༢ གསོལ་འདེབས་ཡན་ལག་བདུན་པ།

༈ ན་མོ་གུ་རུ་བྷྱཿ འདི་ཕྱིའི་སྐྱབས་གནས་བླ་མ་རྗེ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ། །བྱིན་རླབས་མཆོག་སྩོལ་མཁའ་འགྲོ་མ། །མི་འབྲལ་སྤྱི་གཙུག་རྒྱན་དུ་བཞུགས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ལུས་ངག་ཡིད་གསུམ་རབ་དྭངས་པས། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཐུགས་རྗེས་དགོངས་ཤིང་བྱིན་གྱིས་རློབས། །སྣང་སྲིད་སྣོད་བཅུད་ཞིང་ཁམས་ན། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །མཐའ་ཡས་རབ་འབྱམས་ཀུན་གྱིས་མཆོད། །རླབས་ཆེན་ཚོགས་གཉིས་རྫོགས་པར་གསོལ། །མ་རིག་ཉོན་མོངས་དབང་གྱུར་པས། །འགལ་འཁྲུལ་ཉམས་ཆག་ཉེས་ལྟུང་ཀུན། །སྒྱུ་མ་ཙམ་དུ་བཤགས་པར་བགྱི། །འཁོར་བའི་བག་ཆགས་སྦྱང་དུ་གསོལ། །རང་གཞན་ཀུན་གྱིས་དུས་ཀུན་(༦)ཏུ། །བསགས་པའི་དགེ་བ་རྒྱ་མཚོ་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །དགེ་ཚོགས་གོང་འཕེལ་མཛད་དུ་གསོལ། །འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །ཐེག་པ་སྣ་ཚོགས་ཆོས་ཀྱི་སྒོ། །དཔག་མེད་འཁོར་ལོ་བསྐོར་དུ་གསོལ། །རྟག་ཏུ་ཆོས་དང་མི་འབྲལ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་པར། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །མྱ་ངན་མི་འདའ་བཞུགས་པར་གསོལ། །དོན་གཉིས་རྫོགས་པར་མཛད་དུ་གསོལ། །བདག་གི་དུས་གསུམ་དགེ་བ་ཡིས། །འགྲོ་དྲུག་ཐར་པའི་ལམ་ཞུགས་ཏེ། །ཉིན་མཚན་ཆོས་ཀྱིས་འདའ་བར་ཤོག །བྱང་ཆུབ་རྒྱ་མཚོ་མཐའ་ཡས་ཤོག །འཁོར་བའི་གནས་ན་བདེ་བ་མེད། །སྡུག་བསྔལ་ཆུ་བོའི་གཉེར་མ་འདྲ། །ད་རེས་ཐུགས་རྗེའི་གྲུ་ཆེན་གྱིས། །སྲིད་པའི་མཚོ་ལས་བསྒྲལ་བར་ཤོག །འཁྲུལ་སྣང་ལས་ལ་ཟིན་པ་མེད། །དོན་ཆུང་བྱིས་པའི་རྩེད་མོ་འདྲ། །ད་རེས་ཐུགས་རྗེའི་ཕྱག་བརྐྱངས་ཏེ། །ཐར་ལམ་ཟིན་པར་མཛད་དུ་གསོལ། །ཞི་བ་མྱང་འདས་ཐར་པའི་གླིང་། །དེད་དཔོན་རིན་ཆེན་རྙེད་པ་འདྲ། །ད་རེས་གནས་ལུགས་གདོད་མའི་ངང་། །བཙན་ས་ཟིན་པར་མཛད་དུ་གསོལ། །གསོལ་འདེབས་ཡན་ལག་བདུན་པ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ལྷུན་གྲུབ་གླིང་གི་དབེན་གནས་སུ་སྦྱར་བའོ།། །།