cover

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།

པོད་བརྒྱད་པ།

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྒྱ་སྤྲུལ་མིང་གི་རྣམ་ཐར་ཉུང་ངུར་བསྡུས་པ་སྐལ་ལྡན་ཡིད་ལ་འཐད་པའི་གླུ་དབྱངས།

༄༅། རྒྱ་སྤྲུལ་མིང་གི་རྣམ་ཐར་ཉུང་ངུར་བསྡུས་པ་སྐལ་ལྡན་ཡིད་ལ་འཐད་པའི་གླུ་དབྱངས་ཞེས་བྱ་བ་བཞུགས། ཨེ་མ་ཧོ། །ཚེ་རབས་གཏན་གྱི་བླ་མ་པད་འབྱུང་དང་། །དབྱེར་མེད་གྲུབ་དབང་བྱང་ཆུབ་རྡོ་རྗེ་མཁྱེན། །བདག་འདྲ་སྤྲུལ་མིང་ལུང་རིག་གླིང་པ་ནི། །ཙི་ནའི་ཡུལ་གྱི་མི་རིགས་དམན་ལས་བྱུང་། །ལོ་དྲུག་དུས་སུ་ཡི་གེ་འབྲི་ཀློག་བསླབས། །དཀའ་ཚེགས་མེད་པར་ཀུན་གྱིས་ངོ་མཚར་སྐྱེས། །ལོ་བརྒྱད་སྐབས་སུ་ཚེ་རབས་གཏན་གྱི་སྐྱབས། །མཆོག་གསུམ་ཀུན་འདུས་མ་ཧཱ་གུ་རུ་རྗེ། །རིགས་བརྒྱའི་ཁྱབ་བདག་ཨོ་རྒྱན་ཆེན་པོ་ཉིད། །ཨ་ཙར་རྒན་པོའི་ཚུལ་ཅན་དངོས་སུ་མཇལ། །སྔོན་ཆད་མ་མཐོང་རྒྱུད་སྡེ་འགའ་ཞིག་གི། །ཚིག་དོན་དཀའ་བ་མེད་པར་བློ་རུ་ཤར། །འོན་ཀྱང་ཉམས་པའི་གྲིབ་སོང་རེ་ཞིག་བརྗེད། །བཅུ་ཕྲག་ལོན་ཚེ་བུདྡྷའི་མཚན་ཅན་གྱིས། །སྨིན་གྲོལ་གདམས་པས་རྗེས་བཟུང་དལ་བའི་རྟེན། །དོན་དང་ལྡན་པའི་རྟེན་འབྲེལ་དེ་ནས་འགྲིགས། །རང་ལོ་བཅུ་གསུམ་བགྲང་བྱར་སླེབས་པའི་སྐབས། །གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་གྱི། །སྐྱེ་སྲིད་བཞི་པ་ཚོགས་དྲུག་རང་གྲོལ་མཇལ། །དྲི་མེད་བཤེས་གཉེན་མཐིང་ག་ཚེ་བུམ་ཅན། །དགྱེས་པའི་ཚུལ་གྱིས་གཟིགས་པའི་ཉམས་སྣང་ཤར། །ཚེ་འདིའི་སྣང་བ་འགའ་ཞིག་འགག་སམ་སྙམ། །དོན་བརྒྱུད་བྱིན་རླབས་ཐོབ་པའི་རྟེན་འབྲེལ་འགྲིགས། །བགྲང་བྱ་བདུན་ཕྲག་གཉིས་པ་ནོར་སྐྱོང་ལོར། །ཐུབ་པའི་རྒྱལ་ཚབ་གཞན་ཕན་མཐའ་ཡས་མཇལ། །དམ་པའི་གསུང་གིས་དབུགས་དབྱུང་ཐོས་བསམ་བྱས། །སྐབས་སུ་གྲྭ་ནང་གཏེར་ཆེན་བླ་མ་ཉིད། །དངོས་སུ་མཇལ་བའི་ཉམས་སྣང་ཤས་ཆེར་བྱུང་། །བསྟན་བཅོས་འགའ་ལ་དོན་འགྲེལ་ནུས་སམ་སྙམ། །སྣང་སྲིད་དཔེར་ཆར་འཆར་བའི་རྟེན་འབྲེལ་འགྲིགས། །འོན་ཀྱང་བཅུ་དྲུག་བགྲང་བྱ་ནས་བཟུང་སྟེ། །ཞེ་བདུན་བར་འདིར་རྣམ་གཡེང་ལོག་འཚོ་དང་། །སྒྱུ་མར་ཤེས་ཀྱང་སྒྱུ་མའི་གཡོ་ཁྲམ་གྱིས། །གཞན་མགོ་སྐོར་སོགས་ཆོས་མིན་སྤྱོད་པ་འགས། །རང་ཉིད་བསླུ་བའི་ཟོག་པོའི་རྣམ་ཐར་བསྐྱངས། །སྐབས་སུ་མཁས་གྲུབ་བླ་མ་འགའ་ཡང་བརྟེན། །མོས་གུས་མཆི་མ་འཁྲིགས་པའི་གདུང་ཤུགས་ཀྱིས། །དབང་ལུང་ཁྲིད་ཞུས་བྱིན་རླབས་རྒྱུད་ལ་ཞུགས། །སློབ་མའི་ཡོན་ཏན་ཚང་བའི་རྟེན་འབྲེལ་འགྲིགས། །བགྲང་བྱ་སོ་དྲུག་ཞེ་གཅིག་སྐབས་རྣམས་སུ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ལུང་གིས་བསྐུལ། །ཚེ་རབས་གཏན་གྱི་བླ་མ་ཨོ་རྒྱན་དང་། །གྲུབ་དབང་བྱང་ཆུབ་རྡོ་རྗེའི་བྱིན་རླབས་ཐོབ། །བཅོས་མིན་རང་བྱུང་རིག་པའི་སྒྲོམ་བུ་ནས། །ཚད་མ་གསུམ་ལྡན་ཆོས་ཀྱི་གཏེར་ཁ་རྡོལ། །གང་འབྲེལ་དོན་དང་ལྡན་པའི་རྟེན་འབྲེལ་འགྲིགས། །ཕྱི་ནང་གཞན་གསུམ་གྱིས་བསྡུས་འཁྲུལ་བའི་ཆོས། །རྡུལ་ཙམ་གྲུབ་པ་མེད་ཀྱང་རྟེན་འབྲེལ་ཚོགས། །འགགས་མེད་སྣང་བ་སྒྱུ་མའི་རྩེད་མོར་མཐོང་། །འདོད་ཡོན་ལྔ་ལ་ཅི་དགར་ལོངས་སྤྱད་ཀྱང་། །ཆུ་ལ་རི་མོ་བྲིས་བཞིན་རང་གི་ངོར། །གོས་པ་མེད་པར་མཉམ་པའི་གདེངས་རྙེད་མཐུས། །ཉམས་ལེན་རྟོགས་པའི་དྲོད་ཚད་རྟེན་འབྲེལ་འགྲིགས། །སྒྱུ་མ་ལྟ་བུའི་རྒྱལ་དང་བཤེས་གཉེན་ལ། །ཇི་ལྟར་ཁས་བླངས་སྒྱུ་མའི་སྲུང་སྡོམ་ཀུན། །སྒྱུ་མ་ལྟ་བུའི་ཕན་འབྲས་ལ་དམིགས་ནས། །ཉོན་མོངས་སྒྱུ་མའི་དབང་དུ་མ་བཏང་བ། །འདིས་ཀྱང་ཚུལ་ཁྲིམས་དག་པའི་རྟེན་འབྲེལ་འགྲིགས། །གཤིན་གསོན་དཀོར་གྱི་དངོས་པོ་ཇི་སྙེད་ཀུན། །སེར་སྣའི་སྒོ་ལྕགས་དམ་པོས་བསྡམས་མིན་པར། །ཡར་ལ་མཆོད་དང་མར་ལ་སྦྱིན་གཏོང་སོགས། །དྲེགས་འདོད་བློ་ངན་ཁོ་ནས་མ་ཡིན་ཕྱིར། །ཚོགས་གཉིས་བསགས་པའི་རྟེན་འབྲེལ་ཡང་དག་འགྲིགས། །སྔོན་གྱི་ཀུན་འབྱུང་རྒྱུ་འབྲས་ཤ་འཁོན་ལས། །འདུ་ཕུང་ནད་ཀྱིས་དཀྲུགས་པའི་སྐབས་རྣམས་སུ། །རང་གཞན་བདེ་སྡུག་བརྗེ་བའི་སེམས་སྦྱོང་དང་། །རང་འདྲའི་འགྲོ་ལ་སྙིང་རྗེའི་སྤུ་ལོང་གཡོས། །རྒྱལ་བའི་སྲས་ཀྱི་རྣམ་ཐར་རྟེན་འབྲེལ་འགྲིགས། །ལྷག་པའི་ལྷ་མཆོག་འགའ་ཞིག་བསྙེན་པའི་སྐབས། །སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་གྲོང་ཁྱེར་དུ། །སྐུ་གསུམ་འདུ་འབྲལ་མེད་པའི་དོན་རྟོགས་ནས། །ཐ་མལ་རྫས་དང་ཚིག་ལ་ལྟོས་མིན་པར། །རང་ཉིད་ལྷ་རུ་ཤེས་པའི་རྟེན་འབྲེལ་འགྲིགས། །གཞན་ཡང་སྒོ་གསུམ་བྱ་བ་གང་དང་གང་། །དངོས་སམ་བརྒྱུད་ནས་བསྟན་དང་འགྲོ་བ་ལ། །གཅིག་ཏུ་སྨན་པའི་སྒྱུ་རུ་ལེགས་བསམ་ཏེ། །དེ་བཞིན་སྤྱོད་ལ་རང་ཉིད་མི་ཁྲེལ་བའི། །རྒྱལ་ཀུན་དགྱེས་པའི་ཕྲིན་ལས་རྟེན་འབྲེལ་འགྲིགས། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །ལུས་ངག་ཡིད་ཀྱིས་གཞན་གནོད་གཞི་བཅས་སྤངས། །གཞན་ཕན་སྤྱོད་པ་ཕྱིན་དྲུག་དང་དུ་བླངས། །འཁོར་འདས་ཆོས་ཀུན་རྒྱལ་བའི་ཐུགས་དབྱིངས་ལས། །འཕོས་པ་མེད་ཕྱིར་ཆོས་ཀུན་མཉམ་ཉིད་རྟོགས། །སྡོམ་གསུམ་ལྡན་པའི་རྣལ་འབྱོར་རྟེན་འབྲེལ་འགྲིགས། །ལུས་ཀྱི་བྱ་བ་དགེ་དང་མི་དགེ་ཟུང་། །དེ་བཞིན་ངག་གི་སྣ་ཚོགས་སྤེལ་བའི་གཏམ། །རིག་རྩལ་རྟོག་པའི་འཕྲོ་འདུ་སྣ་ཚོགས་ཀུན། །ཇི་ལྟར་བྱུང་ཡང་རང་གི་ངོ་བོ་ལ། །ཕན་གནོད་མེད་པ་དངུལ་ཆུ་རྡུལ་ཁྲོད་དུ། །ལྷུང་བཞིན་སེམས་ཉིད་སྐྱོན་བྲལ་དོན་མཐོང་ནས། །རྣལ་འབྱོར་དབང་ཕྱུག་དམ་པའི་རྟེན་འབྲེལ་འགྲིགས།། ཇི་ལྟར་ནོར་སྐྱོང་ལ་ནི་གདོང་ལྔ་དང་། །མགྲིན་བཟང་གཟིག་ལྤགས་ཅན་ལ་རྟ་མཆོག་ཞེས། །ཟོལ་བསྟོད་རྣམ་ཐར་ཚིགས་སུ་བཅད་པ་འདི། །མཁས་གྲུབ་དམ་པས་མཐོང་ན་ཐུགས་ཁྲེལ་ཡང་། །བཙུན་ཆུང་གཞོན་ནུ་སྐལ་ལྡན་ལུང་རྟོགས་ཀྱིས། །བསྐུལ་ངོར་སྤྲུལ་མིང་རྒན་པོ་རང་གིས་སྨྲས། །ཉེས་པའི་ཆ་ཀུན་ལྷ་དང་བླ་མར་བཤགས། །དགེ་བས་བདག་སོགས་དུས་གསུམ་འགྲོ་བ་ཀུན། །རྒྱལ་བའི་སྲས་ཀྱི་རྣམ་ཐར་ལེགས་བསྐྱང་ནས། །རྒྱལ་མཆོག་དོན་ཀུན་གྲུབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།

སྙིགས་དུས་ཀྱི་སྤྲུལ་མིང་པ་པདྨ་དོན་ལྡན་རྩལ་དུ་འབོད་པའི་རྣམ་ཐར་གསོལ་འདེབས་ཉུང་ངུར་བསྡུས་པ་དད་པའི་འཁྲི་ཤིང་།

༄༅། སྙིགས་དུས་ཀྱི་སྤྲུལ་མིང་པ་པདྨ་དོན་ལྡན་རྩལ་དུ་འབོད་པའི་རྣམ་ཐར་གསོལ་འདེབས་ཉུང་ངུར་བསྡུས་པ་དད་པའི་འཁྲི་ཤིང་བཞུགས། ན་མོ་གུ་རུ་པིནྡྷ་ནིརྨཱ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ། སྙིང་དབུས་དད་བརྒྱའི་པདྨོ་བཞད་པ་ནས། །རང་རིག་གཟུགས་སྐུར་ཤར་བའི་བླ་མ་རྗེ། །མོས་པའི་ཞིང་འདིར་བརྩེ་ཆེན་ཐུགས་རྗེ་ཡིས། །བྱིན་རླབས་ཆར་རྒྱུན་འབེབ་བཞིན་གཤེགས་སུ་གསོལ། །ཆོས་སྐུ་སྤྲོས་པ་ཀུན་བྲལ་ཀུན་ཏུ་བཟང་། །ལོངས་སྐུ་མཚན་དཔེའི་དཔལ་འབར་རིགས་ཀྱི་བདག །སྤྲུལ་སྐུ་འགྲོ་དོན་མཐར་ཕྱིན་ཨོ་རྒྱན་རྗེ། །དབྱེར་མེད་སྐུ་གསུམ་ཀུན་འདུས་བླ་མ་ལ། །ལུས་རྡུལ་གྲངས་སྙེད་ཕྱག་འཚལ་མཆོད་སྤྲིན་འབུལ། །སྡིག་སྒྲིབ་ཉེས་ཚོགས་སྟོབས་བཞིས་བཤགས་ཤིང་སྡོམ། །དགེ་ཚོགས་ཀུན་ལ་ཡི་རང་ཐེག་གསུམ་ཆོས། །འགྲོ་བའི་དོན་དུ་གསུང་བསྐུལ་སེམས་ཅན་ཀུན། །མ་གྲོལ་བར་དུ་བཞུགས་གསོལ་དུས་གསུམ་གྱི། །རྣམ་དཀར་མ་གྱུར་བྱང་ཆེན་རྒྱུ་རུ་བསྔོ། །རྒྱལ་བ་ཀུན་དང་ཁྱད་པར་པད་འབྱུང་སོགས། །ལྷག་ལྷ་དུ་མས་ཚེ་རབས་ཐམས་ཅད་དུ། །རྗེས་བཟུང་རྡོ་རྗེ་འཆང་དབང་སྤྲུལ་པའི་སྐུ། །པདྨ་དོན་ལྡན་རྩལ་ལ་གསོལ་བ་འདེབས། །ཕྱི་ལྟར་ཐོས་པས་རྒྱུད་གྲོལ་དགེ་སློང་མཆོག །ནང་ལྟར་བྱང་ཆུབ་སེམས་དཔའ་རྒྱལ་བའི་སྲས། །གསང་བ་སྣང་བཞི་མངོན་གྱུར་རིག་པ་འཛིན། །ལུང་རྟོགས་བསྟན་པ་འཛིན་ལ་གསོལ་བ་འདེབས། །འཇིག་རྟེན་བསླུ་བྲིད་གྲགས་སྙན་བསྟོད་སྨད་སོགས། །ཆོས་བརྒྱད་འཆིང་བ་རྨི་ལམ་ལྟར་གཟིགས་ནས། །འདོད་ཡོན་ཞེན་མེད་སྒྱུ་མ་རང་གྲོལ་བའི། །རྣལ་འབྱོར་དབང་ཕྱུག་ཆེན་པོར་གསོལ་བ་འདེབས། །མགོན་ཁྱོད་བསྐལ་མང་གོང་ནས་སངས་རྒྱས་ཀྱང་། །ཞིང་འདིར་གདུལ་བྱའི་སྣང་ངོར་ཐ་མལ་གཟུགས། །ལུས་རྒྱའི་སྦུབས་ནས་གདོད་མའི་མགོན་པོའི་ཞལ། །མངོན་གྱུར་རྒྱལ་བའི་སྲས་པོར་གསོལ་བ་འདེབས། །ཅིར་སྣང་སྐྱེ་འགག་གནས་གསུམ་བྲལ་བའི་དོན། །ཇི་བཞིན་རིག་པས་སྐྱོན་ཡོན་མཐའ་ལས་འདས། །བསླུ་མེད་སྒྱུ་འབྲས་དགེ་ལ་ཉེར་བརྩོན་ནས། །མི་མཆོག་དམ་པར་གྱུར་དེར་གསོལ་བ་འདེབས། །ཁྱོད་ནི་མཐོང་ངམ་བསྟོད་སྨད་ལེགས་བཤད་སོགས། །མོས་པས་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །གནས་སྐབས་ཀུན་ཏུ་ཕན་བདེའི་གཞིར་འགྱུར་བའི། །འབྲེལ་ཚད་དོན་ལྡན་ཆེན་པོར་གསོལ་བ་འདེབས། །ཁྱད་པར་ཟབ་ཆོས་པད་འབྱུང་གསང་གསུམ་གྱི། །ཡོན་ཏན་རྗེས་བཟུང་གསོལ་འདེབས་བརྩོན་པའི་འབྲས། །བསླུ་མེད་ལམ་གྱི་འབྲས་བུ་མངོན་གྱུར་པའི། །མཁས་བཙུན་བཟང་པོར་གྲགས་ལ་གསོལ་བ་འདེབས། །སྔོན་ཚེ་བསྐལ་པ་གྲངས་མེད་གོང་རོལ་ནས། །བྱང་ཆུབ་སེམས་ཀྱི་ས་བོན་བཏབ་པའི་འབྲས། །གང་དུ་སྐྱེས་ཀྱང་སྙིང་རྗེ་ཚད་མེད་ཀྱིས། །རྒྱལ་བའི་མྱུ་གུར་གྱུར་དེར་གསོལ་བ་འདེབས། །རྒྱལ་བསྟན་རྩ་བ་ཕ་རོལ་ཕྱིན་དྲུག་ལས། །དགེ་བའི་བཤེས་གཉེན་བརྟེན་ལ་ཉེར་བརྩོན་དང་། །སྲིད་ལ་འཇིགས་པ་མེད་པའི་བརྟུལ་ཞུགས་ཀྱིས། །སྐལ་བ་བཟང་པོར་གྱུར་ལ་གསོལ་བ་འདེབས། །ཚེ་རབས་དུ་མར་དམ་པའི་མགོན་རྣམས་ཀྱིས། །རྗེས་བཟུང་སྨིན་གྲོལ་གདམས་པ་ཐོབ་པ་ལས། །བསྟན་དང་འགྲོ་བའི་དཔལ་མགོན་དམ་པ་རུ། །དུས་གསུམ་ཀུན་ཏུ་གྱུར་དེར་གསོལ་བ་འདེབས། །དེ་ལྟར་མགོན་པོ་ཁྱོད་ལ་རྩེ་གཅིག་ཏུ། །རྩ་གསུམ་ཀུན་འདུས་ངོ་བོར་མོས་པ་ཡིས། །མི་ཕྱེད་དད་པས་གསོལ་བ་འདེབས་ལགས་ན། །ཚད་མེད་ཐུགས་རྗེས་བྱིན་རླབས་སྩལ་དུ་གསོལ། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །མི་ཁོམ་སྲིད་པའི་དུཿཁ་ལས་ཐར་ནས། །དལ་བའི་རྟེན་ལ་འབྱོར་བ་བཅུ་ཚང་ཞིང་། །རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་བར་ཤོག །དེ་ཡང་ཚུལ་ཁྲིམས་གཙང་མའི་ས་གཞི་ལ། །ཞི་ལྷག་ཏིང་ངེ་འཛིན་གྱི་མྱུ་གུ་སྨིན། །ཤེས་རབ་གསུམ་གྱི་འབྲས་བུ་གཡུར་ཟ་བའི། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །གནས་སྐབས་སུ་ཡང་ནད་གདོན་བར་ཆད་དང་། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ནས། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སོགས། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་ཤོག །ཚད་མེད་བྱང་ཆུབ་སེམས་ཀྱི་ལྕགས་ཀྱུ་ཡིས། །ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་སོགས། །སྣང་སྲིད་དབང་འདུས་བདུད་བཞིའི་གཡུལ་ངོ་ལས། །རྣམ་པར་རྒྱལ་བའི་དཔའ་བོ་མྱུར་ཐོབ་ཤོག །རིགས་ཀུན་བདག་ཉིད་བླ་མས་རྗེས་བཟུང་ཞིང་། །རིགས་བརྒྱའི་ཁྱབ་བདག་ཡི་དམ་ལྷ་དང་འཕྲད། །རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ནས། །མཁའ་སྤྱོད་གནས་སུ་ཟུང་འཇུག་སྐུ་ཐོབ་ཤོག །དེར་ཡང་མཆོག་དམན་བར་བའི་འགྲོ་ཁམས་སུ། །གང་འདུལ་གཟུགས་ཀྱིས་དམ་ཆོས་སྟོན་པ་དང་། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་འཛིན་པ་སོགས། །རང་གཞན་དོན་གཉིས་འབད་མེད་ལྷུན་གྲུབ་ཤོག །ཅེས་པ་འདི་ཡང་བླ་མ་ལ་དད་པ་དང་ལྡན་པའི་སློབ་མ་འགས་བསྐུལ་ངོར། ཆོས་སྨྲ་བའི་བཙུན་གཟུགས་པདྨ་དོན་ལྡན་བཟང་པོས་སྨྲས་པ་འདི་བཞིན་གསོལ་འདེབས་ལ་བརྩོན་ན་དངོས་གྲུབ་འབྱུང་བ་ཡིད་ཆེས་པའི་གནས་སུ་ཟུངས་ཤིག །དགེའོ།།

རྒྱལ་བའི་སྲས་པོ་སྐལ་ལྡན་ལུང་རིག་གླིང་བའི་སྐྱེ་ཕྲེང་གསོལ་འདེབས་ཐར་ལམ་སྣང་བྱེད།

༄༅། རྒྱལ་བའི་སྲས་པོ་སྐལ་ལྡན་ལུང་རིག་གླིང་བའི་སྐྱེ་ཕྲེང་གསོལ་འདེབས་ཐར་ལམ་སྣང་བྱེད་བཞུགས། ན་མོ་གུ་ར་ཝེ། མཁའ་ཁྱབ་རྒྱལ་ཀུན་བྱམས་དང་བརྩེ་བའི་འཕྲུལ། །གངས་ཅན་སྐྱབས་གཅིག་རྒྱལ་སྲས་པད་དཀར་འཆང་། །སྒྲོལ་མའི་ཐུགས་རྗེའི་རང་གཟུགས་མཐིང་འོད་འབར། །ཐུབ་དབང་ཞབས་འདེགས་དགྲ་བཅོམ་བློ་གྲོས་གྲགས། །གསོལ་བ་འདེབས་སོ་ཐར་ལམ་སྣང་བར་མཛོད། །བུད་མེད་གཟུགས་འཆང་འཕགས་མ་ཨུཏྤལ་མདོག །གུ་རུའི་ཐུགས་ཀྱི་གཟུངས་མ་མཁར་ཆེན་བཟའ། །ཕུར་བའི་གྲུབ་བརྙེས་དཔལ་གྱི་དབང་ཕྱུག་ཞབས། །འཁོན་རིགས་ཀླུ་ཡི་དབང་པོ་ཆོས་ཀྱི་སྤྱན། །གསོལ་བ་འདེབས་སོ་ཐར་ལམ་སྣང་བར་མཛོད། །བྱང་བདག་ཤེས་རབ་ཆ་འཛིན་ཆོས་དབང་མོ། །དགོངས་འདུས་བཀའ་བབས་དང་པོ་ཛྙཱ་ནའི་མཚན། །ཀར་གླིང་བདེ་བའི་གར་མཁན་ལང་ཚོ་མ། །ཤར་གཏེར་མངའ་བདག་ཁམས་ཞིག་ཉི་མ་གྲགས། །གསོལ་བ་འདེབས་སོ་ཐར་ལམ་སྣང་བར་མཛོད། །འགྱུར་མེད་རིགས་ཆོས་རིན་ཆེན་བརྒྱུད་འཛིན་པ། །བདུད་ལས་རྣམ་རྒྱལ་དཔའ་བོ་རྡོ་རྗེར་གྲགས། །མདོ་སྨད་གཤེན་རབ་བསྟན་པའི་རྒྱལ་མཚན་མཆོག །གྲུབ་པའི་ངོ་མཚར་སུས་ཀྱང་འགོག་མེད་པ། །གསོལ་བ་འདེབས་སོ་ཐར་ལམ་སྣང་བར་མཛོད། །ཕྱག་ཆེན་གྲུབ་བརྙེས་རྣལ་འབྱོར་ཡེ་ཤེས་སེང་། །རྡོ་གྲུབ་ཐུགས་སྲས་འཇིགས་མེད་སྐལ་བ་བཟང་། །སྦས་པའི་ཚུལ་འཆང་དཀོན་མཆོག་དབང་ཕྱུག་འཕྲུལ། །དགོངས་གཏེར་དག་སྣང་བཀའ་བབས་ལུང་རིག་གླིང་། །གསོལ་བ་འདེབས་སོ་ཐར་ལམ་སྣང་བར་མཛོད། །ཐར་ལམ་ཆོས་ཀྱི་རྩ་བ་དག་སྣང་ཞེས། །མཁས་གྲུབ་ཐམས་ཅད་ཞལ་རྒྱུན་དགོངས་པ་གཅིག །ཁྱད་པར་བཀའ་དྲིན་གསུམ་ལྡན་བླ་མ་ལ། །དཀོན་མཆོག་ཀུན་འདུས་ངོ་བོར་གསོལ་བ་འདེབས། །རབ་འབྱམས་ལྷག་པའི་ལྷ་ཡི་བསྐྱེད་རིམ་ལས། །བླ་མ་སྐད་ཅིག་དྲན་པ་མཆོག་ཡིན་ཞེས། །གསང་ཆེན་རྒྱུད་སྡེའི་དགོངས་པར་ངེས་རྙེད་ནས། །རྟག་ཏུ་ཁྱེད་ཤེས་དད་པས་གསོལ་འདེབས་ན། །དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལ། །རྟོག་པ་མེད་ཀྱང་དགོས་འདོད་འབྱུང་བ་བཞིན། །གནས་སྐབས་མཐར་ཐུག་ཕན་དང་བདེ་བའི་གཏེར། །བདག་རྒྱུད་ཆོས་དང་མཐུན་པར་བྱིན་གྱིས་རློབས། །དེ་མཐུས་སྒྲིབ་གཉིས་ཆུ་འཛིན་དྭངས་པའི་མཁར། །རང་རིག་ཡེ་ཤེས་ཉིན་བྱེད་རབ་འབར་བས། །སྲིད་ཞིའི་མཐའ་ལྟའི་མུན་པ་དབྱིངས་སངས་ནས། །རྨད་བྱུང་སྣང་བས་ས་གསུམ་ཡོངས་ཁྱབ་ཤོག །རང་དོན་ཆོས་སྐུ་ཞི་བའི་རྒྱལ་སྲིད་ཟིན། །གཞན་དོན་གཟུགས་སྐུ་སྐྱེ་རྒུའི་དཔལ་དུ་ཤར། །ལས་བཞིའི་ཕྲིན་ལས་བསྟན་འགྲོར་ཕན་བདེ་སྤེལ། །སྐུ་གསུམ་བླ་མའི་གོ་འཕང་མྱུར་འགྲུབ་ཤོག། ཅེས་པའང་དད་དང་སྐལ་བར་ལྡན་པའི་སློབ་བུ་བཙུན་ཆུང་ཐུབ་བསྟན་འོད་ཟེར་གྱིས་ནན་ཏན་ཆེན་པོས་ལྷ་རྫས་དར་དཀར་སྲིད་དུ་རིང་བ་དང་བཅས་བསྐུལ་ངོར་དགེ་སྦྱོང་རྒན་པོ་རྒྱ་སྤྲུལ་པས་གང་ཤར་བཅོས་མེད་དུ་སྤེལ་བ་དུས་གསུམ་དུ་དགེ་བར་གྱུར་ཅིག སརྦ་ཛ་ཡནྟུ།

རིག་འཛིན་ལུང་རིག་གླིང་པ་ཉིད་ཀྱི་སྐྱེ་ཕྲེང་གསོལ་འདེབས་ལས་ཅན་སྙིང་གི་དགའ་སྟོན།

༄༅། རིག་འཛིན་ལུང་རིག་གླིང་པ་ཉིད་ཀྱི་སྐྱེ་ཕྲེང་གསོལ་འདེབས་ལས་ཅན་སྙིང་གི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།། ཨེ་མ་ཧོ། གདོད་མའི་གཞི་ལས་གཞི་སྣང་བྱེ་བྲག་པ། །འཁོར་འདས་བར་ལག་གྱེས་པའི་དུས་སྐབས་སུ། །རང་བཞིན་གནས་རིགས་རྒྱས་འགྱུར་གྱིས་གསོས་མཛད། །རིགས་བདག་རྗེ་བཙུན་སྒྲོལ་མར་གསོལ་བ་འདེབས། །དེ་ཡི་ཐུགས་རྗེའི་རང་གདངས་འཁོར་གྱི་ཚུལ། །བྱ་གྲུབ་ཡེ་ཤེས་རང་མདངས་ལྗང་གསལ་མཛེས། །གཡས་པ་མཆོད་སྦྱིན་ཨུཏྤལ་གཡོན་མཉམ་བཞག །རིན་ཆེན་དར་གོས་ཕྱེད་སྐྱིལ་སེམས་མའི་ཚུལ། །མཐིང་འོད་གཟི་བརྗིད་འབར་མར་གསོལ་བ་འདེབས། །ཟས་གཙང་སྲས་ཀྱི་དྲུང་དུ་དགེ་བསྙེན་ཚུལ། །དཀར་དམར་མཛེས་སྡུག་རབ་བྱུང་ཤ་འགག་སྔོ། །མཉམ་བཞག་ལྷུང་བཟེད་འོ་མས་གང་བ་བསྣམས། །ཕྱེད་སྐྱིལ་དབུ་ཟླུམ་བླ་གོས་ཤམ་ཐབས་དམར། །འཕགས་མ་ཨུཏྤལ་མདོག་ལ་གསོལ་བ་འདེབས། །འཕགས་ཡུལ་པདྨའི་རིག་མ་དཀར་དམར་མདངས། །མེ་ཏོག་ཐོད་བཅིང་ཨུཏྤལ་ཕྲེང་བ་དང་། །ནོར་བུའི་སྙན་རྒྱན་སྨད་གོས་འཇའ་ཚོན་མདངས། །པུས་བཙུགས་ཐོད་ཆང་གུས་པས་མཆོད་པའི་ཚུལ། །བྲམ་ཟེ་དཔལ་སྐྱེས་མ་ལ་གསོལ་བ་འདེབས། །བོད་ཡུལ་པད་འབྱུང་ཐུགས་ཀྱི་གཟུངས་མ་མཆོག །བོད་ཀྱི་བུ་མོ་མུ་ཏིག་སྟོད་གཡོག་ཁྲ། །ཕུར་བ་མཁར་གདེངས་གཡོན་པས་ཐོད་ཆང་བསྣམས། །དཀར་དམར་མཛེས་སྡུག་གཡུ་ཐོད་རིན་ཆེན་བརྒྱན། །མཁའ་འགྲོ་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མཁར་ཆེན་བརྒྱུད་འཁྲུངས་དབུ་སྐྲ་ཕྱམ་བརྡལ་ཅན། །དཀར་དམར་ཁྲོ་འཛུམ་ཕུར་བུ་མཁའ་ལ་གདེངས། །གསང་གོས་སྔོན་པོ་གཟན་དཀར་རོལ་བའི་སྟབས། །དཔལ་གྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །རྣལ་འབྱོར་དབང་ཕྱུག་བཞད་པ་རྡོ་རྗེའི་དྲུང་། །མི་མོ་རྒན་ཉམས་དར་གོས་སྨུག་པོ་ཅན། །མཉམ་བཞག་སྐྱིལ་ཀྲུང་གཉུག་མའི་རང་ཞལ་བལྟ། །རྣལ་འབྱོར་གཤིན་རྡོར་མོ་ལ་གསོལ་བ་འདེབས། །བོད་ཡུལ་སྔགས་འཆང་བཀྲ་ཤིས་སྟོབས་རྒྱལ་གྱི། །གསང་ཡུམ་སྔགས་སྐྱེས་གཞོན་ཚུལ་དཀར་དམར་མདངས། །གཡས་གཡོན་ཕྱག་གཉིས་ཐབས་ཤེས་ཚོགས་རྫས་བསྣམས། །བཞེངས་སྟབས་གོས་སྔོན་སྙན་རྒྱན་ཕྲེང་གདུབ་མཛེས། །ཡིད་འཛིན་དབང་མོར་གྲགས་ལ་གསོལ་བ་འདེབས། །ལས་རིགས་དཔའ་བོ་ཀརྨ་གླིང་པ་ཡི། །ལས་ཀྱི་ཕྱག་རྒྱ་སྨུག་ནག་ཁྲོས་ཉམས་གཟུགས། །གཡས་པས་སྣང་གསལ་ཕྱག་གཡོན་བདུད་རྩིའི་བུམ། །དར་དམར་ཐོད་དཀྲིས་སྙན་གཡུ་བཞེངས་སྟབས་ཚུལ། །བདེ་སྟོང་ཡེ་ཤེས་དབང་མོར་གསོལ་བ་འདེབས། །བདེ་གཤེགས་དྲུག་པ་སེང་སྒྲའི་སྒྱུ་འཕྲུལ་གར། །གང་དེའི་རྗེས་བཟུང་རྣལ་འབྱོར་གོས་དཀར་ཅན། །དབུ་སྐྲ་ཕྱམ་བརྡལ་ངལ་བསོའི་ཕྱག་རྒྱ་མཛད། །སྐྱིལ་ཀྲུང་གཡོ་མེད་ཤིང་དྲུང་སྒོམ་ཆེན་ཚུལ། །ཀརྨ་དཔལ་དང་ལྡན་ལ་གསོལ་བ་འདེབས། །འཇམ་དབྱངས་ས་ཆེན་བླ་མས་རྗེས་བཟུང་ཚེ། །གྲོང་པའི་བན་སྔགས་སྨུག་སྐྱ་བགྲེས་ཉམས་ཅན། །ཁྱིམ་པའི་གོས་དཀར་ལག་གཉིས་ཁྲུས་བུམ་བསྒྲེངས། །པུས་བཙུགས་གུས་ཚུལ་འཇམ་དཔལ་མདུན་ནས་བཞུགས། །ཀུན་དགའི་མཚན་འཆང་དེ་ལ་གསོལ་བ་འདེབས། །སྟོན་པའི་ཞལ་སྐྱིན་རྗེ་བཙུན་ཙོང་ཁ་པའི། །ཐུགས་སྲས་སྐུ་མདོག་དཀར་དམར་ཆོས་གོས་གསོལ། །ཞྭ་སེར་ཅོད་པཎ་ཕྱག་གཉིས་ཆོས་འཆད་རྒྱས། །ཨུཏྤལ་སྟེང་ནས་རལ་གྲི་གླེགས་བམ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཁྲི་བེར་གསེར་རིས་ཅན། །མཁས་གྲུབ་དགེ་ལེགས་དཔལ་ལ་གསོལ་བ་འདེབས། །གཏེར་ཆེན་སངས་རྒྱས་གླིང་པའི་སྲས་ཀྱི་ཚུལ། །དམར་སྨུག་སྒེག་ཉམས་སྔགས་བཙུན་བླ་གོས་དཀར། །ཤམ་ཐབས་སྨུག་པོ་མགུལ་ཕུར་ཐོར་ཅོག་ཅན། །གཡས་གཡོན་རྡོར་དྲིལ་སག་ལྷྭམ་རོལ་སྟབས་བཞུགས། །ཡེ་ཤེས་རྡོ་རྗེར་གྲགས་ལ་གསོལ་བ་འདེབས། །གཏེར་བདག་གླིང་པའི་བརྒྱུད་འཛིན་སྔགས་འཆང་ཚུལ། །མདོག་སྨུག་དབུ་སྐྲ་ཕྱམ་བརྡལ་ཨོག་ཚོམ་ཅན། །བླ་གོས་དཀར་པོ་སྟོད་འགག་སྔོ་ཁྲ་དང་། །པད་ཞྭ་རྡོར་དྲིལ་བསྣོལ་སྟབས་མགུལ་ཕུར་བརྒྱན། །སྐྱིལ་ཀྲུང་བེར་ཕྱམ་སྨུག་པོ་ཕྱི་ནས་ཀླུབས། །རིན་ཆེན་རྣམ་པར་རྒྱལ་ལ་གསོལ་བ་འདེབས། །ཁམས་ཞིག་ཉི་གྲགས་དཀར་དམར་ཁྲོ་འཛུམ་རྔམས། །གོས་དཀར་ལྕང་ལོ་མགུལ་ཕུར་པད་ཞྭ་དམར། །གཟིག་སྤགས་བེར་ཕྱམ་ཕྱག་གཡོན་གཏེར་སྒྲོམ་དང་། །གཡས་པས་ཆོས་འཆད་པད་སྟེང་རྡོར་དྲིལ་བསྣོལ། །ཤར་གཏེར་བདག་པོར་གྱུར་ལ་གསོལ་བ་འདེབས། །རོ་གཅིག་དོན་རྟོགས་དགེ་སློང་རྡོ་རྗེ་འཛིན། །དཀར་དམར་རབ་བྱུང་པད་ཞྭ་ཆོས་འཆད་རྒྱས། །ཨུཏྤལ་སྟེང་དུ་གཡས་གཡོན་རྡོ་རྗེ་དྲིལ། །སྐྱིལ་ཀྲུང་གིས་བཞུགས་ཨོག་ཚོམ་སྨ་ར་རྔམ། །ཛྙ་ན་སེང་ཧར་གྲགས་ལ་གསོལ་བ་འདེབས། །མཁས་མཆོག་གཞོན་ཚུལ་དཀར་དམར་གསང་གོས་སྔོ། །བླ་གོས་དཀར་པོ་ཤམ་ཐབས་དམར་སྨུག་མཛེས། །སག་ལྷམ་འཇའ་རིས་ཕྱེད་སྐྱིལ་རྒྱ་ཞྭ་གསོལ། །འཇིགས་མེད་སྐལ་བ་བཟང་པོར་གསོལ་བ་འདེབས། །རྣལ་འབྱོར་དབང་ཕྱུག་སྨུག་ནག་རབ་བྱུང་ཆས། །པཎ་ཞུ་རྣ་རིང་གསོལ་ཞིང་ཞབས་ཕྱེད་སྐྱིལ། །ཕྱག་གཉིས་ཌ་རུ་རྐང་གླིང་སྒྲོག་པའི་ཚུལ། །དཀོན་མཆོག་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །བཀའ་དྲིན་མཚུངས་མེད་བླ་མ་དཀར་དམར་མཛེས། །པཎ་ཆེན་ཆས་ཅན་ཕྱག་གཡས་ཆོས་འཆད་རྒྱས། །ཨུཏྤལ་སྟེང་ནས་ཤེས་རབ་རལ་གྲི་དང་། །ཕྱག་གཡོན་སྤྲུལ་འཁོར་མཉམ་བཞག་པུསྟི་བསྣམས། །རིག་འཛིན་ལུང་རིག་གླིང་པར་གསོལ་བ་འདེབས། །འདི་འོག་བསམ་ཡས་ཉེ་འདབས་དགེ་སློང་མ། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་ཕྲེང་བ་གཡོན་པས་པུསྟི་བསྣམས། །དཀོན་མཆོག་དབང་མོར་གྲགས་ལ་གསོལ་བ་འདེབས། །སོག་པོ་གུར་དཀར་སེམས་མ་དཀར་དམར་མདངས། །གཡས་པས་ཆོས་འཆད་གཡོན་པས་མཉམ་བཞག་མཛད། །ཞབས་གཉིས་ཕྱེད་སྐྱིལ་དར་གོས་སྣ་ཚོགས་གསོལ། །དགེ་ལེགས་ཆོས་འཕེལ་བཟང་མོར་གསོལ་བ་འདེབས། །བྱང་ཁོག་རྟ་རྣར་དགེ་མ་རབ་བྱུང་ཆས། །གཡས་པས་ཨུཏྤལ་གཡོན་པས་སྤོས་ཕོར་ཐོགས། །ཞབས་གཉིས་བཞེངས་སྟབས་ཞི་དུལ་རྣམ་པ་ཅན། །དཔལ་གྱི་སྒྲོན་མ་ཉིད་ལ་གསོལ་བ་འདེབས། །རྔ་ཡབ་དཔལ་རིར་སྲིན་དཔོན་སྨུག་ནག་རྔམས། །མི་ལྤགས་སྟོད་གཡོག་སྟག་ཤམ་མགོ་ཕྲེང་དང་། །ཐོད་སྐམ་དབུ་རྒྱན་ཕྱག་གཡས་རྡོ་རྗེ་དང་། །གཡོན་པས་བྷན་དྷ་ཞབས་གཉིས་ཕྱེད་སྐྱིལ་ཅན། །རཀྴ་མྱུ་གུ་རྩལ་ལ་གསོལ་བ་འདེབས། །ལྷ་ལྡན་པདྨའི་རྒྱལ་ཚབ་མི་ཤ་མདོག །དར་བེར་སྔོ་ཁྲ་ཕྱག་གཡས་ཕུར་བ་དང་། །གཡོན་པས་མཉམ་བཞག་གཏེར་གྱི་སྒྲོམ་བུ་འཛིན། །ཟབ་གཏེར་དབང་ཕྱུག་བྱང་ཆུབ་གླིང་པའམ། །བདེ་ཆེན་དངོས་གྲུབ་ཉིད་ལ་གསོལ་བ་འདེབས། །དགའ་ལྡན་གནས་སུ་བྱང་སེམས་དཀར་དམར་མཛེས། །ཕྱག་གཡས་སྐྱབས་སྦྱིན་གཡོན་པས་ཨུཏྤལ་བསྣམས། །ལོངས་སྐུའི་ཆ་བྱད་སེམས་དཔའི་སྐྱིལ་ཀྲུང་བཞུགས། །བྱམས་པའི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་གདན་དུ་རྣམ་མཁྱེན་རྫོགས་སངས་རྒྱས། །དུང་མདོག་མཚན་བཟང་དཔེ་བྱད་སྤྲུལ་སྐུའི་ཆས། །སྐྱིལ་ཀྲུང་ཕྱག་གཉིས་ས་གནོན་མཉམ་བཞག་མཛད། །བདེ་གཤེགས་རྣམ་འདྲེན་རྒྱལ་པོར་གསོལ་བ་འདེབས། །དེ་ལྟར་སྐྱབས་ཀུན་བདག་ཉིད་བླ་མ་རྗེའི། །རྣམ་ཐར་དྲན་བཞིན་མོས་པས་གསོལ་བཏབ་མཐུས། །བདག་གཞན་ཕ་མ་རིགས་དྲུག་སེམས་ཅན་རྣམས། །རྔ་ཡབ་དཔལ་རིར་མྱུར་དུ་དྲང་དུ་གསོལ། །ཅེས་སྔོན་གྱི་སྐྱེ་ཕྲེང་ལ་སྒྲོ་བཏགས་པའི་སྐུ་མདོག་ཕྱག་མཚན་དང་ལྡན་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ནི་རང་གི་སློབ་བུ་ལྷ་བཟོ་པྲ་ཛྙའི་མིང་གིས་བསྐུལ་ངོར་རྒྱ་སྤྲུལ་མིང་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོར་འབོད་པ་རང་ཉིད་ཀྱིས་སྨྲས་པ་བཞིན་ཡི་གེ་པ་ནི་བཙུན་ཆུང་རིག་འཛིན་དོན་གྲུབ་ཀྱིས་བགྱིས་པ་དུས་ཀུན་ཏུ་དགེ་བར་གྱུར་ཅིག་གུ། དགེའོ།། དགེའོ།། དགེའོ།།

སྐྱེ་ཕྲེང་གསོལ་འདེབས་དོན་གཉིས་ཤིང་རྟ།

༄༅།། སྐྱེ་ཕྲེང་གསོལ་འདེབས་དོན་གཉིས་ཤིང་རྟ་བཞུགས། ཨེ་མ་ཧོ། འཁོར་འདས་ཀུན་གྱི་གཞི་ནི་མཉམ་པ་ཉིད། །ལྷུན་གྲུབ་འོད་ལྔའི་སྣང་བ་ཕྱིར་ཤར་ལས། །འགྲོ་ལ་ཕན་བདེའི་བྱེད་པོ་སྐུ་གསུམ་འཕྲུལ། །སྒྱུ་མའི་རོལ་གར་སྟོན་ལ་གསོལ་བ་འདེབས། །སྔོན་ཚེ་རྗེ་བཙུན་སྒྲོལ་མས་ཐུགས་བསྐྱེད་ཚེ། །དེ་ཉིད་གུས་མཆོད་སེམས་མ་མཐིང་འོད་འབར། །བྱང་ཆུབ་བར་དུ་འཕགས་མ་རིགས་བདག་ཏུ། །འགྱུར་ཞེས་ལུང་བསྟན་ཐོབ་དེར་གསོལ་བ་འདེབས། །ཤཱཀ་ཐུབ་འཁོར་གྱུར་འཕགས་མ་ཨུཏྤལ་མདོག །མཚོ་སྐྱེས་བླ་མའི་ཐུགས་ཟིན་མཁར་ཆེན་བཟའ། །དེ་ཡི་དྲལ་པོ་མཁར་ཆུ་དཔལ་དབང་ཕྱུག །སྣ་ཚོགས་སྤྲུལ་པར་སྣང་ལ་གསོལ་བ་འདེབས། །བཞད་པ་རྡོ་རྗེའི་སློབ་མ་གཤེན་རྡོར་མོ། །དུས་གསུམ་མཁྱེན་པའི་བརྒྱུད་འཛིན་ཀརྨ་དཔལ། །ཀུན་དགའ་རྒྱལ་མཚན་བྲན་གྱུར་ཚེ་ཡི་མིང་། །མ་ཏི་བྷ་ཏྲའི་ཐུགས་སྲས་དགེ་ལེགས་དཔལ། །འགྲོ་ཕན་བྱེད་པོར་གྱུར་ལ་གསོལ་བ་འདེབས། །སངས་གླིང་ཆོས་རིགས་མྱུ་གུ་ཡེ་རྡོར་བ། །གཏེར་བདག་གླིང་པའི་ཐུགས་སྲས་རྣམ་པར་རྒྱལ། །ཤར་གཏེར་མངའ་བདག་སུརྱ་ཀིརྟི་ཡི། །བྱིན་ཐོབ་སྤྲུལ་པར་གྲགས་ལ་གསོལ་བ་འདེབས། །ཕྱག་ཆེན་རྣལ་འབྱོར་ཛྙཱ་ན་སེང་ཧར་གྲགས། །ཤེར་ཕྱིན་དགོངས་དོན་མངོན་གྱུར་དཀོན་མཆོག་མཚན། །གྲུབ་དབང་བླ་མའི་ཐུགས་སྲས་སྐལ་བ་བཟང་། །རྒྱལ་བསྟན་རྩ་ལག་འཛིན་ལ་གསོལ་བ་འདེབས། །གཞན་ཡང་དགྲ་བཅོམ་བློ་གྲོས་རྒྱ་མཚོ་དང་། །འཛམ་གླིང་མཁས་པའི་རྒྱན་གྱུར་འཕགས་པ་ལྷ།།འཇམ་དབྱངས་འཁོན་གྱི་རིགས་ལས་ཀླུ་དབང་སོགས། །སྤྲུལ་བསྒྱུར་བསམ་ལས་འདས་ལ་གསོལ་བ་འདེབས། །ལུང༵་གི་ཆོས་ལ་མི་ཕྱེད་དད་པས་ཉན། །རྟོགས་དོན་བྱང་ཆུབ་སེམས་གཉིས་ཅི་ནུས་སྦྱངས། །རིག༵་རྩལ་འཁོར་འདས་གྲུབ་པ་མེད་པར་ཤེས།།ཐར་གླིང༵་དེད་དཔོན་དམ་པ༵ར་གསོལ་བ་འདེབས། །ཀུན་ཁྱབ་སེམས་ཉིད་སྤྲོས་པ་བྲལ་བའི་གདངས། །སྐྱེ་མེད་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ་གྱིས། །གཞན་ཕན་བྱང་ཆུབ་སེམས་དང་མ་བྲལ་བར། །གང་འདུལ་གཟུགས་སྐུར་སྣང་དེར་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །འཁོར་བའི་བདེ་སྐྱིད་དུག་སྦྲུལ་ཚང་བཞིན་དུ། །མཐོང་ནས་ངེས་པར་འབྱུང་བས་རྒྱུད་བསྐུལ་ཏེ། །རྣམ་དག་ཁྲིམས་ཀྱི་གཞི་བཟང་འཛིན་པར་ཤོག །ཟས་ནོར་ལོངས་སྤྱོད་གཉེན་དང་འདུ་འཛི་སོགས། །སྙིང་པོ་མེད་པའི་ཚུལ་ལ་ཞེན་ལོག་ནས། །དབེན་པའི་གནས་སུ་ཏིང་འཛིན་རྩེ་གཅིག་ལ། །རབ་ཏུ་བརྩོན་པས་བརྟན་པ་མཆོག་ཐོབ་ཤོག །རྨི་ལམ་ལྟ་བུའི་སྲིད་པར་འཁྱམས་པའི་འགྲོ། །ཐོག་མེད་དུས་ནས་ཕ་མར་ཤེས་པའི་བློས། །གནས་སྐབས་མཐར་ཐུག་སྡུག་བསྔལ་བཙོན་ར་ལས། །འདོན་པའི་སྙིང་སྟོབས་ཕུལ་དུ་ཕྱིན་པར་ཤོག །རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པ་མཆོག །ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞིས། །མཐོང་ཐོས་དྲན་རེག་འབྲེལ་ཐོགས་འགྲོ་བ་ཀུན། །ཐར་མཆོག་རིན་ཆེན་གླིང་དུ་ཁྲིད་པར་ཤོག །ཡུན་རིང་དཀའ་སྤྱད་རྒྱུ་འབྲས་ཐེག་པའི་ལམ། །འབད་རྩོལ་ངལ་བས་སྒྲུབ་ལ་མ་ལྟོས་པར། །པད་འབྱུང་བཱི་མའི་དགོངས་གནད་སྙིང་ཐིག་གིས། །ཚེ་འདིར་འཕོ་ཆེན་རྡོ་རྗེའི་སྐུ་ཐོབ་ཤོག །མདོར་ན་རང་རིག་དོན་གྱི་བླ་མ་མཆོག །གཟུགས་སྐུའི་རོལ་པར་ཤར་ལ་ངེས་རྙེད་མཐུས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །ཚོམ་བུ་གཅིག་ཏུ་མངོན་པར་འཚང་རྒྱ་ཤོག །དེ་ལྟར་བྱང་ཆུབ་སྙིང་པོ་མ་ཐོབ་བར། །སྐྱེ་བའི་ཕྲེང་བར་ཉེར་འཚེ་ཀུན་ཞི་ཞིང་། །ལྷག་པའི་ལྷ་དང་བླ་མས་རྗེས་བཟུང་ནས། །ཆོས་མཐུན་བསམ་དོན་ཡིད་བཞིན་འགྲུབ་པར་ཤོག །ཅེས་པའང་གསང་ཆེན་ཐེག་པའི་ཉེ་ལམ་ལ་ངེས་པ་རྙེད་པའི་རང་སློབ་ཀརྨའི་མིང་གིས་བསྐུལ་ངོར། གྲུབ་དབང་རྫོགས་ཆེན་བཞི་པ་དང་ ། གསང་སྔགས་གླིང་པ་སོགས་ཀྱིས་དམ་པའི་ སྐྱེས་བུར་ལུང་བསྟན་པ་དང་། རང་ཉིད་ཀྱི་འཁྲུལ་སྣང་དུ་ཤར་བ་བཞིན་རྒྱལ་ཁམས་ཉུལ་བའི་སྤྲང་བཙུན་ལུང་རིག་གླིང་པས་སྨྲས་པའི་དགེ་བས་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་རྒྱུར་གྱུར་ཅིག་གུ། དགེའོ། །

གྲུབ་དབང་རྫོགས་ཆེན་རིན་པོ་ཆེས་ལུང་བསྟན་པ་ལྟར་གྱི་སྐྱེ་ཕྲེང་གསོལ་འདེབས།

༄༅། གྲུབ་དབང་རྫོགས་ཆེན་རིན་པོ་ཆེས་ལུང་བསྟན་པ་ལྟར་གྱི་སྐྱེ་ཕྲེང་གསོལ་འདེབས་བཞུགས། གདོད་མའི་གཞི་དབྱིངས་འཕོ་འགྱུར་མེད་པའི་སྐུ། །གཟུང་འཛིན་འཆིང་བ་ཡེ་གྲོལ་རྡོ་རྗེ་འཆང་། །ཀུན་ཁྱབ་ཐུགས་རྗེ་འགགས་པ་མེད་པའི་གདངས། །སྒྱུ་འཕྲུལ་ཅིར་ཡང་འཆར་ལ་གསོལ་བ་འདེབས། །གྲུབ་པའི་དབང་ཕྱུག་ཨོ་རྒྱན་ཆེན་པོ་ཡི། །གསང་གསུམ་བྱིན་རླབས་ནུས་པས་རྗེས་བཟུང་ཞིང་། །ཚེ་རབས་ཀུན་ཏུ་འགྲོ་ཕན་དམ་པའི་མགོན། །གྲངས་མེད་སྐྱེ་བར་ཟློས་ལ་གསོལ་བ་འདེབས། །སྣང་མཐའི་རྒྱལ་ཚབ་ཕྱག་ན་པདྨ་དང་། །དབྱེར་མེད་ཐུབ་དབང་ཉེ་གནས་དགྲ་བཅོམ་པ། །བློ་གྲོས་མི་ཟད་གྲགས་པ་མཐའ་ཡས་ཀྱི། །ངུར་སྨྲིག་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུའི་ནང་རོལ་ལས། །པདྨ་ལས་འཁྲུངས་མངལ་གྱི་དྲི་མས་དབེན། །ཀླུ་སྒྲུབ་སློབ་མ་མཁས་མཆོག་འཕགས་པ་ལྷ། །འཛམ་གླིང་མཛེས་རྒྱན་མཆོག་ལ་གསོལ་བ་འདེབས། །རྒྱལ་ཀུན་ངོ་བོ་མཚོ་སྐྱེས་རྡོ་རྗེ་ཡིས། །སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ནས། །དབང་བསྐུར་ལུང་བསྟན་ཕུར་བ་གདེང་ཙམ་གྱིས། །བདུད་འདུལ་དཔལ་གྱི་དབང་ཕྱུག་ལ་གསོལ་བ་འདེབས། །སླར་ཡང་སྤྲུལ་པའི་སྐུ་མཆོག་ཨོ་རྒྱན་རྗེས། །བྱིན་རླབས་ཐུགས་ཀྱི་སྲས་སུ་སྨིན་མཛ་ད་པ། །འཁོན་རིགས་ལོ་ཙཱ་ཀླུ་ཡི་དབང་པོ་ཞེས། །གསང་ཆེན་གདམས་པའི་མཛོད་ལ་གསོལ་བ་འདེབས། །པདྨའི་རྒྱལ་ཚབ་གཏེར་བདག་གླིང་པ་ཡི། །རིགས་ཀྱི་སྲས་སུ་བྱིན་བརླབས་གསང་སྔགས་ཀྱི། །བསྟན་པའི་རྩ་ལག་རིན་ཆེན་རྣམ་པར་རྒྱལ། །འགྲོ་བའི་མགོན་པོ་མཆོག་ལ་གསོལ་བ་འདེབས། །སྙིགས་དུས་ལྔ་བདོའི་མུན་པར་འཁྱམས་པའི་འགྲོ། །ཐར་ལམ་སྣང་བ་དམ་པས་དབུགས་འབྱིན་ཅིང་། །ཟབ་གཏེར་སྒོ་འབྱེད་སྐལ་བཟང་པདྨོའི་གཉེན། །ཉི་མ་གྲགས་པའི་ཞབས་ལ་གསོལ་འདེབས། །འགྲོ་འདུལ་གླིང་པ་གང་དེའི་སྤྲུལ་པའི་གར། །ཅིར་ཡང་བསྒྱུར་ཞིང་མདོ་སྔགས་བསྟན་པའི་ཚལ། །འཇི༵གས་མེ༵ད་སྤོབས་པའི་འོད་ཀྱིས་བཞད་མཛད་པ། །སྐ༵ལ་བཟ༵ང་གཞོན་ནུའི་ཞབས་ལ་གསོལ་བ་འདེབས། །དམ་པ་དེ་དག་ཀུན་གྱི་རྣམ་འཕྲུལ་དུ། །གྲུབ་དབང་རྫོགས་ཆེན་བླ་མས་ལུང་བསྟན་ཅིང་། །ཟབ་རྒྱས་ཆོས་ལ་མོས་པ་ལམ་བྱེད་པའི། །ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོ། །དག་པའི་སྣང་བ་རབ་འབྱམས་མཐའ་ཀླས་ཤིང་། །རྒྱལ་བའི་རྗེས་སུ་སློབ་ལ་གཡེལ་མེད་པར། །རྟག་ཏུ་བརྩོན་པ་ལྷུར་ལེན་ངུར་སྨྲིག་འཆང་། །སྤྲུལ་པའི་སྐུ་མཆོག་དེ་ལ་གསོལ་བ་འདེབས། །དེ་ལྟར་མོས་པས་གསོལ་བ་བཏབ་པའི་མཐུས། །བདག་ཅག་ཚེ་རབས་ཀུན་ཏུ་དམ་པའི་མགོན། །དཔལ་ལྡན་བླ་མས་རྗེས་སུ་འཛིན་པ་དང་། །ཆོས་མཐུན་བསམ་པ་འགྲུབ་པར་བྱིན་གྱིས་རློབས། །མཚུངས་མེད་བླ་མ་རྣམས་ཀྱི་ཞབས་བརྟན་ཅིང་། །རིས་མེད་འགྲོ་རྣམས་ཐར་པའི་སྒོར་ཞུགས་ནས། །དྲི་མེད་བདེ་གཤེགས་སྙིང་པོའི་རང་ཞལ་ཉིད། །ཟོལ་མེད་དད་པས་མྱུར་དུ་འཇུག་པར་ཤོག །ཅེས་པའང་འགྲོ་བའི་མགོན་པོ་དྷརྨ་དྷརྟུས་རྗེས་སུ་བཟུང་བའི་རྣལ་འབྱོར་བ་རྡོ་རྗེ་རྒྱལ་མཚན་དཔོན་སློབ་གསུམ་གྱི་མོས་ངོ་མི་ལྡོག་ཙམ་དུ་བླ་མ་མཆོག་གིས་ལུང་བསྟན་པའི་སྐྱེ་ཕྲེང་ལྟར་སྤྲུལ་མིང་པ་ལུང་རྟོགས་མིང་གིས་བྲིས་པ་དུས་གསུམ་དུ་དགེ་བར་གྱུར་ཅིག །

སྐལ་ལྡན་ལུང་རིག་གླིང་པའི་སྐྱེ་ཕྲེང་གསོལ་འདེབས་རྫོགས་སྤྲུལ་བཞི་པའི་གསུང་སོར་བཞག་ཁ་སྐོང་གིས་བརྒྱན་པ་ནོར་བུའི་ཕྲེང་བ།

༄༅། སྐལ་ལྡན་ལུང་རིག་གླིང་པའི་སྐྱེ་ཕྲེང་གསོལ་འདེབས་རྫོགས་སྤྲུལ་བཞི་པའི་གསུང་སོར་བཞག་ཁ་སྐོང་གིས་བརྒྱན་པ་ནོར་བུའི་ཕྲེང་བ་བཞུགས་སོ།། ཨེ་མ་ཧོ། སྐུ་གསུམ་རོལ་གར་སྣ་ཚོགས་ཐུབ་ཆེན་སྟོན། །ཤཀ་ཐུབ་ཉེ་གནས་དགྲ་བཅོམ་བློ་གྲོས་གྲགས། །རྒྱན་དྲུག་ནང་ཚན་ཨརྱ་དེ་ཝ་དང་། །སློབ་དཔོན་པད་འབྱུང་སློབ་མ་རྗེ་འབངས་གྲལ། །ཉེར་ལྔའི་ནང་ཚན་དཔལ་གྱི་དབང་ཕྱུག་མཚན། །རྡོ་རྗེ་ཕུར་པའི་གྲུབ་ཐོབ་སྟོབས་ནུས་ཅན། །འཁོན་ཆེན་ཀླུ་ཡི་དབང་པོ་ཉི་མ་གྲགས། །གཞན་ཡང་སངས་རྒྱས་གླིང་དང་གཏེར་བདག་གླིང་། །དམ་པ་དུ་མའི་རིགས་ཆོས་བརྒྱུད་འཛིན་གྱུར། །རོ་གཅིག་རྟོགས་པའི་རྣལ་འབྱོར་ཛྙཱ་ན་སེང་། །སྐལ་བ་བཟང་པོར་གྱུར་ནས་འབྲེལ་ཚད་འགྲོ། །ཐར་བའི་ལམ་དུ་འགོད་ལ་གསོལ་བ་འདེབས། །ལུ༵ང་གི་ཆོས་ལ་ཐོས་བསམ་སྒྲོ་འདོགས་བཅད། །རྟོག༵ས་པའི་ཡོན་ཏན་གཏེར་ལ་དབང་འབྱོར་ནས། །བསྟ༵ན་པ༵འི་ཉི༵ན་བྱེ༵ད་དཔ༵ལ་ལྡན་མཁས་བཙུན་བཟ༵ང་། །འགྲོ་བའི་མགོན་པོ༵ར་གྱུར་ལ་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་སོགས་ཤོ་ལོ་ཀས་མཐའ་བརྒྱན་པར་བྱའོ། །ཞེས་པའང་ཉམས་རྟོགས་ཡོན་ཏན་མཆོག་ཏུ་སྨིན་པའི་གཏེར་བླ་གུ་ཎའི་མཚན་གྱིས་བསྐུལ་ངོར་ཟོག་པོ་རྒྱ་སྤྲུལ་པས་བྲིས་པ་དགེའོ།།

རྗེ་ལུང་རིག་གླིང་པ་ཉིད་ཀྱི་གསོལ་འདེབས་དང་སྨོན་ལམ་གྱི་སྐོར་ཐོར་བུ།

༄༅། རྗེ་ལུང་རིག་གླིང་པ་ཉིད་ཀྱི་གསོལ་འདེབས་དང་སྨོན་ལམ་གྱི་སྐོར་ཐོར་བུ་བཞུགས། རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་བཱི་མ་དང་། །དབྱེར་མེད་གྲུབ་པའི་དབང་པོ་རྫོགས་ཆེན་པས། །རྗེས་བཟུང་རྣམ་དཀར་ལས་འཕྲོ་ཆོས་དང་མཐུན། །ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས། །སྤྲུལ་མིང་པས་སོ།། ༈ ལུ༵ང་རྟོ༵གས་བསྟ༵ན་པ༵འི་མངའ་བདག་རྫོགས་ཆེན་པའི། །ཐུགས་རྗེའི་ཉི༵ན་བྱེ༵ད་བློ་ཡི་པདྨོར་ཤར། །ཚོགས་གཉིས་དཔ༵ལ་ལྡན་བཟ༵ང་པོ༵འི་སྤྱོད་འཆང་བ། །རྣམ་འདྲེན་ལུང་རིག་གླིང་བར་གསོལ་བ་འདེབས།། ༈ སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་མཆོག །གསང་ཆེན་བསྟན་པའི་མངའ་བདག་གྲུབ་དབང་རྗེའི། །ཐུགས་བསྐྱེད་སྨོན་ལམ་དག་པས་རྗེས་བཟུང་བ། །ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།། སྤྲུལ་པའི་སྐུ་རང་ཉིད་ཀྱིས་གསུངས་བཞིན་གཞན་ལ་ཕན་པས་བྲིས་པ་དགེ་ལེགས་འཕེལ། ༈ སྔོན་ནས་སྦྱངས་པའི་ལས་འཕྲོ་ཆོས་ལ་སད། །ཟབ་གཏེར་དག་སྣང་སྨིན་གྲོལ་སྐལ་བར་ལྡན། །ལུ༵ང་དང་རི༵ག་པའི་བདག་ཉིད་འགྲོ་བའི་མགོན། །ཐར་གླི༵ང་དེད་དཔོན་དམ་པ༵ར་གསོལ་བ་འདེབས།། ཅེས་པའང་ཆོས་ཀྱི་བདག་པོར་ལུང་ཟིན་རྡོ་རྗེ་འོད་འབར་དུ་འབོད་པའི་བསྐུལ་ངོར། རང་ཉིད་ཀྱིས་ཐོལ་བྱུང་དུ་སྨྲས་པ་ཛ་ཡནྟུ།

༈ རྒྱལ་ཀུན་གསང་གསུམ་ཡེ་ཤེས་སྒྱུ་མའི་གར། །འགྲོ་ལ་ཕན་བདེའི་བྱེད་པོར་ཡོངས་ཤར་བ། །རྒྱལ་སྲས་རིགས་གསུམ་སེམས་དཔས་བྱིན་རླབས་པའི། །རྣམ་འདྲེན་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས།། ཅེས་པའང་དབོན་དམ་པ་བསྟན་འཕེལ་ནས་བསྐུལ་ངོར། རྒྱ་སྤྲུལ་མིང་བས་སྨྲས་པའོ།། ༈ སངས་རྒྱས་ཀུན་དངོས་གྲུབ་དབང་རྫོགས་ཆེན་པས། །རྗེས་བཟུང་ལུང་དང་རྟོགས་པའི་བསྟན་པ་ལ། །ལྷག་བསམ་དག་པས་བྱ་བ་བྱེད་བརྩོན་པ། །ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།། ཞེས་པའང་སྒྲུབ་བརྩོན་དམ་པ་ཀུན་དགའ་རྒྱལ་མཚན་པས་བསྐུལ་ངོར། བན་རྒན་སྙོམས་ལས་པ་རྒྱ་སྤྲུལ་བས་སྨྲས་པ་དགེའོ།། ༈ ལུ༵ང་དང་རྟོ༵གས་པའི་ཡོན་ཏན་རྒྱ་མཚོའི་གཏེར། །གྲུབ་དབང་བསྟ༵ན་པ༵འི་ཉི༵ན་བྱེ༵ད་རྫོགས་ཆེན་པས། །དཔ༵ལ་ལྡན་བཟ༵ང་པོ༵་གྲགས་པའི་རྣམ་རོལ་དུ། །དབང་བསྐུར་ལུང་བསྟན་ཐོབ་ལ་གསོལ་བ་འདེབས།། ཅེས་པའང་བན་ཆུང་བསོད་ནམས་མཐུ་སྟོབས་ནས་བསྐུལ་ངོར། རྒྱ་སྤྲུལ་མིང་པས་སྨྲས་པའོ།། ༈ ཀུན་གཟིགས་མཁྱེན་པ་དྲི་བྲལ་འོད་སྟོང་དལ། །རིས་མེད་བསྟན་འགྲོའི་པད་ཚལ་ལ་ཤར་བས། །ཕན་བདེའི་སྣང་བའི་འོད་ཟེར་འབུམ་ཕྲག་གིས། །སྲིད་ཞིའི་རྒུད་མུན་སེལ་མཛད་ལ་ཕྱག་འཚལ།། ཅེས་པ་འདི་རིག་འཛིན་ལུང་རིག་གླིང་པས་སློབ་བུ་ས་ར་ཧི་ཏ་ལ་གསུངས་པ་དགེ་ལེགས་འཕེལ། ༈ ལུ༵ང་གི་ཆོས་ལ་ཅུང་ཟད་ཐོས་ཤིང་སྦྱངས། །རྟོ༵གས་པ་རང་བྱུང་ཡེ་ཤེས་རང་ཞལ་མཐོང་། །བསྟ༵ན་པ༵འི་ཉི༵ན་བྱེ༵ད་དད་གསུམ་དཔལ་དུ་འཆང་། །བཟ༵ང་པོ༵འི་སྤྱོད་འཆང་དམ་པར་གསོལ་བ་འདེབས།། ཅེས་པའང་ཀརྨ་བསྟན་འཕེལ་ངོར། བན་རྒན་རྒྱ་སྤྲུལ་གྱི་ན་བས་སྨྲས་པ་དགེ་ལེགས་འཕེལ།། མངྒ་ལཾ། ༈ ཁྱོད་ཀྱི་གསང་གསུམ་ཡོན་ཏན་རྗེས་དྲན་ནས། །སྙིང་དབུས་དད་པས་རྟག་ཏུ་གསོལ་འདེབས་ན། །ཐུགས་བསྐྱེད་སྨོན་ལམ་དག་པས་རྗེས་སུ་འཛིན། །མཐའ་ཡས་འགྲོ་བའི་མགོན་དུ་བདག་གྱུར་ཅིག། ཅེས་པའང་རང་སློབ་དད་ལྡན་དབོན་དོན་གྲུབ་ཀྱིས་བསྐུལ་ངོར་བན་རྒན་རྒྱ་སྤྲུལ་ནས་འཆོལ་གཏམ་དུ་སྨྲས་པ་དགེ་བར་གྱུར། དགེའོ།། ༈ ལུ༵ང་དང་རྟོ༵གས་པ་མཁའ་ལྟར་རྒྱ་ཆེ་བ། །བསྟ༵ན་པ༵འི་ཉི༵ན་བྱེ༵ད་གྲུབ་དབང་རྫོགས་ཆེན་པས། །དཔ༵ལ་ལྡན་མཁས་བཙུན་བཟ༵ང་པོ༵འི་རྣམ་རོལ་དུ། །ལུང་བསྟན་དབུགས་དབྱུང་ཐུགས་ཀྱིས་བྱིན་རླབས་པའི། །རྣམ་འདྲེན་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།། ཞེས་པའང་དད་དམ་ལྡན་པའི་བཙུན་པ་ཤྲཱི་བྷ་ཏྲས་བསྐུལ་ངོར། དཀོར་ཟན་སྤྲུལ་མིང་པས་བྲིས་པ་ཛ་ཡནྟུ། ༈ ལུ༵ང་ཆོས་ཐོས་ཤིང་རྟོ༵གས་པས་བདག་རྒྱུད་གྲོལ། །ཟབ་གསང་བསྟ༵ན་པ༵འི་ཉི༵ན་བྱེ༵ད་སྐྱེ་དགུའི་དཔ༵ལ། །ཚངས་སྤྱོད་བཟ༵ང་པོ༵འི་བརྟུལ་ཞུགས་ལྷུར་ལེན་པ། །གསུམ་ལྡན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །དྲན་ཤེས་བསྟན་པོས་རྒྱལ་བསྟན་སྒོར་ཞུགས་ནས། །ཕྲ་རགས་ཉེས་ལྟུང་དྲི་མས་མ་གོས་ཤིང་། །ཐུབ་དབང་ཐུགས་ཀྱི་བཅུད་བསྡུས་བྱང་ཆུབ་སེམས། །རང་གཞན་རྒྱུད་ལ་འབྱོང་བར་བྱིན་གྱིས་རློབས།། ལུང་རིག་གླིང་པས་སོ།། ༈ འགྲོ་མགོན་པདྨའི་ཐུགས་རྗེའི་འོད་ཟེར་ལས། །ལུང༵་དང་རིག༵་པའི་རྩལ་ཆེན་རབ་རྫོགས་ནས། །རྣམ་གྲོལ་རིན་ཆེན་གླིང༵་དུ་འགྲོ་བ༵་ཀུན། །སྒྲོལ་བའི་དེད་དཔོན་མཆོག་ལ་གསོལ་བ་འདེབས།། ལུང་རིག་གླིང་བས་སོ།། ༈ སྔོན་སྨོན་བྱང་ཆུབ་སེམས་ཀྱི་ས་བོན་མཆོག །ཡོངས་འཛིན་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །ལེགས་བཤད་བདུད་རྩིའི་གསོས་ཀྱིས་རབ་སྨིན་པའི། །རྣམ་འདྲེན་ལུང་རྟོགས་དཔལ་དེར་གསོལ་བ་འདེབས། །ཅེས་པའང་གཞོན་ནུ་བློ་གྲོས་ཡངས་པས་བསྐུལ་ངོར་རྒྱ་སྤྲུལ་བླུན་པོས་སོ། ། ༈ དལ་འབྱོར་རྟེན་ཐོབ་སྨིན་གྲོལ་སྐ༵ལ་བར་ལྡ༵ན། །ལུ༵ང་རི༵ག་ཆོས་ལ་སྤྲོ་བས་ཐོས་བསམ་བྱས། །འགྲོ་ཀུན་ཐར་གླི༵ང་འདྲེན་མཛད་སྤྲུལ་པ༷འི་སྐུ། །བསྟན་པའི་ཉིན་བྱེད་བཟང་པོར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་ནུས་ཀྱིས། །བདག་བློ་དམ་པའི་ཆོས་སུ་འགྲོ་བ་དང་། །ཆོས་དོན་ལམ་འགྲོ་འཁྲུལ་སྣང་ཡེ་ཤེས་ཤར། །བཀའ་བརྒྱུད་གོང་མའི་དགོངས་བཞེད་སྐོང་ནུས་ཤོག །ཅེས་པའང་དགེ་སྦྱོང་དམ་པ་པདྨས་བསྐུལ་ངོར། བན་རྒན་གྱི་ན་བ་རྒྱ་སྤྲུལ་པས་སོ།། ༈ པད་འབྱུང་བི་མའི་དངོས་སྤྲུལ་རྫོགས་ཆེན་པ། །བསྟན་པའི་སྲོག་ཤིང་རྒྱལ་བའི་སྲས་པོ་སོགས། །མཚུངས་མེད་དམ་པ་དུ་མས་རྗེས་བཟུང་བ། །ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས། །རྒྱལ་ཀུན་བགྲོད་པ་གཅིག་པུའི་ལམ་པོ་ཆེ། །སྨོན་འཇུག་བྱང་ཆུབ་སེམས་ལ་བློ་སྦྱངས་ཏེ། །ས་བཅུའི་ཡོན་ཏན་མ་ལུས་ཡོངས་རྫོགས་ནས། །ཁམས་གསུམ་འགྲོ་བའི་དཔལ་དུ་བདག་འགྱུར་ཤོག། ཅེས་པའང་དད་པ་ལྡན་པའི་བཙུན་པ་ཀུན་དགའ་རྒྱལ་མཚན་ཞེས་པས་བསྐུལ་ངོར། རྒྱ་སྤྲུལ་མིང་ནས་བྲིས་ཏེ་ཕུལ་བ་ཛ་ཡནྟུ། ༈ ཨོཾ་སྭ་སྟི། རྣམ་དག་ལུ༵ང་རི༵ག་འཆི་མེད་ལམ་ཆེན་དུ། །བཤད་དང་སྒྲུབ་པའི་འོད་ཟེར་སྟོང་འབར་བས། །ཐར་གླི༵ང་པདྨོ་བཞད་མཛད་གྲུབ་དབང་རྗེའི། །བྱིན་ཐོབ་རྣམ་འདྲེན་སྤྲུལ་པ༵འི་སྐུ་ལ་འདུད། །འཁོར་བའི་སྐྱོན་མཐོང་ངེས་འབྱུང་ཁྲིམས་དང་ལྡན། །རང་དོན་ཞི་བདེ་མི་གཉེར་གཞན་ཕན་བརྩོན། །མཐའ་བྲལ་ལྟ་བ་རྟོགས་ཤིང་ལྷ་སྔགས་ངང་། །དོན་གཉིས་བསྒྲུབས་ཏེ་དེ་འབྲས་མཐར་ཕྱིན་ཤོག། ཅེས་པའང་ཁམས་གསུམ་འགྲོ་བའི་སྐྱབས་མཆོག་ཐུབ་པའི་དབང་པོའི་སྐུའི་རྒྱལ་ཚབ་ལྷ་ལྡན་ཇོ་བོ་རིན་པོ་ཆེའི་མདུན་དུ་ཚོགས་བསགས་ཡན་ལག་བདུན་གྱི་དང་པོའི་སྒོ་ནས་བརྩོན་པ་ལྷུར་བཞེས་པའི་བླ་མ་དཔོན་སློབ་ཀྱིས་བསྐུལ་ངོར་གྱི་ན་བ་ཆོས་མེད་བཙུན་གཟུགས་རྒྱ་སྤྲུལ་མིང་གིས་སོ།། ༈ ལུ༵ང་ཆོས་ཐོས་པའི་ལུས་རྩལ་རབ་རྫོགས་ཤིང་། །བདག་མེད་རྟོ༵གས་པའི་ཆོས་སྒྲས་རྒོལ་ངན་འཇོམས། །བསྟ༵ན་པ༵འི་ཉི༵ན་བྱེ༵ད་དམ་པས་རྗེས་སུ་བཟུང་། །དཔ༵ལ་ལྡན་བཟ༵ང་པོ༵ར་སྤྱོད་པ་ཁྱོད་ལ་འདུད། །སོ་ཐར་ཁྲིམས་བསྲུང་ངེས་འབྱུང་བློ་དང་ལྡན། །སྨོན་འཇུག་སེམས་བསྐྱེད་ཕར་ཕྱིན་དྲུག་ལ་སྤྱོད། །དབང་བཞིས་རྒྱུད་སྨིན་རིམ་གཉིས་མཐའ་རུ་ཕྱིན། །འགྲོ་དོན་ལྷུན་གྲུབ་རྒྱལ་བའི་དབང་པོར་ཤོག། ཅེས་པའང་བཙུན་ཆུང་ལུང་རྟོགས་ཀྱིས་བསྐུལ་ངོར། མ་ཧཱ་ཙི་ནའི་རིགས་ལས་སོན་པའི་སྤྲུལ་མིང་པས་སོ།། ༈ རྫོགས་སངས་རྒྱས་ལ་ཕྱག་འཚལ་ལོ། །བསོད་ནམས་བསགས་ན་བདེ་བར་འགྱུར། །དེ་ཕྱིར་མིས་ནི་བསོད་ནམས་བྱ། །དེ་ཡང་ཡང་དང་ཡང་དུ་བྱ། །དེ་ཉིད་ལ་ནི་འདུན་པར་བྱ། །བསོད་ནམས་སྟོབས་བཞིན་འགྱུར་བར་ཤོག། ཅེས་པ་འདི་བསོད་ནམས་སྟོབས་ཀྱི་རྟོགས་བརྗོད་ལས་བྱུང་བའི་ཤློ་ཀ་འདོན་སྲོལ་བྱུང་བ་ལ་སྤྲུལ་པའི་སྐུ་ལུང་རིག་གླིང་བས་མགོ་མཇུག་ཏུ་ཚིག་རྐང་ཟུང་གིས་བརྒྱན་ཏེ་འདོན་བདེར་བཀོད་པ་སརྦ་ཛ་ག་ཏཾ། ༈ ཨོཾ་སྭ་སྟི། རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས། །ཟབ་གཏེར་མངའ་བདག་རྡོ་རྗེ་དྲག་པོ་རྩལ། །དབྱེར་མེད་ཟུང་འཇུག་རང་སེམས་ཆོས་ཀྱི་སྐུ། །རང་ངོ་ཤེས་པའི་ངང་ནས་གསོལ་བ་འདེབས། །མཚན་ལྡན་བླ་མ་ལས་བྱུང་ཐོས་པའི་ཆོས། །ཇི་བཞིན་རྒྱུད་ལ་གོམ་པའི་རྟེན་འབྲེལ་གྱིས། །ཚེ་འདིར་འཇམ་དཔལ་དཔའ་བོའི་སྐུ་འགྲུབ་ནས། །མཁའ་མཉམ་འགྲོ་ཀུན་འདྲེན་པའི་དཔལ་དུ་ཤོག། ཅེས་པའང་སྐལ་ལྡན་དམ་པ་དྷརྨའི་མཚན་ཅན་གྱིས་རྣལ་མར་འདོན་རྒྱུར་རྒྱ་སྤྲུལ་བན་རྒན་གྱི་ན་བས་སྨྲས་པའོ།།

