ཡལ་འདབ་བཅུ་གཅིག་ནས་ཉི་ཤུ་བར།


GTN003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

༤ ༈ ཡལ་འདབ་བཅུ་གཅིག་པ་སྟོན་པའི་གཅུང་དགའ་བོ་ནི། སངས་རྒྱས་ནྱ་གྲོ་དྷའི་ཀུན་དགའ་ར་བར་བཞུགས། རང་གི་གཅུང་དགའ་བོ་ཞེས་པ་གཙུག་ཏོར་དང་མཛོད་སྤུ་མ་གཏོགས་མཚན་སུམ་ཅུ་ལྡན་པ་འཁོར་ལོས་སྒྱུར་བར་བཤད་དེ། ཆུང་མ་མཛེས་པ་ལ་ཤིན་ཏུ་ཆགས་པས་


GTN003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཡུད་ཙམ་ཡང་འབྲལ་དུ་མི་འདོད་པ་དེ། སངས་རྒྱས་ཀྱིས་དབང་མེད་དུ་རབ་ཏུ་བྱུང་ནས་བློ་ཁ་བྲིད་ཕྱིར། ཐོག་མར་ལྷ་ཡུལ་གྱི་འདོད་བདེ་བསྟན་པས་ལེགས་སྨོན་གྱི་ཚུལ་ཁྲིམས་དང་། དམྱལ་བའི་སྡུག་བསྔལ་བསྟན་པས་འཇིགས་སྐྱོབས་ཀྱི་ཚུལ་ཁྲིམས་བསྟན་པས་ཆགས་པའི་སེམས་དང་བྲལ་བ་ན། ངེས་འབྱུང་གི་ཚུལ་ཁྲིམས་བསྟན་པས་དགྲ་བཅོམ་ཐོབ། སྔོན་འབྱུང་སངས་རྒྱས་རྣམ་གཟིགས་ཀྱིས་རང་གི་གཅུང་འདོད་པ་ལས་ནན་གྱིས་ཕྲལ་ནས་མྱང་འདས་ལ་བཀོད་པ་ན། རྒྱལ་པོ་མཉེན་ལྡན་གྱི་ནུ་བོས་སངས་རྒྱས་འཁོར་བཅས་ལ་གདུགས་ཚོད་གསོལ་ནས་སྨོན་ལམ་བཏབ་པ། རང་སངས་རྒྱས་མཆོད་ཅིང་དེའི་རུས་བུའི་མཆོད་རྟེན་ལ་གུར་གུམ་བྱུག་ཅིང་དྲིའི་ལག་རིས་སུམ་ཅུ་བྱས་པ་སོགས་གསུངས་ཏེ་འབྲས་བུའི་གཏམ་མོ། ། ༥ ༈ ཡལ་འདབ་བཅུ་གཉིས་པ་འཕགས་སྐྱེས་པོས་ཤཱཀྱ་རྣམས་བསད་པ་ནི། ཤཱཀྱ་མིང་ཆེན་གྱི་བྲན་མོའི་བུ་མོ་ཟླ་བའམ་ཕྱིས་མིང་འགྱུར་ཏེ་འཕྲེང་ལྡན་མ་ཞེས་པས་སྟོན་པར་བསྙེན་བཀུར་ཕུལ་བའི་སྨོན་ལམ་བཙན་པོས་འཕྲལ་ལ་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོར་གྱུར་པ་ལ་བུ་འཕགས་སྐྱེས་པོ་བྱུང་། བློན་པོའི་བུ་མ་ལ་གནོད་ཅེས་སྡིག་པའི་གྲོགས་པོས་བསྡུས་ཏེ་ཤཱཀྱ་བདེན་པ་མཐོང་བ་བདུན་ཁྲི་བདུན་སྟོང་བསད། སྟོན་པས་རྒྱལ་བློན་དེ་གཉིས་ཞག་བདུན་ནས་


