཚེ་འདིའི་དོན་ལས་ཕྱི་མའི་དོན་གཙོ་ཆེ། ཕྱི་མའང་འཁོར་བ་ལས་ཐར་བ་གཙོ། རང་དོན་ལས་གཞན་དོན་གཙོ། ཆོས་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ། སྒྲུབ་པ་གཞན་ལས་བྱང་ཆུབ་ཀྱི་སེམས་སྦྱོང་བ་གཙོ། དེའང་ལུང་རིགས་ཀྱི་དཔྱད་སྒོམ་ལས་བླ་མའི་མན་ངག་ཕུར་ཚུགས་སུ་བསྒོམ་པ་གཙོ། སྤྱོད་ལམ་གཞན་ལས་མལ་དུ་བསྡད་ནས་སྦྱོང་བ་གཙོ་ཆེའོ། །གོ་ལོག་མི་བྱ། ཞེས་པ་ནི། གོ་ལོག་དྲུག་སྤང་བ་སྟེ། ཆོས་སྒྲུབ་པའི་དཀའ་སྤྱད་མི་བཟོད་པར་དགྲ་འདུལ་གཉེན་སྐྱོང་ཞིང་ལས་ཚོང་ཁེ་སོགས་ཀྱི་སྡུག་བསྔལ་བཟོད་པ་བཟོད་པ་གོ་ལོག །ཆོས་རྣམ་དག་སྒྲུབ་པ་ལ་འདུན་པ་མི་བྱེད་པར་ཚེ་འདིའི་བདེ་སྐྱིད་དཔལ་འབྱོར་ལ་འདུན་པ་བྱེད་པ་འདུན་པ་གོ་ལོག །ཐོས་བསམ་སྒོམ་གསུམ་གྱི་རོ་མི་མྱང་བར་ཟང་ཟིང་ལོངས་སྤྱོད་ཀྱི་རོ་མྱང་བ་རོ་མྱང་གོ་ལོག །སྡིག་པ་བྱེད་པ་ལ་སྙིང་རྗེ་མི་བྱེད་པར་ཆོས་ཕྱིར་དཀའ་ཐུབ་བྱེད་པ་ལ་སྙིང་རྗེ་བསྒོམ་པ་སྙིང་རྗེ་གོ་ལོག །རང་ལ་ལྟོས་པའི་མི་ཆོས་ལ་མི་སྦྱོར་བར་ཚེ་འདིའི་ཆེ་ཐབས་ལ་སྦྱོར་བ་གཉེར་སེམས་གོ་ལོག །འཁོར་འདས་ཀྱི་བདེ་སྐྱིད་དང་དགེ་བ་ལ་དགའ་བ་མི་སྒོམ་པར་གཞན་ལ་མི་བདེ་བ་དང་དགྲ་ལ་སྡུག་བསྔལ་བྱུང་བ་ལ་དགའ་བ་བསྒོམ་པ་རྗེས་སུ་ཡི་རང་གོ་ལོག་སྟེ། དྲུག་པོ་དེ་རྣམ་པ་ཀུན་ཏུ་སྤང་བར་བྱའོ། །རེས་འཇོག་མི་བྱ། ཞེས་རེས་འགའ་བྱེད། རེས་འགའ་མི་བྱེད་པ་དེ་ཆོས་ལ་ངེས་ཤེས་མ་སྐྱེས་པ་ཡིན་པས། བློ་སྣ་མི་མང་བར་རྩེ་གཅིག་ཏུ་བློ་སྦྱང་བར་བྱ། དོལ་ཆོད་དུ་སྦྱང་། ཞེས་རྣམ་གཡེང་དང་མ་འབྲེལ་པར་བློ་སྦྱོང་ཁོ་ནར་བློ་ལིངས་ཀྱིས་བསྐྱུར་ལ་ཕྱོགས་གཅིག་ཏུ་སྦྱང་། རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། ཞེས་རང་རྒྱུད་ལ་རྒྱུན་དུ་རྟོག་ཅིང་དཔྱོད་པ་གཉིས་ཀྱིས་ཉོན་མོངས་དང་བདག་འཛིན་ལས་ཐར་བར་བྱ་དགོས་ཏེ། དེའང་རང་རྒྱུད་ལ་ཉོན་མོངས་པ་སྐྱེ་བའི་ཡུལ་ཡིད་ལ་བྱས་ཏེ། དྲག་ཏུ་སྐྱེ་མི་སྐྱེ་བརྟག །སྐྱེ་ན་གཉེན་པོ་དྲག་ཏུ་བསྟེན། ཡང་བདག་གཅེས་འཛིན་ཅི་འདྲ་འདུག་བལྟ། གལ་ཏེ་མེད་པ་ལྟར་འདུག་ན་ཆགས་སྡང་གི་ཡུལ་ཞིག་བསྟེན་ལ་བརྟག །དེའི་ཚེ་གཅེས་འཛིན་སྐྱེ་བར་འདུག་ན་བདག་གཞན་བརྗེ་བའི་གཉེན་པོས་དེ་མ་ཐག་སྤང་ངོ་། །ཡུས་མ་བསྒོམ། ཞེས་ཕ་རོལ་པོ་ལ་རང་གི་དྲིན་ཡོད་ཀྱང་ཡུས་ཆེ་མི་བྱ་སྟེ་བདག་བས་གཞན་གཅེས་སྒོམ་པའི་ཕྱིར་དང་། མཁས་པ་དང་བཙུན་པ་དང་ཆོས་ཉམས་སུ་བླངས་ནས་དཀའ་ཐུབ་ཡུན་རིང་བྱས་པ་སོགས་རང་དོན་ཡིན་པས་གཞན་ལ་ཡུས་བྱ་དོན་མེད་པའི་ཕྱིར། ཡུས་གཞན་ལ་མི་འཚོང་ངོ་། །མི་ལ་རེ་བ་མ་ཆེ། ལྷ་ལ་གསོལ་བ་ཐོབ་བྱ་བ་རྭ་སྒྲེང་པའི་བཀའ་ཡིན་གསུངས། ཀོ་ལོང་མ་སྡོམ། ཞེས་གཞན་ལ་ཕྲག་དོག་གི་བསམ་པ་མི་བྱ། གཞན་གྱིས་རང་ལ་མི་མང་སར་སྨ་ཕབ་པ་དང་། གནོད་པ་བྱེད་པ་སོགས་ལ་ལན་མི་བྱ་ཞིང་སེམས་རྒྱུད་འཁྲུགས་པ་སྤང་། པོ་ཏོ་བའི་ཞལ་ནས། འོ་སྐོལ་ཆོས་པ་རྣམས་ཆོས་བདག་འཛིན་གྱི་གཉེན་པོར་མ་སོང་བས། བཟོད་སྲན་ཤའུ་བས་ཆུང་། ཀོ་ལོང་གཙང་བཙན་བས་དམ་པར་གདའ་སྟེ། དེས་ཆོས་ཀྱི་གོ་མི་ཆོད་པས་ཆོས་བདག་འཛིན་གྱི་གཉེན་པོར་འགྲོ་བ་ཞིག་དགོས་གསུངས། ཡུད་ཙམ་པར་མི་བྱ། ཞེས་ཅུང་ཟད་ཙམ་རེས་དགའ་མི་དགའི་རྣམ་འགྱུར་སྟོན་པ་སྟེ་གྲོགས་ཀྱི་སེམས་ལ་གཟན་པ་མི་བྱ། འོར་ཆེ་མ་འདོད། ཞེས་པས་རང་གིས་ཆོས་ཉམས་སུ་བླངས་པ་དང་། གཞན་ལ་ཕན་བཏགས་པ་དང་། དགེ་བའི་ལས་བྱས་པ་སོགས་ལ་གཞན་ཀྱི་འོར་ཆེའི་ཚིག་གི་གཏང་རག་འབྱུང་དུ་རེ་བ་མི་བྱ་སྟེ། མདོར་ན་སྙན་གྲགས་ཡོད་དུ་རེ་བ་སྤང་བའོ། །དེ་ལྟར་བསླབ་བྱ་དེ་རྣམས་ནི་བློ་སྦྱོང་མི་ཉམས་ཤིང་གོང་འཕེལ་དུ་འགྱུར་བའི་ཐབས་ཡིན་ལ། མདོར་ན་རྒྱལ་སྲས་རིན་པོ་ཆེས། ཚེ་ཧྲུལ་ཀྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་པོ་མཉམ་རྗེས་གཉིས་ཀྱི་སྒོ་ནས་ལེགས་པར་སྦྱངས་ནས། འབྱོངས་པའི་གདིང་ཐོབ་པར་བྱའོ་ཞེས་གདམས་པ་ལྟར་འབད་དོ། །སྙིགས་མ་ལྔ་བོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །ཞེས་པ་ནི། དུས་དང་། སེམས་ཅན་དང་། ཚེ་དང་། ཉོན་མོངས་དང་། ལྟ་བའི་སྙིགས་མ་ལྔ་བདོ་བས་བདེ་བའི་མཐུན་རྐྱེན་ནི་ཉུང་། འགལ་རྐྱེན་མི་མཐུན་པ་ཤིན་ཏུ་མང་བས་ཆོས་གཞན་གྱི་གཉེན་པོས་མ་སླེབས་པ་ན། བློ་སྦྱོང་མཁན་ལ་རྐྱེན་ངན་ཇི་ཙམ་མང་བཞིན་དགེ་སྦྱོར་འཕེལ་བ་དཔེར་ན་ཤིང་ཇི་ཙམ་མང་བཞིན་མེ་ལྕེ་ཕྱིར་འཕེལ་བ་ལྟར། ཉོན་མོངས་དང་རྐྱེན་ངན་ཐམས་ཅད་བྱང་ཆུབ་ཀྱི་ལམ་ཁོ་ནར་བསྒྱུར་བ། གཞན་ལ་མེད་པའི་ཁྱད་ཆོས། དབང་པོ་མཆོག་དམན་ཐམས་ཅད་ལ་ཕན་ཐོགས་ཤིང་རྒྱུད་ལ་འབྱོང་བའི་མན་ངག་བདུད་རྩིའི་སྙིང་པོ་ལྟ་བུ་འདི། ཇོ་བོའི་བླ་མ་རྣམ་གསུམ་ནང་ནས་མཆོག་ཏུ་སྐུ་དྲིན་ཆེ་བ་ཇོ་བོ་གསེར་གླིང་པ་ནས་བརྒྱུད་པའི་ཟབ་ཆོས་ཡིན་ནོ། །ཞེས་པའོ། །སྔོན་སྦྱང་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་པ་ནི། དགེ་བའི་བཤེས་གཉེན་ཆེན་པོ་འཆད་ཁ་བ་ཉིད་སྔོན་གྱི་ལས་འཕྲོ་སད་ནས། ཆོས་འདི་ཁོ་ན་ལ་ཐུགས་མོས་པས་དཀའ་སྤྱད་ཆེན་པོས་ཆོས་ཐམས་ཅད་ཀྱི་རྩ་བ་རང་སེམས་བདག་འཛིན་འདུལ་བའི་གདམས་ངག་འདི་ཉིད། ཇོ་བོ་ཡབ་སྲས་ཀྱི་བཀའ་བརྒྱུད་ལས་ཞུས་ཤིང་ཐུགས་ལེགས་པར་སྦྱངས་པས། བདག་པས་གཞན་གཅེས་ཀྱི་ཐུགས་རང་འདོད་ཀྱི་འཁྲི་བ་གཏན་ནས་མེད་པ་སྐྱེས་ཏེ། ཆོས་སྒོར་ཞུགས་པའི་དོན་འབྲས་མཐར་ཐུག་པ་གྲུབ་ཅིང་གདེང་ཐོབ་པས་འགྱོད་པ་མེད་པའོ། །ཤླཽ་ཀ་ཕྱི་མ་འདི་གཉིས་གཞུང་མཛད་པ་པོས་མཇུག་སྡུད་པའི་གསུང་ཡིན་ནོ། །གཉིས་པ་བརྒྱུད་པའི་གདམས་པས་ཁ་སྐོང་བ་ནི། དེ་ལྟར་བློ་སྦྱོང་གི་ཆོས་ཟབ་མོ་འདི་རང་ཉིད་གཅིག་པུར་འདུག་ན་སྐྱོ་རོགས་ཡིན་ཏེ་བདེ་སྡུག་ཐམས་ཅད་བློ་སྦྱོང་ཁོ་ནས་ལམ་དུ་ཁྱེར་ཆོག་པར་མ་ཟད། ཆོས་ཟབ་མོས་ལས་ངན་ལྷོངས་ནས་སེམས་ལྷོངས་སུ་འགྲོ་ན་སྡོད་སྙིང་འདོད། སྡོད་ན་འགྲོ་སྙིང་འདོད་པ་སོགས་བྱུང་ན་འདི་ལྟར་བསྒོམ་སྟེ། ཁྱོད་ཀྱི་གཤིས་ལུགས་འདི་འདྲ་ན། །གནས་མལ་འདི་ཡང་ཡང་རབ་ཡིན། །བློ་སེམས་འདི་ཡང་བདེ་མོ་ཡིན། །གཞན་དུ་ཁྱེད་ཀྱི་སྡུག་སྲན་འདིས། །དམྱལ་བར་མ་སྐྱེས་ཁ་རྗེ་ཆེ། །བཙོ་སྲེག་མ་མྱོང་ཁ་རྗེ་ཆེ། །ཞེས་དང་། གཞན་ཡང་འཇིགས་པ་རབ་བསམ་སྟེ། །བདག་ལ་ཁྲེལ་བདས་ཆེན་པོ་བྱ། །ལྟོ་ལ་གྱོང་བསྐུར་དཀའ་ཐུབ་བྱ། །གོས་ལ་གྱོང་བསྐུར་དམན་ཆ་བླང་། །བདེ་སྡུག་ཁྱད་བསད་གཉེན་པོ་བསྒོམ། །ཞེས་སེམས་དཔེའི་རིམ་པ་ལས་གསུངས་པ་ལྟར་རང་ལ་ཤགས་འདེབས་གནད་དུ་འགྲོ་བར་བྱའོ། །ན་བའི་ཚེ་ན་ནད་གཡོག་ཡིན་ཏེ། དེའང་སྨན་པ་ནད་གཡོག་མཛའ་བཤེས་སོགས་ལ་འདི་ལས་དྲག་པ་ཞིག་བྱེད་ཐང་སྙམ་སེམས་ཡུས་པའི་དུས་སུ། ན་བ་འདི་གཞན་སུས་ཀྱང་མ་ལན་བདག་འཛིན་ཁོ་ནས་ལན། སྨན་དང་ནད་གཡོག་གིས་ཕན་ན་སྔར་འདི་མ་བྱས་སྙམ་པ་མེད་རུང་སུའང་འཇིགས་པ་འདི་ལས་མ་ཐར། ད་རེས་བདག་འཛིན་ཁྱོད་ལ་འདི་མཁོ་བས་སྙིང་ཚིམ་སྙམ་དུ་བསམ་ལ་དེའི་སྟེང་དུ་གཞན་གྱི་ནད་གདོན་སོགས་ལེན་པ་ལ་བསླབ་པོ། །གཞན་ཡང་ཇོ་བོ་གསེར་གླིང་པའི་གསུང་ལས། རྟོག་པ་ཐམས་ཅད་འབུར་འཇོམས་ཏེ། །གཉེན་པོ་ཐམས་ཅད་བཅོམ་བརྡེག་ཡིན། །འདུན་མ་ཐམས་ཅད་ཆིག་འདྲིལ་ཏེ། །ལམ་རྣམས་ཐམས་ཅད་གཅིག་ཆོད་ཡིན། །གཉེན་པོ་རྣམ་བྱང་གི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་བ་དགོས་པ་ཡིན། །འཁོར་ངན་ལོག་སྒྲིབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་གསུངས་ཏེ། །རྣམ་རྟོག་སྐྱེས་མ་ཐག་བློ་སྦྱོང་ངམ་སྟོང་ཉིད་ཀྱི་ངང་འབུར་འཇོམས་བྱ། གཉེན་པོ་ཐམས་ཅད་ཕྱི་ནས་དལ་བུས་བསྒོམ་པ་མ་ཡིན་པར་ཉོན་མོངས་སྐྱེས་མ་ཐག་ཐོག་བརྫིས་གློ་རྡེག་ཏུ་བཅོམ། འཕྲལ་ཕུག་གི་འདུན་མ་སྣ་ཁ་མང་པོ་མི་ཤོམས་པར་སེམས་ལ་གང་ཕན་དང་བདག་འཛིན་བརླག་ཅི་ཐུབ་གཅིག་པུར་བསྒྲིལ། བདག་འཛིན་དང་ནམ་བྲལ་ན་སངས་རྒྱས་པ་ཡིན་པས་ལམ་གཅིག་ཆོད་དེས་ལམ་རིམ་པ་བརྩི་མི་དགོས། རྣམ་པར་བྱང་བའི་ཕྱོགས་ཀྱི་གཉེན་པོ་ཐམས་ཅད་བསྡུ་ན་ཆོས་བཞི་པོ་འདིར་འདུས་པའོ། །རྐྱེན་ངན་དགེ་བའི་བཤེས་གཉེན་ཡིན། །འདྲེ་གདོན་རྒྱལ་བའི་སྤྲུལ་བ་ཡིན། །ན་ཚ་སྡིག་སྒྲིབ་ཀྱི་ཕྱགས་ཤིང་ཡིན། །སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལངས་ཡིན། །ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་གསུངས་ཏེ། རྐྱེན་ངན་ལ་བརྟེན་ནས་ཚོགས་གསོག་སྒྲིབ་སྦྱོང་། དམ་པའི་ཆོས་དྲན་པ། རྟོགས་པ་ལ་བོགས་འདོན་པ་སོགས་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་པར་འགྱུར་བས་རྐྱེན་ངན་སྤང་མི་དགོས། ལྷ་འདྲེའི་ཆོ་འཕྲུལ་དང་། གདོན་གྱི་གནོད་པ་བྱུང་ན་དགེ་སྦྱོར་དང་ཐུགས་དམ་འཕེལ་བའི་གྲོགས་སུ་འགྱུར་བས་བླ་མ་དང་སངས་རྒྱས་ཀྱི་སྤྲུལ་བ་ཡིན་པས་འཇིགས་མི་དགོས། དམ་ཆོས་ཚུལ་བཞིན་སྒྲུབ་པ་ལ་སྔོན་གྱི་ལས་ངན་ལྷོང་པས་ལུས་ལ་ན་ཚ་སྣ་ཚོགས་འབྱུང་ཡང་འབྱུང་ལ། བྱུང་བ་དེའང་ནད་ཚབ་ཆེན་པོ་ལྟ་ཅི་སྨོས། ཆུང་ངུ་ཀླད་པ་ན་བ་ཙམ་གྱིས་ཀྱང་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཕྱགས་མས་འདེད་པ་ལྟར་དག་པ་མདོ་ལས་ཡང་ཡང་གསུངས་པས་ནད་ལ་དགའ་བ་བསྒོམ། སེམས་ལ་སྡུག་བསྔལ་བྱུང་ན་སྡུག་བསྔལ་དེའི་ངོ་བོ་ལ་བལྟས་པས་སྟོང་ཉིད་དུ་འཆར། སྡུག་བསྔལ་ཇི་ཙམ་ཆེ་རུང་ཆོས་ཉིད་ཀྱི་ཡོ་ལང་ཡིན་པས་ཡིད་ཞུམ་པ་མི་དགོས། དེ་རྣམས་བྱུང་ན་བྱུང་གིས་བཀང་སྟེ་ཉམས་ལེན་གྱི་གྲོགས་སུ་ཁྱེར་ཆོག་པས། ཀུན་ནས་ཉོན་མོངས་པའི་ཆོས་བཞི་མི་སྤངས་ཉམས་སུ་བླང་བའི་གདམས་ངག་གོ། སྐྱིད་ཀྱི་གཉའ་གནོན་ཆེན་པོ་ཡིན། །སྡུག་གི་མཇུག་སྡུད་ཆེན་པོ་ཡིན། །མི་མཁོ་ཤོས་ནི་འདོད་ཐོག་ཡིན། །ལྟས་ངན་གཡང་དུ་ལེན་པ་ཡིན། །གཉེན་པོ་ལོག་གནོན་གྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། ཞེས་གསུངས་ཏེ། ལུས་སེམས་བདེ་ཞིང་སྐྱིད་ན་ཆོས་མིན་བྱ་བ་སྣ་ཚོགས་བྱེད་འདོད་དུ་འོང་བས། སྐྱིད་པར་སྙམ་པའི་ངོ་བོ་ལ་བལྟས་པས་དངོས་པོར་མ་གྲུབ། སྐྱིད་པར་སྣང་བ་ཙམ་དེ་སེམས་ཅན་རྣམས་ལ་སྦྱིན་ནས་ལམ་དུ་ཁྱེར། སྐྱིད་སྣང་དེའི་དབང་དུ་མི་བཏང་བར་རང་ཚོད་ཐུབ་པར་བྱས་པས་སྐྱིད་ཀྱི་གཉའ་གནོན་ཡིན། སྡུག་བསྔལ་བྱུང་ན་ཡི་མུག་མི་བྱ་བར་ངོ་བོ་ལ་བསྟས་པས་སྟོང་བར་ཡལ། སྡུག་སྣང་དེའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མི་འདོད་པ་བླང་ཞིང་རང་ཚོད་ཐུབ་པར་བྱས་པས་སྡུག་བསྔལ་མཐའ་དག་གི་མཇུག་སྡུད་པ་ཡིན། མི་མཁོ་མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་ན་བདག་གཅེས་འཛིན་བརླག་པའི་གྲོགས་བསམ་ཐོག་འདོད་ཐོག་ཡིན། བདག་འཛིན་ཁྱོད་ལ་འདི་རང་མཁོ། འདི་ཅིས་ཀྱང་བརླག་ཏུ་ཆུག་ཅིག་སྙམ་བློ་བདེ་འབོལ་གྱིས་བཞག །ལྟས་ངན་དང་ཆོ་འཕྲུལ་བྱུང་ན་ཅི་ལེན། གང་དྲག་སྙམ་པའི་རྣམ་རྟོག་སྣ་ཚོགས་འཆར། དེའི་ཚེ་འདི་དགོས་རྒྱུ་ཡིན། བྱུང་བ་ལེགས། བདག་གཅེས་འཛིིན་འདིའི་སྟེང་དུ་ལྟས་ངན་ཐམས་ཅད་སྤུངས་ཤིག་སྙམ་དུ་སྙེམས་འཕྲིག་མེད་པར་བཞག །གཉེན་པོ་གཞན་གྱིས་མ་ཐུལ་བའི་ལོག་གནོན་གྱི་ཆོས་བཞིའོ། །བདག་ནི་སྐྱོན་གྱི་རྩ་བ་སྟེ། །རྒྱངས་ཀྱིས་བསྐྱུར་བའི་ཆོས་ཤིག་ཡིན། །གཞན་ནི་ཡོན་ཏན་གྱི་འབྱུང་ཁུངས་ཏེ། །ཅངས་ཏེ་ལེན་པའི་ཆོས་ཤིག་ཡིན། །གཉེན་པོ་མཇུག་སྡུད་ཀྱི་ཆོས་གཉིས་ཏེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་གསུངས་ཏེ། མདོར་ན་བློ་སྦྱོང་གི་རྩ་བ་ཐམས་ཅད་རང་དོན་རྒྱངས་ཀྱིས་བསྐྱུར་བ་དང་། གཞན་དོན་ཅངས་ཀྱིས་འཇུས་པ་གཉིས་ལ་འདུས་པས་ཁྲིད་ཀྱི་མཇུག་དོན་བསྡུས་པ་ཡིན་པའི་ཕྱིར། ཉམས་ལེན་གྱི་རྩ་བར་གཟུང་ངོ་། །ལོག་ཅེར་ལོག་ལ་ཅེར་ཅེར་སྟོས། །ཤིག་གེ་ཤིག་ལ་འབོལ་ལེ་ཞོག །དེས་ནི་མི་འཆིང་གྲོལ་བར་འདོད། །ཅེས་པ་ནི། ཉོན་མོངས་དང་རྣམ་རྟོག་ཕྲ་རག་གང་ཤར་ཡང་དེའི་རྗེས་སུ་འབྲངས་ནས་སེམས་ཕྱི་རུ་ཡེངས་ན་ཐ་མལ་པ་དང་ཁྱད་མེད་པར་ལམ་ལོག་པར་འགྱུར་བས། ཁ་ནང་དུ་ཆེར་གྱིས་ལོག་ནས་ངོ་བོ་ལ་ཅེར་གྱིས་བལྟ། བལྟས་པས་མ་མཐོང་བའི་སྟོང་ཉིད་དེའི་ངང་དུ་ཤིག་གེར་བཤིག །ལྷོད་ཀྱིས་ཀློད་ལ་བཞག་པས་རྣམ་རྟོག་ཉོན་མོངས་ཅི་ཙམ་མང་རུང་མི་འཆིང་ཞིང་རང་གྲོལ་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་སྟེ། དོན་དམ་བྱང་སེམས་ཀྱི་བསྒོམ་རིམ་སྙིང་པོའོ། །དེ་ལྟར་ཇོ་བོ་རྗེ་ལྷ་གཅིག་གི་བཀའ་སྲོལ་ལས་བྱོན་པའི་བློ་སྦྱོང་གི་གདམས་ངག་བརྒྱུད་པ་སོ་སོའི་ཁྲིད་སྲོལ་ཇི་སྙེད་ཅིག་བཞུགས་པའི་ཉམས་ལེན་གྱི་གནད་དོན་ཐམས་ཅད་དོན་བདུན་གྱི་གཞུང་འདིར་འདུ་བས། ཁྲིད་ཡིག་རྒྱས་བསྡུས་མང་པོ་དང་། དེ་འཆད་པ་པོ་མཐའ་ཡས་པར་བཞུགས་པ་ལས། ཁྱད་པར་འཕགས་པའི་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་ཞབས་དང་། རྗེ་བཙུན་ཀུན་དགའ་སྙིང་པོའི་ཁྲིད་ཡིག་དག་ལས་ཁྲིད་ཚུལ་ཞིབ་མོར་ཐོབ་པས་སྐྱེས་ཆེན་ཟུང་གི་བདུད་རྩིའི་ཉིང་ཁུ་གཅིག་ཏུ་བསྡུས་ཏེ་ལས་དང་བོ་པས་གོ་སླ་གཙོར་བཏོན། གཞན་ཕན་གྱི་བསམ་པ་བཟང་པོ་ཁོ་ནས་འདུས་གསལ་དུ་བསྡེབས་པའོ། །མདོ་སྔགས་ལམ་གྱི་རྩ་བ་སྟེ། །དམ་ཆོས་ཀུན་ཀྱི་སྙིང་པོའི་བཅུད། །ཟབ་ཅིང་ཉམས་སུ་བླང་བདེ་བ། །ཁྲིད་ཚུལ་ཀུན་ལས་རྨད་དུ་བྱུང་། །ཟབ་ཆོས་འདི་འདྲ་ཐོས་པ་དཀའ། །ཐོས་ནས་ཉམས་སུ་ལེན་པ་དཀའ། །འདི་སྤྱོད་བསོད་ནམས་ནོར་ལྡན་པ། །དེང་སང་ས་སྟེང་གསེར་བཞིན་དཀོན། །དེས་ན་སྨྲ་མང་ངལ་བའི་རྒྱུ། །འོན་ཀྱང་གཞན་ཕན་ལྷག་བསམ་གྱིས། །འདི་བྱས་དགེ་བས་ལུས་ཅན་ཀུན། །བྱང་ཆུབ་སེམས་གཉིས་འབྱོང་བར་ཤོག །ཅེས་པའང་རང་སློབ་ལྔ་རིག་པ་ཀརྨ་མཐུ་སྟོབས་ཀྱིས་རིང་ནས་བསྐུལ་ཞིང་ཉེ་ཆར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་མི་འཕྲོག་པའི་འདུན་པས་གཡར་དམ་འཆའ་བ་མཆོག་གི་སྤྲུལ་བའི་སྐུ་ཀརྨ་ཐབས་མཁས་རྣམ་རོལ་དང་། བླ་མ་ཀརྨ་ངེས་དོན་སོགས་སྒྲུབ་ལ་གཞོལ་བའི་སྐལ་ལྡན་རྣམས་ཀྱི་ཐུགས་དམ་གསལ་འདེབས་སུ། བཞེད་བསྐུལ་ནན་ཅར་གྱི་ངོར། བྱམས་མགོན་ཀརྨ་སི་ཏུའི་འབངས་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་འགྲོ་བ་མཐའ་ཡས་པ་ལ་ཕན་པར་གྱུར་ཅིག །དགེ་ལེགས་འཕེལ།

བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་ཁྲིད་ཡིག །པདྨ་འགྱུར་མེད་རྒྱ་མཚོ།

༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་ཁྲིད་ཡིག་བཞུགས་སོ། །ཨོཾ་སྭ་སྟི། བདེ་ཆེན་འགྱུར་བ་མེད་དངོས་སྐུ་བཞིའི་བདག །མཁའ་ཁྱབ་རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་ནི། །རྡོ་རྗེ་སློབ་དཔོན་གར་གྱི་རྣམ་རོལ་བ། །ཁྱབ་བདག་བླ་མའི་ཞབས་སེན་གཙུག་ན་མཛེས། །ཀུན་ཁྱབ་མཁའ་ལ་ཐུགས་རྗེའི་ཆུ་འཛིན་ཕྲེང་། །འཁྲིགས་ཚེ་བསྐུལ་བའི་མོས་གུས་རྔ་ཆེན་སྒྲ། །བསྒྲགས་ཙམ་ཉིད་ན་བླ་མེད་བྱིན་རླབས་ཆར། །སྐལ་ལྡན་བདུད་རྩིའི་དཔྱིད་དུ་འབེབས་འདི་ཤིས། །འདིར་ཟབ་ལམ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པའི་མན་ངག་གསལ་བར་བྱེད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་གྱི་དང་པོ། །རྒྱལ་བའི་སྲས་པོ་ཞི་བ་ལྷའི་ཞལ་སྔ་ནས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་པ་ལྟར་རང་རེ་རྣམས་ཀྱིས་དལ་བ་བརྒྱད་འབྱོར་པ་བཅུས་མངོན་པར་ཕྱུག་པའི་རྟེན་ཕུན་སུམ་ཚོགས་པ་འདི་ལྟ་བུ་རྙེད་པའི་སྐབས་འདིར་དལ་འབྱོར་ལ་སྙིང་པོ་ལེན་པའི་ཆོས་གཤའ་མ་ཞིག་སྙིང་ཐག་པ་ནས་བྱ་དགོས་ཏེ། གཞན་དུ་དལ་འབྱོར་གྱི་རྟེན་ཤིན་ཏུ་ནས་རྙེད་པར་དཀའ་བའི་ཕྱིར་རོ། །དེ་ཡང་འཆི་བ་མི་རྟག་པས་ནམ་འཆི་ཆ་མེད་པའི་རྒྱུ་མཚན་གྱིས་ཕྱི་བཤོལ་དང་ལེ་ལོར་མ་སོང་བར་དེ་རིང་ནས་དམ་པའི་ཆོས་ལ་བརྩོན་པ་ཆེ་ཐང་དུ་བསྐྱེད་པ་གལ་ཆེ་སྟེ། ཇི་སྐད་དུ། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོག་འགྲོ །ཞེས་གསུངས་པས་སོ། །འཆི་བའི་ཚེ་ནོར་ལོངས་སྤྱོད་གཉེན་འབྲེལ་ལ་སོགས་པ་ཐམས་ཅད་བཞག་ནས་རང་ཉིད་གཅིག་པུ་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་འགྲོ་བའི་སྐབས་དེར་རྗེས་སུ་འབྲང་བ་ནི་ལས་ཁོ་ན་སྟེ། དུས་ཀྱིས་ཉེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། ཞེས་སོ། །དེས་ན་དཀར་ནག་གི་རྣམ་པར་སྨིན་ཚུལ་ལ་བསམས་ནས་ལས་འབྲས་ལ་སྤང་བླང་གི་ཆ་ཕྲ་མོ་ནས་མ་ནོར་བ་ཞིག་བྱ་དགོས་ཏེ། དེ་ལས་བདེ་སྡུག་གི་འབྲས་བུ་མ་འདྲེས་པར་སོ་སོར་སྨིན་པས་སོ། །ཇི་ལྟར་སྨིན་ཚུལ་ཡང་། ཆགས་སྡང་རྨོངས་གསུམ་ལ་སོགས་པ་མི་དགེ་བ་ཆེ་འབྲིང་ཆུང་གསུམ་ལ་བརྟེན་ནས་འབྲས་བུ་ངན་སོང་གསུམ་དང་། བསོད་ནམས་ཆ་མཐུན་གྱི་དགེ་བ་ལ་བརྟེན་ནས་བདེ་འགྲོར་འཕེན་པར་བྱེད་ལ། དེའི་ཚེ་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུགས་བཀོལ་སྤྱོད། མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་རྣམས་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ལ་སྤྱོད་ཅིང་། འཁོར་བའི་རྩ་བ་དྲུང་ནས་འབྱིན་མ་ནུས་པ་དེ་སྲིད་དུ་རིགས་དྲུག་ཏུ་ཡང་ནས་ཡང་དུ་འཁོར་བར་བྱེད་དེ། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེད་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། ཞེས་གསུངས་པའི་ཕྱིར་རོ། །དེས་ན་ད་ལྟ་ནས་རང་སྟོབས་ཀྱིས་འཁོར་བའི་སྡུག་བསྔལ་ལས་ཐར་བར་མི་ནུས་པས། དེ་ལས་སྐྱོབ་པར་ནུས་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་འགྲོ་དགོས་ཏེ། གྲུབ་ཆེན་མེ་ལོང་གིས། འགྲན་ཟླ་མེད་པའི་དཀོན་མཆོག་ལ། །བློ་སྙིང་བྲང་གསུམ་རྒྱུན་དུ་འཁོལ། །བསླུ་མེད་ཅི་བསམ་འགྲུབ་ནས་མཆི། །ཞེས་སོ། །ཇི་ལྟར་སྐྱབས་སུ་འགྲོ་ཚུལ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་དྲང་པོར་བསྲངས་ཏེ་གོང་དུ་སྨོས་པ་ལྟར་བློ་སྦྱོང་བ་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁའི་གནས་སུ་སྐྱབས་ཡུལ་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུར་བཞུགས་པའི་དྲུང་དུ་བདག་གཞན་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་མཐོར་གཏོང་དམར་གཏོང་སྐྱིད་སྡུག་ལེགས་ཉེས་རེ་ས་དང་ལྟོས་ས་ཁྱེད་ལས་གཞན་མེད་པས་ཅི་མཛད་ཁྱེད་རང་ཤེས་སོ་སྙམ་དུ་སྙིང་ཐག་པ་ནས། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་ཀུན་མ་ལུས་པ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར༔ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི༔ ཞེས་བརྒྱ་སྟོང་ལ་སོགས་པ་ནས་ལན་གསུམ་གྱི་མཐའ་བརྟེན་པ་ཡན་ཆད་ཀྱིས་སྐྱབས་སུ་འགྲོ། མཐར་སྐྱབས་ཡུལ་གྱི་སྐུ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་དྲངས། སྐྱབས་ཡུལ་རྣམས་འོད་དུ་ཞུ་བ་རང་ལ་ཐིམ། །རང་དང་སྐྱབས་ཡུལ་དབྱེར་མི་ཕྱེད་པའི་ངང་བསྐྱངས་ལ་ཅི་གནས་སུ་མཉམ་པར་འཇོག །དེ་ནི་ཐེག་པ་ཐམས་ཅད་ཀྱི་ལམ་གྱི་རྨང་རྡོ་སྐྱབས་སུ་འགྲོ་བའོ། །དེ་ནས་ཐེག་ཆེན་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ཞི་བ་ལྷས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །དེའི་ཚུལ་ཡང་། སྤྱིར་ནམ་མཁའི་ཁམས་ལ་ཚད་མེད་དེ་ཐམས་ཅད་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། དེ་དག་ལས་རང་ཅག་གི་ཚེ་རབས་དུ་མའི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། དེ་ལྟར་ཕ་མ་བྱས་རེས་བཞིན་གྱིས་ཕན་པ་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན། ཐམས་ཅད་ཀྱང་འདོོད་པ་བདེ་བ་འདོད་ཀྱང་། སྒྲུབ་པ་སྡུག་བསྔལ་སྒྲུབ་པས་ལག་ལེན་དང་ཞེ་འདོད་འཛོལ་བའི་ཚེ་འདི་པ་རྣམས་སྙིང་རེ་རྗེ་བས་རྣམ་པར་གྲོལ་བའི་གོ་འཕང་ལ་འགོད་དགོས། དེའི་ཆེད་དུ་བདག་གིས་མྱུར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་སྙམ་དུ་སྙིང་ཐག་པ་ནས་བསམས་ལ། ཧོཿ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ རྒྱལ་བ་རྣམས་ཀྱི་འཕྲིན་ལས་དབང་བསྒྱུར་ཏེ༔ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི༔ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱིའོ༔ ཞེས་ལན་གསུམ་སོགས་ཅི་ནུས་ཀྱིས་སེམས་བསྐྱེད། མཐར་སེམས་བསྐྱེད་ཡུལ་སེམས་ཅན། སྐྱེད་བྱེད་རང་ཉིད་། བསྐྱེད་བྱའི་སེམས་བསྐྱེད་གསུམ་ག་མི་དམིགས་པ་འཁོར་གསུམ་མི་རྟོག་པའི་ངང་དུ་བཞག་པ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱའོ། གཉིས་པ་དངོས་གཞི་ལ། རྣལ་འབྱོར་ཉམས་སུ་བླང་དགོས་པའི་རྒྱུ་མཚན་གྱིས་མོས་གུས་བསྐྱེད་པ། རྟེན་བསྐྱེད་པ། མཆོད་པ་འབུལ་བ། གསོལ་བ་གདབ་པ། དབང་བླང་བ་དང་ལྔ། དང་པོ་ནི། དེ་ཡང་འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་སོ་སོའི་དབང་པོའི་རིམ་པ་དང་རྗེས་སུ་མཚུངས་པར་ཉམས་སུ་བླང་པའི་དམ་པའི་ཆོས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། དེ་ཐམས་ཅད་ཀྱི་ལམ་གྱི་གཙོ་བོར་གྱུར་པ་ནི་བླ་མའི་རྣལ་འབྱོར་ཡིན་ཏེ། དགྱེས་པ་རྡོ་རྗེའི་རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་རིམ་ལྔ་ལས། རི་དབང་རྩེ་ནས་ཐུར་དུ་ལྷུང་གྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལམ་རྙེད་ན། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། །ཞེས་སོ། །དེར་མ་ཟད་བླ་མ་ནི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་འདུས་པའི་སྤྱི་གཟུགས་ཆེན་པོར་ཡོངས་སུ་གྲུབ་པ་ཡིན་ཏེ། ཨ་བྷི་དྷ་ན་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་སོ། །གཞན་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་རང་ཅག་རྣམས་འདྲེན་པའི་དེད་དཔོན་ཆེན་པོར་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་བ་ཡིན་ནོ། །ཇི་སྐད་དུ། ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཚུལ་བཟུང་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་སོ། །བླ་མ་མཆོད་ཅིང་གསོལ་བ་བཏབ་ན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱང་བླ་མ་དེའི་སྐུ་གསུང་ཐུགས་རྡོ་རྗེ་དང་དབྱེར་མི་ཕྱེད་པའི་བདག་ཉིད་ཆེན་པོར་བཞུགས་ནས་དོན་མཛད་པས་ཕན་ཡོན་གཞན་ལས་ཁྱད་པར་དུ་འཕགས་པ་ཐོབ་སྟེ། འཇམ་དཔལ་ཞལ་ལུང་ལས། འདི་ན་དྲིན་ལྡན་འགའ་ཞིག་ལ། ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་དང་། ཡོན་ཏན་བདུད་རྩི་རྒྱ་མཚོ་འབྱུང་བའི་རྒྱུད་ལས། ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་རིན་ཆེན་སྤྲས་པ་ཡི། །སྟོང་གསུམ་གང་བ་ཕུལ་བ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །མར་གྱི་ཐིགས་པ་གཅིག་བྱུགས་པ། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །ཅེས་སོ། །བླ་མ་དང་རྫོགས་པའི་སངས་རྒྱས་གཉིས་གོ་འཕང་མཉམ་པར་བཞུགས་པ་ཡིན་ནོ། །ཐལ་འགྱུར་ལས། བླ་མ་སངས་རྒྱས་མཉམ་པ་སྟེ། །བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་རིན་ཆེན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །འོན་ཀྱང་རང་ངོས་ནས་རྫོགས་པའི་སངས་རྒྱས་མཆོག་གི་སྤྲུལ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་རིང་ཞིག་ལོན་པའི་སྐབས་འདིར། དེ་བཞིན་གཤེགས་པའི་འཕྲིན་ལས་རང་རྒྱུད་ལ་འགོད་པར་མཛད་པའི་ཕྱིར་རྫོགས་པའི་སངས་རྒྱས་ལས་ཀྱང་ལྷག་ཅིང་བཀའ་དྲིན་ཆེ་བ་ཡིན་ཏེ། དགོངས་འདུས་ལས། བླ་མ་མེད་པའི་གོང་རོལ་ན༔ སངས་རྒྱས་བྱ་བའི་མཚན་ཡང་མེད༔ བསྐལ་པ་སྟོང་གི་སངས་རྒྱས་ལས༔ བླ་མ་གཉན་པར་ཤེས་པར་བྱ༔ ཅི་ཕྱིར་ཞེ་ན་བསྐལ་པ་ཡི༔ སངས་རྒྱས་མ་ལུས་ཐམས་ཅད་ཀུན༔ བླ་མ་དག་ལ་བསྟེན་ནས་བྱུང་༔ ཞེས་སོ། །དེ་ལྟར་སྒོ་དུ་མ་ནས་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པས་མོས་གུས་ཤུགས་དྲག་ཏུ་བསྐྱེད་པར་བྱའོ། །གཉིས་པ་ནི། རང་ཉིད་གནས་པའི་ས་ཕྱོགས་དེ་ཉིད་དག་པའི་ཞིང་ཁམས་མནན་ན་ནེམ་བྱེད་ཅིང་བཏེགས་ན་འཕར་བྱེད་པ་རྒྱ་ཁྱོན་ཆེ་ཞིང་ཡིད་དུ་འོང་བར་གྲུབ་པའི་རང་གི་སྤྱི་བོའི་ཐད་ཀྱི་ནམ་མཁའི་གནས་སུ་འཇའ་འོད་ལྔའི་གུར་ཁྱིམ་རབ་ཏུ་འཁྲིགས་པའི་ཀློང་ན་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ཉིད། རྣམ་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་ཟག་པ་མེད་པའི་འཆི་མེད་ཀྱི་བདུད་རྩིས་གང་བའི་ཐོད་པ་མཉམ་གཞག་གི་ཕྱག་རྒྱས་ལྟེ་འོག་ཏུ་འཛིན་པ། གྲུ་མོ་གཡོན་ན་སྦས་པའི་ཡུམ་ཁ་ཊཾ་གའི་རྣམ་པ་འཆང་ཞིང་། དབུ་ལ་ཤེའུའི་སྙན་ཞུ་རྡོ་རྗེས་མཚན་པའི་རྩེ་མོར་རྒོད་ལྡེམ་དར་སྣ་དཔྱངས་པ། སྐུ་ལ་རྡོ་རྗེའི་གསང་གོས་དཀར་པོའི་སྟེང་ཕོད་ཀ་མཐིང་ག །དེའི་སྟེང་སྣམ་སྦྱར་དམར་པོ་གསེར་གྱི་ཧ་རིས་ཅན། དེའི་སྟེང་ཟ་འོག་གི་བེར་སྨུག་རྣམས་བརྩེགས་མར་གསོལ་བ། ཞལ་འཛུམ་བག་དང་ལྡན་པའི་སྤྱན་གྱི་ལྟ་སྟངས་གདུལ་བྱ་ལ་རྗེས་སུ་ཆགས་པའི་ཚུལ་གྱིས་གཟིགས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་མ་ལུས་པའི་སྤྲུལ་བ་སྤྲོ་བ། དེའི་མཐའ་བསྐོར་དུ། བླ་མ་ཡི་དམ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་གྲངས་མེད་པ་ཐམས་ཅད་ཀྱང་། གང་ལ་གང་འདུལ་གྱི་སྐུའི་བཀོད་པ། གསུང་གི་སྒྲ་དབྱངས། ཐུགས་རྗེས་སུ་བརྩེ་བའི་རྣམ་པར་རོལ་པ་ཆུ་ཟླའི་རོལ་གར་བཞིན་དུ་སྣ་ཚོགས་སུ་འཆར་བ། མཐོང་ཐོས་དྲན་རེག་ཐམས་ཅད་བསྒྲལ་བའི་བདག་ཉིད་ཆེན་པོར་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུར་བཞུགས་པར་མོས་ལ། ན་མོ་གུ་རུ། བདག་ལུས་འཛིན་མེད་སྤྱི་བོའི་ནམ་མཁའ་ལ། །དྭངས་མའི་འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་། །སེང་ཁྲི་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་། །དབྱེར་མེད་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་རྩལ། །དཀར་དམར་མདངས་ལྡན་མཚན་དཔེའི་གཟི་བྱིན་འབར། །ཕྱག་གཡས་རྡོ་རྗེ་གཡོན་པ་ཟག་མེད་ཀྱི། །བདུད་རྩིའི་ཐོད་པ་ཁ་ཊྭཱྃ་གྲུ་མོར་བསྟེན། །ཤེའུའི་སྙན་ཞུ་རྒོད་ལྡེམ་དར་སྣ་འཕྱངས། །གསང་ཕོད་སྣམ་སྦྱར་ཟབ་བེར་བརྩེགས་མར་གསོལ། །སྤྱན་གྱི་ལྟ་སྟངས་གདུལ་བྱའི་ཡུལ་ལ་གཟིགས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །དེ་མཐར་བླ་མ་མཆོག་གསུམ་དཀྱིལ་འཁོར་ལྷ། །གྲངས་མེད་རབ་འབྱམས་རྒྱལ་བའི་སྤྲིན་ཕུང་འཁྲིགས། །གང་འདུལ་མོས་ངོར་ཆུ་ཟླའི་རོལ་གར་བཞིན། །འབྲེལ་ཚད་དོན་ལྡན་མཆོག་གི་ངོ་བོར་བཞུགས། །ཞེས་ཚིག་རྗེས་སུ་དོན་བསམ་པས་གསལ་མ་ཐེབས་ཀྱི་བར་ནན་ཏན་དུ་བསྒོམ་པར་བྱའོ། །རྟེན་བསྐྱེད་ཀྱི་སྐབས་འདིར། རང་གི་རྩ་བའི་བླ་མ་ད་ལྟའི་སྐུའི་ཆ་ལུགས་བཞིན་དུ་བསྒོམས་ཀྱང་ཁྱད་པར་མེད་པས་ཇི་ལྟར་བདེ་བར་ཉམས་སུ་བླངས་པས་ཆོག་མོད། འདིར་ནི་རྩ་བའི་དངོས་བསྟན་ལྟར་བཀོད་པ་ཡིན་ནོ། །གཞན་དུ་ཁ་ཅིག །བླ་མ་ད་ལྟའི་སྐུ་འདི་གདོས་བཅས་ཤ་ཁྲག་གི་རང་བཞིན་སྦྱར་བྱ་ཡིན་པས་རྡོ་རྗེ་འཆང་སོགས་སུ་ངེས་པར་བསྐྱེད་དགོས་གསུངས་ཀྱང་། དེ་ནི་མི་རིགས་ཏེ། མོས་གུས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པ་ལ་ལོག་ལྟའི་དྲི་མས་གོས་པའི་ཕྱིར། འོ་ན། བླ་མའི་ཆ་ལུགས་རྡོ་རྗེ་འཆང་དང་། ཨོ་རྒྱན་སོགས་སུ་སྒོམ་པ་ཅི་ཞེ་ན། རང་གི་དབང་པོའི་མཐོང་ཚུལ་དང་སྦྱར་ནས་བླ་མ་རང་གི་ད་ལྟའི་སྐུའི་ཆ་ལུགས་ཇི་ལྟ་བ་དང་། ངེས་དོན་ཡིན་ལུགས་ལ་རྒྱལ་བ་དེ་དག་དང་དབྱེར་མེད་དུ་བཞུགས་པའི་ཆ་ནས་རྡོ་རྗེ་འཆང་སོགས་སུ་བསྒྱུར་ཏེ་སྒོམ་པ་ཡིན་ནོ། །གསུམ་པ་ལ། ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་བཞི། དང་པོ། རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་ཉེར་སྤྱོད་དང་། གཞན་ཡང་རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྟགས་བརྒྱད་སོགས་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འཛད་པ་མེད་པ་ཕྱོགས་བཅུ་ནམ་མཁའི་ཁམས་གང་བ་ཐམས་ཅད་ཀྱང་ཕུལ་བྱུང་ཀུན་ཏུ་བཟང་པོའི་སྒྱུ་འཕྲུལ་གྱི་རོལ་མོར་འཆར་བས་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་མཆོད་པར་མོས་ལ། ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ལས། །སྲིད་ཞིའི་འདོད་ཡོན་འཛད་མེད་ནམ་མཁའི་མཛོད། །མཁའ་ཁྱབ་ངོ་མཚར་མཆོད་པའི་སྤྲིན་ཕུང་གིས། །རྒྱལ་ཀུན་ངོ་བོ་མཆོག་དེ་མཆོད་པར་བགྱི། །ཞེས་བརྗོད་པར་བྱའོ། །གཉིས་པ་ནི། རང་གི་ཐུགས་ཀ་ནས་རིག་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་ཐོན། དེའི་ཕྱག་གི་གྲི་གུག་གིས་རང་གི་བེམ་པོ་སྨིན་མཚམས་ཀྱི་ཐད་ནས་ཐོད་པ་བྲེགས་པ་རྒྱ་ཁྱོན་ཚད་མེད་དུ་གྱུར་པ་མདུན་དུ་རྣམ་ཐར་གསུམ་མཚོན་པའི་རང་བྱུང་གི་མེ་མགོའི་སྒྱེད་པུ་གསུམ་བྱུང་བའི་སྟེང་དུ་བཀོད། སླར་ཡང་ཕྱག་གི་གྲི་གུག་གིས་ཤ་རུས་ནང་རོལ་ཐམས་ཅད་དུམ་བུར་གཏུབས་ཏེ་ཐོད་པའི་ནང་དུ་བླུགས་པ་ལ་རྣལ་འབྱོར་མས་ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿཞེས་བརྗོད་པས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པ་རྣལ་འབྱོར་མའི་ཕྱག་གི་ཐོད་སྐྱོགས་ཀྱིས་བཅུས་ཏེ་མཆོད་པས་དགྱེས་ཤིང་ཚིམ་པར་བསམས་ལ། རང་རིག་རྣལ་འབྱོར་མ་དཔལ་མཁའ་ལ་ཐོན། །སྒྱུ་ལུས་ཕུང་པོ་ཟག་མེད་བདུད་རྩིར་སྤར། །དགྱེས་དགུར་ཚིམས་བྱེད་མཆོག་གི་དམ་ཚིག་འདིས། །རྒྱལ་ཀུན་ངོ་བོ་མཆོག་དེ་མཆོད་པར་བགྱི། །ཞེས་སོ། །གསུམ་པ་ནི། རང་གི་ཐུགས་ཀ་ནས་ཤེས་རབ་མ་བརྒྱད་གཉིས་ལོན་པའི་ན་ཚོད་ཅན་མཛེས་ཤིང་ཡིད་དུ་འོང་བ་དཔག་ཏུ་མེད་པ་བྱུང་། མཆོད་ཡུལ་རྣམས་ཀྱི་སྐུ་ལ་འཁྲིལ་ཏེ་སྙོམས་པར་ཞུགས། དགའ་བ་བཞིའི་ཡེ་ཤེས་ཁྱད་པར་ཅན་ཐུགས་བརྒྱུད་ལ་བརྟས་པར་བསམ་ལ། བརྒྱད་གཉིས་ལང་ཚོའི་དཔལ་ཅན་ཡིད་འོང་མ། །འཆི་མེད་སྒེག་མོའི་ཁེངས་འཕྲོག་བདེ་བའི་རོར། །རྗེས་ཆགས་མཉམ་སྦྱོར་དགའ་བཞིའི་ཡེ་ཤེས་ཀྱིས། །རྒྱལ་ཀུན་ངོ་བོ་མཆོག་དེ་མཆོད་པར་བགྱི། །ཞེས་དང་། བཞི་པ་ནི། གང་ལ་མཆོད་པ་འབུལ་བའི་ཡུལ་མཆོད་བྱེད་མཆོད་པའི་ཀུན་སློང་གསུམ་ཀ་ངོ་བོ་དབྱེར་མི་ཕྱེད་པ་འཁོར་གསུམ་མི་རྟོག་པའི་ཡེ་ཤེས་འགྱུར་མེད་གདོད་མའི་གཤིས་གནས་ལུགས་དེ་བཞིན་ཉིད་དང་རོ་གཅིག་པ་ཡིན་པས། ཡིན་པར་ཤེས་པའི་ཚུལ་གྱིས་དེའི་ངང་ལ་མཉམ་པར་བཞག་སྟེ། མཆོད་བྱ་མཆོད་བྱེད་དག་པ་གདོད་མའི་གཤིས། །གནས་ལུགས་རང་ངོ་ཤེས་པ་མཆོད་པའི་མཆོག །ཟུང་འཇུག་བདེ་ཆེན་འགྱུར་མེད་ཕྱག་རྒྱ་ཆེས། །རྒྱལ་ཀུན་ངོ་བོ་མཆོག་དེ་མཆོད་པར་བགྱི། །ཞེས་སོ། །བཞི་པ་གསོལ་བ་གདབ་པ་ནི། བླ་མ་ལ་མོས་གུས་ཀྱི་གདུང་ཤུགས་དྲག་ཏུ་བསྐྱེད་དེ། སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འདུས་པའི་སྤྱི་གཟུགས་ཆེན་པོར་སྙིང་ཐག་པ་ནས་ངེས་ཤེས་བསྐྱེད་ལ། སྤྱིར་བཏང་དུ་བླ་མ་སྐུ་གསུམ་དང་། ཐུན་དྲུག་དང་སྦྱར་ཏེ་སོ་སོའི་དུས་ཚོད་གསུངས་པའི་འདོན་ཚུལ་བཞིན་ལེའུ་གཞན་དྲུག་དང་། གཞན་ཡང་གསོལ་འདེབས་ཅི་རིགས་དང་། ཁྱད་པར་གསོལ་འདེབས་སྙིང་པོ་བཛྲ་གུ་རུ་ཅི་ནུས་བཟླ་ཞིང་། རྡོ་རྗེའི་ཚིག་རྐང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་གསང་བ་འཛིན༔ ཡོན་ཏན་འཕྲིན་ལས་རྫོགས་པའི་དཔལ༔ ཁྱོད་ལ་གུས་པས་གསོལ་བ་འདེབས༔ མཉམ་མེད་གུ་རུ་རིན་པོ་ཆེ༔ བདག་ལ་རེ་གཞན་ན་མེད༔ རྟག་ཏུ་ཐུགས་རྗེས་བརྩེར་དགོངས་ལ༔ དབང་བཞི་སྐུར་ཅིག་ཐུགས་རྗེ་ཅན༔ བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན༔ དངོས་གྲུབ་སྩོལ་ཅིག་ཐུགས་རྗེ་ཅན༔ སྒྲིབ་ཀུན་སྦྱོངས་ཤིག་ཐུགས་རྗེ་ཅན༔ ཞེས་བསམ་རྒྱུད་མོས་གུས་ཀྱི་རྟོགས་པ་གོང་འཕེལ་དུ་མ་གྱུར་གྱི་བར་དུ་གསོལ་བ་གདབ་ཅིང་། ཇི་ལྟར་གསོལ་བ་འདེབས་པའི་ངག་གི་འདོན་ཚུལ་ཡང་། པི་ཝཾ་གླིང་བུའི་གདངས་ལྟར་སྙན་པ་ཡིས། ཞེས་དང་། གཞན་ཡང་། དེ་ལྟར་སྙན་པོའི་རྟ་ལ་བསྐྱོན། ཞེས་གསུངས་པ་ལྟར་ནན་ཏན་དུ་བཏབ་པས། འཁོར་གྱི་ལྷ་ཚོགས་ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ། གུ་རུའི་སྐུ་ལ་ཐིམ་པས་དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསམ་མོ། །ལྔ་པ་ནི། དེ་ནས་གུ་རུའི་སྤྱི་མགྲིན་སྙིང་གའི་གནས་གསུམ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་མཚན་པར་མོས་ལ། ཁྱེད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ལ་བརྟེན་ནས་དབང་བཞིའི་ཆུ་བོས་བདག་གི་སྒྲིབ་བཞི་སྦྱངས་ཏེ་སྐུ་བཞིའི་གོ་འཕང་ཁྱད་པར་ཅན་ཐོབ་ནུས་ཀྱི་སྐལ་པ་ཅན་དུ་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་དགོངས་ཏེ། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། ཡེ་ཤེས་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །ཅེས་གསོལ་བ་གདབ། དམིགས་པའི་འཕྲོ་འདུ་དང་། དབང་སོ་སོའི་རང་སྐལ་གྱི་དྲི་མ་སྦྱོང་ཚུལ། ལམ་ཉམས་ལེན་ལ་དབང་ཚུལ། དབང་གི་གནས་སྐབས་དང་མཐར་ཐུག་གི་ཡེ་ཤེས་ཐོབ་ཚུལ་སོགས་ཚིག་རྗེས་སུ་དོན་དྲན་བཞིན་པས། གུ་རུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿ་ལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཡིད་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་པས་དབང་བཞི་བླང་། དེ་ཡང་སྤྱིར་དབང་ལ། སྨིན་བྱེད་རྒྱུའི་དབང་། གྲོལ་བྱེད་ལམ་གྱི་དབང་། མཐར་ཕྱིན་འབྲས་བུའི་དབང་དང་གསུམ། དང་པོ་ནི། སྔོན་ཆད་དཀྱིལ་འཁོར་དུ་མ་ཞུགས་པ་ཞིག་དང་པོར་ཞུགས་ཏེ་དབང་གི་ཆུ་བོས་སྨིན་པར་བྱེད་པའོ། །གཉིས་པ་ནི། དེ་ལྟར་སྨིན་པ་ཕན་ཆད་ནས་ས་བཅུ་རྒྱུན་མཐའ་ལ་ཐུག་གི་བར་དུ་བདག་འཇུག་གམ་རྡོ་རྗེ་སློབ་དཔོན་ལ་བརྟེན་ནས་རྒྱས་བསྡུས་ཅི་རིགས་པ་བླང་བ་སྟེ། སྐབས་འདིར་ཏིང་ངེ་འཛིན་གྱིས་དབང་ལེན་པའི་སྙིང་པོའང་འདི་ཉིད་དོ། །གསུམ་པ་ནི། རྒྱུན་མཐའི་གནས་སྐབས་སུ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གསང་བ་ཟབ་མོའི་དབང་གསུམ་བསྐུར་བས་སྙེམས་འཇུག་གི་དྲི་མ་བག་ཆགས་ཀྱི་རང་བཞིན་ཕྲ་ཞིང་ཕྲ་བ་རྣམས་སྦྱངས་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་བྱེད་པའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། སླར་ཡང་མོས་གུས་དྲག་པོས་ཤུགས་བསྐྱེད་དེ། སྐྱབས་གནས་ཀུན་གྱི་ངོ་བོ། །མཁྱེན་བརྩེ་ནུས་པའི་བདག་ཉིད། །དྲིན་ཆེན་མཚོ་སྐྱེས་རྡོ་རྗེ། །སྙིང་ནས་གསོལ་བ་འདེབས་སོ། །རྟག་ཏུ་གཡེལ་མེད་ཐུགས་རྗེས། །བདག་རྒྱུད་བྱིན་གྱིས་རློབས་ཤིག་ཅེས་ལན་གསུམ་མམ་བདུན་ལ་སོགས་པ་ཅི་ནུས་ཀྱིས་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མ་དགྱེས་པ་ཆེན་པོས་འོད་ཀྱི་གོང་བུ་ཞིག་ཏུ་ཞུ་ནས་རང་གི་སྤྱི་བོ་ནས་སྙིང་གའི་གནས་སུ་སིབ་ཀྱིས་ཐིམ་པས་བླ་མ་དང་རང་གཉིས་སུ་འཛིན་པའི་རྟོག་པ་བྲལ་ཏེ་སྤྲོས་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་མི་འགྱུར་བའི་ངང་ལ་ཅི་གནས་སུ་མཉམ་པར་འཇོག་པའམ། ཡང་ན་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མའི་སྐུ་ཇེ་ཆུང་ཇེ་ཆུང་དུ་སོང་། བླ་མ་གཟི་འོད་ཀྱི་ཕུང་པོར་འབར་ཞིང་མཚན་དཔེའི་ལང་ཚོ་མཆོག་ཏུ་རྒྱས་པའི་བདག་ཉིད་ཅན་དེ་ཉིད་ཚངས་བུག་ནས་བྱོན་སྙིང་པདྨ་འདབ་བརྒྱད་ཁ་འབུས་ཀྱི་རྣམ་པར་གྱུར་པའི་དབུས་སུ་བཞུགས་པར་མོས་ལ་དེ་ལ་ཤེས་པ་གཏད་དེ་མཉམ་པར་བཞག །མཐར་དེ་ཡང་འོད་དུ་ཞུ་སྟེ་རང་གི་སྒོ་གསུམ་དང་འདྲེས་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ཀྱི་དགོངས་པ་སོ་སོ་རང་རིག་གི་ངོ་བོར་ཇི་ཙམ་གནས་པ་དེ་སྲིད་དུ་བསྐྱང་། ཐུན་བསྡུ་བ་ན་བདག་གིས་འདི་ལྟར་བསྒྲུབས་པའི་དགེ་བའི་རྩ་བས་བདག་གཞན་སེམས་ཅན་ཐམས་ཅད་མོས་གུས་བླ་མའི་ལམ་གྱི་རྣལ་འབྱོར་ལ་བརྟེན་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་དུ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་དང་། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་སྨོན་ལམ་ཅི་རིགས་པས་དགེ་བ་བྱང་ཆུབ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །གང་ཞིག་དྲན་པ་ཙམ་གྱིས་སྲིད་དང་ཞིའི། །ལེགས་བྱས་ཕན་བདེ་སྦྱིན་པའི་དེད་དཔོན་ནི། །རྒྱལ་བའི་ཞལ་སྐྱིན་རྡོ་རྗེ་སློབ་དཔོན་ཉིད། །ཡིན་ཕྱིར་མན་ངག་ལམ་འདི་གསལ་བར་བྱས། །འདིས་མཚོན་དགེ་བའི་རྩ་བ་གང་ཐོབ་འབྲས། །ཀུན་ཀྱང་རྣམ་གྲོལ་མཆོག་གི་རྒྱལ་ཐབས་ལ། །སྤྱོད་ལས་སྲིད་པའི་མུན་པ་དྲུངས་ཕྱུངས་ཏེ། །ཡང་དག་ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །ཟབ་ལམ་བླ་མའི་རྣལ་འབྱོར་གྱི་རིམ་པ་བྱིན་རླབས་ཆར་འབེབས་དང་འབྲེལ་བར་མོས་གུས་བླ་མའི་ལམ་ལ་རྣལ་འབྱོར་དུ་བྱ་བའི་ཡི་གེ་ཐུགས་རྗེའི་ཆུ་འཛིན་སྐུལ་པའི་རྔ་ཆེན་ཞེས་བྱ་བ་འདི་ཡང་རྣམ་དཔྱོད་བློ་གྲོས་ཀྱི་མཐུ་ཅན་སྤེལ་རྐྱང་ནས་སྡེང་རབ་བརྟན་གྱིས་རྒྱང་རིང་མོ་ནས་བཀའ་མཆིད་ཕུལ་དུ་བྱུང་བའི་སྐྱེས་ཆེན་པོའི་གསུང་གིས་བསྐུལ་བ་ལས། གཉོས་ཀྱི་དགེ་སློང་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེས་རང་ལོ་ཉེར་དྲུག་པ་ལྕགས་ཡོས་རྒྱལ་ཟླའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོའི་ཚེས་ལ་ཤར་མར་སྤེལ་བའི་སིདྡྷི་རསྟུ། །