སྐྱབས་རྗེ་རིན་པོ་ཆེའི་གསོལ་འདེབས་ཐོས་པས་རྣམ་གྲོལ།

༈ སྐྱབས་རྗེ་རིན་པོ་ཆེའི་གསོལ་འདེབས་ཐོས་པས་རྣམ་གྲོལ་བཞུགས། ཨེ་མ་ཧོ། འཆི་མེད་མགོན་པོ་བཅོམ་ལྡན་སྣང་མཐའ་ཡས། །སྤྱན་རས་གཟིགས་དབང་གསང་བདག་མཐུ་ཆེན་ཐོབ། །གང་དེའི་རྣམ་རོལ་འགྲོ་འདུལ་སྤྲུལ་པའི་སྐུ། །ལུང་རིག་མྱུ་གུ་རྩལ་ལ་གསོལ་བ་འདེབས། །བདག་ཅག་མི་གཙང་སྒྱུ་ལུས་འདོར་བའི་ཚེ། །འཆི་ཁའི་བར་དོར་ཀ་དག་རང་ངོ་ཤེས། །ཆོས་ཉིད་བར་དོར་སྒྲ་འོད་ཟེར་གསུམ་གྲོལ། །སྲིད་པ་བར་དོར་ལྷ་དང་བླ་མ་དྲན། །བཟང་པོའི་བག་ཆགས་རྣམས་དཀར་ལས་འཕྲོ་མཐུད། །འཆི་སྲིད་ཆོས་སྐུ་བར་སྲིད་ལོངས་སྤྱོད་རྫོགས། །སྐྱེ་སྲིད་སྤྲུལ་སྐུ་གཞན་དོན་མཐའ་རུ་ཕྱིན། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།། ཅེས་པའང་བཙུན་པ་བསོད་ནམས་མཐུ་སྟོབས་དང་ཀརྨ་ཡེ་ཤེས་ལྷ་གྲོགས་ཟུང་གིས་བསྐུལ་ངོར་སྤྲུལ་མིང་ལུང་རིག་མྱུ་གུ་རྩལ་གྱིས་སྨྲས་པ་དགེ་བར་གྱུར་ཅིག།

དཔལ་ལྡན་བླ་མའི་གསོལ་འདེབས་སྐལ་བཟང་ཡིད་ལ་འཐད་པའི་བཻཌཱུརྱའི་དོ་ཤལ།

༈ དཔལ་ལྡན་བླ་མའི་གསོལ་འདེབས་སྐལ་བཟང་ཡིད་ལ་འཐད་པའི་བཻཌཱུརྱའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།། ངོ་བོ་ཀ་དག་བླ་མ་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་བླ་མ་ལོངས་སྤྱོད་རྫོགས། །ཐུགས་རྗེ་འགྲོ་འདུལ་བླ་མ་སྤྲུལ་པའི་སྐུ། །ཡོངས་ཤར་རྒྱལ་བའི་སྲས་ཀྱི་ཚུལ་བཟུང་བ། །ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོ། །ཡོངས་རྫོགས་དགེ་བའི་བཤེས་གཉེན་དམ་པ་ལ། །སྒོ་གསུམ་གུས་པས་རྩེ་གཅིག་གསོལ་བ་འདེབས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཅེས་གསོལ་འདེབས་སྨོན་ཚིག་དང་བཅས་པ་འདི་ནི་དད་ལྡན་གྱི་སློབ་མ་འགའ་ཞིག་གིས་བསྐུལ་ངོར་རྒྱ་སྤྲུལ་མིང་རང་ཉིད་ཀྱིས་སྨྲས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ།།

རྒྱ་སྤྲུལ་ལུང་རིག་གླིང་པའི་ཞབས་བརྟན་གསོལ་སྨོན།

༈ རྒྱ་སྤྲུལ་ལུང་རིག་གླིང་པའི་ཞབས་བརྟན་གསོལ་སྨོན་བཞུགས། ཨོཾ་སྭ་སྟི། འཁོར་འདས་ལམ་གསུམ་གྱིས་བསྡུས་ཆོས་རྣམསཀུན། །སྟོང་དང་རྟེན་འབྱུང་དོན་གཅིག་དབུ་མའི་ལམ། །རྟོགས་ནས་མཐར་ཐུག་རྫོགས་པ་ཆེན་པོ་ལ། །སྦྱོར་མཛད་མཆོག་སྤྲུལ་ཞབས་པད་བརྟན་གྱུར་ཅིག །ལུང་རྟོགས་བསྟན་པའི་ཉིན་བྱེད་སྐྱེ་རྒུའི་གཉེན། །བཤད་སྒྲུབ་གཉིས་ཀྱིས་འཛིན་མཛད་དགེ་བའི་བཤེས། །ཡོངས་འཛིན་དུ་མས་རྗེས་བཟུང་དད་པའི་ཤུགས། །མཉམ་མེད་མཆོག་སྤྲུལ་དམ་པ་ཞབས་བརྟན་གསོལ། །རྩ་གསུམ་ཀུན་འདུས་འཆི་མེད་མཚོ་སྐྱེས་རྗེའི། །ཡེ་ཤེས་བདུད་རྩིའི་ཁྱེད་ལ་དགེ་མཛད་པས། །བསྐལ་བརྒྱར་ཞབས་བརྟན་འབྲེལ་ཚད་དོན་ལྡན་གྱི། །ཕྲིན་ལས་སྲིད་མཐར་རྒྱས་པའི་བཀྲ་ཤིས་ཤོག། ཅེས་ཤེས་བྱའི་གནས་ལ་བློ་གྲོས་ཀྱི་འཇུག་པ་རབ་ཏུ་ཡངས་ཤིང་བསླབ་གསུམ་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་བཙུན་པ་བིདྱ་དྷ་ར་མ་ཎིས་བསྐུལ་ངོར་ཤོ་ལོ་ཀ་སྔ་མ་མཁས་མཆོག་བླ་མ་དམ་པ་རིག་་འཛིན་རྒྱ་མཚོ་དང་རྗེས་མ་འདི་སྐྱབས་མགོན་འཇམ་དབྱངས་བླ་མས་ཞལ་གསུང་གནང་བ་སོར་བཞག་ལ་ཚིག་བཅད་བར་བ་རང་གིས་བསྣན་ཏེ་ཞབས་བརྟན་དུ་བགྱིས་པ་བླུན་རྒན་རྒྱ་སྤྲུལ་བས་ཛ་ཡནྟུ།

རྒྱ་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་གདོང་ལྔའི་སྒྲ་དབྱངས་ནགས་རྟ་མདོ་སྡེས་མཛད་པ།

༈ རྒྱ་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་གདོང་ལྔའི་སྒྲ་དབྱངས་བཞུགས་སོ།། རྩ་བརྒྱུད་བླ་མ་རྣམས་དང་ཡི་དམ་ལྷ། །གནས་གསུམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་བཅས། །སངས་རྒྱས་བྱང་སེམས་རིག་པ་འཛིན་རྣམས་ལ། །གསོལ་འདེབས་བདེན་ཚིག་འགྲུབ་པའི་དཔང་པོ་མཛོད། །མཉམ་མེད་ཐུབ་པའི་དབང་པོའི་ལུང༵་རྟོག༵ས་ཀྱི། །བསྟན༵་པ༵འི་ཉིན༵་བྱེད༵་མཁས་དང་གྲུབ་པའི་དཔ༵ལ། །སྨིན་གྲོལ་གདམས་ངག་བཟ༵ང་པོ༵ར་སྩོལ་མཛད་པའི། །མཚུངས་བྲལ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །འོད་སྣང་མཐའ་ཡས་ཚེ་ལྷ་རིགས་ལྔ་དང་། །འཆི་མེད་རིག་འཛིན་པད་འབྱུང་སྒྲོལ་དཀར་ལྗང་། །རལ་གཅིག་དུད་སོལ་ཚེ་རིང་མཆེད་ལྔ་སོགས། །རྩ་གསུམ་བསྲུང་མར་བཅས་ལ་གསོལ་བ་འདེབས། །ཆོས་ཉིད་ཀ་ནས་དག་ཅིང་འགྱུར་བ་མེད་། །ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་མཐུས། །མཆོག་སྤྲུལ་དམ་པའི་སྐུ་ཚེ་རྡོ་རྗེ་ལྟར། །གཡོ་མེད་བསྟན་འགྲོའི་དཔལ་ཏུ་ལེགས་བརྟན་ཤོག །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་རྗེས་འཛིན་ཅིང་། །འཁོར་བའི་བྱ་བ་སྒྱུ་མའི་རང་བཞིན་དུ། །མཐོང་ནས་ཡང་དག་ཆོས་ལ་འཇུག་གྱུར་ཅིག །ཅེས་མཚུངས་མེད་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འདི་ནི་གང་གི་སློབ་འབངས་རྨོངས་བླུན་མདོ་སྡེ་རྒྱ་མཚོས་བྲིས་པའི་དགེ་བས་མཆོག་སྤྲུལ་དམ་པའི་སྐུ་ཚེ་དང་མཛད་ཕྲིན་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བའི་རྒྱུར་གྱུར་ཅིག །

ཆོས་ཚན་ཉེར་ལྔའི་ཐེམས་ཡིག་དྭངས་ཤེལ་མེ་ལོང་།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ ཆོས་ཚན་ཉེར་ལྔའི་ཐེམས་ཡིག་དྭངས་ཤེལ་མེ་ལོང་བཞུགས༔

དབྱིངས་ཀྱི་མཁའ་འགྲོའི་གཙོ་མོ་མཆོག༔ སྐུ་གསུམ་ཀུན་འདུས་འཕགས་མར་འདུད༔ རང་བྱུང་པདྨའི་བཀའ་དྲིན་གྱིས༔ རང་སྣང་རྩ་རླུང་དབང་དུ་འདུ༔ གཞན་སྣང་འགྲོ་ཁམས་ཟིལ་གྱིས་གནོན༔ ལུས་རྟེན་བུད་མེད་གཟུགས་འཛིན་ཀྱང༔ སེམས་རྒྱུད་ཆོས་སྐུའི་དགོངས་པ་འདྲེས༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་གྱིས༔ ང་སྤྲུལ་གང་ཟག་རླུང་ཁམས་ཅན༔ རེས་འགའ་ཐེ་ཚོམ་རྟོག་གེས་བསླུ༔ ཟབ་གསང་གནད་དང་འཕྲད་པའི་ཚེ༔ ཐག་ཆོད་ངེས་ཤེས་བསྐྱེད་པའི་ཕྱིར༔ ཐེམས་ཡིག་མཐོང་བྱེད་ཨ་དརྴ༔ སྙིང་མཛོད་གསང་བའི་སྒྲོམ་དུ་སྦ༔ འཕྱུགས་མེད་གྲངས་ཀྱི་ཡི་གེ་ལས༔ སྨོན་ལམ་ལྡན་པས་རིམ་པར་སྤེལ༔ ས་མ་ཡཱ༔ དེ་ལ་ཆོས་ཚན་ཉི་ཤུ་ལྔ༔ ཐོག་མར་མང་ཉུང་གྲངས་བསྟན་པའི༔ ཐེམས་ཡིག་དྭངས་ཤེལ་མེ་ལོང་འདིཿ སེལ་མེད་བྱིན་རླབས་མྱུར་ཕྱིར་བསྟན༔ བྱིན་རླབས་རྩ་བ་མོས་གུས་ཡིན༔ གསོལ་འདེབས་ཡང་དག་ལམ་སྟོན་ཡོད༔ རྒྱལ་ཀུན་འདུས་ཞལ་བླ་མ་ཉིད༔ མཚན་བརྒྱད་སྒྲུབ་ཐབས་པད་ཕྲེང་ཡོད༔ གངས་ཅན་ལྷ་སྐལ་ཇོ་བོ་ཡི༔ ཐུགས་སྒྲུབ་ཟླ་གཞོན་སྤྲིན་བྲལ་ཡོད༔ འཇིགས་བརྒྱད་མཚོན་ཆས་མི་ཤིགས་པའི༔ ལས་བྱང་རྡོ་རྗེའི་གོ་ཆ་ཡོད༔ ཐོག་མར་སྐལ་ལྡན་སྨིན་བྱེད་པའི༔ དབང་ཆོག་ཡིད་བཞིན་ནོར་བུ་ཡོད༔ གྲོལ་བྱེད་གདམས་པས་རྒྱུད་གྲོལ་ཕྱིར༔ སྔོན་འགྲོའི་ངག་འདོན་ཚངས་དབྱངས་ཡོད༔ དེ་ཡི་གནད་དོན་སྟོན་པའི་ཕྱིར༔ ཁྲིད་ཡིག་ཐར་བའི་ཐེམ་སྐས་ཡོད༔ དེ་རྣམས་ཟབ་གཏེར་མན་ངག་ཏུ༔ སྟོན་ཕྱིར་ཁ་བྱང་ལྡེ་མིག་ཡོད༔ བསྲུང་མས་ཆོས་མཛད་སྐྱོང་བའི་ཕྱིར༔ དུད་སོལ་ལྷ་མོའི་སྒྲུབ་ཐབས་ཡོད༔ ལྷ་སྔགས་ཏིང་འཛིན་གབ་པའི་གནད༔ གསལ་བྱེད་བཀླགས་པས་དོན་གྲུབ་ཡོད༔ རྩ་བའི་ཆོས་ཚན་བཅུ་གཅིག་ལགས༔ ཡན་ལག་ཆོས་ཚན་བདུན་ཕྲག་གཉིས༔ རང་གཞན་ཡོངས་ལ་ཕན་ཐབས་བསྟན༔ གཏི་མུག་མུན་སེལ་དབྱངས་ཅན་མའི༔ སྒྲུབ་ཐབས་ཤེས་རབ་བློ་འཕེལ་ཡོད༔ དགྲ་རྐུན་ལྟས་ངན་བཟློག་བྱེད་པའི༔ འོད་ཟེར་ཅན་མའི་སྒྲུབ་ཐབས་ཡོད༔ སྣང་སྲིད་དབང་སྡུད་རིག་བྱེད་མའི༔ སྒྲུབ་ཐབས་དོན་ཡོད་ཞགས་པ་ཡོད༔ དབུལ་སེལ་ལྷ་མོ་ནོར་རྒྱུན་མའི༔ ལས་བྱང་གཏེར་གྱི་བུམ་པ་ཡོད༔ ཕྲིན་ལས་ཁ་སྐོང་མེ་མཆོད་ཀྱི༔ ལས་རིམ་འདོད་རྒུའི་བསམ་འཕེལ་ཡོད༔ གཤིན་པོ་བར་དོའི་འཕྲང་སྒྲོལ་བའི༔ འཕོ་བ་སྡིག་ཅན་མྱུར་གྲོལ་ཡོད༔ རྣལ་འབྱོར་ཚེ་ལ་མངའ་བརྙེས་ཕྱིར༔ ཚེ་སྒྲུབ་འཆི་མེད་བདེ་སྟེར་ཡོད༔ གཞན་གྱི་ནུས་མཐུས་མནན་གཏད་བྱད༔ འགྲོལ་བྱེད་གནམ་ལྕགས་རལ་གྲི་ཡོད༔ དུས་མིན་འཆི་བ་བསླུ་བའི་ཚིག༔ དྲང་སྲོང་སྤྱོད་པ་དོན་ལྡན་ཡོད༔ མཆོད་སྦྱིན་ཚོགས་བསགས་གལ་ཆེ་བས༔ མེ་གསུར་འདོད་དགུའི་དཔལ་འབྱུང་ཡོད༔ ཉམས་ཐག་རྗེས་སུ་འཛིན་པའི་ཐབས༔ ཉ་གྲོག་གསོ་བའི་གདམས་པ་ཡོད༔ སྔོན་ཚེ་འཕགས་མས་ཐུགས་བསྐྱེད་ཚུལ༔ ཡིད་ཆེས་དད་པའི་ཤིང་རྟ་ཡོད༔ དེ་ལྟར་ཐེམས་ཡིག་བཀོད་པ་འདི༔ གང་ཟག་བློ་དམན་ཐར་ལམ་དུ༔ དབང་རབ་ཚེ་འདིར་གྲོལ་བའི་ཐབས༔ རྫོགས་ཆེན་སྙིང་པོའི་མན་ངག་རྣམས༔ པད་འབྱུང་བི་མའི་ཐུགས་ཐིག་ལྟར༔ ཉམས་སུ་བླང་བར་བྱ་བ་ལས༔ འདིར་བཀོད་མན་ངག་འཁྱམས་པའི་རྒྱུ༔ དེ་ཕྱིར་གདམས་ཟབ་གཞན་དུ་ལྟོས༔ ཚད་ལྡན་བླ་མའི་ཞལ་ལ་ཐུག༔ ཉམས་ལེན་གང་ཟག་རང་ལ་རག༔ བསླུ་མེད་རྡོ་རྗེ་འཆང་གི་བཀའ༔ ཡིད་ཆེས་དད་པས་ཉེ་བར་ལེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ལུང་རིག་གླིང་པས་དག་པར་ཕབ་པའོ༎

གནད་བྱང་སྙིང་པོའི་དོན་གསལ་ཐུགས་ཀྱི་མེ་ལོང་།

༄༅།། ཤུདྡྷཱལོཀསྶརསྫཡཱམནསྱགུཧྱཀོཥེབྷྱཿ བྻུཏྤནྣགརྦྷསྱཱརྠཱལོཀཙིཏྟསྱཱདརྴབིཧརཏིསྨཿ

༄༅།། ཤུདྡྷཱལོཀསྶརསྫཡཱམནསྱགུཧྱཀོཥེབྷྱ༔ བྻུཏྤནྣགརྦྷསྱཱརྠཱལོཀཙིཏྟསྱཱདརྴབིཧརཏིསྨ༔

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ གནད་བྱང་སྙིང་པོའི་དོན་གསལ་ཐུགས་ཀྱི་མེ་ལོང་བཞུགས༔

ཨེ་མ་ཧོ༔ ཡོན་ཏན་ཀུན་རྫོགས་རྡོ་རྗེའི་ལུས༔ དུས་གསུམ་མཁྱེན་པའི་སྤྲུལ་པའི་སྐུ༔ རྒྱལ་བའི་གདུང་འཚོབ་པད་འབྱུང་རྗེ༔ ཚེ་རབས་གཏན་གྱི་བླ་མར་འདུད༔ བདག་འདྲ་སྐྱེས་དམན་མཁར་ཆེན་བཟའ༔ སྐྱེ་བ་སྒྲགས་ཀྱི་མདའ་རུ་བཟུང༔ ཡབ་མིང་དྲན་པ་ཡེ་ཤེས་དང༔ ཡུམ་མིང་འབྲོམ་བཟའ་དགེ་འབུམ་ལྕམ༔ དེ་ཡི་བུ་མོ་ཆེ་ཤོས་གྱུར༔ ཆུང་ནས་ངེས་འབྱུང་སྐྱོ་ཤས་དང༔ མི་རྟག་མཆོག་གསུམ་ཡོན་ཏན་དྲན༔ དད་པས་སྤུ་ལོང་གཡོ་བ་བྱུང༔ བཅུ་གསུམ་ལོན་ཚེ་མངའ་བདག་གིས༔ བཙུན་མོར་བཞེས་ཤིང་ཐུགས་བརྩེ་མཛད༔ དགུ་གཉིས་སྟག་གི་ལོ་ཤར་ཚེ༔ གངས་ཅན་ལྗོངས་སུ་གུ་རུ་ཡིས༔ བསམ་ཡས་ས་འདུལ་ལྷ་སྲིན་བཏུལ༔ རྒྱལ་པོར་དབང་བསྐུར་མནྚལ་དུ༔ བདག་དང་ནོར་རྫས་ལྟོས་མེད་ཕུལ༔ ཉེར་ལྔ་ལྕགས་བྱའི་ལོ་ཤར་ཚེ༔ ཟབ་ཆོས་ཕུར་བའི་གདམས་པ་ཡི༔ དབང་རྒྱུད་མན་ངག་ལག་ལེན་གནང༔ དེ་ཚེ་བླ་གཡུ་འོད་འབར་དང༔ ཟ་འོག་གོས་དང་དངུལ་དཀར་གྱི༔ མེ་ལོང་རྒྱང་གསལ་གསེར་གདུབ་སོགས༔ ཁྱད་འཕགས་ནོར་སྣ་བདུན་ཕུལ་ནས༔ ཀྱེ་མ་འགྲོ་བ་ཡོངས་ཀྱི་མགོན༔ བདག་གི་བླ་མ་ཨོ་རྒྱན་རྗེ༔ ཟབ་ཆོས་འཕགས་མའི་ཐུགས་ཐིག་གི༔ ཆ་ལག་ནང་སྒྲུབ་གསང་བའི་མཛོད༔ ཉིད་ཀྱི་ཐུགས་ལ་གབ་པའི་ཆོས༔ བདག་གིས་མ་འོངས་སྐལ་ལྡན་དོན༔ ཐོགས་མེད་སྤེལ་བའི་གནང་བ་སྩོལ༔ ཅེས་ཞུས་གུ་རུས་བཀའ་སྩལ་པ༔ བདག་འདྲ་པདྨ་ཐོད་ཕྲེང་དང༔ ཐུགས་ཀྱི་གཟུངས་མ་མཁར་ཆེན་བཟའ༔ སྣང་དང་སྟོང་པའི་ཆོ་འཕྲུལ་ལས༔ ཡབ་དང་ཡུམ་དུ་སོ་སོར་སྣང༔ དོན་ལ་དབྱེར་མེད་ཐ་མི་དད༔ དེ་ཕྱིར་ཡི་གེའི་སྤྲོས་པ་དང༔ འབྱུང་བའི་ཁམས་ལ་སྦ་མི་དགོས༔ ཁྱོད་ཀྱི་སྤྲུལ་པ་བ་སྤུའི་གྲངས༔ འགའ་ཞིག་དངོས་གཏེར་ངོ་མཚར་སྟོན༔ ཕལ་ཆེར་དག་སྣང་ཐུགས་གཏེར་འབྱིན༔ དུས་བབས་འགྲོ་དོན་ཤུགས་ཀྱིས་འབྱུང༔ དེ་ཕྱིར་མ་བརྗེད་ཡིད་ལ་ཆོངས༔ ས་མ་ཡཱ༔ དེ་ལྟར་གུ་རུའི་བཀའ་ཐོབ་པའི༔ དག་སྣང་ཆོས་སྡེ་བསམ་མི་ཁྱབ༔ མ་འོངས་ང་སྤྲུལ་སྐྱེས་བུ་ནི༔ ཁམས་དབུས་གཙང་སོགས་ཀུན་ཏུ་འབྱུང༔ ཁྱད་པར་མདོ་ཁམས་སྨད་ཕྱོགས་སུ༔ ད་ལྟ་མ་ཧཱ་གུ་རུའི་དྲུང༔ དཀྱིལ་འཁོར་གཅིག་ཏུ་ནང་འདྲེས་མཆེད༔ ལང་གྲོ་དཀོན་མཆོག་འབྱུང་གནས་དང༔ བདག་ཉིད་མཚོ་རྒྱལ་ཕྲིན་ལས་སྤྲུལ༔ གཅིག་བསྡུས་འགྲོ་ཕན་སེམས་དཔའི་རིགས༔ དཔལ་གྱི་མིང་ཅན་རྣལ་འབྱོར་དེར༔ དག་སྣང་ཆོས་ཀྱི་གཏེར་ཁ་རྡོལ༔ ཞེ་གསུམ་མཚོ་རྒྱལ་ང་ཉིད་ཀྱི༔ གསུང་སྤྲུལ་སྔགས་ཀྱི་མིང་ཅན་མཇལ༔ དབུག་དབྱུང་གཟེངས་བསྟོད་བསྔགས་པ་བརྗོད༔ དེ་ཚེ་ཁ་བྱང་གནད་བྱང་གཉིས༔ སོ་སོ་མ་ཡིན་འདི་ཀ་རང༔ སྔོན་ཚེ་འཕགས་མའི་སྤྱན་སྔ་རུ༔ ཐུགས་བསྐྱེད་བུ་མོ་མཐིང་འོད་འབར༔ ད་ལྟ་མཁར་ཆེན་སྭ་ར་ཛ༔ ལང་གྲོ་ལོ་ཙ་ཏྲ་ཡ་བྷ༔ བོད་ཡུལ་གཏེར་ཆེན་བཟང་པོ་གྲགས༔ ཁམས་སུ་རིག་འཛིན་སུརྱ་ཞེས༔ སྣ་ཚོགས་སྤྲུལ་པ་མང་བརྒྱུད་མཐར༔ སྦས་པའི་ཚུལ་ལ་རྟོག་གེའི་གཟུགས༔ རེས་འགའ་བླུན་ནམ་མཁས་པའི་ཤན༔ འབྱེད་དཀའ་དེ་འདྲའི་སྐྱེས་བུ་ཞིག༔ མེ་ཁམས་མཁའ་ལྡིང་ལོ་པ་འབྱུང༔ དེ་ཚེ་ཕན་པའི་གྲོགས་དག་དང༔ གནོད་པའི་བདུད་དང་ཡོངས་འཛིན་དུས༔ གསལ་ཕྱིར་ཐུགས་ཀྱི་མེ་ལོང་བསྟན༔ དང་པོ་ཕན་པའི་ཡོངས་འཛིན་ནི༔ བདུན་ནམ་ཡང་ན་ཉེར་གཅིག་འབྱུང༔ བཅུ་གསུམ་བགྲང་བྱར་སོན་པའི་ཚེ༔ བི་མའི་སྤྲུལ་པས་རང་རིག་སྟོན༔ མཁན་ཆེན་སྤྲུལ་པས་སྡོམ་ཁྲིམས་འབོགས༔ བཱཻ་རོའི་སྤྲུལ་པས་རྗེས་སུ་སྐྱོངས༔ བདུད་སྤྲུལ་བར་ཆད་མ་བརྩམས་ན༔ ཁམས་དབུས་མཁས་པའི་གཙུག་རྒྱན་བྱེད༔ བཅུ་དྲུག་ལོན་ཚེ་བླ་མ་ནི༔ གཉགས་བན་ཛྙཱ་ན་ཀུ་མ་ར༔ ཁྲིམས་ལྡན་དམ་པས་བསྔགས་པ་བརྗོད༔ སོ་དྲུག་དགུ་མིག་འཕྲང་སླེབས་ཚེ༔ བཱཻ་རོའི་སྤྲུལ་པས་རྒྱུད་ལུང་འབོགས༔ ཞེ་གསུམ་མཚོ་རྒྱལ་དངོས་སྤྲུལ་གྱིས༔ རྗེས་བཟུང་ཟབ་མོའི་གཏེར་འགའ་འབྱིན༔ ཞེ་བཞིར་འཕགས་པའི་སྤྲུལ་པ་ཡིས༔ དབང་ཁྲིད་སྒོ་གསུམ་དོན་ལྡན་བྱེད༔ ཞེ་དྲུག་ལྷ་སྲས་སྤྲུལ་པར་མཇལ༔ སྙིང་ཐིག་བསྟན་པའི་བདག་པོར་བསྐོས༔ གཞན་ཡང་རྒྱལ་བའི་བློ་གྲོས་དང༔ མཆོག་དབྱངས་དཔལ་བརྩེགས་ཀླུའི་རྒྱལ་མཚན༔ དེ་སོགས་རིགས་བདག་མང་ཞིག་གིས༔ ཉེས་བཟློག་ཡང་དག་ལེགས་ཚོགས་སྤེལ༔ དེ་ཚེ་ཆོས་འདི་སྤེལ་བའི་སྣོད༔ བློན་ཆེན་སྤྲུལ་པ་ཀ་ཡི་མིང༔ སྤྲེལ་ཆུང་སྤྲུལ་པ་རིག་གྱི་མིང༔ འཕགས་པའི་སྤྲུལ་པ་བཟང་པོའི་མིང༔ རྒྱ་ཚའི་སྤྲུལ་པ་ཕྲིན་ལས་མིང༔ རྣམ་སྣང་སྤྲུལ་པ་རྡོ་རྗེའི་མིང༔ ཨཱ་ཙརྱ་སྤྲུལ་ཕན་པའི་མིང༔ ཆོས་རྒྱལ་སྤྲུལ་པ་རྒྱལ་གྱི་མིང༔ དཔལ་བརྩེགས་སྤྲུལ་པ་ཚེ་ཡི་མིང༔ མཆོག་དབྱངས་སྤྲུལ་པ་རྒྱལ་མཚན་མིང༔ དྲན་པའི་སྤྲུལ་པ་ཨོ་རྒྱན་མིང༔ ལྷ་ལུང་སྤྲུལ་པ་ ཁྱེའུ་ཆུང་རྣམ་རོལ་བློ་ཡི་མིང༔ རྨ་ཐོག་སྤྲུལ་པ་རཏྣའི་མིང༔ དེ་སོགས་སྐལ་ལྡན་རིག་པ་འཛིན༔ ཀུན་ཀྱང་ཆོས་འདིར་ཡིད་ཆེས་ཤིང༔ རྟེན་འབྲེལ་བཟང་པོས་མཚམས་སྦྱོར་འགྱུར༔ འདྲ་མིན་བདུད་སྤྲུལ་གནོད་བྱེད་ནི༔ མང་ཡང་དར་མའི་སྤྲུལ་པ་ཞིག༔ གླང་ལོ་གྲོགས་བྱེད་བདུད་དུ་འགྱུར༔ ཕྲག་ཏོག་ཁྱི་ཡི་ལོ་པ་ཞིག༔ ཀླུ་གོང་སྤྲུལ་ཡིན་དམ་སེལ་བྱེད༔ ཐང་བོན་སྐྱེ་བ་ཞེ་སྡང་སྦྲུལ༔ ངན་སྔགས་དུག་སྦྱོར་ཚེ་ལ་གཟན༔ བདུད་མོ་སྤྲེའུ་རྡོ་རྗེའི་མིང༔ གླགས་ལྟ་ལེགས་པའི་དཔལ་ལ་གནོད༔ དེ་རྣམས་བཟློག་པའི་རིམ་གྲོ་ནི༔ ཚེ་སྒྲུབ་སྲོག་བསླུ་མཆོད་སྦྱིན་དང༔ གདུགས་དཀར་ངག་འདོན་བྱད་འགྲོལ་དང༔ པདྨ་ཡབ་ཡུམ་སྙིང་ལ་སྒོམ༔ གསོལ་འདེབས་སེམས་བསྐྱེད་བློ་སྦྱོང་དང༔ དཔལ་ཆེན་ཕུར་བའི་བསྙེན་སྒྲུབ་གལ༔ ཐུགས་དམ་ཚིག་བདུན་སྙིང་པོར་དྲིལ༔ དེ་དག་གེགས་སེལ་མན་ངག་ཡིན༔ ཡང་ཅིག་གྲོགས་བྱེད་ཤེས་རབ་མ༔ རིགས་ལྔས་བྱིན་གྱིས་བརླབས་པ་ལས༔ ཤར་ནས་སྔགས་སྐྱེས་བཛྲ་མིང༔ མགྲིན་པར་སྨེ་བ་དམར་སྨུག་བརྒྱན༔ སྙིང་ཀར་ཧ་ཡིག་ཊཀྐིའི་བརྡ༔ འབྲོམ་བཟའ་རྒྱལ་རིགས་བྱང་ཆུབ་སྨན༔ དེར་འཕྲད་ཆོས་སྲིད་ལེགས་ཚོགས་འཕེལ༔ དེ་བཞིན་ནུས་འབྱིན་ས་ལེ་སྤྲུལ༔ ཉམས་རྟོགས་རྩལ་རྒྱས་དྲི་མོལ་བྱེད༔ དམར་རྒྱན་འདོད་དགུའི་དཔལ་ཀུན་སྦྱིན༔ རྣ་མཆོག་ལོ་པ་ཁྲོ་ཞིང་སྒེག༔ དགེ་རྒྱས་སྤྲུལ་པ་ཨ་ཡུའི་མིང༔ རོང་ཆེན་བྱང་ཤར་མཚམས་ནས་འོང༔ གཞན་ཡང་ཆོས་འདིའི་བརྒྱུད་འཛིན་ནམ༔ བསྟོད་བསྔགས་རྗེས་སུ་ཡི་རང་བྱེད༔ ཕྱོགས་མཚམས་ནས་འོང་དེ་དག་དང༔ འདྲ་མིན་བདུད་དང་ཤན་འབྱེད་དཀའ༔ དེ་ཕྱིར་རབ་ཏུ་བག་ཡོད་བྱོས༔ ཡང་གཅིག་གྲོགས་བྱེད་ཤྲཱི་པྲཛྙཱི༔ རིགས་ལྔའི་ལུང་བྱང་སྙིང་ལ་སྦོས༔ གུ་རུ་པདྨ་ང་ཉིད་ལ༔ དུས་ཀུན་གསོལ་བ་འདེབས་པའི་ཚིག༔ ཁ་ཞེ་མེད་པར་འདི་བཞིན་མཛོད༔ ཨེ་མ་ཧོ༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང༔ ལོངས་སྤྱོད་རྫོགས་སྐུ་རིགས་མཆོག་ལྔ༔ ཐུགས་རྗེ་འགགས་མེད་རིགས་གསུམ་མགོན༔ གཅིག་བསྡུས་ཨོ་རྒྱན་པདྨ་ལ༔ ཁ་ཞེ་མེད་པར་གསོལ་བ་འདེབས༔ ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ ཚེ་རབས་སྐྱེ་བ་ཐམས་ཅད་དུ༔ བརྩེ་ཆེན་ཐུགས་རྗེས་བཟུང་དུ་གསོལ༔ དུས་མིན་འཆི་བའི་ཚེ་འཕྲང་ལས༔ མྱུར་དུ་ཐར་བར་མཛད་དུ་གསོལ༔ ཆོས་མིན་སྡིག་པའི་སྐྱོན་རྣམས་ལས༔ རྣམ་པར་གྲོལ་བར་མཛད་དུ་གསོལ༔ མི་དགེའི་བཤེས་དང་སྡིག་གྲོགས་ལ༔ ནམ་ཡང་འཕྲད་པར་མ་གྱུར་ཅིག༔ རྣམ་མཁྱེན་ཉེ་རྒྱུ་བྱང་ཆུབ་སེམས༔ རྒྱུད་ལ་སྐྱེ་བར་མཛད་དུ་གསོལ༔ ཚེ་རབས་ཀུན་ཏུ་དགེ་བའི་གྲོགས༔ འབྲལ་མེད་རྟག་ཏུ་འགྲོགས་པར་ཤོག༔ སྐྱབས་ཀུན་གཅིག་འདུས་གུ་རུ་རྗེས༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ལྟར་གསོལ་འདེབས་སྨོན་ཚིག་འདི༔ གཞན་ལ་སྤེལ་ཞིང་རང་ཉམས་ལོངས༔ དུས་བབས་ཆོས་ཡིན་བྱིན་རླབས་མྱུར༔ གཞན་ཡང་མཚོ་རྒྱལ་ང་ཉིད་ལ༔ མོས་པ་ལྡན་པའི་གང་ཟག་གིས༔ རྩེ་གཅིག་གུས་པས་གསོལ་འདེབས་ན༔ སྐྱབས་སུ་གྱུར་བའི་རྩ་བ་གསུམ༔ བདག་དང་དབྱེར་མེད་སྤྱི་བོར་སྒོམས༔ ཡེངས་མེད་ཚིག་འདིས་གསོལ་བ་ཐོབ༔ ཨེ་མ་ཧོ༔ དུས་གསུམ་བཞུགས་པའི་བླ་མ་དང༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཀུན་འདུས་ཨོ་རྒྱན་ཆེན་པོ་དང༔ དབྱེར་མེད་རྒྱལ་ཡུམ་མཁར་ཆེན་བཟའ༔ སྐྱབས་མཆོག་ཡེ་ཤེས་མཚོ་རྒྱལ་ལ༔ ཁྱེའུས་མ་ལ་འབོད་པ་ལྟར༔ སྙིང་ནས་གུས་པས་གསོལ་བ་འདེབས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ འདི་ཕྱི་བར་དོ་ཐམས་ཅད་དུ༔ མ་ཁྱོད་འབྲལ་མེད་འགྲོགས་ནས་ཀྱང༔ ལུང་སྟོན་ཆོས་གསུང་ཉམས་རྟོགས་སྤོར༔ སྣང་བཞིའི་ཡེ་ཤེས་མཐར་ཕྱིན་ནས༔ འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཇི་སྲིད་འཁོར་བ་མ་སྟོང་བར༔ འགྲོ་དོན་ལྷུན་གྱིས་འགྲུབ་པ་དང༔ སངས་རྒྱས་བསྟན་པའི་གཞི་ཚུགས་ནས༔ བཤད་སྒྲུབ་ཆོས་དང་འབྲལ་མེད་ཤོག༔ ཨོཾ་ཨཱ༔ཧཱུྃ་ཛྙཱ་ན་ཌཀྐཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་རྒྱུན་དུ་གསོལ་འདེབས་དང༔ ཚོགས་དང་མེ་མཆོད་མཎྜལ་སོགས༔ དུས་ཆེན་ཉེར་ལྔ་ཆགས་མེད་དང༔ སྲོག་རྩོལ་རླུང་ལ་གནད་བསྣུན་ན༔ ཚེ་འདིར་མཁའ་སྤྱོད་འགྲུབ་པར་འགྱུར༔ ཀྱཻ་ཧོ་མཆོག་དམན་འགྲོ་བ་ཀུན༔ དད་པ་ཆོས་ཀྱི་རྩ་བ་ཡིན༔ འཕོ་འགྱུར་མེད་པར་གཏན་ལ་ཕོབས༔ མོས་གུས་བྱིན་རླབས་མྱུར་འགུགས་ཡིན༔ ཡང་ཡང་སྙིང་གི་དཀྱིལ་ནས་སྒོམས༔ དག་སྣང་གསང་སྔགས་ཉེ་ལམ་ཡིན༔ ཀུན་གྱི་ཡོན་ཏན་དྲན་པ་གཅེས༔ གསོལ་འདེབས་ཐུགས་རྗེའི་རྒྱུད་བསྐུལ་ཡིན༔ ཁ་ཙམ་མིན་པར་དུས་དྲུག་མཛོད༔ འཁོར་བ་རྣམ་རྟོག་བྱེད་ལས་ཡིན༔ འཁྲུལ་བའི་རང་མཚངས་སྟོང་པར་ལྟོས༔ སྡོམ་ཁྲིམས་ཆོས་ཀྱི་གཞི་མ་ཡིན༔ ངོ་ལྐོག་མེད་པའི་སྤང་བླང་མཛོད༔ དམ་ཚིག་རྩ་བ་བླ་མ་ཡིན༔ ཅི་མཛད་ཆོས་སུ་མཐོང་བ་དངཿ བཀའ་བཞིན་སྒྲུབ་ལ་ལྷོད་མེད་མཛོདཿ དངོས་གྲུབ་རྩ་བ་ཡི་དམ་ཡིན༔ བསྙེན་སྒྲུབ་སྒོ་གསུམ་འབད་པས་སྒྲུབ༔ ཕྲིན་ལས་རྩ་བ་ཆོས་སྲུང་ཡིན༔ ཚོགས་དང་གཏོར་མ་འབད་པ་གཅེས༔ དེ་ལྟར་ཉམས་སུ་ལོངས་མཛོད་དང༔ ང་དང་འདུ་འབྲལ་ག་ལ་ཡོད༔ ས་མ་ཡཱ༔ མ་འོངས་ཟབ་ཆོས་དག་སྣང་སྐོར༔ སྤེལ་བའི་དུས་རྟགས་འདི་བཞིན་འབྱུང༔ མི་རྣམས་དུག་ལྔ་འཆོལ་ཉོག་སྤྱོད༔ ཆོས་མཛད་དགུན་གྱི་མེ་ཏོག་བཞིན༔ སྡིག་སྤྱོད་སྐྱེ་བོས་ས་སྟེང་འགེངས༔ སྔགས་ལམ་ཞུགས་རྣམས་དམ་སེལ་གཡོ༔ ཐུབ་པའི་བསྟན་པ་རྟགས་ལ་རེ༔ སྒོམ་སྒྲུབ་ནམ་ལངས་སྐར་ལྟར་ཡལ༔ སྤྱོད་པ་མཛེས་ཆས་འགྲོ་བ་བསླུ༔ ད་ལྟའི་རྗེ་འབངས་སྤྲུལ་པ་འགའ༔ མཐའ་དབུས་ཀུན་ལ་ངེས་མེད་འབྱུང༔ འགྲོ་བ་བསོད་ནམས་མ་བསགས་པས༔ བདུད་དང་སྲིན་པོ་སྐྱབས་སུ་བརྟེན༔ ཡུལ་ཀུན་མི་བདེའི་གྲགས་པས་ཁྱབཿ དེ་འདྲའི་དུས་སུ་སྟོན་མཁན་གྱིས༔ འགྲོ་བ་བདེ་ལ་འགོད་པར་འགྱུར༔ གལ་ཏེ་ལུང་བསྟན་སྐྱེས་བུ་ཡང༔ ཕྱི་བཤོལ་ཐེ་ཚོམ་བདུད་དབང་འགྱུར༔ འཁོར་བའི་བྱ་བས་གཡེངས་གྱུར་ན༔ མ་དང་ཌཱཀྐིའི་བཀའ་ཆད་ཀྱིས༔ ཚེ་ལ་བར་ཆད་འབྱུང་བས་གཟོབས༔ དེའི་ཕྱིར་རབ་ཏུ་འཚོ་ཤེས་ཀྱིས༔ ཆོས་ལ་ཡིད་ཆེས་ངེས་ཤེས་སྐྱེས༔ རྒྱལ་བའི་བཀའ་དང་མི་འགལ་ཞིང༔ དགེ་བཅུའི་སྤྱོད་པ་དང་བླངས་ན༔ མཐུན་རྐྱེན་ལྷ་དང་སྲུང་མས་སྒྲུབ༔ འགལ་རྐྱེན་མ་དང་ཌཱཀྐིས་སེལ༔ ཆོས་འདིར་བརྒྱུད་གསུམ་བླ་མ་དང༔ རྒྱུད་སྡེའི་ལྷ་ཚོགས་བྱིན་རླབས་རྫོགས༔ གནས་གསུམ་ཌཱཀྐིས་སྲུང་མ་བྱེད༔ སྐལ་བ་ལྡན་པའི་གང་ཟག་གིས༔ མཐོང་བ་ཙམ་གྱིས་བར་ཆད་སེལ༔ ཐོས་པས་མི་བརྗེད་གཟུངས་ཐོབ་ཅིང༔ བསྒྲུབ་པས་མཆོག་ཐུན་དངོས་གྲུབ་ཐོབ༔ དུས་མཐའི་སྐལ་ལྡན་སྐྱེས་བུ་དང༔ འཕྲད་ནས་འགྲོ་དོན་མཐའ་ཡས་ཤོག༔ ཅེས་པའང་དུས་མཐའི་དགེ་སྦྱོང་ལུང་རྟོགས་མིང་ལ་དངོས་དང་ཉམས་ཀྱི་སྣང་བར་གུ་རུ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་ཤིང་། རང་གིས་ཀྱང་ཁ་ཞེ་མེད་པར་གསོལ་བ་བཏབ་པའི་མཐུ་ལས་བསླུ་མེད་རྡོ་རྗེའི་གསུང་གི་བརྡ་ཐོགས་མེད་དུ་ཤར་བ་བཞིན་ཐེ་ཚོམ་མེད་པར་བྲིས་པ་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

ཁ་བྱང་གསལ་བ་སྙིང་པོའི་ལྡེ་མིག

དམ་ཆོས་ཡང་ཟབ་པདྨའི་ཐུགས་བཅུད་ལས༔ ཁ་བྱང་གསལ་བ་སྙིང་པོའི་ལྡེ་མིག་བཞུགས༔

རང་བྱུང་ཤེས་རབ་ཕ་རོལ་ཕྱིན༔ སྟོང་ཉིད་དབྱིངས་ཀྱི་ཡུམ་ལ་འདུད༔ བདག་ཉིད་ཆེན་པོ་ཨོ་རྒྱན་རྗེ༔ ལས་དང་སྨོན་ལམ་མཐུ་བཙན་པས༔ རང་བྱུང་པདྨའི་སྡོང་པོ་ལ༔ སྐྱེ་མེད་དབྱིངས་ནས་གཟུགས་སྐུར་སྤྲུལ༔ འཕགས་ཡུལ་སྟོན་པའི་བསྟན་པ་བསྐྱངས༔ གདོང་དམར་བོད་ཀྱི་ཡུལ་དུའང༔ སྤྱན་དྲངས་གདུལ་བྱ་དུས་བབ་ཚེ༔ ལྷ་འདྲེ་བཏུལ་ཞིང་གཙུག་ལག་བརྩིགས༔ སྐལ་ལྡན་རྡུལ་གྱི་གྲངས་མཉམ་པ༔ རིག་པ་འཛིན་པའི་ས་ལ་བཞག༔ ཁྱད་པར་ལྷ་མོ་དབྱངས་ཅན་མ༔ གདུལ་བྱའི་དབང་གིས་བུད་མེད་ཚུལ༔ གཟུངས་མ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཐུགས་དམ་ཕུར་པའི་ཆོས་ལ་མཛད༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ འཇིགས་བརྒྱད་སྐྱོབས་ཕྱིར་རྗེ་བཙུན་མཆོག༔ ལྷ་མོ་སྒྲོལ་མའི་སྒྲུབ་ཐབས་གཅིག༔ དགོས་ཞེས་ཡང་ཡང་བསྐུལ་ངོ་རུ༔ སྔོན་ཚེ་གྲུ་འཛིན་རི་བོའི་རྩེར༔ བླ་མ་སྣང་བ་མཐའ་ཡས་དང༔ འཕགས་པ་སྤྱན་རས་གཟིགས་དབང་ལ༔ འཕགས་མ་ཕྱི་ནང་གསང་གསུམ་གྱི༔ མན་ངག་བྱེ་བ་མང་དུ་ཞུས༔ དེ་དག་ཀུན་གྱི་ཡང་སྙིང་མཆོག༔ སེང་ལྡིང་ནགས་ཀྱི་སྒྲོལ་མ་ཡི༔ སྒྲུབ་པ་མར་གྱི་ཉིང་ཁུ་བཞིན༔ བཅུད་དུ་བསྡུས་པའི་མན་ངག་འདི༔ རིན་ཆེན་སྲོག་གི་དྭངས་མ་ཡིན༔ འོན་ཀྱང་བསམ་ཡས་དབུ་རྩེ་རུ༔ ཆོས་རྒྱལ་ལ་སོགས་རྗེ་འབངས་ལྔ༔ མཚོ་རྒྱལ་ལ་སོགས་གཟུངས་མ་ལྔ༔ བཻ་རོ་ལ་སོགས་ལོ་ཙཱ་ལྔ༔ གཞན་ཡང་ཆོས་བློན་རྡོ་རྗེ་དཔལཿ ཕལ་པའི་གང་ཟག་ཉེར་ལྔར་བཅས༔ ཀུན་གྱིས་ཡང་ཟབ་གདམས་པ་གཅིག༔ དགོས་ཞེས་གསེར་གཡུའི་མཎྚལ་དང༔ སྒོ་གསུམ་བཏུད་ནས་གསོལ་བཏབ་ཚེ༔ ཐུགས་རྗེ་ཆེ་ལྡན་བདག་ཉིད་ཀྱིས༔ འཇིགས་སྐྱོབས་ཐར་བའི་ལམ་སྟོན་པའི༔ གདམས་ཟབ་འདི་ཉིད་ལེགས་པར་བསྟན༔ ས་མ་ཡཱ༔ དེའང་དག་སྣང་ཟབ་མོའི་ཆོས༔ གཏེར་རིགས་ཕལ་དང་མི་འདྲ་བས༔ དབྱིངས་རིག་སྟོང་གསལ་སྒྲོམ་དུ་སྦས༔ སྨོན་ལམ་ལས་འཕྲོ་དུས་བབ་ཚེ༔ མཚོ་རྒྱལ་སྤྲུལ་པའི་གང་ཟག་དང༔ གདམས་པ་འདི་ཉིད་འཕྲད་པར་ཤོག༔ ཅེས་པའི་སྨོན་ལམ་རྒྱས་བཏབ་ཚེ༔ ཇོ་མོ་མཁར་ཆེན་མཚོ་རྒྱལ་གྱིས༔ རིན་ཆེན་དངུལ་གྱི་མཎྜལ་ལ༔ གཡེར་གཡུ་སྤུང་པའི་ཚོམ་བུ་བཀོད༔ དར་ཟབ་སྣ་ལྔའི་ཡོན་དང་བཅས༔ གུས་པས་ཕྱག་འཚལ་འདི་སྐད་ཞུས༔ ཨེ་མ་དུས་གསུམ་རྒྱལ་བའི་སྲས༔ ཚད་མེད་མཁྱེན་བརྩེ་ནུས་པའི་བདག༔ ཉིད་ཀྱི་ཐུགས་བཅུད་རྗེ་བཙུན་མའི༔ སྒྲུབ་ཐབས་དབང་དང་མན་ངག་བཅས༔ ཡང་ཟབ་ཆོས་ཚན་ཉི་ཤུ་ལྔ༔ དགོངས་པའི་གཏེར་དུ་རྒྱས་བཏབ་ནས༔ བདག་ཉིད་སྤྲུལ་པའི་གང་ཟག་དང༔ འཕྲད་པའི་སྨོན་ལམ་བསླུ་མེད་པས༔ དབུགས་དབྱུང་གཏད་རྒྱ་མཛད་པ་ཡི༔ བཀའ་དྲིན་ཐུགས་རྗེ་བརྗོད་ལས་འདས༔ དེ་ཚེ་དུས་དང་གནས་དང་གྲོགས༔ སྐལ་ལྡན་ཆོས་ཀྱི་བདག་པོ་དང༔ བརྒྱུད་འཛིན་སློབ་མ་ཇི་ལྟར་འབྱུང༔ གཤེ་སྐུར་ལོག་ལྟས་སྨོད་དམ་བསྔགས༔ འགྲོ་ལ་ཕན་པ་ཇི་ལྟར་འབྱུང༔ གསང་རྒྱ་དགོས་སམ་ཁྱབ་བརྡལ་སྟོན༔ ཐམས་ཅད་མཁྱེན་པས་གསུང་དུ་གསོལ༔ བདག་གི་ཡིད་ལ་ངེས་པའི་གཟུངས༔ མི་བརྗེད་དྲན་པས་རྒྱས་བཏབ་ནས༔ གུ་རུའི་སྨོན་ལམ་ཐུགས་རྗེའི་མཐུས༔ དུས་ལ་བབས་ཚེ་གསལ་བར་ཤོག༔ དེ་སྐད་ཞུས་ཚེ་བདག་ཉིད་ཀྱི༔ དུས་གསུམ་མཁྱེན་པའི་མངོན་ཤེས་ཀྱིས༔ ཇི་ལྟར་གསལ་བཞིན་ལེགས་པར་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་ཟབ་འཕགས་མའི་སྒྲུབ་སྐོར་འདི༔ སྟོན་པའི་གང་ཟག་མཚོ་རྒྱལ་མས༔ སྤྲུལ་བསྒྱུར་སྣ་ཚོགས་མཛད་པ་ཡི༔ གཟུགས་ལ་ངེས་མེད་ཚུལ་སྟོན་ཀྱང༔ རྟོག་གེའི་ཚུལ་ལམ་ཡང་ན་བླུན༔ འཕྱུགས་མེད་བདག་ཉིད་ཨོ་རྒྱན་རྗེར༔ ཡིད་ཆེས་ངེས་ཤེས་ལྡན་པ་དང༔ རྗེ་བཙུན་སྒྲོལ་མའི་མཚན་ཙམ་ལ༔ མཆི་མ་འཁྲིགས་པའི་མོས་གུས་ལྡན༔ དེ་ཡང་རྟེན་འབྲེལ་རབ་འབྲིང་ཐ༔ རབ་ནི་རྒྱལ་རིགས་ལོངས་སྤྱོད་ལྡན༔ བགྲང་བྱ་བཅུ་དགུ་ཉི་ཤུའི་མཚམས༔ དངོས་གཏེར་ཟབ་མོའི་ཁ་བྱང་འདོན༔ མེ་བྱའི་ལོ་པ་དབང་པོ་དྭངས༔ དྲི་མེད་བཤེས་གཉེན་སྤྲུལ་པ་ཡིན༔ རྗེས་བཟུང་རྟེན་འབྲེལ་ཕུན་སུམ་ཚོགས༔ སྔགས་བཙུན་འགྲོ་དོན་ཕ་མཐའ་ཡས༔ འབྲིང་ནི་དབུས་གཙང་སྔགས་པའི་རིགས༔ ཉེར་ལྔར་ས་གཏེར་མང་དུ་འདོན༔ མཚོ་རྒྱལ་དངོས་ཀྱིས་རྗེས་བཟུང་ནས༔ ཕུར་པའི་གཏེར་ཐོན་གྲུབ་པ་བརྙེས༔ ཐ་མ་རྒྱལ་མོ་རོང་གི་སར༔ གདོལ་བའི་རིགས་ལས་མེ་ཡི་ཁམས༔ བྱའམ་ཁྱི་ཡི་ལོ་པ་འབྱུང༔ རྟོག་པ་གང་ཤར་ཚིག་སྨྲ་བ༔ གཡོ་མེད་བྱིས་པའི་ངང་ཚུལ་ཅན༔ རྗེ་འབངས་སྤྲུལ་པའི་ཡོངས་འཛིན་གྱིས༔ རྗེས་བཟུང་བླ་མའི་གསུང་བཅགས་པའི༔ རྐྱེན་དེས་ཡན་ལག་སྐྱོན་དང་ལྡན༔ ཚད་མེད་སྙིང་རྗེ་ཐོལ་བྱུང་དང༔ མོས་གུས་ཤུགས་འབྱུང་སྤྱོད་པ་སྐྱོངས༔ དེ་ཉིད་བཅུ་གསུམ་བགྲང་བྱ་རུ༔ པདྨ་བདག་གིས་རྗེས་བཟུང་ཞིང༔ འཕགས་མས་ཐུགས་རྗེས་བསྐྱངས་པའི་རྟགས༔ དངོས་ཉམས་རྨི་ལམ་དུ་མ་འབྱུང༔ ཉེར་ལྔར་མཁའ་འགྲོས་དབུགས་དབྱུང་ཞིང༔ བདུད་མོས་ཚེ་ལ་བར་ཆད་བརྩམས༔ སོ་བདུན་ཟབ་ཆོས་འདི་ཉིད་ཀྱི༔ སྒྲུབ་ཐབས་དགོངས་པའི་གཏེར་རྡོལ་ཡང༔ ལོག་སྨོན་བདུད་སྤྲུལ་གང་ཟག་འགས༔ རྟེན་འབྲེལ་གནད་ཀྱི་སྒོ་མོ་འགག༔ ཞེ་གཅིག་མཚོ་རྒྱལ་སྤྲུལ་པ་ཡིས༔ གཏེར་བཏོན་གདམས་དང་རྗེ་བཙུན་མའི༔ རྣམ་རོལ་མཐོང་དང་གདམས་པ་ཐོབ༔ ལས་ཅན་སྐྱེས་བུས་བསྐུལ་བ་ལས༔ ལེགས་པའི་རྟེན་འབྲེལ་འགྲིགས་ཀྱང་སྲིད༔ དུས་ནི་བཞི་བཅུའི་མར་འགྲིབ་ལ༔ མི་རྣམས་ཐེ་ཚོམ་ལོག་ལྟས་བསླད༔ དད་དང་ངེས་འབྱུང་བསྙེན་སྒྲུབ་གཡེལ༔ སྡིག་པའི་ལས་སྤྱོད་ལྷ་ཀླུ་འཁྲུགས༔ མི་ནད་ཕྱུགས་ནད་མཚོན་འཁྲུགས་དར༔ དེ་ཚེ་དེ་དག་བཟློག་པའི་ཐབས༔ འདི་ལས་ལྷག་པ་གང་ཡང་མེད༔ གནས་ནི་ཚོང་འདུས་ཆེན་པོའམ༔ རྒྱལ་པོའི་ཕོ་བྲང་ཉེ་བའི་ཕྱོགས༔ མི་དང་མི་མིན་སྣ་ཚོགས་འཚོགས༔ དེ་འདྲའི་གནས་སུ་མན་ངག་སྟོན༔ གྲོགས་ཀྱི་མཆོག་ནི་ཆོས་འདི་སྤེལ༔ བསྔགས་ཤིང་རྗེས་སུ་ཡི་རང་བྱེད༔ ཁྱད་པར་རིགས་གསུམ་སེམས་དཔའ་དང༔ དབྱེར་མེད་ཆོས་རྒྱལ་རྣམ་སྣང་མཛད༔ ཀླུ་དབང་ཐུགས་མཆོག་ནམ་སྙིང་ཞབས༔ ཤིང་རྟ་ཆེན་པོ་ན་གརྫུ༔ རིམ་བཞིན་ཤར་ལྷོ་ནུབ་བྱང་དབུས༔ རྡོ་རྗེའི་མིང་ཅན་བཞི་འབྱུང་བ༔ ཤར་ནས་སྟག་ཡོས་མདོག་སྨུག་སྒེག༔ ལྷོ་ནས་འབྲུག་ལོ་དམར་མདངས་དྭངས༔ ནུབ་ནས་བྱི་བ་ས་ཡི་ཁམས༔ བྱང་ནས་ཞི་ཚུལ་ཁྲིམས་ལྡན་དཀར༔ བྱའམ་ཁྱི་ལོ་ཆུ་ཁམས་པ༔ དབུས་ནས་མཁའ་གྲུབ་བྱང་ཆུབ་སེམས༔ རྟ་ཡི་ལོ་པ་པདྨའི་མིང༔ གདུགས་ཀྱི་ཚུལ་དུ་ངེས་པར་འབྱུང༔ ཕྱོགས་བཞིར་ཆོས་འདིར་མོས་པའི་བུ༔ ད་ལྟའི་རྗེ་འབངས་ཆོས་བློན་ལྔ༔ མོས་གུས་སྙིང་སྟོབས་དད་ལྡན་པས༔ མ་འོངས་དྷརྨ་དབང་དང་ཚེ༔ གསལ་བྱེད་ཐོག་མའི་མིང་འཛིན་པ༔ རྟེན་འབྲེལ་བཟང་པོས་མཚམས་སྦྱོར་འགྱུར༔ གཞན་ཡང་ལས་ཅན་སྐྱེས་བུ་བརྒྱད༔ རིགས་དང་གྲུབ་དང་སྔགས་དང་ཚེ༔ གསལ་དང་བསྟན་པ་དགའ་དང་བཟང༔ མ་ངེས་ཕྱོགས་ནས་འབྱུང་བར་འགྱུར༔ ཟབ་གཏེར་གྲོགས་ཀྱི་དབྱེ་བ་ལ༔ བདེ་ཆེན་གཉུག་མའི་ཡེ་ཤེས་དོན༔ སྟོན་མཛད་གཟུངས་མ་ལྔ་འབྱུང་སྟེ༔ དེ་ཡང་ནུས་འབྱིན་ས་ལེ་དང༔ དམར་རྒྱན་འབྲོམ་བཟའ་ཕོ་གྱོང་བཟའ༔ གཞན་ཡང་རྒྱལ་རིགས་བྱང་ཆུབ་སྨན༔ མ་ངེས་སྤྲུལ་པས་ལེགས་ཚོགས་སྤེལ༔ དེ་དག་འདྲ་མིན་འདྲར་སྟོན་པའི༔ ཤ་ཟ་སྨན་མོས་ཉེས་ཚོགས་བསྐྱེད༔ དེ་ཕྱིར་རབ་བྱུང་ཚངས་པར་སྤྱོད༔ བརྟུལ་ཞུགས་མཆོག་དེར་འབད་པ་ན༔ གེགས་ཞི་བསམ་རྒུའི་འདོད་དོན་འབྱུང༔ བརྒྱུད་འཛིན་སློབ་མ་འགའ་འབྱུང་ཡང༔ ལས་ལྡན་གང་ཟག་བརྒྱད་གསུམ་ལས༔ ལྔ་ཡིས་གཞན་ལ་ཕན་པ་དང༔ ཆོས་ལ་བརྩོན་ནུས་བསྟན་པ་འཛིན༔ འབྲེལ་ཐོག་ཕོ་མོ་སུམ་འབུམ་དང༔ ཡང་ཟབ་དང་འབྲེལ་ལྔ་བརྒྱར་ལྷག༔ ཕལ་ཆེར་གནས་སྐབས་སྐྱོན་ལས་གྲོལ༔ འགའ་ཞིག་ཐར་བའི་ལམ་སྣ་ཟིན༔ སྔོན་གྱི་སྨོན་ལམ་མཐུ་བཙན་པས༔ སྐལ་ལྡན་དེ་དང་སུ་འབྲེལ་བ༔ སྐྱེ་བ་བདུན་ནམ་ཉེར་གཅིག་ན༔ མཚོ་རྒྱལ་ཁྱོད་ཀྱིས་དབུགས་དབྱུང་ནས༔ པདྨ་ང་ཡིས་རྗེས་སུ་འཛིན༔ ས་མ་ཡཱ༔ རྒྱ༔ རྒྱ༔ རྒྱ༔ ཡང་ཅིག་ཉོན་དང་ཤེས་རབ་མ༔ མི་བརྗེད་གཟུངས་ཐོབ་མཁར་ཆེན་བཟའ༔ མ་འོངས་དད་ལྡན་སྐྱེས་བུ་དེ༔ ཉི་ཤུ་རྩ་ལྔའི་ལོ་གྲངས་བར༔ གཞན་གྱིས་སྡང་ཞིང་གཤེ་སྐུར་འདེབས༔ ཁྱད་པར་ཆོས་ལ་གནག་པ་ཡི༔ རྗེ་ཡི་བོན་བློན་ཕལ་མོ་ཆེ༔ འགའ་ཞིག་བཙུན་པར་བརྫུས་ནས་སུ༔ ཉམས་ཆགས་སྐུར་འདེབས་མི་ཁ་སློང༔ དགའ་བའི་མིང་ཅན་འཁྲུགས་གཞི་བྱེད༔ དེ་སོགས་མི་བདེ་སྤེལ་ན་ཡང༔ སྤང་ལས་རྡོལ་བའི་ཤ་མོང་བཞིན༔ ཤེས་རབ་མྱུར་ཞིང་ཡོན་ཏན་ཚོགས༔ ཉི་ཤར་དབྱུག་པས་ཁོག་མི་སྲིད༔ ཉེར་བདུན་ཕན་ཆད་ད་ལྟའི་དུས༔ མོས་གུས་ལྡན་པའི་དགེ་སློང་མཆོག༔ གནུབ་བན་སྤྲུལ་པ་མཚོ་ཡི་མིང༔ དེས་བཀུར་གཞན་ཡང་ཆོས་རྒྱལ་གྱི༔ སྤྲུལ་པས་བླ་མར་བསྔགས་པ་སོགས༔ བཟང་པོའི་གྲགས་པས་འགྲོ་མང་འདུད༔ ཁྱད་པར་གདམས་པ་ཟབ་མོ་འདི༔ ཉམས་སུ་ལེན་པའི་སྐལ་བཟང་དེ༔ གནས་སྐབས་བར་ཆད་རྐྱེན་ལས་གྲོལ༔ དད་ལྡན་ཐར་པའི་གླིང་དུ་འགྲོ༔ སྐལ་མེད་རྣམས་ཀྱང་འཁོར་མཐའ་ཟད༔ གསང་རྒྱ་སྐལ་ལྡན་ཕལ་ཆེར་ལས༔ ཕལ་བ་རྣམ་ལ་ཁྱབ་བརྡལ་དུ༔ བསྒྲགས་ན་ནོར་བུ་ཚོང་དུས་སུ༔ འགྲིམ་པ་སྔ་ན་འགའ་ཡིས་སྨོད༔ བཅུ་དྲུག་ཟླ་བའི་བར་དག་ཏུ༔ ལས་ལྡན་དང་པོ་མཐོང་བ་དེས༔ ཉམས་སུ་ལོངས་ལ་རིམ་གྱིས་སྤེལ༔ མ་འོངས་དུས་ཀྱི་སྐལ་བ་ཅན༔ ལས་འཕྲོ་ལྡན་པ་རྒྱལ་གྱི་མིང༔ ཉིན་བཞིན་པདྨ་ང་ཉིད་ལ༔ དུས་དྲུག་གསོལ་འདེབས་ཆགས་མེད་དང༔ ཚེས་བཅུ་ཉེར་ལྔར་ཚོགས་མཆོད་དང༔ འཕགས་མའི་ཕྱག་འཚལ་གཟུངས་བསྙེན་སྒྲོགས༔ སྲོག་བསླུ་མཆོད་སྦྱིན་ཆེ་ཕྲ་ལ༔ འབད་ན་ཚེ་གེགས་འཕྲང་གྲོལ་བས༔ དྲུག་ཅུའི་མཚམས་བར་འཚོ་ཡང་སྲིད༔ གདུལ་བྱའི་སྣང་བ་མ་དག་པས༔ ལོག་རྟོག་སྐུར་འདེབས་སྨོད་གྱུར་ན༔ ངེས་མེད་ཚེ་ལ་གཟན་པར་འགྱུར༔ དེ་ཕྱིར་རང་གི་སྤྱོད་ལམ་དང༔ ཀུན་སློང་བྱམས་དང་སྙིང་རྗེ་ཡིས༔ མཆོག་དམན་དགའ་བའི་ཐབས་ལ་འབུངས༔ ཆོས་བཞིན་སྤྱོད་པའི་གང་ཟག་དེ༔ བར་ཆད་བདུད་ལས་རྣམ་རྒྱལ་ནས༔ བདག་གཞན་དོན་གཉིས་འགྲུབ་པར་ཤོགཿ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་སྔོན་གྱི་བག་ཆགས་བཟང་པོ་སད་པའི་རྐྱེན་དུ་ལས་ལྡན་སྐྱེས་བུས་བསྐུལ་བ་དང་རྟེན་འབྲེལ་ལེགས་པའི་མཚམས་སྦྱོར་བཅས་སྤྲུལ་མིང་པ་ལུང་རིག་གླིང་པ་རྩལ་གྱིས་དག་པར་ཕབ་པ་དུས་ཀུན་དུ་དགེ་བར་གྱུར་ཅིག །སརྦ་ཛ་ཡནྟུ།

ལུང་རིག་གླིང་པ་ཉིད་ལ་དགོངས་གཏེར་ཇི་ལྟར་བབས་ཚུལ།

༄༅། ལུང་རིག་གླིང་པ་ཉིད་ལ་དགོངས་གཏེར་ཇི་ལྟར་བབས་ཚུལ། ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ལུང་བྱང་ལས། རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ བྱའམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ རྒྱལ་གྱི་མིང་ཅན་མདོ་ཁམས་སྨད་ནས་འབྱུང༔ ཅེས་དང་། གྲུབ་དབང་རྫོགས་ཆེན་བཞི་པའི་ལུང་བསྟན་ལས། སློབ་དཔོན་པད་འབྱུང་སློབ་མ་རྗེ་འབངས་གྲལ༔ ཉེར་ལྔའི་ནང་ཚན་དཔལ་གྱི་དབང་ཕྱུག་མཚན༔ རྡོ་རྗེ་ཕུར་པའི་གྲུབ་ཐོབ་སྟོབས་ནུས་ཅན༔ འཁོན་ཆེན་ཀླུ་ཡི་དབང་པོ་ཉི་མ་གྲགས༔ སྤྲུལ་པའི་ཆ་ཤས་ལུས་སྨིན་ཚུལ་ཁྲིམས་བསྲུང༔ སེམས་སྨིན་རིག་པའི་ཡེ་ཤེས་སྒྲོན་མེ་སྦར༔ མ་རིག་མུན་པའི་སྨག་རུམ་བསལ་བར་བྱས༔ ཅེས་དགོངས་གཏེར་གསལ་བར་འགྱུར་བའི་ལུང་བྱང་དང་། ཡང་། བྱི་བའི་ཚངས་ཁང་ཀུ་ཤ་སྔོ་ལྗང་སྟེང༔ ཆུ་ཤེལ་ནོར་བུ་དེ་ལ་མཇལ་བས་ལྟོས༔ ཅེས་བདག་ལོ་གྲངས་བཞི་བཅུར་སླེབས་པ་བྱི་བའི་དབྱར་དུས་སུ་ཞི་བ་བསིལ་བ་སྲིད་པའི་ཚ་གདུང་སེལ་ནུས་པ་ཟབ་ཆོས་འདི་དག་དང་ཕྲད་པ་དང་། ཆོས་བདག་སློབ་མ་དང་སྦྱིན་བདག་གི་ལུང་བྱང་ཡང་། དགེ་ལེགས་འདོད་འཇོ་ཙན་ཏན་ལྗོན་པའི་ཁྲོད༔ དྲི་བསུང་མེ་ཏོག་དམར་ལ་བུང་བ་འདུ༔ ཅེས་སོགས་རྡོ་རྗེའི་ལུང་གིས་ཇི་ལྟར་བསྔགས་པ་ལྟར། རང་ལོ་ཉེར་ལྔ་རྫོགས་མཚམས་འདག་སྦྱར་ལ་ཞུགས་ནས་བསམ་པ་ལྷུན་གྲུབ་མ་འབུམ་ཕྲག་དང་། ཚིག་བདུན་གསོལ་འདེབས་འབུམ་ཕྲག་བདུན་གྱི་གྲངས་བསོག་པའི་གླང་ཟླའི་ཚེས་བཅུའི་ཐོ་རངས་ཁར་ཨོ་རྒྱན་ཆེན་པོ་དང་། མཁའ་འགྲོ་མཚོ་རྒྱལ་ཡབ་ཡུམ་ལ་གདུང་ཤུགས་མཆི་མ་འཁྲིགས་པ་ལྟ་བུའི་སྒོ་ནས་གསོལ་འདེབས་དྲག་པོ་བྱས་པ་ལྟ་བུའི་རྐྱེན་ལས་ཐ་མལ་གྱི་སྣང་བ་འདི་དག་རང་འགགས་སུ་སོང་ནས་ཡིད་ཤེས་ཀྱི་ངོར་ཟངས་མདོག་དཔལ་རིར་མཁའ་འགྲོ་དང་རིག་འཛིན་རྒྱ་མཚོའི་གཙོ་བོ་ཨོ་རྒྱན་ཆེན་པོ་དང་། མཁར་ཆེན་བཟའ་ཡབ་ཡུམ་བཞུགས་པའི་རྒྱལ་ཐེབས་སུ་པཎ་ཆེན་དྲི་མེད་བཤེས་གཉེན་དང་། ལག་ལེན་གྱི་མཆོད་དཔོན་གཉགས་ཛྙཱ་ན་ཀུ་མ་རས་མཛད་ནས་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་དང་འབྲེལ་བར་ཞག་བདུན་ཕྲག་གསུམ་དུ་བསྡད་པའི་སྣང་བ་ཤར་རྗེས་དབང་ལེན་པའི་སྐབས་སུ་གུ་རུའི་གསུང་གིས་ཁྱོད་ཟབ་ཆོས་ཀྱི་གདམས་པ་བརྒྱ་རྩ་ལ་དབང་ན་ཡང་དམ་གྲིབ་ཀྱི་དབང་གིས་ཉུང་ངུ་ཙམ་ལས་ཕབ་པར་དཀའ་ཞེས་བཀའ་གནང་ཞིང་བྷནྡྷ་ནས་བདུད་རྩི་དཀར་དམར་མཐིང་གསུམ་ཞིག་བླུད་པའི་སྣང་བ་དང་། ཤོག་དྲིལ་སེར་པོ་དང་དམར་པོ་དཀར་པོ་གསུམ་བསྩལ་བ་ཁོང་དུ་ཟོས་པས་པོ་ཏི་བརྒྱ་ཕྲག་ཏུ་ལོང་པ་ཙམ་ལ་ཡང་ཐོགས་པ་མེད་པའི་ཤེས་རབ་ཅན་དུ་གྱུར་ནའང་རྟེན་འབྲེལ་འཕྱུགས་པས་མ་ཕབ་ཤིང་། ཅུང་ཟད་ཡོད་པའང་བྱིན་ཟའི་ཀློང་དུ་ཕུལ་ཡང་ལོ་གྲངས་སོ་དགུ་པ་ཕག་གི་ལོར་སྔར་གྱི་དམ་ཚིག་ཉམས་པའི་རྒྱུ་དང་འཕྲལ་རྐྱེན་འབྱུང་པོའི་ཁ་རླངས་ལས་ཞ་གྲུམ་གྱི་སྡུག་བསྔལ་གྱིས་གདུང་བའི་སྐབས་སུ། ནུབ་གཅིག་ཉིང་འཁྲུལ་གྱི་སྣང་བར་དར་དཀར་པོའི་གུར་དབུས་སུ་སྟག་ལྤགས་ཀྱིས་བཀབ་པའི་ཁྲིའུར་སྐྱབས་རྗེ་གྲུབ་དབང་ཀུན་བཟང་གཞན་ཕན་དང་དངོས་སུ་མཇལ་ཞིང་རིགས་བཞིའི་མཁའ་འགྲོས་འཁོན་སྦྱངས་ཁྲུས་དང་དར་སྣ་ལྔ་བསྩལ་ཞིང་བླ་མ་དམ་པས་ཟབ་ཆོས་ཀྱི་ཁ་བྱང་མཚོ་རྒྱལ་དགོངས་པའི་གསང་མཛོད་དང་། ལུང་བསྟན་དངས་ཤེལ་མེ་ལོང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་སོགས་ཤོག་དྲིལ་གྱི་ཚུལ་དུ་གནང་ནས་སླར་བླ་མ་ཉིད་ཨོ་རྒྱན་དང་། འཁོར་རྣམས་རྒྱ་བོད་ཀྱི་པཎ་གྲུབ་ཕལ་ཆེར་དུ་གནས་འགྱུར་ནས་རྟ་མཆོག་ཡང་གསང་ཁྲོས་པ་ལྟ་བུའི་དབང་བསྐུར་བའི་ཉམས་ཤར་འདུག་པ་སླར་སྐལ་བ་དང་ལྡན་པའི་གང་ཟག་གསལ་བྱེད་ཐོག་མའི་མིང་ཅན་གྱིས་ལྐོག་གྱུར་མངོན་དུ་རིག་པ་ལྟ་བུར་ད་ལམ་ཉིད་དགོངས་གཏེར་ལ་དབང་བ་ངེས་པར་ཅིས་ཀྱང་ཡི་གེར་འབེབས་དགོས་ཞེས་རྨ་བྱའི་སྒྲོ་ཕོད་བཅས་བསྐུལ་བ་ལས་ཐོག་མར་སྒྲོལ་མའི་ལས་བྱང་རྡོ་རྗེའི་གོ་ཆ་དང་། ཐུགས་རྗེ་ཆེན་པོའི་ལས་བྱང་ཟླ་གཞོན་སྤྲིན་བྲལ་རྣམས་རིམ་གྱིས་བྲིས་ནས་ཟླ་བ་བཅུ་དྲུག་བར་དུ་རང་ཉམས་སུ་བླངས་བ་ལ་དེ་སྐབས་སུ་དག་སྣང་མང་དུ་ཤར་བ་ལ་ཡིད་ཆེས་པའི་གནས་སུ་ངེས་པ་རྙེད་པའི་གདམས་པ་ཟབ་མོ་ལགས།

ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད།

༄༅༎ཤུདྡྷལོཀསྶརསྫཡཱམནསྱགུཧྱཀོཥེབྷྱཿ དྷརྨཱཔཱཏིབེཀརཎམཎིཀོཥབིཧརཏིསྨཿ

༄༅།། ཤུ དྡྷ ལོ ཀ སྶ ར སྫ ཡཱ མ ན སྱ གུ ཧྱ ཀོ ཥེ བྷྱཿ དྷརྨཱ པཱ ཏི བེ ཀ ར ཎ མ ཎི ཀོ ཥ བི ཧ ར ཏི སྨཿ

༄༅། དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་བཞུགསཿ

ཨེ་མ་ཧོ༔ ཆོས་སྐུའི་བདག་ཉིད་ཀུན་ཏུ་བཟང་པོ་དང༔ དབྱེར་མེད་ལོངས་སྐུ་ཚེ་དཔག་མེད་པ་ཉིད༔ གདུལ་བྱའི་དོན་དུ་འོ་མ་ཅན་གྱི་མཚོར༔ རིག་འཛིན་རྒྱལ་པོ་པདྨ་སཾ་བྷ་ཝ༔ ཡེ་ཤེས་མཚོ་རྒྱལ་བདག་གིས་བླ་མར་བསྙེན༔ མཆིམས་ཕུའི་གནས་སུ་སྨིན་གྲོལ་གདམས་པ་ཞུས༔ ཟབ་གནད་མན་ངག་རྫོགས་པ་ཆེན་པོ་ཡིས༔ འཁོར་བ་རུ་ལོག་ད་ལྟ་མངོན་སངས་རྒྱས༔ འོན་ཀྱང་ཡང་ཟབ་པདྨའི་ཐུགས་ཐིག་ལ༔ ཕྱི་ནང་གསང་བ་ཡང་གསང་བཞི་རུ་ཕྱེ༔ ཕྱི་སྒྲུབ་རྗེ་བཙུན་འཕགས་མའི་ཆོས་སྐོར་དང༔ ནང་སྒྲུབ་མཚོ་རྒྱལ་དགོངས་པའི་གསང་མཛོད་གནང༔ གསང་དང་ཡང་གསང་སྒྲུབ་པའི་མན་ངག་གནད༔ སྤྲུལ་པའི་ལྷ་སྲས་མུ་ཏིག་བཙན་པོར་གནང༔ དེ་ཡང་མཚོ་རྒྱལ་ཁྱོད་ཀྱི་སྤྲུལ་པ་ནི༔ འགྲོ་དྲུག་གནས་སུ་དག་དང་མ་དག་གཟུགས༔ བསམ་གྱིས་མི་ཁྱབ་བགྲང་ལས་འདས་པར་འོང༔ ཁྱད་པར་སྙིགས་མ་རྩོད་ལྡན་རྩུབ་འགྱུར་དུས༔ ཁམས་དབུས་རྩང་དང་མདོ་སྨད་ཁམས་རྣམས་སུ༔ སྤྲུལ་པ་ཉེར་གཅིག་དུས་གཅིག་འབྱུང་ལུང་བསྟན༔ དེ་ཚེ་མཁར་ཆུ་དཔལ་གྱི་དབང་ཕྱུག་དང༔ ལྕམ་དྲལ་སྨོན་ལམ་གཅིག་པའི་གང་ཟག་ཞིག༔ མདོ་སྨད་རྒྱལ་མོ་རོང་ངམ་བྱང་རྟ་རྣ༔ གངས་དཀར་རྒྱུད་དུ་འབྱུང་བར་ལུང་བསྟན་པ༔ དེ་ཡི་ཆོས་སྐལ་དངོས་གཏེར་རྫས་གཏེར་དང༔ དགོངས་པའི་གཏེར་དང་གསུམ་གྱི་གང་རུང་དབང༔ དེ་ཚེ་བདག་ཉིད་ཐུགས་ཀྱི་གཟུངས་མ་ཡིས༔ རྒྱལ་པོའི་བླ་གཡུ་གསེར་གྱི་མེ་ལོང་དང༔ ལུས་ངག་ཡིད་གསུམ་མཎྚལ་གུས་པས་ཕུལ༔ གསོལ་བཏབ་སྐོར་ཕྱག་དང་བཅས་འདི་སྐད་ཞུས༔ ཀྱཻ་རིག་འཛིན་ཆེན་པོ་བླ་མ་ཐོད་ཕྲེང་རྩལ༔ མཚོ་རྒྱལ་བདག་གི་ཚེ་རབས་གཏན་གྱི་མགོན༔ ཟབ་ཆོས་དཔག་མེད་ཁྱད་པར་རྫོགས་པ་ཆེས༔ གདོད་མའི་ས་ལ་བསྐྱལ་བ་བཀའ་དྲིན་ཆེ༔ སྐྱེ་བ་འདི་ནས་ཕྱིར་མི་ལྡོག་པ་ཡི༔ སྨོན་ལམ་ཐུགས་ཀྱིས་བདག་ཉིད་བརྐྱང་དུ་གསོལ༔ ཞེས་ཞུས་མཆི་མ་ཕྱུངས་ཏེ་གདུང་ཤུགས་ཀྱིས༔ གུ་རུའི་མདུན་དུ་ཐལ་སྦྱར་དང་བཅས་བསྡད༔ དེ་ཚེ་རིག་འཛིན་རྒྱལ་པོ་ཨོ་རྒྱན་རྗེས༔ སྤྱན་གཉིས་མཁའ་ལ་གཟིགས་ཏེ་ཏིང་འཛིན་ངང༔ མཁར་ཆེན་མཚོ་རྒྱལ་ཇི་སྲིད་བྱང་ཆུབ་བར༔ འགྲོ་བའི་དོན་དུ་ཐུགས་བསྐྱེད་མ་མཛད་དམ༔ ཇི་ལྟར་གདུལ་བྱའི་ཡུལ་ཉིད་མ་ཟད་བར༔ འདུལ་བྱེད་སྟོན་པ་ཟད་པར་མི་འགྱུར་བས༔ དེ་ཕྱིར་བྱང་ཆུབ་སེམས་ཀྱི་ས་བོན་ལས༔ སྤྲུལ་པ་སྒྱུ་མའི་རྣམ་རོལ་ཅིར་ཡང་སྟོན༔ ཁྱད་པར་དག་དང་མ་དག་གཟུགས་སྣ་ཚོགས༔ ཡང་དགོས་པདྨའི་ཟབ་ཆོས་ཐུགས་ཐིག་འདིའི༔ འགྲོ་དོན་ཁམས་དབུས་རྩང་གསུམ་ཀུན་ཏུ་བྱེད༔ ཅེས་གསུངས་གཡོ་མེད་ངང་དུ་བཞུགས་པར་གྱུར༔ ས་མ་ཡཱ༔ སླར་ཡང་གུས་པ་ཆེན་པོས་ཡང་གསོལ་བ༔ བདག་གིས་སྤྲུལ་བ་ཉེར་གཅིག་འགྱེད་པ་ལ༔ དངོས་དང་རྫས་དང་དགོངས་གཏེར་དབང་ངོ་ཞེས༔ གསུངས་པའི་ནང་ཚན་མདོ་ཁམས་སྨད་ཉིད་དུ༔ སྤྲུལ་པའི་གང་ཟག་ཇི་ལྟར་འབྱུང་བ་དང༔ དེ་ཡི་ཆོས་ཀྱི་བདག་པོ་ཅི་ཙམ་ཞིག༔ དེ་ཡི་གྲོགས་གང་འགལ་རྐྱེན་ཇི་ལྟར་ཡོད༔ དེ་བཟློག་རིམ་པ་ཅི་ཞིག་བཀའ་སྩོལ་ཅིག༔ ཞུས་པའི་ལན་དུ་མ་ཧཱ་གུ་རུ་རྗེས༔ བརྩེ་བའི་ཐུགས་ཀྱིས་འདི་སྐད་བཀའ་སྩལ་ཏོ༔ ཁྱོད་ཀྱི་སྤྲུལ་པའི་རྣམ་རོལ་བརྗོད་དཀའ་ཡང༔ མདོ་སྨད་འབྱུང་བའི་གང་ཟག་དེ་ལ་ཡང༔ རྟེན་འབྲེལ་རབ་འབྲིང་ཐ་མ་ཡང་ཐ་གསུམ༔ རྟེན་འབྲེལ་རབ་ནི་རྒྱལ་རིགས་གང་ཟག་དེ༔ བྱང་ཁོག་རྟ་རྣའི་བྲག་ནས་དངོས་གཏེར་ལེན༔ ཌཀྐིའི་སྤྲུལ་པས་གྲོགས་བྱེད་འགྲོ་དོན་ཡང༔ མཁའ་ལ་ཉི་བཞིན་ཆོས་བདག་སྟོང་ཙམ་འབྱུང༔ འབྲིང་གི་རྟེན་འབྲེལ་རྡོ་རྗེ་ཕག་མོའི་གནས༔ གཙང་མའི་རིགས་ཡིན་ལས་རྒྱ་མཁའ་འགྲོ་ལྔ༔ རྫས་ཆོས་སྤེལ་མ་གངས་དཀར་ཞོལ་ནས་འདོན༔ ཆོས་ཀྱི་བདག་པོ་སར་གནས་སེམས་དཔའ་ལྔ༔ ཕྲན་ཚེགས་ཆོས་དབང་སུམ་བརྒྱ་ལས་ལྷག་འོང༔ ཐ་མ་རྩུབ་འགྱུར་རྒྱལ་རོང་ཉེ་བའི་སར༔ ཙི་ནའི་རིགས་ལས་བློ་གསལ་སྙིང་རྗེ་ལྡན༔ ལུང་རིགས་མིང་ངམ་རྒྱལ་ལམ་གྲུབ་ཅེས་གྲགས༔ དེ་ལའང་རྟེན་འབྲེལ་རབ་ཏུ་འགྲིགས་གྱུར་ན༔ བྲག་དཀར་གཏེར་དབང་རྫུ་འཕྲུལ་ཡ་མ་ཟུང༔ དབུས་སུ་འཁྱེར་ཏེ་ལས་འཕྲོའི་བག་ཆགས་སད༔ སྣང་མཐའི་སྤྲུལ་པའི་གཙོར་བྱས་ཆོས་ཀྱི་བདག༔ བརྒྱ་ཕྲག་ལྔར་ཉེ་རྟེན་འབྲེལ་འབྲིང་བབ་ན༔ ཚེ་སྒྲུབ་ཆོས་སྐོར་ཀ་སེང་བྲག་ནས་འདོན༔ གཤིན་ཕུར་སྦྲགས་མ་ཐུགས་ཆེན་གནས་རྩེར་ལེན༔ རིགས་ལྡན་བཛྲ་ཊཀྐི་གྲོགས་སུ་འོང༔ པདྨ་ང་དང་དངོས་ཞལ་ཡང་ཡང་མཇལ༔ རྫུ་འཕྲུལ་སྣ་ཚོགས་ཆོས་བདག་ཕྱོགས་བཅུར་ཁྱབ༔ རྟེན་འབྲེལ་ཐ་མ་བཱི་མའི་སྤྲུལ་པ་ཡིས༔ གནས་ལུགས་ངོ་འཕྲོད་དགོངས་པའི་གཏེར་ལ་དབང༔ ཚེ་གེགས་འབྱུང་ཚུལ་བཟློག་ཐབས་གཞན་དུ་གསལ༔ དེ་ཚེ་སྐལ་ལྡན་ཆོས་ཀྱི་བདག་པོ་ནི༔ རྩ་བ་བཅུ་བརྒྱད་ལྔ་དང་ཡན་ལག་གྲངས༔ ཉེར་ལྔ་ཆོས་ལྡན་ལས་ཅན་བརྒྱ་རྩ་བརྒྱད༔ གཏེར་དགྲ་ལྔ་དང་བདུད་སྤྲུལ་བར་ཆད་བཞི༔ མཐོང་ཐོས་ཟས་ནོར་ཆོས་ཀྱིས་འབྲེལ་བ་ནི༔ འབུམ་ཕྲག་གཅིག་དང་ཁྲི་རུ་ལོངས་པ་ཡོང༔ དང་པོ་རྩ་བའི་ཆོས་བདག་ཆེན་པོ་ནི༔ བཻ་རོའི་སྤྲུལ་པ་རྡོ་རྗེའི་མིང་ཅན་བརྒྱད༔ ཤར་ནས་བཻ་རོ་གཡུ་སྒྲ་ཟུང་གི་སྤྲུལ༔ ལྷོ་ནས་བཻ་རོ་གཉག་བན་ཟུང་གི་སྤྲུལ༔ ནུབ་ནས་བི་མ་བཻ་རོ་ཟུང་གི་འཕྲུལ༔ བྱང་ནས་ཆོས་རྒྱལ་བཻ་རོ་ཟུང་གི་སྤྲུལ༔ དེ་བཞིན་ཤར་ལྷོ་གནུབ་སྤྲུལ་རྡོ་རྗེའི་མིང༔ ལྷོ་ནུབ་མཚོ་རྒྱལ་རོལ་གར་རྡོ་རྗེའི་མིང༔ ནུབ་བྱང་དཔལ་གྱི་རྡོ་རྗེ་བཛྲ་མིང༔ བྱང་ཤར་ཡེ་ཤེས་དབྱངས་སྤྲུལ་རྡོ་རྗེའི་མིང༔ དབུས་སུ་པདྨའི་མིང་གཉིས་སྟེང་གི་གདུགས༔ དེ་ནི་རྩ་བའི་ཆོས་བདག་བཅུ་ཡིན་ནོ༔ དེ་དང་འདྲ་བའི་རྩ་བའི་ཆོས་བདག་བརྒྱད༔ དབྱི་མདོར་ཆོས་བློན་སྤྲུལ་པ་ཀརྨའི་མིང༔ རྩང་དུ་ལེགས་གྲུབ་སྤྲུལ་པ་ཀརྨའི་མིང༔ ཧོར་ཡུལ་ལྷ་དཔལ་སྤྲུལ་པ་ཀརྨའི་མིང༔ བྲག་དམར་ལྷས་སྣང་སྤྲུལ་པ་ཀརྨའི་མིང༔ དེ་བཞིན་སྤྲེལ་ཆུང་སྤྲུལ་པ་རིགས་ཀྱི་མིང༔ ཨ་ཙར་དཔལ་དབྱངས་སྒྲ་མཁན་ཕན་པའི་མིང༔ གསེར་རོང་ལྷ་སྲས་དམ་འཛིན་འཕེལ་བའི་མིང༔ དེ་ཡུལ་རྒྱལ་བའི་བློ་གྲོས་གྲུབ་ཀྱི་མིང༔ དེ་རྣམས་སར་གནས་སེམས་དཔའ་ཆེན་པོ་ཡིན༔ རྩ་བའི་ཆོས་བདག་བཅོ་བརྒྱད་སོ་སོ་ཡིས༔ གདམས་པ་ཉམས་བླང་གེགས་སེལ་དངོས་གྲུབ་ཐོབ༔ བསླུ་བ་མེད་དེ་སོ་སོར་ལུང་བསྟན་པ༔ དགོངས་གཏེར་ཡིན་ཕྱིར་རྒྱས་བསྡུས་ལུང་བྱང་བཀོད༔ དེ་ནས་ཡན་ལག་ཆོས་བདག་ཉི་ཤུ་ལྔ༔ ཁྱེའུ་ཆུང་སྤྲུལ་པ་ཧོར་ཡུལ་བློ་ཡི་མིང༔ མགྲིན་པར་སྨེ་བ་དབྱངས་ཅན་ཆོས་ཀྱི་བདག༔ དྲན་པའི་སྤྲུལ་པ་ཧོར་ཡུལ་ཉི་མའི་མཚན༔ ནོར་རྒྱུན་སྒྲུབ་ཐབས་ཆོས་ཀྱིས་འགྲོ་ལ་ཕན༔ གནུབ་སྔགས་སྤྲུལ་པའི་གང་ཟག་བཛྲ་མིང༔ རལ་གཅིག་སྒྲུབ་པས་རང་གཞན་བར་ཆད་སེལ༔ ཉང་བན་མ་ཡི་མིང་འཛིན་སྲུང་མ་ཡི༔ ཆོས་ལ་དབང་དེ་སྙིང་སྨེ་ནམ་མཁའི་མདོག༔ ཆོས་བློན་སྤྲུལ་པ་བདེ་མིང་ཐུགས་རྗེ་ཆེའི༔ སྒྲུབ་ཐབས་རྒྱས་བསྡུས་བསྟན་འགྲོར་ཕན་པ་ཡོང༔ འོ་བྲན་སྤྲུལ་པ་བསྟན་མིང་སྒྲུབ་ལ་བརྩོན༔ སྒྲོལ་མའི་ཆོས་ཀྱིས་འགྲོ་བའི་བར་ཆད་སེལ༔ དར་མདོའི་ཕྱོགས་སུ་སྒྲུབ་བརྩོན་གྲུབ་པའི་མིང༔ ཆབ་མདོའི་ཕྱོགས་སུ་མངའ་བདག་ལྷ་ཡི་མིང༔ དབྱི་མདོའི་ཕྱོགས་སུ་རྨ་ཐོག་ཚེ་ཡི་མིང༔ ལྷ་རྩེར་ལང་གྲོ་ལོ་ཙ་བུདྡྷའི་མཚན༔ དེ་བཞིན་རྒྱལ་བ་བྱང་ཆུབ་དྷརྨཱ་ཤར༔ གཡུ་སྒྲ་རྒྱལ་རོང་མངའ་བདག་རྒྱལ་མིང་འཛིན༔ འབྲོག་མི་དཔལ་ཡེ་གསང་སྔགས་ཟབ་གཏེར་བདག༔ མཁས་པ་ཉང་བན་སྤྲུལ་པ་རྫ་རའི་མཚན༔ བདུད་འཇོམས་ལྷ་ལྡན་ཕྱོགས་ནས་དྲག་པོའི་མཚན༔ ཡེ་ཤེས་དབྱངས་སྤྲུལ་ཙི་ན་ཆེ་དགུའི་གཙོ༔ སྣ་ནམ་ཛྙཱ་ན་ཀེ་ཚང་བསྟན་པའི་མིང༔ དཔལ་གྱི་དབང་ཕྱུག་སྔགས་བཙུན་ནམ་མཁའ་གྲགས༔ ལྡན་མ་རྩེ་མང་བྲག་ཐོག་གཡུང་དྲུང་མིང༔ དཔའ་ལེའི་སྐྱེ་བ་མིག་རུ་པྲཛྙར་གྲགས༔ པདྨ་གསལ་སྤྲུལ་མདོ་རུ་མཚོན་ཆའི་མིང༔ སྣ་གདོང་སྐྱེ་མཐའ་མི་ཆེན་དྲག་པོའི་མིང༔ ལྷ་ཡི་ཟླ་བ་མདོ་སྨད་དངོས་གྲུབ་མིང༔ དཔལ་གྱི་དབང་ཕྱུག་མཁས་མིང་རྩང་གི་ཡུལ༔ ཟླ་ཤར་ཡེ་ཤེས་མིང་ཅན་འཛམ་ཐང་ཕྱོགས༔ སོ་སོའི་མཚན་ཉིད་རིམ་པར་མ་བརྟགས་པར༔ འོལ་ཚོད་གདམས་པ་བྱིན་ན་བཀའ་ཆད་འོང༔ དེ་ཕྱིར་རབ་ཏུ་སྒྲིམས་ལ་རན་ཚོད་ཟུངས༔ དུས་བབས་སྣང་འགྱུར་ཏེ་ངེས་ཤེས་སྐྱེད༔ དེ་ཚེ་གདམས་པ་བྱིན་པའི་དུས་ཡིན་པས༔ པདྨ་ང་ལ་དུས་དྲུག་གསོལ་བ་ཐོབ༔ དེ་ཚེ་རིག་འཛིན་པདྨས་བཀའ་སྩལ་པ༔ ཆོས་བདག་བརྒྱ་རྩ་བརྒྱད་ཡོད་པ་འདིར་གབ་པ་ལགས། མཆན། མོས་ཤིང་ཡིད་ཆེས་གསོལ་བ་སུས་འདེབས་པ༔ ཡིན་པར་ངེས་ཏེ་སེམས་ཅན་མོས་པའི་བློ༔ བྱིན་རླབས་ཉེ་བར་འཇུག་པའི་ལྕགས་ཀྱུ་ཡིན༔ ཆོས་ཀྱི་བདག་པོ་རང་གིས་པད་འབྱུང་དང༔ འཕགས་མ་དབྱེར་མེད་གསོལ་ཐོབ་རྨི་ལམ་དངོས༔ ཉམས་ཀྱི་སྣང་བས་ཡིན་མིན་ཐེ་ཚོམ་སོལ༔ སླར་ཡང་བདུད་ཀྱིས་བསླུ་བ་བར་ཆད་ནི༔ གདོད་མའི་ས་ལ་བཙན་ས་མ་ཟིན་བར༔ བར་ཆད་བདུད་ལ་ཟད་པ་ཡོད་མིན་པས༔ གདམས་པ་ཉམས་སུ་ལེན་པའི་གང་ཟག་རྣམས༔ ཕ་ཡུལ་རྒྱབ་བསྐྱུར་དབེན་གནས་རི་དགོན་ཟུངས༔ འགྲོ་སྡོད་མ་མང་སྲན་ཚུགས་ཉམས་ལེན་འབུངས༔ ཟས་ནོར་སྒྱུ་མ་ཡིན་པས་ཆོག་ཤེས་ཀྱིས༔ ལས་སུ་གདམས་ཟབ་ཡི་གེ་བྲིས་སྤེལ་ཀློགས༔ ཆོས་སྤྱོད་བཅུ་ལ་རྟག་ཏུ་འབད་པ་ཐོན༔ ལས་འཕྲོ་གཏེར་ལ་དབང་བའི་གང་ཟག་རྣམས༔ ཙབ་ཙུབ་བློ་མང་སྤོངས་ལ་གཅིག་ཏུ་དྲིལ༔ རྗེ་ཡི་མཆོག་ཏུ་དྲིན་ཆེན་བླ་མ་བརྟེན༔ ལྷག་པའི་ལྷ་རུ་བྱང་ཆུབ་སེམས་གཉིས་སྒོམས༔ སྒྲུབ་སྡེ་བརྒྱད་དུ་དྲིལ་ལ་གསོལ་བ་ཐོབ༔ བྲན་དུ་ཆོས་སྐྱོང་བརྔན་དུ་གཏོར་མ་བྱིན༔ བསྟན་པའི་སྙིང་པོ་རྫོགས་པ་ཆེན་པོ་ནི༔ ཁྲེགས་ཆོད་ཐོད་རྒལ་སྣང་བཞི་མཐའ་རུ་སྐྱོལ༔ དེ་ལྟར་ཉམས་སུ་ལོངས་དང་དོན་གཉིས་འགྲུབ༔ ས་མ་ཡཱ༔ ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ཤིན་ཏུ་རྒྱས་པ་ཞིག་ཡོད་པར་འདུག་ཀྱང༔ རྟེན་འབྲེལ་མི་སྟོང་ཙམ་དུ་ལས་འཕྲོ་ལྡན་པའི་ངོར༔ བསྡུས་པ་ཙམ་ཞིག་སྤེལ་བ་དུས་ཀུན་དགེ་བར་གྱུར་ཅིག༔

རྒྱ་སྤྲུལ་རང་གི་སྐྱེ་བརྒྱུད་བརྟགས་པའི་ལུང་བྱང་།

རྒྱ་སྤྲུལ་རང་གི་སྐྱེ་བརྒྱུད་བརྟགས་པའི་ལུང་བྱང་བཞུགས། མཆོག་གསུམ་ཀུན་འདུས་ཨོ་རྒྱན་པདྨ་དང༔ རྗེ་བཙུན་འཕགས་མ་སྙིང་དབུས་རྟག་པར་བཞུགས༔ རང་གི་སྐྱེ་རྒྱུད་བརྟགས་པའི་ལུང་བྱང་ཞིག༔ ཐོལ་བྱུང་རིག་པའི་རྩལ་ལས་ཤར་བ་བཞིན༔ ཐོག་མེད་ཡི་གེར་སྤེལ་ལ་བླ་མ་དང༔ ཡི་དམ་ཧྱ་གྷྲྀ་ཝས་གནང་བ་སྩོལ༔ ཨེ་མ་ཧོ༔ སྔོན་དུས་སངས་རྒྱས་རྔ་སྒྲའི་བསྟན་པ་ལ༔ འཕགས་མས་རྗེས་བཟུང་སེམས་མ་མཐིང་འོད་ཅན༔ དེ་རྗེས་སྐུ་གསུམ་ཞིང་ཁམས་སོ་སོ་རུ༔ དག་དང་མ་དག་ལུས་སེམས་གསར་རྙིང་བརྗེ༔ སྐལ་བཟང་འདྲེན་པ་བཞི་པ་ཤཱཀ་ཐུབ་དྲུང༔ དགྲ་བཅོམ་འཕགས་མ་དགེ་སློང་ཨུཏྤལ་མདོག༔ རྒྱལ་སྲས་པདྨ་རྒྱལ་པོས་སྲིད་བཟུང་ཚེ༔ བརྩེ་བའི་གྲོས་བཏབ་གྲོགས་པོ་སུ་ཝརྞ༔ པད་འབྱུང་འཕགས་ཡུལ་བསྟན་པ་བསྐྱངས་བའི་ཚེ༔ བྲམ་ཟེའི་བུ་མོ་དཔལ་སྐྱེས་མ་རུ་གྲགས༔ བོད་ཡུལ་པད་འབྱུང་ཐུགས་བཅུད་གཟུངས་མ་མཆོག༔ ཕུར་བའི་བཀའ་བབས་ཇོ་མོ་མཁར་ཆེན་བཟའ༔ ལ་ཕྱི་གངས་འདབས་རྗེ་བཙུན་མི་ལའི་དྲུང༔ རང་སེམས་ངོ་འཕྲོད་རྣལ་འབྱོར་གཤེན་རྡོར་མོ༔ ས་ཆེན་བླ་མ་ཀུན་དགའ་སྙིང་པོ་ལས༔ ལམ་འབྲས་ཆོས་ཐོབ་ཀུན་དགའ་ཚེ་རིང་མཚན༔ ཞྭ་ནག་དུས་གསུམ་མཁྱེན་པ་ཀརྨ་པས༔ ཕྱག་ཆེན་ངོ་འཕྲོད་ཀརྨ་དཔལ་ལྡན་མིང༔ རྗེ་བཙུན་འཇམ་དབྱངས་རྣམ་རོལ་ཙོང་ཁ་པའི༔ ཐུགས་སྲས་བུ་ཆེན་མཁས་གྲུབ་དགེ་ལེགས་དཔལ༔ ཀོང་པོར་གཏེར་ཆེན་སངས་རྒྱས་གླིང་པ་ཡི༔ རིགས་ཀྱི་མྱུ་གུ་ཡེ་ཤེས་རྡོ་རྗེ་རྩལ༔ བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ཡུམ་གྱི་ཚུལ༔ ཡིད་འཛིན་དབང་མོ་སྨིན་གྲོལ་ཆོས་ཀྱི་མཛོད༔ དྭགས་པོར་ཀརྨ་གླིང་པའི་ཕྱག་རྒྱ་མོ༔ བཀྲ་ཤིས་དབང་མོ་རྟེན་འབྲེལ་སྒོ་འཕར་ཕྱེས༔ སྲིན་རྫོང་རྡོ་རྗེ་སྙིང་པོའི་ཟབ་གཏེར་ལ༔ དབང་བསྒྱུར་སྤྲུལ་པའི་གཏེར་ཆེན་ཉི་མ་གྲགས༔ རྙིང་བསྟན་རྩ་ལག་གཏེར་ཆེན་བླ་མ་ཡི༔ རིགས་ཆོས་གདུང་འཛིན་རིན་ཆེན་རྣམ་པར་རྒྱལ༔ གསེར་ཁོག་ཕྱོགས་སུ་གསུམ་ལྡན་རྡོ་རྗེ་འཛིན༔ སྙིགས་མའི་མུན་སེལ་ཛྙཱ་ན་སེང་ཧར་གྲགས༔ ལྷ་སྲས་རྣམ་སྤྲུལ་སྐྱབས་མགོན་རྡོ་གྲུབ་རྗེའི༔ ལུང་ཟིན་བུ་ཆེན་འཇིགས་མེད་སྐལ་བ་བཟང༔ དབྱི་རོང་ཕྱོགས་སུ་གཅོད་ཡུལ་དགོངས་དོན་རྟོགས༔ རྣལ་འབྱོར་དམ་པ་དཀོན་མཆོག་དབང་ཕྱུག་མཚན༔ ༧ འདི་འཕོས་དཔལ་གྱི་བསམ་ཡས་ཉེ་འདབས་སུ༔ དཀོན་མཆོག་བཟང་མོ་སྨིན་གྲོལ་ཆོས་སྒོར་ཞུགས༔ ལུས་ངག་ཡིད་ཀྱི་སྒྲིབ་སྦྱངས་ཕྱག་སྐོར་བརྩོན༔ ད་ལྟའི་བག་ཆགས་པད་འབྱུང་སྤྲུལ་པ་ཡིས༔ གནས་ལུགས་ངོ་འཕྲོད་དམན་ལུས་ཁྱད་འཕགས་རིགས༔ དེ་འོག་སོག་པོའི་ཉེ་འདབས་གུར་དཀར་དུ༔ སེམས་མའི་རིགས་ལ་མཆོད་སྦྱིན་དགེ་ཆོས་འཕེལ༔ དེ་འོག་བྱང་ཁམས་རྟ་རྣ་ཞེས་བྱའི་རིར༔ དགེ་མ་སྒྲུབ་བརྩོན་དཔལ་གྱི་མིང་དུ་གྲགས༔ དེ་འོག་རྔ་ཡབ་སྤྲུལ་པའི་ཕོ་བྲང་དུ༔ ལས་ཅན་སྲིན་ཕྲུག་དཔའ་བོ་མྱུ་གུ་རྩལ༔ པདྨས་རྗེས་བཟུང་ཟབ་གསང་དོན་ལ་སྤྱོད༔ དེ་འོག་ལྷ་ལྡན་སྤྲུལ་པའི་ཉེ་འདབས་སུ༔ ཟབ་མོའི་གཏེར་འདོན་སྨིན་གྲོལ་དྲོད་རྟགས་ཐོན༔ འགྲོ་འདུལ་བྱང་ཆུབ་གླིང་ངམ་ཐེག་ཆེན་གྱི༔ རྣལ་འབྱོར་དམ་པ་བདེ་ཆེན་དངོས་གྲུབ་གྲགས༔ དེ་འོག་འཆི་མེད་དགའ་ལྡན་གྲོང་ཁྱེར་དུ༔ མི་ཕམ་མགོན་པོས་རྗེས་བཟུང་བྱང་ཆུབ་སེམས༔ བྱམས་པའི་དབང་ཕྱུག་ས་བཅུ་ལམ་ལྔ་ལས༔ ཆགས་ཐོག་སྤངས་བས་རྣམ་མཁྱེན་བདུད་རྩི་བརྙེས༔

ལུང་རིག་གླིང་པའི་སྐུ་ཚེའི་རྣམ་ཐར་ལུང་བསྟན།

ལུང་རིག་གླིང་པའི་སྐུ་ཚེའི་རྣམ་ཐར་ལུང་བསྟན། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས༔ ད་ལྟ་རིགས་དང་ལྡན་པའི་མཚོ་རྒྱལ་ཡུམ༔ གསང་ཆེན་ཆོས་ལ་ཐེ་ཚོམ་མེད་པ་དང༔ བརྫུས་སྐྱེས་པད་འབྱུང་ང་ཉིད་མཉེས་པར་བྱེད༔ དེ་ཕྱིར་གང་དུ་སྐྱེ་བ་དག་མ་དག༔ མཆོག་དམན་ལུས་ནི་སྣ་ཚོགས་བླངས་ན་ཡང༔ པད་འབྱུང་ང་དང་བི་མ་མི་ཏྲ་ཡི༔ སྤྲུལ་པའི་རྗེ་འབངས་འགྲོ་ལ་མི་གནོད་ཅིང༔ མཐོང་ཐོས་དྲན་རེག་གང་ལའང་ཕན་པ་འབྱུང༔ མ་འོངས་རྩུབ་འགྱུར་ལྔ་བརྒྱའི་ཐ་མ་རུ༔ ཁྱོད་ཀྱི་སྤྲུལ་པ་ཉི་ཟེར་རྡུལ་ལྟར་འཁྲིགས༔ ཁྱད་པར་སྐུ་གསུང་ཐུགས་སྤྲུལ་ཉེར་གཅིག་གི༔ གསུང་སྤྲུལ་ཆ་ཤས་མདོ་ཁམས་སྨད་ཀྱི་ཆར༔ གདོལ་བ་གཡུང་པོ་དམན་པའི་རིགས་སུ་སྐྱེས༔ ཉམས་གྲིབ་ཅན་གྱིས་གཟུགས་ཅན་འགའ་ཞིག་དང༔ སྨོན་ལམ་ལོག་པའི་གཟུགས་མེད་འགའ་ཡིས་འཚེ༔ ལོ་བརྒྱད་དུས་སུ་ཚེ་ལ་བར་ཆད་འབྱུང༔ ང་སྤྲུལ་རྣལ་འབྱོར་མ་ངེས་སྤྱོད་པས་སེལ༔ གཞན་ཡང་ད་ལྟའི་ཛྙཱ་ན་ཀུ་མ་ར༔ ཞི་དུལ་ལྕང་ལོ་གོས་དཀར་འཆང་བ་ཞིག༔ བླ་མར་བརྟེན་ལས་གེགས་ཞི་ལེགས་ཚོགས་འཕེལ༔ བཅུ་གསུམ་བགྲང་བྱར་བི་མའི་སྤྲུལ་པ་ཡི༔ གསུང་གིས་དབུགས་དབྱུང་འགྲོ་ཕན་རྟེན་འབྲེལ་འགྲིག༔ པཎ་ཆེན་བཻ་རོའི་སྤྲུལ་པས་རྗེས་བཟུང་ཀྱང༔ ད་ལྟ་ཆོས་ལ་གནག་པའི་བདུད་བློན་འགའི༔ སྤྲུལ་པ་མཆོག་དམན་བཙུན་པའི་གཟུགས་སུ་འོང༔ དེ་དག་རྐྱེན་བྱས་དམ་སེལ་གྲིབ་ཀྱིས་ཕོག༔ འོན་ཀྱང་ཡེ་ཤེས་སྤྱན་ལྡན་པདྨ་ངས༔ སྣ་ཚོགས་ཐབས་ཀྱིས་འཁོན་གྲིབ་བྱང་ཡང་སྲིད༔ མི་མེད་དབེན་པར་སྒྲུབ་ཚུགས་འཛིན་པ་དང༔ དམན་པའི་བརྟུལ་ཞུགས་དང་དུ་བླངས་ནུས་ན༔ གང་འབྲེལ་བདེ་ཆེན་ཞིང་དུ་འདྲེན་ནུས་ཀྱང༔ རྣམ་གཡེང་འཁྲུལ་བ་ཆོས་མེད་དབང་སོང་ན༔ མ་ངེས་འགྲོ་ལ་ཕན་གནོད་ཚོན་རིས་བཀྲ༔ འོན་ཀྱང་ད་ལྟ་སྨོན་ལམ་འབྲེལ་ཆེ་བས༔ པདྨ་ང་དང་ལྷ་སྲས་མུ་རུབ་བཙན༔ དབྱེར་མེད་ཡེ་ཤེས་སྐུ་ཡིས་རྗེས་བཟུང་ནས༔ ཟབ་གནད་དགོངས་པའི་གཏེར་ལ་དབང་ཡང་སྲིད༔ དེ་ཚེ་སྒྲུབ་པའི་དམ་ཚིག་མི་སྤང་གནད༔ ལྟ་བ་བློ་འདས་ཕྱོགས་ལྷུང་བྲལ་བར་ལྟོས༔ རྣམ་རྟོག་གང་ཤར་ཆུ་ཡི་རི་མོ་བཞིན༔ བདེན་མེད་སྒྱུ་མའི་རྫུན་རིས་དབྱིངས་སུ་སྤོར༔ གང་ཤར་རྨི་ལམ་སྒྱུ་མའི་ལམ་དུ་ཁྱེར༔ དུས་དྲུག་པདྨ་ང་ལ་གསོལ་བ་ཐོབ༔ ཡི་དམ་ལྷག་ལྷ་རྗེ་བཙུན་མ་རུ་གྱིས༔ སྨོན་འཇུག་བྱང་ཆུབ་སེམས་ལ་གཞི་བརྟེན་པར༔ གཉེན་དང་གྲོགས་པོར་དམ་ཅན་རྒྱ་མཚོ་ཚོལ༔ སོ་དྲུག་གེགས་ལ་གློ་བུར་འཚུབ་ན་ཡང༔ སྔོན་བརྟེན་བསྲུང་མ་འགའ་ཡིས་སེལ་ཀྱང་སྲིད༔ བཅུ་ཕྲག་བཞི་ཡི་དགུ་མཚམས་ངེས་པར་རྩུབ༔ བཀའ་བརྒྱད་རྣམ་གསུམ་སྐུ་དང་གསུང་རྟེན་བཞེངས༔ ལྷག་པའི་ལྷ་མཆོག་རྗེ་བཙུན་འཕགས་མ་ལ༔ བསྙེན་སྒྲུབ་གསོལ་འདེབས་ཆུ་བོའི་གཞུང་བཞིན་སྐྱོལ༔ དམ་སྐོང་ཡི་གེ་བརྒྱ་པ་འབུམ་ཕྲག་དང༔ གསོད་ངེས་སེམས་ཅན་སྲོག་བསླུ་ཉེའུ་འདོན༔ ཤ་ཁྲག་གཟན་བོར་མཆོད་སྦྱིན་ཆགས་མེད་མཛོད༔ སྤྱོད་པ་གཏད་མེད་དམན་པ་བཅོས་མེད་ཚུལ༔ གོ་ས་མཐོན་པོར་ཆེ་ཚུགས་མ་འགྱིང་བར༔ རྗེ་འབངས་སྤྲུལ་པ་འགའ་ལ་མོས་གུས་གྱིས༔ ཡི་དམ་རྡོ་རྗེ་ཕུར་པའི་ཉམས་ལེན་དང༔ རིས་མེད་བཀའ་གཏེར་ཆོས་ལ་འཆད་ཉན་མཛོད༔ མཁན་སློབ་ཆོས་གསུམ་སྙིང་གི་དཀྱིལ་དུ་སྒོམས༔ རང་གཞན་དགེ་སྦྱོར་མ་ཎིའི་དགེ་བསྐུལ་དང༔ ཁམས་ཀྱི་གནས་ཆེན་འགའ་ལ་ཕྱག་སྐོར་དང༔ རྩ་གསུམ་ཚོགས་བསྐང་དེར་གནས་སྐྱེ་འགྲོ་ལ༔ སྒོ་གསུམ་དགེ་བའི་བསྐུལ་མ་ཡང་ཡང་མཛོད༔ ང་བཞིའི་འཕྲང་ལ་ཀླུ་གོང་སྤྲུལ་པས་འཚེ༔ སྒྲོལ་མའི་སྐུ་སྟོང་གསོལ་འདེབས་འབུམ་ཕྲག་གལ༔ ལོག་ལྟ་ཅན་གྱི་དམ་གྲིབ་མ་ཕོག་ན༔ ཚེ་ལོ་དྲུག་ཅུའི་བར་དུ་འཚོ་ཡང་སྲིད༔ འདི་ནས་སྐྱེ་བ་བདུན་ནམ་བཅུ་དྲུག་ན༔ རྔ་ཡབ་དཔལ་རི་སྤྲུལ་པའི་གྲོང་ཁྱེར་དུ༔ ཕ་བུ་འཕྲད་པའི་རྡོ་རྗེའི་གླུ་གར་དང༔ ཡང་སྲིད་རིག་འཛིན་བར་མ་ཆད་པར་འབྱུང༔ ཞེས་གསུངས་སོ།།

རྒྱ་སྤྲུལ་མིང་པ་རང་ཉིད་ལ་བརྟག་པ་བགྱིས་ནས་བྲིས་པའི་བརྡ་ལུང་།

༄༅། རྒྱ་སྤྲུལ་མིང་པ་རང་ཉིད་ལ་བརྟག་པ་བགྱིས་ནས་བྲིས་པའི་བརྡ་ལུང་བཞུགས། ཨེ་མ་ཧོ། རྩ་གསུམ་ཡོངས་རྫོགས་པདྨ་ཐོད་ཕྲེང་རྩལ། །འགྲོ་རྣམས་འཁོར་མཚོ་ལས་སྒྲོལ་རྗེ་བཙུན་མའི། །བྱིན་རླབས་སྙིང་གི་པདྨོ་ལ་ཞུགས་ཀྱང་། །ལས་ཉོན་བག་ཆགས་བྱང་ཆུབ་སྙིང་པོའི་བར། །དངོས་དང་གཟུགས་བརྙན་མྱོང་དང་མྱོང་ཚུལ་སྟོན། །དཀར་ནག་རྒྱུ་འབྲས་བདེ་སྡུག་བསླུ་བ་མེད། །རྫོགས་སངས་རྒྱས་ཀྱི་ཕྱག་གིས་མི་ཁེག་ཅིང་། །རང་གི་ལས་དེ་གཞན་གྱིས་མི་མྱོང་ཞེས། །བསླུ་མེད་རྡོ་རྗེའི་ཚིག་གིས་གསུངས་པ་བཞིན། །ལས་ངན་བག་ཆགས་ལུས་ངན་གཟུགས་ཕུང་ལ། །སྨིན་ཏེ་ཟློག་པར་དཀའ་བ་མངོན་སུམ་ཡང་། །ལྷ་དང་བླ་མའི་ལུང་བྱང་ལ་བརྟེན་ནས། །རིམ་གྲོས་བཟློག་པའི་བར་ཆད་འགའ་ཡང་སྣང་། །གཉིས་ནག་མཆེ་བ་ཅན་གྱི་མཇུག་མ་ལ། །སྦྲུལ་ནག་འཁྱིལ་འདྲའི་མི་སྡུག་གཟུགས་སྟོན་པ། །སྒྲིབ་སྦྱང་རིམ་གྲོ་མ་རཱི་ཙྱཻས་ཟིན་ན། །འཚེ་མེད་བདེ་བའི་གོ་སྐབས་འཆར་ཡང་སྲིད། །རྣ་བ་མཛེས་པའི་སྲོག་ཆགས་ལུས་ཆུང་ཡང་། །བདེ་སྡུག་སྣ་ཚོགས་རི་མོའི་ཚོན་ཁྲ་སྡེབ། །མི་མཐུན་བཟློག་བྱེད་གུ་རུ་པདྨ་ཡི། །གསོལ་འདེབས་བར་ཆད་ལམ་སེལ་ཁྲི་ཚོ་དང་། །དེ་ཡི་རྣམ་ཐར་རི་མོ་རྒྱས་བསྡུས་ཀྱི། །མོས་གུས་རྟེན་དུ་བཟུང་ན་ཅུང་ཞིག་དགེ། །འཁྱོགས་འགྲོས་མཁའ་ལ་ལྡིར་བའི་སྒྲ་ངོམ་ཚེ། །གནམ་ནས་འོང་བའི་གནོད་པ་འབྱུང་ཡང་སྲིད། །འཕགས་མ་སྒྲོལ་མའི་སྐུ་སྤར་ཁྲི་ཕྲག་དང་། །དེ་ཡི་ཕྱག་འཚལ་ཉེར་གཅིག་འབུམ་ཕྲག་གལ། །གཞན་ཡང་ནུས་ལྡན་སྔགས་པས་ཡི་དམ་གྱི། །བཟློག་བསྒྱུར་དེ་བཞིན་ཁྲིམས་ལྡན་བཙུན་པ་ཡིས། །གདུགས་ཤེར་བཟློག་པ་རྟེན་འབྲེལ་ཟབ་མོས་སེལ། །མིང་དོན་རྩུབ་པའི་ལྕེ་གཉིས་བརྐྱང་བའི་ཚེ། །རྣལ་འབྱོར་སྲོག་ལ་ངེས་པར་ཧུར་ཐུམ་འོང་། །བཟློག་ཐབས་རིམ་གྲོ་སྲིད་མཐའ་ཙམ་ཡིན་ཡང་། །རྩ་གསུམ་ཚོགས་སྟོང་འཆི་མེད་མགོན་པོ་ཡི། །སྐུ་རྟེན་བཞེངས་དང་དེ་ཡི་བསྙེན་སྒྲུབ་འབད། །གེགས་ཆེན་མིའམ་ནོར་ཕྱུགས་ལ་བབས་ན། །རེ་ཞིག་འཚོ་བའི་རྟེན་འབྲེལ་ཡོད་ཀྱང་སྲིད། །གལ་ཏེ་ལེགས་པའི་ལྟས་བཟང་བྱུང་བ་ན། །ཅང་ཤེས་སྤང་ལ་བརྩེ་བའི་ཉམས་དགའ་བར། །རྒྱལ་བའི་གསུང་རབ་རྒྱས་བསྡུས་འབྲི་ཀློག་དང་། །དམ་སྐོང་ལ་བརྟེན་རྡོ་རྗེ་སེམས་དཔའ་ཡི། །ཡི་གེ་བརྒྱ་བ་བྱེ་བ་གཅིག་གྲུབ་ནས། །ཅི་ཡོད་མཆོད་སྦྱིན་སྤོང་དག་བྱེད་ནུས་ན། །གཡང་དཀར་ཅན་དང་གར་མཁན་སོགས་ལ་བདེ། །འདབ་ཆགས་མཁའ་ལ་ལྡིང་ཚེ་སྲིད་པ་འདིར། །འཚོ་བའི་ཚེ་དང་བསོད་ནམས་སྙན་གྲགས་སོགས། །གོས་ཟད་དུག་པོ་གསར་བར་མི་རུང་བཞིན། །བྱ་ཐབས་བྲལ་བར་མཁའ་འགྲོའི་ལུང་ལས་བྱུང་།། ཅེས་པ་འདི་ཡང་སློབ་བུ་གཞན་ཕན་བཟང་པོས་དྲིས་པའི་ལན་དུ། རང་ཉིད་ལ་བརྟག་པ་བགྱིས་ནས་བྲིས་པ་ཛ་ཡནྟུ།

ཆོས་ཀྱི་བདག་པོ་ས་ར་ཧི་ཏའི་སྐྱེ་ཕྲེང་དང་གཏེར་གྱི་ཁ་བྱང་ལས་བྱུང་བའི་ལུང་བསྟན་རྣམས་ཕྱོགས་གཅིག་ཏུ་བཀོད་པ་རིག་འཛིན་བླ་མའི་ཞལ་ལུང་།

ཆོས་ཀྱི་བདག་པོ་ས་ར་ཧི་ཏའི་སྐྱེ་ཕྲེང་དང་གཏེར་གྱི་ཁ་བྱང་ལས་བྱུང་བའི་ལུང་བསྟན་རྣམས་ཕྱོགས་གཅིག་ཏུ་བཀོད་པ་རིག་འཛིན་བླ་མའི་ཞལ་ལུང་བཞུགས།

ཡེ་སྟོང་ཆོས་སྐུ་བརྗོད་མེད་འཁོར་འདས་གཞིཿ ལྷུན་གྲུབ་རང་གདངས་འཁོར་འདས་སོ་སོར་གྱེསཿ རྟེན་འབྲེལ་སྒྱུ་མའི་རོལ་བ་སུ་ཡིས་འགོགཿ དེ་ཕྱིར་རིག་རྩལ་བརྡ་ལས་འདི་བཞིན་སྣངཿ རྨད་བྱུང་པདྨ་ལས་འཁྲུངས་རྡོ་རྗེའི་སྐུཿ ཚེ་རབས་ཀུན་ཏུ་ཐུགས་རྗེས་ལེགས་བསྐྱངས་ནསཿ ཡང་ཟབ་གདམས་པས་བདག་རྒྱུད་སྨིན་གྲོལ་མཛདཿ ཨོ་རྒྱན་ཐོད་ཕྲེང་རྩལ་དེས་དགེ་ལེགས་སྩོལཿ ཀྱཻ་ཧོ་སྐལ་ལྡན་ཆོས་ཀྱི་བདག་པོ་གསོནཿ ཁྱོད་སྔོན་ཚོགས་གཉིས་བསགས་འབྲས་དུས་སྨིན་པཿ ཐུབ་དབང་སྟོན་པ་མྱ་ངན་འདའ་བཞེད་ཚེཿ བཞུགས་པར་གསོལ་འདེབས་དགེ་བསྙེན་ཙུནྡྷའི་མཚནཿ དེ་འོག་པདྨ་རྒྱལ་པོའི་གཟུངས་མ་མཆོགཿ མཚོ་རྒྱལ་ཐུགས་ཟིན་ཨ་ཙར་དཔལ་དབྱངས་གྲགསཿ དེ་འོག་ལྷོ་བྲག་གཏམས་ཤུལ་ཞེས་བྱ་བརཿ མངའ་བདག་ཐུགས་སྲས་ནམ་མཁའ་ནམ་མཁའ་དཔལ་དེ་ཡིཿ ཞབས་འབྲིང་སྔགས་ཀྱི་རྣལ་འབྱོར་བསྟན་འཛིན་མིངཿ དེ་འཕོས་ལྷོ་ནུབ་ལ་ཡག་ཞེས་པའི་སརཿ ཆོས་དབང་དང་འབྲེལ་ན་རཱི་ཛྙཱ་ན་ཞེསཿ དེ་འོག་སྐྱེ་མང་བརྒྱུད་མཐར་འཇའ་ཚོན་པའིཿ ཞབས་ཏོག་ཕུལ་ཕྱིན་པདྨ་བསྟན་འཛིན་མཚནཿ དེ་འོག་སྤྲུལ་སྐུ་ངེས་དོན་བསྟན་འཛིན་པའིཿ དངོས་སློབ་དམ་པ་ལྕམ་བླ་ཀློང་ཡངས་པཿ དོན་དུ་གྲུབ་དབང་དཀོན་མཆོག་ཆོ་རིགས་གཅིགཿ ད་ལྟ་ཁོ་བོའི་མཚོ་རྒྱལ་གསང་མཛོད་ཀྱིཿ ཟབ་ཆོས་ལུང་ཟིན་དཔལ་ལམ་ཕན་པའི་མིངཿ འདི་ཡི་དབང་ལུང་འདྲི་ཀློག་བསྙེན་ཚད་སོགསཿ ཐེ་ཚོམ་གེགས་མ་ཞུགས་པར་ལེགས་སྒྲུབ་དངཿ རྩ་བདུན་གེགས་སེལ་དགེ་ལེགས་ཡར་འཕེལ་འགྱུརཿ འདི་འོག་རི་བོ་དགའ་ལྡན་ཆོས་གྲྭ་རུཿ བློ་བཟང་མཁས་མཆོག་ཀུན་གྱིས་བཀུར་བའི་འོསཿ དེ་ནས་བདུན་ནམ་དགུ་ཡི་སྐྱེ་བའི་མཐརཿ པདྨའི་ཟབ་གཏེར་མཛོད་འཛིན་དཔལ་རི་སོགསཿ དག་པའི་ཞིང་ཉུལ་འགྲོ་དོན་ཕ་མཐའ་ཡསཿ བསླུ་མེད་རྡོ་རྗེའི་ཚིག་གི་ལུང་གསལ་འདིཿ འཛམ་གླིང་དཔའ་བོ་རྡོ་རྗེ་ལེགས་པས་སྲུངསཿ

ཧོར་བླ་གཞན་ཕན་བཟང་པོའི་སྐུ་ཚེའི་ལུང་བྱང་།

ཧོར་བླ་གཞན་ཕན་བཟང་པོའི་སྐུ་ཚེའི་ལུང་བྱང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། གཞན་ངོར་མ་ངེས་བླ་དཔོན་མི་ཆེན་དངཿ བུད་མེད་གཞོན་རྒན་མཐོ་དམན་སྣ་ཚོགས་སྣངཿ ཁྱད་པར་ད་ལྟའི་ཨ་ཙར་ཤྲཱི་བྷ་ཏྲཿ ཉེར་གཅིག་སྐྱེ་བའི་མཐའ་མ་མདོ་སྨད་དུཿ ཕ་མ་མི་རབས་ཆོ་རིགས་བཙུན་པའི་བུཿ མཁའ་ལྡིང་གར་མཁན་རྩུབ་དྲག་ལོ་ཡི་མཇུགཿ ཡར་ཚེས་དགེ་བར་མཁའ་སྤྲིན་འཇའ་དཀྱུས་ལྟསཿ ལེགས་པའི་རྟགས་བཟང་ཆོས་ཀྱི་སྣང་བར་བཅསཿ སྲིད་པའི་མྱུ་གུ་དགེ་བའི་བག་ཆགས་སདཿ བགྲང་བྱ་བཅུ་ཕྲག་གཅིག་རྫོགས་དེ་ཡི་སྐབསཿ བདུད་མོས་རྐྱེན་བྱས་ཟས་གྲིབ་འབྱུང་འཁྲུགས་ཚེཿ ད་ལྟའི་ལས་འཕྲོ་སྔགས་འཆང་གནུབ་ཀྱི་རིགསཿ དྲག་པོའི་བརྟུལ་ཞུགས་སངས་རྒྱས་ཡེ་ཤེས་ཀྱིཿ སྒྱུ་འཕྲུལ་བསྲུང་མས་བསྐུལ་བྱང་བར་ཆད་སེལཿ ལྔ་གསུམ་རྫོགས་འཕྲལ་སྔོན་སྨོན་མཚོ་རྒྱལ་གྱིཿ བག་ཆགས་བརྡ་རིས་ཤར་ཡང་གྲིབ་ཀྱིས་སྒྲིབཿ ལྷག་ལྷ་བཛྲ་པ་ཎིས་བདུད་སྡེ་བཏུལཿ བཻ་རོས་དབུགས་དབྱུང་དམ་པའི་བཀའ་རྟགས་འཆངཿ བདུན་བཞིར་ལོག་སྨོན་སྦྲུལ་གདུག་འཚེ་སྲིད་ནཿ ཨོ་རྒྱན་མཁན་པོའི་སྣང་བརྙན་བཞེངས་པ་དངཿ གསུང་གི་བདག་ཉིད་དུས་དགྲའི་བསྙེན་པས་ཟློགཿ སོ་བདུན་གར་མཁན་སྒྱུ་མས་བསླུ་བ་ཡོངཿ ཧཱུྃ་ནག་སྒྲུབ་པའི་མན་ངག་སྙིང་ལ་བརྣགཿ དེ་ཕན་ཟབ་ཆོས་ཉམས་ལེན་གོང་འཕེལ་ཞིངཿ འབའ་སྒྲ་ལྡིར་བའི་གཡང་མོའི་བལ་དཀར་འཇམཿ ལྷ་སྲས་གཞོན་ནུའི་བདུད་རྩི་བགོ་སྐལ་ལོངསཿ བརྩོན་འགྲུས་མ་ཞན་སྙིང་ཐིག་རྒྱུད་ཟིན་ནཿ གྲུབ་པའི་རྟགས་ཀྱིས་བདུད་ལས་རྒྱལ་ཡང་སྲིདཿ དེ་ཚེ་སྔོན་གྱི་ལས་འཕྲོ་སྟོབས་ཆེ་བསཿ འགྲོ་མང་མཚོ་ལ་ངང་པ་ལྟར་འདུ་ཡངཿ ལོག་རྟོག་དཔུང་ལ་བཟོད་པའི་གོ་ཆ་གྱོནཿ ལྔ་རིག་སྨྲ་བའི་དམ་པའི་སྐྱེས་བུ་བརྟེནཿ སྒྲ་སོགས་བཅུ་ཕྲག་རིག་པའི་སྒོ་འཕར་ཕྱེཿ ངག་གི་ལྷ་མོ་ངག་གི་དཔལ་དུ་ཁུགཿ མེ་བཞིན་གདུག་པའི་ཡུལ་ལས་རིང་དུ་སོངསཿ གྲུབ་བརྒྱའི་ཕ་ཁྱིམ་བསམ་གཏན་ཁང་བུ་ཟུངསཿ སྐྱབས་ཀུན་བདག་ཉིད་པདྨ་ང་ཉིད་སྒོམསཿ ནོར་གྱི་སྙིང་པོ་འཕགས་ནོར་བསྙེན་སྒྲུབ་སོགཿ རང་དོན་མ་ཞེན་གཞན་ཕན་དང་དུ་ལོངསཿ དུས་རྒྱུན་ཚེས་བཅུ་ཉེར་ལྔར་ཚོགས་མཆོད་འབུངསཿ ཚུལ་འཆོས་བྲལ་བའི་ཤུགས་བྱུང་སྤྱོད་པ་སྐྱོངསཿ བསྲུང་མ་གསོལ་མཆོད་བསང་གསུར་མཎྜལ་སོགསཿ མཆོད་དང་སྦྱིན་ལ་རྒྱུན་དུ་འབད་པ་ཐོནཿ དེ་ཚེ་པདྨ་ང་དང་མཚོ་རྒྱལ་ཡུམཿ དངོས་ཉམས་རྨི་ལམ་དག་ཏུ་ངེས་པར་མཇལཿ ས་མ་ཡཱཿ

ཧོར་བླ་གཞན་ཕན་བཟང་པོ་ལ་བརྟགས་ལུང་གནང་བ།

༄༅། ཧོར་བླ་གཞན་ཕན་བཟང་པོ་ལ་བརྟགས་ལུང་གནང་བ་བཞུགས། སྐུ་གསུམ་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པ། །སྐྱེ་རྒུ་ཡོངས་ཀྱི་སྐྱབས་གཅིག་འགྲོ་བའི་མགོན། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྫོགས་ཆེན་པ། །མི་འབྲལ་སྙིང་གི་པདྨོར་རྟག་ཏུ་མཆོད། །དོན་དམ་དབྱིངས་སུ་འཁོར་འདས་རོ་མཉམ་ཀྱང། །ཀུན་རྫོབ་སྣང་ཆར་བཟང་ངན་རྟེན་འབྲེལ་གཟུགས། །སོ་སོ་མ་ཡིན་ཐ་མི་དད་པའི་གཤིས། །མ་བཅོས་ལུང་ཚིག་ཕྲེང་བ་འདི་རུ་སྤེལ། །བཅོས་མིན་དད་པས་གསོན་དང་སྐལ་ལྡན་ཀྱེ། །བདག་འདྲ་སོ་སྐྱེས་འཆིང་བ་དམ་ལྡན་ལ། །དུས་གསུམ་མཁྱེན་པའི་མངོན་ཤེས་ཡོད་མི་སྲིད། །འོན་ཀྱང་ཨོ་རྒྱན་རྗེ་དང་འཕགས་མ་སོགས། །ལྷ་དང་བླ་མར་གསོལ་བ་བཏབ་འབྲས་ལས། །ཐོལ་བྱུང་ཉམས་ཀྱི་སྣང་བར་གང་ཤར་བ། །ཐོགས་མེད་བླ་བརྡོལ་ཚུལ་དུ་འདི་རུ་སྨྲ། །སྐྱེ་མང་མཆོག་གསུམ་བླ་མས་རྗེས་བཟུང་མཐུས། །དལ་བའི་རྟེན་བཟང་དགེ་བཅུའི་ལོ་འབྲས་སྨིན། །རྣམ་དག་ཁྲིམས་ཀྱི་གཞི་ལ་གནས་བཅས་ནས། །ལྷག་པའི་ལྷ་མཆོག་རྗེ་བཙུན་འཕགས་མ་དང་། །འཇིག་རྟེན་དབང་ཕྱུག་ཡབ་ཡུམ་བསྙེན་པའི་གྲངས། །རང་མོས་གང་ཡོད་དུང་ཕྱུར་སྒྲུབ་པའི་གནས། །བྲག་དམར་རྒོད་པོ་རྫོང་དང་ཉེ་བའི་ཞོལ། །ཟླ་གམ་ཁ་སྦྱོར་དབང་གི་ཡི་གེ་བཀྲ། །ཤར་གྱི་ཕྱོགས་སུ་བལྟ་བའི་ཕུག་པ་རུ། །གཉིས་མིན་གཅིག་པུར་སྒྲུབ་པའི་དམ་བཅའ་ཡི། །འགོག་མིན་རི་མོ་ཙིཏྟར་རྒྱས་ཐོབ་དང། །རང་གཞན་དོན་གཉིས་དཔལ་ལ་སྤྱོད་པ་ཡོངས། །དེ་ལྟ་ནའང་འདོད་པའི་དབང་ཕྱུག་ནི། །གཉེན་དང་ཉེ་བ་སྙིང་བརྩེའི་གྲོགས་པོ་སོགས། །ཐོགས་བཅས་བདུད་དང་ཉོན་མོངས་དུག་ལྔ་ཡི། །བསླུ་བྱེད་བདུད་ནི་རྫོགས་སངས་རྒྱས་ཀྱི་བར། །ཅི་ཡང་བརྫུ་ལ་རྟག་ཏུ་དོགས་ཟོན་དགོས། །ཉེར་བདུན་བགྲང་བྱར་ཡུལ་ལྔའི་བདུད་ཅིག་ལྡང་། །དེ་སེལ་བྱེད་པོ་ཨོ་རྒྱན་ཆེན་པོ་ལ། །གསོལ་འདེབས་བསམ་པ་ལྷུན་གྲུབ་འབུམ་ཕྲག་དང་། །ཁྱད་པར་དབེན་པའི་གནས་སུ་རང་ཉིད་ཀྱི། །སྣ་ཐག་གཞན་ལ་མ་ཤོར་སྒྲུབ་གལ་ཆེ། །སོ་བདུན་རྒྱལ་བསེན་ཡུལ་འདྲེའི་འཚེ་བ་འོང་། །ཡང་ཟབ་ཕུར་བའི་སྒྲུབ་པ་ཚད་ལྡན་དང་། །ཨོ་རྒྱན་ཆེན་པོའི་སྐུ་སྤར་འབུམ་ཕྲག་གྲངས། །ཚེ་ཐར་སྲོག་བསླུ་རྒྱལ་གདོན་འབྱུང་པོ་ལ། །བརྔན་སྦྱིན་ཆོ་ག་རིམ་གྲོས་ངེས་པར་སེལ། །རྩ་བའི་བསྲུང་མ་དཔལ་ལྡན་དུད་སོལ་མ། །དམ་ཅན་སྐྱེས་བུའི་གསོལ་མཆོད་གཡེལ་མེད་ཀྱིས། །འདོད་དགུའི་རེ་བ་མི་མངོན་དབྱིངས་ནས་སྒྲུབ། །ཚེ་ཡི་ཚད་ནི་འཕེལ་འགྲིབ་ཆེར་འོང་བས། །འདི་ཞེས་གཅིག་ཏུ་ཁ་ཚོན་གཅོད་དཀའ་ཡང་། །ལོ་ལྟར་སྲོག་བསླུ་བཅུའམ་བདུན་གྱི་གྲངས། །ཆད་མེད་རྒྱུན་དུ་བསང་གསུར་ཆུ་སྦྱིན་དང་། །དཀར་ནག་ཁྲ་གསུམ་འབར་མའི་གླུད་ལ་འབུངས། །ཡར་མར་ཚེས་བཅུར་དཔའ་བོ་མཁའ་འགྲོ་ལ། །ཅི་ཡོད་འབྱོར་བས་ཚོགས་དང་བསྐངས་བ་རེམ། །ཁྱད་པར་ལུས་ཀྱི་མཆོད་སྦྱིན་གནད་དུ་སྣུན། །དེ་ལྟར་རིམ་གྲོའི་དཔུང་ཚོགས་ཤུགས་ཆེ་ན། །བཅུ་ཕྲག་ལྔ་དང་ཟུང་དུ་འཚོ་ཡང་སྲིད། །སྤྲེའུས་བདེ་སྡུག་ཆོ་ལོ་སྣ་ཚོགས་རྩེ། །མཁའ་ལྡིང་སྒྱུ་མའི་རང་མཚང་འགའ་ཡང་སྟོན། །ནོར་སྐྱོང་དུག་གི་མཆེ་བས་རྐང་ལ་གཟན། །འཁོར་ལོའི་སྣ་ཅན་འགའ་ཡིས་གུས་ཚུལ་སྟོན། །བྱི་བས་བསོགས་པའི་ཟས་ལ་ཐོབ་ཤ་བྱེད། །གླང་རྒོད་དམར་པོས་རྭ་རྩེ་རང་ལ་སྟོན། །སྟག་ཞོན་དཔའ་བོས་མི་མཐུན་ཡུལ་འགའ་འཇོམས། །སྔར་བརྟེན་རང་གི་བླ་མ་སྙིང་ལ་ཆོངས། །ཧཱུྃ་ནག་མེ་འབར་བྲིས་སྐུ་ལུས་དྲོད་དང་། །འབྲལ་མེད་དེ་བཞིན་གསོལ་འདེབས་བླ་སྒྲུབ་འབོད། །ཚེ་དང་སྒྲུབ་པའི་དམ་བཅའ་བྱེད་ནུས་ན། །ལུས་སེམས་བྲལ་ཚེ་པདྨ་འོད་དུ་འགྲོ། །རྒྱལ་དང་རྒྱལ་བའི་སྲས་ཀྱི་ཐུ་བོར་འགྱུར། །བྱིང་འཐིབ་དྲན་པ་མི་གསལ་རྐྱེན་འགའ་འབྱུང་། །གསལ་བའི་སྒྲོན་མེ་ཤེས་རབ་ལྷ་མོ་བརྟེན། །རེ་འགའ་རི་ལ་སྡོད་པའི་སྐབས་འགའ་རུ། །ཉམས་དང་རྨི་ལམ་སྔར་མེད་འགའ་ཡང་གསལ། །རང་མཐོང་དྲེག་པའི་ང་རྒྱལ་ཁོང་ནས་སོད། །དམན་ཚུལ་དམ་པའི་ཕྱག་སྲོལ་འཆུག་མེད་རེམ། །དོན་གཉིས་ལྷུན་གྱིས་གྲུབ་པའི་ལྟས་བཟང་ཤར། །མོས་གུས་ཅན་གྱི་ས་ར་ཧི་ཏ་ལ། །དགེ་སྦྱོང་རྒན་པོས་གང་ཤར་ཐོལ་བྱུང་སྨྲས། །ཚིག་འདིས་བསླུ་སྙམ་ཐེ་ཚོམ་ཅུང་ཟད་མེད། །མཆོག་གསུམ་ཐུགས་རྗེས་གེགས་ཞི་དོན་གྲུབ་ཤོག །

གཞན་ཕན་བཟང་པོ་ལ་བརྟགས་ལུང་གནང་བ་རིག་རྩལ་ཌཀྐིའི་བརྡ་གླུ།

༄༅། ཆོས་ཀྱི་བདག་པོ་ཧོར་བླ་མ་གཞན་ཕན་བཟང་པོ་ལ་བརྟགས་ལུང་གནང་བ་རིག་རྩལ་ཌཀྐིའི་བརྡ་གླུ་བཞུགས། རྨད་བྱུང་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །རིགས་བརྒྱའི་ཁྱབ་བདག་རྒྱལ་དབང་པདྨ་འབྱུང་། །དབྱེར་མེད་གྲུབ་པའི་དབང་ཕྱུག་བྱང་ཆུབ་གླིང་། །མི་འབྲལ་སྙིང་གི་པདྨོར་གུས་མཆོད་ནས། །དད་དང་དམ་ཚིག་ནོར་བུའི་བང་མཛོད་ལ། །ལོག་སྨོན་བདུད་ཀྱི་རྐུན་པོ་མ་ཞུགས་ཤིང་། །རྣམ་གྲོལ་ཤེས་རབ་མཆོག་གིས་དབང་འབྱོར་བའི། །སྐལ་བཟང་རིག་པའི་མྱུ་གུས་དྲིས་ལན་དུ། །ཚེ་རབས་སྔོན་ནས་འབྲེལ་བའི་ལྷག་པའི་ལྷ། །མཚོ་སྐྱེས་བླ་མ་འཇིགས་སྐྱོབས་རྒྱལ་བའི་ཡུམ། །དབང་ཆེན་དཔའ་བོའི་ཐུགས་རྗེའི་རྗེས་བཟུང་མཐུས། །ལྐོག་གྱུར་ཆོས་རྣམས་ཇི་བཞིན་ཤེས་མིན་ཀྱང་། །ཕྱོགས་ཙམ་མཐོང་བའི་གཏམ་འདི་བདེན་པར་གླེང་། །ཚེ་སྔོན་རྒྱལ་དབང་པདྨས་བྱིན་བརླབས་པའི། །རྣལ་འབྱོར་སྤྱོད་པ་ཡེ་ཤེས་ཌཀྐིའི་གྲོགས། །གང་གི་སྒྱུ་འཕྲུལ་ས་ར་ཧི་ཏ་ཞེས། །དག་སྣང་མཚོ་རྒྱལ་དགོངས་པའི་ཆོས་ཀྱི་བདག །མ་ཧཱ་གུ་རུས་ལུང་གིས་བསྔགས་པ་ཁྱོད། །དགེ་ལེགས་ཡོན་ཏན་དབྱར་གྱི་པདྨོ་འདྲ། །འོན་ཏང་སྙིགས་དུས་བར་ཆད་སད་སེར་བཙའ། །མི་འབྱུང་ངེས་མེད་སྐྱོབས་བྱེད་རིམ་གྲོར་འབུངས། །ཁྱད་པར་ནོར་ལ་གནག་པ་བྱི་བའི་ལོར། །རང་གཞན་འདྲེས་མས་ཟས་ནོར་ཐོབ་ཤ་བྱེད། །དེ་བཟློག་རིམ་གྲོར་ཉ་གྲོག་སྦྱིན་གཏོང་དང་། །བྱ་བྱིའུ་ཡི་དྭགས་འབྱུང་གཏོར་ཆ་གསུམ་གཏོང་། །སྐྱབས་འགྲོ་འབུམ་དང་མར་མེ་ཁྲི་མཆོད་དང་། །མཎྜལ་འབུམ་དང་རྩ་གསུམ་ཚོགས་སྟོང་དང་། །དགེ་འདུན་སྡེ་ལ་རྒྱལ་བཀའ་གསུང་སྒྲོགས་ཕྱིར། །མང་ཇ་ཡོན་འབུལ་གདུགས་ཤེར་བཟློག་པས་སེལ། །རབ་རྔམ་གཤིན་རྗེ་ཆིབས་ཀྱི་གླང་པོ་ཁྲོས། །ཆེ་ཕྲ་མ་ངེས་རྭ་རྩེས་མཚོན་དབལ་སྟོན། །སེལ་བྱེད་འཆི་བདག་ཟིལ་གནོན་ཁྲོ་རྒྱལ་གྱི། །སྒྲུབ་པ་གནད་སྨིན་འཆི་བསླུའི་ལས་མཐའ་ཟབ། །རྡོ་རྗེ་ཕུར་བ་ལྷག་པའི་ལྷ་རུ་ཟུངས། །དབང་ཞུ་བསྙེན་བསྒྲུབ་ལྟོས་བཅས་གེགས་འཕྲེང་སྒྲོལ། །དམར་པོ་རི་བཀྲ་ཞོན་པའི་ཁྲོ་རྒྱལ་གྱིས། །དབང་སྡུད་དབང་གི་ཕྱག་ཆ་ལག་ཏུ་སྟེར། །ཆུ་ཤེལ་ནོར་བུར་འཁྱུད་པའི་རི་དྭགས་ཀྱི། །དགེ་བའི་ཞལ་གྱི་འཛུམ་མདངས་སྟོན་པ་ལ། །གཡོ་ཅན་སྲིན་པོས་ཕྲ་མ་འགྱེད་སྲིད་ན། །དཔལ་ཆེན་བཛྲ་དཔའ་བོ་ཀུ་མ་ར། །རྩེ་གཅིག་སྒྲུབ་པའི་བསྲེག་མནན་འཕང་བས་སེལ། །སྒྲ་བརྒྱ་མཁའ་ནས་སྒྲོགས་པའི་འཁྱོག་འགྲོས་ཅན། །དགའ་བའི་གར་གྱིས་སྙན་པའི་གློག་འཁྱུག་ཀྱང་། །སྙེམས་མེད་རི་སུལ་སྤྲིན་སྦུབས་གབ་མཁས་ན། །ནོར་བུའི་ཕྱྭ་གཡང་སུས་ཀྱང་འགོག་ཏུ་མེད། །སྦྲུལ་གདུག་ལྟ་བུའི་བདུད་སྤྲུལ་འགས་སྨོད་ཀྱང་། །རིམ་གཉིས་བསླབ་གསུམ་དྲི་དང་མ་བྲལ་ན། །སྐལ་བ་ལྡན་པའི་གང་ཟག་མང་པོ་ཞིག །དགེ་བཅུའི་ལམ་གྱི་ཡང་དག་སར་འཁོད་སྲིད། །རྟ་མཆོག་འཚེར་དབྱངས་ཕྱོགས་འགར་བསྒྲགས་པའི་ཚེ། །གསར་རྙིང་གདམས་པའི་བདུད་རྩིའི་བགོ་སྐལ་ལ། །རང་གཞན་ཕལ་ཆེར་དགའ་བས་སྤྱོད་པ་མཐོང་། །འབའ་སྒྲ་ལྡིར་བའི་རྒྱལ་བསེན་ང་རོའི་སྒྲ། །སྙིང་ལ་གཟན་ཡང་བཟློག་བྱེད་རིམ་གྲོ་ནི། །སྐུ་ཡི་རྟེན་དུ་པད་འབྱུང་རྣམ་ཐར་བྲིས། །གསུང་གི་སྙིང་པོ་སིདྡྷི་བྱེ་བ་ཟློས། །ཐུགས་ཀྱི་སྙིང་པོ་ཁྲེགས་ཆོད་ཐོད་རྒལ་སྦྱོང་། །ལྷག་པའི་ལྷ་དང་བསྲུང་མ་དུད་སོལ་མར། །བློ་གཏད་ཁེལ་བས་བསྙེན་སྒྲུབ་གསོལ་མཆོད་འབོད། །བྱང་ཆུབ་སེམས་ལྡན་སྤྲེའུས་གར་བྱེད་ཚེ། །བདེ་སྡུག་འདྲེས་མའི་འཁྲུལ་སྣང་གང་ཤར་ཀུན། །རོ་མཉམ་ལྟ་བའི་གདེངས་ཀྱིས་ཟིལ་མནན་ནས། །མི་མཐུན་གྲོགས་སུ་འགྱུར་བའི་ལྟས་བཟང་ཤར། །དེ་སྐད་ཟོལ་མེད་རིག་རྩལ་ཌཀྐིའི་གླུ། །མཁའ་དབྱིངས་སྟོང་པའི་ངོས་སུ་ཚོན་རིས་བཞིན། །རྒྱུ་ལས་མ་བྱུང་རྐྱེན་གྱིས་བསླད་མིན་ཀྱང་། །ཚུར་མཐོང་སྣང་ངོར་རྟེན་འབྲེལ་འགགས་མེད་པ། །ཀུན་རྒྱུ་དཱ་རི་ཏྲ་བ་ལུང་རིག་མིང་། །རྒན་པོ་བྱིས་པའི་ངང་ཚུལ་ཅན་དེས་སྨྲས།།

