རྩ་བའི་མཆོད་བརྗོད་ཀྱི་དོན་བཤད་པ།

༄༅། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོའི་མཐའ་དཔྱོད་མཁས་པའི་དབང་པོ་རྗེ་རྟ་ནག་པ་དགེ་འདུན་བློ་བཟང་གི་གསུང་རྒྱུན་དྲི་མ་མེད་པའི་གླེགས་བམ་དང་པོ་བཞུགས་སོ། །

༄༅། །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་དང༌། ནམ་ཡང་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང༌། དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། གྲངས་མེད་གསུམ་དུ་ཚད་མའི་ལམ་བསྒོམས་པས། །མཁྱེན་གསུམ་རྣམ་དག་ཚད་མའི་སྤྱན་ཐོབ་ཅིང༌། །རིགས་ཅན་གསུམ་ལ་ཚད་མའི་ལམ་སྟོན་པ། །ཐུབ་དབང་ཚད་མའི་མཆོག་ལ་ཕྱག་འཚལ་ལོ། །གསུང་གི་དབང་ཕྱུག་རབ་མཛེས་གཞོན་ནུའི་སྐུ། །སྟོན་ཀའི་མཁའ་ལྟར་དག་པའི་རལ་གྲི་དང༌། །རྒྱལ་བའི་ཆོས་མཛོད་པུ་ཏི་འཛིན་མཛད་པ། །བློ་གཏེར་མི་ཟད་འཇམ་པའི་དབྱངས་ལ་འདུད། །ཕུལ་དུ་བྱུང་བའི་བློ་གྲོས་སྟོབས་ཀྱིས་བཙུན། །རྨད་དུ་བྱུང་བའི་ཡོན་ཏན་ཁུར་གྱིས་བརྗིད། །ལོག་སྨྲ་འདམ་བུའི་ཚལ་རབ་འཇོམས་མཛད་པ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རིགས་པས་ཆོས་མིན་ཕམ་མཛད་ཅིང༌། །གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་ན་གྲགས། །སྨྲ་ངན་མུན་འཇོམས་སྨྲ་བའི་ཉི་མ་མཆོག །ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །སྡེ་བདུན་མཛད་པའི་དགོངས་དོན་ཡོངས་རྫོགས་པ། །དྲི་མེད་རིགས་པའི་སྤྱན་གྱིས་ལེགས་གཟིགས་ནས། །གཞུང་དེ་གདམས་པའི་མཆོག་ཏུ་འདོམས་མཛད་པ། །སྨྲ་བའི་ཉི་མ་ཙོང་ཁ་པ་ལ་འདུད། །མགོན་དེའི་ཆོས་ཀྱི་ཅོད་པན་དྲི་མ་མེད། །གང་གི་དབུ་ལ་རྣམ་པར་བཅིངས་པ་ལས། །ཐུབ་དབང་བསྟན་པའི་བདག་པོར་མངའ་གསོལ་བ། །རྒྱལ་ཚབ་དམ་པ་དར་མའི་ཞབས་ལ་འདུད། །ཆོས་ཀྱི་གྲགས་པའི་རིང་ལུགས་བླ་ན་མེད། །ཁྱོད་ཀྱིས་ཕྱོགས་འདིར་རྒྱས་པར་བྱེད་ནུས་ཞེས། །རྒྱལ་བ་གཉིས་པའི་ལུང་བསྟན་བརྙེས་གྱུར་པ། །བསྟན་པའི་བདག་པོ་དགེ་འདུན་གྲུབ་ལ་འདུད། །ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་འཛིན་པའི་མཆོག །ལེགས་བཤད་འབྱོར་པའི་དགའ་སྟོན་ཕྱོགས་བཅུར་འགྱེད། །དཔལ་ལྡན་མཁས་མང་དབུས་ན་མངོན་པར་མཐོ། །ཡོངས་འཛིན་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །དམ་ཆོས་འཛིན་པའི་སྨོན་ལམ་མཐུ་གྲུབ་པར། །ཞིང་འདིར་འཆད་རྩོད་རྩོམ་པའི་བྱ་བ་ཡིས། །ཐུབ་པའི་བསྟན་པ་ཕྱོགས་བཅུར་སྤེལ་བ་ལ། །བྱང་ཕྱོགས་མཁས་པའི་ཁྲོད་ན་ལྷམ་མེ་པ། །འཇམ་དབྱངས་རྣམ་འཕྲུལ་ཆོས་ཀྱི་རྒྱལ་མཚན་དང། །མཁས་པའི་དབང་པོ་དགེ་འདུན་བློ་བཟང་ཞབས། །དེ་སྲས་ཐུ་བོ་སངས་རྒྱས་ཡེ་ཤེས་སོགས། །ལུགས་འདིའི་བརྒྱུད་པའི་བླ་མ་རྣམས་ལ་འདུད། །ཀུན་གཟིགས་བློ་གྲོས་བཟང་པོའི་དཔལ་ལྡན་ཞིང། །བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་ཞབས། །སྙིགས་དུས་འགྲོ་རྣམས་བྱམས་པས་སྐྱོང་མཛད་པའི། །དྲིན་ཅན་རྩ་བའི་བླ་མར་སྙིང་ནས་འདུད། །འཇམ་མགོན་རྒྱལ་བ་གཉིས་པའི་བཤད་སྒྲུབ་བསྟན། །མཁྱེན་བརྩེ་ནུས་པས་རྒྱ་མཚོའི་གོས་ཅན་མར། །དར་ཞིང་རྒྱས་མཛད་འཇམ་དབྱངས་རྣམ་རོལ་པ། །བཀའ་དྲིན་ཟླ་མེད་བཤེས་གཉེན་རྣམས་ལ་འདུད། །རྒྱལ་དང་དེ་སྲས་རང་རྒྱལ་སློབ་མའི་ཚོགས། །དངོས་སྟོབས་རིགས་པས་སྒྲུབ་བྱེད་གྲགས་པའི་གཞུང༌། །རྣམ་འགྲེལ་ལེགས་པར་བཤད་པའི་གཏེར་ཆེན་པོ། །རྒྱལ་ཚབ་དར་མའི་ལུགས་བཞིན་དབྱེ་བར་བྱ། །