ཚིག་དོན་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་དམིགས་ཁྲིད་ཉུང་བསྡུས་ཟབ་ལམ་བཅུད་དྲིལ། མཁྱེན་བརྩེ་རབ་གསལ་ཟླ་བ།

༄༅། །ཚིག་དོན་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་དམིགས་ཁྲིད་ཉུང་བསྡུས་ཟབ་ལམ་བཅུད་དྲིལ་ཞེས་བྱ་བ་བཞུགས་སོ། །ན་མོ་མ་ཧཱ་གུ་རུ་བྷྱཿ དེ་ལ་འདིར་སྲས་བཅས་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཡེ་ཤེས་ཀྱི་ཕུང་པོ་དུས་གསུམ་ཀུན་མཁྱེན་རྡོ་རྗེའི་བླ་མ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་ཐམས་ཅད་ཀྱི་རྩ་བ། གཅིག་ཆོག་རྒྱལ་པོ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་གཞི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བདུན་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཉིད་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་གོ་སླ་གནད་འདུས་སུ་བཀོད་པ་ལ། འོག་ནས་འབྱུང་བའི་དམིགས་རྣམ་གསལ་འདེབས་ཀྱིས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་འགྲོ་བས། རང་ཉིད་གང་དུ་གནས་པའི་ས་ཕྱོགས་སྣོད་བཅུད་ཐ་མལ་གྱི་རྣམ་པ་མ་ཡིན་པ་དག་པའི་ཞིང་གི་རྟེན་བརྟེན་པའི་བཀོད་པ་ངོ་མཚར་བསམ་གྱིས་མི་ཁྱབ་པ་ཅན་གྱི་མདུན་དུ་ཨོ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་རིན་པོ་ཆེའི་ནེའུ་གསེང་མེ་ཏོག་གི་སྐྱེད་མོའི་ཚལ་ལ་བྱ་དང་བུང་བ་རི་དྭགས་བག་ཕེབས་པས་རྒྱུ་བའི་དབུས་ལྷ་ཡི་ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་རྒྱ་མཚོ་གཏིང་ཟབ་རྒྱ་ཆེ་བཀོད་པ་ཡ་མཚན་པས་སྤྲས་པའི་དབུས་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པའི་པདྨའི་སྡོང་པོ་ཡལ་ག་ལོ་འདབ་འབྲས་བུ་མེ་ཏོག་ཤིན་ཏུ་རྒྱས་པའི་ལྟེ་བར་ཟླ་བ་ཉ་གང་བའི་སྟེང་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་གུ་རུ་རིན་པོ་ཆེ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ག་ལོངས་སྤྱོད་རྫོགས་པའི་ཆས་ཅན་ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན་ཅིང་གཡོན་པའི་མཉམ་བཞག་གི་སྟེང་བྷནྫ་བདུད་རྩིའི་གང་བ་ཚེ་བུམ་གྱིས་མཚན་པ་འཛིན་པ། ཡུམ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར་མོ་གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བ་དར་དང་རུས་པ་རིན་པོ་ཆེའི་རྒྱན་ཆས་ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན་ཡེ་ཤེས་འོད་ལྔ་འཁྲུག་པའི་ཀློང་ན་དྲན་པ་ཙམ་གྱིས་ཐ་མལ་གྱི་སྣང་བ་རང་འགག་ཏུ་འགྲོ་བའི་བྱིན་རླབས་ཀྱི་གཟི་བྱིན་དཔལ་དུ་འབར་བས་བཞུགས་པའི་སྟེང་གི་ནམ་མཁར་དེ་བཞིན་གཤེགས་པ་སྲས་དང་བཅས་པས་ཡེ་ཤེས་ཀྱི་བདུད་རྩིའི་དབང་བསྐུར་ཞིང་ཤིས་པའི་མེ་ཏོག་འཐོར། བར་སྣང་ཐམས་ཅད་འཇིག་རྟེན་སྐྱོང་པ་དང་མཆོད་པའི་ལྷ་མོས་སྲིད་ཞིའི་དཔལ་འབྱོར་གྱི་མཆོད་པ་འབུལ། མཐའ་སྐོར་དུ་རྩ་བརྒྱུད་བླ་མ། རྒྱུད་སྡེ་དྲུག་གི་ཡི་དམ། གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་དམ་ཅན་རྒྱ་མཚོ་བཅས་མཁའ་ལ་འཇའ་སྤྲིན་གཏིབ་པ་ལྟར་བཞུགས་ཤིང་། གཙོ་འཁོར་ཐམས་ཅད་ཀྱིས་བདག་ལ་ཐུགས་རྗེས་སུ་བརྩེ་བའི་ཚུལ་གྱིས་མངོན་སུམ་བཞིན་དུ་གཟིགས་པར་བསམ་ལ། རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་ཀྱི་ཕུང་པོ་རྣམ་པ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་བཞེངས་ནས་མཁའ་ཁྱབ་འགྲོ་བ་གདུལ་དཀའ་བ་དང་སྡུག་བསྔལ་ཅན་གྱི་སྐྱབས་གཅིག་པུའི་ཡོན་ཏན་རྗེས་སུ་དྲན་པའི་གདུང་ཤུགས་ཀྱི་དད་པས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ། བདག་གིར་བཟུང་བའི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བའི་ཚོགས་ཀྱིས་རྒྱུར་བྱས་པའི་སྣང་སྲིད་ཐམས་ཅད་དག་པ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་རྣམ་རོལ་ཤར་བའི་མཆོད་པ་འབུལ། ཚེ་རབས་ཐོག་མེད་ནས་ད་ལྟ་ཡན་ཆད་དུ་བྱས་ཤིང་བསགས་པའི་རང་གཞན་གྱི་སྡིག་པ་དང་། སོར་བྱང་སྔགས་གསུམ་གྱི་ཉེས་ལྟུང་གང་བསགས་པ་ཐམས་ཅད་ལ་གནོང་འགྱོད་ཀྱིས་བཤགས་ཤིང་སྡོམ། ཆོས་ཀྱི་དབྱིངས་དང་མཉམ་པའི་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་གཅིག་ཏུ་རྫོགས་པའི་གུ་རུ་རིན་པོ་ཆེའི་རྣམ་ཐར་ལ་དད་པས་ཡི་རངས་ཤིང་རང་གཞན་སེམས་ཅན་ཐམས་ཅད་དེ་བཞིན་འགྱུར་བར་སྨོན། ཕྱོགས་དུས་སྐྱབས་གནས་ཀུན་ལས་ཁྱད་པར་འཕགས་པའི་མགོན་པོ་ལ་རྟག་པར་དད་པའི་ཡུལ་དུ་འདུ་འབྲལ་མེད་པར་བཞུགས་པར་གསོལ་བ་གདབ་པ་དང་། དུས་གསུམ་ཀུན་ཏུ་འགོག་པ་མེད་པའི་གསུང་རྡོ་རྗེའི་ཕྲིན་ལས་དངོས་བརྒྱུད་སྣང་བས་ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ། རང་གཞན་དུས་གསུམ་བསགས་པའི་དགེ་བ་ཀུན་བསྡོམས་ཏེ་སེམས་ཅན་ཇི་སྲིད་བར་འགྲོ་འདུལ་ཕྲིན་ལས་རྒྱུན་མི་ཆད་པ་གུ་རུ་རིན་པོ་ཆེའི་རྣམ་ཐར་བཞིན་འགྲུབ་ཅིང་འབྱུང་བའི་ཕྱིར་བསྔོ་བས་རྒྱས་འདེབས་པའི་དོན་རྗེས་སུ་དྲན་པ་དང་བཅས་ཡན་ལག་བདུན་གྱི་ཚོགས་བསགས་ཤིང་མོས་གུས་རྩེ་གཅིག་པའི་ཡིད་ཀྱིས་གསོལ་བ་གདབ་པ་སྟེ་ཚིག་བདུན་གཏེར་བྱོན་ཀུན་གྱི་རྩ་བ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་ཐུགས་གཏེར་ལས། ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ ཕྱི་རབས་སྐལ་ལྡན་རིགས་ཀྱི་བུ༔ ཨོ་རྒྱན་བདག་ལ་སྐྱབས་འཚོལ་ན༔ དབེན་པའི་གནས་སུ་རང་འདུག་ནས༔ མི་རྟག་སྐྱོ་བ་སྐྱེ་བ་དང༔ འཁོར་བས་སུན་པར་རབ་ཏུ་གཅེས༔ གློ་སྙིང་བྲང་གསུམ་ང་ལ་གཏོད༔ གཞན་ཡང་སྐྱབས་གྱུར་རེ་ས་རྣམས། ཨོ་རྒྱན་བདག་ལ་རྫོགས་པར་སོམས༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་ཀྱིས༔ མཆོད་བསྟོད་མི་འཚལ་རྒྱུ་གསོག་སྤང༔ ལུས་ངག་ཡིད་གསུམ་གུས་པ་ཡིས༔ ཚིག་བདུན་འདི་ཡིས་གསོལ་བ་ཐོབ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པས་ཡང་ཡང་གསོལ་བ་གདབ༔ གདུང་བ་དྲག་བསྐྱེད་མཆི་མ་ཕྱུང་༔ དད་པའི་ཁམས་འདུས་བྱུང་སྲིད་ན༔ ཧག་གིས་ཧ་ཡིས་ཀྱང་ཐོབ་ལ་ས་ལེར་ཞོག༔ སང་ངེ་ཡེ་རེ་མ་ཡེངས་ལྟ༔ འདི་ལྟར་གསོལ་བ་འདེབས་པའི་བུར༔ ང་ཡིས་སྐྱོབ་པ་སྨོས་ཅི་དགོས༔ དུས་གསུམ་རྒྱལ་བའི་སྲས་སུ་འགྱུར༔ དབང་ཆེན་རང་རིག་སེམས་ལ་ཐོབ༔ ཏིང་འཛིན་མཐུ་བརྟན་ཡེ་ཤེས་རྒྱས༔ བྱིན་རླབས་རང་བྱུང་ཆེན་པོ་ཡིས༔ རང་སྨིན་གཞན་སྐྱོབ་སྡུག་བསྔལ་སེལ༔ རང་སྣང་འགྱུར་ཚེ་གཞན་སྣང་རྣམས༔ དུས་མཉམ་འགྱུར་ཞིང་ཕྲིན་ལས་འགྲུབ༔ ཡོན་ཏན་ཐམས་ཅད་རང་ལ་རྫོགས༔ བདག་ཉིད་ཆེན་པོ་ཆོས་ཀྱི་སྐུར༔ སྨིན་ཅིང་གྲོལ་པའི་ཐབས་ཆེན་འདི༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཅེས་གསུངས་པ་ཉིད་ཚུལ་འདིའི་ཉམས་ལེན་གྱི་རྩ་བ་སྟེ། སྤྱིར་གསང་སྔགས་ཀྱི་ལམ་བསྐྱེད་རྫོགས་གང་བསྒོམས་ཀྱང་སྔོན་འགྲོའི་ཉམས་ལེན་མེད་དུ་མི་རུང་ཞིང་། སྔོན་འགྲོའི་སྦྱང་པ་གནད་དུ་མ་སོང་ན་དངོས་གཞིའི་ཡོན་ཏན་རྒྱུད་ལ་མི་སྐྱེ། སྐྱེས་ཀྱང་མཐར་ཕྱིན་མི་འོང་བས་དངོས་གཞི་ལས་སྔོན་འགྲོ་ལ་ནན་ཏན་བྱེད་དགོས་ཤིང་། སྔོན་འགྲོའི་ཉམས་ལེན་མཐར་ཕྱིན་ན་དངོས་གཞིའི་ཉམས་མྱོང་རྒྱུད་ལ་སྐྱེ་བ་ལ་ཚེགས་མེད་པས་སྔོན་འགྲོ་གནད་ཐོག་ཏུ་སྦྱོར་དགོས་ལ། སྔོན་འགྲོ་ཞེས་པ་དེང་སང་ཕལ་ཆེར་གྱིས་སྐྱབས་སེམས། བསགས་སྦྱངས། བླ་མའི་རྣལ་འབྱོར་གྲངས་འབུམ་ཕྲག་རྫོགས་ཙམ་ལ་ངོས་འཛིན་པ་མང་ཡང་དེ་མ་ཡིན། སྔོན་འགྲོ་ཞེས་པ་རྒྱུད་ལས་རུང་དུ་བྱ་ཕྱིར་བློ་ལྡོག་བཞིས་ངེས་འབྱུང་བསྐྱེད་པ་གལ་ཆེ་བས་ཐོབ་པར་དཀའ་བའི་མི་ཡི་ལུས་རྟེན་ཆོས་ཀྱི་མཐུན་རྐྱེན་ཚང་བ་འདི་ལྟ་བུ་སྔར་ཡང་མ་རྙེད། ཕྱིས་ཀྱང་མི་རྙེད། ད་རེས་ནི་སྲིད་པའི་དཔལ་ཕུན་སུམ་ཚོགས་པ་ཞིག་གི་དབུལ་པོ་ལོང་བ་ཞིག་གློ་བུར་དུ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་རྙེད་པ་ལྟ་བུ་འདི་ཐོབ་པ་ཉི་མ་རེ་རེའང་ཆུད་ཟོས་སུ་མ་ཤོར་བ་ཞིག་མ་བྱས་ན་འཆི་བདག་གཤིན་རྗེ་དེས་གློ་བུར་དུ་ནོར་བུ་ལག་ནང་ནས་སྟོར་བ་ལྟ་བུ་ཞིག་ནམ་བྱེད་ངེས་པ་མེད། དེས་མཚང་ཤེས་པས་ད་ལྟ་རང་དབང་ཡོད་དུས་དོན་འབྲས་ལྡན་པ་མ་བྱས་ན་འཆི་བ་ཐོག་བབ་ཏུ་བྱུང་ཚེ་འགྱོད་ཀྱང་འཕྱིས། ད་ལྟ་བདེ་བའི་མལ་དུ་ལུས་ལང་ཚོ་དང་ལྡན། ཆོས་འདོད་དགུ་ཚོལ། རྐྱེན་ཕུན་སུམ་ཚོགས་པས་འབྱོར། རང་དབང་རང་ལ་ཡོད་དུས་བརྩོན་པ་གལ་ཆེ་ངེས་པས། གློ་བུར་འཇིག་རྟེན་ཕྱི་མར་བགྲོད་པའི་ཚེ་འཇིག་རྟེན་གྱི་ཕུན་ཚོགས་གང་གིས་ཀྱང་བཤོལ་མི་ཐེབས། ཐབས་གང་བྱས་ཀྱང་བཟློག་ཏུ་མེད། རྒྱ་མཚོའི་རླབས་ཀྱིས་དེད་པ་ལྟར་ཅི་བྱ་གཏོལ་མེད་དུ་སོང་བའི་ཚེ་རང་གིས་བསགས་པའི་དགེ་སྡིག་གི་ལས་ཀྱི་རྗེས་སུ་འབྲང་བ་ལས་རང་དབང་མེད། སྐབས་དེར་དགེ་སྡིག་བླང་དོར་བྱེད་ལོ་མི་འབྱུང་། སྡིག་པའི་ལས་ཀྱིས་ངན་སོང་དུ་ལྟུང་ན་ཆོས་བྱེད་པ་ལྟ་ཅི་ཆོས་ཀྱི་སྒྲ་ཙམ་ཐོས་དཀའ། དགེ་བ་མ་བྱས་པས་མཐོ་རིས་ཐོབ་དུས་མེད། སྤྱིར་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་དང་སྡིག་པ་ལས་མ་འདས། རྒྱུ་སྡིག་པ་ཞིག་བྱས་ཕྱིན་འབྲས་བུ་སྡུག་བསྔལ་མི་མྱོང་བའི་ཐབས་མེད་པས་སྡུག་བསྔལ་གྱིས་གང་བའི་འཁོར་བ་ལས་ཐར་བའི་ཐབས་ཁོ་ན་ལ་བསམ་དགོས། འཁོར་བའི་རྒྱུ་འབྲས་ལ་སྐྱོ་ཤེས་གཏིང་ནས་སྐྱེས་ཏེ་འདི་ནས་ཐར་པའི་ཐབས་གང་བྱེད་སྙམ་པ་བྱུང་ན་བློ་ལྡོག་བཞིའི་སྙིང་པོ་དེ་ཡིན། འཁོར་བའི་རྒྱ་མཚོར་རང་གཞན་ཐམས་ཅད་བྱིང་ཞིང་ལས་ཉོན་གྱི་གཞན་དབང་ཅན་ཡིན་པས་རང་སྟོབས་ཀྱིས་ཐར་མི་ནུས་པས། རང་ཉིད་འཁོར་བ་ལས་གྲོལ་ཞིང་གཞན་དོན་ལ་རྩེ་གཅིག་ཏུ་དགོངས་པའི་སྐྱབས་ཁྱད་པར་ཅན་དཀོན་མཆོག་ལ་སྐྱབས་གནས་འཚོལ་དགོས། སྐྱབས་ཡུལ་ལ་མཁྱེན་བརྩེ་ནུས་པའི་བྱིན་བརླབས་ཡོད་ཀྱང་རང་གིས་དད་མོས་བློ་གཏད་མ་བྱས་ན་སྐྱོབ་པའི་ཐབས་མེད། སྐྱབས་ཀྱི་མཐར་ཐུག་དཀོན་མཆོག་དང་རྩ་གསུམ་སོགས་རྣམ་དབྱེ་མང་པོ་མཛད་པའང་བསྡུ་ན་གཅིག་ཆོག་རྒྱལ་པོ་གུ་རུ་རིན་པོ་ཆེ་ལ་སྐྱབས་གནས་ཀུན་འདུས་སུ་ཤེས་ཏེ་བློ་གཏད་ཞུས་པས་ཆོག །སྣང་ཚུལ་གྱི་དབྱེ་བའི་སྐྱབས་ཡུལ་མང་པོ་གསུངས་ཀྱང་ངོ་བོ་བླ་མའི་སྐུ་གསུང་ཐུགས་གཅིག་གི་ཡེ་ཤེས་ཀྱི་བཀོད་པ་ལས་རྒྱུད་ཐ་དད་པ་མ་ཡིན། དེར་མ་ཟད་ངོ་ཤེས་ན་སྐྱབས་ཀྱི་མཆོག་སྐུ་གསུམ་དབྱེར་མེད་ཀྱི་སངས་རྒྱས་རང་ལ་བཞུགས་པ་ཡིན། འོན་ཀྱང་ད་ལྟ་སྒྲིབ་བྲལ་ཡེ་ཤེས་མངོན་གྱུར་གྱི་སྐྱབས་ཡུལ་ལ་སྐྱབས་སུ་ཞུས་པའི་ཐུགས་རྗེས་རང་རྒྱུད་ཀྱི་སྒྲིབ་པ་དག་ནས་ཡིན་ལུགས་མངོན་གྱུར་དུ་ཤེས་པར་འགྱུར་བས་སྐྱབས་འགྲོའི་དོན་པོ་ཡིད་ཆེས་ཀྱི་དད་པ་ཡིན། དད་པ་སྐྱེ་བ་ལ་སྐྱབས་ཡུལ་གྱི་ཡོན་ཏན་ཤེས་དགོས་པས་གུ་རུ་རིན་པོ་ཆེ་ནི་པདྨ་བཀའ་ཡི་ཐང་ཡིག་ལས། སངས་རྒྱས་གདུལ་ཞིང་ཁྱད་པར་འཕགས་པ་རུ༔ འགྲོ་རེའི་མདུན་དུ་སྤྲུལ་སྐུའི་སྟོན་པ་འབྱོན༔ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུ༔ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་འགྱུར་ཀྱང༔ དོན་ལ་དབྱེར་མེད་སོ་སོ་ཐ་མི་དད༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ འགྲོ་དོན་ཀུན་ལས་བྱིན་རླབས་རྨད་པོ་ཆེ༔ ཞེས་དང་། ཚོགས་གཉིས་མཐར་ཕྱིན་ཡོན་ཏན་རབ་རྫོགས་པ༔ སྲས་ཀྱི་མཆོག་གྱུར་སྤྲུལ་པ་བསམ་མི་ཁྱབ༔ འདས་དང་མ་འོངས་ད་ལྟ་ཐམས་ཅད་དུ༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རབ་ཏུ་འཇུག༔ ཞེས་དང་། སྨོན་ལས་གང་བཏབ་དེ་ཡིས་དེ་ཐོབ་བྱེད༔ གསོལ་བཏབ་པད་འབྱུང་ང་ལས་དགོས་འདོད་འབྱུང༔ ཞེས་གསུངས་པ་ལྟར་ལ། དེར་གསོལ་བ་ཇི་ལྟར་འདེབས་པ་ནི་མདུན་གྱི་ནམ་མཁར་གུ་རུ་རིན་པོ་ཆེ་འཁོར་དང་བཅས་པ་མངོན་སུམ་ལྟ་བུར་གསལ་བ་བསྙེན་པ། དེ་ལ་གུས་པས་གསོལ་བ་གདབ་ཅིང་སྒོ་གསུམ་རྡོ་རྗེ་གསུམ་དུ་སྒྲུབ་པར་འདོད་པ་ཉེ་བསྙེན་གཉིས་བསྐྱེད་རིམ། རབ་འབྱམས་ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་ཁབ་ལེན་ལ་ལྕགས་ལྟར་གུ་རུ་རིན་པོ་ཆེ་ལ་ཐིམ། དེ་རང་ལ་ཐིམ་པ་སྒྲུབ་པ། བླ་མ་རང་སེམས་དབྱེར་མེད་གཞི་ལམ་འབྲས་བུའི་དགོངས་པ་རོ་གཅིག་གི་དོན་མངོན་དུ་རྟོགས་པ་ཆེན་པོ་གཉིས་རྫོགས་རིམ་སྟེ་དེ་ལྟ་བུའི་ཉམས་ལེན་དང་མ་བྲལ་བར། གང་གིས་གསོལ་བ་འདེབས་ན་བཀའ་བརྒྱད་ཡོངས་འདུས་ལས། གཅིག་ཆོག་རྒྱལ་པོ་ཚིག་བདུན་གསོལ་འདེབས་ཡིན༔ སྨོན་ལམ་དབང་གིས་དངོས་སུ་ཞལ་མཐོང་འགྱུར༔ ཞག་བདུན་ཉེར་གཅིག་གསོལ་འདེབས་བསྙེན་པ་བྱ༔ དངོས་གྲུབ་བྱིན་འབེབས་བར་ཆད་ཀུན་ལས་གྲོལ༔ ཞེས་དང་། གུ་རུ་ཉིད་ཀྱི་གསུང་ལས། ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོས་དྲག་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུ་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་བོ་དམ་ཚིག་ན་ར་ཀན༔ ཞེས་རྡོ་རྗེའི་གསུང་གི་ཞལ་བཞེས་བསླུ་མེད་མང་པོས་བསྟན་པ་ལ་ཡིད་ཆེས་ཀྱི་བློ་གཏད་སྙིང་གི་དཀྱིལ་དུ་བཅངས་ཏེ་གསོལ་བ་བཏབ་པས་ངེས་པར་བྱིན་གྱིས་རློབ་པ་ནི་ནམ་ཡང་བསླུ་བ་མེད་ཅིང་དེར་མ་ཟད་བླ་མ་གསང་འདུས་ཀྱི་སྒྲུབ་པ་ལུང་གི་བྱང་བུ་ལས། འབྲས་བུ་གསང་སྔགས་རྡོ་རྗེ་ཡི༔ རྒྱུད་དང་ལུང་ཆེན་ཀུན་ལས་ཀྱང༔ ཚོགས་གཉིས་མྱུར་རྫོགས་སྙིང་པོ་ཡི༔ དོན་རྟོགས་འདོད་ན་བླ་མ་སྒྲུབས༔ ཞེས་དང་། ང་བསྒྲུབས་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་གསུངས་པ་ལྟར་བླ་མ་གཅིག་བསྒྲུབས་པས་སངས་རྒྱས་ཐམས་ཅད་འགྲུབ་ཅིང་། ལས་ཐམས་ཅད་ཐོགས་མེད་དུ་བྱེད་ནུས་ལ་སྐབས་འདིའི་བསྒྲུབ་བྱའི་གནད་ཀྱི་གཙོ་བོ་ཡང་བསྐྱེད་རིམ་གྱི་གསལ་སྣང་། འོད་ཟེར་སྤྲོ་བསྡུ། རྫོགས་རིམ་གྱི་འབར་འཛག་དང་རླུང་སེམས་གཅུན་པ་སོགས་དབང་པོས་མི་ཆུན་པའི་རྩོལ་བ་གང་ཡང་མི་དགོས། ཡིད་ཆེས་ཀྱི་མོས་གུས་འཕོ་འགྱུར་མེད་པས་བློ་གཏད་ལིང་གིས་བསྐྱུར་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ཁོ་ན་ཡིན་པ་ནི་གསང་འདུས་སྒྲུབ་པའི་གནད་ཐེམ་ལས། སྐྱིད་སྡུག་ལེགས་ཉེས་ལ་སོགས་པ༔ ཤི་གསོན་ཚེ་འདི་ཕྱི་མ་སོགས༔ གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པའི༔ བདག་ལ་རེ་ས་གཞན་ན་མེད༔ ཨོ་རྒྱན་མཁྱེན་ནོ་སྙམ་པ་ཡི༔ བློ་ཡིས་ཡང་ཡང་གཏད་པར་བྱ༔ ཞེས་གསུངས་པ་འདི་ཉིད་ཡིན་ཞེས་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ཞལ་ཁྲིད་ལས་ཀྱང་གསུངས། དེར་མ་ཟད་མདོ་སྔགས་ཐམས་ཅད་ཀྱི་སྙིང་པོ་སྔོན་དངོས་རྗེས་གསུམ་གང་གི་སྐབས་སུ་ཡང་བླ་མའི་རྣལ་འབྱོར་འབའ་ཞིག་གཅེས་པ་གསར་རྙིང་མཁས་གྲུབ་ཐམས་ཅད་ཀྱིས་ཡང་ཡང་གསུངས། བླ་མའི་རྣལ་འབྱོར་ཉིད་ཉམས་སུ་ལེན་ནུས་ན་གེགས་སེལ་བོགས་འདོན་ཐམས་ཅད་དེར་འདུ། ལམ་གཞན་ལ་མ་ལྟོས་པར་འདི་ཉིད་ཁོ་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྒྲུབ་པར་ནུས་པ་སོགས་བསྔགས་པ་དང་ཕན་ཡོན་ཚད་མེད་པས་ཉམས་ལེན་གྱི་མཐིལ་འདི་ལ་བློ་གཏད་བྱ་དགོས་ཤིང་། བླ་མའི་རྣལ་འབྱོར་དེ་ལའང་དུ་མ་ཞིག་མཆིས་ཀྱང་སྐབས་སུ་བབ་པ་འདི་ནི་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཉིད་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་རོང་རྨེ་དཀར་མོ་སྟག་ཚང་གི་དབེན་པ་ལ་བཞུགས་པའི་སྐབས་མཁའ་འགྲོ་མ་ཞིག་གིས་སྙན་འགྱུར་གྱི་དབྱངས་ཡིད་འཕྲོག་པས་རྡོ་རྗེའི་ཚིག་བདུན་མ་གླུ་རུ་བླངས་བའི་རྐྱེན་གྱིས་མཛད་པའི་བྱིན་རླབས་མཚུངས་པ་མེད་པ་ཉིད་ཡིན་ལ། སྤྱིར་རྡོ་རྗེའི་ཚིག་རྐང་བདུན་མའི་གསོལ་འདེབས་འདི་ཁོ་ན་ལ་བསྟེན་པའི་དབང་བསྐྱེད་རྫོགས་མི་འདྲ་བ་ལྔ་བཅུ་ཙམ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་དགོངས་གཏེར་ལས་བྱོན་པའང་བཞུགས་ཤིང་། ཐམས་ཅད་མཁྱེན་གཟིགས་མི་ཕམ་རིན་པོ་ཆེའི་གསོལ་འདེབས་ཚིག་རྐང་བདུན་མའི་རྣམ་བཤད་པདྨ་དཀར་པོ་ཞེས་རིམ་པ་གཉིས། རྫོགས་པ་ཆེན་པོ་དང་བཅས་པའི་དོན་ཟབ་རྒྱས་སུ་བསྟན་པས་མཚོན་རྡོ་རྗེའི་རྒྱུད་ཀྱི་གསང་བ་དང་གཉིས་སུ་མེད་པའི་བྱིན་རླབས་ཀྱི་ཚན་ཁ་ཆེས་ཆེ་བའི་ཟབ་དོན་གྱི་སྙིང་པོ་ཉིད་ཡིན་ལ། དེ་དག་ཚང་བ་ཉམས་སུ་མ་ལོན་ཀྱང་རྩ་བ་འདི་ཁོ་ནས་ཀྱང་དོན་ཐམས་ཅད་འགྲུབ་པར་ངེས་ཤིང་། ཞར་བྱུང་སྡིག་སྒྲིབ་སྦྱང་ཕྱིར་རྡོ་རྗེའི་ཚིག་བདུན་མའི་གསོལ་བ་དྲག་ཏུ་གདབ་པས། མདུན་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་བདུད་རྩིས་རང་གི་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་རྣག་ཁྲག་སྲོག་ཆགས་དུད་ཁུ་མི་གཙང་བ་སོགས་ཀྱི་རྣམ་པར་ཐོན། མཐར་རང་ལུས་ཀྱང་ལན་ཚྭ་ཆུར་ཞུ་བ་ལྟར་སྦྱངས་བའི་ཁུ་བས་འོག་འཆི་བདག་གི་གཙོས་གདོན་དང་ལན་ཆགས་བདག་པོ་རྣམས་ཀྱི་ཁར་སོང་བས་དེ་དག་ཚིམ་ཞིང་བུ་ལོན་དང་གནོད་པ་ཐམས་ཅད་སྦྱངས་ཤིང་སྟོང་ཉིད་དུ་ཡལ། སླར་ཡང་རང་ལུས་རྡོར་སེམས་ཀྱི་ལྷ་སྐུ་འོད་ཀྱི་རྣམ་པར་སྒོམ་པའི་སྙིང་པདྨ་འདབ་རྒྱད་ཀྱི་དབུས་སུ་མདུན་གྱི་བླ་མ་ཉིད་བྱོན་ནས་མི་ཤིགས་པའི་ཐིག་ལེ་དང་རོ་མཉམ་དུ་བདེ་ཆེན་ཡེ་ཤེས་ཀྱི་ངང་ལ་མཉམ་པར་བཞག་པ་དང་བཅས་ཡི་གེ་བརྒྱ་བ་འབུམ་ཕྲག་སོགས་ཅི་ནུས་བཟླས་པ་དང་། སྐུ་གསུམ་ཞིང་ཁམས་འབུལ་བའི་དམིགས་པ་དང་བཅས། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་མཉམ་ཉིད་ཆོས་སྐུའི་ཞིང་ཁམས་སུ། །རང་སྣང་མ་འགག་ལོངས་སྐུ་རིགས་ལྔའི་ཞིང་། །མཁའ་ཁྱབ་སྤྲུལ་སྐུའི་ཞིང་གི་བཀོད་པ་རྣམས། །ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་དུ་འབུལ། །ཨོཾ་རཏྣ་མཎྜལ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཞེས་དང་། སྤྲོ་ན་ཚོམ་བུ་སོ་བདུན་མ་དང་བཅས་མཎྜལ་འབུམ་ཕྲག་སོགས་གྲངས་བསགས། འདི་ལ་བརྟེན་ནས་འབུམ་ལྔ་ཚང་བར་བྱེད་ན་ངག་ཏུ་གསོལ་འདེབས་ཚིག་བདུན་མ་འདོན་བཞིན་པས་དངོས་སུ་ལུས་ཕྱག་འཚལ་ཏེ་གྲངས་འབུམ་ཕྲག་བསགས་པས་སྔོན་འགྲོ་བསག་སྦྱང་ཐམས་ཅད་ཀྱང་བླ་མའི་རྣལ་འབྱོར་གཅིག་ལ་བརྟེན་པས་མི་རུང་བ་མེད་ལ། སྐྱབས་སེམས་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་དང་། དགེ་རྩ་བསག་སྦྱང་མཐའ་དག་རང་དོན་ཁོ་ནའི་བློ་ངན་སྤངས་ཏེ་མཁའ་ཁྱབ་སེམས་ཅན་གྱི་དོན་དུ་མོས་པའི་གཞན་ཕན་སྙིང་རྗེའི་བློའི་ཐོག་མའི་ཀུན་སློང་དང་། མཇུག་བསྔོ་བ་དང་བཅས་བྱས་པས་སྐྱབས་སེམས་ཀྱི་ངག་འདོན་ལོགས་སུ་གྲངས་མ་བསགས་ཀྱང་རུང་བར་སེམས་ཤིང་། ངག་འདོན་མང་པོ་མི་ལྕོགས་པ་དང་རྒྱུན་གྱི་ཉམས་ལེན་ལྟ་བུར་གོང་ལྟར་སྦྱར་བས་སྔོན་འགྲོའི་ཟབ་གནད་ཀྱང་ཚང་བ་ཀུན་གོ་གཅིག་ཆོད་དུ་འགྱུར་ཚུལ་ཤེས་དགོས་ཀྱི་གཞན་དུ་འདི་ལ་བརྟེན་ནས་ཚིག་བདུན་འབུམ་ཕྲག་ཉུང་མཐའ་བྱས་པ་བསགས་པས་བྱིན་རླབས་ཀྱི་སྒོ་ཕྱེ་སྟེ། ཐུན་མོང་ཕྱི་ནང་གི་སྔོན་འགྲོ་རྣམས་སོ་སོར་ཉམས་ལེན་གཞུང་ལྟར་དུ་གདམས་པ་ཀུན་མཁྱེན་བླ་མ་རིན་པོ་ཆེ་མི་ཕམ་ཞབས་ཀྱི་ཕྱག་བཞེས་ལྟར་བྱ་བ་གལ་ཆེ་ཞིང་། གང་ལྟར་ཡང་གསོལ་འདེབས་དངོས་གཞིའི་བཟླས་པ་གྲུབ་པའི་རྗེས་ཡར་མར་གྱི་ཚེས་བཅུ་སོགས་ཀྱི་སྐབས་ཚོགས་མཆོད་ཀྱང་སྦྱར། ཚོགས་འབུལ་མི་དགོས་ན་དབང་ལེན་གྱི་དམིགས་པ་བླ་རྣམ་དཀྱུས་ལྟར་བླ་མ་རང་སེམས་དབྱེར་མེད་དུ་འདྲེས་པའི་ཆོས་ཉིད་ཀྱི་རང་ངོ་སྐྱོང་པས་མཚན་མཚོན་བརྗོད་པ་ཐམས་ཅད་དང་བྲལ་བའི་གཉུག་མ་རྡོ་རྗེའི་སེམས་ཉིད་ངེས་དོན་གྱི་བླ་མའི་རང་ཞལ་མཇལ་བའི་མཉམ་བཞག་གི་ངང་བསྐྱང་། བླ་མ་ལ་གདུང་བ་སྐྱེས་དྲག་པས་ཁམས་འདུས་པའམ་སེམས་བྱིང་འཐིབས་དང་སྐྱོ་བ་བྱུང་ན་ཁ་ནས་ཧ་སྒྲ་དྲག་པོ་བརྗོད་དེ་ནང་གི་རིག་པ་ཕྱིའི་དབྱིངས་སུ་འདྲེས་ཏེ་མཉམ་པར་བཞག་པས་སེལ་བ་དང་། ཧ་ཅང་རྒོད་པ་བྱུང་ན་ལྟ་སྟངས་སྣ་རྩེར་གཏོད་ཅིང་བླ་མའི་སྐུའི་གསལ་སྣང་ཡང་ཡང་བསྐྱེད་པ་སོགས་ནང་གི་མྱོང་བ་དང་བསྟུན་པའི་ཐབས་བསྟེན་ཞིང་སྤྱིར་གསོལ་བ་གདབ་བྱའི་ཡུལ་བླ་མ་དང་མདུན་དུ་བསྒོམ་པ་དང་། དད་མོས་གདུང་ཤུགས་སྐྱེད་པ་པོ་བཅས་རང་སེམས་ཀྱི་རོལ་པ་ལས་བཟང་ངན་གཉིས་སུ་མ་དམིགས། རང་གི་སེམས་ནི་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་ངོ་བབ་ཀྱིས་བལྟས་པས་རིག་སྟོང་ཞེན་འཛིན་དང་བྲལ་བའི་ཆོས་ཉིད་རྗེན་ནེ་བ་འདི་ཀ་ངེས་པ་དོན་གྱི་གུ་རུ་རིན་པོ་ཆེ་སྟེ། རྫོགས་ཆེན་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། སངས་རྒྱས་ཀུན་གྱི་ས་བོན་ནི། །སེམས་མེད་རིག་ཅེས་ཀུན་ཏུ་གྲགས། །ཞེས་དང་། རིག་པ་རང་ཤར་གྱི་རྒྱུད་ལས། རིག་པ་རྟོག་མེད་ཆོས་སྐུའི་ངོ་བོ་ཡིན། །རིག་པ་མ་འགག་གསལ་བ་ལོངས་སྐུ་ཡིན། །རིག་པ་ཅིར་ཡང་འཆར་བ་སྤྲུལ་སྐུ་ཡིན། །ཞེས་པའི་དོན་སྙིང་པོ་བཛྲ་གུ་རུའི་སྔགས་དོན་གྱིས་མཚོན་པ་སྟེ། ཨོ༵ཾ་ངོ་བོ་སྟོང་ཉིད། ཨཱ༵ཿརང་གཞན་འོད་གསལ། ཧཱུ༵ྃ་ཐུགས་རྗེ་ཀུན་ཁྱབ་སྟེ་སྐུ་གསུམ་དེ་དག་ལྡོག་པས་དབྱེ་བ་ལས་དོན་ལ་ཆོས་ཉིད་གཅིག་འདུས་པ་བ༵ཛྲ༵། བདག་དང་བླ་མ་གདོད་ནས་ངོ་བོ་དབྱེར་མེད་ཀྱི་གཤིས་ལུགས་དེ་འཁོར་འདས་གང་གིས་ཀྱང་ཟིལ་གྱིས་མ་ནོན་པར་སྟེང་དུ་འཕགས་པའམ་དངོས་མཚན་གྱི་ཆོས་ལས་འདས་པས་གུ༵་རུ༵་སྟེ། ཐབས་ཀྱི་བྱ་རྩོལ་ལ་ལྟོས་པར་འཁྲུལ་སྣང་ཡེ་དག །འབྲས་བུ་ལྷུན་གྲུབ་ཏུ་རྒྱས་པས་པ༵དྨ༵་སྟེ། རང་བྱུང་ལྷུན་གྲུབ་ཀྱི་དབྱིངས་སུ་རང་རིག་ཡེ་ཤེས་མངོན་དུ་གྱུར་པ་ཙམ་ལས་གསར་དུ་བསྒྲུབ་མི་དགོས་པ་ནི་སི༵དྡྷི༵། རང་བྱུང་ཡེ་ཤེས་གཅིག་ལ་གཞི་ལམ་འབྲས་གསུམ་དུ་ལྡོག་པས་ཕྱེ་བ་ངོ་བོ་ཐ་དད་པ་ཉིད་སོ་སོ་རང་རིག་པས་མངོན་དུ་བྱེད་པ་ཧཱུ༵ྃ༔ ཞེས་ཟབ་མོའི་ཐུགས་སྲོག་རྡོ་རྗེའི་གསང་སྔགས་ཀྱིས་མཚོན་པ་སེམས་དོན་མཐར་ཐུག་ཡིན་ཞིང་སྔར་མོས་གུས་ཀྱིས་གསོལ་བ་ཡང་ཡང་བཏབ་པའི་ཀུན་རྫོབ་མཚན་བཅས་ཀྱི་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ཀྱིས་དོན་དམ་རང་རིག་ནང་གི་བླ་མ་གདོད་ནས་བཞུགས་པའི་ཞལ་མངོན་སུམ་དུ་མཐོང་སྟེ་དེ་གཉིས་ཟུང་འཇུག་གི་ཚུལ་དུ་ཉམས་སུ་བླངས་བས་གཅིག་གྲོགས་གཅིག་གིས་བྱས་ནས་དངོས་གྲུབ་མཆོག་གི་གོ་འཕང་ལ་སྦྱོར་བར་འགྱུར་ཞིང་། དེར་མ་ཟད་ཐུན་མཚམས་རྣམས་སུ་ཡང་སྣང་བ་ཐམས་ཅད་བླ་མའི་རྣམ་རོལ་དུ་མོས་ཤིང་དག་སྣང་དང་སྙིང་རྗེ་བྱང་ཆུབ་སེམས་ལ་རྩལ་སྦྱང་བར་བྱ་བ་སྟེ། ལུང་གོང་གི་འཕྲོས་སུ། སྙིང་རྗེ་བྱང་ཆུབ་སེམས་བསྒོམ་ལ༔ རང་གི་བསམ་རྒྱུད་བྱིན་གྱིས་བརླབ༔ གར་སྡོད་ཨོ་རྒྱན་གནས་སུ་མོས༔ ས་ཕྱོགས་ཐམས་ཅད་བྱིན་གྱིས་བརླབ༔ གནས་ཁང་གཞལ་ཡས་ཁང་དུ་དམིགས༔ གནས་མལ་བྱིན་གྱིས་བརླབ་པར་བྱ༔ གང་ཚོགས་ལྷ་ཡི་རྣམ་པར་བལྟ༔ ཡེ་ཤེས་ལྷ་རུ་བྱིན་གྱིས་བརླབ༔ བཟའ་བཏུང་བདུད་རྩིས་མོས་བྱས་ཏེ༔ མཆོད་པའི་རྫས་སུ་བྱིན་གྱིས་བརླབ༔ དེ་ལྟར་བྱིན་རླབས་རྣམ་ལྔ་ལས༔ སྤྲོས་པའི་ཡན་ལག་བསམ་མི་ཁྱབ༔ ཞེས་གསུངས་པ་ལྟར་འབད་པས་དུས་ཀྱི་བསྙེན་པའི་དབང་དུ་བྱས་ན་མོས་གུས་རྩེ་གཅིག་པས་སེམས་གཞན་དུ་མ་ཡེངས་པར་གསོལ་བ་རྒྱུན་ཆགས་སུ་འདེབས་པ་ནི་བསྙེན་པ། དེ་ལས་ནམ་ཞིག་བྱིན་རླབས་ཀྱི་མཚན་མ་ཉེ་བར་གྱུར་བ་ཉེ་བསྙེན། དངོས་ཉམས་རྨི་ལམ་དུ་དངོས་གྲུབ་ཀྱི་རྟགས་ངེས་པར་མཐོང་ནས་གསོལ་འདེབས་ལ་འབད་པ་སྒྲུབ་པ། རང་གི་སྒོ་གསུམ་བྱིན་གྱིས་བརླབས་ནས་བླ་མ་དང་རང་སེམས་དབྱེར་མེད་ཀྱི་དོན་རྟོགས་པ་སྒྲུབ་པ་ཆེན་པོ་ཡིན་པར་གསུངས་ཤིང་དེ་ལྟར་ཉམས་སུ་བླངས་བའི་ཕན་ཡོན་ཀྱང་བླ་མ་སྒྲུབ་པའི་གནད་ཡིག་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཞག་ལ༔ ཨོ་རྒྱན་བདག་ཉིད་བོད་ཡུལ་ཐམས་ཅད་དུ༔ ངེས་པར་འབྱོན་པ་ང་ཡི་ཐ་ཚིག་ཡིན༔ ཟླ་རེའི་ཚེས་བཅུ་བྱུང་ངོ་ཅོག་ལ་ཡང་། སྤྲུལ་པས་བོད་ཁམས་ཁྱབ་པར་མི་འབྱོན་རེ༔ དམ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད༔ བདག་ལ་བློ་གཏད་མོས་གུས་བྱེད་པ་རྣམས༔ སྤོད་ལྡན་གཏོར་མ་རིན་ཆེན་འབར་བ་བཞེངས༔ ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་བཞིན༔ ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་ཀྱིས་བོས༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུ་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་བྱོན་དམ་ཚིག་ན་ར་ཀན༔ ཞེས་དང་། རིག་འཛིན་གཏེར་བདག་གླིང་པའི་གཏེར་བྱོན་བླ་མ་དྲག་པོའི་ལོ་རྒྱུས་ལས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ པདྨ་ང་བསྒོམ་མཆོད་དང་སུས་བསྒྲུབས་པ༔ ཇི་ལྟར་ཡིད་བཞིན་ནོར་བུའི་རིན་ཆེན་ལ༔ གསོལ་བཏབ་དགོས་འདོད་ངང་གིས་འབྱུང་བ་བཞིན༔ རྒྱལ་བ་རྒྱ་མཚོས་བྱིན་རློབ་བུ་བཞིན་སྐྱོང༔ དམ་ཅན་མཁའ་འགྲོའི་དངོས་གྲུབ་ཆར་ལྟར་འབེབས༔ སྣང་སྲིད་དྲེགས་པས་ཅི་བཅོལ་ལས་རྣམས་སྒྲུབ༔ ཕྲིན་ལས་ལྷུན་གྲུབ་མཐའ་ཡས་སེམས་ཅན་སྒྲོལ༔ དེ་དག་ཐམས་ཅད་བདག་ཉིད་བརྟེན་ལས་འབྱུང༔ ཐེ་ཚོམ་སྤོངས་ལ་འབད་པས་ཉམས་སུ་ལོངས༔ བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་རྣམས༔ ཞེས་དང་། བོད་ཀྱི་རྒྱལ་བློན་བུ་སློབ་ལ༔ བྱུང་ངོ་ཟླ་བའི་ཚེས་བཅུ་ལ༔ ང་ཉིད་འབྱོན་པའི་དབུ་བསྙུང་མཛད༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཞེས་སོགས་དང་། ཚིག་བདུན་མ་ཡིས་གསོལ་བ་བཏབ༔ བྱིན་རླབས་ཆུ་བོའི་རྒྱུན་བཞིན་འབེབས༔ ཐམས་ཅད་ཉམས་འབར་བྱིན་འབེབས་ཚེ༔ དེ་ཚེ་ང་ཉིད་ཕེབས་པའི་རྟགས༔ ཞེས་དང་། དོན་ལ་ང་ལ་འགྲོ་འོང་མེད༔ རང་གི་ལས་དང་སྒྲིབ་པ་ནི༔ དེ་ཉིད་ནམ་དག་ང་དང་མཇལ༔ སྨོན་ལམ་ཀུན་རྫོབ་གདུལ་བྱའི་ངོས༔ སྲིན་ཡུལ་བཞུགས་པ་བདེན་མོད་ཀྱི༔ ཐུགས་རྗེ་རྒྱུན་ཆད་མེད་པའི་ཕྱིར༔ སུ་མོས་རྩ་ན་ང་ཉིད་འདུག༔ ཞེས་དང་། འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཞིང་གསོལ་བ་འདེབས་པ་དེ༔ འཁོར་མཐར་ལྟུང་ན་ངས་ཤེས་ཀྱིས༔ བློ་སྙིང་བྲང་གསུམ་ང་ལ་གཏོད༔ ཞེས་སོགས་གསུང་པ་ལྟར་མོས་གུས་ལྟེམས་རྐྱང་མེད་པར་ཉམས་སུ་བླངས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་རང་དབང་འབྱོར་བ་ནི་ངེས་པས་ན་བྱ་སླ་ཁྱེར་བདེ་འབད་པ་དོན་ཡོད་ཀྱི་ལས་འདི་ཙམ་ཞིག་ཆོས་ལྡན་གྱི་མི་ལུས་ཐོབ་པའི་རྟེན་ལ་སྙིང་པོར་བླང་བའི་ཕྱིར་གལ་ཆེ་བར་གདམས་པའོ། །ཞེས་པའང་ལྷོ་འབྲུག་ཆོས་ཀྱི་རྒྱལ་པོའི་མདུན་ན་འདོན་རྣམ་དཀར་གྱིས་ཐུགས་རྒྱུད་ཕྱུག་པ་ཕྲིན་ལས་རྡོ་རྗེ་ནས་བྱ་སླ་ཁྱེར་བདེ་གནད་འདུས་ཀྱི་ཉམས་ལེན་སྙིང་པོ་ལ་ཐུགས་མོས་ཆེ་བས་ཆེད་དུ་བསྐུལ་བ་བཞིན་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་བྲན་དུ་ཚེ་རབས་ཐམས་ཅད་དུ་སྨོན་ལམ་འདེབས་ཤིང་ཐར་ལམ་བླ་མའི་བཀའ་དྲིན་ལ་རེ་བའི་ཀུ་སཱ་ལི་བཀྲ་ཤིས་དཔལ་འབྱོར་གྱིས་རིགས་བརྒྱའི་ཁྱབ་བདག་ཞེ་ཆེན་པ་ཡབ་སྲས་གསུམ་གྱི་ཞལ་ཁྲིད་ཇི་ལྟར་མོས་པའི་དོན་བཞིན་གསང་ཟབ་རྫོང་དུ་བྲིས་པའི་ཡི་གེ་པ་ནི་སྔགས་བན་འཇིགས་མེད་སྐལ་བཟང་གིས་བགྱིས་པས་སྐུལ་བ་པོས་མཚོན་འབྲེལ་ཚད་སློབ་དཔོན་སངས་རྒྱས་གཉིས་པས་ཡེ་ཤེས་གཟིགས་པའི་བྱིན་རླབས་ཀྱི་བདུད་རྩིའི་རེག་པའི་རྒྱུར་ཁོ་ནར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།

བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ། ཇོ་བོ་བཀའ་གདམ་པའི་དགེ་བཤེས་རྣམས།

༄༅། །བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་བོད་ཡུལ་དབུས་སུ་བྱོན་པའི་དུས་ན། ཇོ་བོའི་སློབ་མ་ཁུ་རྔོག་འབྲོམ་གསུམ་གྱིས། ཇོ་བོ་རྟེན་གྱི་གང་ཟག་ཅིག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ། བཀའ་བསྟན་བཅོས་ཀྱི་གཞུང་དང་། བླ་མའི་གདམས་ངག་གཉིས་གང་གཙོ་ལགས་ཞུས་པས། ཇོ་བོའི་ཞལ་ནས། གཞུང་བས་གདམས་ངག་གཙོ་གསུངས། དེ་ཅི་སྟེ་ལགས་ཞུས་པས། སྡེ་སྣོད་གསུམ་ཁ་ཏོན་དུ་འཆད་ཤེས་ཤིང་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མཁས་ཀྱང་། ཉམས་སུ་ལེན་པའི་དུས་ན་བླ་མའི་གདམས་ངག་གི་ལག་ལེན་མེད་ན་ཆོས་དང་གང་ཟག་སོ་སོར་འགྲོ་གསུངས། བླ་མའི་གདམས་ངག་གི་ལག་ལེན་ཡང་འུབས་ཀྱིས་དྲིལ་ན། སྡོམ་པ་གསུམ་ལ་གནས་པར་བྱ་བ་དང་། སྒོ་གསུམ་དགེ་བ་ལ་འབད་པ་ལས་གདའ་ཡེ་ཞུས་པས། ཇོ་བོའི་ཞལ་ནས། སྡོམ་པ་གསུམ་ལ་གནས་པ་དག་ཀྱང་ཁམས་གསུམ་འཁོར་བ་ལས་ཡིད་མ་བྱུང་ན་སླར་འཁོར་བའི་རྒྱུ་བྱེད། ཉིན་མཚན་དུ་སྒོ་གསུམ་དགེ་བ་ལ་འབད་ཀྱང་། རྫོགས་པའི་བྱང་ཆུབ་ཏུ་བསྔོ་མ་ཤེས་ན་ཕྱིན་ཅི་ལོག་གི་རྟོག་པ་འགའ་ཞིག་གིས་འཛད། མཁས་བཙུན་སྟོན་སྒོམ་དུ་ཡོད་ཀྱང་། འཇིག་རྟེན་ཆོས་བརྒྱད་ལ་བློ་མ་ལོག་ན། ཅི་བྱས་ཚེ་འདིའི་འདུན་མར་སོང་ནས་ཕྱི་མའི་ལམ་མི་རྙེད་གསུངས། །

༈ ཡང་ཁུ་རྔོག་འབྲོམ་གསུམ་གྱིས། ཇོ་བོ་ལ་ལམ་གྱི་ཆོས་ཐམས་ཅད་ཀྱི་མཆོག་གང་ལགས་ཞུས་པས། ཇོ་བོའི་ཞལ་ནས། མཁས་པའི་མཆོག་བདག་མེད་ཀྱི་དོན་རྟོགས་པ་ཡིན། བཙུན་པའི་མཆོག་སེམས་རྒྱུད་ཐུལ་པ་ཡིན། ཡོན་ཏན་གྱི་མཆོག་ཕན་སེམས་ཆེ་བ་ཡིན། གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་ལྟ་བ་ཡིན། གཉེན་པོའི་མཆོག་གང་ཡང་རང་བཞིན་མེད་པར་ཤེས་པ་ཡིན། སྤྱོད་པའི་མཆོག་འཇིག་རྟེན་པ་དང་མི་མཐུན་པ་ཡིན། དངོས་གྲུབ་ཀྱི་མཆོག་ཉོན་མོངས་པ་ཇེ་ཆུང་ལ་སོང་བ་ཡིན། གྲུབ་རྟགས་ཀྱི་མཆོག་འདོད་པ་ཇེ་ཆུང་ལ་སོང་བ་ཡིན། སྦྱིན་པའི་མཆོག་མ་ཆགས་པ་ཡིན། ཚུལ་ཁྲིམས་ཀྱི་མཆོག་སེམས་ཞི་བ་ཡིན། བཟོད་པའི་མཆོག་དམན་ཆ་བཟུང་བ་ཡིན། བརྩོན་འགྲུས་ཀྱི་མཆོག་བྱ་བ་ཐོངས་པ་ཡིན། བསམ་གཏན་གྱི་མཆོག་བློ་མ་བཅོས་པ་ཡིན། ཤེས་རབ་ཀྱི་མཆོག་གང་ལ་ཡང་ངར་འཛིན་མེད་པ་ཡིན། དགེ་བའི་བཤེས་གཉེན་གྱི་མཆོག་མཚང་ལ་རྒོལ་བ་ཡིན། གདམས་ངག་གི་མཆོག་མཚང་ཐོག་ཏུ་འབེབས་པ་ཡིན། གྲོགས་ཀྱི་མཆོག་དྲན་པ་དང་ཤེས་བཞིན་ཡིན། སྐུལ་མའི་མཆོག་དགྲ་བགེགས་དང་ན་ཚ་སྡུག་བསྔལ་ཡིན། ཐབས་ཀྱི་མཆོག་བཅས་བཅོས་མེད་པ་ཡིན། ཕན་བཏགས་པའི་མཆོག་ཆོས་ལ་བཙུད་པ་ཡིན། ཕན་ཐོགས་པའི་མཆོག་ཆོས་ལ་བློ་སྣ་འགྱུར་བ་ཡིན་གསུངས། །

༈ འབྲོམ་སྟོན་པས་ཆོས་ཐམས་ཅད་ཀྱི་མཐར་ཐུག་གང་ལགས་ཞུས་པས། ཆོས་ཐམས་ཅད་ཀྱི་མཐར་ཐུག་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་གསུངས། དཔེར་ན་འཇིག་རྟེན་ན་སྨན་དཔའ་བོ་ཆིག་ཐུབ་བྱ་བ་ནད་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཞིག་ཡོད་པ་ཡིན། དཔེ་དེ་བཞིན་དུ་སྨན་དཔའ་བོ་ཆིག་ཐུབ་ལྟ་བུ། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་རྟོགས་ན་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཡིན་གསུངས། འོ་ན་སྟོང་པ་ཉིད་རྟོགས་ཟེར་བ་ཀུན་ཀྱི་ཆགས་སྡང་ཁ་མ་བྲི་བར་གདའ་བ་ཅི་ལགས་ཞུས་པས། ཇོ་བོའི་ཞལ་ནས་དེ་ཀུན་ཁ་སྟོང་དུ་སོང་བ་ཡིན། སྟོང་པ་ཉིད་ཀྱི་དོན་གཤའ་མར་རྟོགས་ན་ལུས་ངག་ཡིད་གསུམ་རས་བལ་རྡོག་པས་མནན་པའམ། ཕྱེ་ཐུག་ལ་ཟོ་མར་བསྐྱུར་བ་བཞིན་དུ་འགྲོ། སློབ་དཔོན་ཨཱརྱ་དེ་ཝའི་ཞལ་ནས། ཆོས་རྣམས་ཀྱི་གནས་ལུགས་སྟོང་པར་འདུག་གམ་མི་འདུག་སྙམ་དུ་ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་སྲིད་པ་ཧྲུལ་པོར་འགྲོ་གསུངས། དེས་ན་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཞིག་རྟོགས་ན་སྨན་དཔའ་བོ་ཆིག་ཐུབ་དང་མཚུངས་ཏེ། ལམ་གྱི་ཆོས་ཐམས་ཅད་དེའི་ཁོངས་ན་ཡོད་གསུངས། སྟོང་པ་ཉིད་རྟོགས་པའི་ཁོངས་ན། ལམ་གྱི་ཆོས་ཐམས་ཅད་ཇི་ལྟར་བདོག་ཞུས་པས། ཇོ་བོའི་ཞལ་ནས། ལམ་གྱི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་ཏེ། སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཞིག་རྟོགས་ན་ཕྱི་ནང་གི་དངོས་པོ་མཐའ་དག་ལ་ཞེ་འདོད་འཛིན་ཆགས་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། འཛིན་ཆགས་མེད་པ་ལ་མི་དགེ་བའི་དྲི་མས་མ་གོས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། དེ་ལ་ང་དང་ང་ཡིར་འཛིན་པའི་ཁོང་ཁྲོ་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། དེ་རྟོགས་པའི་དོན་ལ་སེམས་མངོན་པར་སྤྲོ་བ་དང་ལྡན་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། དེ་ལ་དངོས་པོར་འཛིན་པའི་གཡེང་བ་དང་བྲལ་བས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། གང་ལ་ཡང་འཁོར་གསུམ་དུ་རྟོག་པའི་ཡིད་དང་བྲལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད་གསུངས།

༈ འོ་ན་དོན་རྟོགས་པ་ཞིག་ལ་སྟོང་པ་ཉིད་ཀྱི་ལྟ་སྒོམ་ཁོ་ནས་སངས་རྒྱ་བ་ལགས་སམ་ཞུས་པས། འདི་ལྟར་སྣང་ཚོད་གྲགས་ཚོད་འདི་ཐམས་ཅད་རང་གི་སེམས་ལས་མ་བྱུང་བ་མེད། སེམས་རིག་པ་སྟོང་པ་ཡིན། དེ་རིག་སྟོང་གཉིས་མེད་དུ་རྟོགས་པ་དེ་ལྟ་བ་ཡིན། དེ་ལ་མ་ཡེངས་པར་དྲན་པ་རྒྱུན་ཆགས་སུ་གནས་པ་དེ་སྒོམ་པ་ཡིན། དེའི་ངང་ནས་སྒྱུ་མ་ལྟ་བུས་ཚོགས་གཉིས་གསོག་པ་དེ་སྤྱོད་པ་ཡིན། དེ་ད་ལྟ་ཉམས་འོག་ཏུ་ཚུད་པ་ཞིག་ཡོད་ན་རྨི་ལམ་དུ་འོང་། རྨི་ལམ་དུ་བྱུང་ན་འཆི་ཁར་འོང་། འཆི་ཁར་བྱུང་ན་བར་དོར་འོང་། བར་དོར་བྱུང་ན་མཆོག་གི་དངོས་གྲུབ་ཐོབ་ངེས་པ་ཡིན་གསུངས།

༈ ཇོ་བོ་རྗེ་སྙེ་ཐང་ན་བཞུགས་པའི་ཚེ། ཞང་སྣ་ཆུང་སྟོན་པ་དང་། ཀྱུ་ར་སྟོན་པ་དང་། ལྷང་ཚང་སྟོན་པ་གསུམ་གྱིས་ཚད་མའི་གྲུབ་མཐའ་ཞུས་པས། ཇོ་བོའི་ཞལ་ནས། ཕྱི་རོལ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པའི་གྲུབ་མཐའ་མང་དུ་ཡོད་དེ། དེ་ཐམས་ཅད་རྣམ་པར་རྟོག་པའི་ཕྲེང་བ་ཡིན། རྣམ་རྟོག་བགྲང་གིས་མི་ལང་དགོས་པ་མེད། ཚེ་ལ་ལོང་མེད་པས་སྙིང་པོའི་དོན་བསྡུ་བའི་དུས་ཡིན་གསུངས། ཞང་སྣ་ཆུང་སྟོན་པས། སྙིང་པོའི་དོན་ཇི་ལྟར་བསྡུ་ཞུས་པས། ཇོ་བོའི་ཞལ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། དེ་རྣམས་ཀྱི་དོན་དུ་ཚོགས་གཉིས་གསོག་པ་ལ་འབད་པར་གྱིས། དེ་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོས། དེ་ཐམས་ཅད་ཀྱི་རང་བཞིན་སྟོང་པ། མཚན་ཉིད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་གྱིས་གསུངས།

༈ ཇོ་བོ་རྗེ་ཉིད་དང་པོ་མངའ་རིས་སུ་བྱོན་པའི་དུས་ན། མངའ་རིས་སུ་ལོ་གཉིས་བཞུགས་ནས། ལྷ་བྱང་ཆུབ་འོད་ཀྱིས་དབུ་མཛད་པ་རྣམས་ལ་གདམས་པ་མང་པོ་གནང་ནས་རྒྱ་གར་དུ་གཤེགས་པར་དགོངས་ནས་ལམ་དུ་བཞུད་ཁར། ལྷ་བྱང་ཆུབ་འོད་ཀྱིས་ད་དུང་ཞལ་གདམས་ཞིག་ཞུ་བྱས་པས། ཇོ་བོའི་ཞལ་ནས་སྔར་གྱི་ཆོས་དེས་ཆོག་གསུངས་པ་ལ། ལྷས་ནན་བསྐྱེད་པས་གདམས་པ་འདི་གནང་བའོ། །ཨེ་མའོ། །མཁྱེན་པ་མཐོ་ཞིང་ཐུགས་དགོངས་ཤིན་ཏུ་གསལ་བའི་གྲོགས་དག་ལ། །རང་འཁོས་མེད་པའི་བློ་དམན་བདག་གིས་མཆིད་གྲོས་གསོལ་བར་མི་རིགས་ཀྱང་། །སྙིང་བས་གཅེས་པའི་གྲོགས་པོ་དམ་པ་ཁྱེད་ཀྱིས་བདག་ལ་བསྐུལ་བས་ན། །བྱིས་པ་བློ་ཆུང་བདག་གིས་གྲོགས་ཀྱི་ཐུགས་ལ་མཆིད་གྲོས་འདི་འདེབས་སོ། །གྲོགས་དག་བྱང་ཆུབ་མ་ཐོབ་བར་དུ་བླ་མ་དགོས་པས་བཤེས་གཉེན་དམ་པ་སྟེན། གནས་ལུགས་མ་རྟོགས་བར་དུ་ཐོས་པ་དགོས་པས་བླ་མའི་གདམས་ངག་ཉོན། །ཆོས་ནི་ཤེས་པ་ཙམ་གྱིས་སངས་མི་རྒྱ་བས་ཤེས་པས་མི་ཆོག་ཉམས་སུ་ལོངས། །སེམས་ལ་གནོད་པའི་ཡུལ་དང་ཐག་བསྲིངས་རྟག་ཏུ་དགེ་བ་འཕེལ་སར་སྡོད། །བརྟན་པ་མ་ཐོབ་བར་དུ་འདུ་འཛིས་གནོད་པས་དབེན་པའི་ནགས་ཁྲོད་སྟེན། །ཉོན་མོངས་སྐྱེ་བའི་གྲོགས་པོ་སྤོངས་ལ་དགེ་འཕེལ་གྲོགས་སྟེན་དེ་སེམས་ཟུངས། །ནམ་ཡང་བྱ་བའི་ལས་ལ་ཟིན་པ་མེད་པས་ཞོག་ལ་ལྷན་གྱིས་སྡོད། །ཉིན་མཚན་རྟག་ཏུ་དགེ་བ་བསྔོ་ཞིང་རྟག་ཏུ་རང་སེམས་བྱ་ར་གྱིས། །མན་ངག་ཡོད་པས་བསྒོམ་པ་མིན་ནམ་ཅི་བྱེད་བླ་མའི་གསུང་བཞིན་སྒྲུབས། །གུས་པ་ཆེན་པོས་བསྒྲུབས་ན་རིང་པོར་མི་ཐོགས་འབྲས་བུ་འཕྲལ་དུ་འབྱུང་། །སྙིང་ནས་ཆོས་བཞིན་བྱས་ན་སྟོ་རྒྱབ་གཉིས་ཀ་ཞོར་ལ་འབྱུང་ཚུལ་འདུག །གྲོགས་དག་འདོད་པ་རྣམས་ལ་ཚ་ཆུ་འཐུང་བཞིན་ངོམས་པ་མེད་པས་ཆོག་ཤེས་མཛོད། །དྲེགས་རློམ་ང་རྒྱལ་ཁེངས་པའི་སེམས་ཀུན་སྨོད་ལ་ཞི་ཞིང་དུལ་བར་གྱིས། །བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་ཆོས་ཀྱི་བར་ཆད་ཡིན་པས་སྤོངས། །རྙེད་དང་བཀུར་སྟི་བདུད་ཀྱི་ཞགས་པ་ཡིན་པས་སྲང་ཁའི་རྡོ་བཞིན་སོལ། །བསྟོད་དང་གྲགས་པའི་ཚིག་རྣམས་བསླུ་བྲིད་ཡིན་པས་མཆིལ་སྣབས་བཞིན་དུ་དོར། །ད་ལྟའི་བདེ་སྐྱིད་གཉེན་གསུམ་འཛོམས་ཡང་ཡུད་ཙམ་ཡིན་པས་རྒྱབ་ཏུ་སྐྱུར། །འདི་བས་ཕྱི་མ་རིང་བས་ཕྱི་མའི་རྒྱགས་ཕྱེ་ནོར་རྣམས་གཏེར་དུ་སྦོས། །ཐམས་ཅད་བོར་ནས་འགྲོ་བས་ཅིས་ཀྱང་བྱར་མེད་གང་ལའང་ཞེན་མེད་ཀྱིས། །དམན་པ་རྣམས་ལ་སྙིང་རྗེ་སྐྱེད་ལ་ཁྱད་དུ་གསོད་དང་བརྙས་པ་སྤོངས། །དགྲ་ཟིན་སྡེ་རིས་ཀུན་ལ་ཞེན་ཅིང་ཆགས་པའི་ཕྱོགས་རིས་མེད་པར་མཛོད། །ཡོན་ཏན་ཅན་ལ་ཕྲག་དོག་མི་བྱ་གུས་པར་གྱིས་ལ་ཡོན་ཏན་བླང་། །གཞན་སྐྱོན་མི་བརྟགས་རང་སྐྱོན་བརྟགས་ལ་རང་སྐྱོན་ཁྲག་ངན་བཞིན་དུ་ཕྱུང་། རང་དགེ་མི་བསམ་གཞན་དགེ་བསམ་ལ་ཀུན་ལ་བྲན་བཞིན་གུས་པར་མཛོད། །འགྲོ་བ་ཀུན་ལ་ཕ་མའི་འདུ་ཤེས་སྐྱེད་ལ་བུ་བཞིན་བྱམས་པར་གྱིས། །རྟག་ཏུ་འཛུམ་པའི་བཞིན་དང་བྱམས་པའི་ཡིད་ཀྱིས་ཁྲོ་མེད་གསོང་པོར་སྨྲོས། །འབྲེལ་མེད་སྨྲ་བ་མང་ན་འཁྲུལ་པ་འབྱུང་བས་ཚོད་བཟུང་རན་པར་སྨྲོས། །དོན་མེད་བྱ་བ་མང་ན་དགེ་སྦྱོར་འཆག་པས་ཆོས་མིན་བྱ་བ་ཞོག །སྙིང་པོ་མེད་པའི་ལས་ལ་རྩོལ་བ་མ་ཆེ་ངལ་བ་དོན་མེད་ཡིན། །གང་ཡང་འདོད་ཁར་མི་འཆི་ཕ་རོལ་ལས་ལས་གྲུབ་པས་ལྷོད་ཀྱིས་གློད་ན་བདེ། །ཀཱ་ཡེ་དམ་པས་ཁྲེལ་ན་ཤི་དང་འདྲ་བས་གཡོ་མེད་དྲང་པོར་སྲོང་། །ཚེ་འདིའི་བདེ་སྡུག་སྔ་མའི་ལས་ལས་བྱུང་བས་གཞན་ལ་གྱོད་མི་གདབ། །བདེ་བ་ཐམས་ཅད་བླ་མའི་བྱིན་རླབས་ལགས་པས་དྲིན་དུ་གཟོ་བར་མཛོད། །རང་རྒྱུད་མ་ཐུལ་བར་དུ་གཞན་རྒྱུད་མི་ཐུལ་བས་ན་ཐོག་མར་རང་རྒྱུད་ཐུལ། །མངོན་ཤེས་མེད་པར་གཞན་དག་སྨིན་པར་མི་ནུས་པས་ན་སྒྲུབ་ལ་བརྩོན་པར་མཛོད། །བསགས་པའི་ནོར་རྣམས་བཞག་ནས་འགྲོ་བར་ངེས་པས་ནོར་ཕྱིར་སྡིག་མ་གསོག །ལོངས་སྤྱོད་གཡེང་བ་འདི་ལ་སྙིང་པོ་མེད་པས་སྦྱིན་པ་ཡོན་གྱིས་བརྒྱན་པ་ཐོངས། །ཚེ་འདིར་མཛེས་ཤིང་ཕྱི་མར་བདེ་བས་རྟག་དུ་ཚུལ་ཁྲིམས་རྣམ་དག་སྲུངས། །སྙིགས་མའི་དུས་ན་ཞེ་སྡང་བདོ་བས་ཁྲོ་མེད་བཟོད་པའི་གོ་ཆ་གྱོན། །ལེ་ལོའི་དབང་གིས་ད་རུང་ལུས་པས་སྒྲུབ་པའི་བརྩོན་འགྲུས་མེ་ལྟར་སྦོར། །ཡེངས་མ་ལམ་དུ་མི་ཚེ་ཟད་པས་ད་ནི་བསམ་གཏན་བྱ་བར་རན། །ལོག་ལྟའི་དབང་གིས་གནས་ལུགས་དོན་མི་རྟོགས་པས་ཡང་དག་དོན་ལ་གཞིག །གྲོགས་དག་འཁོར་བའི་འདམ་རྫབ་འདི་ན་སྐྱིད་མེད་ཐར་པའི་སྐམ་སར་གཤེགས། །བླ་མའི་གདམས་ངག་ཚུལ་བཞིན་སྒོམས་ལ་འཁོར་བའི་སྡུག་བསྔལ་ཆུ་བོ་སྐོམས། །རང་གི་སེམས་ལ་ཆོངས་དང་ཁ་ཚིག་མིན་གྱིས་གྲོས་ལ་གསན་པར་རིགས། །དེ་ལྟར་མཛད་ན་བདག་ཀྱང་དགའ་ལ་རང་གཞན་ཀུན་ཀྱང་སྐྱིད་པར་མཆིས། །རྨོངས་པ་བདག་གིས་གདམས་ངག་འདི་ལ་ཁྱེད་ཀྱིས་ཅིས་ཀྱང་གསན་པར་ཞུ། །ཞེས་ཇོ་བོ་རྗེ་ལྷ་གཅིག་གིས་ལྷ་བཙུན་བྱང་ཆུབ་འོད་ལ་གདམས་པའོ།

༈ ཇོ་བོ་ཡེར་པའི་བྲག་ལ་བཞུགས་པའི་ཚེ། འོལ་རྒོད་པ་ཡེ་ཤེས་འབར་བ་ལ་གདམས་པ་ནི། །བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཁོ་བོའི་ཚིག་འདི་དག་ལ་ལེགས་པར་དགོངས་ཤིག །སྤྱིར་ན་སྙིགས་མའི་དུས་ཀྱི་མི་རྣམས་ཀྱི་ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་བས། རང་གི་ཚེའི་ཚད་ཀྱང་ཇི་ཙམ་ཐུབ་པར་ངེས་པ་མེད་པས་མྱུར་དུ་རང་གི་འདོད་པ་དང་དུ་བླང་བ་ལ་འབད་པར་གྱིས་ཤིག །ཡོ་བྱད་ལ་སོགས་པའི་འཚོ་སྐྱོང་གི་བྱ་བ་ལ་ཁྱིམ་པ་དང་འདྲ་བར་བྱས་ནས་ང་དགེ་སློང་ངོ་ཞེས་མ་སྨྲ་ཞིག །དགོན་པ་ན་གནས་ཀྱང་འཇིག་རྟེན་འདིའི་བྱ་བ་ཉམས་པ་དང་ཉམས་སུ་དོགས་པའི་སྡུག་བསྔལ་དང་ལྡན་པར་བྱས་ནས། ང་དགེ་སློང་དགོན་པ་བ་ཡིན་ཞེས་མ་སྨྲ་ཞིག །སེམས་ཚེ་འདིའི་འདོད་པ་ལ་འདུན་པ་དང་གནོད་སེམས་ལ་སོགས་པ་དང་མ་བྲལ་བར་བྱས་ནས། ང་དགེ་སློང་དགོན་པ་བ་ཞེས་མ་སྨྲ་ཞིག་དགོན་པ་ན་གནས་ཀྱང་འཇིག་རྟེན་པ་དང་འདྲིས་པ་མི་སྤོང་ཞིང་། གང་དང་ལྷན་ཅིག་འདུག་པ་དེ་དག་དང་བྲེ་མོའི་གཏམ་དང་། ཁྱིམ་པའི་གཏམ་ལ་སོགས་པས་དུས་ཡོལ་བར་བྱེད་ཅིང་། ང་དགེ་སློང་དགོན་པ་བ་ཞེས་མ་སྨྲ་ཞིག །རང་ལ་ཕ་རོལ་གྱི་གནོད་པ་ཕྲ་མོ་ལ་ཡང་མི་བཟོད་ཅིང་། གཞན་ལ་ཕན་འདོགས་པ་ཕྲ་མོའང་བྱེད་མི་ནུས་པར་ང་དགེ་སློང་བྱང་ཆུབ་སེམས་དཔའོ་ཞེས་མ་སྨྲ་ཞིག །གལ་ཏེ་དེ་ལྟར་སྨྲས་ན་འཇིག་རྟེན་པ་ལ་རྫུན་ཆེན་པོ་སྨྲས་པའོ། །འོན་ཀྱང་འཇིག་རྟེན་པ་ལ་དེ་ལྟར་སྨྲ་རུ་བཏུབ་པ་སྲིད་ཀྱང་། གཅིག་ཏུ་ཀུན་ཏུ་ཐོགས་པ་མེད་པའི་སྤྱན་དང་ལྡན་པ་རྣམས་ལ་མི་བཏུབ་བོ། །གཉིས་སུ་ལས་རྒྱུ་འབྲས་རང་གི་རྗེས་སུ་འབྲང་བས་མི་བཏུབ་བོ། །གསུམ་དུ་གང་ཟག་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་མི་བཏུབ་བོ། །གཞན་ཡང་ཁྱོད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་ན་ལྷ་དང་བླ་མའི་སྤྱན་སྔར་ཇི་ལྟར་ཁས་བླངས་པ་དེ་དྲན་པར་གྱིས་ཤིག །བཟོད་པའི་ཡུལ་ཁྱད་པར་ཅན་དང་འཕྲད་པའི་ཚེ་བཟོད་པར་མི་བྱེད་པར་དེ་ལྟར་དཀའ་ཞེས་མ་སྨྲ་ཞིག །དཀའ་ཡང་མི་བྱར་མི་བཏུབ་པ་དྲན་པར་གྱིས་ཤིག །དཀའ་བ་དང་མི་དཀའ་བའི་རྟོག་དཔྱོད་དེ་ནི་དང་པོ་ཁས་མ་བླངས་དམ་མ་བཅས་པའི་དུས་ན་ཡིན་གྱི། ཁས་བླངས་དམ་བཅས་ནས་དེ་ཉིད་ལས་ཉམས་ན་ལྷ་དང་བླ་མ་བསླུས་པ་ཡིན་པས་དེས་ན་དཀའ་ཡང་མི་བྱར་མི་རུང་བ་དྲན་པར་གྱིས་ཤིག །གཞན་ཡང་དགོན་པར་གནས་པའི་དགོས་པ་ནི། འཇིག་རྟེན་པ་དང་འདྲ་བ་སྤོང་ཞིང་། ཉེ་དུ་ལ་ཞེན་པ་སྤོང་བ་ཡིན། དེ་སྤངས་པས་འདོད་པ་ལ་འདུན་པ་ལ་སོགས་པ་རྟོག་པ་དང་གཡེང་བའི་རྒྱུ་རྐྱེན་ཐམས་ཅད་མེད་པར་བྱས་ནས། རང་གི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བལྟ་བ་ཡིན་པས། འཇིག་རྟེན་པའི་བྱ་བ་ཉམས་ཀྱིས་དོགས་པའི་སེམས་ཀྱི་རྗེས་སུ་སྐད་ཅིག་ཀྱང་མ་འབྲང་ཞིག །སྔར་ཆོས་ཚུལ་བཞིན་དུ་མ་སྤྱད་ཅིང་། བློ་གོམས་སྟོབས་ཆུང་བའི་དབང་གིས་འཇིག་རྟེན་པའི་རྣམ་པར་རྟོག་པ་ཡང་དང་ཡང་དུ་སྐྱེ་ཞིང་དབང་ཆེ་བས། དེ་ལ་གཉེན་པོའི་སྟོབས་ཁྱད་པར་ཅན་མ་བསྟེན་ན་དགོན་པ་ན་གནས་པ་ལ་དོན་མེད་དོ། །དེ་ན་གནས་པའི་བྱ་དང་རི་དྭགས་བཞིན་ནོ། །དེ་ད་ལྟ་དཀའ་བས་ཕྱིས་བྱ་སྙམ་དུ་མ་སེམས་ཤིག །ལོང་བའི་ལག་ཏུ་ནོར་བུ་རིན་པོ་ཆེ་འོང་ན་ཕྱིས་རྙེད་པར་མི་འགྱུར་རོ། །ཉམས་ལེན་བྱེད་དུས་ན་ཡང་ལོ་དང་ཟླ་བ་མ་བགྲང་བར་རྟོགས་པ་ཆེ་ཆུང་རང་གི་སེམས་ལ་རང་གི་བློའི་གོམས་སྟོབས་ཆེ་ཆུང་ལ་ལྟོས། ཉོན་མོངས་པ་ཁ་བྲིད་མ་བྲིད་ལ་ལྟོས། རྟག་ཏུ་རང་གི་སེམས་ལ་བྱ་ར་གྱིས། རང་ལ་རང་སྡུག་མ་བྱེད། རང་གིས་རང་མ་སླུ། ལྷ་དང་བླ་མ་མ་སླུ། རང་ཕུང་གཞན་ཕུང་མ་བྱེད། ཚེ་འདིའི་བྱ་བ་ཉམས་ཀྱང་ཉམས་པར་བྱ་རྒྱུ་དེ་ཉམས་པ་ཡིན། དཔེར་ན་རང་གི་མདུན་ན་མི་གཙང་བའི་ཕུང་པོ་ཞིག་འདུག་ན་དེ་རང་གིས་མྱུར་དུ་ཕྱགས་ལ་དོར་དགོས་པ་ལ། གཞན་ཞིག་གིས་ཀྱང་གྲོགས་བྱས་ནས་དོར་ན་ཅིའི་ཕྱིར་མི་དགའ། དེ་བཞིན་དུ་ཚེ་འདིའི་རྣམ་པར་རྟོག་པ་ཐམས་ཅད་ནི་རང་གི་གཉེན་པོ་ཡོད་ཚད་ཀྱིས་སྤོང་དགོས་པའོ། །བླ་མ་དང་གྲོགས་ཁྱད་པར་ཅན་གྱིས་སྤོང་གྲོགས་བྱས་པ་ལ་ཁྱོད་ཅིའི་ཕྱིར་མི་དགའ། ལྷ་དང་བླ་མའི་སྤྱན་སྔར་སེམས་ཅན་གྱི་དོན་བྱེད་པར་ཁས་བླངས་ནས་སྦྱིན་པའི་ཡུལ་ལ་བྱེ་བྲག་མ་ཕྱེད། ཡུལ་ལ་བྱེ་བྲག་ཡོད་ཀྱང་རང་གི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་བྱེ་བྲག་མེད་དོ། །གནོད་པར་བྱེད་པ་ལ་ཁོང་མ་ཁྲོ། གནོད་པར་བྱེད་པ་ལ་ཁོང་ཁྲོ་ན་བཟོད་པ་ཇི་ཙམ་ན་བསྒོམ། ཉོན་མོངས་པ་ནམ་བྱུང་ཙ་ན་གཉེན་པོ་དྲན་དགོས་པ་ཡིན། ཉོན་མོངས་པ་ཁ་རྒྱལ་དུ་བཏང་བའི་ཆོས་ཀྱིས་དགོས་པ་ཅི་ཡོད། དེ་བས་ན་ཁྱོད་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེར་བལྟ་བ་ལ། དྲན་པ་ཉམས་པའི་བུ་གའི་སྐབས་སྐད་ཅིག་ཙམ་ཡང་མེད་པར་གྱིས་ལ་ལྟོས་ཤིག །གང་དྲན་པ་ཉམས་པའི་བུ་ག་དོད་ན་དེ་ནས་ཉོན་མོངས་པའི་བདུད་འཇུག །དེ་ཞུགས་ན་བྱང་ཆུབ་ཀྱི་སེམས་ལ་བར་དུ་གཅོད། དེ་བཅད་ན་གཞན་དོན་དང་ལ་ཆེ་སྟེ་རང་ཉིད་ཀྱང་ངན་སོང་ལས་འོས་མེད་དོ་སོམས་ཤིག །ངས་ཆོས་བྱས་སྙམ་ཡང་དོན་མེད་སྟོང་པར་འགྲོ། རིགས་ཀྱི་བུ་ཐ་མར་འཆི་བའི་ཚེ་ན། བླ་མ་དང་གྲོགས་ཁྱད་པར་ཅན་རྣམས་མྱ་ངན་དང་ཡི་མུག་སྐྱེ་རུ་མ་གཞུག་ཅིག །གཞན་ཡང་འཇིག་རྟེན་པ་ཆོས་ལ་མོས་པ་རྣམས་ཡི་མུག་ཅིང་ཐེ་ཚོམ་དུ་མ་གཞུག་ཅིག །རང་གི་སེམས་དང་བཀའ་ལུང་གཉིས་བསྟུན་ནས་ཞུ་དག་ཡང་ནས་ཡང་དུ་མ་བྱས་ན་ངས་ཆོས་བྱས་སྙམ་ཡང་ཆོས་དང་གང་ཟག་ཏུ་འཛོལ་ནས། འཆི་བའི་ཚེ་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའི་རྟགས་མེད་པར་ངན་སོང་གི་རྟགས་བྱུང་ཙ་ན་གཞན་ཡི་མུག་དང་མྱ་ངན་སྐྱེ་བ་ལས་འོས་མེད་དོ། །དེ་བས་ན་ངས་མི་ཚེ་ཆོས་ལ་བསྐྱལ་སྙམ་པའི་ང་རྒྱལ་དང་ལྡན་པའི་ཆོས་ལ་ཡེ་ལེ་ཕྱོད་ངེ་བྱས་ནས་འཆི་ཁར་ལག་སྟོང་མ་བྱེད་ཅིག །མདོར་ན་དགོན་པ་ན་གནས་ཀྱང་ཚེ་འདིའི་བྱ་བ་མ་ཐོངས། འདོད་པའི་འདུན་པ་ལ་བློ་མ་ལོག་ན་ཆོས་ཀྱིས་ཕན་མ་ཐོགས། བྱ་བ་མ་བྱས་ཞེས་བྱ། ཚེ་འདི་ཕྱི་གཉིས་ཀ་མ་ཉམས་པ་ཞིག་བྱ་སྙམ་ན་ཆོས་ཞོར་ཁྲིད་དུ་སོང་བ་ཡིན། ཞོར་ཁྲིད་དེ་ཡང་ཁ་ཆོས་ཟ་ཆོས་ཚུལ་འཆོས་ཤིག་ལས་མི་འོང་། དེ་བས་ན་གྲོགས་ཁྱད་པར་ཅན་ལ་རྟེན། གྲོགས་ངན་པ་དང་མ་འགྲོགས། གནས་ངེས་མེད་དུ་སྡོད། གཞི་གཅིག་ལ་ཟག་གསོག་གིན་མ་སྡོད། ཅི་བྱེད་ཆོས་དང་བསྟུན་ལ་གྱིས། ཅི་བྱས་ཉོན་མོངས་པའི་གཉེན་པོར་འགྲོ་བ་གྱིས། དེ་ལྟར་བྱས་ན་ཡང་དག་པའི་ཆོས་ཡིན་པས་དེ་ལ་བརྩོན་པར་གྱིས། བརྒྱ་ལ་རང་གི་རྒྱུད་ལ་ཡོན་ཏན་སྐྱེས་ན་ང་རྒྱལ་གྱིས་མ་རློམས་ཤིག །བདུད་གྱི་དབང་དུ་འགྲོའོ། །བས་མཐའི་གནས་སུ་གནས་ནས་བདག་ཉིད་ཞི་བ་དང་དུལ་བར་གྱིས། འདོད་པ་ཆུང་བ་དང་ཆོག་ཤེས་པར་གྱིས། རང་གི་ཡོན་ཏན་ལ་མ་ལྟ། གཞན་གྱི་སྐྱོན་མ་ཚོལ། འཇིགས་པ་དང་བག་ཚ་བ་མེད་པར་གྱིས། རྣམ་པར་རྟོག་པ་མ་ཆེ། བསམ་པ་བཟང་པོ་གྱིས། ལོག་པ་ལ་མ་ཡེངས་པར་རྒྱུན་དུ་ཆོས་སོམས། དམན་ས་ཟུང་། འཕམ་ཁ་ལོང་། ཡུས་ཁ་སྐྱུངས། ཞེ་འདོད་ཐོངས། བརྩེ་སེམས་སྐྱེད། གང་ལ་ཡང་ཚོད་རིག་པར་གྱིས། མགུ་སླ་ཞིང་གསོ་སླ་བ་ཞིག་དགོས། རི་དྭགས་ལྟར་འཇིག་རྟེན་པ་ལ་བྲོས། མི་ཆོས་མ་སྤངས་ན་ཆོས་པ་མིན་ནོ། །སོ་ནམ་རྣམ་བཞི་མ་སྤངས་ན་རབ་ཏུ་བྱུང་བ་མིན་ནོ། །འདོད་པ་མ་སྤངས་ན་དགེ་སློང་མིན་ནོ། །བྱམས་སྙིང་རྗེ་མེད་ན་བྱང་ཆུབ་སེམས་དཔའ་མིན་ནོ། །བྱ་བ་མ་ཐོངས་ན་སྒོམ་ཆེན་མིན་ནོ། །འདོད་པར་མ་འཁོར་ཅིག །མདོར་ན་དགོན་པ་ན་གནས་ནས་བྱ་བ་མ་མང་བར་ཆོས་འབའ་ཞིག་བསྒོམས་ལ་ནམ་འཆི་བའི་ཚེ་སེམས་ལ་འགྱོད་པ་མེད་པ་ཞིག་གྱིས་ཤིག །ཅེས་གསུངས།

