དང་པོ། སྐུ་འཁྲུངས་ཞིང་གཞོན་ནུའི་མཛད་པ་བསྐྱངས་ཚུལ་སོགས་ཀྱི་སྐོར།གདོད་ནས་འཕོ་མེད་གཉུག་མའི་གཞི་དབྱིངས་སུ། ། སྐྱེ་མེད་ཆོས་སྐུའི་གཏན་སྲིད་ཟིན་ན་ཡང་། ། ཐུགས་རྗེའི་འཇུག་པ་དུས་ལས་མི་ཡོལ་བས། ། སྐྱེ་བའི་མྱུ་གུ་བཟུང་ལ་གསོལ་བ་འདེབས། ། ཞིང་འདིའི་གདུལ་བྱའི་ལྷག་མ་སྐྱོང་བའི་ཕྱིར། ། མཚན་དཔེ་ཟླ་བའི་རང་ཞལ་ངོམ་པའི་ཚེ། ། སྲིད་པའི་ཆོས་ལས་ངེས་པར་འབྱུང་བའི་རྐྱེན། ། ཐུགས་ངལ་ཅི་རིགས་གནང་ལའང་གསོལ་བ་འདེབས། ། དེ་ཡང་མགོན་པོ་མཆོག་ཉིད་གང་དུ་སྐུ་འཁྲུངས་བའི་གནས་ནི་གངས་ཅན་བོད་ཀྱི་ཤར་ཕྱོགས། མདོ་ཁམས་སྨད་ཀྱི་ས་ཆ། ཁྲ་མོ་གླིང་དཀར་སྟོད་ཀྱི་ཡུལ་གྲུ། མི་ལ་དགྲ་ལྷས་དཔལ་མགོན་མཛད་ས། ཕྱུགས་ལ་གཡང་གི་རུ་མ་འཁྱིལ་སའི་བྱང་འབྲོག་རྫ་ཆུ་ཁ་བའི་ནང་ཚན། ཁམས་མགོ་ཚྭ་ཉི་མ་རྒྱ་ལོ་སོགས་མཁས་གྲུབ་གསེར་རིའི་ཕྲེང་བ་བར་མ་ཆད་དུ་བྱོན་པའི་ཝ་ཤུལ་གཡང་སྡེ་ཕྱུག་མོ་ཞེས་ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་མཛེས་པའི་ཡུལ་སྡེ་འདི་ཉིད་དུ། གང་ལས་སྐུ་འཁྲུངས་བའི་ཡབ་ཡུམ་གཉིས་ནི། ཇི་སྐད་དུ། མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང་། །ཞེས་པ་བཞིན། བོད་མིའུ་གདུང་དྲུག་ཏུ་གྲགས་པའི་ནང་ཚུན། ཨ་སྤོ་ལྡོང་གི་རྒྱུད་ལ་ལྡོང་དཀར་ནག་ཁྲ་སྨུག་བཞིར་གྱེས་པའི་ནང་གི་ཤར་ཁྲ་མོ་གླིང་དཀར་སྟོད་ཀྱི་མི་སྡེ་མཆེད་པའི་སྨུག་པོ་ལྡོང་གི་རིགས་ཀྱི་གླིང་གེ་རྩེ་བུ་ཡི་རྒྱུད་པ་ལ་དགེ་རྩེ་ཞེས་གྲགས་པའི་རུས་རྒྱུད་ཕུན་སུམ་ཚོགས་པ་འདི་ལ་དུས་རབས་བཅོ་བརྒྱད་པའི་སྐབས་སུ་བྱང་འབྲོག་རྫ་ཆུ་ཁའི་ཡུལ་དུ་དགེ་རྩེ་པན་གྲུབ་དང་། དགེ་རྩེ་དཔལ་འབྱོར་སོགས་དཔའ་སྙིང་གདོས། གཏམ་ཁ་ལྕེ། བཙན་ཁ་ཐབས་སོགས་འགྲན་ཟླ་མེད་པ་སྐོར་ཅིག་བྱུང་བའི་ནང་ཚུན་དགེ་རྩེ་དཔལ་འབྱོར་གྱི་བུ་དགེ་རྩེ་འབྲུག་རྒྱས་དང་། དགེ་རྩེ་འབྲུག་རྒྱས་གྱི་བུ་དགེ་རྩེ་སྐྱབས་