སྨིན་གྲོལ་མན་ངག་གི་བླ་མ་བརྒྱུད་པའི་རིམ་པ་བསྟན་པ།

༈ གསུམ་པ་སྨིན་གྲོལ་མན་ངག་གི་བླ་མ་བརྒྱུད་པའི་རིམ་པ་ནི། གཏེར་སྟོན་ཆེན་པོ་ཉིད་ཀྱི་ཐུགས་སྲས་ཆོས་བདག་པདྨ་གསལ་སྟོང་ངམ་ཡོངས་གྲགས་རས་པ་གསལ་སྟོབས་སུ་འབོད་པས་མཛད་པའི་གསན་ཡིག་ཏུ་བླ་མ་བརྒྱུད་པའི་རིམ་པ་བཀོད་པ་ལྟར་ན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མཁར་ཆུ་དཔལ་གྱི་དབང་ཕྱུག །ལོ་ཙཱ་ཡེ་ཤེས་དབྱངས། རིག་འཛིན་ལུང་རིག་གླིང་པ། སྤྲུལ་པའི་སྐུ་ས་ར་ཧི་ཏ་ཞེས་ཡོངས་འཛིན་དམ་པ་གང་དེའི་ཐུགས་བསྐྱེད་སྐྱ་རེངས་ཀྱི་བདུད་རྩིའི་ཆབ་ཀྱིས་དབང་ལུང་བདག་ཅག་རྣམས་ལ་གནང་། ཞེས་གསུངས་པ་ལྟར་དང་། ཆོས་བདག་པདྨ་གསལ་སྟོང་གིས་རིགས་སྲས་གཡུ་རོང་བླ་མ་བཀྲ་ཤིས་བསྟན་འཛིན་ལ་གནང་། དེས་བསྟན་པ་ཡང་དར་གྱི་སྐབས་ཆུ་དབར་ཏཱ་རེའི་གནས་སུ་ཧོར་བླ་གཞན་ཕན་པའི་རྣམ་སྤྲུལ་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེ་ལ་དབང་ལུང་ཡོངས་རྫོགས་བསྩལ། མཆོག་སྤྲུལ་རྟ་ཁྱུང་རིན་པོ་ཆེས་རིམ་པ་བཞིན་ཆུ་དབར་ཏཱ་རེའི་གནས་དང་། ཡ་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་། གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་། གཡུ་རོང་བསྐོས་ལེགས་དགོན་ཚོགས་གཉིས་གོང་འཕེལ་གླིང་རྣམས་སུ་འདུས་པའི་སྡེ་དུ་མར་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་མན་ངག་ལན་གྲངས་བཞི་ལ་སྤེལ་བར་མཛད་དོ།།