རྡོ་རྗེའི་གནས་བཞི་པ། ཆོས་ཐམས་ཅད་རྩ་བ་རིག་པའི་ཡེ་ཤེས་སུ་གཅིག་པུར་གཏན་ལ་ཕབ་པ།


LRD003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་གཅིག་པུར་བསྟན་པ་ལ། གནད་བཀྲོལ་བ་དང་། འགག་བསྡམ་པ་དང་། ཆིངས་སུ་བཅིང་པ་དང་། ལ་བཟླ་བ་དང་བཞི་ལས། གནད་བཀྲོལ་བ་ལ། དང་པོ་ཆོས་ཐམས་ཅད་རྩ་བ་གཅིག་པར་བསྟན་པ་ནི། དེ་ནས་གཅིག་པུའི་རང་བཞིན་བསྟན་པ་ནི། །རིག་པ་གཅིག་པུ་ཆོས་རྣམས་ཀུན་གྱི་གཞི། །དུ་མར་སྣང་ཡང་གཅིག་ལས་མ་གཡོས་ཞེས། །རང་བྱུང་ཡེ་ཤེས་རྩ་བ་གཅིག་ཏུ་བསྟན། །ཇི་ལྟར་ནོར་བུ་གཅིག་ལ་མེ་དང་ཆུ། །སོ་སོའི་རྐྱེན་གྱིས་ཐ་དད་སྣང་ན་ཡང་། །རྩ་བ་གཅིག་སྟེ་བཻཌཱུར་དག་པ་བཞིན། །རང་རིག་གཅིག་ལས་འཁོར་འདས་གཉིས་ཤར་ཡང་། །རྩ་བ་གཅིག་སྟེ་དོན་དམ་བྱང་ཆུབ་སེམས། །རིག་དང་མ་རིག་སྒྱུ་མའི་ཁྱད་པར་ཙམ། །ནོར་བུ་བཻཌཱུཪྱ་གཅིག་ཉི་མ་དང་ཟླ་བ་ཤར་བའི་རྐྱེན་སོ་སོའི་མེ་དང་ཆུར་འབྱུང་བ་ལྟར། རིག་པ་གཅིག་ཉིད་རང་ངོ་མ་ཤེས་པས་འཁོར་བ་དང་ཤེས་པས་མྱ་ངན་ལས་འདས་པའི་སྣང་བ་སོ་སོར་ཤར་ཡང་། རིག་པ་གཅིག་གི་རོལ་བའམ་འཆར་ཚུལ་ལས་ངོ་བོ་ཐ་དད་པ་དང་གཡོས་པ་མེད་དེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་གཅིག །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཐམས་ཅད་འབྱུང་བའི་སྙིང་པོ་བྱང་ཆུབ་ལ། །གཅིག་ཏུ་མེད་ལ་བགྲངས་ན་བརྗོད་མི་ལང་། །སངས་རྒྱས་སྐུ་གསུང་སེམས་ཅན་ལུས་ངག་ཀྱང་། །བྱང་ཆུབ་སེམས་ཡིན་ཡེ་ནས་གཟུང་འཛིན་བྲལ། །གཟུང་འཛིན་བྲལ་བར་གང་གིས་གྲུབ་པ་སྟེ། །དེ་ནི་ཀུན་གྲུབ་ཆོས་ཀྱི་རྩ་བ་


LRD003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། །ཅེས་སོ། །ཐམས་ཅད་དབྱིངས་གཅིག་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། སྣང་སྲིད་འཁོར་འདས་རིག་ངོར་སྣང་ངོ་ཅོག །སྣང་བའི་དུས་ནས་རང་ངོ་སྟོང་པར་གཅིག །རྨི་ལམ་སྒྱུ་མ་ཆུ་ཡི་ཟླ་བ་བཞིན། །སྣང་བཞིའི་རིག་པ་དངོས་མེད་བར་སྣང་བཞིན། །ཡེ་སྟོང་ཡོངས་སྟོང་སྤྲོས་དང་བྲལ་བར་གཅིག །ཐམས་ཅད་དབྱིངས་གཅིག་གདོད་ནས་དག་པས་ན། །གཉིས་ཞེས་མི་གནས་ཐིག་ལེ་གཅིག་ཏུ་འདུས། །གྲྭ་ཟུར་མེད་པའི་ཆོས་སྐུ་ཨེ་མ་ཧོ། །སྣང་སྲིད་ཀྱི་ཆོས་ཐམས་ཅད་མེད་པ་གསལ་སྣང་གི་སྟོང་པར་དབྱིངས་གཅིག་ལ། རིག་པ་རང་གི་ངོ་བོ་ནམ་མཁའ་ལྟར་སྟོང་གསལ་སྤྲོས་པ་དང་བྲལ་བར་ཀློང་གཅིག་ཅིང་། རིག་པ་དང་སྣང་བའི་སྟོང་པ་གཉིས་རིས་མེད་སྟོང་པར་བར་མེད་གཉིས་མེད་ཐིག་ལེ་ཉག་གཅིག་ཏུ་རོ་གཅིག་པས། ཆོས་སྐུ་ཐིག་ལེ་ཉག་གཅིག་གྲྭ་ཟུར་མེད་པའི་དབྱིངས་སུ་རྩ་བ་གཅིག་པ་ཞེས་བྱ་སྟེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །ཅེས་སོ། །དག་མཉམ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། འབྱུང་ལྔར་སྣང་བ་བྱང་ཆུབ་སེམས་ཀྱི་ངང་། །མ་སྐྱེས་མཉམ་ཉིད་གཅིག་ལས་གཡོས་པ་མེད། །སྲིད་པར་སྣང་ཡང་འགྲོ་དྲུག་སྟོང་པའི་གཟུགས། །གཞིར་སྣང་རིག་པའི་ངང་ལས་གཡོས་པ་མེད། །བདེ་སྡུག་སྣང་ཡང་བྱང་ཆུབ་སྙིང་པོའི་ངང་། །རང་བྱུང་ཡེ་ཤེས་གཅིག་ལས་གཡོས་པ་མེད། །དེ་ཕྱིར་ཆོས་རྣམས་དབྱིངས་གཅིག་སྟོང་པའི་ངང་། །སྐྱེ་མེད་བྱང་ཆུབ་སེམས་སུ་ཤེས་པར་བྱ། །འབྱུང་ལྔར་སྣང་བ་ཡང་རིག་པའི་ངང་ལས་ཤར་ངང་ལ་སྣང་ངང་ལ་གྲོལ། སེམས་ཅན་དུ་སྣང་བ་ཡང་ངང་ལས་ཤར། ངང་ལ་སྣང་། ངང་ལས་གྲོལ་བས་སྟོང་པའི་རང་གཟུགས་ཏེ། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལས། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱི་མེད། །སྤྲོས་བྲལ་ནམ་མཁའ་བཞིན་


LRD003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང་། །སེམས་ཀྱིས་བྱས་པ་དང་ནི་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་ཀྱང་། །བྱས་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང་། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རང་བཞིན་དག་ཏུ་ཕྱུང་ནས་བགྲངས། །ཞེས་སོ། །དེ་ལྟར་ན་རིག་པ་སྟོང་གསལ་ནམ་མཁའ་ལྟ་བུ་རྣམ་པ་ཀུན་ལྡན་གྱི་སྟོང་ཆེན། རྣམ་ཀུན་མཆོག་ལྡན་གྱི་འོད་གསལ། གདོད་ནས་དག་པ་ཆོས་སྐུའི་ངང་ལས། རང་སྣང་གི་རྩལ་མ་དག་པ་འཁོར་བ་དང་། དག་པ་མྱང་འདས་ཅིར་སྣང་ཡང་། གཞི་སྣང་རིག་པའི་ངང་ལས་གཡོས་པ་མེད་ལ། མ་དག་པར་སྣང་ཡང་དོན་གྱིས་ཡོད་མ་མྱོོང་དུ། ཡེ་སངས་རྒྱས་ལ། སྣང་ཚུལ་ཡང་སྐུ་གསུམ་དུ་དག་སྟེ། ཐལ་འགྱུར་ལས། གཞན་ཡང་རྐྱེན་གྱིས་སེམས་ཅན་རྣམས། །སངས་མ་རྒྱས་པ་གཅིག་ཀྱང་མེད། །རང་བྱུང་ཡེ་ཤེས་ཆོས་མཐུན་ཕྱིར། །འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་ཉིད་ནི་རྟོགས་པ་ལ། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་འདུས་པ་དབྱིངས་རིག་འབྲེལ། །ལུས་སུ་གནས་པ་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་འཁྲུལ་སྣང་འགག །ན་བས་ཆོས་རྣམས་ཉམས་སུ་མྱོང་། །ཤི་བས་སྟོང་པ་ངོས་གཟུང་མེད། །དེས་ན་སེམས་ཅན་སངས་རྒྱས་སོ། །ཞེས་སོ། །རིག་པ་བཞུགས་གནས་ཀློང་ཆེན་དུ་བསྟན་པ་ནི། རང་རིག་ཀློང་ཆེན་དོན་ཀྱི་དབྱིངས་འདི་ན། །དུས་གསུམ་རྒྱལ་བའི་དགོངས་པ་ཉག་གཅིག་བཞུགས། །དུ་མར་མི་དམིགས་ཆ་ཤས་སྤྲོས་དང་བྲལ། །མི་གཡོ་བྱང་ཆུབ་སྙིང་པོའི་ཕོ་བྲང་ལགས། །རང་བྱུང་ཡེ་ཤེས་ཉིད་ལས་