ཧོར་བླའི་སྐུ་རིམ་ལུང་བྱང་།

༈ ཧོར་བླའི་སྐུ་རིམ་ལུང་བྱང་། དྲེགས་ལྡན་རལ་བའི་ཅོད་པཎ་རྩེར། །ཞབས་ཀྱི་ཟླ་ཚེས་ནོར་བུའི་གཟི། །སྲིད་ན་མངོན་མཐོ་ཐོད་ཕྲེང་རྩལ། །ཁྱོད་ལས་གཞན་དུ་སྐྱབས་གཞན་གང་། །རིག་པ་འཛིན་པ་གཞན་ཕན་རྗེར། །དམ་སྲི་གཞན་གྱི་རྦོད་གཏོང་གནོད། །ཕུར་བ་གསར་རྙིང་ཟབ་རྒྱས་ཀྱིས། །སྲི་གནོན་གནད་དུ་སྨིན་པ་དང་། །འབུམ་ཚར་དག་འདོན་ཆུ་གཏོར་འབུམ། །འཁོར་འདས་མཆོད་པ་དང་འབྲེལ་བའི། །དུད་སོལ་བསྐང་བ་སྟོང་ཚར་གལ། །དེས་ནི་གེགས་ཞི་ལེགས་ཚོགས་འཕེལ། །

དབང་ཆེན་སྔགས་བདག་གླིང་པའི་སྐྱེ་ཕྲེང་དང་སྐུ་རིམ་ལུང་བསྟན་ཉུང་བསྡུས།

༄༅།། རིག་འཛིན་དབང་ཆེན་སྔགས་བདག་གླིང་པའི་སྐྱེ་ཕྲེང་དང་སྐུ་རིམ་ལུང་བསྟན་ཉུང་བསྡུས་བཞུགས།

ཨེ་མ་ཧོ༔ རིག་སྟོང་སྐྱེ་མེད་ཆོས་དབྱིངས་ནམ་མཁའ་ལ༔ རིག་རྩལ་འགགས་མེད་ལྷན་སྐྱེས་ཌཀྐི་མས༔ རིག་སྟོང་བརྗོད་བྲལ་བརྡ་རིས་གསལ་བའི་མདངས༔ རང་བྱུང་རིག་པའི་དབྱིངས་ལས་འདི་བཞིན་ནོ༔ སྐྱེ་སྔོན་ཚོགས་གཉིས་རྫོགས་པའི་རྣལ་འབྱོར་པ༔ གངས་ཅན་ལྷ་གཅིག་ཚངས་པའི་མེ་ཏོག་གི༔ བཀའ་ཁྲིམས་དྲང་པོར་བསྲང་བའི་ཆོས་ཀྱི་བློན༔ རྒྱལ་ཚ་ལྷས་གནང་བྱ་བ་ཞིག་ཀྱང་ཡིན༔ དེ་དུས་ཁྲག་འཐུང་གཙོ་བོར་གྱུར་པ་ཡི༔ ལྷ་ཁང་བཞེངས་དང་མངའ་རིས་པཎ་ཆེན་གྱི༔ ཉེ་གནས་དགེ་སློང་གྲགས་པར་གྱུར་པའི་ཚེ༔ ཁོང་གི་བཀའ་བཞིན་ཁྲག་འཐུང་ལྷ་དགུ་པོའི༔ སྐུ་རྟེན་བཞེངས་དང་བསྙེན་སྒྲུབ་བསྐྱལ་བའི་མཐུས༔ དེ་ཡི་བག་ཆགས་རྨི་ལམ་རྨིས་པ་མང༔ ད་ལྟ་ཡང་ནི་ཁྲག་འཐུང་ལྷ་དགུ་པོ༔ ཡི་དམ་ལྷག་པའི་ལྷ་རུ་འགྱུར་བ་མེད༔ སྲུང་མ་དྲེགས་པའི་སྡེ་དཔོན་སུམ་ཅུ་སྟེ༔ རེ་རེའི་མཐུ་རྩལ་ནུས་པ་བསམ་མི་ཁྱབཿ རྒྱས་བསྡུས་རྣལ་འབྱོར་རང་གི་བློ་དང་བསྟུན༔ པད་འབྱུང་རྣམ་ཐར་འདོན་ཚེ་རྨིས་པ་སོགས༔ གར་སྐྱེའི་ཚེ་རབས་ཀུན་གྱི་བླ་མ་ནི༔ གུ་རུ་པདྨ་ཡིན་པར་གདོན་མི་ཟ༔ སྐྱེ་བ་འགའ་ཞིག་གོང་དེར་སྨིན་གླིང་དུ༔ རྒྱལ་སྲས་ཨུཏྤ་ལ་ཡི་མཚན་ཅན་ཡིན༔ སྐབས་ཤིག་མི་འགྱུར་ཕན་བདེ་རྒྱ་མཚོ་ཡི༔ ཞབས་འབྲིང་སྔགས་པ་ཚད་ལྡན་ཞིག་ཀྱང་ཡིན༔ སྐྱེ་བ་འདི་གོང་རུ་དམ་དགོན་ཆེན་དུ༔ མགོན་བླ་འགྱུར་མེད་ཡང་དག་ཆོས་དང་མཐུན༔ ཚེ་འདིའི་ཡི་དམ་བཀའ་བརྒྱད་ལྷ་རུ་སོང་༔ སྲུང་མ་དྲེགས་པའི་སྡེ་དཔོན་སུམ་ཅུར་བཅོལ༔ ལྟ་བ་སྤྲོས་བྲལ་བློ་འདས་རྒྱལ་ས་རུ༔ སྒོམ་པ་སྒོམ་མེད་ཡེངས་མེད་སྲོག་མཁར་ཚུགས༔ སྤྱོད་པ་སྒྱུ་མ་ཆོས་སྤྱོད་བཅུ་དང་བསྟུན༔ ཁྱད་པར་ཚེས་བཅུ་ཉེར་ལྔའི་དུས་ཆེན་དེར༔ རིག་འཛིན་མཁའ་འགྲོའི་ཐུགས་དམ་བསྐང་བ་དང༔ ཚོགས་གཉིས་རྫོགས་ཕྱིར་གང་ཡོད་ཚོགས་སུ་ཐོངས༔ ཉིན་ཞག་ཕྲུག་གཅིག་མཆོད་སྦྱིན་རྣམ་པ་བཞི༔ ཆགས་མེད་མཛད་ན་གེགས་ཆེན་རིགས་རྣམས་ཞི༔ དེ་ཡང་བར་ཆད་ཆེ་ཕྲ་མང་འདུག་པས༔ དེ་དག་སེལ་ཕྱིར་དབྱར་དུས་ཉ་སྦྱིན་དང༔ དགུན་དུས་བྱ་བྱིའུ་དུས་རྒྱུན་སྤྲང་སྟོན་འགྱེད༔ པད་འབྱུང་རྣམ་ཐར་རྒྱས་བསྡུས་རི་མོ་ནི༔ རང་གི་འབྱོར་བ་བློ་དང་བསྟུན་པ་གནད༔ ཁྱད་པར་རང་དང་བསྟན་འགྲོའི་དོན་ཆེད་དུ༔ ཀླུ་སྒྲུབ་ལུགས་ཀྱི་བྱང་ཆུབ་སེམས་སྡོམ་ནི༔ བསླབ་གྲངས་ཡོངས་རྫོགས་བློ་ལ་སྦྱང་བ་དང༔ ཁ་ཙམ་མིན་པར་སྙིང་ནས་བསྲུང་སྡོམ་ལ༔ འབད་པ་གནད་དུ་བསྟུན་ན་དོན་ཆེན་འགྲུབ༔ ཉིན་བཞིན་བྱང་སེམས་ནམ་མཁའི་སྙིང་པོའི་མདོ༔ དད་དང་གུས་པས་བཀླག་ཚེ་བར་ཆད་སེལ༔ ངེས་མེད་གནས་བཞུགས་གཞན་ལ་གང་ཕན་མཛོད༔ དེ་སྐད་སྨྲ་བ་རྒྱ་སྤྲུལ་ཆོས་པའི་གཟུགས༔ དེས་སྨྲས་ཉེས་པའི་སྐྱོན་ནི་གང་མཆིས་པ༔ རྩ་གསུམ་སྲུང་མ་རྒྱ་མཚོའི་སྤྱན་སྔར་བཤགས༔ གལ་སྲིད་བདེན་པར་སྨྲས་ཚེ་དགེ་རྩ་ཀུན༔ དུས་ཀུན་བསྟན་འགྲོར་ཕན་པའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔

ཆོས་ཀྱི་བདག་པོ་ཀརྨ་ཆོས་སྐྱོང་གི་སྐྱེ་ཕྲེང་ལུང་བསྟན།

༄༅། ཆོས་ཀྱི་བདག་པོ་ཀརྨ་ཆོས་སྐྱོང་གི་སྐྱེ་ཕྲེང་ལུང་བསྟན་བཞུགས། རང་བྱུང་ལྷུན་གྲུབ་པདྨ་རྒྱལ་པོ། །རང་རིག་དོན་སྟོན་དྲིན་ཆེན་བླ་མ། །འདུ་འབྲལ་མེད་པར་སྙིང་ནས་གསོལ་འདེབས། །བདག་སོགས་སྐལ་ལྡན་བུ་ལ་བྱིན་རློབས། །དྲན་རིག་སྟོང་གསལ་ཆོས་སྐུའི་མཁའ་ལ། །རྟེན་འབྲེལ་འགགས་མེད་ནམ་མཁའི་ཚོན་རིས། །ཡོད་མེད་རྟག་ཆད་མཐའ་ལས་འདས་པ། །གང་ཤར་ཐོལ་བྱུང་གླུ་རུ་སྨྲས་འདིར། །ལྷ་དང་མཁའ་འགྲོས་གནང་བ་སྩོལ་ལ། །གེགས་ཞི་རྫོགས་བྱང་འགྲུབ་པར་བྱིན་རློབས། །ཀྱཻ་ཧོ་སྐལ་ལྡན་ཆོས་ཀྱི་བདག་པོ། །ཁྱོད་ཀྱི་སྐྱེ་རྒྱུད་མདོ་ཙམ་བརྗོད་ན། །མཉམ་མེད་བུ་རམ་ཤིང་པའི་དྲུང་དུ། །བསྙེན་བཀུར་འཚོ་སྦྱོར་ཁྱིམ་བདག་དཔལ་སྦྱིན། །མཚོ་སྐྱེས་བླ་མའི་གདམས་ངག་བདུད་རྩིས། །རྒྱུད་གྲོལ་ཤུད་བུ་དཔལ་གྱི་སེངྷ། །མཁར་ཆེན་རྒྱུད་འཁྲུངས་མཚོ་རྒྱལ་ཐུགས་ཟིན། །རིག་སྔགས་འཆང་བ་དྷརྨཱ་བཛྲ། །ས་སྐྱ་པཎ་ཆེན་ཡབ་སྲས་བརྒྱུད་འཛིན། །བཤད་སྒྲུབ་བསྟན་འཛིན་ཀུན་དགའ་དཔལ་འབར། །ཀུན་མཁྱེན་སྒྲོལ་མགོན་གང་གི་ཐུགས་ཟིན། །ཤངས་པའི་རིགས་ལས་སངས་རྒྱས་ཚེ་དབང་། །རིག་འཛིན་ཉི་མ་གྲགས་པའི་དངོས་སློབ། །གཏེར་ཆོས་སྤེལ་མཁས་ཧོར་གྱི་ལོ་ཙ། །མི་འགྱུར་ཕན་བདེ་རྒྱ་མཚོའི་ལྕམ་མོ། །བྱང་ཆུབ་སེམས་ལྡན་ཚེ་དབང་ལྷ་མོ། །དེ་ནས་སྐྱེ་བ་དམན་པའི་ལུས་བོར། །ད་ལྟ་བགྲང་བྱ་བཅུ་དགུའི་མཚམས་སུ། །དངོས་ཉམས་རྨི་ལམ་པདྨའི་ཞལ་མཇལ། །ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུ། །བསྐྱེད་རྫོགས་བསྙེན་སྒྲུབ་གཡེལ་མེད་མཛོད་དང་། །གྲུབ་གཉིས་འདོད་རྒུའི་དངོས་གྲུབ་སྦྱིན་ཡོང་། །འཇིགས་པ་བརྒྱད་སྐྱོབས་རྗེ་བཙུན་སྒྲོལ་མ། །རྒྱུན་དུ་ཆགས་མེད་ཡི་དམ་མཛད་ངོས། །གཏེར་གསར་བསྙེན་ཚད་རང་གིས་ཉམས་ལོངས། །གཞན་ལ་སྤེལ་དང་དེ་བཞིན་འགྲོ་འདུལ། །གསང་སྔགས་གླིང་པའི་ཟབ་ཆོས་སྤེལ་དང་། །ངེད་རང་གཉིས་པོ་སྤྲུལ་གཞི་གཅིག་ལས། །སྤྲུལ་པ་ཐ་དད་ཡོད་པ་མིན་པས། །ཁྱེད་ཀྱི་གེགས་ཞི་འབྲེལ་ཚད་འགྲོ་བ། །ཐར་ལམ་འགོད་པའི་རྟེན་འབྲེལ་སྣང་ངོ། །ཁྱོད་ཀྱི་སྐྱེ་བརྒྱུད་གཉིས་གསུམ་ཙམ་ན། །ཚེ་རབས་བླ་མ་ཨོ་རྒྱན་པདྨས། །རྒྱུན་ཆད་མེད་པའི་གདམས་ངག་བདུད་རྩིས། །སྨིན་གྲོལ་དགའ་སྟོན་འགྱེད་པའི་ཁྲིད་གཉེར། །སྲས་ཀྱི་ཐུ་བོར་གདོན་མི་ཟའོ། །དེ་སྐད་རྟོག་གེའི་རིག་པས་བསྒྲུབས་མིན། །རང་རིག་དག་པའི་རྩལ་ལས་ཤར་བཞིན། །མ་དང་ཌཀྐིས་གནང་བ་ཐོབ་ནས། །ལུང་རིག་ཆོས་ཀྱི་གླིང་པས་སྨྲས་སོ།།

ངེས་ལེགས་སྤྲུལ་སྐུ་ངོས་འཛིན་གྱི་ལུང་བྱང་།

ངེས་ལེགས་སྤྲུལ་སྐུ་བསྟན་འཛིན་ཆོས་ལྡན་ངོས་འཛིན་གྱི་ལུང་བྱང་བཞུགས།

རབ་འབྱམས་རྒྱལ་ཀུན་སྤྱི་གཟུགསཿ མ་ཧཱ་གུ་རུ་ཆེན་པོསཿ བདག་རྒྱུད་བྱིན་གྱིས་རློབས་ལཿ དུས་གསུམ་དགེ་ལེགས་སྩོལ་ཅིགཿ ཨེ་མ་འཁོར་འདས་ཆོས་ཀུན་སྤྲོས་དང་བྲལཿ སྒྱུ་མའི་རང་བཞིན་རྟེན་འབྱུང་འགགས་པ་མེདཿ འགྲོ་ཀུན་རྫོགས་པའི་སངས་རྒྱས་གཞི་གཅིག་ཀྱངཿ དག་དང་མ་དག་གློ་བུར་སྒྲིབ་ལས་བྱུངཿ དཀར་ནག་ལས་ཀྱི་འབྲས་བུ་ཚོན་སྣ་ཡིསཿ འགྲོ་བ་དྲུག་དང་དེ་དག་འདུལ་བའི་ཕྱིརཿ སྤྲུལ་དང་ཡང་སྤྲུལ་སྟོན་འཁོར་བསམ་ལས་འདསཿ མདོ་རྒྱུད་ལུང་རིགས་སྟོན་མཛད་རབ་བྱུང་དངཿ གསང་སྔགས་སྟོན་པའི་རྣལ་འབྱོར་ཕ་མཐའ་ཡསཿ ཁྱད་པར་གངས་ཅན་བླ་མ་པད་འབྱུང་གིཿ གདུལ་ཞིང་རྨད་བྱུང་རོང་ཆེན་བཞི་ལས་ཤརཿ རྒྱལ་མོ་རོང་གི་རྒྱལ་བརྒྱུད་འབངས་དང་བཅསཿ འདུལ་མཛད་བླ་མ་མང་པོའི་ཚུལ་བསྟན་པའིཿ རྒྱལ་ཁབ་ཆེ་དང་ཉེ་བའི་ས་ཕྱོགས་སུཿ ངེས་ལེགས་ཞེས་པའི་ཆོས་གྲྭ་ཡིད་འོང་དེརཿ པདྨའི་བརྒྱུད་འཛིན་ས་ག་ར་ཡི་ངེས་ལེགས་རིག་འཛིན་རྒྱ་མཚོ། མཆན།མཚནཿ སྔོན་དུས་ཨོ་རྒྱན་ཆེན་པོའི་སློབ་མ་མཆོགཿ དབང་ཆེན་གྲུབ་པ་རྒྱལ་བ་མཆོག་དབྱངས་དངཿ དེ་རྗེས་འཇམ་དབྱངས་བདུན་རྒྱུད་ས་ཆེན་དྲུངཿ ཀུན་དགའ་དཔལ་བཟང་མཆོད་པའི་ལས་ལ་དགྱེསཿ གཞན་ཡང་གྲུབ་དབང་གསུམ་པའི་ཞབས་དྲུང་དུཿ ལྔ་རིག་སྨྲ་བའི་མཁས་པ་བུདྡྷའི་མིངཿ རྫོགས་ཆེན་བཞི་པའི་ཐུགས་སྲས་བུ་ཆེན་མཆོགཿ ཁྲོ་ཆེན་གཙུག་རྒྱན་བླ་མ་རྒྱ་མཚོའི་མཚནཿ གནས་དེའི་བྱང་ཤར་ཕྱོགས་སུ་རྟ་སྦྲུལ་ལོའིཿ བྱིས་པ་ཆོས་དབྱིངས་ཡེ་ཤེས་ཁ་ཏོག་ཅནཿ སྙིང་ཁའམ་ནི་ལྟེ་བ་རྩ་རིས་སམཿ སྨེ་བའི་རྟགས་ལྡན་གཙང་མའི་རྒྱུད་ལྡན་པཿ ཐབས་ཤེས་དབང་དང་དི་པཾ་མིང་ཅན་ནམཿ ལེགས་པའི་དཔལ་ལྡན་དེ་འདྲའི་རིགས་ལས་འབྱུངཿ བསྟ༵ན་འཛི༵ན་སྐྱེས་བུ་བྱང་ཆུབ་སེམས་དཔའི་མཆོགཿ ཆོ༵ས་ཀྱི་མཚན་ལྡ༵ན་དེ་ཉིད་སོམ་ཉི་བྲལཿ དེ་ཡི་རིམ་གྲོར་རྩ་གསུམ་ཚོགས་མཆོད་བརྒྱཿ སྐུ་ལྔའི་གསོལ་ཁ་རྟགས་ལྡན་སྐུ་རྟེན་དུཿ རྗེ་འབངས་ཉེར་ལྔའི་སྣང་བརྙན་བྲིས་ལེགས་དངཿ གསུང་གི་རྟེན་དུ་ཚེ་མདོ་ཚེ་གཟུངས་སྒྲོགསཿ ཐུགས་རྟེན་སྐུ་གདུང་ཆ་བརྒྱད་རྡོ་བརྐོས་སོགསཿ བསྒྲུབ་དགོས་ཁྱད་པར་ཕ་མ་ཉེ་དུ་སོགསཿ བརྩེ་གདུང་གུས་པས་དགོན་དེར་ཁྲིར་འཁོད་ནཿ བར་ཆད་བདུད་ཀྱི་གཡུལ་ལས་རབ་རྒྱལ་ནསཿ དོན་གཉིས་ལྷུན་གྱིས་འགྲུབ་ཅིང་བསྟན་འགྲོ་ཡིཿ བདེ་སྐྱིད་སྲོག་གི་ཀ་བ་ཚུགས་པར་ངེསཿ དེ་སྐད་དམ་པ་མཆོག་གི་སྤྱན་སྔ་རུཿ ཟོལ་མེད་རིག་པའི་ཊཀྐིས་ཐོལ་བྱུང་དུཿ སྣང་སེམས་འདྲེས་པའི་ལུང་རིག་ཤར་མ་ཐགཿ རྫོགས་ཆེན་བརྒྱུད་འཛིན་མཚམས་སྦྱོར་རྟེན་འབྲེལ་བཅསཿ སྤྲུལ་མིང་འཛིན་པ་༼རྒྱ་སྤྲུལ་༽གང་དེས་གུས་པས་ཕུལཿ སརྦ་མངྒ་ལཾ༎

སྐུ་སྐྱེས་དམ་པ་འོད་གསལ་ལ་བར་ཆད་ཡོད་མེད་བརྟགས་པ།

༈ སྐུ་སྐྱེས་དམ་པ་འོད་གསལ་ལ་བར་ཆད་ཡོད་མེད་བླ་མ་དང་ཡི་དམ་དབྱེར་མེད་ལ་གསོལ་བ་བཏབ་ཏེ་རྟེན་འབྲེལ་བརྟགས་པ་ཉམས་དངས་པའི་མེ་ལོང་ལ་བཟོ་མེད་དུ་ཤར་བ་བཞུགས། ལྷ་པདྨ་རྒྱལ་པོས་བྱིན་གྱིས་རློབས། །རང་བགྲང་བྱ་དགུ་གསུམ་མཚམས་སུ་འཚུབས། །དཔལ་བཅོམ་ལྡན་ཧྱ་གྷྲྀ་ཝ་དང་། །མ་འཕགས་མ་སྒྲོལ་མར་གསོལ་བ་ཐོབ། །གདོན་གཟའ་ཀླུའི་དུག་རླངས་མཐའ་རུ་སྐྲོད། །དུས་ཀུན་ཏུ་དམེ་མནོལ་ཟས་གྲིབ་འཛེམས། །ལྷ་རྡོ་རྗེ་རྣམ་པར་འཇོམས་པ་ཡི། །གཟུངས་ཉེ་སྙིང་ཉིན་བཞིན་ཅི་ནུས་ཐོན། །རང་རྒྱུན་དུ་ལྷག་ལྷར་བརྟེན་པའི་ཡུལ། །བོད་གངས་ཅན་ལྷ་མཆོག་སྤྱན་རས་གཟིགས། །མགོན་ཕྱག་སྟོང་སྤྱན་སྟོང་བསྒོམ་བཟླས་རེམ། །དེ་དྲག་པོར་ཁྲོས་པ་ཧྱ་གྷྲྀཿ ཆོས་ངོ་མཚར་ཡང་ཕྱུང་ཟུང་དུ་འབྲེལ། །ལྷ་ངོ་བོ་གཅིག་ལས་ཐ་དད་སྤྲུལ། །དཔལ་སྔགས་ཀྱི་བདག་མོ་རེ་མ་ཏཱི། །དེ་བུ་ནོར་ཤེས་རབ་མཆོག་སྩོལ་བའི། །མི་བརྒྱུད་སྐྱོང་ཕྱིར་དུད་སོལ་མ། །དེ་གཉིས་ཀྱང་གཡུ་ཡི་མཎྚལ་ལ། །གསེར་སིལ་མས་ཚོམ་བུ་བཀོད་འདྲ་འོ། །རང་ཞི་དུལ་ཆོས་སྤྱོད་དང་བླང་ཡང་། །དུས་སྔོན་ལས་གཞན་འགས་གཤེ་ཡང་སྲིད། །ཆོས་བདུད་རྩི་གཅིག་ཆོག་བྱང་ཆུབ་སེམས། །དེ་དུས་རྒྱུན་ཐུགས་ཀྱི་བུམ་པར་ཆོངས། །རང་ལོ་གྲངས་སོ་དྲུག་མཚམས་སུ་ཡང་། །གྲོགས་འགའ་ཡིས་གནོད་འཚེ་སློང་བར་འགྱུར། །དེ་སེལ་ཕྱིར་གདུགས་དཀར་ཁྲི་འདོན་དང་། །རང་ཡི་དམ་ཚོགས་སྟོང་མ་མགོན་ཁྲི། །གནད་ཟབ་མོ་ལྟ་བའི་འཛིན་ཕུར་རྟོད། །ཡང་ཞེ་གསུམ་ལོ་ངོགས་མཐོང་བའི་དུས། །མི་ཉམས་པའི་གྲིབ་ཀྱིས་སྒྲིབ་འགྱུར་ན། །དེ་སེལ་ཐབས་ཁྲོ་བོ་དམེ་བརྩེགས་ཀྱི། །གཟུངས་འབུམ་དང་བྱབ་ཁྲུས་བསྲུང་བ་གདགས། །དུས་ཀུན་ཏུ་ཉིན་མཚན་གཡེལ་མེད་པར། །དཔལ་ཨོ་རྒྱན་ཆེན་པོར་གསོལ་བ་ཐོབ། །དཔལ་གྲུབ་དབང་གོང་མའི་ཕྱག་བཞེས་ལྟར། །ཆོས་འདོན་སྒོམ་བྲི་ཀློག་མཆོད་སྦྱིན་གལ། །ཡུལ་དུས་གནད་རྟེན་འབྲེལ་ལེགས་འགྲིགས་ན། །ཚེ་རིང་པོར་འཚོ་བའི་ལྟས་ཤར་ཡང་། །རྐྱེན་མང་པོ་རྡུལ་སྤྲིན་གསར་འཁྲིགས་འདྲ། །ལར་ལོ་ལྟར་ཚེ་ཐར་སྲོག་བསླུ་དང་། །དཔལ་འཆི་མེད་མདོ་གཟུངས་བསྙེན་སྒྲུབ་སོགས། །ཚེ་འཕེལ་བའི་གཏོ་རིམ་གལ་ཆེ་འོ། །ཚིག་དེ་སྐད་རྒྱ་སྤྲུལ་བླུན་པོ་དེས། །ལྷ་རྩ་གསུམ་གསོལ་བ་བཏབ་ངོས་ནས། །སེམས་རིག་རྩལ་གང་ཤར་ཐོལ་བྱུང་སྨྲས། །ཁྱེད་སྐུ་ཚེ་བརྟན་ངོས་ལྷ་ཆོས་འགྲུབ། །ཡོངས་བསྟན་འགྲོར་སྨན་པའི་རྒྱུར་འགྱུར་བ། །དེ་སྨོན་བཞིན་མཆོག་གསུམ་མཐུས་འགྲུབ་ཤོག །

དགེ་སྦྱོང་ཐུབ་བསྟན་ལ་ལུང་དུ་བསྟན་པ།

༈ དགེ་སྦྱོང་ཐུབ་བསྟན་ལ་ལུང་དུ་བསྟན་པ་བཞུགས། མཆོག་གསུམ་རྩ་གསུམ་ཀུན་གྱི་སྤྱི་གཟུགས་མཆོག །བཀའ་དྲིན་མཚུངས་མེད་ཨོ་རྒྱན་རྡོ་རྗེ་འཆང་། །གྲུབ་དབང་རྫོགས་ཆེན་དབྱེར་མེད་གཏན་གྱི་སྐྱབས། །བྱང་ཆུབ་བར་དུ་མི་འབྲལ་སྤྱི་བོས་མཆོད། །སྙིང་ནས་གུས་པའི་ཆོས་གྲོགས་ཐུབ་བསྟན་ཁྱོད། །སྐྱེ་བ་གསུམ་གོང་རྡོ་ཡུལ་སྨད་དེ་རུ། །ཡར་ལུང་པདྨ་སྒྲུབ་སྡེ་ཞེས་བྱའི་སར། །བླ་མ་རྡོ་བླས་རྗེས་བཟུང་རིག་པ་འཛིན། །སྔགས་ཀྱི་རྣལ་འབྱོར་འཇིགས་མེད་བདེ་ཆེན་གྲགས། །ད་ལྟའི་ལྷག་ལྷ་སྤྱན་གཟིགས་པད་འབྱུང་ཡིན། །གཉིས་ཀ་དབྱེར་མེད་བསྙེན་བསྒྲུབ་དངོས་གྲུབ་ཐོབ། །འདིར་སྣང་བྱ་བ་རྨི་ལམ་སྒྱུ་མར་སོམས། །སོར་བྱང་སྔགས་ཀྱི་ཉམས་ལེན་གང་ནུས་ཀྱིས། །སོ་དྲུག་ཞེ་བརྒྱད་གཉིས་ལ་གེགས་ཡོད་སྙམས། །གེགས་ཕྲན་གདོན་འཚེ་གྲིབ་དང་ཤི་འདྲེ་ལྡང་། །སེལ་ཐབས་སྒྲོལ་མའི་སྐུ་འབུམ་བསྙེན་སྒྲུབ་དང་། །མཎྚལ་བཞི་ཆོག་བརྒྱ་རྩ་ཚེ་སྒྲུབ་དང་། །འཆི་བསླུ་ཚེ་ཐར་ཅི་མང་སྲོག་བསླུ་གལ། །བསྲུང་མ་སྤྱི་དང་བཙན་རྒོད་རྟག་ཏུ་འགོ། །གསོལ་མཆོད་ཆོས་སྒྲུབ་མཐུན་རྐྱེན་བསྒྲུབ་པར་ངེས། །དགེ་སྦྱོང་རྒན་པོ་ལུང་རྟོགས་མིང་ཅན་གྱིས། །ལྷག་ལྷར་གསོལ་བ་བཏབ་ཏེ་ཐོལ་བྱུང་སྨྲས། །སརྦ་མངྒ་ལཾ།།

མདོ་སྔགས་ལ་གདམས་པ་དང་འབྲེལ་བའི་བརྟགས་ལུང་གནང་བ།

༈ མདོ་སྔགས་ལ་གདམས་པ་དང་འབྲེལ་བའི་བརྟགས་ལུང་གནང་བ་བཞུགས། རྣམ་གྲོལ་རྫོགས་སངས་རྒྱས་པའི་བྱིན་རླབས་ལས། །རྣམ་འདྲེན་དགེ་འདུན་གཟུགས་སྤྲུལ་བླ་མ་རྗེ། །མཉམ་འགྲོགས་བདུད་དབང་མ་ཤོར་སྤྱི་བོར་སྒོམས། །ཡེངས་མེད་རྩེ་གཅིག་དྲན་པས་གསོལ་བ་ཐོབ། །འཁོར་འདས་ཆོས་ཀུན་སེམས་ཀྱི་རོལ་པ་རུ། །ཐག་ཆོད་ཀྱིས་ལ་དེ་ཡང་སྟོང་པར་ལྟོས། །སྟོང་པ་ཕྱང་ཆད་མ་ཡིན་འོད་གསལ་བ། །སྟོང་ཉིད་རྟེན་འབྱུང་ཉིད་དུ་ཤར་བ་དང་། །རྟེན་འབྲེལ་སྟོང་པར་ཤེས་པའི་ཉམས་ལེན་གྱིས། །སྤྱོད་པ་སྒྱུ་མ་ལྟ་བུའི་ཤེས་རབ་ཀྱིས། །ཟིན་པར་གྱིས་ལ་ཆོས་སྤྱོད་བཅུ་ལ་འབོད། །ཁྱད་པར་ལྷག་ལྷ་འཕགས་མཆོག་ཐུགས་རྗེ་ཆེ། །རྒྱལ་བ་རྒྱ་མཚོའི་བསྙེན་སྔགས་ཡི་གེ་བཅུ། །བྱེ་བ་བཅུ་ཡིས་བསྙེན་པའི་གྲངས་ཐེམ་ན། །མདོ་སྔགས་མཚན་ཅན་འདི་ཕྱིའི་དོན་འགྲུབ་འགྱུར། །རྒྱ་སྤྲུལ་པས་སོ། །

བསོད་ནམས་ཕུན་ཚོགས་ལ་གནང་བའི་གདམས་པ་དང་འབྲེལ་བའི་ལུང་བྱང་།

༈ བསོད་ནམས་ཕུན་ཚོགས་ལ་གནང་བའི་གདམས་པ་དང་འབྲེལ་བའི་ལུང་བྱང་བཞུགས། རིག་པའི་རྩལ་སྣང་འགགས་མེད་ལུང་བྱང་ལས། །པུཎྱཻ་ལཀྵིཾ་དགེ་བའི་རིགས་སད་པས། །རྫོགས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ། །ཉེ་བའི་ལྟས་བཟང་སྒོ་གསུམ་དགེ་ལ་བརྩོན། །ལྟ་བ་བློ་འདས་ཕྱག་རྒྱ་ཆེན་པོ་དང་། །བསྒོམ་པ་བསལ་བཞག་གཉིས་མེད་རང་ངོ་སྐྱོངས། །སྤྱོད་པ་ཆོས་སྤྱོད་བཅུ་ལ་རྒྱུན་དུ་འབོད། །དེ་ཡང་སྒྱུ་མ་ལྟ་བུའི་ཤེས་རབ་ཀྱིས། །ཟིན་པར་གྱིས་ལ་དངོས་ཞེན་མེད་པ་གལ། །ཁྱད་པར་ལྷ་མཆོག་རྡོ་རྗེ་སེམས་དཔའ་ལ། །རྩེ་གཅིག་སེམས་ཏེ་ཡི་གེ་བརྒྱ་པ་ཟློས། །འབུམ་ཕྲག་བཅུའམ་བདུན་གྱི་གྲངས་ཐེམས་ན། །ལས་ཉོན་བག་ཆགས་ཟླ་བ་སྤྲིན་བྲལ་ལྟར། །འདི་ཕྱིའི་དོན་ཆེན་འགྲུབ་པར་ཐེ་ཚོམ་མེད། །རྒྱ་སྤྲུལ་པས་སྨྲས་པའོ།།

སྐལ་ལྡན་ལ་གནང་བའི་ཞལ་གདམས་དང་བརྟགས་ལུང་།

༈ སྐལ་ལྡན་ལ་གནང་བའི་ཞལ་གདམས་དང་བརྟགས་ལུང་། སྐྱབས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག །མགོན་དྲིན་ཆེན་བླ་མ་མཚོ་སྐྱེས་རྗེ། །ཡུམ་རྗེ་བཙུན་འཕགས་མ་མྱུར་དཔའ་མོ། །དུས་བྱང་ཆུབ་བར་དུ་སྙིང་ནས་བརྟེན། །སྔོན་ཚོགས་གཉིས་བསགས་པའི་ཉེ་རྒྱུ་ལས། །རྟེན་དལ་འབྱོར་ལུས་བཟང་ཐོབ་པ་ཡི། །བུ་དད་དང་སྐལ་བར་ལྡན་པ་ཁྱོད། །ཕྱི་འདུས་བྱས་སྒྱུ་མའི་མཚང་རིག་ནས། །ནང་རང་སེམས་སྟོང་པའི་རང་རྩལ་གྱི། །མདངས་འགགས་མེད་བྱང་ཆུབ་སེམས་ཀྱི་མཆོག །འདི་སངས་རྒྱས་ཐོབ་ལ་མེད་མི་རུང་། །དོན་དེ་ཕྱིར་སྲས་བཅས་རྒྱལ་བའི་མདུན། །ཆོས་ཐེག་ཆེན་སྨོན་འཇུག་སྡོམ་པ་ལོངས། །དེའི་སྤངས་བླངས་གནད་འགགས་བསླབ་བྱ་རྣམས། །བཀའ་མདོ་རྒྱུད་མཁྱེན་པའི་བླ་མར་དྲིས། །དེ་ཤེས་ལོ་ཙམ་དུ་མ་བཞག་པར། །དོན་དབྱེར་མེད་ཚུལ་བཞིན་ཉམས་སུ་ལོངས། །རང་སྒོ་གསུམ་བག་མེད་དབང་གྱུར་ནས། །གནད་སྤང་བླང་ཉམས་ལ་བཤགས་སྡོམ་གལ། །དེས་བྱང་ཆུབ་ཐོབ་པར་ངེས་ལུང་བསྟན། །འདི་རྒྱལ་གསུང་བསླུ་མེད་རྡོ་རྗེའི་བཀའ། །ཡང་འབྱུང་འགྱུར་རྟེན་འབྲེལ་འདི་ལྟར་མངོན། །བློ་གཡོ་ཅན་རྣ་བས་མཛེས་པའི་ལོར། །མི་གཞན་ཟེར་བདེ་སྡུག་ཟློས་གར་ངོམས། །དེ་སེལ་ཕྱིར་རྡོ་རྗེ་སྡེར་མོ་སྟོང་། །རང་སྔོན་བརྟེན་བསྲུང་མར་གསོལ་མཆོད་གལ། །ལུས་འཁྱོགས་འགྲོས་སྤྲིན་གྱི་གོས་ཅན་ལོར། །སྔོན་ལས་དང་འཕྲལ་རྐྱེན་ཟུག་རྔུ་ལྡང་། །ལྷ་བཛྲ་པ་ཎིའི་བསྙེན་སྒྲུབ་གནད། །སྦྲུལ་གདུག་ཅན་ཕྱོགས་ནས་ཕྱོགས་སུ་རྒྱུ། །ལྷ་བླ་མར་བློ་སེམས་རྟེན་ཆོས་ལ། །མགོན་པད་འབྱུང་གསོལ་འདེབས་བསམ་ལྷུན་འབུམ། །རྟ་ཅང་ཤེས་གོམ་སྟབས་གར་བསྒྱུར་ཀྱང་། །རྐྱེན་ངེས་མེད་མཆེ་ཅན་འཚེ་བས་དོགས། །དེ་ཤིན་ཏུ་བཟློག་པར་དཀའ་སྙམས་པས། །རང་ཡི་དམ་གསང་བདག་ཕྱག་རྡོར་ལ། །དཔལ་པདྨ་དྲག་པོའི་རྣོ་སོ་གདགས། །སྐབས་སྐབས་སུ་ཕུར་བ་བདུན་སྒྲུབ་དང་། །དཔལ་དུད་སོལ་ལྷ་མོའི་བསྙེན་སྒྲུབ་སྐྱོལ། །ལར་དེང་སང་ཚེ་ཡི་སྙིགས་མའི་དུས། །ཚེའི་ཚད་ལ་ངེས་པ་མ་མཆིས་ཀྱང་། །ལོ་ལྟར་དུ་ཚེ་སྒྲུབ་ཟླ་མཚམས་དང་། །གསོད་ངེས་པའི་སྲོག་བསླུ་བཅུ་ཕྲག་རེ། །དེ་ཆགས་མེད་རྒྱུན་དུ་བརྩོན་ནུས་ན། །ལོ་བཅུ་ཕྲག་ལྔ་ལས་བརྒལ་ལམ་སྙམས། །ཆོས་བྱང་ཆུབ་སེམས་གཉིས་བསྒོམ་པ་དང་། །དུས་སྤྱོད་ལམ་རྒྱུན་གྱི་སྦྱིན་པ་བཞི། །རང་སྒོ་གསུམ་གཡེལ་མེད་བརྩོན་ནུས་ན། །ཚེ་འདི་འཕོས་དལ་བའི་རྟེན་ཐོབ་ནས། །གནས་བདེ་ནས་བདེ་བར་འགྲོ་ངེས་སོ། །ཚིག་དེ་སྐད་བན་སྤྲང་བྷུ་སུ་ཀུ། །མིང་རྒྱ་སྤྲུལ་ཞེས་པས་སྨྲས་པ་དགེ། །

ཕྲིན་ལས་ལ་གནང་བའི་བརྟགས་ལུང་།

༈ ཕྲིན་ལས་ལ་གནང་བའི་བརྟགས་ལུང་། རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །གཅིག་བསྡུས་འགྲོ་བ་ཡོངས་ཀྱི་སྐྱབས། །ཁྱད་པར་བདག་གི་བློ་གཏད་ཡུལ། །རྩ་བའི་བླ་མ་པད་འབྱུང་མཁྱེན། །རིགས་བརྒྱའི་ཁྱབ་བདག་རྡོ་གྲུབ་རྗེའི། །བྱིན་རླབས་སྙིང་དུ་ཞུགས་པ་ལས། །ཉམས་སྣང་འབྱུང་འགྱུར་རྟེན་འབྲེལ་གཟུགས། །ཤར་བ་དྲིས་པའི་ལན་འདི་ཐལ། །སྤྲེའུའི་ལོ་འདིར་ཁྱེད་རང་ལ། །གེགས་ཆེན་ཡོད་ངོ་མ་ཤར་ཡང་། །མཁའ་ལ་འཕུར་འགྲོས་གདུག་པ་སྟོན། །ནུས་པ་ལྡན་པས་བྱད་འགྲོལ་དང་། །བཀའ་བརྒྱད་འདུལ་བ་གྲི་ཡི་ལས། །དམ་དུ་སྒྲུབ་དང་ཕྲིན་ལས་མིང་། །ཁྱོད་རང་སྲོག་ལུས་དབང་ཐང་ལ། །རྒྱལ་བསེན་འབྱུང་པོས་འཚེ་བ་ཤོམས། །གསར་རྙིང་བླ་མ་ཡི་དམ་གྱི། །གསོལ་འདེབས་ཀུན་འདུས་ལེའུ་བདུན་སྟོང་། །བར་ཆད་ལམ་སེལ་ཁྲི་ཚོ་དང་། །ནོར་རྒྱུན་ལྷ་མོའི་གཡང་སྒྲུབ་དང་། །འབྲེལ་བར་ཉ་སྦྱིན་གྲོག་སྦྱིན་དང་། །གསོད་ངེས་ཚེ་ཤིགས་སྲོག་བསླུ་དང་། །བཛྲ་གུ་རུའི་ཀ་ཆེན་བརྒྱ། །ས་དཔལ་འཛོམས་སར་འཇོག་ནུས་ན། །ཚེ་ལ་གེགས་ཞི་བསོད་ནམས་འཕེལ། །དུས་རྒྱུན་བྱང་ཆུབ་སེམས་ལ་འབོད། །དེས་ནི་བདེ་སྐྱིད་འཕྲལ་ཕུག་དགེ། །བན་རྒན་སེམས་ལ་གང་ཤར་བྲིས། །

ཀརྨ་དོན་གྲུབ་ལ་གནང་བའི་ལུང་བྱང་།

༈ ཀརྨ་དོན་གྲུབ་ལ་གནང་བའི་ལུང་བྱང་། བླ་མ་པད་འབྱུང་འཕགས་མ་དབྱེར་མེད་མཁྱེན། །རྟེན་འབྲེལ་བརྟགས་པར་ལྷན་སྐྱེས་ཊཱཀྐི་མས། །ཀརྨ་ཨརྠ་སིདྡྷི་སྐྱེ་བ་འདིར། །སྔོན་ལས་དབང་གིས་མེ་ལྕེའི་རེག་འདྲ་བའི། །སྡུག་བསྔལ་ཆེ་ཕྲག་མང་བྱུང་ད་དུང་ཡང་། །ཚེ་ལ་བར་ཆད་ང་གཉིས་ང་བཞིར་གེགས། །དེ་སེལ་བྱེད་པོར་ཚེ་མདོ་སྟོང་འདོན་དང་། །སྒྲོལ་མའི་སྐུ་སྤར་སྟོང་རྩ་གཅིག་ལྷག་གྲངས། །རྣམ་པར་རྒྱལ་མའི་གཟུངས་ཀྱི་སྒོ་དར་དང་། །ཨ་མ་ར་ཎའི་གཟུངས་བརྒྱ་རྡོ་ལ་རྐོས། །ཚེ་ཐར་དགེ་བསྐུལ་ནོར་བྱིན་སྲོག་སྐྱོབས་འབོད། །དྲུག་ཅུར་བརྒལ་ནས་མཁའ་རིར་ཉེ་ཡང་སྲིད། །བུ་མོས་ཙ་རི་ཏྲ་དང་མཚུངས་པའི། །གནས་ལུང་དཔལ་གྱི་རི་བོར་བརྐྱང་ཕྱག །སིདྡྷི་བྱེ་བ་ལྔ་བདུན་གསུམ་པོ། །རབ་འབྲིང་ཐ་མའི་བརྩོན་པས་ལྷུར་ལེན། །སྐྱབས་སྡོམ་ཞུས་ཤིང་དེ་ཡི་བསྲུང་བྱ། །ཡིད་ལ་བཟུང་བསྲུང་དེ་ཡིས་གེགས་སེལ། །གཙོ་བོར་ཤེས་རབ་ཕ་རོལ་ཕྱིན་པའི། །ཡི་གེ་འཛོམས་ཚེ་དགེ་བའི་ལྟས་ཤར། །ནད་ལས་གྲོལ་ཞིང་བདེ་སྐྱིད་འོང་ངེས། །རིག་རྩལ་སྒྱུ་མའི་རྣལ་འབྱོར་གྱིས་བྲིས། །སརྦ་མངྒ་ལཾ།།

ཆོས་བདག་ཞིག་ལ་བསྩལ་བའི་ལུང་བྱང་།

༈ ཆོས་བདག་ཞིག་ལ་བསྩལ་བའི་ལུང་བྱང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། མངའ་བདག་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱི༔ ཆོས་བློན་མཆོག་གྱུར་རྡོ་རྗེ་སྤྲེལ་ཆུང་གིས། །ད་ལྟའི་མ་ཧཱ་བོ་དྷིའི་ཡོ་བྱད་དང༔ བསམ་ཡས་དཀོར་ལ་ཅུང་ཟད་སྤྱོད་རྐྱེན་གྱིས༔ མ་དག་སྐྱེ་མང་བརྒྱུད་མཐར་གཙང་མའི་རིགས༔ མི་ལུས་ཆོས་ལྡན་སྐྱེ་བ་བཅུ་ཕྲག་པ༔ ཕ་མ་དམན་པའི་བུ་རྒྱུད་ལེགས་བལྟམས་པ༔ གདོང་ངན་ལོ་པ་རིགས་བཟང་ཤེས་བློ་མྱུར༔ སྙིང་ཐད་ཤ་བཀྲ་དམར་སྔོན་མེ་ཏོག་དབྱིབས༔ ལྟག་གམ་རྒྱབ་ཏུ་མཚོན་ཆའི་རིས་བཀྲ་བ༔ ང་དང་མཁར་ཆེན་ཌཀྐིས་རྗེས་བཟུང་བའི༔ ལས་འཕྲོའི་དབང་གིས་འཕགས་མའི་ཟབ་ཆོས་དང༔ ངག་དབང་ལྷ་མོའི་སྒྲུབ་ཐབས་བསྙེན་ཚད་སྐྱོལ༔ གུ་རུ་ཡབ་ཡུམ་མི་བརྗེད་སྙིང་ལ་བརྣག༔ པདྨའི་སྐུར་བཞེངས་གུ་རུའི་དཀྱིལ་འཁོར་དུ༔ ཚོགས་སྟོང་མཎྚལ་འབུམ་དང་ཆུ་སྦྱིན་འབུམ༔ ཚོགས་གཉིས་ཆོས་སྤྱོད་བཅུ་ལ་འབད་འབུང་ཐོན༔ མཁར་ཆེན་སྤྲུལ་པའི་བླ་མར་བློ་སྙིང་གཏོད༔ ཡི་དམ་ལྷ་མཆོག་འཕགས་མར་གསོལ་བ་ཐོབ༔ བསྲུང་མ་ལྷ་ཡི་བཙན་རྒོད་གསོལ་མཆོད་གྱིས༔ དབེན་པའི་རི་ངོགས་དགེ་བའི་གྲོགས་པོ་བརྟེན༔ ཉེར་དགུ་སོ་བདུན་གེགས་རིགས་ཤར་བའི་སྐབས༔ པད་འབྱུང་སྐུར་བཞེངས་གསུང་སྒྲོགས་སྲོག་བསླུ་དང༔ རྒྱལ་བའི་བཀའ་གསུང་རྒྱས་བསྡུས་རིམ་གྲོར་འབོད༔ ས་མ་ཡཱ༔

ཆོས་བདག་བླ་མ་ཡེ་ཤེས་ལ་བསྩལ་བའི་ལུང་བྱང་།

འཛམ་ཐང་ཕྱོགས་ཀྱི་ཆོས་བདག་བླ་མ་ཡེ་ཤེས་ལ་བསྩལ་བའི་ལུང་བྱང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལསཿ ད་ལྟ་ཆོས་ཀྱི་རྒྱལ་པོའི་ཞབས་འདེགས་པའིཿ བློན་རིགས་དགེ་ལེགས་དཔལ་གྲུབ་ཞེས་བྱ་འདི༔ མ་འོངས་དུས་སུ་གནོད་སྦྱིན་དབང་པོའི་རིཿ ཡི་གེ་ཛཾ་ཞེས་གྲགས་པའི་ས་དེ་རུཿ ཆུ་བོ་ཆེན་པོ་གཉིས་འདྲེས་གཡོན་དུ་འབེབཿ ཕ་མ་དཔལ་དང་དབང་གི་མིང་འཛིན་པའིཿ ཆོས་དཀར་རིགས་ཀྱི་བུ་རུ་འབྱུང་བར་འགྱུརཿ སྟག་གམ་ཡང་ན་སྤྲེའུ་ལོ་པ་ཞིགཿ དགེ་འམ་གྲགས་པ་ཡང་ན་རྒྱལ་གྱི་མིངཿ བཻ་རོའི་སྤྲུལ་པས་རྗེས་བཟུང་གདམས་པ་ཐོབཿ ད་ལྟ་སྨོན་ལམ་ཅུང་ཟད་མ་དག་པསཿ གཞན་གྱིས་སྐུར་འདེབས་རང་ཡང་རྟོག་གེའི་ཚུལཿ ཕྲག་པ་གཡས་སམ་མཁུར་ཚོས་གཡས་པ་རུཿ དམར་སྨུག་སྨེ་བ་ཟླ་གམ་ཝཾ་ཡིག་བཀྲཿ ཡང་ཟབ་སྒྲོལ་མའི་ཐུགས་ཐིག་ཉམས་བླངས་ནཿ ཚེ་ཡི་བར་ཆད་དགུ་བདུན་འཕྲང་ལས་གྲོལཿ ཞེས་དང་། ཡུལ་དེའི་ལྷ་སྲིན་གདུག་པ་ཁ་དར་བསཿ རྡོ་རྗེའི་ཁྲི་ལ་གནམ་ལྕགས་མཚོན་གྱིས་འདེབསཿ ས་གཞི་སྐྱོང་འགའ་ས་བདག་དམངས་སུ་འབེབཿ བསྟན་འཛིན་ཕལ་ཆེར་གྲི་འམ་གློ་བུར་འཆིཿ བཟློག་པའི་རིམ་གྲོ་རྡོ་རྗེ་ཁྲོ་བོ་ཡིཿ རྣམ་རོལ་ཟབ་གཏེར་རྡོ་རྗེ་གྲོ་ལོད་དངཿ མཚོ་རྒྱལ་གསུངས་པའི་དག་སྣང་ཟབ་མོའི་ཆོསཿ ཡང་ཟབ་འཕགས་མ་ཉི་ཤུ་རྩ་གཅིག་གིཿ སྐུ་གཟུགས་བཞེངས་དང་སྒྲུབ་ཐབས་འཆད་ཉན་སྤེལཿ ཉམས་སུ་བླངས་བས་གེགས་ཞི་དགེ་མཚན་འབྱུངཿ ཞེས་དང་། གཏུམ་དྲག་ཚ་བ་རོང་ཞེས་གྲགས་པའི་སརཿ རི་བོ་ཟླ་གམ་དབང་གི་སྒྲུབ་གནས་སུཿ འཕུར་འགྲོའི་གཙོ་མོའི་བོལ་གོང་གཡས་པ་རུཿ ད་ལྟའི་སྣ་ནམ་ཞང་གི་བློན་པོའི་རིགསཿ པདྨ་བདག་གི་ཟབ་ཆོས་འགའ་ཞིག་གིཿ གདམས་ངག་ཟབ་མོ་ཐོབ་དང་དབང་གྲལ་དུཿ ཐུགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་དངཿ སྨོན་ལམ་གཅིག་ཏུ་འབྲེལ་བ་ཟླ་བའི་མིངཿ ད་ལྟའི་སྐྱེ་བ་བཅུ་དྲུག་ལྷག་ཙམ་ནཿ ཕ་མ་ས་ཡི་དབང་པོའི་རིགས་སུ་སྐྱེསཿ སྨོན་ལམ་འབྲེལ་བས་ཡང་ཟབ་ཆོས་དང་འཕྲདཿ ཉམས་སུ་བླངས་པས་ཚེ་གེགས་འགའ་ཞིག་ཞིཿ མཚོན་གྱིས་འཁྲུགས་པའི་མི་བདེའི་སྐབས་འགའ་ཡངཿ འཕགས་མའི་ཆོས་ཀྱིས་སེལ་བར་སོམ་ཉི་བྲལཿ

ཆོས་བདག་ཞིག་ལ་བསྩལ་བའི་ལུང་བྱང་།

༈ ཆོས་བདག་ཞིག་ལ་བསྩལ་བའི་ལུང་བྱང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། ཁྲོ་ཞིང་འཇིགས་རུང་རྩུབ་འགྱུར་ཡ་ངའི་གནསཿ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བྱིན་རླབས་ཆགསཿ ཀ་ཡི་གདོང་ལ་དྲག་ཤུལ་སྲིན་མོ་འཁོརཿ དཔའ་བརྟན་ཕ་མ་ཚེ་དང་མཆོག་གི་མིངཿ དེ་འདྲའི་རིགས་སུ་ད་ལྟའི་ཟབ་ཆོས་ཀྱིཿ བཀའ་གཏད་ཐོབ་པའི་འབངས་མོ་དཔལ་གྱི་མིངཿ བཙུན་པའི་གཟུགས་ཅན་ལྷ་དང་མི་མ་ཡིནཿ ཕལ་ཆེར་ལུང་དུ་སྟོན་པའི་རྨི་ལམ་འབྱུངཿ རྩ་བདུན་ལོ་ལ་ཆོས་རྒྱལ་སྤྲུལ་པ་ཡིཿ ཟབ་ཆོས་ཐོབ་པས་གནས་ལུགས་རང་ངོ་མཐོངཿ དེ་ཉིད་ལོ་གྲངས་བཞི་བཅུར་བརྒལ་མཚམས་སུཿ ཡང་ཟབ་ཐུགས་ཐིག་གདམས་པ་གང་རུང་ཞིགཿ འཕྲད་ནས་ཐེ་ཚོམ་མེད་པར་ཉམས་བླངས་ནཿ རང་གནས་ཡུལ་གྱི་སྐྱེ་འགྲོ་ཕལ་མོ་ཆེའིཿ བར་ཆད་སེལ་ཞིང་ཕྱི་མའི་དོན་ཆེན་ལཿ ཕན་པའི་རྟེན་འབྲེལ་འགའ་ཡི་སྒོ་ཡང་འབྱེདཿ ས་མ་ཡཱཿ

བདེ་ལྡན་ལ་བརྟགས་ལུང་གནང་བ།

༈ བདེ་ལྡན་ལ་བརྟགས་ལུང་གནང་བ། ཨེ་མ་ཧོ༔ སྐྱེ་མེད་ཆོས་སྐུའི་མཁའ་ལས་རང་ཤར་བ༔ འགགས་མེད་ལོངས་སྤྱོད་རྫོགས་སྐུའི་ཉི་གཞོན་དལ༔ རྩོལ་མེད་ཐུགས་རྗེའི་ཟེར་ཕྲེང་འབུམ་འཕྲོ་བ༔ སྐུ་གསུམ་བླ་མས་ཁྱོད་ལ་ཤིས་པ་སྩོལ༔ རང་བབ་མ་བཅོས་གཉུག་མའི་རང་མདངས་རྩལ༔ དུས་སུ་རྟེན་འབྲེལ་སྣ་ཚོགས་སྒྱུ་མའི་འཕྲུལ༔ ལྷན་སྐྱེས་ཡེ་ཤེས་ཌཱཀྐིས་ངོ་སྤྲད་པ༔ ལུང་ཚིག་འགག་མེད་སྨྲ་ལ་སོམ་ཉི་བྲལ༔ འཁོར་བ་མེ་འོབས་དུག་སྦྲུལ་ཚང་ལྟ་བུར༔ ངེས་འབྱུང་བློ་ཡིས་ཐར་བ་ལ་ཞུགས་ནས༔ ཐེག་པའི་ཡང་རྩེ་མ་ཧཱ་མུ་ཏྲའི་ལམ༔ སྒྲུབ་འདོད་སྐལ་ལྡན་སྐྱེས་བུ་བདེ་བར་ལྡན༔ སྐྱེ་སྔོན་ལྷ་ལྡན་ཕྱོགས་ཀྱི་རྣལ་འབྱོར་པ༔ རྩེ་གཅིག་སྒྲུབ་དང་ལེ་ལོ་རེས་མོས་ཅན༔ གསང་སྔགས་འཆོལ་བར་སྤྱོད་པའི་གང་ཟག་ཞིག༔ གཡུང་སྟོན་བཛྲ་ཤྲཱིས་རྗེས་སུ་བཟུང༔ ད་ལྟ་སྒྲུབ་ལ་ཕྱི་ནང་གཞན་རྐྱེན་དང་༔ ནང་དུ་ཐེ་ཚོམ་རང་རྒྱུད་འཁྲུགས་པའི་གེགས༔ རྒྱལ་བསེན་རྐྱེན་གྱིས་བསླང་བས་ཁྲག་རླུང་ལྡང་༔ དེ་བཟློག་རྡོ་རྗེ་ཕུར་པའི་བསྙེན་བསྒྲུབ་ཀྱི༔ སྒྲུབ་པ་ཟབ་མོ་གནད་དུ་བསྣུན་གལ་ཆེ༔ དུས་དྲུག་ཨོ་རྒྱན་ཆེན་པོ་སྤྱི་བོར་སྒོམས༔ ལེའུ་བདུན་གྱི་གསོལ་འདེབས་ཡང་ཡང་བསྐྱར༔ ཤཱཀ་ཐུབ་སྐུའམ་ཐུགས་རྟེན་ཡིག་དྲུག་གི༔ གཟུངས་ལྡན་བདུན་ནམ་བཅུ་ཕྲག་ཉིན་བཞིན་འབད། །སྔར་བརྟེན་བསྲུང་མའི་གསོལ་མཆོད་མ་གཡེལ་ན༔ ཚེ་ལ་གེགས་མེད་བཅུ་ཕྲག་ལྔ་ལྷག་འཚོ། །སྒྲུབ་པ་མཐར་ཕྱིན་འདི་འོག་རིག་འཛིན་གྲལ༔ གཞན་དོན་རིམ་གྱིས་འགྲུབ་པའི་ལྟས་བཟང་ཤར༔ སྒྱུ་མའི་རྣལ་འབྱོར་ལུང་རིག་གླིང་པས་སྨྲས༔ དགེ་བས་གེགས་ཞི་དོན་གཉིས་ལྷུན་གྲུབ་ཤོག༔ སརྦ་མངྒ་ལཾ།

ཆུང་སྤྲུལ་ཞིག་ལ་བརྟགས་ལུང་ཕབ་པ།

༈ ཆུང་སྤྲུལ་ཞིག་ལ་བརྟགས་ལུང་ཕབ་པ། སྐྱབས་ཀུན་བདག་ཉིད་གྲུབ་དབང་བླ་མར་འདུད། །མངོན་སུམ་ཚད་མ་ལས་འདས་ལྐོག་གྱུར་དོན། །རྒྱལ་དང་དེ་སྲས་འཕགས་ཆེན་སྤྱོད་ཡུལ་ལས། །སོ་སྐྱེས་བྱིས་བློས་གཞལ་བ་གད་མོའི་གནས། །འོན་ཀྱང་དྲིས་དོན་ལྷ་དང་བླ་མ་ལ། །གསོལ་བཏབ་འཁྲུལ་སྣང་ཉམས་ཀྱི་རྫུན་རིས་ངོར། །ལུས་མེད་སྙིང་ལ་ཉལ་བའི་སྡིག་ཅན་འགས། །རླབས་འཁྲུགས་ཆུ་ལ་བསྐྱུར་བའི་དམ་པ་དེའི། །ཡང་སྲིད་མི་འབྱུང་བྱུང་ཡང་ཡུལ་འདི་གར། །ཕན་མེད་སྡུག་བསྔལ་མཆི་མ་འཁྲིགས་པའི་རྒྱུ། །པདྨའི་མིང་གིས་ཡང་སྲིད་སྒྲོ་བཏགས་སམ། །གང་ལྟར་བྱས་ཀྱང་རིགས་བཟང་སྐྱེས་བུ་ཡིན། །ཚེ་ལ་ཕན་ཕྱིར་ཚེ་མདོ་སྟོང་འདོན་དང་། །འཆི་མེད་མགོན་པོའི་བྲིས་སྐུ་བརྒྱ་རྩ་བརྒྱད། །གསོད་ངེས་སྲོག་བསླུ་བདུན་གྱིས་སྣ་དྲངས་པའི། །ཚེ་ཐར་ཉེར་ལྔ་ཚེ་སྒྲུབ་ཚེ་དབང་བཅས། །འགྲུབ་ཚེ་ཚེ་ཡི་བར་ཆད་ཞི་བའི་ལྟས། །གཞན་ཕན་འབྱུང་ཕྱིར་ཡིག་ཀློག་སློབ་པའི་ཚེ། །སྤྱན་རས་གཟིགས་ཀྱི་གཟུངས་དང་མཚན་བརྒྱ་རྩ། །ཡི་དམ་ཆགས་མེད་དྲན་ཤེས་གསལ་བའི་སྐབས། །སྲོལ་གཉིས་སེམས་བསྐྱེད་སྡོམ་ཞུས་བསྲུང་སྡོམ་བསླབ། །རང་གཞན་དོན་གཉིས་འགྲུབ་པའི་ལྟས་བཟང་ཤར། །ཟུག་རྔུའི་མནར་བའི་སྤྲུལ་མིང་པ་དེས་བྲིས། །

བཟང་པོ་ལ་གནང་བའི་ལུང་བྱང་།

༈ བཟང་པོ་ལ་གནང་བའི་ལུང་བྱང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལསཿ མ་རུང་གདུག་པ་བདུད་རྒྱལ་ཧོར་ཞེས་གྲགསཿ ཤིང་ཏོག་རྗེ་ལེན་ཇི་བཞིན་མི་རིགས་བརྗེཿ རེས་མཐོ་རེས་དམའ་ལྟ་སྤྱོད་ཡ་མ་ཟུངཿ མ་ཁང་བྲག་གསུམ་མི་མཐུན་རྩོད་པའི་སརཿ ཆོས་གྲྭ་ཆེན་པོ་ཆུ་གནས་ཉ་ཡི་མིངཿ རྟོག་གེ་སེར་གཟུགས་ཕལ་ཆེར་ཁྱིམ་བཙུན་རྣམསཿ མི་མཐུན་མཁའ་ལ་སེར་བ་ཇི་བཞིན་འཐབཿ ད་ལྟའི་མཁས་པ་སྐ་བ་དཔལ་བརྩེགས་ཀྱིཿ རྣམ་རོལ་བཟང་པོའི་མིང་ཅན་རྟ་སྦྲུལ་ལུགཿ ས་ཆུ་གང་རུང་འབྱུང་བ་ནང་མཐུན་ལོཿ ཕ་མ་གྲགས་དང་དཔལ་ཞེས་དམངས་ཀྱི་རིགསཿ སྤྱོད་ལམ་དྲག་ཤུལ་གཞན་དང་ལྟ་སྤྱོད་འཛོལཿ དངུལ་ཆུ་རྡུལ་དང་མ་འདྲེས་ཇི་བཞིན་གསལཿ འཕགས་པའི་ཟབ་ཆོས་ཚུལ་བཞིན་ཉམས་བླངས་ནཿ འབྱུང་འཁྲུགས་ནད་ཀྱིས་གདུང་བའི་ཟུག་རྔུ་ཞིཿ ཉམས་བླངས་ཟབ་ཆོས་སྙིང་ཐིག་ལམ་རྟགས་འབྱུངཿ པདྨ་ང་དང་མཚོ་རྒྱལ་རྗེ་འབངས་ལཿ ཐེ་ཚོམ་མེད་པར་གསོལ་བ་རྒྱུན་འདེབས་ནཿ དུས་ལ་བབས་ཚེ་དཔལ་རིའི་ཞིང་དུ་འདྲེནཿ

འཇིགས་མེད་རང་གྲོལ་ལ་བསྩལ་བའི་ལུང་བྱང་།

༈ འཇིགས་མེད་རང་གྲོལ་ལ་བསྩལ་བའི་ལུང་བྱང་། ཞིང་རབ་འབྱམས་ཀྱི་རྒྱལ་བའི་སྤྱི་གཟུགས་མཆོག །མགོན་ཨོ་རྒྱན་གྱི་སློབ་དཔོན་པདྨ་རྒྱལ། །གང་མི་གཟུགས་ཀྱི་རྫོགས་སྤྲུལ་བཞི་པ་ཡི། །ཞབས་ཉིན་བྱེད་དབང་བདག་ཡིད་པདྨོར་རོལ། །གང་སྔོན་ལས་འབྲེལ་གྱི་སྨོན་ལམ་ཆར་རྒྱུན་དང་། །སྲས་བཅས་རྒྱལ་བ་ཡི་ཐུགས་བསྐྱེད་འོད་སྟོང་དལ། །ཟུང་འཇུག་སྤྲུལ་པ་ཡི་འཇའ་ཚོན་ཤར་བ་ལ། །རྩོག་གྲིབ་སྐྱི་སེར་གྱིས་མ་ཕོག་ངོ་མཚར་རྨད། །སྐྱེ་སྔོན་དམ་པ་ཡི་བྱིན་ཐོབ་འཇི༵གས་པ་མེ༵ད། །འཁོར་བ་ར༵ང་གྲོ༵ལ་དང་དབྱེར་མེད་ནིརྨ་ཀཿ ཉི་གྲགས་སློབ་འབངས་པ་ཆོས་དབྱིངས་དྲི་མ་མེད། །རིན་ཆེན་རྣམ་གསུམ་གྱི་རྡོ་རྗེ་རོལ་བའི་གར། །སྤྱན་རས་གཟིགས་དབང་གི་རྣམ་སྤྲུལ་ཡིན་པར་ངེས། །རེ་ཞིག་སྨེ་བརྩེགས་ཀྱི་དབང་ཁྲུས་ཅི་མང་དང་། །ཡིག་རིགས་སློབ་གཉེར་སོགས་གཡེལ་མེད་བརྩོན་གྱུར་ན། །གསེར་ཉིད་ས་འོག་ནས་རང་འོད་ལྡང་བ་ལྟར། །དམ་པའི་རྣམ་འགྱུར་ཞིག་གསལ་བར་ཁོ་བོས་སྨྲས། །

སྤྲུལ་སྐུ་བྷ་ཝའི་མཚན་ཅན་ལ་བརྟགས་ལུང་གནང་བ།

༈ སྤྲུལ་སྐུ་བྷ་ཝའི་མཚན་ཅན་ལ་བརྟགས་ལུང་གནང་བ། རབ་འབྱམས་ཞིང་གི་རྒྱལ་ཀུན་ཐུགས་རྗེའི་གཟུགས། །གཅིག་བསྡུས་སྐྱེ་རྒུའི་ཉི་མ་ཨོ་རྒྱན་རྗེ། །འཇིགས་བརྒྱད་འཁོར་མཚོ་ལས་སྒྲོལ་འཕགས་མ་དང་། །དབྱེར་མེད་གྲུབ་དབང་བྱང་ཆུབ་རྡོ་རྗེར་འདུད། །ཀྱེ་ཧོ། སྔོན་འདས་ད་ལྟ་མ་འོངས་དུས་ཀྱི་མཐའ། །ཇི་བཞིན་མཁྱེན་འདི་རྫོགས་སངས་རྒྱས་ལས་སུ། །བདག་འདྲ་ལས་ཉོན་ཁུར་གྱིས་རབ་ནོན་པའི། །འཆིང་ལྡན་དཀོར་ཟན་མངོན་ཤེས་རེ་བྲལ་ཡང་། །མཚོ་སྐྱེས་རྗེ་དང་གྲུབ་དབང་རྗེ་བཙུན་མས། །རྗེས་སུ་བཟུང་ལས་ཕྱོགས་ཙམ་སྨྲ་ལ་དབང་། །ལུང་རིག་ཆོས་སྤྱན་ཡངས་པའི་ནིརྨ་ཀཿ བྷ་ཝའི་མཚན་ཅན་སྔོན་དུས་འཕགས་ཡུལ་གྱི། །སྙིང་རྗེའི་གཏེར་གྱིས་རྗེས་བཟུང་དགེ་བསྙེན་མཆོག །གྲུ་འཛིན་ཞིང་བགྲོད་ལྕགས་ཀྱི་བྱིན་པ་ཅན། །དེ་འོག་པདྨ་སཾ་བྷའི་ཐུགས་ཟིན་པ། །ཕུར་བ་ཕྱི་ལྟར་བཀའ་བབས་མཆོད་གནས་ཞེས། །དེ་འོག་ཀོང་པོར་སངས་གླིང་ཡབ་སྲས་ཀྱི། །དགོངས་འདུས་ཡིག་མཁན་བུདྡྷ་པྲ་བྷར་གྲགས། །དེ་འོག་འགྲོ་མགོན་དུང་མཚོ་རས་པ་ཡི། །བདེ་ལམ་གྲོགས་མཛད་སྔགས་ཡུམ་ཆོས་བཟང་མོ། །དེ་ནས་མང་བརྒྱུད་གྲུབ་དབང་བླ་མ་ཡིས། །རྗེས་བཟུང་གྲུབ་རིགས་ས་མནྟ་བྷ་ཏྲ། །ད་ལྟའི་སྐྱེ་འདིར་ཀློང་སྙིང་ཟབ་ཆོས་ལ། །མི་ཕྱེད་དད་ཐོབ་རྩ་གསུམ་སྲུང་མར་བརྟེན། །མཚོ་རྒྱལ་བྱིན་ཐོབ་ལུང་རིག་མིང་ཅན་གྱི། །ཟབ་ཆོས་ཐུགས་སྒྲུབ་ཟླ་བ་སྤྲིན་བྲལ་གྱི། །ཡན་ལག་ཆོས་ལ་དབང་བ་ཉེར་ལྔའི་གྲལ། །དཔལ་གྱི་མཆོད་གནས་མ་ཡི་སྐྱེ་བའི་མཐའ། །ལྟེ་སྙིང་སྨེ་བའི་ཐིག་ལེས་སྤྲས་པ་ཡི། །མཚན་ལྡན་རྒྱུད་དུལ་རིག་གསལ་དེ་ཀ་རང་། །ལྷག་ལྷ་ཐུགས་རྗེ་ཆེན་པོ་དེ་ཉིད་ཀྱི། །བསྙེན་ཚད་གྲུབ་ཚེ་འབྲེལ་ཐོག་འདྲེན་ནུས་ཤིང་། །ཕྱི་མ་དཔལ་རིར་རིག་འཛིན་གྲལ་དུ་འཁོད། །རིག་རྩལ་ཊཱཀྐིའི་བརྡ་ལས་ཤར་བ་བཞིན། །རོ་སྙོམས་ངང་ནས་ལུང་རིག་གླིང་པས་སྨྲས། །དགེ་བས་གེགས་ཞི་དོན་གཉིས་ལྷུན་གྲུབ་ཤོག །

ལུང་ཟིན་སྐལ་ལྡན་ཞིག་གི་དྲིས་ལན་ལུང་བསྟན།

༈ ལུང་ཟིན་སྐལ་ལྡན་ཞིག་གི་དྲིས་ལན་ལུང་བསྟན། པདྨ་འབྱུང་དང་འཇིགས་སྒྲོལ་འཕགས་མ་ལ། །གུས་པས་བཏུད་དེ་རང་དང་ཚེ་སྔོན་ནས། །པདྨའི་ལུང་གིས་སྦྲེལ་བའི་སྐལ་ལྡན་དེར། །དྲིས་ལན་གང་ཤར་རོལ་མོའི་སྒྲ་སྙན་འབུལ། །འདི་ལོ་ནས་བཟུང་བགྲང་བྱ་ང་དྲུག་བར། །ལོ་ལྟར་སྔོན་ལས་འཕྲལ་རྐྱེན་དུས་སྨིན་པས། །མི་འདོད་ཉེར་འཚེའི་ནད་ཀྱི་ཟུག་རྔུ་དང་། །གཞན་གྱིས་བསྟོད་བསྔགས་ལོངས་སྤྱོད་སྤྲིན་ཀྱང་འདུས། །སྔ་མ་སེལ་ཐབས་ལོ་ལྟར་པད་འབྱུང་གི། །གསོལ་འདེབས་ཚིག་བདུན་འབུམ་ཕྲག་རེ་རེ་དང་། །ཉམས་ཆགས་སྐོང་བྱེད་ཡིག་བརྒྱ་འབུམ་ཕྲག་རེ། །སྨན་གྱི་བླ་མའི་ཆོ་ག་རྒྱས་བསྡུས་སྟོང་། །ནང་ནུབ་མཆོད་སྦྱིན་རྣམ་བཞི་ཆགས་མེད་གལ། །དེས་ནི་ངེས་པར་བར་ཆད་སེལ་ཞེས་སྨྲ། །སྡོད་གནས་རང་ཡུལ་གཞན་ཡུལ་གཉིས་ཀ་ལ། །བློ་གཏད་བརྟན་ཆགས་རེ་བ་མི་འོང་བས། །གཉིས་ཀར་ཅི་བདེ་དབེན་པའི་རི་ཁྲོད་དུ། །ཟླ་དྲུག་ཟླ་གསུམ་གང་ཡིན་བསྙེན་སྒྲུབ་ལ། །སྨྲ་བཅད་དམ་བཅའི་སྲོག་ཕུར་འཛིན་ནུས་ན། །གང་འབྲེལ་དོན་ལྡན་ཅི་བྱས་ལམ་དུ་འགྲོ། །རྟག་ཏུ་རྣམ་གཡེང་དཀོར་འབྱམས་ལ་ཞེན་ན། །གྲིབ་དང་མི་གཙང་གཞན་གྱི་བྱད་ཕུར་སོགས། །བར་ཆད་རྐྱེན་འགའ་མི་འོང་ངེས་པ་མེད། །བགྲང་བྱ་སོ་དྲུག་སྐབས་དེར་ངེས་པར་གེགས། །རང་གིས་བསྙེན་བསྒྲུབ་གཞན་ལ་མཆོད་སྦྱིན་སོགས། །རིམ་གྲོས་ཐེག་ན་འཚོ་བའི་ཚེ་ཡང་བསྲིང་། །སྔོན་ལས་འབྲེལ་བའི་སྐྱེས་བུ་དམ་པ་ཡི། །བཀའ་བཞིན་གཙུག་ལག་གསོ་དང་དགེ་འདུན་སྡེ། །བྱམས་བརྩེའི་ཐུགས་ཀྱིས་ཡང་དག་ལམ་བཀོད་ན། །ལོ་འབྲས་ལེགས་པའི་སོག་མ་ཇི་བཞིན་དུ། །ལོངས་སྤྱོད་འབྱོར་བ་རྩོལ་མེད་ཚུལ་དུ་འོང་། །