ལོའམ་འཇམ་དཔལ་སྐྱབས་ནི་མགོན་པོ་གང་གི་སྐྱེད་ཡབ་ཡིན་ལ། འདི་ནི་མི་གཞི་དར་ལས་འཇམ་པ། མི་ཁོག་ལྷ་ལས་དྲངས་པ། རྒྱུ་འབྲས་མིག་ལྟར་སྲུང་མཁན་གྱི་ཡ་རབས་ཚུལ་མཐུན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་ཏེ། དགུང་གྲངས་བཅུ་བཞིའི་སྐབས་འབྱོར་བ་ཧ་ཅང་ཞན་པས་ཡུ་ཤུས་ཀུན་རིག་ཚང་ཟེར་བའི་ཁྱིམ་དུད་ཅིག་གི་གཡོག་པོ་བྱས་ཏེ་ཡོད་སྐབས་ཞེ་ཆེན་རྒྱལ་ཚབ་ཀྱིས་མཛད་པའི་སྐྱབས་འགྲོའི་ཕན་ཡོན་ཞིག་བཀླགས་པ་ཐོས་པས་སྐྱབས་ཡུལ་མཆོག་གསུམ་གྱི་ཡོན་ཏན་དང་དེ་ལ་སྐྱབས་སུ་སོང་བའི་ཕན་ཡོན་ཤེས་ཏེ་དེ་ནས་བཟུང་སྐྱབས་འགྲོ་ཁོ་ན་ལ་འབད་པ་མཛད་པས་སྐྱབས་འགྲོ་དུང་ཕྱུར་ལྷག་དང་། མ་ཎི་དུང་ཁ་ཤས་སོགས་འགྲུབ་པ་བྱུང་ཞིང་དུས་འགྱུར་གྱི་འཚུབ་མ་ལྷག་ཏུ་བདོ་བའི་སྐབས་སུ་མུ་གེས་སྲོག་འཕྲོག་པ་ཙམ་རེ་བྱུང་ཡང་སེམས་ཅན་གཅིག་ཙམ་གྱི་སྲོག་ལ་ཡང་རྒོལ་མ་མྱོང་བའི་དམ་པ་དེ་དང་། ཆོ་འབྲང་ནི་ཧོར་གྱི་རིགས་རྒྱུད་དེ་ཧོར་ལྷ་ཕྱུག་ཅེས་མཐུ་རྫུ་འཕྲུལ་ལ་མངའ་དབང་འབྱོར་ཞིང་། རྩལ་གྲུབ་རྟགས་ལ་ཐོགས་རྡུགས་མེད་པ། ཁྱད་པར་རིམ་གཉིས་ཀྱི་ལམ་ལ་ལྟ་སྒོམ་གདེངས་དང་ལྡན་པའི་དབང་གིས་སི་ཏུ་རིན་པོ་ཆེས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀར་དངོས་སུ་མཇལ་བ་དང་། ཉིད་ཀྱི་ཞལ་ནས་ཀྱང་རྩ་བའི་བླ་མ་འཇིགས་མེད་ཆོས་ཀྱི་རྡོ་རྗེས་ཟབ་དོན་རྫོགས་པ་ཆེན་པོའི་རིག་པ་ངོ་སྤྲད་པ་ནས་བཟུང་ཚེ་གཅིག་ལ་འཁྲུལ་མ་མྱོང་། ཞེས་བཀའ་གནང་ཕེབས་པ་སོགས་སྔགས་འཆང་ཕུར་ཐོག་ཡོངས་ཀྱི་གཙུག་རྒྱན་ཏུ་གྱུར་པ་ལྟ་བུ་དེ་དང་རུས་རྒྱུད་གཅིག་པའི་ཡུས་བཟའ་ཞིས་དགའ་ཞེས་ཡ་རབས་གཤིས་བཟང་སོགས་མཛངས་མའི་ཡོན་ཏན་གྱིས་ཕྱུག་ཅིང་། གྲོངས་བའི་ཚེ་ཕུང་པོ་ཚོགས་མགྲོན་དུ་བསྟབས་པའི་སྐབས་སུ་བྱ་རྒོད་ཅིག་གིས་མོ་རང་གི་སྐེད་ཆིངས་དེ་ཉིད་རོ་འདོགས་པའི་ཕུར་བའི་སྐེད་ནས་བཤིག་ཅིང་ལྟེབ་ཆགས་མང་དུ་བྱས་ནས་བཟུང