LRD003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མི་བཞུགས། །རིག་པའི་ངོ་བོ་ཀ་དག་སྟོང་པ་ཆེན་པོའི་དོན་དབྱིངས་ནི་ཆོས་སྐུ་སྤྲོས་དང་བྲལ་བའི་རང་ངོ་སྟེ་བྱང་ཆུབ་ཀྱི་སྙིང་པོ་རང་བྱུང་ཡེ་ཤེས་ཀྱི་ཕོ་བྲང་དམ་པར་གསུངས་པ་ནི། ཀུན་བྱེད་ལས། ང་ཡི་རང་བཞིན་སྤྲོས་བྲལ་མི་ཕྱེད་པས། །ཆོས་དབྱིངས་གནས་འདི་ང་ཡིས་བྱས་པ་ཡིན། །བྱང་ཆུབ་ཉིད་ལས་དེ་ན་གཞན་མི་བཞུགས། །ང་ཡི་རང་བཞིན་མ་བསྒྲིབས་ཀུན་ཁྱབ་པས། །གསལ་བའི་ནམ་མཁའ་ཡེ་ཤེས་གཞལ་ཡས་ཁང་། །རང་བྱུང་ཡེ་ཤེས་ཉིད་ལས་གཞན་མི་བཞུགས། །ཞེས་སོ། །དེ་ཉིད་འཁོར་འདས་སྐུ་གསུམ་འབྱུང་བའི་དབྱིངས་སུ་བསྟན་པ་ནི། འདོད་འབྱུང་ནོར་བུ་རིན་ཆེན་ཆོས་ཀྱི་མཛོད། །སྐུ་གསུམ་ལྷུན་གྲུབ་རྒྱལ་བའི་ཞིང་ཁམས་ལགས། །རིག་པའི་ངང་ནི་རྒྱལ་བ་ཐམས་ཅད་ཀྱི་ཞིང་ཁམས་ཏེ། མ་རིག་པ་འགྲོ་དྲུག་འཁོར་བར་སྣང་ཡང་། སྐུ་གསུམ་གྱི་རང་སྣང་། དག་པ་མྱང་འདས་སྣང་ཡང་། སྐུ་གསུམ་གྱི་རང་སྣང་སྟེ། ཐམས་ཅད་གཉིས་མེད་སྐུ་གསུམ་གྱི་འཁོར་ལོ་ལས་མ་འདས་པར་བསྟན་པ་ནི། ཐལ་འགྱུར་ལས། གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་པའི་གནས་མེད་དོ། །མ་བྱུང་བྱུང་བ་མེད་པ་ལ། །བལྟས་པས་མཐོང་བ་ངོ་མཚར་ཆེ། །ངོ་མཚར་ཆེ་བའི་རོལ་པ་ནི། །སངས་རྒྱས་སེམས་ཅན་འབྱེད་པ་མེད། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །རང་བྱུང་རང་ལ་རྫོགས་པ་བཞིན། །ཅེས་པ་དང་། ཀུན་བྱེད་ལས། ང་ཉིད་ཐམས་ཅད་འབྱུང་བའི་སྙིང་པོ་བས། །ཆེན་པོ་ལྔ་དང་ཁམས་གསུམ་རྒྱུད་དྲུག་རྣམས། །ང་ཡི་སྐུ་གསུང་ཐུགས་ལས་གཞན་མེད་པས། །ང་ཡི་རང་བཞིན་ང་ཡི་བཀོད་པ་ཡིན། །ཅེས་པ་དང་། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པའི་རྡོ་རྗེ་མཁར་རྫོང་ལས། ཆོས་སྐུ་མི་འགྱུར་ཡུལ་མེད་ཀུན་འབྱམས་ལ། །ཕྱི་ནང་སྣོད་བཅུད་ཤར་བ་ལོངས་སྤྱོད་རྫོགས། །གཟུགས་བརྙན་ལྟ་བུར་སྣང་བ་སྤྲུལ་པའི་སྐུ། །སྐུ་


LRD003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྒྱན་དུ་མ་རྫོགས་ཆོས་མེད་པས། །ཐམས་ཅད་སྐུ་གསུང་ཐུགས་ལས་ཤར་བ་ཡིན། །བདེ་གཤེགས་ཞིང་ཁམས་མ་ལུས་གྲངས་མེད་ཀྱང་། །ཉིད་ལས་བྱུང་བས་སེམས་ཉིད་སྐུ་གསུམ་ཀློང་། །འཁོར་བའི་རྩ་བ་འགྲོ་དྲུག་གྲོང་ཁྱེར་ཡང་། །ཉིད་ལས་བྱུང་བས་བག་ཆགས་ལུས་ཀྱི་འཕྲང་། །སྐྱེ་ཤི་གཉིས་སུ་སྣང་བའི་སྡུག་བསྔལ་ཡང་། །ལུས་སེམས་ཀློང་དུ་གྲོལ་བས་འཕོ་འགྱུར་མེད། །སེམས་ལ་སྐྱེ་ཤི་མེད་པས་ནམ་མཁའ་འདྲ། །ལུས་ལ་སྙིང་པོ་མེད་པས་ཆུ་བུར་འདྲ། །ལུས་སེམས་གཉིས་སུ་མེད་པས་རྡོ་རྗེ་འདྲ། །ཐམས་ཅད་རྡོ་རྗེ་སྙིང་པོར་སངས་རྒྱས་པས། །མི་མཐུན་ཕྱོགས་ཀྱིས་མི་ཉམས་བཤིག་ཏུ་མེད། །མི་འགྱུར་མི་ཤིགས་རྡོ་རྗེ་འཆང་གི་སྐུ། །རྗེ་བཙན་ལྟ་བུར་ཀུན་གྱིས་མ་རིག་པའོ། །ཞེས་སོ། །རྩ་བ་གཅིག་ཏུ་བསྟན་པ་ནི། ཀློང་ཆེན་ཉག་གཅིག་སུས་ཀྱང་མ་བྱས་པ། །འདི་ལས་ཀུན་འཕྲོས་མ་ལུས་ཆོས་སོ་ཅོག །རྒྱུ་འབྲས་བཟློག་པས་རྩ་བའི་འཕྲོ་གཞིར་གཅིག །དེ་ཉིད་སྟོང་གསལ་ཆོས་ཉིད་ཡངས་པ་ཆེ། །ཕྱོགས་རིས་མེད་པའི་ནམ་མཁའ་དག་པར་གསལ། །འཁོར་འདས་དགག་སྒྲུབ་ཀུན་གྱིས་གང་ལ་གང་བྱུང་བལྟས་པས་རིག་པ་སྟོང་གསལ་ལ་ཐུག་སྟེ། ཟང་ཐལ་ཆོས་ཟད་རྗེན་པ་ནམ་མཁའ་ཡངས་པའི་དཀྱིལ་ལྟར་དག་པ་ནི། ཡི་གེ་མེད་པ་ལས། དོན་གྱི་ངོ་བོ་རིག་པ་དེ་ཉིད་ལ། །བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། །སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ལྟ་བྱེད་མ་ཡིན་རྟག་ཆད་གཉིས་ལས་འདས། །ཞེས་སོ། །རིག་པ་གཅིག་པུ་ཆོས་ཀྱི་དབྱིངས་སུ་བསྟན་པ་ནི། རང་བྱུང་གཅིག་གིས་འཁོར་འདས་ཀུན་བྱས་ཀྱང་། །རྩ་