སྤྲུལ་སྐུ་ཞིག་ལ་བསྩལ་བའི་བརྟགས་ལུང་།

༈ སྤྲུལ་སྐུ་ཞིག་ལ་བསྩལ་བའི་བརྟགས་ལུང་། རྩ་གསུམ་རྒྱལ་བའི་སྤྱི་གཟུགས་མཚོ་སྐྱེས་རྗེ། །ཚེ་རབས་ཀུན་ཏུ་མགོན་མཛད་སྒྲོལ་མ་ཡུམ། །བྱང་ཆུབ་སྙིང་པོའི་གོ་འཕང་ལག་མཐིལ་དུ། །སྦྱིན་མཛད་རྩ་བའི་བླ་མར་སྙིང་ནས་འདུད། །གང་ཁྱོད་གེགས་ཞི་དོན་གཉིས་འགྲུབ་བྱིན་རློབས། །སྙིགས་དུས་གཞན་རྐྱེན་ཉེར་འཚེའི་འཚུབས་མ་མང་། །བདེ་སྡུག་མཐའ་གཅིག་ཁ་ཚོན་ཆོད་དཀའ་ཡང་། །མཆོག་གསུམ་གསོལ་བཏབ་རྟེན་འབྲེལ་ཉམས་ཀྱི་རྩལ། །འཆར་སྒོ་འགགས་མེད་རང་མདངས་འདི་བཞིན་ནོ། །སྐྱེས་ཐོབ་ཤེས་རབ་སྤྱན་ཡངས་སྤྲུལ་པའི་སྐུར། །ཚེ་གེགས་གཞན་རྐྱེན་ཆོས་གེགས་འགའ་ཡང་སྣང་། །ཁྲ་བོར་བདེ་སྡུག་རི་མོ་སྤེལ་མ་བཀྲ། །བཅོམ་ལྡན་སྨན་པའི་རྒྱལ་པོར་གསོལ་བཏབ་སེལ། །བློ་ལྡན་གཅིག་པུར་གནས་ཚེ་གཞན་གྱིས་འཚེ། །སྨོན་འཇུག་སེམས་ཀྱི་ཉམས་ལེན་གནད་དུ་རྡེག །འཁྱོགས་འགྲོས་སྐྱོན་གྱི་སྤྲིན་གོས་མ་ཀླུབས་ན། །མགྲིན་སྙན་གླུ་ཡིས་འགའ་ཞིག་དགའ་སྟོན་ངོམས། །དུག་ལྡན་ལྕེ་རྩེས་འཕྲལ་རྐྱེན་ཟུག་རྔུ་སློང་། །རྩ་གསུམ་བསྙེན་སྒྲུབ་ནུས་པའི་གླ་རྩི་འཆོངས། །ཅང་ཤེས་གོམས་སྟབས་དགེ་བའི་ཕྱོགས་སུ་ལེན། །ཟབ་དོན་གདམས་པས་བདག་འཛིན་རྫུན་ཕུག་རྡིབ། །གཡང་དཀར་གོས་སུ་གྱོན་འགར་ཆོ་ལོ་འགྱེད། །སྤྲེའས་རོ་མངར་ཤིང་ཏོག་མ་བླངས་ན། །འདབ་ཆགས་ཁྱུ་བཞིན་ཕྱོགས་སུ་འཐོར་ཡང་སྲིད། །བཅུ་ཕྲག་གསུམ་ལ་ཉེ་བའི་མཚམས་ཤིག་ཏུ། །རང་གནས་ཆོས་ཀྱི་ལྡེའུ་མིག་ཐོབ་ན་ཡང་། །སྙོམ་ཆུང་བརྙས་པའི་ཟླ་བོས་སླེབས་གྱུར་ན། །གཤོག་རླབས་ཡངས་པ་གལ་ལ་འཛེམས་གལ་ཆེ། །གང་ཤར་ཚིག་གི་ཕྲེང་བར་བརྒྱུས་པ་འདི། །དོན་ལ་བརྟོན་པ་ལུང་རྟོགས་མིང་གིས་ཕུལ། །

སྐལ་ལྡན་སྐྱེས་བུ་ཞིག་ལ་བསྩལ་བའི་ལུང་བྱང་།

༈ སྐལ་ལྡན་སྐྱེས་བུ་ཞིག་ལ་བསྩལ་བའི་ལུང་བྱང་། སྲིད་གསུམ་འགྲོ་བའི་སྡུག་བསྔལ་སེལ་བའི་སྨན། །བདེ་ལེགས་ཕུན་ཚོགས་ཡོན་ཏན་འབྱུང་བའི་གཏེར། །དམ་ཆོས་རིན་ཆེན་མ་ལུས་མཛོད་འཛིན་པ། །བླ་མེད་བླ་མ་པདྨ་འབྱུང་གནས་རྒྱལ། །དམ་པའི་ཆོས་ལ་ཐུགས་བརྩོན་མི་དམན་པའི། །སྐལ་ལྡན་སྐྱེས་བུའི་བཞེད་དོན་གང་ཡིན་པ། །འགྲུབ་པའི་དཔང་པོར་ཨོ་རྒྱན་ཆེན་པོ་དང་། །དབྱེར་མེད་རྗེ་བཙུན་འཕགས་མ་སྒྲོལ་མར་བསྙེན། །ངོ་མཚར་ལྡན་པའི་ལྷ་དང་བླ་མ་ལ། །ཁྱེད་ཤེས་བརྟན་པོས་གསོལ་འདེབས་བརྩོན་གལ་ཆེ། །ཁྱད་པར་སྒྲུབ་གནས་བྱིན་ཆེན་དབེན་པ་རུ། །བླ་སྒྲུབ་ཚིག་བདུན་གསོལ་འདེབས་འབུམ་ཕྲག་དང་། །སྒྲོལ་མའི་བསྙེན་སྒྲུབ་ཡི་དམ་ཚོགས་བསྐང་དང་། །རང་གི་ཚེ་རབས་འབྲེལ་ཟབ་མ་མགོན་གཟའ། །དམ་ཅན་སྲུང་མས་བར་ཆད་དབྱིངས་ནས་སེལ། །ཡུན་རིང་དགེ་བའི་ལས་ལ་བརྩོན་པའི་སེམས། །གང་ཡིན་དེ་ལ་རྐྱེན་དབང་མ་ཤོར་བར། །རང་དབང་རང་ཚུགས་ཆོས་པའི་དམ་བཅའ་ལ། །རྒྱུན་དུ་འབད་པ་མཁས་པའི་ཉམས་ལེན་ཡིན། །ཚེ་ཡི་ཚད་ཀྱང་ངེས་པ་འགའ་མེད་ན། །བར་ཆད་སེལ་ཐབས་ཚེ་ཐར་སྲོག་སྐྱབས་དང་། །ལུས་སྦྱིན་གསུར་མཆོད་ཆུ་གཏོར་རྒྱུན་ཁྱེར་དགོས། །གཞན་ལ་ཕན་པའི་རྩ་བ་བྱང་ཆུབ་སེམས། །དགེ་བའི་བཤེས་དང་དགེ་གྲོགས་བསྙེན་བཀུར་དང་། །མདོ་སྡེའི་དཔེ་བཀླགས་མཁས་པའི་ཞལ་རྒྱུན་སློབ། །ཡན་ལག་བདུན་གྱི་ཚོགས་གཉིས་ཡར་ཟླ་བཞིན། །གོང་དུ་འཕེལ་བས་གང་བསམ་འགྲུབ་ངེས་སོ། །དེ་སྐད་ཚིག་གི་ཕྲེང་བ་འདི། །བཅོས་མེད་རིག་རྩལ་ལུང་བྱང་སྙིང་ལ་ཆོངས། །ཆོས་གཟུགས་རྒྱལ་ཁམས་ཉུལ་བའི་བྷུ་སུ་ཀུ། །རྒྱ་རྒན་སྤྲུལ་མིང་གང་དེས་སྨྲས་པ་དགེ།།

ཆོས་བདག་སློབ་བུ་ཞིག་ལ་བསྩལ་བའི་ལུང་བྱང་།

༈ ཆོས་བདག་སློབ་བུ་ཞིག་ལ་བསྩལ་བའི་ལུང་བྱང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། དཔལ་གྱི་མཆོད་གནས་མ་ཡི་སྤྲུལ་པ་ནི༔ རིགས་བཟང་བློ་གསལ་རྒྱུད་དུལ་ཤེས་རབ་ཆེ༔ འབྲུག་གམ་སྦྲུལ་གྱི་ལོ་པ་སྙིང་སྨེ་ཅན༔ གསལ་ལམ་གྲགས་པའི་མིང་ཅན་སྐྱེས་བུ་དེ༔ ཕྱི་སྒྲུབ་ཐུགས་ཆེན་ཟླ་བ་སྤྲིན་བྲལ་དང༔ ནང་སྒྲུབ་དབང་ཆེན་སྣང་སྲིད་ཟིལ་གནོན་གྱི༔ ཆོས་ཀྱི་བདག་པོ་ཡིན་པས་ཉམས་བླང་ན༔ རང་གཞན་དོན་གཉིས་འགྲུབ་པར་སོམ་ཉི་བྲལ༔ ས་མ་ཡཱ༔ གུ་ཧྱ༔

ལུང་ཟིན་སྐལ་ལྡན་ཞིག་ལ་བསྩལ་བའི་བརྟགས་ལུང་།

༈ ལུང་ཟིན་སྐལ་ལྡན་ཞིག་ལ་བསྩལ་བའི་བརྟགས་ལུང་། དྲི་མེད་དྭངས་པའི་ཆུ་གཏེར་དབུས། །རང་བྱུང་ལྷུན་གྲུབ་སྤྲུལ་པའི་སྐུ། །བཀའ་དྲིན་མཚུངས་མེད་ཨོ་རྒྱན་རྗེ། །བྱང་ཆུབ་བར་དུ་སྤྱི་བོས་མཆོད། །གསོན་དང་སྐལ་བ་ལྡན་པ་ཁྱོད། །ད་ལྟ་ཆོས་དང་བླ་མ་འཛོམས། །རང་ཡང་སྔོན་གྱི་ལས་འཕྲོ་བཟང་། །ལྷ་དང་བླ་མའི་ལུང་གིས་ཟིན། །འོན་ཀྱང་ད་ལྟའི་སྐྱེ་བ་འདིར། །ཚེ་ཡི་བར་ཆད་བཞི་འམ་ལྔ། །ཉེར་བདུན་སོ་དྲུག་ཞེ་ལྔ་དང་། །ཞེ་དགུ་ང་བཞིའི་འཕྲང་སྒྲོལ་དཀའ། །དང་པོ་གསུམ་དེའི་ཀེག་བཟློག་ཐབས། །ཚེ་སྒྲུབ་བདུད་རྩིའི་བུམ་བཅུད་ཀྱི། །བསྙེན་སྒྲུབ་རྒྱུན་དུ་ཆད་མེད་དང་། །ཚེ་ཐར་སྲོག་བསླུ་ཉེ་འུ་འདོན། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ། །དཔྲལ་བའི་མིག་ལྟར་གཅེས་སྤྲས་དང་། །བསྙེན་སྒྲུབ་གསང་རྒྱ་མ་འཆོར་གལ། །འཕགས་པའི་གནས་བརྟན་བཅུ་དྲུག་གི། སྐུ་བཞེངས་ཕྱག་མཆོད་ཁ་འདོན་དགོས། །གཞན་ཡང་ཆོས་ཀྱི་བར་ཆད་དག །སེལ་ཐབས་ངེས་འབྱུང་སྐྱོ་ཤས་དང་། །འདིར་སྣང་སྒྱུ་མའི་བསླུ་བྲིད་ཀུན། །སྙིང་པོ་མེད་པའི་ངང་ཚུལ་ལ། །མཁས་ཤིང་གྲུབ་པའི་དབང་པོའི་དྲུང་། །དབུ་མ་རིགས་པའི་ཚོགས་དྲུག་གི། ཉན་བཤད་ཡིད་ལ་འཇགས་པར་གྱིས། །སྡོད་གནས་ཐ་མལ་གྲོང་ཡུལ་མིན། །དབེན་གནས་དམ་པའི་ཕ་ཁྱིམ་ཟུངས། །སྲུང་མ་དཔལ་ལྡན་རེ་མ་ཏཱི། །འགོ་ཞིང་གྲོགས་བྱེད་ལྟས་བཟང་ཤར། །དེ་ཕྱིར་ལོ་ལྟར་ཚོགས་བརྒྱ་དང་། །བསྐང་སྟོང་མངའ་གསོལ་བསང་བརྒྱ་དང་། །འབྲེལ་བར་རྟོགས་པའི་ཟིལ་གྱིས་གནོན། །སྒྱུ་ལུས་ཕུང་པོའི་མཆོད་སྦྱིན་ལ། །ཉམས་ལེན་དམར་ཐག་ཆོད་པ་གཅེས། །སྦྱིན་བདག་སྣང་སྲིད་ལྷ་འདྲེ་ལ། །མ་ཡིས་བུ་གཅེས་སྐྱོང་བ་ལྟར། །ཤ་ཁྲག་དྲོན་མོ་གསོས་སུ་བྱིན། །དེས་ཀྱང་རང་གི་ཕ་མ་ལྟར། །ངེས་པར་འཚོ་བ་སྦྱར་ཏེ་འོང་། །སྐལ་ལྡན་སྐྱེས་བུའི་སྙིང་ལ་ཕུལ། །དགེ་སྦྱོང་ལུང་རིག་གླིང་པ་ཡིས། །བཅོས་མིན་རིག་པའི་རྩལ་ལས་ཤར། །

དམ་པ་ཞིག་གི་མཛད་པ་ལ་བར་ཆད་བཟློག་པའི་བརྟགས་ལུང་།

༈ དམ་པ་ཞིག་གི་མཛད་པ་ལ་བར་ཆད་བཟློག་པའི་བརྟགས་ལུང་། མཆོག་གསུམ་གསོལ་བཏབ་རྟེན་འབྲེལ་ལས། །དམ་པའི་མཛད་པ་ཕལ་མོ་ཆེར། །ཉེར་འཚེའི་སྐྱི་བསེར་ལིང་མ་ལོངས། །བཟློག་ཐབས་རྒྱལ་དབང་པད་འབྱུང་གི། །མཛད་པ་ངོ་མཚར་རྨད་བྱུང་བའི། །གསོལ་འདེབས་རྒྱུན་ཁྱེར་ཞལ་འདོན་དང་། །ཡར་ངོའི་ཚེས་བཅུར་ཨོ་རྒྱན་དང་། །མར་ངོའི་ཚེས་བཅུར་སྒྲོལ་མ་ཡི། །ཚོགས་བསྐང་ཡིག་བརྒྱ་རྒྱུན་འདོན་དང་། །དུས་རྒྱུན་དུད་སོལ་ལྷ་མོ་ལ། །བློ་གཏད་གསོལ་མཆོད་ཚོགས་བསྐང་དང་། །ཚིག་བདུན་གསོལ་འདེབས་ཅི་མང་དང་། །བསམ་ལྷུན་ལ་སོགས་འབད་ནུས་ན། །ཅི་བསམ་འགྲུབ་པར་ཐེ་ཚོམ་བྲལ། །

བརྟགས་ལུང་མཇུག་མི་ཚང་བ་ཞིག

༄༅། བརྟགས་ལུང་མཇུག་མི་ཚང་བ་ཞིག རྟེན་འབྱུང་བསླུ་མེད་སྟོང་ཉིད་ཟབ་མོའི་གཤིས། །རྟེན་འབྲེལ་ཚུལ་གྱིས་ངེས་པར་ཐུགས་ཆུད་ནས། །རྟེན་འབྲེལ་ལས་ཀུན་གདུལ་བྱའི་འགྲོ་ལ་སྟོན། །རྟེན་འབྲེལ་ཀུན་མཁྱེན་ཤཱཀྱའི་རྒྱལ་པོར་འདུད། །བདག་འདྲ་སོ་སྐྱེས་བྱིས་པའི་ངང་ཚུལ་ཅན། །སྔ་མའི་གཏམ་གྱི་བཤད་འཕྲོ་བརྗེད་འགྱུར་ན། །གཞན་ལ་སྔ་ཕྱིའི་སྐྱེ་བ་ལུང་སྟོན་པ། །གཟུ་བོར་གནས་པས་བརྟགས་ན་གད་མོའི་ཡུལ། །འོན་ཀྱང་དད་པ་ཅན་གྱི་བློ། །སུན་འབྱིན་ལྟུང་བར་རྒྱལ་བས་གསུངས། །དེ་ཕྱིར་པད་འབྱུང་འཕགས་མ་ལ། །འབྲལ་མེད་གསོལ་བ་བཏབ་པའི་འབྲས། །བདེ་གསལ་ཉམས་ཀྱི་ཨ་དརྴ། །འབྱུང་འགྱུར་རྟེན་འབྲེལ་གཟུགས་སྣང་བ། །རེ་དོགས་སྤངས་ཏེ་འདི་སྐད་སྨྲ། །སྐྱེ་སྔོན་བསོད་ནམས་བསགས་ཏེ་དལ་འབྱོར་ལུས། །ད་ལྟ་རང་གཞན་འབྱོར་བ་ཕུན་སུམ་ཚོགས། །མ་འོངས་སྐྱེ་བ་བཟང་ངན་ཅིར་འགྱུར་བ། །ད་ལྟ་རང་གི་ལག་ན་ཡོད་སྐབས་འདིར། །རྣམ་གཡེང་མ་བྱེད་རེ་འགའ་སྒྲུབ་ཚུགས་ཟུངས། །ཚེ་འདིའི་བདེ་སྐྱིད་གློག་གི་རོལ་རྩེད་འདྲ། །ངེས་པར་བརྟགས་ན་སྙིང་པོ་འགའ་མ་མཆིས། །ལུས་སེམས་དར་རྒུད་སྒྱུ་མའི་འཁྲུལ་འཁོར་བཞིན། །ཆ་ཤས་སོ་སོར་ཕྲལ་ན་སྙིང་པོ་དབེན། །ལུས་ངག་ཡིད་གསུམ་ཚོགས་གཉིས་མཛོད་ཁང་འདྲ།་་་་་་མཇུག་མ་ཚང་།

རྒྱ་བླ་བྲང་ལ་ལུང་བསྟན་སྐུ་རིམ།

༄༅། རྒྱ་བླ་བྲང་ལ་ལུང་བསྟན་སྐུ་རིམ། མཆོག་གསུམ་གསོལ་བཏབ་རྟེན་འབྲེལ་བརྟགས་པར། །རང་བབས་གཤིས་ཀྱི་གནས་ལུགས་གདངས། །རྟེན་འབྲེལ་རོལ་པར་སྟོན་མཛད་པ། །གུ་རུ་པདྨ་རྫོགས་ཆེན་པ། །དབྱེར་མེད་མོས་པས་སྙིང་ནས་བརྟེན། །རང་རྩལ་ཌཱཀྐིའི་ལུང་བྱང་ལས། །ལོ་གཅིག་རང་ཁྱིམ་སྐྱ་སེར་དང་། །བུད་མེད་བྱིས་རྒན་རྟ་ནོར་ལ། །སྦྲུལ་གདུག་འཁྱིལ་འདྲའི་རྩུབ་ལྟས་འདུག །བཟློག་ཐབས་རིམ་གྲོ་ཕྲ་ཞིབ་ནི། །ཁོ་བོ་དབོན་བཅས་དགོན་པའི་གཏོར། །སྒྲོལ་མ་འབུམ་ཐེར་གསུང་སྒྲོགས་དང་། །མཎྜལ་བཞི་ཆོག་བརྒྱ་ཚར་གཅིག །ཁྱིམ་སར་ཐུགས་རྗེ་ཆེན་པོ་ཡི། །ཆོ་ག་གནས་འདྲེན་སྤེལ་མ་སྟོང་། །རྣམ་རྒྱལ་གཙོར་གྱུར་མཆོད་རྟེན་བརྒྱ། །ཆབ་གཏོར་འབུམ་ཐེར་ལྷ་མོ་དང་། །མགོན་པོའི་གསོལ་ཁ་ཚེ་སྒྲུབ་ནི། །རྟགས་ཐོན་ཚེ་བསྙེན་འབུམ་ཚེ་འགུགས། །བརྒྱ་རྩ་བརྒྱད་སྟོང་ཚར་བཅུ་གསུམ། །བརྒྱ་བཞི་ཕྱོགས་བཞི་བཀའ་བརྒྱད་ཀྱི། །ལས་ཚོགས་གྲི་འདུལ་ཕུར་སྒྲུབ་དང་། །འབྲེལ་བའི་སྲི་མནན་ལེགས་བསྒྲུབ་ན། །རྟ་ཡིས་སྟོན་ཐོག་མ་ཟོས་བར། །གེགས་མེད་བདེ་ལེགས་འབྱུང་བར་ངེས། །ལོ་གསུམ་རྫོགས་མཚམས་རང་མཉམ་གྱི། །དགྲ་ཡིས་བསླུ་བར་འདུག་ངེས་ན། །སུ་ལ་བློ་གཏད་མི་འཆའ་བར། །ཨོ་རྒྱན་རྗེ་དང་སྒྲོལ་མ་ལ། །བློ་སྙིང་གཏོད་པའི་གསོལ་འདེབས་དང་། །སྐུ་བཞེངས་གསུང་སྒྲོགས་སྐྱབས་འགྲོ་དང་། །མཎྜལ་སྤྲང་སྦྱིན་ཚོགས་མཆོད་འབད། །སྦྲུལ་ལྕེས་མི་བདེའི་ཟུག་རྔུ་སློང་། །ཕུར་སྒྲུབ་རང་ལུགས་གསོལ་ཁ་དང་། །སྔ་མའི་རིམ་གྲོ་དེ་ཡིས་བཟློག །རྟ་ཡི་འཕྲ་ཁས་ཡན་ལག་སྙད། །སྨན་རྒྱལ་ལྷུང་བཟེད་བཅུད་འཐུང་སོས། །ལུག་གི་འབའ་སྒྲ་སྙིང་ལ་འཛེར། །མཆོད་སྦྱིན་རྒྱལ་པོའི་འཕྲིན་ཆས་སེལ། །སྤྲེའུ་མེ་ཁྱེར་རྩི་སྦུར་བསྲེག །སྔགས་སྲུང་སྤྱན་ཆབ་ཁོལ་བས་གཞིལ། །བྱ་ཡི་གཤོག་ཐོག་ཞོན་དགོས་ན། །བཤེས་གཉེན་བཅུ་གསུམ་སྙི་ལ་ཐོགས། ཁྱི་དམར་མཆེ་རྩེའི་དུག་གིས་གཟིར། །པདྨའི་འབྲུག་སྒྲས་སྙིང་ཀར་འབིགས། །ཕག་ནག་ལྟོ་བར་འཛུམ་དོགས་ཡོད། །ཤེས་རབ་བུ་མོའི་མངལ་ལ་ལྟོས། །གུ་ཧྱཿ

ངེས་ལེགས་བླ་བྲང་གི་བརྟགས་ལུང་།

༄༅༎ ངེས་ལེགས་བླ་བྲང་གི་བརྟགས་ལུང་། རྒྱལ་ཀུན་སྤྱི་གཟུགས་བླ་མ་ཨོ་རྒྱན་རྗེ། །འཇིགས་ཀུན་སྐྱོབས་མཛད་འཕགས་མ་ལྷག་པའི་ལྷ། །དབྱེར་མེད་རིགས་བརྒྱའི་ཁྱབ་བདག་རྫོགས་ཆེན་པ། །མི་འབྲལ་སྙིང་གི་པདྨོར་གུས་པས་མཆོད། །བདག་འདྲ་སོ་སྐྱེས་འཕགས་པའི་ཚུལ་བསྟན་ཀྱང་། །ལས་དང་ཉོན་མོངས་ཞགས་པས་དམ་འཆིང་ན། །ལྐོག་གྱུར་ཇི་བཞིན་གཟིགས་ལ་རེ་བ་ཅི། །འོན་ཀྱང་ཉིད་གསུང་མི་ལྡོག་གུས་བླངས་ནས། །ཚེ་རབས་སྔོན་ནས་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་རིགས་བདག་པད་འབྱུང་ཡབ་ཡུམ་དང་། །གྲུབ་དབང་བླ་མ་རྗེ་བཙུན་སྒྲོལ་མ་ལ། །གསོལ་བཏབ་ཉམས་ཀྱི་སྣང་བར་གང་མཐོང་བ། །བདེན་རྫུན་ཅི་ཤེས་རེ་དོགས་བྲལ་བར་སྨྲ། །མདོ་སྨད་བསྟན་པའི་མངའ་བདག་རྫོགས་ཆེན་པའི། །ཐུགས་ཟིན་སློབ་མ་རིམ་བཞིན་བར་མ་ཆད། །ངེས་ལེགས་བླ་སྤྲུལ་རྣམ་གཉིས་སྐུ་ཕྱྭ་ལ། །བར་ཆད་ཡོད་མེད་ཡོད་ན་བཟློག་ཐབས་རྣམས། །བརྟགས་པའི་རྟེན་འབྲེལ་འཆར་སྒོ་འདི་བཞིན་བྱུང་། །ཕག་ལོར་བདེ་སྐྱིད་ཉི་མ་ཕྱམ་བརྡལ་ལ། །ལོག་སྦྱོར་འཚེ་བའི་སྲིན་བུ་ཕག་ལ་ཡིབ། །བྱི་བས་བསགས་པའི་ནོར་རྫས་ཆེ་ཕྲ་ལ། །མཐོ་དམན་མ་ངེས་རྩོད་ཅིང་གཤེ་བའི་ལྟས། །རང་གིས་ཚེ་སྔོན་བསྙེན་པའི་བསྲུང་མ་ཆེ། །གནོད་སྦྱིན་དམར་པོའི་གསོལ་མཆོད་རྟེན་གསར་ཚུགས། །བར་ཆད་ལྟས་དེ་ལྟས་ངན་གཡང་དུ་ཁུག །གཤིན་རྗེའི་ཆིབས་ཀྱི་གླང་རྒོད་རྭ་རྩེ་ཡིས། །ལེགས་བྱས་དར་གྱི་ཡོལ་བ་སྲུབ་རལ་དོགས། །གཡེལ་མེད་ཚེ་ལྷའི་བསྙེན་སྒྲུབ་ཚད་ལྡན་དང་། །པད་འབྱུང་སྐྱེས་རབས་རི་མོ་གསར་བཞེངས་ནས། །སྲོག་བསླུ་ཉེ་འདོན་ཚེ་ཐར་དགེ་བསྐུལ་རེམས། །རི་བོང་གཟུགས་འཛིན་ཟླ་བའི་བསིལ་ཟེར་གྱིས། །མུན་སེལ་དགེ་བའི་འོད་དཀར་བདེན་བུན་འཆར། །གསེར་འབྲུག་སེར་པོའི་སྒྲ་དེ་ལྡིར་ཆེ་ཡང་། །གེགས་བཟློག་རིམ་གྲོའི་རྒྱབ་བརྟེན་དགོས་སོ་ལོ། །གཡུ་སྦྲུལ་སྨན་དུག་ལྕེ་ཡིས་དབྱི་རོང་གི། །ཡུལ་སྡེ་བལ་འདབ་རླུང་བསྐྱོད་བཞིན་འགྱུར་ན། །རྒྱལ་ཡུམ་འཕགས་མ་པད་འབྱུང་རྩ་གསུམ་ལྷར། །བློ་གཏད་གཏོ་རིམ་དཔུང་དེ་རྒྱ་ཆེར་དགོས། །དེ་དུས་རང་གི་དགོན་སྡེ་འཚེ་དོགས་མེད། །གཞན་ཕན་བྱ་བར་བརྩོན་དགོས་ནིརྨ་ཀཿ ཅང་ཤེས་གོམ་སྟབས་ཕྱོགས་བཅུར་བགྲོད་པའི་སྐབས། །ཕན་གནོད་བྱེ་བྲག་ཕྱེད་པའི་ཤེས་རྩལ་སྦྱོངས། །དཀའ་ཡང་དང་དུ་བླང་འོས་མཆོག་གསུམ་རྟེན། །ས་གནད་སོ་སོར་བཞེངས་ན་སྤྱི་སྒེར་ཕན། །གཡང་མོའི་འབའ་སྒྲས་སྙན་ཁུང་གཙེར་ན་ཡང་། །རེ་དོགས་མཉམ་པའི་གུ་ཡང་ངང་དུ་ཀློད། །སྤྲེའུའི་གར་བཞིན་འཇིགས་བརྒྱད་སྣ་རེ་དང་། །བདེ་སྡུག་སྣ་ཚོགས་མི་འོང་ངེས་མེད་པ། །རྩ་གསུམ་རྗེར་ཁུར་བསྲུང་མ་བྲན་དུ་ཁོལ། །འདབ་ཆགས་རྒྱལ་པོའི་གཤོག་རླབས་བསྐྱོད་བཞིན་པས། །འདབ་ཆགས་ཕྲ་མོའི་ཚོགས་ཀྱིས་འཚེ་མི་ནུས། །ཀུ་ཀུའི་ཟས་ཀྱི་ཁྲོད་ནས་ནོར་བུའི་རྡོ། །རང་གཞན་འགའ་ལ་དགའ་སྟོན་སྦྱིན་ཀྱང་སྲིད། །བཅུ་གཉིས་ལོ་ཡི་ཕྲེང་བར་འབྱུང་འགྱུར་ལྟས། །སྤྱི་བརྟོལ་བསྐྱེད་དེ་རིག་རྩལ་ཤར་བཞིན་བྲིས། །

གསེར་རྟའི་བརྟགས་ལུང་།

༄༅། གསེར་རྟའི་བརྟགས་ལུང་། ཡང་ཅིག་གསེར་གྱི་རི་ལ་མངའ་བདག་གབ༔ སྟག་གི་བྲོས་སོ་འབྲོང་གི་རི་ལ་ཉལ༔ ཚོ་གསུམ་དབུས་མ་མི་བདེའི་ཟུག་རྔུ་རགས༔ མགོན་པོའི་ལྷ་གྲལ་བཀའ་སྡོད་རྐྱང་བས་བཟུང༔ ལྷ་སྲུང་གོ་མཚོན་སྲ་བས་གཞན་མི་འབིགས༔ དགུ་བདུན་མཚམས་ནང་ཚངས་པའི་མེ་ཏོག་ཡལ༔ གོས་སྔོན་བདག་པོས་བཀའ་ཁྲིམས་སྔོན་མེད་འོང༔ ཐབས་ཀྱི་ཞགས་པས་བཟུང་ན་ཆེར་མི་གནོད༔ དཔལ་གསུམ་ནང་ནས་དཔལ་གཅིག་ཕྱི་དགྲར་འོང༔ དམན་པའི་གྲོགས་ཀྱིས་བསླུས་པས་མི་ཁ་སྡུད༔ ཆབ་ཆེན་གཉིས་ཀྱི་གོ་མགོར་རྡོ་རིང་འཛུག༔ སྔར་མེད་འབྲུ་དྲུག་ལོ་མ་གསར་བྲན་ཚེ༔ ཁྲག་དང་སྦྲུལ་ལྕེ་རྐྱོང་བ་རེས་མོས་བྱེད༔ འབྲོང་གི་གཞི་སྡོད་རྨ་ཡི་རི་ལ་འབྲོས༔ དེ་བཟློག་རིམ་གྲོ་ལོ་ལྟར་ཚོགས་བདག་གི༔ བསྙེན་པ་དུང་ཕྱུར་བསྐང་གསོལ་འབུམ་ཕྲག་རེ༔ ཁྱད་པར་ཡུལ་སྐྱོང་བྲག་ལྷ་མགོན་པོ་ཡི༔ བསང་མཆོད་ཁྲི་དང་དར་སྲུང་འབུམ་ཕྲག་རེ༔ ཤར་དུ་ལམ་ཕྱེ་ལྷོ་རུ་སྲོག་བསླུ་སྟོང༔ ནུབ་ཏུ་མེ་བཙའ་བྱང་དུ་ས་སྦོས་པ༔ གཏར་ཁ་བརྒྱབ་པས་བཅུ་གཉིས་བར་བདེ་སྙམ༔ ལི་ཡི་མཁར་ལ་ནང་བུག་ཆེ་ཕྲ་དགུ༔ བཀྲ་ཤིས་གསེར་གྱི་མེ་ཏོག་མདངས་བཀྲ་ཡང༔ གཙུག་གི་རྒྱན་དུ་མི་རེ་ཅི་བདེར་བོར༔ བཤན་པའི་བཤའ་གྲིའི་རྩེ་ལ་ཁྲག་མདོག་འབར༔ མདོ་ཡི་གྲྭ་སྡེ་ཕལ་ཆེར་གཞན་ཡུལ་སྙོགས༔ ཕྱི་མཛེས་འབག་སྐུའི་ནང་རྟེན་ཡ་མ་བརླ༔ བླ་མེད་སྔགས་ཀྱི་སྤུན་འགས་འཐབ་ར་འཆའ༔ ཐང་རྒྱལ་སྤྲུལ་དང་སྒྲུབ་ཐབས་ཀྱིས་བཟློག་སྲིད༔ གཉུག་གནས་རཱ་ཛས་སྔོན་ལྷག་ངར་སྐད་འདོན༔ བྱི་གླང་འཐབ་པའི་བར་དེར་ཕྱོགས་འགར་བཀྲམ༔ དབང་གིས་བསྡུ་དང་གཏོར་བླུགས་རེས་མོས་ངོམ༔ གཙང་རོང་སྨད་ཀྱི་ཆབ་རོམ་དཔང་འཐུག་ཀྱང༔ དབུས་ནས་ཤར་བའི་ཉི་མས་བཞུ་ལ་ཉེ༔ རང་ཚུགས་མི་ཟིན་གཞན་ལ་སྡང་བ་ཡང༔ བདེ་སྡུག་སྟོན་ཀའི་སྤྲིན་བཞིན་གཏད་སོ་དབེན༔ ཆོས་ཀྱི་དར་མདུད་སྲ་ཡང་དམ་སེལ་མེས༔ མདུད་རྒྱ་འགྲོལ་ལ་མི་རིང་རིས་བཀྲ་ཁྲོས༔ ས་སྔོན་ཁང་པའི་སྟེང་དུ་གསེར་འཕྲུ་འཛུགས༔ དམར་པོའི་ཆོས་ཡང་གུར་གུམ་ཆབ་ཀྱིས་བསྒྱུར༔ ལྷ་རྩེའི་སྔགས་ཕྲེང་གས་ཆག་གྲུམ་རལ་མང༔ རྙིང་པ་བསྐྱུར་ནས་གོས་གསར་གང་ལེགས་གྱོན༔ ལྕགས་ཀྱི་མདའ་མོ་དུག་གི་མདེའུས་རྣོ༔ སྨན་དྲི་འཐུལ་བའི་རི་ལ་ས་བོན་རུལ༔ ཞྭ་དམར་བ་དན་གསེར་མདོག་ཚོན་གྱིས་བསྒྱུར༔ དེ་སྐད་ལྷན་སྐྱེས་ཌཀྐིས་བསྟན་པ་བཞིནཿ མདོ་མེད་སྤྲང་སྨྱོན་རྒྱ་སྤྲུལ་མིང་གིས་བྲིས༔

རྩང་སྟོད་སྨད་ཀྱི་བརྟགས་ལུང་ཤོག་བྱང་།

༄༅། རྩང་སྟོད་སྨད་ཀྱི་བརྟགས་ལུང་ཤོག་བྱང་། ཁམས་གསུམ་འགྲོ་བའི་སྐྱབས་གཅིག་རྫོགས་ཆེན་པ། །དུས་གསུམ་ཀུན་ཏུ་སྐྱབས་གནས་ཁྱེད་ལས་སུ། །སྒོ་གསུམ་ཆོས་ལ་མོས་པའི་སྤྲང་བན་བདག །སྲིད་གསུམ་སྡུག་བསྔལ་ལས་འདོན་ཁྱེད་རང་མཁྱེན། །དུས་གསུམ་ཚེ་རབས་ཀུན་ཏུ་ཆོས་དམ་གྱིས། །སྒོ་གསུམ་འགལ་མེད་སྦྲེལ་བའི་རྡོ་རྗེའི་སྤུན། །སྐུ་གསུམ་རྒྱལ་བའི་ཕྲིན་ལས་ཕོ་ཉ་བ། །ཁམས་གསུམ་འགྲོ་མགོན་བླ་མར་འདི་སྐད་ཞུ། །ཁམས་གསུམ་ས་དགུའི་སྒྲིབ་པ་ལས་གྲོལ་ནས། །སྐུ་གསུམ་རྒྱལ་སྲིད་རང་དབང་མ་ཐོབ་བར། །དུས་གསུམ་ཤེས་པའི་མངོན་མཁྱེན་ཡོད་མིན་ཏེ། །རྩ་གསུམ་བྱིན་མཐུས་ཉམས་ལ་འདི་བཞིན་ཤར། །སྒོ་གསུམ་དལ་མེད་སྲིད་པའི་གྲོང་ཁྱེར་འདི། །སྐལ་གསུམ་རྫོགས་པའི་རྩོད་ལྡན་ཐ་མ་ལ། །སྲིད་གསུམ་ཀུན་ཏུ་བདེ་བའི་སྐབས་མེད་ན། །སྐུ་གསུམ་སྟོན་པའི་ཐུགས་རྗེ་དུས་མི་ཡོལ། །ཁྱད་པར་འཛམ་གླིང་སྒང་དྲུག་མདོ་སྨད་འདིའི། །དཔོན་ཆུང་རེ་ལ་མིང་བཏགས་ཡུལ་ཚན་གསུམ། །རྩང་སྟོད་རང་མགོ་མི་ཐོན་གཞན་ལ་རེ། །ཉ་མོ་བཞིན་ཚོགས་ཧོར་སྡེའི་ཁྲ་ཡིས་ཟ། །བསྲུང་མས་གྲོགས་བྱེད་བཤེས་གཉེན་གྱིས་བཟུང་མཐུས། །རེ་ཞིག་བར་དུ་ཅུང་ཟད་བདེ་ཚུལ་སྟོན། །ཨ་མིང་ཅན་གྱི་ཡོས་བུ་སྟག་གོས་ཅན། །འགའ་ཡིས་བཀུར་ཡང་བྱི་བས་ཟོས་ནས་རལ། །བཟང་པོའི་ཚུལ་འཆང་དམ་པའི་བུམ་པ་དེ། །དམ་སེལ་གཡའ་དྲིས་གོས་པས་ནུས་པ་ཆུང་། །འདུས་པའི་ཆབ་སྲིད་བྱིའུ་བཞིན་ཚོགས་ཀྱང་། །རང་དགའི་ཚེར་ཕུང་རེ་ལ་ཅི་བདེར་གབ། །བྱི་བས་མི་བདེའི་ཟུག་རྔུ་གསར་དུ་སློང་། །གླང་རྒན་ལྷས་ནས་ཉལ་བཞིན་ཉམས་དམས་གུད། །སྟག་གི་མངའ་འོག་སོང་བས་ཕྱི་དགྲ་ཉུང་། །ཡོས་ཀྱི་སྡོད་གནས་ཇི་བཞིན་གཏད་སོས་དབེན། །འབྲུག་རྔ་འགགས་པས་མུན་ནང་སྡོད་པ་བཞིན། །སྦྲུལ་གདུག་མུ་ཁྱུད་ཞགས་པས་ཕྱི་ནས་འཁྱུད། །ཡང་ཅིག་སེང་གེའི་གདོང་གི་གླེགས་བམ་ངོས། །མི་རུང་ཁྲག་ཐིགས་སྣག་ཚ་གླང་གིས་བྱུགས། །ཕལ་ཆེར་ཀུ་ཅོ་འདོན་བཞིན་གད་མོ་དགོད། །གཉིས་ཀྱི་ཕྲག་ནས་བླ་མ་རེ་རེ་ལྡང་། །ཅེས་སོགས་བཟང་ངན་སྤེལ་མ་མང་ཤར་ཡང་། །ཟོབ་སྒྱུའི་ངག་འཁྱལ་བྲིས་སྙམས་མཚམས་བཟུང་ངོ། །

གཡུ་ཁོག་དཔོན་ཚང་ལ་བརྟགས་ལུང་གནང་བ།

༈ གཡུ་ཁོག་དཔོན་ཚང་ལ་བརྟགས་ལུང་གནང་བ། ཡང་ཅིག་དམ་པ་ཉིད་ཀྱི་ཞལ་སྔ་ནས། །བདག་གི་རྒྱུད་ཚོད་བགམ་པའི་གསུང་སྒྲོས་ལ། །སྙིང་ནོར་གཡུ་དཔོན་ཡབ་སྲས་ཆབ་སྲིད་དང་། །སྤྱི་དཔོན་ཁྲོ་ཆེན་ཆུས་ཕྱྭར་བརྟགས་དགོས་སྐད། །འཇིག་རྟེན་མཐུན་འཇུག་བྱ་བའི་མིག་ཕྲ་ཡང་། །པད་འབྱུང་ཐུགས་རྗེས་ཆོས་སྤྱན་ཡངས་རློམ་བདག །བདག་མེད་གནས་ལུགས་རྟོགས་པའི་མེ་ལོང་ངོགས། །ལྐོག་གྱུར་ཀུན་རྫོབ་གཟུགས་བརྙན་འདི་བཞིན་མཐོང་། །ཆོས་རྒྱལ་ཆེན་པོའི་ནང་བློན་ཚེ་འཕོས་པ། །སྔོན་གོམས་བསོད་ནམས་དར་བའི་མི་རྗེ་ཡི། །སྐུ་ཕྱྭར་གེགས་རིགས་ཡོད་མེད་འདི་ལྟར་ཤེས། །འཇིགས་རུང་སྦྲུལ་གྱིས་ལྕེ་གཉིས་རྐྱོང་སྐབས་སུ། །ཕན་བྱེད་སྨན་དེ་དུག་ཏུ་འགྱུར་སྲིད་ན། །ལོ་ལྟར་རིག་འཛིན་ཉི་མ་གྲགས་པ་ཡི། །གཏེར་བྱོན་ཚེ་སྒྲུབ་བུམ་སྒྲུབ་གནད་སྨིན་དང་། །བཛྲ་གུ་རུ་རྡོ་འབུམ་རྟེན་བཞེངས་གལ། །དེ་ཡང་བཅུ་གཉིས་ལོ་ཡི་བདེ་སྡུག་ལྟས། །ཁྲོ་དཀར་གྱིས་བྱས་སྐྱོགས་དེ་གཡང་མཚོར་འཁྲུ། །ལེགས་པའི་ཕན་གྲོགས་ནོར་གཏེར་བྱི་བས་བྱེད། །གླང་གི་དཀར་ནག་སྤུ་རིས་ཚོན་ཁྲ་སྡེབ། །ལུགས་ཟུང་གཉིས་ཀ་སྔར་མེད་གསར་འཛུགས་སྲིད། །སྟག་གི་ལུས་ལ་རིན་ཆེན་དང་པོས་བྱུགས། །མཛེས་པའི་ལྟད་མོར་ཀུན་གྱིས་ཡ་མཚན་བྱེད། །ཡོས་ཀྱི་སྐབས་སུ་ཆོས་གྲྭར་སེམས་དཔའ་ཆེའི། །ཞབས་པད་གསར་བཀོད་ལེགས་བྱས་བྱ་བས་བྲེལ། །གསེར་འབྲུག་དགུང་ནས་ཐེག་ཆེན་ཆོས་སྒྲ་བརྒྱས། །སྣ་ཚོགས་ལུས་སྒེག་རྨ་བྱ་དགའ་བས་བྲེལ། །སྦྲུལ་གྱི་སྨན་དུག་ལྕེ་གཉིས་བརྐྱང་སྐབས་དེར། །སྤོས་དྲིས་རེག་ན་སེམས་དཔའ་འཕྱང་མོ་ཉུག །ཅང་ཤེས་སྤྲིན་ཤུགས་ཞོན་པའི་བརྒྱ་བྱིན་ལྷས། །ཕན་གྲོགས་བྱས་སྐབས་དབུ་འཕང་ཇེ་མཐོར་འགྱུར། །ལུག་གི་བལ་འདབ་ལྟར་འཇམ་སྤུ་གསེབ་ནས། །ཕན་གནོད་མ་ངེས་རེག་བྱ་འཇམ་རྩུབ་འོང་། །སྤྲེལ་བཞིན་ཡན་པའི་ཆབ་སྲིད་མངའ་འོག་འགའ། །རིང་མིན་གཞན་དབང་ཞགས་པས་འཆིང་ཡང་སྲིད། །མཁའ་ལྡིང་རང་ཚུགས་ལུས་རྩལ་རླབས་ཆེ་བས། །གནོད་མང་བྱ་ཁྱུས་གཙེས་ཀྱང་ཆེར་མི་དོགས། །དེ་ལྟར་ཉམས་ནི་བདེན་མེད་སྒྱུ་མ་སྟེ། །སྒྱུ་མའི་ཚིག་རིས་ཐོལ་བྱུང་ཡི་གེར་བྲིས། །ནོངས་པ་ཅི་ཡོད་རིག་རྩལ་ཌཀྐིའི་བརྡ། །བདེན་རྫུན་ཤེས་རབ་ཅན་གྱིས་དཔྱོད་དང་གསལ། །

ཁྲོ་སྐྱབས་རྒྱལ་པོར་བརྟགས་ལུང་ཕུལ་བ།

༄༅། ཁྲོ་སྐྱབས་རྒྱལ་པོར་བརྟགས་ལུང་ཕུལ་བ། ཞིང་རབ་འབྱམས་ཀྱི་རྒྱལ་བ་རྒྱ་མཚོ་ཡི༔ ཐུགས་མཁྱེན་བརྩེ་དང་ནུས་པའི་བཅུད་དྲིལ་བ༔ མགོན་ཨོ་རྒྱན་ཉིད་སླར་ཡང་བཤེས་གཉེན་གཟུགས༔ ཕ་གྲུབ་དབང་མཆོག་བྱང་ཆུབ་རྡོ་རྗེར་འདུད༔ ཆོས་ཐམས་ཅད་ཀུན་སྟོང་ཉིད་ནམ་མཁའི་བཞིན༔ རྩལ་རྟེན་འབྲེལ་ཆོས་འགགས་མེད་འཇའ་ཚོན་བཀྲ༔ ཉམས་གཞན་དབང་གི་བག་ཆགས་འལ་འོལ་དུ༔ མ་མཁའ་འགྲོ་ཡི་བརྡ་ལས་འདི་བཞིན་ཤར༔ ཁྲོ་མི་རྗེ་ཡི་སྐུ་ཕྱྭར་བརྟགས་དགོས་ལ༔ གཞན་བྱད་ཕུར་གྱི་རྔ་རྡུང་དར་དིར་སྒྲོགས༔ ཕ་ཡང་མེས་ཀྱི་སྲི་ངན་རྡུལ་འཚུབ་འདྲ༔ བོན་སྐྱོང་བ་འགས་ཅུང་ཟད་སྲུང་ཚུལ་ཀྱང༔ དཔལ་འཇིགས་བྱེད་ཀྱི་རྭ་རྩེས་གཏོར་ལ་ཉེ༔ དེ་བཟློག་བྱེད་ཀྱི་རིམ་གྲོ་ཕག་བྱིའི་མཚམས༔ ལྷ་དབུ་ཕྱག་སྟོང་མངའ་བ་གདུགས་དཀར་མོའི༔ གཟུངས་ཁྲི་ཕྲག་དང་རང་ལུགས་གཡུང་དྲུང་གི༔ ལྷ་ཕྱོགས་ཀུན་ལས་རྣམ་རྒྱལ་གཟུངས་ཆེན་ཁྲི༔ དཔལ་སྟག་ལྷ་ཡི་གཏོར་བཟློག་སོགས་འབད་ཅིང༔ རང་སྲུང་མ་ལ་གསོལ་མཆོད་མ་གཡེལ་ན༔ རྟ་ཅང་ཤེས་ཀྱི་གོམས་སྟབས་མ་བསྒྱུར་བར༔ དུས་ཐུང་ངུ་ཡི་ཡུན་དེ་ཕྱིར་སྣུར་འགྱུར༔ རླན་མི་ཆེན་ཁོང་བསམ་མང་འཕྲུལ་ལྡན་ཡང༔ རང་ཕུང་བྱེད་ཀྱི་རཱ་ཛ་ཁྱབ་བྱེད་ཞུགས༔ བློ་གཏད་ཡུལ་གྱིས་བསླུ་བ་ཉེན་ཆེ་བས༔ ཐུགས་རྩེ་གཅིག་ཏུ་རྩ་གསུམ་ལྷ་ལ་གཏོད༔ རིགས་མི་རྒྱུད་ཀྱི་མེ་ཏོག་ཕྲ་མོ་དེ༔ དུས་ནམ་ཞིག་ན་འབྱུང་ཡང་སད་ལ་གཟོབས༔ དེ་སྲུང་ཐབས་སུ་བན་བོན་བཀའ་ཆོས་བཞེངས༔ གནས་ཀེའུ་ཚང་དུ་སྐུ་གསུམ་འབུམ་ཕྲག་རེ༔ དཔལ་ཐུགས་ཆེན་དུ་མ་ཎིའི་དུས་མཆོད་ཚུགས༔ ཚུལ་དེ་བཞིན་དུ་གཡེལ་མེད་དང་བླང་ན༔ དུས་རེ་ཞིག་བར་མིང་དོན་མཚུངས་ཙམ་འོང༔ སྡེ་ཆབ་སྲིད་ལ་དར་གུད་གསུམ་ཙམ་ཡོང༔ མི་གོས་སྔོན་གྱིས་བཀའ་ཁྲིམས་ཅུང་ཟད་འབེབས༔ དེ་སེལ་བྱེད་དུ་གཞན་སྡེའི་རྒྱབ་དཔུང་སྐྱུར༔ རང་བློ་ཕབ་ཏེ་བཞུགས་ན་ལེགས་པ་འདྲ༔ དཔེ་སེང་གེ་ཡི་ཁོག་པར་སྲིན་བཞིན་དུ༔ སྡེ་མང་པོ་ཡི་ནང་ནས་ཕུང་སྲི་བཞིས༔ གྲོས་བློ་ངན་གྱི་ཤོམ་ར་སྟག་ལ་འཆའ༔ དེའི་རྒྱབ་དཔུང་དུ་རྒྱ་བོད་མི་ཆེན་བསྙེན༔ ལྕགས་ངར་མ་ཡི་ཚྭ་ཚྭའི་ཞུན་ཐིག་ཁོལ༔ ཁྲོ་སྣོད་ཡང་གི་ཕྱི་ནས་འབིག་ཀྱང་སྲིད༔ དེ་སེལ་བྱེད་དུ་རཏྣ་མ་ཎི་ཀའི༔ རྒྱན་གཙུག་རྒྱན་དུ་འཆང་ན་ཅིའི་མི་ལེགས༔ ཡུལ་གནས་བཟང་ནས་འོང་བའི་གཡོ་ཅན་མིས༔ རང་བྲན་འོག་ཏུ་བཅུག་འདོད་སྡིག་པ་གཟེངས༔ དེ་ཐབས་མཁས་ཀྱི་སྨན་གྱིས་མ་བསལ་ན༔ རང་ཕམ་བྱེད་ཀྱི་ཁུར་ཆེན་འབེབས་པའི་ལྟས༔ དུས་རྟག་པར་ཡང་སྡིག་པའི་ཁུར་བླངས་པའི༔ ཡུལ་མི་བསྲུན་པའི་མངའ་འོག་ཕལ་མོ་ཆེ༔ ལྷ་སྡེ་བརྒྱད་ཀྱི་དལ་ཁས་འབྲུ་ནོར་སྐམ༔ ཆོས་དགེ་བློ་ལ་སྦྱོར་བའི་བཀའ་ཁྲིམས་རེ༔ དུས་ད་ལྟ་འདིར་འབད་ན་ལེགས་པའི་ལྟས༔ ཚུལ་འདི་ལ་ཡང་བཅུ་གཉིས་ལོ་རྣམས་སུ༔ རྗེ་འབངས་རྣམས་ལ་འཕོ་འགྱུར་འདི་བཞིན་མཐོང༔ ནོར་སྣ་ཚོགས་ལ་རྐུན་ཆེན་བྱི་བའི་ལོར༔ གཡུལ་ཕར་རྔོམ་དང་ཚུར་འོང་འབྲུག་ལྟར་གྲགས༔ གླང་གཤིན་རྗེ་ཡི་དབྱུག་པས་དབང་ཁྲི་གཅོག༔ སྟག་སྣ་ཚོགས་ཀྱི་ཁ་གདངས་ཟས་ལ་རྔམས༔ ཡོས་ཅུང་ཟད་ཅིག་དལ་ཡང་རེས་འགའ་ཙམ༔ འབྲུག་སྒྲ་བརྒྱ་པ་ས་འོག་ཡིབ་པ་བཞིན༔ སྦྲུལ་རམ་སྔོན་གྱི་ཚོས་ཁ་ཅུང་ཟད་ལེགས༔ རྟ་ཅང་ཤེས་དེ་སྒྲོགས་སུ་མ་བཅུག་ནཿ གཡང་ལུག་ཁྱུ་ལ་སྤྱང་བཞིན་གཞན་འགའ་གཞོམ༔ སྤྲེལ་ཡུལ་མང་གི་མི་ཚོ་འབྲུ་སྣ་བཞིན༔ བྱ་འདབ་ཆགས་དེ་འཕུར་རྩལ་རྙི་ཡིས་ཟིན༔ ཁྱི་ནག་པོ་ཡིས་རྔ་བརྫེས་ཀུ་ཅོ་འུར༔ རས་ཡུག་གཅིག་དེ་སུམ་ཆ་རེ་རེར་བགོ༔ ཚུལ་དེ་སྐད་དུ་རིག་རྩལ་ལས་ཤར་བའི༔ རང་ལྷན་སྐྱེས་ཀྱི་ཌཱཀྐིས་དེ་སྐད་ལོ༔ འདི་སུ་ལའང་ད་དུང་བསྟན་མི་རུང༔ ཕྱིས་འབྱུང་འགྱུར་བཞིན་ཡིད་ཆེས་འོང་སྲིད་དོ༔

རི་ཁྲོད་གསར་བཞེངས་བརྟགས་ལུང་།

༈ རི་ཁྲོད་གསར་བཞེངས་དགེའམ་མི་དགེ་ཞེས། །དྲིས་དོན་བརྟགས་པར་འཆར་ཚུལ་འདི་བཞིན་བྱུང་། །ས་བདག་སྒོ་ནས་ཀླུ་བཅོས་རྒྱས་པ་དང་། །ས་སྙིང་བུམ་གཏེར་ཆུ་སྦྱིན་འབུམ་ཕྲག་གཅིག །གུ་རུའི་གསོལ་འདེབས་ཚིག་བདུན་རྒྱུན་འདོན་དང་། །ལེའུ་བདུན་སུམ་བརྒྱ་བཀྲ་ཤིས་བརྩེགས་པའི་མདོ། །བརྒྱ་ཕྲག་ལྷག་བཅས་སྣང་བརྒྱད་མདོ་ཐིག་བརྒྱ། །སྔོན་དུ་སོང་ནས་ལས་ཀ་ཅི་བྱས་ཀྱང་། །བར་ཆད་མེད་ཅིང་ཤིན་ཏུ་དགེ་བར་འགྱུར། །འོན་ཀྱང་སྒྲུབ་པའི་དམ་བཅའ་མ་བརྟན་ན། །ཕྱི་བཤོལ་རྣམ་གཡེང་བར་ཆད་ངེས་པར་ལྡང་། །དེ་ཕྱིར་བསྙེན་སྒྲུབ་ཟླ་དྲུག་ཟླ་གསུམ་སོགས། །གང་ནུས་སྒྲུབ་པའི་དམ་བཅའ་གལ་ཆེའོ། །

མ་འོངས་ལུང་བསྟན།

༄༅། མ་འོངས་ལུང་བསྟན། ཁྲོ་ཡི་རྒྱལ་མཚན་སྤྲེའུའི་ཕྲག་ལ་འཁུར། །རྔ་ཡི་སྟག་ལ་གཡུལ་གྱི་མེ་སྟག་འཁྲུགས། །དབྱི་སང་འཐབ་པས་ཡུལ་འགའི་ཁྱི་སྤྱང་འདུར། །དགེ་བའི་བཤེས་ཀྱི་ཚོས་མདོག་ཁྲ་བོར་འགྱུར། །ཙི་ནའི་མི་ལ་རིགས་མི་མཐུན་པས་འཚེ། །དཔའ་བོ་སྟག་གི་༼རྟ་ཡི་༽འཚེར་སྒྲས་ཝ་མོ་འབྲོས། །ཞེས་གསུངས་སོ། །ཨ་ལུང་ལྕགས་ཀྱི་དྲ་བ་མགར་བས་གཏོར། །སྡེ་བཞིའི་མེ་ཏོག་ཁྱི་ཡི་མཆེ་བས་ཟིན། །དཔལ་ཆེན་དཔལ་གྱི་གཏོར་མ་གྲིབ་ཀྱིས་སྒྲིབ། །ཐོད་ཕྲེང་གཉིས་པའི་ཞལ་ཚབ་དབུས་ནས་འབྱུང་། །རིན་ཆེན་གསེར་བུམ་མི་འགས་ཐོབ་ཤ་བྱེད། །སྟག་ལྤགས་རི་མོའི་ངོས་ལ་ཁྲག་ཞགས་འཁྱིལ། །ཅ་ཅོའི་རྭ་རྩེ་མ་མོའི་གཟི་ཡི་གཅོད། །དམར་མདོག་གུར་གུམ་སྣག་ཚའི་གཡའ་ཡིས་སྒྲིབ། །ཞྭ་དཀར་རྩེ་མོར་ས་ཡི་ཅོད་པཎ་འདོགས། །འདུལ་འཛིན་སྡེ་ལ་བཤན་པའི་གཏམ་གླེང་སྲིད། །རང་མི་དམན་པས་མཐོན་པོའི་གོ་སར་འགོངས། །བཤད་པའི་ལྕེ་ལ་རལ་གྲིའི་འཁོར་ལོ་འབར། །བྲག་རྩེར་བྱ་འུག་འཐབ་པས་ཀུ་ཅོ་འདོན། །གསལ་བའི་རྒྱན་ཆ་ལྤགས་པའི་སྤུ་ཡིས་འདེགས། །ལི་མེ་སྤར་ཁའི་མདོས་ལ་སྙིང་པོས་དབེན། །ལན་ཚའི་དཀྱིལ་དུ་རུས་པའི་སྙིང་པོ་འཛུགས། །གསེར་ཐང་གདུགས་ཀྱི་རྩིབས་མ་རླུང་གིས་གཡོས། །མགོ་ཡི་སྟེང་དུ་མཐའ་མིས་བྲོ་ར་འཁྲབ། །རིན་ཆེན་ལྔ་པའི་ཏོག་ལ་འཛེར་བུས་གཏམས། །སེར་བའི་འབྲུག་ལྡིར་རྩི་སྨན་ལོ་ལ་གཟན། །འབྲས་དཀར་སྤུང་པའི་དཀྱིལ་མཐའ་སོལ་བས་འགེངས། །ཆོས་རྔའི་སྒྲ་ལ་སྲིན་གྱི་དམོད་མོ་འདོན། །གནས་ཆེན་སྟག་གི་རི་ལ་རི་དྭགས་འདུ། །ཁྲ་བོ་གདོང་པའི་སྣ་ཐག་དཀར་པས་བྱེད། །སྨན་དྲི་འཐུལ་བས་ཤངས་དབང་དགའ་བ་ཙམ། །ཤུག་པའི་ནགས་ལ་ཚེར་རྩུབ་ཕུང་པོ་འཁྲིགས། །རྔ་ལ་སྒྲ་བྱུང་ཐུབ་པའི་རིང་ལུགས་འཛིན། །ཨ་ཡི་སྒང་དུ་ཁྲུང་ཁྲུང་ཁྱུ་གཅིག་འཐབ། །མཛོ་ཡི་རྭ་ལ་གསེར་མདོག་གོས་ཀྱིས་ཀླུབས། །མཐའ་མིའི་གོས་ཀྱིས་ཡུལ་འགའི་རྩི་ཐོག་འགེབ། །རོང་ཆེན་རོང་ལ་ཚོང་པའི་འཐབ་ར་འཆའ། །རྒྱལ་རོང་ཡུལ་འགའི་རང་སྲིད་ནང་ནས་འཁྲུགས། །མི་དམར་བཙན་གྱི་ཇག་པས་ཆོས་སྡེ་འཇོམས། །ཡུལ་འདིའི་སྐྱེ་འགྲོ་ཕལ་ཆེར་བར་ཆད་རྒྱུ། །ནུས་ལྡན་རྡོ་རྗེ་གྲོ་ལོད་རྨིང་མེད་བརྫིས། །མཁའ་ནས་འོང་བའི་ཡི་གེས་ས་སྟེང་འགེངས། །པདྨེ་གསུམ་གྱིས་པདྨའི་ཞབས་ཏོག་འགྲུབ། །དབང་བཅུའི་བདུད་འཁོར་ཁ་ལོ་སྡིག་སྡུག་བསྒྱུར། །ཐུབ་པ་ལྔ་ཡིས་ཤཱཀྱའི་མེ་རོ་སློང་། །དཔལ་བདུན་མགྲིན་རྔས་ཕལ་ཆེར་དོན་ལྡན་བྱེད། །མི་སྲུན་གཉིས་པོ་ལྷོ་བྱང་གཉིས་ནས་འབྱུང་། །རིགས་གསུམ་དཔའ་བོ་བཞི་ཡིས་འདུལ་ལ་ཉེ། །དབུས་ནས་མི་སྙན་གླུ་དབྱངས་ཤར་དུ་ལེན། །ཤར་ཕྱོགས་དྲི་ཟའི་གྲོང་ཁྱེར་ཐེངས་གསུམ་འགྲུལ། །འོད་ཟེར་གསུམ་གྱི་འོད་ཀྱིས་མཐའ་དབུས་ཁྱབ། །གཟུགས་བརྙན་ཕྲིན་ལས་ཆོ་གས་སྲིད་གསུམ་གང་། །ཡང་དག་སྙིང་པོའི་དོན་དེ་རེ་ཞིག་ཙམ། །དགོངས་ཁྲོལ་ངོས་གཟུགས་རེ་གཉིས་དཀར་ནག་འཐབ། །དབང་ཆེན་གཉིས་འཐུང་དབང་པོ་རི་ལ་ཉལ། །དབང་ཆུང་རི་དྭགས་ལོངས་སྤྱོད་ཅི་བདེར་སྤྱོད། །ཀ་བ་རྡོ་རྗེའི་ཁྲི་ལ་རྒྱལ་སྲས་འཁོད། །དཔལ་འབྱུང་ཡུལ་དུ་དུག་གི་ཟེགས་མ་འཐོར། །སྨན་པའི་བུམ་བཟང་དེ་ཡང་ཕྱོགས་སུ་འབེབས། །ཆེན་པོའི་མིང་ཅན་ཆེན་པོའི་དཔལ་འཆང་བ། །མིང་དོན་མ་འཛོལ་རེ་ཞིག་བརྟེན་ཞེས་གྲགས། །དར་རྒྱས་གསང་སྔགས་གླིང་དུ་ཞྭ་སེར་འཆང་། །གསེར་གླིང་ར་གའི་ཚོས་ཀྱིས་ལན་གསུམ་འགྱུར། །ལྷ་རིའི་རྩེ་མོར་བདུད་ལྔའི་དམ་སེལ་གཡོ། །གྲུབ་རྫས་རིལ་བུ་བྲིམ་ཡང་ཆེར་མི་ཉོ། །དུད་འགྲོ་འགའ་ཡང་ཚོགས་དབུས་ཀུན་གྱིས་བཀུར། །སྦས་པའི་ཚུལ་ཅན་སྦས་དོན་མངོན་དུ་སྟོན། །རོང་བཞིའི་གཞི་ཡི་བདག་པོ་ས་མཐར་འགྲོ། །གངས་དཀར་མདོག་ཀྱང་ཁྲ་ཡི་གཤོག་པས་འགེབས། །ལྔ་རིག་ཉི་མ་ཆུ་ལྷའི་མགྲོན་དུ་ཕྱོགས། །སྔར་མེད་ཟླ་ཚེས་གསར་བ་ཤར་ནས་འཆར། །ཞེས་གསུངས་སོ།།

ལུང་བསྟན་སྙིགས་མའི་འགྲོ་སྐྱོབ་བཞུགས།

༄༅། ལུང་བསྟན་སྙིགས་མའི་འགྲོ་སྐྱོབ་བཞུགས། དུས་ངན་སྙིགས་མའི་འགྲོ་བ་སྐྱོབ་པའི་ལྷ། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དང་། །བྱམས་མགོན་སྙིང་རྗེའི་མངའ་བདག་སྤྱན་རས་གཟིགས། །འཇིགས་བརྒྱད་ཀུན་སྐྱོབས་རྗེ་བཙུན་སྒྲོལ་མ་མཁྱེན། །དུས་ངན་སྙིགས་མའི་འགྲོ་ལ་སྡུག་བསྔལ་ཆེ། །སྡུག་བསྔལ་རྒྱུ་ནི་རང་གི་མི་དགེས་བསྐྲུན། །མི་དགེའི་རྩ་བ་བདག་ཏུ་འཛིན་ལས་བྱུང་། །བདག་ཏུ་བཟུང་བས་ཆགས་སྡང་རྨོངས་གསུམ་འཁྲིགས། །ཆགས་པའི་དབང་གིས་གཞན་ནོར་རྐུ་ཞིང་འཕྲོག །བཙུན་པའི་སྡེ་རྣམས་ལོག་གཡེམ་ཚངས་སྤྱོད་ཉམས། །ཞེ་སྡང་དབང་གིས་འཁྲུགས་རྩོད་གཞན་སྲོག་གཅོད། །མནར་སེམས་ལྡན་པས་སྲུང་མ་དྲག་པོར་བསྐུལ། །གཏི་མུག་སྟོབས་ཀྱིས་དམ་པ་གཞན་རྣམས་ཀྱི། །སྐྱོན་ནས་བརྗོད་ཅིང་རང་ཉིད་བཟང་པོར་བརྩི། །བླང་དོར་གནས་ལ་བལྟ་བའི་འདྲེན་བྱེད་ལོང་། །དེ་ཡི་རྐྱེན་གྱིས་ལྷ་འདྲེ་མི་གསུམ་འཁྲུགས། །གཞན་ནོར་ཕྲོག་པས་ཡུལ་ཁམས་མུ་གེ་འབྱུང་། །ལོ་ཉེས་སད་སེར་ཕྱུག་གོད་མི་འདོད་འབྱུང་། །མི་ཡི་མདོག་ཉམས་སྣོད་ཀྱི་ཕྱྭ་གཡང་རྒུད། །མི་མིན་བསེ་རག་རྒབ་འདྲེས་ལུང་པ་གང་། །དེ་དག་ཕན་ཐབས་རིམ་གྲོ་འདི་དག་དགོས། །ཁྲིམས་ལྡན་བཙུན་པ་རྣམས་ཀྱིས་གསོ་སྦྱོང་དང་། །སྔགས་པའི་སྡེ་རྣམས་དམ་སྐོང་ཚོགས་བསྐང་དང་། །གསང་སྔགས་ཡི་གེ་བརྒྱ་པ་རྒྱུན་དུ་ཟློས། །ཡུལ་ཁམས་རྣམས་སུ་ཆུ་གཏོར་འབུམ་དང་ཁྲི། །ཞི་ཁྲོ་དང་འབྲེལ་གནས་སྟོང་ཟས་བསྔོ་སོགས། །སྡིག་དང་མ་འདྲེས་རྣམ་དཀར་ཡང་དག་སྒྲུབས། །སྔགས་སྡེ་འཁྲུགས་དང་གཞན་སྲོག་བཅད་པའི་མཐུས། །མི་རྣམས་ཚེ་ཐུང་རིམས་ནད་སྣ་ཚོགས་འབྱུང་། །སྔགས་པ་རྣམས་ཀྱིས་རྟེན་གསུམ་ཁྱད་འཕགས་དྲུང་། །དབང་བླངས་དམ་སྡོམ་བསྲུང་ཞིང་བསྙེན་སྒྲུབ་འབད། །བརྒྱུད་གསུམ་བླ་མའི་ངོ་བོ་ཨོ་རྒྱན་རྗེའི། །བསྙེན་བསྒྲུབ་གཞུང་བསྲིང་སིདྡྷི་ཁྲི་དང་འབུམ། །བྱེ་བ་ལ་སོགས་སྨྲ་བཅད་དབྱངས་དང་བཅས། །ཐེ་ཚོམ་མེད་པར་སྒྲུབ་དང་ཐོག་བབས་ཀྱི། །རྐྱེན་ངན་བར་ཆད་སེལ་ལ་སོམ་ཉི་བྲལ། །ཚེ་ཐར་སྲོག་བསླུ་རི་རྒྱ་རྔོན་རྒྱ་སྡོམས། །ཚེ་གཟུངས་སིདྡྷི་བསམ་ལྷུན་ཇོ་དར་ཚུགས། །ཅི་ལྟར་ནུས་པ་དེ་བཞིན་ཕན་པར་ངེས། །གཏི་མུག་སྟོབས་ཀྱིས་མཐོ་རིས་གནས་སྤོངས་ཤིང་། །བླང་དོར་མི་ཤེས་ངན་འགྲོར་རྒྱུན་དུ་འཁྱམས། །དེ་དག་རིམ་གྲོར་ཐོས་བསམ་སྒོམ་གསུམ་དགོས། །ཐོས་དོན་རང་གི་རྒྱུད་ལ་འབྱོར་བའི་མཐུས། །བསམ་པ་གོམ་པས་རྟག་ཏུ་འཆི་བ་དྲན། །དེ་ཡི་སྟོབས་ཀྱིས་མི་དགེ་སྡིག་ལ་འཛེམས། །དགེ་བ་བསྒྲུབ་པས་ཚེ་འདིར་བཀྲ་ཤིས་ཤིང་། །ནད་མེད་ལོ་ལེགས་ཚེ་རིང་འབྱོར་བ་འཕེལ། །ཕྱི་མ་མཐོ་རིས་ཉམས་དགའ་བདེ་ཞིང་འཚོ། །ཁྱད་པར་ཐོས་བསམ་དབེན་པའི་གནས་སུ་སྒོམ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་བྱང་ཆུབ་སེམས། །རབ་འབྱམས་རྒྱལ་དང་རྒྱལ་སྲས་གཤེགས་པའི་ཤུལ། །འདི་ལ་བརྩོན་པའི་གང་ཟག་དམ་པ་དེ། །གང་དུ་གནས་པའི་ཡུལ་དེར་བཀྲ་ཤིས་པས། །དེ་འདྲའི་སྐྱེས་མཆོག་རྣམས་ལ་བསྙེན་བཀུར་ཞུས། །ཨོ་རྒྱན་རྗེ་དང་འཕགས་པ་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མ་འདི་གསུམ་སྙིགས་དུས་ཀྱི། །སྡུག་བསྔལ་སྐྱོབ་ཕྱིར་རྒྱལ་ཀུན་ཐུགས་ལས་སྤྲུལ། །སངས་རྒྱས་གཞན་ལས་ལྷག་པར་ཐུགས་རྗེ་མྱུར། །འདི་རྣམས་སྐུ་བཞེངས་སིདྡྷི་མ་ཎི་དང་། །སྒྲོལ་བསྟོད་ཁས་ལེན་དགེ་བསྐུལ་དམ་བཅའ་རེམ། །འདི་ནི་ཆོས་མེད་སྤྲང་པོ་དགེ་སྦྱོང་གཟུགས། །སྙོམ་ལས་མཁན་པོ་རྒྱ་སྤྲུལ་སྨྱོན་པ་ཡི། །རང་སེམས་གཉུག་མ་སྤྲོས་བྲལ་མཁའ་དབྱིངས་སུ། །རྟེན་འབྱུང་བདེན་མེད་རྫུན་རིས་རི་མོ་ཤར། །རོ་སྙོམས་ངང་ནས་ཐོལ་བྱུང་ཐོག་མེད་སྨྲས། །དུས་གསུམ་འགྲོ་རྣམས་དགེ་བའི་རྒྱུར་གྱུར་ཅིག །འདི་མི་གཅིག་ཁོ་ནས་མི་འཛིན་པར་ཐམས་ཅད་ལ་དགེ་བསྐུལ་རེམ་རེམ།།

སྨན་བཙུན་མའི་ཤོ་མོ་ཅུང་ཟད་རྒྱས་སུ་བཏང་བ་ཐེ་ཚོམ་མུན་སེལ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ སྨན་བཙུན་མའི་ཤོ་མོ་ཅུང་ཟད་རྒྱས་སུ་བཏང་བ་ཐེ་ཚོམ་མུན་སེལ་བཞུགས།

