ཐུན་བཞིའི་སྒོམ་རིམ་ཉུང་བསྡུས་གྲུབ་གཉིས་འབྲས་སྟེར།


SPN001_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཐུན་བཞིའི་སྒོམ་རིམ་ཉུང་བསྡུས་གྲུབ་གཉིས་འབྲས་སྟེར་བཞུགས་སོ། །ན་མོ་གུ་རུ་ཀརྨ་ཡེ། མི་བསྐྱོད་རྒྱལ་བའི་ཞལ་གྱི་བདུད་རྩི་ལས། །བྱུང་བའི་ཉམས་ལེན་ཟབ་ལམ་རྨད་བྱུང་བ། །ཐུན་བཞིའི་དོན་བསྡུས་བླ་མའི་རྣལ་འབྱོར་ཞིག །སྤེལ་བགྱི་མཁའ་འགྲོས་བཀའ་ཡི་གནང་བ་སྩོལ། །སྤྱི་བོར་མཁའ་དབྱིངས་འཇའ་འོད་ཟེར་གྱི་ཀློང་། །ཡེ་ཤེས་མཁའ་འགྲོ་དམར་མོ་ཌཱ་བྷན་བསྣམས། །གཅེར་བུ་སྐྲ་གྲོལ་རྒྱན་སྤང་སྤྱན་གསུམ་ལྡན། །དཀར་འཛིན་ཆུ་འཛིན་རབ་རྒྱས་བདེ་བ་ཆེའི། །གར་གྱི་རོལ་པས་རྩེ་བཞིན་རྣམ་མང་པོས། །སྐུ་ཡི་བཀོད་པ་ཉི་ཟེར་རྡུལ་ལྟར་འཚུབས། །དེ་དབུས་རྩ་བའི་བླ་མ་ཀརྨ་པ། །ཆོས་གོས་རྣམ་གསུམ་ཞྭ་ནག་གསེར་གདངས་ཅན། །ཕྱག་གཉིས་རྡོར་དྲིལ་བསྣོལ་འཛིན་ཞབས་སྐྱིལ་ཀྲུང་། །ཆོས་དབྱིངས་དོན་དམ་སྐྱེ་མེད་ལྟ་སྟངས་ཅན། །གསོལ་བཏབ་ཙམ་གྱིས་མི་བཟོད་གདུང་བ་ཡི། །དད་དང་མོས་གུས་དག་སྣང་དུངས་སེ་དུང་། །བྱིན་རླབས་དངོས་གྲུབ་ཆར་བཞིན་ཐིབས་སེ་ཐིབ། །དཀོན་མཆོག་འདུས་པའི་ངོ་བོར་ལྷམ་མེར་གསལ། །ཀྱཻ། སྣང་སྟོང་སྐུ་ལ་གྲགས་སྟོང་གསུང་། །བདེ་སྟོང་ཐུགས་ལ་གསོལ་བ་འདེབས། །གསང་གསུམ་རྡོ་རྗེའི་བྱིན་ཕོབ་ལ། །དབང་བསྐུར་བདག་རྒྱུད་སྨིན་གྲོལ་མཛོད། །ཕྱོགས་དུས་རྒྱལ་བ་རྒྱ་མཚོ་རྣམས། །ཀུན་ཀྱང་བླ་མའི་སྐུ་ལ་ཐིམ། །རིགས་དཀྱིལ་ཁྱབ་བདག་ངེས་པར་ཤར། །ཡེ་ཤེས་མཁའ་འགྲོ་ལྗང་སེར་དམར། །དཀར་ནག་སྔོ་ཁྲ་ཌཱ་རུ་དང་། །བྷནྡྷ་བསྣམས་ཤིང་གར་སྟབས་