LRD003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རིག་པ་སུས་ཀྱང་མ་བྱས་པར། །ནམ་མཁའ་བཞིན་དུ་བྱ་རྩོལ་འདས་པར་གནས། །དཔེ་དོན་མཐུན་པས་དབྱིངས་གཅིག་ཀློང་ཆེན་དང་། །དུ་མའི་སྒྲོ་དང་བསྐུར་པ་ཞི་བ་ཡིན། །རིག་པ་ནམ་མཁའ་ལྟ་བུ་བྱང་ཆུབ་ཀྱི་སེམས་མ་རྟོགས་པས་འཁོར་བ་བྱས། སྣོད་བཅུད་དུ་སྣང་། རྟོགས་པས་མྱང་འདས་བྱས། སྐུ་དང་ཡེ་ཤེས་སུ་སྣང་སྟེ། རིག་པས་ཀུན་བྱས་ཀྱང་རིག་པ་གཅིག་པུ་སུས་ཀྱང་མ་བྱས་པར་ཡེ་ནས་ལྷུན་གྲུབ་ཏུ་གནས་པའི་དཔེ་ནམ་མཁའ། དོན་རིག་པ། རྟགས་བྱང་ཆུབ་ཀྱི་སེམས་ལས་མ་འགགས་པར་འཆར་བ་འདིས་ཤེས་ཏེ། ཀུན་བྱེད་ལས། ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་སྟེ། །དུས་གསུམ་སངས་རྒྱས་བྱང་ཆུབ་སེམས་ཀྱིས་བྱས། ཁམས་གསུམ་སེམས་ཅན་བྱང་ཆུབ་སེམས་ཀྱིས་བྱས། །སྣང་སྲིད་སྣོད་བཅུད་བྱང་ཆུབ་སེམས་ཀྱིས་བྱས། །རྒྱུ་འབྲས་དཔེ་དོན་གཏན་ཚིགས་མཐུན་པར་བྱས། །རྒྱུ་ཡི་དུས་ན་འབྱུང་ཆེན་ལྔ་བྱས་ནས། །འབྲས་བུའི་དུས་ན་ཁམས་གསུམ་སེམས་ཅན་བྱས། །དཔེ་ཡི་དུས་ན་ཀུན་དཔེ་ནམ་མཁའ་བྱེད། །དོན་གྱི་དུས་ན་ཀུན་དོན་སྐྱེ་མེད་བྱེད། །རྟགས་ཀྱི་དུས་ན་ཀུན་བྱེད་བྱང་ཆུབ་སེམས། །གཏན་ཚིགས་དུས་ན་རང་བྱུང་ཡེ་ཤེས་སྟོན། །རྒྱུ་འབྲས་དཔེ་དོན་གཏན་ཚིགས་མཐུན་པར་བྱས། །བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །ཀུན་བྱས་བྱང་ཆུབ་སེམས་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། །ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར། །ང་ཡིས་བྱས་པའི་ཆོས་ལ་ངེས་བརྟགས་པས། །བརྐམ་ཞིང་ཆགས་པའི་དབང་གིས་སྣང་བ་གྲུབ། །མི་རྟག་སྒྱུ་མའི་རང་བཞིན་འཇིག་པར་འགྱུར། །ཆ་མེད་དམུས་ལོང་ལྟ་བུའི་རང་བཞིན་ནོ། །ཞེས་སོ། །རིག་ངོ་བསམ་བརྗོད་ལས་འདས་པར་བསྟན་པ་ནི། ཡོད་མེད་འདས་པ་དོན་གྱི་སྙིང་པོ་ལ། །ཆོས་ཀུན་མ་འགགས་རོལ་པ་ཅི་ཤར་ཡང་། །རང་ངོ་བསམ་བྲལ་བརྗོད་དུ་མེད་པའི་ཀློང་། །སྒྲ་ཚིག་ཐ་སྙད་ཀུན་ལས་འདས་


LRD003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལགས། །རིག་པའི་ངང་ལས་འཁོར་འདས་ཅི་ཤར་ཡང་། །ངོ་བོ་གཞི་སྣང་ཆེན་པོ་ཀ་དག་གི་རང་མལ་དབྱིངས་ལྷུན་གྲུབ་རང་བྱུང་གི་ཡེ་ཤེས་ལ་གང་དུའང་གྲུབ་པ་མེད་དེ། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །གཞིར་སྣང་ཆེན་པོ་དེ་ཉིད་ལ། །མ་རིག་པ་ཞེས་བརྟགས་མེད་པས། །འཁྲུལ་པ་གྲུབ་པ་ཡོད་མ་ཡིན། །བློ་ཞེས་ཀུན་དུ་མ་བརྟགས་པས། །དྲི་མ་འཁྲུ་བའི་མིང་ཡང་མེད། །མིིང་དང་ཡི་གེ་ཚིག་མེད་པས། །བརྟགས་པའི་འཁྲུལ་པ་ཡོད་མ་ཡིན། །ཆོས་ཤེས་མིང་དུ་མ་གྲགས་པས། །བློ་བརྟགས་འཁྲུལ་པའི་མིང་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་པ་ངང་གིས་མེད། །ཕྲ་རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་པ་ངང་གིས་མེད། །བྱ་དང་བྱེད་པ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་པ་ག་ལ་ཡོད། །ཡུལ་དང་དབང་པོ་གཉིས་མེད་པས། །གཟུང་འཛིན་འཁྲུལ་པ་མེད་པའོ། །ཞེས་སོ། །རིག་པ་གཅིག་ལ་ཀུན་སྣང་ཡང་། །གཅིག་ལས་མ་གཡོས་བསྟན་པ་ནི། །ཐམས་ཅད་འབྱུང་བའི་སྙིང་པོ་བྱང་ཆུབ་ལ། །གཉིས་སུ་མེད་དེ་བགྲང་ན་བརྗོད་མི་ལང་། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་གསལ། །ཇི་བཞིན་ཆོས་ཉིད་གཅིག་ལས་གཡོས་པ་མེད། །རིག་པ་གཅིག་གི་ངོ་བོ་གང་དུའང་བརྗོད་དུ་མེད་པའི་ངང་ལས་འཁོར་འདས་སྣང་སྲིད་བསམ་གྱིས་མི་ཁྱབ་གྲངས་མེད་པ་ཤར་ལ། ཤར་དུས་གཟུང་འཛིན་གཉིས་སུ་མེད་པའི་ངང་ལས་མ་འདས་ཏེ། ཀུན་བྱེད་ལས། ཐམས་ཅད་འབྱུང་བའི་སྙིང་པོོ་བྱང་ཆུབ་ལ། །གཅིག་ཏུ་མེད་ལ་བགྲངས་ན་བརྗོད་མི་ལང་། །སངས་རྒྱས་སྐུ་གསུང་སེམས་ཅན་ལུས་ངག་ཀྱང་། །བྱང་ཆུབ་སེམས་ཡིན་ཡེ་ནས་གཟུང་འཛིན་བྲལ། །ཅེས་སོ། །རིག་པ་གཅིག་ཏུ་མཇུག་བསྡུ་བ་ནི། གཅིག་