ཡང་ཇོ་བོའི་ཞལ་ནས། ད་ལྟ་སྙིགས་མའི་དུས་སུ། ཕོ་སོ་འདོན་པའི་དུས་མ་ཡིན་སྙིང་རུས་འདོན་པའི་དུས་ཡིན། ཆེ་ས་བཟུང་བའི་དུས་མ་ཡིན་དམན་ས་བཟུང་བའི་དུས་ཡིན། འཁོར་གཡོག་བསྟེན་པའི་དུས་མ་ཡིན་དབེན་པ་བསྟེན་པའི་དུས་ཡིན། སློབ་མ་བསྲེལ་བའི་དུས་མ་ཡིན་རང་ཉིད་བསྲེལ་བའི་དུས་ཡིན། ཚིག་རྗེས་བཟུང་བའི་དུས་མ་ཡིན་དོན་ལ་བསམ་པའི་དུས་ཡིན། ཕན་ཚུན་འགྲོ་བའི་དུས་མ་ཡིན་ས་གཅིག་ཏུ་སྡོད་པའི་དུས་ཡིན་གསུངས་སོ། །

༈ དགེ་བཤེས་སྟོན་པ་ལ་སློབ་མ་སྐུ་མཆེད་གསུམ་གྱིས། ཐམས་ཅད་མཁྱེན་པའི་ལམ་ཐམས་ཅད་ཀྱི་དོན་མདོར་བསྡུས་ནས་ཉམས་སུ་བླང་བའི་ཐབས་ཤིག་ཞུ་ལགས་ཞུས་པས། འབྲོམ་སྟོན་པའི་ཞལ་ནས། རྟེན་གྱི་གང་ཟག་ཅིག་ཐམས་ཅད་མཁྱེན་པའི་སངས་རྒྱས་འཐོབ་པར་བྱེད་པ་ལ་ལམ་གྱི་འཇུག་སྒོ་བསླབ་བྱ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་རྒྱུད་ལ་སྐྱེ་བར་བྱ་རྒྱུའི་དངོས་པོ་གཅིག་ལས་མེད། གཅིག་པོ་གང་ཡིན་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན། དེ་ལ་བྱེ་བྲག་ཏུ་ཕྱེ་ན་སྟོང་པ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ལུགས་ཡེ་ནས་སྐྱེ་མེད་དུ་རྟོགས་པ་དེ་ཡིན། སྙིང་རྗེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་པ་དེ་ཡིན། དེས་ན་ཐེག་པ་ཆེན་པོའི་ལམ་ཉམས་སུ་ལེན་པ་རྣམས་ཀྱིས་དང་པོ་བྱང་ཆུབ་ཀྱི་སེམས་གཉིས་པོ་དེ་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་ལ་འབད་ཅིང་། བར་དུ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་པ་དེ་ཉིད་ལ་སྦྱངས་པས། ཐ་མ་མཐར་ཕྱིན་པའི་འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་མངོན་སུམ་དུ་ཐོབ་ངེས་པ་ཡིན། དེ་ལ་དང་པོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་མང་ཡང་། མདོར་བསྡུས་ནས་ཉམས་སུ་ལེན་པ་ལ། ཐབས་ཀྱི་རྩ་བ་གསུམ། ཡན་ལག་གི་གཙོ་བོ་དགུ་ལས་མེད། དང་པོ་རྩ་བ་གསུམ་ནི། བློ་སྦྱང་བ་དང་། ཚོགས་བསག་པ་དང་། ཏིང་ངེ་འཛིན་བཙལ་བ་དང་གསུམ་དུ་འདུས། དེ་དག་གི་ཡན་ལག་གི་གཙོ་བོ་དགུ་ནི། དང་པོ་བློ་སྦྱོང་བའི་ཐབས་མང་ཡང་། མི་རྟག་པ་བསྒོམ་པ་དང་། བྱམས་སྙིང་རྗེ་བསྒོམ་པ་དང་། བདག་མེད་གཉིས་བསྒོམ་པ་དང་གསུམ་གཙོ་བོ་ཡིན་ཏེ། བློ་སྦྱོང་གི་ཐབས་སུ་དེ་གསུམ་ཁོ་ན་ཆེ་ཞིང་གཞན་ཐམས་ཅད་དེའི་ཁོངས་སུ་འདུས། ཚོགས་བསག་པ་ལ་བསག་ཐབས་མང་ཡང་། བླ་མའི་བསྙེན་བཀུར་དང་། དཀོན་མཆོག་གི་མཆོད་པ་དང་། དགེ་འདུན་གྱི་བསྙེན་བཀུར་དང་གསུམ་གཙོ་བོ་ཡིན་ཏེ། ཚོགས་གསོག་གི་ཐབས་སུ་དེ་གསུམ་ཁོ་ན་ཆེ་ཞིང་འདུས། ཏིང་ངེ་འཛིན་བཙལ་བ་ལ་བཙལ་ཐབས་མང་ཡང་། ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང་། བརྒྱུད་པའི་བླ་མ་ལ་གསོལ་བ་གདབ་པ་དང་། ལུས་སེམས་དབེན་པ་བསྟེན་པ་དང་གསུམ་གཙོ་བོ་ཡིན་ཏེ། ཞི་གནས་ལྷག་མཐོང་གི་ཏིང་ངེ་འཛིན་བཙལ་བའི་ཐབས་སུ་དེ་གསུམ་ཁོ་ན་ཆེ་ཞིང་འདུས། དེ་ལྟར་དོན་དགུ་བོ་དེ་དྲིལ་ནས་ཉམས་སུ་བླངས་པས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ངམ་ངམ་ཤུགས་ཀྱིས་རྒྱུད་ལ་སྐྱེ་སྟེ། དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེས་ཙ་ན། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་སྐྱེ་མེད་སྤྲོས་བྲལ་དུ་ལྷན་གྱིས་རྟོགས་པ་འབྱུང་། དེ་ཙམ་ན་རང་གི་ནང་དུ་བློ་བདེ་རྙེད་པ་ཡིན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེས་ཙ་ན། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་བྱམས་སྙིང་རྗེ་ལྷག་པར་སྐྱེ་སྟེ། བྱ་རྒྱུ་སེམས་ཅན་གྱི་དོན་ལས་མེད་པ་ཞིག་འབྱུང་། དེ་ཙ་ན་ཅི་བྱས་སེམས་ཅན་གྱི་དོན་དུ་འགྱུར་བ་ཞིག་འོང་བ་ཡིན། དེ་གཉིས་ཟུང་དུ་འབྲེལ་ཏེ་སྟོང་པའི་དུས་ཉིད་ན་མ་འགགས་པའི་སེམས་ཅན་ལ་སྙིང་རྗེ་ལྷག་པར་སྐྱེ་ལ། སྙིང་རྗེའི་དུས་ཉིད་ན་བདག་དང་སེམས་ཅན་གྱི་དངོས་པོ་མ་མཐོང་སྟེ། སྣང་བ་སྒྱུ་མ་ལྟ་བུའི་ངོ་བོ་སྟོང་བར་རྟོགས་ཏེ་ཟུང་འབྲེལ་དུ་སྐྱེས་ཙ་ན་ཐེག་པ་ཆེན་པོའི་ལམ་ཕྱིན་ཅི་མ་ལོག་པར་ཚུད་པ་ཡིན། དེ་ཉིད་ལ་སྦྱངས་བས་གོམས་པ་མཐར་ཕྱིན་ཙ་ན་ཆོས་སྐུ་དང་གཟུགས་སྐུ་ལྷུན་གྲུབ་ཐོབ་པ་ཡིན་ཏེ། དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ལས་ཆོས་སྐུ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྙིང་རྗེས་ལས་གཟུགས་སྐུ། དེ་གཉིས་དབྱེར་མེད་དུ་སྦྱངས་པ་ལས་ཆོས་སྐུ་དང་གཟུགས་སྐུ་དབྱེར་མེད་དུ་ཐོབ་གསུངས།

༈ ཡང་འབྲོམ་སྟོན་པ་སྐུ་མཆེད་གསུམ་གྱིས། བདག་དོན་དང་གཞན་དོན་ཕུན་སུམ་ཚོགས་པ་བྱེད་པ་ལ། ལྟ་བ་དང་སྤྱོད་པ་གཉིས་གལ་གང་ཆེ་ལགས་ཞུས་པས། སྟོན་པའི་ཞལ་ནས། རྟེན་གྱི་གང་ཟག་ཅིག་ཐེག་པ་ཆེན་པོའི་སྒོར་ཞུགས་ནས། བདག་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་ལ། ལྟ་བ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པ་གཉིས་ཟུང་དུ་འབྲེལ་དགོས། ཡ་བྲལ་གྱིས་མི་བཏུབ་གསུངས། འོ་ན་ལྟ་སྤྱོད་རྣམ་པར་དག་པ་ཇི་ལྟར་ལགས་ཞུས་པས། སྟོན་པའི་ཞལ་ནས་། ལྟ་བ་རྣམ་པར་དག་པ་ནི། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་ཅིར་ཡང་མ་གྲུབ་པས། ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བར་རྟོགས་ལ། ཀུན་རྫོབ་ཏུ་ཕྱི་ནང་གི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་སྤྲུལ་པ་ལྟ་བུར་ཤེས་ཤིང་། དེ་ཡང་རང་གི་སེམས་སྣང་འབའ་ཞིག་ཏུ་རྟོགས་ཏེ། དངོས་པོ་གང་ལ་ཡང་ཡིད་མི་གཏོད་ཅིང་གང་གི་ཡང་རྗེས་སུ་མི་འབྲང་བ་ཞིག་ཡིན། སྤྱོད་པ་རྣམ་པར་དག་པ་ནི། ཀུན་རྫོབ་རྨི་ལམ་སྒྱུ་མ་ཙམ་དུ་ལས་དཀར་ནག་གི་འབྲས་བུ་མི་བསླུ་བར་ཤེས་ཏེ། ལས་རྒྱུ་འབྲས་ལ་འཛེམ་ཞིང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་བརྩོན་པ་ཞིག་ཡིན། དེ་ལྟ་བུའི་ལྟ་སྤྱོད་རྣམ་པར་དག་པ་དེ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་པ་ཞིག་ངང་གིས་འབྱུང་གསུངས། འོ་ན་ལྟ་སྤྱོད་ཡ་བྲལ་བ་ལ་སྐྱོན་ཅི་ཡོད་ཞུས་པས། སྟོན་པའི་ཞལ་ནས། ལྟ་བ་རྣམ་པར་དག་པ་ཞིག་ཡོད་ཀྱང་སྤྱོད་པ་རྣམ་པར་མ་དག་སྟེ། ལས་རྒྱུ་འབྲས་ལ་མི་འཛེམ་ཞིང་སྤྱོད་པ་རྩིང་པོར་ཤོར་ན་བདག་གཞན་གཉིས་ཀའི་དོན་མི་ནུས་ཏེ་ལྟ་བ་དེ་ཡང་གོལ་བར་འགྲོ། སྤྱོད་པ་རྣམ་པར་དག་པ་ཞིག་ཡོད་ཀྱང་དངོས་པོའི་གནས་ལུགས་མ་རྟོགས་ན་བདག་གཞན་གཉིས་ཀའི་དོན་མི་ནུས་ཏེ་སྤྱོད་པ་དེ་ཡང་གོལ་བར་འགྲོ། དེས་ན་ལྟ་སྤྱོད་ཟུང་དུ་མ་འབྲེལ་ན་ལམ་ལོག་པར་སྟོང་བས་ཟུང་འཇུག་ལ་བསླབ་དགོས་གསུངས།

༈ ཡང་སྟོན་པ་ལ་སྐུ་མཆེད་གསུམ་གྱིས། དབེན་པར་ཉམས་སུ་ལེན་པ་དང་། སེམས་ཅན་ལ་ཆོས་ཀྱིས་ཕན་འདོགས་པ་གཉིས་ཁེབས་གང་ཆེ་ལགས་ཞུས་པས། སྟོན་པའི་ཞལ་ནས། རང་རྒྱུད་ལ་ཉམས་རྟོགས་ཅི་ཡང་མེད་པའི་ལས་དང་པོ་བའི་གང་ཟག་གིས་སེམས་ཅན་ལ་ཆོས་ཀྱིས་ཕན་བཏགས་ཀྱང་མི་ཐོགས་ཏེ། བྱིན་རླབས་སྣོད་སྟོང་བ་བྱོ་བ་དང་འདྲ་སྟེ། བྱིན་རླབས་ལ་འོང་རྒྱུ་མེད། གདམས་ངག་སྦང་མ་མ་མནན་པར་བསིངས་པའི་ཆང་དང་འདྲ་སྟེ། གདམས་ངག་ལ་རོ་བཅུད་མེད། དྲོད་ཐོབ་པ་ལ་བརྟན་པ་མ་ཐོབ་པའི་མོས་པ་སྤྱོད་པའི་གང་ཟག་གིས་སེམས་ཅན་གྱི་དོན་བྱེད་མི་བཏུབ་སྟེ། བྱིན་རླབས་བུམ་པ་གང་བྱོ་དང་འདྲ་སྟེ། གཞན་གང་ཙ་ན་རང་ཉིད་སྟོང་བར་འགྱུར། གདམས་ངག་སྒྲོན་མེ་ལག་བརྒྱུད་དང་འདྲ་སྟེ། གཞན་གསལ་ཙ་ན་རང་ཉིད་འགྲིབ་པར་འགྱུར། ས་ཐོབ་ནས་མར་སེམས་ཅན་གྱི་དོན་འགྲུབ་ཚད་བྱ་བ་ཡིན་ཏེ། བྱིན་རླབས་བུམ་པ་བཟང་པོའི་དངོས་གྲུབ་དང་འདྲ་སྟེ། གཞན་ཐམས་ཅད་སྨིན་པར་བྱས་ཀྱང་རང་ལ་གང་སྟོང་མེད། གདམས་ངག་མར་མེའི་གཞི་མ་དང་འདྲ་སྟེ། གཞན་གསལ་བར་བྱས་ཀྱང་རང་ལ་འགྲིབ་པ་མེད་པ་ཡིན། དེས་ན་ད་ལྟ་སྙིགས་མའི་དུས་འདིར་སོ་སོའི་སྐྱེ་བོས་དབེན་པར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་གོམས་པར་བྱ་བ་མ་ཡིན་པར་སེམས་ཅན་ལ་དངོས་སུ་ཕན་གདགས་པའི་དུས་མ་ཡིན། རང་རྒྱུད་ཀྱི་ཉོན་མོངས་པ་བསྲུང་བའི་དུས་ཡིན། དཔེར་ན་སྨན་ཆེན་པོའི་ལྗོན་ཤིང་གི་མྱུ་གུ་དེ་གཅོད་པའི་དུས་མ་ཡིན་བསྲུང་བའི་དུས་ཡིན་གསུངས་སོ། །

༈ སྟོན་པ་ལ། ཁམས་སྟོན་ཅིག་གིས། བདག་མེད་གཉིས་ཀྱི་དོན་ལོགས་སུ་ཞུས་པས། སྟོན་པའི་ཞལ་ནས། ཡ་ཀི་སྤྱི་བོའི་གཙུག་ནས། མ་ཀི་རྐང་བའི་མཐིལ་ཡན་ཆད་ལ་ཤེས་པས་གཞིག་ཅིང་བཙལ་ཀྱང་བདག་བྱ་བའི་དངོས་པོ་གཅིག་ཀྱང་མ་རྙེད་པ་དེ་ཀ་གང་ཟག་གི་བདག་མེད་ཡིན། འཚོལ་མཁན་གྱི་ཤེས་པ་དེ་ཡང་རང་བཞིན་མེད་པར་ཤེས་པ་དེ་ཆོས་ཀྱི་བདག་མེད་ཡིན་གསུངས། འཕན་ཡུལ་སྦས་ཀྱི་འབྲོམ་ཟ་ལོ་འཚོ་མོས་ར་སྒྲེང་དུ་ནས་ཡ་བཞི་བཅུ་ཕུལ་ནས། མིང་པོ་འབྲོམ་ཚིགས་པས་ད་རེས་གཏམ་བཏང་བ་ལ་དགེ་བའི་བཤེས་གཉེན་པ་ལགས། འདི་ན་བཞུགས་པའི་གྲྭ་པ་འདི་རྣམས་ཀྱང་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ་འདུས་པ་ལགས། བདག་ཅག་མིང་སྲིང་ཡང་དེ་ཉིད་ཐོབ་པར་བྱ་བའི་དོན་དུ་མཆིས་པ་ལགས་པས། དགེ་བའི་བཤེས་གཉེན་པ་ལ་ཇོ་བོ་རྗེ་ལྷ་གཅིག་གི་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་མངའ་བ་ལགས་པས། དེ་རིང་སངས་རྒྱས་ཐོབ་པར་བྱ་བའི་གདམས་ངག་མི་གསང་བར་ཞུ་འཚལ་ཞེས་ཞུས་པས། དགེ་བཤེས་སྟོན་པའི་ཞལ་ནས། དང་པོ་འཆི་བ་མི་རྟག་པ་དང་ལས་རྒྱུ་འབྲས་མང་དུ་སྒོམས་ལ། རང་གིས་ཁས་བླངས་པའི་སྲུང་སྡོམ་ཀུན་དག་པར་བྱ། བྱམས་པ་དང་སྙིང་རྗེ་མང་དུ་སྒོམས་ལ་། བྱང་ཆུབ་ཀྱི་སེམས་བརྟན་པར་བྱ། དེའི་ཕྱིར་ཚོགས་གཉིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསགས། སྡིག་པ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྦྱང་བ་ལ་འབད་པར་བྱ། ཆོས་ཐམས་ཅད་འཁོར་གསུམ་མི་དམིགས་པའི་རྩིས་ཟིན་པས། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ། དེ་ལྟར་བྱས་ན་ཇོ་བོ་རྗེ་དང་མ་མཇལ་སྙམ་པའི་མྱ་ངན་བྱ་མི་དགོས། སངས་རྒྱས་པར་བྱེད་པ་ལ་ཆོས་དེ་ལས་མེད། ཕྱིས་ནས་འབྲོམ་རྒད་པོ་དང་མ་ཕྲད་སྙམ་པའི་མྱ་ངན་བྱ་མི་དགོས། ཆོས་དེ་ལས་མེད་གསུངས།

༈ དགེ་བཤེས་སྟོན་པ་ལ། དགེ་བསྙེན་ཞིག་གིས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་ན། དངོས་སམ་བརྒྱུད་ནས་རྟག་ཏུ་གཞན་དོན་འབྱུང་བའི་རྒྱུ་མ་ལགས་སམ་ཞུས་པས། སྟོན་པའི་ཞལ་ནས། གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུ་ཡིན་པ་ཨ་ཅང་ཆེ་སྟེ། རང་ལ་རང་དོན་ཕུན་སུམ་ཚོགས་པའི་རྒྱུར་འགྱུར་ཏེ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་ན་ངན་སོང་གསུམ་དུ་སྐྱེ་མི་སྲིད་དེ། ད་ལྟ་ཉིད་ནས་ཕྱིར་མི་ལྡོག་པ་ཞེས་བྱར་བཏུབ། གལ་ཏེ་སྔོན་གྱི་ལས་ངན་ཚབ་པོ་ཆེ་དང་། ད་ལྟའི་གློ་བུར་གྱི་རྐྱེན་དྲག་པོའི་དབང་གིས་ངན་སོང་དུ་སྐྱེ་སྲིད་ཀྱང་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐད་ཅིག་མ་གཅིག་དྲན་པ་ཙམ་གྱིས་དེ་མ་ཐག་ཏུ་ངན་སོང་གི་སྐྱེ་གནས་དེ་ཉིད་ལས་ཐར་ནས་མཐོ་རིས་ལྷ་དང་མིའི་གོ་འཕང་ཁྱད་པར་ཅན་འཐོབ་ངེས་པ་ཡིན། དེ་ཡང་སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས་པ་ལྟར་རོ། །དེས་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ནི་རང་གཞན་གཉིས་ཀའི་དོན་ཆེན་པོ་འགྲུབ་པའི་རྒྱུ་ཡིན་གསུངས།

༈ ཡང་རྭ་སྒྲེང་དུ། ཇོ་བོ་ཞིག་གིས་ཕྱི་སྐོར་བྱས་པས། དགེ་བཤེས་སྟོན་པའི་ཞལ་ནས། ཇོ་བོ་བསྐོར་བ་བྱེད་པ་ཡང་གློ་བ་དགའ་སྟེ། དེ་བས་ཆོས་ཤིག་རང་བྱས་ན་མི་དགའ་འམ་གསུངས། དེར་ཇོ་བོ་དེའི་བསམ་པ་ལ། བསྐོར་བ་བྱས་པ་ལས་ཀྱང་ཐེག་པ་ཆེན་པོའི་མདོ་ཀློག་པ་ཁེབས་ཆེའམ་སྙམ་ནས། ཀུན་དགའ་ར་བའི་ཁྱམས་སུ་མདོ་བཀླགས་པས། སྟོན་པའི་ཞལ་ནས། ཆོས་ཀློག་པ་ཡང་གློ་བ་དགའ་སྟེ། དེ་བས་ཀྱང་ཆོས་ཤིག་བྱས་ན་མི་དགའ་འམ་གསུངས། ཡང་ཁོའི་བསམ་པ་ལ། ཀློག་པ་བས་ཀྱང་ཏིང་ངེ་འཛིན་བསྒོམ་ན་ཁེབས་ཆེ་བའི་བརྡ་ཡིན་སྙམ་ནས། ཀློག་པ་བཤོལ་ནས་མལ་དུ་མིག་ཟིམ་མེར་བསྡད་པས། ཡང་སྟོན་པའི་ཞལ་ནས། བསྒོམ་པ་ཡང་གློ་བ་དགའ་སྟེ། དེ་བས་ཀྱང་ཆོས་ཤིག་རང་བྱས་ན་མི་དགའ་འམ་གསུངས། དེར་ཁོས་གཞན་བྱ་ཐབས་མ་རྙེད་ནས། དགེ་བཤེས་པ་ལགས་འོ་ན་བདག་གིས་ཆོས་ཇི་ལྟ་བུ་ཞིག་བགྱི་ཞུས་པས། སྟོན་པའི་ཞལ་ནས། ཇོ་བོ་ཚེ་འདི་བློས་ཐོངས། ཚེ་འདི་བློས་ཐོངས་གསུངས་སྐད། དེས་ན་ཚེ་འདི་བློས་མ་ཐོང་ན་ཅི་བྱས་ཀྱང་ཆོས་སུ་མ་སོང་སྟེ། འཇིག་རྟེན་ཆོས་བརྒྱད་ལས་མ་འདས་ལ། ཚེ་འདིའི་རྣམ་པར་རྟོག་པ་བློས་ཐོང་ན་ཅི་བྱས་ཆོས་བརྒྱད་དང་མ་འདྲེས་པས་ཐར་པའི་ལམ་དུ་སོང་བ་ཡིན་གསུངས།

༈ ཡང་དགེ་བཤེས་སྟོན་པ་ལ། པུ་ཏོ་བས། ཆོས་དང་ཆོས་མ་ཡིན་པའི་གནམ་ཐིག་གང་ལགས་ཞུས་པས། སྟོན་པའི་ཞལ་ནས། ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན། མི་འགྲོ་ན་ཆོས་མིན། འཇིག་རྟེན་པ་ཀུན་དང་མི་མཐུན་ན་ཆོས་ཡིན། མཐུན་ན་ཆོས་མིན། བཀའ་ལུང་དང་མཐུན་ན་ཆོས་ཡིན། མི་མཐུན་ན་ཆོས་མིན། རྗེས་བཟང་ན་ཆོས་ཡིན། རྗེས་ངན་ན་ཆོས་མིན་གསུངས། །

༈ དགེ་བཤེས་དགོན་པ་བའི་ཞལ་ནས། ཐམས་ཅད་མཁྱེན་པའི་རྩ་བ་ཚོགས་གཉིས་ལ་ཐུག །ཚོགས་གཉིས་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ལ་ཐུག །བྱང་ཆུབ་སེམས་ཀྱི་རྩ་བ་བྱམས་སྙིང་རྗེ་ལ་ཐུག །དེ་ཐམས་ཅད་ཀྱི་བསླབ་བྱའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐུག །དེ་ཡང་སྦྱིན་པའི་རྩ་བ་འཛིན་ཆགས་མེད་པ་ལ་ཐུག །ཚུལ་ཁྲིམས་ཀྱི་རྩ་བ་གྲོགས་བཟང་བསྟེན་པ་ལ་ཐུག །བཟོད་པའི་རྩ་བ་དམན་ས་འཛིན་པ་ལ་ཐུག །བརྩོན་འགྲུས་ཀྱི་རྩ་བ་འཆི་བ་བསྒོམ་པ་ལ་ཐུག །བསམ་གཏན་གྱི་རྩ་བ་དབེན་པ་བསྟེན་པ་ལ་ཐུག །ཤེས་རབ་ཀྱི་རྩ་བ་རང་སེམས་ལ་ལྟ་བ་ལ་ཐུག །བྱིན་རླབས་ཀྱི་རྩ་བ་རང་གི་མོས་གུས་ལ་ཐུག །དངོས་གྲུབ་ཀྱི་རྩ་བ་སྡོམ་པ་དང་དམ་ཚིག་ལ་ཐུག །ཡོན་ཏན་གྱི་རྩ་བ་ཐོས་བསམ་སྒོམ་གསུམ་ལ་ཐུག །གཞན་དོན་གྱི་རྩ་བ་རང་འདོད་མེད་པ་ལ་ཐུག །རང་དོན་དང་གཞན་དོན་གཉིས་ཀའི་རྩ་བ་སྒོམ་སྒྲུབ་ལ་ཐུག་གསུངས། །

༈ ཡེར་བའི་ཞལ་བཙུན་གྱི་ཞལ་ནས། འོ་སྐོལ་སྙིང་ཐག་པ་ནས་ཐར་པ་དོན་དུ་གཉེར་ན། དུས་རྒྱུན་ཏུ་འཆི་བ་མི་རྟག་པ་ཡིད་ལ་བསམ་པ་དང་མ་བྲལ་བས། བསམ་སྤྱོད་འཕགས་པའི་རིགས་བཞི་ལ་གནས་པར་བྱེད་དགོས་གསུངས། འཕགས་པའི་རིགས་བཞི་ནི། ཆོས་གོས་ངན་ངོན་ཙམ་གྱིས་ཆོག་པ་དང་། བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་པ་དང་། མལ་ཆ་ངན་ངོན་ཙམ་གྱིས་ཆོག་པ་དང་། ན་བའི་གསོས་སྨན་ལ་སོགས་པའི་ཡོ་བྱད་ངན་ངོན་ཙམ་གྱིས་ཆོག་པ་ཞིག་ཡིན། ཡང་ན་འདོད་པ་ཆུང་བ། ཆོག་ཤེས་པ། གསོ་སླ་བ། དགང་སླ་བ་བཞི་ཡིན། འདོད་པ་ཆུང་བ་ནི། འཚོ་བའི་ཡོ་བྱད་ཀྱི་དངོས་པོ་བཟང་པོ་དང་མང་པོའི་ཞེ་འདོད་མེད་ཅིང་། བདོག་པའི་དངོས་པོ་ཐམས་ཅད་སྤངས་པ་ཡིན། ཆོག་ཤེས་པ་ནི་དངོས་པོ་ཆུང་ངུ་ཉུང་ངུ་ངན་ངོན་གྱིས་ཆོག་ཤེས་པ་ཡིན། གསོ་སླ་བ་ནི། ཆོས་གོས་དང་། མལ་ཆ་དང་། ཁ་ཟས་ངན་ངོན་ཆང་ཙམ་གྱིས་འཚོ་བ་ཡིན། དགང་སླ་བ་ནི། བསོད་སྙོམས་དང་རྙེད་པ་དང་བཀུར་སྟི་ངན་ངོན་ཆུང་ཆུང་གིས་བློ་ཁེངས་པ་ཡིན། དེ་ལྟར་འཕགས་པའི་རིགས་བཞི་ལ་གནས་པའི་གང་ཟག་དེའི་རྒྱུད་ལ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གནས་པས་དེའི་ཕྱིར་འཕགས་པའི་རིགས་བཞི་ལ་གནས་པ་ཞེས་བྱ། ཚེ་འདིའི་འདོད་པས་ཀུན་ནས་བསླངས་ཏེ། འཕགས་པའི་རིགས་བཞི་ལ་མི་གནས་པ་དེའི་རྒྱུད་ལ་ནི། འཁོར་བ་ངན་སོང་གི་རྒྱུ་སྡིག་པ་མི་དགེ་བ་ཐམས་ཅད་གནས་པས། བདུད་ཀྱི་རིགས་ལ་གནས་པ་ཞེས་བྱའོ། །དེས་ན་འོ་སྐོལ་གྱིས་ཚེ་འདི་ལ་འདོད་པ་མ་སྤངས་ན། ཚེ་རབས་གཞན་དུ་ཡང་འདོད་པའི་དབང་དུ་འགྲོ་བས་ཚེ་འདིའི་འདོད་པ་ཐམས་ཅད་སྤངས་ལ་འཕགས་པའི་རིགས་བཞི་ལ་གནས་པར་བྱེད་དགོས། ཚེ་འདིའི་འདོད་པ་སྤོང་བ་ལ་གཉེན་པོ་དུས་རྒྱུན་ཏུ་མི་རྟག་པ་བསྒོམ་པ་གལ་ཆེ། མི་རྟག་པ་སྔ་དྲོ་ཞིག་མ་བསྒོམས་ཀྱང་ཉི་མ་ཕྱེད་ན་ཚེ་འདི་པར་ཆ་གསུངས།

༈ ཡང་ཡེར་པའི་ཞང་བཙུན་གྱི་ཞལ་ནས། ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་འདོད་ན། མ་འདྲེས་པ་རྣམ་པ་གསུམ་དགོས་ཏེ། དགེ་བ་ཚེ་འདིའི་རྣམ་རྟོག་དང་མ་འདྲེས་པ་ཞིག་དགོས། ལུས་ངག་གི་སྤྱོད་པ་ཉོན་མོངས་པ་དང་མ་འདྲེས་པ་ཞིག་དགོས། བསྒོམ་པ་རང་སངས་རྒྱས་དང་མ་འདྲེས་པ་ཞིག་དགོས། མདོར་ན་རྟོགས་པ་ཕུལ་དུ་ཕྱིན་པའི་སྤྱོད་པ་ཞིག་དགོས། རྟོགས་པ་ཕུལ་དུ་ཕྱིན་པའི་ཚད་གང་ཡིན་ཞེ་ན། ཡངས་སར་ཡངས་པ་ཡིན་ཏེ་ལྟ་བ་ཡངས་དགོས། དོགས་སར་དོགས་པ་ཡིན་ཏེ་སྤྱོད་པ་དོགས་དགོས། དཔའ་སར་དཔའ་བ་ཡིན་ཏེ་ཉོན་མོངས་པ་ལ་གཉེན་པོ་དཔའ་བ་ཞིག་དགོས། ཞུམ་སར་ཞུམ་པ་ཞིག་དགོས་ཏེ། གཞན་གྱིས་རྒོལ་བ་ལ་སོགས་པ་ལ་བཟོད་པ་ཐོབ་པའི་ཞུམ་པ་ཞིག་དགོས་གསུངས། །

༈ དགེ་བཤེས་པུ་ཏོ་བ་ལ་དགེ་བསྙེན་ཞིག་གིས་ཆོས་གཅིག་ཏུ་བྱ་བ་ལ་གལ་གང་ཆེ་ལགས་ཞུས་པས། པུ་ཏོ་བའི་ཞལ་ནས། ཆོས་གཅིག་ཏུ་བྱ་བ་ལ་མི་རྟག་པ་བསྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་བསྒོམས་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་བསྐུལ་བའི་རྐྱེན་བྱེད། ཐ་མ་ཆོས་ཉིད་མཉམ་པ་ཉིད་རྟོགས་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ན། དང་པོ་ཚེ་འདིའི་གདོས་ཐག་གཅོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད། ཐ་མར་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ན། དང་པོ་དད་པ་སྐྱེ་བའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མ་ཤེས་རབ་སྐྱེ་བའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན། དང་པོ་ཆོས་འཚོལ་བའི་རྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་རྐྱེན་བྱེད། ཐ་མར་ཆོས་མཐར་ཕྱིན་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན། དང་པོར་གོ་ཆའི་བརྩོན་འགྲུས་རྩོམ་པའི་རྒྱུ་བྱེད། བར་དུ་སྦྱོར་བའི་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཕྱིར་མི་ལྡོག་པའི་བརྩོན་འགྲུས་རྩོམ་པའི་གྲོགས་བྱེད་གསུངས་སོ། །

༈ དགེ་བཤེས་པུ་ཏོ་བ་ལ། རྐྱང་ཆ་རྡོབ་ཚུལ་གྱིས་གདམས་ངག་ཞུས་པས། པུ་ཏོ་བའི་ཞལ་ནས། ཁྱོད་ཀྱིས་འཆི་བ་མི་རྟག་པ་མང་དུ་སོམས་དང་། དེར་འཆི་ངེས་པའི་བློ་ཞིག་བྱུང་ན་སྡིག་པ་སྤོང་བ་ལ་དཀའ་རྒྱུ་མེད། དགེ་བ་བསྒྲུབ་པ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི དེའི་སྟེང་དུ་བྱམས་པ་དང་སྙིང་རྗེ་མང་དུ་སྒོམས་དང་། དེ་རྒྱུད་ལ་སྐྱེས་ན་སེམས་ཅན་གྱི་དོན་བྱེད་པ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི དེའི་སྟེང་དུ་ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་མང་དུ་སྒོམས་དང་། དེ་རྒྱུད་ལ་སྐྱེས་ན་འཁྲུལ་པ་སྤོང་བ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི་གསུངས།

༈ ཡང་པུ་ཏོ་བས་འཁོར་རྣམས་ལ་སྤྱིར་གསུངས་པ། སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་རིགས་སམ་ཉོན་མོངས་པའི་བྱེ་བྲག་བརྒྱད་ཁྲི་བཞི་སྟོང་ཡོད་པ་ལ་དགོངས་ནས་དེའི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་ཐམས་ཅད་ཀྱང་མདོར་བསྡུ་ན། རྗོད་བྱེད་ཚིག་གི་དབང་དུ་བྱས་ནས་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འདུས། བརྗོད་བྱ་དོན་གྱི་དབང་དུ་བྱས་ན་བསླབ་པ་རིན་པོ་ཆེ་གསུམ་དུ་འདུས། བསླབ་པ་རིན་པོ་ཆེ་གསུམ་པོ་དེ་ཡང་། དང་པོ་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ནས་ལྷག་པའི་ཏིང་ངེ་འཛིན་སྐྱེ། དེ་ལ་བརྟེན་ནས་ལྷག་པའི་ཤེས་རབ་སྐྱེ། དེས་ཉོན་མོངས་པ་རྩད་ནས་སྤངས་ནས་སངས་རྒྱས་པ་ཡིན། དེས་ན་བསླབ་པ་གསུམ་གྱི་དང་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཀུན་གྱི་གཞི་མ་ཡིན་པས་ལས་དང་པོ་པའི་བསླབ་བྱའི་གཙོ་བོ་ཚུལ་ཁྲིམས་ལ་བྱེད་དགོས། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་འདོད་ཆགས་ཡིན་པས། སྤྱིར་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡང་འདོད་ཆགས་ཡིན་ཏེ། འདོད་ཆགས་ལ་བརྟེན་ནས་ཉོན་མོངས་པ་མཐའ་དག་སྐྱེ། དེས་ལས་ངན་བསགས་ནས་འཁོར་བར་འཁྱམས་པ་ཡིན། འདོད་ཆགས་སྤོང་བ་ལ་དེའི་གཉེན་པོར་མི་སྡུག་པ་བསྒོམ་པའི་ཆོས་བསྟན་པས། དེ་ལ་མི་སྡུག་པ་བསྒོམ་པའི་ཐབས་ལ་ལྔ་སྟེ། དང་པོ་མ་དང་བུ་སྲིང་གི་རྣམ་པར་བསྒོམ་པ་ནི། འདོད་ཆགས་ཀྱི་ཡུལ་བུད་མེད་ཀྱི་རྣམ་པ་མངོན་དུ་གྱུར་པའི་ཚེ། རང་བས་རྒན་པ་ལ་ཆགས་པ་སྐྱེས་ན་དེ་ལ་མའི་འདུ་ཤེས་བསྒོམ། རང་དང་མཉམ་པ་ལ་ཆགས་པ་སྐྱེས་ན་དེ་ལ་སྲིང་མོའི་འདུ་ཤེས་བསྒོམ། རང་བས་གཞོན་པ་ལ་ཆགས་པ་སྐྱེས་ན་དེ་ལ་བུ་མོའི་འདུ་ཤེས་བསྒོམས་པས་ཆགས་པ་ལྡོག་གོ །དེ་ལྟར་བསྒོམས་པས་ཆགས་པ་མ་ལྡོག་ན། གཉིས་པ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ཀྱི་རྣམ་པ་བསྒོམ་པ་ནི། བདག་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་ན། ཀུན་ཏུ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་ཅིང་གཟིགས་པས་དེ་དག་གི་ཐུགས་ཀྱིས་ཁྲེལ་བས་བདག་སྐྱོབ་པར་མི་འགྱུར་རོ། །བདག་གིས་ཚུལ་བཞིན་མ་ཡིན་པའི་སྤྱོད་པ་བྱས་པར་གྱུར་ན། སའི་ལྷ་དང་བར་སྣང་གི་ལྷ་རྣམས་ཀྱིས་སྐྱེ་བོ་རྣམས་ལ་བསྒྲགས་ནས་ཚེ་འདིར་ཡང་གྲགས་པ་ངན་པས་ཁྱབ་པར་འགྱུར་ལ། ཕྱི་མ་ཡང་ངན་སོང་དུ་འགྲོ་སྙམ་དུ་བསམ་ཞིང་། གོང་འོག་ཐམས་ཅད་དུ་ངོ་ཚ་དང་ཁྲེལ་འཛེམ་རྗེས་སུ་དྲན་པར་བསྒོམས་པས་ཆགས་པ་ལྡོག་གོ །གལ་ཏེ་དེ་ལྟར་བསྒོམས་ཀྱང་ཆགས་པ་མ་ལྡོག་ན། གསུམ་པ་མི་གཙང་ཞིང་དྲི་ང་བའི་རྣམ་པར་བསྒོམ་པ་ལ། དང་པོ་མི་གཙང་བ་ཅིག་ཅར་དུ་བསྒོམ་པ་ནི། བུད་མེད་ཀྱི་ལུས་དེ་ཉིད་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་རྐྱལ་པ། སྲིན་བུའི་རིགས་བརྒྱད་ཁྲིའི་གྲོང་ཡིན་ཏེ། དཔེར་ན་དབྱར་གྱི་ཁྱི་རོ་རུལ་པའི་ནང་ན། སྲིན་འབུས་ཁེངས་པ་དང་འདྲ་བར་ཡིད་ལ་བྱའོ། །རིམ་གྱིས་བསྒོམ་པ་ནི། དང་པོ་བུད་མེད་ཀྱི་ལུས་དེ་རྣམ་པར་དམར་བར་བསྒོམ། དེ་ནས་རྣམ་པར་རྣག་པའི་རྣམ་པར་བསྒོམ། དེ་ནས་རྣམ་པར་བམ་པར་བསྒོམ། དེ་ནས་རྣམ་པར་སྔོ་པ། དེ་ནས་རྣམ་པར་འབུས་གཞིག་པ། དེ་ནས་རྣམ་པར་ཟོས་པ། དེ་ནས་རུས་པའི་འདུ་ཤེས་བསྒོམས་པས་ཆགས་པ་ལྡོག་གོ །གལ་ཏེ་དེས་ཀྱང་ཆགས་པ་མ་ལྡོག་ན། བཞི་པ་དགྲ་དང་གཤེད་མའི་རྣམ་པར་བསྒོམ་པ་ནི། བུད་མེད་འདི་ནི་བདག་གི་ཆོས་དང་མཐུན་པའི་ཡིད་ཕམ་པར་བྱེད་པའི་དགྲའོ། །ཐར་པའི་སྲོག་གཅོད་པའི་གཤེད་མའོ། །དཀར་པོའི་ལོ་ཐོག་འཇོམས་པར་བྱེད་པའི་སེར་བའོ། །ཕུན་སུམ་ཚོགས་པ་ཐམས་ཅད་འཕྲོག་པར་བྱེད་པའི་ཆོམ་རྐུན་མའོ། །དགེ་བའི་རྩ་བ་ཐམས་ཅད་ཀྱི་བར་དུ་གཅོད་པར་བྱེད་པའི་བདུད་མོའོ། །འཁོར་བའི་སྡུག་བསྔལ་ལས་ཐར་དུ་མི་སྟེར་བའི་བཙོན་སྲུང་མའོ། །ཉོན་མོངས་པ་མཐའ་དག་ཀུན་ནས་སློང་བར་བྱེད་པའི་དཀྲུགས་མའོ། །སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དམྱལ་བའི་མེ་ཁང་ལྟ་བུའོ་སྙམ་དུ་བསམས་པས་ཆགས་པ་ལྡོག་པར་ངེས་སོ། །གལ་ཏེ་དེས་ཀྱང་མ་ལྡོག་ན། ལྔ་པ་སྒྱུ་མ་བསླུ་བྲིད་ཀྱི་རྣམ་པར་བསྒོམ་པ་ནི། དཔེར་ན་སྒྱུ་མ་མཁན་གྱིས་སྐྱེས་པ་དང་བུད་མེད་དང་རྟ་དང་གླང་པོ་ལ་སོགས་པའི་གཟུགས་བྱད་ཕུན་སུམ་ཚོགས་པར་སྤྲུལ་ནས་སྐྱེ་བོ་ཕལ་པོ་ཆེ་སླུ་བར་བྱེད་དོ། །དེ་བཞིན་དུ་སྤྱིར་ཆོས་ཐམས་ཅད་རྫུན་པ་སླུ་བ་རང་བཞིན་མེད་པ་སྒྱུ་མ་དང་མཚུངས་པ་ལ་ཞེན་ཅིང་ཆགས་པས་སེམས་ཅན་རྣམས་འཁོར་བ་ན་སྡུག་བསྔལ་ལོ། །ཁྱད་པར་དུ་རྫུན་ཞིང་སླུ་བ་མནོག་ཆུང་བ་ཉེས་པ་ཆེ་བའི་བུད་མེད་ཀྱི་གཟུགས་ཀྱིས་སྔར་ཡང་བདག་བར་མ་དོ་ཀུན་ཏུ་བསླུས་པ་ཡིན་ལ། ད་རེས་ཀྱང་བསླུ་རུ་འོང་སྙམ་དུ་བསྒོམས་པས་ཆགས་པ་ལྡོག་གོ །དེ་ལྟར་ཐབས་གང་བསྒོམས་ཀྱང་ཆགས་པ་ལྡོག་ཏུ་མ་བཏུབ་ན་བདུད་ཞུགས་པ་ཡིན་པས་དགེ་བའི་བཤེས་གཉེན་ལ་བདུད་བཟློག་པའི་ཐབས་ཞུས་ལ་འབད་པར་བྱའོ་ཞེས་གསུངས། །

