གྲོགས་ཀྱི་མཚན་ཉིད།

བཞི་པ་གྲོགས་ཀྱི་མཚན་ཉིད་ཀྱང་དམ་ཚིག་གཙང་ཞིང་དག་སྣང་ཆེ་བ། དུག་ལྔ་ཆུང་ཞིང་ཤེས་རབ་ཆེ་བ། རང་བཞིན་ལྷོད་ཅིང་བློ་ཡངས་པ། ངང་རྒྱུད་རིང་ཞིང་སྙིང་ཉེ་བ་སྟེ། ཀློང་གསལ་ལས། དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔའི་ཤུགས་ཆུང་བློ་ལྡན་ཁོང་ཡངས་ཆེ། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས། །ཞེས་སོ། །དེ་དང་འགྲོགས་པའི་ཡོན་ཏན་ནི། གནས་སྐབས་སུ་སྒོ་གསུམ་སྒྲུབ་པ་ལ་བརྩོན་པས་ཆོས་དང་ལྡན་ཞིང་། མཐར་ཐུག་བྱང་ཆུབ་འགྲུབ་པ་སྟེ། དེ་ཉིད་ལས། གྲོགས་མཆོག་དམ་པས་ཆོས་ལྡན་བྱང་ཆུབ་འཐོབ། །ཅེས་སོ། །དེ་ལས་ལྡོག་པའི་གྲོགས་དང་འགྲོགས་པའི་སྐྱོན་ནི། ཡང་དེ་ཉིད་ལས། བདེ་བའི་གྲོགས་སྤངས་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་སོ། །དེ་བས་ན་གྲོགས་དམ་པ་སྡོམ་པ་དང་དམ་ཚིག་ལ་གནས་ཤིང་། ལྟ་སྒོམ་དང་སྤྱོད་པ་མཐུན་པ། དཀའ་ཐུབ་དང་དཀའ་སྤྱད་བཟོད་ཅིང་། རྟག་ཏུ་དབེན་པ་ལ་དགའ་བ། སྙིང་རུས་དང་སྡུག་བསྲན་ཆེ་ཞིང་སྐྱོ་ཤས་དང་བློ་སྣ་ཐུང་བ། དག་སྣང་དང་མོས་གུས་ཆེ་ཞིང་། ཉོན་མོངས་དང་རྣམ་རྟོག་ཆུང་བ། ཤེས་རབ་དང་སྙིང་རྗེ་ཆེ་ཞིང་སྒོ་གསུམ་རང་རྒྱུད་དུལ་བ། ཕན་འདོགས་དང་བརྩེ་གདུང་ཆེ་ཞིང་རྟག་ཏུ་ཕྱི་ཐག་རིང་བ། མི་གཞི་དང་ངང་རྒྱུད་རིང་ཞིང་རང་བཞིན་གྱིས་ལྷོད་ཆགས་པ། ཅི་བྱེད་ཆོས་དང་མཐུན་པའི་སྐྱེས་བུ་དམ་པ་དང་རྟག་ཏུ་འགྲོགས་ཤིང་སྐད་ཅིག་ཀྱང་མི་འབྲལ་བར་བྱའོ།། །།