་སྟེ་གནམ་འཕང་བཅད་པ་སོགས་རྟགས་ཁྱད་པར་ཅན་དང་ལྡན་པ་ཟུང་གི་རིགས་ཀྱི་མྱུ་གུ་མིང་སྲིང་བཞིའི་ཐུ་བོ་རུ་བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱའི་ཉག་མ་བདུན་འདས་པ་ཆུ་མོ་བྱ་ཡི་ལོ་སྟེ་སྤྱི་ལོ་(༡༩༣༣)ལོའི་དབྱར་དུས་སུ་དབྱིག་གི་རྐས་རིང་མར་གྲགས་པའི་སྤང་ལྗོངས་ཉམས་དགའ་བ་དེ་རུ་མཚན་དཔེའི་མེ་ཏོག་གི་འདབ་མ་བྱམས་དང་སྙིང་རྗེའི་རྩི་དང་མ་བྲལ་བར་རང་ཅག་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་དཔལ་དུ་མངལ་གྱི་ཆུ་འཛིན་ལས་གྲོལ་བ་ཡིན་ནོ། ། ཚོགས་གཉིས་འོ་མའི་རྒྱ་མཚོ་ལས་བྱུང་བའི། ། མཚན་དཔེའི་ཞལ་རས་མཐོང་གྲོལ་མིག་གི་དཔྱིད། ། བརྩེ་ཆེན་སྙིང་རྗེའི་རྩི་དང་མ་བྲལ་བར། ། འགྲོ་བསོད་ཤར་རིའི་ཕྲག་ནས་ཞིང་འདིར་འཛུམ། ། དེའི་ཚེ་སྐབས་གསུམ་ཡིད་ཀྱི་གྲོང་ཁྱེར་ནས། ། རྣམ་དཀར་ལས་ལ་མོས་པའི་ལྷ་བུ་ཚོས། ། སྟོན་པའི་བསྟན་ལ་སྨན་པའི་སྐྱེས་བུ་ཞིག ། མི་མཇེད་ཞིང་འདིར་འཁྲུངས་ཞེས་སྙན་པ་བསྒྲགས། ། བསྐལ་མང་གོང་ནས་ཚོགས་གཉིས་མཐར་སོན་པས། ། སྐྱེ་འཆིའི་ཆོས་ལས་འདས་པའི་འཕགས་པ་འདིའི། ། མཐའ་མེད་འབྲས་བུའི་ཡོན་ཏན་ཐེག་དཀའ་ཞེས། ། ནོར་འཛིན་བུ་མོས་ངལ་བའི་གདུང་གླུ་ཤོར། ། ལྟེ་མཚལ་དམར་པོའི་ཟེགས་མ་བདུད་རྩིའི་ཆབ། ། རྔམ་པའི་ཧུབ་ཀྱིས་བཞེས་པའི་གསེར་འཛིན་མ། ། དབྱིག་གཞུང་མེ་ཏོག་བཞད་པའི་སྐྱེད་ཚལ་དེར། ། དད་པའི་རྐང་དྲུག་འདི་ཡང་ཐེངས་མང་ཤོར། ། ཞེས་པའང་ཐོལ་བྱུང་དུ་སྨྲས་སོ། ། དེའི་ཚེ་གྲུབ་དགོན་བསྟན་པའི་རྒྱལ་མཚན་གྱི་སྐྱེ་མཐར་གྲགས་པའི་དཔོན་ཚང་ཡོན་ཏན་ཕུན་ཚོགས་མཆོག་བྱོན་ནས་སྐུ་ཁྲུས་གསོལ་ཞིང་། བྱང་ཟང་བྲག་ལྷ་ལྔའི་ཐུགས་གཏེར་གྱི་ཆོས་སྐོར་རྣམས་ལ་བགྲང་བྱ་བཅུ་གསུམ་གྱི་བར་ཏུ་བསྙེན་བསྒྲུབས་མཛད་པའི་སྤྲུལ་བའི་སྐུ་ཡུ་ཤུས་དོན་རིས་ཀྱིས་དཔལ་ལྡན་རྡོ་རྗེ་ཞེས་པའི་མཚན་གྱི་ཅོད་པན་འདི་ཉིད་གསོལ་བར་མཛད་པ་ཡིན་ནོ། །༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ཁོ་བོ་སྐྱེས་པའི་ཚེ། དཔོན་ཚང་ཡོན་རིས་ཞེས་པས་ཁྲུས་བྱས་ཤིང་། བྱང་གཏེར་གྱི་ཆོས་སྐོར་ལ་ལོ་བཅུ་གསུམ་བར་དུ་བསྙེན་ཚད་བཞག་པའི་བླ་མ་ཡུ་ཤུས་དོན་རིས་ཞེས་པ་དེས་དཔལ་ལྡན་རྡོ་རྗེ་ཞེས་པའི་མིང་འདི་བཏགས་པ་རེད། ཕྲན་སྐྱེ་བའི་ལོ་དེར་ངེད་ཚང་ལ་འོ་ཆུར་མར་གསུམ་སོགས་ལོ་གཞན་ལས་ལྷག་པར་འཕེལ་ཞེས་ཟེར་ལ། བདག་ལ་གསལ་བའི་དུས་སུ་ནོར་ནག་བཞི་བརྒྱ་ལྷག་དང་། རྟ་བཅོ་ལྔ་ཙམ་རེ་ཡོད་དར། སྐྱེ་བ་སྔོན་མ་རྣམས་སུ་བླ་མ་དམ་པ་རྣམས་ལ་མཆོད་པ་ཅུང་ཙམ་རེ་ཕུལ་མྱོང་མཁན་ཞིག་ཡིན་ས་རེད། སྔོན་ཆད་ཞེ་ཆེན་ཀོང་སྤྲུལ་ཚང་ཁྲོ་ཤུལ་ཕྱོགས་སུ་ཕེབས་ཚེ་དགེ་རྩེ་ཁྲི་སྐྱབས་ཚང་ཞེས་པའི་ཕྱུག་ཁྱིམ་ཞིག་གི་ནོར་ལ་གཟིགས་ཏེ་ཆུ་མཆོད་བདུན་ཚར་གང་ཙམ་རེ་ཕུལ་བའི་བསོད་ནམས་ཀྱང་འདི་བས་ལྷག་ཅིག་འབྱུང་པ་རེད་ཅེས་གསུངས་ནི་རེད། ང་རང་ལ་རྒྱུ་བསོད་ཅུང་ཡོད་ཀྱང་དེས་ཅི་བྱེད། དེ་བས་ཆོས་བསོད་རེ་ཡོད་ན་དགའ་ཡང་མི་འདུག །ཅེས་ཁོ་བོ་ཅག་ལ་ཞལ་ཏ་ཅི་རིགས་ཕེབས་སོ། །དེ་ནས་བགྲང་བྱ་བཅུ་ཕྲག་ཡས་མས་སུ་གཞོན་ནུའི་རྟུལ་ཞུགས་ཀྱིས་སྐུ་རྩེད་བྱེད་པ་དང་ཕྱུགས་ཀྱི་རྫི་བོར་ཕེབས་པ་སོགས་ཀྱི་མཛད་པ་བསྟན་ཏེ་འདམ་གྱི་སྦུབས་ན་གནས་པའི་པདྨ་བཞིན་དུ་ནང་དུ་སྔོན་སྦྱང་རིགས་ཀྱི་ནུས་པ་སད་ཀྱང་ཕྱི་ཚུལ་ཕལ་བའི་བྱིས་པ་ལྟར་རྩེད་མོ་ལ་དགྱེས་ཤིང་མིང་སྲིང་ཀུན་གྱི་ཐུ་བོ་ཡིན་པས་སྐུ་ན་ཧ་ཅང་ཆུང་དུས་ནས་ཕྱུགས་ལུག་འཚོ་སྐྱོང་གི་སྐུ་ངལ་ཅི་རིགས་གནང་བར་མངོན་ཏེ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ངེད་མིང་སྲིང་ཀུན་ཀྱང་ནོར་ལུག་འཚོ་སྐྱོང་སོགས་ཁྱིམ་ཚང་གི་འཚོ་ཚིས་ལ་ཧ་ཅང་བཟང་དར། བདག་ཆུང་དུས་སུ་ནོར་རྫི་རུ་རྒྱུན་དུ་འགྲོ་དགོས་ནི་རེད། དེའི་ཚེ་རི་སྒང་བརྒྱུད་དེ་འགྲོ་བ་ལས་ལུང་ཁོག་ནས་འགྲོ་དགོས་ན་སྐྲག་ནས་འགྲོ་མི་ཕོད་གི་དེ་དུས་ངས་རྩེ་ར་བྱས་དེ་བརྩིགས་པའི་རྡོ་ཁང་དག་ཀྱང་ད་དུང་འབུད་ཁྲ་ཧྭོའི་(རྗེ་ཉིད་དགུང་གྲངས་ཆུང་ངུའི་དུས་སུ་ཕྱུག་རྫི་སོགས་སུ་ཕེབས་མྱོང་བའི་རང་ཡུལ་གྱི་ས་ཆ་ཞིག)སྒང་ན་ཡོད་གི་ཟེར་གི