GTN003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་འགྱུར་གྱི་ལས་ཀྱིས་མེར་ཚིག་སྟེ་དམྱལ་བར་འགྲོ་གསུངས་པ་ཐོས་ཏེ། ཆུའི་ནང་དུ་འཕྲུལ་གྱི་ཁང་པར་བསྡད། ཞག་བདུན་གྱི་ཉིན་བུད་མེད་ཀྱི་རྒྱན་མེ་ཤེལ་དང་ཉི་འོད་འཕྲད་པས་མེ་བྱུང་སྟེ་ཚིག་གོ ། སྔོན་འབྱུང་ཉ་པ་ལྔ་བརྒྱས་ཉ་ཆེན་གཉིས་ཤིང་སྡོང་ལ་བཏགས་ཏེ་གསོན་པོ་ཤ་བཅད་པ་དང་། ཆོམ་རྐུན་ལྔ་བརྒྱས་རི་བྲག་པ་བཅོམ་ནས་མི་གཉིས་མེར་བསྲེགས་པ་སོགས་གསུངས་སོ། །སྐབས་འདིར་ཤཱཀྱ་ཤམྦྷ་ཀ་བདེན་པ་མ་མཐོང་ཞིང་གྲོས་སུ་མེད་པས་འཕགས་སྐྱེས་པོའི་དཔུང་རྣམས་བསད། སྟོན་པར་དད་རྟེན་ཞུས་པས་དབུ་སྐྲ་དང་སེན་མོ་གནང་སྟེ། བ་ཧུ་ཊ་ཞེས་པའི་ས་ཆར་སོང་། དེར་དཔོན་དུ་གྱུར་ནས་མཆོད་རྟེན་བཞེངས་པ་ད་ལྟ་ཤམ་བྷ་ལར་གྲགས། ཤཱཀ་རིགས་བུད་མེད་ལྔ་བརྒྱ་འཕགས་སྐྱེས་པོས་རྐང་ལག་བྲེགས་པ་སྟོན་པའི་ཐུགས་སྐྱེད་ལྷར་སྐྱེས་ཤིང་། སྔར་དགེ་སློང་རྣམས་ཚིག་རྩུབ་བརྗོད་པའི་རྣམ་སྨིན་དང་། སྟོན་པ་དང་ཡང་ཉ་པའི་བུར་གྱུར་དེས་གོང་སྨོས་ཉ་ཆེན་གཉིས་ཆོ་ངེ་བསྒྲགས་པར་དགའ་བའི་སེམས་སྐྱེས་པའི་ལས་སུ་དབུ་བསྙུང་བར་བསྟན་ཏེ་འབྲས་བུའི་གཏམ་མོ། ། ༦ ༈ ཡལ་འདབ་བཅུ་གསུམ་པ་འཕྲོག་མ་ནི། སངས་རྒྱས་འོད་མའི་ཚལ་ནས་བཞུགས་སོ། །གནོད་སྦྱིན་ལྔ་ཚན་ལ་


GTN003_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ས་ཏའི་བུ་མོ་དགའ་བྱེད་མ་བག་མར་ཐོབ། པང་དུ་བུ་ལྔ་བརྒྱ་བྱུང་། མ་ག་དྷའི་གྲོང་ཁྱེར་གྱི་བུ་རྣམས་ཐམས་ཅད་དགའ་བྱེད་མས་ཟོས་པས་མིང་འགྱུར་ཏེ་འཕྲོག་མར་བརྗོད། རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་འདུལ་བར་གསོལ་བས་སངས་རྒྱས་དེའི་གནས་སུ་ཕེབས་ཏེ་བུ་ཐ་ཆུང་དགའ་བྱེད་ལྷུང་བཟེད་ནང་དུ་བསྐུངས་པས་འཕྲོག་མ་མྱ་ངན་གྱིས་ནོན་ཏེ། རི་གླིང་རྒྱ་མཚོར་བཅས་ཉུལ་ཀྱང་མ་རྙེད་པར་རྣམ་ཐོས་ཀྱི་བུས་སྨྲས་པ་ལྟར། སངས་རྒྱས་ལ་སྐྱབས་གསོལ་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་བླངས་པས་