ན་མོ་གུ་རུ་པདྨ་ཀ་ར་ཡེ། དེ་ཡང་རང་གཞུང་ལས། མཎྜལ་སྟེང་དུ་དུང་ཤོ་བསྒྲིལ༔ འདོད་དོན་གསལ་བར་སྨྲོས་ཤིག་ཅེས༔ བདེན་པ་བརྡར་ནས་ཤོ་མིག་བརྟགས༔ ཞེས་གསུངས་པས། དང་པོ་བདེན་བརྡར་ལ། སྐྱབས་སེམས་སྔོན་དུ་འགྲོ་དགོས་ཏེ། ན་མོ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་དམ་པའི་ཆོས། །འཕགས་པའི་དགེ་འདུན་རྩ་གསུམ་བསྲུང་མ་ལ། །སྙིང་ནས་སྐྱབས་མཆི་རྟེན་འབྲེལ་བརྟགས་འབྲས་ཀྱིས། །གང་འབྲེལ་སངས་རྒྱས་ཐོབ་ཕྱིར་སེམས་བསྐྱེད་དོ། །ཅེས་ལན་གསུམ་དང་། ན་མོ། སྐྱབས་གནས་བསླུ་མེད་རྫོགས་སངས་རྒྱས། །བདེན་པ་གཉིས་བསྡུས་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་དགེ་འདུན་སྡེ། །དཀོན་མཆོག་གསུམ་གྱིས་མོ་ཕོབ་ཅིག །བྱིན་རླབས་འདོད་འབྱུང་བླ་མ་དང་། །དངོས་གྲུབ་གཉིས་སྩོལ་ཡི་དམ་ལྷ། །ལེགས་ཉེས་སྟངས་འཛིན་མཁའ་འགྲོའི་ཚོགས། །རྟེན་འབྲེལ་མོ་འདི་གསལ་བར་སྟོན། །ཁྱད་པར་གངས་ཅན་བོད་ཁམས་གཙོས། །ཁམས་གསུམ་འགྲོ་བའི་སྐྱབས་གཅིག་པུ། །གུ་རུ་པདྨ་འབྱུང་གནས་དང་། །མཁར་ཆེན་མཁའ་འགྲོ་མཚོ་རྒྱལ་སོགས། །རིག་འཛིན་རྗེ་འབངས་ཉེར་ལྔ་དང་། །མཆོག་གཉིས་གླིང་པ་བཅུ་གཅིག་སོགས། །ཟབ་གཏེར་མཛོད་འཛིན་ཐམས་ཅད་ཀྱིས། །རྟེན་འབྲེལ་མོ་འདིའི་རྣོ་རྟགས་སྟོན། །ཡང་དགོས་རྣལ་འབྱོར་བདག་ཅག་གི། །སློབ་དཔོན་རྒྱུད་ཀྱི་བསྲུང་མ་དང་། །ཕ་མྱེས་རྒྱུད་ཀྱི་ལྷ་སྲུང་དང་། །ལོ་ཟླ་ཞག་དང་དུས་ཚོད་ལྷ། །རྟེན་འབྲེལ་མོ་ལ་དབང་བ་རྣམས། །དེ་རིང་མོ་འདིའི་རྨུ་གབ་སོལ། །ད་ལྟ་མོ་འདིའི་གསལ་ཆ་སྟོན། །གངས་ཅན་བོད་ཀྱི་ཟོ་དོར་ཆེ། །རྒྱལ་དབང་པདྨ་ཐོད་ཕྲེང་དང་། །མི་ལ་བཞད་པ་རྡོ་རྗེ་རྩལ། །ཀུན་མཁྱེན་ཡབ་སྲས་བརྒྱུད་བཅས་ཀྱི། །བཀའ་ཉན་སྨན་བཙུན་ཀུན་བཟང་མོ། །ཇོ་མོ་བཀྲ་ཤིས་ཚེ་རིང་མས། །དེ་རིང་མོ་འདིའི་གསལ་ཆ་སྟོན། །པྲ་ལྷ་མཐིང་གི་ཞལ་བཟང་མ། །དབུལ་སེལ་ཅོད་པཎ་མགྲིན་བཟང་མ། །ཕྱུགས་སྤེལ་མི་གཡོ་གླང་བཟང་མ། །སྲིད་སྤེལ་གཏའ་དཀར་འགྲོ་བཟང་མ། །འཇིག་རྟེན་མིག་བསྒྱུར་ཌཀྐིའི་ཚོགས། །དེ་རིང་མོ་འདིའི་རྨུ་གབ་སོལ། །ད་ལྟ་མོ་འདིའི་གསལ་ཆ་སྟོན། །བདག་ལ་འགོ་བའི་ལྷ་ལྔ་དང་། །སྐྱོབས་པའི་ལྷ་དགུ་ཐམས་ཅད་ཀྱིས། །དེ་རིང་མོ་འདིའི་གསལ་ཆ་སྟོན། །དྲིས་ལན་ཐེ་ཚོམ་མུན་པ་སོལ། །ལེགས་ཉེས་སྣང་བའི་སྒྲོན་མེ་སྦོར། །བདག་གིས་བརྟགས་པར་བྱ་བའི་དོན། །སྦྱིན་བདག་ཆྒཻ་ཞེས་པ་འདིའི། །གཞི་ཡི་ཆུས་སྲིད་བརྟན་མི་བརྟན། །བཟའ་མི་བྱེ་བྲལ་འོང་མི་འོང་། །གཅེས་ཕྲུག་བྱིས་པ་སོས་མི་སོས། །འབྱུང་འཁྲུགས་ནད་པ་འཚོ་མི་འཚོ། །སྒོ་ཡི་ནོར་ཕྱུགས་འཕེལ་མི་འཕེལ། །ཚེ་ཡི་དམུ་ཐག་སྲ་མི་སྲ། །སྲོག་གི་ཀ་བ་བརྟན་མི་བརྟན། །གཏན་ཆུས་ལྷ་ཆོས་འགྲུབ་མི་འགྲུབ། །དེ་རིང་སྒྲིབ་མེད་གསལ་བར་སྟོན། །ཅེས་བརྗོད་ཅིང་སྔགས་བཟླ་དགོས་ཏེ། ཨོཾ་བཛྲ་ཏྲག་རཀྨོ་པྲ་མོ་ཧ༔ ཙིཏྟ་ཧྲཱིང་ཛཿ ལེགས་ཉེས་གསལ་བར་ཕོབ་ཅིག༔ ཅེས་བདུན་ཙམ་དང་། གཞན་ཡང་ཡེ་དྷརྨ་ལན་གསུམ་བརྗོད་ནས་མིག་བཙུམ་ནས་དུང་ཤོ་མཎྚལ་སྟེང་དུ་ལྟོས་མེད་དུ་འཕང་ལ། ཤོ་མིག་བརྟགས་པ་ནི། ༈ ལྔ་བབ་ཇོ་མོ་ཚེ་རིང་མ༔ གཙོ་འཁོར་འཛོམས་པའི་གཞི་ཕྱྭ་ལ༔ བདེ་སྐྱིད་ཕུན་སུམ་ཚོགས་པར་འགྱུར༔ ཞེས་པས། ཁྱིམ་ཀྱི་མི། སྒོ་ཡི་ནོར། བར་གྱི་རྒྱུ་རྫས། རྨོས་པའི་ལོ་ཏོག་ཐམས་ཅད་ལ་རེ་ཞིག་བཟང་བ་འདྲ་ཡང་། མོ་འདི་འདྲ་ཧ་ཅང་བཟང་ཤས་ཆེ་བས་ཁྱག་དཀའ། སྐུ་རིམ་འབུམ་རྒྱས་འབྲིང་བསྡུས་གསུམ་ཚར་རེ། ཐུབ་པའམ་ཨོ་རྒྱན་སྐྱེས་རབས་རི་མོར་འབྲི་བ། རང་གི་ལྷ་བསྲུང་ལ་གསོལ་མཆོད་དམ་པོ་དགོས། མགྲོན་ཕྱྭ་ཅུང་ཟད་ཕྱི་དལ་ངོ་༔ ཞེས་མགྲོན་པོ་ཞྭ་མགོ་མཐོང་ཙམ་དུ་མ་སླེབ་ན་ཕྱི་དལ་ཆེ་ཡང་འགྱོད་པ་མེད། ནད་ཕྱྭ་མྱུར་དུ་མ་སོས་ན༔ རིམ་གྲོ་ཆེན་པོས་བླུས་ཙམ་ཡིན༔ ཞེས་པས་ནད་པ་ལ་ནད་གཞི་ཆེན་པོ་ཞིག་མེད་ན་མྱུར་དུ་སོས་པར་འགྱུར་བའམ། མྱུར་དུ་མ་སོས་ན་རིམ་གྲོ་ཆེན་པོ་ཞིག་གིས་ཕན་པ་ཙམ་ཡིན་པས། རྒྱལ་བའི་བཀའ་འགྱུར་ཆེན་མོ་གསུང་སྒྲོགས། ཚེ་དཔག་མེད་སྟོང་སྐུ། ཚེ་སྒྲུབ་ཚད་ལྡན། འཆི་བསླུ། ཚེ་ཐར་སྲོག་བླུ་ལོ་གྲངས་ཙམ། ཆུ་གཏོར་འབུམ། ལན་ཆགས་སྟོང་འཇལ་སོགས་གལ་ཆེ། དེ་མིན་གང་ལ་བཏབ་ཀྱང་བཟང་༔ ཞེས་པས། ནོར་ཕྱྭ་ལ་གོད་ངོ་ཆེན་པོ་མེད་ཀྱང་ཕུགས་མི་བརྟན་པ་འདྲ་བས། བསམ་ལྷུན་ཁྲི། གསེར་འོད་ས་བཅུ་མ་ཚར་བཅུ་གསུམ། བརྒྱ་བཞི། གཡང་སྒྲུབ་དགོས། ལོ་ཏོག་ལ་སྤྲིན་ཆེན་མདོ་ཅི་མང་དང་། འདོད་ཡོན་ཟས་བསྔོ་བརྒྱ་རྩ། བསྐོར་བ་སྟོང་དང་། མ་ཎི་འུར་འདོན་སྦྲེལ་ན་ལེགས། རྟ་སར་རྟ་གཟུངས་སྟོང་། རྟ་གླུད་བཏང་། རྟ་བསང་དམ་པོ་དགོས། བྱིས་པ་ཆུང་ངུ་འཚོའམ་ཞེ་ན། ཚེ་མདོ་སྟོང་། མཚན་སྤུང་ཚར་བརྒྱ། གླུད་ཅི་མང་བྱས་ན་མི་སྐྱོན། ཆོས་ཕྱྭར་སྟོན་འཁོར་དབུ་འཕང་མཐོ༔ ཞེས་གནས་བསྟན་ཕྱག་མཆོད་སྟོང་། བསམ་པ་མྱུར་འགྲུབ་མ་སྟོང་། སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་ཁྲི། མཎྚལ་བཞི་ཆོག་བྱས་ན་ནམ་ལངས་ཏེ་ཉི་མ་ཤར་བ་དང་འདྲའོ།། ༈ བཞི་བབ་གླང་བཟང་མ་ཡིན་ཏེ༔ གཞི་ཕྱྭར་ཕྱོགས་བཞི་ནད་དགྲ་ལྡང་༔ ལ་འུར་རིམ་གྲོ་བཟློག་པར་འབད༔ ཞེས་གསུངས་པས། དགྲ་ངོ་ཆེ་བས་རིམ་གྲོ་མགོན་པོ་སྟོང་ཚར། བསྒྱུར་བཞི་བཟློག་བརྒྱད། མི་ནག་ཕྱོགས་བཞི། རྒྱལ་མཚན་རྩེ་མོ་སྟོང་འདོན། འཕགས་མ་འོད་ཟེར་ཅན་གྱི་གཟུངས་ཀྱི་དར་མདུང་ཅི་ནུས། དེའི་བསྙེན་པ་འབུམ། མདོ་བཟློག་ཚར་ལྔ་བརྒྱ། གདུགས་དཀར་བཟློག་པ་ཅི་མང་མྱུར་བར་འགྲུབ་ན་མི་སྐྱོན། དེ་མིན་འགྱོད་པ་ཡོད། མགྲོན་ཕྱྭ་འགྱོད་པ་དང་བཅས་འོང་༔ ཞེས་ཐག་ཉེར་ཕྱིན་ན་དཀའ་ཚེགས་ངོ་དང་། ཐག་རིང་དུ་ཕྱིན་ན་དགྲ་རྐུན་ནམ་ལྷུང་བརྡབ་ངོ་ཡིན་པས། སྒྲོལ་མ་ཅི་མང་དགོས། ནད་པར་འདུ་བ་རྣམ་བཞི་བསྡོངས༔ སྨན་རྒྱལ་ལ་སོགས་རིམ་གྲོ་དང་༔ རྟེན་བཞེངས་སྤོང་དག་ལུས་མིང་བརྗེ༔ ཞེས་པས་སྨན་ལྷའི་ཆོ་ག་སྟོང་། འཆི་བསླུ། སྨན་ལྷ་སྟོང་སྐུ། འབུམ་འུར་འདོན། ལན་ཆགས་ཁྲི་འཇལ། ཚེ་ཐར་ལོ་གྲངས། ལུས་སེར་མོའི་གོས་གྱོན། མིང་བརྗེ། རྒྱུ་རྫས་མཆོད་སྦྱིན་ཅི་ནུས་བྱས་ནས་སྨན་པ་བཟང་པོ་བསྟེན་ན་མི་སྐྱོན་ཙམ་འོང་། ཆོས་ཕྱྭར་ཆོས་ཕུགས་རླུང་གིས་ཁྱེར༔ ཞེས་འདུག་པས། ཁྱོད་ཀྱི་བློ་སྣ་མང་བས། དཔེར་ན་བྱ་སྒྲོ་རླུང་གིས་ཁྱེར་བ་དང་འདྲ། སྐབས་རེར་ལེགས་ཀྱང་སྐབས་རེར་མི་ལེགས། རིམ་གྲོ་འདུག་གམ་ཞེ་ན། དགེ་བའི་གྲོགས་པོ་བསྟེན་ནས་སྐྱབས་སྡོམ་བསྐྱར་ནས་ཞུས་ཏེ་སྐྱབས་འགྲོ་འབུམ་ཕྲག་བསགས། ཨོ་རྒྱན་སྐུ་སྤར་འབུམ་མམ་ཐ་ནའང་ཁྲི་ཚོ། བསམ་ལྷུན་ཆེ་ཆུང་འབུམ། བཟང་སྤྱོད་སྨོན་ལམ་སྟོང་བསྒྲུབ་ན་ཆོས་ཚུགས་མ་ཤོར་ཙམ་འོང་ལས་ཆེ། ༈ གསུམ་བབ་གཡང་ལྷ་གཏད་དཀར་མ༔ གཞི་ཕྱྭ་གཡང་འབོད་གཡང་རྟེན་འཛུགས༔ རྒྱལ་བའི་གསུང་རབ་བཞེངས་དང་སྒྲོགས༔ ཞེས་པས་གཡང་ཆགས་ཀྱང་། བསེ་རག་འཁོར་བར་འདུག་པས་ཉ་སྦྱིན། གྲོག་སྦྱིན། དགུན་དུས་བྱ་བྱིའུ་ལ་སྦྱིན་གཏོང་། ལན་ཆགས་སྟོང་འཇལ། ཆུ་གཏོར་འབུམ། དེ་རྣམས་སྔོན་དུ་སོང་ནས་ནོར་རྒྱུན་མའི་གཡང་སྒྲུབ་ཚད་ལྡན། འབུམ་རྒྱས་འབྲིང་བསྡུས་གསུམ་འབྲི་ཀློག བུམ་གཏེར་དགོས། མགྲོན་ཕྱྭར་ཟས་ནོར་རྙེད་དེ་འོང་༔ ཞེས་མགྲོན་པོ་ནི་ཞག་གཉིས་ཚུན་ཟས་དཀར་གསུམ་དང་། ཤ་ཆང་སོགས་དང་། ནོར་སྤུ་རྟགས་ཅན་ནམ་རིན་པོ་ཆེའི་རིགས་རྙེད་དེ་འོང་ངོ་།། ནད་ཕྱྭར་འོད་ཅན་གཡང་ཆགས་རྫས༔ དེ་རྗེས་རྒྱལ་བསེན་འབྲང་ཞེས་བཤད༔ ཞེས་པས་ནད་ཕྱྭ་ནི་གདོན་གྱིས་སྣ་ཁྲིད་བྱས་པ་ཡིན། རྫས་དར་གོས་སམ་རིན་པོ་ཆེའི་རིགས། ཡང་ན་ཕྱུག་པོའི་ལག་ནས་བྱུང་བའི་རྫས་ཀྱིས་གདོན། ཕྱོགས་ནི་ཤར་རམ་ནུབ་ནས་འོང་བ་ཤུགས་ཆེ་བས། རིམ་གྲོ་ལ་བཛྲ་གུ་རུའི་ཡོན་འབྱོར་བ་དང་བསྟུན་པ། སྨན་ལྷ་སྟོང་རྩ། འདྲེ་མོ་རྫ་མདོས། རྒྱལ་མདོས་སམ་མི་ནུས་ན་རྒྱལ་གསོལ་ཕྱོགས་བཞི་བྱས་ནས་ངག་འདོན་སིདྡྷི་གལ་ཆེ། བྱིས་པའི་སྲོག་ཕྱྭར་སྒྲོལ་མ་འབུམ། ཕུར་བ་རྫ་འཛབ་བམ་སྲི་མནན་བགྱིས་ན་མི་སྐྱོན། ནོར་ཕྱྭར་གསེར་འོད་བརྒྱ་ཚར། ཆུ་གཏོར་འབུམ། མ་ཎིའི་ཇོ་དར་དང་མཆོད་རྟེན་ཆ་བརྒྱད། ལན་ཆགས་ཅི་མང་དགོས་འདུག རྟ་སར་འབུམ་ཞལ་ཕྱེ། འཕགས་པ་གསེར་འོད་ཚར་བཅུ་གསུམ། བརྒྱ་བཞི། རྟ་གཟུངས་སྟོང་འདོན་བགྱིས་ན་མི་སྐྱོན། ར་ལུག་སོགས་རྐང་ཕྲན་ཡོད་ན་ངན་པས་ལན་ཆགས་བརྒྱ་འཇལ་ཕྱོགས་བཞི། འབྱུང་བཞིའི་གཏོར་མ་བརྒྱ་རྩ། གཡང་འབོད་བརྒྱ་རྩ་དགོས། ཆོས་ཕྱྭར་ཆོས་པ་ནོར་ཕྱིར་འབྲང་༔ ལོངས་སྤྱོད་ཕུན་སུམ་ཚོགས་པའི་མོ༔ ཞེས་པས་ཆོས་ཕྱྭ་ལ་ཚོང་དང་དཀོར་སོགས་ལོག་འཚོའི་ཕྱིར་འབྲང་ནས་རྣམ་གཡེང་ཆེ་ངོ་ཤར་བས་བསྙུང་གནས་ལོ་གྲངས། མ་ཎི་རྒྱུན་འདོན། སྐྱབས་སྡོམ་དང་སེམས་བསྐྱེད་ཀྱི་བསླབ་བྱ་ལ་འབད་པ་གལ་ཆེ་བས་བརྩོན་འགྲུས་བསྐྱེད་འཚལ། ༈ གཉིས་བབ་མཐིང་གི་ཞལ་བཟང་མ༔ བུད་མེད་དཔལ་ཅན་མོ་ལ་བཟང་༔ ཞེས་པས་ཁྱིམ་ཕྱར་བྱིས་པ་རིགས་བཟང་འོང་ངོ་ཡོད་ཀྱང་གེགས་ཆེ་བས་སངས་རྒྱས་སྟོང་སྐུ། སྐལ་བཟང་བརྒྱ་ཚར། བཀའ་བརྒྱད་སྒྲུབ་པ། སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་ཁྲི་འབུམ་བསགས་བཅུག་ན་ལེགས། གཞི་ཕྱྭར་འཕྱོན་མའི་གཏམ་བཞིན་དུ༔ མ་ངེས་བདེ་སྡུག་རེས་མོས་བྱེད༔ ཅེས་བུད་མེད་འཕྱོན་མས་བཟང་ངན་སྤེལ་ཏེ་གཏམ་སྣ་ཚོགས་སྨྲ་བ་བཞིན་བདེ་སྡུག་མ་ངེས་པས། རིགས་གསུམ་མགོན་པོའི་གཟུངས་ལྡན་སཙྪ་འབུམ། བཀའ་བརྒྱད་གྲི་འདུལ། རྒྱལ་པོ་བསོད་ནམས་སྟོབས་ཀྱི་རྟོགས་བརྗོད་ཡི་གེ་དང་གཟུགས་བརྙན། རང་གི་བསྲུང་མའི་གསོལ་ཁ། ཞི་བརྔན་བསང་གསུམ་གལ་ཆེ། མགྲོན་ཕྱྭར་ཐག་ཉེར་སླེབས་པའི་ངོ་༔ ནད་ཕྱྭར་བུད་མེད་འདྲེ་མོས་གནོད༔ ཞག་བདུན་ཚུན་དུ་གེགས་ཆེན་ཡོད༔ པད་འབྱུང་སྒྲོལ་མར་གསོལ་བ་ཐོབ༔ ཞེས་བུད་མེད་ཀྱི་ལག་ནས་ཟས་ཟོས་པའམ། ཡང་ན་མི་མགྲོན་རྗེས་སུ་འདྲེ་འབྲང་བས་གནོད། འདྲེ་མོ་རྫ་མདོས་དང་། བཛྲ་གུ་རུ་དང་མ་ཎི་འུར་འདོན་གྱི་ཡོན། རྣམ་འཇོམས་ཁྲི་ཚར་དང་སྟོང་བཟློག །མ་ཎི་དང་སིདྡྷིའི་ཇོ་དར་ཅི་མང་། མ་ཎི་རྡོ་འབུམ་གྱི་ཡོན་སྤྲད། སྒྲོལ་མ་འབུམ་གྱི་ཀློག་འདོན་དབུ་བཞག་ན་ཞག་བདུན་ཚུན་རྩུབས་ཀྱང་གེགས་ཞི་བ་འདྲ། ཆོས་ཕྱྭར་བུད་མེད་བསླུ་བྲིད་ངོ་༔ ཞེས་ཁྱེད་ཀྱི་ཆོས་ལ་བུད་མེད་ཀྱི་གེགས་ཡོད་པས་བླ་མ་དམ་པ་ལ་བརྟེན་པ་དང་། བསྲུང་སྡོམ་ལ་ནན་ཏན། ཁྲེལ་ཡོད་ཀྱི་སྒོ་ནས་གནས་བསྟན་ཕྱག་མཆོད་དང་ལེའུ་བདུན་པ་རྒྱུན་འདོན་བྱས་ན་ཕན་ནོ།། ནོར་ཕྱུགས་ལ་གཟུངས་འདུས་དང་། ནོར་རྒྱུན་མའི་གཟུངས་ཅི་ནུས་དང་། སཙྪ་དཀར་སེར་དམར་ལྗང་ཁྲི་ཚོ། མར་མེ་ཁྲི་འབུམ། ཐུགས་ཆེན་དང་ཀུན་རིགས། ཐོས་གྲོལ་སོགས་ཀྱི་ཆོ་ག་གནས་འདྲེན་གལ་ཆེ། བྱིས་པའི་སར། སོར་འབྲང་གཟུངས་སོགས་གཟུངས་གྲྭ་ལྔ་ཚར་ཅི་མང་། སྒྲོལ་མ་ཉེར་གཅིག་གི་སྐུ་ཐང་དང་མཎྚལ་བཞི་ཆོག་བརྒྱ་རྩ་སོགས་ལ་འབད་ན་སེམས་འཚེར་དང་བཅས་པའི་ངང་ནས་སྲོག་ཕྱྭར་མི་སྐྱོན། རྟ་སར་རྟ་གཟུངས་སྟོང་། བརྒྱ་བཞི་དམ་ཟབ་དགོས། ༈ གཅིག་བབ་ཅོད་པཎ་མགྲིན་བཟང་མ༔ ཞེས་ཤོ་མིག་སྟེང་འོག་གཉིས་ཡོད་པས་གང་ལ་དཔྱད་ཀྱང་འདྲ། གཞི་ཕྱྭར་ཁྱིམ་གཅིག་མི་གཅིག་སྡོད༔ ཅེས་མི་མང་ཡོད་ཀྱང་ཤི་ཆད་ཀྱི་ངོ་བབ་པ་ཡིན་པས་བཀའ་འགྱུར་ཀློག་འདོན། ཚེ་སྒྲུབ། འཆི་བསླུ་གལ་ཆེ། ཕུགས་སུའང་མི་ལེགས་པས་པད་འབྱུང་སྐྱེས་རབས་རི་མོ། བཀའ་ཐང་རིགས་མི་འདྲ་བ་བསྲེས་པ་ཚར་ལྔ་བརྒྱ། ཚེས་བཅུ་དང་ཉེར་ལྔར་ཚོགས་མཆོད་རྒྱུན་འཛུགས། མར་མེ་རྒྱུན་འབར་སོགས་ལོ་ལྟར་རིམ་གྲོ་ལ་འབད་དགོས་ཟེར། ཡང་། ནང་དུ་རྫས་མེད་སྟོང་པའི་ངོ་༔ ཞེས་མི་ཡོད་ཀྱང་ནོར་རྫས་མེད་ཅིང་ཁྱིམ་སྟོང་དུ་འོང་བའི་ངོ་ཡིན་པས། རིམ་གྲོར། ཉ་གྲོག་གསོ་ཞིང་འབུམ་གསུམ་ཀློག༔ དཀོན་མཆོག་སྐྱབས་འགྲོ་གཡང་ལྷ་སྒྲུབ༔ ཞེས་ཉ་སྦྱིན་ལན་བཅུ་གསུམ། གྲོག་སྦྱིན་བཅུ་གསུམ། འབུམ་བརྒྱ། ཉི་ཁྲི་དང་བརྒྱད་སྟོང་པ་ཚར་ཅི་མང་། སྐྱབས་འགྲོ་འབུམ། རྣམ་སྲས་ཀྱི་གཡང་སྒྲུབ་དང་སྐུ་ཐང་། ལམ་འཕྲང་རྩུབ་རོང་བསལ་བ་དང་། ཟམ་པ་འཛུགས་དགོས། མགྲོན་ཕྱྭར་འགྱོད་མེད་དལ་དུ་སླེབ༔ གོ་སླ། ནད་ཕྱྭར་ཚེ་སྒྲུབ་འཆི་བསླུ་སྒྲུབ༔ ཕྱིའི་ཚེ་སྒྲུབ་གཞན་གྱིས་བསྒྲུབ་དགོས། ནང་གི་ཚེ་སྒྲུབ་རང་གིས་རྩ་གསུམ་ལ་གསོལ་བ་འདེབས་པ་དང་། ཚེ་ལྷའི་སྒྲུབ་པ་ལ་འབད་པ་གལ་ཆེ། གསང་བའི་ཚེ་སྒྲུབ་རོ་སྙོམས་ཀྱི་གདམས་པ་ཟབ་མོ་ལ་འབད་དགོས། ཕྱིའི་འཆི་བསླུ་གཞན་གྱི་སྲོག་སྐྱོབས་པ་དང་། ནང་གི་འཆི་བསླུ་ནད་པ་མང་པོ་ལ་རིམ་གྲོ་བྱང་ཆུབ་སེམས་བསྐྱེད། བདེ་སྡུག་གཏོང་ལེན། གསང་བའི་འཆི་བསླུ་སྐྱེ་འཆི་རང་བཞིན་གྱིས་མ་གྲུབ་པའི་སྟོང་ཉིད་ལ་གདེང་འཆའ་དགོས་སོ།། དེའི་ངང་ནས། སིདྡྷི་མ་ཎི་འུར་འདོན་དགོས༔ ཞེས་སིདྡྷི་དུང་ཕྱུར་རམ། བྱེ་བ། ལོ་གྲངས། མ་ཎིའང་ཅི་མང་གི་ཡོན་དང་འུར་འདོན་དགོས་སོ།། ད་རེས་རིམ་གྲོས་བསླུས་པ་ཙམ༔ ཞེས་པ་ལྟར་དང་། ཆོས་ཕྱྭར་གཅིག་པུར་སྒྲུབ་ཚུགས་ཟིན༔ ཞེས་པ་ལྟར། རི་ཁྲོད་དུ་ཆོས་ཚུགས་ཟིན་པའམ། མིན་ཀྱང་དགེ་བ་བཅུའམ་བསགས་པ་ཆེ་བ་ཞིག་ཏུ་འགྱུར་ངེས་སོ།། ཅེས་པའང་སྤྲུལ་སྐུ་དམ་པའི་བཀའ་བཞིན། ཤོ་མོའི་གཞུང་རང་སོར་བཞག་ཏེ་རིམ་གྲོ་སོགས་ཅུང་ཟད་རྒྱས་སུ་བཏང་བ་དགེ་སྦྱོང་རྒྱ་སྤྲུལ་བས་སུག་བྲིས་བགྱིས་པ་དགེའོ།།

ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ཆར་འབེབས་ལ་ཉེ་བར་མཁོ་བའི་ཟུར་འགེབས་སྤྲིན་གྱི་བླ་བྲེ།

༄༅། ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ཆར་འབེབས་ལ་ཉེ་བར་མཁོ་བའི་ཟུར་འགེབས་སྤྲིན་གྱི་བླ་བྲེ་ཞེས་བྱ་བ། རིགས་ཀུན་བདག་ཉིད་བླ་མ་དང་། །རིགས་བརྒྱ་རིགས་ལྔ་རིགས་གཅིག་སོགས། །ཀུན་གྱི་རྣམ་རོལ་རྗེ་བཙུན་མར། །བཏུད་དེ་ཆར་འབེབས་འདོད་གསོལ་འདྲི། །དེ་ཡང་ཡི་དམ་གང་བརྟེན་གྱི། །རྩ་སྔགས་དང་ནི་རང་རང་གི། །ཆར་འབེབས་སྔགས་རྣམས་དག་པར་བཟླ། །མཆོད་བསྟོད་རྒྱས་བསྡུས་སྔོན་སོང་ནས། །སླར་ཡང་མདུན་གྱི་ནམ་མཁའ་ལ། །ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ། །གཡས་ཕྱོགས་ཡི་དམ་ལྷ་ཚོགས་དང་། །གཡོན་ཕྱོགས་མཁའ་འགྲོ་རྒྱ་མཚོས་བསྐོར། །དེ་མཐར་ཆོས་སྐྱོང་སྲུང་མ་རྣམས། །སྐུ་ལས་འོད་ཟེར་རབ་འཕྲོས་པས། །སྐུ་གསུམ་ཞིང་བཞུགས་སངས་རྒྱས་དང་། །བྱང་སེམས་ཉན་རང་ཐུགས་རྒྱུད་བསྐུལ། །ཀུན་ཀྱང་འཛམ་གླིང་སེམས་ཅན་ལ། །ཐུགས་བརྩེའི་ཆར་ཆེན་འབེབས་པ་དང་། །ལོ་འབྲས་སྨིན་ལ་རབ་དགོངས་ནས། །རྒྱ་མཚོའི་ཀླུ་ཡི་ཚོགས་རྣམས་ལ། །དྲང་སྲོང་བསླུ་མེད་བདེན་པའི་བཀས། །འཛམ་གླིང་ལ་སོགས་སེམས་ཅན་ལ། །ཚ་བའིགདུང་བ་སེལ་ཕྱིར་དུ། །ཆར་གྱི་རྒྱུན་ཆེན་ཕོབ་ཅིག་ཅེས། །བཀའ་ནན་ཕྲིན་ལས་བསྒྲུབ་པར་བསམ། །དེ་ཚེ་འདོད་གསོལ་འདི་སྐད་བརྗོད། །ཨེ་མ་ཧོ། །ཡེ་ཐོག་ཀུན་བཟང་གདོད་མའི་རྒྱལ་བ་ནི། །མ་བཅོས་ལྷུན་གྲུབ་འཁོར་འདས་ཀུན་གྱི་གཞི། །སྙན་གསན་དབབ་དང་བསྐུལ་དུ་མི་འཚལ་ཡང་། །ཡིད་བཞིན་ནོར་དང་དཔག་བསམ་ལྗོན་ཤིང་བཞིན། །དམིགས་མེད་སྙིང་རྗེ་ཆེན་པོའི་ངང་ཉིད་ལས། །སྡུག་བསྔལ་ཚ་གདུང་སེལ་བའི་ཆར་སྤྲིན་གྱིས། །སྐུ་བཞིའི་ལོ་འབྲས་སྨིན་པར་མཛད་དུ་གསོལ། །དུག་ལྔ་མ་སྤང་གནས་སུ་དག་པ་ལས། །རང་བྱུང་ཡེ་ཤེས་ལྔ་ཡི་སྐུར་སྨིན་པ། །མཚན་དཔེའི་བདག་ཉིད་རིགས་ལྔ་ཡབ་དང་ཡུམ། །བདེ་སྟོང་དབྱེར་མེད་མཁྱེན་བརྩེའི་ཆར་སྤྲིན་གྱིས། །ས་བཅུའི་ལོ་འབྲས་སྨིན་པར་མཛད་དུ་གསོལ། །གདུལ་བྱའི་སེམས་ཉིད་དག་པའི་མེ་ལོང་ལ། །གང་འདུལ་སྤྲུལ་པའི་སྐུར་སྣང་རྫོགས་སངས་རྒྱས། །སྐལ་བཟང་འདྲེན་པ་སྟོང་རྩ་རྣམ་བཞིའི་འཁོར། །འགྲོ་དོན་ཚད་མེད་ཐུགས་རྗེའི་ཆར་སྤྲིན་གྱིས། །ཕན་བདེའི་མྱུ་གུ་སྨིན་པར་མཛད་དུ་གསོལ། །ཁྱད་པར་མཐའ་ཡས་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་འཛིན་པ། །བྱང་ཆུབ་སེམས་དཔའ་རིགས་གསུམ་མགོནཔོ་ཡི། །ཚད་མེད་ཐུགས་བསྐྱེད་སྨོན་ལམ་བདེན་པའི་མཐུས། །འཛམ་བུའི་གླིང་འདིར་ཆར་གྱི་རྒྱུན་ཕབ་ནས། །འབྲུ་བཅུད་རྩི་སྨན་རྒྱས་པར་མཛད་དུ་གསོལ། །ཡང་དགོས་རྩོད་ལྡན་སྙིགས་མའི་སྐྱབས་གཅིག་པུ། །རྒྱ་མཚོར་སྐུ་འཁྲུངས་ཨོ་རྒྱན་ཐོད་ཕྲེང་རྩལ། །གསང་སྔགས་བཀའ་གཏེར་བསྟན་པའི་མངའ་བདག་རྗེ། །ལྷ་སྲིན་སྡེ་བརྒྱད་དྲེགས་པའི་རྒྱུད་བསྐུལ་ཏེ། །མི་བཟོད་ཚ་བའི་འཇིགས་པ་སྐྱོབས་ཕྱིར་དུ། །ཡིད་འོང་སྤྲིན་ལས་ཆར་ཆེན་འབེབ་པ་དང་། །རྩི་ཤིང་ལོ་འབྲས་སྨིན་པར་མཛད་དུ་གསོལ། །བསྐལ་མང་གོང་ནས་འཁོར་བ་མ་སྟོང་བར། །འགྲོ་ཀུན་འཇིགས་པའི་ཚོགས་ལས་སྐྱོབས་པའི་ཕྱིར། །ལྷ་མོའི་གཟུགས་ཀྱིས་གཞན་དོན་མཐར་ཕྱིན་པ། །རྗེ་བཙུན་འཕགས་མ་སྒྲོལ་མཛད་མྱུར་དཔའ་མོ། །གློག་ལྟར་མྱུར་བའི་ཐུགས་རྗེའི་ཆར་ཆེན་གྱིས། །ཉམས་ཐག་སེམས་ཅན་ཚ་གདུང་སེལ་བ་དང་། །བདེ་སྐྱིད་ལོ་འབྲས་སྨིན་པར་མཛད་དུ་གསོལ། །ཞི་བས་མི་འདུལ་གདུག་ཅན་རུ་ཏྲའི་ངོར། །ཁྲོ་གཏུམ་གར་དགུའི་ཉམས་ལྡན་དཔལ་ཆེན་པོ། །སྒྲུབ་སྡེ་བརྒྱད་སོགས་ཡི་དམ་ལྷག་པའི་ལྷ། །མཆོག་ཐུན་དངོས་གྲུབ་འདོད་དགུའི་དཔལ་སྟེར་བའི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ལས། །ཕན་བདེའི་ཆར་ཆེན་འབེབ་པར་མཛད་པ་དང་། །དབུལ་སེལ་ལོ་འབྲས་སྨིན་པར་མཛད་དུ་གསོལ། །གནས་མཆོག་སོ་གཉིས་ཡུལ་ཆེན་ཉེར་བཞི་ཡི། །གནས་ཀྱི་མངའ་བདག་ཌཱཀྐི་སྡེ་ལྔ་དང་། །དཔའ་བོ་མཁའ་འགྲོ་ཤ་ཟ་ཤུགས་འགྲོ་སོགས། །ལེགས་ཉེས་ལྟང་འཛིན་དམ་ཚིག་རྗེས་གཅོད་པའི། །བཀའ་འཁོར་མ་མོ་མཁའ་འགྲོའི་རྒྱུད་བསྐུལ་ནས། །འཛམ་བུའི་གླིང་འདིར་ཆར་གྱི་རྒྱུན་ཆེན་ཕོབས། །རྩི་ཤིང་ལོ་འབྲས་གཡུར་དུ་ཟ་བར་མཛོད། །བདག་གི་ཚེ་རབས་སྔོན་ནས་ད་ལྟའི་བར། །ལས་ཀྱིས་འབྲེལ་བའི་བསྲུང་མ་དམ་ཚིག་ཅན། །མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དང་། །གཟའ་དང་དམ་ཅན་ཆོས་རྒྱལ་བཙན་རྒོད་སོགས། །འགོ་ཞིང་སྡོང་གྲོགས་བྱེད་པ་ཐམས་ཅད་དང་། །ཁྱད་པར་གནོད་སྦྱིན་ཆེན་པོ་ཡང་ལེ་བེར། །བཙན་རྒོད་སྤུན་བདུན་སྤྲུལ་དང་ཡང་སྤྲུལ་བཅས། །མྱུར་མགྱོགས་མཐུ་སྟོབས་ནུས་པའི་རྩལ་ཕྱུངས་ལ། །རྩི་ཤིང་ནགས་ཚལ་སྐམ་པའི་ཆར་ཆོད་མཁན། །གཟུགས་ཅན་གཟུགས་མེད་འབྱུང་པོའི་འཚེ་བ་བཟློག །ཕན་བདེའི་ལོ་འབྲས་སྨིན་པའི་ཆར་རྒྱུན་ཕོབས། །ཚངས་པ་བརྒྱ་བྱིན་ལྷ་ཡི་ཚོགས་རྣམས་དང་། །ཐག་བཟང་རིས་སོགས་ལྷ་མིན་རིགས་རྣམས་དང་། །ཁྱད་པར་དགའ་བོ་འཇོག་པོ་ཉེ་དགའ་བོ། །རྒྱལ་རིགས་རྗེས་རིགས་དམངས་རིགས་བྲམ་ཟེའི་རིགས། །གདོལ་བ་ལ་སོགས་ཀླུ་རིགས་བསམ་ཡས་པས། །དཀོན་མཆོག་གསུམ་གྱི་བཀའ་ལས་མི་འདའ་བར། །ཚ་བའི་གདུང་སེལ་སྤྲིན་གྱི་གུར་ཕུབ་ཏེ། །ཡིད་འོང་བསིལ་བའི་ཆར་ཆེན་འབེབ་པར་མཛོད། །བཀྲེས་སྐོམ་ནད་སེལ་སྨན་འབྲས་རྒྱས་པར་མཛོད། །ཅེས་བརྗོད་ཀླུ་ཆེན་བརྒྱད་པོ་སོགས། །ཀུན་གྱིས་ཆུ་ཡི་རྐྱལ་བ་ཐོགས། །མཁའ་ལ་སྤྲིན་གྱི་རྟ་ཞོན་ནས། །གང་དམིགས་ཡུལ་དེར་གྲུ་ཆར་ཕབ། །ལོ་འབྲས་ཕུན་སུམ་ཚོགས་པར་བསམ། །ཡི་དམ་གང་ཡིན་སྔགས་ཤམ་དུ། །ཨོཾ་ནཱ་ག་ག་ལ་ཧཱུྃ། ནཱ་ག་ལི་ལེ། ནཱ་ག་རཱ་ཛ། ཆར་ཕོབས་མེ་གྷ་བསྡུས་བསྡུས། མ་ཧཱ་པ་ཎི་སྭཱ་ཧཱཿ ཤགས་ཤགས་དྲག་ཏུ་ཕོབསཿ ཅེས་བརྗོད་སྐབས་སུ་ཀླུ་གཏོར་འབུལ། །སྦྱོར་བ་སེམས་བསྐྱེད་ཀྱིས་དྲང་ནས། །དངོས་གཞི་སྟོང་དང་སྙིང་རྗེའི་ངང་། །རྗེས་ལ་དགེ་བ་གཞན་དོན་བསྔོ། །ཆོ་གའི་རྗེས་ཆོག་རང་གཞུང་བཞིན། །ཆད་ལྷག་མེད་པ་གལ་ཆེའོ། །ཅེས་པ་འདི་ཡང་མཚུངས་མེད་སྤྲུལ་པའི་སྐུའི་བཀའ་བཞིན་ཆོས་གཟུགས་འདུ་ཤེས་གསུམ་པ་ཙི་ནའི་སྤྲུལ་མིང་པས་གང་ཤར་སྙིང་པོར་དྲིལ་ཏེ་བརྗོད་པ་དགེའོ།།

བླ་མ་དགོངས་པ་འདུས་པ་ལས་ཆར་ཆོག་ལྷན་ཐབས་སྙན་གསན་དབབ་པ།

བླ་མ་དགོངས་པ་འདུས་པ་ལས་ཆར་ཆོག་ལྷན་ཐབས་སྙན་གསན་དབབ་པ་ནི༔ དང་པོ་འགབ་འདྲེ་བསེ་རག་མནན༔ དེ་ནས་ཆུ་མིག་མགོར་སོང་ལ༔ དུང་འབུད༔ དཀར་གཏོར་བཟུང་ལ༔ རང་ཉིད་ལྷ་ཞི་བ་བསྒོམ་ལ༔ འོ་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན༔ ཀླུ་མོ་ཀུན་ཤེས་འོད་ལྡན༔ ཀླུ་ཕྲུག་ཐ་རེ་འོད་དཀར༔ ཀླུའི་རྒྱལ་པོ་དགའ་བོ་དང་འཇོག་པོ་དང༔ སྟོབས་རྒྱུ༔ རིག་ལྡན་དང༔ ནོར་རྒྱས་ཀྱི་བུ་དང༔ དུང་སྐྱོང་དང༔ པདྨ་དང༔ ཨེ་ལའི་འདབ་མ་ཅན་དང༔ ཆུ་བདག་ཝ་རུ་ན་དང༔ ཀླུའི་རྒྱལ་པོ་རྒྱལ་རིགས་ཀྱི་རྒྱལ་པོ་རྣམས་དང༔ རྗེ་རིགས་ཀྱི་རྒྱལ་པོ་རྣམས་དང༔ རྨང་རིགས་ཀྱི་རྒྱལ་པོ་རྣམས་དང༔ བྲམ་ཟེའི་རིགས་ཀྱི་རྒྱལ་པོ་རྣམས་དང༔ གདོལ་པའི་རིགས་ཀྱི་རྒྱལ་པོ་རྣམས་ཉོན་ཅིག༔ ཁྱེད་རྣམས་ལ་ཕོད་བཙུགས་པར་འོང་བ་མ་ཡིན༔ དོ་བསྡོ་བ་ལ་འོང་བ་མ་ཡིན༔ འགྲན་བཙལ་བ་ལ་འོང་པ་མ་ཡིན༔ གཏད་དང་མནན་པ་འཕང་བ་ལ་འོང་བ་མ་ཡིན༔ ཐུན་དང་ཁྲག་ཟོར་འཕེན་པ་ལ་འོང་བ་མ་ཡིན་ཏེ༔ ངེད་འཛམ་གླིང་དུ་ཐན་པ་ཆེན་པོ་བྱུང་བས༔ ཐུགས་ཞི་བའི་ངང་དུ་ཆར་སློང་དུ་འོང་བ་ཡིན༔ འོ་ཀླུ་རྒྱལ་འཁོར་དང་བཅས་པ་ཁྱོད་ཉོན་ཅིག༔ ཁྱད་པར་འདིར་གནས་པའི་ལྷ་ཀླུ་སྡེ་བརྒྱད་རྣམས་ཉོན་ཅིག༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནསཿ རྒྱལ་བ་ཀུན་ཏུ་བཟང་པོ་ལ་བཀའ་བརྒྱུད་བླ་མ་རྣམས་ཀྱིས་བཀའི་བསྡུ་བ་པོ་བྱས་པ་ལ༔ འཇིག་རྟེན་གྱི་ཁམས་སུ་ཚིག་པ་ཆེན་པོ་བྱུང་ནས༔ ཁྱོད་ཀླུའི་གྲོང་ཁྱེར་དུ་དགེ་བ་བསྐུལ་བ་ལ༔ ངེད་དཔོན་སློབ་མཆེད་གྲོགས་ཆར་སློང་ལ་འོང་བ་ཡིན་པས༔ ཆར་ཆེན་པོ་ད་ལྟ་ཉིད་དུ་ཕོབ་ཅིག༔ མྱུར་དུ་ཕོབ་ཅིག༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན༔ སངས་རྒྱས་རྣམ་པར་སྣང་མཛད་ལ་རྒྱལ་བ་རིགས་ལྔས་བཀའི་བསྡུ་བ་པོ་བྱས་ནས༔ འཇིག་རྟེན་གྱི་ཁམས་སུ་ཚིག་པ་ཆེན་པོ་བྱུང་ནས༔ ཁྱོད་ཀླུའི་གྲོང་ཁྱེར་དུ་དགེ་བ་བསྐུལ་བ་ལ༔ ངེད་དཔོན་སློབ་མཆེད་གྲོགས་ཆར་སློང་ལ་འོང་བ་ཡིན་པས༔ ཆར་ཆེན་པོ་མྱུར་དུ་ཕོབ་ཅིག༔ དྲག་ཏུ་ཕོབ་ཅིག༔ འོ་བྱ་རྒོད་ཕུང་པོའི་རི་བོ་ནས་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ༔ འཁོར་ཉན་ཐོས་མཆེད་བརྒྱད་ཀྱིས་བཀའི་བསྡུ་བ་པོ་བྱས་ནས༔ འཇིག་རྟེན་གྱི་ཁམས་སུ་ཚིག་པ་ཆེན་པོ་བྱུང་ནས༔ ཁྱོད་ཀླུའི་གྲོང་ཁྱེར་དུ་དགེ་བ་བསྐུལ་བ་ལ༔ ངེད་དཔོན་སློབ་མཆེད་གྲོགས་ཆར་སློང་ལ་འོང་བ་ཡིན་པས༔ ཆར་ཆེན་པོ་མྱུར་དུ་ཕོབ་ཅིག༔ ད་ལྟ་ཉིད་དུ་ཕོབ་ཅིག༔ འོ་བྱང་ཕྱོགས་ལྗང་ལོ་ཅན་གྱི་གནས་མཆོག་ནས༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ༔ འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀའི་བསྡུ་བ་བྱས་ནས༔ འཇིག་རྟེན་གྱི་ཁམས་སུ་ཚིག་པ་ཆེན་པོ་བྱུང་ནས༔ ཁྱོད་ཀླུའི་གྲོང་ཁྱེར་དུ་དགེ་བ་བསྐུལ་བ་ལ༔ ངེད་དཔོན་སློབ་མཆེད་གྲོགས་དགེ་བའི་ཆར་སློང་ལ་འོང་བ་ཡིན་པས༔ ཆར་ཆེན་པོ་ད་ལྟ་ཉིད་དུ་ཕོབ་ཅིག༔ མྱུར་དུ་ཕོབ་ཅིག༔ ནུབ་ཕྱོགས་ཨོ་རྒྱན་གྱི་གནས་མཆོག་ནས༔ སློབ་དཔོན་པདྨ་འབྱུང་གནས་ལ་རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་བཀའི་བསྡུ་བ་པོ་བྱས་ནས༔ འཇིག་རྟེན་གྱི་ཁམས་སུ་ཚིག་པ་ཆེན་པོ་བྱུང་ནས༔ ཁྱོད་ཀླུའི་གྲོང་ཁྱེར་དུ་དགེ་བ་བསྐུལ་བ་ལ༔ ངེད་དཔོན་སློབ་མཆེད་གྲོགས་ཆར་སློང་ལ་འོང་བ་ཡིན་པས༔ ཆར་ཆེན་པོ་ད་ལྟ་ཉིད་དུ་ཕོབ་ཅིག༔ དྲག་ཏུ་ཕོབ་ཅིག༔ མྱུར་དུ་ཕོབ་ཅིག༔ གལ་ཏེ་ཆར་མི་འབེབ་ན༔ གནས་འདིར་བྱེ་ཚན་གྱི་འཇིག་པ་དང༔ ཉི་ཚན་གྱི་འཇིག་པ་དང༔ མེ་རིའི་འཇིག་པ་དང༔ རྒྱལ་པོའི་ལས་ཀྱི་འཇིག་པ་དང༔ ཁྲག་འཐུང་ཁྲོ་བོའི་དམག་ཚོགས་དང༔ དུག་ཐུན་དང༔ ཁྲག་ཐུན་དང༔ ཡུངས་ཐུན་དང༔ སྔགས་རྣམས་དང༔ གཏོར་ཟོར་ཁྲག་ཟོར་བིང་ཟོར་རྣམས་དང༔ བྱ་ཁྱུང་གི་འཇིག་པ་དང༔ ཡུངས་དཀར་ཁྲོ་བོའི་འཇིག་པ་ལ་སོགས་གཏོང་བ་ཡིན་པས་དེ་བས་ད་ལྟ་ཉིད་དུ་ཆར་ཕོབ་ཅིག༔ ཆར་ཆེན་པོ་ཕོབ་ཅིག༔ མྱུར་དུ་ཕོབ་ཅིག༔ དྲག་ཏུ་ཕོབ་ཅིག༔ སངས་རྒྱས་རྣམས་ཀྱི་བཀའ་མ་བཅག༔ དམ་མ་འདྲལ་ལ་ཆར་གྱི་ཆུ་རྒྱུན་ཆེན་ཕོབ་ཅིག༔ ཅེས་གང་ཤེས་ཀྱི་བདེན་པ་བདར་བར་བྱའོ། །འབྲས་བུ་ལོ་ཏོག་ལ་ཕན་པར་བྱེད་པའི་ཆར་འབོད་ཀྱི་ལྷན་ཐབས་ལགས་སོ།།

ཆར་ཆོད་ཀྱི་རིགས་ལ་ཉེ་བར་མཁོ་བའི་གསོལ་འདེབས་འདོད་གསོལ་མེ་རླུང་འཁྲིགས་པའི་ཕྲེང་བ།

༄༅། ཆར་ཆོད་ཀྱི་རིགས་ལ་ཉེ་བར་མཁོ་བའི་གསོལ་འདེབས་འདོད་གསོལ་མེ་རླུང་འཁྲིགས་པའི་ཕྲེང་བ་ཞེས་བྱ་བ། ཡི་དམ་གང་བྱེད་ཀྱི་བསྙེན་པ་རྫོགས་ནས་མཆོད་བསྟོད་ཚར་རྗེས་གསོལ་འདེབས་འདོད་གསོལ་ནི། ཨེ་མ་ཧོ། བསླུ་མེད་སྟོན་པ་ཐུགས་རྗེ་ཅན། །རྫོགས་པའི་སངས་རྒྱས་ཤཱཀ་ཐུབ་ལ། །ཁྱེད་ཤེས་དད་པས་གསོལ་འདེབས་ན། །དུས་མིན་ཁ་ཆར་བུ་ཡུག་སོགས། །འབྱུང་བའི་གཡོ་འཁྲུགས་བཟློག་པ་དང་། །ཕན་བདེའི་ཉི་མ་འཆར་བར་མཛོད། །འཕགས་པ་འོད་སྲུང་ཆེན་པོ་སོགས། །བསྟན་པའི་གཏད་རབས་ཆེན་པོ་བདུན། །ཁྱེད་ཤེས་དད་པས་གསོལ་འདེབས་ན། །དུས་མིན་ཁ་ཆར་བུ་ཡུག་སོགས། །འབྱུང་བའི་གཡོ་འཁྲུགས་བཟློག་པ་དང་། །ཕན་བདེའི་ཉི་མ་འཆར་བར་མཛོད། །ཡན་ལག་འབྱུང་དང་མ་ཕམ་སོགས། །འཕགས་པའི་གནས་བསྟན་བཅུ་དྲུག་ལ། །ཁྱེད་ཤེས་དད་པས་གསོལ་འདེབས་ན། །དུས་མིན་ཁ་ཆར་བུ་ཡུག་སོགས། །འབྱུང་བའི་གཡོ་འཁྲུགས་བཟློག་པ་དང་། །ཕན་བདེའི་ཉི་མ་འཆར་བར་མཛོད། །པདྨ་ཐོད་ཕྲེང་ལ་སོགས་པའི། །གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ། །ཁྱེད་ཤེས་དད་པས་གསོལ་འདེབས་ན། །དུས་མིན་ཁ་ཆར་བུ་ཡུག་སོགས། །འབྱུང་བའི་གཡོ་འཁྲུགས་བཟློག་པ་དང་། །ཕན་བདེའི་ཉི་མ་འཆར་བར་མཛོད། །ནམ་མཁའི་སྙིང་པོ་ལ་སོགས་པའི། །རྗེ་འབངས་ཉི་ཤུ་རྩ་ལྔ་ལ། །ཁྱེད་ཤེས་དད་པས་གསོལ་འདེབས་ན། །དུས་མིན་ཁ་ཆར་བུ་ཡུག་སོགས། །འབྱུང་བའི་གཡོ་འཁྲུགས་བཟློག་པ་དང་། །ཕན་བདེའི་ཉི་མ་འཆར་བར་མཛོད། །དམ་ཚིག་དབང་དང་ཤེས་རབ་རྒྱུད། །མན་ངག་ལུང་དང་ཉམ་ཆགས་སྐོང་། །མཚུངས་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དུས་མིན་གྱི། །ཁ་ཆར་བུ་ཡུག་གནོད་པ་བཟློག །ཕན་བདེའི་ཉི་མ་འཆར་བར་མཛོད། །ཆེ་མཆོག་ཡང་དག་གཤིན་རྗེ་གཤེད། །པདྨ་དབང་དང་ཕུར་བའི་ལྷ། །མ་མོ་རྦོད་གཏོང་རིག་པ་འཛིན། །མཆོད་བསྟོད་དྲག་སྔགས་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་དུས་མིན་གྱི། །ཁ་ཆར་བུ་ཡུག་གནོད་པ་བཟློག །ཕན་བདེའི་ཉི་མ་འཆར་བར་མཛོད། །དབྱིངས་ཀྱི་མཁའ་འགྲོ་རྣལ་འབྱོར་མ། །རྡོ་རྗེ་རིན་ཆེན་པདྨ་ལས། །བུདྡྷ་ཌཱཀྐི་གཙོ་དང་འཁོར། །མ་སྲིང་ཤུགས་འགྲོ་བཅས་པ་ལ། །གསོལ་བ་འདེབས་སོ་དུས་མིན་གྱི། །ཁ་ཆར་བུ་ཡུག་གནོད་པ་བཟློག །ཕན་བདེའི་ཉི་མ་འཆར་བར་མཛོད། །བཀའ་སྲུང་ཕོ་རྒྱུད་མོ་རྒྱུད་དང་། །གཉིས་མེད་མ་ནིང་རྒྱུད་ལ་སོགས། །ལྕམ་དྲལ་བཀའ་སྡོད་བྲན་དང་གཡོག །སྔོན་ཚེ་པདྨ་ཐོད་ཕྲེང་གི། །བཀའ་དང་དམ་ལས་མ་འདའ་བར། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དུས་མ་ཡིན་པའི་ཆར་རྒྱུན་དང་། །བུ་ཡུག་ཆུ་ལོག་འཇིག་པ་བཟློག །ལམ་དུ་འགྲོ་དང་དོན་གཉེར་ལ། །ཕན་གྲོགས་ཉི་མ་འཆར་བ་དང་། །བདེ་སྐྱིད་སྣང་བ་རྒྱས་པར་མཛོད། །ཕ་ལྷ་མ་ལྷ་ཞང་པོའི་ལྷ། །ཡུལ་ལྷ་སྲོག་འཚོ་འདྲེན་པའི་ལྷ། །དྲག་རྩལ་མྱུར་མགྱོགས་ལྡན་པ་རྣམས། ། གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དུས་མ་ཡིན་པའི་ཆར་རྒྱུན་དང་། །བུ་ཡུག་ཆུ་ལོག་འཇིག་པ་བཟློག །ལམ་དུ་འགྲོ་དང་དོན་གཉེར་ལ། །ཕན་གྲོགས་ཉི་མ་འཆར་བ་དང་། །བདེ་སྐྱིད་སྣང་བ་རྒྱས་པར་མཛོད། །དུས་མིན་ཆར་སྤྲིན་རླུང་གིས་གཏོར། །ལོ་འབྲས་བཅུད་ལ་གནོད་པ་ཡི། །རྒྱལ་བསེན་ཀླུ་གཉན་ཡུལ་ནས་ཕྱུངས། །ངན་སྔགས་ཆར་རྒྱུན་ཚང་ནས་ཐོན། །ལམ་དུ་འགྲོ་དང་དོན་གཉེར་ལ། །ཕན་གྲོགས་འོད་སྟོང་ཚ་ཟེར་འབར། །བདེ་སྐྱིད་སྣང་བ་རྒྱས་པར་མཛོད། །ཅེས་པའང་སྤྲུལ་པའི་སྐུའི་བཀའ་བཞིན་ཙི་ནའི་ནིརྨ་ཀས་གང་ཤར་སྤེལ་བ་དགེ་བར་གྱུར་ཅིག སརྦ་མངྒ་ལཾ།

ཆར་ཆོད་བསྐལ་མེའི་ཕྲེང་བ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཆར་ཆོད་བསྐལ་མེའི་ཕྲེང་བ་བཞུགས༔ མ་ཧཱ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མ་འོངས་བསྐལ་པའི་ཐ་མ་ལ༔ དབྱར་སྟོན་མི་སྙོམ་ལོ་ཏོག་རུལ༔ དགུན་དཔྱིད་མི་ཕྱུགས་སྡུག་ལ་གཏད༔ དེ་དག་རྒྱུ་རྐྱེན་མི་དགེའི་ལས༔ བག་མེད་ཁྱད་པར་རི་དྭགས་རིགས༔ ཁྱི་དང་རྙི་མཚོན་སྣ་ཚོགས་ཀྱིས༔ གསོད་ཅིང་མཚོ་གཉན་རྫས་ངན་གྱིས༔ མནོལ་རྩོག་མི་གཙང་གྲིབ་ཀྱིས་ཕོག༔ ཡུལ་བདག་ལྷ་སྲིན་འཁྲུག་ཅིང་གཡོ༔ དེ་དག་སེལ་བའི་ཐབས་མང་ཡང་༔ གཙོ་བོ་སེམས་བསྐྱེད་ལྡན་པ་ཡིས༔ བསང་བརྔན་ཆུ་སྦྱིན་རི་རྒྱ་སྡོམས༔ སྔགས་སྲུང་བསྙེན་བསྒྲུབ་ཚོགས་བསྐང་འབད༔ ས་མ་ཡཱ༔ ཁྱད་པར་རྫས་ལ་མི་ལྟོས་པའི༔ སྔགས་དང་དམིགས་པས་ཆར་གཅོད་པའི༔ གདམས་ཟབ་སྐལ་ལྡན་སྙིང་ལ་ཕུར༔ ࿑ རང་ཉིད་སྔགས་སྲུང་རལ་གཅིག་མ༔ མཐིང་ནག་སྤྱན་གཅིག་བསྐལ་མེ་འབར༔ སྡེ་བརྒྱད་ནག་ཕྱོགས་བསྲེགས་ཤིང་བསྐྲད༔ དཀར་ཕྱོགས་ལྷ་ཀླུ་ལས་ལ་བཀོལ༔ རང་ཉིད་གར་གནས་ཡུལ་སྐྱོང་དེས༔ ཅི་བཅོལ་ལས་བྱེད་ཁས་བླངས་བསམ༔ རྩ་སྔགས་གཤམ་དུ་སྔགས་འདི་བཏགས༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ་མ་ར་ཡ་ཕཊ༔ བྷུ་མི་པ་ཏི་ལོ་ཀ་པ་ལ་ཆར་ཆོད༔ རཾ་རཾ་ཡཾ་ཡཾ་ཛྭ་ལ་ཛྭ་ལ༔ མེ་གྷ་ཤིག་ཤིག༔ གཏོར་གཏོར༔ ཅེས་པ་བརྒྱ་རྩ་སྨྲ་བཅད་བཟླ༔ སླར་ཡང་དམིགས་པ་འདི་བཞིན་བྱ༔ མདུན་གྱི་ནམ་མཁར་ཨོ་རྒྱན་རྗེ༔ སྐུ་མདོག་དམར་ནག་བསྐལ་མེ་འབར༔ རྡོ་རྗེ་ལྕགས་ཕུར་འདོར་སྟབས་བསྒྲད༔ ཆར་བདག་ཀླུ་དང་ས་བདག་ཀུན༔ ཞབས་ཀྱི་འོག་ཏུ་མནན་ནས་ཀྱང་༔ སྤྲིན་དང་ཆར་ཆུ་གཏོར་ཞིང་སྐམ༔ ཇི་ལྟར་འདོད་པ་དེ་སྲིད་དུ༔ མཁའ་དབྱིངས་རབ་ཏུ་དངས་པ་ལ༔ ཉི་མའི་འོད་སྟོང་འབར་བར་བསམ༔ ཚིག་བདུན་གསོལ་འདེབས་བརྒྱ་ཕྲག་གཅིག༔ སིདྡྷིའི་གཤམ་དུ་སྔགས་འདི་གདགས༔ ཆར་བདག་ནོན་ནོན༔ ཆར་སྤྲིན་གཏོར་གཏོར༔ མཐར་ནི་སྡེ་བརྒྱད་བཤོས་བུས་བརྔན༔ བདག་མདུན་ལྷར་སྣང་སྟོང་པར་བསྡུ༔ སྟོང་ཉིད་རང་གདངས་སྙིང་རྗེར་ཤར༔ གནོད་བྱེད་སྡེ་བརྒྱད་གནོད་པའི་ཡུལ༔ ཀུན་ཀྱང་བྱང་ཆུབ་སྙིང་པོ་ལ༔ འགོད་འདོད་བློ་དང་མ་བྲལ་བས༔ ཐུན་མཚམས་ཆོས་སྤྱོད་ཆགས་མེད་བྱ༔ དགེ་བ་མཁའ་ཁྱབ་འགྲོ་ལ་བསྔོ༔ ཕན་འདོད་ལྷག་བསམ་ཅན་ལ་སྤེལ༔ ལོག་ལྟ་ཅན་ལ་ཨ་ཐཾ་རྒྱ༔ ས་མ་ཡཱ༔ སྐལ་ལྡན་ལུང་རིག་གླིང་པའི་དག་སྣང་གི་ཆོས་སྡེ་ལས་བྱུང་བའོ༔

སེར་སྲུང་རབ་འཇིགས་བསྐལ་མེའི་ཚ་ངར།

ཡང་ཟབ་ཁྲོས་མའི་ཐུགས་སྒྲུབ་ལས༔ སེར་སྲུང་རབ་འཇིགས་བསྐལ་མེའི་ཚ་ངར་བཞུགས༔ དབྱིངས་ཡུམ་ཁྲོས་མའི་སྐུ་ལ་འདུད༔ དུས་ངན་བསྐལ་པའི་ཐ་མ་ལ༔ སྡིག་སྤྱོད་སྐྱེ་བོས་ས་སྟེང་གང༔ དེ་ཚེ་གློ་བུར་སྡེ་བརྒྱད་འཁྲུགས༔ འབྲུ་བཅུད་ལོ་ཏོག་སེར་བས་འཇོམས༔ མུ་གེས་གང་སྟོང་ཡུལ་འགར་འབྱུང༔ དེ་དུས་བྱང་ཆུབ་སེམས་ལྡན་པས༔ ཡང་ཟབ་ཁྲོས་མའི་བསྙེན་སྒྲུབ་བསྐྱལ༔ སེང་ལྡིང་ངམ་ནི་སྐྱེར་ཤིང་གི༔ ཕུར་བར་རྩ་བའི་སྔགས་ཤམ་དུ༔ ཡུལ་འདིར་སེར་བ་སྲུང་ཤིག་བྲི༔ དཀྱིལ་འཁོར་དབུས་བཞག་ལྷ་རུ་བསྒོམ༔ བར་སྐབས་དྲག་སྔགས་སོ་ལྔ་པའི༔ རྣོ་སོ་གདགས་ལ་བརྒྱ་རྩ་བཟླ༔ ཚོགས་ཀྱི་འཁོར་ལོས་ཐུགས་དམ་བསྐང༔ སེར་བདག་ལིང་ཀར་ཡང་ཡང་བསྟིམས༔ བསྒྲལ་ལས་དྲག་པོའི་ཆོ་ག་བྱ༔ རལ་གཅིག་སྡེ་བརྒྱད་གཙོ་འཁོར་རྣམས༔ འོད་ཞུ་ཕུར་བུར་གྱུར་པ་ཡི༔ དབལ་ལས་མེ་ཡི་ཚྭ་ཚྭ་འཕྲོས༔ སེར་བྱེད་འབྱུང་པོ་བསྲེག་པར་བསམ༔ དམིགས་པ་ཡེང་མེད་ངང་ཉིད་ནས༔ དྲག་སྔགས་སོ་ལྔ་སྟོང་རྩ་ཡི༔ སྔགས་བཏབ་དཀར་ནག་ཡུངས་ཐུན་གྱི༔ འཕུར་མ་ཁྲོ་བོ་ཡབ་ཡུམ་གྱི༔ སྦྱོར་མཚམས་ཁྲོ་མཚོན་མེ་དཔུང་གི༔ ཚྭ་ཚྭས་སྲིད་གསུམ་གང་བར་བསམ༔ དེ་ཉིད་ཕུར་བའི་མགུལ་དུ་གདགས༔ སེར་ཐོར་བཀྲམ་ནས་ཐོ་རངས་ཁར༔ སྤྲིན་བརྟགས་སེར་སྤྲིན་འདུག་པ་ན༔ རང་ཉིད་རལ་གཅིག་ཁྲོ་མོ་ཡི༔ ཐུགས་ལས་ཡེ་ཤེས་ཁྲོ་བོ་བཅུ༔ འཕྲོས་ཤིང་སྐུ་ལས་མེ་མཚོན་འཕྲོས༔ སེར་བ་བཞུས་ཤིང་སེར་བདག་བརླག༔ ཡེངས་མེད་དམིགས་པའི་འཛིན་སྟངས་ཀྱིས༔ རྩ་སྔགས་ཤམ་དུ་སོ་ལྔ་གདགས༔ ཁྱད་པར་སྔགས་འདིས་རྣོ་སོ་གདགས༔ ནཱ་ག་ར་ཛ་སེར་བ་མ་ར་ཡ་རྦད༔ སེར་བདག་འབྱུང་པོ་ཐམས་ཅད་ཀྱི་སྙིང་ལ་བྷྱོ་རྦད་བཟློག་སོད༔ སྡེ་བརྒྱད་འབྱུང་པོ་དམ་སྲི་ཡུལ་འདྲེ་ལོ་ཏོག་ལ་སྡང་བ་ཐམས་ཅད་མ་ར་ཡ་ཧཱུྃ་ཕཊ༔ ཐལ་མོ་བརྡབ་ཅིང་དར་དམར་གཡབ༔ དེས་ནི་ངེས་པར་སྲུང་བར་འགྱུར༔ གལ་ཏེ་གློ་བུར་སེར་བ་ཡིས༔ ལམ་དུ་འཇིགས་སམ་ལོ་ཏོག་གནོད༔ མདུན་མཁར་རྡོ་རྗེ་གྲོ་ལོད་ཀྱི༔ སྐུ་ལས་ཁྲོ་ཆུང་སེར་ལྟར་འཕྲོས༔ ཐོག་བདག་སེར་བྱེད་འབྱུང་པོ་བརླག༔ ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ༔ དྲག་སྔགས་སོ་ལྔའི་རྣོ་སོ་གདགས༔ ལྷ་ཡི་སེར་བ་བྷྱོ་བཟློག༔ གཤིན་རྗེའི་སེར་བ་བྷྱོ་བཟློག༔ བཙན་གྱི་སེར་བ་བྷྱོ་བཟློག༔ བདུད་ཀྱི་སེར་བ་བྷྱོ་བཟློག༔ ཀླུ་བདུད་ཀྱི་སེར་བ་བྷྱོ་བཟློག༔ གཟའ་ཡི་སེར་བ་བྷྱོ་བཟློག༔ ཐེའུ་རིང་གི་སེར་བ་བྷྱོ་བཟློག༔ མ་མོའི་སེར་བ་བྷྱོ་བཟློག༔ ཡུལ་འདྲེའི་སྣ་འདྲེན་དང་བཅས་པའི་སྲོག་ལ་སརྦ་ཤ་ཏྲུཾ་མ་ར་ཡ་རྦད༔ དེས་ནི་བཟློག་འགྱུར་གདོན་མི་ཟ༔ ཆོད་ནས་བསང་དང་བཤོས་བུ་ཡིས༔ སྡེ་བརྒྱད་མཆོད་ཅིང་ཕྲིན་ལས་བཅོལ༔ དམ་ཚིག་མ་ཉམས་བསྲུང་གལ་ཆེ༔ ཁྱད་པར་ཆོས་ལ་ཐེ་ཚོམ་སྤངས༔ རྟག་ཏུ་གཞན་ཕན་བློ་ལ་འཆང༔ ཟབ་པའི་མཐར་ཐུག་དགོངས་པའི་གཏེར༔ མཚོ་རྒྱལ་སྤྲུལ་པའི་གང་ཟག་གིས༔ སྔོན་སྨོན་དུས་བབས་འགྲོ་དོན་སྤེལ༔ པདྨའི་ཆོས་ཀྱིས་བསླུ་རེ་གན༔ དམ་མེད་ལོག་ལྟ་ཅན་ལ་སྦོས༔ སྐུ་གསུང་ཐུགས་ཀྱི་རྒྱ་གསུམ་གདབ༔ སྡེ་བརྒྱད་སྤྱི་ཡིས་བཀའ་འདི་སྲུངས༔ སྔགས་ཀྱི་བདག་མོས་གཏེར་འདི་འཚོས༔ གུ་ཧྱ༔ རིག་འཛིན་ལུང་རིག་གླིང་པས་དབྱིངས་རིག་མཁའ་འགྲོའི་གསང་མཛོད་ནས་བཏོན་པ་དགེའོ༎

སད་སྲུང་ཕན་བྱེད་སྤྲིན་གྱི་བླ་བྲེ།

ཡང་ཟབ་རལ་གཅིག་ཁྲོས་མའི་ཐུགས་སྒྲུབ་ལས༔ སད་སྲུང་ཕན་བྱེད་སྤྲིན་གྱི་བླ་བྲེ་བཞུགས༔ དབྱིངས་ཡུམ་ཁྲོས་མའི་སྐུ་ལ་འདུད༔ བདག་མེད་དབྱིངས་ཀྱི་རལ་གཅིག་མས༔ ལོག་རྟོག་འགྲོ་ལ་ཕན་གདག་ཕྱིར༔ ཕན་བྱེད་སད་སྲུང་ཟབ་མོ་བསྟན༔ གང་འབྲེལ་ཐར་ལམ་མཆོག་ཐོབ་ཤོག༔ ས་མ་ཡཱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ ཞིང་ལ་གྲང་རེག་སྲུང་བྱེད་ན༔ འཁོར་ལོ་མུ་ཁྱུད་གསུམ་པའི་ལྟོར༔ བྷྱོ་ཡིག་ཕྱོགས་བཞིར་བཾ་ཡིག་བཞི༔ ཕྱོགས་མདོག་སྤྲིན་གྱི་པ་ཏྲས་སྤྲས༔ དེ་ཕྱིར་རལ་གཅིག་རྩ་སྔགས་ཤམ༔ ཨོཾ་ནཱ་ག་ཤ་ཤ་ཤུ་ཤུ་མུ་ལེ་ཡེ་ཡེ་སྭཱ་ཧཱ༔ ཡུལ་འདིར་ཞིང་ལ་གྲང་རེག་གི་གནོད་པ་ལས་སྲུངས་ཤིག༔ དེ་ཕྱིར་མུ་ཁྱུད་ཕྱི་མ་ལ༔ དབྱངས་གསལ་ཡེ་དྷར་ཤམ་ཉིད་དུ༔ ཡུལ་འདིའི་ཞིང་ལ་ལྷག་པ་སྲུངས་ཤིག༔ བཛྲ་རཀྵ་རཀྵ་བྷྲུཾ༔ རྫས་ནི་ཚ་བའི་རྫས་གསུམ་དང༔ བཟང་དྲུག་བདུད་རྩི་ཆོས་སྨན་བྱུགས༔ སྤྲིན་ཆེན་མདོ་བསྒྲགས་རབ་གནས་བྱ༔ ཡུལ་དབུས་རྡོ་སྒྲོམ་ནང་དུ་གཞུགས༔ གཙང་མའི་ཟངས་ནང་སྐར་ཆུ་བླུགས༔ བདུད་རྩི་ཤིང་ལྔའི་ཁུ་བ་དང༔ འོག་ནས་ཤུག་པའི་མེ་ནར་འབུད༔ ཆུ་དེ་རྒྱ་མཚོ་སྔོ་མེར་བའི༔ རླངས་པ་སྤྲིན་གྱི་ཕུང་པོར་བསམ༔ གྲང་རེག་དགྲ་ལས་མ་ཐར་བར༔ ཡུལ་དེའི་ལོ་ཏོག་འགེབ་པར་བསམ༔ རལ་གཅིག་བསྙེན་སྒྲུབ་ཚོགས་བསྐང་བྱ༔ རང་ཉིད་རལ་གཅིག་སྔགས་སྲུང་མའི༔ མདུན་མཁར་བླ་མ་པདྨ་འབྱུང༔ སྐུ་མདོག་སྔོན་པོ་ཕྱག་གཡས་ཀྱི༔ སྐྱབས་སྦྱིན་ཕྱག་གི་སོར་རྩེ་ལས༔ སྔོ་ལྗང་སྤྲིན་གྱི་བླ་བྲེ་འཁྲིགས༔ སྤྲིན་ནང་རྒྱལ་སྲས་རིགས་གསུམ་མགོན༔ བཞེངས་སྟབས་སྐུ་ཡི་འོད་ཟེར་གྱིས༔ མཁའ་དབྱིངས་ཁྱབ་པས་ཡུལ་ཁམས་ཀྱི༔ ལོ་ཏོག་ལྷག་པའི་དགྲ་ལས་ཐར༔ ངག་ནས་ཚིག་བདུན་བརྒྱ་ཕྲག་གམ༔ ཡང་ན་ཉེར་གཅིག་མཇུག་ཉིད་དུ༔ སིདྡྷི་བརྒྱ་ཕྲག་རེ་རེ་དང༔ རལ་གཅིག་རྩ་བསྙེན་བརྒྱ་ཕྲག་མཐར༔ ཨོཾ་ནཱ་ག་ཤ་ཤ་ཤུ་ཤུ་མུ་ལེ་ཡེ་ཡེ་སྭཱ་ཧཱ༔ དེ་བཞིན་རིགས་གསུམ་མགོན་པོ་དང༔ རལ་གཅིག་རྩ་བསྙེན་བརྒྱ་ཕྲག་མཇུག༔ སད་སྲུང་སྔགས་དེ་གྲངས་བཟུང་ལ༔ སྟོང་ངམ་ལྔ་བརྒྱ་སུམ་བརྒྱ་སོགས༔ ལོང་སྐབས་དང་བསྟུན་གང་ནུས་འབད༔ ཐུན་སྐབས་སྤྲིན་ཆེན་མདོ་ཡང་འདོན༔ ནང་ནུབ་ཡུལ་ལྷ་གཞི་བདག་ལ༔ བསང་དང་བརྩོན་པར་བྱ༔ སྨོན་ལམ་བདེན་ཚིག་འདི་ཡང་བརྗོད༔ ན་མོ་བསླུ་མེད་སྐྱབས་མཆོག་རིན་ཆེན་རྣམ་པ་གསུམ༔ རྒྱལ་ཀུན་ངོ་བོ་ཨོ་རྒྱན་རིན་པོ་ཆེ༔ འགྲོ་བའི་སྐྱབས་མཛད་འཕགས་པ་རིགས་གསུམ་མགོན༔ སྔགས་ཀྱི་བདག་མོ་རལ་གཅིག་བསྲུང་མའི་གཙོ༔ གཞན་ཡང་རྩ་གསུམ་ཆོས་སྐྱོང་ཡུལ་ལྷ་གཞི་བདག་སོགས༔ ལྷ་དང་དྲང་སྲོང་བདེན་པ་གྲུབ་ཀུན་དང༔ སྔགས་དང་ཏིང་འཛིན་ལྷག་བསམ་དག་པའི་མཐུས༔ ཆྒཻ་ཞེས་བྱའི་ཡུལ་འདིའི་གཙོར་བྱས་པའི༔ རྒྱལ་ཁམས་ཀུན་གྱི་འབྲུ་དྲུག་ལོ་ཏོག་ལ༔ གྲང་རེག་ལྷག་པའི་གནོད་པ་མི་འབྱུང་ཤོག༔ ཅེས་བརྗོད་སློབ་དཔོན་རིགས་གསུམ་མགོན༔ འོད་ཞུ་ཡུལ་དེའི་མཁའ་ལ་བསྟིམས༔ ཆུ་ཡང་རྒྱ་མཚོ་ཆེན་པོ་དང༔ སྤྲིན་ཕུང་ལ་སོགས་དམིགས་མེད་ངང༔ ཞག་བདུན་ལྔ་གསུམ་བར་དུ་བསྒྲུབ༔ དེས་ནི་ལྷག་པ་ངེས་པར་སྲུང༔ མ་མོ་སྔགས་ཀྱི་བསྲུང་མ་ཡིས༔ ཡུལ་ཁམས་སྦྱིན་བདག་རང་ཉིད་དང༔ ལོ་ཏོག་ལ་སོགས་ངེས་པར་སྲུང༔ གཞན་དོན་བྱང་ཆུབ་སེམས་ལྡན་གཅེས༔ འདི་ནི་བཀའ་གཏེར་སྙིང་པོའི་བཅུད༔ ད་ལྟ་ལས་སྐར་ཆེན་མཚོ་རྒྱལ་ཐུགས་རྗེས་འཕྲུལ༔ མ་འོངས་སྦས་ཚུལ་གང་ཟག་གིསཿ དུས་ལ་བབས་ཚེ་སྤེལ་བར་འགྱུར༔ ས་མ་ཡཱ༔ རིག་འཛིན་སྐལ་ལྡན་ལུང་རིག་གླིང་པས་དགོངས་པ་མི་འགྱུར་དབྱིངས་ཡུམ་བཙུན་མོའི་བྷ་ག་ནས་ཕྱུང་ཏེ་ཀུན་རྫོབ་མཚན་མའི་ཡིག་རིས་སུ་ཕབ་པ་འདིས་ཆོས་ཅན་གྱི་སེམས་ཅན་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བར་གྱུར་ཅིག།

ཐོག་སྲུང་རྡོ་རྗེའི་གུར་ཁང་།

སེར་སྲུང་ཟབ་མོའི་ཆ་ལག་ཏུ༔ ཐོག་སྲུང་རྡོ་རྗེའི་གུར་ཁང་བསྟན༔ རང་ཉིད་གསང་བའི་བདག་པོར་བསྒོམ༔ སྤྱི་བོར་གནམ་ལྕགས་འཁོར་ལོ་ཡི༔ རྩིབས་སྟོང་སྐལ་བཟང་སངས་རྒྱས་སྟོང༔ ཕྱག་ན་མེ་ཡི་གདུགས་ཆེན་བསྣམས༔ འོག་ཏུ་གཡུ་ཡི་གྲོད་པ་མནན༔ བར་མཚམས་ཁྲོ་བཅུའི་སྤྲུལ་པས་གང༔ གནམ་ལྕགས་ཐོག་གི་འཇིགས་པ་ལས༔ རང་དང་བསྲུང་བྱ་སྐྱོབ་པར་བསམ༔ མུ་ནེ་གསང་བདག་སྔགས་གཉིས་སྦྲེལ༔ གཤམ་དུ་ཐོག་སྲུང་སྔགས་འདི་གདགས༔ ནི་ནཱ་ག་ཛ་མུན་ཏི་ཨ༔ ཅེས་བཟླས་མཐར་ནི་སྟོང་པའི་ངང༔ གནོད་བྱ་གནོད་བྱེད་གཉིས་ཀ་ཡང༔ རང་བཞིན་མེད་པའི་དཔའ་གདེངས་བཅའ༔ སྤྲོས་བྲལ་བློ་འདས་རང་བབས་སྐྱོང༔ དེས་ནི་གནམ་ལྕགས་འཇིགས་ལས་སྲུང༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་དབྱིངས་རིག་མཁའ་འགྲོའི་གསང་མཛོད་ཀྱི་བདག་པོ་རྫོགས་ཆེན་པ་པདྨ་དོན་ལྡན་རྩལ་གྱིས་བྲིས་པའོ།། དགེའོ། །དགེའོ། །དགེའོ།།