༈ དགེ་བཤེས་སྤྱན་སྔ་བས་འཁོར་སྤྱི་ལ་ཚོགས་སུ་གསུངས་པ། སྤྱིར་ཆོས་ཐམས་ཅད་བསྡུ་ན་གཉིས་སུ་འདུས་ཏེ། གཞན་ལ་གནོད་པ་སྤོང་བ་དང་། ཕན་གདགས་པ་གཉིས་སུ་སྡེ་སྣོད་གསུམ་དང་ཐེག་པ་ཆེ་ཆུང་ཐམས་ཅད་འདུས། ཆོས་དེ་གཉིས་ཉམས་སུ་ལེན་པ་ལ་བཟོད་པ་གལ་ཆེ། བཟོད་པ་མེད་ན་ཚུར་ལ་གནོད་པ་བྱེད་པ་ལ་ཕར་ལན་བྱེད་དུ་འགྲོ། དེ་ལྟར་བྱས་ཙ་ན་གནོད་པ་ལས་ལོག་པ་མེད། དེ་མེད་ཙ་ན་ཕན་འདོགས་པ་མེད། དེས་ན་ཆོས་མགོ་འདོན་པ་ལ་བཟོད་པ་དགོས། དེ་ལ་བཟོད་པའི་བསྒོམ་ཐབས་ལ་བཞི་སྟེ། མདའ་ལེན་འབེན་འཛུགས་ཀྱི་ཚུལ་གྱིས་བསྒོམ་པ་དང་། བྱམས་སྙིང་རྗེའི་ཚུལ་གྱིས་བསྒོམ་པ་དང་། སློབ་དཔོན་སློབ་མའི་ཚུལ་གྱིས་བསྒོམ་པ་དང་། ཆོས་ཉིད་ཀྱི་ཚུལ་གྱིས་བསྒོམ་པའོ། །དང་པོ་མདའ་ལེན་འབེན་འཛུགས་ཀྱི་ཚུལ་གྱིས་བསྒོམ་པ་ནི། དཔེར་ན་འབེན་མ་བཙུགས་ན་མདའ་མི་འཕོག་ལ། མདའ་ཕོགས་པ་དེ་འབེན་བཙུགས་པས་ལེན་པ་ཡིན། དེ་བཞིན་དུ་ཚེ་སྔ་མའི་ལས་ཀྱིས་འབེན་བཙུགས་པས། ཚེ་འདི་ལ་གནོད་པའི་མདའ་འཕོག་སྟེ། དེས་ན་ཚེ་འདི་ལ་གཞན་གྱིས་གནོད་པ་བྱུང་བ་དེ་རང་གི་ཚེ་སྔ་མའི་ལས་ངན་བསགས་པས་ལེན་པ་ཡིན་པས། གཞན་ལ་ཁྲོ་བར་མི་རིགས་ཏེ། སྤྱོད་འཇུག་ལས། འདི་ལྟར་ཕར་གནོད་མ་བྱས་ན། །འགའ་ཡང་ཚུར་ལ་གནོད་མི་བྱེད། །བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེས་ན་སེམས་ཅན་འཚེ་བྱེད་པའི། །བདག་ལ་གནོད་པ་འདི་འབྱུང་རིགས། །ཞེས་སོ། །དེར་མ་ཟད། ཚེ་འདི་རང་དུའང་། ཚེ་སྟོད་ལ་གཞན་ལ་གནོད་པ་བྱས་པའི་ལན་ཚེ་སྨད་ལ་འོང་། དེ་བཞིན་དུ་ལོ་སྔ་ཕྱི་དང་། ཟླ་བ་ལྔ་ཕྱི་དང་། ཞག་སྔ་ཕྱི་ལ་འོང་། ད་ལྟ་ཉིད་དུའང་གཞན་ལ་གཟན་པའི་ཚིག་དང་། སྦྱོར་བ་ངན་པའི་འབེན་བཙུགས་ན་དེ་ཀའི་སྟེང་དུ་ཚིག་ངན་ལ་སོགས་པའི་མདའ་འོང་། དེས་ན་ཐམས་ཅད་རང་གིས་འབེན་བཙུགས་པས་ཕ་རོལ་གྱིས་གནོད་པའི་མདའ་བྱུང་བ་ཡིན་པ་ཤེས་པར་བྱས་ལ་གཞན་ལ་ཁྲོ་བར་མི་བྱ་གསུངས། བྱམས་སྙིང་རྗེའི་ཚུལ་གྱིས་བསྒོམ་པ་ནི། དཔེར་ན་སྨྱོན་པ་ཞིག་གཞན་ལ་གནོད་པ་བྱེད་པ་ལ། གཞན་ཤེས་པ་སོ་ན་གནས་པ་ཀུན་སྨྱོན་པའི་ཁ་ཟླ་མི་བྱེད་པར། རེ་སྡུག་སྙིང་རེ་རྗེ་ཟེར་ཞིང་ལན་མི་བྱེད། དེ་བཞིན་དུ་བདག་ལ་གནོད་པ་བྱེད་པ་དེ་ཡང་ཉོན་མོངས་པ་དྲག་པོའི་གདོན་གྱིས་བརླམས་པའི་སྨྱོན་པ་ཆེན་པོ་ཡིན། རེ་སྡུག་སྙམ་དུ་སྙིང་རྗེ་བསྒོམ། དེ་ཡང་གདོན་གྱིས་བརླམས་པའི་སྨྱོན་པ་དེ་སྨྱོ་ཚབས་ཆུང་སྟེ་རང་གཞན་གྱི་ལུས་སྲོག་ལ་གནོད་པ་ཙམ་ལས་མི་བྱེད་པས་གནོད་ཚབས་ཆུང་། ལོ་འགའ་ཟླ་བ་འགའ་ཞག་འགའ་ཙམ་གྱི་སྨྱོན་པ་ཡིན་པས་ཡུན་ཐུང་། དེ་བས་ཤེས་པ་སོ་ན་གནས་པའི་མི་སེམས་ཅན་ལ་གནོད་པ་བྱེད་པ་འདི་སྨྱོ་ཚབས་ཆེ་སྟེ། འཁོར་བ་ཐོག་མ་མེད་པ་ནས་ཐ་མ་མེད་པར་ཉོན་མོངས་པའི་དབང་དུ་སོང་བས་ཡུན་རིང་། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལས་མི་དགེ་བ་ལ་བག་མེད་པར་སྤྱད་པས་ངན་སོང་གསུམ་གྱི་སྡུག་བསྔལ་སྐྱེད་པས་གནོད་ཚབས་ཆེ། དེ་བས་སྙིང་རྗེ་ཚབས་དེ་ཉིད་ཆེ་བས། བདག་ལ་གནོད་པ་བྱེད་པ་དེ་ལ་བྱམས་སྙིང་རྗེ་བསྒོམ་ཞིང་ཁྲོ་བར་མི་བྱ། སྤྱོད་འཇུག་ལས། གལ་ཏེ་ཉོན་མོངས་དབང་གྱུར་པས། །བདག་སྡུག་ཉིད་ཀྱང་གསོད་བྱེད་ན། །དེ་ཚེ་དེ་དག་གཞན་ལུས་ལ། །གནོད་མི་བྱེད་པར་ཇི་ལྟར་འགྱུར། །དེ་ལྟར་ཉོན་མོངས་དབང་གྱུར་པས། །བདག་གསོད་ལ་སོགས་སོ། །སློབ་དཔོན་སློབ་མའི་ཚུལ་དུ་བསྒོམ་པ་ནི། དཔེར་ན་བསླབ་པ་འབོག་པའི་མཁན་པོ་མེད་ན་སྡོམ་པ་མེད། ཆོས་འཆད་པའི་སློབ་དཔོན་མེད་ན་ཤེས་རྒྱ་མེད། དེ་བཞིན་དུ་གནོད་པ་སྐྱེལ་བའི་དགྲ་མེད་ན་བཟོད་པ་སྒོམ་པའི་ཡུལ་མེད་པས་གཞན་གྱིས་བདག་ལ་གཤེ་བ་ལ་སོགས་པ་དེ་དག་བཟོད་པ་སྟེར་བའི་སློབ་དཔོན་དུ་ཤེས་པར་བྱས་ནས། དེ་ལ་དགའ་བ་དང་དྲིན་དུ་གཟོ་བ་བསྒོམ་ཞིང་། བདག་བཟོད་པ་ལེན་པའི་སློབ་མར་བསྒོམས་ལ་ཁྲོ་བར་མི་བྱ་གསུངས། ཆོས་ཉིད་ཀྱི་ཚུལ་དུ་བསྒོམ་པ་ནི། དོན་དམ་པར་ན་བདག་ལ་གནོད་པར་བྱ་བའི་ཡུལ་དང་། གཞན་གནོད་བྱེད་ཀྱི་མཁན་པོ་དང་། གནོད་པའི་དངོས་པོ་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ཡིན་ལ། ད་ལྟར་གྱི་བདག་ལ་རྒོལ་བ་ལ་སོགས་པར་སྣང་བ་འདི་ཐམས་ཅད་རང་སེམས་འཁྲུལ་པའི་ཆོ་འཕྲུལ་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་པས་ཁྲོ་བར་མི་རིགས་ཏེ། སྤྱོད་འཇུག་ལས། དེ་ལྟར་སྟོང་པའི་ཆོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །མི་དགར་ཅི་ཡོད་དགར་ཅི་ཡོད། །ཡོངས་སུ་བརྙས་པའང་ཅི་ཞིག་ཡོད། །ཅེས་སོ། །དེས་ན་རྨི་ལམ་གྱི་དགྲ་ལ་གཉིད་སད་ནས་དེ་དག་རང་བཞིན་མེད་པར་ཤེས་ནས་མི་ཁྲོ་བ་ལྟར། ད་ལྟར་གྱི་དགྲ་ཡང་དོན་དམ་པར་རང་བཞིན་མེད་པར་རྨི་ལམ་དང་འདྲ་བས། དེ་ལ་ཞེ་སྡང་མི་བྱ་བར་བཟོད་པ་བསྒོམས་གསུངས། །

༈ ཡང་དགེ་བཤེས་སྤྱན་སྔ་བའི་ཞལ་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལ། འཇིག་རྟེན་པ་མཐའ་དག་དང་མི་མཐུན་པ་ཞིག་ལ་བསླབ་དགོས། དེ་ལ་འཇིག་རྟེན་པ་རྣམས་ནི། སེམས་ཅན་ལས་སངས་རྒྱས་གཅེས་པར་འཛིན། གཞན་ལས་རང་གཅེས་པར་འཛིན། གནོད་པ་བྱེད་པ་ལས་ཕན་འདོགས་པ་གཅེས་པར་འཛིན། སྡུག་བསྔལ་ལས་བདེ་བ་གཅེས་པར་འཛིན། འོ་སྐོལ་དེ་དག་ལས་གོ་ལྡོག་དགོས་པས། དེ་ལ་སངས་རྒྱས་ལས་སེམས་ཅན་གཅེས་པར་འཛིན་དགོས། དེ་ཅི་སྟེ་ཞེ་ན། སངས་རྒྱས་ལ་མི་གུས་པ་ཙམ་ཡང་མི་འོང་། དེ་བས་ན་སེམས་ཅན་ལ་རྒྱུ་མཚན་བཞིས་གཅེས་པར་འཛིན་དགོས་ཏེ། འཁོར་བའི་སེམས་ཅན་རྣམས་བདག་གི་ཕ་མ་ཡིན་དགོས་པའི་སྒོ་ནས་གཅེས་པར་འཛིན་དགོས། ཕ་མ་རྣམས་འཁོར་བ་ན་སྡུག་བསྔལ་བས། བདག་གིས་ཕན་གདགས་དགོས་པའི་སྒོ་ནས་གཅེས་པར་འཛིན་དགོས། སེམས་ཅན་ལ་ཕན་བཏགས་པས་རང་དོན་ཤུགས་ཀྱིས་འགྲུབ་པའི་སྒོ་ནས་གཅེས་པར་འཛིན་དགོས། སེམས་ཅན་ལ་ཕན་བཏགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་བྱས་ཤིང་མཉེས་པར་བྱས་པར་འགྱུར་བའི་སྒོ་ནས་གཅེས་པར་འཛིན་དགོས་སོ། །ཡང་འཇིག་རྟེན་པ་རྣམས་གཞན་ལས་རང་གཅེས་པར་འཛིན་ཏེ། འོ་སྐོལ་རང་ལས་གཞན་གཅེས་པར་འཛིན་དགོས། དེ་ཅི་སྟེ་ཞེ་ན། ཚེ་ཐོག་མ་མེད་པ་ནས་རང་གིས་རང་སྡུག་ཏུ་བཅུག་པ་ལས། གཞན་སུས་ཀྱང་སྡུག་ཏུ་མ་བཅུག །ད་ལྟ་ཉོན་མོངས་ཀྱིས་སྡུག་ཏུ་བཅུག་ཟེར་ཏེ། ཉོན་མོངས་པ་དང་བདག་གཉིས་ལ་གཉིས་སུ་མ་མཆིས། དེས་ན་སྔོན་འཁོར་བ་ཐོག་མ་མེད་པ་ནས་སྡུག་ཏུ་འཇུག་མཁན་གྱི་དགྲ་བདག་རང་ཡིན་པས། དགྲ་ལ་གནོད་པ་ཅི་སྐྱོལ་བྱེད་དགོས་པ་ཡིན། དེ་བས་གཞན་གཅེས་པར་འཛིན་དགོས། དེ་ཅི་སྟེ་ཞེ་ན། སེམས་ཅན་གཞན་ལ་བརྟེན་ནས་ཚོགས་བསགས་པས། འཇིག་རྟེན་གྱི་བདེ་བ་ཐམས་ཅད་འབྱུང་བས་གཅེས་པར་འཛིན་དགོས། སེམས་ཅན་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་པས་མྱ་ངན་ལས་འདས་པའི་ཡོན་ཏན་ཐམས་ཅད་འབྱུང་བས་གཅེས་པར་འཛིན་དགོས་སོ། །ཡང་འཇིག་རྟེན་ན་གནོད་པ་བྱེད་པ་ལས་ཕན་འདོགས་པ་གཅེས་པར་འཛིན་ཏེ། འོ་སྐོལ་དེ་ལས་ལྡོག་དགོས། དེ་ཅི་སྟེ་ཞེ་ན། འཇིག་རྟེན་ན་ཕན་ཆེ་བ་ཕ་མ་ཡིན་ཏེ། ཕ་མས་བུ་ལ་ཡུལ་ཞིང་། མཁར་ཁང་། གསེར་གཡུ། རྟ་ཕྱུགས། ཆུང་མ་བྲན་གཡོག་ལ་སོགས་པ་འབོག་སྟེ། ཆོས་དང་བསྟུན་ན་དེ་ལས་གནོད་པ་ཆེ་བ་མེད། འདོད་པ་སྦྱིན་པ་དེ་ཚོ་ལ་བརྟེན་ནས་ལས་དང་ཉོན་མོངས་པ་ཆེར་སྐྱེད་ཅིང་བསགས་ནས་མཐར་དམྱལ་བར་གྲོགས་ཀྱིས་སྐྱུར་ནུས་ཏེ། ད་ལྟ་འཕྲལ་དུ་ཕན་འདོགས་པ་ལྟར་སྣང་ཡང་། ནམ་ཕུགས་སུ་སྡུག་བསྔལ་དང་སྦྱར་བས། ཚེ་འདིའི་ཕ་མ་དྲིན་ཅན་ལས་དགྲ་རུ་ཆེ་བ་མེད། དེ་བས་ན་གནོད་པ་བསྐྱལ་བ་ལ་གཅེས་པར་འཛིན་དགོས། དེ་ཅི་སྟེ་ཞེ་ན། དགྲས་གནོད་པ་བྱས་པ་ལ་བརྟེན་ནས། བཟོད་པ་བསྒོམས་པས་བསོད་ནམས་ཚད་མེད་པ་ཐོབ། དགྲའི་གནོད་པ་ལ་བརྟེན་ནས་བརྩོན་འགྲུས་བརྩམས་པས། ལམ་གོང་ནས་གོང་དུ་བགྲོད་ཅིང་དངོས་གྲུབ་ཐམས་ཅད་ཐོབ་པས་གནོད་པ་སྐྱེལ་བ་རྣམས་གཅེས་པར་འཛིན་དགོས་གསུངས། ཡང་འཇིག་རྟེན་པ་ནི་སྡུག་བསྔལ་ལས་བདེ་བ་གཅེས་པར་འཛིན་ཏེ། འོ་སྐོལ་དེ་ལས་ལྡོག་སྟེ། བདེ་བ་ལས་སྡུག་བསྔལ་གཅེས་པར་འཛིན་དགོས། དེ་ཅི་སྟེ་ཞེ་ན། ཉལ་བའི་བདེ་བ་དང་གཉིད་ཀྱི་བདེ་བ་དང་། འཁྲིག་པའི་བདེ་བ་དང་། ལེ་ལོའི་བདེ་བ་དང་། གོས་དང་ཁ་ཟས་ཀྱི་བདེ་བ་ལ་ཞེན་ཏེ། དེ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་ཡིན། དེ་བས་ན་སྡུག་བསྔལ་ལ་གཅེས་པར་འཛིན་དགོས། དེ་ཅི་སྟེ་ཞེ་ན། བླ་མ་དང་དགེ་འདུན་གྱི་བྱ་བ་བྱེད་པའི་སྡུག་བསྔལ་དང་། ཚུལ་ཁྲིམས་ཀྱི་དཀའ་ཐུབ་ཀྱི་སྡུག་བསྔལ་དང་། སྒོ་གསུམ་དགེ་སྦྱོར་གྱི་སྡུག་བསྔལ་གྱིས་ཚོགས་རྫོགས་སྒྲིབ་པ་དག་ནས། བདེ་བ་ཆེན་པོའི་གོ་འཕང་འཐོབ་པས་ན་གཅེས་པར་འཛིན་དགོས་གསུངས། ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་ལ་བརྟེན་ནས་འཁོར་བ་ལས་ཡིད་འབྱུང་ཞིང་། ངེས་འབྱུང་གི་སེམས་སྐྱེ་བས་སྡུག་བསྔལ་ལ་གཅེས་པར་འཛིན་དགོས་གསུངས། དེ་ལྟར་འཇིག་རྟེན་པ་དང་མི་མཐུན་པའི་ཆོས་བཞི་ཡོད་ན། མོ་མ་རྣོན་པོའི་མོ་བཟང་བ་བཞིན་ཅི་ཡང་བྱ་མི་དགོས། བཞི་པོ་དེ་མེད་ན་མོ་ངན་པ་བཞིན་ཅི་བྱས་ཀྱང་མི་ཕན་གསུངས།

༈ ཡང་དགེ་བཤེས་སྤྱན་སྔ་བའི་ཞལ་ནས། ད་ལྟ་གང་ཟག་དྲག་ཤོས་ཀུན་ཀྱང་རང་གི་ཆོས་ཚེ་འདི་དང་འདྲེས་པ་ཞིག་ལས་མེད་གསུངས། དང་པོ་ཁ་ཞན་གྱིས་དོགས་ནས་སྡེ་བ་རེ་ལ་ཟུར་འཇུས་བྱེད། འདྲེས་ཁྱེར་གྱིས་དོགས་ནས་ཁྲོ་བོའི་བསྙེན་པ་རེ་སྐྱེལ། ནམ་ཕུགས་ཚུན་ཆད་ལྟོགས་ཀྱིས་དོགས་ནས་ཀ་ཅའི་གསོག་རུམ་བྱེད། གཏམ་ངན་གྱིས་ཕོག་གིས་དོགས་ནས་ཚུལ་འཆོས་སྣ་ཚོགས་བྱེད། དེ་ཚོའི་གསེབ་ནས་སངས་རྒྱ་བ་ཞིག་འདོད་དེ་དེ་མི་འོང་། དཔེར་ན་ལུག་ཅིག་བཤས་པས་རྐྱལ་པ་ཆུ་ཐུབ་པ་གཅིག་དང་། སྤུ་བྲང་ལག་པས་མི་ཐེག་པ་གཉིས་འདོད་དེ་དེ་མི་འོང་གསུངས། འོ་ན་གང་གཙུགས་བྱ་ཞེ་ན། འོ་ཅག་ལ་སུས་གནོད་པ་སྐྱེལ་དུ་བྱུང་ཡང་དེའི་ལན་མ་བྱས་པར་བཟོད་པ་བསྒོམས་པས། དེ་ལ་ཁ་དྲག་པོ་སུས་ཀྱང་སྟེམ་དུ་མེད་པ་ཡིན། དེས་ན་ཁ་དྲག་གི་གཙོ་བོ་བཟོད་པ་བསྒོམ་པ་ཡིན་པས། སྡེ་བ་ལ་འཇུ་བའི་དོན་མེད་གསུངས། འོ་ཅག་ལ་འདྲེ་བགེགས་ཀྱིས་གླགས་ཚོལ་དུ་བྱུང་ཡང་། ང་བདག་རི་བོང་གི་རྭ་བཞིན་ཀུན་རྫོབ་དུ་ཡང་མེད་པར་ཤེས་ཏེ། ལུས་སྲོག་འདྲེ་ལ་བྱིན་པས་དེ་ལ་སྟོང་གསུམ་ལྷ་འདྲེས་ཀྱང་གནོད་པ་སྐྱེལ་དུ་མེད་པ་ཡིན། དེས་ན་ནུས་མཐུའི་གཙོ་བོ་བདག་མེད་རྟོགས་པ་ཡིན་པས་ཁྲོ་བོའི་བཟླས་པ་བྱ་བའི་དོན་མེད་གསུངས། འོ་ཅག་ལ་ལྟོ་རྒྱབ་ཀྱི་འཚོ་བས་ཕོངས་ཀྱང་བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་གི་ཐ་མ་འཆི་བ་ལ་གཏད་པས་དད་ལྡན་ཀུན་གྱིས་མཆོད་གནས་བྱེད་པ་ཡིན། དེས་ན་ལོངས་སྤྱོད་ཀྱི་གཙོ་བོ་ཆགས་མེད་ཡིན། ཀ་ཅའི་གསོག་རུམ་བྱ་བའི་དོན་མེད་གསུངས། འོ་ཅག་ལ་མིས་འཕྱར་ཀ་བཏང་ཡང་རང་སེམས་ལ་ཟོལ་ཟོག་མེད་པ་ཞིག་བྱས་པས། མཇུག་ཏུ་ཀུན་གྱི་ཡིད་དུ་འོང་བ་ཡིན། དེས་ན་གྲགས་སྙན་གྱི་གཞི་མ་བསམ་སྤྱོད་སྐྱོན་མེད་པ་ཅིག་ཡིན་པས། ཚུལ་འཆོས་བྱ་བའི་དོན་མེད་གསུངས། །

༈ ཡང་དགེ་བཤེས་སྤྱན་སྔ་བའི་ཞལ་ནས། སྤྱིར་གང་ཟག་གི་བདག་དང་། ཆོས་ཀྱི་བདག་གཉིས་ལ་བརྟེན་ནས་ཉོན་མོངས་དང་ཕྱིན་ཅི་ལོག་མཐའ་དག་རྒྱས། སྒོས་འོ་སྐོལ་ལ་གང་ཟག་གི་བདག་ཁོ་ནས་གནོད་པ་བསྐྱལ་བས། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱིས་བརླག་པར་བྱ་རྒྱུའམ་མེད་པར་བྱ་རྒྱུ་གང་ཟག་གི་བདག་ཡིན་ཏེ། འུ་ཅག་ཐོས་བསམ་སྒོམ་གསུམ་བྱས་ཀྱིན། ང་བདག་ཇེ་ཆེར་སོང་ནས་བཟོད་སྲན་ཤའུ་ལས་ཆུང་། ཀོ་ལོང་གཙང་བཙན་ལས་དམ་པར་འདུག་པ་འདི། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལོག་པར་སོང་བའི་རྟགས་ཡིན། ཕྱིའི་སྣང་བ་སྟོང་སྟོང་པོར་བྱས་ནས་ནང་གི་ང་བདག་ལ་སྐྱི་ཤུས་ཡང་མ་སོང་བ་འདི། དཔེར་ན་འབེན་དྲུང་དུ་བཞག་ནས་མདའ་རྒྱང་དུ་འཕེན། རྐུན་མ་ནགས་ལ་ཤོར་ནས་རྗེས་སྤང་ལ་གཅོད། འདྲེ་ཤར་སྒོར་བཞག་ནས་གཏོར་མ་ནུབ་སྒོར་སྐྱེལ་བ་ཡིན་གསུངས། །

༈ དགེ་བའི་བཤེས་གཉེན་ཕུ་ཆུང་བའི་ཞལ་ནས། འོ་སྐོལ་གྱིས་དལ་བ་འབྱོར་པ་མིའི་ལུས་ཐོབ་ཏུ་ཡེ་མ་ཐོབ་པ་ཞིག་ཐོབ། ཐོབ་ནས་ཀྱང་གཏན་དུ་གནས་པའི་མཐུ་མེད་དེ་འཆི་དགོས། འཆི་བའི་ཚེ་ན་ཚེ་འདིའི་རྣམ་པར་རྟོག་པ་དང་ཕུན་སུམ་ཚོགས་པ་ཐམས་ཅད་ལ་པུ་ས་ལའི་འདབ་མ་ཙམ་ཡང་དབང་བྱར་མེད་ཅིང་མི་འགྲོགས། དེས་ན་ཤེས་པ་ཆེ་ཆུང་། སྒོ་དྲག་ཞན། འདུན་མ་མཁས་མི་མཁས། ཐམས་ཅད་དུས་དེར་གསལ་བ་ཡིན། རང་འཆི་བའི་ཚེ་དགའ་ཡ་ལེ། བྲོད་སུ་རེ་བ་ཞིག་བྱུང་ན་ཤེས་ཆེ། སྒོ་དྲག །འདུན་མ་མཁས། རང་མགོ་ཐོན་པ་ཞེས་བྱ། དེའི་དུས་ན་གཤིན་རྗེའི་གཟུགས་དང་། ངན་སོང་གི་རྣམ་པ་ཝལ་ཝལ་བྱུང་ན་འདུན་མ་མ་མཁས་རང་མགོ་མ་ཐོན་པ་ཡིན། འོ་ཅག་ཕལ་ཆེར་ནི་ཚེ་འདིའི་གྲོས་འདུན་བྱེད་བྱེད་ནས་ལམ་ལོག་པར་སོང་བ་ཁོ་ན་མང་། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ལོག་པར་གསུང་མི་སྲིད། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་བསྟན་བཅོས་རྩོམ་པ་པོ་རྣམས་ཀྱང་ལོག་པར་གསུང་མི་སྲིད། དགེ་བའི་བཤེས་གཉེན་དམ་པ་རྣམས་ལོག་པར་གསུང་མི་སྲིད། འོ་ན་ལམ་ལོག་ཏུ་གང་གིས་བཅུག་ན་ཚེ་འདིའི་འདོད་པས་ལམ་ལོག་ཏུ་བཅུག་པས། དེ་བས་ན་རྟག་ཏུ་འཆི་བ་བསམས་ལ། འཆི་བ་རྗེས་སུ་དྲན་པས་ཚེ་འདི་ལ་མ་ཆགས་པ་ཞིག་དགོས། འཁོར་བ་མཐའ་དག་གི་ཉེས་དམིགས་བསྒོམས་ལ་སྐྱོ་བ་རྗེས་སུ་དྲན་པས་འཁོར་བ་མཐའ་དག་ལ་མ་ཆགས་པ་ཞིག་དགོས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ལ། སེམས་ཅན་རྗེས་སུ་དྲན་པས་རང་དོན་ལ་མ་ཆགས་པ་ཞིག་དགོས། ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་བསྒོམས་ལ། བདག་མེད་རྗེས་སུ་དྲན་པས་དངོས་པོ་དང་མཚན་མ་ལ་མ་ཆགས་པ་ཞིག་དགོས་གསུངས། །

༈ ཡང་དགེ་བཤེས་ཕུ་ཆུང་བའི་ཞལ་ནས། ཆོས་ནན་ཏན་ཉམས་སུ་ལེན་ན། བྱང་བུ་སྣ་འོལ་བ་ལྟ་བུ་ཞིག་དགོས། དཔེར་ན་བྱང་བུ་མིག་འོལ་བ་དེ་ཁྲབ་ལ་སྡེབ་ཏུ་མི་བཏུབ་པ་ལྟར། ཚེ་འདི་པའི་མི་དང་སྡེབ་དུ་མི་བཏུབ་པ་ཞིག་དགོས། མཐུན་འཇུག་དང་མི་དགའ་ཆེས་ན་བདུད་ཀྱིས་འཁྱེར། མི་མ་མགུ་བ་འདོད་ཐོག་ཡིན། ཁོ་མ་མགུ་བས་ཁོ་རང་མི་འོང་། ཁོས་འཕྱར་ཁ་བཏང་བས་གཞན་མི་འོང་། དེ་ཙ་ན་རྒྱགས་ཕྱེ་ཞོ་རེ་ལས་མེད་ཀྱང་དེའི་བར་དུ་བློ་སེམས་བདེ་འབོལ་ལེ་དགེ་སྦྱོར་བྱར་ཡོད། དགེ་སྦྱོར་འཕེལ་ཙ་ན་ཡོན་ཏན་ངང་གིས་སྐྱེ། དེ་ཙ་ན་གཞན་དོན་ཡང་ལྷུན་གྲུབ་ཏུ་འབྱུང་བ་ཡིན་གསུངས།

༈ ཡང་དགེ་བཤེས་ཕུ་ཆུང་བའི་ཞལ་ནས། འདོད་པ་བསྟེན་པའི་བདེ་བ་ལས་འདོད་པ་སྤངས་པའི་བདེ་བ་བདེ་ཚབས་ཆེ། ཚིག་མང་པོ་ཤེས་པ་ལས་དོན་གཅིག་རྒྱུད་ལ་སྐྱེས་ན་དེ་ཤེས་ཚབས་ཆེ། ཟང་ཟིང་མང་པོས་ཕན་བཏགས་པ་ལས་ཆོས་ཀྱིས་ཕན་བཏགས་ན་བཏགས་ཚབས་ཆེ། ཚེ་འདིའི་སྡུག་བསྔལ་གྱིས་འཇིགས་པ་ལས་ཕྱི་མའི་སྡུག་བསྔལ་གྱིས་འཇིགས་པ་འཇིགས་ཚབས་ཆེ། སྒྲོ་འདོགས་ཕྱིའི་ཐ་སྙད་ལ་གཅོད་པ་ལས་སྒྲོ་འདོགས་ནང་གི་སེམས་ལ་བཅད་པ་ཆོད་ཚབས་ཆེ་གསུངས།

༈ དགེ་བཤེས་སྨྱུག་རུམ་པའི་ཞལ་ནས། མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་བྱང་ཆུབ་ཐོབ་པར་འདོད་པས་འཁོར་བ་ལ་བཙོན་རའི་འདུ་ཤེས་བསྐྱེད་པར་བྱའོ། །ལུས་སྲོག་ལ་ཆུ་བུར་གྱི་འདུ་ཤེས་བསྐྱེད་པར་བྱའོ། །སྡིག་པའི་གྲོགས་པོ་ལ་དགྲ་མི་ཤ་བོའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་འདུ་ཤེས་བསྐྱེད་པར་བྱའོ། །ཉོན་མོངས་པ་ལ་སྦྲུལ་དུག་ཅན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །སྡིག་པའི་ལས་ལ་བཙན་དུག་གི་འདུ་ཤེས་བསྐྱེད་པར་བྱའོ། །འདོད་པའི་ཡོན་ཏན་ལ་མེ་མ་མུར་གྱི་འདུ་ཤེས་བསྐྱེད་པར་བྱའོ། །སྙན་པ་དང་གྲགས་པ་ལ་བྲག་ཆའི་འདུ་ཤེས་བསྐྱེད་པར་བྱའོ། །རྙེད་པ་དང་བཀུར་སྟི་ལ་རྒྱའམ་དོལ་གྱི་འདུ་ཤེས་བསྐྱེད་པར་བྱའོ། །གྲོགས་ངན་པ་ལ་འགོ་བག་ཅན་གྱི་རིམས་ནད་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། །གྲོགས་བཟང་པོ་ལ་མཁར་རྫོང་བཙན་པོའི་འདུ་ཤེས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕ་དང་མའི་འདུ་ཤེས་བསྐྱེད་པར་བྱའོ། །སྦྱིན་པ་ལ་འདོད་འཇོའི་བ་མོའི་འདུ་ཤེས་བསྐྱེད་པར་བྱའོ། །ཚུལ་ཁྲིམས་ལ་རིན་པོ་ཆེའི་རྒྱན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །བཟོད་པ་ལ་གོ་ཆ་བཟང་པོའི་འདུ་ཤེས་བསྐྱེད་པར་བྱའོ། །བརྩོན་འགྲུས་ལ་ཅང་ཤེས་ཀྱི་རྟའི་འདུ་ཤེས་བསྐྱེད་པར་བྱའོ། །བསམ་གཏན་ལ་གཏེར་ཆེན་པོའི་འདུ་ཤེས་བསྐྱེད་པར་བྱའོ། །ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་སྒྲོན་མེའི་འདུ་ཤེས་བསྐྱེད་པར་བྱའོ་གསུངས།

༈ དགེ་བཤེས་ཁམས་པ་ལུང་པའི་ཞལ་ནས། དལ་འབྱོར་རྙེད་པ་ཤིན་ཏུ་དཀའ་བས། ཚུལ་ཁྲིམས་མིག་གི་འབྲས་བུ་བཞིན་དུ་སྲུངས། སྒྱུ་མའི་ཕུང་པོ་ནམ་འཇིག་ཆ་མེད་པས་ལུས་ངག་ཆོས་སྤྱོད་ལ་འབོད། འདུས་བྱས་ཀྱི་དགེ་བ་ཐམས་ཅད་ལུང་མ་བསྟན་ཡིན་པས་སེམས་ཅན་གྱི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་ཐོབ། གང་ཡང་མི་རྟག་སྒྱུ་མ་ཡིན་པས་ཅི་ལ་ཡང་བདེན་པར་མ་འཛིན་པར་ཞེན་པ་ཐོངས་གསུངས།

༈ དགེ་བཤེས་འབེན་འཇག་པས་ཐུགས་ལ་གྲོས་འདེབས་མཛད་པ། དེ་རིང་ཙམ་གྱི་ཚེ་ལའང་དབང་བྱར་མེད་པས་གཏན་དུ་སྡོད་ཙིས་མ་བྱེད་བཙུན་པ། ཕུང་པོ་སྒྱུ་མའི་རང་བཞིན་འདི་ལ་བདག་ཏུ་མ་ཞེན་བཙུན་པ། གཉིས་སུ་མེད་པའི་རང་བཞིན་འདི་ལ་གཉིས་སུ་མ་འཛིན་བཙུན་པ། དེ་མ་རྟོགས་ཀྱི་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེ་སྐྱེད་དང་བཙུན་པ། སྐྱེ་བ་གཏན་གྱི་སོ་ནམ་ཚེ་ཐུང་འདི་ལ་བྱེད་དགོས་ཀྱི་བརྩོན་འགྲུས་སྙིང་སྟོབས་སྐྱེད་དང་བཙུན་པ། ཞེས་གསུངས་སོ།

༈ དགེ་བཤེས་ཁ་རག་སྒོམ་ཆུང་སྤྱན་སྔར་བྱོན་ཙ་ན། རྒྱལ་གྱི་སྟོན་པ་ཡེ་ཤེས་གཟུངས་ཀྱིས། དགེ་བའི་བཤེས་གཉེན་ལ་ཆོས་སྤྱོད་བྱ་ཐབས་ཤིག་ཞུ་བྱས་པས། དགེ་བའི་བཤེས་གཉེན་ཁ་རག་པའི་ཞལ་ནས། ཆོས་སྤྱོད་ཀྱི་བྱ་ཐབས་རིམ་པ་གསུམ་ཡོད་དེ། ཆོས་སྤྱོད་ཐ་མ་ནི། སེམས་ཅན་ལ་གནོད་པ་མི་སྐྱེལ་བ་ཞིག་ཡིན། ཆོས་སྤྱོད་འབྲིང་བོ་ནི། སེམས་ཅན་ལ་ཕན་འདོགས་པ་ཞིག་ཡིན། ཆོས་སྤྱོད་རབ་ནི། བདག་དང་སེམས་ཅན་མི་དམིགས་པས་སྐྱེ་བ་མེད་པའི་དོན་བསྒོམ་པ་ཡིན་གསུངས། །

༈ ཡང་དགེ་བཤེས་ཁ་རག་པའི་ཞལ་ནས། དད་པ་མེད་པའི་མི་ལ་ཡོན་ཏན་གྱི་རྣམ་པ་གང་ཡང་མི་འབྱུང་བས་དགེ་བའི་བཤེས་གཉེན་བསྟེན་ཅིང་མདོ་སྡེ་བལྟ། བརྩོན་འགྲུས་མེད་པའི་མི་ལ་ཡོན་ཏན་གྱི་རྣམ་པ་གང་ཡང་མི་འབྱུང་བས་འཆི་བ་མི་རྟག་པ་བསྒོམ་ཞིང་ལེ་ལོ་སྤོངས། ང་རྒྱལ་ཅན་གྱི་གང་ཟག་ལ་ཡོན་ཏན་གྱི་རྣམ་པ་གང་ཡང་མི་འབྱུང་བས་རང་མགོ་སྨད་ལ་དམན་ཆ་ཟུང་། ཆོས་དེ་གསུམ་དང་ལྡན་ན་ཉན་ཐོས་ཀྱི་རྟེན་དུའང་རུང་། བྱང་ཆུབ་སེམས་དཔའི་རྟེན་དུའང་རུང་། གསང་སྔགས་ཀྱི་རྟེན་དུའང་རུང་། མདོར་ན་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་རུང་བ་ཡིན་གསུངས། །

༈ ཡང་དགེ་བཤེས་ཁ་རག་པའི་ཞལ་ནས། འཁོར་བ་ལས་འཕག་ཏུ་མི་སྟེར་བ་འདོད་ཆགས་ཡིན་པས་འདོད་ཆགས་ལ་སྐྱོན་དུ་མི་ལྟ་ན་གོལ། དགེ་བའི་རྩ་བ་རྩད་ནས་འཇོམས་པར་བྱེད་པ་ཞེ་སྡང་ཡིན་པས་ཞེ་སྡང་ལ་སྐྱོན་དུ་མི་ལྟ་ན་གོལ། ཡོན་ཏན་ཁྱད་པར་ཅན་གོང་ནས་གོང་དུ་སྐྱེར་མི་སྟེར་ཞིང་དགེ་བའི་རྩ་བ་ཉམས་སྨོད་པར་བྱེད་པ་ང་རྒྱལ་ཡིན་པས་ང་རྒྱལ་ལ་སྐྱོན་དུ་མི་ལྟ་ན་གོལ། ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པ་སྦྱིན་པ་ཡིན་པས་སྦྱིན་པ་ཁྱད་དུ་གསོད་ན་གོལ། བདེ་འགྲོའི་རྟེན་ཁྱད་པར་ཅན་ཐོབ་པར་བྱེད་པ་ཚུལ་ཁྲིམས་ཡིན་པས་ཚུལ་ཁྲིམས་ཁྱད་དུ་གསོད་ན་གོལ། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས་སྙིང་རྗེ་ཁྱད་དུ་གསོད་ན་གོལ། ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པའི་ཐབས་ཁྱད་པར་ཅན་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པས་བྱང་ཆུབ་སེམས་དཔའི་བསླབ་པ་ཁྱད་དུ་གསོད་ན་གོལ། མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱེད་པ་གསང་སྔགས་ལ་རག་ལས་པས་གསང་སྔགས་ཀྱི་དམ་ཚིག་ཁྱད་དུ་གསོད་ན་གོལ་གསུངས། །

༈ ཡང་དགེ་བཤེས་ཁ་རག་པའི་ཞལ་ནས། ལྟ་བའི་མཐར་ཐུག་ཁས་ལེན་ཐམས་ཅད་དང་བྲལ་བ་ཡིན། སྒོམ་པའི་མཐར་ཐུག་ཡིད་ལ་བྱ་རྒྱུ་ཐམས་ཅད་དང་བྲལ་བ་ཡིན། སྤྱོད་པའི་མཐར་ཐུག་བླང་དོར་ཐམས་ཅད་དང་བྲལ་བ་ཡིན། ཉམས་ལེན་གྱི་མཐར་ཐུག་ཉམས་མྱོང་ཐམས་ཅད་དང་བྲལ་བ་ཡིན་གསུངས། །

༈ དགེ་བཤེས་བྲག་རྒྱབ་པའི་ཞལ་ནས། འོ་སྐོལ་སྙིང་ནས་ཆོས་བཞིན་བྱེད་པར་འདོད་ན། དུས་རྒྱུན་དུ་འཆི་བ་མི་རྟག་པ་བསྒོམས་ལ། ཚེ་འདིའི་འདུན་མ་རྒྱབ་ཏུ་བོར་དགོས། འོ་སྐོལ་ལ་ཚེ་འདིར་བདེ་སྐྱིད་སྙན་གསུམ་བྱུང་ཡང་། རང་གི་བློ་ཆོས་སུ་མ་སོང་ན་དེ་ཐམས་ཅད་བསླུ་བྲིད་ཡིན་ཏེ། དེ་རྣམས་དང་འོ་སྐོལ་གཉིས་འབྲེལ་པ་མེད་པར་མྱུར་དུ་འབོར་དགོས། ནམ་ཡང་འབོར་བར་ཆབས་གཅིག་པ་ལ། ད་ལྟ་བློས་བཏང་ན་དོན་ཅན་དུ་འགྲོ་བ་ཡིན། ཚེ་འདི་བློས་མ་ཐོངས་ན་མཁས་བཙུན་སྟོན་སྒོམ་དུ་གྲགས་ཀྱང་ཚེ་འདིའི་ཆེ་ཐབས་འབའ་ཞིག་བྱེད་བྱེད་ནས་ཏབ་ཏེབ་ཀྱི་ལུང་བ་འགེངས་དགོས། དེ་ཙ་ན་སྟབས་དང་ཤུགས་ཀྱིས་སྡིག་པ་མི་དགེ་བ་ལ་འབགས་ནས་ཆོས་དང་ཇེ་མི་མཐུན་འགྲོ་སྟེ། གཞུག་དེ་གའི་འཕྲོ་ལ་རང་མི་འཆི་བསམ་པ་ཞིག་ལ་ཚེ་འདིའི་ལས་མཇུག་ན་རེ་ཞིག་ཆགས་དང་བཅས་བཞིན་དུ་འཆི་སྟེ། དེ་འགྲོ་ས་ངན་སོང་ལས་འོས་མེད། འཆི་བ་མི་རྟག་པ་རྒྱུད་ལ་སྐྱེས་ཤིང་ཚེ་འདི་བློས་ཐོངས་ན། སྔར་མཁས་བཙུན་དུ་མ་གྲགས་ཀྱང་མིས་མ་ཚོར་བར་དོན་ཐམས་ཅད་འགྲུབ་ནས་འོང་བ་ཡིན། དེ་ལྟ་བུ་དེ་ནམ་འཆི་ཡང་། སྔ་གོང་ནས་འཆི་ཆས་འབའ་ཞིག་བྱས་པའི་སྟོབས་ཀྱིས་ཅི་ལ་ཡང་ཆགས་ཐོགས་མེད་པར་དགའ་བཞིན་སྤྲོ་བཞིན་དུ་འཆི་བ་ཞིག་འོང་བ་ཡིན་གསུངས། དེས་ན་འོ་སྐོལ་འཆི་བ་མི་རྟག་པ་འདི་ཞེ་ལ་བཞག་ནས། རང་གིས་སྔར་བྱས་ཚད། ད་ལྟ་མི་བྱེད། ཕྱིས་བྱ་བར་སེམས་པ་ཀུན་ཚེ་འདི་དང་འདྲེས་མ་འདྲེས་བལྟས་ལ་གལ་ཏེ་ཚེ་འདི་དང་འདྲེས་མར་འདུག་ན་ཉོན་མོངས་པ་དང་འདྲེས་པ་ཡིན་པས། ཉོན་མོངས་པ་དང་སྡིག་པ་ཆོས་ལྟར་བཅོས་པ་ཐམས་ཅད་སྤོང་དགོས། དེ་དག་སྤོང་བར་བྱེད་པ་ལ། དུས་རྟག་ཏུ་དྲན་པའི་བྱ་ར། ཤེས་བཞིན་གྱི་ལྟ་རྟོག །བག་ཡོད་ཀྱི་ཟོན་ཡང་དང་ཡང་དུ་བྱེད་དགོས། ཚེ་འདིའི་ཀུན་ནས་བསླངས་ནས་འབད་རྩོལ་ཇི་སྙེད་བྱས་ཀྱང་འཆི་བའི་ནངས་པར་སྒྲེན་མོ་ལག་པ་སྟོང་པར་འགྲོ་དགོས་པ་ཡིན། དེས་ན་འཆི་བ་སྔས་སུ་བཅུག་ལ་ཚེ་འདིའི་རྣམ་པར་རྟོག་པ་དང་མ་འདྲེས་པའི་ཆོས་ཤིག་བྱེད་དགོས། དེ་ཡང་ལག་ལེན་དུ་བྱས་ན། སང་ཕོད་དང་སྐྱེ་བ་ཕྱི་མ་གཉིས་སྔོན་ལ་གང་འོང་ངེས་པ་མེད་པས། ད་ནས་སང་ཕོད་དེང་སང་ཚུན་ཆད་དུ་ལོངས་སྤྱོད་ཅི་ཡོད་པ་ཚོགས་སུ་བཏང་བ་དང་། སེམས་ལ་འགྱོད་པ་ཅི་ཡོད་བཤགས་སྡོམ་བྱ་བ་དང་། དམིགས་པ་གང་ཡོད་ལ་བློ་སྦྱང་བ་དང་། ཆོས་སྤྱོད་གང་ཤེས་ལ་ཅི་ནུས་འབད་པ་དང་། སེམས་ཅན་གྱི་དོན་དུ་ཅི་འགྱུར་གྱི་སྨོན་ལམ་གདབ་པ་ལ་སོགས་པ་བྱ་ཐབས་དེ་ལས་མེད་པ་ཞིག་དགོས། ཟླ་བ་ཕྱི་མ་དང་ཚེ་ཕྱི་མ་གཉིས་སྔོན་ལ་གང་འོང་ངེས་པ་མེད་པས། ད་ནས་ཟླ་བ་ཕྱི་མ་ཚུན་ཆད་དུ་བྱ་ཐབས་དེ་ལས་མེད་པ་ཞིག་བྱ་དགོས། དེར་མ་ཟད་དེང་སང་ནངས་པར་དང་སྐྱེ་བ་ཕྱི་མ་གཉིས་ཀྱང་སྔོན་ལ་གང་འོང་ངེས་པ་མེད་པས། ད་ནས་སང་ནངས་པར་ཚུན་ཆད་དུ་བྱ་ཐབས་དེ་ལས་མེད་པ་ཞིག་བྱ་དགོས། ཐ་ན་དོ་ནུབ་ཀྱི་ཚེ་ལ་ཡང་དབང་བྱར་མེད་པས་དེ་རིང་གི་ཉི་མ་ལ་ལོངས་སྤྱོད་ཚོགས་སུ་བཏང་བ་དང་། སེམས་ཀྱིས་འགྱོད་བཤགས་བྱ་བ་དང་། སྨོན་ལམ་རྒྱ་ཆེན་པོ་གདབ་པ་དང་། ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་བྱ་ཐབས་དེ་ལས་མེད་པ་ཞིག་བྱེད་དགོས། སྐྱེས་པའི་ནངས་པར་ནས་སྔོན་ལ་སྡོད་པ་འཆི་བ་ལས་མེད། འཆི་བ་དེ་ཡང་ནམ་འོང་ཆ་མེད་པས་དོ་ནུབ་འཆི་བ་ལྟ་བུའི་སྤྱོད་པ་ཞིག་རྒྱུན་ཏུ་བྱེད་དགོས་གསུངས། །

༈ དགེ་བཤེས་སྣེ་ཟུར་བའི་ཞལ་ནས། དགྲ་ཟིན་གྱི་རྣམ་པར་རྟོག་པས་སངས་མི་རྒྱ་བས་སེམས་ཅན་ཐམས་ཅད་ཕ་མར་མཉམ་པར་ཤེས་དགོས། ཐ་མལ་གྱི་རྣམ་པར་རྟོག་པས་སངས་མི་རྒྱ་བས་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་མཉམ་པར་ཤེས་དགོས། མཚན་མའི་རྣམ་པར་རྟོག་པས་སངས་མི་རྒྱ་བས་སེམས་ཅན་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་དུ་མཉམ་པར་ཤེས་དགོས་གསུངས། །

༈ དགེ་བཤེས་གླང་རི་ཐང་པའི་ཞལ་ནས། གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་པས་སུ་ལ་ཡང་སྐུར་པ་མི་གདབ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྲས་བུ་དང་བཅས་པ་ཡིན་པས། ཆོས་ལ་བཟང་ངན་དུ་མི་སྤྱད། ཐེག་པ་ཆེན་པོ་ལ་བྱ་རྒྱུ་སེམས་ཅན་གྱི་དོན་ལས་མེད་པས་གཞན་དོན་གྱི་གོ་ཆ་མ་ཆུང་། རང་བཙན་ས་མ་ཟིན་པར་གཞན་དྲང་བར་མི་ནུས་པས་དབེན་པར་སྒོམ་སྒྲུབ་ལ་ནན་ཏན་བྱ་གསུངས།

༈ དགེ་བཤེས་ཤ་ར་པའི་ཞལ་ནས། བུད་མེད་ཉོན་མོངས་པའི་རྩ་བ་ཡིན་པས་ས་ཕྱོགས་སུ་མི་བསྟེན། ཆང་ཉོན་མོངས་པའི་རྩ་བ་ཡིན་པས་འཆི་ཡང་མི་འཐུང་། འགྲོ་འདུག་ཉོན་མོངས་པའི་རྩ་བ་ཡིན་པས་རྒྱུ་འགྲུལ་མ་མང་། ཡོ་བྱད་ཀྱི་གསོག་སྲུང་ཉོན་མོངས་པའི་རྩ་བ་ཡིན་པས་འཛིན་ཆགས་སྤང་གསུངས། །

༈ དགེ་བཤེས་བྱ་ཡུལ་བའི་ཞལ་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་གཞི་རྟེན་ཡིན་པས་ཚུལ་ཁྲིམས་རྣམ་དག་སྲུང་། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་སྲོག་ཤིང་ཡིན་པས་བྱང་ཆུབ་ཀྱི་སེམས་སྦྱོངས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་སྐས་ཡིན་པས་རྟག་ཏུ་ཚོགས་གཉིས་བསག་པ་ལ་འབོད། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་མཁན་ཡིན་པས་རྟག་ཏུ་དགེ་བའི་བཤེས་གཉེན་སྟེན་གསུངས། །

༈ ཡང་དགེ་བཤེས་བྱ་ཡུལ་བའི་ཞལ་ནས། གཟུང་འཛིན་གཉིས་ཙན་དན་དང་དེའི་དྲི་ལྟ་བུ་ཡིན། འཁོར་འདས་གཉིས་ཆུ་དང་འཁྱགས་པ་ལྟ་བུ་ཡིན། སྣང་སྟོང་གཉིས་ནམ་མཁའ་དང་སྤྲིན་ལྟ་བུ་ཡིན། རྣམ་རྟོག་དང་ཆོས་ཉིད་གཉིས་རྒྱ་མཚོ་དང་རླབས་ལྟ་བུ་ཡིན་གསུངས། །

༈ དགེ་བཤེས་སྟོད་ལུང་པའི་ཞལ་ནས། སྙིང་ནས་ཐར་བ་དོན་དུ་གཉེར་ན། མཁས་པ་ལས་ཀྱང་བཙུན་པའི་རྗེས་སུ་འབྲང་དགོས། འཆད་པ་པོ་ལས་ཀྱང་སྒྲུབ་པ་པོའི་རྗེས་སུ་འབྲང་དགོས། མི་ཆེན་པོ་ལས་ཀྱང་དམན་ཆ་འཛིན་པའི་རྗེས་སུ་འབྲང་དགོས། གྲོགས་ཤེས་རབ་ཅན་ལས་ཀྱང་དད་པ་ཅན་གྱི་རྗེས་སུ་འབྲང་དགོས། ཆོས་མ་ཤེས་ནས་རྡུགས་པ་མེད། ཆོས་བཞིན་མི་བྱེད་པའི་མི་དང་འགྲོགས་པས་ལན་པ་ཡིན་གསུངས། །

༈ ཡང་དགེ་བཤེས་སྟོད་ལུང་པའི་ཞལ་ནས། བཏགས་པའི་སྣང་བ་ལ་བདེན་པར་མ་འཛིན། འདུས་བྱས་ཀྱི་ཆོས་ལ་བློ་ལྟོས་མ་འཆའ། སྒྱུ་མ་ཞིག་པ་ལ་མྱ་ངན་མ་བྱེད། འདོད་པ་དང་ཉོན་མོངས་པ་ལ་གཉེན་པོ་མ་ཆུང་། འཇིག་རྟེན་ཆོས་བརྒྱད་དང་དུ་མ་ལེན། སྡིག་པའི་གྲོགས་པོ་ལ་ཕྱི་ཐག་མ་རིང་། ཉེ་དུ་འབྲེལ་པ་ལ་བརྩེ་དུང་མ་ཆེ། བླ་མ་དང་དཀོན་མཆོག་ལ་དད་གུས་མ་ཆུང་། ལུས་དང་ལོངས་སྤྱོད་ལ་ཆགས་པ་མ་ཆེ། ཐོས་བསམ་སྒོམ་གསུམ་ལ་བརྣག་པ་མ་ཆུང་། རྙེད་བཀུར་འདུ་འཛི་ལ་ཟུར་བསྟོད་མ་བྱེད། ཉམས་ལེན་དཀའ་ཐུབ་ལ་སྡུག་སྲན་མ་ཆུང་། གཞན་ཕན་ཞེན་མེད་ཀྱི་སྙིང་རྗེ་མ་ཆུང་གསུངས།