LRD003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཀུན་འབྲེལ་ཆོས་རྣམས་རྫོགས་པ་ནི། །བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་ཏེ། །གང་སྣང་དུས་ནས་ཐ་སྙད་སྒྲོ་འདོགས་ཆོད། །གཉིས་མེད་སེམས་ཉིད་སྟོང་པའི་རང་གདངས་སུ། །ཕྱི་ཡི་ཆོས་རྣམས་ཤེས་པར་བྱ་བ་དང་། །ནང་གི་ཆོས་རྣམས་རིག་པ་ཟང་ཀ་མ། །གཅིག་དང་དུ་མ་མེད་པའི་ཆོས་ཉིད་དུ། །དབྱིངས་གཅིག་རྟག་པ་རིག་པའི་གནད་དུ་བཀྲོལ། །ཕྱི་ཡུལ་དུ་སྣང་བའི་ཆོས་ཐམས་ཅད་རིག་པའི་རང་གདངས་ཤེལ་འོད་ལྟར་མ་འགགས་པའི་ཡོན་ཏན་དུ་ཤེས་པས་གཞན་དུ་འཛིན་པའི་བློ་དང་བྲལ་བ་སྟེ། གཟུང་བའི་ཡུལ་མ་གྲུབ་ནང་གི་ཆོས་རིག་པ་ཟང་ཀ་རྗེན་པར་བུད་པ་ཤེལ་གོང་ལྟར་རྟོགས་པས་འཛིན་པའི་སེམས་མེད་དེ་ཀ་དག་ཆོས་ཟད། ཡུལ་སེམས་གཉིས་མེད་བྱང་ཆུབ་སེམས་ཀྱི་རང་སྣང་རོལ་པའི་དབྱིངས་སུ་རྟོགས་པས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་པུར་ཆོས་ཐམས་ཅད་རོ་གཅིག་པ་ནི། རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ལས། ཆོས་སྐུ་སྟོང་པ་ཉིད་ཀྱི་ངང་། །རང་བྱུང་ཡེ་ཤེས་རྟོག་མེད་དབྱིངས། །སྟོང་གསལ་རིག་པའི་སྙིང་པོ་བསྟན། །སྟོང་ཞིང་བདག་མེད་ཡེ་ཤེས་དང་། །ཆོས་རྣམས་ལྷུན་གྲུབ་རྫོགས་ཆེན་པ། །ཞེས་པ་དང་། སྐུ་གསུམ་ཐུག་ཕྲད་ལས། འདོད་འབྱུང་ནོར་བུ་རིན་ཆེན་ཆོས་ཀྱི་དབྱིངས། །རྩོལ་བ་མེད་པར་ཐམས་ཅད་རང་བྱུང་བས། །རང་བྱུང་ཡེ་ཤེས་འདོད་དགུར་བསྒྱུར་བའི་དཔལ། །ཐམས་ཅད་འདུས་པ་རྩ་བ་བྱང་ཆུབ་སེམས། །འདུ་འབྲལ་མེད་པས་གཉིས་མེད་བྱང་ཆུབ་སེམས། །བདག་གཞན་མེད་པས་མཉམ་ཉིད་ཆོས་ཀྱི་དབྱིངས། །ཞེས་སོ། །ད་ནི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་གཅིག་ཏུ་འགག་བསྡམས་པ་ལས་སྣང་ཤེས་ཉིད་རང་བྱུང་གི་ཡེ་ཤེས་སུ་འགག་བསྡམ་པ་ནི། ཆོས་ཀུན་རོ་གཅིག་འགག་ཏུ་བསྡམ་པ་ནི། །ཡུལ་སྣང་ཐམས་ཅད་རྫུན་སྣང་སྟོང་པའི་ངང་། །ཇི་ལྟར་སྣང་བ་བཟོ་མེད་གཅིག་ཏུ་ཞོག །གང་སྣང་ཐོག་དེར་སྟོང་གསལ་ཉག་གཅིག་འཆར། །གང་སྣང་དུས་ན་གསལ་ལ་མ་འགགས་འཛིན་མེད་ཆེན་པོར་རིག་པ་རང་དངས་སུ་བཞག་


LRD003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཆོས་ཉིད་འཆར་ཏེ། ཁྱུང་ཆེན་ལས། སྣང་ཤེས་ཐོག་བབས་རང་བྱུང་ཆེན་པོའི་འགག །རང་ཤར་སྤྲོས་བྲལ་རྒྱུ་རྐྱེན་བར་དུ་བསྡམ། །ཞེས་པ་དང་། ཀུན་བྱེད་ལས། མ་ལུས་སྐྱེ་མེད་རྣམ་དག་ཏིང་འཛིན་ནི། །སྒོམ་དང་མི་སྒོམ་རྐྱེན་ལ་རག་མ་ལུས། །བསྒོམ་བྱ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །གང་དུ་ཇི་ལྟར་བཞག་པའི་ཚུལ་མེད་པས། །མ་བཙལ་རང་སར་བཞག་པས་སྒོམ་པ་ཡིན། །ཅེས་པ་དང་། ཀློང་དྲུག་པ་ལས། གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་སོ། །ཤར་གྲོལ་རང་བྱུང་གི་ཡེ་ཤེས་སུ་འགག་བསྡམ་པ་ནི། སེམས་སྣང་རྟོག་ཚོགས་རང་གསལ་སྟོང་པའི་ངང་། །གང་ལྟར་འགྱུས་པ་རང་བབས་ལྷུག་པར་ཞོག །འགྱུ་འཕྲོའི་ཐོག་ནས་ཆོས་ཉིད་དགོངས་པར་གསལ། །གང་དུ་འགྱུ་ཡང་ཆུ་དང་དབའ་རླབས་ལྟར་རང་བྱུང་ཡེ་ཤེས་ཀྱི་རོལ་པར་ཤེས་ན་ཀློད་པས་གནས་འགྱུ་གཉིས་མེད་དུ་གྲོལ་ཏེ། ཁྱུང་ཆེན་ལས། ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅི་སྣང་འགག །ཆོས་དང་ཡིད་ལ་བྱེད་པའི་བར་དུ་བསྡམ། །ཞེས་པ་དང་། ཀུན་བྱེད་ལས། སྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །སྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་པས། །མ་བསྒོམས་རང་བཞིན་བཞག་ན་སྒོམ་པ་ཡིན། །དོན་དམ་ཀུན་དོན་སྐྱེ་བ་མེད་པ་སྟེ། །རྣམ་རྟོག་མཚན་མ་དེ་བཞིན་རིག་བྱས་ནས། །དྲན་བསམ་ཡིད་ལ་འགྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངང་ལས་མི་ཡེངས་པས། །གང་ལྟར་བསམས་ཀྱང་སྒོམ་པ་ཡིན་ཤེས་ན། །མ་བསྒོམས་གང་ལྟར་བཞག་ཀྱང་ཡེང་བ་མེད། །ཅེས་པ་དང་། ཀློང་དྲུག་པ་ལས། དྲན་པ་མེད་པའི་སེམས་ཉིད་ལ། །འགྱུ་བྱེད་རང་དག་སྣང་བ་ནི། །འཛིན་པ་རང་གྲོལ་བསམ་གཏན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་སོ། །གནས་འགྱུ་གཉིས་


LRD003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་འགག་བསྡམ་པ་ནི། ཡུལ་སེམས་བར་མེད་མཉམ་པའི་རང་དུས་ན། །རང་སངས་རྗེས་མེད་དམིགས་གཏད་བྲལ་བར་གཞག །ངང་དངས་དོན་ལས་ལྷག་མཐོང་ཡེ་ཤེས་གསལ། །སྔ་མ་གཉིས་བསྐྱངས་པ་ལས། ཡུལ་སེམས་བར་མེད་དུ་སེང་ངེ་བ་ཞར་ལ་འབྱུང་བ་དང་། སྣང་ཐོག་ཏུ་མིག་དང་ཤེས་པ་ཧ་རེ་བ་གཏད་པས་རང་སངས་རྗེས་མེད་དུ་ནང་དུ་གསལ་ཏེ། སེང་གེ་རྩལ་རྫོགས་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོའི་ནང་དུ་རྙེད། །ཅེས་སོ། །འགག་བསྡམ་ཚུལ་ནི། ཁྱུངཆེན་ལས། བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་འགག །ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ། །ཞེས་པ་དང་། ཀུན་བྱེད་ལས། བྱ་བ་མེད་པས་རྩོལ་བའི་ལས་མི་བྱེད། །དམིགས་པ་མེད་པས་སྒོམ་པའི་འདུ་ཤེས་བྲལ། །འདུ་འབྲལ་མེད་པས་མ་བརྗེད་ཡིད་ལ་ཞོག །ཅེས་པ་དང་། ཀློང་དྲུག་པ་ལས། བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་སོ། །དེ་དག་གི་དོན་བསྡུ་བ་ནི། སྙིང་པོ་གཅིག་ལ་གནད་གསུམ་འགག་བསྡམས་པས། །རྟོགས་དང་མི་རྟོགས་ཡེ་ནས་མཉམ་པ་དང་། །ཡུལ་སེམས་གཉིས་མེད་ཆོས་སྐུར་མཉམ་པ་དང་། །གོལ་སྒྲིབ་གཉིས་མེད་དགོངས་པར་མཉམ་པ་དང་། །བར་མཚམས་མེད་པ་དོན་གྱི་རང་ས་ཟིན། །བཏང་གཞག་མེད་པ་ངེས་པའི་སྙིང་པོ་རྙེད། །འགྲོ་འོང་མེད་པ་ཆོས་ཉིད་དགོངས་པར་གནས། །འཕོ་འགྱུར་མེད་པའི་ས་ལ་འུབ་ཆུབ་བོ། །སྣང་བ་ཅོག་གཞག་གི་ཡུལ་སེམས་གཉིས་མེད་དུ་མཉམ་པས་བཏང་བཞག་མེད་པའི་དགོངས་པ་རྙེད་པ་དང་། རིག་པ་ཅོག་གཞག་གི་འགྱུ་འཕྲོ་ཏིང་འཛིན་དུ་ཤར་ནས་རྟོགས་དང་མི་རྟོགས་མཉམ་སྟེ་འགྲོ་འོང་མེད་པའི་དགོངས་པ་རྙེད་པ་དང་། གནས་འགྱུ་གཉིས་


