༥ ཕན་པའི་སྙིང་གཏམ།
༈ ན་མོ་གུ་རུ་བྷྱཿ ཤེས་བྱའི་དཀྱིལ་འཁོར་ཡངས་པའི་མཁའ་དབྱིངས་སུ། །ཤེས་བྱེད་མཁྱེན་པའི་རྟ་བདུན་དཀྱིལ་འཁོར་རྒྱས། །མཁྱེན་བརྩེའི་སྐལ་ལྡན་སྙིང་གི་པདྨོ་འབྱེད། །དཔལ་མགོན་བླ་མ་དམ་པའི་ཞབས་ལ་འདུད། །ཀྱེ་གསོན་དང་སྐལ་ལྡན་གྲོགས་པོ་དག །ཕན་པའི་སྙིང་གཏམ་ཤ་ཚའི་གྲོས་འདེབས་ཤིག །སྙིང་ནས་ཡོད་ཀྱི་འདི་བཞིན་དང་དུ་ལོངས། །སྙིང་གཏམ་ལགས་པས་སྙིང་གི་དཀྱིལ་དུ་ཆོངས། །ཁྱེད་ཀྱིས་སྔོན་བསགས་དགེ་བའི་འཕྲོ་ཡོད་པས། །ཚེ་འདིར་རྙེད་དཀའི་དལ་འབྱོར་རིན་ཆེན་ཐོབ། །སངས་རྒྱས་བསྟན་པའི་ཆོས་དང་མཇལ་དུས་འདིར། །སྙིང་ནས་དམ་པའི་ཆོས་ཤིག་བྱེད་རེ་རན། །དལ་འབྱོར་འདི་ནི་ཐོབ་དཀའ་བརྒྱ་ལམ་ཙམ། །དེ་བས་ཆོས་དང་འཕྲད་པ་ཉིན་སྐར་བཞིན། །ཐེག་མཆོག་ཆོས་དང་མཇལ་བ་སྲིད་མཐའ་ཙམ། །སྙིང་ནས་དམ་པའི་ཆོས་ཤིག་མཛད་རེ་རན། །ད་ལྟ་དལ་འབྱོར་རྙེད་ཅིང་རང་དབང་ཐོབ། །སོ་ཐར་བྱང་སེམས་བླ་ན་མེད་པ་ཡི། །སྡོམ་གསུམ་རང་གི་རྒྱུད་ལ་ཚང་དུས་འདིར། །སྙིང་ནས་དམ་པའི་ཆོས་ཤིག་བྱེད་རེ་རན། །བླ་མ་མཁས་གྲུབ་འཇམ་དབྱངས་དངོས་དང་མཇལ། །ཐེག་ཆེན་བླ་མེད་དགོས་འདོད་ཆར་བཞིན་འབེབས། །སངས་རྒྱས་ལག་པའི་མཐིལ་དུ་བཞག་དུས་འདིར། །སྙིང་ནས་དམ་པའི་ཆོས་ཤིག་མཛད་རེ་རན། །དཔལ་མགོན་བླ་མས་སྐལ་ལྡན་གདུལ་བྱ་ལ། །ཟབ་མོའི་གདམས་པ་ཐུགས་ཀྱི་ཡང་ཞུན་ཏེ། །གང་འདོད་རྣམས་ལ་ཅི་འདོད་སྦྱིན་དུས་འདིར། །སྙིང་ནས་དམ་པའི་ཆོས་ཤིག་བྱེད་རེ་རན། །རང་གི་སེམས་ཉིད་སྐྱེ་བ་མེད་པའི་དོན། །གནས་ལུགས་ཇི་བཞིན་མངོན་དུ་བསྟན་པའི་ཚེ། །རང་གིས་ཆ་ཤས་ཙམ་ཞིག་གོ་དུས་འདིར། །སྙིང་ནས་དམ་པའི་ཆོས་ཤིག་མཛད་རེ་རན། །ཇི་ལྟར་བསྟན་པའི་རང་རིག་ཆོས་ཀྱི་སྐུ། །ཇི་བཞིན་ངང་ལ་སྐྱོང་དུ་ཡོད་རིང་འདིར། །ནམ་བཞག་གཏན་གྱི་འདུན་མ་སྒྲུབ་ན་ལེགས། །སྙིང་ནས་དམ་པའི་ཆོས་ཤིག་བྱེད་རེ་རན། །ཀྱེ་མ་ཁམས་གསུམ་གང་དུ་སྐྱེས་ན་ཡང་། །བདེ་ཞིང་སྐྱིད་པའི་གནས་སྐབས་ཅུང་ཟད་མེད། །སྡུག་བསྔལ་རྒྱུ་འབྲས་དག་ལ་སྤྱོད་དགོས་པས། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །གཉེན་བཤེས་ཚོགས་རྣམས་ཇི་ལྟར་མང་ན་ཡང་། །མི་རྟག་གློ་བུར་འཆི་བའི་དུས་བྱུང་ཚེ། །ཡིད་ལ་ཕྲེང་ཡང་སྐད་ཅིག་སྡོད་དབང་མེད། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །ནོར་རྫས་འབྱོར་པ་ཇི་ལྟར་ཆེ་བ་བཞིན། །སེར་སྣ་ལ་སོགས་ཉོན་མོངས་ཀུན་གྱི་གཞི། །འཆི་བའི་ཚེ་ན་སེམས་ཆགས་འབྱུང་བའི་རྒྱུ། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །དམག་དཔུང་སྲིད་སྡེ་ཇི་ལྟར་འཛོམ་ན་ཡང་། །(༩)ཡུན་དུ་མི་གནས་སོ་སོར་འབྲལ་བའི་ཆོས། །ཐམས་ཅད་མི་རྟག་འཇིག་རྟེན་ཕ་རོལ་འགྲོ། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །དབང་དང་ཕོ་ཆུས་ཇི་ལྟར་ཆེ་ན་ཡང་། །མི་དགེ་ཉོན་མོངས་སྡུག་བསྔལ་ཀུན་གྱི་གཞི། །མནར་མེད་ལ་སོགས་ངན་སོང་གསུམ་གྱི་རྒྱུ། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །རང་བས་རྒན་དང་གཞོན་པ་མང་པོ་ཤི། །མཉམ་པའང་འཆི་སྟེ་རང་ཡང་འཆི་བར་ངེས། །ཤི་ནས་གར་སྐྱེ་རང་དབང་མི་བདོག་པས། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །མདོར་ན་ཚེ་འདིའི་བྱ་བ་ཐམས་ཅད་ཀུན། །ཁ་ཟས་བཟང་ལ་བཙན་དུག་འདྲེས་པ་བཞིན། །སྙིང་ནས་སྤོང་བ་དམ་པའི་རྣམ་ཐར་ལགས། །ངེས་པར་བྱང་ཆུབ་སྒྲུབ་པའི་དུས་ལ་བབས། །ཀྱེ་མ་ཀྱི་ཧུད་ཁམས་གསུམ་འཁོར་བའི་ཆོས། །མི་རྟག་མི་བརྟན་སྡུག་བསྔལ་ཀུན་གྱི་གནས། །
ཤི་བའི་ཚེ་ན་གནས་ངན་ལེན་པའི་རྒྱུ། །འཆི་དུས་ཕན་པའི་ཆོས་ཤིག་རང་ལ་འཚལ། །ཚེ་འདི་མི་རྟག་ཡུད་ཙམ་སྐར་མདའ་བཞིན། །ལང་ཚོ་མི་རྟག་སྟོན་ཀའི་མེ་ཏོག་འདྲ། །རང་དབང་མེད་པར་ཕ་རོལ་འགྲོ་དགོས་པས། །འཆི་དུས་ཕན་པའི་ཆོས་ཞིག་རང་ལ་འཚལ། །ད་ལྟའི་དུས་ན་ལེ་ལོས་གཡེང་བ་དང་། །སྙོམ་ལས་ངང་ལ་མི་ཚེ་འདས་པ་ན། །ལས་ཀྱི་དབང་གིས་གར་སྐྱེ་ཆ་མེད་དོ། །འཆི་དུས་ཕན་པའི་ཆོས་ཤིག་རང་ལ་འཚལ། །འཇིག་རྟེན་འདི་ནས་ཕ་རོལ་འགྲོ་བའི་ཚེ། །གཉེན་བཤེས་ནོར་རྫས་ཅི་ཡོད་ཤུལ་དུ་ལུས། །རང་གི་ལུས་འདི་དོར་ནས་འགྲོ་དགོས་པས། །འཆི་དུས་ཕན་