༈ དགེ་བཤེས་རྣམ་འབར་བའི་ཞལ་ནས། ཁམས་གསུམ་འཁོར་བ་ལས་ཡིད་མ་ཕྱུང་ན་ཐར་པ་ལ་བློ་མི་འཇུག་པས་འཁོར་བ་མཐའ་དག་གི་ཉེས་དམིགས་བསྒོམ། ཆགས་ཞེན་བཙན་ཐབས་སུ་མ་བཅད་ན་འདོད་ཡོན་གྱི་འཁྲི་བ་མི་ཆོད་པས་བདོག་པའི་དངོས་པོ་མཆིལ་མའི་ཐལ་བ་བཞིན་དུ་སྤང་། རང་ལ་ཉེར་ལེན་མེད་ན་དགེ་བའི་བཤེས་གཉེན་གྱི་བྱིན་རླབས་མི་འཇུག་པས་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེད། དུས་རྒྱུན་དུ་མི་རྟག་པ་མ་བསྒོམ་ན་ཚེ་འདི་པར་ཆ་བས། ལོང་མེད་རྒྱུད་ལ་བསྟེན། ནང་གི་བློ་མ་འབྱོངས་ན་ལྷག་པའི་བསམ་པས་རྟག་མི་ཐུབ་པས་དབེན་པར་བྱང་ཆུབ་ཀྱི་སེམས་སྦྱོངས་གསུངས། །

༈ དགེ་བཤེས་འཆིམ་ཕུ་པ་ལ་སྔགས་པ་ཞིག་གིས་གདམས་ངག་ཅིག་ཞུས་པས། སྣང་བ་འདི་སྒྱུ་མ་ཡིན་གྱི་བདེན་པར་མ་འཛིན། ཕུང་པོ་ཤ་ཁྲག་ཡིན་གྱི་བདག་འཛིན་མ་ཆེ། ཡོ་བྱད་སྔོན་བསགས་ཡིན་གྱི་འབད་རྩོལ་མ་ཆེ། ཅི་བྱས་སྡུག་བསྔལ་ཡིན་གྱི་བྱ་བྱེད་མ་མང་། འཁོར་བ་སྡུག་བསྔལ་ཡིན་གྱི་དང་དུ་མ་ལེན། གདམས་ངག་ཕྱིས་ཉི་མ་རིང་ཙ་ན་བྱ་ཡིས་གསུངས། །

༈ དགེ་བཤེས་ཤ་བོ་སྒང་པའི་ཞལ་ནས། འོ་སྐོལ་དུས་ད་རེས་དལ་འབྱོར་མི་ལུས་ཐོབ། དགེ་བའི་བཤེས་གཉེན་དང་མཇལ། ཐེག་པ་ཆེན་པོའི་ཆོས་དང་འཕྲད་པའི་དུས་འདིར་སྐྱེ་བ་ཕྱི་མའི་མལ་ཅི་འཆོས་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་རྐང་ཅི་ཚུགས་བྱ་དགོས། དང་པོ་སྐྱེ་བ་ཕྱི་མའི་མལ་ཅི་ཆོས་བྱེད་པ་ལ། སྡིག་བཅུ་རྩད་ནས་སྤངས་ལ་དགེ་བཅུ་དང་དུ་བླང་དགོས་ཏེ། དེ་ལ་ཚེ་འདི་ཁྱད་དུ་གསོད་དགོས། ཐར་པ་ཐོབ་པར་བྱེད་པ་ལ། འཁོར་བ་མཐའ་དག་ལ་བློ་ལྡོག་དགོས། ཐམས་ཅད་མཁྱེན་པའི་རྐང་འཛུགས་པར་བྱེད་པ་ལ། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྦྱང་དགོས། དེ་ལྟ་བུའི་བློ་རྣམ་པ་གསུམ་པོ་དེ་སྐྱེ་བ་ལ་བསོད་ནམས་བསག་དགོས། བསོད་ནམས་མ་བསགས་ན་ཆོས་རང་མི་གོ བག་རེ་གོ་ཡང་རྒྱུད་ལ་མི་སྐྱེ། བྲག་བྲིག་སྐྱེས་ཀྱང་ཡལ་ནས་ཕན་མི་ཐོགས། དེས་ན་སྔར་འཁོར་བར་འཁྱམས་པ་ཡང་བསོད་ནམས་མ་བསགས་ཤིང་། བསོད་ནམས་མ་ཡིན་པ་བསགས་པས་ལན། ཚེ་འདིར་ཡང་རང་འདོད་པ་བཞིན་མི་འོང་བ་ཐམས་ཅད་བསོད་ནམས་མ་བསགས་ཤིང་། སྡིག་པ་མི་དགེ་བའི་ལས་རྩད་ནས་མ་སྤངས་པས་ལན། དེས་ན་ཆོས་ཐམས་ཅད་ཀྱི་རྩ་བ་བསོད་ནམས་བསག་པ་དང་། སྡིག་པ་སྦྱང་བ་གཉིས་སུ་འདུས་གསུངས། །

༈ ཡང་ཤ་བོ་བའི་ཞལ་ནས། འོ་སྐོལ་གྱི་ཚེ་འདི་ཕྱིའི་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་ཚེ་འདིའི་འདོད་པ་ཡིན་པས། ཚེ་འདིའི་འདོད་པའི་བསྒྲུབ་བྱ་སྐྱུར་དགོས། ཚེ་འདི་འདོད་པའི་བསྒྲུབ་བྱ་ཆེས་ཙ་ན་ཐུགས་མི་བདེ། གང་རྒྱུག་ཆ་མེད། དེ་ཙ་ན་སྡིག་སྡུག་གཏམ་ངན་གསུམ་དུས་གཅིག་ལ་ཐོག་ཏུ་འོང་། དེས་ན་འདོད་པའི་བློ་སྣ་མང་པོ་འདི་ལྡོག་དགོས། འདོད་པའི་བློ་སྣ་ལྡོག་ཏུ་བཏུབ་ཙ་ན་སྐྱིད་མགོ་དང་བདེ་མགོ་ཚུགས་པ་ཡིན། དེས་ན་འོ་ཅག་ཚེ་འདི་ཕྱི་ཐམས་ཅད་དུ་བདེ་བ་བསྒྲུབ་པ་ལ། ཡས་རྟགས་སུ་སྙིང་ལ་ཅི་ཡང་མི་འདོད་ལ། ཅི་ཡང་མི་སོག་པ་ཅིག་དགོས། རྙེད་པ་མི་འདོད་ཙ་ན་རྙེད་པའི་མཆོག་ཡིན། སྙན་པ་མི་འདོད་ཙ་ན་སྙན་པའི་མཆོག་ཡིན། གྲགས་པ་མི་འདོད་ཙ་ན་གྲགས་པའི་མཆོག་ཡིན། འཁོར་མི་འདོད་ཙ་ན་འཁོར་གྱི་མཆོག་ཡིན། སྙིང་ནས་ཆོས་བྱེད་ན་བློ་རྩེ་སྤྲང་པོ་ལ་གཏད་དགོས། སྤྲང་པོའི་ཐ་མ་འཆིར་འཇུག་ནུས་པ་ཞིག་དགོས་པ་ཡིན། བློ་སྣ་དེ་ལྟ་བུ་ཞིག་སྐྱེས་ན་ལྷ་འདྲེ་མི་དང་གསུམ་གྱིས་འོ་བརྒྱལ་དུ་མི་འཇུག་ངེས་པ་ཡིན། ཚེ་འདིའི་འདོད་པ་ལ་བསྐམ་ཤ་འཚལ་ཙ་ན། རང་དམའ་རང་གིས་ཕབ། རང་སྡུག་རང་གིས་བྱས། མིས་འཕྱ་ལ་རང་སྡུག་པ། ཕྱི་མ་ངན་སོང་དུ་འགྲོ་བ་རྣམས་འོང་བ་ཡིན། དེས་ན་གཞན་ལ་ཡུས་ཁ་སྐྱུངས། དམན་ཆ་ཟུངས། འདོད་པ་སྐྱུངས། ཆོས་མིན་གྱི་བྱ་བ་ཐམས་ཅད་བོར་ནས་ཆོས་བཞིན་དུ་བསྒྲུབ་པ་ལ་ནན་ཏན་བྱས་ན། རང་སྐྱིད་ལ་མིས་སྨོན་པ་ཕྱི་མ་ལ་བྱང་ཆུབ་ཐོབ་པ་རྣམས་འོང་བ་ཡིན། མདོར་ན་འོ་སྐོལ་གྱིས་མ་བརྩམས་རྒུ་ལ་བརྩམས། མི་ཤེས་རྒུ་ཤེས། མ་བྱས་རྒུ་བྱས། ཁ་ནས་ཇི་སྐད་སྨྲས་ཀྱང་ཚེ་འདིའི་འདོད་པ་ལ་བློ་མ་ལོག་ན། ཚེ་འདི་ཕྱི་གཉིས་ཀྱི་བདེ་བ་བཙལ་ཐབས་མེད། འདོད་པ་མཐའ་དག་ལ་བློ་ལོག་ན་བདེ་བ་བཙལ་མི་དགོས་གསུངས།

༈ ཡང་དགེ་བཤེས་ཤ་བོ་པའི་ཞལ་ནས། རང་དབང་རང་གིས་མ་ཐོབ་པར་གཞན་གྱི་དབང་བྱར་འདོད་པ་འདི་མིན། རྒྱུད་ལ་ཡོན་ཏན་མེད་པར་གཞན་གྱི་སློབ་དཔོན་བྱ་བར་འདོད་པ་འདི་ཡང་མིན། དད་པ་ཆེ་ལ་སྡིག་པ་ལ་མི་འཛེམ་པ་འདི་ཡང་མིན། སྟོང་ཉིད་ལ་དགའ་ལ་བདག་འཛིན་ཆེ་བ་འདི་ཡང་མིན། ཤེས་རབ་ཆེ་ལ་ཆོས་དང་ཆོས་མིན་ངོ་མི་ཤེས་པ་འདི་ཡང་མིན། བློ་རྣོ་ལ་ཆོས་མི་གོ་བ་འདི་ཡང་མིན། སྡིག་ཕྲན་ཚེགས་ལ་འཛེམ་ལ་རྔམས་ཆེ་བ་ལ་མི་འཛེམ་པ་འདི་ཡང་མིན། ཕན་སེམས་ཆེ་ལ་གནོད་པ་ལས་མ་ལོག་པ་འདི་ཡང་མིན། གཅིག་པུར་སྡོད་མི་ཚུགས་ལ་མི་དང་འགྲོག་མི་ཤེས་པ་འདི་ཡང་མིན། བཙུན་པོ་འདོད་ལ་བཟོད་པ་ཆུང་བ་འདི་ཡང་མིན། འཕྲལ་གང་གཏོང་ཕོད་ཆེ་ལ་གཏིང་ལྷོད་ཡངས་ཆུང་པ་འདི་ཡང་མིན། ཆོས་མཐོ་ལ་རང་རྒྱུད་དམའ་བ་འདི་ཡང་མིན། སློབ་དཔོན་བཟང་ལ་རང་སྤྱོད་ངན་པ་འདི་ཡང་མིན། ཆོས་སློབ་པ་ལ་དགའ་ལ་ཉམས་སུ་ལེན་པ་ལ་མི་དགའ་བ་འདི་ཡང་མིན། དབེན་པ་བྱ་བར་འདོད་ལ་མི་དད་ཆེ་བ་འདི་ཡང་མིན། བཟང་པོ་འདོད་ལ་འདོད་པ་ཆེ་བ་འདི་ཡང་མིན། ཐར་པ་ཐོབ་པར་འདོད་ལ་ཅི་བྱས་ཆོས་བརྒྱད་དུ་ཤོར་བ་འདི་ཡང་མིན་གསུངས། །

༈ ཡང་དགེ་བཤེས་ཤ་བོ་པས་བདག་མཆོག་མཛད་པ། རང་རྒྱུད་དམའ་མོ་ལ་ཆོས་མཐོན་པོ་འདོད་པའི་གོ་ནོར་པོ་འདི། རང་བསྐྱེད་མི་འདོན་པར་སྐྱེད་ཅིག་འོང་དུ་རེ་བའི་བསམ་པ་རྒས་པོ་འདི། ཆོས་གཞན་ལ་གལ་ཆེ་སྡིག་རང་ལ་གལ་ཆེ་བ་བཞིན་བྱེད་པའི་སྙིང་མེད་པོ་འདི། རུང་བ་གཞན་ལ་བཅོལ་ནས་མི་རུང་བ་རང་གིས་བྱེད་པའི་གོ་ལོག་པོ་འདི། ཡར་བསྐྱེད་ལས་མར་བསྐྱེད་ཆེ་བའི་བདེ་པའི་རྦབ་ལྟ་བུ་འདི། ཁས་བླངས་རྒྱས་ལ་ལག་ལེན་བསྡུས་པ་ཤེས་པའི་རྒྱས་བསྡུས་མཁན་འདི། ཉོན་མོངས་པ་ཚོ་ལ་གཉེན་པོ་རྫུད་པའི་ཚེ་ལ་ངན་པ་འདི། ཡོན་ཏན་གཞན་གྱིས་མཐོང་དུ་རེ། སྐྱོན་གཞན་གྱིས་མཐོང་གིས་དོགས་པའི་རེ་དོགས་ཅན་འདི། མཆེད་གྲོགས་ལ་རྒྱལ་ཁ་སྒུག་ཉེ་དུ་འབྲེལ་བའི་ཕྱོགས་ལ་ཐུབ་ཁ་ལེན་པ་འདི། གཉེན་པོ་ལ་རྒྱལ་ཁ་སྒུག་ཉོན་མོངས་ཀྱི་ཕྱོགས་སུ་བུབ་ཁ་ལེན་པ་འདི། ཚེ་འདི་ལ་རྒྱལ་ཁ་སྒུག་ཕྱི་མ་ལ་བུབ་ཁ་ལེན་པ་འདི། གནོད་པ་བྱེད་པ་ལ་རྒྱལ་ཁ་སྒུག །ཕན་འདོགས་པ་ལ་བུབ་ཁ་ལེན་པ་འདི། གཞན་ལ་གནོད་པ་བྱས་པ་དེ་རང་ལ་གནོད་པ་བྱས་པ་མ་གོ་བ་འདི། གཞན་ལ་ཕན་བཏགས་པ་དེ་རང་ལ་ཕན་བཏགས་པ་མ་གོ་བ་འདི། གནོད་པ་དང་སྡུག་བསྔལ་ཆོས་ཀྱི་མཐུན་རྐྱེན་དུ་མ་གོ་བ་འདི། འདོད་པ་དང་བདེ་བ་ཆོས་ཀྱི་འགལ་རྐྱེན་དུ་མ་གོ་བ་འདི། ཆོས་གཞན་ལ་གལ་ཆེ་བ་སྐད་ཟེར་ཞིང་རང་ཆོས་བཞིན་མི་བྱེད་པ་འདི། སྡིག་པ་གཞན་བྱེད་པ་ལ་འཕྱ་ཞིང་རང་བྱེད་འཕྲོ་མི་གཅོད་པ་འདི། རང་སྐྱོན་ཆེན་པོ་ཡང་མ་ཚོར་བར་མི་སྐྱོན་ཕྲ་མོ་ཙམ་ཡང་ཚོར་བ་འདི། ལན་མེད་ན་ཕན་འདོགས་འཕྲོ་གཅོད་པ་འདི། ཆོས་པ་གཞན་ལ་བསྙེན་བཀུར་བྱེད་པ་མཐོང་ན་ཁོས་མི་བཟོད་པ་འདི། མཐོན་པོ་ལ་བྱམས་ལ་དམའ་མོ་ལ་སྡང་བ་འདི། ཚེ་ཕྱི་མའི་གཏམ་རྣ་བར་མི་སྙན་པ་འདི། གཞན་གྱིས་སྐྱོན་བཅོས་ན་ཀོ་ལོང་དམ་པ་འདི། སྡིག་པ་གཞན་གྱིས་མ་ཚོར་བས་ཆོག །དགེ་བ་གཞན་གྱིས་ཚོར་དགོས་པ་འདི། ཕྱིའི་སྤྱོད་ལམ་ལེགས་ན་ནང་གི་སེམས་རྒྱུད་མ་ལེགས་ཀྱང་ཆོག་པ་འདི། ཟང་ཟིང་འདོད་པ་བསྒྲུབ་པ་ལ་བདེ་སྐྱིད་བྱེད་པ་འདི། བདེ་བ་ནང་ནས་མི་འཚོལ་བར་བདེ་བ་ཕྱི་ནས་འཚོལ་བ་འདི། སངས་རྒྱས་ཀྱི་རྗེས་སུ་སློབ་པར་དམ་བཅས་ནས་འཇིག་རྟེན་པའི་རྗེས་སུ་སློབ་པ་འདི། བྱང་ཆུབ་སེམས་དཔའ་རྣམས་དང་གྲོས་མཐུན་བྱས་ནས་དམྱལ་བའི་ཟོང་ཚགས་བྱེད་པ་འདི། ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་སེམས་ཅན་ལ་བསྔོས་ནས་ང་བདག་མི་གཏོང་བ་འདི། སྡིག་པའི་གྲོགས་པོ་བྱམས་པ་འདི་ཕུང་བའི་སྣ་འདྲེན་ཡིན་པར་མ་གོ་བ་འདི། དགེ་བའི་གྲོགས་པོ་སྡང་བ་ཕན་འདོགས་པར་མ་གོ་བ་འདི། ཡིན་མིན་ལ་དུས་མང་པོ་འདའ་ཡིས་མི་དང་ཀླེ་བོ་མ་བྱེད། སྲེད་པ་མང་པོ་འཕེལ་གྱི་ཡིད་ཀྱིས་རྒྱལ་སྲིད་མ་སྐྱོང་། ཁེ་བས་ཉེན་ཆེ་བའི་ཁས་ལེན་ལ་མ་དགའ། དོན་མེད་དགེ་སྦྱོར་འཆག་གི་བྱ་བ་མ་མང་། ཞེས་ཐུགས་ལ་ཁྲེལ་བདས་ཤིང་གྲོས་བཏབ་པོ། །

༈ ཇོ་བོ་རྗེའི་བཀའ་བརྒྱུད་སྐྱེས་བུ་དམ་པ་རྣམས་ཀྱི་སྙིང་གཏམ་བཀའ་གདམས་པ་རྣམས་ཀྱི་ཞལ་གདམས་ཁ་ཐོར་པ་རྣམས་བཙུན་པ་ལྕེ་སྒོམ་གྱིས་ཅུང་ཟད་བསྡུས་ནས་ཕྱོགས་གཅིག་ཏུ་བཀོད་པའོ། །

༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་གསུམ་ཚན་དྲུག་དང་། བཞི་ཚན་དྲུག་དང་། ལྔ་ཚན་བརྒྱད་དང་། དྲུག་ཚན་ལྔ་དང་། བདུན་ཚན་དུ་བསྡུས་ནས་སྟོན་ནོ། །གསུམ་ཚན་དང་པོ་དགོས་གསུམ་ནི། ༡ དང་པོ་འཆི་བས་འཇིགས་པ་ཞིག་དགོས། བར་དུ་ཤི་ཡང་མི་འགྱོད་པ་ཞིག་དགོས། ཐ་མ་ཤི་བས་མི་འཇིགས་པ་ཞིག་དགོས་སོ། །༢ ཆོས་གསུམ་སྤང་བ་ལ། སྐྱེས་པའི་ཡུལ་སྤང་། ཁྱིམ་དང་ཐབ་སྤང་། ལས་དང་བྱ་བ་སྤང་ངོ་། །༣ དང་དུ་བླང་བ་རྣམ་པ་གསུམ་ལ། བླ་མ་དང་དུ་བླང་ན་གདམས་ངག་འབྱུང་། སྒོམ་པ་དང་དུ་བླང་ན་ཉམས་སྐྱེ། ཏིང་ངེ་འཛིན་དང་དུ་བླང་ན་རྟོགས་པ་འཕེལ་ལོ། ། ༤ ད་ནོར་བ་གསུམ་དུ་མི་བཏང་བ་ལ། ཆོས་པ་དང་འཆོས་པ་ནོར་ར་རེ། ལྟ་བ་དང་སྨྲ་བ་ནོར་ར་རེ། སྒོམ་པ་དང་དགོངས་པ་ནོར་ར་རེ། ༥ སྒོམ་ཐབས་གསུམ་ལ། དང་པོ་བརྡ་སྒོམ། བར་དུ་བརྡ་དོན་བསྲེས་ལ་བསྒོམ། ཐ་མར་སེམས་ཀྱི་དོན་བསྒོམ་མོ། །༦ དོགས་པ་མི་བྱ་བ་གསུམ་ལ། རྒས་ཁར་ལྟོགས་ཀྱི་དོགས་པ་མི་བྱ། རྒྱབ་བརྟེན་དང་བྲལ་གྱི་དོགས་པ་མི་བྱ། རྒྱལ་ཁམས་ཀྱིས་འཕྱ་ཡི་དོགས་པ་མི་བྱའོ། །

༈ བཞི་ཚན་དྲུག་ལ། མཆོག་བཞི་ནི། ༡ དྲན་པའི་ཐག་པ་མ་ཆད་ན་བསྒོམ་པའི་མཆོག །འཁོར་བ་མི་རྟག་པར་ཤེས་ན་འདུ་ཤེས་ཀྱི་མཆོག །ལུས་ངག་ཐུབ་པ་སྡོམ་པའི་མཆོག །དགེ་སྦྱོར་འཕེལ་བ་བསྙེན་པའི་མཆོག་གོ། ༢ མིན་པ་བཞི་ལ། སྡིག་ལ་མི་འཛེམ་ན་ཆོས་པ་མིན། འདུལ་ཁྲིམས་མེད་ན་བཙུན་པ་མིན། དམ་ཚིག་མེད་ན་སྔགས་པ་མིན། འཛིན་པ་མི་གཏོང་ན་དམ་པ་མིན་ནོ། །༣ རྩ་བ་བཞི་ལ། ཆང་བུད་མེད་ལ་དགའ་ན་ཉེས་པའི་རྩ་བ། ལས་དང་བྱ་བ་ལ་དགའ་ན་གཡེང་བའི་རྩ་བ། ནོར་རྫས་ལ་འཛིན་པ་ཆེ་ན་འཆིང་བའི་རྩ་བ། ཁ་དྲག་ལ་འབྱོར་ལྕོགས་ཆེ་ན་སྡིག་པའི་རྩ་བའོ། །༤ གོལ་ས་བཞི་ལ། གཟུང་འཛིན་མ་སྤངས་ན་ཁ་ལྟ་ཡིན་པས་གོལ། ཉོན་མོངས་མ་སྤངས་ན་མིང་གི་སྒོམ་ཆེན་ཡིན་པས་གོལ། ཕྱོགས་རིས་མ་སྤངས་ན་སྤྱོད་པ་ཚུལ་འཆོས་ཡིན་པས་གོལ། བྱ་བ་མ་ཐོངས་ན་སྐྱེ་བོ་ཐ་མལ་ཡིན་པས་གོལ་ལོ། །༥ འདྲ་བ་བཞི་ལ། གཞན་ལ་ཆོས་འཆད་ཅིང་རང་མི་སྤྱོད་ན་མི་ནག་གྲོ་སྲུང་འཆད་པ་དང་འདྲ། སྔགས་ནོར་དུ་འཚོང་བ་ནི་སྨན་དུག་ཏུ་བརྗེ་བ་དང་འདྲ། གདམས་ངག་ཆེ་ལ་རྒྱུད་མ་ཐུལ་བ་ནི་རིན་པོ་ཆེ་ཐོགས་ནས་སྤྲང་པ་འདྲ། མི་ཆོས་བཏང་ནས་ཁྱིམ་ལ་འཐོགས་ན་འདམ་ནས་ཐར་ནས་རྒྱ་རུ་ཚུད་པ་འདྲའོ། །༦ དགོས་པ་བཞི་ལ། དགེ་བའི་བཤེས་གཉེན་སྡིག་པའི་གྲོགས་པོར་མ་སོང་བ་ཞིག་དགོས། ཡི་དམ་གྱི་ལྷ་བདུད་དུ་མ་སོང་བ་ཞིག་དགོས། སྟོང་ཉིད་བསྒོམ་པ་ཉོན་མོངས་པའི་གཉེན་པོར་སོང་བ་ཞིག་དགོས་སོ། །

༈ ལྔ་ཚན་བརྒྱད་ལ། ༡ འཕྲང་ལྔ་ལ། ཐོན་པར་དཀའ་བ་འཁོར་བའི་འཕྲང་། ཆོས་ལས་ཁྱོགས་པ་འདུ་ཤེས་ཀྱི་འཕྲང་། རང་གཅིག་པུར་སྡོད་པ་བཏུད་ཀྱི་འཕྲང་། གདམས་པས་ངོམས་པ་ཐོས་པའི་འཕྲང་། སྤྱོད་པ་ཐོ་ཅོ་བགེགས་ཀྱི་འཕྲང་ངོ་། །༢ ལོག་པ་ལྔ་ལ། གང་སུ་ལས་ཀྱང་ལྷག་པར་བྱ་བའི་ཕྱིར་ཐོས་པ་བྱེད་པ་ལོག །རྙེད་པ་དང་གྲགས་པའི་ཕྱིར་གཞན་ལ་ཆོས་འཆད་པ་ལོག །སྒོམ་གྱི་གདམས་པ་མེད་པར་བསམ་གཏན་ལ་སྙོམས་པར་འཇུག་པ་ལོག །རྙེད་བཀུར་འོང་ལ་རེ་ནས་ཚུལ་ཁྲིམས་བསྲུང་བ་ལོག །ཐམས་ཅད་དབང་དུ་བསྡུ་བའི་སྦྱིན་པ་གཏོང་བ་ལོག་གོ། ༣ འཆོར་བ་ལྔ་ལ། ཤེས་རབ་ཆེ་ཞིང་མང་དུ་ཐོས་ལ་ངོ་སོ་མཐོ་ན་འཆད་ཁ་སྟོན་པར་འཆོར་ཏེ་བསྒོམ་མི་ཁོམ། བློ་རྣོ་ཞིང་ནོར་དད་ཆེ་ན་ཆོ་ག་མཁན་ནམ་ཚོང་དཔོན་དུ་འཆོར། མཐུ་ཆེ་ཞིང་རྩལ་དྲག་ན་ཁ་བསྲུང་དང་སྐྱེལ་མར་འཆོར། སྨྲ་མཁས་ཤིང་སྦྱོར་བ་བཟོ་ན་གཙོ་བོ་དང་གཡེང་བ་ལ་འཆོར། མི་ཤེས་ལ་ནན་ཏན་ཆུང་ན་ཐ་མལ་གྱི་སྤྱོད་པར་འཆོར་ཏེ་བསྒོམ་མི་ཁོམ་མོ། །༤ གཙོ་བོ་ལྔ་ལ། ལྟ་བའི་གཙོ་བོ་ལས་རྒྱུ་འབྲས་ལ་ཡིད་ཆེས་པ། དགེ་སྦྱོར་གྱི་གཙོ་བོ་སེམས་ཅན་ལ་མི་གནོད་པ། སྒྲུབ་པའི་གཙོ་བོ་སྲུང་སྡོམ་མ་ཉམས་པ། དམ་བཅའི་གཙོ་བོ་ཐུབ་པ། སྤྱོད་པའི་གཙོ་བོ་བསྙེན་སྒྲུབ་པའོ། །༥ རང་རྐྱ་ཐུབ་པ་ལྔ་ལ། གདམས་ངག་ལ་རང་བྱན་ཆུབ་པས་རང་རྐྱ་ཐུབ་པ། གཉེན་པོས་རྐྱེན་ཐུབ་པ། དད་པས་ཁམས་སོས་པ། ཚུལ་ཁྲིམས་ངོ་ལྐོག་མེད་པ། བར་ཆད་ཀྱི་གནོད་པ་ཕྲ་མོ་སེལ་ནུས་པའོ། །༦ ཡིན་པ་ལྔ་ལ། འདོད་པ་དང་བྲལ་ན་བདེ་བ་ཡིན། དམིགས་པ་དང་བྲལ་ན་སྟོང་པ་ཡིན། བཞག་པ་དང་བྲལ་ན་མི་རྟོག་པ་ཡིན། རྩོལ་བ་དང་བྲལ་ན་ཆོས་ཉིད་ཡིན། འདོད་པ་ཐག་ཆོད་ན་འབྲས་བུ་ཡིན་ནོ། །༧ རྗེ་ལྷ་གཅིག་གི་དྲིས་ལན་ལྔ་ལ། ལྟ་བ་རྟོགས་ན་བསྒོམ་དགོས་སམ་མི་དགོས། སངས་རྒྱས་བྱ་བ་ལ་ཐབས་ཤེས་རབ་འབྲེལ་དགོས་སམ་མི་དགོས། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་སོ་སོ་ཐར་པའི་སྡོམ་པ་རྟེན་དུ་དགོས་སམ་མི་དགོས། ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ཚངས་པར་སྤྱོད་པའི་དགེ་བསྙེན་ཡན་ཆད་ཀྱིས་གནང་ངམ་མི་གནང་དང་ལྔའོ། །༨ མི་ཟས་མི་འཇུ་བའི་ཚད་ལྔ་ལ། བཙན་དུག་ལ་ལོངས་སྤྱོད་པ་དང་། གནང་བ་ལ་ལོངས་སྤྱོད་པ་དང་། འདག་མེ་ལ་ལོངས་སྤྱོད་པ་དང་། བུ་ལོན་ལ་ལོངས་སྤྱོད་པ་དང་། མེ་ལྕེ་འབར་བ་ལ་ལོངས་སྤྱོད་པ་དང་ལྔའོ། །

༈ དྲུག་ཚན་ལྔ་ལས། ༡ གླེན་པ་དྲུག་ནི། སྡུག་བསྔལ་གྱི་རྩ་བར་གྱུར་པའི་འཁོར་འདམ་ལ་དགའ་ཞིང་བརྩེ་གདུང་བྱེད་པ་འདི་ཡང་གླེན། ཕུང་པོ་མི་རྟག་བརྙན་པོ་ལྟ་བུ་ལ་ལྷག་པར་བཀུར་སྟི་བྱེད་པ་འདི་ཡང་གླེན། དབུལ་ཡང་ལྷག་མ་ལུས་པའི་ནོར་རྫས་ལ་སྡིག་དང་བསྡོས་ནས་གསོག་པ་འདི་ཡང་གླེན། སྡུག་བསྔལ་ཆེན་པོ་ནམ་འོང་ཆ་མེད་པར་ཚེ་འདི་འབའ་ཞིག་གི་ཞལ་ཏ་བྱེད་པ་འདི་ཡང་གླེན། ད་ལྟའི་སྡུག་བསྔལ་ཕྲན་ཚེགས་མི་བཟོད་པར་ཤི་ནས་ངན་སོང་དུ་སྡུག་བསྔལ་བཟོད་དུ་རེ་བ་འདི་ཡང་གླེན། ཟབ་ལ་རྒྱ་ཆེ་བའི་ཆོས་ལ་མི་སྤྱོད་པར་རང་གིས་རང་སྡུག་ཤོམ་པ་འདི་ཡང་གླེན་ནོ། །༢ མི་རིགས་པ་དྲུག་ལ། བཙུན་པོ་དང་རྟོགས་པ་ཅན་འདོད་ཀྱང་འཁོར་བ་ལས་བློ་མ་ལོག་པ་མི་རིགས། དགེ་སློང་བསྟན་པ་ལ་མ་ཞུགས་པ་འདི་ཡང་མི་རིགས། ཤེས་རབ་ཅན་ཆོས་མ་གོ་བ་འདི་ཡང་མི་རིགས། པཎྚི་ཏ་ལས་རྒྱུ་འབྲས་ལ་མི་འཛེམ་པ་འདི་ཡང་མི་རིགས། དད་པ་ཅན་སྡིག་ལ་འབག་པ་འདི་ཡང་མི་རིགས། དགེ་བ་ཅན་ངན་སོང་དམྱལ་བར་འགྲོ་བ་འདི་ཡང་མི་རིགས་སོ། །༣ འཁྲུལ་པ་དྲུག་ལ། ལེགས་པའི་གདམས་ངག་མི་འཚོལ་བར་དོན་མེད་ཐ་སྙད་སློབ་པ་འདི་ཡང་འཁྲུལ། རི་ཁྲོད་དགོན་པ་མི་འགྲིམ་པར་འཁོར་བའི་མུན་ཁང་བརྩིགས་པ་འདི་ཡང་འཁྲུལ། གཅིག་པུར་དོན་ཉིད་མི་སེམས་པར་འཁོར་མང་ནང་དུ་ཆོས་བྱེད་འཁྲུལ། བདག་མེད་བསམ་གཏན་མི་བསྒོམ་པར། ལོངས་སྤྱོད་འདུ་འཛི་བྱེད་པ་འཁྲུལ། སྦྱིན་པ་ཆགས་མེད་མི་གཏོང་བར། སེར་སྣས་ཟས་ནོར་གསོག་པ་འཁྲུལ། དགེ་ཆོས་ཚུལ་བཞིན་མི་སྤྱོད་པར། མི་ཆོས་སེམས་འཛིན་བྱེད་པ་འཁྲུལ་ལོ། །༤ ངོ་ཚ་བ་དྲུག་ལ། དམ་ཆོས་ཉི་མ་ཤར་བ་ལྟ་བུའི་སྒོར་ཞུགས་ནས། །མངོན་སྤྱོད་ངན་པ་བྱེད་པ་འདི་ཡང་ངོ་རེ་ཚ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ཁས་བླངས་ནས། །སྤྱོད་པ་བབ་ཅོལ་བྱེད་པ་ངོ་རེ་ཚ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །གཞན་ལ་སྐུར་བ་འདེབས་པ་འདི་ཡང་ངོ་རེ་ཚ། །ཕུང་པོ་མི་གཙང་རྒྱན་གྱིས་བརྒྱན་པ་ལ། །ཤིན་ཏུ་ཕྱི་བདར་བྱེད་པ་འདི་ཡང་ངོ་རེ་ཚ། །ཐེག་པ་ཆེན་པོ་ཡིན་ཞེས་ཁས་བླངས་ནས། །ཤེས་རབ་སྙིང་རྗེ་བྲལ་བ་འདི་ཡང་ངོ་རེ་ཚ། །གསང་སྔགས་ཟབ་མོའི་སྒོར་ཞུགས་ནས། །དམ་ཚིག་མི་བསྲུང་ལེ་ལོ་བྱེད་པ་འདི་ཡང་ངོ་རེ་ཚའོ། །༥ ངོ་ཤེས་པ་དྲུག་ལ། བླ་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བྱེད་པ་པོ་ངོ་ཤེས་པ། དམ་ཚིག་གཞི་ལྟ་བུར་ངོ་ཤེས་པ། རང་ལུས་ལྷའི་དཀྱིལ་འཁོར་དུ་ངོ་ཤེས་པ། སེམས་ཅན་སངས་རྒྱས་སུ་ངོ་ཤེས་པ། སྣང་སྲིད་རྨི་ལམ་སྒྱུ་མ་ལྟ་བུར་ངོ་ཤེས་པའོ། །༦ ཡང་དག་པའི་གདམས་ངག་དྲུག་ལ། དུག་ལྔའི་དགྲ་ནང་ནས་ཞིའམ་མ་ཞི་ལྟ། འཁོར་བའི་ནང་དང་བྲལ་ལམ་མ་བྲལ་ལྟ། བདུད་བཞིའི་དམག་དཔུང་ཆོམས་སམ་མ་ཆོམ་ལྟ། མཉམ་རྗེས་མཉམ་མམ་མ་མཉམ་ལྟ། མངོན་དུ་རྒྱུ་ལ་གནས་སམ་མི་གནས་ལྟ། གཉུག་མའི་ལམ་དང་ཕྲད་དང་མ་ཕྲད་ལྟའོ། །

༈ བདུན་ཚན་གཅིག་ལ། ཕན་མེད་བདུན་ནི། སྐྱབས་འགྲོ་ནས་སྔགས་ཀྱི་བར་དུ་སྡོམ་པ་ཐམས་ཅད་བླངས་ཀྱང་། འཇིག་རྟེན་པའི་ཆོས་ལས་བློ་མ་ལོག་ན་ཕན་མེད། དུས་རྒྱུན་དུ་གཞན་ལ་ཆོས་འཆད་ཀྱང་། རང་གི་ང་རྒྱལ་མ་ཞི་ན་ཕན་མེད། ཡར་སྐྱེད་སྟོན་ཀྱང་། སྐྱབས་འགྲོའི་ཆོས་གཞུག་ཤོར་ན་ཕན་མེད། ཉིན་མཚན་མེད་པར་དགེ་སྦྱོར་ལ་འབད་ཀྱང་། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན་ཕན་མེད། ཀུན་བརྟགས་གཞན་དབང་ལ་སོགས་པ་གཏན་ལ་ཕེབས་ཀྱང་། སྒྱུ་མ་ལྟ་བུར་མ་ཤེས་ན་ཕན་མེད། སྡེ་སྣོད་གསུམ་ཤེས་ཀྱང་། བླ་མ་ལ་མོས་གུས་མེད་ན་ཕན་མེད། སྟོང་པ་ཉིད་བསྒོམས་ཀྱང་། ཉོན་མོངས་པའི་གཉེན་པོར་མ་སོང་ན་ཕན་མེད་དོ། །ཁ་རག་སྒོམ་ཆུང་གི་གདམས་པ། དགེ་བཤེས་ལྷོ་པས་ཡི་གེར་བཀོད་པའི་གདམས་པ་བསྐུལ་འདེབས་ཁ་ཐོར་བ་རྫོགས་སོ། །

༈ ན་མོ་གུ་རུ། ཕ་རིན་པོ་ཆེ་ལྕེ་སྒོམ་གྱི་ཞལ་ནས། སྣང་སྲིད་སེམས་སུ་ཤེས། སེམས་ཉིད་སྟོང་པར་རྟོགས། རྟོགས་པ་ལ་མཆོག་འཛིན་མེད་ན་ལྟ་བའི་མཐར་ཐུག་ཡིན། མ་ཡེངས་པའི་རྩི་ཡིས་བཟུང་། མ་བཅོས་པའི་ངང་ལ་བཞག །དམིགས་གཏད་དང་དེར་འཛིན་མེད་པ་ནི་སྒོམ་པའི་མཐར་ཐུག་ཡིན། མི་མཐུན་པ་ལམ་དུ་བྱས། མཐུན་ཡུལ་གྱི་ཞེན་པ་བཅད། བླང་དོར་དང་དགག་སྒྲུབ་མེད་པ་ནི། སྤྱོད་པའི་མཐར་ཐུག་ཡིན། ཅི་བྱུང་བདེན་མེད་དུ་ཤེས། བཟང་ངན་ལ་སྤང་བླང་མེད། གལ་མེད་བྱུང་རྒྱལ་དུ་གཏོང་བ་ནི། གེགས་སེལ་མཐར་ཐུག་ཡིན། སྣང་བ་བན་བུན་དུ་སོང་། འཁྲུལ་པ་ཤག་ཤིག་ཏུ་ཞིག །ཞེན་པ་ལང་ལོང་དུ་ལོག་པ་ནི། དྲོད་རྟགས་ཀྱི་མཐར་ཐུག་ཡིན། བདག་འཛིན་གྱི་རྟོད་ཕུར་ཐོན། གང་ཡང་བདག་མེད་དུ་རྟོགས་པས་ཕྱི་ནང་གི་འདོད་པ་ཟད། རེ་དོགས་ཀྱི་ཐག་པ་ཆོད་པ་ནི། གནས་སྐབས་ཀྱི་འབྲས་བུ་ཡིན། རིག་པ་གཞི་ལ་དག །ཆོས་སྐུ་རང་ས་ཟིན། བདག་མེད་གཞན་དོན་མཛད་པ་ནི། མཐར་ཐུག་གི་འབྲས་བུ་ཡིན། ལར་ནི་མཐར་ཐུག་ལའང་། མཐར་ཐུག་གི་བཟའ་གཏད་མེད། གནས་སྐབས་དེའི་མཐར་ཐུག་ཡིན་ནོ། །དེ་བས་ན་གཞི་སྟོང་པ་གྲག་སྟོང་ཡིན་པས་གྲག་སྟོང་ལ་དོན་དུ་མ་འཛིན། ལམ་འཁྲུལ་པ་བློས་བཏགས་ཡིན་པས་བློས་བཏགས་ལ་དགག་སྒྲུབ་མ་བྱེད། འབྲས་བུ་སྐུ་གསུམ་མིང་སྟོང་ཡིན་པས་མིང་སྟོང་ལ་རེ་དོགས་མ་བྱེད། ཅེས་གསུངས་སོ། །

༈ ན་མོ་གུ་རུ། ཡང་དག་པའི་ཆོས་བཅུ་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ནི། དབང་པོ་ཐ་མའི་ཡང་དག་པའི་ལྟ་བ་ཡིན། ཕྱི་ནང་གི་ཆོས་ཐམས་ཅད་སྣང་བ་དང་སྟོང་པ་དང་རིག་པ་དང་སྟོང་པ་ཟུང་འཇུག་བཞིར་རྟོགས་པ་ནི། དབང་པོ་འབྲིང་གི་ཡང་དག་པའི་ལྟ་བ་ཡིན། བལྟ་བྱ་ལྟ་བྱེད་རྟོགས་པ་གསུམ་དབྱེར་མེད་པར་རྟོགས་པ་ནི། དབང་པོ་རབ་ཀྱི་ཡང་དག་པའི་ལྟ་བ་ཡིན། དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པ་ནི། དབང་པོ་ཐ་མའི་ཡང་དག་པའི་སྒོམ་པ་ཡིན། ཟུང་འཇུག་བཞིའི་ཏིང་ངེ་འཛིན་ལ་གནས་པ་ནི། དབང་པོ་འབྲིང་གི་ཡང་དག་པའི་སྒོམ་པ་ཡིན། བསྒོམ་བྱ་སྒོམ་བྱེད་ཉམས་མྱོང་གསུམ་མེད་ཅིང་མི་དམིགས་པའི་ངང་ལ་གནས་པ་ནི། དབང་པོ་རབ་ཀྱི་ཡང་དག་པའི་སྒོམ་པ་ཡིན། ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་དུ་བསྲུང་བ་ནི། དབང་པོ་ཐ་མའི་ཡང་དག་པའི་སྤྱོད་པ་ཡིན། ཆོས་ཐམས་ཅད་རྨི་ལམ་སྒྱུ་མའི་ཚུལ་གྱིས་སྤྱོད་པ་ནི། དབང་པོ་འབྲིང་གི་ཡང་དག་པའི་སྤྱོད་པ་ཡིན། གང་ཅི་ལ་ཡང་མི་སྤྱོད་པ་ནི། དབང་པོ་རབ་ཀྱི་ཡང་དག་པའི་སྤྱོད་པ་ཡིན། བདག་འཛིན་ཉོན་མོངས་རྣམ་རྟོག་སོགས་ཇེ་ཆུང་ལ་སོང་བ་ནི། དབང་པོ་རབ་འབྲིང་ཐ་གསུམ་ཀའི་ཡང་དག་པའི་དྲོད་རྟགས་ཡིན། དེ་ནི་ཡང་དག་པའི་ཆོས་བཅུའོ། །ཞེས་པ་ལྕེ་སྒོམ་གྱིས་གསུངས་སོ། །

༈ སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང་། །ཆོས་ཕྱིར་སྲོག་ལའང་ཕངས་པ་མེད་པ་ཡི། །སྙིང་སྟོབས་ཆེན་པོས་འགྲོ་དོན་བྱེད་པར་ཤོག །།བདག་ཀྱང་རྟག་ཏུ་དལ་འབྱོར་མཆོག་ཐོབ་ཅིང་། །ཐུབ་བསྟན་སྒོར་ཞུགས་བསླབ་གསུམ་རྒྱན་གྱིས་མཛེས། །འབྲེལ་ཚད་དོན་ལྡན་འགྲོ་ཀུན་སྲིད་མཚོ་ལས། །བསྒྲལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ལུས་ནི་ངུར་སྨྲིག་གསུམ་གྱི་རྒྱན་འཆང་ཞིང་། །ངག་ནི་སྡེ་སྣོད་གསུམ་གྱི་ཆོས་སྒྲ་སྒྲོག །ཡིད་ནི་བྱང་ཆུབ་སེམས་ཉིད་འདྲེས་པ་ཡིས། །དོན་དམ་ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག །ཇི་ལྟར་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཐུགས་བསྐྱེད་སྨོན་ལམ་མཛད་སྟོབས་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །བདག་གིས་ལྷག་བསམ་སྨོན་ལམ་ཅི་བཏབ་པ། །དེ་ནི་སེམས་ཅན་ཀུན་གྱིས་འགྲུབ་གྱུར་ཅིག །བདག་གིས་ལེགས་སྤྱད་དགེ་བ་ཅི་བགྱིས་པས། །བསོད་ནམས་མཐུ་ཡིས་འགྲོ་ཀུན་སངས་རྒྱས་ཤོག །ཅེས་པའི་སྨོན་ལམ་འདི་ནི་ཆོས་རྗེ་འབྲི་གུང་པ་དཀོན་མཆོག་རཏྣས་མཛད་པའོ། །

རྒྱལ་བའི་སྲས་ཀྱི་ལག་ལེན་སུམ་ཅུ་སོ་བདུན་མ། རྒྱལ་སྲས་དངུལ་ཆུ་ཐོགས་མེད།

༄༅། །རྒྱལ་བའི་སྲས་ཀྱི་ལག་ལེན་སུམ་ཅུ་སོ་བདུན་མ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་རཱ་ཡ། གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་། འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི། །བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ། །རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཕན་བདེའི་འབྱུང་གནས་རྫོགས་པའི་སངས་རྒྱས་རྣམས། །དམ་ཆོས་བསྒྲུབ་ལས་བྱུང་སྟེ་དེ་ཡང་ནི། །དེ་ཡི་ལག་ལེན་ཤེས་ལ་རག་ལས་པས། །རྒྱལ་སྲས་རྣམས་ཀྱི་ལག་ལེན་བཤད་པར་བྱ། །དལ་འབྱོར་གྲུ་ཆེན་རྙེད་དཀའ་ཐོབ་དུས་འདིར། །བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་བྱའི་ཕྱིར། །ཉིན་དང་མཚན་དུ་དབྱེར་བ་མེད་པར་ནི། །ཉན་སེམས་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། །དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན། །ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ། །རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ། །རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ། །དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན། །ཡུན་རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ། །འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས། །ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་འབོར། །ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ཡིན། །གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང་། །ཐོས་བསམ་བསྒོམ་པའི་བྱ་བ་ཉམས་འགྱུར་ལ། །བྱམས་དང་སྙིང་རྗེ་མེད་པ་སྒྱུར་བྱེད་པའི། །གྲོགས་ངན་སྤང་བ་རྒྱལ་སྲས་ལག་ལེན་ཡིན། །གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང་། །ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི། །བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང་། །གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན། །རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་བསྐྱབ་པར་ནུས། །དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི། །དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན། །ཤིན་ཏུ་བཟོད་དཀའི་ངན་སོང་སྡུག་བསྔལ་རྣམས། །སྡིག་པའི་ལས་ཀྱི་འབྲས་བུར་ཐུབ་པས་གསུངས། །དེ་ཕྱིར་སྲོག་ལ་བབས་ཀྱང་སྡིག་པའི་ལས། །ནམ་ཡང་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། །སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་པ་བཞིན། །ཡུད་ཙམ་ཞིག་གི་འཇིག་པའི་ཆོས་ཅན་ཡིན། །ནམ་ཡང་མི་འགྱུར་ཐར་པའི་གོ་འཕང་མཆོག །དོན་དུ་གཉེར་བ་རྒྱལ་སྲས་ལག་ལེན་ཡིན། །ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཡི། །མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ། །དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན། །སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང་། །རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས། །དེ་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན། །སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང་། །སྙིང་རྗེའི་དབང་གིས་དེ་ཡི་སྡིག་པ་རྣམས། །བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ། །སྟོང་གསུམ་ཁྱབ་པར་སྒྲོག་པར་བྱེད་ན་ཡང་། །བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི། །ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས། །མཚང་ནས་བྲུས་ཤིང་ཚིག་ངན་སྨྲ་ན་ཡང་། །དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས། །གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན། །བདག་གིས་བུ་བཞིན་གཅེས་པར་བསྐྱངས་པའི་མིས། །བདག་ལ་དགྲ་བཞིན་ལྟ་བར་བྱེད་ནའང་། །ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ། །ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན། །རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས། །ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང་། །བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི། །སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འཚོ་བས་ཕོངས་ཤིང་རྟག་ཏུ་མི་ཡིས་བརྙས། །ཚབས་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར། །འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང་། །ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །སྙན་པར་གྲགས་ཤིང་འགྲོ་མང་སྐྱེ་བོས་བཏུད། །རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང་། །སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས། །ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན། །ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར། །དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས། །རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན། །འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ། །ཇི་ཙམ་སྤྱོད་ཅིང་སྲེད་པ་འཕེལ་བར་འགྱུར། །གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས། །འཕྲལ་ལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཇི་ལྟར་སྣང་བ་འདི་དག་རང་གི་སེམས། །སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ། །དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས། །ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། །ཡིད་དུ་འོང་བའི་ཡུལ་དང་ཕྲད་པ་ན། དབྱར་གྱི་དུས་ཀྱི་འཇའ་ཚོན་ཇི་བཞིན་དུ། །མཛེས་པར་སྣང་ཡང་བདེན་པར་མེད་ལྟ་ཞིང་། །ཞེན་ཆགས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །སྡུག་བསྔལ་སྣ་ཚོགས་རྨི་ལམ་བུ་ཤི་ལྟར། །འཁྲུལ་སྣང་བདེན་པར་བཟུང་བས་ཨ་ཐང་ཆད། །དེ་ཕྱིར་མི་མཐུན་རྐྱེན་དང་ཕྲད་པའི་ཚེ། །འཁྲུལ་པར་ལྟ་བ་རྒྱལ་སྲས་ལག་ལེན་ཡིན། །བྱང་ཆུབ་འདོད་པས་ལུས་ཀྱང་བཏང་དགོས་ན། །ཕྱི་རོལ་དངོས་པོ་རྣམས་ལ་སྨོས་ཅི་དགོས། །དེ་ཕྱིར་ལན་དང་རྣམ་སྨིན་མི་རེ་བའི། །སྦྱིན་པ་གཏོང་བ་རྒྱལ་སྲས་ལག་ལེན་ཡིན། །ཚུལ་ཁྲིམས་མེད་པར་རང་དོན་མི་འགྲུབ་ན། །གཞན་དོན་སྒྲུབ་པར་འདོད་པ་གད་མོའི་གནས། །དེ་ཕྱིར་སྲིད་པའི་འདུན་པ་མེད་པ་ཡི། །ཚུལ་ཁྲིམས་བསྲུང་བ་རྒྱལ་སྲས་ལག་ལེན་ཡིན། །དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ། །གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས། །དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་པ་ཡི། །བཟོད་པ་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་ཡང་། །མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་མཐོང་ན། །འགྲོ་ཀུན་དོན་དུ་ཡོན་ཏན་འབྱུང་གནས་ཀྱི། །བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་ཡིན། །ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམས་པར་འཇོམས་པར་ཤེས་བྱས་ནས། །གཟུགས་མེད་བཞི་ལས་ཡང་དག་འདས་པ་ཡི། །བསམ་གཏན་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས། །རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པས། །ཐབས་དང་ལྡན་ཞིང་འཁོར་གསུམ་མི་རྟོག་པའི། །ཤེས་རབ་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །རང་གིས་འཁྲུལ་པ་རང་གིས་མ་བརྟགས་ན། །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་པ་ལ། །བརྟགས་ནས་སྤང་བ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་དབང་གིས་རྒྱལ་སྲས་གཞན་དག་གི །ཉེས་པ་གླེང་ན་བདག་ཉིད་ཉམས་འགྱུར་བས། །ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི །ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན། །རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང་། །ཐོས་བསམ་བསྒོམ་པའི་བྱ་བ་ཉམས་འགྱུར་བས། །མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ། །ཆགས་པ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུག་འགྱུར་ཞིང་། །རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས། །དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་བའི། །ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་གོམས་ན་གཉེན་པོས་བཟློག་དཀའ་བས། །དྲན་ཤེས་སྐྱེས་དུས་གཉེན་པོའི་མཚོན་བཟུང་ནས། །ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག །འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། །མདོར་ན་གང་དུ་སྤྱོད་ལམ་ཅི་བྱེད་ཀྱང་། །རང་གི་སེམས་ཀྱི་གནས་སྐབས་ཅི་འདྲ་ཞེས། །རྒྱུན་དུ་དྲན་དང་ཤེས་བཞིན་ལྡན་པ་ཡིས། །གཞན་དོན་སྒྲུབ་པ་རྒྱལ་སྲས་ལག་ལེན་ཡིན། །དེ་ལྟར་བརྩོན་པས་བསྒྲུབ་པའི་དགེ་བ་རྣམས། །མཐའ་ཡས་འགྲོ་བའི་སྡུག་བསྔལ་བསལ་བྱའི་ཕྱིར། །འཁོར་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱིས། །བྱང་ཆུབ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་དོན། །དམ་པ་རྣམས་ཀྱི་གསུང་གི་རྗེས་འབྲངས་ནས། །རྒྱལ་སྲས་རྣམས་ཀྱི་ལག་ལེན་སུམ་ཅུ་བདུན། །རྒྱལ་སྲས་ལམ་ལ་སློབ་འདོད་དོན་དུ་བཀོད། །བློ་གྲོས་དམན་ཞིང་སྦྱངས་པ་ཆུང་བའི་ཕྱིར། །མཁས་པ་དགྱེས་པའི་སྡེབ་སྦྱོར་མ་མཆིས་ཀྱང་། །མདོ་དང་དམ་པའི་གསུང་ལ་བརྟེན་པའི་ཕྱིར། །རྒྱལ་སྲས་ལག་ལེན་འཁྲུལ་མེད་ལེགས་པར་བསམ། །འོན་ཀྱང་རྒྱལ་སྲས་སྤྱོད་པ་རླབས་ཆེན་རྣམས། །བློ་དམན་བདག་འདྲས་གཏིང་དཔག་དཀའ་བའི་ཕྱིར། །འགལ་དང་མ་འདྲེས་ལ་སོགས་ཉེས་པའི་ཚོགས། །དམ་པ་རྣམས་ཀྱིས་བཟོད་པ་མཛད་དུ་གསོལ། །དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་གིས། །སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །སྤྱན་རས་གཟིགས་མགོན་དེ་དང་མཚུངས་པར་ཤོག །ཅེས་པ་འདི་རང་གཞན་ལ་ཕན་པའི་དོན་དུ། ལུང་དང་རིགས་པ་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་རིན་ཆེན་ཕུག་རུ་སྦྱར་བའོ། །