LRD003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་གོལ་སྒྲིབ་གཉིས་མེད་དུ་མཉམ་པས་བར་མཚམས་མེད་པའི་དགོངས་པ་རྙེད་པའོ། །དེ་གསུམ་ཐ་དད་མེད་པས་འགག་བསྡམ་པ་ཡང་རང་དྭངས་ཆོས་ཉིད་ལས་མ་ཡེངས་པས་ཚོགས་དྲུག་ལྷུག་པར་གློད་པ་དེ། ཁྱུང་ཆེན་ལས། ལྷུག་པ་སོ་གཉུག་རྣལ་མ་དྲོད་ཀྱི་འགག །རང་སོར་དཀྱུས་ཏེ་འཁོར་འདས་བར་དུ་བསྡམ། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ་ཇི་བཞིན་རྩོལ་བྲལ་བདེ་བ་ཆེན་པོ་ལ། །སྒོ་གསུམ་མི་རྩོལ་བཅོས་ཤིང་དམིགས་མི་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲང་། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་གཞག །རང་ལུས་མ་བཅོས་དབང་པོ་མི་རྟུལ་ཏེ། །ངག་ཀྱང་མི་བསྡམ་བྱ་རྩོལ་བྱར་ཡང་མེད། །སེམས་ཀྱང་གར་བཏང་མི་གཡོ་ངང་ལ་གཞག །ཅེས་པ་དང་། ཀློང་དྲུག་པ་ལས། བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་སྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་སོ། །དེ་དག་ཀྱང་དུས་གསུམ་མཉམ་ཉིད་དུ་རྟོགས་པའི་རྣལ་འབྱོར་དང་སྦྱར་ཏེ། དེ་ཉིད་ལས། སྐྱེས་བུ་གང་ཞིག་འདས་པའི་རྗེས་མ་བཟུང་། མ་འོངས་པའི་སྔུན་མ་བླངས། ད་ལྟའི་ཤེས་པ་རང་སོ་ལ་བཞག་ན་ཤེས་པ་ཐམས་ཅད་སྔ་ཕྱི་མེད་པར་གཅིག་ཏུ་འདྲེས་ནས་གཅིག་འདུས་ངོ་བོ་གཅིག་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་དྲན་པ་རང་ཟད་ཀྱི་ཐབས་ཀྱིས་འཁོར་འདས་གཉིས་མེད་དུ་བསྲེ་བ་སྟེ། འདས་པའི་དྲན་པ་རྣམ་པར་མཚམས་བཅད་པ་དང་། མ་འོངས་པའི་དྲན་པ་ཉིད་མགོ་གནོན་པ་དང་། ད་ལྟར་གྱི་དྲན་པ་རྣམས་རང་ཡལ་དུ་བཏང་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་ཞེས་བྱའོ། །ཡང་འདས་པའི་སེམས་ལ་ཕུགས་མི་གཏད། མ་འོངས་པའི་སེམས་ལ་རྒྱབ་མི་གཏད། ད་ལྟར་གྱི་སེམས་ལ་བློ་མི་གཏད་པ་ན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཡིན་


LRD003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འདས་པའི་མ་རིག་པ་ལ་གཟེག་མ་བསྐུར། མ་འོངས་པའི་མ་རིག་པ་ལ་གཡབ་མ་བོར། ད་ལྟར་གྱི་མ་རིག་པ་ལ་སྤང་དུ་མ་བླངས་ན། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་ཞེ་སྡང་ལ་ཞེ་མ་ཆགས། མ་འོངས་པའི་ཞེ་སྡང་ལ་ལྕགས་ཀྱུས་མ་བཟུང་། ད་ལྟར་གྱི་ཞེ་སྡང་ལ་ངར་མ་བླུད་ན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་གཏི་མུག་གི་སྤྲིན་མ་བསྡུ། མ་འོངས་པའི་གཏི་མུག་གི་ས་མ་བཅད། ད་ལྟར་གྱི་གཏི་མུག་གི་ཆར་མ་ཕབ་ན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་སངས་རྒྱས་ལ་ལན་མ་གདབ། མ་འོངས་པའི་སངས་རྒྱས་ལ་ཁུ་མ་གདབ། ད་ལྟར་གྱི་སངས་རྒྱས་ལ་ཐོག་མ་གཏོད་པ་ནི། དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་འདོད་ཆགས་ཉིད་སུན་མ་ཕྱུང་། མ་འོངས་པའི་འདོད་ཆགས་རྣམས་ཞེ་མ་བཅད། ད་ལྟར་གྱི་འདོད་ཆགས་རྣམས་ཡུལ་ཕྱུང་བ་ནི། དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཡིན། འདས་པའི་ཕྲག་དོག་ལ་དམ་དུ་མ་བཟུང་། མ་འོངས་པའི་ཕྲག་དོག་ལ་སེམས་མ་བསྡུ། ད་ལྟར་གྱི་ཕྲག་དོག་ལ་སེམས་མ་བཅུག་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་སྟེ། འཁོར་འདས་གཉིས་མེད་དུ་རྟོགས་པའི་རྣལ་འབྱོར་པ་ཆེན་པོ་ཞེས་བྱའོ་ཞེས་སོ། །སངས་རྒྱས་ཀྱི་བཟང་རྟོག་གཉེན་པོའི་བློ་ཉམས་དང་བཅས་པའོ། །དེ་ལྟར་ཉམས་སུ་བླངས་པས་རིག་པ་སྟོང་གསལ་གཅིག་ལ་ལྟ་སྒོམ་སྤྱོད་འབྲས་བཞི་ཕྲུགས་ཅིག་ལྷུན་གྲུབ་ཏུ་འབྱུང་སྟེ། སློབ་དཔོན་ཤྲཱི་སིཾ་ཧས་མཛད་པའི་ཁ་གཏམ་གསང་བའི་སྙན་བརྒྱུད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་སྟོང་པ་འདྲ། །དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག །རང་གི་རང་བཞིན་མ་གཡོས་བཅོས་པ་མེད། །དེ་བཞིན་དེ་ཉིད་གང་གནས་དམ་པའི་སེམས། །སངས་རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ། །


LRD003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་དྲན་རྟོག་མཐའ་དང་བྲལ། །སྤྱོད་པ་ཉག་གཅིག་རྩོལ་སྒྲུབ་མཐའ་དང་བྲལ། །འབྲས་བུ་ཉག་གཅིག་སྤངས་ཐོབ་མཐའ་དང་བྲལ། །ཅེས་སོ། །འདིའི་དུས་ན་འདུ་འབྲལ་མེད་པའི་བསམ་གཏན་འཆར་ཏེ། དེའི་ངོ་བོ་ནི། སེང་གེ་རྩལ་རྫོགས་ལས། ཆོས་སྐུ་རྟོག་མེད་རང་སངས་སྒོམ་པ་ཡིན། །དམིགས་པའི་ཡུལ་མེད་རང་གི་དོན་རྟོགས་ན། །འདུ་འབྲལ་མེད་པའི་བསམ་གཏན་ཆེན་པོ་ཡིན། །དེ་ནི་རང་སྣང་འབྲས་བུར་བསྟན་པའོ། །ཞེས་པ་དང་། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་བསམ་གཏན་བར་མེད་ལ། །བྱིང་རྒོད་མེད་པ་ཡ་རེ་མཚན། །ཅེས་སོ། །གྲོལ་བ་གཅིག་ཏུ་དོན་བསྡུ་བ་ནི། ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དོ་ཐིག་ལེ་གཅིག་གི་ཀློང་། །རང་སར་གྲོལ་ལོ་རྟོགས་དང་མ་རྟོགས་མེད། །ཟད་སར་ཕྱིན་ནོ་བློ་འདས་ཕྱལ་པར་ཡས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལ། །སྟོང་ཁམས་གསལ་བའི་ཉི་ཟླ་ཤར་བ་ལགས། །རིག་པ་ཟང་ཐལ་ཡེ་གྲོལ་དུ་རྗེན་ལ་སངས་དུས་ཆོས་སྐུ་ཟད་པའི་དགོངས་པར་ཕྱིན་ཏེ་རྟོགས་པ་མི་ནུབ་པའི་རྒྱལ་མཚན་རྩེ་མོ་ལས་རང་བྱུང་ཡེ་ཤེས་ཀྱི་ཉི་ཟླ་འོད་གསལ་བ། རྣམ་པ་ཀུན་ལྡན་གྱི་སྟོང་ཆེན་རིག་པའི་ངང་དུ་ཤར་བས། འཁོར་འདས་འཆིང་གཞིའི་མུན་པ་སངས་པ་ཞེས་བྱའོ། །དེའི་ཚེ་གདོད་མར་གྲོལ་བས་ཏེ། མཚན་མ་རང་གྲོལ་ལས། དབྱེ་བསལ་མེད་དོ་ལྷུན་གྲུབ་ཀློང་དུ་གྲོལ་། །འདུ་འབྲལ་མེད་དོ་ཐིག་ལེའི་ཀློང་དུ་གྲོལ། །ཅིར་ཡང་འཆར་རོ་ངེས་མེད་ཀློང་དུ་གྲོལ། །ཅེས་སོ། །གྲོལ་ལུགས་ནི་ཐལ་འགྱུར་ལས། གཞན་ཡང་གྲོལ་བའི་ཆོས་ཉིད་ཤར། །གནད་ཀྱིས་གྲོལ་བས་འབད་རྩོལ་ཟབ། །ཡེ་ནས་གྲོལ་བས་བསྐྱར་མི་དགོས། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཅེར་གྲོལ་ཡིན་ཕྱིར་མཐོང་སར་གྲོལ། །ཡོངས་སུ་གྲོལ་བས་རང་བཞིན་དག །དུས་ཀྱིས་