ཉེར་མཁོ་སྣ་ཚོགས།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཉེར་མཁོ་སྣ་ཚོགས་བཞུགས། དང་པོ་ཆར་ཆོད་དམིགས་པ་ནི༔ རང་ཉིད་རལ་གཅིག་སྔགས་བསྲུང་མ༔ མཐིང་ནག་སྤྱན་གཅིག་བསྐལ་མེ་འབར༔ སྡེ་བརྒྱད་ནག་ཕྱོགས་བསྲེགས་ཤིང་བསྐྲད༔ དཀར་ཕྱོགས་ལྷ་ཀླུ་ལས་ལ་བཀོལ༔ རང་ཉིད་གར་གནས་ཡུལ་སྐྱོང་དེས༔ ཅི་བཅོལ་ལས་བྱེད་ཁས་བླངས་བསམ༔ ཨོཾ་རོ་རུ་ཨེ་ཀ་ཛ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛ་ཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ་མ་ར་ཡ་ཕཊ༔ བྷུ་མི་པ་ཏི་ལོ་ཀ་པ་ལ་ཆར་ཆོད༔ རཾ་རཾ་ཡཾ་ཡཾ་ཛྭ་ལ་ཛྭ་ལ༔ མེ་གྷ་ཤིག་ཤིག༔ གཏོར་གཏོར༔ སླར་ཡང་དམིགས་པ་འདི་བཞིན་བྱ༔ མདུན་གྱི་ནམ་མཁར་ཨོ་རྒྱན་རྗེ༔ སྐུ་མདོག་དམར་ནག་བསྐལ་མེ་འབར༔ རྡོ་རྗེ་ལྕགས་ཕུར་འདོར་སྟབས་བགྲད༔ ཆར་བདག་ཀླུ་དང་ས་བདག་ཀུན༔ ཞབས་ཀྱི་འོག་ཏུ་མནན་ནས་ཀྱང་༔ སྤྲིན་དང་ཆར་ཆུ་གཏོར་ཞིང་སྐམ༔ ཇི་ལྟར་འདོད་པ་དེ་སྲིད་དུ༔ མཁའ་དབྱིངས་རབ་ཏུ་དྭངས་པ་ལ༔ ཉི་མའི་འོད་སྟོང་འབར་བར་བསམ༔ ཚིག་བདུན་གསོལ་འདེབས་བརྒྱ་ཕྲག་གཅིག༔ སིདྡྷིའི་གཤམ་དུ་སྔགས་འདི་གདགས༔ ཆར་བདག་ནོན་ནོན༔ ཆར་སྤྲིན་གཏོར་གཏོར༔ སུརྱཱ་རསྨི་ཛྭ་ལ་རཾ་རཾ༔ དེས་ནི་བསྐལ་པའི་ཆར་ཡང་ཆོད༔ ༈ གཉིས་པ་སད་བསྲུང་དམིགས་པ་ནི༔ རང་ཉིད་རལ་གཅིག་སྔགས་བསྲུང་མའི༔ མདུན་མཁར་བླ་མ་པདྨ་འབྱུང་༔ སྐུ་མདོག་སྔོན་པོ་ཕྱག་གཡས་ཀྱི༔ སྐྱབས་སྦྱིན་ཕྱག་གི་སོར་རྩེ་ལས༔ སྔོ་ལྗང་སྤྲིན་གྱི་བླ་བྲེ་འཁྲིགས༔ སྤྲིན་ནང་རྒྱལ་སྲས་རིགས་གསུམ་མགོན༔ བཞེངས་སྟབས་སྐུ་ཡི་འོད་ཟེར་གྱིས༔ མཁའ་དབྱིངས་ཁྱབ་པས་ཡུལ་ཁམས་ཀྱི༔ ལོ་ཏོག་ལྷག་པའི་འཇིགས་སྐྱོབས་བསམ༔ ཚིག་བདུན་གསོལ་འདེབས་སིདྡྷི་དང༔ རལ་གཅིག་སྔགས་ཤམ་འདི་ཉིད་གདགས༔ ཨོཾ་ན་ག་ཤ་ཤ་ཤུ་ཤུ་མུ་ལེ་ཡེ་སྭཱ་ཧཱ༔ རིགས་གསུམ་སྔགས་དང་སད་སྲུང་སྔགས༔ བརྒྱ་སྟོང་ཁྲི་འབུམ་སྤྲིན་མདོ་འདོན༔ སྐབས་སུ་བདེན་ཚིག་འདི་བཞིན་བརྗོད༔ ན་མོ༔ བསླུ་མེད་སྐྱབས་མཆོག་རིན་ཆེན་རྣམ་པ་གསུམ༔ རྒྱལ་ཀུན་ངོ་བོ་ཨོ་རྒྱན་རིན་པོ་ཆེ༔ འགྲོ་བའི་སྐྱབས་མཛད་འཕགས་པ་རིགས་གསུམ་མགོན༔ སྔགས་ཀྱི་བདག་མོ་རལ་གཅིག་བསྲུང་མའི་གཙོ༔ གཞན་ཡང་རྩ་གསུམ་ཆོས་སྐྱོང་ཡུལ་ལྷ་གཞི་བདག་སོགས༔ ལྷ་དང་དྲང་སྲོང་བདེན་པ་གྲུབ་ཀུན་དང༔ སྔགས་དང་ཏིང་འཛིན་ལྷག་བསམ་དག་པའི་མཐུས༔ ཆྒཻ་ཞེས་བྱའི་ཡུལ་འདིའི་གཙོ་བྱས་པའི༔ རྒྱལ་ཁམས་ཀུན་གྱི་འབྲུ་དྲུག་ལོ་ཏོག་ལ༔ སྐྱིན་འདིང་སེར་བའི་གནོད་པ་མི་འབྱུང་ཤོག༔ ཐན་པ་བཙའ་ཡི་གནོད་པ་མི་འབྱུང་ཤོག༔ གྲང་རེག་ལྷག་པའི་གནོད་པ་མི་འབྱུང་ཤོག༔ ཚིག་རྐང་རྗེས་མ་གསུམ་པོའི་གང་དགོས་ཁ་བསྒྱུར། ༈ གསུམ་པ་སེར་བསྲུང་ཟབ་མོ་ནི༔ རང་ཉིད་རལ་གཅིག་ཁྲོ་མོ་ཡི༔ ཐུགས་ལས་ཡེ་ཤེས་ཁྲོ་བོ་བཅུ༔ འཕྲོས་ཤིང་སྐུ་ལས་མེ་མཚོན་འཕྲོས༔ སེར་བ་བཞུས་ཤིང་སེར་བདག་བརླག༔ ཡེངས་མེད་ངང་ནས་སྔགས་རྣམས་བཟླ༔ རྩ་སྔགས་ཤམ་དུ་དྲག་སྔགས་སོ་ལྔ་གདགས༔ ཁྱད་པར་སྔགས་འདིས་རྣོ་སོ་གདགས༔ ནཱ་ག་ར་ཛ་སེར་བ་མ་ར་ཡ་རྦད༔ སེར་བདག་འབྱུང་པོ་ཐམས་ཅད་ཀྱི་སྙིང་ལ་བྷྱོ་རྦད་བཟློག་སོད༔ སྡེ་བརྒྱད་འབྱུང་པོ་དམ་སྲི་ཡུལ་འདྲེ་ལོ་ཏོག་ལ་སྡང་བ་ཐམས་ཅད་མ་ར་ཡ་ཧཱུྃ་ཕཊ༔ བརྒྱ་སྟོང་ལ་སོགས་གང་ནུས་བཟླ༔ གོང་གི་འདོད་གསོལ་ཡང་ཡང་བྱ༔ ༈ བཞི་པ་ཐོག་སྲུང་དམིགས་པ་ནི༔ རང་ཉིད་གསང་བའི་བདག་པོར་བསྒོམ༔ སྤྱི་བོར་གནམ་ལྕགས་འཁོར་ལོ་ཡི༔ རྩིབས་སྟོང་སྐལ་བཟང་སངས་རྒྱས་སྟོང༔ ཕྱག་ན་མེ་ཡི་གདུགས་ཆེན་བསྣམས༔ འོག་ཏུ་གཡུ་ཡི་གྲོད་པ་མནན༔ བར་མཚམས་ཁྲོ་བཅུའི་སྤྲུལ་པས་གང༔ གནམ་ལྕགས་ཐོག་གི་འཇིགས་པ་ལས༔ རང་དང་བསྲུང་བྱ་སྐྱོབས་པར་བསམ༔ མུ་ནེ་གསང་བདག་སྔགས་གཉིས་སྦྲེལ༔ གཤམ་དུ་ཐོག་སྲུང་སྔགས་འདི་གདགས༔ ན་ན་ག་ཛ་མུན་ཏི་ཨ༔ དམིགས་པ་དང་བཅས་སྔགས་མང་བཟླ༔ སྟོང་པའི་ངང་ལ་མཉམ་པར་བཞག༔ ༈ ལྔ་པ་ཆར་འབེབས་དམིགས་པ་ནི༔ རང་ཉིད་རལ་གཅིག་ཁྲོ་མོ་ཡི༔ ཐུགས་ལས་འོད་འཕྲོས་ཀླུ་བརྒྱད་ལ༔ ཕོག་པས་ཀུན་ཀྱང་སྤྲིན་ཞོན་ཏེ༔ ཕྱག་ན་ཆུ་ཡི་རྐྱལ་བ་ཐོག༔ མཁའ་ལས་ཆར་གྱི་རྒྱུན་ཆེན་ཕབ༔ འབྲུ་དྲུག་ལོ་ཏོག་རྒྱས་པར་བསམ༔ རྩ་སྔགས་ཤམ་དུ༔ པ་ཎི་ནི་དྷི་མེ་གྷ་དྷ་རི༔ ཛ་ལན་དྷ་ར༔ ཨ་ནན་དྷ་པྲ་མོ་པྲིཥྚི་ད་ཁཾ་དྷ་ར་སརྦ་སིདྡྷི་ཕ་ལ་ཧོ༔ ཚིག་བདུན་གསོལ་འདེབས་སིདྡྷིའི་ཤམ༔ སྔགས་རྣམས་གདགས་པ་མན་ངག་གོ༔ སྐབས་སུ་སྤྲིན་ཆེན་མདོ་ཡང་བཀླག༔ ས་མ་ཡཱ༔ སྐལ་ལྡན་ལུང་རིག་གླིང་པས་དགོངས་པ་མི་འགྱུར་དབྱིངས་ནས་བཏོན་པ་དགེ་ལེགས་འཕེལ།

སེར་སྲུང་།

༄༅། སེར་སྲུང་བཞུགས། ཨོཾ་ཨཱ༔ཧཱུྃ༔ འཁོར་འདས་དབང་བསྒྱུར་རྟ་མཆོག་རྒྱལ་པོའི་བཀའ༔ ཁམས་གསུམ་དབང་སྡུད་དབང་ཕྱུག་ཆེན་པོའི་ལུང༔ གནོད་སྦྱིན་ནག་པོ་རཀྴ་ཛྭ་ལའི་གཏམ༔ དྲེགས་བྱེད་སྤྱི་དང་སེར་བྱེད་སྡེ་བརྒྱད་ཚོགས༔ ཡུལ་འདིའི་ལོ་ཏོག་འབྲུ་དྲུག་ཐམས་ཅད་ལ༔ སྐྱིན་འདིང་སེར་བའི་གནོད་པ་མ་བཏང་ཅིག༔ བཀའ་ལས་འདའ་ན་བརླག་པར་གདོན་མི་ཟ༔ ས་མ་ཡཱ༔ རིག་འཛིན་ལུང་རིག་གླིང་པས་རྨ་ཕྲུམ་ནས་གསུངས་པ་དགེ།

ལོ་ཏོག་ལ་གནོད་པའི་རིགས་ལ་བཀའ་བསྒོ་བ

༄༅། ལོ་ཏོག་ལ་གནོད་པའི་རིགས་ལ་བཀའ་བསྒོ་བ་ལུང་རིག་གླིང་པའི་གསུང་ལྷད་མེད་བཞུགས། ཧཱུྃ་ཧྲཱིཿ འཁོར་འདས་དབང་བསྒྱུར་རྟ་མཆོག་རྒྱལ་པོའི་བཀའ༔ ཁམས་གསུམ་དབང་སྡུད་དབང་ཕྱུག་ཆེན་པོའི་ལུང༔ གནོད་སྦྱིན་ནག་པོ་རཀྴ་ཛྭ་ལའི་གཏམ༔ དྲེགས་པ་སྡེ་བརྒྱད་ཡོངས་ལ་འདི་སྐད་སྤྲིང༔ ཕྱོགས་འདིར་གནས་པའི་ལྷ་ཀླུ་བཙན་དང་གཉན༔ སྡེ་བརྒྱད་སྤྱི་དང་ཁྱད་པར་སད་སེར་བཙའ༔ མི་འདོད་ཉེར་འཚེ་འབུ་སྲིན་བྱི་བ་སོགས༔ གནོད་འཚེ་བྱེད་ཀུན་རྒྱུ་འབྲས་ཆོས་འདི་ཉོན༔ ཇི་ལྟར་ས་བོན་མངར་དང་ཚ་བ་ནས༔ འབྲས་བུ་སོ་སོར་འབྱུང་ལྟར་དགེ་སྡིག་འབྲས༔ བདེ་སྡུག་སོ་སོར་རང་ལ་སྨིན་ནུས་པའི༔ གཞན་གནོད་སྙིང་ནས་སྤོངས་ལ་ཕན་སེམས་བསྐྱེད༔ གལ་ཏེ་བཀའ་ལས་འདས་ཤིང་ལོག་སྦྱོར་ན༔ བཀའ་ལས་འདའ་བའི་སྙིང་ལ་སྡིག་པས་ཟ༔ འདི་ཕྱིར་སྡུག་བསྔལ་འབྱུང་བས་བག་ཡོད་གྱིས༔ བཛྲ་ས་མ་ཡཱ་རཀྴ་ཧཱུྃ་ཕཊ༔ ལུང་རིག་གླིང་པའི་དག་སྣང་མ་དགེ།

སེར་སྲུང་བཀའ་བསྒོ།

༈ ཡང་སེར་སྲུང་བཀའ་བསྒོ་བཞུགས། ན་མོ་གུ་རུ། མཚུངས་མེད་སྟོན་པ་སངས་རྒྱས། སྐྱོབས་པ་དམ་ཆོས། འདྲེན་པ་དགེ་འདུན་རྣམས་ཀྱི་ཐུགས་རྗེ་ལ་བརྟེན་པའི་ཤཱཀྱའི་དགེ་སྦྱོང་རྒན་པོ་དྷརྨ་ག་ཏ་ཤ་ས་ན་ད་ནའི་མིང་ཅན་བདག་གིས་ཡུལ་འདིའི་སྡེ་བརྒྱད་རྣམས་ལ་སེར་བ་གཅོད་པའི་ཕྲིན་ལས་བཅོལ་བ་བཞིན་དུ་དཀོན་མཆོག་རིན་པོ་ཆེའི་སྐྱབས་འོག་ལས་མ་འདའ་བར་སེར་བ་སེར་བྱེད་རྣམས་ཀྱང་ཞི་བའི་སེམས་ཀྱིས་འབྲུ་བཅུད་ལོ་ཏོག་སྤེལ་བའི་ཕྲིན་ལས་མཛོད་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། སྤྲུལ་པའི་སྐུ་མཆོག་ལུང་རིག་གླིང་པས་སོ།།

དབྱི་སུམ་པ་ལ་མཛད་པའི་སེར་ཐོ་ཚན་པ་གཉིས།

༈ དབྱི་སུམ་པ་ལ་མཛད་པའི་སེར་ཐོ་བཞུགས། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ དཀོན་མཆོག་གསུམ་དང་གུ་རུ་པདྨ་འབྱུང་གནས། ཡི་དམ་ལྷ་ཚོགས། མ་སྲིང་མཁའ་འགྲོ་རྒྱ་མཚོ། ཆོས་སྐྱོང་དམ་ཅན་རྒྱ་མཚོ་ཡུལ་ལྷ་གཞི་བདག་རྣམས་ཀྱི་ནུས་མཐུས་རྣལ་འབྱོར་བདག་ལ་རེ་ལྟོས་བཅས་པའི་ཡུལ་ཁམས་འདིའི་ལོ་ཏོག་ལ་ལྷ་ཀླུ་སྡེ་བརྒྱད་ཀྱིས་སེར་བ་མ་གཏོང་ཅིག སྔོན་གྱི་རྒྱལ་བ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་བྱང་སེམས་མིའི་རིག་འཛིན་བདག་གིས་ཞུ་བ་བཞིན་དུ་ཡུལ་འདིའི་ལོ་ཏོག་ཐམས་ཅད་ལ་སེར་བའི་གནོད་པ་བསྲུང་ཞིང་སྐྱབས་པར་མཛད་དུ་གསོལ། །བཛྲ་རཏྣ་པདྨ་ཀརྨ་རཀྵ་བྷྲུཾ་སྭཱཧཱ༔ ༈ སེར་ཐོ་ནི། ཨོཾ་ཨཱ༔ཧཱུྃཿ མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས༔ སྙིང་རྗེའི་གཏེར་མཛོད་སྤྱན་རས་གཟིགས༔ མཐུ་སྟོབས་མངའ་བདག་རྡོ་རྗེ་འཛིན༔ རྒྱལ་བ་རིགས་གསུམ་མགོན་པོ་དང༔ བདག་འདྲ་ལུང་རིག་མིང་ཅན་གྱི༔ ནུས་མཐུས་རེ་ལྟོས་བཅས་པ་ཡི༔ ཡུལ་འདིར་བསྲུང་དགོས་ལོ་ཏོག་རིགས༔ སྡེ་བརྒྱད་ཕྱི་ནང་སེར་བ་ལས༔ བསྲུང་ཞིང་སྐྱོབ་པར་མཛད་དུ་གསོལ༔ ཨོཾ་ཝཀྐི་ཤྭ་རི་མཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པ་ཎི་ཧཱུྃ༔ བསྲུང་ཤིག་བཛྲ་རཀྵ་རཀྵ་ཧཱུྃ་སྭཱཧཱ༔ ལུང་རིག་གླིང་པས་དབྱི་སུམ་པ་ལ་སེར་ཐོ་མཛད་པ་དགེ།

ལས་སྦྱོར་མན་ངག་བཟའ་ཚང་ཟླ་གསུམ་མ།

ལས་སྦྱོར་མན་ངག་བཟའ་ཚང་ཟླ་གསུམ་མ་བཞུགས༔ ཨོ་རྒྱན་པདྨ་ལ་ཕྱག་འཚལ་ལོ༔ མ་འོངས་པའི་རྣལ་འབྱོར་ལ་འདུན་གྲོས་ངན་པར་ཤོམ་པའི་ལྟ་བ་འབྱེད་ན༔ དང་པོ་ཕོ་མོ་གཉིས་ཀྱི་རཱུ་པ་བྲི༔ དེའི་སྙིང་གར་ནྲྀ༔ དེའི་མཐར་སོ་སོའི་མིང༔ དེའི་མཐར་ཆེ་གེ་དང་ཆེ་གེ་མོ་ཕྱེ་ཕྱེ༔ གནས་ཡིག་བྲི་བ་ནི༔ དཔྲལ་བར་རཱུས་བླ་ལ་བླ་དང༔ སྤྱི་བོར་ནན༔ མིག་ལ་ལོང༔ རྣ་བར་འོན༔ ལྕེ་ལ་ངག་ནན༔ མགྲིན་པར་ལྐུག༔ འདོམས་ལ་ར་ག་ཕྱེ་ཕྱེ༔ ལྟེ་བར་ཚ་བྲིས༔ དེའི་གཟུགས་ཀྱི་ཡན་ལག་བཞི་ལ་ཛ་ཧཱུྃ་བཾ་ཧོ༔ ལག་པ་བཞིའི་ལྷུ་མགོར་ཆག་ཆག༔ པུས་མོ་ལ་ཞ་ཞ༔ དེའི་ཕྱིར་ནྲྀ་འུར་འུར་ཐིབ་ཐིབ་མྱོས་མྱོས་དགྲ་བོའི་སེམས་དཀྲུགས༔ ཆེ་གེ་དང་ཆེ་གེ་མོ་ཕྱེ་ཕྱེ༔ ཀཱ་ཡ་ཝཀྐཱ་ཙིཏྟ་ཕྱེ་ཕྱེ་དཀྲུགས་དཀྲུགས༔ འདུན་གྲོས་ཕྱེ་ཕྱེ་ཤིག་ཤིག༔ མུ་ཁ་ཕྱེ་ཕྱེ་ཞེས་དང༔ དམོད་སྔགས་འདི་བྲི༔ དགྲ་བོ་འདི་གཉིས་ཀྱི་ལུས་ཀྱི་འབྱུང་བ་རྣམ་བཞི་དཀྲུགས་ཤིག༔ ངག་གི་འབྱུང་བ་རྣམ་བཞི་དཀྲུགས་ཤིག༔ ཡིད་ཀྱི་འབྱུང་བ་རྣམ་ལྔ་ཕྱེ་ཞིག༔ མ་ར་ཡ་ནན་ནན༔ ཞེས་ཡིག་མགོ་ནང་བསྟན་བྲི༔ གནས་ཡིག་རྣམས་ཀྱང་ཡིག་མགོ་ནང་བསྟན་སོགས་སྤྱི་ལྟར་འཕྲུལ་བར་བྱའོ༔ དེ་ནས་རང་ཡི་དམ་དུ་གསལ་བསྙེན་པ་ཚད་དུ་བསྐྱལ་གནས་དབེན་པར་གསེར་སྐྱེམས་མཆོད༔ གཟུ་དཔང་དང༔ མ་ཉེས་པའི་ཤགས་མང་དུ་བཏབ༔ དེ་ནས་འགུགས་པ་སྔགས་བཅས་མང་དུ་བྱ༔ དེ་ནས་སྔགས་བཟླ་བ་ནི༔ ཧཱུྃ་ཨཱཿཨོཾ༔ དགྲ་བོ་ཆེ་གེ་དང་ཆེ་གེ་མོ་གཉིས་ཀྱི་ལུས་ཀྱི་འདུན་སྦྱོར་ཕྱེ་ཕྱེ༔ ངག་གི་འདུན་སྦྱོར་ཕྱེ་ཕྱེ༔ ཡིད་ཀྱི་འདུན་སྦྱོར་ཕྱེ་ཕྱེ༔ ཧ་ཧ་ཋ་ཋ་ཨ་ཨ་ནྲྀ་ནྲྀ་ཡཾ་ཡཾ་རཾ་རཾ་བཾ་བཾ་ལཾ་ལཾ་ཁཾ་ཁཾ༔ དགྲ་བོའི་རྟེན་འབྲེལ་བཅུ་གཉིས་ཕྱེ་ཕྱེ༔ འབྱུང་བ་རྣམ་བཞི་དཀྲུགས་དཀྲུགས༔ ཤིག་ཤིག༔ ཅེས་སྟོང་བཟླས༔ ལིངྒ་གཉིས་སོ་སོར་ལྟེབ༔ ཚོན་སྐུད་སྣ་ལྔས་དཀྲིས༔ མི་ཁའི་རྫས་དང་བཅས༔ ཆུའི་ཕར་འགྲམ་ཚུར་འགྲམ་དུ་མནན་པར་བྱའོ༔ དེ་ལྟར་བྱས་པས་ཟླ་བ་གཅིག་ནང་འཐབ༔ གཉིས་ནང་འཁོན༔ གསུམ་ནང་སོ་སོར་འབྱེད་པར་ཐེ་ཚོམ་མེད་དོ༔ དེ་ནས་དམ་ཚིག་ཏུ་དགྲ་བོ་དང་རང་ཁ་འཕྲོ་མི་བསྲེ༔ སྟན་གཅིག་མི་བྱ༔ གོས་མི་བརྗེ༔ ཁ་ཐཾ༔ འདིའི་མིང་ནི་བཟའ་ཚང་ཟླ་གསུམ་མ་ཡང་ཟེར༔ གྲོང་ཚོ་འབྱེད་ཐབས་བྱེད་ན་གོང་ལྟར་ལ༔ གྲོང་པའི་གཙོ་བོའི་མིང་དང་གྲོང་ཚོ་ཆེ་གེ་དང་ཆེ་གེ་མོ་ཞེས་བསྒྱུར༔ ལིང་ག་གཉིས་ཀྱི་རྒྱབ་ཏུ་མི་ལུས་བྱ་མགོ་ཅན་གྱི་ལག་ན་སྟྭ་རེ་ཐོགས་པའི་སྙིང་གར་ནྲྀ་དང་དབྱེ་སྔགས་བྲིས་པ་གྲོང་ཁྱེར་སོ་སོའི་ལམ་གྱི་མདོར་མནན་པར་བྱའོ༔ དེའི་མིང་ལ་གྲོང་ཚོའི་ཉེ་འབྱེད་བྱ་མགོ་མ་ཟེར་རོ༔ ཁ་ཐཾ༔ མན་ངག་གཤིན་རྗེ་ཟླ་གསང་ནག་པོའི་དགོངས་དོན་མན་ངག་སྡེ་བརྒྱད་དུག་རླངས་ནག་པོ་ལས་ཁོལ་དུ་ཕྱུང་བའོ༔ གཏེར་སྟོན་ལུང་རིག་གླིང་པའི་དགོངས་གཏེར་ཡང་དག་གོ༔

གཤིན་པོར་འཕོ་ལུང་མཚམས་སྦྱོར་དང་བཅས་པ་ཡིད་ཆེས་ཐུགས་རྗེའི་ལྕགས་ཀྱུ།

༄༅།། གཤིན་པོར་འཕོ་ལུང་མཚམས་སྦྱོར་དང་བཅས་པ་ཡིད་ཆེས་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་སྲིད་གསུམ་རང་གྲོལ་བཞུགས་སོ།།

༄༅།། ན་མོ་ཨ་མི་ཏ་བྷ་ཡ། སྔོན་དུས་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས། །རྣམ་དག་སྨོན་ལམ་བཏབ་འབྲས་དུས་སྨིན་པས། །གང་མཚན་ཐོས་དང་ཡིད་ལ་དྲན་པས་ཀྱང་། །བདེ་ཆེན་ཞིང་དུ་འདྲེན་མཛད་འོད་དཔག་མེད། །པདྨ་རཱ་གའི་ལྷུན་པོའི་མདངས་ཕྲོག་སྐུ། །ཚེ་རབས་གཏན་གྱི་འདུན་མར་སྐྱབས་འཚོལ་བས། །བདག་སོགས་སྐྱེ་འཆིའི་དུཿཁས་མནར་བའི་འགྲོ། །ཐར་ལམ་བྱང་ཆུབ་ཐོབ་པའི་མགོན་མཛོད་ཅིག །གང་ཞིག་ཚེ་ཡི་འདུ་བྱེད་ཉེར་བོར་ནས། །འཆི་བའི་སྨག་རུམ་སྟུག་པོར་ལྷུང་བའི་འགྲོར། །བྱམས་བརྩེའི་ལྕགས་ཀྱུས་དྲང་བྱེད་གདམས་པའི་མཆོག །གསུང་རབ་ཀུན་ལས་ཉེར་བསྡུས་འདི་རུ་ངོམས། །དེ་ཡང་སེམས་ཅན་འཆི་ཁ་མའི་རིགས་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་གདམས་པ་འདི་ལ་དོན་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་དང་གསུམ་ལས། དང་པོ་ནི། ཚེ་འདས་དབུགས་དང་བྲལ་མ་ཐག་པའམ། ཤི་ནས་ཡུན་རིང་སོང་བ་དང་། མིང་བྱང་ལ་ཡང་རྣམ་ཤེས་བཀུག་ནས་ལམ་སྟོན་གནས་སྤར་སོགས་བྱེད་པར་ཨོ་རྒྱན་ཆེན་པོས་གཏེར་ཁ་གྲངས་མེད་པར་གསུངས་པའི་ཕྱིར་འདིར་ཡང་དེ་བཞིན་བྱ་བ་ལ། དང་པོ་བདག་ཉིད་ཡི་དམ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པར་བྱ་བ་ནི། གནས་ཆེན་རི་བོ་ཏ་ལའི་ཕོ་བྲང་དུ། །སངས་རྒྱས་གསུང་གི་སྤྲུལ་པ་སྤྱན་རས་གཟིགས། །སྟེང་འོག་ཕྱོགས་བཞིར་གསུང་གི་འགྲོ་དོན་མཛད། །གསུང་གི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར། །སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས། །ན་མོ། སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི། །འགྲོ་རྣམས་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ། །གཟུང་འཛིན་སྣོད་བཅུད་མི་དམིགས་སྟོང་པའི་ངང་། །སྐད་ཅིག་དྲན་རྫོགས་པད་ཉི་ཟླ་སྟེང་དུ། །རང་ཉིད་འཕགས་མཆོག་ཐུགས་ཆེན་སྤྱན་རས་གཟིགས། དཀར་གསལ་ཞལ་གཅིག་ཕྱག་བཞི་ལོངས་སྤྱོད་རྫོགས། །རྩ་བའི་ཕྱག་གཉིས་ཐལ་སྦྱར་ནོར་བུ་འཛིན། །འོག་མ་གཉིས་ཀྱིས་ཤེལ་ཕྲེང་པད་དཀར་བསྣམས། །ཞབས་གཉིས་རྡོ་རྗེའི་དཀྱིལ་མོ་ཀྲུང་གིས་བཞུགས། །སྤྱི་གཙུག་རིགས་བདག་སངས་རྒྱས་སྣང་མཐའ་ཡས། །ཐུགས་ཀར་གུ་རུ་པདྨ་འབྱུང་གནས་གསལ། །དེ་ཡི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར། །ཡི་གེ་དྲུག་མའི་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་འཁོར་འདས་ཡོངས་ཁྱབ་རྒྱལ་བ་མཆོད། །སེམས་ཅན་ཀུན་སྨིན་སྣོད་བཅུད་འཕགས་པའི་ཞིང་། །སྟོང་གསལ་རང་གྲོལ་དག་པ་རབ་འབྱམས་ཀློང་། །ཀུན་ཀྱང་མ་ཎིའི་སྒྲ་དབྱངས་དི་རི་རི། །བྱིན་རླབས་དངོས་གྲུབ་ཚུར་འདུས་རང་ཉིད་ཀྱི། །སྐུ་དང་སྔགས་འཁོར་གནས་ཁང་ཡུལ་ཁམས་ལ། །ཐིམ་པས་གཟི་བཀྲག་མཐུ་ནུས་རབ་ཏུ་འབར། །ནད་གདོན་སྡིག་སྒྲིབ་ལྷ་འདྲེའི་གདུག་རྩུབ་ཞི། །ཚེ་བསོད་དཔལ་རྒྱས་སྣང་བ་དབང་དུ་བསྡུས། །གནོད་བྱེད་དགྲ་བགེགས་ཆོས་ཉིད་དབྱིངས་སུ་ཐིམ། །མ་ཡེངས་མི་སྒོམ་མཐའ་བྲལ་ཆོས་སྐུའི་ངང་། །རང་བྱུང་རིག་པ་དོན་གྱི་འཛབ་འདི་བཟླས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཅི་མང་བཟླ་ཞིང་བྱམས་སྙིང་རྗེས་ངང་ནས་རྟེན་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས་བསངས། སྭ་བྷ་ཝཱས་སྦྱངས། མདུན་གྱི་རྟེན་སྣང་བ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ནྲྀ་ཡིག་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པ་གཞོན་ནུའི་ཚུལ་ལ་མཛེས་ཤིང་ཡིད་དུ་འོང་བ་གོས་དཀར་པོ་དང་བཅས་ཏེ་ལུས་ངག་ཡིད་གསུམ་ཞི་ཞིང་དུལ་བ། དཀོན་མཆོག་གསུམ་དང་བླ་མའི་ངོ་བོ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་སྐྱབས་སུ་འགྲོ་སྙམ་པས་མོས་གུས་དང་ལྡན་པ་གཅིག་ཏུ་གྱུར། དེ་ནས་རྟེན་འགུགས་པ་ནི། བདག་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་བྱམས་བརྩེའི་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་སྤྲིན་གྱི་ལྕུག་མ་ལྟར་མྱུར་བ་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་འཇིག་རྟེན་བདུན་པོ་གང་ན་ཡོད་པ་དེ་ལ་རེག་པ་ཙམ་གྱིས་སྐད་ཅིག་ཡུད་ཙམ་ལ་བཀུག་ནས་ཕུང་པོ་དང་དབྱེར་མེད་དུ་ཐིམ་པར་བསམ་ཞིང་། ཚེ་འདས་ཀྱི་རྣམ་ཤེས་བཀུག་བསྟིམས་ནས། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་རྒྱུད་སྡེ་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདེན་པ་དང་། རྒྱལ་བ་གང་གི་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོའི་སྟོབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་དུས་ལས་འདས་པའི་རྣམ་པར་ཤེས་པ་འཁོར་བ་སྡུག་བསྔལ་གྱི་གནས་ཡུལ། ས་འོག་ས་སྟེང་ས་བླ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ། སྲིད་པ་བར་མ་དོ་གང་ན་ཡོད་ཀྱང་རྟེན་ཕུང་པོ་འདི་ལ་ཁུག་ཅིག ནྲིཿཨ་ཀར་ཤ་ཡ་ཛ་ཛ༔ ལན་གྲངས་ཅི་ནུས་བལྡབས་མཐར། ཛཿཧཱུྃ་བཾ་ཧོ། ཆུ་ལ་ཆུ་བཞག་པ་བཞིན་དུ་གྱུར་ནས་དགའ་བ་དང་གུས་པ་དད་པའི་སེམས་ཀྱིས་བག་ཕེབས་བཞིན་དུ་གནས་པར་བསམ་ལ། མཐེབ་སྐྱུ་དང་ཏིང་ལོ་ཆངས་བུ་དང་བཅས་པ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭཱ་བྷ་ཝས་བསང་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་ལན་ཆགས་བགེགས་ཀྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་སརྦ་བྷུ་ཏ་ཨ་ཀར་ཤ་ཡ་ཛ་ཛ། ལན་གསུམ་གྱིས་བཀུག་མཐར། ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཥེ་བྷྱ༔སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨེ་མཾ་ག་ག་ན་ཁཾ་གྷྲི་ཧྞ་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། མཐེབ་སྐྱུ་གཡས་བསྐོར་བཅས་ལན་གསུམ་དང་། ཨོཾ་སུམ་བྷ་ནི་སོགས་ཏིང་ལོ་ཆངས་བུ་གཡོན་བསྐོར་བཅས་ལན་གསུམ་གྱི་མཐར་ཐུན་རྫས་ཐོགས་ཏེ། ཧྲཱིཿཔདྨ་ཏ་ཀྲི་ཏ་བཛྲ་ཀྲོ་ཏ་ཧྱཱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རང་ཉིད་སྐད་ཅིག་གི་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་མེ་ལྟར་འབར་བར་གྱུར། ཧཱུྃ། སྟོང་ཉིད་དབྱིངས་ལས་རང་ཤར་བའི། །སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ། །བྱང་ཆུབ་མཆོག་གི་ལྷ་ཆེན་པོ། །ཉོན་མོངས་བདུད་སྡེ་འདུལ་བའི་སྐུ། །དབང་ཆེན་འབར་བའི་ཆོ་འཕྲུལ་གྱིས། །ཐར་པའི་ལམ་ལ་འཚེ་བྱེད་བདུད། །ཟ་འདྲེ་སྲོག་གཅོད་རྡུལ་དུ་རློགས། །ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། རྩ་གསུམ་རྒྱལ་བ་རྒྱ་མཚོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། ཚེ་ལས་འདས་པ་འདི་ལ་གསོན་གྱི་དུས་སུ་ཚེ་སྲོག་ལ་བར་དུ་གཅོད་པ་དང་། གཤིན་གྱི་དུས་སུ་ཐར་ལམ་ལ་བར་དུ་གཅོད་པར་བྱེད་པའི་གསོན་བདུད་གཤིན་ལྕགས་སྤྱི་དང་། ཁྱད་པར་དུ་དྲི་ཟ་འཆི་ཁ་མའི་སེམས་ལ་ཉེ་བར་འཇུག་པའི་རིགས་དང་། དྲི་ཟ་ཁྱབ་བྱེད་དང། གནོད་སྦྱིན་སྨྲ་འདོད་དང་། ཡི་དྭགས་གཤིན་རྗེའི་ཆད་པ་ལ་སོགས་པ་ལན་ཆགས་དང་ཤ་འཁོན་གཉེར་བའི་རིགས་རྣམས་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་ཏུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེའི་མེ་རབ་ཏུ་འབར་བ་འདིས་བགེགས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། ཨོཾ་སུམ་བྷ་ནི་སོགས་ཀྱིས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ་གིས་སྲུང་འཁོར་བྱས་ནས། སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ནམ་མཁའ་ལ་འཇའ་ཚོན་ཇི་བཞིན་གསལ་བར་གྱུར་པར་བསམ་ལ། ན་མོ། དེང་ནས་བཟུང་སྟེ་བླ་མེད་བྱང་ཆུབ་བར། །བདག་སོགས་རིགས་དྲུག་འཁོར་བའི་སེམས་ཅན་རྣམས། །མགོན་པོ་འོད་དཔག་མེད་པའི་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི།། ལན་གསུམ་སོགས་གང་ནུས་བལྡབ། སེམས་བསྐྱེད་པ་ནི། ཧོ། ཐོག་མཐའ་མེད་པ་རིགས་དྲུག་རྒྱུད་ལྔའི་འགྲོ། །འོད་དཔག་མེད་པའི་གོ་འཕང་ལ་འགོད་ཕྱིར། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཟབ་ལམ་འཕོ་བའི་རྣལ་འབྱོར་བསྒོམ་པར་བྱ།། གོང་ལྟར་བྱའོ།། ཚོགས་བསགས་ཡན་ལག་བདུན་གྱིས་རྒྱུད་སྦྱང་བ་ནི། ན་མོ། བདག་ལུས་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་དུ། །སྤྲུལ་ནས་འཆི་མེད་མགོན་པོར་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་ཀུན། །བདེ་ཆེན་ཞིང་གི་ལྷ་ཚོགས་རྣམས་ལ་འབུལ། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཉེས་ལྟུང་རྣམས། །གནོང་འགྱོད་དྲག་པོའི་སེམས་ཀྱིས་མཐོལ་ལོ་བཤགས། །བདེན་གཉིས་ཀྱིས་བསྡུས་དགེ་ཚོགས་ཇི་སྙེད་ལ། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ངོ་། །གདུལ་བྱའི་དབང་པོ་སྐལ་བ་བསམ་པ་བཞིན། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །རྒྱལ་བ་སྲས་བཅས་མྱ་ངན་མི་འདའ་བར། །སྲིད་མཐའི་བར་དུ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །འགྲོ་རྣམས་བདེ་ཆེན་ཞིང་ཁམས་ཐོབ་ཕྱིར་བསྔོ།། དེ་དག་གི་དམིགས་རིམ་རྣམས་ཀྱང་གསལ་ཐེབ་པར་བྱའོ། །གཞན་ཡང་ཚད་མེད་རྣམ་བཞི་དམིགས་འདོན་ཡ་མ་བྲལ་བའི་ངང་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་སོགས། གྱུར་ཅིག ལན་གསུམ་མཐར་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། བྱང་ཆུབ་སྙིང་བོར་མཆིས་ཀྱི་བར། སོགས་ལན་གསུམ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། སོགས། བསླབ་པར་བགྱི། ལན་གསུམ། དེང་དུས་བདག་ཚེ་འབྲས་བུ་ཡོད། སོགས། དགའ་བར་གྱིས། མཉམ་བཞག་གི་ངང་ནས་རླུང་ཞིག་ཕར་བཏང་བའི་ཚེ། བདག་གི་དུས་གསུམ་གྱི་དགེ་ཚོགས་བདེ་སྐྱིད་གང་ཡོད་རྣམས་དམིགས་ཡུལ་དེ་ལ་ཐིམ་པས་དེ་ཉིད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བར་བསམ། ཡང་རླུང་ཞིག་ཚུར་རྔུབ་ཚེ་དམིགས་ཡུལ་དེ་ཉིད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་རྡོ་ཁབ་ལེན་ལ་ལྕགས་ཕྱེ་འདུ་བ་བཞིན་རང་ཉིད་ཀྱི་སྒོ་གསུམ་ལ་ཐིམ་པས་སྒོ་གསུམ་གྱི་ཉེས་ཚོགས་ཤེལ་གོང་ཕྱིས་པ་ལྟར་དག་པར་བསམ་མོ།། སྤྱི་དོན་གཉིས་པ་འཕོ་བ་དངོས་ལ་གསུམ་སྟེ། དང་པོ་ཚེ་འདས་ཀྱིས་ཤིའམ་མ་ཤིའི་རང་ངོ་འཕྲོད་ཕྱིར་ངོ་སྤྲོད་པ་དང་། ཟབ་ལམ་འཕོ་བའི་ལོ་རྒྱུས་བཤད་པ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ནས་ཐུན་མིན་གྱི་ལམ་ཟབ་མོས་གནས་སྤར་བའོ། །དང་པོ་ནི། བྱམས་དང་སྙིང་རྗེ་ཡ་མ་བྲལ་བའི་ངང་ནས། འོ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་དུས་ལས་འདས་པ་ཆྒཻ་མོ་ཁྱོད་ཤི་བ་ཡིན་ནོ།། ཞེས་ལན་གསུམ་བོས་ལ། དེ་ཡང་འཆི་བ་ཞེས་བྱ་བ་ཁྱོད་ཉིད་གཅིག་པུར་ཤི་བ་མ་ཡིན་ཏེ། སྐྱེ་འགྲོ་ཐམས་ཅད་འཆི་བའི་རང་བཞིན་ཅན་ཡིན་པར་ཆེད་དུ་བརྗོད་པའི་ཚོམས་ལས། ཀྱཻ་མ་འདུས་བྱས་ཐམས་ཅད་མི་རྟག་སྟེ། །སྐྱེས་ནས་འཆི་བའི་ཆོས་ཅན་ཡིན། །གསུངས་པས་མི་གཅིག་ཁོ་ནར་མ་ཟད་སྣོད་བཅུད་ཐམས་ཅད་རྨི་ལམ་སྒྱུ་མའི་རང་བཞིན་ཡིན་ཏེ། ཐེག་པ་ཆེན་པོའི་མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་དང་འདྲ། །རི་གཟར་འབབ་ཆུ་བཞིན་ཏུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་ལྟར། ད་ལྟ་འགྲོ་བ་ཐམས་ཅད་ཀྱི་རྟེན་གཞི་ས་ཆེན་པོ་རི་རབ་གླིང་བཞི་ཁོར་ཡུག་དང་བཅས་པ་ཡང་མཐར་མེ་བདུན་གྱིས་བསྲེགས་པའི་ཐལ་བ་ཆུས་བཤལ་རླུང་གིས་གཏོར་ནས་ནམ་མཁའ་སྟོང་པར་འགྱུར་དགོས་པའི་དུས་འབྱུང་བ་ཡིན་ཏེ། འཕགས་པ་ཏིང་འཛིན་རྒྱལ་པོའི་མདོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། །འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་། འཛམ་གླིང་མཛེས་རྒྱན་ཀླུ་ཡི་དབང་པོའི་ཞལ་ནས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེག་པའི་ལུས་ཅན་འདི་དག་ནི། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་དགོས། །ཞེས་དང་། གཞན་ཡང་འཇིག་རྟེན་གྱི་ཁམས་སུ་བྱོན་པ་ལྷ་དང་བཅས་པའི་སྟོན་པ་སངས་རྒྱས་དེའི་བསྟན་པ་རིན་པོ་ཆེ་རྣམས་ཀྱང་མྱ་ངན་ལས་འདས་ཤིང་ཡུན་དུ་མི་གནས་ཏེ། སློབ་དཔོན་དཔའ་བོས། ཇི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཕལ་པ་གཞན་ལ་སྨོས་ཅི་དགོས། །ཞེས་དང་། མི་རྟག་པའི་ཚོམ་ལས། མཚན་སྟོང་གིས་འབར་བདེ་གཤེགས་སྙིང་པོའི་སྐུ། །བསོད་ནམས་བརྒྱ་ལས་གྲུབ་པའང་མི་རྟག་སྟེ། །འགྲོ་བའི་དོན་གཤེགས་རྒྱལ་བ་ཉི་མ་འདྲ། །དམ་ཆོས་མཛོད་ཀྱི་ཟླ་བ་ནུབ་ལ་ལྟོས། །ཞེས་གསུངས་པ་ལྟར། །སྲིད་པ་གསུམ་ན་ཆེ་བའི་ཚངས་པ་དང་བརྒྱ་བྱིན་དབང་ཕྱུག་ཁྱབ་འཇུག་ལ་སོགས་པ་ཡང་མི་རྟག་སྟེ། ཀུན་མཁྱེན་ཀློང་ཆེན་པས། ཚངས་དང་བརྒྱ་བྱིན་དྲག་པོ་མིག་སྟོང་ལྡན། །སྲེད་མེད་བུ་ཡང་མི་རྟག་ཕ་རོལ་འགྲོ། །ཞེས་དང་། ཀུན་མཁྱེན་ལྔ་པ་ཆེན་པོས། འཇིག་རྟེན་གསལ་བར་བྱེད་པའི་ཉི་ཟླ་ཡང་། །སྔོན་བསགས་བཟང་པོའི་འཕེན་པ་ཟད་པའི་མཐར། །རང་གི་ལག་པ་བརྐྱང་བསྐུམ་མི་མཐོང་བར་། །མུན་པའི་མལ་དུ་ཉལ་འབྱུང་མཆི་མ་བཀུ། །ཞེས་གསུངས་པས་མུན་སེལ་གྱི་སྒྲོན་མེ་སྟོབས་དང་ལྡན་པ་འདི་དག་ལ་ཡང་རྟག་པ་ཡོད་པ་མ་ཡིན། གཞན་ཡང་གླིང་བཞིར་དབང་བསྒྱུར་ནུས་པའི་འཁོར་ལོས་སྒྱུར་བ་རྣམས་ཀྱང་མི་རྟག་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། རིན་ཆེན་བདུན་ལྡན་རྒྱལ་པོ་དང་། །གཞན་ཡང་རྒྱལ་ཕྲན་བློན་པོ་དང་། །དགེ་སྦྱོང་བྲམ་ཟེ་ཁྱིམ་བདག་སོགས། །འགྲོ་བ་འདི་ཀུན་མི་རྟག་སྟེ། །རྨི་ལམ་འགྲོ་བ་ཇི་བཞིན་ནོ། །ཞེས་གསུངས། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཕྱི་ནང་དུས་བཞི་ན་ཚོད་འགྱུར་བས་ན། །མི་རྟག་འཆི་བར་ངེས་ཀྱི་རྟག་འཛིན་སྤོངས། །གཟུགས་ནི་རྡུལ་ཕྲན་དུས་ནི་སྐད་ཅིག་མ། །བར་སྣང་གློག་འགྱུ་བཞིན་ཏུ་མི་རྟག་གིས། །གསུངས་པས་དུས་ཀྱང་རིམ་པར་འགྱུར་ལ། སྔོན་བསྐལ་པ་རྫོགས་ལྡན། གསུམ་ལྡན། གཉིས་ལྡན། ད་ལྟ་རྩོད་ལྡན་དུ་གྱུར་པ་དང་། ན་ཚོད་ཀྱང་མངལ་ནས་སྐྱེས་པ། རྒས་ཤིང་འཁོགས་པ། ན་ཞིང་རྒུད་པ། ཤི་ཞིང་སྟོང་པ་སྟེ་སྣོད་བཅུད་དུས་བཞིར་འགྱུར་བ། གཟུགས་སྣང་ལོ་གཅིག་ལ་ཡང་དཔྱིད་ས་བོན་རྨོ་བརྐོའི་དུས། དབྱར་ལོ་འདབ་རླན་རྒྱས། སྟོན་འབྲུ་བཅུད་སྨིན་པ། དགུན་ས་སྐམ་རྡོ་འཁྱགས་ཏེ་རིམ་གྱིས་འགྱུར་བ། གཟུགས་སྣང་རགས་པ་རྣམས་ཀྱང་མཐར་རྡུལ་ཕྲན་དུ་ཡལ། ནང་སེམས་ཀྱི་འགྱུར་བ་དང་། སྐྱེ་འགྲོའི་བདེ་སྡུག འཁོར་བའི་སྣང་ཚུལ་ཐམས་ཅད་སྐད་ཅིག་གིས་མི་རྟག་པར་འགྱུར་བ་ཡིན་ཏེ། འཁོར་བའི་ཆོས་འདི་དག་མི་རྟག་པ་མཐའ་བཞིས་བསྡུས་ཏེ། ཀློང་ཆེན་པས། མཐའ་བཞིས་བསྡུས་ཕྱིར་རྟག་པ་འགའ་ཡང་མེད། གསུངས་པས། སྐྱེས་པ་མི་རྟག་སྟེ་མཐའ་འཆི། འདུས་པ་མི་རྟག་སྟེ་མཐའ་བྲལ། བསགས་པ་མི་རྟག་སྟེ་མཐའ་འཛད། མཐོན་པོ་མི་རྟག་སྟེ་མཐའ་ལྷུང་བར་འགྱུར་བ་འདི་དག་ནི་འདུས་བྱས་སྤྱིའི་ངང་ཚུལ་ཡིན་ཞིང་། ཁྱད་པར་ཁྱེད་ཉིད་འཇིག་རྟེན་འདིར་གནས་པའི་ཚེ་ཡང་འགྲོ་བ་མཆོག་དམན་བར་བ་ཇི་ཙམ་ཞིག་ངེས་པ་མེད་པར་ཤི་བ་དེ་བཞིན་དུ། ད་ལྟ་ཁྱོད་ཀྱང་སྐྱེ་འགྲོ་སེམས་ཅན་འགྲོ་བའི་ལམ་པོ་ཆེ་དེར་ཞུགས་པ་ཡིན་མ་གཏོགས་ཁྱེད་ཉིད་གཅིག་པུའི་སྟེང་དུ་འཆི་བའི་སྡུག་བསྔལ་གྱིས་མནར་བ་མ་ཡིན་པས་སྔངས་སྐྲག་འཇིགས་གསུམ་གྱི་སྡུག་བསྔལ་གང་ཡང་མ་བྱེད། འཁོར་བར་འཁྱམས་པའི་རྩ་བ་ཡང་ཆགས་ཞེན་ཡིན་པས་ཕ་མ་བུ་དང་ཆུང་མ་མཛའ་བཤེས་གཉེན་འདུན་འཁོར་འབངས་ལོངས་སྤྱོད་གང་ལའང་མ་ཆགས་མ་ཞེན་པར་གྱིས། དེ་རྣམས་ཀྱིས་ནི་འཆི་བ་ལས་མི་སྐྱོབ་སྟེ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འཆི་བའི་དུས་ལ་བབས་ཙ་ན། ཕ་མས་མི་ཕན་གཉེན་འདུན་མིན། །བུ་དག་སྐྱབས་སུ་འགྱུར་མ་ཡིན། །ལང་ཚོ་མ་ཡིན་སྟོབས་ཀྱང་མིན། །ཞེས་གསུངས་པས། འཆི་བ་ལ་ཐབས་གང་གིས་ཀྱང་ལྡོག་ཏུ་མེད་དེ། མི་ཆོས་ནས་གྲོས་དང་གཏམ་དང་ཤགས་དང་རྩལ་དང་དབང་དང་གཡོ་སྒྱུས་མི་སྟོངས། ལྷ་ཆོས་ནས་ཀྱང་སྨན་རྩིས་མོ་དཔྱད་བསྲུང་བཟློག་བཅུད་ལེན་རྫས་དང་སྨན་སྔགས་གང་གིས་ཀྱང་མི་སྐྱོབས་ཤིང་། རང་གི་རྗེས་སུ་མི་འབྲང་། རང་ཉིད་ལས་ཀྱི་རྗེས་སུ་འབྲང་དགོས་པའི་ཚུལ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་གཉེན་དང་མཛའ་བཤེས་རྗེས་མི་འབྲང་། །སྐྱེ་བོ་དེ་ནི་གང་ནས་གར་འགྲོ་ཡང་། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཞེས་གསུངས་པ་ལྟར་གང་ལ་ཡང་ཆགས་ཞེན་གྱི་འཁྲི་བ་རྦད་ཀྱིས་ཆོད་ལ་སྐྱོབས་ངེས་པ་བླ་མ་དཀོན་མཆོག་གསུམ་ཡིན་པས་གསོལ་བ་རྩེ་གཅིག་ཏུ་ཐོབ་ལ་གདམས་ངག་གི་གནད་རྣམས་ཡིད་ལ་མ་བརྗེད་པར་ཟུངས་དང་། ངས་ཁྱོད་ལ་འཆི་ཁར་བར་དོའི་ངོ་སྤྲོད་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག་སྟོན་པ་ཡིན་ལ། དེ་ཡང་འཆི་བའི་དུས་འདི་ལྟར་འབྱུང་བ་ཡིན་ཏེ། དེ་ཡང་ས་ས་ལ་ཐིམ་པས་ལུས་ལྗི་ཞིང་ལྡང་མི་ནུས་ཤིང་མིག་ཡུལ་དུ་གཟུགས་མི་གསལ། ཆུ་ལ་ཆུ་ཐིམ་པས་ཁ་ཆུ་སྣ་ཆུ་ཟག་ཅིང་རྣ་བ་མི་གསང་། མེ་ལ་མེ་ཐིམ་པས་ལུས་དྲོད་སྡུད་ཅིང་ཁ་སྣ་སྐམ་སྣས་དྲི་མི་ཚོར། རླུང་ལ་རླུང་ཐིམ་པས་མིག་གྱེན་ལ་ལྡོག་ཅིང་དབུགས་ངར་ངར་རྐང་ལག་གཡོབ་ཅིང་ལྕེས་རོ་མི་ཚོར། དེ་ཡིས་ཚེ་འདེགས་བྱེད་ཀྱི་རླུང་བྲོས་པས་ལུས་མི་ཐེག །སྒྱིད་པ་ལུག་ཅིང་ཡན་ལག་རྣམས་མི་འདུ། སྨྲ་བ་ཤིན་ཏུ་དཀའ་བ་འབྱུང་ངོ་། །བཀྲག་བསྐྱེད་ཀྱི་རླུང་བྲོས་པས་ལུས་དང་ཁ་སྣའི་སྒོར་བལ་དུད་ཆགས། ཁ་སྐོམ་གཤིན་དྲི་བསྣོམ། དྭངས་སྙིགས་འབྱེད་པའི་རླུང་བྲོས་པས་བཟའ་བཏུང་མི་ལེན་ལུས་སྟོབས་འཆོར། མེ་མཉམ་གྱི་རླུང་བྲོས་པས་ལུས་ཀྱི་དྲོད་རྣམས་རིམ་གྱིས་མཐའ་ནས་དབུས་སུ་སྡུད། འདིའི་དུས་མིག་ནས་རང་རིག་གི་འོད་ཟེར་དུང་གི་ཐག་པ་ལྟ་བུ་ལ་རྡོ་རྗེ་སེམས་དཔའི་སྣ་ཐག་བྱུང་བར་ངོ་ཤེས་ནས་རིག་པ་རྩེ་གཅིག་ཏུ་གཏོད་པའི་འདུན་པ་དྲག་པོས་ཡར་གྱི་ཟང་ཐལ་དུ་སྐད་ཅིག་ལ་འགྲོ་བར་འགྱུར་རོ།། ཤི་མ་ཐག་པའི་གང་ཟག་གམ་ནང་དུ་དབུགས་མ་ཆད་པའི་རིགས་ལ་སྐབས་འདིར་འཕོ་བ་འདེབས་དགོས་པས་མཚམས་སྦྱོར་བྱ་བའམ་ཡང་ན་སྔར་གྱི་འཕྲོར། དུས་དེར་མ་གྲོལ་ན་བསྐལ་པ་ལས་ཀྱི་རླུང་བྲོས་པས་ཤེས་པ་ཟ་ཟི་ཕྱད་ཕྱོད་བྱེད་ཅིང་རྩ་ཕྲན་གྱི་ཁྲག་རྣམས་སྲོག་རྩའི་ནང་ན་འདུ། དེ་ཡི་ཚེ་ཕྱི་ཡི་སྣང་བ་ས་སྲོས་པ་བཞིན་ལྗི་འཐིབ་ཀྱིས་སོང་། རིག་པ་སྙིང་གི་དཀྱིལ་དུ་འདུས་ནས་དྲན་པ་ཉམས། དུས་དེར་སྲོག་རྩའི་ནང་ནས་ཁྲག་ཐིགས་གཅིག་སྙིང་གི་དཀྱིལ་དུ་བརྒྱབ་པས་མིག་སྐྱ་ལོག་གིས་འགྲོ། ཁྲག་ཐིགས་གཉིས་བརྒྱབ་པའི་ཚེ་མགོ་ཁུག་པ་ཞིག་ཡོང་ནས་དབུགས་ཕྱིར་ཧ་ཞེས་མདའ་གང་དུ་འཕེན། ཐིགས་པ་གསུམ་རྒྱབ་པས་ཨིག་ཅིང་དབུགས་འདོམ་གང་དུ་འཕོ་ཞིང་དབུགས་ཆད། ལུས་ཀྱིས་རེག་བྱ་མི་ཚོར། དེ་དུས་རིག་པ་སྙིང་དུ་ཁྲོག་གིས་བརྒྱལ་ནས་མི་གཅིག་ཟན་ཟ་བའི་ཡུན་ཙམ་དུ་དྲན་པ་དང་རྟོག་ཚོགས་གང་ཡང་མེད་དོ། །དེ་ནས་རོ་རྐྱང་གི་དྭངས་མ་རྣམས་ཨ་ཧཾ་ལ་འདུས། ཕ་ལས་ཐོབ་པའི་སྲོག་འཛིན་བྱང་སེམས་ཧཾ་གི་དབྱིབས་ཅན་ཐུར་དུ་བབས་པ་ན་སྟོང་སང་དཀར་ལམ་གྱི་སྣང་བ་ཤར་བས་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་འགགས། མ་ལས་ཐོབ་པའི་མཉམ་གནས་ཀྱི་དྭངས་མ་རཀྟ་ཨ་ཐུང་གི་དབྱིབས་ཅན་གྱེན་དུ་ལོག་པར་སྟོང་སེང་དམར་ལམ་པའི་སྣང་བ་ཤར་བས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས། དེ་གཉིས་ཀྱི་བར་དུ་རྣམ་ཤེས་གྱད་སྟོབས་ཆེན་གྱིས་སེ་གོལ་ལན་བདུན་གཏོག་པའི་ཡུན་ཙམ་ཞིག་འཐུམ་ནས་སྟོང་སངས་ནག་ལམ་པའི་སྣང་བ་ཤར་བས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས། དེའི་ཚེ་རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནང་དབུགས་ཆད། རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པས་སེམས་དབྱིངས་སུ་ཐིམ་སྟེ་དར་ཅིག་བརྒྱལ། དེ་སངས་མ་ཁད་ལ་ཞི་བ་ཆོས་ཀྱི་སྐུའི་ནམ་མཁའ་ཞེས་བྱ་བ་དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འཆར་ཏེ་དེ་ཉིད་ངོས་ཟིན་ཙམ་གྱིས་ཀ་དག་གི་གཞི་ལ་རང་གྲོལ་བའོ། །དེར་མ་གྲོལ་ན་ཆོས་ཉིད་བར་དོའི་ཁྱབ་བྱ་ཕུང་པོ་ལྔ་ལ་ཁྱབ་བྱེད་སངས་རྒྱས་ཀྱི་སྐུ་དང་རིགས་དང་ཞིང་ཁམས་ཐམས་ཅད་རང་ཆས་སུ་ཡོད་པའི་གནད་ཀྱིས་རང་གི་རིག་རྩལ་མིག་ནས་ཡེ་ཤེས་ཀྱི་སྣང་བ་འོད་ལྔའི་ཟེར་ཐག་ཤར་བ་སོགས་སྐུ་དང་ཞིང་ཁམས། རྣམ་སྣང་རྡོར་སེམས་རིན་འབྱུང་སྣང་མཐའ་དོན་གྲུབ་རྣམས་གཙོ་འཁོར་ཡབ་ཡུམ་ཚོམ་བུའི་དཀྱིལ་འཁོར། ཞི་ཁྲོའི་ལྷ་ཚོགས་ནམ་མཁའི་མཐའ་ཀླས་པར་གཟི་བཀྲག་དཔག་ཏུ་མེད་པར་ཤར་བ་རྣམས་རང་སྣང་དུ་ངོ་ཤེས་ཤིང་གསལ་སྟོང་གི་ངང་དུ་ཞོག་ཅིག །བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཞི་ཁྲོའི་ལྷ་ཚོགས་དང་དབྱེར་མེད་དུ་སངས་རྒྱས་པར་འགྱུར་རོ། །དེ་དང་ལྷན་དུ་འོད་བཀྲག་མེད་པའི་རིགས་གང་ཤར་ནའང་རིགས་དྲུག་ཏུ་སྐྱེ་བའི་འོད་ཡིན་པས་མ་ཆགས་མ་ཞེན་ཅིག །གོང་གི་ཡེ་ཤེས་ལ་གདེང་མ་ཐོབ་ན་ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་དུས་སུ་རང་གི་སྙིང་ག་ནས་སྟེང་གི་ནམ་མཁའ་ལ་ཡེ་ཤེས་བཞི་ལྡན་གྱི་སྣང་བ་འོད་མཐིང་ཀ་དང་། དཀར་པོ་དང་། སེར་པོ་དང་། དམར་པོའི་སྣམ་བུའི་སྟེང་དུ་སོ་སོའི་ཁ་དོག་དང་མཐུན་པའི་ཐིག་ལེ་དྭངས་གསལ་ཐིག་ཕྲན་ལྔ་ལྔས་བརྒྱན་པ་དང་། དེའི་སྟེང་དུ་འོད་ཟླུམ་རྨ་བྱའི་གདུགས་འཁོར་བ་ལྟ་བུའང་འཆར། འདི་དུས་ཕུང་པོ་བདག་འཛིན་ལས་གྲོལ་བས་ལུས་འོད་གསལ་ཆོས་ཉིད་ཀྱི་རང་ངོ་ལ་གནས། འབྱུང་བ་དང་ཉོན་མོངས་པ་ཕྲ་རགས་ལས་གྲོལ་བའི་རང་སྣང་ངོ་ཤེས་པ་ནི་གྲོལ་བ་ལུས་ཀྱི་གནད་དོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་དུས་ནི། ཡེ་ཤེས་ཀྱི་སྣང་བ་དེ་དག་སྟེང་འོད་ཟླུམ་དེ་ལ་འདུས་ནས་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་ལྟ་བུའི་ངང་ལས་དག་པ་ཞི་ཁྲོའི་ཞིང་ཁམས་དང་། མ་དག་འགྲོ་དྲུག་གི་སྣང་བ་མཐའ་ཡས་པ་སྐད་ཅིག་ལ་འཆར་ཏེ། སྐབས་དེར་རང་སྣང་ལ་སྒྲོ་འདོགས་ཆོད་པས་གྲོལ་བ་ཐོབ་ནི་མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ། སྐབས་འདིར་སྣང་བའི་འཆར་ལུགས་བརྒྱད་དང་། དབང་པོ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་ཚན་དྲུག་དང་། སྐུ་གསུམ་གྱི་མངོན་ཤེས་སུམ་ཚན་གསུམ་རྣམས་རྗེས་སུ་དྲན་པ་དྲུག་བརྟེན་ནས་ལྷུན་གྲུབ་ཏུ་གདེང་ཐོབ་པའི་ཐིམ་ལུགས་བརྒྱད་ཀྱི་སྒོ་ནས་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ནི་ལྷུན་གྲུབ་ལོངས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པའོ། །དེ་དག་ཏུ་མ་གྲོལ་ན་སྲིད་པ་བར་དོ་རྨི་ལམ་གྱི་སྣང་བ་ལྟར་དབང་པོ་ཚང་ཞིང་རྫུ་འཕྲུལ་དང་ལྡན་པ། ཀུན་ཏུ་རྒྱུ་ཞིང་འཇིགས་པ་དང་ལྡན་པ་བར་དོར་ཅི་ཙམ་གནས་པའི་ཕྱེད་སྔ་མའི་གཟུགས་དང་བག་ཆགས་སུ་སྣང་ལ། ཕྱེད་ཕྱི་མ་གང་དུ་སྐྱེ་བའི་གཟུགས་དང་སྣང་བ་འཆར་ཏེ། དེའི་ཚེ་བར་དོ་ནང་ཚན་དང་ལྷ་མིག་དག་པས་མཐོང་ཞིང་། གཞན་གྱིས་མི་མཐོང་། སྔར་བས་དྲན་པ་བདུན་འགྱུར་གྱིས་གསལ་ལ་མངོན་ཤེས་ཕྲ་མོ་གསལ། དབང་པོ་ཀུན་ཚང་བ་དེ་རྡོ་རྗེ་གདན་དང་མའི་མངལ་གཉིས་མ་གཏོགས་གང་ལའང་ཐོགས་པ་མེད་པར་ཡད་ཡུད་ཕྱད་ཕྱོད་བལ་འདབ་རླུང་གིས་བསྐྱོད་པ་ལྟར་འགྲོ་ཞིང་ཡུད་ཙམ་རེ་ལ་གར་ཡང་སླེབས་པས་རང་གི་ཁྱིམ་དང་ཉེ་འཁོར་རྣམས་རྨི་ལམ་ཙམ་དུ་འཕྲད་ནས་སྔོན་གྱི་བྱ་བར་བག་ཆགས་ཀྱིས་འཇུག་པར་བྱེད་ཀྱང་ལུས་རྒྱའི་རྟེན་མེད་པས་རང་དབང་མི་ཐོབ། སེམས་སྐྱོ་ཞིང་བག་གྲང་། ཚིག་པ་ཟ། སྙིང་མི་དགའ། སྐྱི་ཟིང་ཟིང་བྱེད། འབྱུང་བཞིའི་རླུང་གིས་བསྐྱོད་པས་རླུང་གིས་གཡེང་བ། སས་ནོན་པ། ཆུས་ཁྱེར་བ། མེས་ཚིག་པ་སྡུག་བསྔལ་ཀྱིས་འཇིགས་སྣང་ཆེ་བས་ལུས་དང་བྲལ་བར་ཤེས་ཏེ་ཤི་བ་ཡིན་འདུག་སྙམ་ནས་སྡུག་བསྔལ་ཆེན་པོས་བརྒྱལ་ནས་འཆི་ཆུང་རེ་བྱེད། རགས་པའི་ལུས་རྟེན་མེད་པར་ཉམ་ཐག་པས་ལུས་ཤིག་ཐོབ་ན་ཅི་འདྲ་ཞིག་བྱུང་ཡང་ཆོག་སྙམ་པ་འབྱུང་བར། དེ་ཡི་ཚེ་གང་ལ་ཐུག་ཀྱང་གནས་ངན་དུ་མི་འཇུག་བསམ་པའི་གཉེན་པོ་དང་དྲན་འདུན་གལ་ཆེ་ཞིང་། སྤང་བླང་གི་སྐྱེ་གནས་ངོས་ཟིན་དགོས་པས། དེ་ཡང་དུག་གསུམ་གྱི་ལས་སྣང་གཡང་ས་དམར་ཟེང་ངེ་བ་དང་། སྐྱ་ཆད་དེ་བ་དང་། ནག་ངམ་མེ་བ་བཟོད་དཀའ་བ་མཐོང་ན་ངན་སོང་གསུམ་དུ་ལྟུང་བའི་ལྟས་དང་། ལྷ་མི་གཉིས་སུ་སྐྱེ་ན་འོད་དཀར་པོ་འདོམ་གང་བས་བརྒྱན་པ་མགོ་བོ་གྱེན་དུ་བསྟན། ལྷ་མིན་དང་དུད་འགྲོར་སྐྱེ་ན་སེར་པོ་སྣང་བས་མགོ་འཕྲེད་དུ་བལྟ། དམྱལ་བ་དང་ཡི་དྭགས་ནག་པོར་སྣང་བས་མགོ་ཐུར་དུ་བལྟས་ནས་འགྲོ་སྙམ་བྱེད་པའོ། །ཡང་སྐྱེ་གནས་སོ་སོར་འཇུག་དུས་ལྷ་ཁང་དང་སྐྱེད་མོས་ཚལ་ནི་ལྷ་ཡི་སྐྱེ་གནས། འོད་ཀྱི་འཁོར་ལོ་ནི་ལྷ་མ་ཡིན། གནམ་རྨུག་པ་མི་ལུས་ཙམ་པོ་བ། སྐྱེ་བོ་མང་པོའི་དབུས་མི་ལུས་རིན་པོ་ཆེ། ས་ཕུག་སྤྱིལ་པོ་བྱོལ་སོང་། གྲོག་པོ་སྟོང་པ་དང་ཕུག་རྡུགས་ཡི་དྭགས། མུན་ནག་ཆར་མུན་དྲག་པོ་དམྱལ་བའི་སྐྱེ་གནས། མུན་ནག་འཐུག་ཅིང་བུ་ཡུག་གིས་བདས་པ་གྲང་དམྱལ་རྣམས་སོ། །ཁྱད་པར་མི་ལ་ལུས་འཕགས་གླིང་དུ་སྐྱེ་ན་ངང་པ། སྒྲ་མི་སྙན་དུ་ཉ། བ་གླང་སྤྱོད་དུ་གླང་། འཛམ་བུའི་གླིང་དུ་མི་ཕོ་མོ་སྤྱོད་པའི་ཉམས་འཆར། འདིའི་དུས་དབང་པོ་གསུམ་གྱི་ན་རིམ་ལྟར། མི་ཡི་མངལ་སྒོ་ལ་སོགས་པ་བདེན་མེད་དུ་ཤེས་པའམ་ཞེན་ལོག་གིས་བཀག་ནས་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་ཡིད་ལ་བྱས་པས་འགྲོ་དྲུག་གི་མངལ་དུ་མི་འཇུག་པར་བགགས་ནས་དག་པའི་ཞིང་དུ་པདྨ་ལ་བརྫུས་ཏེ་སྐྱེས་ནས་སངས་རྒྱས་པར་འགྱུར་རོ། །འབྲིང་བདག་གཞན་སྣོད་བཅུད་ཐམས་ཅད་སྣང་སྟོང་ལྷ་སྐུ་སྒྱུ་མ་ལྟ་བུའི་ཡི་དམ་བསྐྱེད་རིམ་དུ་གསལ་གདབ་ཅིང་གཞན་འཁྲིག་པ་བརྟེན་པར་མཐོང་ན་ཆགས་སྡང་དང་མིག་སེར་སྤངས་ཏེ་བླ་མ་ཡབ་ཡུམ་དུ་བསྒོམ་ལ་ཆགས་སེམས་བདེ་སྟོང་ཀ་དག་ལྷུན་གྲུབ་ཀྱི་དགོངས་དོན་ཉམས་སུ་བླང་བས་མངལ་སྒོ་ཁེགས་ནས་དེར་གྲོལ་ལོ། །མངལ་དུ་འཇུག་ན་མངལ་སྣོད་ཆོས་འབྱུང་དུ་གསལ་བའི་ནང་ན་པདྨ་ཉི་ཟླའི་གདན་སྟེང་དུ་ཨོཾ་ཨཱཿཧཱུྃ་སོགས་ཀྱི་ས་བོན་དུ་གསལ་གདབ་ནས། ཕ་མ་ཡི་དམ་ཡབ་ཡུམ་དུ་ཤེས་པའི་ངང་ནས་མངལ་དུ་ཞུགས་པས་མི་ལུས་ཡིད་བཞིན་ནོར་བུ་ལྟ་བུ་ཐོབ་སྟེ་ཐེག་པ་ཆེན་པོ་ལ་སྤྱོད་པའི་དགེ་བའི་བཤེས་གཉེན་དང་མཇལ་ཞིང་ཐེག་པ་ཆེན་པོའི་ལྟ་སྒོམ་རྣམས་ལ་ཚུལ་བཞིན་ཉམས་སུ་བླངས་པས་གྲོལ་བར་འགྱུར་རོ། །ཐ་མ་རྣམས་བླ་མ་དང་ཕྱོགས་བཅུའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱས་པས་སྐྱེ་གནས་ངན་པ་ལས་ལྡོག་སྟེ་མཐོ་རིས་ལྷ་མིའི་ལུས་ལོན་ནས་དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་ལྡན་དུ་གྱུར་ནས་དམ་པའི་ཆོས་ལ་སྤྱོད་པར་འགྱུར་རོ། །གཞན་ཡང་ཁྱོད་ཀྱི་ཤུལ་ན་ཡོད་པ་རྣམས་ཀྱིས་ཀྱང་དཀོན་མཆོག་མཆོད་པ་དང་སྦྱིན་གཏོང་སོགས་དགེ་བ་ཆེན་པོ་སྒྲུབ་པ་འདི་དག་གིས་ཁྱོད་ལ་ཕན་ཐོགས་ཆེན་པོར་འགྱུར་བས་སྡུག་བསྔལ་མི་འཚལ་ཞིང་། ཁྱད་པར་ད་ལམ་བདག་ཅག་གི་སངས་རྒྱས་ལག་བཅང་གི་གདམས་པ་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ཆོས་སྐད་ཅིག་གི་རྫོགས་སངས་རྒྱས་པའི་ཆོས་སྒོ་ཕྱེ་ནས་ཁྱོད་དག་པ་མཁའ་སྤྱོད་ཀྱི་གནས་སུ་སྤར་བ་ཡིན་པས་དགའ་བ་དང་སྤྲོ་བའི་སེམས་སྐྱེད་ཅིག དེ་ཡང་རིན་ཆེན་འདུས་པའི་རྒྱུད་ལས། བུག་པ་དགུ་ཡི་སྟེང་རོལ་ན། །བདེ་བ་ཅན་དུ་འགྲོ་བའི་སྒོ། །བག་ཆགས་ལུས་རྒྱ་ཞིག་པའི་ཚེ། །མཚམས་མེད་ལྔ་ལ་སྤྱོད་པ་ཡང་། །གྲོལ་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་དུ་བསྒོམ་པ་ལ་ཁྱོད་ཚེ་འདིའི་སྣང་བ། ཉེ་འབྲེལ། རྒྱུ་རྫས་ལོངས་སྤྱོད། ཡུལ་འཁོར་གང་ལ་ཆགས་ཤིང་ཞེན་ན་འཁོར་བའི་སྡུག་བསྔལ་ལས་ཐར་བའི་དུས་མེད་པར་འཆིང་བས་མ་ཆགས་མ་ཞེན་པར་ཟབ་ལམ་འཕོ་བའི་གདམས་པ་འདི་ལྟར་དུ་གསལ་ཐོབ་ཅིག གཉིས་པ་འཕོ་བའི་ལོ་རྒྱུས་བཤད་པ་གཞན་ལས་ཤེས་པར་བྱའོ། །གསུམ་པ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་བ་ནི། སྔོན་འགྲོ་རྒྱས་བསྡུས་གང་རུང་དང་། སྐབས་འདིར་ཚེ་འདས་ལ་གཤེགས་སྐྱེམས་ཀྱི་ཚུལ་དུ་འདོད་ཡོན་བསྔོ་བའམ་ཡང་ན་མཇུག་ཏུ་བསྔོའོ།། རྒྱལ་བ་ཀུན་འདུས་རྗེ་བཙུན་བླ་མ་མཁྱེན་ནོ། སོགས་སྙིང་ཐིག་གི་ཐར་ལམ་གསལ་བྱེད་ལྟ་བུའི་མཇུག་ཏུ་ལྟུང་བཤགས་ཚར་ཅི་ནུས་བར་དོའི་རྩ་ཚིག མཚན་བྱིན་རླབས་ཅན་སོགས་ཀྱི་རྗེས་སུ། ད་ནི་ཁྱོད་ལ་མྱུར་ལམ་ཟབ་མོ་འཕོ་བའི་གདམས་པ་འདེབས་པའི་སྐབས་སུ་བབས་པ་ཡིན་པས་སེམས་ཡེངས་འཁྲུལ་སྤོངས་ལ་དམིགས་པ་འདི་བཞིན་ཏུ་མཛོད་ཅིག ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས་ཀྱིས་བསངས། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བམ་རོ་གན་རྐྱལ་དུ་ཕྱོགས་པའི་སྟེང་དུ་ཁྱོད་རང་གི་རིག་པ་ཆུ་ལས་ཉ་འཕར་བའི་ཚུལ་དུ་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་པདྨ་རཱ་གའི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུའི་གཟི་བྱིན་རབ་ཏུ་འབར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་ཀྱིས་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་པའི་རྟིང་པ་གསང་བར་གཏོད་ཅིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་བམ་རོའི་སྙིང་གར་བརྫིས་པ། ཐོད་སྐམ་ལྔས་དབུ་བརྒྱན། ཐོད་རློན་ལྔ་བཅུའི་དོ་ཤལ། སྤྱི་བོའི་འཁོར་ལོ། སྙན་ཆ། ཕྱག་ཞབས་ཀྱི་གདུ་བུ། མགུལ་རྒྱན། སྐ་རགས་ཏེ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། མི་རོའི་སྐྲ་ལས་བྱས་པའི་མཆོད་ཕྱིར་ཐོགས་ཕྲག་གོང་གཡོན་ནས་མཆན་ཁུང་གཡས་སུ་འཁྱུད་པ། ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊཱཾ་ཀ་མཆན་ཁུང་གཡོན་ན་བསྒྲེང་ཚུལ་གྱིས་འཛིན་པ། དབུ་སྐྲ་ནག་པོ་སིལ་བུར་གྲོལ་ཞིང་ཐུར་དུ་འཕྱང་བ། སྤྱི་གཙུག་ན་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པས་གཡས་ངོས་སུ་བལྟ་ཞིང་གྱེན་དུ་ཕྱོགས་པ། ཁྲོ་འཛུམ་ཆགས་པའི་ཉམས་ཅན། ཞལ་མཆེ་བའི་མྱུ་གུ་བཞི་བཅུ་ཅུང་ཟད་བཞད་པ། གཅེར་བུ་གཞོན་ཚུལ་བཅུ་དྲུག་ལོན་པའི་ལང་ཚོ་དར་ལ་བབ་ཅིང་ནུ་མ་རྒྱས་པ། བདེ་སྟོང་ཡེ་ཤེས་ཀྱི་ཉམས་རྒྱས་པའི་སྐུ་སྣང་ལ་རང་བཞིན་མེད་པ་ཆུ་ཟླའི་རོལ་གར་བཞིན། དྭངས་གསལ་འོད་ཀྱི་རང་བཞིན་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་ལུས་གསལ་ཐོབ་ལ། མ་དག་པ་འཁོར་བའི་སྒོ་དགུ་པོ་ལས་རྣམ་ཤེས་ཐོན་ན་མིག་ནས་མི། སྣ་ནས་གནོད་སྦྱིན། རྣ་བ་ནས་གྲུབ་པའི་ལྷ་སྟེ་མིའམ་ཅི། ཁ་ནས་ཡི་དྭགས། ལྟེ་བ་ནས་འདོད་ལྷ་དྲུག །དཔྲལ་བ་ནས་གཟུགས་ཁམས་ཀྱི་ལྷ། ཆུ་ལམ་ནས་དུད་འགྲོ། བཤང་ལམ་ནས་དམྱལ་བ་རྣམས་སུ་འགྲོ་བས་དེ་དག་བཀག་དགོས་པར་བྱང་གི་སྒོ་སྲུང་ནཱ་རོ་བས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཐར་པ་ཡང་དག་ལམ། །སྒོ་བརྒྱད་བཅད་ནས་སྒོ་གཅིག་ཕྱེ། །ཞེས་གསུངས་པས་ཚངས་བུག་མ་གཏོགས་སྒོ་གཞན་བརྒྱད་པོ་ཧཱུྃ་དམར་པོ་འབར་བའི་རྣམ་པ་རེས་བཀག་པས་བསེར་བུ་ཙམ་ཡང་རྒྱུ་བའི་སྐབས་དང་བྲལ་བར་བསམ། ཧཱུྃ་དགུ་བརྗོད་པས་སྒོ་བརྒྱད་མཚོག་མ་དང་བཅས་པ་བཅད་པས་དམར་ལམ་ལམ་ཡོད་པར་བསམ། ཚངས་བུག་རྒྱ་མཐོངས་ལྟར་ཧད་པོར་སོང་བའི་ལུས་དབུས་དྲང་པོར་བྱང་ཆུབ་མཁའ་སྤྱོད་ཀྱི་ལམ་རྩ་ཨ་ཝ་དྷཱུ་ཏི་ཕྱི་དཀར་ལ་ནང་དམར་བ། སྦ་སྨྱུག་ཙམ་གྱི་ཡར་སྣེ་ཚངས་བུག་ཏུ་སླེབས་པ། རྒྱ་མཐོངས་ལྟར་གསལ་བ། མར་སྣེ་ལྟེ་འོག་སོར་བཞིར་སླེབ་པ་ཁ་ཟུམ་ཞིང་ཕུག་རྡུགས་སུ་འགགས་པ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། ཏིལ་གྱི་མར་མེ་ལྟར་གསལ་ཞིང་འོད་འབར་བ། རྒྱ་སྐྱེགས་ཀྱིས་བཙོས་པ་ལྟར་དམར་ལ་དྭངས་པའི་ཉམས་ཅན། པདྨའི་འདབ་མ་ལྟར་སྲབ་པའི་མཚན་ཉིད་བཞི་ལྡན་གྱི་སྙིང་གའི་ཐད་དུ། སྨྱུག་མ་ཚིགས་ཀྱིས་བཅད་པ་ལྟ་བུའི་ནང་ན་པདྨ་དམར་པོ་འདབ་མ་བཞི་པ་ཟེའུ་འབྲུ་དང་བཅས་པའི་སྟེང་དུ་ཁྱོད་ཀྱི་རླུང་སེམས་འདུས་པའི་ངོ་བོ་རྣམ་ཤེས་མི་འགྱུར་བའི་ཐིག་ལེ་ཡུངས་དཀར་གྱི་འབྲུ་ཙམ་དཀར་ལ་དམར་བ། གསལ་ལ་འཚེར་བ། སྣུམ་ལ་འདྲིལ་བ། དྭངས་གསལ་འོད་ཀྱི་རང་བཞིན་ཅན་ཚངས་བུག་གི་ལམ་ནས་འཕུར་ལ་ཁད་ཀྱིས་འདར་ཕྲིལ་གྱིས་གནས་པར་བསམ། ཚངས་བུག་གི་ཐད་ཀྱི་ཁྲུ་གང་ཙམ་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་རྐང་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ། པདྨ་སྟོང་ལྡན་ཟླ་བའི་གདན་ལ་ངོ་བོ་རང་གི་རྩ་བའི་བླ་མ་ལ་རྣམ་པ་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་མཚན་དཔེ་ཡོངས་རྫོགས་ཀྱི་གཟི་བྱིན་ཉི་མ་བྱེ་བའི་དཔལ་ལས་ལྷག་པ། མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་ཞིང་མཉམ་བཞག་གི་ཕྱག་རྒྱས་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེ་དཀྱིལ་ཀྲུང་གིས་བཞུགས་པའི་གཡས་སུ་སྤྱན་རས་གཟིགས་དབང་ཕྱུག གཡོན་དུ་མཐུ་ཆེན་ཐོབ། གཞན་ཡང་བདེ་གཤེགས་མཆེད་བརྒྱད། དེ་དག་གི་མཐའ་བསྐོར་དུ་ལམ་ཟབ་མོ་འདི་ཉིད་ཀྱི་བརྒྱུད་པའི་བླ་མ་ཐམས་ཅད་ཀྱང་སྐུ་མཚན་དཔེའི་རོལ་གར་གང་འདུལ་གདུལ་བྱའི་མོས་ངོར་ཅིར་ཡང་འཆར་བ། གསུང་གྲག་སྟོང་ཆོས་ཉིད་ཀྱི་རང་སྒྲ་སྒྲོགས་པ། ཐུགས་ཟབ་གསལ་གཉིས་མེད་ཀྱི་ཏིང་ངེ་འཛིན་བརྒྱ་ཕྲག་དུ་མར་འཇུག་ཅིང་ལྡང་བ། ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་འཇུག་པ་གློག་ལྟར་མྱུར་བས་མཁའ་མཉམ་གྱི་འགྲོ་ལ་སྐད་ཅིག་ཀྱང་མི་གཡེལ་བ། ཁྱད་པར་དམིགས་ཡུལ་ཁྱོད་རང་ལ་མཁྱེན་པའི་ཡེ་ཤེས་ཀྱིས་དགོངས། བྱམས་པའི་ཐུགས་ཀྱིས་བརྩེ། དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས་ཏེ་ཁྱོད་རང་བདེ་ཆེན་དག་པའི་ཞིང་དུ་འདྲེན་པའི་དེད་དཔོན་དུ་བྱོན་པར་བསྒོམ་ལ་མོས་གུས་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཐུགས་རྗེ་དང་ཡོན་ཏན་རྗེས་སུ་དྲན་པའི་མོས་གུས་སྙིང་དཀྱིལ་ནས་བཟོད་མེད་དུ་འབར་ཞིང་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་དུ་ཐོབ་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། ཞེས་བརྒྱ་རྩ་བརྒྱད་སོགས་དལ་ཁོམ་དང་བསྟུན། བདག་དང་འཕོ་བྱ་ཟུང་འཇུག་གི་རྣམ་པས་ཤིན་ཏུ་སྙན་པའི་དབྱངས་ཀྱིས། ཨེ་མ་ཧོ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྟོགས་ལྡན་སང་གྷ་བྷ་ཏྲ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕ་རྒོད་དྲི་མེད་བློ་གྲོས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཚུངས་མེད་མ་ཏིའི་མཚན་ཅན་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འདྲེན་མཆོག་ཀརྨ་ཆོས་རྒྱལ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སྔགས་འཆང་པདྨ་དབང་དྲག་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཐུགས་ཆེན་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །གྲུབ་ཐོབ་པདྨ་རིག་འཛིན་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འདྲེན་མཆོག་ནམ་མཁའ་འོད་གསལ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འགྱུར་མེད་ཐེག་མཆོག་བསྟན་འཛིན་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །པདྨ་ཀུན་གྲོལ་རྣམ་རྒྱལ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ངེས་དོན་བསྟན་འཛིན་བཟང་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ནམ་མཁའ་ཚེ་དབང་མཆོག་གྲུབ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འཇིགས་མེད་ཕྲིན་ལས་འོད་ཟེར་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མི་འགྱུར་ནམ་མཁའི་རྡོ་རྗེ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འཇིགས་མེད་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཡོངས་འཛིན་སངས་རྒྱས་བཟང་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སྐལ་ལྡན་ལུང་རིག་གླིང་པ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཚུངས་མེད་གཞན་ཕན་བཟང་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འགྱུར་མེད་བློ་གྲོས་མཐའ་ཡས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །གནས་གསུམ་མ་མོ་མཁའ་འགྲོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས།། ཞེས་བརྗོད་ཅིང་དམིགས་པ་གསལ་བས། བདག་གིས་ཧིཀ་དང་ཕཊ་ཀྱི་སྒྲས་བསྐུལ་བས་ཁྱེད་རང་གི་སྙིང་གའི་རིག་པ་སེམས་ཀྱི་ངོ་བོ་འོད་ཀྱི་ཐིག་ལེ་དེ་ཉིད་སྐར་མདའ་ལྟར་ཡལ་ནས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ། ཧིཀ བདུན་བརྗོད་པས་རྣམ་ཤེས་སྤར་ཞིང་། ཡང་གསོལ་འདེབས་འབྲིང་པོ་ནི། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས། །མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས། །རྟོགས་ལྡན་སང་ག་བྷ་ཏྲ་ལ་གསོལ་བ་འདེབས། །ཕ་རྒོད་དྲི་མེད་བློ་གྲོས་ལ་གསོལ་བ་འདེབས། །ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་གསོལ་བ་འདེབས། །མཚུངས་མེད་མ་ཏིའི་མཚན་ཅན་ལ་གསོལ་བ་འདེབས། །ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ་གསོལ་བ་འདེབས། །འདྲེན་མཆོག་ཀརྨ་ཆོས་རྒྱལ་ལ་གསོལ་བ་འདེབས། །སྔགས་འཆང་པདྨ་དབང་དྲག་ལ་གསོལ་བ་འདེབས། །ཐུགས་ཆེན་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །གྲུབ་ཐོབ་པདྨ་རིག་འཛིན་ལ་གསོལ་བ་འདེབས། །འདྲེན་མཆོག་ནམ་མཁའ་འོད་གསལ་ལ་གསོལ་བ་འདེབས། །འགྱུར་མེད་ཐེག་མཆོག་བསྟན་འཛིན་ལ་གསོལ་བ་འདེབས། །པདྨ་ཀུན་གྲོལ་རྣམ་རྒྱལ་ལ་གསོལ་བ་འདེབས། །ངེས་དོན་བསྟན་འཛིན་བཟང་པོ་ལ་གསོལ་བ་འདེབས། །ནམ་མཁའ་ཚེ་དབང་མཆོག་གྲུབ་ལ་གསོལ་བ་འདེབས། །མི་འགྱུར་ནམ་མཁའི་རྡོ་རྗེ་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས །ཡང་གོང་ལྟར་ཧིཀ་དང་ཕཊ་ཀྱིས་སྤར་ཞིང་དམིགས་པ་སྲང་ལ་གཅུན་པར་བྱའོ། །གསོལ་འདེབས་བསྡུས་པ་ནི། སངས་རྒྱས་འོད་དཔག་མེད་དང་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ཅི་ནུས་བརྗོད་ལ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མས་ཐུགས་རྗེས་ཟུངས། །རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས།། ཧིཀ་དང་ཕཊཿབདུན་རེའི་སྒྲས་འཕོ་ཞིང་མཐར་འཕོ་བྱ་འཕོ་བྱེད་འཕོ་ཡུལ་རང་གི་རིག་པ་བརྗོད་བྲལ་ཀ་དག་གི་ཀློང་དུ་མཉམ་པར་འཇོག་པ་ནི་དོན་གྱི་འཕོ་བའོ།། འོན་ཀྱང་སྤྱི་བོ་སྐྲང་བ་དང་། སྐྲ་ལི་བ་དང་། ཆུ་སེར་ཁོལ་བ་སོགས་འཕོ་བའི་རྟགས་ཐོན་པ་གལ་ཆེ་བས་གཞན་ཡང་ཀུན་མཁྱེན་འཇིགས་མེད་གླིང་པའི་གཏེར་ཁ་ནས་བྱུང་བ་དང་། གནམ་ཆོས་སོགས་གང་འདོད་པའི་མཚན་བརྗོད་ཀྱི་རིམ་པ་སྤྱི་དང་། ཁྱད་པར་སྨན་ལྷ་མཆེད་བརྒྱད་ཀྱི་མཚན་བརྗོད་པ་སོགས་དང་དམིགས་པ་གསལ་བ་གནད་དུ་ཆེ་བ་ལགས་སོ།། ཀྱེ་མ་ཚེ་འདས་རྣམ་ཤེས་རྟེན་དང་བཅས། །འོད་བུན་ནེ་སངས་རྒྱས་ཐུགས་ཀར་འཕོས། །ཀློང་དབྱེར་མེད་ཕྱམ་གཅིག་བྱང་ཆུབ་ནས། །སྐུ་བདེ་ཆེན་ཞིང་གི་རྒྱན་དུ་ཤོག ཕཊཿཅི་མང་བརྗོད་ཅིང་བསྔོ་བ་སྨོན་ལམ་རྣམས་བྱས་ལ་ཀ་དག་གི་ངང་ལ་མཉམ་པར་བཞག་གོ། །དེ་ནས་ཚེ་འདས་ལྷར་གསལ་བ་ལ་འདོད་ཡོན་ཚོགས་ཀྱི་འཁོར་ལོར་དམིགས་ནས་ཕུལ་ལ་བཟང་པོ་སྤྱོད་པའི་སྨོན་ལམ་དང་བདེ་སྨོན་ཅི་ནུས་བྱའོ། །བདག་ཉིད་ལྷར་གསལ་བ་ལས་ལྡང་སྟེ་སྤྱོད་ལམ་ལ་འཇུག་པར་བྱའོ། །ཨེ་མ། སྐྱེ་སྲིད་འཁྲུལ་བའི་མལ་ནས་ཕ་རོལ་ཏུ། །ངེས་པར་འགྲོ་བ་འཁོར་བའི་ཆོས་ཉིད་ལ། །ལེགས་པར་བསམ་ནས་གཞན་ལ་འདོམས་པ་པོ། །བདག་ཀྱང་དམ་པའི་ཆོས་ལ་འབད་པར་རིགས། །མདོ་སྔགས་གཞུང་ལུགས་ཀུན་གྱི་རྩེ་མོའི་ཕུལ། །རྨད་བྱུང་ཟབ་ལམ་མ་བསྒོམས་སངས་རྒྱས་ཆོས། །གང་ལ་ཐེ་ཚོམ་སྨད་རྣམས་རྡོ་རྗེ་ཡི། །དམྱལ་བར་དབུགས་དང་བྲལ་མ་ཐག་ཏུ་འགྲོ། །ཞེས་འདི་རྒྱལ་གསུང་བདེན་པའི་ཚིག་ཡིན་ཕྱིར། །ཐེ་ཚོམ་བྲལ་བར་ཡིད་ཆེས་ཉམས་བླངས་པས། །གཏན་བདེའི་བྱང་ཆུབ་ལག་རྩེར་སྩོལ་བའི་ཕྱིར། །དོན་གཉིས་འགྲུབ་ཐབས་མཆོག་འདིར་བརྩོན་པའི་མཐུས། །བདག་གཞན་འགྲོ་བ་སྤྱི་དང་ཁྱད་པར་དུ། །འབྲེལ་ཐོགས་ཚེ་འདས་བདེ་ཆེན་ཞིང་ཁམས་སུ། །པདྨའི་སྦུབས་ལ་བརྫུས་ཏེ་སྐྱེས་ནས་ཀྱང་། །རྣམ་འདྲེན་འོད་དཔག་མེད་པས་རྗེས་འཛིན་ཤོག ཅེས་པའང་དད་དམ་ནོར་གྱིས་ཕྱུག་པ་རིགས་དབོན་ས་མནྟ་བྷ་ཏྲའི་ངོར། སྤྲུལ་གཟུགས་འཛིན་པ་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོས་དམ་པའི་གསུང་རབ་རྣམས་ལས་བཏུས་ཤིང་རང་བཟོའི་དྲི་མས་མ་བསླད་པར་བགྱིས་པ་འདིས་ཀྱང་མཐོང་ཐོས་དྲན་རེག་འོད་དཔག་མེད་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག དགེའོ།། དགེའོ།། དགེའོ།།