པའི་ཆོས་ཤིག་རང་ལ་འཚལ། །གློ་བུར་ཉིད་དུ་འཆི་བའི་དུས་བྱུང་ཚེ། །གནས་ལུགས་རྟོགས་པའི་གདེང་དང་མི་ལྡན་ན། །ཟང་ཟིང་མང་པོས་ཕན་པར་ཅང་གདའ་འམ། །འཆི་དུས་ཕན་པའི་ཆོས་ཤིག་རང་ལ་འཚལ། །ད་ལྟ་ཉིད་དུ་འཆི་བར་གྱུར་པ་ན། །འཇིགས་པ་མེད་པའི་གདེང་ཞིག་ངེས་པར་འཚལ། །ཚོགས་གཉིས་བསགས་པའི་དགེ་འབྲས་ཅི་ཡོད་སོམས། །འཆི་དུས་ཕན་པའི་ཆོས་ཤིག་རང་ལ་འཚལ། །དེ་བས་སྐལ་ལྡན་སྤྲང་པོའི་གྲོས་ལ་གསོན། །རང་དབང་ཡོད་རིང་བྱང་ཆུབ་མི་བསྒྲུབས་ན། །རང་གིས་རང་ཉིད་བསླུས་པར་མི་འགྱུར་རམ། །འཆི་དུས་ཕན་པའི་ཆོས་ཤིག་རང་ལ་འཚལ། །ཨེ་མ་ཁམས་གསུམ་འཁོར་བའི་མཚན་ཉིད་འདི། །བརྟགས་ཤིང་དཔྱད་ན་སྙིང་པོ་ཅུང་ཟད་མེད། །ཅིས་ཀྱང་དགོས་མེད་ཐམས་ཅད་འཆིང་བའི་ཆོས། །ངེས་འབྱུང་སྐྱོ་ཤེས་ངེས་པར་གཅེས་སོ་ཨང་། །ཐེག་ཆེན་ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ལ། །བདག་གཞན་བདེ་སྡུག་བརྗེ་བའི་བྱང་ཆུབ་སེམས། །སྙིང་ནས་སྐྱེས་པ་ངེས་པར་གཅེས་སོ་ཨང་། །རང་ཉིད་ཡི་དམ་ལྷ་རུ་གསལ་བ་ཡི། །སྤྱི་བོར་བླ་མ་ཡིད་བཞིན་ནོར་བུ་བསྒོམ། །རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས་པའི་ཚེ། །མོས་གུས་གདུང་ཤུགས་ངེས་པར་གཅེས་སོ་ཨང་། །ཀུན་གཞི་ཚོགས་བརྒྱད་གཟུང་འཛིན་གཉིས་ལ་སོགས། །སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །ཡེ་སྟོང་རྩ་བྲལ་དངོས་མེད་ཟང་ཐལ་དུ། །གཏིང་ནས་རྟོགས་པ་ངེས་པར་གཅེས་སོ་ཨང་། །གདོད་མའི་(༡)གནས་ལུགས་རང་རིག་ཆོས་ཀྱི་སྐུ། །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་དེ་བཞིན་ཉིད། །རིག་སྟོང་རྗེན་པའི་ཡེ་ཤེས་མངོན་སུམ་དུ། །རྗེན་པར་རྟོགས་པ་ངེས་པར་གཅེས་སོ་ཨང་། །ལམ་མཆོག་ཁྲེགས་ཆོད་ཐོད་རྒལ་རྣམ་པ་གཉིས། །ཆེད་འཛིན་མེད་པར་དབྱེར་མེད་ཟུང་འཇུག་ཅིང་། །ཇི་བཞིན་སྤྲོས་པ་བྲལ་བར་རང་བབས་སུ། །ཡིན་ལུགས་སྐྱོང་བ་ངེས་པར་གཅེས་སོ་ཨང་། །ཕན་པའི་སྙིང་གཏམ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའོ།། །།དགེའོ།། །།