ཞེན་པ་བཞི་བྲལ་གྱི་གདམས་ངག །འཇམ་མགོན་ས་སྐྱ་པཎ་ཆེན།

༄༅། །ཞེན་པ་བཞི་བྲལ་གྱི་གདམས་ངག་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་དལ་འབྱོར་གྱི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འཕྲད། བཅོས་མ་མ་ཡིན་པའི་བློ་སྐྱེས་ནས། དམ་ཆོས་ཕྱིན་ཅི་མ་ལོག་པ་ཞིག་བྱེད་དགོས་པས། དེ་ལ་ཞེན་པ་བཞི་དང་བྲལ་བ་ཞིག་ཉམས་སུ་ལེན་དགོས། དེ་གང་ཞེ་ན། ཚེ་འདི་ལ་མ་ཞེན་པ། ཁམས་གསུམ་འཁོར་བ་ལ་མ་ཞེན་པ། །བདག་གི་དོན་ལ་མ་ཞེན་པ། དངོས་པོ་དང་མཚན་མ་ལ་མ་ཞེན་པའོ། །དེ་བཤད་ན། ཚེ་འདི་ཆུའི་ཆུ་བུར་དང་འདྲ་བས་ནམ་འཆི་ངེས་པ་མེད་པས་ཞེན་པ་བྱ་རིན་མི་ཆོག །ཁམས་གསུམ་འཁོར་བ་འདི་དུག་གི་འབྲས་བུ་དང་འདྲ་བས་འཕྲལ་ཞིམ་ཡང་ཕུགས་སུ་གནོད་པ་སྐྱེལ། སུ་ཞེན་པར་བྱེད་པ་ཚོ་འཁྲུལ། རང་གི་དོན་ལ་ཞེན་ན་དགྲ་བོའི་བུ་གསོས་པ་དང་འདྲ། འཕྲལ་དགའ་དགའ་ལྟར་བྱེད་ཀྱང་ཕུགས་སུ་རང་ལ་གནོད་པ་སྐྱེལ་ངེས། དེས་ན་རང་དོན་ལ་ཞེན་ན་འཕྲལ་བདེ་ཡང་ཕུགས་ངན་སོང་དུ་འགྲོའོ། །དངོས་པོ་དང་མཚན་མ་ལ་མངོན་པར་ཞེན་ན། སྨིག་རྒྱུ་ལ་ཆུར་འཛིན་པ་དང་འདྲ། འཕྲལ་ཆུར་སྣང་ཡང་ཁར་བཏུང་རྒྱུ་མེད། །འཁོར་བ་འདི་བློ་འཁྲུལ་བ་ལ་སྣང་ཡང་ཤེས་རབ་ཀྱིས་བརྟག་ན་ངོ་བོར་གྲུབ་པ་ཅི་ཡང་མེད། དེས་ན་འདས་པ་ལ་སེམས་མི་གཞུག །མ་འོངས་པ་ལ་སེམས་མི་གཞུག །ད་ལྟར་བ་ལ་རྣམ་པར་ཤེས་པ་མི་གཞུག་པ་ཞིག་གོ་བར་བྱས་ནས་ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པར་བྱའོ། །དེ་ལྟར་བྱས་པས་ཚེ་འདི་ཉིད་ལ་མ་ཞེན་པས་ངན་སོང་དུ་མི་སྐྱེ། ཁམས་གསུམ་ལ་མ་ཞེན་པས་འཁོར་བར་མི་སྐྱེ། བདག་གི་དོན་ལ་མ་ཞེན་པས་ཉན་རང་དུ་མི་སྐྱེ། དངོས་པོ་དང་། མཚན་མ་ལ་མ་ཞེན་པས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེན་པ་བཞི་བྲལ་གྱི་གདམས་ངག་ཕྱིན་ཅི་མ་ལོག་པ་དཔལ་ས་སྐྱ་ཆེན་པོའི་ཐུགས་དགོངས། ས་སྐྱ་པཎྜི་ཏས་སྦྱར་བ་རྫོགས་སོ།། །།

དཔལ་དར་འབུམ་དང་མཇལ་བའི་སྐོར། རྗེ་བཙུན་མི་ལ་རས་པ།

༄༅། །དཔལ་དར་འབུམ་དང་མཇལ་བའི་སྐོར། ན་མོ་གུ་རུ། རྗེ་བཙུན་མི་ལ་རས་པ་དེ་ཉིད་བྱང་རྟ་སྒོའི་གངས་ལ་སྒོམ་དུ་འབྱོན་དགོངས་ནས། ནམ་ཟླ་སྟོན་ཞིག་ལ་བྱོན་པའི་ཚེ། གཅུང་གི་གད་པ་གླེ་གསུམ་དུ་ཕྱག་ཕེབས་པ་ལས། ཡུལ་པ་ཀུན་བཙས་མ་རྔ་ཞིང་འདུག །ཁྱད་པར་ཞིང་ཆེན་པོ་ཞིག་གི་སྟེང་ན། བུ་མོ་ལོ་ལྔ་གསུམ་བཅོ་ལྔ་ཙམ་ལོན་པ་ཡེ་ཤེས་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཞིག་གིས་མགོ་བྱས་པའི་མི་མང་པོ་བཙས་མ་རྔ་བ་ཞིག་འདུག་པས་དེར་བྱོན་ནས། ཡོན་བདག་རྣམས་རྣལ་འབྱོར་པ་ང་ལ་འཚོ་བ་ཞིག་སློང་གསུངས་པས། བུ་མོ་དེ་ན་རེ། རྣལ་འབྱོར་པ་ཁྱེད་རང་མཁར་ཕ་གིའི་སྒོར་བྱོན་ལ་བཞུགས་ཤིག་ང་ཡང་འཕྲལ་དུ་སླེབ་འོང་ཟེར་བ་ལས། རྗེ་བཙུན་མཁར་དེའི་སྒོར་བྱོན་ནས། སྒོ་དེར་ཕྱག་བེར་སུག་པ་ཞིག་མཛད་པས། སྒོ་དེ་ནང་དུ་བརྒྱངས་སོང་བ་དང་། ཡུག་ཅིག་ན་དེའི་ནང་ནས་རྒན་མོ་མི་སྡུག་པའི་ཆ་བྱད་ཅན་ཐལ་བ་སྤར་མོ་གང་འཁྱེར་བ་ཞིག་བྱུང་ནས། སྤྲང་པོ་རྣལ་འབྱོར་པ་ཁྱེད་རྣམས་དབྱར་གྱི་དུས་ན་དཀར་སྤྲང་བྱེད། དགུན་གྱི་དུས་ན་སྐྱུར་སྤྲང་བྱེད། ཁྱོད་ལ་སྡོད་པའི་དུས་ཀྱང་མི་འདུག །ཁྱོད་ངའི་བུ་མོ་དང་མནའ་མའི་སྐྱེ་ཆ་རྣམས་རྐུ་བསམས་ནས་མི་མེད་པའི་སྐབས་བཤར་ཏེ་འོངས་པ་ཡིན་ནམ་ཟེར་གཟུགས་པོ་ཁྲིག་ཁྲིག་བྱེད་ཐལ་བ་འདེབས་གྲབས་བྱེད་ཅིང་། མང་དུ་འབར་དུ་བྱུང་བ་ལས། རྗེ་བཙུན་གྱིས་རྒན་མོ་ཁྱོད་ཀྱི་ཐལ་བ་རྡེག་ལོང་འོང་བས། ཅུང་ཟད་ཅིག་ང་མི་ལ་རས་པའི་གླུ་འདིར་ཉོན་ཅིག་གསུངས་ནས་ཨ་ཕྱི་ལ་དོན་དགུ་དང་ལྡན་པའི་མགུར་འདི་གསུངས་སོ། །ཡར་མཐོ་རིས་ཐར་པའི་བདེ་བ་དང་གཅིག །མར་ངན་སོང་གསུམ་གྱི་སྡུག་བསྔལ་དང་གཉིས། །བར་གར་སྐྱེ་རང་དབང་མེད་པ་དང་གསུམ། །གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་ཆོས་དང་འཁོན་པའི་ཞེ་གནག་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་ཀྱིས། །བསྟེན་ན་མཚན་ལྡན་བླ་མ་སྟེན། །ཁྱོད་དང་པོ་ཁྱིམ་ལ་བཏང་དུས་ན། །འདི་འདྲ་མ་ཞིག་ཨེ་བྱུང་སོམས། །སྔ་དྲོ་ལྡང་བའི་སྔ་མ་དང་གཅིག །དགོང་མོ་ཉལ་བའི་ཕྱི་མ་དང་གཉིས། །ཟིན་པ་མེད་པའི་བྱ་ལས་དང་གསུམ། །གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་གླ་ལྟོ་མེད་པའི་བྲན་ཁོལ་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་ཀྱིས། །བསྟེན་ན་མཚན་ལྡན་བླ་མ་སྟེན། །དེ་ནས་འདི་འདྲ་ཨེ་བྱུང་སོམས། །གལ་པོ་ཆེ་ཡི་བཟའ་དཔོན་དང་གཅིག །མེད་ཀྱང་དགོས་པའི་ཁྲལ་སྡུད་དང་གཉིས། །མེད་མི་རུང་གི་བུ་ཚ་དང་གསུམ། །གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་གལ་ཆུང་རང་ལ་དགོས་པའི་སྐལ་མེད་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་སྟེན། །དེ་རྗེས་འདི་འདྲ་ཨེ་བྱུང་སོམས། །ཐོབ་ན་བརྐུ་བའི་རྐུན་མ་དང་གཅིག །མ་ཐོབ་འཕྲོག་པའི་ཇག་པ་དང་གཉིས། །ཤི་རྨས་མེད་པའི་འཁྲུག་པ་དང་གསུམ། །གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་དགྲ་ཕུགས་ནས་ལངས་པའི་མེ་རེག་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་ཀྱིས། །བསྟེན་ན་མཚན་ལྡན་བླ་མ་སྟེན། །དེ་རྗེས་འདི་འདྲ་ཨེ་བྱུང་སོམས། །མིའི་བུ་མོའི་ངོ་འཛིན་དང་གཅིག །རང་གི་བུ་ཚའི་ཚིག་སྦོགས་དང་གཉིས། །ཚ་ཡུག་མང་པོའི་ཅོ་ལོ་དང་གསུམ། །གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་བཟོད་པ་སྒོམ་པའི་རྣ་ཐེག་ཅན། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་ཀྱིས། །བསྟེན་ན་མཚན་ལྡན་བླ་མ་སྟེན། །དེ་རྗེས་འདི་འདྲ་ཨེ་བྱུང་སོམས། །རྟོད་ཕུར་འདོན་པའི་ལྡང་ལུགས་དང་གཅིག །བྱ་ལ་འཇབ་པའི་འགྲོ་ལུགས་དང་གཉིས། །ས་དོ་ཆད་པའི་སྡོད་ལུགས་དང་གསུམ། །གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་སྒྱུ་ལུས་རྒུད་པའི་ཡིད་ཕམ་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་སྟེན། །དེ་རྗེས་འདི་འདྲ་ཨེ་བྱུང་སོམས། །ཕྱི་པགས་པ་འདུས་པའི་གཉེར་མ་དང་གཅིག །ནང་ཤ་ཁྲག་ཟད་པའི་རུས་འབུར་དང་གཉིས། །བར་གླེན་ལྐུགས་འོན་ལོང་ཐོམ་ཡོར་དང་གསུམ། །གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་མི་སྡུག་སྟོན་པའི་ཁྲོ་གཉེར་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་ཀྱིས། །བསྟེན་ན་མཚན་ལྡན་བླ་མ་སྟེན། །ད་ལྟ་འདི་འདྲ་ཨེ་འདུག་སོམས། །གྲང་ལ་ཉོག་པའི་བཟའ་བཏུང་དང་གཅིག །ལྕི་ལ་ཧྲུལ་པའི་དུག་པོ་དང་གཉིས། །པག་པོ་བཞི་སྦྱོར་གྱི་མལ་ས་དང་གསུམ། །གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་མིས་འགོམ་ཁྱིས་འགོམ་གྱི་རྟོགས་ལྡན་མ། །ཁྱེད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་སྟེན། །ད་ནི་འདི་འདྲ་ཡོང་བས་སོམས། །ཡར་མཐོ་རིས་དང་ཐར་པ་ནི་ཉིན་མོའི་སྐར་མ་བས་དཀོན། །མར་འཁོར་བ་དང་ངན་སོང་ནི་ཤ་གཟུག་ཕྲན་པས་བྲིན། །ད་ལྟ་ཡིད་ཕམ་བེམ་རིག་འགྱེས་དུས་འདིར། །ཨ་ཕྱི་འཆི་བྲོད་གདེང་ཚད་མེད་པའི་གནོང་ཅན་མ། །ཁྱོད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་མཛོད། །བསྟེན་ན་མཚན་ལྡན་བླ་མ་སྟེན། །ཅེས་གསུངས་པས། རྗེ་བཙུན་གྱི་ཐུགས་རྗེ་དང་གསུང་དབྱངས་སྙན་པོས་རྒན་མོ་རང་དབང་མེད་པའི་དད་པ་སྐྱེས། ལག་པའི་ཐལ་བ་ཡང་སོར་བར་ནས་འཛགས་ནས་སོང་སྟེ། རྒན་མོས་སྔར་བྱས་ཀྱི་ལས་རྣམས་དྲན་ནས་འགྱོད་དེ། མཆི་མ་གཏོང་ཞིང་ཡོད་པའི་ཚེ། ཞིང་ཁའི་བུ་མོ་རྗེ་བཙུན་ལ་སྒོ་ཁུང་སྟོན་མཁན་དེ་བསླེབས་བྱུང་བས། རྗེ་བཙུན་ལ། རྣལ་འབྱོར་པ་ཁྱེད་ཆོས་པ་མི་འདྲ་བར་རྒན་མོ་འདི་བརྡུངས་ནས། འདི་རྡུང་བའི་ཤགས་རང་ཅི་ཡོད་དམ་ཟེར་བྱུང་བ་ལ། རྒན་མོ་ན་རེ། བུ་མོ་ཁོང་ལ་རྒོལ་བ་མ་ཞུ་ཅིག །ཁོང་གིས་ང་ལ་བཀའ་བཀྱོན་པ་མ་ཡིན། ངས་ཁོང་ལ་རྒོལ་བ་ཞུས་པའི་ལན་དུ། ཆོས་ཤིག་གནང་བ་དེ་རྣམས་ངའི་ཐོག་ཏུ་མ་བྱུང་བ་སྣ་གཅིག་ཀྱང་མི་འདུག་པས། རང་ལ་ཡི་ཆད་གནོང་ལངས་ཏེ། ཆོས་མ་ནུས་པ་ལ་འགྱོད་དྲགས་ནས་མཆི་མ་ཤོར་བ་ཡིན། ད་ཁྱོད་རང་ང་ལྟ་བུ་ནི་མིན། ན་སོ་ནི་གཞོན་ལོངས་སྤྱོད་དང་དད་པ་ནི་ཡོད། བླ་མ་འདི་མི་ལ་རས་པ་ཟེར་བ་དེ་ཡིན་པར་འདུག །ཁོང་ལ་བསྙེན་བཀུར་ཕུལ་ལ། ཆོས་དང་གདམས་ངག་ཞུས་ཤིག་ཟེར་བ་ལ། བུ་མོ་དེ་ན་རེ། དེ་ལྟར་ཡིན་ན་ཁྱེད་གཉིས་ཀ་ངོ་མཚར་ཆེ། ཁྱེད་དབང་ཕྱུག་མི་ལ་རས་པ་ཡིན་ན། ངེད་ཞལ་མཇལ་བ་རང་གིས་བསོད་ནམས་བསགས། ཁྱེད་ཀྱིས་ཆོས་པ་རྣམས་ལ་བརྒྱུད་པའི་ལོ་རྒྱུས་བཤད་པས། བུ་སློབ་རྣམས་ཡིད་ཆེས་པ་དང་། སྣང་བ་འགྱུར་བའི་གདམས་པ་བྱ་བ་ཡོད་ཟེར་བ། ཁྱེད་ཀྱི་བརྒྱུད་པ་དེ་གསུངས་དང་ཟེར་བ་ལ། རྗེ་བཙུན་གྱིས་བུ་མོ་དེ་ལས་ཅན་གྱི་སློབ་མར་དགོངས་ནས། བརྒྱུད་པའི་ཐུག་ཚུལ་འདི་མགུར་དུ་གསུངས་སོ། །ཆོས་སྐུ་ཀུན་ལ་ཁྱབ་པ་ཀུན་ཏུ་བཟང་པོ་དང་གཅིག །ལོངས་སྐུ་མཚན་དཔེས་སྤྲས་པ་རྡོ་རྗེ་འཆང་ཆེན་དང་གཉིས། །སྤྲུལ་སྐུ་འགྲོ་དོན་མཛད་པ་ཤཱཀྱ་ཐུབ་པ་དང་གསུམ། །བརྒྱུད་པ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །བརྒྱུད་པ་དེ་གསུམ་ལ་དད་པའི་ཉ་མ་འདྲ་ཡོད་དམ་གསུངས་པས། བརྒྱུད་པ་ངོ་མཚར་ཆེ་བར་གདའ། དཔེ་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་ཞིག་འདུག །ཁྱེད་ཆོས་པ་ལ། ཕྱི་ཤེས་རྒྱུད་བརྡའི་བླ་མ་ལ་བརྟེན་ནས། ནང་སྐྱེ་མེད་ཆོས་སྐུ་གཏན་ལ་འབེབས་པ་བྱ་བ་ཡོད་ཟེར་བ། ཁྱེད་རང་གིས་རྩ་བའི་བླ་མ་ཇི་ལྟ་བུ་ཞིག་བསྟེན་གསུངས་དང་ཟེར་བ་ལ། རྗེ་བཙུན་གྱིས་ང་ལ་རྩ་བའི་བླ་མ་འདི་ལྟ་བུ་ཡོད་གསུང་མཚན་ལྡན་བླ་མ་བསྟེན་ཚུལ་འདི་མགུར་དུ་གསུངས་སོ། །ཤེས་རྒྱུད་ཕྱི་ནས་མཚོན་པ་ཕྱིའི་བླ་མ། །རིག་རྒྱུད་ནང་ནས་སྟོན་པ་ནང་གི་བླ་མ། །དོན་རྒྱུད་སེམས་ལ་སྟོན་པ་དོན་གྱི་བླ་མ། །བླ་མ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །བླ་མ་དེ་གསུམ་ལ་དད་པའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། མོ་ན་རེ། བླ་མ་དེ་ཁྱད་པར་འཕགས་གདའ། གསེར་གྱི་ཉག་ཐག་ལ་གཡུ་བརྒྱུས་པ་ལྟ་བུ་ཞིག་འདུག །བླ་མ་དེ་ལྟ་བུ་ལ་ཆོས་ཞུ་བའི་སྔོན་དུ་དབང་ཇི་ལྟ་བུ་ཞུས་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བུམ་པ་སྤྱི་ཐོག་ཏུ་འཇོག་པ་ཕྱི་ཡི་དབང་། །རང་ལུས་ལྷ་སྐུར་སྟོན་པ་ནང་གི་དབང་། །སེམས་ཉིད་རང་ངོ་སྤྲོད་པ་དོན་གྱི་དབང་། དབང་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །དབང་དེ་གསུམ་ཞུ་བའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། ཡང་མོ་ན་རེ། དབང་ཤིན་ཏུ་ཟབ་པར་གདའ། དཔེ་གཅན་གཟན་གྱི་རྒྱལ་པོ་སེང་གེས་སྡེར་ཆགས་ཐམས་ཅད་ཟིལ་གྱིས་གནོན་པ་ལྟ་བུ་ཞིག་གདའ། །ད་དབང་ཞུས་རྟིང་རིག་པ་ལམ་དུ་འཇུག་པ་ལ་དོན་གྱི་ཁྲིད་བྱ་བ་ཡོད་ཟེར་བ་ཁྲིད་ཇི་ལྟ་བུ་ཞུས་ཞུ་བའི་ལན་དུ་མགུར་འདི་གསུངས་སོ། །ཐོས་བསམ་སྒོམ་གསུམ་བྱེད་པ་ཕྱི་ཡི་ཁྲིད། །རིག་པ་རྡོ་རུས་སྤྲོད་པ་ནང་གི་ཁྲིད། །ཉམས་རྟོགས་འདུ་འབྲལ་མེད་པ་དོན་གྱི་ཁྲིད། ཁྲིད་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། ཁྲིད་དེ་གསུམ་ཞུ་བའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། ཁྲིད་དེ་མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་འཆར་བ་ལྟ་བུ་ཞིག་གདའ། ཁྲིད་ཞུས་རྟིང་རི་ཁྲོད་འགྲིམས་ནས་གཅོད་བྱེད་དགོས་ཟེར་བ། ཁྱེད་ཀྱིས་གཅོད་ཇི་ལྟ་བུ་ཞིག་བྱས་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །གཉན་ས་རི་ཁྲོད་འགྲིམས་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་ཏུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །གཅོད་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། གཅོད་དེ་གསུམ་ཞུ་བའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། མོ་ན་རེ། གཅོད་དེ་བྱ་ཁྱུང་ནམ་མཁའ་ལ་འཕུར་བས་བྱ་ཕྲན་ཐམས་ཅད་ཟིལ་གྱིས་གནོན་པ་ལྟར་ངོ་མཚར་ཤིན་ཏུ་ཆེ་བར་གདའ། རྣལ་འབྱོར་པ་ལ་གཅོད་བྱེད་དུས་རྐྱེན་ངན་ལམ་དུ་སློང་བ་ལ་ཕཊ་བྱ་བ་ཡོད་ཟེར་བ། ཁྱེད་ཀྱིས་ཕཊ་ཀྱི་དོན་ཞིག་གསུངས་དང་ཟེར་བ་ལ་མགུར་འདི་གསུངས་སོ། །རྣམ་རྟོག་འཐོར་བ་སྡུད་པ་ཕྱི་ཡི་ཕཊ། །རིག་པ་བྱིང་བ་བསེང་བ་ནང་གི་ཕཊ། །གནས་ལུགས་ངང་ལ་འཇོག་པ་དོན་གྱི་ཕཊ། །ཕཊ་སྐོར་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །ཕཊ་དེ་གསུམ་སྒྲོག་པའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། མོ་ན་རེ། ཕཊ་དེ་ཤིན་ཏུ་ངོ་མཚར་ཆེ་བར་གདའ་སྟེ། རྒྱལ་པོ་ཆེན་པོའི་དམག་གི་དུང་ངམ་བཀའ་ལྟ་བུར་དོན་མྱུར་ལ་ཆེ་བ་སྟོན་པ་ཞིག་གདའ། དེ་ལྟར་ཐུགས་ཉམས་སུ་བཞེས་པ་ལ་འཆར་སྒོ་ཇི་ལྟ་བུ་ཞིག་བྱུང་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །གཞི་མ་བཅོས་ཁྱབ་གདལ་ཆེན་པོར་ཤར། །ལམ་མ་བཅོས་ཟངས་ཐལ་ཆེན་པོར་ཤར། །འབྲས་བུ་མ་བཅོས་ཕྱག་རྒྱ་ཆེན་པོར་ཤར། །འཆར་སྒོ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །འཆར་སྒོ་དེ་གསུམ་བསྒྲུབ་པའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། མོ་ན་རེ། འཆར་སྒོ་དེ་རྣམས་སྤྲིན་མེད་ཀྱི་མཁའ་ལ་ཉི་མ་ཤར་བས་དངོས་པོ་ཐམས་ཅད་གསལ་བ་ལྟར་ངོ་མཚར་ཤིན་ཏུ་ཆེ་བར་གདའ། འཆར་སྒོ་དེ་ལ་ཐུགས་ཉམས་སུ་བཞེས་པས་གདེང་ཇི་ལྟ་བུ་ཞིག་ཐོབ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ལྷ་མེད་འདྲེ་མེད་ལྟ་བའི་གདེང་། །དམིགས་མེད་ཡེངས་མེད་སྒོམ་པའི་གདེང་། །རེ་མེད་དོགས་མེད་འབྲས་བུའི་གདེང་། །གདེང་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། །གདེང་དེ་གསུམ་འདོད་པའི་ཉ་མ་འདྲ་ཡོད་དམ། །ཞེས་གསུངས་པས། དེ་ནས་བུ་མོ་དེ་ཤིན་ཏུ་དད་པར་གྱུར་ནས་ཕྱག་འཚལ། ཞབས་སྤྱི་བོར་བླངས་ནས་ནང་དུ་གདན་དྲངས་ཏེ། བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་ནས། བླ་མ་ལགས། བདག་སྔར་མ་རིག་པས་བསྒྲིབས་ནས་ཆོས་མ་དྲན། ད་བླ་མ་ཁྱེད་ཀྱི་ཕྱག་ཕྱི་ལ་འབྲངས་པས། ཆོས་ཐུགས་རྗེས་འཛིན་པར་ཞུ་ཞེས་རང་སྐྱོན་མཐོང་ནས། ཆོས་ཞུ་བའི་ཞུ་དོན་འདི་ལྟར་ཕུལ་ལོ། །ཨང་ཀེ་བླ་མ་རིན་པོ་ཆེ། །འོ་ན་སྐྱེས་མཆོག་སྤྲུལ་པའི་སྐུ། །བདག་མ་གོ་མ་རིག་འཁྲུལ་དངགསུམ། །འཇིག་རྟེན་འདི་ན་མཚང་རེ་ཆེ། །དབྱར་གསུམ་ལྷོ་སྤྲིན་སྟོབས་ཆེས་པས། ཁྲི་གདུགས་ཤར་བ་ངས་མ་ཚོར། །དགུན་གསུམ་ངར་བ་སྟོབས་ཆེས་པས། །མེ་ཏོག་འཁྲུངས་པ་ངས་མ་ཚོར། །བག་ཆགས་ངན་པ་ཚབ་ཆེས་པས། །ཁྱེད་གྲུབ་ཐོབ་ཡིན་པ་ངོ་མ་ཤེས། །ངེད་མོ་བྱིས་ཀྱི་རྣམ་ཐར་བཤད་ཙ་ན། །ལས་ངན་དབང་གིས་ལུས་ངན་བླངས། །སྐྱེ་གནས་ངན་པའི་སྒྲིབ་གཡོགས་ཀྱིས། །རང་སངས་རྒྱས་ཡིན་པ་ངས་མ་ཚོར། །སྙིང་རུས་མེད་པས་ཆོས་མི་དྲན། །ཆོས་བྱ་བློ་ཡོད་ཀྱང་ལེ་ལོས་ཁྱེར། །སྐྱེ་སྒོ་ལེགས་ན་གཞན་དབང་འཆོར། །སྐྱེ་སྒོ་ཞན་ན་གྲོགས་མི་རྙེད། །དྲིན་ཅན་ཕ་མ་རྒྱབ་ཏུ་བོར། །གཏན་གྲོགས་ཕྱོགས་སུ་ཤི་ལྕེབས་བྱེད། །རྩེ་རེག་ཆེ་ལ་བཟོད་བསྲན་ཆུང་། །སྐྱོ་མ་མང་ལ་མཆུ་བསྡུར་མཁས། །ཡུལ་སྡེའི་ནང་ནས་མི་ཁ་སྡུད། །བཟའ་ཚང་ནང་ནས་སྒོ་ཁྱི་དགོས། །ཟས་ནོར་སྤྱི་རུ་སྤྱོད་ལགས་ཀྱང་། །གཤིས་ངན་སེར་སྣ་སྒོས་སུ་བྱེད། །མི་རྟག་འཆི་བ་ཡོང་སྙམ་མེད། །སྒྲིབ་པ་ལུས་ཀྱི་གྲིབ་བཞིན་འབྲངས། །ད་སྙིང་ནས་ལྷ་ཆོས་བྱེད་ལགས་པས། །བདག་གོ་བདེ་འཁྱེར་སླའི་ཆོས་ཤིག་ཞུ། །ཞེས་ཞུས་པས། མཉེས་ནས་རྗེ་བཙུན་གྱིས་མོའི་ཞུས་ལན་དུ་མགུར་འདི་གསུངས་སོ། །ཨང་ཀེ་ཉ་མ་དཔལ་དར་འབུམ། ཁྱེད་བུད་མེད་རྣམས་ཀྱི་རྣམ་ཐར་འདི། །བསྟོད་ར་བརྗོད་ན་རང་མཐོང་སྐྱེ། །སྨད་ར་བརྗོད་ན་ཁོང་ཁྲོ་སྐྱེ། །གནས་ལུགས་བརྗོད་ན་མཚང་ལ་ཕོག །ད་མི་རྒན་ང་ཡི་ཁ་ལ་ཉོན། ཁྱེད་སྙིང་ནས་ལྷ་ཆོས་བྱེད་པ་ན། །བྱད་ཀྱི་ཕྱི་བརྡར་བཤོལ་ནས་ཀྱང་། །སེམས་ལ་ཕྱི་བརྡར་བྱེད་རེ་རན། །ལེགས་འདོད་ཚུལ་འཆོས་སྤངས་ནས་ཀྱང་། །དམན་པའི་གོ་ས་འཛིན་རེ་རན། །བུ་ཁྱོའི་ཁོལ་མོ་བཤོལ་ནས་ཀྱང་། །མཚན་ལྡན་བླ་མ་བསྟེན་རེ་རན། །ཚེ་འདིའི་བྱ་དོན་སྤངས་ནས་ཀྱང་། །ཕྱི་མའི་དོན་ཆེན་སྒྲུབ་རེ་རན། །ནོར་འདོད་སེར་སྣ་སྤངས་ནས་ཀྱང་། །ཕྱོགས་མེད་སྦྱིན་པ་གཏོང་རེ་རན། །དོན་དེ་ཚོ་ཤེས་ན་གྲུང་མོ་ཡིན། །ཁྱེད་མོ་བྱིས་དང་བྱིའུ་ཅོ་ག་འདྲ། །ལྕེ་བདེ་མོ་ལ་ལྷ་ཆོས་དཀོན། །ཁྱེད་མོ་བྱིས་དང་ནགས་གསེབ་རྨ་བྱ་འདྲ། །སྒེག་གཟུགས་མཁན་ལ་ལྷ་ཆོས་དཀོན། །ཁྱེད་མོ་བྱིས་དང་ཚོང་འདུས་ཁེ་བ་འདྲ། ཁྲམ་སེམས་ཅན་ལ་ལྷ་ཆོས་དཀོན། ཁྱེད་ལྷ་ཆོས་ཚུལ་བཞིན་བྱེད་འདོད་ན། །ང་ཕྱིར་འབྲོངས་ལ་ང་བཞིན་མཛོད། །གདམས་ངག་ཡེངས་མེད་རི་ལ་སྒོམས། །ཞེས་གསུངས་པས། ཡང་བུ་མོ་དེས། རྗེ་བཙུན་ལ་ཞུ་དོན་འདི་གླུ་རུ་ཕུལ་ལོ། །ཨང་ཀེ་རྗེ་བཙུན་རིན་པོ་ཆེ། །འབྲེལ་ཚད་དོན་ལྡན་རྣལ་འབྱོར་པ། །ང་ཉིན་པར་ཟིན་མེད་ལས་ཀྱིས་བྲེལ། །མཚན་མོ་གཏི་མུག་གཉིད་དུ་སོང་། །ནངས་ནུབ་ལྟོ་གོས་ཀྱིས་བྲན་ཏུ་བཀོལ། །ཆོས་ལ་བྱེད་པའི་ལོང་མ་བྱུང་། །ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ཁྱོད་ཆོས་རྣམ་དག་བྱེད་ན་འཇིག་རྟེན་གྱི་བྱ་བ་དགྲར་ཤེས་ནས། རྒྱབ་ཏུ་བསྐྱུར་དགོས་ཞེས་མོའི་ཞུས་ལན་དུ་རྒྱབ་བསྐྱུར་བཞི་མ་འདི་མགུར་དུ་གསུངས་སོ། །ཨང་ཀེ་ཉ་མ་དཔལ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་བས་ཕྱི་མ་བཤུལ་ཐག་རིང་། །རྒྱགས་ཕྱེ་གྲབས་སུ་ཆུད་ལགས་སམ། །རྒྱགས་ཕྱེ་གྲབས་སུ་མ་ཆུད་ན། །སྦྱིན་པ་ཡིན་པས་གཏོང་ཡང་འཚལ། །དགྲ་སེར་སྣ་ཟེར་བའི་འགག་ཁྱི་མཁན། །འདིས་ཕན་པར་བཟུང་ཡང་གནོད་པ་བསྐྱལ། །སེར་སྣ་དགྲ་བོ་ཡིན་པར་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་བསྐྱུར་ལ་ཐོངས། །ཨང་ཀེ་ཉ་མ་དཔལ་དར་འབུམ། །ཚེ་འདི་བས་ཕྱི་མ་མུན་པ་ནག །སྒྲོན་མེ་གྲབས་སུ་ཆུད་ལགས་སམ། །སྒྲོན་མེ་གྲབས་སུ་མ་ཆུད་ན། །འོད་གསལ་ཡིན་པས་སྒོམ་ཡང་འཚལ། །དགྲ་གཏི་མུག་ཟེར་བའི་རོ་ཉལ་མཁན། །འདིས་ཕན་པར་བཟུང་ཡང་གནོད་པ་བསྐྱལ། །གཏི་མུག་དགྲ་བོ་ཡིན་པར་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་བསྐྱུར་ལ་ཐོངས། །ཨང་ཀེ་ཉ་མ་དཔལ་དར་འབུམ། །ཚེ་འདི་བས་ཕྱི་མ་འཇིགས་པ་ཆེ། །སྐྱེལ་མ་གྲབས་སུ་ཆུད་ལགས་སམ། །སྐྱེལ་མ་གྲབས་སུ་མ་ཆུད་ན། །ལྷ་ཆོས་ཡིན་པས་བྱེད་ཀྱང་འཚལ། །དགྲ་ཉེ་འབྲེལ་ཟེར་བའི་བཤོལ་འདེབས་མཁན། །འདིས་ཕན་པར་བཟུང་ཡང་གནོད་པ་བསྐྱལ། །ཉེ་འབྲེལ་དགྲ་བོ་ཡིན་པར་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་བསྐྱུར་ལ་ཐོང་། །ཨང་ཀེ་ཉ་མ་དཔལ་དར་འབུམ། །ཚེ་འདི་བས་ཕྱི་མ་ལམ་འཕྲང་རིང་། །རྟ་ཕོ་ཚགས་སུ་ཆུད་ལགས་སམ། །རྟ་ཕོ་ཚགས་སུ་མ་ཆུད་ན། །བརྩོན་འགྲུས་ཡིན་པས་རྩོམ་ཡང་འཚལ། །དགྲ་ལེ་ལོ་ཟེར་བའི་བསླུ་བྲིད་མཁན། །འདིས་ཕན་པར་བཟུང་ཡང་གནོད་པ་བསྐྱལ། །ལེ་ལོ་དགྲ་བོ་ཡིན་པར་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་བསྐྱུར་ལ་ཐོང་། །ཞེས་གསུངས་པས། ཡང་བུ་མོ་དེ་ན་རེ། བླ་མ་ལགས། ཚེ་ཕྱི་མའི་གྲབས་ཅི་ཡང་ཚགས་སུ་མ་ཆུད། ད་ཚགས་སུ་འཇུག་པས་སྒོམ་ཁྲིད་ཅིག་ཐུགས་རྗེས་འཛིན་པར་ཞུ་ཞེས་ཞེ་ཐག་པའི་ཞུ་བ་འབུལ་དུ་བྱུང་བས། རྗེ་བཙུན་ཤིན་ཏུ་མཉེས་ཏེ། ཁྱོད་ཞེ་ཐག་པ་ནས་ཆོས་བྱེད་ན། ངེད་ཀྱི་ལུགས་ལ་མིང་སྤོ་ཡང་མི་དགོས། རབ་སྐྲའི་འོག་ནས་སངས་རྒྱ་བ་ཡིན་པས། སྐྲ་གཅོད་པ་དང་ཆས་བསྒྱུར་བ་ཡང་མི་དགོས་གསུངས། སྒོམ་ཁྲིད་སེམས་ཀྱི་ཉམས་ལེན་དཔེ་བཞི་དོན་དང་ལྔའི་མགུར་འདི་གསུངས་སོ། །ཨང་ཀེ་ཉ་མ་དཔལ་དར་འབུམ། །འོ་ན་ཕྱུག་མོ་དད་ཅན་མ། །ཁྱོད་ནམ་མཁའ་འདི་ལ་དཔེ་ལོངས་ལ། །མཐའ་དབུས་མེད་པའི་སྒོམ་ཞིག་གྱིས། །ཉི་ཟླ་གཉིས་ལ་དཔེ་ལོངས་ལ། །གསལ་འགྲིབ་མེད་པའི་སྒོམ་ཞིག་གྱིས། །རི་བོ་འདི་ལ་དཔེ་ལོངས་ལ། །འཕོ་འགྱུར་མེད་པའི་སྒོམ་ཞིག་གྱིས། །རྒྱ་མཚོ་ཆེ་ལ་དཔེ་ལོངས་ལ། ཁ་གཏིང་མེད་པའི་སྒོམ་ཞིག་གྱིས། །རང་གི་སེམས་ལ་དོན་གྱིས་ལ། །འཁུ་འཕྲིག་མེད་པའི་སྒོམ་ཞིག་གྱིས། །ཞེས་གསུངས་ནས། ལུས་གནད་དང་སེམས་གནད་རྣམས་བསྟན་ཏེ། སྒོམ་དུ་བཅུག་པས། བུ་མོ་དེ་ལ་ཉམས་རྟོགས་བཟང་པོ་སྐྱེས་ནས། ཐེ་ཚོམ་དང་གེགས་བསལ་བའི་ཕྱིར། ཞུ་དོན་འདི་ལྟར་ཕུལ་ལོ། །ཨང་ཀེ་རྗེ་བཙུན་རིན་པོ་ཆེ། །འོ་ན་སྐྱེས་མཆོག་སྤྲུལ་པའི་སྐུ། །ངས་ནམ་མཁའ་བསྒོམ་དུ་བདེ་ལགས་དེ། །ལྷོ་སྤྲིན་བསྒོམ་དུ་ཅུང་མ་བདེ། །ད་ལྷོ་སྤྲིན་བསྒོམ་པའི་གདམས་ངག་ཞུ། །ཉི་ཟླ་བསྒོམ་དུ་བདེ་ལགས་ཏེ། །གཟའ་སྐར་བསྒོམ་དུ་ཅུང་མ་བདེ། །ད་གཟའ་སྐར་བསྒོམ་པའི་གདམས་ངག་ཞུ། །རི་བོ་བསྒོམ་དུ་བདེ་ལགས་ཏེ། །རྩི་ཤིང་བསྒོམ་དུ་ཅུང་མ་བདེ། །ད་རྩི་ཤིང་བསྒོམ་པའི་གདམས་ངག་ཞུ། །རྒྱ་མཚོ་བསྒོམ་དུ་བདེ་ལགས་ཏེ། །རྦ་རླབས་བསྒོམ་དུ་ཅུང་མ་བདེ། །ད་རྦ་རླབས་བསྒོམ་པའི་གདམས་ངག་ཞུ། །རང་སེམས་བསྒོམ་དུ་བདེ་ལགས་ཏེ། །རྣམ་རྟོག་བསྒོམ་དུ་ཅུང་མ་བདེ། །ད་རྣམ་རྟོག་བསྒོམ་པའི་གདམས་ངག་ཞུ། །ཞེས་ཞུས་པས། རྗེ་བཙུན་ཡང་སྒོམ་སྐྱེས་འདུག་དགོངས་ཐུགས་ཤིན་ཏུ་མཉེས་ཏེ། མོའི་ཞུས་ལན་དུ་གེགས་སེལ་བོགས་འདོན་གྱི་མགུར་འདི་གསུངས་སོ། །ཨང་ཀེ་ཉ་མ་དཔལ་དར་འབུམ། །ཉོན་དང་ཕྱུག་མོ་དད་ཅན་མ། །ནམ་མཁའ་བསྒོམ་དུ་བདེ་ལགས་ན། །ལྷོ་སྤྲིན་ནམ་མཁའི་ཆོ་འཕྲུལ་ཡིན། །ནམ་མཁའ་རང་གི་ངང་དུ་ཞོག །ཉི་ཟླ་བསྒོམ་དུ་བདེ་ལགས་ན། །གཟའ་སྐར་ཉི་ཟླའི་ཆོ་འཕྲུལ་ཡིན། །ཉི་ཟླ་རང་གི་ངང་དུ་ཞོག །རི་བོ་བསྒོམ་དུ་བདེ་ལགས་ན། །རྩི་ཤིང་རི་བོའི་ཆོ་འཕྲུལ་ཡིན། །རི་བོ་རང་གི་ངང་དུ་ཞོག །རྒྱ་མཚོ་བསྒོམ་དུ་བདེ་ལགས་ན། །རྦ་རླབས་རྒྱ་མཚོའི་ཆོ་འཕྲུལ་ཡིན། །རྒྱ་མཚོ་རང་གི་ངང་དུ་ཞོག །རང་སེམས་བསྒོམ་དུ་བདེ་ལགས་ན། །རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ཉིད་རང་གི་ངང་དུ་ཞོག །ཅེས་གསུངས་ནས་བསྒོམས་པས། །སེམས་ཆོས་ཉིད་ཀྱི་གནས་ལུགས་གཏན་ལ་ཕབ་སྟེ། །སྐུ་ལུས་འདི་ཉིད་ཀྱིས་རོལ་མོའི་སྒྲ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་པ་ཡིན་ནོ། །རྗེ་བཙུན་གྱི་སྲས་རྣམས་ཀྱི་སྲིང་བཞི་ལས། གཅུང་གི་གད་པ་གླེ་སུམ་དུ་ཉ་མ་དཔལ་དར་འབུམ་དང་མཇལ་བའི་སྐོར་རོ།

༈ བླ་མའི་བཀའ་དྲིན་བསམ་ལས་འདས། །མི་རྟག་རྒྱུད་ལ་སྐྱེས་པས་བྱས་ཚད་ཆོས་སུ་སོང་། །འཆི་བ་ཡང་ཡང་དྲན་པས་ལེ་ལོའི་བདུད་ལས་རྒྱལ། །ནམ་འཆི་ཤེས་རྒྱུ་མེད་པ་མདང་གི་རྒན་མོ་འདྲ། །ཆུང་རང་རྒྱུད་མ་གྱོང་བླ་མའི་བཀའ་ལ་ཉོན། །ཕྱི་སྣང་བའི་ཡུལ་ལ་ཕར་ལྟོས་དང་། །སྣང་བ་མི་རྟག་པ་མདང་གི་རྨི་ལམ་འདྲ། །རྨི་ལམ་དྲན་བཞིན་འཁྲུལ་བས་བློ་མ་བདེ། །འཁྲུལ་བ་རྩད་ནས་ཆོད་དམ་རས་ཆུང་པ། །བདག་བསམ་བཞིན་ལྷ་ཆོས་དྲན་པར་བྱུང་། །ནང་སྐྱིད་འདོད་གཟུགས་ཀྱི་ཐོ་ཡོར་འདི། །ཅི་ཕན་སྒྲུབ་ཚད་སྡུག་བསྔལ་རྒྱུ། །མི་གཙང་རྫས་ཀྱི་རྐྱལ་བ་ལ། །རང་རྩིས་མ་བྱེད་གླུ་འདིར་ཉོན། །རང་གི་ལུས་ལ་ཚུར་བལྟས་པས། །མི་རྟག་དྲི་ཟའི་གྲོང་ཁྱེར་འདྲ། །སློང་ཞིང་འཇིག་པས་བློ་མ་བདེ། །སྐྱེ་འཆི་ཆོད་དམ་རས་ཆུང་པ། །བདག་བསམ་བཞིན་ལྷ་ཆོས་དྲན་པར་བྱུང་། །བསམ་ངན་མི་ལ་སྐྱིད་སྐལ་མེད། །ཙབ་ཙོབ་བློ་མང་གྱོད་ཀྱི་གཞི། །རང་གཤིས་ངན་པ་རང་གི་བྱུར། །སེམས་རྟོགས་འདོད་མ་ཆེ་གླུ་འདིར་ཉོན། །ནང་འཛིན་པའི་སེམས་ལ་ཚུར་བལྟས་པས། །མི་རྟག་ཤིང་ཁའི་བྱེའུ་འདྲ། །བཞག་སར་མི་སྡོད་བློ་མ་བདེ། །སེམས་བཙན་ས་ཟིན་ནམ་རས་ཆུང་པ། །བདག་བསམས་ཤིང་ལྷ་ཆོས་དྲན་པར་བྱུང་། །ནང་དབུགས་སྲོག་རྟ་རྔའི་ཉག་མ་ཙམ། །ཆད་ལ་ཁད་པའི་བྲེང་བྲེང་པོ། །མདང་གསུམ་རྒན་མོའི་དབུགས་དང་འདྲ། །ཚེ་འདི་ལ་མ་ཞེན་གླུ་འདིར་ཉོན། །ནང་འགྱུ་བའི་དབུགས་ལ་ཚུར་བལྟས་པས། །དབུགས་མི་རྟག་བར་སྣང་ན་བུན་འདྲ། །ན་བུན་ཡལ་ནས་འགྲོ་བས་བློ་མ་བདེ། །འགྱུ་བ་རང་སང་ཕྱེད་དམ་རས་ཆུང་པ། །བདག་བསམས་ཤིང་ལྷ་ཆོས་དྲན་པར་བྱུང་། །རིགས་ངན་གྱི་ཉེ་བ་འགྲོགས་ཤིང་སྡང་། །མི་ངན་གྱི་གྲོགས་པོས་གཏམ་ངན་སློང་། །ཕན་ཨེ་ཐོགས་རྒན་མོའི་ཁྱིམ་མཚེས་འདྲ། །བུ་རེ་བ་མ་ཆེ་གླུ་འདིར་ཉོན། །དུས་པའི་གྲོགས་ལ་ཚུར་བལྟས་པས། །གྲོགས་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །འདུས་ནས་འབྲལ་བར་ངེས་པས་བློ་མ་བདེ། །འབྲེལ་བ་གོང་དུ་ཞོགས་སམ་རས་ཆུང་པ། །བདག་བསམས་ཤིང་ལྷ་ཆོས་དྲན་པར་བྱུང་། །ནོར་བསགས་ཚད་བདག་པོས་མི་སྤྱོད་པར། །སྲིད་པ་ལས་ཀྱི་ཆོས་ལུགས་ཡིན། །སེར་སྣས་བསགས་པའི་ནོར་རྫས་རྣམས། །རྒན་མོའི་སྔས་ཀྱི་ཕྱེ་ཐུམ་འདྲ། །སེམས་ཆགས་ཞེན་མ་ཆེ་གླུ་ལ་ཉོན། །བསགས་པའི་ནོར་ལ་ཚུར་བལྟས་པས། །ནོར་མི་རྟག་སྦྲང་མའི་སྦྲང་རྩི་འདྲ། །བདག་ཟས་གཞན་གྱིས་སྤྱོད་པས་བློ་མ་བདེ། །སེམས་ཉིད་གཏེར་ཁ་ཕྱེད་དམ་རས་ཆུང་པ། །བདག་བསམས་ཤིང་ལྷ་ཆོས་དྲན་པར་བྱུང་། །ཞེས་གསུངས་ནས། རྒན་མོའི་རུས་པའི་ལས་རྣམས་རྫོགས་པར་མཛད། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲངས་ཏེ། ཕྱེ་སོགས་གསོལ་དུ་རུང་བ་རྣམས་བསྣམས་ནས། བེ་རྩེའི་འདོད་ཡོན་གྱི་རྫོང་དུ་བྱོན་ནོ། །ཅེས་པ་འདི་རྗེ་བཙུན་མི་ལ་རས་པའི་འགུར་འབུམ་ལས་ཁོལ་བྱུང་ངོ་། །