ཞེས་སོགས་ཞལ་འཕྲོས་སུ་ཕེབས། དེ་ནས་དགུང་གྲངས་བཅུ་གཅིག་བཞེས་པ་ཆུ་མོ་ལུག་གི་ལོར་མ་ཡུམ་མཆོག་ཉིད་གློ་བུར་དུ་དུས་ཀྱི་ཆོས་ཉིད་དུ་གྱུར་ཏེ་དགེ་རྩེ་སྐྱབས་ལོ་ཚང་ཞེས་པའི་ཁྱིམ་གཞིས་དེ་ཉིད་སྟོང་ལྷང་ལྷང་དུ་གྱུར་བའི་འདུས་བྱས་མི་རྟག་པའི་རང་བཞིན་སྐྱོ་དུང་ངེ་བ་ཞིག་ཀྱང་སྐུ་སྟེང་དུ་བབས་ཏེ་མ་ཡུམ་འདས་པའི་ཐུགས་མུག་དང་། ནོར་ལུག་འཚོ་སྐྱོང་གི་ངལ་དུབ་གཉིས་མཉམ་དུ་རོལ་ཞིང་། ལོ་གྲངས་བརྒྱད་དགུ་ཙམ་གྱི་སྐུའི་སྲིང་མོ་གཉིས་ཀ་ཡང་ན་ཚོད་ཧ་ཅང་ཆུང་དྲགས་པས་འབྲི་བཞོས་པའི་འོ་མ་འབྲིའི་འོག་ནས་ཚུར་མི་ཐེག་པས་གཞན་གྱིས་རོགས་བྱེད་དགོས་པ་དང་། ཐབ་ནས་ཇ་སྐོལ་ཚེ་ཁོལ་ཡོད་མེད་མི་ཤེས་པས་ལག་པ་ཐུག་ཚེ་ཚ་དྲོད་ཡོད་ན་གསོལ་བར་མཛད་པ་སོགས་སྐུ་ན་མ་སྨིན་པའི་ལྕམ་སྲིང་བཞི་པོས་བྱམས་ཤིང་བརྩེ་བའི་མ་ཡུམ་དྲིན་མོ་ཆེ་དང་བྲལ་བའི་འཚོ་བ་སྐྱོ་ཆད་དེ་བ་ཞིག་ཉམས་སུ་བཞེས་པའི་སྣང་བརྙན་དག་ཡིད་ཀྱི་མེ་ལོང་གི་ངོས་སུ་ལྷང་ངེར་འཆར་ཚེ། བསམ་བཞིན་དུ་སྐུ་སྐྱེ་བཟུང་བའི་ངེས་དོན་དགེ་བའི་བཤེས་གཉེན་འདི་ལྟ་བུས་ཀྱང་འདུས་བྱས་མི་རྟག་པའི་རང་མཚང་དེ་འདྲ་བདག་གིར་བྱེད་དགོས་ན་རང་ཅག་རྒྱུ་ལས་ཉོན་གྱི་གཞན་དབང་དུ་གྱུར་ཅིང་འབྲས་བུ་སྡུག་བདེན་གྱི་དངོས་པོ་ལ་ལོངས་སུ་སྤྱོད་པའི་གང་ཟག་རྣམས་ཀྱིས་ནི་སྐྱོ་སྡུག་གི་འགག་འཕྲང་རིང་མོ་ཞིག་ཅིས་ཀྱང་བརྒྱུད་དགོས་པར་འདུག་གོ་སྙམ་དུ་སེམས་པའི་འདུ་ཤེས་སྐྱོ་དུང་བ་ངེ་ཞིག་ཀྱང་གློ་བུར་ཏུ་སྐྱེས་སོ། །དེ་ནས་མགོན་པོ་མཆོག་ཉིད་དགུང་གྲངས་བཅུ་བཞི་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱིའི་ལོར་ཀློག་སློབ་པའི་དགེ་རྒན་དམ་པ་སྒོ་སྤེས་ཨོ་རྒྱན་ཆོས་འཕེལ་མཆོག་ཉིད་རང་དགོན་དུ་ཞགས་བརྒྱའི་བསྙེན་མཚམས་ལ་བཞུགས་ཚེ་སྐུ་མདུན་དུ་ཕེབས་ནས་དགུན་རའི་ཚེས་བཅུ་སྐོར་ནས་ན་མཉམ་གྱི་གཞོན་ནུ་འགའ་དང་ལྷན་དུ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་གཉིས་ཀློག་བསླབས་པར་བྱས་ཤིང་། ལོ་ཕྱི་མའི་དཔྱིད་ཟླ་ར་བའི་ནང་དུ་ཐོག་མར་དགོན་པའི་ཚོགས་བཞུགས་གནང་ཚེ་གྲོང་ཆོག་པ་རྒྱུད་མ་བསྡམས་པ་འགའི་སྤྱོད་པས་ཐུགས་སུན་ཅི་རིགས་བྱུང་ཡོད་པར་སྣང་སྟེ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། བདག་ཐོག་མར་དགོན་པའི་ཚོགས་ལ་འདུག་ཚེ་ངེད་ཅག་གྲྭ་ཆུང་རེ་བན་རྒན་རྒས་པ་རེའི་རྩིབ་ནས་བཞག་སྟེ་ཆོ་གའི་ཕྱག་ལེན་གནང་རོགས་བྱས་ཤིང་། བདག་ལ་ཡང་སྒོ་སྤེས་ལུང་རྟོགས་ཀྱིས་ཕྱག་ལེན་མཛད་རོགས་བྱས་ཏེ་ངེད་གཉིས་ཀྱིས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་བཏོན་ནས་ཡོང་སྐབས་དགོན་གྲྭ་ཞུ་བྷེ་ཞེས་པ་དེར་ཡོང་ནས་ཁོང་རྣམ་གཉིས་ཀྱིས་གཏམ་ཉོག་ཏག་ཏག་བཤད་པས་བདག་གིས་ཀྱང་འདོན་པའི་རྒྱུན་ཆད་པས་ཆོ་ག་ཆོས་སྤྱོད་ཀྱི་སྐབས་སུ་ངག་འཁྱལ་སྨྲ་བའི་སྤྱོད་ངན་རྒྱུན་འབྱམས་སུ་སོང་བ་འདི་ཤིན་ཏུ་མི་ལེགས་པར་འདུག །ཅེས་དང་། ཡང་སྐོར་ཞིག་ཚེས་བཅུ་ཞིག་གི་སྐབས་སུ་བདག་ལ་ནི་ཐེར་གཟན་ཐེར་ཤམ་སོགས་གྱོན་པ་ལེགས་པོ་མེད་པས་ངོ་ཚ་ནས་མགོན་ཁང་ནང་དུ་བསྡད་ཀྱང་དགེ་སྐོས་ངག་ཆོས་ཟེར་བ་དེ་འོང་ནས་སྡིགས་མོ་དང་བཅས་མར་ཚོགས་མང་གྲལ་ལ་དེད་ཐལ། ཡང་འདུ་ཁང་ཕུག་གི་མི་མང་པོའི་མིག་ལམ་དུ་མི་བརྒྱུད་པའི་རྩ་གྲལ་གྱི་ནང་དུ་བསྡད་ཀྱང་དགེ་སྐོས་གཅོད་ལི་ཟེར་བ་དེ་འོང་ནས་ཡང་སྡིགས་མོ་དང་བཅས་རྔ་གྲལ་གྱི་ནང་དུ་དེད་ཐལ། དམན་སྡང་གི་བྱ་བ་འདིས་ཉམས་ཆུང་དག་ཧ་ཅང་སྡུག་ལ་གཏད་དར། ཞེས་སོགས་ཞལ་འཕྲོས་སུ་ཕེབས། དེ་ནས་ཕྱིར་རང་ཁྱིམ་དུ་ཕེབས་ནས་ཕྱུགས་ལུག་འཚོ་སྐྱོང་གི་ཞོར་ཏུ་བླ་མ་གསང་བ་འདུས་པ། ཡིད་དམ་དཀོན་མཆོག་སྤྱི་འདུས། ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་རྣམས་དང་། གསོལ་འདེབས་ལེའུ་བདུན་མ་སོགས་དགོན་གནས་རང་གི་ཆོས་སྤྱོད་ཀྱི་རིམ་པའི་ཕྱག་དཔེ་གང་རྙེད་རྣམས་བརྩོན་འགྲུས་ཆེན་པོས་ཐུགས་འཛིན་མཛད་པར་བྱས་ཏེ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། རྗེས་སུ་བདག་ཕྱིར་རང་ཁྱིམ་དུ་འོང་ནས་ནོར་ལུག་གི་རྫི་བོ་བྱེད་ཞོར་ཏུ་གསང་འདུས། སྤྱི་འདུས། རྒྱུན་གསོལ། བསྟན་སྲུང་ཡོངས་རྫོགས་ཕལ་ཆེར་དང་། ཆོས་སྤྱོད་དག་གི་ཡི་གེ་གང་ལོན་རྣམས་འབད་རྩོལ་ཆེན་པོས་བློར་བཟུང་བ་ཡིན། བདག་ལ་བརྩོན་འགྲུས་མི་དམན་པ་ཞིག་ཡོད་དར། ཞེས་སོགས་ཞལ་འཕྲོས་སུ་ཕེབས་སོ། ། ཚེ་རབས་སྔོན་ནས་བསགས་པའི་བསོད་ནམས་ཀྱིས། ། ཚེ་འདིའི་སྐུ་སྐྱེ་བཟུང་ནས་ད་ལྟའི་བར། ། ཚེ་གཅིག་རྒྱུ་དང་འབྱོར་བས་མ་བཏང་ཞེས། ། བདེན་གསུང་ཚངས་པའི་དབྱངས་སྙན་དུས་སུ་བསྒྲགས། ། བརྩེ་བའི་མ་ལོས་ཕྱི་མའི་ལམ་ཆེན་འགྲིམས། ། གཅེས་པའི་མིང་སྲིང་སྲིད་པའི་གྲོང་དུ་བསྐྱུར། ། འདུ་འབྲལ་སྒྱུ་མའི་བུ་མོའི་གར་སྟབས་འདིས། ། མགོན་པོ་མཆོག་ཀྱང་ཐུགས་སྐྱོའི་ཀློང་དུ་འཕྱན། ། ཡི་གེའི་ཕྱི་མོ་ཀློག་པའི་དུས་ཚིགས་རེར། ། གཞོན་ནུ་དགྱེས་པའི་རྩེད་མོ་མ་བྱས་པར། ། ཨ་མ་ཞིང་འདིར་མེད་པའི་ཐུགས་སྐྱོ་དེས། ། བརྩོན་པའི་གོ་ཆ་བགོ་བའི་རྟུལ་ཞུགས་བཟུང་། ། ནར་མ་སོན་པའི་མིང་སྲིང་བཞི་པོ་དེས། ། སྲིད་པའི་ཞིང་འདིར་མྱོང་བའི་སྐྱོ་གར་དེ། ། དྲན་པའི་མེ་ལོང་ངོས་སུ་འཆར་བའི་ཚེ། ། འདུས་བྱས་སྲིད་པའི་ཆོས་ལ་འཁུན་པ་ཤོར། ། ཞེས་པའང་སྐབས་བསྡུ་བའི་ཚིགས་བཅད་དོ། ། ངེས་དོན་དགེ་བའི་བཤེས་གཉེན་མགོ་ཚྭ་༧མཁན་ཆེན་དཔལ་ལྡན་རྡོ་རྗེའི་རྣམ་པར་ཐར་བ་མདོ་ཙམ་བཀོད་པ་མཚུངས་མེད་རྗེ་བཙུན་བླ་མའི་ཞལ་ལུང་ལས་སྐུ་འཁྲུངས་ནས་གཞོན་ནུའི་མཛད་པ་བསྐྱངས་ཚུལ་གྱི་སྐོར་དེ་རེ་ཞིག་རྫོགས་པར་བྱས་སོ།། །། |