SPN001_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུག །ཉོན་མོངས་སྡིག་སྒྲིབ་རྩད་ནས་བསལ། །དམ་ཚིག་རྩ་བ་ཡན་ལག་གི། །ནོངས་པ་བཤགས་སོ་དག་ཚངས་སྩོལ། །གསོལ་བཏབ་མོད་ལ་མཁའ་འགྲོ་རྣམས། །རིམ་བཞིན་གཙོ་མོའི་སྐུ་ལ་ཐིམ། །དེ་ཉིད་རང་ཐིམ་མཁའ་འགྲོར་གོང་གི་ཕག་མོ་དམར་མོ། མཆན། གསལ། །རྩ་བའི་བླ་མ་སྐད་ཅིག་གིས། །འཁོར་ལོ་བདེ་མཆོག་དཔའ་གཅིག །མཆན། སྐུར་གྱུར་ནས། །རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས། །ཆོས་འབྱུང་ཕྱག་རྒྱ་སྤྱི་བོར་མཛད། །བདེ་བའི་ཉམས་ལྡན་གར་སྟབས་གཡོ། །རང་ཉིད་མཁའ་འགྲོར་གསལ་པ་ཡི། །བདུད་རྩིའི་མཆོད་འབུལ་ཡེ་ཤེས་མེ། །འབར་ཞིང་འོད་ཀྱིས་སྤྱན་དྲངས་ནས། །སྙིང་གར་འདི་སྐབས་རླུང་བུམ་ཅན་ནམ་བར་རླུང་བཟུང་། མཆན། པད་ཉིར་བཞུགས་པར་མོས། །དེ་ཡི་དཔྲལ་མགྲིན་ཐུགས་ལྟེ་བར། །ༀ་དཀར་ཨཱཿདམར་ཧཱུྃ་སྔོན་པོ། །ཧོཿསེར་སྐུ་གསུང་ཐུགས་རྡོ་རྗེའི། །ངོ་བོར་རབ་ཏུ་གསལ་བར་གྱུར། །སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་དཔལ། །རིགས་དྲུག་འཁོར་བའི་སྡུག་བསྔལ་སེལ་བྱེད། །ཡང་དག་ངེས་པའི་ལམ་མཆོག་སྟོན་པའི། །རྗེ་བཙུན་བདུད་འདུལ་རྡོ་རྗེ་མཁྱེན་ནོ། །ལན་གསུམ་མམ་བདུན་བཏོན་ལ། ཀརྨ་པ་མཁྱེན་ནོ། །ཅི་ནུས་བགྲང་། དཀོན་མཆོག་ཀུན་འདུས་མཁྱེན་ནོ། །དྭགས་པོ་བཀའ་བརྒྱུད་མཁྱེན་ནོ། །བདུད་འདུལ་རྡོ་རྗེ་མཁྱེན་ནོ། །སྐྱབས་གནས་གཅིག་ཆོག་མཁྱེན་ནོ། །ཀྱེ་མ་དྲིན་ཆེན་བླ་མ། །རིགས་ཀུན་ཁྱབ་བདག་ཆེན་པོ། །


SPN001_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་རྡོ་རྗེ་འཆང་དངོས། །དྲན་མཆོག་འཁོར་ལོའི་མགོན་པོ། །སྙིང་ནས་གསོལ་བ་འདེབས་སོ། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས། །འགྱུར་མེད་ལྷན་སྐྱེས་ངོ་བོ། །མྱུར་དུ་རྟོགས་པར་བྱིན་རློབས། །དུས་གསུམ་དགེ་ཚོགས་ཐམས་ཅད། །འགྲོ་བའི་དོན་དུ་འབུལ་བཞེས། །རྗེ་བཙུན་ཁྱེད་རང་ལྟ་བུར། །སྙིང་ནས་བྱིན་གྱིས་རློབས་ཤིག །ཅེས་བརྗོད་ལ་སྙིང་གའི་བླ་མ་འོད་དུ་ཞུ་ནས་རང་དང་དབྱེར་མེད་དུ་མོས། རང་ལྷར་གསལ་བ་དེ་ཡང་མི་དམིགས་པའི་ངང་དུ་འཇའ་ཡལ་བ་ལྟར་རྫོགས་རིམ་ལྟ་བའི་ངང་ལ་རེ་ཞིག་མཉམ་པར་བཞག །རྡོ་རྗེ་ཅན་དངོས་བླ་མ་ལ་གསོལ་བ་འདེབས་སོ། །ཀར་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །ཐུགས་རྗེ་བྱིན་རླབས་གཏེར་ཆེན་ལ་གསོལ་བ་འདེབས་སོ། །རྗེ་བཙུན་བདུད་འདུལ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །ཚེ་གཅིག་རྟེན་ཐོག་འདི་ཉིད་དུ། །ངེས་པའི་དོན་མཆོག་ཟབ་མོའི་ལམ། །སྦྱངས་པའི་ཡོན་ཏན་མཐར་ཕྱིན་ནས། །བླ་མེད་སྒྲུབ་པ་སྙིང་པོ་ཡི། །གེགས་མེད་ལྷུན་གྱིས་གྲུབ་གྱུར་ནས། །ཕྱག་རྒྱ་ཆེན་པོ་འགྲུབ་པར་ཤོག །ཅེས་དང་། གཞན་ཡང་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །དེ་ལྟར་ཐུན་བཞིའི་རྣལ་འབྱོར་མདོར་འསྡུས་འདི་བཞིན་དྲུང་འཚོ་བ་དགེ་སློང་ནོར་བུས་བསྐུལ་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་འགྲོ་རྣམས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཅིག། །།