ཟབ་ལམ་ཐུགས་རྗེ་ཆེན་པོའི་དབང་ཆོག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་དབང་ཆོག་བཞུགས༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་འགྲོ་བའི་སྐྱབས༔ ཟབ་ལམ་གསང་བའི་དབང་ཆོག་ཞིག༔ རིག་འཛིན་པདྨ་བདག་གིས་བྲི༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཡཱ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་ཐུན་མོང་ཁྱད་པར་གསུམ༔ དངོས་གཞི་དབང་དོན་རྣམ་པ་བཞི༔ རྗེས་ཆོག་ལས་རིམ་བདུན་དང་བཅས༔ སྐལ་ལྡན་གྲོལ་བའི་ཆོ་ག་རྫོགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུན་མོང་དག་གི་སྔོན་འགྲོ་ནི༔ ས་ཆོག་དཀྱིལ་འཁོར་རང་གཞུང་བཞིན༔ དཀྱིལ་འཁོར་དབུས་སུ་ཁྲིའུ་ཁར༔ བུམ་པ་མཚན་ལྡན་མགུལ་ཆིངས་དམར༔ ཁ་རྒྱན་གཟུངས་ཐག་དྲི་བཟང་ཆུས༔ སུམ་ཆ་བཀང་བ་དགོད་པར་བྱ༔ ལྷ་གྲངས་མཉམ་པའི་ཙཀ་ལི་དང་༔ ཡབ་ཡུམ་སྦྱོར་བའི་བྱང་སེམས་དང་༔ ཀ་ར་བུ་རམ་ཛ་གད་སྦྱར༔ ཐོད་པ་མཚན་ལྡན་ནང་དུ་བླུགས༔ དར་དམར་ཁ་བཀབ་ནུབ་ཏུ་བཞག༔ དབང་གི་རིག་མ་སྟ་གོན་བྱ༔ རྡོ་རྗེ་སེམས་དཔའི་མེ་ལོང་ཞིག༔ དཀྱིལ་འཁོར་དེ་ཡི་ཤར་དུ་འགོད༔ ཚེ་བུམ་ཚེ་ཆང་ཚེ་རིལ་དང་༔ རྒྱན་ལྡན་དབང་གི་གཏོར་མ་རྣམས༔ ཕྱོགས་མཚམས་ཀུན་ཏུ་མཛེས་པར་འགོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐུན་མོང་མ་ཡིན་པའི༔ སྔོན་དུ་འགྲོ་བའི་རིམ་པ་ནི༔ སློབ་དཔོན་དབང་གི་སྟ་གོན་ཏེ༔ ལས་བྱང་གཞུང་བསྲང་བདག་མདུན་བུམ༔ སྟོང་ཉིད་ངང་ནས་ལྷར་གསལ་ཞིང་༔ ཁྲི་སྟོང་བསྙེན་པས་ཁ་གསོ་སྟེ༔ ཏིང་འཛིན་ངང་ནས་དབང་བཞི་བླང་༔ སློབ་མ་འཇུག་པའི་གསོལ་བ་གདབ༔ འགྲོ་བའི་དོན་མཛད་སྤྱན་རས་གཟིགས༔ འཁོར་བ་དོང་ནས་སྤྲུག་པའི་ཕྱིར༔ སྐལ་ལྡན་སློབ་མ་གྲོལ་བའི་ལམ༔ སྨིན་བྱེད་དབང་གི་སྒོ་དབྱེ་འཚལ༔ གཙོ་བོའི་གནང་བ་ཐོབ་པར་བསམས༔ མཎྜལ་ཕུལ་ནས་དགེ་བ་བསྔོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁྱད་པར་སྔོན་འགྲོ་ནི༔ སྣོད་ལྡན་སློབ་མས་ལག་གཡོན་ཐོགས༔ ཕོ་བྲང་ཤར་གྱི་སྒོ་དྲུང་ནས༔ སྒོ་བར་གསོལ་འདེབས་འདི་སྐད་བརྗོད༔ ཧཱུྃ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཕོ་བྲང་གཉན་པོའི་སྒོ་བཞིའི་བདག༔ རྒྱལ་བའི་འཕྲིན་ལས་ཐུགས་རྗེའི་འཕྲུལ༔ བདག་ཅག་བླ་མ་ལྷ་དང་སྤྲོད༔ དབང་གི་དངོས་གྲུབ་བདག་ལ་སྩོལ༔ ཅེས་ཞུ་སྒོ་བས་ནང་དུ་བཏང་༔ ཁྲུས་ནས་ཕྱུངས་ཤིང་གདོན་བགེགས་བསྐྲད༔ གུ་གུལ་བདུག་ཅིང་དྲག་སྔགས་བཟླ༔ དཀར་ནག་ཡུངས་སོགས་ཐུན་གྱིས་བྲབ༔ མཚམས་གཅོད་བསྲུང་འཁོར་དྲག་ཏུ་སྒོམ༔ མཎྜལ་དབུལ་ཞིང་ལག་གཡོན་ཐོགས༔ གསོལ་བ་འདེབས་པ་འདི་སྐད་དོ༔ འཕགས་པ་ཐུགས་རྗེའི་དབང་ཕྱུག་ཆེ༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ ཟབ་ལམ་གསང་བའི་དབང་སྐུར་རྣམས༔ བདག་ལ་ཐུགས་རྗེས་འཛིན་པར་ཞུ༔ ལན་དུ་བླ་མས་འདི་སྐད་བརྗོད༔ ཀྱེ་ཧོ་སྐལ་ལྡན་བུ་རྣམས་ཉོན༔ ཁྱེད་རྣམས་འཇུག་པར་སྤྲོ་ལགས་ན༔ དམ་ཚིག་རིམ་པར་བསྲུང་ནུས་སམ༔ བཀའ་བཞིན་རྗེས་སུ་བསྒྲུབ་ནུས་སམ༔ ཞེས་དྲི་ལན་དུ་འདི་སྐད་ཞུ༔ ཨེ་མ་བླ་མ་ཆོས་ཀྱི་རྗེ༔ གསང་བའི་དམ་ཚིག་བཀའ་བཞིན་བསྲུང་༔ སྲོག་ལ་བབས་ཀྱང་མི་གཏོང་ཞིང་༔ བསྙེན་ཅིང་སྒྲུབ་པར་དམ་བཅའོ༔ ཞེས་ཞུ་རྡོ་རྗེ་སློབ་དཔོན་གྱིས༔ དམ་ཚིག་ཆུ་སྦྱིན་འདི་སྐད་དོ༔ ཧཱུྃ༔ འདི་ནི་དམ་ཚིག་ཡེ་ཤེས་ཆུ༔ བསྲུང་ན་ལྷ་དང་གཉིས་སུ་མེད༔ ཉམས་ན་དམྱལ་བར་ལྟུང་བའི་རྒྱུ༔ སྐལ་ལྡན་བུ་རྣམས་དམ་ཆུ་ལོངས༔ ཨཱོཾ་ཨཱཿཧཱུྃ་བཛྲ་ས་མ་ཡཱ་ཧཱུྃ༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཧོ༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་སློབ་དཔོན་ང་ཡིན་པས༔ ང་ཡིས་ཇི་ལྟར་བསྒོ་བའི་བཀའ༔ ཁྱོད་ཀྱིས་འདའ་བར་མི་རུང་ངོ་༔ ཅེས་བརྗོད་རྡོ་རྗེ་སྤྱི་བོར་བཞག༔ ཕོ་གཡས་མོ་གཡོན་དཔུང་པ་ལ༔ རྩ་སྔགས་བཏབ་པའི་དཔུང་སྐུད་དཀྲི༔ ཧཱུྃ༔ འདི་ནི་བླ་མེད་གསང་བའི་མཆོག༔ རྡོ་རྗེའི་མདུད་པས་རྒྱས་བཏབ་པས༔ བུ་ཁྱོད་བྱང་ཆུབ་མ་ཐོབ་བར༔ བར་གཅོད་གཡུལ་ལས་རྒྱལ་བར་ཤོག༔ ཨཱོཾ་བཛྲ་རཀྵ་ཧཱུྃ༔ མིག་དར་དམར་པོ་སློབ་མར་བཅིངས༔ པྲ་རྟགས་ཚོམ་བུར་སོ་ཤིང་འདོར༔ ཧཱུྃ༔ བྱང་ཆུབ་ཤིང་མཆོག་སོ་ཤིང་འདི༔ ལས་བཞིའི་ཕྲིན་ལས་རབ་འབྱམས་ལ༔ སྔོན་ནས་འབྲེལ་བ་གང་ཆེ་བའི༔ དཀྱིལ་འཁོར་ལྷ་ལ་འབབ་པར་ཤོག༔ པྲ་ཏི་གྷྲི་ཧ་ན་ཧོ༔ རྩ་བ་རང་བསྟན་སྐྱོར་བར་བྱ༔ ངན་ན་སྦྱིན་སྲེག་བསྐང་བཤགས་འབུངས༔ ཕྱོགས་བཞིར་ལས་བཞི་འཕྲིན་ལས་བཞི༔ གང་ལ་ཕོག་པའི་ཡི་དམ་ལྷ༔ བསྐྱེད་རྫོགས་བཟླས་ལུང་འབོགས་པར་བྱ༔ ཀུ་ཤ་སྦྱིན་ཞིང་འདི་སྐད་དོ༔ ཧཱུྃ༔ འདི་ནི་བྱང་ཆུབ་མཆོག་གི་རྩྭ༔ ཁྱོད་ཀྱི་སྔས་དང་གདན་དུ་སྦྱིན༔ རྨི་ལམ་པྲ་རྟགས་གང་བྱུང་བ༔ ནང་པར་བདག་ལ་ཚུལ་བཞིན་སྨྲོས༔ ཨཱོཾ་ཨཱཿཧཱུྃ༔ ཞེས་བརྗོད་སྦྱིན་པར་བྱ༔ རྨི་ལམ་བཟང་ངན་རིམ་པར་དབྱེ༔ གཞུང་མཐུན་བཞིན་དུ་ཞལ་བཀོད་གདབ༔ ངན་ན་རིམ་གྲོ་སྤོང་དག་སོགས༔ སོ་སོར་ཞལ་བཀོད་གསལ་བར་སྦྱིན༔ མེ་ཏོག་ཐོགས་ཏེ་འདི་སྐད་དོ༔ ཧཱུྃ༔ འདབ་ལྡན་ཡིད་འོང་རིན་ཆེན་རིགས༔ མེ་ཏོག་ཕྲེང་བའི་མཆོད་པ་འདི༔ ཚེ་རབས་སྔོན་གྱི་ཡི་དམ་ལྷ༔ གང་ཡིན་དེ་ལ་འབབ་པར་ཤོག༔ ཨཱོཾ་བཛྲ་པུཥྤེ་སིདྡྷི་ཧཱུྃ༔ ཕྱོགས་བཞིར་ལས་བཞི་དབུས་སུ་མཆོག༔ མཚམས་བཞིར་ཕྲན་ཚེགས་འགྲུབ་བོ་བརྗོད༔ གསང་མཚན་བཛྲ་རཏྣ་དང་༔ པདྨ་ཀརྨ་བུདྡྷ་སོགས༔ མེ་ཏོག་གང་ལ་ཕོག་པ་ཡི༔ མྱུ་གུ་རྩལ་ཞེས་སྦྱར་ཏེ་འདོགས༔ མོ་ལ་རྡོ་རྗེ་རིན་ཆེན་དང་༔ མེ་ཏོག་འཕྲིན་ལས་རང་གྲོལ་མ༔ དེ་ནས་ཅོད་པན་སྤྱི་བོར་གདགས༔ ཧཱུྃ༔ ཅོད་པན་ལོངས་སྤྱོད་རྟགས་ཀྱི་རྒྱ༔ གསང་མཚན་རིགས་མཆོག་མྱུ་གུ་རྩལ༔ ཞིང་ཁམས་བདེ་ཆེན་ཆོས་དབྱིངས་ན༔ མངོན་རྫོགས་སངས་རྒྱས་དབང་ཐོབ་ཤོག༔ ཅེས་བརྗོད་ཐུར་མས་མིག་དབྱེ་ཞིང་༔ ཧཱུྃ༔ བྱང་ཆུབ་རིག་པའི་ཐུར་མ་འདིས༔ ཁྱོད་ཀྱི་མ་རིག་གཏི་མུག་མིག༔ བདག་གིས་མིག་དབྱེ་ཡེ་ཤེས་སྦྱིན༔ ཡེ་ཤེས་ལྔ་ཡི་སྤྱན་ལྡན་ཤོག༔ ཙཀྵུ་ཛྙཱ་ན་བཛྲ་ཧཱུྃ༔ དེ་ནས་བུ་ལ་བསྐྱེད་རིམ་འབོགས༔ ཡེ་ཤེས་སེམས་དཔའ་དབབ་ཅིང་བསྟིམ༔ རོལ་མོ་འཁྲོལ་ཞིང་དྲི་བཟང་བདུག༔ མེ་ཏོག་འཐོར་ཞིང་བརྟན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་དོན་རྣམ་བཞི་ལས༔ དང་པོ་སྤྲོས་བཅས་བུམ་དབང་དོན༔ རིན་པོ་ཆེ་ཡི་མཎྜལ་དབུལ༔ གསོལ་བ་འདེབས་པ་འདི་སྐད་བརྗོད༔ ཧོ༔ བདེ་གཤེགས་རྒྱལ་བ་བཅོམ་ལྡན་འདས༔ བསྐྱེད་རིམ་སྣང་སྟོང་ཕྱག་རྒྱའི་སྐུ༔ སྤྲོས་བཅས་སྐུ་ཡི་བུམ་དབང་མཆོག༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ བུམ་པ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་བུམ་པའི་གཞལ་ཡས་ན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ འཁོར་བ་དོང་ནས་སྤྲུགས་པའི་ལྷ༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས༔ སྣང་སྟོང་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་བྷུདྡྷ་གུ་རུ་དྷེ་ཝ་དྷཀྐི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་ངོས་སུ་གཙོ་བོའི་སྐུ༔ བསྟན་ཅིང་སློབ་མའི་སྤྱི་བོར་བཞག༔ ཧཱུྃ༔ བུ་ཁྱོད་མ་ཡེངས་ལྷ་རུ་གསལ༔ སྣང་ལ་སྟོང་པ་མ་འགགས་པ༔ གསལ་ལ་འཛིན་པ་མེད་པ་སྟེ༔ མེ་ལོང་གཟུགས་བརྙན་སྟོང་གསལ་ཚུལ༔ ཏིང་འཛིན་ལྷ་ཡི་རྣལ་འབྱོར་དང་༔ འབྲལ་མེད་རྒྱུན་གྱི་དབང་ཐོབ་ཤོག༔ ཛྙཱ་ན་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཙོ་བོ་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་བས༔ སྣང་སྟོང་འགྱུར་བ་མེད་པ་སྐུའི་དབང་མཆོག་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་དོ༔ རིགས་བདག་གི་སྐུ་ཐོགས་ལ༔ ཧཱུྃ༔ སྣང་བ་མཐའ་ཡས་འོད་དཔག་མེད་པའི་སྐུ༔ རིགས་ཀྱི་བདག་པོ་བཅོམ་ལྡན་ལྷ་ཡི་ལྷ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆོས་སྐུ་རིགས་ཀྱི་བདག་པོའི་དབང་ཐོབ་ཤོག༔ ཨཱོཾ་ཨ་མི་དྷེ་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ ཞེ་སྡང་རང་གྲོལ་མེ་ལོང་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལོང་ལྟ་བུའི་ཡེ་ཤེས་དབང་ཐོབ་ཤོག༔ བཛྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ ང་རྒྱལ་རང་གྲོལ་མཉམ་ཉིད་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དབང་ཐོབ་ཤོག༔ རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ པདྨ་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ འདོད་ཆགས་རང་གྲོལ་སོར་རྟོགས་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སོ་སོར་རྟོགས་པའི་ཡེ་ཤེས་དབང་ཐོབ་ཤོག༔ པདྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ལས་ཀྱི་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ ཕྲག་དོག་རང་གྲོལ་བྱ་གྲུབ་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱ་བ་གྲུབ་པའི་ཡེ་ཤེས་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་མ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ ཤར་གྱི་སྒོ་མ་སེང་གདོང་ལྕགས་ཀྱུ་དཀར༔ ལྷོ་ཡི་སྒོ་མ་ཕག་གདོང་ཞགས་པ་སེར༔ ནུབ་ཀྱི་སྒོ་མ་སྟག་གདོང་ལྕགས་སྒྲོག་དམར༔ བྱང་གི་སྒོ་མ་སྦྲུལ་གདོང་དྲིལ་བུ་ལྗང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཕྲིན་ལས་སྒོ་མ་བཞི་ཡི་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ཡིས་དབང་བསྐུར་བས༔ རྒྱལ་བ་ཐམས་ཅད་ཀྱི་སྐུའི་དབང་ཡོངས་རྫོགས་སུ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་བུམ་ཆུ་བླུད་ཅིང་རྒྱས་ཀྱང་གདབ༔ ལྷ་བསྒོམ་སྔགས་བཟླས་དམ་ཚིག་བཟུང་སྟེ་བསྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་དོན་གཉིས་པ་ལས༔ སྤྲོས་མེད་ནང་གི་གསང་དབང་དོན༔ རང་གི་ལུས་ངག་མཎྜལ་དབུལ༔ གསོལ་བ་གདབ་པ་འདི་སྐད་དོ༔ ཧོ༔ བདེ་བ་ཆེན་པོ་བླ་མའི་སྐུ༔ བདག་ཅག་བདེ་ཆེན་མཆོག་ཐོབ་ཕྱིར༔ སྤྲོས་མེད་ནང་གི་གསང་དབང་ཞིག༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ མཚན་ལྡན་མུ་དྲ་བླ་མས་ཐོགས༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བའི་ཡུམ་མཆོག་ཆེ༔ བདེ་བ་ཆེན་པོ་མི་འགྱུར་སྐུ་ཡི་དབང་༔ རིགས་ཀྱི་བུ་ལ་དབང་མཆོག་འདི་བསྐུར་བས༔ སྤྲོས་མེད་གསང་བ་སྐུ་ཡི་དབང་ཐོབ་ཤོག༔ མུ་དྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མཚན་ལྡན་ཀྱི་ཞབས་སློབ་མའི་སྤྱི་བོར་བླང་༔ བྱང་སེམས་ཐོད་པའི་ཆང་སྦྱིན་ལ༔ ཧཱུྃ༔ རང་བྱུང་སྣོད་དུ་བྱང་སེམས་བཅུད་ཀྱིས་གཏམས༔ བདེ་བ་ཆེན་པོ་མི་འགྱུར་གསུང་གི་དབང་༔ རིགས་ཀྱི་བུ་ལ་དབང་མཆོག་འདི་བསྐུར་བས༔ སྤྲོས་མེད་རང་བྱུང་གསུང་གི་དབང་ཐོབ་ཤོག༔ མུ་དྲ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་བཞག་ཅིང་ངག་ཏུ་བླུད༔ མཚན་ལྡན་བྷ་ག་སློབ་མར་བསྟན༔ ཧཱུྃ༔ མཚན་ལྡན་གསང་བའི་བྷ་ག་འདི༔ ཆོས་དབྱིངས་ཕོ་བྲང་ཨེ་ཡི་ཆ༔ སངས་རྒྱས་ཀུན་འདུས་ཟ་མ་ཏོག༔ འདི་ཁྱེར་མཆོག་གི་དངོས་གྲུབ་སྤྱོད༔ བདེ་བ་ཆེན་པོའི་རང་ཞལ་ལྟོས༔ སྤྲོས་མེད་ཐུགས་ཀྱི་དབང་ཐོབ་ཤོག༔ མུ་དྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་བ་ཐམས་ཅད་ཀྱི་གསུང་བདེ་བ་ཆེན་པོའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག༔ རིག་མར་སྤྱོད་ཅིང་བྱང་སེམས་དབབ༔ བདེ་བ་ངོས་བཟུང་དགའ་བཞི་སྤེལ༔ བུད་མེད་སྤང་བར་མི་བྱ་བསྟེན༔ བྱང་སེམས་ཉམས་ན་སྲེག་ཏ་རེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་དོན་གསུམ་པ་ལས༔ ཤིན་ཏུ་སྤྲོས་མེད་དབང་གི་དོན༔ ཀ་དག་སེམས་ཀྱི་མཎྜལ་འབུལ༔ གསོལ་བ་འདེབས་པ་འདི་སྐད་དོ༔ ཧོ༔ བླ་མ་ཆོས་སྐུ་སྤྲོས་བྲལ་སྐུ༔ སྤྲོས་མེད་ཤེས་རབ་ཡེ་ཤེས་མཆོག༔ བརྗོད་མེད་ཡང་དག་དོན་གྱི་དབང་༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ བླ་མས་མེ་ལོང་ཐོགས་ཏེ༔ ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་རྣམ་དག་ཞིང་༔ ཤིན་ཏུ་སྤྲོས་མེད་སྐུ་ཡི་དབང་༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡང་དག་སྤྲོས་བྲལ་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་རྡོ་ཐོགས་ཏེ༔ ཧཱུྃ༔ མདངས་གསལ་མ་འགགས་ཅིར་ཡང་སྣང་༔ དབྱིངས་རིག་ཡེ་ཤེས་ལུ་གུ་རྒྱུད༔ ཉམས་རྟོགས་རིག་པ་ཚད་ཕེབས་ནས༔ ཆོས་ཉིད་ཟད་པའི་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སློབ་མས་ཆོས་བདུན་བཅའ༔ བླ་མས་ཐོད་རྔ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ མ་ཡེངས་བུ་ཁྱོད་ལེགས་པར་ཉོན༔ མ་སྐྱེས་མི་འགག་རང་རིག་སེམས༔ སྤྲོས་མེད་ཡང་དག་དེ་བཞིན་ཉིད༔ འདི་ནི་རང་རིག་ཡེ་ཤེས་ཆེ༔ མ་ནོར་མ་བཅོས་ཆོས་ཀྱི་སྐུ༔ རང་ཞལ་ལྟོས་ལ་རང་ངོར་སྐྱོང་༔ དགེ་སྡིག་འཛིན་པའི་གཟེབ་ལས་གྲོལ༔ རེ་དོགས་བག་ཆགས་དབྱིངས་སུ་ཟད༔ མཚོན་མེད་དཔེ་བརྗོད་བྲལ་བ་འདི༔ ཡི་དམ་ཐུགས་རྗེ་ཆེན་པོ་སྟེ༔ ལོགས་ནས་བསྒོམ་ཞིང་སྒྲུབ་ཏུ་མེད༔ དེ་ཕྱིར་སྐལ་ལྡན་བུ་ཁྱོད་ཀྱིས༔ སྐྱེ་བ་མེད་པའི་དོན་འདི་ཆོངས༔ གནས་པ་མེད་པའི་ངང་དུ་སྐྱོངས༔ འགག་མེད་རང་གྲོལ་སྤྱོད་པ་སྤྱོད༔ སྤྲོས་བྲལ་མཆོག་གི་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་བ་ཐམས་ཅད་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག །༔ ཅེས་བརྗོད་རང་རིག་ངོ་སྤྲོད་གདབ༔ ཁྲེགས་ཆོད་བསྒོམ་ཞིང་ཐོད་རྒལ་སྐྱོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་དོན་བཞི་པ་ལས༔ ཡོན་ཏན་ཚེ་ཡི་དབང་བསྐུར་དོན༔ མཎྜལ་གྷ་ནའི་འཁོར་ལོ་བསྐོར༔ གསོལ་བ་འདེབས་པ་འདི་སྐད་དོ༔ ཧོ༔ བླ་མ་སྐུ་བཞི་ཡེ་ཤེས་བདག༔ མི་འགྱུར་སྲ་བརྟན་ཡེ་ཤེས་ཆེ༔ ཡོན་ཏན་ཀུན་རྫོགས་ཚེ་ཡི་དབང་༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ བླ་མས་ཚེ་བུམ་ཐོགས་ཏེ༔ ཧཱུྃ༔ བུམ་པའི་རང་བཞིན་ཚེ་དཔག་མེད༔ འཁོར་འདས་ཀུན་གྱི་བཅུད་གྱིས་གཏམས༔ ཁྱོད་ཀྱི་ལུས་ལ་དབང་བསྐུར་བས༔ སྐུ་ཡི་ཚེ་དབང་ཐོབ་པར་ཤོག༔ ཛྙཱ་ན་ཚེ་བྷྲཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་ཆང་མགྲིན་པར་བཞག་སྟེ༔ ཧཱུྃ༔ རིན་ཆེན་སྣོད་ཀྱི་ཟ་མ་ཏོག༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་གཏམས༔ ཁྱོད་ཀྱི་ངག་ལ་དབང་བསྐུར་བས༔ གསུང་གི་ཚེ་དབང་ཐོབ་པར་ཤོག༔ ཛྙཱ་ན་ཚེ་བྷྲཱུྃ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་སྙིང་གར་བཞག་ལ༔ ཧཱུྃ༔ བྷྲཱུྃ་ལས་རང་ལུས་གཞལ་ཡས་ཁང་༔ ནྲི་ལས་ཚེ་རིལ་ཚེ་དཔག་མེད༔ ཁྱོད་ཀྱི་སེམས་ལ་དབང་བསྐུར་བས༔ ཐུགས་ཀྱིི་ཚེ་དབང་ཐོབ་པར་ཤོག༔ ཛྙཱ་ན་ཚེ་བྷྲཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མདའ་དར་རྒྱས་གདབ་རྫས་རྣམས་རོལ༔ རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་དགོས་འདོད་ཀུན་འབྱུང་གི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག༔ མཚན་ལྡན་བསྟེན་ཞིང་རླུང་གནད་བཅུན༔ ཉིན་དང་མཚན་མོ་ཐུན་དྲུག་ཏུ༔ འཛབ་ལ་འབད་ཅིང་བཅུད་ལེན་བསྟེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱན་ལྡན་དབང་གཏོར་སྤྱི་བོར་བཞག༔ བརྒྱུད་པ་བགྲང་ཞིང་བཀའ་གཏད་བྱ༔ དེ་ཡི་དངོས་གཞི་དབང་རིམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཆོག་ལས་རིམ་བདུན་དགའ་སྟོན་ཚོགས་འཁོར་དང་དབང་ཡོན་འབུལ༔ གླུ་བྲོ་བཀྲ་ཤིས་བསྔོ་སྨོན་དང་༔ ཆད་ཐོ་བསྟན་བསྐྱང་རྫོགས་རིམ་བསྡུ༔ སྒྲུབ་ཐབས་ཆོ་ག་གཞུང་བཞིན་དུ་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་གསང་བའི་ལམ༔ རིགས་བདག་ཐུགས་རྗེ་ཆེན་པོ་ཡི༔ དབང་ཆོག་སྐལ་ལྡན་མྱུར་གྲོལ་འདི༔ མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུ༔ བདག་འདྲ་ཐུགས་རྗེ་པདྨ་ཡིས༔ འབྲོམ་བཟའ་བྱང་ཆུབ་སྒྲོན་ལ་བཤད༔ སྤེལ་བར་ཕངས་ནས་ཡི་གེར་བཏབ༔ ཏེ་སེ་གངས་ཀྱི་རི་ལ་སྦས༔ སྲུང་མ་རྡོ་རྗེའབར་བར་བཅོལ༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ ཆོས་འདི་ང་སྤྲུལ་བུ་དང་འཕྲད༔ དེ་ཚེ་བཙུན་མོ་འབྲོམ་བཟའ་ཁྱོད༔ ལས་ཅན་སྐྱེས་བུའི་རིག་མ་བྱེད༔ ཀླུ་གོང་ཀླུ་དཔལ་དམར་རྒྱན་བཟའ༔ དམ་ཉམས་འཁོར་གཡོག་ཕོ་མོར་འཚོག༔ བདུད་ཀྱིས་འཕུང་དཀྲུག་བར་ཆད་རྩོམ༔ ད་ལྟའི་སྔོན་གྱི་ལས་སད་པས༔ སྐྱེས་བུ་དེ་དང་ང་གཉིས་ལ༔ དབྱེར་མི་ཕྱེད་པའི་དད་པ་འོང་༔ དེ་དུས་བདུད་ཀྱི་ཆོ་འཕྲུལ་གྱི༔ བུད་མེད་མཚན་ལྡན་ལྔ་ལ་སྡང་༔ ལོག་ལྟ་བཀུར་འདེབས་དུག་སྦྱོར་གྱི༔ བཀྲ་མི་ཤིས་པ་སྣ་ཚོགས་རྩོམ༔ འགྲོ་བ་བསོད་ནམས་མ་བསགས་པས༔ ང་སྤྲུལ་མ་དང་མཁའ་འགྲོ་ཡིས༔ ཐེབས་ཅིག་གདན་འདྲེན་བྱེད་ཀྱང་སྲིད༔ ཡང་ན་མི་ཁ་ཅལ་སྒྲོག་དང་༔ འཆི་ལ་ཐུག་པའི་ནད་ཀྱིས་སེལ༔ ཁྱད་པར་འབྲོམ་བཟའི་སྐྱེ་བ་ཡི༔ སྣང་སེམས་ལན་གསུམ་གདུད་ཀྱིས་སྒྱུར༔ དེ་ཡི་སྟོབས་ཀྱིས་འཕྲིན་ལས་ཉམས༔ སྐུ་ཚེ་ཐུང་ཞིང་རིགས་བརྒྱུད་འཆད༔ འོན་ཀྱང་སྔོན་གྱི་མཐུས་བསྐུལ་བའི༔ ཆོས་འདིར་དབང་བའི་སྐལ་ལྡན་ནི༔ དྷརྨ་རཏྣ་ཀརྨ་དང་༔ སྒྲོལ་མ་ཨ་ཡི་མིང་ཅན་ལྔ༔ རྩ་བའི་ཆོས་བདག་གཞན་ཡང་ནི༔ རྒྱལ་དང་དཀོན་མཆོག་ཤེས་རབ་དབང་༔ བཀྲ་ཤིས་དཔལ་དང་ནོར་བུ་སོགས༔ མ་ངེས་ཕྱོགས་མཚམས་ཀུན་ནས་འདུ༔ དཀར་སེར་དམར་ལྗང་མཐིང་ག་ཡི༔ ཕྱག་རྟེན་འཛིན་ཅིང་ཡོས་འབྲུག་སྦྲུལ༔ བྱ་ཁྱི་ཕག་དང་བྱི་བ་ཡི༔ ལོ་ཟླ་ཉི་ཁྱིམ་དག་ཏུ་འོང་༔ དེ་ཚེ་ཟབ་ཆོས་འདི་ཉིད་སྤྲོད༔ སྨོན་ལམ་དབང་གིས་འགྲོ་དོན་དར༔ རྩ་བ་ཡན་ལག་ཆོས་བདག་ལ༔ མ་ནོར་འཕྲོད་ནས་ཉམས་བླངས་ན༔ རྣམ་སྨིན་བག་ཆགས་དྲུང་ཕྱུངས་ནས༔ ཕྱིར་མི་ལྡོག་པ་འཐོབ་པར་འགྱུར༔ ཆོས་འདི་ཉམས་བླངས་དབང་ཐོབ་འབྲེལ༔ སྒོམ་སྒྲུབ་བཟླས་པ་སུས་བྱེད་པ༔ པདྨ་ང་དང་སྐལ་པ་མཉམ༔ ཐུགས་རྗེ་ཆེན་པོ་མངོན་དུ་འགྱུར༔ དེ་ནས་ཕྱི་རབས་ཉམས་སུ་ལོངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཏེ་སེའི་གངས་ནས་གདན་དྲངས་ཤིང་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།