LRD003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བས་གོམས་མི་དགོས། །རང་བཞིན་གྲོལ་བས་མ་བཅོས་པའོ། །གྲོལ་ཞེས་ཐ་སྙད་ཙམ་ཉིད་དེ། །རྟོགས་དང་མ་རྟོགས་སུ་ཡི་ཆོས། །དེ་ལ་གྲོལ་ཞེས་སུ་ལ་དམིགས། །ཁམས་གསུམ་འཇུག་པ་སུ་ལ་སྲིད། །སྲིད་མཐའ་བྲལ་བའི་ཆོས་ཉིད་དོ། །ཞེས་པ་དང་། མུ་ཏིག་འཕྲེང་བ་ལས། ཡེ་གྲོལ་ཡིན་པས་གཏན་ནས་འཕགས། །རང་གྲོལ་ཡིན་པས་ཡུར་རྐྱེན་ཟད། །ཅེར་གྲོལ་ཡིན་པས་སྣང་བ་དག །མཐའ་གྲོལ་ཡིན་པས་མུ་བཞི་འགག །གཅིག་གྲོལ་ཡིན་པས་དུ་མར་རྟོགས། །རྐྱེན་རྣམས་རྐྱེན་གྱིས་གྲོལ་བས་ན། །དམིགས་པའི་ཆོས་ལ་ང་མི་ལྟོས། །ཡུལ་རྣམས་ཡུལ་གྱིས་གྲོལ་བས་ན། །གཟུང་འཛིན་གཉིས་ལ་ང་མི་ལྟོས། །རྒྱུ་ཉིད་རྒྱུ་ཡིས་གྲོལ་བ་ལ། །འཁོར་འདས་གཉིས་ལ་ང་མི་ལྟོས། །ཆོས་རྣམས་ཆོས་ཀྱིས་གྲོལ་བ་ལ། །ཐ་སྙད་ཚིག་ལ་ང་མི་ལྟོས། །སེམས་ཉིད་སེམས་ཀྱིས་གྲོལ་བ་ལ། །མཚོན་བརྗོད་བློ་ལ་ང་མི་ལྟོས། །དྲི་མས་དྲི་མ་འཁྲུ་བ་བཞིན། །དེ་བཞིན་དག་པས་དག་པ་གྲོལ། །དུག་གིས་དུག་རྣམས་འཇོམས་པ་དང་། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་དང་། །ཤིང་གིས་ཤིང་རྣམས་བསྲེགས་པ་ལྟར། །རང་རང་དགྲ་ནི་རང་གིས་བྱེད། །རིགས་མི་མཐུན་པས་གྲོལ་བ་མིན། །ཅེས་སོ། །ཡེ་ནས་གྲོལ་བའི་རྣམ་དག་སྦྱར་བ་ཡང་། །དེ་ལས་འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཐབས་དང་ཤེས་རབ་སྦྱོར་བ་ལས། །ཕ་དང་མ་ཉིད་རྒྱུ་ཉིད་དག །འཕེན་པའི་རླུང་གིས་བསྐྱོད་པ་ནི། །བྱང་ཆུབ་རང་རིག་བདེ་ཆེན་པོ། །འབྱུང་ལྔའི་རྒྱུ་ལས་ས་བོན་ནི། །སྟོང་ཉིད་ཡུལ་ལས་སྣང་བ་ཤར། །གཉིས་ཀྱིས་བདེ་བའི་སྙོམས་འཇུག་ནི། །ཐབས་ལས་བྱུང་བའི་ཤེས་རབ་ཉིད། །མངལ་གྱི་ལྷུམས་སུ་ཚུད་པ་ན། །རང་རིག་ཞི་གནས་སྣང་བ་ཤར། །བདུན་ཚན་བདུན་གྱི་རྟོགས་ཚད་དོ། །ཟླ་བཅུས་ས་རྣམས་བགྲོད་པ་ཉིད། །བཙས་པ་ཉིད་ནི་སྐུར་བཞེངས་ཏེ། །ལུས་བསྐྱེད་


LRD003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གཞི་སྣང་ཡུལ། །ལུས་སུ་གནས་པ་གཞི་ཡིན་ཏེ། །རྒས་པ་དག་གིས་འཁྲུལ་པ་སངས། །ན་བ་ཉིད་ནི་རྟོགས་པའི་གདེང་། །ཤི་བས་ཆོས་ཉིད་སྟོང་པར་གྲོལ། །དེ་ལྟར་གཟུགས་སྣང་སེམས་ཅན་དེ། །འབད་པ་མེད་པར་ཡེ་ནས་གྲོལ། །ཨེ་མ་ཧོ། སྤྱོད་པས་མ་བསྒྱུར་སྣང་བ་གྲོལ། །སྒོམ་པས་མ་བཙལ་ཆོས་ཅན་གྲོལ། །ལྟ་བས་མ་རྟོགས་རྟག་ཆད་གྲོལ། །འབྲས་བུ་མ་བཅིངས་རང་ལུགས་གྲོལ། །ཅེས་སོ། །ད་ནི་ཆིངས་སུ་བཅིང་པ་ལས། དབྱིངས་གཅིག་རང་བྱུང་ཡེ་ཤེས་སུ་བཅིང་བ་ནི། རང་རིག་གཅིག་གིས་ཆོས་ཀུན་བཅིང་བ་ནི། །མཐའ་ཡས་མུ་མེད་སྣང་ཞིང་སྲིད་པའི་ཆོས། །འཁོར་འདས་མ་ལུས་ཤར་ཡང་དབྱིངས་ནས་ཤར། །དེ་ཕྱིར་དང་པོ་ཤར་བའི་དབྱིངས་ཀྱིས་བཅིངས། །ཆོས་ཐམས་ཅད་རིག་པའི་ངང་ལས་ཤར་བས། དང་པོ་ཤར་བའང་རིག་པ་གཅིག་གིས་བཅིངས་ཏེ། ཀུན་བྱེད་ལས། རྒྱུ་རྐྱེན་མེད་པའི་སྙིང་པོ་འདི། །ཀུན་ལ་དབང་བསྒྱུར་ཐམས་ཅད་བྱེད། །ཅེས་སོ། །ཇི་ལྟར་སྣང་ཡང་རིག་པར་བཅིང་བ་ནི། །ད་ལྟར་སྣ་ཚོགས་སྣང་བའི་དུས་ཉིད་ནས། །རིག་པའི་ངང་ལས་གཞན་དུ་མ་གཡོས་པས། །སྣང་བ་རང་བྱུང་རིག་པའི་ཀློང་གིས་བཅིངས། །ད་ལྟར་ཇི་ལྟར་སྣང་ཡང་རིག་ངོར་སྣང་ལ། རིག་ངོར་བཅིངས་ཏེ། ཀུན་བྱེད་ལས། ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །གནས་ནི་ཆོས་ཉིད་དབྱིངས་ན་གནས། །གསལ་ནི་རིག་པ་མཁའ་ལ་གསལ། །ཅེས་སོ། །མཐར་ཡང་རིག་པ་གཅིག་ཏུ་བཅིང་བ་ནི། ཤར་གྲོལ་རིས་མེད་དབྱིངས་སུ་ནུབ་ན་ཡང་། །བྱང་ཆུབ་སེམས་ལས་གཞན་དུ་མ་གྱུར་པས། །ཟད་པ་གདོད་མའི་ཆོས་ཉིད་གཅིག་གིས་བཅིང་། །ཆོས་ཐམས་ཅད་མཐར་རིག་པའི་ངང་དུ་བཟློག་ཅིང་གྲོལ་ཏེ། ནམ་མཁར་སྤྲིན་རྣམས་དེངས་པའི་དཔེ་ལྟར་རིག་སྟོང་ཆོས་སྐུའི་དབྱིངས་སུ་ཟད་པ་ཆོས་ཉིད་ཆེན་པོར་བཅིང་བ་ནི། མཚན་མ་རང་གྲོལ་ལས། གཅིག་


LRD003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐ་དད་འཛིན་པ་འཁྲུལ་བའི་སེམས། །གཅིག་ཏུ་གྲོལ་ལོ་ཆོས་ཉིད་ཀློང་དུ་གྲོལ། །འཁོར་བའི་ལམ་དུ་འདོད་པའི་བྱང་ཆུབ་གེགས། །རང་བྱུང་གྲོལ་ལོ་ཡེ་ཤེས་ཀློང་དུ་གྲོལ། །ཅེས་སོ། །ཐམས་ཅད་རང་བྱུང་ཡེ་ཤེས་སུ་བཅིངས་པས་དོན་བསྡུ་བ་ནི། དེ་ཕྱིར་ཆོས་ཀུན་རིག་པ་གཅིག་གིས་བཅིང་། །རིག་པ་མ་གཡོས་བྱང་ཆུབ་སྙིང་པོ་ལ། །འཕོ་འགྱུར་མེད་པ་དོན་གྱི་སྙིང་པོ་བཅིངས། །མི་འགྱུར་འདུས་མ་བྱས་སུ་འུབ་ཆུབ་པོ། །སྣང་སྲིད་འཁོར་འདས་ཐམས་ཅད་རིག་པ་ཀུན་ཏུ་བཟང་མོའི་ཆོས་ཉིད་དུ་འདུས་པས་རིག་པ་བྱང་ཆུབ་ཀྱི་སེམས་ལས་གཞན་པའི་ཆོས་མེད་དེ། སེང་གེ་རྩལ་རྫོགས་ལས། ཀུན་ཏུ་བཟང་མོའི་བྷ་ག་ཀློང་ཡངས་སུ། །སྣང་སྲིད་འཁོར་འདས་འབྱུང་བ་རྣམ་ལྔ་འུབ། །ཅེས་པ་དང་། ཀུན་བྱེད་ལས། དེ་བས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ནམ་མཁའི་ངང་ན་མི་གནས་མེད་པ་བཞིན། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ཡུལ་ཆེ་བས། །སངས་རྒྱས་སེམས་ཅན་སྣོད་བཅུད་ཀུན་ཀྱང་གནས། །ཞེས་པ་དང་། སེམས་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །ང་ལས་བྱུང་བའི་སྔར་འདས་སངས་རྒྱས་ལ། །ཀུན་བྱེད་རྒྱལ་པོ་ང་ཡིས་ལུང་མ་བསྟན། །ད་ལྟར་བཞུགས་དང་སླད་ཀྱི་འབྱོན་པ་ལ། །ཀུན་བྱེད་རྒྱལ་པོས་བྱང་ཆུབ་ལུང་མི་སྟོན། །ཅེས་སོ། །ད་ནི་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ལ་བཟླ་བ་ལས། ཐོག་མཐའ་མེད་པ་དོན་གྱི་སྙིང་པོར་ལ་བཟླ་བ་ནི། ལ་བཟླ་གཅིག་པུར་རང་བྱུང་ཡེ་ཤེས་ཉིད། །ཐོག་མ་དང་ནི་ཐ་མ་མེད་པའི་དབྱིངས། །ཐམས་ཅད་དེ་ཆུབ་སྤྲོས་ཀུན་ཉེར་ཞི་བ། །ཆོས་ཀུན་ཆོས་ཉིད་དོན་གྱི་སྙིང་པོར་གནས། །ཐམས་ཅད་སྣང་བཞིན་པའི་དུས་ནས། ཐོག་མཐའ་མེད་པ་རང་བྱུང་གི་ཡེ་ཤེས་སུ་འདུས་པས་སྟོང་གསལ་དོན་གྱི་སྙིང་པོའི་ངང་ལས་མ་གཡོས་ཏེ། ཀུན་བྱེད་ལས། ནང་ནས་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དེ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །ཅེས་སོ། །གཟུང་འཛིན་


LRD003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མེད་རང་བྱུང་གི་ཡེ་ཤེས་སུ་ལ་བཟླ་བ་ནི། འདི་ལྟར་ཕྱི་ནང་ཡུལ་སེམས་འཁོར་འདས་ཆོས། །རགས་ཕྲར་ཕྱེ་བས་ཆ་ཤས་སྤྲོས་དང་བྲལ། །མཁའ་བཞིན་ཡེ་སྟོང་དབྱིངས་སུ་ལ་བཟླའོ། །ཕྱི་ནང་གཟུང་ཡུལ་རྡུལ་ཕྲན་ཆ་མེད་སྟོང་པ་དེ་ཡང་རིག་པའི་ངང་དུ་རང་སྣང་ལ། ནང་སེམས་ཀྱང་སྐད་ཅིག་ཆ་མེད་སྟོང་པར་རང་ཡལ་རྗེས་མེད་དུ་རིག་པར་སངས་ལ། གཉིས་ཀ་ཡེ་སྟོང་རྩ་བྲལ་ནམ་མཁའ་ལྟར་དག་པ་སྟེ། མི་ནུབ་པའི་རྒྱལ་མཚན་ནམ་མཁའ་ཆེ་ལས། ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཟབ་མོ་ཆ་ཤས་རྟོགས་ཡུལ་མེད། །སྲིད་པ་མིང་ཙམ་ལོག་པའི་སྟོབས། །ཞེས་སོ། །རིག་པ་མཚོན་བརྗོད་ལས་འདས་པར་ལ་བཟླ་བ་ནི། བྱང་ཆུབ་སེམས་ཀྱང་དཔྱད་ན་དངོས་མེད་དེ། །སྐྱེ་བ་མེད་དང་གནས་པ་མེད་པ་དང་། །འོང་བ་མེད་དང་འགྲོ་བ་མེད་པ་དང་། །མཚོན་དུ་མེད་དང་བརྗོད་ལས་འདས་པ་སྟེ། །བློ་འདས་དགོངས་པའི་ཀློང་དུ་ལ་འདས་པས། །འདི་ཞེས་བསྟན་དུ་མཚན་མའི་དངོས་པོ་མེད། །སྒྲ་ཡིས་ཤེས་སུ་ཚིག་གིས་བརྗོད་དུ་མེད། །རིག་པ་རང་བྱུང་གི་ཡེ་ཤེས་ལས་སྣང་སྲིད་འཁོར་འདས་གཟུང་འཛིན་ཐེག་པ་ཅི་བྱུང་ཅི་ཤར་ཡང་། རིག་པ་བྱང་ཆུབ་ཀྱི་སེམས་སུ་འདུས་ཤིང་རྫོགས་པས་རྫོགས་པ་ཆེན་པོར་འདུས་པ་སྟེ། ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེས་ཀུན་ལ་ཁྱབ་ཅིང་ཐམས་ཅད་དེའི་ངང་དུ་གནས་ཀྱང་། དེའི་ངོ་བོ་ལ་བསམ་བརྗོད་སྤྲོས་པའི་ཡུལ་ལས་འདས་པས་ནམ་མཁའ་ལྟར་ཡེ་ནས་གནས་ཏེ། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་འདི་ལྟ་སྟེ། །ཡོད་ནི་གཅིག་ལས་མེད་པས་ཏེ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །གནས་ནི་ཆོས་ཉིད་དབྱིངས་ན་གནས། །གསལ་ནི་རིག་པ་མཁའ་ལ་གསལ། །ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ། །བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང་། །བསྟན་ནི་མཚན་མའི་དངོས་པོར་མེད། །མཐོང་དུ་དམིགས་པའི་ཡུལ་དང་བྲལ། །ཤེས་སུ་ཚིག་ཏུ་བརྗོད་དུ་མེད། །རྒྱུ་ལས་མ་བྱུང་སྙིང་པོ་འདི། །