བུ་ཐོབ་སྟེ་དེ་ཕྱིན་སྲོག་ལ་མི་འཚེ་བར་བྱས། སྟོན་པའི་རྗེས་འཇུག་རྣམས་ནས་ཁ་ཕུད་བཅས་པའི་ལྷག་གི་ཆང་བུ་སྦྱིན་པར་ཆེད། སྔོན་བྱུང་རྒྱལ་པོའི་ཁབ་འདིར་དུས་སྟོན་ལ་སྐྱེ་བོ་མང་པོ་གླུ་གར་བྱེད་དེ་འགྲོ་བ་དང་། བ་ལང་རྫི་མོ་སྦྲུམ་མ་དར་བའི་བུམ་པ་ཁུར་བ་འཕྲད་པར། དེ་རྣམས་ཀྱིས་གླུ་གར་བྱེད་དུ་བཅུག་པས།མངལ་འཇིག་གོ །དེས་རང་སངས་རྒྱས་ལ་ཨ་མྲའི་འབྲས་བུ་ལྔ་བརྒྱ་ཕུལ་ཏེ་སྨོན་ལམ་ལོག་པ་ཡིན་གསུངས་ཏེ་འབྲས་བུའི་གཏམ་མོ། ། ༧ ༈ ཡལ་འདབ་བཅུ་བཞི་པ་ཆོ་འཕྲུལ་ཆེ་བ་ནི། བདུད་ཀྱིས་མུ་སྟེགས་སྟོན་པ་དྲུག་གི་ཡིད་བསྒུལ་བས། རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། གསལ་རྒྱལ་ལ་སངས་རྒྱས་དང་རྫུ་འཕྲུལ་འགྲན་པར་བསྐུལ་


GTN003_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བས་གནང་སྟེ། སྐབས་དེར་རྒྱལ་པོ་གསལ་རྒྱལ་གྱིས་ཕྲ་མར་ཉན་པས་སྤུན་ཟླར་གཏོགས་པ་ནག་པོའི་རྐང་ལག་བཅད་པ་ལམ་གྱི་བཞི་མདོར་བོར་བ་སྟོན་པ་དྲུག་གིས་གསོ་མ་ནུས་པ། ཀུན་དགའ་བོས་སོས་པར་བྱས་པ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ། སངས་རྒྱས་ཆོ་འཕྲུལ་གྱི་མདུན་ཁང་དུ་གཤེགས་ནས་ལྷ་མིའི་ཚོགས་དུ་མར་ཕྱོགས་བཞིར་སྤྱོད་ལམ་བཞི་མཛད་པ་དང་། མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་འོད་ཟེར་དྲུག་འགྱེད་པ་སོགས་ཉན་ཐོས་རྣམས་དང་ཐུན་མོང་བའི་རྫུ་འཕྲུལ་དང་ཕྱག་གཡས་ས་ལ་རེག་པས་གསེར་གྱི་པདྨ་འདབ་མ་སྟོང་ལྡན་བྱུང་བར་སྙིང་པོ་ལ་སངས་རྒྱས་ཉིད་བཞུགས། འདབ་མ་རེར་སྤྲུལ་པའི་སངས་རྒྱས་ལྔ་བཞུགས་པས་རྫུ་འཕྲུལ་སྣ་ཚོགས་སྟོན་པ་སོགས་བླ་ན་མེད་པའི་རྫུ་འཕྲུལ་བསྟན། དེ་དག་གི་ཚེ་སྟོན་པ་དྲུག་ངོ་ཚ་བཞིན་འཁོད་པ་ལས་རྫུ་འཕྲུལ་སྟོན་རྒྱུ་མ་བྱུང་བས། གནོད་སྦྱིན་ལག་ན་རྡོ་རྗེས་རྡོ་རྗེ་སྡིགས་ཤིང་ཆར་རླུང་གིས་བསྐྲད་པར་བྱས་ཏེ་ཕམ་མོ། །ཆོ་འཕྲུལ་ཉི་མ་གཅིག་པ་འདི་ཐེག་དམན་གྱི་ལུགས་ཡིན་ལ། ཉི་མ་བཅོ་ལྔ་པ་ནི་ཐེག་ཆེན་གྱི་ལུགས་ཡིན་པས་དེ་གཉིས་བསྲེ་མི་དགོས་པར་བཞེད་དེ་འབྲས་བུའི་གཏམ་མོ། ། ༨ ༈ ཡལ་འདབ་བཅོ་ལྔ་པ་ལྷ་ལས་བབས་པའི་ཆོ་འཕྲུལ་ཆུང་བ་ནི། བཅོམ་ལྡན་འདས་དེ་ཉིད་ཀྱིས་དགེ་སློང་རྣམས་བསྙེན་བསྐུར་མང་བ་སྤོང་


GTN003_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཡུམ་སོགས་ལྷའི་འགྲོ་བ་བདེ་ལ་འགོད་པར་དགོངས་ནས་། ཤིང་ཡོངས་འདུའི་དྲུང་ལ་བ་དཀར་པོའི་རྡོ་ལེབ་ཏུ་དབྱར་གནས་པ་མཛད་དོ། །ཉན་ཐོས་རྣམས་མཉན་ཡོད་དུ་དབྱར་གནས་པ་རྫོགས་སུ་ཉེ་བ་ན། སངས་རྒྱས་སྤྱན་འདྲེན་ལ་མོའུ་འགལ་བུ་མངགས་པས་བསྐུལ་བས་ཞག་བདུན་ན་གྲོང་ཁྱེར་གསལ་ལྡན་གྱི་གྲོང་ཨ་པ་ཛ་རའི་ནགས་ཨུ་དུམ་བ་རའི་ཤིང་དྲུང་ཏུ་གཤེགས་པར་གནང་སྟེ། ལྷའི་བཟོ་བོས་ཐེམ་སྐས་དབུས་བཻ་ཌཱུརྱ། གཡས་གསེར། གཡོན་ཤེལ་དུ་བྱས་པར་འདོད་གཟུགས་ཀྱི་ལྷ་དང་ཚངས་དབང་བཅས་ཀྱིས་ཞབས་འབྲིང་བྱས་ཏེ་ཕེབས་པར་ལྷའི་འདུ་ཚོགས་ཆེ་བས་མཇལ་དཀའ་བར་བསམ། དགེ་སློང་མ་ཨུཏྤལ་འཁོར་ལོས་སྒྱུར་བར་སྤྲུལ་ཏེ་འོང་བ་དགེ་སློང་འཆར་ཀས་རྟོགས་ཤིང་དེའི་རྒྱུ་ཞུས་པར། སྔོན་འབྱུང་ཁོར་མོ་འཇིག་གི་ཡུལ་དུ་དེད་དཔོན་རྒྱ་མཚོར་འགྲོ་བའི་ཆུང་མ་མངལ་དང་ལྡན་པ་ཡང་ལྷན་ཅིག་སོང་བ་གྲུ་ཞིག་པ་ན་ཆུང་མ་ཤིང་ལེབ་ཞིག་ལ་འཇུས་ནས་ཀ་ཤེ་རུའི་གླིང་དུ་སླེབས། དེར་བྱའི་རྒྱལ་པོ་གཤོག་བཟང་གནས་པ་དང་མཛའ། དེ་ལ་དེད་དཔོན་གྱི་བུ་གཟུགས་བཟང་བ་ཞིག་དང་བྱའི་བུ་འདབ་གཤོག་བཟང་བ་ཞིག་སྟེ་སྤུན་གཉིས་སྐྱེས། མོའི་འདོད་པ་ལྟར་བྱ་དེས་རྒྱལ་པོ་ཚངས་བྱིན་བསད་དེ་ནུ་བོའི་རྒྱལ་སར་བཀོད། སྐབས་དེར་རྒྱལ་པོའི་གླང་ཞིག་ལ་བེའུ་སྐྱེར་མ་གཏུབ་པ་གླང་རྫི་མོ་ཞིག་གིས་ཐོས་ཏེ། སྐྱེས་པ་གཉིས་པ་མེད་པའི་བདེན་བརྗོད་བཅས་རིག་པས་ཐོན། རྒྱལ་པོས་དེ་ལུས་བཙུན་མོར་གོ་ནས་དེའི་བུ་མོ་ཤོ་ཤུམ་པ་བླངས། བྲམ་ཟེ་ཞིག་མིའམ་ཅི་མོས་བཟུང་


