སྔོན་འགྲོ་ཐར་བའི་ཐེམ་སྐས།ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ སྔོན་འགྲོ་ཐར་བའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག །ཨེ་མ་ཧོ༔ ཚོགས་སྨོན་བསོད་ནམས་ལས་འཕྲོ་བཟང་པོ་ལས༔ རྙེད་དཀའ་དོན་ཆེ་ལྷ་བའི་ལྷག་པའི་ལུས༔ དལ་འབྱོར་ཡོན་ཏན་ཕུན་སུམ་ཚོགས་པ་འདི༔ ཨུ་དུམ་ཝ་ར་རྒྱ་ལམ་སྐྱེ་བར་ཟད༔ འཁོར་ལོ་བཞི་ལྡན་འབྲས་བུས་ས་བ་ནི༔ ད་སྔོན་གྲངས་མེད་སྐྱེ་བའི་ཕྲེང་བ་དང་༔ མུ་མཐའ་ཡང་ནི་ནམ་དུ་སྲིད་མཐའ་ཙམ༔ ད་རེས་སྙིང་པོ་ལོན་པར་བླ་མ་མཁྱེན༔ ལན་གཅིག་འདི་ལ་ཕན་པ་མ་འགྲུབ་ན༔ ཕྱི་ནས་ཐར་བ་ཐོབ་པའི་ཐེབས་ཤོར་ཏེ༔ མ་ཟད་དབང་པོ་གཞུ་ཡི་བརྟུལ་ཞུགས་ཀྱིས༔ འདུས་བྱས་མཐའ་ལ་སྟོར་བར་གདོད༼ གདོན ༽མི་ཟ༔ ཕྱི་ནང་སྣོད་བཅུད་ཉེ་རིང་དགྲ་གཉེན་དང་༔ མཐོ་དམན་དྲག་ཞན་འཆི་བའི་དཔེ་མཐོང་བཞིན༔ རྟག་འཛིན་ཕྱི་བཤོལ་བློ་མདངས་བདུད་ཀྱི་བསྒྱུར༔ མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས༔ འཁོར་བ་སྤྱི་ཡི་སྡུག་བསྔལ་བཅུ་གཅིག་དང་༔ རིགས་དྲུག་ཚན་གྱི་སྡུག་བསྔལ་རྣམ་པ་དྲུག༔ ལས་སྣང་སྒོས་བཙན་སྡུག་བསྔལ་བསམ་མི་ཁྱབ༔ བདེ་བའི་གོ་སྐབས་ཏིལ་གྱི་འབྲུ་ཙམ་མེད༔ ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད༔ ལྟར་སྣང་སྦྲང་རྩིའི་འདྲ་བའི་ཁྲིད་ནས་སུ༔ འདུ་བྱེད་སྡུག་བསྔལ་བསམ་ན་མཐའ་མི་མངོན༔ འཁོར་བར་སྐྱོ་ཤེས་སྐྱེ་བར་བྱིན་གྱིས་རློབས༔ བསམ་པ་ཐམས་ཅད་ཉོན་མོངས་འཁོར་ལོར་བས༔ བྱས་ཚད་ཐམས་ཅད་སྡུག་བསྔལ་རྒྱུ་རུ་ཟད༔ ལོངས་སྤྱོད་ཐམས་ཅད་སྡིག་པའི་གཡོ་བསྐོལ་ཏེ༔ གཅིག་ཏུ་མནར་༼ གནགས་ ༽པའི་ཆ་ལུགས་འདིར་བསམ་ན༔ དགེ་སྡིག་རྒྱུ་འབྲས་རྟེན་འབྲེལ་ཆུད་མི་ཟ༔ སྲིད་པ་བག་ཉལ་ཐ་མ་བལྟར་མི་བཟོད༔ རྒྱུ་འབྲས་ཕྱི་ནང་བདེན་དོན་མངོན་གྱུར་བས༔ སྤངས་བླང་ཚུལ་བཞིན་ནུས་པར་བྱིན་གྱིས་རློབས༔ ཞི་བསིལ་འགྱུར་བ་མེད་པའི་བསྟན་བདེ་ཡི༔ གཡུང་དྲུང་རང་བཞིན་བྱང་ཆུབ་སྙིང་པོ་ལ༔ གཏི་མུག་ལུང་མ་བསྟན་གྱིས་བདག་ནོན་ཏེ༔ དོན་གཉེར་འདུན་པ་ཙམ་ཡང་མ་མྱོང་ན༔ ད་ནི་བླ་མ་དཀོན་མཆོག་བྱིན་བརླབས་ཀྱིས༔ ཡང་དག་འཇུག་ངོགས་ངེས་པ་ཐོབ་པའི་སྟེང་༔ ཚུལ་བཞིན་བསྒྲུབ་པའི་རྣལ་འབྱོར་མཐར་ཕྱིན་ཏེ༔ ཚེ་འདི་ཉིད་ལ་མྱ་ངན་འདས་ཐོབ་ཤོག༔ དེ་དག་ཕྱི་ཡི་སྔོན་འགྲོའོ༔ གཉིས་པ་ནང་གི་སྔོན་འགྲོ་ནི༔ ཨེ་མ་ཧོ༔ སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས༔ ཆགས་བྲལ་ཡོན་ཏན་བརྒྱད་ལྡན་དམ་པའི་ཆོས༔ རིག་གྲོལ་གཉིས་ལྡན་བྱང་སེམས་འཕགས་པའི་ཚོགས༔ བྱང་ཆུབ་སྙིང་པོར་བདག་གིས་སྐྱབས་སུ་བསྒྲུབ༔ དག་ཐོབ་བྲལ་བའི་རང་སེམས་གཉུག་མ་བརྡལ༔ མི་འགྱུར་དྲི་མ་བྲལ་བའི་རྟོགས་པའི་རྒྱས༔ ཡོན་ཏན་དབྱེར་མེད་ཕྱེད་པའི་རྡོ་རྗེ་ལ༔ ཤེས་འཇུག་མཐར་ཕྱིན་གྲུབ་པར་སྐྱབས་སུ་མཆི༔ མཚན་མའི་འོག་ཏུ་མ་གྱུར་རིག་པའི་གཤིས༔ སྲིད་ཞི་ཀུན་ཁྱབ་ཞི་ཁྲོ་རྒྱལ་བའི་ལྷ༔ ཆོས་ཉིད་མཁའ་ལ་འགྲོ་བའི་མིག་ཡངས་མ༔ སྒྲོན་མ་མཐོང་དག་ཆེན་པོར་སྐྱབས་སུ་མཆི༔ ཧོ༔ མ་རྟོགས་སྣང་བ་སྒྱུ་མའི་འཕྲུལ་བཞད་ལས༔ སྲིན་བུའི་ཁ་ཆུས་དེ་ཉིད་འཆིང་བ་ལྟར༔ རང་གི་རང་བཅིང་མཁའ་ཁྱབ་སེམས་ཅན་ཀུན༔ འཁོར་བའི་མཚོ་ལས་སྒྲོལ་བར་སེམས་བསྐྱེད་དོ༔ རང་བཞིན་དོན་དུ་རྣམ་སྨིན་རྒྱུ་ཐབས་ཀྱང་༔ རྒྱུ་གཅིག་འབྱེད་མེད་ཆོས་སྐུ་ཆེན་པོ་ལ༔ འབྲས་བུ་ཆགས་པ་བྱང་ཆུབ་ཀུན་བཟང་རྒྱན༔ མངོན་གྱུར་དམིགས་བུ་སྤྲེལ་བར་སེམས་བསྐྱེད་དོ༔ བསྐྱེད་དང་བྱ་བྱེད་གཉིས་མེད་ཀུན་ཏུ་ཞལ༔ ལྟ་བསྒོམ་སྤྱོད་པ་ངོ་བོ་ཉིད་དུ་གྲུབ༔ འབྲས་བུ་རྫོགས་པ་ཆེན་པོ་མྱང་འདས་རྫོངས་༼ རྫོགས ༽༔ རང་གྲོལ་ངང་བརྡལ་ཆེན་པོར་སེམས་བསྐྱེད་དོ༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་གདོད་ནས་གྲུབ་པའི་བཀོད་པ་ནི༔ གླིང་བཞི་གླིང་ཕྲན་ཉི་ཟླ་བྱེ་བ་བརྒྱ༔ སེམས་ཅན་ཀུན་གྱི་ཐུན་མོང་བསོད་ནམས་སྐྱེས༔ ཚོགས་གཉིས་རྫོགས་ཕྱིར་རྒྱན་གཏོར་མཆོད་པ་འབུལ༔ ཕྱོགས་བཞི་སྒོ་བཞི་ཁ་དོག་ཡུམ་གྱི་ངང་༔ སྣོད་བཅུད་ཞིང་ཁམས་གཞལ་ཡས་ལྷ་སྔགས་རྫོགས༔ གླུ་གར་བདེ་ཆེན་ཕྱག་རྒྱ་ཏིང་འཛིན་གྱིས༔ གཞིར་བཞེངས་མཉམ་པ་ཉིད་ཀྱི་དམ་རྫས་འབུལ༔ སེམས་ཉིད་རྡོ་རྗེ་བཀོད་པའི་གྲོང་ཁྱེར་ལ༔ ཡེ་ཤེས་སྒོ་བཞི་དབྱིངས་ཐིག་འབྱུང་ཆེན་ལྷ༔ ཀུན་ནས་ཀུན་བཟང་འཁོར་ལོའི་བཀོད་པར་རྒྱས༔ ཆོས་ཉིད་མདངས་གསལ་གསང་བའི་མཎྜལ་འབུལ༔ ཨོཾ་ཨཱཿཧཱུྃ༔ སྣང་བ་ཆོས་དབྱིངས་མཎྜལ་ཕུལ་བའི་མཐུས༔ ཡུམ་ཆེན་རིགས་ལྔའི་དགོངས་པ་མངོན་གྱུར་ཤོག༔ རིག་པ་ཆོས་མིན་མཎྜལ་ཕུལ་པའི་མཐུས༔ རྟོག་མེད་སྐུ་ལྔ་མཐར་ཕྱིན་ལྷུན་གྲུབ་ཤོག༔ ཡེ་ཤེས་མཁའ་གསལ་མཆོད་པ་ཕུལ་བའི་མཐུས༔ རྐང་མེད་མཁའ་ལ་དབུགས་མེད་བསྒྲོད་པར་ཤོག༔ མ་ཧཱ་གུ་རུ་དྷེ་ཝ་མཎྜལ་པཱུ་ཛ་མེ་གྷ་ས་མུ་ཊ་སྥ་རཏྣ་ས་མ་ཡེ་ཨ་ཧཱུྃ༔ ཨཱཿབདག་ཉིད་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར༔ རང་བཞིན་གཞི་ཡི་རིག་སྟོང་རྡོ་རྗེ་སེམས༔ དཀར་གསལ་ལང་ཚོའི་མཚན་གྱིས་མེ་ཏོག་རྒྱས༔ དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ༔ ཐབས་ཤེས་ཕྱག་གིས་དོན་གྱི་རྡོ་རྗེ་དང་༔ དཀྱིལ་འཁོར་རང་ལ་རྫོགས་པའི་དྲིལ་བུ་འཛིན༔ སྙེམས་མ་ཡུམ་ཀྱང་ཡབ་དང་རྣམ་པར་མཐུན༔ ཞབས་ཀྱི་རྫོགས་པའི་སྐྱིལ་ཀྲུང་པད་ཟླར་རོལ༔ ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ༔ ཡི་གེ་བརྒྱ་བས་སྦྲུལ་འཁྱིལ་ཚུལ་དུ་བསྐོར༔ འཁོར་བས་ཚེ་རབས་ཐོག་མ་མེད་བསགས་སྡིག༔ དམ་ཚིག་ཉམས་ཆགས་ཉེས་ལྟུང་ཐམས་ཅད་ཀུན༔ བསྐལ་པའ་མུན་ནག་སྒྲོན་མེ་གཅིག་བསལ་ལྟར༔ སླན་ཆད་ལྡོག་མེད་དབྱིངས་སུ་བསལ་བར་བསམ༔ འགྲོ་ཀུན་རྡོ་རྗེ་སེམས་དཔའི་གནས་ལ་བཀོད༔ སྐུ་གསུང་ཐུགས་ཀྱི་ངོ་བོ་མངོན་དུ་བྱས༔ ལུས་ངག་ཡིད་དང་ཉོན་ཤེས་སྒྲིབ་པ་དག༔ ཐམས་ཅད་མངོན་དགའི་རྟེན་དང་བརྟེན་པར་གྱུར༔ བག་ཆགས་མ་སྐྱེས་བདེ་བ་ཆེན་པོ་ཡི༔ ཡེ་ཤེས་རང་གསལ་ངང་ནས་གསང་སྔགས་བཟླ༔ ཡི་གེ་བརྒྱ་བ་དང་༔ ཡིག་དྲུག་ཅི་འགྲུབ་བཟླའོ༔ ཧཱུྃ༔ རང་གི་མདུན་མཁར་རྩ་བའི་བླ་མ་ནི༔ རྡོ་རྗེ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་༔ བྱ་བ་ཀུན་ཏུ་བཟང་མོ་གཉིས་མེད་སྦྱོར༔ སྐུ་ཡི་སྤྱི་བོར་ཁྲག་འཐུང་བྱེ་བ་འབུམ༔ མགྲིན་པར་བརྒྱུད་པ་དགུ་ལྡན་བླ་མ་དང་༔ ཐུགས་ལ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ ལྟེ་བར་མ་རྒྱུད་མཁའ་འགྲོའི་དཀྱིལ་འཁོར་བཀྲ༔ བདེ་སྐྱོངས་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་འདུ༔ མཐའ་བསྐོར་སྐུ་དབྱིངས་སངས་རྒྱས་སྟོང་རྩ་བརྒྱད༔ གནས་ཡུལ་དུར་ཁྲོད་ཡོངས་རྫོགས་དཀྱིལ་འཁོར་གསལ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རླབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃཿ ཧྲཱི༔ བདག་ལུས་ཞིང་རྡུལ་གྲངས་སྤྲོས་ཏེ༔ རྣམ་གསུམ་གུས་པས་ཕྱག་འཚལ་ལོ༔ མི་ཟད་ལྷ་རྫས་སྤྲིན་ཕུང་གིས༔ ཚོགས་གཉིས་རྫོགས་ཕྱིར་མཆོད་པ་འབུལ༔ ཉམས་རྒྱུ་ཉི་ཤུའི་རྐྱེན་དབང་གིས༔ སྡིག་ལྟུང་ཉམས་ཆགས་འགྱོད་སྡོམ་བཤགས༔ རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱི༔ ཟག་བཅས་ཟག་མེད་དགེ་ལ་རང་༔ འཁོར་བའི་འཁོར་ལོ་མ་སྟོང་པར༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ འཇིག་རྟེན་སྒྲོན་མར་གྱུར་པ་ཀུན༔ མྱ་ངན་མི་འདའ་རྟག་བཞུགས་གསོལ༔ བདག་གཞན་དུས་གསུམ་བསགས་ཡོད་དགེ༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྣམ་གྲོལ་གདོད་མའི་ས་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ས་མནྟ་བྷ་དྲ་ཨ་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅེས་མཐར༔ ཨོཾ་ཨཱཿཧཱུྃ དམིགས་མེད་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ སངས་རྒྱས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས༔ སངས་རྒྱས་རང་འོད་མངོན་གྱུར་དངོས་གྲུབ་སྩོལ༔ ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ སངས་རྒྱས་རང་ལུས་མངོན་གྱུར་དངོས་གྲུབ་སྩོལ༔ རང་རིག་རྡོ་རྗེའི་སྐུ་ལ་གསོལ་བ་འདེབས༔ སངས་རྒྱས་ངོ་བོ་མངོན་གྱུར་དངོས་གྲུབ་སྩོལ༔ རང་མདངས་བྱང་ཆུབ་སྐུ་ལ་གསོལ་བ་འདེབས༔ སངས་རྒྱས་ལྟ་བ་མངོན་གྱུར་དངོས་གྲུབ་སྩོལ༔ བཅོམ་ལྡན་རྩ་བརྒྱུད་བླ་མར་གསོལ་བ་འདེབས༔ ཐུགས་དགོངས་ཏིང་འཛིན་མངོན་གྱུར་དངོས་གྲུབ་སྩོལ༔ ཡི་དམ་ཞི་ཁྲོའི་ལྷ་ལ་གསོལ་བ་འདེབས༔ ཕྱག་ཆེན་དེ་ཉིད་མངོན་གྱུར་དངོས་གྲུབ་སྩོལ༔ མ་རྒྱུད་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ ནམ་མཁའི་སྤྱོད་པ་མངོན་གྱུར་དངོས་གྲུབ་སྩོལ༔ དབང་བཞི་གཅིག་ཆར་རྫོགས་པར་བྱིན་གྱིས་རློབས༔ སྒྲིབ་པའི་དྲི་མ་དག་པར་བྱིན་གྱིས་རློབས༔ ཁྱོད་དང་དབྱེར་མེད་གྲོལ་བར་མཛད་དུ་གསོལ༔ འཁྲུལ་མེད་བཙན་ས་ཟིན་པར་མཛད་དུ་གསོལ༔ ལྡོག་ཐབས་གཉེན་པོ་འབྱོངས་བར་བྱིན་གྱིས་རློབས༔ གཞོན་ནུ་བུམ་སྐུ་ཐོབ་པར་བྱིན་གྱིས་རློབས༔ ཕྱོགས་མེད་འགྲོ་དོན་འབྱུང་བར་བྱིན་གྱིས་རློབས༔ འགྱུར་མེད་རྒྱ་ཡི་ཐེབ་པར་བྱིན་གྱིས་རློབས༔ ཨོཾ༔ བླ་མ་རྒྱལ་བ་ཀུན་དབང་ཕྱུག༔ སྐུ་ཡི་ས་བོན་ཨོཾ་དཀར་པོ༔ བདག་ཐིམ་ལུས་ཀྱི་སྦུབས་བཅད་དེ༔ བུམ་པ་སྤྲུལ་སྐུའི་དབང་རྫོགས་གྱུར༔ ཨཱ༔ བླ་མ་རྒྱལ་བ་ཀུན་དབང་ཕྱུག༔ གསུང་གི་ས་བོན་ཨཱཿདམར་པོ༔ བདག་ཐིམ་ངག་གི་སྦུབས་བཅད་དེ༔ གསུང་གསང་ལོངས་སྐུའི་དབང་རྫོགས་གྱུར༔ ཧཱུྃ བླ་མ་རྒྱལ་བ་ཀུན་དབང་ཕྱུག༔ ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག༔ བདག་ཐིམ་ཡིད་ཀྱིས་སྦུབས་བཅད་དེ༔ ཐུགས་གསང་ཆོས་སྐུའི་དབང་རྫོགས་གྱུར༔ སྭཱ༔ བླ་མ་རྒྱལ་བ་ཀུན་དབང་ཕྱུག༔ ཡོན་ཏན་ཡི་གེ་ཏྲཾཿསེར་པོ༔ བདག་ཐིམ་སྐྱོན་གྱིས་སྦུབས་གྲོལ་ནས༔ ཚིག་མཚོན་རྡོ་རྗེའི་དབང་རྫོགས་གྱུར༔ ཧཱ༔ བླ་མ་རྒྱལ་བ་ཀུན་དབང་ཕྱུག༔ ཕྲིན་ལས་ས་བོན་ཧྲཱིཿའཕྲོས་པ༔ བདག་ཐིམ་ལས་ངན་སྦུབས་བཅད་དེ༔ བྱང་ཆུབ་འོད་ཟེར་དབང་རྫོགས་གྱུར༔ དབང་བཞིའི་ལྟ་བ་རབ་རྫོགས་ནས༔ མན་ངག་བཞི་ཡི་སྣོད་དུ་རུང་༔ གྲུབ་མཐའ་བཞི་ནི་མཐར་ཕྱིན་ཏེ༔ འདའ་དཀའ་བཞི་ཡི་ཤུགས་བསྐྱོད་ཀྱིས༔ འབྲས་བུ་བཞི་པོ་མངོན་གྱུར་ཏེ༔ གྲོང་ཁྱེར་བཞི་ཡི་འགྲོ་བ་ཀུན༔ བསྐལ་བ་བཞི་ལ་རླུང་བཟློག་ནས༔ བླ་མའི་ཐུགས་དང་དབྱེར་མེད་འདྲེས༔ ཨ་ཨ་ཨཱ༔ ཞེས་བརྗོད་རང་སེམས་བླ་མར་བསྲེ༔ འདི་ནི་བསྒྲུབ་པ་ཀུན་གྱིས་རྩེ༔ དུས་བཞིར་མ་ཆགས་བརྩོན་པ་གལ༔ འདི་མེད་རྣལ་འབྱོར་བཟང་པོ་ཡང་༔ གོལ་ཤོར་ལམ་ལ་འཁྱམས་པ་སྟེ༔ འདི་ལྡན་འོད་གསལ་རང་འཁྲུངས་ཡིན༔ པདྨ་མ་ཏིའི་བསྐུལ་བའི་ངོར༔ སྔགས་ངན་ག་ག་ཨ་བྷྱེའི་སོ༔ མཁའ་འགྲོའི་བརྡའ་སྒྲ་མ་རྟོགས་པའི༔ ཅུང་ཟད་དོག་ཀྱང་རྣལ་ཟོ་ཡོད༔ དགེའོ། །དགེའོ། །དགེའོ། །མངྒ་ལཾ། ། |