LRD003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོས་ཀྱིས་བཏགས་པ་ཀུན་དང་བྲལ། །དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་བཏགས། །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཉིད་འགག་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལ། །དམིགས་སུ་མེད་པར་མཚོན་ཏེ་བསྟན། །ཚིག་ཏུ་བརྗོད་དུ་མེད་པ་ལ། །བརྗོད་དུ་མེད་པའི་ཚིག་བརྗོད་དེ། །དམིགས་མེད་དོན་གྱི་ངོ་བོར་བསྟན། །བསྡུས་ཏེ་བསྟན་པའི་དོན་འདི་ནི། །དོན་གྱི་ངོ་བོ་འབྲེལ་པ་སྟེ། །འདི་ཡིས་ང་དོན་རྟོགས་པར་བྱེད། །འདི་ཡིས་ང་དོན་མ་རྟོགས་ན། །དོན་གྱི་སྒྲ་ཚིག་ཅི་བསྟན་ཀྱང་། །ང་དང་འཕྲད་པར་མི་འགྱུར་ཏེ། །ང་ལས་གོལ་ལ་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཅེས་སོ། །ཆོས་ཟད་མིང་མེད་ཆེན་པོར་ལ་བཟླ་བ་ནས་དོན་བསྡུ་བ་ནི། མིང་མེད་སྤྲོས་དང་བྲལ་བའི་ཀློང་ཆེན་དུ། །སྣང་སྲིད་འཁོར་འདས་ཆོས་རྣམས་ལ་བཟླའོ། །རིག་སྟོང་སྐྱེ་བ་མེད་པའི་ཀློང་ཆེན་དུ། །སོ་སོ་རང་རིག་ཆོས་རྣམས་ལ་བཟླའོ། །རིག་དང་མ་རིག་མེད་པའི་ཀློང་ཆེན་དུ། །བྱང་ཆུབ་སེམས་ཀྱི་ཆོས་རྣམས་ལ་བཟླའོ། །དུས་གསུམ་འཕོ་འགྱུར་མེད་པའི་ཀློང་ཆེན་དུ། །ཡེ་སྟོང་ཡོངས་སྟོང་ཆོས་རྣམས་ལ་བཟླའོ། །རིག་པ་ཡེ་ནས་སྤྲོས་དང་བྲལ་བའི་ངང་ནས་ཤར་བ་འཁོར་འདས་ཀྱི་ཆོས་སོ་ཅོག་མཐར་ཡང་དེར་ལ་བཟླ་སྟེ་གྲོལ་ས་ཉིད་ནི་ཐོག་མའོ་ཞེས་ཐལ་འགྱུར་ལས་བཤད་པ་ལྟར་རོ། །རིག་པའི་ཆོས་ཐམས་ཅད་རིག་སྟོང་སྐྱེ་བ་མེད་པར་ལ་བཟླ་སྟེ། མི་ནུབ་རྒྱལ་མཚན་ཆེན་པོ་ལས། ངོ་མཚར་རྨད་བྱུང་རོལ་པ་འདི། །བྱ་བྲལ་ནམ་མཁའ་བཞིན་དུ་གནས། །ཞེས་སོ། །བྱང་ཆུབ་སེམས་ཀྱི་ཆོས་ཐམས་ཅད་གཉིས་སུ་མེད་པར་ལ་བཟླ་སྟེ། དེ་ཉིད་ལས། ལྷུན་གྱིས་གྲུབ་པའི་བདེ་ཆེན་དེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རིག་དང་མ་རིག་གཉིས་མེད་པར། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་ནི་གཞན་ནས་འབྱུང་མི་འགྱུར། །ཅེས་སོ། །སྟོང་པའི་ཆོས་ཐམས་ཅད་འཕོ་འགྱུར་མེད་པར་ལ་བཟླ་སྟེ། ཡང་དེ་ཉིད་ལས།


LRD003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་མ་ཡིན་དྲང་པོར་གནས། །ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །ཅེས་སོ། །དེ་ལྟར་ན་རང་བྱུང་རིག་སྟོང་གི་ཡེ་ཤེས་ལ་སྐུ་གསུང་ཐུགས་བྱས་པ་མེད་པའི་ཆོས་ཉིད་ཀ་ནས་དག་པའི་རང་བཞིན་ལྷུན་གྲུབ་སྟོང་གསལ་ཆེན་པོར་གནས་ཏེ། ངོ་སྤྲོད་སྤྲས་པའི་རྒྱུད་ལས། རྡོ་རྗེ་སྐུ་ཡི་རང་བཞིན་ལས། །མི་འགྱུར་མི་ཤིགས་ངང་དུ་གནས། །པདྨ་གསུང་གི་རང་བཞིན་པས། །མ་འགགས་འགག་མེད་སྙིང་པོར་གནས། །འཁོར་ལོ་ཐུགས་ཀྱི་རང་བཞིན་པས། །མི་རྟོག་བསམ་གཏན་ཆེན་པོར་གནས། །ཞེས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བ་ཆེན་པོའི་རྒྱུད་ལས། སྐུ་གསུམ་འོད་གསལ་སྟོང་པ་ཉིད། །རྟག་པ་མ་ཡིན་དངོས་པོ་མེད། །ཆད་པ་མ་ཡིན་འོད་གསལ་སྐུ། །ཐ་དད་མ་ཡིན་ཕྱི་ནང་མེད། །སྟོང་པ་ཟང་ཐལ་ནམ་མཁའི་སྐུ། །སྣང་སྟོང་དབྱེར་མེད་རེག་པ་མེད། །སྐྱེ་ཞིང་འཕོ་འགྱུར་མེད་པའི་སྐུ། །གསུང་ནི་སྐྱེ་མེད་དོན་གྱི་གསུང་། །ཚིག་ཏུ་མི་གསུང་དོན་དུ་གསལ། །སྨྲ་བརྗོད་ཚིག་ལས་འདས་པ་ཡིན། །ཐུགས་ནི་རིག་པ་མཁའ་ལྟར་དག །ཡིད་མེད་སེམས་དང་གསལ་བ་མེད། །ཚོར་བ་མེད་པས་མྱོང་བ་མེད། །འདུ་ཤེས་མེད་པས་ངར་འཛིན་མེད། །འདུ་བྱེད་མེད་པས་སྐྱེ་གནས་མེད། །རྣམ་ཤེས་མེད་པས་འཁྲུལ་བ་མེད། །ཡུལ་ལྔ་མེད་པས་འཛིན་པ་མེད། །འདོད་པ་མེད་པས་ཆགས་པ་མེད། །དགེ་སྡིག་མེད་པས་རྣམ་སྨིན་མེད། །བདག་ཏུ་མི་ལྟ་ངར་འཛིན་མེད། །ཡེ་ཤེས་སྒོ་ལྔ་འཁྲུལ་མེད་གསལ། །ཀུན་གྱི་རང་བཞིན་སངས་རྒྱས་མཉམ། །སྐུ་གསུང་ཐུགས་ལ་དྲི་མ་མེད། །བལྟར་མེད་བསྒོམ་མེད་སྤྱོད་པ་མེད། །ས་དང་ལམ་ལ་བགྲོད་པ་མེད། །ཅེས་པ་དང་། ཀུན་གསལ་ལས། གསལ་ལ་རྟོག་མེད་ཡེ་ཤེས་ཆོས་ཀྱི་སྐུ། །རང་ལ་རང་སྣང་སྣོད་བཅུད་ཡེ་སངས་རྒྱས། །ལས་དང་ཐུགས་རྗེའི་མཐའ་གཉིས་རྣམ་པར་དག །ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རེག །བགྲོད་དུ་མེད་དེ་ཆོས་ཉིད་བྱང་ཆུབ་མཆོག །བགྲོད་པར་འདོད་ན་ཡེ་ཤེས་


LRD003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལ་རིང་། །མ་བསགས་བཞིན་དུ་ཚོགས་གཉིས་ཡེ་ནས་རྫོགས། །མ་སྦྱངས་བཞིན་དུ་སྒྲིབ་གཉིས་ཡེ་ནས་བྱང་། །ཞེས་གསུངས་སོ། །ཐམས་ཅད་དབྱིངས་གཅིག་རང་བྱུང་ཡེ་ཤེས་ངང་། །མ་ལུས་ཆོས་ཀུན་རྣམ་དག་རོ་གཅིག་པས། །གཉིས་མེད་གཅིག་པུར་གཏན་ལ་ཕབ་པའི་དོན། །བཞི་པའི་རྣམ་བཤད་རིན་ཆེན་འགྲེལ་འདི་བཤད། །ཕྱོགས་བཅུ་དུས་གསུམ་བཞུགས་པའི་རྒྱལ་བ་དང་། །མཁའ་འགྲོ་གྲུབ་པ་རིག་འཛིན་སྲུང་མར་བཅས། །ཆོས་མཆོག་སྐལ་བཟང་སྐྱེེ་བོ་མ་ལུས་ཀུན། །ཟབ་ཅིང་རྒྱ་ཆེའི་ཚུལ་འདིས་དགའ་བར་མཛོད། །གནས་ལུགས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་རྩ་བ་རིག་པའི་ཡེ་ཤེས་སུ་གཅིག་པུར་གཏན་ལ་ཕབ་པ་སྟེ་རྡོ་རྗེའི་གནས་བཞི་པའི་འགྲེལ་པའོ།། །།