GTN003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བར་བུ་མྱུར་འགྲོ་བྱུང་བ་ཡང་རྒྱ་མཚོར་གྲུ་ཞིག་པས་ཀ་ཤེ་རུའི་སླེབས་པ་དེར་ཤོ་ཤུམ་པ་དང་འདུས། མྱུར་འགྲོའི་མིག་ལོང་བ་རྒྱལ་པོའི་སྐྱེད་ཚལ་དུ་ཡོད་པས་དེར་རྒྱལ་པོ་བཙུན་མོ་བཅས་འོང་བ་ན་ཏི་མི་རའི་ཚོར་བས་ཤོ་ཤུམ་པར་རྟོག་སྟེ་གླུ་བླངས་པ་ན། རྒྱལ་པོས་ཐེ་ཚོམ་ཟོས་ཏེ་ལོང་བ་དང་ཤོ་ཤུམ་པ་བསྐྲད་པ། བར་དེར་ཤོ་ཤུམ་པས་ལོང་བ་བསད་དེ་ཆོམ་རྐུན་པའི་དཔོན་དང་མཛའ་བ་ན་རྒྱན་རྣམས་འཕྲོགས་ཏེ་བོར་བ་ཝ་སྐྱེས་ལ་གྲོགས་སུ་བྱས་པས་རྒྱལ་པོའི་བཙུན་མོར་འཁོད་པ་སོགས་གཏམ་རྒྱུད་འདུལ་བ་ལུང་དུ་(འདུལ་བ་ཕྲན་༼ད༽ཚེགས་ཀྱི་གཞི།)རྒྱས་པ་དེ་གསུངས་ཏེ་འབྲས་བུའི་གཏམ་མོ། ། ༩ ༈ ཡལ་འདབ་བཅུ་དྲུག་པ་བྲག་ངེས་པར་འཕངས་པ་ནི། གྱད་ཡུལ་ཀུ་ཤའི་གྲོང་དུ་སངས་རྒྱས་ཕེབས་པ་ན་ལམ་བར་དེར་གནོད་པའི་བྲག་ཆེན་པོ་ཞིག་ཡོད་པ་གྱད་རྣམས་ཀྱིས་བསལ་བར་མ་ནུས་པར། སྟོན་པས་རྫུ་འཕྲུལ་གྱི་ནམ་མཁར་གཏོར་ཞིང་། སླར་ཡང་ཕྱོགས་གཞན་དུ་འདུ་མཛད་དེ། རྡོ་འདི་བསྐལ་པ་དང་པོའི་མི་རྣམས་ཀྱི་འཕང་ཚད་ཡིན་པ་དང་། ཕ་བོང་དེ་ཡབ་ཡུམ་གྱི་སྟོབས་ཀྱིས་འཕངས་ཤིང་། རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕྱེ་མར་བྱས་པ་དང་། མོས་པའི་སྟོབས་ཀྱིས་སླར་འདུ་བྱས་པ་སོགས་གསུངས་ནས་གྱད་རྣམས་འབྲས་བུ་བཞི་ལ་བཀོད་དེ་འབྲས་བུའི་གཏམ་མོ། །༡༠


GTN003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་བཅུ་བདུན་པ་བྱམས་པ་ལུང་བསྟན་པ་ནི། བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་པའི་ལམ་ཁར་ཆུ་བོ་གངྒཱ་ལ་ཡངས་པ་ཅན་པ་དང་། མ་སྐྱེས་དགྲས་སོ་སོར་ཟམ་པ་བཙུགས་པར་འཁོར་རྣམ་བཞི་བྱོན། ཀླུ་རྣམས་ཀྱི་གདེངས་ཀའི་ཟམ་པར་སྟོན་པ་དང་ཀུན་དགའ་བོ་ཕེབས། ཆུ་བོའི་ཕར་འགྲམ་གྱི་ས་སྒང་མཐོ་བ་ཞིག་ཏུ་འཁོར་རྣམས་བཞི་