ལམ་གཙོ་རྣམ་གསུམ། རྗེ་བདག་ཉིད་ཆེན་པོ།

༄༅། །རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་བཞུགས་སོ། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་། །དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །སྐལ་སྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིསྣང་ཤས་ལྡོག །ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །ཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས། །བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི། །ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད། །གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོས་པ་རྟོགས་པ་མེད། །ནམ་ཞིག་རེ་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། །ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ། །

རང་ལ་བསྐུལ་བའི་ཚིགས་སུ་བཅད་པ་འཁོར་བ་ལ་སྐྱོ་བའི་གཏམ། རྗེ་བདག་ཉིད་ཆེན་པོ།

༄༅། །རང་ལ་བསྐུལ་བའི་ཚིགས་སུ་བཅད་པ་འཁོར་བ་ལ་སྐྱོ་བའི་གཏམ་ཞེས་བྱ་བ་བཞུགས། བསླབ་གསུམ་རྒྱན་དང་ཐོས་པའི་ཕ་རོལ་སོན། །སྟོང་གསུམ་ཁྱབ་པའི་གྲངས་ལྡན་འགྲོ་བའི་མགོན། །སྐུ་གསུམ་མངོན་མཛད་བླ་མའི་ཞབས་པད་ལ། །སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །སྐུ་གཉིས་ཕུལ་བྱུང་ལུས་སྟོབས་རྒྱས་པ་ལ། །བསླབ་གསུམ་རྣམ་དག་གསེར་གྱི་དྲ་བས་གཡོགས། །སྐུ་བཞིའི་མཆེ་བ་རབ་དཀར་ཤིན་ཏུ་བརྟན། །སྐུ་ལྔའི་བདག་ཉིད་ཐུབ་དབང་ལག་ལྡན་རྒྱལ། །དལ་འབྱོར་ཐོབ་ཀྱང་དལ་བའི་སྐབས་མེད་ཅིང་། །བདེ་འགྲོར་སྐྱེས་ཀྱང་བདེ་བས་དབེན་པར་གྱུར། །ཆོས་ལ་མོས་ཀྱང་ཆོས་དོན་རྟོགས་པ་མེད། །བློ་གྲོས་དམན་ཀྱང་བློ་བཟང་ཞེས་བཏགས་པའི། །རྒྱལ་ཁམས་པ་ཁྱོད་རང་གི་སྐུལ་ཚིག་ལ། །མ་གཡེངས་རྣ་བའི་དབང་ཤེས་ལེགས་གཏད་དེ། །ལུང་དང་རིགས་པས་ལེགས་པར་བརྟགས་བྱས་ནས། །འདིར་སྨྲས་དོན་རྣམས་ཉམས་སུ་བླང་བར་རིགས། །ཁྱོད་ཀྱིས་སྔོན་ཡང་དུག་གསུམ་ལ་སྤྱད་པས། །ཐོག་མ་མེད་ནས་ཐ་མ་ད་ཡི་བར། །མ་རིག་ཁྲོད་འདིར་བགྲང་ལས་འདས་པ་འཁོར། །བཟོད་གླགས་མེད་པའི་སྡུག་བསྔལ་སྣ་ཚོགས་མྱོང་། །ད་དུང་འདི་ལ་སྤྱད་པར་བྱས་ན་ནི། །སླར་ཡང་ངན་སོང་གསུམ་ལས་འགྲོ་ས་མེད། །ཀྱི་ཧུད་ངན་འགྲོའི་སྡུག་བསྔལ་བཟོད་གྱུར་ཏམ། །ཀྱེ་མའོ་དེ་རྒྱུ་དེང་ནས་སྤང་བར་རིགས། །ཞེས་སྨྲས་པ་དང་། ཁོ་ན་རེ། འོ་ན་དེར་མི་སྐྱེ་བའི་ཐབས་ཅི་ཡོད། དེ་ཡི་སྡུག་བསྔལ་ཡང་ཇི་ཙམ། སྡུག་བསྔལ་དེ་ཉམས་སུ་མྱོང་བའི་རྒྱུ་ཅི། ཞེས་པའི་ལན་སྨྲས་པ། ངན་འགྲོའི་གནས་སུ་མི་སྐྱེའི་ཐབས་དག་ནི། །བཤད་ཀྱིས་ལེགས་པར་ཉོན་དང་རྒྱལ་ཁམས་པ། །འཕྲལ་ཕུགས་ཀུན་ཏུ་མི་བསླུར་ངེས་གྱུར་པའི། །སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །སེམས་ཅན་འདི་དག་ཐོག་མ་མེད་ནས་བདག །དྲིན་གྱིས་བསྐྱངས་པའི་མ་མ་དྲིན་ཅན་ཡིན། །དེ་སླད་མ་རྒན་དེ་དག་བྱང་ཆུབ་ལ། །འགོད་པའི་ཕྱིར་དུ་བྱང་ཆུབ་མཆོག་སེམས་བསྐྱེད། །བཀའ་དང་བསྟན་བཅོས་ཇི་སྙེད་གསུངས་དེ་ཡི། །དགོངས་དོན་ཡོངས་འཛིན་བཟང་པོས་བསྟན་དོན་ལ། །དབེན་པའི་གནས་སུ་གྲོགས་མེད་གཅིག་པུ་རུ། །གཡེང་བ་སྤངས་ཏེ་རྩེ་གཅིག་གནས་པར་བྱ། །རྗེས་ཀྱི་སྐབས་སུ་དགེ་དེས་མཚོན་པ་ཡིས། །འཁོར་འདས་གཉིས་ཀྱིས་བསྡུས་པའི་དགེ་རྩ་རྣམས། །མཁའ་མཉམ་མ་རྒན་རྣམས་ཀྱི་དོན་དུ་ནི། །འཁོར་གསུམ་དག་པའི་ཐབས་ཤེས་གཉིས་ལྡན་གྱིས། །སྒྲོ་སྐུར་མཚན་མའི་ཚོགས་རྣམས་སྤངས་བྱས་ནས། །སྟོབས་བཅུ་མངའ་བའི་ས་དེར་བསྔོ་བར་བྱ། །གང་དུ་གནས་ན་དུག་གསུམ་ལ་སོགས་པའི། །ཉོན་མོངས་ཚོགས་རྣམས་ཡར་ངོའི་ཟླ་བཞིན་འཕེལ། །དཀར་ཕྱོགས་ཐོ་རངས་རྒྱུ་སྐར་ལྟར་འགྲིབ་པའི། །གནས་ངན་མྱུར་དུ་སྤོངས་དང་རྒྱལ་ཁམས་པ། །སྣ་ཚོགས་འདམ་སྐྱེས་དཔག་མེད་གཅལ་དུ་བཀྲམ། །རྐང་དྲུག་ལྡན་རྣམས་དགའ་བའི་གླུ་ལེན་ཞིང་། །སྙན་པའི་དར་དིར་སྒྲོག་པར་བྱེད་པ་ཡི། །དབེན་གནས་དམ་པ་སྟེན་དང་རྒྱལ་ཁམས་པ། །ཚིག་ཙམ་ཤེས་ཀྱང་དོན་ལ་བློ་མ་ཕྱོགས། །སྡོམ་བརྩོན་རྣམས་ལ་སྡང་ཞུགས་མནར་སེམས་ཅན། །ཕྱོགས་འཛིན་རླུང་གིས་རྣམས་པར་གཡེངས་གྱུར་པའི། །བླ་མའི་གཟུགས་བརྙན་སྤོངས་དང་རྒྱལ་ཁམས་པ། །ཡིན་ལུགས་ཁོང་དུ་ཆུད་ཅིང་དབང་པོ་དུལ། །མཐོང་བ་ཙམ་གྱིས་གཞན་ཡིད་འཕྲོག་པར་བྱེད། །བསྟེན་པ་ཙམ་གྱིས་དགེ་འཕེལ་སྐྱོན་འགྲིབ་པའི། །བཤེས་གཉེན་དམ་པ་སྟེན་དང་རྒྱལ་ཁམས་པ། །དམུ་རྒོད་མ་རུང་དུག་སྦྲུལ་ཁྲོས་འདྲ་ཞིང་། །འགྲོགས་པ་ཙམ་གྱིས་རང་གཞན་འཕུང་བར་བྱེད། །ཐར་པའི་སྲོག་རྩ་གཅོད་པར་བྱེད་པ་ཡི། །གྲོགས་ངན་མྱུར་དུ་སྤོངས་དང་རྒྱལ་ཁམས་པ། །གཞན་ལ་འཚེ་བས་དབེན་པའི་རི་དྭགས་དང་། །ཉན་ཤེས་འཁོར་དུ་བདེ་བ་སྐྱེད་པའི་སྒྲ། །རྒྱུན་དུ་སྒྲོག་པ་འདབ་བཟང་གཞོན་ནུའི་ཚོགས། །དེ་འདྲའི་གྲོགས་དག་སྟེན་དང་རྒྱལ་ཁམས་པ། །དེ་ལྟར་ཇི་སྐད་བསྟན་བཞིན་བྱེད་གྱུར་ན། །ངན་སོང་གནས་རྣམས་གང་དུའང་མི་སྐྱེ་ཞིང་། །གནས་སྐབས་མངོན་མཐོ་མཐར་ཐུག་ངེས་ལེགས་ཀྱི། །གོ་འཕང་ཐོབ་པར་འགྱུར་རོ་རྒྱལ་ཁམས་པ། །དྲི་བ་དང་པོའི་ལན་རྫོགས་སོ། །ཀ་ཡེ་ད་དུང་གསོན་དང་རྒྱལ་ཁམས་པ། །ངན་སོང་གསུམ་གྱི་སྡུག་བསྔལ་ཆེ་ཆུང་ནི། །རྣམ་པ་གསུམ་དུ་འགྱུར་ཏེ་ཆེན་པོ་ནི། །དམྱལ་བ་རྣམས་ལ་ཡོད་དེ་དེ་ཡང་ནི། །ཚ་གྲང་སྡུག་བསྔལ་བརྒྱད་ཕྲག་གཉིས་སུ་འགྱུར། །ཡང་སོས་ཐིག་ནག་བསྡུས་འཇོམས་ངུ་འབོད་དང་། །ངུ་འབོད་ཆེན་པོ་ཚ་བ་རབ་ཚ་དང་། །མནར་མེད་པ་སྟེ་ཚ་བའི་དམྱལ་བ་བརྒྱད། །ཆུ་བུར་ཆུ་བུར་རྡོལ་དང་ཀྱི་ཧུད་དང་། །ཨ་ཆུ་སོ་ཐམ་པ་དང་ཨུཏྤལ་ལྟར། །གས་དང་པདྨ་ལྟར་གས་ཆེར་གས་ཏེ། །དེ་ལྟར་གྲང་བའི་དམྱལ་བ་རྣམ་བརྒྱད་དང་། །མེ་མ་མུར་དང་རོ་མྱགས་འདམ་དང་ནི། །སྤུ་གྲིས་གཏམས་སོགས་ཉེ་འཁོར་བ་དག་དང་། །རྒྱ་མཚོའི་འགྲམ་སོགས་ངེས་མེད་ལ་གནས་པའི། །ཉི་ཚེ་བ་དང་རྣམ་པ་བཅོ་བརྒྱད་དོ། །དེ་དག་རྣམས་ཀྱང་སྔ་མ་སྔ་མ་ལས། །ཕྱི་མ་ཕྱི་མའི་སྡུག་བསྔལ་བཟོད་པར་དཀའ། །མདོར་ན་ཚ་གྲང་སྡུག་བསྔལ་བཟོད་དཀའ་ཡིས། །ཀུན་ནས་གཟིར་ཞིང་ཐར་པའི་མཐུ་མ་མཆིས། །འབྲིང་ནི་ཡི་དྭགས་ལ་ཡོད་དེ་ཡང་ནི། །ཕྱི་ནང་ཟས་སྐོམ་སྒྲིབ་པས་གསུམ་དུ་འགྱུར། །ཕྱི་ཡི་སྒྲིབ་པ་ཅན་རྣམས་རྒྱ་མཚོ་ལའང་། །རྣག་ཁྲག་སོགས་སུ་མཐོང་ནས་སྤྱོད་སྐལ་མེད། །ནང་གི་སྒྲིབ་པ་ཅན་རྣམས་ཟས་སྐོམ་སོགས། །མི་རྙེད་གལ་ཏེ་ཅུང་ཟད་རྙེད་གྱུར་ཀྱང་། །མགྲིན་པར་མི་ཚུད་ལོངས་སྤྱོད་མཐུ་ཡང་མེད། །ཟས་སྐོམ་སྒྲིབ་པར་གྱུར་རྣམས་ཟོས་པ་དང་། །བཏུང་བ་རྣམས་ཀྱང་མེ་ལྕེའི་ཕྲེང་བ་རུ། །གྱུར་ནས་རང་ཉིད་དག་ཀྱང་འཚིག་པར་བྱེད། །མདོར་ན་བཀྲེས་སྐོམ་སྡུག་བསྔལ་བཟོད་གླགས་མེད། །དག་གིས་གཟིར་ཅིང་ཐར་པའི་སྐབས་མ་མཆིས། །ཆུང་ངུ་དུད་འགྲོ་ལ་ཡོད་དེ་ཡང་ནི། །བྱིང་དང་ཁ་འཐོར་སྒོ་ནས་གཉིས་སུ་འགྱུར། །དེ་དག་གཅིག་ལ་གཅིག་ཟའི་སྡུག་བསྔལ་དང་། །གླེན་ཅིང་གཏི་མུག་ལ་སོགས་སྡུག་བསྔལ་གྱིས། །རྟག་ཏུ་གཟིར་ཞིང་ཐར་པའི་སྐབས་མ་མཆིས། །དེ་འདྲའི་སྡུག་བསྔལ་སྤོང་ཐབས་མི་བྱེད་པར། །ཆགས་སྡང་གཉིས་ཀྱིས་རང་གཞན་རྒྱུད་སྲེག་ཅིང་། །མི་དགེ་སྣ་ཚོགས་སྒྲུབ་པའི་བྱ་བ་འདི། །ད་ལྟ་ཉིད་ནས་དོར་དང་རྒྱལ་ཁམས་པ། །དྲི་བ་གཉིས་པའི་ལན་རྫོགས་སོ། །ད་དུང་གསོན་དང་བཤད་དོ་རྒྱལ་ཁམས་པ། །དེ་ལྟའི་སྡུག་བསྔལ་མྱོང་བའི་རྒྱུ་དག་ནི། །ཕྱི་ནང་ཆོས་ལ་བདག་དང་བདག་གིར་གཟུང་། །བདག་འཛིན་ལས་བྱུང་འདོད་ཆགས་ལ་སོགས་པའི། །དུག་གསུམ་ཉོན་མོངས་ལྟེ་བ་རབ་བརྟན་ཅིང་། །ན་རྒ་སྐྱེ་འཆིའི་རྩིབས་རྣམ་བཞི་དང་ལྡན། །སྡུག་བསྔལ་གྱི་དང་འགྱུར་དང་ཁྱབ་སོགས་ཀྱི། །སྡུག་བསྔལ་རྣམས་ཀྱི་མུ་ཁྱུད་ཀྱིས་བསྐོར་བའི། །ལས་ངན་འཁོར་ལོར་འཁོར་འདི་བྱུང་བ་ཡིན། །དྲི་བ་གསུམ་པའི་ལན་རྫོགས་སོ། །ཞེས་དེ་སྐད་སྨྲས་པ་དང་། ཁོ་ཡི་རངས་ཏེ། འདི་སྐད་དུ། ཨེ་མ་དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་སྐྱབས་འགྲོ་བྱང་ཆུབ་སེམས་བསྐྱེད་ནས། །དབེན་པའི་གནས་སུ་བླ་མས་བསྟན་པ་ཡི། །མན་ངག་ཉམས་བླངས་དགེ་རྩ་བྱང་ཆུབ་བསྔོ། །ཀྱེ་མའོ་ངན་སོང་གནས་ལས་འཇིགས་པ་ཨང་། །ཀྱེ་མའོ་ནམ་འཆིའི་ངེས་པ་མི་སྣང་ན། །ཀྱེ་མའོ་གར་སྐྱེ་ཤེས་པ་མི་སྣང་ན། །ཀྱེ་མའོ་མི་སྐྱེའི་རང་དབང་མི་སྣང་ན། །ཀྱི་ཧུད་བླ་ན་མེད་པའི་བླ་མ་དང་། །ཀྱི་ཧུད་ཡིད་བཞིན་ནོར་འདྲའི་ཡི་དམ་དང་། །ཀྱི་ཧུད་བསྟན་ལ་གནོད་འཇོམས་བསྟན་སྐྱོང་གིས། །བདག་དང་མཁའ་མཉམ་འགྲོ་བའི་བདག་འཛིན་འདི། །གཏན་ནས་ཉེ་བར་བཅོམ་ནས་གཏན་གྱི་སྐྱབས། །མཐར་ཐུག་ཆོས་སྐུ་ཐོབ་ནས་མཐའ་བྲལ་གྱི། །གནས་ལུགས་འགྲོ་ལ་སྟོན་ཅིང་གནས་གྱུར་ཅིག །ཇི་ལྟར་སྨྲས་ལས་ཉེས་སྐྱོན་ཆུ་འཛིན་ཚོགས། །མཆིས་གང་འཕགས་དང་ཚུ་རོལ་མཁས་རྣམས་ཀྱི། །ཐུགས་རྗེའི་མགྱོགས་འགྲོས་རབ་ཏུ་བསལ་བྱས་ཏེ། །བདག་གི་རྣམ་དཔྱོད་ཚ་ཟེར་གསལ་བར་མཛོད། །འདི་ལས་ཐོབ་པའི་རབ་དཀར་དགེ་བ་འདི། །འདི་དང་ཕྱི་མ་ཀུན་ཏུ་མི་ཟད་གཏེར། །གཏེར་ཆེན་བུམ་བཞིན་དཔག་ཡས་ཡོན་ཏན་དག །དག་དང་མ་དག་འགྲོ་ལ་སྩོལ་གྱུར་ཅིག །ཅེས་རང་ལ་བསྐུལ་བའི་ཚིགས་སུ་བཅད་པ་འཁོར་བ་ལས་སྐྱོ་བའི་གཏམ་ཞེས་བྱ་བ་འདི་མཁས་པ་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་པ་རྒྱལ་ཁམས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པས་གཞན་ལ་ཕྲག་དོག་དང་འགྲན་སེམས་ཀྱིས་མ་ཡིན་པར་རང་ཉིད་ཐར་ལམ་ལ་བསྐུལ་བའི་དོན་དུ་ལྟོས་འགྲོའི་རྒྱུ་སྐར་གྱི་དབང་པོ་མདའི་དཀར་ཕྱོགས་ཀྱི་ཚེས་ལ་མཁས་པ་དུ་མའི་འབྱུང་གནས་ཡུལ་དབུས་ཀྱི་སའི་ཆ་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བ་རེ་ཞིག་རྫོགས་སོ། །

རྗེ་བཙུན་དམ་པ་སངས་རྒྱས་ཀྱི་ཞལ་གདམས་དིང་རི་བརྒྱད་ཅུ་པ། ཕ་དམ་པ་སངས་རྒྱས།

༄༅། །རྗེ་བཙུན་དམ་པ་སངས་རྒྱས་ཀྱི་ཞལ་གདམས་དིང་རི་བརྒྱད་ཅུ་བ་བཞུགས་སོ། །ཨོཾ་སྭ་སྟི། དམ་པ་འཆར་ཆེན་གྱིས་དམ་པའི་སྤྱན་སྔར་ཕྱིན་ནས་དམ་པ་ཉིད་སྐུ་བགྲེས་འདུག་པ། དམ་པ་ཉིད་བདེ་བ་ནས་བདེ་བར་གཤེགས་པ་ལགས་ཏེ། དིང་རི་བ་རྣམས་སུ་ལ་བློ་གཏོད། ཅི་ཙུག་བྱེད་བྱས་ནས་ཞུས་པས། ཡང་དམ་པས་དིང་རི་བ་རྣམས་ལ་ཞལ་ཆེམས་སུ་གསུངས་བ། ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་འབུངས། །ལས་ཀྱིས་རབ་དུ་འབྱུང་ངོ་དིང་རི་བ། །ཚེ་འདི་ཐོངས་ལ་ཕྱི་མའི་དོན་གཉེར་བསྐྱེད། །འདུན་མའི་རྩེ་མོར་གྱུར་རོ་དིང་རི་བ། །བཟའ་ཚང་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །ངན་ཤགས་འཐབ་མོ་མ་བྱེད་དིང་རི་བ། །ནོར་རྫས་སྒྱུ་མ་ལྟ་བུའི་གཡར་བོ་ལ། །སེར་སྣའི་མདུད་པས་མ་བཅིངས་དིང་རི་བ། །ཕུང་བོ་མི་གཙང་རྫས་ཀྱི་རྐྱལ་བ་ལ། །བཟང་འདོད་བྱི་དོར་མ་བྱེད་དིང་རི་བ། །གཉེན་ཚན་སྒྱུ་མ་ལྟ་བུའི་བསླུ་བྲིད་ལ། །གདུང་སེམས་འཁྲི་བ་ཆོད་ཅིག་དིང་རི་བ། །ཡུལ་གཞིས་འབྲོག་སའི་སྦྲ་ས་ལྟ་བུ་ལ། །ཞེན་ཅིང་ཆགས་པ་མ་བྱེད་དིང་རི་བ། །ཕ་ཡུལ་རིགས་དྲུག་སེམས་ཅན་སྤྱི་མཐུན་ལ། །ང་དང་བདག་ཏུ་མ་འཛིན་དིང་རི་བ། །སྐྱེས་པའི་ནངས་པར་འཆི་བའི་བརྡ་ཞིག་བྱུང་། །ལོང་མེད་རྒྱུད་ལ་ཁོལ་ཞིག་དིང་རི་བ། །གཡེང་བ་མེད་པ་དམ་པའི་ཆོས་ལ་འབུངས། །ཤི་ནས་ལམ་སྣ་འདྲེན་ནོ་དིང་རི་བ། །ལས་ཀྱི་རྣམ་སྨིན་རྒྱུ་འབྲས་བདེན་ངེས་པས། །མི་དགེ་སྡིག་ལ་འཛེམས་ཤིག་དིང་རི། །བྱས་པའི་ཆོས་རྣམས་རྨི་ལམ་ཡུལ་བཞིན་འདྲ། །བྱར་མེད་ཉམས་སུ་ལོངས་ཤིག་དིང་རི་བ། །གང་ལ་ཞེན་པ་ཡོད་པ་དེ་བློས་ཐོངས། །ཅིས་ཀྱང་དགོས་པ་མེད་དོ་དིང་རི་བ། །འཇིག་རྟེན་འདིི་ནི་གཏན་དུ་མི་སྡོད་པས། །འགྲོ་ཆས་ད་ལྟ་གྱིས་ཤིག་དིང་རི་བ། །ནགས་ཀྱི་གསེབ་ནས་སྤྲེ་འུ་སྐྱིད་སྙམ་སྟེ། །ནགས་མཐའ་མེ་ཡིས་བསྐོར་རོ་དིང་རི་བ། །སྐྱེ་རྒ་ན་འཆིའི་ཆུ་ལ་རབ་ཟམ་མེད། །གྲུ་གཟིངས་ད་ལྟ་ཚུགས་ཤིག་དིང་རི་བ། །སྐྱེ་འཆི་བར་དོའི་རྐུན་འཕྲང་དམ་པོ་ལ། །དུག་ལྔའི་ཇག་པ་གཤེགས་རྒྱུག་ཡང་ཡང་བྱེད། །སྐྱེལ་མར་བླ་མ་ཚོལ་ཞིག་དིང་རི་བ། །འཇུས་ནས་འགྱེར་དོགས་མེད་པ་བླ་མ་ཡིན། །འབྲལ་མེད་གཙུག་ཏུ་ཁུར་ཞིག་དིང་རི་བ། །བླ་མས་བསྐྱལ་ན་གང་འདོད་གནས་སུ་སླེབས། །གང་ལ་མོས་གུས་གྱིས་ཤིག་དིང་རི་བ། །གང་ལ་ནོར་ཡོད་དེ་ལ་སེར་སྣ་འབྱུང་། །སྦྱིན་པ་ཕྱོགས་མེད་ཐོངས་ཤིག་དིང་རི་བ། །གང་ལ་དབང་ཡོད་དེ་ལ་སྡིག་པ་ཡོད། །ཁ་དྲག་དབང་འདོད་སྤོངས་ཤིག་དིང་རི་བ། །ཁ་དྲག་ནོར་མང་ཅན་ལ་བདེ་བ་མེད། །སོར་བཅུ་བྲང་ལ་ཁྲོམས་ཤིག་དིང་རི་བ། །ཕྱི་མའི་ཡུལ་ན་བཤེས་གཉེན་ཉུང་བ་ཡིན། །བློ་གཏད་ཆོས་ལ་གྱིས་ཤིག་དིང་རི་བ། །ཡེངས་མ་ལམ་ལ་འདུན་མ་འཆར་མར་འཆོར། །གྲོས་ཐག་ད་ལྟ་ཆོད་ཅིག་དིང་རི་བ། །འཆི་བདག་བདུད་ནི་ནམ་ཡོང་ཚོད་མེད་ལ། །དོགས་ཟོན་འཕྲལ་ལ་གྱིས་ཤིག་དིང་རི་བ། །ཤི་བའི་ནངས་པར་སུས་ཀྱང་མིི་ཕན་པས། །རང་མགོ་རང་གིས་ཐོན་ཞིག་དིང་རི་བ། །འཆི་བར་བསམས་ན་ཅིས་ཀྱང་དགོས་པ་མེད། །ཡིད་ལ་དྲན་པར་གྱིས་ཤིག་དིང་རི་བ། །ཉི་མ་ནུབ་ཁའི་གྲིབ་སོ་ཇི་བཞིན་དུ། །འཆི་བདག་གཤིན་རྗེ་མི་སྡོད་ཚུར་ཚུར་འོང་། །འབྲོས་ཐབས་ལ་འུར་གྱིས་ཤིག་དིང་རི་བ། །མེ་ཏོག་སྔ་སོ་ལེགས་ཀྱང་ཕྱི་སོ་སྐམ། །ལུས་ལ་བློ་གཏད་མེད་དོ་དིང་རི་བ། །གསོན་པའི་དུས་ན་ལྷ་ཡི་ལུས་དང་འདྲ། །ཤི་བའི་དུས་ན་བདུད་ཀྱི་དམག་གིས་འཇིགས། །སྒྱུ་མའི་ལུས་འདི་བསླུ་འོ་དིང་རི་བ། །ཚོང་དུས་མགྲོན་པོ་ཚོང་ཟིན་ནང་བར་གྱེས། །གྲོགས་ཀྱིས་བོར་བར་ངེས་སོ་དིང་རི་བ། །སྒྱུ་མའི་ཐོ་ཡོར་ཅིས་ཀྱང་འགྱེལ་ངེས་པས། །རྟེན་འབྲེལ་ད་ལྟ་སྒྲིགས་ཤིག་དིང་རི་བ། །རིགས་དྲུག་སེམས་ཅན་དྲིན་ཆེན་ཕ་མ་ལ། །བྱམས་དང་སྙིང་རྗེ་སྒོམས་ཤིག་དིང་རི་བ། །སྡང་དགྲ་ལས་ཀྱིས་འཁོར་བའི་འཁྲུལ་སྣང་ལ། །ཞེ་སྡང་གདུག་སེམས་སྤོངས་ཤིག་དིང་རི་བ། །ཕྱག་འཚལ་བསྐོར་བས་ལུས་ཀྱི་སྡིག་པ་འདག །འཇིག་རྟེན་བྱ་བྱེད་སྤོངས་ཤིག་དིང་རི་བ། །བཟླས་བརྗོད་སྐྱབས་འགྲོས་ངག་གི་སྡིག་པ་འདག །ཐ་མལ་ལོང་གཏམ་མ་ལབ་དིང་རི་བ། །མོས་གུས་གདུང་བས་ཡིད་ཀྱི་སྡིག་པ་འདག །བླ་མ་སྤྱི་བོར་ཁུར་ཞིག་དིང་རི་བ། །ལྷན་ཅིག་སྐྱེས་པའི་ཤ་དང་རུས་པ་ཕྲལ། །ཚེ་ལ་རྟག་པར་མ་འཛིན་དིང་རི་བ། །ནོར་གྱི་དམ་པར་སེམས་ཉིད་གཏེར་ཆེན་ཆོངས། །དེ་ལ་འཛད་པ་མེད་དོ་དིང་རི་བ། །ཟས་ཀྱི་དམ་པ་ཏིང་འཛིན་རོ་མཆོག་སྤྱོད། །བཀྲེས་པའི་སྡུག་བསྔལ་མེད་དོ་དིང་རི་བ། །སྐོམ་གྱི་དམ་པ་དྲན་པའི་བདུད་རྩི་འཐུངས། །དེ་ལ་རྒྱུན་ཆད་མེད་དོ་དིང་རི་བ། །གྲོགས་ཀྱི་དམ་པ་རང་བྱུང་ཡེ་ཤེས་འཚོལ། །དེ་ལ་འདུ་འབྲལ་མེད་དོ་དིང་རི་བ། །སྲས་ཀྱི་དམ་པ་རིག་པའི་ཁྱེའུ་འཚོལ། །དེ་ལ་སྐྱེ་འཆི་མེད་དོ་དིང་རི་བ། །ཤུགས་འབྱུང་ངང་དུ་འགག་མེད་རྩལ་སྤྱོད་ཀྱིས། །སྤྱོད་པ་སྤང་བླང་མེད་དོ་དིང་རི་བ། །སྐུ་བཞི་དབྱེར་མེད་རང་རིག་སེམས་ལ་འཚོལ། །འབྲས་བུ་རེ་དོགས་མེད་དོ་དིང་རི་བ། །འཁོར་འདས་རྩ་བ་རིག་པའི་སེམས་ལ་འདུས། །སེམས་ལ་དངོས་པོ་མེད་དོ་དིང་རི་བ། །ཆགས་སྡང་སྣང་བ་བྱ་ལམ་རྗེས་མེད་འདྲ། །ཉམས་ལ་ཞེན་པ་མེད་དོ་དིང་རི་བ། །ཆོས་སྐུ་སྐྱེ་མེད་ཉི་མའི་སྙིང་བོ་འདྲ། །འདི་ལ་གསལ་འགྲིབ་མེད་དོ་དིང་རི་བ། །རྣམ་རྟོག་དགྲར་ལང་ཁང་སྟོང་རྐུན་མ་འདྲ། །ནོར་ལ་ཐོབ་ཤོར་མེད་དོ་དིང་རི་བ། །ཚོར་བ་རྗེས་མེད་ཆུ་ཡི་རི་མོ་འདྲ། །འཁྲུལ་སྣང་རྗེས་འཛིན་མེད་དོ་དིང་རི་བ། །བག་ཆགས་དྲན་འཛིན་ནམ་མཁའི་འཇའ་རིས་འདྲ། །ཞེན་ཆགས་ངོས་བཟུང་མེད་དོ་དིང་རི་བ། །འགྱུ་བ་དྭངས་པ་སྤྲིན་བྲལ་ཉི་མ་འདྲ། །སེམས་ལ་བློ་གཏད་མེད་དོ་དིང་རི་བ། །འཛིན་མེད་རང་གྲོལ་སྐྱི་སེར་རླུང་དང་འདྲ། །ཡུལ་ལ་ཞེན་འཛིན་མེད་དོ་དིང་རི་བ། །རིག་པ་དངོས་མེད་ནམ་མཁའི་འཇའ་དང་འདྲ། །ཉམས་ལ་ཐོགས་ཐུག་མེད་དོ་དིང་རི་བ། །ཆོས་ཉིད་དོན་མཐོང་ལྐུགས་པའི་རྨི་ལམ་འདྲ། །ཚིག་དང་ཐ་སྙད་བྲལ་ལོ་དིང་རི་བ། །རྟོག་པའི་ཉམས་ཤར་གཞོན་ནུའི་བདེ་བ་འདྲ། །དགའ་བདེ་བརྗོད་དུ་མེད་དོ་དིང་རི་བ། །གསལ་སྟོང་དབྱེར་མེད་ཆུ་ནང་ཟླ་བ་འདྲ། །གང་ལའང་ཆགས་ཐོགས་མེད་དོ་དིང་རི་བ། །སྣང་སྟོང་དབྱེར་མེད་ནམ་མཁའ་སྟོང་བ་འདྲ། །སེམས་ལ་མཐའ་དབུས་མེད་དོ་དིང་རི་བ། །དྲན་པ་ཡེངས་མེད་སྒེག་མོའི་མེ་ལོང་འདྲ། །དེ་ལ་གྲུབ་པ་མེད་དོ་དིང་རི་བ། །རིག་སྟོང་དབྱེར་མེད་མེ་ལོང་གཟུགས་བརྙན་འདྲ། །དེ་ལ་སྐྱེ་འགག་མེད་དོ་དིང་རི་བ། །བདེ་སྟོང་འཛིན་མེད་གངས་ལ་ཉི་མ་འདྲ། །དེ་ལ་ངོས་གཟུང་མེད་དོ་དིང་རི་བ། །འཁྲུལ་གཏམ་རྗེས་མེད་བྲག་ཆ་ལྷ་མོ་འདྲ། །སྒྲ་ལ་འཛིན་པ་མེད་དོ་དིང་རི་བ། །བདེ་སྡུག་འཁྲུལ་འཁོར་པི་ཝང་ཁོང་རྒྱུན་འདྲ། །རྒྱུ་རྐྱེན་ལས་ལ་སྦྱོར་རོ་དིང་རི་བ། །འཁོར་འདས་རང་གྲོལ་བྱིས་པའི་རྩེད་མོ་འདྲ། །སེམས་ལ་སྐྱེ་འགག་མེད་དོ་དིང་རི་བ། །ཕྱི་ནང་སྤྲོས་པ་རང་གི་སེམས་ལ་སྡུས། །འཁྱགས་རོམ་ཆུ་རུ་ཞུ་འོ་དིང་རི་བ། །མ་རིག་འཁྲུལ་འཁོར་སྤང་ལ་ཆུ་རྡོལ་འདྲ། །བཀག་པས་ཁེག་པ་མེད་དོ་དིང་རི་བ། །འཁོར་འདས་འཁྲུལ་སྣང་སྒྲ་གཟུང་བྲལ་བ་འདྲ། །ར་མདའ་བླ་མ་ལྷག་གོ་དིང་རི་བ། །སྐུ་ལྔ་རང་གསལ་གསེར་གླིང་བལྟས་པ་འདྲ། །རེ་དོགས་སྤང་བླང་མེད་དོ་དིང་རི་བ། །དལ་འབྱོར་མི་ལུས་རིན་ཆེན་གསེར་དང་འདྲ། །དོན་མེད་ཆུད་ཟོས་མ་བྱེད་དིང་རི་བ། །ཐེག་ཆེན་ཆོས་ཚུལ་ཡིད་བཞིན་ནོར་བུ་འདྲ། །བཙལ་ཡང་རྙེད་པར་དཀའ་འོ་དིང་རི་བ། །ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་འཕྱིད། །འདོད་དོན་ཆོས་ལ་སྒྲིལ་ཞིག་དིང་རི་བ། །གཞོན་ནུའི་དུས་སུ་དཀའ་ཐུབ་ཉམས་ལེན་གྱིས། །རྒས་ནས་འབྱུང་བས་མི་འཆུན་དིང་རི་བ། །ཉོན་མོངས་སྐྱེ་དུས་གཉེན་པོས་སླེབ་པར་གྱིས། །མཚན་མ་རང་སར་གྲོལ་ལོ་དིང་རི་བ། །སྐབས་སུ་འཁོར་བའི་སྡུག་བསྔལ་དྲན་པར་གྱིས། །དད་པའི་གསོལ་འདེབས་ཡིན་ནོ་དིང་རི་བ། །ད་རེས་བརྩོན་འགྲུས་སྐྱེད་ལ་རང་ས་ཟུངས། །ཤི་ནས་གར་སྐྱེ་མེད་དོ་དིང་རི་བ། །ཚེ་ལ་ལོང་མེད་རྩ་ཁའི་ཟིལ་བ་འདྲ། །ལེ་ལོ་སྙོམ་ལས་སྤོངས་ཤིག་དིང་རི་བ། །སངས་རྒྱས་བསྟན་པ་སྤྲིན་བར་ཉི་མ་འདྲ། །ད་རེས་གསལ་བ་ཡིན་ནོ་དིང་རི་བ། །སྐྱིད་སྡུག་གཉིས་ཀྱི་ལེ་ལན་གཞན་སེམས་ཀྱང་། །རྐྱེན་རྩ་རང་ལ་ཡོད་དོ་དིང་རི་བ། །དད་པའི་རྐྱེན་གྱིས་བསྐུལ་བའི་ལམ་ཉེ་བས། །འཁོར་བའི་ཉེས་དམིགས་སོམས་ཤིག་དིང་རི་བ། །གྲོགས་ངན་བསྟེན་ན་སྤྱོད་ངན་ཤུགས་ལ་འགོ། །སྡིག་པའི་གྲོགས་པོ་སྤོངས་ཤིག་དིང་རི་བ། །གྲོགས་བཟང་བསྟེན་ན་ཡོན་ཏན་ཤུགས་ལ་འབྱུང་། །དགེ་བའི་བཤེས་གཉེན་སྟེན་ཅིག་དིང་རི་བ། །གཡོ་སྒྱུ་རྫུན་གྱིས་རང་དང་གཞན་ཡང་བསླུ། །དབང་པོ་སེམས་ལ་ཚོལ་ཞིག་དིང་རི་བ། །མ་རིག་འཁྲུལ་བ་ཕུང་འདྲེའི་རྩ་བ་ཡིན། །ཤེས་བཞིན་དྲན་པ་ཟུངས་ཤིག་དིང་རི་བ། །དུག་ལྔ་དུག་གསུམ་གཞོམ་ན་ལམ་ཐག་ཉེ། །གཉེན་པོ་ཐུགས་ལ་སྟོན་ཅིག་དིང་རི་བ། །བརྩོན་འགྲུས་མཐུ་སྟོབས་ཆུང་བས་འཚང་མི་རྒྱ། །གོ་ཆས་སླེབས་པར་གྱིས་ཤིག་དིང་རི་བ། །བག་ཆགས་འགྲོགས་ཡུན་རིང་བས་ཕྱི་འདོད་འོང་། །འདས་པའི་རྗེས་འཇུག་མ་བྱེད་དིང་རི་བ། །སེམས་ལ་གོ་རྟོགས་ཆུང་ན་གསོལ་བ་ཐོབ། །རྟོགས་པ་ཤུགས་ལ་འཆར་རོ་དིང་རི་བ། །ཕྱི་མར་སྐྱིད་པར་འདོད་ན་སྡུག་སྲན་སྐྱེད། །སངས་རྒྱས་རྩ་ན་གདའོ་དིང་རི་བ། །འདུས་བའི་སྔ་དྲོ་འབྲལ་བའི་བརྡ་ཞིག་བྱུང་། །འདུ་འབྲལ་སེམས་ལ་གཟན་ནོ་དིང་རི་བ། །གྲོགས་པོ་ཕལ་ཆེར་ཕྱི་མའི་གནས་སུ་ཐལ། །མཛའ་གྲོགས་རྒྱགས་ཕྱེ་ཡོད་དམ་དིང་རི་བ། །སྡུག་བསྔལ་ཐམས་ཅད་སྡིག་པའི་ལས་ལས་བྱུང་། །སྡིག་པ་ཆུང་ཡང་སྤོངས་ཤིག་དིང་རི་བ། །བདེ་བ་ཐམས་ཅད་དགེ་བའི་ལས་ལས་བྱུང་། །དགེ་བ་ཆུང་ཡང་སྒྲུབས་ཤིག་དིང་རི་བ། །དགེ་སྡིག་རྒྱུ་ལས་འབྲས་བུ་བདེ་སྡུག་འབྱུང་། །སྡིག་སྤོངས་དགེ་བ་སྒྲུབས་ཤིག་དིང་རི་བ། །ཨ་ཙ་ར་ནི་དིང་རིར་མི་སྡོད་འགྲོ། །སྒྲོ་འདོགས་ད་ལྟ་ཆོད་ཅིག་དིང་རི་བ། །ངས་ནི་གཡེང་བ་མེད་པར་སྒྲུབ་པ་བྱས། །ཁྱེད་ཀྱང་རྗེས་སུ་ཞུགས་ཤིག་དིང་རི་བ། །དེ་ལྟར་རྗེ་བཙུན་དམ་པའི་ཞལ་གདམས་འདི། །རང་གཞན་ཡོངས་ལ་ཕན་ཕྱིར་བཀོད་པ་ཡིས། །ཐོས་ཚད་རྒྱུད་ལ་ཁོལ་ཞིག་ཤེས་ལྡན་དག །དགེ་བས་འགྲོ་ཀུན་སངས་རྒྱས་འཐོབ་ཕྱིར་བསྔོ། །དགེའོ། མངྒ་ལཾ།། །།

མཇུག་གཏམ།

ཐེངས་འདིའི་དཔེ་ཚོགས་ཀྱི་པོད་བརྒྱད་པོ་ནི་སྔོན་ཆད་བསྒྲིགས་པའི་དེབ་གསུམ་གྱི་སྟེང་དུ་དོན་གཉེར་མཁན་རྣམས་ཀྱི་ཐུགས་རེ་དང་དགོས་མཁོ་དངོས་ལ་གཞིགས་ནས་གསབ་སྣོན་བགྱིས་པ་ཡིན་ལ། དེ་ཡང་ཆོས་དད་མི་དམངས་དཀྱུས་མའི་བླང་དོར་དང་ཉེར་མཁོ་ལ་དམིགས་ནས་ཞལ་འདོན་དང་ཉེར་མཁོའི་བསླབ་བྱའི་སྐོར་གྱི་དེབ་གཅིག །ཐེག་ཆེན་ཐུན་མོང་གི་ལམ་ལ་སློབ་པའི་རིགས་ལ་དམིགས་ནས་བྱང་སེམས་བློ་སྦྱོང་སྐོར་གྱི་དེབ་གཉིས། གསང་བ་སྔགས་ཀྱི་ཉམས་ལེན་སྒྲུབ་འཕྲིན་ཕྱག་བཞེས་དོན་དུ་གཉེར་བའི་ཚོགས་ལ་དམིགས་ནས་སྒྲུབ་སྡེ་སྤྱི་ལ་ཉེར་མཁོའི་སྐོར་གྱི་དེབ་གཉིས་དང་། སྨིན་གླིང་རྡོར་སེམས་སྐོར་གྱི་དེབ་གཅིག །ཐུན་མིན་ངེས་གསང་སྙིང་པོའི་དོན་གྱི་རང་ཞལ་འཚོལ་བའི་དམ་པ་དག་ལ་མཁོ་བའི་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་སྐོར་གྱི་དེབ་གཉིས་བཅས་བསྡུས་ཡོད།

དཔེ་ཚོགས་འདི་དག་དག་ཞུས་བྱེད་སྐབས་ཐོག་མར་མ་དཔེ་འཚོལ་སྡུད་དང་བསལ་འདེམས་བྱས་ཤིང་གཏན་ལ་ཕབ། བར་དུ་མི་རེས་དེབ་རེ་འགན་ཁུར་བའི་འཆར་འགོད་བཞག་ནས་མ་དཔེ་དང་ཞིབ་བསྡུར་ནན་ཏན་བྱས། ཐ་མར་ལས་མི་རྣམས་མཉམ་འཛོམས་ཀྱིས་དེབ་རེ་རེ་བཞིན་མ་དཔེ་དང་བསྡུར་ནས་དག་ཞུས་ཚར་གཅིག་བྱས་པ་དང་། དེ་ལས་ཆོས་ཚན་འགའ་རེ་ནི་མ་དཔེ་མི་འདྲ་བ་གཉིས་ནས་གསུམ་བར་ཡང་ཡང་བསྡུར་བ་ཡོད་ལ། མཐར་ཡང་དེབ་དག་རེ་རེ་བཞིན་ཚེག་ཤད་ཀྱི་ནོར་བ་དང་དཀར་ཆག་གི་གོ་རིམ་སོགས་ལ་ཆེད་དམིགས་ཀྱིས་བསྡུར་ཞུས་བྱས་པ་ཡིན་ལ། ཞུ་བསྡུར་བྱེད་སྐབས་ཀྱི་ཐོག་མཐའ་ཀུན་ཏུ་མ་དཔེ་རྙིང་བ་ཚད་ལྡན་ཡོད་པའི་ཆོས་ཚན་དག་ནི་བརྡ་སྤྲོད་ཀྱི་སྦྱོར་སྟངས་ཚུན་ཆད་མ་དཔེ་དང་བསྟུན་གང་ཐུབ་བྱས་ཡོད་པ་དང་། དོན་མ་གོ་བ་དང་ཡི་གེ་མི་གསལ་བ། ཐེ་ཚོམ་ཆེ་བ་རྣམས་ལ་བགྲོ་གླེང་དང་དཔྱད་བསྡུར་བློ་འདྲི་སོགས་ཀྱི་ལམ་ནས་ཐག་གཅོད་གང་ཐུབ་བགྱིས་ཡོད། མདོར་ན་ང་ཚོས་གང་ནུས་གང་ཐུབ་ཀྱིས་ཞུ་དག་གཟབ་གཟབ་བྱས་ཁུལ་ཡིན་མོད། ངེད་ཅག་ལ་ཡོན་ཚད་དང་ཉམས་མྱོང་དམའ་ཞིང་ཁོམ་ལོང་ཉུང་བ་དང་། ཡིག་ཚོགས་འབོར་ཆེ་བ་དང་། མ་དཔེ་ཚད་ལྡན་ལོན་དཀའ་བ༼ཆོས་ཚན་ལ་ལར་མ་དཔེ་ཡིད་རྟོན་ཕེར་བ་གཏན་ནས་ལོན་མ་ཐུབ༽ སོགས་ཀྱིས་ད་དུང་ནོར་བ་དང་འཕྱུག་པ་གང་མང་ཡོད་ངེས་ཡིན་པས། དོན་གཉེར་ཅན་གྱི་ཐོས་བསམ་སྒོམ་སྒྲུབ་གནང་བའི་སྐྱེས་བུ་རྣམས་དང་། མཁྱེན་སྤྱན་ལྡན་པ་དག་ལ་བཟོད་གསོལ་ཞུ་བ་དང་ལྷན་དུ། སླད་མར་ཡང་ལམ་སྟོན་དང་ནོར་བཅོས་གང་མང་གི་རྒྱབ་སྐྱོར་གནང་བའི་རེ་བ་ཞུ་ཞུ།

སྤྱི་ལོ་༢༠༡༩ ཟླ ༦ ཚེས ༡༥ལ།

བྱང་སེམས་བློ་སྦྱོང་གི་རིམ་པ་གཞན་ཕན་ཟླ་བའི་འོད་ཟེར།

སྤྱིའི་འགན་འཛིན་དང་འཆར་འགོད་པ། འཇིགས་མེད་རྡོ་རྗེ།

རྩོམ་སྒྲིག་འགན་ཁུར་པ། དགེ་ལེགས་ནོར་བུ།

མ་དཔེ་འཚོལ་སྡུད་པ། ནམ་མཁའ་སྐྱབས། འཇིག་མེད་ཕུར་བ།

ལག་བསྟར་རྩོམ་སྒྲིག་པ། ཐུབ་བསྟན་བཤད་སྒྲུབ།

དཔེ་བསྡུར་ཞུ་དག་པ། ཕུར་རྣམ། དཀོན་མཆོག་བཀྲ་ཤིས། ཐུབ་བསྟན་བཤད་སྒྲུབ།

རྩིས་འཕྲུལ་ལག་བསྟར་པ། ཀུན་བཟང་སྒྲོལ་མ།