འཕོ་བའི་མཚམས་སྦྱོར་ཨུཏྤལ་འདབ་རྒྱས་ཧོར་བླས་མཛད་པ།

༄༅། འཕོ་བའི་མཚམས་སྦྱོར་ཨུཏྤལ་འདབ་རྒྱས་བཞུགས་སོ། །

༄༅། སྭ་སྟི༔ སྐུ་གསུམ་རྒྱལ་བའི་སྤྱི་གཟུགས་འགྲོ་བའི་མགོན༔ སྐལ་བཟང་སངས་རྒྱས་སྟོང་གི་རིགས་ཀྱི་བདག༔ སྔོན་གྱི་དམ་བཅའི་སྨོན་ལམ་རླབས་པོ་ཆེ༔ འཁོར་མཚོ་དོང་སྤྲུགས་ཨ་མི་ཏ་བྷ་རྒྱལ༔ དེ་ལ་འདིར་གསང་སྔགས་ཟབ་མོའི་ཐུན་མོང་མ་ཡིན་པའི་ལམ་མ་བསྒོམ་སངས་རྒྱས་འཕོ་བའི་ཆོ་ག་ལ་འཇུག་པར་འདོད་ཚེ༔ སྐྱབས་སེམས་འགུགས་གཞུག་ངོ་སྤྲོད་ཀྱི་རིམ་པ་རྣམས་སོ༔ དང་པོ་སྐྱབས་སེམས་ནི༔ གནས་ཆེན་རི་བོ་ཏ་ལའི༴སོགས། ན་མོ་སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ འགྲོ་རྣམས་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ༔ སྐད་ཅིག་དྲན་རྫོགས་འཕགས་པ་སྤྱན་རས་གཟིགས༔ ལོངས་སྐུའི་རྒྱན་རྫོགས་ཞི་འཛུམ་ཞབས་ཕྱེད་སྐྱིལ༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་པདྨ་དཀར༔ རི་དྭགས་པགས་པས་སྟོད་གཡོག་བྱམས་བརྩེར་ལྡན༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཅི་མང་བཟླ༔ ཨོཾ་མ་ཧཱ་ཤུ་ནྱ༴སོགས། མདུན་གྱི་རྟེན་སྣང་རང་བཞིན་སྟོང་པའི་ངང༔ ནྲྀ་ལས་ཚེ་འདས་གཟུགས་ཕུང་སྐྱེ་མཆེད་གསལ༔ གཞོན་ཚུལ་པུས་བཙུགས་ཐལ་སྦྱར་མེ་ཏོག་འཛིན༔ ཞི་ཚུལ་རས་དཀར་གོས་གྱོན་བླ་མ་ལྷར༔ དད་ཅིང་གུས་པའི་ཚུལ་གྱིས་གནས་པར་གྱུར༔ བདག་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་བྱམས་བརྩེའི་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་མར་རིགས་དྲུག་གི་གནས་སུ་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་འཇིག་རྟེན་བདུན་པོ་གར་གནས་ཀྱང་འོད་ཟེར་གྱིས་རེག་མ་ཐག་ཏུ་བཀུགས་ནས་རྟེན་ཕུང་པོ་འདི་དང་གཉིས་སུ་མེད་པར་བསམ༔ ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཞི་ཁྲོ་ཡི༔ བྱིན་རླབས་ཐུགས་རྗེ་ནུས་པའི་བདེན་སྟོབས་ཀྱིས༔ ཚེ་ལས་འདས་པ་རིགས་དྲུག་གར་གནས་ཀྱང་༔ དམིགས་རྟེན་ཕུང་པོ་འདི་དང་གཉིས་མེད་ཁུག༔ ནྲྀ་ཨ་ཀརྴ་ཡ་ཛཿཛ༔ ལན་ཅི་མང་མཐར། ཛཿཧཱུྃ་བཾ་ཧོ༔ རྟེན་ཕུང་པོ་དང་དབྱེར་མེད་དུ་གནས་པར་བསམ༔ དེ་ནས་ཚེ་འདས་སྲོག་གཅོད་དབུགས་ལེན་གཤེད་མའི་རིགས་ལ་གཏོར་མ་བསྔོ་བ་ནི༔ རཾ་ཡཾ་ཁཾ༔ ཨོཾ་སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་ཏྲཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་གཤིན་བདུད་ཀྱི་གཏོར་མ་ཁ་ཏོག་དྲི་རོ་ནུས་ལྡན་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱ༔ཧཱུྃ༔ ཨོཾ་སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛ་ཛ༔ ཨོཾ་སརྦ་བིགྷྣཾ་ན་མཿསོགས། དེ་མཐར་སྤྲོ་ན་ཐུགས་རྗེ་ཆེན་པོའི་དབང་གི་བདེན་བརྗོད་འདོན། ཧྲཱིཿ ང་ནི་ཁྲོ་བོ་རྟ་མགྲིན་རྒྱལ༔ ང་ལ་ལྟོས་པའི་ཚེ་འདས་ལ༔ གསོན་བདུད་གཤིན་ལྕགས་སུ་ཡིས་བྱས༔ སྲོག་གཅོད་བླ་ཁྱེར་གཤེད་མ་ཁྱོད༔ གཤིན་ལ་མ་ཆགས་ཕྱིར་དེངས་ཤིག༔ མི་འགྲོ་འདུག་ན་རྡུལ་དུ་རློགས༔ ཡང་ན་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བསྲུང་འཁོར་བསྒོམ་ཞིང་ངོ་སྤྲོད་བྱ། དམིགས་ཡུལ་ཆེ་གེ་མོ་ཁྱོད་རང་ལ་འཆི་བ་ཞེས་པ་དེ་སླེབས་ནས་ད་ལྟ་དབུགས་དང་བྲལ་མ་ཐག་ཡིན་ནོ༔ ཞེས་ལན་གསུམ་བོས་ཏེ༔ འོ་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་དུས་ལས་འདས་པ་མ་གཡེང་བར་ཉོན་ཅིག༔ ཁྱོད་རང་ཤི་བ་ཡིན་ཀྱང་ཁྱོད་གཅིག་པུ་མ་ཡིན་ཏེ༔ ཀུན་ལ་འབྱུང་བས་ཚེ་འདི་ལ་ཆགས་པ་དང་ཞེན་པ་མ་བྱེད་ཅིག༔ ཆགས་པ་དང་ཞེན་པ་བྱས་ཀྱང་བསྡད་དབང་ནི་མེད༔ ཁྱོད་རང་འཁོར་བར་འཁྱམ་པ་ལས་མི་འོང་༔ མ་ཆགས་ཤིག་མ་ཞེན་ཅིག༔ རང་གི་བླ་མ་དང་སྟོན་པ་བདེ་བར་གཤེགས་པ་ལ་དད་པ་བླ་ལྷག་ཏུ་བསྐྱེད་ཅིག༔ བསྟན་པ་དམ་པའི་ཆོས་ལ་སྐྱབས་སུ་སོང་ཞིག༔ བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་རམ་ཟླར་སྦྲོན་ཅིག༔ ཁྱད་པར་དུའང་གང་གི་མཚན་དང་སྒྲ་དང་ལྟ་བ་ལ་ཞུགས་པས་ཀྱང་བར་དོའི་འཇིགས་པ་དང༔ ངན་སོང་གི་རྒྱུན་ཡོངས་སུ་གཅོད་པར་ཞལ་གྱིས་བཞེས་པ་མགོན་པོ་འོད་དཔག་མེད་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་༔ མཐུ་ཆེན་ཐོབ་ཀྱིས་ཡོངས་སུ་བསྟེན་པ་དང་༔ དེའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ཡིད་ལ་མ་བརྗེད་པར་ཟུངས་ལ༔ གདོས་བཅས་ཤ་ཁྲག་གི་ལུས་ལས་འདས་པའི་ཕྱིར་ཞིང་མཆོག་དེ་རུ་འདུན་པ་གཏོད་ལ་སོང་ཤིག༔ ཁྱོད་ཀྱིས་དད་པ་ཐོབ་པའི་བླ་མ་ཡིད་ལ་སྒོམས་ཤིག༔ ཡི་དམ་དང་ལྟ་བ་བྱང་ཆུབ་ཀྱི་སེམས་རྣམས་སྒོམས་ཤིག༔ དེ་དག་གནད་དུ་འགྲོ་བའི་རྟེན་འབྲེལ་དུ༔ མ་བསྒོམ་པར་འཚང་རྒྱ་བ་འཕོ་བའི་གདམས་པ་འདེབས་པའི་སྐབས་སུ་བབས་པ་ཡིན་ནོ༔ དེ་ནས་གསང་སྔགས་ཟབ་མོའི་ཉེ་ལམ་འཕོ་བར་བྱེད་པའི་ཐབས་ནི༔ ཕྱི་འདུས་བྱས་རྫས་ཀྱི་འཕོ་བ༔ ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ༔ གསང་བ་རྣམ་ཤེས་རླུང་ཁ་སྦྱོར་གྱི་འཕོ་བ༔ དེ་ཁོ་ན་ཉིད་ཆོས་ཉིད་དོན་གྱི་འཕོ་བའོ༔ ལར་འཕོ་བ་དངོས་ཀྱི་ཁྱད་པར་ནི༔ ཀྱེ་རྡོར་རྩ་རྒྱུད་ལས༔ བདེ་བ་གང་ཡིན་འཆི་བ་སྟེ༔ དེ་ཡི་བདེ་བ་བསམ་གཏན་བརྗོད༔ ཞེས་འཕོ་བའི་སྟོབས་ཀྱིས་བདེ་བ་ཐོབ་པར་གསུངས་པ་དང༔ རྡོ་རྗེ་གདན་བཞིའི་རྒྱུད་ལས་ཀྱང་༔ ཉེས་པ་ཀུན་གྱིས་གོས་པ་ཡང་༔ འཕོ་བའི་སྦྱོར་བ་སྦྱར་བས་གྲོལ༔ སྡིག་གིས་ཀུན་ནས་མ་གོས་ཏེ༔ འཁོར་བའི་ཕ་རོལ་མཆོག་ཏུ་འགྲོ༔ ཞེས་སོགས་གསང་སྔགས་གསར་རྙིང་གཉིས་ཀར་འཕོ་བའི་འཕགས་ཆོས་དང་ཕན་ཡོན་མང་དུ་གསུངས་པས་མོས་གུས་བསྐྱེད་ཅིག༔ དེ་ནས་འཕོ་བའི་འདུ་ཤེས་བརྒྱད་ནི༔ རང་ལུས་གནས་ཁང་ལྟ་བུའི་འདུ་ཤེས༔ རྣམ་ཤེས་མགྲོན་པོ་ལྟ་བུའི་འདུ་ཤེས༔ ཧིཀ་ནི་སྐྱེལ་མའི་འདུ་ཤེས༔ རླུང་ནི་བཞོན་པའི་འདུ་ཤེས༔ ཨ་ཝ་དྷུ་ཏི་ལམ་གྱི་འདུ་ཤེས༔ ཚངས་བུག་སྒོའི་འདུ་ཤེས༔ དཔའ་བོ་དཔའ་མོ་རྣམས་ནི་བསུ་མའི་འདུ་ཤེས༔ སྤྱི་བོར་བླ་མ་བསྒོམ་པ་ཡུལ་གྱི་འདུ་ཤེས་ཞེས་དེ་ལ་རང་སྟོབས་ཀྱིས་གྲོལ་ན་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བ་ཡིན༔ དེ་ལྟར་མ་ནུས་ན༔ བླ་མ་དགེ་བའི་བཤེས་གཉེན་ཁྱད་པར་ཅན་གྱི་འཕོ་བས་མཚམས་སྦྱོར་དགོས་པ་ཡིན་ཏེ༔ དེ་ལ་འཕོ་བར་བྱ་བ་དང༔ འཕོ་བར་བྱེད་པ་དང་༔ འཕོ་བའི་ལམ་རྣམ་པ་གསུམ་ཡོད་པ་ལས༔ དེ་ལ་འཕོ་བར་བྱ་བ་ནི༔ ཁྱེད་རང་གི་རྣམ་པར་ཤེས་པ་ཡིན༔ འཕོ་བར་བྱེད་པ་ནི༔ སྡིག་པོ་ཆེ་བཙན་ཐབས་ཀྱིས་འཕོ་བའི་མན་ངག་ཡིན༔ འཕོ་བའི་ལམ་ནི་འོག་མིན་དག་པའི་ཞིང་ཁམས་བདེ་བ་ཅན་གྱི་གཙོ་བོ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བ་ཡིན་ལ༔ ཇི་ལྟར་འཕོ་བའི་ཚུལ་ཡང་༔ ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ་ནི༔ ཞིང་ཁམས་འདི་ཡང་ཐ་མལ་གྱི་གནས་འདི་ལྟ་བུ་མ་ཡིན་པར་ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་ཁམས༔ རང་ལུས་ཡང་རྡོས་བཅས་ཤ་ཁྲག་གི་ཕུང་པོ་འདི་ལྟ་བུ་མ་ཡིན་པར་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་མ་ཅིག་ཡེ་ཤེས་མཚོ་རྒྱལ་སྐུ་མཚན་དང་དཔེ་བྱད་རྫོགས་པའི་ཁོང་པའི་རྩ་ཨ་ཝ་དྷུ་ཏི་མཚན་ཉིད་བཞི་དང་ལྡན་པ༔ རྒྱ་སྐྱེགས་ཀྱིས་བཙོས་པ་ལྟར་དམར་བ༔ པདྨའི་འདབ་མ་ལྟར་སྲབ་པ༔ ཏིལ་གྱི་མར་མེ་ལྟར་གསལ་བ༔ ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ༔ སྦོམ་ཕྲ་མདའ་སྨྱུག་འབྲིང་པོའི་ཚད་ཙམ་པ༔ ཡར་སྣ་ཚངས་པའི་བུ་གར་ཧ་རེ་ཕྱེས་པ༔ མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་ཕུག་རྡུགས་སུ་ཡོད་པ༔ སྙིང་གར་ཚིགས་ཀྱིས་བཅད་པའི་སྟེང་དུ་རླུང་སེམས་འདུས་པའི་ངོ་བོ་ཐིག་ལེ་ལྗང་གུ་བྱ་མ་སར་གྱི་སྒོ་ང་ཙམ་འཕར་འདར་ལིང་ངེ་བ་གཅིག་ཏུ་གསལ༔ ཇི་སྐད་དུ༔ སྒོ་བརྒྱད་བཀག་ནས་སྒོ་གཅིག་ཕྱེ༔ ཞེས་མ་དག་འཁོར་བའི་སྒོ་རྣམས་ཏཾ་ཡིག་དམར་སེར་རེ་རེས་བཀག་པར་བསམ༔ དེ་ལྟ་བུར་གསལ་བའི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་དེ་ཉིད་སངས་རྒྱས་འོད་དཔག་མེད་ཀྱི་མཚན་དང་དཔེ་བྱད་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ༔ དེའི་འཁོར་དུ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་དག་སངས་རྒྱས་བྱང་སེམས་རྩ་བརྒྱུད་བླ་མས་བསྐོར་ཞིང་མཐོང་ཐོས་དྲན་རེག་གི་འགྲོ་བ་མ་ལུས་པ་བདེ་ཆེན་དག་པའི་ཞིང་དུ་འཁྲིད་ཅིང་ཁྱད་པར་དམིགས་ཡུལ་རེ་ཞིང་ཆགས་པ་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་བས་དགོངས་ཏེ་བཞུགས་པར་མོས་ཤིག༔ ཨེ་མ་ཧོ༔ རང་ཉིད་གནས་པའི་འཇིག་རྟེན༴སོགས། འཕོ་བར་ཤོག༔ ཞེས་དང་། ཁྱེད་རང་གི་རིག་པ་སེམས་ཀྱི་ངོ་བོ་ཐིག་ལེ་ལྗང་གུ་དེ་ཉིད་འོག་རླུང་གིས་བཏེགས༔ བར་རླུང་བུམ་པ་ཅན་གྱིས་བསྡམ༔ སྟེང་རླུང་ཚངས་པའི་བུ་གར་དྲངས་ཏེ་སྐར་མདའ་ཆད་པ་བཞིན་ཧིཀ་གི་སྒྲ་དང་མཉམ་དུ་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག༔ ཧིཀ་སྒྲ་བདུན་ནམ་ལྔ་ལ་སོགས༔ གང་འཚམས་འཕོས་བསམ་གསལ་བར་བརྗོད༔ འཕོ་བ་གཞན་ཡང་སྤྲོ་ན་འདིར་འདོན༔ མཐར་ནི་བསྐྱེད་རིམ་ལྷར་བསྡུ་ནི༔ སླར་ཡང་རྟེན་མཚོ་རྒྱལ་དུ་གསལ་བ་དེ་ཉིད་འོད་ཕུང་དུ་གྱུར་ནས་བླ་མའི་གསང་གསུམ་དང་དབྱེར་མེད་དུ་འདྲེས་པར་བསམ༔ ༧ གཏེར་སྟོན་ཞལ་རྒྱུན་བཞིན། ཨེ་མ་ཧོ༔ མཚོ་རྒྱལ་འོད་ཞུ་སྤྱི་བོའི༴སོགས། དཔལ་དུ་ཤོག༔ ཞེས་ཕཊཿལྔའམ་གསུམ་བརྗོད་དེ་སྐུ་ལྔ་སྐུ་གསུམ་མངོན་དུ་གྱུར་ནས་ཕྱིར་མི་ལྡོག་པར་བསམ་ལ༔ སྐྱེ་མེད་དགོངས་པའི་རྩལ་ལ་སྦྱངས༔ རྗེས་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ༔ ཨེ་མ༔ མ་བསྒོམ་འཕོ་བའི་ཁྱད་ཆོས་དཔག་བསམ་ཤིང་༔ མཚམས་སྦྱོར་འདོད་ལྔའི་འབྲས་བཟང་ཆེར་རྒྱས་པ༔ གང་ཟག་ལས་སྐལ་ལྡན་པས་ལོངས་སུ་སྤྱོད༔ ཚེ་གཅིག་འཇའ་ལུས་འགྲུབ་པའི་རྒྱགས་ཕྱེའོ༔ ཅེས་དུས་བབས་གཏེར་སྟོན་མཆོག་གྱུར་ལུང་རིག་གླིང་པའི་དག་སྣང་གི་ཆོས་སྡེ་ལས་བྱུང་བའི་འཕོ་བའི་མཚམས་སྦྱོར་གཤིན་པོར་འདོན་བདེར་བཀོད་པ་འདི་རང་རིག་དོན་གྱི་རྣལ་འབྱོར་གཉན་ས་རི་ཁྲོད་འགྲིམ་པའི་བྱ་བཏང་འཇམ་དབྱངས་མཚན་ཅན་གྱིས་བསྐུལ་ངོ་མི་ལྡོག་པའི་ཆེད་དུ་གཏེར་སྟོན་ཉིད་ཀྱི་ཆོས་ལ་དབང་བར་ཁེ་འཆེ་བའི་དུག་ལྔའི་རྣལ་འབྱོར་གཞན་ཕན་མིང་གིས་བྲིས་པ་འབྲེལ་ཐོག་གི་སེམས་ཅན་ཐམས་ཅད་བདེ་ཆེན་ས་ལ་འགོད་པའི་རྒྱུར་གྱུར་ཅིག །

དམ་ཆོས་ཡང་ཟབ་པདྨའི་ཐུག་ཐིག་གི་ཆ་ལག་སྡིག་ཅན་གཤིན་པོའི་འཕོ་ལུང་མགོ་སྤྲུལ་གྱིས་མཛད་པ།

༄༅། དམ་ཆོས་ཡང་ཟབ་པདྨའི་ཐུག་ཐིག་གི་ཆ་ལག་སྡིག་ཅན་གཤིན་པོའི་འཕོ་ལུང་བཞུགས་སོ།།

༄༅། བདེ་ལྡན་ཞིང་གི་མགོན་པོ་དང་། །དབྱེར་མེད་དཔལ་ལྡན་བླ་མར་འདུད། །མཚམས་མེད་ལས་བསགས་སྡིག་པ་ཅན། །མྱུར་གྲོལ་ཉུང་ཞིག་བྲི། །དེ་ལ་ཐོག་མར་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་སྔོན་དུ་འགྲོ་བས་བྱམས་སྙིང་རྗེའི་ངང་ནས། མདུན་གྱི་རྟེན་དེ་ཉིད་ཤུ་ནྱ་ཏས་བསངས། སྭཱ་བྷ་ཝས་སྦྱངས། མདུན་གྱི་རྟེན་སྣང་བ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ནྲྀཿཡིག་ཡོངས་སུ་གྱུར་པ་ལས། ཚེ་ལས་འདས་པ་གསོན་དུས་ཀྱི་རྣམ་པ་གཞོན་ནུའི་ཚུལ་ཅན་མཛེས་ཤིང་ཡིད་དུ་འོང་བ་གོས་དཀར་དྲི་མེད་གསོལ་ཞིང་དད་མོས་གུས་དང་ལྡན་པ་གཅིག་ཏུ་གྱུར། བདག་ཉིད་འཕགས་པར་གསལ་བའི་ཐུགས་ཀ་ནས་བྱམས་བརྩེའི་འོད་ཟེར་གློག་ལྟར་མྱུར་བ་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་འཇིག་རྟེན་བདུན་པོ་གང་ན་ཡོད་པ་དེ་ལ་རེག་པ་ཙམ་གྱིས་སྐད་ཅིག་ཡུད་ཙམ་ལ་ཨཱ༔ཡིག་དཀར་པོའི་རྣམ་པར་བཀུགས་ནས་རྟེན་ལ་ཐིམ་པར་གྱུར་བར་མོས་ལ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་རྒྱུད་སྡེ་དྲུག་གི་དཀྱིལ་འཁོར་རྣམས་ཀྱི་བཀའ་བདེན་པ་དང་། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དམ་ཅན་བསྲུང་མ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཀའ་བདེན་པ་དང་། རྒྱལ་བ་གང་གི་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་པོའི་སྟོབས་ཀྱིས། འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་དུས་ལས་འདས་པའི་རྣམ་པར་ཤེས་པ་འཁོར་བ་སྡུག་བསྔལ་ཀྱི་གནས་ཡུལ་གང་ན་ཡོད་ཀྱང་རྟེན་ཕུང་པོ་འདི་ལ་ཁུག་ཅིག །ནྲྀཿཨ་ཀརྴ་ཡ་ཛ་ཛཿ ལན་གྲངས་མང་དུ་བརྗོད་ནས། ཛཿཧཱུྃ་བཾ་ཧོ༔ ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་གྱུར་ནས་དགའ་བ་དང་གུས་པའི་སེམས་ཀྱིས་བག་ཕེབས་བཞིན་གནས་པར་མོས་ལ། སྦྱངས་གཏོར། རཾ་ཡཾ་ཁཾ་གིས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུྃ་ལས་རིན་པོ་ཆེའི་སྣོད་དུ་ལན་ཆགས་བགེགས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར། ཨོཾ་ཨཱ༔ཧཱུྃ་གིས་བྱིན་གྱིས་རླབས། ཨོཾ་སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛ་ཛ༔ ལན་གསུམ། ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ༴སོགས། གསུམ། ཨོཾ་སུམ་བྷ་ནི་སུམ་བྷ་ནི༴སོགས། གསུམ་གྱི་མཐར། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། ཧྲཱིཿ སྟོང་ཉིད་དབྱིངས་ལས་རང་ཤར་བའི༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ བྱང་ཆུབ་མཆོག་གི་ལྷ་ཆེན་པོ༔ ཉོན་མོངས་བདུད་སྡེ་འདུལ་བའི་སྐུ༔ དབང་ཆེན་འབར་བའི་ཆོ་འཕྲུལ་གྱིས༔ ཐར་བའི་ལམ་ལ་འཚེ་བྱེད་བདུད༔ ཟ་འདྲེ་སྲོག་གཅོད་རྡུལ་དུ་རློགས༔ ན་མོ། རྩ་རྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོ་དམ་ཅན་བསྲུང་མའི་ཚོགས་དང་བཅས་པའི་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་ཆོས་ཉིད་འགྱུར་མེད་རྟེན་འབྱུང་བསླུ་མེད་ལྷག་བསམ་རྣམ་དག་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་སྟོབས་ཀྱིས་ཚེ་ལས་འདས་པ་འདི་ཉིད་གསོན་གྱི་དུས་སུ་ཚེ་སྲོག་དང་། གཤིན་གྱི་དུས་སུ་ཐར་བའི་ལམ་ལ་བར་དུ་གཅོད་པའི་གསོན་བདུད་གཤིན་ལྕགས་སྤྱི་དང་། ཁྱད་པར་དྲི་ཟ་འཆི་ཁ་མའི་སེམས་ལ་ཉེ་བར་འཇུག་པའི་རིགས་དང་། དྲི་ཟ་ཁྱབ་བྱེད་དང་། གནོད་སྦྱིན་སྨྲ་འདོད་དང་། ཡི་དྭགས་གཤིན་རྗེའི་ཆད་པ་ལ་སོགས་པ་ལན་ཆགས་དང་ཤ་འཁོན་གཉེར་བའི་རིགས་རྣམས་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་ཁྲོ་བོ་དང་ཁྲོ་མོ་མཚོན་ཆ་མེ་དཔུང་འབར་བའི་ཚོགས་སྤྲོས་པས་རྡུལ་དུ་བརླག་པར་འགྱུར་ཏ་རེ། དྲག་སྔགས་ཐུན་དང་བཅས་པས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ། གིས་བསྲུང་འཁོར་བྱས་ནས། སྤྲོ་ན་འདོད་ཡོན་བསྔོས་མཐར། འོ། འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཁྱོད་ཤི་ནས་ད་ལྟ་བར་དོ་ན་གནས་པའི་སྐབས་ཡིན་ནོ། །དེ་ཡང་ཁྱོད་རང་ལ་འཆི་བ་མི་རྟག་པ་བྱུང་བས་སྔངས་སྐྲག་འཇིགས་གསུམ་དང་སེམས་ཁོང་དུ་ཆུད་པར་མ་བྱེད། མཐོ་བ་སྲིད་པའི་རྩེ་མོ་མན་ཆོད་ནས་དམའ་བ་ན་རཀ་འོག་མ་ཡན་ཆད་ཀྱི་སེམས་ཅན་སྲོག་ཆགས་ཤིང་དབུགས་གནས་ཚད་ལ་མི་འཆི་ཚེ་ཐར་དུ་ལུས་པ་གཅིག་ཀྱང་མེད་པའི་ཚུལ་དུ་སོམས་ལ་མྱ་ངན་དང་སྡུག་བསྔལ་གང་ཡང་མ་བྱེད། མ་སྐྲག་མ་སྔངས་མ་འཇིགས་པར་ད་ལྟ་བདག་གིས་བསྟན་པའི་གདམས་ངག་གི་གནད་རྣམས་ཡིད་ལ་མ་བརྗེད་པར་ཟུངས་ཤིག་དང་། བདག་གིས་མ་བསྒོམ་སངས་རྒྱས་ཆོས་དྲུག་གི་ནང་ཚན་སངས་རྒྱས་ལག་འཆང་གི་གདམས་པ་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་ནས་ལེ་ལོ་ཅན་འཆི་ཁར་གྲོལ་ཞིང་། སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་མན་ངག་ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ནས་ཁྱོད་རང་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ་གནས་སྤར་བ་ཡིན་པས་དགའ་བ་དང་སྤྲོ་བའི་སེམས་བསྐྱེད་ལ། ད་རེས་ཀྱི་འཆི་བ་འདི་ལ་བརྟེན་ནས་རང་ཉིད་རྣམ་པར་གྲོལ་ཞིང་གཞན་ལ་ཕན་ཐོགས་པ་ཞིག་བྱའོ་སྙམ་པས། འདྲེན་མཆོག་གང་གི་མཚན་ལན་གཅིག་ཐོས་ནས་དད་པ་སྐྱེས་པ་དང་། གཟུགས་སྐུའི་རྣམ་པ་ཡིད་ལ་དྲན་ནས་གསོལ་བ་ལན་གཅིག་བཏབ་པ་དང་། ཞིང་དེར་སྐྱེ་བར་མོས་པས་སྨོན་ལམ་ལན་གཅིག་བཏབ་པ་ཙམ་གྱིས་བར་དོའི་འཇིགས་པ་དང་། ངན་སོང་གི་རྒྱུན་ཡོངས་སུ་གཅོད་པ་དང་། ཞིང་དེར་འདྲེན་པར་ཞལ་གྱིས་བཞེས་པ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ཞེས་བྱ་བ་དང་། དེའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ཡིད་ལ་མ་བརྗེད་པར་ཟུངས་ལ། ཁྱོད་གདོས་བཅས་ཤ་ཁྲག་གི་ལུས་དང་བྲལ་བས་འགྲོ་སླ་བའི་ཕྱིར་ཞིང་མཆོག་དེ་རུ་འདུན་པ་ཐེ་ཚོམ་མེད་པར་གཏོད་ཅིག དེ་ཡང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པ་ལྟར། ཚེ་ལུས་འདི་ཉིད་ནས་འཚང་རྒྱ་བར་ནུས་པ་གསང་སྔགས་བླ་ན་མེད་པའི་ཉེ་ལམ་དེ་ཉིད་ལ། བཏགས་གྲོལ་དང་མཐོང་གྲོལ། མྱོང་གྲོལ་དང་རེག་གྲོལ། ཐོས་གྲོལ་དང་དྲན་གྲོལ་གྱི་མན་ངག་མང་པོ་སྣང་བ་རྣམས་སོ་སོར་འཕགས་ཆོས་རྨད་དུ་བྱུང་བ་མངའ་ཞིང་། བཅོམ་ལྡན་ཀུན་རིག་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་། སངས་རྒྱས་སྨན་གྱི་བླ་མ་སོགས་ཀྱི་མཚན་ལན་རེ་ཐོས་པས་ཀྱང་ངན་སོང་གི་འཇིགས་པ་སེལ་བ་དང་། རིན་ཆེན་གཙུག་ཏོར་ཅན་གྱི་མཚན་འཆི་ཁ་མའི་རྣ་ལམ་དུ་བསྒྲགས་ན་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་དང་། སོར་འབྲང་འཁོར་ལོས་བར་དོའི་འཇིགས་པ་དང་བར་དོའི་སྡུག་བསྔལ་སེལ་བ་སོགས་སྔགས་གསར་རྙིང་ཀུན་ན་མང་དུ་ཡོད་ཀྱང་ཀུན་ལས་ཁྱད་པར་དུ་འཕགས་པ་ནི་ཟབ་ལམ་འཕོ་བའི་གདམས་པ་འདི་ཉིད་ཡིན་ཏེ། གདན་བཞིའི་རྒྱུད་ལས། བུ་ག་དགུ་ཡི་སྟེང་ཕྱོགས་སུ། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་པ། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་གིས་ཀུན་ནས་མི་གོས་ཤིང་། །འཁོར་བའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་དང་། དགེ་སྦྱོར་ཐམས་ཅད་གཞུ་དང་འདྲ། །འཕོ་བ་ཐེབས་པ་མདའ་དང་འདྲ། །ཞེས་སོགས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ཆོས་ཚུལ་ཟབ་མོ་འཕོ་བའི་གདམས་པ་དེ་ཡང་སྔགས་གསར་རྙིང་བཀའ་གཏེར་དག་སྣང་ཀུན་ནས་མང་དུ་གསུངས་ཀྱང་། ད་ལམ་སྐབས་སུ་བབ་པ་ཟབ་ལམ་འཕོ་བའི་མན་ངག་སྡིག་ཅན་མྱུར་གྲོལ་ཞེས་བྱ་བ་འདི་ཉིད་ནི། མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་གྱི་ཕྲིན་ལས་ཀྱི་སྤྲུལ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་ལུང་རིག་གླིང་པ་རྩལ་ཞེས་མཚན་སྙན་ལྷ་ཡི་རོལ་མོ་ཕྱོགས་བཅུར་གྲགས་པ་དེ་ཉིད་ཀྱི་ཐུགས་བརྒྱུད་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བ། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་ཆ་ལག་ཏུ་བརྗོད་པ་ཡི་གེའི་རིས་སུ་ཕབ་ནས། བོད་གངས་ཅན་ལྗོངས་ཀྱི་འགྲོ་བ་དཔག་ཏུ་མེད་པ་རང་སྐལ་དང་འཚམས་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པར་མཛད་ཅིང་། དེ་ནས་བཟུང་ད་ལྟའི་བདག་ཅག་གི་རྩ་བའི་བླ་མའི་བར་གྱི་རྩ་བ་དང་ཡན་ལག་གི་ཆོས་བདག་བརྒྱུད་པར་བཅས་པ་རྣམས་ཀྱིས་གཞན་དོན་གྱི་ཕྲིན་ལས་རླབ་པོ་ཆེ་མཛད་པའི་གཙོ་བོར་ཟབ་ཆོས་འདི་ཉིད་ཁོ་ན་ཐུགས་ཉམས་སུ་བཞེས་ཤིང་ཕྱག་ལེན་དུ་མཛད་པ་ཡིན། དེ་ལྟ་བུའི་ཟབ་ལམ་འཕོ་བའི་གདམས་པ་དེ་ཉིད་ཉམས་སུ་ལེན་པ་ལ། ཐོག་མར་རང་རྒྱུད་ཀྱི་ལས་ཉོན་བག་ཆགས་ལྷག་མེད་དུ་སྦྱངས་ཤིང་ཚོགས་གསོག་པའི་ཕྱིར་ཡིད་གཞན་དུ་མ་གཡེང་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྒོ་གསུམ་དད་པ་ཆིག་དྲིལ་གྱིས་ཕྱག་འཚལ་བའི་མོས་པ་བརྟན་པོ་མཛོད་ཅིག་བྱས་ལ། འཁོར་བར་མི་གཏོང་ཕྱིར་ར་མདའ་སྦྲན་པའི་བློས་མོས་གུས་དང་སྙིང་རྗེ་དྲག་པོ་ཟུང་དུ་འབྲེལ་བས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་རིགས་བརྒྱ་ཞི་ཁྲོའི་ལྷ་ཚོགས་དང་བཅས་པ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་རིག་པ་རྣམ་པར་སྣང་མཛད་རིགས་ལྔ་གངས་ཆེན་མཚོ་རྒྱལ་བ་རྒྱ་མཚོ་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་འཕགས་དྲན་པ་མགོན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱི་ཕུད་སྟོང་གི་འཇིག་རྟེན་སྟོང་གི་འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པ་སྟོང་གི་ཡེ་སྲིད་མགོན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མ་སྟོང་གི་རྒྱལ་བ་མགོན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་སྟོང་གི་མུ་ཁྱུད་མགོན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲྭ་བ་མགོན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་འཇམ་དཔལ་འཇིགས་སྐྱོབས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་གཞོན་ནུ་རོལ་བ་རྣམ་པར་བརྩེ་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་དང་ལྡན་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་བརྩེ་བས་རོལ་བའི་བློ་གྲོས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་གསེར་འོད་དམ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་འོད་སྲུང་བགྲེས་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་མངོན་རྫོགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཡོན་ཏན་ཐམས་ཅད་འབྱུང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྡོ་རྗེ་སེམས་དཔའ་མི་བསྐྱོད་མི་འཁྲུགས་མི་བསྒུལ་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྣང་མཐའ་ཡས་ཙེ་དང་ཡེ་ཤེས་དཔག་ཏུ་མེད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། ༧ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་རྣམ་སེལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། ༧ སྔ་རབས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཕྱི་རབས་འབྱོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་ངེས་པར་མཉམ་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། ༧ ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་དང་། ཁྱད་ཁར་དམིགས་ཡུལ་ཚེ་ལས་འདས་པ་འདི་ཉིད་ཀྱི་མདུན་ནས་བསུ་མ་མཛད་དུ་གསོལ། རྒྱབ་ནས་སྐྱེལ་མ་མཛད་དུ་གསོལ། འཇིགས་པའི་མུན་ནག་ཆེན་པོ་ལ་ཡེ་ཤེས་ཀྱི་སྒྲོན་མེ་སྦར་བར་མཛད་དུ་གསོལ། ལས་ཀྱི་རླུང་དམར་དྲག་པོ་ཐུགས་རྗེའི་ཤུགས་ཀྱིས་བཟློག་པར་མཛད་དུ་གསོལ། གཡང་ས་ཆེན་པོ་བདེ་བའི་ལམ་ལ་བསྒྱུར་བར་མཛད་དུ་གསོལ། གཤིན་རྗེ་དང་བར་དོའི་འགྲོ་བ་ཐམས་ཅད་སེམས་དཔའ་དང་སེམས་མའི་གྲོགས་སུ་བསྒྱུར་བར་མཛད་དུ་གསོལ། སྒྲ་འོད་ཟེར་གསུམ་གྱི་འཇིགས་སྐྲག་ཐམས་ཅད་རང་བྱུང་རིག་པའི་རང་རྩལ་དུ་ངོ་སྤྲོད་པར་མཛད་དུ་གསོལ། རིགས་བརྒྱ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་སྐྱོབས་པའི་ལྷ་དང་ལྷ་མོར་སྟོན་པར་མཛད་དུ་གསོལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་བར་མཛད་དུ་གསོལ། རིགས་དྲུག་གི་སྐྱེ་སྒོ་ངན་པ་ཆོད་པར་མཛད་དུ་གསོལ། སྐུ་གསུམ་དག་པའི་ཞིང་ཁམས་རྣམས་སུ་འདྲེན་པར་མཛད་དུ་གསོལ། ཅེས་བརྗོད་ལ། དེ་ནས། ད་ནི་ཁྱོད་ལ་མྱུར་ལམ་ཟབ་མོ་འཕོ་བའི་གདམས་པ་དངོས་འདེབས་པའི་སྐབས་སུ་བབ་པ་ཡིན་ཞིང་། དེ་ཡང་ལུས་རྟེན་ཐ་མལ་དུ་འཕོ་ན་མི་ལེགས་པས་ལྷག་པའི་ལྷའི་སྒོམ་ལུང་ཞིག་འབོག་དགོས་པར་གསུངས་ཕྱིར་ཡིད་མ་ཡེངས་བར་དམིགས་པ་འདི་བཞིན་དུ་མཛོད་ཅིག ཨོཾ་སྭ་བྷ་ཝ༴སོགས། གཟུང་བ་དང་འཛིན་པས་བསྡུས་པའི་ཐ་མལ་གྱི་སྣང་ཞེན་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པ་ཆེན་པོ་དེའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། ཨེ་མ་ཧོ༔ ཁྱེད་རང་གནས་པའི་འཇིག་རྟེན་ཁམས་འདི་དག༔ སྡུག་བསྔལ་མིང་མེད་བདེ་བ་ཅན་གྱི་ཞིང་༔ སྨོན་ལམ་ཡོངས་རྫོགས་བཀོད་ལེགས་ཕོ་བྲང་དབུས༔ ཉོན་མོངས་སྐྱོན་བྲལ་པདྨ་ཟླ་བའི་སྟེང་༔ ཁྱོད་ལུས་གནས་འགྱུར་རྒྱལ་བ་ཀུན་གྱི་ཡུམ༔ སྒྲོལ་མ་དཔའ་མོ་མར་གད་ལྗང་གུའི་མདོག༔ ཞལ་གཅིག་བརྩེ་བའི་སྤྱན་དཀྱུས་འགྲོ་ལ་གཟིགས༔ ཕྱག་གཉིས་གཡས་པའི་མཆོག་སྦྱིན་པུས་སྟེང་སླེབས༔ གཡོན་པས་སྐྱབས་སྦྱིན་ཕྱག་རྒྱ་ཐུགས་ཀར་མཛད༔ ཨུཏྤལ་འདབ་སྟེང་བཻཌཱུར་སྤྱི་བླུགས་ནས༔ བདུད་རྩིའི་རྒྱུན་འབེབས་དམྱལ་བའི་མེ་མདག་གཞིལ༔ ལོངས་སྐུའི་རྒྱན་རྫོགས་མཉམ་པའི་སྟབས་ཀྱིས་བཞེངས༔ ལུས་དབུས་སྣང་སྟོང་འོད་ཀྱི་ཁང་པ་རུ༔ རྩ་གཞན་མི་དམིགས་དབུ་མ་ཀ་བའི་ཚུལ༔ ཕྱི་དཀར་ནང་དམར་ཐབས་ཤེས་ཟུང་དུ་འབྲེལ༔ མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་ཟླུམ༔ ངན་སོང་གསུམ་སོགས་འཁོར་བའི་སྐྱེ་སྒོ་གཅོད༔ ཡར་སྣ་དྲང་པོར་སྤྱི་གཙུག་ཚངས་པའི་སྒོ༔ སྐར་ཁུང་ཇི་བཞིན་དཀར་སེང་ཧ་རེ་སྒོམ༔ ཐུགས་ཀར་ཨུཏྤལ་སྔོན་པོ་འདབ་རྒྱས་སྟེང༔ རླུང་གི་དཀྱིལ་འཁོར་ལྗང་ཁུ་ཡངས་ཤིང་གཡོ༔ དེ་སྟེང་རང་སེམས་དྭངས་མ་ལྔ་ལྡན་གྱི༔ ཐིག་ལེ་མ་སར་བྱ་ཡི་སྒོ་ང་ལྟར༔ གསལ་ལ་འཚེར་བ་སྣུམ་ལ་འདྲིལ་བ་བསྒོམ༔ མིག་དང་རྣ་བ་ཁ་སྣ་འོག་སྒོ་གཉིས༔ ཏཱཾཿཡིག་ཁ་དོག་ལྔ་ལྡན་རེ་རེས་བཀག༔ སྤྱི་བོར་པདྨ་དམར་པོ་འདབ་བརྒྱད་སྟེང་༔ ཟླ་བའི་གདན་ལ་སྐྱབས་གནས་ཀུན་འདུས་པ༔ རྩ་བའི་བླ་མ་མགོན་པོ་འོད་དཔག་མེད༔ དམར་གསལ་བྱུ་རུར་ཉི་འོད་འཁྱུད་བཞིན་མཛེས༔ མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཆོས་གོས་གསོལ་ཞིང་མཉམ་བཞག་ལྷུང་བཟེད་འཛིན༔ འཛུམ་པའི་སྤྱན་དཀྱུས་འགྲོ་བ་ཀུན་ལ་གཟིགས༔ གཡས་གཡོན་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ༔ སངས་རྒྱས་བྱང་སེམས་རྩ་བརྒྱུད་བླ་མས་བསྐོར༔ མཐོང་ཐོས་དྲན་རེག་འགྲོ་བ་མ་ལུས་པ༔ སྒྲོལ་བའི་དེད་དཔོན་ཆེན་པོར་བཞུགས་པར་དམིགས༔ སྤྲོ་ན་འོད་དཔག་མེད་ཀྱི་མཚན་ཅི་ནུས་བརྗོད་ཅིང་། ཨེ་མ་ཧོ༔ རྣམ་གྲོལ་བདེ་ཆེན་དག་པའི་ཞིང་ཁམས་ནས༔ རྒྱལ་ཀུན་སྤྱི་གཟུགས་འདྲེན་པ་འོད་དཔག་མེད༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ ལྷུན་གྲུབ་འོད་གསལ་རི་བོ་ཏ་ལ་ནས༔ སྙིང་རྗེའི་གཏེར་མཛོད་འཕགས་པ་སྤྱན་རས་གཟིགས༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ རང་སྣང་རྣམ་དག་གཡུ་ལོ་བཀོད་པ་ནས༔ འཁོར་བའི་འཇིགས་སྒྲོལ་རྗེ་བཙུན་འཕགས་མ་ཡུམ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ རྔ་ཡབ་དཔལ་རི་སྤྲུལ་པའི་ཕོ་བྲང་ནས༔ སྐྱབས་ཀུན་འདུས་པ་ཨོ་རྒྱན་ཐོད་ཕྲེང་རྩལ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ དགའ་བཞི་བདེ་སྟོང་མཁའ་འགྲོའི་ཚོགས་ཁང་ན༔ མཁའ་སྤྱོད་གཙོ་མོ་ཡེ་ཤེས་མཚོ་རྒྱལ་རྗེ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ རྩ་ཐིག་རླུང་གསུམ་དག་པ་སྤྲུལ་པའི་གནས༔ གྲུབ་པའི་དབང་བསྒྱུར་རྗེ་འབངས་ཉི་ཤུ་ལྔ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ སྨོན་ལམ་དུས་བབས་ལས་ཀྱི་འཕྲོ་སད་པའི༔ སྤྲུལ་པའི་སྐུ་མཆོག་ལུང་རིག་གླིང་པ་ལ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ རྒྱལ་བའི་བསྟན་ལ་བྱ་བ་བྱེད་མཁས་པའི༔ ཆོས་བདག་སྐྱེས་ཆེན་རིག་པ་འཛིན་རྣམས་ལ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ ངེས་མེད་གཅིག་ཏུ་འདྲེས་པ་རྡོ་རྗེའི་སྤུན༔ ཐེག་གསུམ་བསྒྲུབ་ལ་བརྩོན་པ་དགེ་འདུན་སྡེ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ རིམ་གཉིས་མཐར་ཕྱིན་སྐུ་གསུམ་དཀྱིལ་འཁོར་ནས༔ དངོས་གྲུབ་འདོད་སྟེར་ཡི་དམ་དཀྱིལ་འཁོར་ལྷ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ ལེགས་ཉེས་སྟངས་འཛིན་མཁའ་སྤྱོད་ཕོ་བྲང་ནས༔ རྡོ་རྗེ་འཕགས་མོ་མཁའ་འགྲོ་སྡེ་ལྔའི་ཚོགས༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ ཨེ་ཀ་ཛ་ཊི་བརྒྱུད་གསུམ་བསྲུང་མའི་ཚོགས༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ལུས་རྟེན་མི་གཙང་སྒྱུ་མའི་མགྲོན་ཁང་ནས༔ སེམས་ཉིད་འཁྲུལ་མེད་རང་བྱུང་ཆོས་ཀྱི་སྐུ༔ མཐའ་བརྒྱད་བྲལ་བ་དབུ་མའི་ཀློང་ཡངས་ནས༔ འོད་གསལ་འདུས་མ་བྱས་པའི་གདངས་ཚད་ཀྱིས༔ སྐུ་གསུམ་བླ་མའི་ཐུགས་གར་འཕོ་བར་ཤོག༔ ཅེས་བརྗོད་ལ། འོག་རླུང་གྱེན་དུ་དྲངས་ཏེ་བསྡམས༔ བར་རླུང་བུམ་ཅན་ཐད་སོར་བརྒྱངས༔ སྟེང་རླུང་སྤྱི་གཙུག་མཁའ་ལ་འཕངས༔ མིག་ཀྱང་བར་སྣང་དབྱིངས་སུ་བལྟ༔ ཞེས་གསུངས་པ་ལྟར་རླུང་དང་མིག་གནད་གཅུན་ཏེ། ཚེ་འདས་ཀྱི་རིག་པ་སེམས་ཀྱི་ངོ་བོ་འོད་ཀྱི་ཐིག་ལེ་དེ་ཉིད་སྐར་མདའ་ཡར་བ་ལྟར་ཚངས་པའི་སྒོ་ནས་སངས་རྒྱས་འོད་དཔག་མེད་པའི་ཐུགས་ཀར་ཐིམ་པར་མོས་ཤིང་། ཧིཀ་གི་སྒྲ་གསུམ་ལྔ་བདུན་སོགས་བསྟུད་མར་བརྗོད་པས་སྤར་རོ། །ཡང་སངས་རྒྱས་འོད་དཔག་མེད་པའི་རྣམ་པ་གསལ། འོད་མཚན་དང་གསོལ་འདེབས་ཀྱིས་དགེ་རྩ་བསྐྱེད་པ། གཞན་དོན་བྱང་ཆུབ་སེམས་བསྐྱེད་པ། བསྔོ་སྨོན་དག་པས་རྒྱས་འདེབས་པ་སྟེ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་པོ་ཡིད་ལ་བྱ་བ་དང་མ་བྲལ་བས། སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ གྲུབ་ཆེན་རྗེ་འབངས་ཉེར་ལྔ་ལ་གསོལ་བ་འདེབས༔ འགྲོ་མགོན་ལུང་རིག་གླིང་པ་ལ་གསོལ་བ་འདེབས༔ འཁྲུལ་ཞིག་འགྱུར་མེད་བློ་གྲོས་ལ་གསོལ་བ་འདེབས༔ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ མི་ལྡོག་བཙན་ས་ཟིན་པར་བྱིན་གྱིས་རློབས༔ ཅེས་གསོལ་འདེབས་བསྡུས་པ་དང་། གཞན་ཡང་། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དྲིན་ཆེན་རྩ་བའི་བླ་མས་ཐུགས་རྗེས་ཟུངས༔ རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས༔ ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔ ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ ཅེས་འཇག་ཟུག་མའི་འཕོ་བ་བསྡུས་པ་དང་། ཨེ་མ་ཧོ། ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་། །ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ། །ཚེ་འདས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །འཇིག་རྟེན་ཕྱི་མར་སོང་བའི་ཚེ་འདས་ཀྱི། །རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས། །ཅེས་གནམ་ཆོས་འཕོ་ལུང་སོགས་ཅི་རིགས་བརྗོད་ཅིང་སོ་སོའི་མཐར། བདག་གིས་ཧིཀ་དང་ཕཊ་ཀྱི་སྒྲས་བསྐུལ་བས་སྙིང་གི་རིག་པ་སེམས་ཀྱི་ངོ་བོ་འོད་ཀྱི་ཐིག་ལེ་དེ་ཉིད་སྐར་མདའ་ཡར་བ་ལྟར་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་མོས་ལ། ཧིཀ་དང་ཕཊ་ཀྱི་སྒྲས་སྤར་བར་བྱའོ། །མཇུག་ཏུ། ཨེ་མ་ཧོ། །འཕགས་མ་འོད་ཞུ་སྤྱི་བོའི་གཙོ་ལ་ཐིམ། །དེ་ཉིད་འོད་ཀྱི་ལམ་ནས་རྫུ་འཕྲུལ་གྱིས། །བདེ་ཆེན་ཞིང་གི་གཙོ་དང་འཁོར་ལ་འདྲེས། །མཐའ་ཡས་འགྲོ་བ་འདྲེན་པའི་དཔལ་དུ་གྱུར། །ཕཊ༔ ཅེས་གནས་ལུགས་མ་བཅོས་པའི་ངང་དུ་བཞག་མཐར། བསྔོ་སྨོན་རྣམ་དག་བརྗོད་པར་བྱ་བ་ཁོ་ནའོ། །ཞེས་འགྲོ་མགོན་ལུང་རིག་གླིང་པའི་དགོངས་གཏེར་གྱི་འཕོ་ལུང་གཤིན་པོར་འདེབས་ཚུལ་འདི་ནི་དགེ་རྒན་འཇམ་དབྱངས་བློ་འཕེལ་གྱི་ངོར། མགོ་སྤྲུལ་པས་སོ། །

ཚོགས་གཉིས་གོང་འཕེལ་གླིང་གི་བསྟན་པ་རྒྱས་བྱེད་སྨོན་ལམ།

༄༅། ཚོགས་གཉིས་གོང་འཕེལ་གླིང་གི་བསྟན་པ་རྒྱས་བྱེད་སྨོན་ལམ་བཞུགས། ཨོཾ་སྭ་སྟི་སིདྡྷི། མཁའ་སྤྱོད་ཨོ་རྒྱན་མཁན་པོའི་རིང་ལུགས་ཀྱི། །མདོ་སྔགས་ཆོས་གྲྭ་དར་ཞིང་རྒྱས་པ་དང་། །གྲགས་དཀར་གླིང་བཞིར་ཁྱབ་པའི་དགེ་མཚན་ཚོགས། །སྲིད་མཐར་མི་ཉམས་མཁའ་བཞིན་རྟག་བརྟན་ཤོག །མདོ་དང་སྔགས་ཀྱི་ཆོས་ཚུལ་མ་ལུས་པ། །ཐོས་བསམ་སྒོམ་པས་ཉམས་སུ་ལེགས་བླངས་ནས། །འཆད་རྩོད་རྩོམ་པས་དར་ཞིང་རྒྱས་པའི་གླིང་། །མི་ནུབ་ཡུན་དུ་བརྟན་པའི་བཀྲ་ཤིས་ཤོག །ཅེས་བསྐོས་ལེགས་དགོན་གྱི་བསྟན་པ་རྒྱས་བྱེད་ཤིས་བརྗོད་དང་བཅས་རྒྱལ་དབང་པདྨའི་རྒྱལ་ཚབ་ཏུ་ཁས་ཆེ་བ་དུས་མཐའི་གཏེར་མིང་འཛིན་པ་འགྲོ་འདུལ་རིག་འཛིན་ལུང་རིག་གླིང་པ་རྩལ་དུ་འབོད་པའི་སྙོམས་ལས་པ་གང་དེས་སྨྲས་པ་ཐོག་ཐ་བར་གསུམ་དུ་དགེ་བར་གྱུར་ཅིག་གུ།

རྒྱལ་བསྟན་སྤྱི་དང་བྱེ་བྲག་ལུང་རིག་གླིང་པའི་བསྟན་རྒྱས་སྨོན་ལམ་པདྨའི་མིང་གིས་མཛད་པ།

༈ རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་རིག་འཛིན་ལུང་རིག་གླིང་པའི་བསྟན་པ་རྒྱས་པའི་སྨོན་ལམ་ནི། ཨོཾ་ཨཱ༔ཧཱུྃ། མཆོག་གསུམ་རྩ་གསུམ་རྒྱལ་བ་སྲས་བཅས་དང་། །འཇིགས་པ་བརྒྱད་སྐྱོབ་འཕགས་མ་སྒྲོལ་མ་རྗེ། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་རྒྱལ་བསྟན་དར་རྒྱས་ཤོག །ཟབ་རྒྱས་ཆོས་ཁམས་རྒྱ་མཚོར་མངའ་དབང་བསྒྱུར། །གང་འདུལ་ཐེག་པས་འགྲོ་རྣམས་བདེ་ལ་སྐྱོང་། །པདྨའི་རྒྱལ་ཚབ་ལུང་རིག་གླིང་པ་ཡི། །བསྟན་པ་སྲིད་མཐའི་བར་དུ་དར་རྒྱས་ཤོག །པདྨའི་ཐུགས་བཅུད་ཟབ་གཏེར་ཉེར་ལྔ་དང་། །མཚོ་རྒྱལ་དགོངས་གསང་ཟབ་མོའི་ཆོས་སྡེ་རྣམས། །འཛམ་གླིང་ནོར་འཛིན་ཁྱོན་ཀུན་ཡོངས་ཁྱབ་སྟེ། །མི་ནུབ་ཡུན་དུ་གནས་པའི་དགེ་ལེགས་སྩོལ། །ཅེས་པའང་ཟབ་གཏེར་འདི་ཉིད་ཀྱི་ཆོས་བདག་ཏུ་ལུང་བསྟན་ཐོབ་པའི་པདྨའི་མིང་ཅན་གྱིས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།

བསྟན་པ་རྒྱས་བྱེད་ཀྱི་སྨོན་ལམ་བདེན་ཚིག་གྲུབ་པ་ཧོར་བླ་དང་ཏྲ་ཡས་མཛད་པ།

༄༅། བསྟན་པ་རྒྱས་བྱེད་ཀྱི་སྨོན་ལམ་བདེན་ཚིག་གྲུབ་པ་བཞུགས། གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གསང་ཆེན་གསང་བའི་མཛོད་འཛིན་མཚོ་སྐྱེས་རྗེའི། །གསང་གསུམ་མི་ཟད་མཛོད་འཆང་དམ་པའི་མགོན། །འགྲོ་འདུལ་རིག་འཛིན་ལུང་རིག་གླིང་པ་ཡི། །ཟབ་གཏེར་བསྟན་པ་ཕྱོགས་བརྒྱར་རྒྱས་པར་ཤོག །རྨད་བྱུང་རྡོ་རྗེ་ཐེག་པའི་ཉེ་ལམ་ཆོས། །པད་འབྱུང་ཐུགས་ཐིག་མཚོ་རྒྱལ་དགོངས་གསང་མཛོད། །དམ་ཆོས་ཟབ་མོ་བཀའ་གཏེར་གཅོད་ཡུལ་སོགས། །མཁའ་ཁྱབ་འགྲོ་ཀུན་སངས་རྒྱས་སངས་རྒྱས་མ་ཐོབ་བར། །མི་ནུབ་རྟག་བརྟན་དར་ཞིང་རྒྱས་པར་ཤོག །མཚོ་རྒྱལ་དངོས་སྤྲུལ་ལུང་རིག་གླིང་པ་ཡིས། །དབུགས་དབྱུང་བྱིན་ཐོབ་ཐུབ་བསྟན་མཚན་ཅན་སོགས། །རྗེས་འཇུག་བསྟན་འཛིན་ཞབས་བརྟན་བསྟན་པ་འཕེལ། །ཅི་བསམ་ཡིད་བཞིན་ནོར་བུའི་དཔལ་ལ་འགྲན། །ཕན་བདེའི་སྣང་བས་ས་གསུམ་ཡོངས་ཁྱབ་ཤོག །ཟབ་ཆོས་དར་བའི་ཕྱོགས་དང་ཐ་གྲུ་ཡི། །རྒྱལ་ཁམས་སྤྱི་དང་བྱེ་བྲག་ཡུལ་ལྗོངས་འདིར། །སྐྱེ་དགུ་བདེ་ཞིང་ནད་མུག་མཚོན་འཁྲུགས་ཞི། །བསྟན་པའི་སྦྱིན་བདག་ཚེ་བསོད་སྙན་གྲགས་རྒྱས། །ཆོས་མཐུན་བསམ་པ་གེགས་མེད་མྱུར་འགྲུབ་ཤོག །མཆོག་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས། །རྩ་གསུམ་ཆོས་སྐྱོང་རལ་གཅིག་དུད་སོལ་མ། །དྲང་སྲོང་ཁྱབ་འཇུག་ལྷ་བཙན་ཡིད་བཞིན་ནོར། །དཀར་ཕྱོགས་གཞི་བདག་ལྷ་ཀླུའི་ཚོགས་རྣམས་ཀྱིས། །རྣམ་དག་སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །ཅེས་པའང་མཆོག་གཟིགས་བླ་མ་སྤྲུལ་པའི་སྐུ་རིན་པོ་ཆེས་བཀའ་ཕེབ་བཞིན་བྷུ་སུ་ཀུ་པ་ཧོར་བན་འདུ་ཤེས་གསུམ་པ་ཕན་པའི་མིང་ནས་ཕུལ་བ་ལ་ཕྱིས་སྐབས་ཤིག་ཏུ་གཏེར་ཆེན་ཟུང་གི་སྨོན་ཚིག་སྦྲེལ་མ་འདི་ཉིད་གང་གི་སློབ་འབངས་ཏྲ་ཡའི་མིང་གིས་བགྱིས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།