ལ་རྒྱལ་པོ་སྒྲ་ཆེན་གྱི་ལྷའི་མཆོད་སྡོང་བཞེངས་པ་དཔངས་སུ་འདོམ་སྟོང་། སྦོམས་སུ་འདོམ་དྲུག་ཅུ་ཡོད་པ་དེ་བསྟན་ནས་མ་འོངས་པ་ན་བྱམས་པ་མཆོད་སྡོང་འདིས་ཡིད་ཕྱུང་ནས་མངོན་པར་འཚང་རྒྱ་བ་དང་། སྔར་རྒྱལ་པོ་ནོར་ལྷའི་བུ་དང་ནོར་གྱིས་བཀུར་བ་གཉིས་རྩོད་པ་སངས་རྒྱས་རིན་ཆེན་གཙུག་གཏོར་ཅན་གྱི་མཐུས་ཞི་བ་དང་། ནོར་ལྷའི་བུ་མ་འོངས་པ་ན་རྒྱལ་པོ་དུང་ཞེས་འཁོར་ལོས་སྒྱུར་བར་ལུང་བསྟན་པ་རྣམས་གསུངས་སོ། །མཆོད་སྡོང་ཞེས་པའང་རྣམས་པ་སྣ་ཚོགས་འོང་བས་མཆོད་རྟེན་གྱི་རྣམ་པ་ཁོ་ན་ནི་མ་ཡིན་ཏེ་འབྲས་བུ་གཏམ་མོ། ། ༡༡ ༈ ཡལ་འདབ་བཅོ་བརྒྱད་པ་རྒྱལ་པོ་མེ་ལོང་གདོང་དུ་སྐྱེ་བ་བཞེས་པ་ནི། མཛད་བརྒྱའི་སྐབས་ང་ལྔ་པར་འབྱུང་སྟེ། སངས་རྒྱས་མཉན་ཡོད་ན་


GTN003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར། འོད་སྲུང་ཆེན་པོ་ལ་མཛེ་མོས་འབྲས་ཁུ་ལྷུང་བཟེད་གང་ཕུལ་བར་སྦྲང་བུ་ལྷུང་བ་བསལ་བར་བྱས་པས་སོར་མོ་དེ་ནང་དུ་ལྷུང་བཞིན་མཐོང་བར་གསོལ་བས་མཛེ་མོ་སེམས་དགའ་ནས་དགའ་ལྡན་གྱི་ལྷར་སྐྱེས། བརྒྱ་བྱིན་གྱིས་ལྷུང་བཟེད་ནང་དུ་བདུད་རྩིས་བསྐངས་པ་ཕྱིར་ཕོས་ཏེ་མ་བཞེས། དབུལ་མོ་ཞིག་གིས་གྱོ་དུམ་ཆག་པོའི་ནང་དུ་མར་མེ་ཕུལ་བས་མ་འོངས་པར་སངས་རྒྱས་སུ་ལུང་བསྟན་པ་ཐོས་ཏེ། རྒྱལ་པོ་གསལ་རྒྱལ་སོགས་ཀྱིས་མར་མེ་བྱེ་བ་ཕུལ། ཡང་མར་མེ་སྔ་མས་ཟིལ་གྱིས་མནན། དེའི་རྒྱུ་ཞུས་པར། སྔོན་རྒྱལ་པོ་རང་ཉིད་ཕྱིས་པར་གྱུར་དུས་རང་སངས་རྒྱས་ལ་ཟན་བསྒྱུར་ཞིག་ཕུལ་བས་ལྷའི་ལན་དྲུག་དང་། མཉན་ཡོད་ཀྱི་རྒྱལ་པོ་ལན་དྲུག་ཏུ་སྐྱེས་པ་སོགས་ལས་བྱས་པ་ཆུད་མི་འཛད་ཀྱང་སངས་རྒྱས་སུ་ལུང་བསྟན་པ་ནི་ཤིན་ཏུ་དཀའ་སྟེ་སྟོན་པ་ཉིད་འཁོར་སྒྱུར་ང་ལས་ནུ་སོགས་སྐྱེ་བ་དུ་མར་བསོད་ནམས་ཤིན་ཏུ་རྒྱས་པ་བསྒྲུབས་ཀྱང་རེ་ཞིག་གི་བར་སངས་རྒྱས་སུ་ལུང་བསྟན་པ་མ་མཐོང་བ་སོགས་གསུངས་པའི་རྒྱལ་བུ་མེ་ལོང་བཞིན་ནི། སྔོན་རྒྱལ་པོ་ཀུན་དགའ་བོ་ལ་བུ་ལྔ་ཡོད་པར་རྒྱལ་པོ་འདའ་ཁར་ཞལ་ཆེམས་སུ་བློན་པོ་རྣམས་ལ་བསྒོ་བ། བུ་རྣམས་ལས་རྒྱལ་སྲིད་ལ་འཁོད་པར་འོས་པ་ནི། ནོར་བུའི་ལྷམ་ཟུང་འཚམས་པ། སེངྒེའི་ཁྲི་ལ་མི་གཡོ་བ། དབུ་རྒྱན་སྤྱི་བོར་རྒྱས་པ། བཙུན་མོའི་འཁོར་གྱིས་ཞེས་བྱེད་པ། གཏེར་དྲུག་མཐོང་བ་རྣམས་ཡིན་པར་གསུངས་པས། བརྟག་པ་ན་བུ་ཐ་ཆུང་མེ་ལོང་ལ་དེ་རྣམས་ལྡན་ནས་རྒྱལ་སར་བཞག་སྟེ། རྒྱལ་སྲིད་ཆོས་


GTN003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྐྱོང་བའི་སྐབས། བྲམ་ཟེ་སྤྱོད་པ་མི་གཟོབ་པ་དབྱུག་གུ་ཅན། བ་ལང་སྟོར་བ་དང་། རྟ་བསད་པ་དང་། སྟེའུ་ཆུར་ཤོར་བ། ཐ་ག་པ་ཤི་བ། ཆང་ཚོང་ཁྱེའུ་ཤི་བ་སོགས་ཀྱིས་ཁྲིམས་སར་གཏུགས་པ་ཐབས་ཀྱིས་བཀྲོལ་བ་སོགས་མདོ་སྡེ་མཛངས་བླུན་དུ་རྒྱས་པ་རྒྱལ་པོའི་མིང་ཙམ་ལས་མཐུན་ཏེ་ཤེས་རབ་ཀྱི་གཏམ་མོ། ། ༡ ༈ ཡལ་འདབ་བཅུ་དགུ་པ་ཤཱ་རིའི་བུའི་སྔོན་རབས་ནི། སངས་རྒྱས་འོད་མའི་ཚལ་དུ་བཞུགས་པ་ན་མཆོག་ཟུང་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་ཐོབ། འཁོར་རྣམས་ཀྱིས་ཤཱ་རིའི་བུའི་སྔོན་འབྱུང་ཞུས་པར། བྲམ་ཟེ་ཞིག་ལ་བུ་ཞིབ་མ་དང་བུ་མོ་ཞིབ་མ་མོ་ཡོད། ཕ་མ་ཤི་ནས་མིང་སྲིང་དཀའ་ཐུབ་ཀྱི་ནགས་སུ་གནས་པ་ན། སྲིང་མོ་ལང་ཚོ་རྒྱས་པ་ན་ཁྱིམ་སར་སོང་། མིང་པོས་རང་སངས་རྒྱས་མངོན་དུ་མཛད་དེ། དེ་ལ་རྫུ་འཕྲུལ་བསྟན་པས་དད་དེ། ཟླ་བ་གསུམ་དུ་བསོད་སྙོམས་བསྟབས་ནས་རས་ཡུག་ཆེན་ཕུལ་གྲི་དང་ཁབ་སྐུད་པ་ཕུལ་ནས་སྨོན་ལམ་བཏབ་ཅིང་། སྐྱེ་བ་སྔོན་རྒྱལ་རིགས་སུ་སྐྱེས་པ་རབ་ཏུ་བྱུང་བ་མ་ཐོབ་པས་དབུལ་པོའི་བུ་ལ་ལྷུང་བཟེད་དང་ཆོས་གོས་བྱིན་ནས་རབ་ཏུ་བྱུང་བཅུག་པར། སངས་རྒྱས་ཐོབ་སྟེ་རྫུ་འཕྲུལ་བསྟན་པར་བསོད་སྙོམས་ཕུལ་ཏེ། བར་མའི་ཁྱིམ་དུ་སྐྱེས་ནས་རྟག་ཏུ་རབ་ཏུ་བྱུང་བར་སྨོན་ལམ་གྲུབ་པ་ཡིན་གསུངས་ཏེ་འབྲས་བུའི་གཏམ་མོ། །༡༢


GTN003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ཉི་ཤུ་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ནི། སྟོན་པ་མཉན་ཡོད་ན་བཞུགས། རྡོ་ཅན་གྱི་ཁྱིམ་བདག་སྟོབས་སྡེ་ལ་བུ་ཞིག་བཙས་པ་རྣ་བ་ལ་རིན་པོ་ཆེས་སྤྲས་པ་གསེར་སྲང་བྱེ་བའི་གོང་ཐང་ཅན་ཞིག་སྐྱེས་པས་མིང་ཡང་དེར་ཆགས་དེ་རྒྱ་མཚོར་ཕྱིན་པས་དོན་མ་གྲུབ་སྟེ། ཆུ་འགྲམ་ན་ངལ་བས་གཉིད་ལོག་པ་ན་དོན་མཐུན་ཚོགས་ཀྱིས་བརྗོད་དོ། །གཉིད་སད་པ་ན་ཚོང་པ་རྣམས་སོང་ཟིན་པའི་རྗེས་སུ་ཕྱིན་པ། ལས་དབང་གིས་ཡི་དྭགས་ཀྱི་ཡུལ་དུ་སླེབས། གནས་པའི་གྲོང་གི་བཤན་པ་རྣམས་མཚན་མོ་ཚུལ་ཁྲིམས་བསྲུང་བ། བྲམ་ཟེ་ཉིན་པར་བྱི་མ་བྱས་པ། བྲམ་ཟེ་མོ་ཀཏྱ་ནར་བསོད་སྙམས་དྲངས་པ་རྣམས་ཀྱི་ཕན་ཡོན་དང་། དེའི་ལྡོག་ཕྱོགས་ཀྱི་ཉེས་དམིགས་རྣམས་མངོན་དུ་མཐོང་ནས་ཤུལ་མི་རྣམས་ལ་ཕྲིན་བསྐུར་བ་དང་བདེན་རྟགས་གསེར་བུམ་དང་། གསེར་གྱི་མཁར་བ་དང་རིལ་བ་སྤྱི་བླུགས་རྣམས་བྱུང་བས་ཡིད་ཆེས་སོ། །སླར་ཀཱཏྱཱ་ན་ལས་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་སྟེ་ཡུལ་དབུས་སུ་སླེབས་པ་ན། སངས་རྒྱས་ལ་མཁན་པོའི་བཀའ་བཞིན་ཞུ་བ་སོགས་གནང་། དེའི་སྔོན་འབྱུང། ཝཱ་རཱ་ཎ་སཱིར་ཁྱིམ་བདག་ཁྱོ་ཤུག་གིས་སངས་རྒྱས་འོད་སྲུང་ལས་སྐྱབས་འགྲོ་དང་བསླབ་པའི་གཞི་མནོས། སངས་རྒྱས་མྱ་ངན་ལས་འདས་པ་ན་རྒྱལ་པོ་ཀྲ་ཀྲིས་རིན་ཆེན་སྣ་བཞི་ལས་བྱས་པའི་མཆོད་རྟེན་བཞེངས་
ནས་དེའི་ཞིག་རལ་འཆོས་ཕྱིར་གྲོང་ཁྱེར་ཤར་སྒོའི་དཔྱ་ཐམས་ཅད་ཕུལ་བ། དེའི་བུ་ལེགས་སྐྱེས་རྒྱལ་སར་ཕྱིན་པ་ན་བཀའ་ལས་མཆོད་རྟེན་རྒུད་པར། ཁྱིམ་བདག་དབུལ་པོ་ཞིག་ལ་གསོ་བའི་ཆ་རྐྱེན་དུ་ཚོང་དཔོན་ནོར་སྦྱིན་ཞེས་པས་རིན་པོ་ཆེའི་རྣ་ཆ་བཀྲོལ་ནས་བྱིན་པའི་བསོད་ནམས་དང་། རྒྱ་མཚོར་འགྲོ་སྐབས་མ་ལ་ཚིག་རྩུབ་སྨྲས་པས་ངན་སོང་མཐོང་བ་སྟེ་ཞིབ་པར་འདུལ་བ་ལུང་དུ་བྱུང་སྟེ་འབྲས་བུའི་གཏམ་མོ། །