དམ་ཚིག་མདོ་རྒྱས་ཆེན་མོ་རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པ།

༄༅། །དམ་ཚིག་མདོ་རྒྱས་ཆེན་མོ་རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པ་བཞུགས་སོ། །

༄༅། །བཅོམ་ལྡན་རྡོ་རྗེ་འཆང་ལ་གུས་བཏུད་ནས། །ཚུལ་ཆེན་གསང་བའི་ཐེག་པ་ལས་གསུངས་པའི། །དམ་ཚིག་མདོ་རྒྱས་ཚུལ་ཙམ་བསྟན་པ་འདི། །མཁས་པ་ཡིས་ཀྱང་བསྟེན་པར་བགྱི་བའི་འོས། །ཅི་སླད་འདི་དངོས་རྒྱལ་བའི་བཀའ་ཉིད་དེ། །མཚམས་སྦྱོར་ཙམ་ཞིག་གང་ཟག་རྟོག་གེའི་ཚིག །དེས་ཀྱང་དེ་ལ་གནོད་པ་མ་མཆིས་ཤིང་། །དེ་ཡང་བཀའ་ཉིད་ལ་ནི་བརྟེན་པ་ལགས། །རྩི་བཟང་སྨན་པའི་ལག་ནས་བྱུང་བའང་། །མཁས་པས་དུག་ནད་རྣམས་ལ་བརྟེན་འོས་ཏེ། །ཅི་སླད་རྩི་དེ་མཐུ་དང་ལྡན་པ་དང་། །སྨན་པའི་ལག་གིས་དེ་ལ་གནོད་མ་མཆིས། །༼སྦྱོར་བ་ལ་མ་དད་ནས་མི་འཇུག་པ་ལ་གདམས་པ། ༽གང་དག་སྦྱོར་བ་ཉིད་ལ་མ་དད་ཀྱང་། །མེ་ཏོག་ཚལ་ལས་མེ་ཏོག་འཚོང་བ་ཡིས། །མེ་ཏོག་སྣ་ཚོགས་བཏུས་ནས་ཕུང་པོར་བྱས། །དེ་ལས་ཁ་ཅིག་མེ་ཏོག་ཕྲེང་བར་བྱས། །སྐྱེ་དགུ་མེ་ཏོག་འདོད་རྣམས་གཞི་དེ་ལས། །ཕྲེང་བ་ལེན་ཏམ་འོན་ཏེ་ཕུང་པོ་ལེན། །ཁ་ཅིག་ཕྲེང་བ་ལས་ཀྱང་སིལ་མར་བྱེད། །ཁ་ཅིག་ཕྲེང་བ་ལས་ཀྱང་ཕྲེང་བར་བྱེད། །ཁ་ཅིག་ཕྲེང་བའི་གཞི་ལས་འདོད་མིན་འདོར། །ཇི་ལྟར་སྤྲོ་བཞིན་ལེན་པར་བྱེད་པ་ལྟར། །རྒྱལ་བས་རྒྱུད་ལས་གསུངས་པའི་དམ་ཚིག་རྣམས། །ཁ་ཅིག་གཟུང་བདེར་ཕྲེང་བའི་ཚུལ་དུ་བསྡུས། །ཁ་ཅིག་རིམ་མེད་ཕུང་པོ་བཞིན་བསྡུས་བྱས། །སྔགས་པ་ཇི་ལྟར་དད་བཞིན་བླང་བར་མཛོད། །དཔེར་ན་ལོ་ཏོག་ཐམས་ཅད་ས་དག་ལ། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ། །ཇི་ལྟར་སྐྱེས་བུ་སྲོག་དབང་འགགས་གྱུར་ན། །དབང་པོ་གཞན་རྣམས་གནས་པར་མི་འགྱུར་བཞིན། །དམ་ཚིག་སྲོག་གི་དབང་པོ་འགགས་གྱུར་ན། །དགེ་བའི་དབང་པོ་གཞན་རྣམས་གནས་མི་འགྱུར། །༼དད་པའི་རྩ་བ་ཞན་ནས་སྡོམ་པ་ལ་ནན་ཏན་མེད་པ་རྣམས་ལ་གདམས་པ། ༽དེ་ཕྱིར་ཐར་པ་འདོད་པས་དད་བརྟེན་ནས། །དགེ་བའི་གཞི་སྲོག་སྡོམ་ལ་ནན་ཏན་བསྐྱེད། ལམ་འབྲས་ཆོས་དངོས་ཤེས་རབ་ཏིང་ངེ་འཛིན། །དེ་ལ་དགེ་ཚོགས་ཡོན་ཏན་ཀུན་རྫོགས་ཀྱང་། །ཇི་སྲིད་དེ་ཉིད་སྟོབས་སུ་མ་གྱུར་ཅིང་། །ཇི་སྲིད་སྨོན་ལམ་དབང་དུ་མ་གྱུར་དང་། །ཇི་སྲིད་སྐྱེ་བ་ལས་ཀྱིས་ལེན་གྱི་བར། །སྡོམ་པའི་གྲུ་ཡིས་སྲིད་པའི་མཚོ་ལས་སྒྲོལ། །༼ཐོས་པ་དང་རྟོགས་པ་དང་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་ཆེ་བ་བསྡོམས་པས་སྡོམ་པ་གཙོ་བོར་མི་འཛིན་པ་རྣམས་ལ་གདམས་པ། ༽དེ་ལྟར་ཐོས་དང་ཤེས་རབ་ལྡན་གྱུར་ཅིང་། །ལས་བརྗོད་བསམ་གཏན་མཆོག་ལ་བརྩོན་པས་ཀྱང་། །ཁྱིམ་པའམ་ནི་རབ་ཏུ་བྱུང་བ་ཡི། །སྡོམ་པ་གང་ནོས་བསྙེམས་པས་བཏང་མི་བྱ། །༼འཕམ་ལྟུང་ཆེན་པོ་བྱུང་ཡང་སེམས་འབད་དེ་བསླབ་པ་སླར་བླང་བའི་རྩོལ་བ་མེད་པ་རྣམས་ལ་གདམས་པ། ༽འཕམ་ལྟུང་ཆེན་པོ་བྱུང་ཡང་སེམས་སྟོབས་སླར་བསྐྱེད་དེ། །བྱང་ཆུབ་སེམས་ལ་བརྟེན་ནས་དེ་ཉིད་སླར་བླང་བྱ། །ཐེག་མཆོག་སྨོན་པ་བློ་གྲོས་གླང་པོའི་སྟོབས་བརྟེན་ནས། །སྡོམ་པ་གང་ཤོར་དེ་བླང་སླར་ཡང་མི་ཐོབ་མེད། །རྟ་རྒོད་རང་གི་སྟོབས་ཀྱིས་ཤོར་ཅིང་འཁྱམས་པའང་། །གླང་ཆེན་མགྲིན་པར་བཏགས་ན་འཛིན་ཅིང་རྗེས་སུ་འབྲང་། །འཇིག་རྩིའི་རྐྱེན་གྱིས་ཞིག་པའི་ལྕགས་རོ་བོར་བ་ཡང་། །བཅུད་ལེན་རྩི་དང་ཕྲད་ན་སླར་ཡང་བཟང་པོར་འགྱུར། །༼བསླབ་པ་གཞན་གྱི་ཡོན་ཏན་གྱི་རླབས་མཐོང་ནས་རང་གི་སྡོམ་པ་སྔ་མ་གཏོང་ཞིང་སྡོམ་པ་སྔ་ཕྱི་བརྗེ་བར་བྱེད་པ་རྣམས་ལ་གདམས་པ། ༽བསླབ་པ་གཞན་གྱི་ཡོན་ཏན་མཐོང་གྱུར་ཀྱང་། །རང་གི་སྡོམ་པ་སྔ་མ་མི་དབྲི་ཞིང་། །སྡོམ་པ་སྔ་ཕྱི་བརྗེ་བར་མི་བྱ་སྟེ། །ཅི་ནུས་སྔ་མ་བསྣན་ཞིང་ཕྱི་མ་སྤེལ། །རྒྱལ་བས་སྡོམ་པ་ཇི་སྙེད་གསུངས་པ་ལས། །གང་དག་བདག་གིས་གཞན་ལས་མ་བླངས་པའི། །རང་བཞིན་བཅས་དང་དངོས་གཞིར་གྱུར་རྣམས་ཀྱི། །ཁ་ན་མ་ཐོ་རྣམས་ནི་འབད་དེ་བསྡམ། །སེམས་ཅན་དོན་བྱ་དགེ་ཆོས་བསྡུ་བ་ལ། །སྔགས་སྤྱོད་དབང་ལ་ལྟོས་པ་མ་གཏོགས་པ། །ཐུན་མོང་རིགས་པས་དཔྱད་པར་བྱ་བ་རྣམས། །ཅི་ནུས་འབད་དེ་ཉམས་སུ་བླང་བར་བྱ། །དེ་ཡི་རྟགས་དང་ཆོ་ག་སྤང་བྱ་སྟེ། །དེ་ཡི་ཁྱད་པར་སྤྱོད་ཡུལ་མི་སྤྱད་དོ། །༼ལུས་ངག་ཆོས་དང་ལྡན་ན་བསམ་པས་མ་ཟིན་ཀྱང་དགེ་བར་འགྱུར་སྙམ་དུ་སེམས་པ་རྣམས་ལ་གདམས་པ། ༽མདོར་ན་རྣམ་པ་ཐམས་ཅད་དུ། །སེམས་བསྲུང་སྡོམ་བརྩོན་མ་གཏོགས་པ། །སྡོམ་པ་གཞན་བརྩོན་ཅི་ཞིག་དགོས། །དུད་འགྲོ་ཆོས་ལྡན་གཙང་བའང་། །དགེ་བའི་ས་བོན་འགྱུར་རམ་ཅི། །༼ལུས་ངག་སེམས་པས་ཟིན་ནས་སྡོམ་པ་མཁས་བླངས་པ་ལས་མ་འདས་ན་བློ་ལ་ཉོན་མོངས་པ་རྒྱས་ཀྱང་ལྟུང་བར་མི་འགྱུར་སྙམ་དུ་སེམས་པ་རྣམས་ལ་གདམས་པ། ༽ལུས་ངག་སྡོམ་པའི་སེམས་ཡོད་ཅིང་། །ལུས་ངག་སྡོམ་ལས་མ་འདས་ཀྱང་། །བློ་ལ་ཉོན་མོངས་རྒྱས་གྱུར་ན། །ཇི་ལྟར་བྲམ་ཟེ་གཙང་མའང་། །རང་བཞིན་ངན་འགྱུར་ལྟུང་གསུང་བཞིན། །༼སྤྱིར་མདོར་བསྡུས་ནས་བྱང་ཆུབ་ཀྱི་འབྲས་བུ་འདོད་པ་རྣམས་ལ་གདམས་པ། ༽དེ་ཕྱིར་བྱང་ཆུབ་འབྲས་འདོད་པས། །རྟེན་འབྲེལ་སྒྱུ་མའི་ཆོས་རྣམས་ལ། །རྒྱུ་ཕྱོགས་འགའ་ལ་མི་ལྟོས་ཏེ། །རྒྱུ་རྐྱེན་ཚོགས་ན་འབྲས་བུ་འབྱིན། །དེ་ལ་གསང་སྔགས་ཀྱི་ཚུལ་རྣམས་ལས་དམ་ཚིག་མདོ་རྒྱས་སུ་གསུངས་པ་ རྣམས་ཇི་ལྟར་ཤེས་པར་བྱ་ཞེ་ན། འདི་ལྟར། སྔགས་པ་ཁྱིམ་པ་དང་རབ་ཏུ་བྱུང་བའམ། རྡོ་རྗེ་སློབ་དཔོན་བྱེད་པ་དང་བྱེད་པ་མ་ཡིན་པའམ། སྒྲུབ་པ་པོ་མཐོང་བའི་ཆོས་ལ་དངོས་གྲུབ་ཆེན་པོ་ལ་སྦྱོར་བར་འདོད་པའི་རྩོལ་བ་དང་ལྡན་པ་འམ། དེ་ལྟ་བུའི་རྩོལ་བ་དང་མི་ལྡན་པའམ། སྒྲུབ་པ་པོ་ཉིད་དམ་སྒྲུབ་པའི་གྲོགས་མཆོག་རྣམས་ཀྱིས་རིག་སྔགས་དང་གསང་སྔགས་ཡོངས་སུ་མཉེས་པར་བྱ་བའི་ཆོ་ག་ལ་བརྟེན་ནས་ཞི་བ་ལ་སོགས་པའི་ལས་ཕྲ་མོ་བསྒྲུབ་པ་དང་། མངོན་པར་ཤེས་པ་དང་རང་གི་ལུས་ཀྱི་རྫུ་འཕྲུལ་ལ་སོགས་པའི་དངོས་གྲུབ་ཆེན་པོ་རྣམས་བསྒྲུབ་པ་དང་། མཐོ་རིས་དང་ཐར་བ་མཆོག་ཉིད་བསྒྲུབ་པར་འདོད་པ་རྣམས་ཀྱི་ཕྱིར། རྒྱལ་བ་རྣམས་ཀྱིས་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་རྣམས་སུ། དཀོན་མཆོག་དང་གང་ཟག་རྣམས་དང་སྤྱོད་ཡུལ་དང་དེ་དག་གི་ཆོས་ལ་བརྟེན་པ་ལས་བྱུང་བའི་དགེ་བ་དང་མི་དགེ་བའི་དངོས་པོ་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད། དམ་ཚིག་གི་སྡོམ་པ་རྣམས་བརྡ་སྣ་ཚོགས་ཀྱི་སྒོ་ནས་གསུངས་པ་ནི། འདི་ལྟར། དམ་ཚིག་དང་། སྡོམ་པ་དང་། ཚུལ་ཁྲིམས་དང་། དཀའ་ཐུབ་དང་། བརྟུལ་ཞུགས་དང་། དཀའ་སྤྱོད་དང་། འདུལ་བ་དང་། སྤྱོད་པ་དང་། སྤྱོད་ཡུལ་ལ་སོགས་པའི་བརྡ་སྣ་ཚོགས་ཀྱིས་གསུངས་པ་ཐམས་ཅད་ཀྱང་མདོར་བསྡུ་ན། གཞུང་དང་ལྷ་དང་གང་ཟག་རྣམས་ཀྱི་དབང་ལས། སྤྱི་དང་། ཁྱད་པར་དང་། ལྷག་པའི་དམ་ཚིག་རྣམ་སུ་འདུས་པར་ཤེས་པར་བྱ་སྟེ། དེ་ལས་ཀྱང་ཀུན་ནས་བསྡུ་ན་ནི། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་མཚན་ཉིད་དོ། །འདིར་སྡོམ་ཚིག་ནི། དཀོན་མཆོག་དང་ནི་གང་ཟག་དང་། །སྤྱོད་ཡུལ་དང་ནི་དེ་ཆོས་ལ། །དམིགས་ཤིང་བརྟེན་པ་ལས་བྱུང་བའི། །དགེ་དང་མི་དགེ་གང་ཡིན་པ། །བྱ་དང་བྱ་མིན་ཤེས་ནས་ནི། །འཇུག་དང་ལྡོག་པར་བྱ་བ་ལ། །ཚུལ་ཆེན་གསང་བའི་ཐེག་པ་ལས། །དམ་ཚིག་སྡོམ་པ་ཇི་སྙེད་ཅིག །སྣ་ཚོགས་བརྡ་ཡིས་གསུངས་པ་ཡང་། །གཞུང་དང་ལྷ་དང་གང་ཟག་རྣམས། །སྤྱི་དང་ཁྱད་པར་ལྷག་པ་ཡི། །དམ་ཚིག་རྣམས་སུ་འདུས་པར་འདོད། །ཀུན་ནས་བསྡུ་ན་བྱང་ཆུབ་སེམས། །ཡོངས་སུ་གཟུང་བའི་མཚན་ཉིད་དོ། །དེ་ལ་དཀོན་མཆོག་ལ་བརྟེན་པའི་དགེ་བ་དང་མི་དགེ་བ་རྣམས་ཀྱི་ཡོན་ཏན་དང་ཉེས་པ་ནི་ཚད་གཟུང་བར་མི་ནུས་ཏེ། ཇི་སྐད་དུ། ཇི་ལྟར་ནམ་མཁའ་མཐའ་ཐུག་མེད་པ་ལ། །འདོམ་གྱིས་གཞལ་བར་ཚད་ གཟུང་མི་ནུས་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་པ་ཡི། །དགེ་བ་དང་ནི་སྡིག་པའི་མཐའ་མི་དཔོགས། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ལྟར་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། ཤིན་ཏུ་ལྕི་བའི་ཆོས་བཞི་ལ་སོགས་པ་སྡིག་ལྕི་བ་རྣམས་ཀྱང་ཕལ་ཆེར་དཀོན་མཆོག་གསུམ་ལ་བརྟེན་པ་ལས་བྱུང་བ་ཡིན་ལ། དེ་ལས་ཤིན་ཏུ་ལྕི་བ་རྣམས་ཀྱང་དཀོན་མཆོག་ལ་བརྟེན་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་དཀོན་མཆོག་ལ་བརྟེན་པའི་དགེ་བའང་ཚད་གཟུང་བར་མི་ནུས་སོ། །གཞན་ཡང་རྡོ་རྗེ་སློབ་དཔོན་ལ་བརྟེན་པའི་སྡིག་ལྕི་བར་གྱུར་པ། སྙིང་ནས་རྡོ་རྗེ་སློབ་དཔོན་གྱི་སྐུ་སྨད་པ་དང་། རྡོ་རྗེ་སློབ་དཔོན་ལ་འཁུས་པ་དང་། དེ་བཞིན་དུ་བརྙས་པ་བྱས་པ་དང་། མཁོན་གཅུགས་སུ་གྱུར་པ་དང་། བཀའ་ལས་འདས་པ་དང་། ངན་སེམས་དཔྱའ་སེམས་སུ་གྱུར་པ་དང་། མ་གུས་པ་དང་། བཀུར་བསྟི་མེད་པ་རྣམས་ཀྱི་སྡིག་པའང་རིམ་པ་བཞིན་ཆེས་ལྕི་ཞིང་ཚད་གཟུང་བར་མི་ནུས་ལ། དེ་ལ་བརྟེན་པའི་མཆོད་པ་དང་བཀུར་བ་ལ་སོགས་པའི་བསོད་ནམས་ཀྱི་ཕུང་པོའང་ཚད་གཟུང་དུ་མི་རུང་བར་གསུངས་སོ། །གཞན་ཡང་རྡོ་རྗེ་མཆེད་ལ་བརྟེན་པའི་སྡིག་ལྕི་བར་གྱུར་པའང་འདི་ལྟར། རྡོ་རྗེ་སྤུན་ལ་འཁུས་པ་དང་། དེ་བཞིན་དུ་བརྙས་པ་བྱས་པ་དང་། ངན་སེམས་སྐྱེས་པ་དང་། མཁོན་གཅུགས་སུ་གྱུར་པ་དང་། ངན་པར་སྨྲ་བ་དང་། བརྩེ་བ་མེད་པ་ལ་སོགས་པའི་སྡིག་ལྕི་བར་གྱུར་པ་རྣམས་ཀྱང་དཀོན་མཆོག་ལ་བརྟེན་པའི་ཕྱོགས་ལས་བྱུང་བ་ཡིན་ནོ། །གཞན་ཡང་སེམས་ཅན་རྣམས་ལ་བརྟེན་ཏེ་ སྐྱེས་པའི་དགེ་བ་དང་མི་དགེ་བའང་དེ་བཞིན་དུ་གསུངས་ཏེ། ཇི་སྐད་དུ། སེམས་ཅན་ལ་བརྟེན་ནས་བྱང་ཆུབ་ཐོབ་པར་འགྱུར་ཞིང་། སེམས་ཅན་ལ་བརྟེན་ནས་ལྟུང་བ་འབྱུང་བར་འགྱུར་བས། དེ་བཞིན་གཤེགས་པ་དང་འདྲ་བར་སེམས་ཅན་ཡོངས་སུ་གཟུང་བར་བྱའོ། །ཞེས་གསུངས་པ་ལྟ་བུའོ། །སྤྱོད་ཡུལ་ལ་བརྟེན་པའང་། མཐོང་བ་དང་ཐོས་པ་ལ་སོགས་པ་དབང་པོ་དྲུག་གི་སྤྱོད་ཡུལ་ལ་བརྟེན་ནས་ཟག་པ་དང་ལྟུང་བའི་ཆོས་རྣམས་སྐྱེ་བར་འགྱུར་ཞིང་། དེ་ཉིད་ལ་བརྟེན་ནས་དགེ་བའི་ཆོས་ཀྱང་སྐྱེ་བར་འགྱུར་རོ། །གཞན་ཡང་དེ་དག་ནི་ཆོས་སུ་གྱུར་པ། ལུས་དང་ངག་དང་ཡིད་ཀྱི་ཆོས། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། དགེ་བ་དང་མི་དགེ་བ་ཉིད་ལ་བརྟེན་ནས་ཀྱང་དགེ་བ་དང་མི་དགེ་བ་སྐྱེ་བར་འགྱུར་ཏེ། དེ་བས་ན་དེ་ལྟ་བུའི་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད། སྔགས་པ་རྣམས་ཀྱི་བསླབ་པར་གྱུར་པ་རྒྱལ་བའི་བཀའི་མཚན་ཉིད་ལ། དམ་ཚིག་དང་སྡོམ་པ་ལ་སོགས་པ་བརྡ་སྣ་ཚོགས་ཀྱིས་བསྟན་ཏེ། དེ་ལ་དམ་ཚིག་གི་སྒྲ། ཡན་ལག་གི་དོན་ནི། ཀུན་ཐོབ་ཅིང་འགྲོ་བ་ལ་སོགས་པ་དུ་མ་ལ་འཇུག་མོད་ཀྱི། ཚིག་གཟུགས་པོར་འཇུག་པ་ནི། གཞུང་ལུགས་མཐུན་པར་བདེན་ཚིག་གི་དམོད་བཙུགས་ཏེ། མི་ནུས་པ་ལ་སོགས་པ་མི་གནང་ཞིང་འདའ་བར་མི་རུང་བའི་བཀའི་མཚན་ཉིད་དོ། །ཐུན་མོང་གི་མཚན་ཉིད་ནི། གོང་དུ་སྤྱིར་སྨོས་པ་ཉིད་ཡིན་ཏེ་འོག་མ་ཀུན་ལ་ཡང་དེ་བཞིན་དུ་སྦྱར་རོ། །སྡོམ་པ་ནི། ལུས་དང་ངག་གི་ སྤྱོད་པ་བསམ་པ་དང་བཅས་པ། བྱ་བ་མ་ཡིན་པ་ལ་འཇུག་པ་ལས་ལྡོག་པར་བྱེད་ཅིང་སྡོམ་པར་བྱེད་པའི་མཚན་ཉིད་དོ། །ཚུལ་ཁྲིམས་ནི། ཡན་ལག་གི་དོན་ནི། ཞི་བ་ལེན་པ་དང་། བསིལ་བར་གྱུར་པ་ལ་སོགས་པ་དུ་མ་ལ་འཇུག་མོད་ཀྱི། ཚིག་གཟུགས་པོར་ནི། རིགས་པ་དང་ལྡན་པའི་ངང་ཚུལ་དང་། བཀས་བཅད་ཅིང་བཅས་པའི་སྤྱོད་པའི་མཚན་ཉིད་དོ། །དཀའ་ཐུབ་ནི། ཏ་པ་ས་ཞེས་བྱ་བ་གདུང་བའི་དོན་ཏེ། ཡོན་ཏན་གྱི་འབྲས་བུ་འདོད་པའི་ཕྱིར། ཆེད་དུ་ལུས་སྡུག་བསྔལ་བར་བྱེད་པའི་སྤྱོད་པའི་མཚན་ཉིད་དོ། །བརྟུལ་ཞུགས་ནི། བྲ་དཾ་ཞེས་བྱ་བ་བསྒྱུར་བའི་དོན་ཡིན་ཏེ། ཡོན་ཏན་གྱི་འབྲས་བུ་འདོད་པའི་ཕྱིར། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཐ་མལ་པའི་གནས་ལས་གཞན་དུ་བསྒྱུར་བའི་མཚན་ཉིད་དོ། །དཀའ་སྤྱོད་ནི། དུཿཙ་ར་ཞེས་བྱ་བ། དུའི་སྒྲ་ནི་སྨད་པ་དང་བསྒྲུབ་པར་དཀའ་བ་དང་ཡུན་རིང་བ་ལ་སོགས་པ་ལ་འཇུག་སྟེ། གང་ཞིག་དུས་དང་དངོས་པོ་བསྒྱུར་བར་དཀའ་བ་རྣམས་ལ་ཡང་ཞུམ་པ་མེད་པར་སེམས་སྟོབས་ཀྱིས་སྒྲུབ་པར་བྱེད་པའི་སྤྱོད་པའི་མཚན་ཉིད་དོ། །འདུལ་བ་ནི། གདུལ་བར་དཀའ་བའི་གང་ཟག་ཉོན་མོངས་པའི་དབང་གིས་ཁེངས་ཤིང་དྲེགས་པ་རྣམས་ཀྱང་འདུལ་བར་བྱེད་པའི་སྤྱོད་པའི་མཚན་ཉིད་དོ། །སྤྱོད་པ་ནི། སྦྱོར་བ་དང་། འཇུག་པའི་སྤྱོད་པ་དང་། བསྒྲུབ་པའི་སྤྱོད་པ་དང་། གྲུབ་པའི་སྤྱོད་པས་བསྡུས་པ་རྣམས་ཀྱི་བྱ་བའི་མཚན་ཉིད་དོ། །སྤྱོད་ཡུལ་ནི། ཏིང་ངེ་འཛིན་དང་། ཤེས་རབ་དང་། དད་པ་དང་། བརྩོན་འགྲུས་ལ་སོགས་པའི་དབང་པོ་དང་། སྐྱེ་མཆེད་ཀྱི་དབང་པོའི་སྒོ་ནས་སྤྱོད་པར་རུང་བ་དང་མི་རུང་བའི་མཚན་ཉིད་ཀྱི་བསླབ་པའི་ཆོས་རྣམས་སོ། །དེ་དག་ལ་སོགས་པ་ཚུལ་སྣ་ཚོགས་ཀྱིས་བསྟན་པ་རྣམས་ཀྱང་མདོར་བསྡུ་ན། གཞུང་དང་། ལྷ་དང་། གང་ཟག་རྣམས་ཀྱི། སྤྱི་དང་། ཁྱད་པར་དང་། ལྷག་པའི་དམ་ཚིག་རྣམས་སུ་འདུས་པར་ཤེས་པར་བྱ་སྟེ། འདི་ལྟར་གཞུང་སྤྱི་དང་། ཁྱད་པར་གྱི་སྡོམ་པ་དང་། ལྷ་སྤྱི་དང་ཁྱད་པར་གྱི་སྡོམ་པ་དང་། གང་ཟག་སྤྱི་དང་ཁྱད་པར་གྱི་སྡོམ་པ་དང་། དེ་དག་གི་བྱེ་བྲག་ལས། དུས་ལྷག་པར་བསྲུང་བྱ་ལྷག་པར་བསྲུང་བར་བསྟན་པ་ནི་ལྷག་པའི་དམ་ཚིག་སྟེ། དེ་དག་ཐམས་ཅད་ཀྱང་ཤིན་ཏུ་མདོར་བསྡུ་ན་ནི། ཐེག་པ་ཆེན་པོའི་སྡོམ་པ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་ བའི་རྩ་བ་དང་ཡན་ལག་ཁོ་ན་ཙམ་སྟེ། དེ་ཕྱིར་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་འདི་ནི། རྩ་བའི་སྡོམ་པར་གྱུར་པ་རྣམས་ཀྱི་ཡང་རྩ་བར་གྱུར་པའོ། །དེ་ལ་གཞུང་ཐུན་མོང་གི་སྡོམ་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་འཛིན་པ་རྣམས་ཀྱིས་ཀྱང་སོ་སོར་ཐར་བའི་སྡོམ་པ་ཐུན་མོང་དུ་བཟུང་དགོས་པ་ཡིན་ལ། གསང་སྔགས་ཀྱི་སྡོམ་པ་འཛིན་པ་རྣམས་ཀྱིས་ཀྱང་སོ་སོར་ཐར་བ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་ཀ་ཐུན་མོང་དུ་གཟུང་བར་བྱ་བ་ཡིན་གྱི། གསང་སྔགས་ཀྱི་སྒོར་འཇུག་པ་རྣམས་ཀྱིས་ཀྱང་སོ་སོར་ཐར་བའི་སྡོམ་པ་བཏང་སྟེ་གསང་སྔགས་ཀྱི་སྡོམ་པ་གཟུང་བ་ནི་མ་ཡིན་ནོ། །ཇི་སྐད་དུ། དཔུང་བཟངས་ཀྱིས་ཞུས་པ་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་གསུངས་པ་ལྟ་བུའོ། །ཚུལ་འདི་ནི་བྱ་བའི་རྒྱུད་འབའ་ཞིག་ཏུ་མ་ཟད་ཀྱི། རྣལ་འབྱོར་གྱི་རྒྱུད་དུ་ཡང་དེ་བཞིན་དུ་གསུངས་ཏེ། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་དགོངས་པ་དང་ཆོ་ག་སྟོན་པ་ཕྱིའི་རྒྱུད་རྡོ་རྗེ་རྩེ་མོ་ལས། འདི་སྐད་དུ། རབ་ཏུ་བྱུང་དང་ཁྱིམ་པ་ཡི། །ཕྱོགས་གཉིས་པོ་འདི་བསྒྲུབ་པར་བྱ། །ཞེས་གསུངས་ནས་ཡང་འདི་སྐད་དུ། །ཁྱིམ་པའི་ཚུལ་དུ་གནས་ནས་ནི། །རིག་སྔགས་རྒྱལ་པོ་རྟག་ཏུ་བསྒྲུབ། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་ཆེ། །རིག་འཛིན་རང་གི་སྡོམ་པའོ། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་གཞུང་སྤྱིའི་སྡོམ་པ་ནི་གཞུང་གོང་མ་ལ་གནས་པ་རྣམས་ཀྱིས་འོག་མའི་སྡོམ་པ་ཐུན་མོང་དུ་བྱའོ། །གཞུང་ཁྱད་པར་གྱི་སྡོམ་པ་ནི། ཐུན་མོང་གི་སྡོམ་པ་དེ་རྣམས་ཀྱང་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་སྤྱོད་ཅིང་། དེ་དང་ཐུན་མོང་མ་ཡིན་པའི་ཟབ་པ་དང་རྒྱ་ཆེ་བའི་སྡོམ་པ་རྣམས་ཀྱང་ཁྱད་པར་དུ་སྤྱོད་པའོ། །ལྷ་ཐུན་མོང་གི་སྡོམ་པ་ནི། རང་གི་ལྷ་མཉེས་པར་བྱ་བའི་ཐབས་ལ་སྡོམ་པ་བྱེ་བྲག་མེད་པར་གསུངས་པ་ཐམས་ཅད་དང་། བྱེ་བྲག་ཏུ་གསུངས་པ་རྣམས་ཀྱང་ཐུན་མོང་དུ་བསྡུ་བར་གསུངས་པ་སྟེ། འདི་ལྟར་རྒྱལ་བའི་རིགས་ལ་ཚུལ་ཁྲིམས་དང་དཀོན་མཆོག་གསུམ་གཟུང་བ་ལྷ་ཁྱད་པར་གྱི་སྡོམ་པ་གསུངས་ཀྱང་། རྡོ་རྗེའི་རིགས་ལ་སོགས་པའི་རིགས་གཞན་བསྒྲུབ་པ་རྣམས་ཀྱིས་ཀྱང་དེ་བསྲུང་དགོས་ཏེ། དེ་བཞིན་དུ་པད་མའི་རིགས་ཀྱི་དམ་པའི་ཆོས་གཟུང་བ་དང་། རྡོ་རྗེ་རིགས་ཀྱི་བྱང་ཆུབ་ཀྱི་སེམས་བཟུང་བ་ལ་སོགས་པ་ཡང་ཤེས་པར་བྱའོ། །གང་ཟག་སྤྱིའི་སྡོམ་པ་ནི། འདི་ལྟར་རབ་ཏུ་བྱུང་བ་དང་ཁྱིམ་པའམ། རྡོ་རྗེ་སློབ་དཔོན་བྱེད་པ་དང་བྱེད་པ་མ་ཡིན་པ་དང་། དངོས་གྲུབ་ཆེན་པོ་ལ་སྦྱོར་བར་ནུས་པ་དང་དེ་མ་ཡིན་པ་དང་། བསྒྲུབ་པའི་གྲོགས་མཆོག་ལ་སོགས་ཏེ་ལས་དངོས་གྲུབ་དང་བསོད་ནམས་དང་ཐར་བ་འདོད་པ་ཐམས་ཅད་ཀྱིས་ཀྱང་ཐུན་མོང་དུ་བསྲུང་བར་བྱ་བ་རྣམས་སོ། །དེ་དག་ཐམས་ཅད་ཀྱི་ཐུན་མོང་གི་བསྲུང་བར་བྱ་བའི་རྩ་བའི་རྩ་བར་གྱུར་པ་ནི། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་མཚན་ཉིད་ཡིན་ཏེ། དེ་ཡང་འདི་ལྟར་ཐབས་དང་ཤེས་རབ་ཟབ་མོའི་ཚུལ་ཉེ་བར་བསྟན་པ། ལས་དང་བྱ་བ་ལ་རྣམ་པར་སྨད་པ། བྱང་ཆུབ་ཀྱི་སེམས་གཙོ་བོར་གྱུར་པ། བྱ་བ་བྱེ་བྲག་གི་རྒྱུད་དུ་གྲགས་པ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འདི་ལྟར་གསང་སྔགས་ཀྱི་སྒོར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱིས་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ། བསླབ་པའི་གཞི་ལྔ་གཟུང་ནས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་སྡུད་ཅིང་ལྟུང་བའི་རྩ་བ་བཞི་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བར་གསུངས་ཏེ། དེ་ལ་བསླབ་པའི་གཞི་ལྔ་ནི། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། རྫུན་དུ་སྨྲ་བ་སྤོང་བ་དང་། ལོག་པར་ལྟ་བ་སྤོང་བའོ། །ལྟུང་བའི་རྩ་བ་བཞི་ནི། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། གནོད་སེམས་སོ། །སྡོམ་པ་འདི་དག་གིས་བྱང་ཆུབ་ཀྱི་སེམས་ཇི་ལྟར་འཛིན་པར་འགྱུར་ཞེ་ན། སྲོག་གཅོད་པ་སྤོང་བ་ལ་སོགས་པ་བསླབ་པའི་གཞི་བཞི་ནི། སྡོམ་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་གཞིར་གྱུར་པའོ། །ལོག་པར་ལྟ་བ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གེགས་སུ་གྱུར་པ་སྟེ། གང་དེ་ཡོད་ན་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གོ་སྐབས་མི་འབྱེད་དོ། །དེ་སྤངས་ཤིང་ཡང་དག་པའི་ལྟ་བ་དང་ལྡན་ན། བྱང་ཆུབ་ཀྱི་སེམས་སྐྱེ་བའི་གོ་སྐབས་འབྱེད་པར་འགྱུར་བས། དེ་བས་ན་གཞི་དེ་ལྔ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གཞིར་གྱུར་པའི་ཕྱིར་བསླབ་པའི་གཞི་ནི་འདི་ལྔ་ཁོ་ན་ཡིན་ནོ། །ལྟུང་བའི་རྩ་བ་རྣམས་ཀྱང་གཞི་ཁོ་ན་ཡིན་ཏེ། གང་གི་ཕྱིར་རྒྱུད་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་གྱི་ཆེ་བའི་བརླབས་བཤད་ནས། དེའི་རྗེས་སུ་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་རྒྱུ་ནི་གང་། རྩ་བ་ནི་གང་། མཐར་ཐུག་པ་ནི་གང་ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཐུག་པ་ནི་ཐབས་སོ། །ཞེས་གསུངས་པའི་ཕྱིར་ཏེ། དེ་བས་ན་འདིར་བྱང་ཆུབ་ཀྱི་སེམས་སྤངས་པས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་རྒྱུ་སྤངས་པར་འགྱུར་རོ། །དེ་བཞིན་དུ་སེར་སྣ་བྱེད་པ་དང་གནོད་སེམས་ཀྱིས་ནི་དེའི་རྩ་བ་སྙིང་རྗེ་ཆེན་པོ་སྤངས་པར་འགྱུར་རོ། །དམ་པའི་ཆོས་སྤོང་བས་ནི། དེའི་མཐར་ཐུག་པ་ཐབས་ལ་མཁས་པ་སྤངས་པར་འགྱུར་ཏེ། དེ་ལྟ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཐམས་ཅད་དུ་སྤངས་པར་འགྱུར་བའི་ཕྱིར། འདི་རྣམས་ནི་ལྟུང་བའི་རྩ་བ་ཆེན་པོར་གསུངས་པ་ཡིན་ནོ། །རྒྱུད་འདིར་ནི་ཤིན་ཏུ་མདོར་བསྡུས་པར་གསུངས་པ་སྟེ། དེ་བས་ན་འདི་ཉིད་ཀྱི་དམ་ཚིག་དབོག་པའི་སྐབས་ལས་ཀྱང་། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ ཆད། །ཡོངས་སུ་གཏང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང་། །སེམས་ཅན་གནོད་པར་མི་བྱའོ། །ཇི་ལྟར་རང་གི་སྲོག་བསྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་དག་སྲུངས། །ཞེས་གསུངས་སོ། །སྤྱིར་བྱ་བའི་རྒྱུད་རྣམས་སུ་བསྒྲུབ་ཅིང་ཉམས་སུ་བླང་བར་བྱ་བའི་རྩ་བའི་དམ་ཚིག་ནི་བཅུ་གསུམ་དུ་གྲགས་ཏེ། དེ་ཡང་འདི་ལྟར་བཅོམ་ལྡན་འདས་ཀྱིས་རིགས་གསུམ་གྱི་དཀྱིལ་འཁོར་གྱི་བྱེ་བྲག་ཏུ་གྱུར་པ། དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱ་སྙེད་གསུངས་པ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བསྟན་པ་གསང་བའི་རྒྱུད་ལས་སྤྱིའི་རྩ་བའི་དམ་ཚིག་གསུངས་ཏེ། འདི་ལྟར། དེ་ནས་བླ་མ་སློབ་མ་རྣམས། །མ་ཡེངས་ལེགས་པར་བཀོད་ནས་སུ། །ཤེས་རབ་ཕ་རོལ་ཕྱིན་བླངས་ཏེ། །དམ་ཚིག་འདི་དག་བསྒོ་བར་བྱ། །དེ་རིང་ཕན་ཆད་ཁྱོད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་འཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་དུ་མཆོད་པ་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མཆོད་མགྲོན་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་བཞག །ཐེག་པ་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་གསུངས་ཏེ། རྩ་བའི་དམ་ཚིག་བཅུ་གསུམ་པོ་འདི་དག་གིས་ཀྱང་གོང་དུ་བསྟན་པའི་ལྟུང་བའི་རྩ་བ་བཞི་ཡང་བསྡུས་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བར་ཡང་གྱུར་བ་ཉིད་ཡིན་ནོ། །ཇི་ལྟ་ཞེ་ན། དཀོན་མཆོག་གསུམ་ལ་དད་པ་བརྟན་པར་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་མཚན་ནོ། །རྟག་ཏུ་ཕྱག་རྒྱ་ཆེན་པོ་ལ་ལྷག་པར་མོས་པར་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བཟུང་བ་ཡིན་ནོ། །རིག་སྔགས་དང་གསང་སྔགས་ཀྱི་ལྷ་ལ་དད་པ་བརྟན་པར་བྱ་བ་ནི། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་གཞིའོ། །བླ་མ་ལ་གུས་པར་བྱ་བ་ ནི། བྱང་ཆུབ་ཀྱི་སེམས་སྦྱིན་པར་བྱེད་པའོ། །དམ་ཚིག་ཅན་དང་དམ་ཚིག་ཅན་གྱི་འཛའ་བོ་རྣམས་ལ་གུས་པར་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དང་མཐུན་པའི་གྲོགས་སོ། །བཟླས་བརྗོད་ལ་འབད་པས་གསང་སྔགས་ཀྱི་སྤྱོད་པ་ལ་བརྩོན་པར་བྱ་བ་ནི། བྱང་ཆུབ་ཀྱི་སེམས་མྱུར་དུ་སྒྲུབ་པའོ། །དམ་ཚིག་མེད་པ་རྣམས་ལ་སྔགས་དང་ཕྱག་རྒྱ་མི་སྦྱིན་པ་ནི། བྱང་ཆུབ་ཀྱི་སེམས་ཆུད་མི་གསན་པའོ། །སྟོན་པ་གཞན་གྱི་གཞུང་མི་མཆོད་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་མཚན་མ་ཡིན་པ་སྤང་བའོ། །ལྷ་ཐམས་ཅད་ལ་སྡང་བར་མི་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་གེགས་བསལ་བའོ། །བསོད་ནམས་ཀྱི་ཚོགས་ལ་ནན་ཏན་བསྐྱེད་པ་ནི། བྱང་ཆུབ་ཀྱི་སེམས་དང་མཐུན་པའི་ཡན་ལག་གོ །སྲོག་ཆགས་རྣམས་ལ་བྱམས་པའི་སེམས་ཉེ་བར་བཞག་པ་ནི། གནོད་སེམས་སྤོང་བ་དང་། རང་གི་ལྷ་དང་། ལྷག་པའི་ལྷ་དང་། བླ་མ་ལ་དུས་མཚམས་ཀྱི་མཆོད་པ་བྱ་བ་དང་། ཕྱི་རོལ་པ་དང་ཐ་མལ་པའི་གློ་བུར་བ་དག་ལ་མཆོད་པ་དང་། སྦྱིན་པ་བྱེད་པས་ནི། སེར་སྣ་བྱེད་པ་སྤོང་བར་འགྱུར་ཏེ། འདི་དག་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་མི་མཐུན་པ་བསལ་ནས་རྩ་བ་སྙིང་རྗེ་ཆེན་པོ་བརྟན་པར་བྱེད་པའོ། །གསང་སྔགས་ཀྱི་རྒྱུད་རྣམས་ཀྱི་གླེགས་བམ་བསྲུང་ཞིང་། དེ་ཡང་བདག་གིས་རྟོགས་པར་བྱ་བ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཐབས་ལ་མཁས་པ་ཡོངས་སུ་འཛིན་པར་བྱེད་པ་སྟེ། དེ་བས་ན་རྩ་བའི་དམ་ཚིག་བཅུ་གསུམ་པོ་འདིས་ཀྱང་དམ་ཚིག་ཐམས་ཅད་བསྡུས་པར་ཤེས་པར་བྱ་སྟེ། གང་དག་འདིར་མ་གསུངས་པ་རྣམས་ཀྱང་། གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །ཞེས་གསུངས་པ་འདིར་ འདུས་ཏེ། དེ་བས་ན་འདི་དག་ནི་ཐམས་ཅད་ཀྱི་ཐུན་མོང་དུ་བསྲུང་བར་བྱ་བ་ཡིན་ལ། གཞན་ལས་གསུངས་པའི་དམ་ཚིག་རྒྱས་པ་རྣམས་ཀྱང་བསྲུང་བར་གསུངས་པ་ཡིན་ནོ། །གཞན་ལས་ནི། དབང་མ་བསྐུར་བ་སློབ་དཔོན་མི་བྱ་བ་དང་། ཐེག་པ་ཆུང་ངུ་པ་དང་ལུང་པ་གཅིག་པའི་ཆུ་ལ་མི་བཏུང་བ་དང་། ཕྱག་རྒྱ་རྡོ་རྗེའི་མཚན་ལ་མི་གཞོམ་པ་རྣམས་ཀྱང་རྩ་བའི་དམ་ཚིག་ཏུ་གྲགས་སོ། །རྒྱུད་གཞན་དུ་ཆོ་ག་ཞིབ་མོ་བསྟན་པ་དག་ལས། བསླབ་པའི་གཞི་མང་དུ་གསུངས་པ་དང་། དམ་ཚིག་གི་སྡོམ་པ་མང་དུ་རྒྱས་པར་བཤད་པ་རྣམས་ཀྱང་རྩ་བ་འདི་དག་ཙམ་དུ་ཤེས་པར་བྱའོ། །དེ་ཡང་རྒྱུད་ཐམས་ཅད་ཀྱི་སྤྱིའི་བསྒྲུབ་པའི་ཆོ་ག་རྒྱས་པར་བསྟན་པ་དཔུང་བཟང་གིས་ཞུས་པ་ལས་ནི་བསླབ་པའི་གཞི་དགུ་གསུངས་ཏེ། འདི་ལྟར། རྩ་བ་བཞི། ཆང་དང་བྱེད་པ་དང་། ཚིག་རྩུབ་མོ་དང་། ཀྱལ་པ་དང་། ཕྲ་མ་སྨྲ་བ་དང་། ལོག་པར་ལྟ་བ་སྤང་བ་དང་དགུ་གསུངས་སོ། །ལོག་པར་ལྟ་བ་སྤང་བ་ནི། གཞི་རྣམས་ཀྱི་རྩ་བར་གསུངས་ཏེ་འདི་སྐད་དུ། རྨོངས་པ་གང་གིས་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱིས་བསོད་ནམས་བསགས་བྱས་ཀྱང་། །ཐམས་ཅད་ལོག་པར་ལྟ་བས་བཅོམ་པས་ན། །དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། །དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང་། །ས་བོན་ཚིག་ན་མྱུ་གུ་མི་སྐྱེ་ལྟར། །དེ་བཞིན་མི་ཤེས་ལོག་ལྟས་བཅོམ་པ་ཡི། །སེམས་ལ་དགེ་བའི་ཆོས་རྣམས་མི་སྐྱེའོ། །དེ་ཕྱིར་ལོག་པར་ལྟ་བ་རྣམས་སྤངས་ལ། །ཡང་དག་ལྟ་བ་ལ་ནི་བརྟེན་པར་གྱིས། །རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གི །ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས། །ཞེས་གསུངས་སོ། །ལྟུང་བའི་རྩ་བའང་། སེར་སྣ་དང་། དྲེགས་པ་དང་རྒྱགས་པ་དང་། གནོད་པར་བྱེད་པ་སྤང་བར་གསུངས་ཏེ། གཞན་ཡང་དད་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དཀོན་མཆོག་གསུམ་ལ་དད་པས་བརྟེན་པར་བྱ་བ་ལ་སོགས་པ་ཡང་གསུངས་སོ། །འཕགས་པ་ལེགས་པར་གྲུབ་པ་བྱེད་པ་ལས། གསང་སྔགས་ཀྱི་འདུལ་བའི་ཆོ་ག་ཞིབ་མོ་བསྟན་པའི་སྐབས་ནས། ལོག་པའི་ཚིག་དང་། གཏུམ་པའི་ཚིག་དང་། འགྱུར་བའི་ཚིག་དང་། རྩུབ་པའི་ཚིག་དང་། ཕྲ་མའི་ཚིག་དང་། དོན་མེད་པའི་ཚིག་དང་། ངག་གི་གནས་ངན་ལེན་དྲུག་སྤང་ བར་གསུངས་ལ། ལུས་ཀྱི་ཙབ་ཧྲལ་དང་སྟངས་ལ་སོགས་པའང་ལུས་ཀྱི་གནས་ངན་ལེན་དུ་གསུངས་ཏེ། དེ་ལ་སོགས་པ་སྒོ་གསུམ་གྱི་གནས་ངན་ལེན་རྒྱས་པར་གསུངས་སོ། །ལྟུང་བའི་རྩ་བ་བཞི་ཡང་སྤང་བར་བྱ་བ་རྒྱས་པར་གསུངས་ཏེ། འདི་སྐད་དུ། སྒྲུབ་པ་པོ་ནི་བློ་ཅན་གྱིས། །དུས་གསུམ་དུ་ཡང་སྐྱབས་སུ་འགྲོ། །དུས་གསུམ་དུ་ནི་སྡིག་པ་བཤགས། །དུས་གསུམ་བྱང་ཆུབ་སེམས་ཀྱང་བསྐྱེད། །རྒྱུད་མཐོང་ཆོ་ག་ཤེས་པ་ཡིས། །དུས་གསུམ་དུ་ཡང་སྨོན་ལམ་གདབ། །ཆོ་གར་སྤྱད་པ་དེ་དང་དེ། །ཇི་ལྟར་འདོད་པར་ཅི་ནུས་བྱ། །རྟག་ཏུ་གཏོང་ལ་བརྩོན་པ་དང་། །འཇུངས་བྲལ་སྙིང་རྗེར་ལྡན་པ་དང་། །རྟག་ཏུ་བཟོད་ཅིང་བྱམས་དང་ལྡན། །རྟག་ཏུ་བརྩོན་འགྲུས་ལྡན་པ་བྱ། །རྗེས་སུ་དྲན་པ་དྲུག་རྣམས་ཀྱང་། །བསམ་པ་དེས་པས་རྟག་ཏུ་བསྒོམ། །རྣམ་པ་སྣ་ཚོགས་ཆོས་མཉན་ནས། །མོས་པས་རྣམས་པར་དཔྱད་པར་བྱ། །གསང་སྔགས་ཆོ་ག་ཞིབ་ཀླག་ཅིང་། །སྔགས་དང་ཕྱག་རྒྱ་རྣམས་ཀྱང་མཆོད། །ཆོ་ག་ལས་ནི་འབྱུང་བ་བཞིན། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །ཡང་དག་ལྟ་ བ་ངེས་གྱུར་ཅིང་། །བྱང་ཆུབ་སེམས་ནི་བརྟན་བྱས་པའི། །དགེ་སློང་ལ་སོགས་འཁོར་བཞི་རྣམས། །མཁས་པས་རྟག་ཏུ་གཟུད་པར་བྱ། །དམ་ཚིག་ཕྱག་རྒྱ་བཅིངས་ནས་སུ། །རང་གི་གསང་སྔགས་རྒྱུད་རྣམས་བསྟན། །མཁས་པས་གསང་སྔགས་ལུང་གི་རྣམས། །ཐམས་ཅད་ཡང་དག་རྒྱས་པར་བྱ། །ཞེས་གསུངས་ཏེ། དེ་ལ་དུས་གསུམ་དུ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སྨོན་ལམ་གདབ་པ་སྟེ། འདི་ལྟར་ཡན་ལག་བཞིའི་སྒོ་ནས་བྱང་ཆུབ་ཀྱི་སེམས་འཛིན་པ་ལ་ནི། ལྟུང་བའི་རྩ་བ་བྱང་ཆུབ་ཀྱི་སེམས་སྤོང་བ་འབྱུང་བའི་གནས་མེད་དོ། །རྟག་ཏུ་གཏོང་བ་ལ་བརྩོན་པ་དང་། འཇུངས་པ་དང་བྲལ་བ་དང་། སྙིང་རྗེར་ལྡན་པ་སྟེ། ཡན་ལག་གསུམ་དང་ལྡན་པ་ལ་ནི་ལྟུང་བའི་རྩ་བ་སེར་སྣ་འབྱུང་བའི་གནས་མེད་དོ། །རྟག་ཏུ་བཟོད་པ་དང་བྱམས་པར་ལྡན་པ་སྟེ་ཡན་ལག་གཉིས་དང་ལྡན་པ་ལ་ནི། ལྟུང་བའི་རྩ་བ་གནོད་སེམས་འབྱུང་བའི་གནས་མེད་དོ། །བརྩོན་འགྲུས་ནི་ཀུན་གྱི་གྲོགས་སོ། །རྗེས་སུ་དྲན་པ་དྲུག་ཀྱང་དཀོན་མཆོག་གསུམ་རྗེས་སུ་དྲན་པ་གསུམ་ནི། བྱང་ཆུབ་ཀྱི་སེམས་འབྱུང་བའི་རྒྱུ་དང་ཐབས་ལ་མཁས་པ་འཛིན་པའི་རྒྱུའོ། །གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་གཉིས་ནི། རྒྱུ་དང་འབྲས་བུ་གཉིས་ཀྱི་སྒོ་ནས་སེར་སྣ་དང་གནོད་སེམས་ཀྱི་གཉེན་པོའོ། །དབུག་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་ནི་རྣམ་པར་མ་ཞི་བའི་གཉེན་པོ་སྟེ། དེ་དག་ཀྱང་བསམ་པ་དེས་པས་བསྒོམ་པས་ནི་ཁེངས་པ་དང་དྲེགས་རྒྱགས་ཀྱི་གཉེན་པོར་འགྱུར་ཏེ། དེ་བས་ན་རྗེས་སུ་དྲན་པ་དྲུག་པོ་འདི་ཉིད་ཀྱིས་ཀྱང་ལྟུང་བའི་རྩ་བ་བཞིའི་གཉེན་པོར་འགྱུར་རོ། །དམ་པའི་ཆོས་སྣ་ཚོགས་ཉན་ པ་དང་། མོས་པས་དཔྱོད་པ་དང་། ཆོ་ག་ཞིབ་མོ་ཀློག་པ་དང་། སྔགས་དང་ཕྱག་རྒྱ་ཕྱི་ནང་གི་མཆོད་པ་གཉིས་ཀྱིས་མཆོད་པ་དང་། ཆོ་ག་མ་ཉམས་པར་དཀྱིལ་འཁོར་དུ་སློབ་མ་ལ་དབང་དང་དམ་ཚིག་སྦྱིན་པ་དང་། བྱང་ཆུབ་ཀྱི་སེམས་བརྟན་པའི་དགེ་སློང་ལ་སོགས་འཁོར་རྣམ་བཞི་གཟུད་པ་དང་། དམ་ཚིག་གི་ཕྱག་རྒྱ་དང་ལྡན་པས་སློབ་མ་རྣམས་ལ་གསང་སྔགས་ཀྱི་རྒྱུད་བཤད་པ་དང་། གསང་སྔགས་ཀྱི་ལུང་རྣམས་རྒྱས་པར་བྱ་བ་སྟེ། དེ་ལྟར་ཡན་ལག་བརྒྱད་དང་ལྡན་པས་དམ་པའི་ཆོས་འཛིན་པར་བྱེད་པ་ལ་ལྟུང་བའི་རྩ་བ་དམ་པའི་ཆོས་སྤང་བ་འབྱུང་བའི་གནས་མེད་དོ། །གཞུང་ལ་ལ་ལས་ནི་བསླབ་པའི་གཞི་རྩ་བ་ བཞི་དང་ཤ་ཆང་སྤང་བ་སྟེ་ལྔར་གསུངས་པ་ཡང་ཡོད་ན། དེ་ལ་ཤ་སྤང་བ་ནི་སྙིང་རྗེ་ཆེན་པོ་འཛིན་པ་ཡིན་ལ། གང་དེ་ཡོད་ན་གནོད་སེམས་དང་སེར་སྣ་ཡང་ལྡོག་པར་འགྱུར་ཏེ། དེ་བས་ན་ཐེག་པ་ཆེན་པོར་གསུངས་པའི་སྡོམ་པ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་གཟུང་བའི་ཡན་ལག་ཡིན་ནོ། །འཕགས་པ་དཔུང་བཟང་གིས་ཞུས་པ་ལས་ནི། གོང་དུ་བསྟན་པ་བཞིན་དུ། སེར་སྣ་དང་དྲེགས་རྒྱགས་དང་གནོད་སེམས་སྤང་བའང་གསུངས་ལ། བྱང་ཆུབ་ཀྱི་སེམས་གཟུང་བའང་ཡན་ལག་བདུན་དང་ལྡན་པར་གསུངས་ཏེ། འདི་སྐད་དུ། སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པའོ། །ཇི་ལྟར་མི་དབང་ཡན་ལག་བདུན་ལྡན་པ། །སྐྱོ་བ་མེད་པར་སྐྱེ་དགུ་འདུལ་བར་བྱེད། །དེ་བཞིན་སྔགས་པ་ཡན་ལག་བདུན་ལྡན་པ། །ལྷག་པར་གྱུར་ན་སྡིག་པ་འདུལ་བར་བྱེད། །ཅེས་གསུངས་ཏེ། དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་བྱང་ཆུབ་ཀྱི་སེམས་ཀྱི་གཞི་དང་རྩ་བའོ། །བརྩོན་འགྲུས་ནི་བསྐུལ་བའོ། །བཟོད་པ་ནི་འཛིན་པའོ། །དད་པ་ནི་རྒྱུའོ། །གསང་སྔགས་ནི་མྱུར་དུ་བསྒྲུབ་པའོ། །ཐོས་པ་ནི་ལེ་ལོ་མེད་པ་སྟེ་བྱང་ཆུབ་ཡན་ལག་བདུན་གྱི་རང་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོ་ནི། འདིར་སྨོན་པའི་སེམས་སྟོབས་ཏེ། འདི་ཡོད་ན་སྡོམ་པ་ཀུན་ཀྱང་འཛིན་པར་ནུས་ཤིང་། སོ་སོར་ཐར་པའི་སྡོམ་པ་ཞིག་ཅིང་གསོར་མི་རུང་བར་གྱུར་པ་རྣམས་ཀྱང་འདིའི་སྟོབས་ལ་བརྟེན་ནས་བླངས་ན་མི་འཐོབ་པ་མེད་དོ། །ཞེས་སོ། །གཞན་ཡང་རྩ་བའི་ལྟུང་བ་བཞི་པོ་སྤང་ཞིང་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་འདི་ནི། གསང་སྔགས་ཀྱི་ཚུལ་འབའ་ཞིག་ཏུ་མ་ཟད་ཀྱི། ཕ་རོལ་དུ་ཕྱིན་པའི་ཚུལ་ལས་ཀྱང་གསུངས་པ་ཡིན་ཏེ། དེ་ཡང་བསླབ་པའི་གཞི་བཞི་དང་ལྟུང་བའི་རྩ་བ་བཞི་ཚུལ་བསྟུན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྩ་བའི་ལྟུང་བར་གསུངས་པ། འདི་ལྟར་སྡོམ་པ་ཉི་ཤུ་བ་ལས། རྙེད་དང་བཀུར་བསྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །ཞེས་གསུངས་པ་ནི། ཆགས་པ་སྤྱོད་པའི་གཞི་ལས་བརྟག་པར་གྱུར་པ། སྨོན་པའི་སེམས་གཏོང་བར་བྱེད་པས་བྱང་ཆུབ་ཀྱི་སེམས་སྤོང་བའི་ལྟུང་བར་གྱུར་པ་སྟེ། འདི་ལྟར་ལྟུང་བ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་སྤོང་བའི་ཡན་ལག་དུ་གྱུར་པ་ཡིན་མོད་ཀྱི། འོན་ཀྱང་ཁྱད་པར་དུ་སྨོན་པའི་སེམས་གཏོང་བར་བྱེད་པས་ཉེ་བར་བསྟན་པ་ཡིན་ནོ། །འཕོངས་པ་སྐྱབས་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །ཞེས་ གསུངས་པ་ནི་མ་བྱིན་པར་ལེན་པ་ལས་བརྟག་པའི་གཞིར་གྱུར་པ། སྐྱོབ་པའི་སེམས་གཏོང་བར་བྱེད་པ། སེར་སྣ་བྱེད་པ་ཞེས་བྱ་བའི་རྩ་བའི་ལྟུང་བར་གྱུར་པའོ། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང་། །ཞེས་བྱ་བ་ནི། སྲོག་གཅོད་པ་ལས་བརྟག་པའི་གཞིར་གྱུར་པ། བྱམས་པའི་སེམས་གཏོང་བར་བྱེད་པ། གནོད་སེམས་བྱེད་པ་ཞེས་བྱ་བའི་རྩ་བའི་ལྟུང་བར་གྱུར་པའོ། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་བྱ་བ་ནི། བརྫུན་དུ་སྨྲ་བ་ལས་བརྟག་པའི་གཞིར་གྱུར་པ། ཐབས་ལ་མཁས་པ་གཏོང་བར་བྱེད་པ། དམ་པའི་ཆོས་སྤོང་བ་ཞེས་བྱ་བའི་རྩ་བའི་ལྟུང་བར་གྱུར་པའོ། །དེ་བས་ན་འདིར་ནི་སོ་སོར་ཐར་པ་ལས་གསུངས་པའི་ཕས་ཕམ་པ་བཞི་དང་། བྱང་ཆུབ་སེམས་པའི་ཕམ་པ་བཞི་ཚུལ་བསྟུན་ནས་བཤད་པ་ཡིན་ཏེ། དེ་ཡང་སྲོག་གཅོད་པ་ལ་སོགས་པ་དངོས་གཞི་བཞི་ནི། སྐབས་ཁ་ཅིག་ཏུ་ཐབས་མཁས་པས་ཟིན་པར་སྤྱད་ན་ཁ་ན་མ་ཐོ་བར་མི་འགྱུར་བའི་སྐབས་ཀྱང་ཡོད་ལ། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་བ་དང་། གནོད་སེམས་བྱེད་པ་སྟེ། རྩ་བ་བཞི་པོ་འདི་ནི་ཐབས་དང་ཤེས་རབ་ཀྱིས་ཟིན་པར་བྱར་མི་རུང་བ་རང་བཞིན་གྱིས་ཉོན་མོངས་པ་ཅན་ཏེ། དེ་བས་ན་ཐེག་པ་ཆེན་པོའི་ཁ་ན་མ་ཐོ་བ་རྣམ་པ་གསུམ་དུ་གྲགས་ཏེ། འདི་ལྟར་རང་བཞིན་གྱི་དང་། བཅས་པའི་དང་། དངོས་གཞིའོ། །གང་ཐེག་པ་ཆུང་ངུ་རུ་ནི། ཐབས་དང་བྲལ་བའི་བསླབ་པ་དང་ཡེ་ཤེས་གསུངས་ཏེ། དེ་བས་ན་གང་དངོས་གཞིའི་ཁ་ན་མ་ཐོ་བ་ཡིན་པ་དེ་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡང་ཡིན་ཏེ། དེ་བས་ན་གཞུང་དེར་ནི་ཁ་ན་མ་ཐོ་བ་རིས་གཉིས་སུ་ཆད་དོ། །གང་ཐེག་པ་ཆེན་པོ་མདོ་སྡེ་རྣམས་སུ་ཚུལ་དེ་དང་བསྟུན་ནས་བཤད་པ་ཡང་ཡོད་དེ། དེ་ནི་ཉན་ཐོས་རྣམས་ཐེག་པ་ཆེན་པོ་ལ་གཞུག་པའི་ཕྱིར་བསྟན་པ་ཡིན་ཏེ། ཇི་སྐད་དུ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། ཐབས་དང་ཤེས་རབ་ཀྱིས་ཟིན་པའི་དགེ་བ་བཅུ་ཡང་དག་པར་བླང་བ་དང་། བསླབ་པའི་གཞི་ལྔ་གཟུང་བ་ཡང་གསུངས་ནས། ལྟུང་བའི་རྩ་བ་བཞི་ནི་ཐབས་དང་ཤེས་རབ་དང་བྲལ་བ། རང་བཞིན་གྱིས་ཉོན་མོངས་པ་ཅན་དུ་གསུངས་སོ། །མདོ་སྡེ་རྣམས་ལས་ཐབས་དང་བྲལ་བའི་བསླབ་པ་ གསུངས་པའང་ཉན་ཐོས་དྲང་བའི་ཕྱིར་བཤད་པ་ཡིན་པར་གསུངས་ཏེ། ཇི་སྐད་དུ། ཐབས་ཀྱིས་ཟིན་པའི་དགེ་བ་བཅུ་བསྟན་པའི་རྗེས་སུ། གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟར། ཁྱིམ་པ་དང་། རབ་ཏུ་བྱུང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་ཁྱིམ་ན་གནས་ཤིང་བསླབ་པའི་གཞི་ལྔ་གཟུང་སྟེ་ཐབས་དང་ཚུལ་སྣ་ཚོགས་ཀྱིས་རྒྱལ་སྲིད་ལ་དབང་བྱེད་དོ། །གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་ཡུལ་དང་དུས་ཀྱི་དབང་གིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་འདོད་པ་ནི། འདི་ལྟར་ཐབས་ཀྱིས་ཡོངས་སུ་ཟིན་པར་གླུ་དང་རོལ་མོ་དང་མིག་འཕྲུལ་ལ་སོགས་པ་བཟོའི་གནས་རྣམས་སྣ་ཚོགས་སྟོན་ཅིང་། ཐབས་དང་ཚུལ་དེ་དང་དེ་དག་གིས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཡོངས་སུ་སྡུད་དོ། །དེ་ཡང་གང་ཞེ་ན་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་རོ། །དེ་ལ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ལོག་པར་ལྟ་བ་རབ་ཏུ་སྤངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པས་བསླབ་པའི་གཞི་དེ་ལྔ་བཟུང་ནས། བསླབ་པ་ཇི་སྐད་བསྟན་པ་རྣམས་ལ་སློབ་ཅིང་དད་པས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་བླ་ན་མེད་པ། དེ་བཞིན་གཤེགས་པས་བསྔགས་པ་ལ་གནས་ཏེ། འདུས་བྱས་ཀྱི་ཚུལ་ཁྲིམས་ལ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་སྤྱོད་ཅིང་། ལྟུང་བའི་རྩ་བ་བཞི་ནི་སྲོག་གི་ཕྱིར་ཡང་ཡོངས་སུ་ ཉམས་པར་མི་བྱའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། སེམས་ཅན་ལ་གནོད་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་ཐབས་དང་ཤེས་རབ་དུ་མི་ལྡན་པ། རང་བཞིན་གྱིས་ཉོན་མོངས་པ་ཅན་ཏེ་སླར་གསོར་མི་རུང་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་འདས་པའི་སངས་རྒྱས་དང་། །དེ་བཞིན་གང་དག་མ་བྱོན་དང་། །གང་ཡང་ད་ལྟའི་མགོན་པོ་རྣམས། །ཐབས་དང་ཤེས་རབ་ལྡན་པ་ལ། །བསླབ་ནས་བླ་མེད་བྱང་ཆུབ་ནི། །འདུས་མ་བྱས་པ་དེས་འཐོབ་བོ། །ཐབས་དང་མི་ལྡན་ཡེ་ཤེས་དང་། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། །དེ་ལ་གཟུད་པའི་ཕྱིར་བཤད་དོ། །ཞེས་གསུངས་སོ། །དེ་ལྟར་རྩ་བའི་ལྟུང་བ་འབའ་ཞིག་ཕ་རོལ་དུ་ཕྱིན་པའི་ཚུལ་དང་ཐུན་མོང་ཡིན་པར་མ་ཟད་ཀྱི། རྩ་བའི་དམ་ཚིག་བཅུ་གསུམ་ལས་ཀྱང་ཕལ་ཆེར་ཐུན་མོང་དུ་གྱུར་པ་ཡིན་ཏེ། འདི་ལྟར་དཀོན་མཆོག་གསུམ་ལ་དད་པ་བརྟན་པར་བྱ་བ་དང་། དགེ་བའི་བཤེས་གཉེན་སངས་རྒྱས་དང་འདྲ་བར་བལྟ་ཞིང་སྲོག་གི་ཕྱིར་ཡང་མི་གཏང་བ་དང་། ངོ་བོ་ཉིད་མེད་པའི་ཆོས་ལ་རྟག་ཏུ་མོས་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་བརྟན་པར་བྱ་བ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ལ་བྱམས་པར་བྱ་བ་དང་། སྟོན་པ་གཞན་གྱི་གཞུང་ལ་མི་བརྟེན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དམ་པའི་ཆོས་ལེགས་པར་གཟུང་བ་དང་། སྣོད་དུ་མ་གྱུར་པ་རྣམས་ལ་བྱང་ཆུབ་སེམས་དཔའི་བསླབ་པ་གསང་བ་མི་བསྟན་པ་དང་། བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་བསྐྱེད་པ་དང་། དགོན་པ་ལ་གནས་པ་བརྟེན་པར་བྱ་བ་གསུངས་ཏེ། རེ་ཤིག་ཅུང་ཟད་དུ་ན་རང་གི་ལྷ་མཉེས་པར་བྱ་བའི་སྒོ་ནས་ཐར་པ་དང་བདེ་འགྲོ་ཐམས་ཅད་འདོད་པའི་ཕྱིར། སྔགས་དང་ཕྱག་རྒྱའི་སྒོ་ནས་གསང་སྔགས་ཀྱི་སྤྱོད་པ་ལ་བརྩོན་པར་བྱ་བ་ཙམ་ཞིག་ཐུན་མོང་མ་ཡིན་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཞུགས་པ་རྣམས་ལ། མཚན་ཉིད་མེད་པའི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ་མ་གསུངས་པ་ཡང་མ་ཡིན། བཟླས་བརྗོད་ཀྱི་སྒོ་ནས་སྡིག་པ་སྲེག་པའི་ཐབས་མ་གསུངས་པ་ཡང་མ་ཡིན་ནོ། །དེ་བཞིན་ གཤེགས་པའི་སྐུ་ཡིད་ལ་བྱ་བ་མ་གསུངས་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་གསང་སྔགས་ཀྱི་ཚུལ་ལས་གསུངས་པ་ལྟར། དེ་དག་ཁོ་ན་གཙོར་སྒྲུབ་ཅིང་། དེ་འབའ་ཞིག་ལ་བསླབ་པ་གཞན་ཡང་རྫོགས་པ་དང་། དེ་ཉིད་རྩ་བའི་སྡོམ་པར་མ་བསྟན་པས་འདི་དག་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ལྟོས་ན་གཞུང་ཁྱད་པར་གྱི་སྡོམ་པར་འགྱུར་རོ། །གསང་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ནི་གཞུང་ཐུན་མོང་གི་སྡོམ་པར་འགྱུར་རོ། །འདི་དག་ནི་རྩ་བའི་དམ་ཚིག་བསྟན་པའོ། །ཡན་ལག་གི་དམ་ཚིག་རྣམས་ཀྱང་རྩ་བའི་དམ་ཚིག་འདི་དག་ཉིད་ཀྱི་ཡན་ལག་དང་བྱེ་བྲག་ཏུ་གྱུར་པ་སྟེ། འདི་ལྟར་རྡོ་རྗེ་སློབ་དཔོན་ལ་མ་གུས་པས་ལེགས་ པ་མ་བརྟེན་པའི་ཡན་ལག་དང་། དད་པའི་རྩ་བ་ཞན་པས་དཀོན་མཆོག་གསུམ་གྱི་ཕྱོགས་སུ་བཟེམ་བག་ཆུང་ཞིང་བཀུར་བ་ཞན་པའི་ཡན་ལག་དང་། མཐུན་པའི་གྲོགས་མ་ཡིན་པ་དང་འགྲོགས་པའི་ཡན་ལག་དང་། རྨོངས་པས་གཞན་ནམ་བདག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་ཆུད་གསོན་པའི་ཡན་ལག་དང་། དམ་པའི་ཆོས་སྤང་བར་གྱུར་པའི་ཡན་ལག་དང་། གནོད་སེམས་ཀྱི་ཡན་ལག་དང་། སེར་སྣ་དང་ཆགས་སེམས་ཀྱི་ཡན་ལག་དང་། དེ་གཉིས་ཀྱི་རྒྱུད་ཁེངས་ཤིང་དྲེགས་པའི་ཡན་ལག་དང་། བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་དང་། བཟླས་བརྗོད་ཀྱི་ཡན་ལག་དང་། ལྷ་འཕང་བའི་ཡན་ལག་དང་། གཞན་ཡང་དེ་དག་གི་ཡན་ལག་དང་ནི་ཉིང་ལག་དུ་གཏོགས་པ་ཆོ་ག་ཞིབ་མོ་རྣམས་ལས་ཇི་སྐད་དུ་བཤད་པ་ཐམས་ཅད་ཀྱང་རྩ་བ་དང་ཡན་ལག་གི་དམ་ཚིག་ཏུ་གཏོགས་ཏེ། དེ་རྣམས་ལས་རྒྱུན་དུ་བསྲུང་བར་བྱ་བ་དང་། དུས་སྐབས་སུ་བསྲུང་བར་བྱ་བའི་བྱེ་བྲག་གིས་ལྷག་པའི་དམ་ཚིག་ཅེས་བྱ་བར་གྲགས་སོ། །གཞུང་དང་ལྷ་དང་གང་ཟག་གི་དབང་གིས་སྤྱི་དང་ཁྱད་པར་གྱི་དམ་ཚིག་ཏུ་གྲགས་སོ། །དེ་ལ་རེ་ཞིག་ཐུན་མོང་གི་དམ་ཚིག་ཏུ་བསྟན་པའི་རྩ་བ་རྣམས་ལས་སོ་སོའི་ཡན་ལག་མདོ་ཙམ་བརྗོད་པར་བྱ་སྟེ། དེ་ཡང་གཞུང་དང་ལྷ་དང་གང་ཟག་ཐམས་ཅད་ཀྱི་ཐུན་མོང་གི་སྡོམ་པ་ཡིན་པར་ཤེས་པར་བྱའོ། །དེ་དག་ཀྱང་ཇི་སྐད་སྨོས་པ་བཞིན་དུ་རིམ་བཞིན་དུ་བརྗོད་པར་བྱ་སྟེ། དེ་ལས་གང་དག་འདིར་མ་སྨོས་པ་རྣམས་ཀྱང་སོ་སོའི་ཡན་ལག་ཏུ་ཅི་རིགས་སུ་བསྡུ་བར་བྱའོ། །འདིར་ཐམས་ཅད་ཕྱོགས་གཅིག་ཏུ་མ་བསྡུས་པ་ནི། གང་ཟག་ཁྱད་པར་གྱི་དམ་ཚིག་ཏུ་གསུངས་པ་རྣམས་གུད་དུ་ཁྱད་པར་ཉིད་དུ་བསྟན་ན། གང་ ཟག་སོ་སོས་བསྲུང་བར་བྱ་བ་དང་ཁྱད་པར་དམིགས་ཀྱི་མི་བསྲུང་དུ་མི་རུང་བར་མ་གསུངས་པ་རྣམས་ལས། ཇི་ལྟར་བསྲུང་ཞིང་ཉམས་སུ་བླང་བར་བདེ་བར་བསྟན་པའི་ཕྱིར་རོ། །དེ་ལ་རེ་ཞིག་འདིར་ཡན་ལག་མདོར་བསྟན་པ་ནི་འདི་དག་སྟེ། སྔགས་རིག་པས་ནི་བྱ་མིན་པ། །དབང་བསྐུར་མེད་པར་སློབ་དཔོན་བྱེད། །དེ་བཞིན་རྨོངས་པས་དཀྱིལ་འཁོར་འདྲེ། །རྗེས་གནང་མེད་པར་གསང་སྔགས་ལེན། །ཆོ་ག་གསང་སྔགས་རང་བཟོར་བྱེད། །ཕྱག་རྒྱ་མེད་པར་སྔགས་རྒྱུད་སྟོན། །གང་ཞིག་གཞན་ལས་མ་ནོས་པའི། །རྟགས་འཆང་བ་དང་ཆོ་ག་སྤྱོད། །ཁྱད་པར་སྤྱོད་ཡུལ་སྤྱོད་པར་བྱེད། །ལྷ་རྣམས་དག་ལ་སྨོད་པར་བྱེད། །ཕྱག་རྒྱའམ་དེའི་རྣམ་པ་དང་། །དེའི་རྫས་དང་ནི་སྨན་རྣམས་ལ། །འཇོམས་པའང་ནི་འགོང་བ་དང་། །རྫི་དང་ཡོངས་སུ་སྤྱོད་པར་བྱེད། །དེ་དང་དེ་འདྲའི་གྲིབ་མ་འགོང་། །ཡོངས་སུ་སྤྱོད་པའི་བྱེ་བྲག་ཀྱང་། །བཅོམ་ནས་སྤྱོད་དང་དེ་བཞིན་དུ། །དངོས་སྦྱིན་པ་དང་བསྒྱུར་ནས་སྤྱོད། །དབྲི་རློམ་དམན་རྣམས་སྡུད་པའོ། །ལྷག་པར་ཡི་དམ་མ་བསྔོས་པ། །བསོད་ནམས་སྦྱིན་ལ་ཉེས་པ་མེད། །དམ་ཚིག་ཉམས་དང་ལྷན་གཅིག་གནས། །ཡང་ན་དེ་ཡི་གྲོགས་ཀྱང་བྱེད། །ཕྱི་རོལ་བྲམ་ཟེ་མུ་སྟེགས་ཅན། །དེ་ལ་དགའ་བའི་སྐྱེ་བོ་དང་། །ཐེག་པ་ཆུང་ངུ་པ་དག་དང་། །ཉེ་བའི་ཕྱོགས་སུ་བརྟེན་པར་བྱེད། །གཤེད་མ་མ་རབས་སྡིག་ཅན་དང་། །ལྷན་གཅིག་གནས་སམ་སྨྲ་བར་བྱེད། །ཁྲིའམ་ཡང་ན་གཞི་གཅིག་ལ། །མི་གཙང་གཞན་དང་ཉལ་བར་བྱེད། །སྡིག་པའི་གྲོགས་པོ་ཐམས་ཅད་དང་། །ཉེ་བར་འགྲོགས་ལ་འཛེམ་མི་བྱེད། །གང་དག་དཀྱིལ་འཁོར་མ་ཞུགས་ལ། །སྔགས་དང་ཕྱག་རྒྱ་ཆོ་ག་དང་། །རྒྱུད་དང་དཀྱིལ་འཁོར་འཆད་པར་བྱེད། །བསྙེན་བཀུར་མེད་ལ་གསང་སྔགས་སྟེར། །ངང་ངན་ངན་པས་འཚོ་བའང་། །དམ་ཚིག་ཅན་དུ་སྡུད་པར་བྱེད། །ནང་མི་མཐུན་བཞིན་དམ་ཚིག་འདྲེ། །བདག་ཉིད་ལ་ནི་སྨོད་པར་བྱེད། །དེ་བཞིན་རང་ལ་དགའ་མི་བྱེད། །ཡང་ན་རང་ལ་སྐྱོ་བར་བྱེད། །ཡང་ན་ནད་ཀྱིས་འགོང་བར་བྱེད། །ཡང་དང་ཡང་དུ་ཟ་བ་དང་། །ཧ་ཅང་ཆུང་དང་ཆེར་ཟ་དང་། །ཡང་ན་མི་ཟ་བར་ཡང་བྱེད། །གང་དག་དོགས་པའང་ཟ་བར་བྱེད། །འཁོར་བས་སྐྱོ་དང་ཆགས་ཆེན་གཏོང་། །མྱ་ངན་འདས་ལ་དགའ་བར་བྱེད། །སྔགས་རྒྱུད་གླེགས་བམ་འཆང་མི་བྱེད། །དེའི་དོན་རྟོགས་པར་སྤྲོ་མི་བྱེད། །སྣ་ཚོགས་ཆོས་རྣམས་ཉན་མི་བྱེད། །མོས་པས་རྣམ་པར་དཔྱོད་མི་བྱེད། །གསང་སྔགས་ཆོ་ག་ཞིབ་མི་ཀློག །སྔགས་དང་ཕྱག་རྒྱ་མཆོད་མི་བྱེད། །ཡང་དག་ལྟ་བ་ངེས་འགྱུར་ཅིང་། །བྱང་ཆུབ་སེམས་ནི་བརྟན་བྱས་པའི། །དགེ་སློང་ལ་སོགས་འཁོར་བཞི་རྣམས། །ཐེག་ཆེན་གསང་བར་མི་འཛུད་ཅིང་། །གསང་སྔགས་ལུང་རྣམས་རྒྱས་མི་བྱེད། ཡི་གེ་རྣམས་སམ་ཕྱག་རྒྱ་ལ། །བག་མེད་པས་ནི་རེག་པར་བྱེད། །དེ་བཞིན་གུས་དང་གཙང་སྒྲ་མེད། །ཕན་དང་བདེ་བ་སྒྲུབ་བྱེད་པའི། །ལུང་རྣམས་ལ་ནི་སྐུར་བ་དང་། །སྒྲོ་འདོགས་པ་དང་འཕྱ་བར་བྱེད། །སེམས་ཅན་རྣམས་ལ་སྙིང་རྗེ་མེད། །བརྡབ་དང་བཅིང་དང་བརྡེག་སྩོགས་པས། །ལུས་ཅན་རྣམས་ནི་འཚེ་བར་བྱེད། །དེའི་རྣམ་པའང་འཇིགས་པར་སྤྲོ། །གཞན་གྱིས་ཟིལ་གྱིས་མ་ནོན་བཞིན། །རྩྭའམ་ལྗོན་ཤིང་གཅོད་པར་བྱེད། །ཡན་ལག་འཇིག་བྱེད་རིགས་ཀྱང་སློབ། །སྐྱེས་པ་བུད་མེད་བུས་པ་དང་། །གླང་པོ་བྱ་གག་ཁྱི་ལ་སོགས། །འཐབ་མོ་བྱེད་དུ་འཇུག་བྱེད་དང་། །ཡང་ན་དེ་དག་དགའ་བར་བྱེད། །མཆོད་པའི་ཞིང་དག་མ་ཡིན་ཞེས། །ཕྱི་རོལ་དགེ་སློང་མཆོད་མི་བྱེད། །དེ་བཞིན་ཞིང་དག་མ་ཡིན་ཞེས། །བློ་བུར་བ་ལ་སྦྱིན་མི་བྱེད། །ཞུམ་པས་ཀྱང་ནི་དེ་བཞིན་ཏེ། །བདག་ཉིད་ཀྱིས་ནི་སྐྱབས་འོས་ལ། །དེ་བཞིན་དུའང་སྦྱིན་མི་བྱེད། །འཆབ་པ་གསང་སྔགས་ལྷག་ཆད་སྟོན། །འདོད་པས་ལས་རྣམས་གཞན་དུ་བསྒྱུར། །ཆོས་གོས་དང་ནི་བསོད་སྙོམས་དང་། །སྨན་དང་མལ་སྟན་ལ་སོགས་ཏེ། །འཚོ་བའི་ཡོ་བྱད་ཐམས་ཅད་ལ། །ངན་ངོན་ཙམ་གྱིས་ཆོག་མི་བྱེད། །རྙེད་དང་བཀུར་བསྟི་འདོད་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པར་བྱེད། །ཚུལ་འཆོས་རྒྱུ་ཡི་བྱེ་བྲག་དག །རྣམ་པ་སྣ་ཚོགས་སྤྱོད་པར་བྱེད། །ཁེངས་པས་ སྔགས་དང་ལྷ་རྣམས་དང་། རྣལ་འབྱོར་ཅན་ལ་སྡང་བར་བྱེད། །དམན་པ་དག་ལ་བརྙས་པར་བྱེད། །མཉན་ན་བདེ་མེད་སྨྲ་བར་བྱེད། །ཐེག་པ་ཆེན་པོའི་གྲོགས་པོ་ལ། །ཤེས་རབ་རྩལ་གྱིས་རྩོད་པ་འགྱེད། །ཕྱི་རོལ་ལྷ་ལ་སྨོད་པར་བྱེད། །དེ་བཞིན་ཕྱི་རོལ་སྐྱེ་བོ་དང་། །དྲེགས་པ་ཡིས་ནི་འཐབ་པར་བྱེད། །སྒེག་དང་འགྱིང་དང་གདུགས་འཆང་དང་། །ལུས་ཀྱི་བྱ་བྱེད་ཐམས་ཅད་དང་། །མཛེས་པར་བྱ་ཕྱིར་རྒྱན་ལ་དགའ། །ཡོན་ཏན་ཅན་ལ་གུས་པ་མེད། །བསོད་ནམས་དོན་དུ་དཀྱིལ་འཁོར་ལྟ་བ་དང་། །དམ་ཚིག་སྣ་ཚོགས་རྒྱུན་དུ་བལྟ་བ་དང་། །བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཆོས། །དག་ཅིང་གྲོལ་བའི་མདོ་སྡེ་ཀླག་པ་དང་། །བདེ་གཤེགས་མཆོད་རྟེན་རིང་སྲེལ་སྙིང་པོ་ཅན། །འཇིམ་པའམ་བྱེ་མ་ལས་ནི་གདབ་པ་དང་། །རིང་སྲེལ་ཅན་གྱི་མཆོད་རྟེན་སྐུ་གཟུགས་སྩོགས། །མཆོག་ཏུ་དད་པས་ཀྱང་ནི་མཆོད་པ་དང་། །སྲོག་གི་ཉེན་སྩོགས་སྐྱབས་འོས་སྐྱབས་པ་དང་། །ཕྱག་འཚལ་མཆོད་དང་སྡིག་བཤགས་ལ་སོགས་པ། །ཡན་ལག་བདུན་པོ་སྩོགས་ལ་མི་བརྩོན་པའི། །ལུས་ཅན་དེ་ནི་བསོད་ནམས་ཡན་ལག་ཉམས། །ཟློས་པ་བཟླས་བརྗོད་ལ་གནས་པས། །བཟླས་བརྗོད་གྲངས་སུ་མི་གཞུག་པ། །གང་ཡང་བགེགས་ཀྱིས་བརླམས་པ་དང་། །ནད་རྣམས་ཀྱིས་ཀྱང་གཟིར་བའམ། །ལྷོད་པ་དང་ནི་མེད་པའམ། །ལུས་དང་སེམས་ནི་སྐྱོ་བ་དང་། །ཆོ་ག་ཇི་སྐད་བཤད་པ་དང་། །བཤད་པའི་དུས་ལས་འདས་པའམ། །མ་བསྡམས་པ་དང་མི་གཙང་བས། །གང་དག་བཟླས་བརྗོད་བྱེད་པ་ནི། །བཟླས་པའི་གྲངས་ནི་བཤད་པ་ལ། །མཁས་པས་དེ་དག་མི་སྦྱར་གྱི། །ཆོ་ག་བཞིན་དུ་བཟླས་པ་དང་། །མཉམ་བཞག་བཟླས་བརྗོད་དེ་དང་སྦྱར། །བཟླས་བརྗོད་བྱེད་པས་ཁྲོ་མི་བྱ། །ཡུལ་གྱི་བདག་ཉིད་དགའ་མི་བྱ། །ཞུམ་དང་མི་དགའ་འཇིགས་པ་དང་། །འཇུངས་དང་ང་རྒྱལ་ཡོངས་སུ་སྤང་། །ཟློས་ཚེ་ཅི་ཡང་མི་སྨྲ་ཞིང་། །ཡན་ལག་འགྱུར་བར་མི་བྱའོ། །ཀུན་རྟོག་རླུང་གིས་བསྐྱོད་ནས་ནི། །ཅི་ཡང་རུང་བ་མི་བསམ་མོ། །ཟློས་པ་བཟླས་བརྗོད་བྱེད་པའི་ཚེ། །རིག་སྔགས་ལས་ནི་མ་གཏོགས་པར། །བསྒོམ་པ་མཆོག་ཏུ་འགྱུར་བ་ཡང་། །རྣམ་རྟོག་བཟུང་ནས་མི་བསམ་མོ། །སྦྲིད་པ་ལུད་པ་ལ་སོགས་བྱུང་། །ཉེ་རེག་བྱས་ཏེ་ཕྱག་བཙལ་ཏེ། །གཞི་ནས་ཀུན་ཏུ་བརྩམ་པར་བྱ། །བཟླས་བརྗོད་ཀྱི་ནི་གེགས་རྣམས་དང་། །མཁས་པས་བཟླས་བརྗོད་སྐྱོན་རྣམས་ལ། །སླར་ཡང་གྲངས་ཀྱི་ཐོག་མ་ནས། །ཀུན་ཏུ་བརྩམ་པར་བྱ་བ་བཤད། །བག་མེད་པས་ནི་ལན་འགའ་ཞིག །གསང་སྔགས་ལྷ་གཞན་བཟླས་བྱས་ན། །ཡིད་ཀྱིས་གསོལ་བ་གུས་བྱས་ནས། །བཟླས་བརྗོད་སླར་ཡང་བརྩམ་པར་བྱ། །ཟློས་ཚེ་ལྷ་ཉིད་བཀའ་རྩལ་ན། །བསྲུང་བ་བྱས་ཏེ་བརྟགས་ནས་སུ། །བྱ་མིན་མི་བྱ་རིག་པར་བྱ། །ཟློས་པས་རྨི་ལམ་ངན་མཐོང་ན། །རིགས་ཀྱི་བདག་པོ་བརྒྱ་བཟླས་ཏེ། །དེ་ཡི་ཉིན་པར་དེ་མི་བཟླས། །བཟླས་བརྗོད་གྲངས་སུ་མི་གཞུག་གོ། གྲངས་ཀྱི་བཟླས་བརྗོད་ཐམས་ཅད་ལ། །ལྷག་པར་གྱུར་ལ་ཉེས་པ་མེད། །འདིར་ནི་དེ་ཡིས་མི་འགྲུབ་ལ། །གྲངས་སྐོངས་པ་ལ་མི་ཕན་ནོ། །འདི་དག་མདོ་ཙམ་བརྗོད་པ་སྟེ། །གལ་ཏེ་དངོས་གྲུབ་ མཆོག་འདོད་ན། །ཆོ་ག་ཞིབ་མོ་བརྩོན་པར་བྱ། །ཚུལ་ཆེན་གསང་བའི་སྒོར་ཞུགས་ནས། །བྱང་ཆུབ་སེམས་བཟུང་ཕྱིན་ཆད་ནི། །རྡོ་རྗེ་བརྡའ་དང་རྣམ་པ་ཡིས། །གང་དག་མཚོན་པར་བྱས་པ་ཡི། །ལྷ་དང་ལྷ་རྫས་གང་ཟག་དང་། །གླེགས་བམ་ལ་ཡང་དེ་བཞིན་དུ། །འཛེམ་དང་གུས་པས་མི་འཛིན་ལ། །གཙང་དང་གསང་བར་མི་བྱེད་ན། །རྡོ་རྗེ་འཆང་གི་རྗེས་འབྲང་བའི། །མཐུ་ཆེན་རྣམས་ཀྱིས་ཕུང་འགྱུར་ཏེ། །ཕ་རོལ་ཏུའང་ལྟུང་བར་འགྱུར། །དེ་བས་ནན་ཏན་ཆེར་བསྐྱེད་དེ། །གཙང་ཞིང་གོས་ཀྱང་གཙང་བ་དང་། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །གཙང་མའི་གནས་སུ་འདུག་ནས་ནི། །རྡོ་རྗེ་འཆང་ལ་གུས་པ་ཡིས། །གསང་སྟེ་རིག་པའི་བརྟུལ་ཞུགས་སྤྱད། །འོན་ཀྱང་རྡོ་རྗེ་འཆང་བ་རྣམས། །རྒྱབ་ཀྱིས་ཕྱོགས་པར་མི་འགྱུར་རོ། །ཡན་ལག་རྣམ་པར་བཞག་པ་འདི་དག་ཀྱང་རྩ་བའི་བྱེ་བྲག་རྣམ་པར་དབྱེ་བས་ཡན་ལག་ཅེས་བཤད་ཀྱི། ལྟུང་བ་ལྕི་ཡང་གིས་ནི་མ་ཡིན་ཏེ། ལྟུང་བ་ལྕི་ཡང་ནི་རྩ་བར་བཤད་པ་ཉིད་ལ་ཡང་ཡོད་ལ། ཡན་ལག་དུ་བཤད་པ་རྣམས་ལའང་དེ་བཞིན་དུ་ཤེས་པར་བྱའོ། །རྒྱུད་ཁ་ཅིག་ལས་ནི་ལྟུང་བ་ཆེ་ཆུང་གིས་རྩ་བ་དང་ཡན་ལག་ཏུ་བཤད་དོ། །འདི་དག་ནི་ཐམས་ཅད་ཀྱི་ཐུན་མོང་སྟེ་སྤྱིའི་དམ་ཚིག་གོ །ཁྱད་པར་གྱི་དམ་ཚིག་རྣམས་ལ་ཡང་། །རྡོ་རྗེ་སློབ་དཔོན་བྱེད་པ་རྣམས་ཀྱི་ཁྱད་པར་གྱི་དམ་ཚིག་ནི། ཕལ་ཆེར་སློབ་མ་དང་དེའི་བྱ་བ་ལ་བརྟེན་པ་སྟེ། རེ་ཞིག་མདོར་བསྡུ་བ་ནི་འདི་དག་ གོ །བདག་ཉིད་གང་དུ་མ་ཞུགས་པའི། །དཀྱིལ་འཁོར་དེར་ནི་སློབ་མ་རྣམས། །སློབ་དཔོན་གྱིས་ནི་གཞུག་མི་བྱ། །རང་ལ་ཕྱག་རྒྱ་མ་བསྟན་པའི། །རྒྱུད་དེ་གཞན་ལ་མི་བཤད་དོ། །གང་དག་དམ་ཚིག་མི་ཤེས་དང་། །དམ་ཚིག་རལ་པ་དག་ལ་ཡང་། །ཆོ་ག་གསང་བ་སྦྱིན་མི་བྱ། །བསྙེན་བཀུར་མེད་ལའང་མི་སྦྱིན་ཏེ། །མི་ཤེས་བཞིན་དུའང་དཀྱིལ་འཁོར་གྱི། །གང་ཞིག་བདག་པོ་བྱེད་པ་ནི། །དེ་ནི་མཚམས་མེད་འདྲ་བར་གསུངས། །བྱང་ཆུབ་སེམས་བརྟན་གྱུར་པ་ཡི། །འགྲོ་བ་དད་པ་བཟློག་མི་བྱ། །མ་བརྟགས་པར་ཡང་མི་གཟུང་ལ། །ནང་མི་མཐུན་པའང་མི་བསྡུའོ། །འཆབ་པས་ཆོ་ག་མ་ཚང་དང་། །ཡི་གེ་ལྷག་ཆད་མི་སྦྱིན་ནོ། །དམ་ཆོས་རྒྱས་ལ་འབད་པར་བྱ། །ནམ་ཡང་ཆོས་ཀྱི་གེགས་མི་བྱ། །མེ་ཏོག་བདུག་པ་མར་མེ་དང་། །དྲི་དང་ལྷ་བཤོས་གཏོར་མ་སོགས། །འཕོངས་ཀྱང་དབྲི་བར་མི་བྱ་ཞིང། །ལྷ་དང་ལས་རྣམས་སོ་སོ་ལ། །མ་བསྔགས་པ་རྣམས་སྦྱར་མི་བྱ། །ཐིག་དང་ཚོན་གྱི་བྱ་བ་ལ། །མ་དག་པ་རྣམས་སྤང་བར་བྱ། །དེ་ཡི་དམན་རྣམས་གྱུར་པ་དང་། །བདག་གམ་ཡང་ན་གཞན་གྱིས་ཀྱང་། །རྫི་དང་རྫིར་གཞུག་མི་བྱ་སྟེ། །དམན་པ་ལ་ཡང་སྦྱར་མི་བྱ། །དཀྱིལ་འཁོར་གྱི་ནི་ཡོ་བྱད་རྣམས། །བླ་མས་སྤྱད་པར་གསུངས་པའང་། །བརྣབ་སེམས་ཀྱིས་ནི་མི་སྤྱད་དོ། །བཤིག་སྟེ་སྤྱད་པར་ཡང་མི་བྱ། །སེམས་ཅན་ཀུན་གྱི་བཤེས་གཉེན་དུ། །བྱང་ཆུབ་སེམས་གཟུང་གྱུར་ནས་ནི། །བསམ་པ་བཟང་པོས་བསྐྱོད་པས་ཀྱང་། །འགྲོ་བ་སུན་དབྱུང་མ་གནང་ན། །ལྷག་པར་བཤེས་གཉེན་གྱུར་རྣམས་ལ། །གང་དག་བསླབ་པ་གཟུང་ཕྱིར་ཏུ། །ཐབས་ཀྱིས་འདུལ་བ་མ་གཏོགས་པ། །བྱ་བ་ཕྲ་མོས་བསྐྱོད་པའི་བློས། །སློབ་མ་སུན་དབྱུང་སྨོས་ཅི་དགོས། །སློབ་མའི་ཁྱད་པར་གྱི་དམ་ཚིག་ནི། ཕལ་ཆེར་སློབ་དཔོན་དང་དེའི་བྱ་བ་ལ་བརྟེན་པ་སྟེ། དེ་བས་ན་ཇི་སྐད་དུ་སྤྱིར་བསྟན་པ་རྣམས་ལས་ལྷག་པར་བསྟན་པ་མེད་མོད་ཀྱི། འོན་ཀྱང་དཀྱིལ་འཁོར་དུ་འཇུག་པའི་དུས་ན་ཅུང་ཟད་ཁྱད་པར་དུ་བསྟན་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའི་དད་པ་བརྟན་པར་བྱ་བ་དང་། བླ་མས་བཀའ་སྩལ་པའི་བྱ་བ་ཐམས་ཅད་བདག་གིས་སྒྲུབ་པར་མི་ནུས་སོ་ཞེས་ཞུམ་པའི་བློ་མེད་པར་སྙིང་སྟོབས་ཀྱིས་སྒྲུབ་པ་དང་། དཀྱིལ་འཁོར་དུ་བསྔོས་པའི་ཡོ་བྱད་ཀྱི་སྨན་རྣམས་བདག་ཉིད་ཀྱིས་སླར་མི་བསྡུ་བའོ། །སྒྲུབ་པའི་གྲོགས་མཆོག་གི་ཁྱད་པར་གྱི་དམ་ཚིག་ནི། སྒྲུབ་པ་པོ་བས་བདག་ཉིད་ལྷག་པར་ཡོན་ཏན་ཆེ་ཡང་། གུས་པས་སྒྲུབ་པ་པོ་ལྷག་པར་བཀུར་བ་དང་། གཞན་གྱི་དངོས་གྲུབ་ཀྱི་རྫས་ཀྱིས་བྲིད་ཀྱང་། སྒྲུབ་པ་པོའི་ངོར་བལྟ་བར་བྱ་བ་དང་། བདག་ལ་འདོད་པ་མེད་པར་གྱུར་ཀྱང་། སྒྲུབ་པ་པོའི་ངོར་བལྟ་བར་བྱ་བ་དང་། གལ་ཏེ་བདག་ཉིད་བཀྲེས་སྐོམ་དང་གྲང་བ་ལ་སོགས་པས་སྐྱོ་བའི་སྐྱོན་གྱིས་གཟིར་ཡང་། སྒྲུབ་པ་པོའི་ངོར་བལྟ་བར་བྱ་བ་དང་། སྒྲུབ་པ་པོས་སྨྲས་པའི་ལས་ལ་རྣ་ལ་མི་གཟོན་ཅིང་མི་སྨྲ་བའི་བརྟུལ་ཞུགས་མི་སྤྱད་པ་དང་། སྒྲུབ་པ་པོའི་བརྡའ་རྣམས་ཤེས་པར་བྱ་ཞིང་བརྡའ་བཞིན་དུ་མྱུར་དུ་སྒྲུབ་པ་དང་། སྒྲུབ་པ་པོའི་ལས་ཀྱི་ལྷག་མ་རྣམས་བྱ་བ་དང་། ལས་ཀྱི་གྲོགས་བྱ་བ་དང་། ལས་ཀྱི་ཚབ་མ་བྱ་བ་དང་། སྒྲུབ་པ་པོའི་ཁ་ཟས་ཇི་ལྟར་ཟ་བ་དེ་ཉིད་བཟའི་གཞན་མི་བཟའ་བ་དང་། བགེགས་ཀྱི་བར་ཆད་བྱུང་ན་རང་ཉིད་ཀྱིས་གདུལ་བར་བྱ་བའོ། །སྒྲུབ་པ་པོའི་ཁྱད་པར་གྱི་དམ་ཚིག་ནི། སྤྱིར་གསང་སྔགས་ཀྱི་འདུལ་བ་དང་། དཀའ་ཐུབ་དང་། བརྟུལ་ཞུགས་དང་། སྡོམ་པ་དང་། གཙང་སྒྲ་ཇི་སྐད་གསུངས་པ་རྣམས་ལས་སྤྱིའི་བསླབ་པའི་ནང་དུ་མི་བསླབ་ཏུ་མི་རུང་བར་མ་གསུངས་པ་རྣམས་ཀྱང་སྒྲུབ་པ་པོས་འདར་མི་རུང་བ་རྣམས་ཏེ། དེ་བས་ན་རྒྱས་པར་ནི་འདུལ་བ་དང་དཀའ་ཐུབ་ལ་སོགས་པའི་ཆོ་ག་ཞིབ་མོ་ལས་བལྟ་བར་བྱའོ། །ཉམས་སུ་བླང་བར་བདེ་བའི་ཕྱིར་ཅུང་ཟད་མདོར་བསྡུ་བ་ནི་འདི་ལྟ་སྟེ། བཟླས་བརྗོད་དང་བསམ་གཏན་གྱི་སྒོ་རྣམ་པ་གཉིས་གང་ཡང་རུང་བས་རང་གི་ལྷ་མཉེས་པར་བྱེད་ཅིང་དངོས་གྲུབ་ཆེན་པོ་ལ་སྦྱར་བས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་ཅིང་བརྩོན་པ་རྣམས་ཀྱིས། ལྷ་འཕང་བའི་བྱ་བ་ཐམས་ཅད་ལས་ལྡོག་པར་བྱའོ། །བགེགས་འཇུག་པའི་བྱ་བ་ཐམས་ཅད་བསྲུང་བར་བྱའོ། །ཉོན་མོངས་པ་དང་མི་དགེ་བའི་ཆོས་སྐྱེ་བ་ཐམས་ཅད་བཟློག་པར་བྱའོ། །བྱ་བ་གང་གི་སྐབས་སུ་གང་བསྔགས་པར་གྱུར་པའི་བྱ་བ་དེ་ཉིད་ལ་ནན་ཏན་བྱའོ། སྤྱིར་བསྔགས་ཤིང་མཆོག་ཏུ་གྱུར་པའི་བྱ་བ་རྣམས་ཀྱིས་དེའི་བར་མི་བཅད་ཅིང་དེའི་ཚབ་མར་མི་གཞུག་གོ །དེ་ལ་སྡོམ་ནི། གཙང་ཞིང་ཞི་ལ་བཟོད་པ་དང་། །བསྡམས་ཤིང་ཐར་པ་ལ་སེམས་པས། །སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་དང་། གཙང་ཞིང་གོས་ཀྱང་གཙང་བ་དང་། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །གཙང་མའི་གནས་སུ་འདུག་ནས་ནི། །རྡོ་རྗེ་འཆང་ལ་གུས་པ་ཡིས། །གསང་སྟེ་རིག་པའི་བརྟུལ་ཞུགས་སྤྱད། །དེ་ལ་གཙང་བ་ནི། སྒོ་གསུམ་ལ་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་མ་གོས་ཤིང་གཙང་བ་དང་། ཟས་ དང་། གོས་དང་། གྲོགས་དང་། གནས་རྣམས་ལ་འབགས་པ་ལ་སོགས་པའི་སྐྱོན་གྱིས་མ་གོས་ཤིང་གཙང་བའོ། །དེ་ལ་སྒོ་གསུམ་གྱི་སྡིག་ཏོ་མི་དགེ་བའི་ཆོས་ནི། མི་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་བསྡུས་པ་བྱ་བ་མ་ཡིན་པ་ཐམས་ཅད་དོ། །ཟས་གཙང་བ་ནི་འདི་ལྟར་སྣོད་མ་ཡིན་པ་དང་། རྔོ་གཞི་མ་ཡིན་པ་དང་། དུས་མ་ཡིན་པ་དང་། བསམ་པ་མ་ཡིན་པ་རྣམས་ལས་བཟློག་པ་ནི་ཁ་ཟས་གཙང་བ་ཞེས་བྱའོ། །དེ་ལ་སྣོད་མ་ཡིན་པ་ནི། སྙིམ་པར་ཟ་བ་དང་མཁར་བའི་སྣོད་དུ་ཟ་བ་དང་ལོ་མའི་རྒྱབ་ཏུ་ཟ་བ་ལྟ་བུའོ། །རྔོ་གཞི་མ་ཡིན་པ་ནི། ལྷ་འཕང་བར་འགྱུར་བ་དང་བགེགས་ལྡང་བར་འགྱུར་བ་དང་། ཉོན་མོངས་པ་ དང་མི་དགེ་བ་འཕེལ་བར་འགྱུར་བའོ། །དེ་ལ་ལྷ་འཕང་བར་འགྱུར་བ་ནི། བདག་ཉིད་ལྷའི་རྣལ་འབྱོར་དུ་བྱེད་པའི་སྔགས་པས་ལྷ་མཉེས་པར་བྱ་བའི་ཕྱིར་འཇིག་རྟེན་ན་སྨེ་ཞིང་སྨད་པ་དང་དམན་པར་གྱུར་པའི་ཁ་ཟས་རྣམས་བཟའ་བར་མི་བྱའོ། །བགེགས་ལྡང་བའི་ཁ་ཟས་ནི། འབྱུང་པོ་རྣམས་ཀྱི་རང་བཞིན་གྱི་ཁ་ཟས་སུ་གྱུར་པ། ཏིལ་དང་། འོ་ཐུག་དང་། ལ་ཕུག་དང་། མ་ཤའི་སྲན་ཚོད་དང་། ལ་དུ་ལ་སོགས་པ་གཏོར་མའི་ཁ་ཟས་སུ་གང་བསྔགས་པར་གསུངས་པ་རྣམས་བཟའ་བར་མི་བྱའོ། །ཉོན་མོངས་པ་དང་སྡིག་པ་འཕེལ་བའི་ཁ་ཟས་ནི། འདི་ལྟར་གང་ཞིག་ཟོས་ན་ཕྱིར་ཞིང་སྲེད་པ་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་གང་དག་དྲན་པ་ཉམས་ཤིང་སྒྱིད་སྙོམ་པར་འགྱུར་བ་དང་། དབྱིབས་ཀྱིས་གཞོམ་དུ་མི་རུང་བ་དང་། བསྔོས་པས་ལོངས་སྤྱད་དུ་མི་རུང་བ་རྣམས་སོ། །དེ་ཡང་ཁ་ཟས་ཁ་ཅིག་ལ་ཉེས་པ་དུ་མ་དང་ལྡན་པ་ཡང་ཡོད་དོ། །གཞན་ཡང་བཀུར་བས་མི་བཟའ་བ་དང་། གནོད་པས་མི་བཟའ་བ་དང་། དམན་པས་མི་བཟའ་བ་དང་། ཉོན་མོངས་པ་འཕེལ་བས་མི་བཟའ་བའོ། །དེ་ལ་བཀུར་བས་མི་བཟའ་བ་ནི། ལྷ་ལ་བསྔོས་པ་དང་། ལྷའི་རྣམ་པ་ཡོད་པའོ། །གནོད་པས་མི་བཟའ་བ་ནི་བགེགས་ལྡང་བ་དང་དོགས་པ་ཅན་ནོ། །དམན་པས་མི་བཟའ་བ་ནི། །སྨེ་ཞིང་སྨད་པར་གྱུར་པའོ། །ཉོན་མོངས་པ་འཕེལ་བ་ནི། སྲོག་ཆགས་ཀྱི་ལུས་འདྲ་བ་གནོད་སེམས་ཀྱི་ས་བོན་འཕེལ་ཞིང་སྙིང་རྗེའི་ས་བོན་ཉམས་པར་བྱེད་པ་དང་། ཤ་དང་ཉ་ལ་སོགས་པ་སྲོག་ཆགས་ཀྱི་ཡན་ལག་ལས་བྱུང་བ་ཡང་དེ་བཞིན་དུ་བསྟན་ཏོ། །གཞན་ཡང་ཤ་དང་ཉ་དང་ཆང་དང་སྒོག་པ་དང་། གཞན་ཡང་རྩའི་བྱེ་བྲག་ཁ་ཅིག་ཕྱིར་ཞིང་སྲེད་པ་སྐྱེ་བར་འགྱུར་ཏེ། སེར་སྣའི་ས་བོན་རྒྱས་པར་བྱེད་ཅིང་སྐྱོབ་པའི་ས་བོན་ཉམས་པ་དང་། གཞན་ཡང་ཆང་ལ་སོགས་པ་སྲེད་པ་སྐྱེ་བ་དེ་དག་ཉིད་ཀྱང་ནུས་པ་དྲག་ཞན་གྱི་དབང་གིས་ལུས་སྒྱིད་སྙོམ་ཞིང་དྲན་པ་ཉམས་པར་བྱེད་པས། སྡོམ་པ་གཏོང་ཞིང་བག་མེད་པར་འཇུག་སྟེ་འདི་དག་ལྟ་བུ་ནི་ཉོན་མོངས་པ་འཕེལ་བར་བྱེད་པའི་ཁ་ཟས་སོ། །དེ་བས་ན་ཁ་ཟས་ཁ་ཅིག་ལ་ལྷ་འཕང་བ་དང་། བགེགས་ལྡང་བ་དང་། ཉོན་མོངས་པ་འཕེལ་བ་དང་། སྡིག་པ་འཕོག་པ་ཐམས་ཅད་དང་ལྡན་པའང་ཡོད་དེ་ཅི་རིགས་སུ་སྦྱར་རོ། །མི་བཟའ་བའི་དངོས་པོ་དེ་དག་ཉིད་བཟའ་བ་དང་བཅའ་བ་དང་བཏུང་བ་རྣམས་ལས། གང་དང་གང་དགག་པར་བྱ་བ་ནི་འོག་ནས་ཆོ་ག་ཞིབ་མོ་སྤྱིར་སྟོན་པའི་སྐབས་ནས་ཤེས་པར་བྱའོ། །དུས་མ་ཡིན་པ་ནི། རབ་ཏུ་བྱུང་བ་དང་ཁྱིམ་པའང་བཟླས་བརྗོད་ཀྱི་བརྟུལ་ཞུགས་འཛིན་པའི་ཚེ། ཉི་མ་ཕྱེད་མཚམས་མན་ཆད་བཟའ་བར་མི་གནང་ངོ་། །བསམ་པ་མ་ཡིན་པ་ནི། ཇི་ལྟར་རྨ་ལ་ཕན་པའི་ཁ་ཟས་སྨན་པས་བྱིན་པ་ལྟར་བཀྲེས་པའི་ནད་བསལ་བ་ཙམ་གྱི་བསམ་པས་བཟའ་བར་བྱའི། རོ་ལ་ཆགས་པའི་སྲེད་པས་བཟའ་བར་མི་བྱའོ། །ཇི་ལྟར་དགོན་པར་ལམ་གྱིས་དུབ་པ་བུའི་ཤ་ཟ་བ་ལྟར་ཞུམ་པས་བཟའ་བར་བྱའི། དྲེགས་ཤིང་རྒྱགས་པས་བཟའ་བར་མི་བྱའོ། །ཇི་ལྟར་སྲང་མདའི་ལྗིད་ལྟར་ཟས་ལྕི་ཡང་དང་ཆེ་ཆུང་སྙོམས་པས་བཟའ་བར་བྱའི། །མ་སྙོམས་པས་བཟའ་བར་མི་བྱའོ། །ཇི་ལྟར་ཁང་པ་རྙིང་པའི་ཀ་བ་བརྟན་པར་བྱ་བའམ། ཤིང་རྟའི་དམིགས་བསྐུ་བ་ལྟར་བཟའ་བར་བྱའི་ངན་པས་བསྐྱོད་པའི་བློས་བཟའ་བར་མི་བྱའོ། །ཇི་ལྟར་ལུས་ཆུ་ཤིང་ལྟར་ཤེས་པར་བྱ་སྟེ་བཟའ་བར་བྱའི་སེམས་ཀྱི་ཕྱིར་བཟའ་བར་མི་བྱའོ། །དེ་ལྟར་སྣོད་དང་། རྔོ་གཞི་དང་། དུས་དང་། བསམ་པ་དང་ལྡན་པའི་ཚེའང་ཡང་དང་ཡང་བཟའ་བར་མི་བྱའོ། །ཧ་ཅང་ཆེས་པ་དང་ཆུང་བར་བཟའ་བར་མི་བྱའོ། །ཧ་ཅང་མི་བཟའ་བར་ཡང་མི་བྱའོ། །གོས་གཙང་བ་ནི། རྒྱུ་དང་། ཁ་དོག་དང་། འབག་པ་དང་། གོས་པ་སྟེ། དེ་ལ་རྒྱུ་ནི། གསོ་མའི་རས་ཟར་མའི་རས་དང་། ཤིན་ཤུན་ལ་སོགས་པ་རྒྱུ་གཙང་བ་ལས་གྲུབ་པའོ། ཁ་དོག་ནི། སྔགས་པ་ཁྱིམ་པ་ལྷའི་བརྟུལ་ཞུགས་མི་འཛིན་པས་དཀར་པོ་འབའ་ཞིག་བགོ་བར་བྱའོ། །བརྟུལ་ཞུགས་ཀྱི་ཚེ་ནི་ལྷ་དང་ལས་དང་སྦྱར་རོ། །བྱ་བ་ལ་སྦྱོར་བའི་གོས་ཀྱི་གྲས་ཀྱང་། ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས་པའི་ཚེ་མཐང་གོས་མི་སྤང་ངོ་། །སྤྱིར་གོས་གཅིག་པར་མི་བྱ། བཟླས་པ་དང་སྦྱིན་སྲེག་གི་བྱ་བ་ལ་ཞུགས་པའི་ཚེ་བླ་གོས་མི་སྤང་ངོ་། །གཞན་གྱིས་བརླམས་ཤིང་འབགས་པའི་གོས་དང་། བདག་ཉིད་ཀྱིས་ཀྱང་རྙིང་པར་གྱུར་པ་དང་། དྲི་མས་གོས་པ་སྤང་བར་བྱ་སྟེ། ཉིན་ཞག་གཅིག་ལ་གོས་གཙང་མ་ལན་གསུམ་བརྗེ་བར་གསུངས་པ་ལ། ལན་རེ་ནི་ཆུ་དང་འདག་ཆལ་གྱིས་དག་པར་བཀྲུ་བ་ཡིན་ལ། ལྷག་མ་གཉིས་ནི་གསང་གཏོར་དང་བདུག་པས་བཀྲུ་བ་ཡིན་ནོ། །རྒྱུད་ལས། འབྱུང་ཁུངས་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར། །ཞེས་གསུང་པ་དང་། གོས་ནི་ཁྲ་བོའམ་ཡང་ན་དཀར་པོ་གཅིག །ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི། བརྟུལ་ཞུགས་འཛིན་པའི་དབང་དུ་གསུངས་པ་ཡིན་པར་དགོངས་སོ། །གྲོགས་གཙང་བ་ནི། ཕྱི་རོལ་གྱི་བྲམ་ཟེ་དང་མུ་སྟེགས་ཅན་དང་། དེ་དག་ལ་དགའ་བའི་སྐྱེ་བོ་དང་། ཐེག་པ་ཆུང་ངུ་པ་དག་དང་ཕྱོགས་གཅིག་ཏུ་གནས་ཤིང་བསྟེན་པ་སྤང་བར་བྱ་བ་དང་། མི་དང་དུད་འགྲོ་རྣམས་ཀྱི་གཤེད་མར་གྱུར་པ་སྡིག་ཅན་མ་རབས་རྣམས་དང་ལྷན་ཅིག་གནས་ཤིང་སྨྲ་བ་ཙམ་ཡང་སྤང་བར་བྱ་བ་དང་། གང་དག་བག་མེད་པ་འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་སྨེ་བའི་ལས་ཀྱིས་ཆེས་བགོས་པར་གྱུར་པ་རྣམས་དང་གཞི་གཅིག་ལ་མི་ཉལ་བ་དང་། དམ་ཚིག་ཉམས་པ་རྣམས་དང་ཡུལ་མཐུན་པར་གནས་པ་སྤང་བ་དང་། ལྷན་ཅིག་འགྲོགས་པའི་གྲོགས་མཆོག་ཀྱང་ཇི་སྐད་གསུངས་པའི་ཡོན་ཏན་དང་ལྡན་པ་རྣམས་དང་འགྲོགས་པ་ནི་གཙང་བའོ། །གནས་གཙང་བ་ནི། གཞན་གྱིས་མ་བརླམས་པ་དང་མ་འབགས་པའོ། །དེ་བས་ན་གཙང་ཞིང་བྱ་བ་འདིས་ནི་སྒོ་གསུམ་གྱི་སྤྱོད་པ་དང་སྤྱོད་ལམ་དུ་བཅས་པ་ལ་ཁ་ན་མ་ཐོ་བ་མེད་པ་སྟེ་ལས་ཀྱི་སྒྲིབ་པ་བཀག་པར་གྱུར་པའོ། །ཞི་ལ་བཟོད་པ་ཞེས་བྱ་བ་ནི། ཞི་བ་ནི་ང་རྒྱལ་དང་ལྟ་བ་དང་དྲེགས་རྒྱགས་དང་རྣམ་པར་མ་ཞི་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གྱུར་པ་རྣམས་སྤོང་བར་བྱེད་པ་སྟེ། སེར་སྣ་དང་གནོད་སེམས་ཀྱི་ཆ་ལས་བྱུང་བའི་ཉོན་མོངས་པ་རྣམས་འདུལ་བར་བྱེད་པའོ། །བཟོད་པས་ནི། ཐེག་པ་ཆེན་པོའི་ལྟུང་བའི་རྩ་བར་གྱུར་པ་སེར་སྣ་དང་གནོད་སེམས་འདུལ་བར་བྱེད་དེ། དེ་ལ་གནོད་པ་མི་མཇེད་པའི་བཟོད་པས་ནི། གནོད་སེམས་དང་དེའི་ཕྱོགས་སུ་གཏོགས་པ་ཁྲོ་བ་དང་མཁོན་དུ་འཛིན་པ་དང་འཚིག་པ་དང་རྣམ་པར་འཚེ་བ་ལ་སོགས་པ་འདུལ་བར་བྱེད་དོ། །ཡོན་ཏན་ཡོངས་སུ་བླང་བའི་ཕྱིར་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པས་ནི། སེར་སྣ་དང་དེའི་ཡན་ལག་ཏུ་གཏོགས་པ་སྒྱུ་ལ་སོགས་པ་འགྲོ་བ་སྐྱོབ་པ་དང་འགལ་བ་རྣམས་འདུལ་བར་བྱེད་དོ། །བདེན་པའི་དོན་ལ་མི་སྐྲག་པའི་བཟོད་པས་ནི། ཐེག་པ་ཆེན་པོའི་རྩ་བའི་ལྟུང་བར་གྱུར་པ། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བའི་ཡན་ལག་ཏུ་གྱུར་པའི་ཉོན་མོངས་པ་མ་རིག་པ་དང་ལྟ་བ་དང་ཐེ་ཚོམ་ལ་སོགས་པ་འདུལ་བར་བྱེད་དེ། མདོར་ན་ཞི་བ་དང་བཟོད་པས་ནི་ཐེག་པ་ཆེན་པོའི་ལྟུང་བའི་རྩ་བ་རྣམས་མ་ཉམས་པར་སྲུང་ཞིང་ཉོན་མོངས་པའི་སྒྲིབ་པ་སྤོང་བར་བྱེད་དོ། །བསྡམས་ཤིང་ཞེས་བྱ་བས་ནི། དབང་པོ་དྲུག་གི་སྤྱོད་ཡུལ་ལ་སེམས་ཀུན་ནས་འཕྲོ་བ་དང་། བྱིང་རྨུགས་སུ་གྱུར་པ་ལས་བསྡམས་ཤིང་བསྲུང་བའི་མཚན་ཉིད་དེ། འདིས་ནི་རྨུགས་པ་དང་། རྒོད་པ་དང་། བག་མེད་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་ལ་སོགས་པ་སྙོམས་པར་འཇུག་པའི་སྒྲིབ་པར་གྱུར་པ་རྣམས་སྤོང་བར་བྱེད་དོ། །ཐར་པ་ལ་སེམས་པ་ཞེས་བྱ་བ་ནི། ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། །དེ་ལྟར་ན་གཙང་བ་དང་། ཞི་ཞིང་བཟོད་པ་དང་། བསྡམས་པ་དང་། ཐར་པ་ལ་སེམས་པས་ནི་བསྒྲུབ་པ་པོའི་བརྟུལ་ཞུགས་བསྡུས་པ་ཡིན་ལ། གཙང་ཞིང་གོས་ཀྱང་གཙང་བ་ལ་སོགས་པས་ནི་གཙང་བའི་བྱེ་བྲག་བསྟན་པའོ། །རྡོ་རྗེ་འཆང་ལ་གུས་པ་ཞེས་བྱ་བས་ནི། ལྷའི་ཁྱད་པར་དང་དད་ པའི་ཁྱད་པར་རོ། །གསང་སྟེ་ཞེས་བྱ་བས་ནི། གསང་བའི་བརྟུལ་ཞུགས་སོ། །རིག་པའི་བརྟུལ་ཞུགས་སྤྱད་ཅེས་བྱ་བས་ནི། བཟླས་བརྗོད་ཀྱི་བརྟུལ་ཞུགས་དང་། སྦྱིན་སྲེག་གི་བརྟུལ་ཞུགས་དང་། བསམ་གཏན་གྱི་བརྟུལ་ཞུགས་དང་། སྤྱིར་དེ་དག་གི་བྱ་བ་བརྟུལ་ཞུགས་སུ་གྱུར་པ་ཐམས་ཅད་བསྡུས་ཏེ། ཅི་སྐད་དུ་སྨོས་པ་དེ་དག་ལས་ཀྱང་སྒྲུབ་པ་པོའི་བྱ་བ་ནི་ཐམས་ཅད་ཡིན་མོད་ཀྱི། འོན་ཀྱང་གཞི་དེ་ལས་ཁ་ཅིག་ནི་ཐུན་མོང་གི་དམ་ཚིག་ཏུ་འགྱུར་པས་ཅི་རིགས་སུ་ཤེས་པར་བྱའོ། །དེ་ལ་བཟླས་བརྗོད་དང་བསམ་གཏན་གྱི་ཁྱད་པར་གྱི་བརྟུལ་ཞུགས་རྣམས་ཀྱང་འོག་ནས་ཆོ་ག་ཞིབ་མོ་སྤྱིར་སྟོན་པའི་སྐབས་ནས་ཤེས་པར་བྱའོ། །སྔགས་པ་རབ་ཏུ་བྱུང་བ་རྣམས་ཀྱི་ཁྱད་པར་གྱི་དམ་ཚིག་ནི། སོ་སོར་ཐར་པའི་སྡོམ་པ་ཇི་སྐད་དུ་ཁྱིམ་པ་ལས་ཁྱད་པར་དུ་གྱུར་པ་རྣམས་ཇི་སྐད་དུ་གསུངས་པ་དེ་བཞིན་དུ་བསྲུང་བར་བྱའོ། །སྔགས་པ་ཁྱིམ་པའི་ཁྱད་པར་གྱི་དམ་ཚིག་ནི། རབ་ཏུ་བྱུང་བ་ལ་གནང་བ་ཁ་ཅིག་བསྲུང་བར་ནུས་ཀྱང་ཁྱིམ་པ་ལ་མ་གནང་བ་ཡོད་དེ། རྟགས་དང་ཆོ་ག་ལྟ་བུ་དང་། རབ་ཏུ་བྱུང་བའི་གོས་ཁྱིམ་པས་མི་རྫི་བ་ལྟ་བུ་ནི་ཁྱད་པར་གྱི་དམ་ཚིག་སྟེ། མདོར་ན་སྤྱོད་ལམ་ཐུན་མོང་དུ་བསྲེར་མི་གནང་བ་རྣམས་ཏེ། འདི་དག་ནི་གང་ཟག་ཁྱད་པར་དམ་ཚིག་མདོ་ཙམ་དུ་བསྟན་པའོ། །ལྷ་ཁྱད་པར་གྱི་དམ་ཚིག་ནི་ཕལ་ཆེར་གྲགས་པ། རྒྱལ་བའི་རིགས་ལ་ནི་ཚུལ་ཁྲིམས་གསུམ་བཟུང་བ་དཀོན་མཆོག་གསུམ་གཟུང་བ་གཙོར་བསྟན། པད་མའི་རིགས་ལ་ནི་དམ་པའི་ཆོས་གཟུང་བ་གཙོར་བསྟན། རྡོ་རྗེའི་རིགས་ལ་ནི་བྱང་ཆུབ་ཀྱི་སེམས་དང་། སློབ་དཔོན་གཟུང་བ་གཙོར་བསྟན་ཏོ་ཞེས་གྲགས་མོད་ཀྱི། བྱེ་བྲག་གི་དོན་དུ་ན། རྒྱལ་བའི་རིགས་ ལ་ནི། བསླབ་པའི་གཞི་རྣམས་གཟུང་བ་དང་། དཀོན་མཆོག་གསུམ་གཟུང་བ་དང་། སེམས་ཅན་གྱི་དོན་བྱ་བ་ལ་གདུལ་བྱ་སྣོད་སྡིག་ཅན་རྣམས་ལ་ཞི་བའི་ཕྲིན་ལས་ཀྱིས་ཕན་གདགས་པ་དང་། དགེ་བའི་ཆོས་བསྡུ་བ་ལ་ནི། སྤངས་པ་ཕུན་སུམ་ཚོགས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྡུད་པ་དང་། སྐུའི་སྟོད་ལས་སྤྲུལ་པར་བསྟན་པས་དངོས་གྲུབ་མཆོག་སྩོལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུའི་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་སྡུད་པ་གཙོར་བསྟན་ཏོ། །པད་མའི་རིགས་ལ་ནི། དམ་པའི་ཆོས་སྤོང་བ་དང་སེར་སྣ་བྱེད་པ་གཉིས་ལས་ལྡོག་ཅིང་། དམ་པའི་ཆོས་དང་དེའི་ཕྱག་རྒྱ་གསང་སྔགས་ཡོངས་སུ་བཟུང་བ་དང་། སེམས་ཅན་གྱི་དོན་བྱེད་པ་ལ་གདུལ་བྱ་རྫས་དང་ཆོས་ཀྱིས་འཕོངས་པ་རྣམས་སྐྱབས་པ་དང་། དགེ་བའི་ཆོས་བསྡུ་བ་ལ་སྤྱོད་པ་མཉམ་པར་བཞག་པའི་མཚན་ཉིད་བསམ་གཏན་དང་། སྐྱོབ་པའི་མཚན་ཉིད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྐུའི་བར་ལས་བྱུང་བར་བསྟན་པས་དངོས་གྲུབ་སྩོལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གི་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་སྡུད་པ་གཙོར་བསྟན་ཏོ། །རྡོ་རྗེའི་རིགས་ལ་ནི་བྱང་ཆུབ་ཀྱི་སེམས་སྤོང་བ་དང་གནོད་སེམས་བྱེད་པ་གཉིས་ལས་ལྡོག་ཅིང་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་དང་། དེའི་ཕྱག་རྒྱ་དམ་ཚིག་གི་ཕྱག་རྒྱ་གཟུང་བ་དང་། རྡོ་རྗེ་སློབ་དཔོན་གཟུང་བ་གཙོར་བསྟན་ཅིང་། སེམས་ཅན་གྱི་དོན་བྱ་བ་ལའང་སེམས་ཅན་ཁེངས་ཤིང་གདུག་པ་རྣམས་དྲག་པོའི་ཕྲིན་ལས་ཀྱིས་ཚར་གཅད་པ་དང་། དགེ་བའི་ཆོས་བསྡུ་བ་ལའང་བྱམས་པ་དང་སྙིང་རྗེའི་དབང་གིས་བཟོད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུད་ཅིང་། སྐུའི་སྨད་ལས་སྤྲུལ་པ་བསྟན་པས་དངོས་གྲུབ་འོག་མ་སྩོལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ ཐུགས་ཀྱི་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་སྡུད་པའི་མཚན་ཉིད་གཙོར་བསྟན་ཏོ། །ལྷ་ཁྱད་པར་གྱི་དམ་ཚིག་འདི་དག་ཀྱང་གདུལ་བྱ་སོ་སོའི་དབང་གིས་ཇི་ལྟར་འདུལ་བ་དེ་བཞིན་དུ་བསྟན་པ་ཙམ་དུ་ཟད་དེ། ལྷ་གཅིག་ཀྱང་བསྲུང་བ་ཐམས་ཅད་དང་ལྡན་པ། །འགྲོ་བའི་དོན་མཛད་པ་ལ་ཕྲིན་ལས་སྣ་ཚོགས་པ། དངོས་གྲུབ་སྣ་ཚོགས་པ། སྐུ་གསུང་ཐུགས་ཀྱི་བཀོད་པ་ཐམས་ཅད་པ་ཡིན་མོད་ཀྱང་། འོན་ཀྱང་སྔགས་པ་རྣམས་ཀྱིས་ལྷ་གང་གཙོར་སྒྲུབ་པ་ཁྱད་པར་གྱི་དམ་ཚིག་གཙོར་བྱས་ཏེ་བསྲུང་ཞིང་། གཞན་སྤྱིར་བསྲུང་བར་བྱ་བ་ཡིན་ཏེ་ཁྱད་པར་ནི་དེ་ཙམ་ཡོད་དོ། །བྱ་བའི་རྒྱུད་འདིར་ནི་ཕལ་ཆེར་རིགས་གསུམ་དུ་གྲགས་པའི་དབང་དུ་བཤད་དེ། དཔུང་བཟང་གིས་ཞུས་པ་ ལས་ནོར་གྱི་རིགས་ཀྱང་གྲགས་ཏེ། དེ་ལྟར་ན་སེར་སྣ་སྤང་བ་དང་། སྦྱིན་པས་ཕན་གདགས་པ་དང་། རྒྱས་པའི་ལས་ཀྱིས་སེམས་ཅན་གྱི་དོན་བྱ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་གྱི་བཀོད་པ་སྡུད་པ་རྣམས་ཀྱང་ནོར་གྱི་རིགས་ཀྱི་དམ་ཚིག་ཡིན་ཏེ། འོན་ཀྱང་བྱ་བའི་རྒྱུད་དུ་ཕལ་ཆེར་ལྷ་རྣམས་ནི་རིགས་གསུམ་དུ་གྲགས་པ་གཙོར་བསྟན་པས། ལྷ་ཁྱད་པར་གྱི་དམ་ཚིག་ཀྱང་གཙོར་རྣམ་པ་གསུམ་དུ་འགྱུར་རོ། །གཞུང་ཁྱད་པར་གྱི་དམ་ཚིག་ནི། ཅུང་ཟད་སྐབས་སྐབས་སུའང་བསྟན་པར་བྱ་བ་ཡིན་ན་གཟུང་བ་བདེ་བའི་ཕྱིར་འོག་ནས་རྣལ་འབྱོར་ཆེན་པོའི་སྐབས་སུ་མགོ་དྲིལ་ཏེ་བསྟན་ཏོ། །དེ་དག་ནི་སྤྱི་དང་། ཁྱད་པར་གྱི་དམ་ཚིག་མདོ་ཙམ་བསྟན་པའོ། །ལྷག་པའི་དམ་ཚིག་ནི། དུས་སྐབས་སུ་བསྲུང་བར་བྱ་བ་ལྷག་པར་བསྲུང་བར་བྱ་བ་ཡིན་པས། སྤྱོད་པ་གསུམ་གྱིས་བསྡུས་ནས་བསྟན་ཏེ། དེ་ལ་འཇུག་པའི་སྤྱོད་པ་སྐབས་སུ་བསྲུང་ བའི་ལྷག་པའི་དམ་ཚིག་ནི། འདི་ལྟར་སློབ་དཔོན་གཙང་སྦྲའི་བརྟུལ་ཞུགས་མ་མནོས་པ་རྣམས་ཀྱིས་ཀྱང་། དང་པོ་དཀྱིལ་འཁོར་བྱ་བ་བརྩམས་ནས་བྱ་བ་ཡོངས་སུ་མ་རྫོགས་ཀྱི་བར་དུ་གཙང་སྦྲའི་བརྟུལ་ཞུགས་བླངས་ཏེ། གོས་དང་ཟས་དང་གནས་དང་སྤྱོད་ལམ་རྣམས་གཙང་སྦྲ་དང་ལྡན་པར་བྱ་བ་དང་། སློབ་མས་ཀྱང་ཐ་ན་སྡོམ་པ་ནོད་པའི་དུས་སུ། ཞག་གཅིག་སྨྱུང་བ་ལ་གནས་ཏེ་སྡོམ་པ་ནོད་པ་དང་། སློབ་དཔོན་གྱིས་ཁྱད་པར་དུ་སློབ་མ་ལ་ཕན་སེམས་བསྐྱེད་པ་དང་། སློབ་མས་ཁྱད་པར་དུ་དད་པའི་རྩ་བ་བརྟན་པར་བྱ་བ་དང་། དཀྱིལ་འཁོར་བསྲུང་བ་མེད་པར་མི་བཞག་པ་དང་། རྒྱུ་རྐྱེན་མ་ཚང་ཡང་དུས་ཕྱི་ བཤོལ་དུ་མི་བསྣུར་བ་དང་། འགྲུབ་པར་མི་འགྱུར་བ་འདྲ་བའི་བགེགས་བྱུང་ཡང་སེམས་ཞུམ་པར་མི་བྱ་ཞིང་སྙིང་སྟོབས་སླར་བསྐྱེད་པ་ལྟ་བུ་རྣམས་སོ། །དངོས་གྲུབ་སྒྲུབ་པའི་སྐབས་ཀྱི་ལྷག་པའི་དམ་ཚིག་ནི། དང་པོ་རང་གི་ལྷག་པའི་ལྷའི་ཁྱད་པར་གྱི་དཀྱིལ་འཁོར་དུ་སྒྲུབ་པའི་དབང་ཐོབ་ཀྱང་བསྙེན་སྒྲུབ་ལ་འཇུག་པའི་དུས་སུ་དབང་དང་དམ་ཚིག་བསྣན་པར་བྱ་བ་དང་། བདག་ལ་ཡོན་ལེགས་པར་འབུལ་བ་བྱུང་ཡང་། དེ་ལ་ཐབས་གཅིག་གིས་བཀྲེས་སྐོམ་བཟློག་པའི་ཁ་ཟས་དེ་ཙམ་ལས་མ་གཏོགས་པ། གོས་དང་ནོར་ལ་སོགས་པའི་རྫས་ཅུང་ཟད་ཙམ་ཡང་མི་བླང་བ་དང་། དཀྱིལ་འཁོར་དང་དངོས་གྲུབ་ཀྱི་རྫས་ལ་སོགས་པ་བསྲུང་བ་མེད་པར་མི་བཞག་པ་དང་། དངོས་གྲུབ་ཀྱི་རྫས་དང་པོ་ཚོལ་བའི་ཚེ་རིན་གྱིས་འཇིགས་པར་མི་བྱ་སྟེ། ཁ་ཐབས་བཞིན་དུ་ཉོ་བ་དང་། རྫས་མ་དག་པ་མི་བཙལ་བ་དང་། གཞན་གྱིས་སྤྱད་པའི་ལྷག་མ་མི་བསྡུ་བ་དང་། དེ་བཞིན་དུ་སྐུ་གཟུགས་དང་བྲིས་སྐུ་ལ་སོགས་པའི་རིན་དང་ཡོན་རྣམས་ཡང་ལན་གཉིས་མི་སྨྲ་བ་དང་། སྔགས་ཀྱིས་གཞན་དང་འགྲན་པར་མི་བྱ་བ་དང་། སྔགས་ཀྱི་མཐུ་རྩལ་ཉམས་སད་པར་མི་བྱ་བ་དང་། རང་གི་སྔགས་རང་གི་དངོས་གྲུབ་ལ་སྦྱར་བ་ལས་མ་གཏོགས་པ་བྱ་བ་གཞན་ལ་མི་སྦྱར་བ་དང་། །གཞན་གྱི་སྔགས་ཀྱིས་ཀྱང་དུག་གི་ལས་དང་གདོན་གྱི་ལས་ལ་སོགས་པ་ཕན་གདགས་པའམ་ཚར་བཅད་པའང་རུང་སྟེ། ལས་ཕྲ་མོ་གང་ཡང་མི་བྱ་བ་དང་། ལུས་ཀྱི་སྤྱོད་ལམ་ཙབ་ཧྲལ་ལ་སོགས་པ་གནས་ངན་ལེན་ཕྲ་མོའང་སྤང་བ་དང་། སེམས་ཀྱི་འདུ་བྱེད་ཁྱད་པར་དུ་དངོས་གྲུབ་ཀྱི་གེགས་སུ་གྱུར་པ། ཁྲོ་བ་དང་། ཆགས་པ་དང་། ཞུམ་པ་དང་། མི་དགའ་བ་དང་། འཇིགས་པ་དང་། འཇུངས་པ་དང་། དྲེགས་པ་སྟེ་བདུན་གཙོར་སྤང་ཞིང་འདུ་བྱེད་གཞན་ཡང་བསྐྱུང་བ་དང་། ངག་གི་བྱ་བ་འཐབ་མོའི་གཏམ་དང་། བུད་མེད་ཀྱི་གཏམ་ལ་སོགས་ཏེ་འདུ་འཛིའི་གཏམ་རྣམས་མི་བྱ་བ་དང་། གླུ་གར་ལ་སོགས་པ་དབང་པོའི་སྤྱོད་ཡུལ་གཡེངས་བའི་ལས་རྣམས་མི་བྱ་བ་དང་། བཟླས་བརྗོད་ལ་ཞུགས་པའི་ཚེ་སེམས་གསང་སྔགས་ཉིད་ལ་དམིགས་པ་ལས་མ་གཏོགས་པ། བསམ་པ་མཆོག་ཏུ་གྱུར་པས་ཀྱང་བར་མི་བཅད་པ་དང་། ངག་གསང་སྔགས་ཉིད་ལས་མ་གཏོགས་པ་སྦྲིད་པ་དང་ལུད་པ་ལ་སོགས་པ་ངག་གི་གློ་བུར་བ་གཞན་གྱིས་བར་མི་བཅད་པ་དང་། ལུས་ཡན་ལག་མ་བསྐྱོད་ཅིང་མི་བསྒུལ་བ་དང་། རྡོ་རྗེའམ་རྡོ་རྗེ་ཁུ་ཚུར་རམ་རང་གི་ཕྱག་རྒྱ་མེད་པར་མི་བཟླས་པ་དང་། དེ་བཞིན་དུ་ཀུ་ཤའི་བསང་བྱེད་སྲིན་ལག་ལ་གདགས་པ་དང་། སྔགས་ཀྱི་གདུབ་བུ་བཅིང་བ་དང་། ཁུ་བ་འགག་པའི་བསྲུང་སྐུད་བཅིང་བ་དང་། བགེགས་སྲུང་བའིདུས་སུ་ས་མི་སྤོང་བ་དང་། བསྙེན་པ་དང་པོ་འམ་བར་མ་ལ་སོགས་པ་ཚོམས་གཅིག་ཏུ་གཏོགས་པ་ལ་གནས་དུས་གཉིས་སུ་བཅད་དེ་མི་བཟླས་པ་དང་། སྔགས་པ་རབ་ཏུ་བྱུང་བ་མ་ཡིན་ཡང་ཕྱོགས་དང་གོས་དང་ཟས་རྣམས་ཀྱི་མི་རུང་བ་དང་། འབགས་པ་རྣམས་སྤང་བ་དང་། དུས་གསུམ་དུ་ཁྲུས་བྱ་ཞིང་གོས་གསུམ་བརྗེ་པ་ལ་སོགས་པ་ལྟ་བུ་རྣམས་སོ། །གྲུབ་པའི་སྤྱོད་པའི་ལྷག་པའི་དམ་ཚིག་ནི། དངོས་གྲུབ་ཀྱི་མཐུ་བསྙེམས་ནས་བག་མེད་པར་གྱུར་ཏེ། དྲེགས་རྒྱགས་ཀྱི་དབང་གིས་དངོས་གྲུབ་ཉམས་པར་མི་བྱ་སྟེ། སྤྱིའི་དམ་ཚིག་ལས་མི་འདའ་བ་དང་། སེམས་ཅན་ཇི་ལྟར་འདུལ་བ་བཞིན་དུ་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱ་བ་དང་། དངོས་གྲུབ་མ་ཐོབ་པ་རྣམས་ཀྱིས་ཀྱང་ལས་བསྒྲུབ་པའི་དུས་སུ་ལྷའི་བརྟུལ་ཞུགས་སུ་གཏོགས་པ། གོས་དང་ཟས་དང་འདུག་སྟངས་དང་ལྟ་སྟངས་ལ་སོགས་པ་ཆོ་ག་ཐམས་ཅད་ གཞུང་བཞིན་དུ་བསྒྲུབ་པ་ལྟ་བུ་རྣམས་སོ། །དེ་ལྟར་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་འདི་རྣམས་ཀྱང་དོན་གྱི་དབང་དང་སྒོ་རེ་རེས་རྣམ་པར་བཞག་པ་ཡིན་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་ཐ་དད་པ་ཡང་མ་ཡིན་ལ། རྣམ་པར་བཞག་པ་ཐ་དད་པ་མེད་པའང་མ་ཡིན་ནོ། །ཇི་ལྟ་ཞེ་ན། གང་དག་སྤྱིའི་དམ་ཚིག་ཁོ་ན་ཡིན་གྱི་ཁྱད་པར་དང་ལྷག་པའི་དམ་ཚིག་ཏུ་མི་འཇུག་པའང་ཡོད་དེ། འདི་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལྟ་བུ་གཞུང་དང་གང་ཟག་དང་ལྷ་ཐམས་ཅད་ཀྱི་ཐུན་མོང་གི་སྡོམ་པར་གྱུར་པ་ལྟ་བུའོ། །གཞན་ཡང་ཁྱད་པར་གྱི་སྡོམ་པ་ཁོ་ནར་འགྱུར་གྱི་སྤྱི་དང་ལྷག་པར་མི་འཇུག་པའང་ཡོད་དེ། འདི་ལྟར་རབ་ཏུ་ བྱུང་བའི་རྟགས་འཛིན་པ་ལྟ་བུའོ། །ལྷག་པའི་དམ་ཚིག་ཁོ་ནར་འགྱུར་གྱི་སྤྱི་དང་ཁྱད་པར་དུ་མི་འཇུག་པའང་ཡོད་དེ། ལེགས་པར་ཕུལ་བའི་ཡོན་མི་བླང་བ་ལྟ་བུའོ། །གཞན་ཡང་གང་དག་སྤྱི་དང་ཁྱད་པར་གཉི་གར་འཇུག་གི་ལྷག་པའི་དམ་ཚིག་ཏུ་མི་འཇུག་པའང་ཡོད་དེ། འདི་ལྟར་བཅས་པའི་ཁ་ན་མ་ཐོ་བ་ཁ་ཅིག་ལྟ་བུའོ། །གང་དག་སྤྱི་དང་ལྷག་པ་གཉིས་གར་འཇུག་གི་ཁྱད་པར་གྱི་དམ་ཚིག་ཏུ་མི་འཇུག་པའང་ཡོད་དེ། འདི་ལྟར་དད་པའི་རྩ་བ་བརྟེན་པར་བྱ་བ་ལྟ་བུའོ། །གང་དག་ཁྱད་པར་དང་ལྷག་པ་གཉི་གར་འཇུག་གི་སྤྱི་ཡི་དམ་ཚིག་ཏུ་མི་འཇུག་པའང་ཡོད་དེ། འདི་ལྟར་དུས་མ་ཡིན་པའི་ཁ་ཟས་མི་བཟའ་བ་ལྟ་བུ་དག་གོ། གཞན་ཡང་གང་དག་སྐབས་ཀྱིས་གསུམ་ཆར་དུ་འཇུག་པའང་ཡོད་དེ། བཟླས་བརྗོད་ཀྱི་ཡན་ལག་ཁ་ཅིག་ལྟ་བུའོ། །དེ་བས་ན་སྤྱི་དང་ཁྱད་པར་ དང་། ལྷག་པའི་དམ་ཚིག་ཅེས་བྱ་བའི་དབྱེ་བ་འདི་ནི། གང་དག་གཞུང་དང་གང་ཟག་དང་ལྷ་རྣམས་ཀྱི་དབང་ལས་ལྷག་པར་མི་བསྲུང་དུ་མི་སྣང་༼གནང་། ༽བ་དང་། ཇི་ལྟར་ནུས་པ་བཞིན་དུ་བསྲུང་བ་དང་། ཁ་ཅིག་བསྲུང་བར་ནུས་ཀྱང་བསྲུང་དུ་མི་སྣང་༼གནང་། ༽བ་རྣམས་ལེགས་པར་ངོ་ཤེས་པར་བྱ་བའི་ཕྱིར་རྣམ་པ་གསུམ་དུ་ཕྱེ་སྟེ་བསྟན་པ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་དུ་རང་གི་ངོ་བོ་ཐ་དད་པར་གཟུང་བར་མི་བྱ་མོད་ཀྱི། སྐབས་ཀྱི་ཁྱད་པར་དུ་བསྲུང་ཞིང་དུས་ལྷག་པར་བསྲུང་བ་རྣམས་ཀྱང་མེད་པ་མ་ཡིན་ཏེ། དེ་དག་རྣམ་པར་དབྱེ་བ་འདིས་ལེགས་པར་ཤེས་པར་འགྱུར་རོ། །དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ལས་སྤྱི་དང་ཁྱད་པར་དང་ལྷག་པའི་དམ་ཚིག་གསུམ་དུ་གཙོར་བསྟན་པ་མཛད་ལ། བྱ་བའི་རྒྱུད་དུ་ཡང་ཚུལ་དེ་དང་མཐུན་པར་སྟོན་ཏོ། །གཞན་ཡང་ཐེག་པ་ཆེན་པོ་ཕ་རོལ་དུ་ཕྱིན་ པའི་ཚུལ་ལས་ཚུལ་ཁྲིམས་ཐམས་ཅད་རྣམ་པ་གསུམ་དུ་བསྡུས་ནས་གསུངས་ཏེ། ཚུལ་འདིས་ཀྱང་གསང་སྔགས་ཀྱི་དམ་ཚིག་ཐམས་ཅད་ཀྱང་བསྡུ་རུ་རུང་ངོ་། །གཞན་ཡང་གསང་སྔགས་ཀྱི་ཚུལ་ལས། བསྲུང་བའི་དམ་ཚིག་དང་། སྤྱད་པར་བྱ་བའི་དམ་ཚིག་དང་། སྒྲུབ་པའི་དམ་ཚིག་དང་གསུམ་དུ་བསྡུས་ནས་ཀྱང་གསུངས་ཏེ། ཚུལ་འདིས་ཀྱང་ཐེག་པ་ཆེན་པོའི་སྡོམ་པ་ཐམས་ཅད་བསྡུས་ཏེ། འདི་ལྟར་བྱ་བ་མ་ཡིན་པ་ལས་ལྡོག་པ་ཐམས་ཅད་ནི་བསྲུང་བའི་དམ་ཚིག་ཏུ་བསྡུས་སོ། །བྱ་བ་ལ་འཇུག་པ་ལ་རིས་གཉིས་སུ་ཕྱེ་སྟེ་འདི་ལྟར་སེམས་ཅན་གྱི་དོན་དང་། རྡོ་རྗེ་སློབ་དཔོན་དང་མཆེད་ལ་སོགས་པ་གང་ཟག་ཁྱད་པར་ཅན་གྱི་དོན་དང་། དཀོན་མཆོག་གི་དོན་ལ་སོགས་པའི་ཕྱིར་ལས་གང་དག་དངོས་གཞི་དགེའང་རུང་མི་དགེའང་རུང་སྟེ། དམིགས་ཀྱིས་སྤྱད་པར་བྱ་བར་ གསུངས་པ་ནི་སྤྱད་པར་བྱ་བའི་དམ་ཚིག་གོ །ཕྱོགས་གཅིག་ནི་འདི་ལྟར། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་གྱི་དངོས་གྲུབ་མན་ཆད་ནས་ལས་ཕྲ་མོའི་དངོས་གྲུབ་ཡན་ཆད། ལམ་དང་འབྲས་བུར་བཅས་པའི་ཆོས། ཕན་པ་དང་བདེ་བ་དང་བཅས་པ་མྱུར་དུ་སྒྲུབ་ཅིང་བརྩོན་པར་བྱ་བའི་དམ་ཚིག་རྣམས་ནི་སྒྲུབ་པའི་དམ་ཚིག་ཏུ་བསྟན་ཏོ། །དེ་ལས་བསྲུང་བར་བྱ་བའི་དམ་ཚིག་གི་སྐབས་སུ་གོང་དུ་ཇི་སྐད་བསྟན་པ་ལས་སོ་སོར་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་པའི་སྡོམ་པ་དང་རིག་པ་འཛིན་པའི་སྡོམ་པ་རྣམས་ལས་བྱ་བ་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་ཐམས་ཅད་དོ། །སྤྱད་པར་བྱ་བའི་དམ་ཚིག་གི་སྐབས་སུ་ནི། བསླབ་པའི་གཞི་ལས་དགེ་བ་བཅུ་དང་། བསླབ་པའི་གཞི་རྣམས་ལས་ཀྱང་སེམས་ཅན་གྱི་དོན་དུ་འགྱུར་བ་རྣམས་ཐབས་ཀྱིས་ཟིན་པར་བྱ་བ་དང་། གྲུབ་པའི་སྤྱོད་པའི་སྐབས་སུ་དངོས་གྲུབ་སྒྲུབ་པའི་རྗེས་ལ། གྲུབ་པ་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་སྟེ་ཕྲིན་ལས་སྣ་ཚོགས་ཀྱི་སྒོ་ནས་འདི་ལྟར་བསྟན་པ་ལ་མ་ཞུགས་པ་རྣམས་དབང་གི་ལས་ཀྱིས་གཞུག་པ་དང་། ཞུགས་པ་རྣམས་ཞི་བ་དང་རྒྱས་པར་བྱ་བ་དང་། གང་དག་འདུལ་བར་མ་གྱུར་པ་རྣམས་དྲག་པོའི་ལས་ཀྱིས་ཚར་གཅད་པ་དང་། ཁྱད་པར་དུའང་རྡོ་རྗེའི་མཆེད་ལ་སོགས་པ་ལ་བསྐྱང་ཞིང་བསྲུང་བ་དང་སྤེལ་བ་ལ་སོགས་པ་བྱ་བ་ནི་སྤྱད་པའི་དམ་ཚིག་ཏུ་བསྟན་ཏོ། །སྒྲུབ་པའི་དམ་ཚིག་ནི། བདག་ཉིད་ཀྱི་རྒྱུད་ལ་གོ་འཕང་གི་ཆོས་ཐོབ་པར་བྱ་བའི་ཕྱིར་བརྩོན་འགྲུབ་ཀྱིས་འབད་པར་བྱ་བ་རྣམས་ཏེ། དེ་བས་ན་འདི་གཉིས་ནི་བྱ་བ་ལ་འཇུག་པའི་སྡོམ་པར་འདྲ་མོད་ཀྱི། བདག་གི་དོན་དང་གཞན་གྱི་དོན་གང་གཙོར་བྱས་པ་དེ་ཡིས་ཕྱེ་བ་དང་། དངོས་གྲུབ་དང་ལས་ཀྱིས་ཕྱེ་བའི་བྱེ་བྲག་གིས་རྣམ་པ་གཉིས་སུ་བཤད་དོ། །གཞན་ཡང་དམ་ཚིག་ཐམས་ཅད་རྩ་བ་དང་ཡན་ལག་གཉིས་སུ་ཡང་བསྡུས་ཏེ། དེ་ཡང་འདི་ལྟར་གང་ཞིག་ཉམས་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རིགས་འཆད་པར་འགྱུར་བ་རྣམས་ནི་རྩ་བའི་དམ་ཚིག་གོ །གང་ཞིག་ ཉམས་ན་འབྲས་བུ་མྱུར་དུ་འགྲུབ་པ་ལ་གེགས་བྱེད་པར་འགྱུར་བ་རྣམས་ནི་ཡན་ལག་གི་དམ་ཚིག་ཏུ་གྲགས་སོ། །དེ་ཡང་རྒྱུད་ཁ་ཅིག་ལས་ནི་རྩ་བའི་རྩ་བར་གྱུར་པ་རྣམས་བསྡུས་ནས་རྩ་བའི་དམ་ཚིག་ཏུ་བསྟན་ཏོ། །དེའི་གྲོགས་ཕལ་མོ་ཆེ་ནི་ཡན་ལག་གི་དམ་ཚིག་ཏུ་བསྟན་ཏོ། །རྒྱུད་ཁ་ཅིག་ལས་ནི་གཞན་དུ་ཡན་ལག་ཏུ་བསྟན་པ་དེ་ཡང་རྩ་བར་གསུངས་པ་ཡང་ཡོད་དེ། དེའི་དགོངས་པ་ནི་གདུལ་བྱའི་དབང་ལས་དམ་ཚིག་སོ་སོར་བསྟན་ཏོ། །ཞེས་གསུངས་པས། དེའི་དབང་གི་རྣམ་པར་བཞག་པར་མངོན་ནོ། །དེ་ཡང་འདི་ལྟར། ཇི་ལྟར་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས། སྡོམ་པ་ཐམས་ཅད་ཀྱང་ཕམ་པ་ལྟ་བུར་འགྱུར་བའི་ལྟུང་བར་གསུངས་པ་དང་། ཉེས་བྱས་སུ་འགྱུར་བར་གསུངས་པ་ལྟར། རྒྱུད་ཁ་ཅིག་ལས་དམ་ཚིག་ཐམས་ཅད་རྩ་བ་དང་ཡན་ལག་ཏུ་བསྡུས་ནས་གསུངས་སོ། །ཇི་ལྟར་སོ་སོར་ཐར་པའི་སྡོམ་པ་ལས་ཕམ་པ་ལ་སོགས་པ་སྡོམ་པ་རིས་དུ་མར་ཕྱེ་བ་བཞིན་དུ། རྒྱུད་ཁ་ཅིག་ལས། གསང་སྔགས་ཀྱི་དམ་ཚིག་ཀྱང་རྩ་བའི་ལྟུང་བ་དང་། སྦོམ་པོའི་ལྟུང་བ་དང། ཡན་ལག་ལ་སོགས་པར་ཕྱེ་ནས་གསུངས་སོ། །རྒྱུད་ཁ་ཅིག་ལས་ནི། སེམས་ཅན་གྱི་རྣམ་པར་རྟོག་པ་མཐའ་ཡས་པའི་ཕྱིར་དམ་ཚིག་མཐའ་ཡས་སོ། །ཞེས་ཀྱང་གསུངས་ཏེ། དེའི་ཕྱིར་གསང་སྔགས་ཀྱི་དམ་ཚིག་ནི། སེམས་ཅན་གྱི་ཉོན་མོངས་པ་མཐའ་དག་གི་གཉེན་པོར་སྟོན་པས་གསུངས་པ་ཡང་མཐའ་ཡས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པས་སྤྱད་པར་བྱ་བ་ཡང་མཐའ་ཡས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པས་སྒྲུབ་པའི་དམ་ཚིག་ཀྱང་མཐའ་ཡས་སོ། །ད་ནི་གང་དག་ཕུང་པོའི་ཚུལ་དུ་རིམ་པ་དང་རིས་སུ་ཕྱེ་བ་མེད་པར་བསྟན་པས་དགའ་བར་འགྱུར་བ་རྣམས་ཀྱི་ཕྱིར་དང་། ཆོ་ག་ཞིབ་མོ་ལ་དགའ་བ་རྣམས་ཀྱི་ཕྱིར་རེ་ཞིག་རྒྱུད་སོ་སོ་ལས་ཇི་ལྟར་གྲགས་པ་བཞིན་དུ། འདུལ་བ་དང་། བརྟུལ་ཞུགས་དང་། དམ་ཚིག་དང་། ཚུལ་ཁྲིམས་དང་། སྡོམ་པ་ལ་སོགས་པའི་སྐད་ཀྱིས་ཇི་སྐད་བསྟན་པ། སྦྱོར་བ་དང་འཇུག་པའི་སྤྱོད་པ་དང་། དངོས་གྲུབ་སྒྲུབ་པའི་སྤྱོད་པ་དང་། གྲུབ་པའི་སྤྱོད་པ་རྣམས་ལས་ཅི་རིས་སུ་བསྟན་པ་རྣམས། གཞུང་སོ་སོ་ཉིད་ཀྱི་ཁུངས་ལས་ཇི་སྐད་སྨོས་པ་རྣམས་དེ་བཞིན་དུ་བསྡུས་ཏེ་བསྟན་པར་བྱའོ། །དེ་ལ་དང་པོར་རིག་སྔགས་ཀྱི་འདུལ་བ་བསྟན་པ་ཞེས་བྱ་བའི་བརྡའ་དང་སྐད་ཀྱིས་བསྟན་པ་ནི། འདི་ལྟར་འཕགས་པ་སུ་སིདྡྷི་ཀ་ར་ལས། གསང་སྔགས་ཟློས་པའི་འདུལ་བ་དང་། །སྡོམ་པ་དག་ཀྱང་ཇི་ལྟ་བུ། །ཞེས་ཞུས་པའི་ལན་བཤད་པའི་སྐབས་ནས་གསུངས་པ། དེ་ནས་གཞན་ཡང་གང་ཞིག་ལ། །གནས་ན་བཟློས་པ་པོ་རྣམས་ཀྱིས། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །གསང་སྔགས་ཟློས་པའི་འདུལ་བ་བཤད། །སྒྲུབ་པའི་གསང་སྔགས་ཐམས་ཅད་དང་། །ལྷ་རྣམས་དག་ནི་ཐམས་ཅད་དང་། །ཟློས་པ་བདག་ཉིད་ཆེན་པོ་ལ། །མཁས་པས་ཞེ་སྡང་མི་བྱའོ། །མཁས་པས་གསང་སྔགས་ཆོ་ག་དང་། །གསང་སྔགས་རང་བཟོར་མི་བྱ་ཞིང་། རང་བཞིན་ངན་པའི་མི་དག་ལ། །བརྙས་པར་ཡང་ནི་མི་བྱའོ། །བླ་མ་དཀྱིལ་འཁོར་སྟོན་པ་ནི། །སྤྱོད་པ་ངན་པ་གྱུར་ན་ཡང་། །ངག་གམ་ཡང་ན་ཡིད་ཀྱིས་སུ། །ནམ་ཀྱང་སྨད་པར་མི་བྱའོ། །མཁས་པས་རིག་སྔགས་དག་ལ་ནི། །ཁྲོས་ནས་གནན་དང་བཅིང་བ་དང་། །བཅད་པ་དང་ནི་ཚར་བཅད་དང་། །དྲག་སྤྱོད་དེ་དང་དེ་མི་བྱ། །གཞན་གྱིས་རྗེས་སུ་མ་གནང་བར། །གསང་སྔགས་གཟུང་བར་མི་བྱ་སྟེ། །བསྙེན་བཀུར་མ་བྱས་པ་ལ་ཡང་། །ཆོ་ག་ཤེས་པའི་སྔགས་མི་སྦྱིན། །རྒྱུད་ཤེས་མཁས་པས་གསང་སྔགས་དང་། །ཕྱག་རྒྱ་ཆོ་ག་ཞིབ་མོ་དང་། །རྒྱུད་དང་དཀྱིལ་འཁོར་བཤད་པ་དག །དཀྱིལ་འཁོར་མ་ཞུགས་ལ་མི་སྦྱིན། །མཚོན་ཆ་འདྲ་བ་ཐམས་ཅད་དང་། །དེ་བཞིན་སེམས་ཅན་འདྲ་བ་དག །ཕྱག་རྒྱ་སྣ་ཚོགས་འདྲ་བ་དང་། །བཟའ་བར་མི་བྱ་འགོང་མི་བྱ། །སྒྲུབ་པ་པོ་ནི་བློ་ལྡན་གྱིས། སྨན་རྣམས་སྨད་པར་མི་བྱ་སྟེ། །མི་གཙང་བས་ ཀྱང་རེག་མི་བྱ། །རྐང་པས་ཀྱང་ནི་མི་བསྒོམ་མོ། །ཐེག་པ་ཆེན་པོ་པ་དག་དང་། །ཤེས་རབ་རྩལ་གྱིས་བརྩད་མི་བྱ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དག །ཐོས་ནས་སུན་ཡང་མི་དབྱུང་ངོ་། །སྔགས་ཀྱི་སྒྲུབ་པ་པོ་དག་ཀྱང་། །ལྷན་ཅིག་ནམ་ཡང་འགྲན་མི་བྱ། །ཉེས་པ་ཆུང་ངུ་དག་ལ་ནི། །ཁྲོས་ནས་དྲག་ཤུལ་བཅད་མི་བྱ། །བཟློས་པ་ཆོ་ག་ལ་གནས་པས། །གླུ་གར་རྩེད་མོ་མི་བྱ་སྟེ། །མཛེས་པར་བྱ་ཕྱིར་ཕྲེང་བ་དང་། །ཁ་དོག་བཅང་བར་མི་བྱའོ། །འགོང་བ་དང་ནི་མཆོང་པ་དང་། །རྒྱུག་པ་དང་ནི་ཙབ་ཧྲལ་དང་། །ལུས་ལས་འབྱུང་བའི་གནས་ངན་ལེན། །ཐམས་ཅད་ཡོངས་སུ་སྤང་བར་བྱ། །བདེན་པའི་ཆོས་ལ་ གནས་པ་ཡིས། །ལོག་པར་གཏམ་དང་འགྱུར་དང་རྩུབ། །དབྱེན་གྱི་ཚིག་ཀྱང་སྤང་བར་བྱ། །དོན་མེད་གཏམ་མང་མི་བྱའོ། །མུ་སྟེགས་ཅན་དང་གནས་པ་དང་། །རྩོད་པ་དག་ཀྱང་མི་བྱ་ཞིང་། །གདོལ་པ་ལ་སོགས་རིགས་ངན་དང་། །གསང་སྔགས་ཟློས་པ་སྨྲ་མི་བྱ། །བློ་ཅན་བཟླས་བརྗོད་བྱེད་པ་ན། །སྔགས་གཡོག་གཅིག་པུ་མ་གཏོགས་པར། །གཞན་དང་ལྷན་ཅིག་དགོས་མེད་པར། །འགའ་དང་ཡང་ནི་སྨྲ་མི་བྱ། །འབྲུ་མར་དག་གིས་ལུས་མི་བསྐུ། །ཏིལ་ཡང་བཟའ་བར་མི་བྱའོ། །ལ་ཕུག་སྒོག་པ་ཚྭ་དག་དང་། །བཅའ་སྐྱུར་རྣམ་པ་ཐམས་ཅད་དང་། །ཅུང་སེང་དང་ནི་སྲན་རིལ་དང་། །དེ་བཞིན་མ་ཤའི་སྲན་ཆན་དང་། །ཏིལ་གྱི་ཅུང་སེང་ལ་དུ་དག །དངོས་གྲུབ་འདོད་པས་རྣམ་པར་སྤང་། །ལོག་འདྲེན་དག་གི་ཟས་ཀུན་དང་། །གཏོར་མའི་ཁ་ཟས་ཐམས་ཅད་དང་། །ཀྲི་ས་ར་དང་འོ་ཐུག་ཀྱང་། །གསང་སྔགས་ཟློས་པས་རྣམ་པར་སྤང་། །ཤིང་རྟ་ལ་སོགས་བཞོན་པ་དང་། །པད་མ་ལ་སོགས་རྫི་མི་བྱ། །ཁ་ཟས་ལྷག་མ་བོར་བ་ལ། །རྐང་པས་ཀྱང་ནི་རེག་མི་བྱ། །སྒེག་པའི་ཆོ་ག་ཐམས་ཅད་དང་། །ལྷམ་དང་གདུགས་དག་འཆང་བ་དང་། །ལུས་ཀྱི་བྱ་བྱེད་ཐམས་ཅད་དག ། གསང་སྔགས་ཟློས་པས་རྣམ་པར་སྤང་། །རྐང་པས་རྐང་པ་མཉེ་བ་དང་། །ལག་པས་ལག་པ་མཉེ་མི་བྱ། །བཤང་གཅི་དག་ནི་ཆུར་མི་དོར། །དེ་དང་ཉེ་བར་དོར་མི་བྱ། །སྙིམ་པ་ཁོ་ནར་མི་བཟའ་སྟེ། །མཁར་བའི་སྣོད་དུའང་བཟའ་མི་བྱ། །ལོ་མའི་རྒྱབ་དུའང་མི་བཟའ་ཞིང་། །མཁས་པས་ཆགས་པའི་ཟས་མི་བཟའ། །ཁྲི་ རྣམས་དང་ནི་ཁྲིའུ་དག་ལ། །སྒྲུབ་པ་བློ་ལྡན་མི་གཙང་བ། །གཞན་དང་ཉལ་བར་མི་བྱ་སྟེ། །གན་རྐྱལ་ཁ་སྦུབ་དུའང་མིན། །དེ་བཞིན་སྐྱིལ་ཀྲུང་བཅས་མིན་ནོ། །ཡང་དང་ཡང་དུ་མི་བཟའ་སྟེ། །ཧ་ཀྱང་ཆུང་དང་ཆེར་མི་བཟའ། །མི་བཟའ་བ་ཡང་མི་བྱ་ལ། །གང་དག་དོགས་པའང་མི་བཟའ་འོ། །ངོ་མཚར་རྣམས་ལ་དགའ་མི་བྱ། །ལྟད་མོ་ཀུན་ལའང་མི་བལྟ་ཞིང་། །བུད་མེད་ཡུལ་ལ་འཇོལ་ཉོག་ལ། །ཞེན་པའི་སེམས་ཀྱིས་ཆགས་མི་བྱ། །སྔགས་ཟློས་ཆོ་ག་ལ་གནས་པས། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཟས་དང་དེ་བཞིན་སྤྱོད་པ་ལ། །མ་བསྡམས་པར་ནི་ཡོང་མི་བྱ། །སྔགས་བཟློས་ཁྱིམ་པ་མཁས་པ་ཡིས། །ཁ་དོག་བསྒྱུར་བའི་གོས་མི་བགོ །དེ་བཞིན་རྙིང་དང་དྲི་མ་ཅན། གོས་གཅིག་པར་ནི་ཡོང་མི་བྱ། །བདག་ལ་སྨད་པར་མི་བྱ་ཞིང་། །རང་ལ་མི་དགར་མི་བྱ་སྟེ། །སྐྱོ་བར་ཡང་ནི་མ་གྱུར་དང་། །ནད་ཀྱིས་འགོང་བར་མི་བྱའོ། །བཀའ་ལན་སྩལ་བ་མ་གཏོགས་པར། །བདག་གིས་གསང་སྔགས་གཏང་མི་བྱ། །གཏི་མུག་བློས་ནི་མི་སྨད་ཅིང་། །སྒྲིམ་པ་ལྷོད་པར་མི་བྱའོ། །ཡིད་ནི་གཞན་དུ་མ་གྱུར་དང་། །བསམ་པ་མང་པོ་མ་ཡིན་དང་། །མི་གཙང་ཆགས་པའི་སེམས་མེད་པར། །ཟློས་པ་པོས་ནི་གསང་སྔགས་གདོན། །གདོན་གྱི་ལས་རྣམས་མི་བྱ་ཞིང་། །བསྲུང་དང་སླར་བཟློག་མི་བྱའོ། །རང་གི་སྔགས་སམ་གཞན་གྱིས་ཀྱང་། །ཟློས་པས་དུག་གི་ལས་མི་བྱ། །སྒྲུབ་ལ་དགོས་པ་མ་གཏོགས་པར། །གསང་སྔགས་གཞན་དུ་སྤྱད་མི་བྱ། །འགྲན་པ་དང་ནི་སད་ཕྱིར་ཡང་། །བདག་ གིས་གསང་སྔགས་མི་སྦྱར་རོ། །བློ་ལྡན་གྱིས་ནི་དུས་གསུམ་བཟླས། །དུས་གསུམ་དུ་ནི་ཁྲུས་བྱ་སྟེ། །མཚོ་ལ་སོགས་པའི་ཆུ་ལ་ནི། །སྔགས་ཀྱིས་བཏབ་ཏེ་བཀྲུ་བར་བྱ། །རིག་སྔགས་དག་ཀྱང་བཀྲུས་ནས་ནི། །མཁས་པས་ལྷ་ཡི་གནས་སུ་འགྲོ། །དེའི་བར་དུ་མི་ཁྲོ་ཞིང་། །འདོད་ཆགས་ཅན་དུ་མི་བྱའོ། །ལྷ་ལ་གཞོལ་བའི་ཡིད་ཀྱིས་སུ། །མ་ཡེངས་པར་ཡང་འགྲོ་བར་བྱ། །སྡོམ་པ་དག་ནི་གཟུང་བ་དང་། །ནན་ཏན་དུ་ནི་དམ་ཚིག་བསྲུང་། །བཟླས་བརྗོད་ཆོ་ག་མཁས་པ་ཡིས། །བཟླས་བརྗོད་བྱས་ལ་བརྩོན་པ་དང་། །རྟག་ཏུ་དཀྱིལ་འཁོར་བྱ་བ་དང་། །གླེགས་བམ་དག་ཀྱང་རྟག་ཏུ་ཀླག །མཁས་པས་མཆོད་རྟེན་རྟག་ཏུ་གདབ། །དགེ་བའི་ཕྱོགས་ཀྱང་རྟག་ཏུ་བྱ། །སྒྲུབ་པ་པོ་ནི་བློ་ཅན་གྱིས། །དུས་གསུམ་དུ་ཡང་སྐྱབས་སུ་འགྲོ། །དུས་གསུམ་དུ་ནི་སྡིག་པ་བཤགས། །དུས་གསུམ་བྱང་ཆུབ་སེམས་ཀྱང་བསྐྱེད། །རྒྱུད་མཐོང་ཆོ་ག་ཤེས་པ་ཡིས། །དུས་གསུམ་དུ་ཡང་སྨོན་ལམ་གདབ། །ཆོ་གར་སྤྱད་པ་དེ་དང་དེ། །ཇི་ལྟར་འདོད་པར་ཅི་ནུས་བྱ། །རྟག་ཏུ་གཏོང་ལ་བརྩོན་པ་དང་། །འཇུངས་བྲལ་སྙིང་རྗེར་ལྡན་པ་དང་། །རྟག་ཏུ་བཟོད་ཅིང་བྱམས་པར་ལྡན། །རྟག་ཏུ་བརྩོན་འགྲུས་ལྡན་པར་བྱ། །རྗེས་སུ་དྲན་པ་དྲུག་རྣམས་ཀྱང་། །བསམ་པ་དེས་པས་རྟག་ཏུ་བསྒོམ། །རྣམ་པ་སྣ་ཚོགས་ཆོས་ཉན་ནས། །མོས་པས་རྣམ་པར་དཔྱད་པར་བྱ། །གསང་སྔགས་ཆོ་ག་ཞིབ་ཀླག་ཅིང་། །སྔགས་དང་ཕྱག་རྒྱ་རྣམས་ཀྱང་མཆོད། །ཆོ་ག་ལས་ནི་འབྱུང་བ་བཞིན། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །ཡང་དག་ལྟ་བ་ངེས་གྱུར་ཅིང་། །བྱང་ཆུབ་སེམས་ནི་བརྟན་བྱས་པའི། །དགེ་སློང་ལ་སོགས་འཁོར་བཞི་རྣམས། །མཁས་པས་རྟག་ཏུ་གཟུད་པར་བྱ། །དམ་ ཚིག་ཕྱག་རྒྱ་བཅིངས་ནས་སུ། །རང་གི་གསང་སྔགས་རྒྱུད་རྣམས་བསྟན། །མཁས་པས་གསང་སྔགས་ལུང་གི་རྣམས། །ཐམས་ཅད་ཡང་དག་རྒྱས་པར་བྱ། །སྒྲུབ་པ་པོས་ནི་ཚེས་བརྒྱད་དང་། །བཅུ་བཞི་དང་ནི་བཅོ་ལྔ་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ཁྱད་པར་དུ་ནི་མཆོད་པར་བྱ། །བཟླས་བརྗོད་སྦྱིན་སྲེག་མཆོད་པ་དང་། །དེ་བཞིན་སྡོམ་པ་གཟུང་བ་དང་། །ཁྱད་པར་དུ་ནི་བསོད་ནམས་ལ། །གུས་ཤིང་མངོན་པར་བརྩོན་པར་བྱ། །མཁས་པས་སྔགས་ནི་འདི་ཉིད་ཀྱི། །བརྒྱ་འམ་ཡང་ན་སྟོང་དག་ཏུ། །མངོན་པར་བསྔགས་པ་བྱས་པ་ཡི། །ལས་ཀྱི་རྡོ་རྗེ་རྟག་ཏུ་བཅང་། །སྒྲུབ་པོ་བཟླས་བརྗོད་བྱེད་པ་ན། །སྤོས་ཀྱིས་བྱུག་པའི་གདུབ་བུ་དག །བགྲང་ཕྲེང་རིགས་དང་མཐུན་པ་ནི། །རྟག་ཏུ་ལག་ལ་གདག་པར་བྱ། །ས་བོན་དགག་པའི་བསྲུང་སྐུད་བཅིང་། །བཟླས་བརྗོད་སྦྱིན་སྲེག་ཆོ་ག་ལ། །རྟག་ཏུ་སྟོད་གཡོགས་བགོ་བར་བྱ། །ཉལ་དང་འཕྲེས་ལ་ ཉེས་པ་མེད། །དེ་ཡང་མངོན་པར་བསྔགས་པར་བྱ། །ཕྱི་རོལ་པར་ནི་ཤིང་གི་ལྷམ། །རྟག་ཏུ་ཡང་ནི་བགོ་བར་བྱ། །ལྷ་དང་བླ་མ་མཆོད་གནས་ཀྱི། །གནས་དག་ཏུ་ནི་རྣམ་པར་སྤང་། །གང་དག་རྟག་ཏུ་བརྩོན་པ་ཡི། །ཟློས་པ་དངོས་གྲུབ་འདོད་པ་དེས། །ལུས་དང་ངག་ཡིད་འཇུག་པ་ཡིས། །རྟག་ཏུ་མཆོད་གནས་འཇུག་པར་བྱ། །མཆོད་རྟེན་མཐོང་ན་ཕྱག་བྱ་ཞིང་། །དགེ་སློང་མཐོང་ནའང་ཕྱག་བྱའོ། །ལྷ་དག་མཐོང་ན་རིམ་འགྲོ་བྱ། །བླ་མ་མཐོང་ནའང་མཆོད་པར་བྱ། །ཟབ་མོའི་ཆོས་ནི་བཤད་པ་དག །ཐོས་ནས་དད་པ་བསྐྱེད་པར་བྱ། །བྱང་ཆུབ་སེམས་དཔའ་ཁྱུ་མཆོག་གི། མཐུ་ལ་རབ་ཏུ་དགའ་བར་བྱ། །སྔགས་ཀྱི་ལས་རྣམས་ཇི་སྙེད་པ། །ཐོས་ནས་ཡིད་ནི་སྤྲོ་བར་བྱ། །སྒྲུབ་བོ་དངོས་གྲུབ་འདོད་པས་ནི། །བློ་དང་ལྡན་པས་བརྩོན་འགྲུས་བསྐྱེད། །འདི་བྱ་འདི་ནི་མི་བྱའོ་ཞེས། །རིག་སྔགས་འདུལ་བས་སྨོས་པ་དང་། །བསླབ་བའི་སྡོམ་པ་གཉིས་ལ་ཡང་། །ཟློས་པས་རྟག་ཏུ་རྣམ་པར་བསམ། །རང་གི་བདེ་ལ་ཆགས་པ་དང་། །ཉིན་མཚན་དུ་ནི་སྤང་བར་བྱ། །འདི་དག་བྱས་ནས་འདི་བྱའོ་ཞེས། །མི་གཡེལ་བར་ནི་གྱུར་པར་བྱ། །ཉིན་པར་བག་མེད་བྱས་པ་དག །མཚན་མོ་སོ་སོར་བཤགས་པར་བྱ། །ནུབ་མོར་བྱས་པ་ནང་བར་བཤགས། །ལེགས་པར་བྱས་ལ་མངོན་དགའ་བྱ། །བཟླས་བརྗོད་སྦྱིན་སྲེག་གཙང་སྦྲ་དང་། །རིག་སྔགས་མཆོད་དང་རང་སྡོམ་དང་། །རིག་སྔགས་འདུལ་བ་དག་ལ་ཡང་། །སྒྲུབ་པ་པོས་ ནི་ནན་ཏན་གནས། །རིག་སྔགས་ཀྱི་འདུལ་བ་རིམ་པར་ཕྱེ་བའོ། །ཞེས་གསུངས་སོ། །འདུལ་བའི་སྐབས་སུ་སེམས་ཅན་གྱི་ལུས་འདྲ་བའི་ཁ་ཟས་སྤངས་པའང་ལྷ་ལ་ནི་འབུལ་དུ་རུང་སྟེ། །འདི་སྐད་དུ། ཁྱིམ་བྱ་ངང་བ་ར་མ་ཀ ། སིད་ཏ་བྲི་དུ་འོལ་བའི་དབྱིབས། །རི་དྭགས་བྱ་དང་ཉ་འདྲ་དང་། །གཟིག་དང་ཆུ་ཡི་གླང་པོའི་དབྱིབས། །འདི་ལ་སོགས་པ་བཟའ་བ་རྣམས། །རིགས་དང་ལས་དོན་དངོས་གྲུབ་ལ། །ཅི་རིགས་པར་ནི་དབུལ་བར་བྱ། །ཞེས་གསུངས་སོ། །ཡང་འདུལ་བའི་སྐབས་སུ་གཙང་སྦྲ་གསུངས་པ་ལས། རིགས་དང་ལས་ཀྱིས་སྐབས་ཀྱི་མི་གཙང་བའི་བརྟུལ་ཞུགས་དང་མཆོད་པ་ཡང་གསུངས་ཏེ། ཚེས་གྲངས་དག་དང་རྒྱུ་སྐར་དང་། །སྨྱུང་བར་གནས་པར་བྱ་མི་དགོས། །ཁྲོས་པ་བཙན་པར་བྱས་ནས་ནི། །མོད་ལ་དྲག་ཤུལ་སྤྱོད་པ་བརྩམ། །དམར་པོའི་གོས་ནི་བགོ་བའམ། །སྔོན་པོའམ་ཡང་ན་ཆུས་རླན་པ། །ཁྲག་གིས་སྤགས་པ་དག་ཀྱང་བཤད། །གཞན་ཡང་། དེར་ནི་དུས་གསུམ་དག་ཏུ་ཡང་། །ནག་པོའི་ས་ཡིས་བསྐུ་བའམ། །བོང་བུ་རྔ་མོ་ལ་སོགས་པའི། །རྟུག་པའམ་དུར་ཁྲོད་ཐལ་བས་བསྐུ། །ཞེས་པ་དང་། བསྲེག་བྱའི་རྫས་ཀྱང་། ཡུངས་ཀར་འབྲུ་མར་ཚ་བའམ། །རང་གི་ཁྲག་གམ་ལན་ཚའམ། །སྐེ་ཚེ་ནིམ་པའི་འོ་མ་འམ། །རྐང་རྗེས་སའམ་ཐལ་བའམ། །བོང་བུ་ལ་སོགས་རྟུག་པའམ། །སྐྲ་གཏུབས་པའམ་བྱ་རྟུག་གམ། །བྱ་ལ་སོགས་པའི་སྒྲོ་འམ་ཚིལ། །གཅིན་ནམ་ཡང་ན་ཚེར་མའམ། །གྱོ་མོའི་དུམ་བུའམ་རུས་ཕྱེ་འམ། །དེ་བཞིན་ཤ་ཆེན་ལ་སོགས་པ། །དྲག་ཤུལ་སྤྱད་ཕྱིར་སྦྱིན་བསྲེག་བྱ། །ཞེས་གསུངས་སོ། །འདུལ་བ་ལས། སེམས་ཅན་གྱི་ལུས་འདྲ་བ་ཡང་མི་བཟའ་ཞིང་མི་གཞོམ་མོ། །ཞེས་གསུངས་པ་ ལས། གང་ཟག་ངན་པ་གདུལ་བའི་ཕྱིར་བྱ་བར་གསུངས་པ་ཡང་ཡོད་དེ། །ཐལ་བ་སོལ་བ་ཕུབ་མ་སོགས། །ཡང་ན་ལན་ཚྭ་སྐེ་ཚེ་སོགས། །སྦྱིན་བསྲེག་དག་གི་ལས་རྣམས་ལས། །དགྲ་བོ་དག་གི་གཟུགས་བྱས་ལ། །གཟུགས་དེ་ རང་གི་མིང་སྨོས་ནས། །གཏུབ་ཅིང་གཏུབ་ཅིང་སྦྱིན་བསྲེག་བྱ། །ཡང་ན་དེ་ཡི་སྙིང་ག་རུ། །མནན་ནས་སྦྱིན་སྲེག་ལས་རྣམས་བརྩམས། །སྦྱིན་སྲེག་བཞིན་དུ་བཟླས་བརྗོད་ལའང་། །དགྲ་བོའི་གཟུགས་བརྙན་མནན་ཏེ་བྱ། །ཞེས་པ་དང་། དེ་ལྟར་དེ་ལས་མཁས་པ་ཡིས། །བདེ་བར་གཤེགས་པའི་བཀའ་སྨོད་དང་། །རང་བཞིན་ངན་དང་སྡང་བ་དང་། །དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །ལོག་པར་ལྟ་དང་སྡིག་ཅན་དང་། །ཚུལ་ཁྲིམས་འཆལ་དང་རྒོལ་བ་དང་། །བླ་མ་ལ་འཁུ་དེ་དག་ལ། །ཕན་ཚུན་ཁྲོ་བོ་བསྐྱེད་དེ་བྱ། །ཆོ་ག་ཞིབ་མོ་བཙན་བྱས་ཏེ། །སྡང་དང་གཡོ་སྒྱུ་ཅན་ལ་སྤྱད། །ངེས་པར་མྱོང་འགྱུར་ལས་ མང་པོ། །བདག་གིས་དང་དུ་བླང་དགོས་ནས། །དེ་ཡིས་ཉེས་པ་བྱས་པ་ཀུན། །ཚེ་འདི་ཉིད་ལ་སྨིན་པར་བྱ། །དགྲ་ལ་གནོད་པ་བྱ་བ་ཡང་། །ཉེས་དང་འཚམ་པར་བྱ་དགོས་པས། །ཉེས་པ་ཆུང་ངུ་བྱས་པ་ལ། །འཆི་བར་འགྱུར་བ་མི་བརྩམ་མོ། །ཞེས་གསུངས་པ་ལྟ་བུའོ། །སྒྲུབ་པ་པོ་རྣམས་ཀྱི་ཁྱད་པར་གྱི་བརྟུལ་ཞུགས་གསུངས་པ། གཙང་མའི་གནས་སུ་གཙང་སྦྲ་ཅན། །མཉམ་པར་བཞག་སྟེ་ལེགས་འདུག་ནས། །ཇི་སྲིད་ཡིད་ནི་མི་སྐྱོ་བར། །དེ་སྲིད་བར་དུ་བཟླས་བརྗོད་བྱ། །ཆོ་ག་བཤད་པ་ཐམས་ཅད་དང་། །ལུས་ཀྱི་གཙང་སྦྲ་བྱས་ནས་སུ། །སྔ་དྲོ་མེལ་ཚེ་ཐུན་གཅིག་དང་། །ཕྱི་དྲོའང་མེལ་ཚེ་ཐུན་གཅིག་བཟླས། །ཉི་མའི་གུང་ལ་ཐུན་ཕྱེད་དམ། །ཡང་ན་ཐུན་ནི་སུམ་ཆ་བཟླས། །ཡང་ན་ཐུན་ནི་བཞི་ཆ་ཙམ། །ཡང་ན་མཁས་པས་ཅུང་ཟད་བཟླས། །མཚན་མོ་སྲོད་དང་ཐོ་ རངས་ལ། །མེལ་ཚེ་ཐུན་ནི་ཕྱེད་ཕྱེད་དུ། །གང་ཞིག་མཁས་པས་བཟླས་བྱས་པ། །དེ་ནི་ལྷག་པར་མཆོད་པར་འགྱུར། །དྲག་ཤུལ་སྤྱོད་པའི་ལས་ཀུན་དང་། །མི་སྣང་བ་ལས་སོགས་པ་དང་། །དུར་ཁྲོད་དག་གི་ལས་རྣམས་ལ། །རྟག་ཏུ་མཚན་མོ་བཟླས་པ་བཟང་། །ཉིན་པར་བཟླས་བརྗོད་གང་བཤད་པ། །དེ་དག་སྦྱིན་སྲེག་མཚན་མོ་བྱ། །མཚན་མོའི་བཟླས་བརྗོད་གང་བཤད་པ། །དེ་དག་སྦྱིན་སྲེག་ཉིན་པར་བྱ། །གང་ཞིག་བཟླས་པའི་མཇུག་ཏུ་ནི། །སྦྱིན་སྲེག་བྱེད་པ་དེ་མཆོག་གོ །གསང་སྔགས་ཀུན་ལ་དང་པོར་རམ། །བསྲེག་བྱ་ཡོད་ན་གཉི་གར་བྱ། །མཁས་པས་གང་ཞིག་ཉིན་རེ་བཞིན། །ཟས་ཀྱི་ཕུད་ལས་སྲེག་བྱེད་པ། །དེས་ནི་ཐ་མའམ་བར་དག་ཏུ། །ཁྱད་པར་མེད་པར་བྱ་བ་བཤད། །དེ་ལྟར་བྱས་ན་རིག་སྔགས་རྣམས། །ཕལ་ཆེར་ཡོངས་སུ་དགྱེས་པར་འགྱུར། །ཆོ་ག་འདི་དག་ཉིད་ཀྱིས་ནི། །སྦྱིན་བསྲེག་བྱེད་པའི་བཟླས་བརྗོད་བཤད། །བཟླས་བརྗོད་བྱེད་པས་ཁྲོ་མི་བྱ། །ཡུལ་གྱི་བདག་ཉིད་དགའ་མི་བྱ། །ཞུམ་དང་མི་དགའ་འཇིགས་པ་དང་། །འཇུངས་དང་ང་རྒྱལ་ཡོངས་སུ་སྤང་། །ཟློས་ཚེ་ཅི་ཡང་མི་སྨྲ་ཞིང་། །ཡན་ལག་འགྱུར་བར་མི་བྱའོ། །ཀུན་རྟོག་རླུང་གིས་བསྐྱོད་ནས་ནི། །ཅི་ཡང་རུང་བ་མི་བསམ་མོ། །ཟློས་པ་བཟླས་བརྗོད་བྱེད་པའི་ཚེ། །རིག་སྔགས་ལས་ནི་མ་གཏོགས་པར། །བསྒོམ་པ་མཆོག་ཏུ་གྱུར་པའང་། །རྣམ་རྟོག་གཟུང་ནས་མི་བསམ་མོ། །ཟློས་པས་བཟླས་བརྗོད་ཟིན་པ་དང་། །རིགས་ཀྱི་བདག་པོའི་གསང་སྔགས་སམ། །རིགས་ཀྱི་ལྷ་མོ་གང་ཡིན་པ། །དེ་དག་བཟླས་ཏེ་བསྲུང་བར་བྱ། །བཟླས་བརྗོད་གྲངས་བཞིན་བྱས་པའམ། །ཡང་ན་ལྷག་པར་བཟླས་ཀྱང་རུང་། །གསོལ་བ་གདབ་པའི་ཚུལ་གྱིས་སུ། །དེ་ནི་གུས་པར་དབུལ་བར་བྱ། །མཁས་པས་རིག་སྔགས་ཟློས་པའི་ཚེ། །སྦྲིད་པ་ལུད་པ་ ལ་སོགས་བྱུང་། །ཉེ་རེག་བྱས་ཏེ་ཕྱག་འཚལ་ཏེ། །གཞི་ནས་ཀུན་ལ་བརྩམ་པར་བྱ། །བཟླས་བརྗོད་ཀྱི་ནི་གེགས་རྣམས་དང་། །མཁས་པས་བཟླས་བརྗོད་སྐྱོན་རྣམས་ལ། །སླར་ཡང་གྲངས་ཀྱི་ཐོག་མ་ནས། །ཀུན་ཏུ་བརྩམ་པར་བྱ་བར་བཤད། །སྔགས་ཀྱི་ནོར་བུ་ཐོག་མ་ནས། །ཐ་མར་རྟག་ཏུ་སྒྲུབ་པ་པོས། །གུས་པར་གསང་སྔགས་ལྷ་དག་ལ། །བློ་དང་ལྡན་པས་ཕྱག་བྱའོ། །སྔགས་ཀྱི་ནོར་བུ་རྫོགས་པའི་ཚེ། །རི་མོས་གཟུགས་སམ་སྐུ་གཟུགས་སམ། །མཆོད་རྟེན་དག་གམ་དེའི་གདན་རྣམས། །མིག་གིས་ཀུན་ཏུ་བལྟ་བར་བྱ། །བཟླས་པས་ངལ་ན་ཡང་དང་ཡང་། །བསམ་གཏན་ལམ་གྱི་མན་ངག་དང་། །ཐབས་ནི་རྣམ་པ་ཐ་དད་པས། །བློ་ཅན་སེམས་ནི་སྤྲོ་བ་བསྐྱེད། །བློ་ལ་སྐྱོན་མེད་བྱས་ནས་ནི། །གསང་སྔགས་ཡི་གེ་དག་པ་ལ། །མཉམ་པར་བཞག་སྟེ་རྩེ་གཅིག་ཏུ། །བཟླས་ བརྗོད་དུས་གསུམ་དག་ཏུ་བྱ། །མཁས་པས་དུས་གསུམ་ཁོ་ནར་ཡང་། །ཁྲུས་བྱས་ནས་ནི་བཟླས་བརྗོད་བྱ། །མཆོད་པ་ལ་སོགས་ཆོ་ག་ཀུན། །དུས་གསུམ་དུ་ཡང་བྱ་བར་བཤད། །དུས་གསུམ་དག་ཏུ་སྔགས་པ་ཡི། །གོས་ནི་རྣམ་པ་གསུམ་པོ་དག །བཀྲུའམ་བདུག་པར་བྱ་བའམ། །ཡང་ན་བསང་གཏོར་དག་ཀྱང་བྱ། །ཉལ་དུས་ཁྲུས་བྱེད་མ་གཏོགས་པར། །སྔགས་པས་མཐང་གོས་མི་སྤང་ཞིང་། །དཀར་ལ་ཤིན་ཏུ་འཇམ་པོ་དེ། །ཉིན་གཅིག་བཞིན་ཏུ་བཀྲུ་བར་བྱ། །ལྷ་ལ་དགོས་པའི་སྣོད་རྣམས་ཀྱང་། །ཉིན་རེ་ལན་རེ་བཀྲུ་བར་བྱ། །མེ་ཏོག་རྙིང་པ་དུས་གསུམ་དུ། །རྟག་པར་ཡང་ནི་ཕྱག་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་སོགས་ཀྱིས། །གླེགས་བམ་མཇུག་ཏུ་ཀླག་པ་དང་། །མཆོད་རྟེན་དང་ནི་དཀྱིལ་འཁོར་ཡང་། །དུས་གསུམ་དག་ཏུ་དེ་བཞིན་བྱ། །སྔོན་དུ་བསྙེན་པའི་བཟླས་བརྗོད་དག །དང་པོའི་གྲངས་བཞིན་ཚང་བ་ལས། །མི་ནུས་ན་ནི་དུས་ གཅིག་གམ། །དུས་གཉིས་སུ་ནི་ཆོ་ག་བསྒོམ། །ཞེས་གསུངས་སོ། །བཟླས་བརྗོད་ཀྱི་གྲངས་ངེས་པར་གཟུང་བ་བྱས་པ་ལས་གྲངས་སུ་གཞུག་ཏུ་མི་རུང་བ་གསུངས་པ། གང་ཡང་བགེགས་ཀྱིས་བརླམས་པའམ། །ནད་རྣམས་ཀྱིས་ཀྱང་གཟིར་བའམ། །ལྷོད་པ་དང་ནི་བག་མེད་པའམ། །ལུས་དང་སེམས་ནི་སྐྱོ་བའམ། །ཆོ་ག་ཇི་སྐད་བཤད་པ་དང་། །བཤད་པའི་དུས་ལས་འདས་པའམ། །མ་བསྡམས་པ་དང་མི་གཙང་བས། །གང་དག་བཟླས་བརྗོད་བྱེད་པ་ནི། །བཟླས་པའི་གྲངས་ནི་བཤད་པ་ལ། །མཁས་པས་དེ་དག་མི་སྦྱར་གྱི། །ཆོ་ག་བཞིན་དུ་བཟླས་པ་དང་། །མཉམ་བཞག་བཟླས་བརྗོད་དེ་དང་སྦྱར། །ཞེས་གསུངས་སོ། །གཞན་ཡང་དུས་མཚམས་སུ་སྔགས་ཀྱི་ཁང་པའི་ཕྱིར་རོལ་དུ་མཆོད་ཅིང་དགེ་བའི་ཕྱོགས་་བྱ་བ་དང་། སྡོམ་པ་གཟུང་བ་དང་། ཁྲོ་བོའི་སྔགས་ཀྱིས་ལྷ་ལ་སྐུ་ཁྲུས་གསོལ་བ་དང་། སྦྱིན་བསྲེག་དང་སའི་བྱི་དོར་བྱ་བ་ཡང་གསུངས་སོ། །ཆོ་ག་ཉམས་པ་སླར་གསོ་བ་ནི། གནས་གཅིག་ཏུ་ནི་ཕྱེད་བཟླས་ནས། །གང་ཞིག་གཞན་དུ་ཕྱེད་བཟླས་ནས། །བཟླས་པ་ཐམས་ཅད་རྫོགས་འགྱུར་ཀྱང་། །དེ་དག་ཐམས་ཅད་དོན་མེད་འགྱུར། །དེ་ལྟའི་བཟླས་པ་ ཆོ་ག་བཞིན། །ཆིག་འབུམ་ལྷག་པར་བཟླས་བརྗོད་བྱ། །བདག་པོས་སྟོང་དུ་བྱ་བའམ། །ཡང་ན་བསྙེན་པ་སླར་བརྩམ་མོ། །བག་མེད་པས་ནི་ལན་འགའ་ཞིག། །གསང་སྔགས་ལྷ་གཞན་བཟླས་བྱས་ན། །ཡིད་ཀྱིས་གསོལ་བ་གུས་བྱས་ནས། །བཟླས་བརྗོད་སླར་ཡང་བརྩམ་པར་བྱ། །མི་གཙང་ཆོ་ག་མི་ལྡན་པར། །རིག་སྔགས་བག་མེད་བཟླས་གྱུར་ན། །དེ་ལ་རིག་སྔགས་བདག་པོའི་སྔགས། །ལན་བདུན་ཡོངས་སུ་བཟླས་བརྗོད་བྱ། །ཟློས་པར་ཟླ་བ་ཕྱེད་ཕྱེད་ཅིང་། །ཉིན་ཞག་གཅིག་ཏུ་སྨྱུང་བྱས་ནས། །ཟླ་ཕྱེད་མཚམས་སུ་བ་ཡི་ལྔ། །བརྒྱ་རྩ་བརྒྱད་དུ་བཟླས་པ་བཏུང་། །དེས་ནི་གསང་སྔགས་ཟློས་པའོ། །ཟླ་བ་ཕྱེད་དུ་དག་འགྱུར་ཅིང་། །བཟའ་བ་མིན་སོགས་གང་ཟོས་པ། །དེ་དག་ཐམས་ཅད་རྣམ་པར་འབྱང་། །དམར་སེར་བ་ཡི་འོ་མ་དང་། །བ་ཡི་ཞོ་དང་བ་ཡི་མར། །བ་གཅིན་བ་ཡི་གཅི་བ་རྣམས། །སོ་སོར་མངོན་པར་བསྔགས་པ་དང་། །ཀུ་ཤ་ལན་བརྒྱར་བསྔགས་པ་ཡི། །ཀུ་ཤའི་ཆུ་དང་ལྡན་བྱས་ཏེ། །ཤར་བལྟས་ནས་ནི་ཙོག་ཙོག་པོར། །འདུག་ནས་འབྲིང་ལ་སྲང་གསུམ་ཙམ། །བ་ལ་ཤ་ཡི་ལོ་མར་བཏུང་། །ཡང་ན་མཆོད་ཡོན་སྣོད་བཤད་པ། །གང་ཡང་རུང་བ་གཅིག་ཏུ་བཏུང་། །ཟློས་ཚེ་ལྷ་ཉིད་བཀའ་སྩལ་ན། །བསྲུང་བ་བྱས་ཏེ་བརྟགས་ནས་སུ། །བྱ་མིན་མི་བྱ་རིགས་པར་བྱ། །བཟློས་པས་རྨི་ལམ་ངན་མཐོང་ན། །རིགས་ཀྱི་བདག་པོ་བརྒྱ་བཟླས་སོ། །དེ་ཡི་ཉིན་པར་དེ་མི་བཟླས། །བཟླས་བརྗོད་གྲངས་སུ་མི་གཞུག་གོ། གྲངས་ཀྱི་བཟླས་བརྗོད་ཐམས་ཅད་ལ། །ལྷག་པར་གྱུར་པ་ཉེས་པ་མེད། །འདིར་ནི་དེ་ཡིས་མི་འགྲུབ་ལ། །གྲངས་སྐོངས་ལ་ཡང་མི་ཕན་ནོ། །ཞེས་གསུངས་སོ། །གཞན་ཡང་། མཆོད་པ་དང་ཁྲུས་གསོལ་བས་ལྷ་ཚིམ་པར་བྱ་བའི་ཆོ་གས། རིག་སྔགས་བཅད་པའམ། །བགགས་པའམ། །ཕུར་བུས་བཏབ་པའམ། བྲི་བའམ། ལྷག་པའམ། གཟིར་བ་རྣམས་གྲོལ་ཞིང་ཚིམ་པར་འགྱུར་བ་དང་། ལྷག་པར་ཡང་ལྷ་དབང་བསྐུར་བའི་ཆོ་གས་དེ་བཞིན་དུ་འགྱུར་བ་དང་། བཟླས་པ་དང་སྦྱིན་སྲེག་དང་མཆོད་པས་ལྷ་གཟི་བྱིན་བསྐྱེད་པ་ལ་སོགས་པ་ཡང་གསུངས་སོ། །མཆོད་པ་དང་མི་ལྡན་པའི་བཟླས་བརྗོད་ནི། ལྷ་གཟི་བྱིན་མེད་པར་མ་ཟད་ཀྱི། སྒྲུབ་པ་པོ་ཡང་བཀྲ་མི་ཤིས་པར་གསུངས་ཏེ། ལྷ་བཤོས་དབུལ་བ་གསང་སྔགས་ཀྱི། །ཞལ་ཟས་ཡིན་པར་བཤད་པས་ན། །དེ་ནི་རྟག་ཏུ་ཁ་ཟས་བཞིན། །དེ་ཕྱིར་ཟློས་པ་དག་གིས་དབུལ། །རྩ་བ་རྡོག་གུ་འབྲས་བུ་དང་། །ལྷ་བཤོས་ཅུང་ཟད་ཅི་སྙེད་པ། །དུས་གསུམ་དུ་ནི་གསང་སྔགས་ལ། །ཕུལ་ན་དངོས་གྲུབ་ཐོབ་པར་འགྱུར། །གལ་ཏེ་ཟློས་པས་གསང་སྔགས་ལ། །མཆོད་པས་བཤོས་རྣམས་མ་ཕུལ་ན། །དེ་ཚེ་རྩུབ་ཅིང་མདོག་ངན་ལ། བཀྲེས་པ་དག་གིས་གདུང་བར་འགྱུར། །ལྷ་བཤོས་མེད་ན་དེ་ཡི་སེམས། །རྟོག་པ་དག་ཀྱང་མང་པོར་འགྱུར། །ལྷ་རྣམས་འགྲུབ་པར་མི་འགྱུར་ཞིང་། །བགེགས་རྣམས་ཀྱིས་ཀྱང་ཟིལ་གྱིས་ནོན། །དེ་བས་ནན་ཏན་ཆེར་བསྐྱེད་དེ། །གསང་སྔགས་འཁོར་དང་བཅས་པ་ལ། །དུས་ཚིགས་དག་ལ་ཅི་འབྱོར་པའི། །ལྷ་བཤོས་ལེགས་པར་དབུལ་བར་བྱ། །བསྙེན་པའི་དུས་ནས་ཟློས་པ་པོས། །ཁང་པའི་ཕྱི་རོལ་ཁོར་ཡུག་ཏུ། །ལྷ་རྣམས་ཀུན་ལ་འབྱུང་པོ་ཡི། །གཏོར་མ་གུས་པར་དབུལ་བར་བྱ། །གང་དག་འགལ་ཞིང་མི་ཤིས་དང་། །གང་དག་ངན་ཞིང་སྨད་པ་དང་། །གང་དག་མི་གཙང་གྱུར་པའི་རྫས། །ལྷ་བཤོས་ཕྱིར་ནི་དེ་དག་སྤང་། །ཞེས་གསུངས་སོ། །དེ་བས་ན་རྒྱུད་དེར་ནི་སྦྱོར་བ་དང་འཇུག་པའི་སྤྱོད་པ་དང་། དངོས་གྲུབ་སྒྲུབ་པའི་སྤྱོད་པ་དང་། གྲུབ་པའི་སྤྱོད་པ་ལས་སྣ་ཚོགས་བྱ་བ་རྣམས་ཀྱི་ཆོ་ག་ཞིབ་མོ་བསྟན་པ་ལས། འདིར་རིག་སྔགས་ཀྱི་འདུལ་བའི་བརྡ་སྐད་གཙོར་བསྟན་པའི་བརྟུལ་ཞུགས་ལ་སོགས་པའི་མཚན་ཉིད་ཙམ་ཞིག་བསྡུས་སོ། །གཞན་ཡང་བརྟུལ་ཞུགས་ཀྱི་སྐད་ཀྱིས་བསྟན་པ་ནི། འཕགས་པ་རྡོ་རྗེ་གཙུག་ཏོར་གྱི་རྟོག་པ་ཕྱོགས་གཅིག་པ་བསམ་གཏན་ཕྱི་མ་ལས། ལྷའི་རྣལ་འབྱོར་ལ་གནས་པས་ཀྱང་འཇིག་རྟེན་ཀུན་རྫོབ་ཀྱི་རྗེས་སུ་འཇུག་པའི་མཚན་ཉིད་གཙང་སྦྲ་བྱ་ཞིང་། མི་དགེ་བའི་འབྲས་བུར་གྱུར་པ་སེམས་ཅན་ལ་གནོད་པ་སྤང་བ་བྱ་སྟེ། ལྷའི་རྣལ་འབྱོར་གྱི་མཚན་ཉིད་ཀྱི་བརྟུལ་ཞུགས་རིག་སྔགས་ཀྱི་བརྟུལ་ཞུགས་སུ་གྲགས་པ་ལ་འཇུག་པར་གསུངས་ཏེ། དོགས་པ་འཇིག་རྟེན་སྨད་པ་ཡི། །བསམ་གཏན་གཅིག་པུར་རབ་བསྡམས་ནས། །བློ་གྲོས་ཞི་བ་བརྟན་པས་སྤྱད། །ཁུ་བ་གཤང་གཅི་དག་དང་ནི། །འབགས་པ་དང་ནི་རྒྱུ་བ་ལའང་། །དོགས་པ་ཡི་ནི་གཟུགས་ཀྱིས་ཀྱང་། །དབེན་པར་གཙང་སྦྲ་བརྩམ་པར་བྱ། །སྲང་དང་ཁྲོན་པ་ལུ་མ་དང་། །གྲོང་དང་གནག་ལྷས་ཐང་ལ་ཡང་། །ངག་ལུས་ཡིད་ཀྱིས་སྤང་བ་ནི། །སེམས་ཅན་གནོད་པ་ཀུན་མི་སྤྱད། །བཟླས་བརྗོད་དང་ནི་བསམ་གཏན་དང་། །གསང་སྔགས་བསྒྲུབ་པར་བྱ་བ་དང་། །སྦྱིན་སྲེག་དབང་བསྐུར་ཐམས་ཅད་དང་། །ཡུལ་གྱི་བྱ་བ་རྣམས་ལ་ཡང་། །བརྟུལ་ཞུགས་གསུངས་པ་གང་ཡིན་པ། །དེ་ཡི་གནས་དང་ཚད་རྣམས་ཀྱང་། །སྔོན་གྱི་བདག་ཉིད་འབའ་ཞིག་ལ། །མཐུ་ཆེན་རྡོ་རྗེ་འཛིན་པའི་ལྷས། །རབ་ཏུ་གསང་བ་གསུངས་པ་ཡིན། །ཞེས་གསུངས་ཏེ། དེ་ལ་དགོས་པ་ནི། བདག་ལྷའི་གཟུགས་བརྙན་གྱི་རྣམ་པར་སྣང་བ་གང་ཡིན་པ་སྟེ། དེ་ནི་རྣམ་པར་རྟོག་པ་དང་བཅས་པའི་བསམ་གཏན་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར། མི་གསལ་བའི་རང་བཞིན་ཉིད་ཡིན་པས་དོགས་པ་ཞེས་བྱའོ། །དེ་ལྟ་བུའི་བརྟུལ་ཞུགས་མངོན་དུ་བྱས་ནས། འཇིག་རྟེན་སྨད་པའི་བསམ་གཏན་གཅིག་པུ་སྤྱད། ཅེས་པ་སྟེ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་མ་སྐྱེས་པའི་རྣམ་པར་སྨོད་པའི་བསམ་གཏན་སེམས་པར་བྱས་པའོ། །དེའི་ཚེ་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ། སྒྱུ་མ་དང་སྨིག་སྒྱུ་དང་མཚུངས་པར་མོས་པར་བྱས་ན། གལ་ཏེ་གཙང་སྦྲ་ལ་སོགས་པ་ཡང་མི་བྱེད་པ་འགྱུར་སྲིད་དེ། དེ་དགག་པའི་ཕྱིར་ཁུ་བ་གཤང་གཅི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོགས་པ་ཡི་ནི་གཟུགས་ཀྱིས་ཀྱང་། །ཞེས་བྱ་བ་ནི། རང་གི་ལུས་ལྷར་སྣང་བར་གནས་པས་ཀྱང་གཙང་སྦྲ་ལ་སོགས་པ་སྡོམ་པ་འདི་དག་ལ་གནས་པར་བྱ་བ་ཡིན་ན། ཐ་མལ་པས་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །ལུས་ངག་ཡིད་ཀྱིས་ཞེས་བྱ་བས་ནི། མི་དགེ་བ་བཅུས་བསྡུས་པའི་ལས་ཀྱི་ལམ་སྤང་བའི་མཚན་ཉིད་དོ། །བརྟུལ་ཞུགས་ཀྱི་མཚན་ཉིད་གསུངས་པ་བསམ་གཏན་དང་ནི་ཞེས་པ་ལ་སོགས་པ་སྟེ། བསམ་གཏན་དང་བཟླས་བརྗོད་ དང་སྒྲུབ་པ་ལ་སོགས་པའི་ཆེད་དུ་ལྷའི་རྣལ་འབྱོར་གྱི་མཚན་ཉིད་གསུངས་པ་ཉིད་བརྟུལ་ཞུགས་ཡིན་པར་དགོངས་སོ། །དེ་ལྟར་ན་བཟླས་བརྗོད་དང་བསམ་གཏན་གཙོར་བྱེད་པའི་སྔགས་པ། ལྷའི་རྣལ་འབྱོར་ལ་གནས་པ། རྩོལ་བ་དང་མོས་པ་རབ་ཀྱི་སྤྱོད་ཡུལ་ལ་གནས་པར་ནུས་པ་རྣམས་ཀྱིས་ཀྱང་གཙང་སྦྲ་ལ་སོགས་པའི་བརྟུལ་ཞུགས་ལ་གནས་ཏེ་སྒྲུབ་པར་གསུངས་ན། གང་ཟག་གང་དག་ཐ་མལ་པའི་སྤྱོད་པ་ལ་ཆེར་གནས་པ། ཕྱི་རོལ་གྱི་ལས་དང་བྱ་བ་ལ་རིང་དུ་བརྟེན་པར་བྱེད་པ་རྣམས་ཀྱིས་རིག་སྔགས་ཀྱི་བརྟུལ་ཞུགས་ཀྱི་སྡོམ་པ་རྣམས་ལ་ཆེད་དུ་བརྟེན་པར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཤེས་དགོངས་པ་ཡིན་ནོ། །གཞན་ཡང་བརྟུལ་ཞུགས་ཀྱི་བརྡ་དང་སྐད་ཀྱིས་གསང་སྔགས་ཀྱི་བསླབ་པ་བསྟན་པ་ནི། རྒྱུད་གཞན་ལས་ཀྱང་གསུངས་ཏེ། འདི་ལྟར་རྒྱུད་ཐམས་ཅད་ཀྱི་སྒྲུབ་པའི་ཆོ་ག་རྒྱས་པར་སྟོན་པ་དཔུང་བཟང་གིས་ཞུས་པ་ལས། གསང་སྔགས་ཟློས་པ་དང་། སྒྲུབ་པ་དང་མི་སྒྲུབ་པས་ཀྱང་ཐུན་མོང་གི་བསླབ་པ་ལ་འཇུག་པར་གསུངས་པ། གསང་སྔགས་བཟླས་བརྗོད་གང་དག་ངས་གསུངས་པ། །དེ་ཡི་རྟུལ་ཞུགས་དང་པོར་ངས་བཤད་དོ། །དེ་ཡིས་བདེ་བར་གཤེགས་ལ་དད་བསྐྱེད་ནས། །དེ་བཞིན་དུ་ནི་བྱང་ཆུབ་སེམས་ཀྱང་བསྐྱེད། །སེར་སྣ་དྲེགས་དང་རྒྱགས་པ་རྣམ་སྤངས་ཏེ། །དཀོན་མཆོག་གསུམ་ལ་དད་པས་བརྟེན་པར་བྱ། །རྡོ་རྗེ་རིགས་ཤེས་བརྗོད་པ་རྒྱ་ཆེན་དང་། །ང་ལ་ཡང་ནི་དད་ཅིང་དགའ་བར་བྱ། །ཚིག་རྩུབ་ཀྱལ་པ་ཕྲ་མ་སྨྲ་བ་དང་། །གཞན་གྱི་བུད་མེད་བགྲོད་དང་རྫུན་སྨྲ་དང་། །རྐུ་དང་གཞན་གྱི་སྲོག་གཅོད་གནོད་བྱེད་དང་། །ཆང་དང་བྱེད་པ་རྟག་ཏུ་སྤང་བར་བྱ། །རྨོངས་པ་གང་གིས་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱིས་བསོད་ནམས་བསགས་བྱས་ཀྱང་། །ཐམས་ཅད་ལོག་པར་ལྟ་བས་བཅོམ་པ་ན། །དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། །དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང་། །ས་བོན་ཚིག་ན་མྱུ་གུ་མི་སྐྱེ་ལྟར། །དེ་བཞིན་མི་ཤེས་ལོག་ལྟས་བཅོམ་པ་ཡི། །སེམས་ལས་དགེ་བའི་ཆོས་རྣམས་མི་སྐྱེའོ། །དེ་ཕྱིར་ལོག་པར་ལྟ་བ་རྣམས་སྤང་ལ། །ཡང་དག་ལྟ་བ་ལ་ནི་བརྟེན་པར་གྱིས། །རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གི། ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས། །གནོད་བྱེད་བགེགས་རྣམས་མ་ལུས་གཞོམ་པ་དང་། །བདག་ཉིད་འབྱོར་པར་བྱ་ཕྱིར་ངས་གསུངས་པའི། །དཀྱིལ་འཁོར་ལྷ་དང་ལྷ་མིན་གནས་གྱུར་པ། །དམ་ཚིག་ཇི་བཞིན་བསོད་ནམས་དོན་དུ་བལྟ། །གང་ཡང་རིགས་པ་མཆོག་ཏུ་གསུངས་པ་དང་། །ཁྲོ་བོའི་དཀྱིལ་འཁོར་དུ་ཡང་ འཇུག་པར་བྱ། །དེར་ནི་དམ་ཚིག་སྣ་ཚོགས་པ་བཤད་པ། །སྡིག་པ་བཤལ་ ཕྱིར་རྒྱུན་དུ་ལྟ་བར་བྱ། །ཞེས་གསུངས་སོ། །རྡོ་རྗེ་རིགས་ཀྱི་གསང་སྔགས་བཟླས་སུ་མི་རུང་བ་གསུངས་པ། རིག་དང་དམ་ཚིག་མ་མཐོང་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང་། །སངས་རྒྱས་མ་དད་ལྷ་གཞན་ལ་བརྟེན་པས། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་གསུངས་སོ། །སྔགས་པ་ཁྱིམ་པའམ་རབ་ཏུ་བྱུང་བ་གང་ཡང་རུང་བས་ཀྱང་བསླབ་པའི་གཞི་སོ་སོར་ཐར་པའི་སྡོམ་པ་ལ་བརྟེན་དགོས་ཏེ། དེ་གཏང་དུ་མི་རུང་བར་གསུངས་པ། དཔེར་ན་ལོ་ཐོག་ཐམས་ཅད་ས་དག་ལ། བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག ། སྙིང་རྗེ་ཆུས་བརླན་པས་ནི་རྣམ་པར་སྐྱེ། །རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པའི་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །དེ་ལྟར་སྡིག་པའི་ཆོས་ལས་རྣམ་གྲོལ་ནས། །བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཆོས། །དག་ཅིང་གྲོལ་བ་དང་ནི་ལྡན་འགྱུར་བ། །ཟློས་པ་སྐྱོ་ན་མདོ་སྡེ་ཀླག་པར་བྱ། །གཙང་ཞིང་དབེན་པའི་ས་ཡི་ཕྱོགས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རབ་ཏུ་གདབ། །རིང་སྲེལ་ཅན་གྱི་གཟུགས་སམ་མཆོད་རྟེན་ལ། །བསྟོད་ཅིང་ཕྲེང་བ་དྲི་དང་མར་མེ་ཕུལ། །གདུགས་དང་རྒྱལ་མཚན་བ་དན་རོལ་མོ་དང་། །མཆོག་ཏུ་དད་པས་ཀྱང་ནི་མཆོད་པར་བྱ། །ནམ་ཡང་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར། །དེ་བཞིན་སྒྲུབ་པ་ཡི་ནི་གྲོགས་མེད་ན། །ལུས་ཅན་དངོས་གྲུབ་ཐོབ་པར་མི་འགྱུར་ རོ། །གྲོགས་མཆོག་ཡོན་ཏན་ཐམས་ཅད་ལྡན་པ་ནི། །རྩོད་པའི་དུས་ན་ཤིན་ཏུ་དཀོན་པར་འགྱུར། །ཡོན་ཏན་ཕྱེད་དང་བཞི་ཆ་བརྒྱུད་ཆ་ཅན། །དེ་ལྟ་བུ་དག་སྔགས་པའི་གྲོགས་པོར་བརྟེན། །ཞེས་གསུངས་སོ། །སྔགས་པ་དངོས་གྲུབ་ཀྱི་མཐུ་ལ་བརྟེན་ནས་ཐར་པའི་ལམ་ཐོབ་པར་འདོད་པའི་རྩོལ་བ་དང་ལྡན་པ་རྣམས་ཀྱིས། སྐུ་གཟུགས་ཀྱི་སྤྱན་སྔར་གོས་དང་ཟས་ལ་སོགས་པའི་བརྟུལ་ཞུགས་བཟུང་བས་བཟླས་པ་ལ་འཇུག་པར་གསུངས་པ། གཙུག་ཕུད་བཞག་སྟེ་སྐྲ་ནི་བྲེགས་ནས་སུ། འབྱུང་ཁུངས་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར། །གོས་དཀར་དག་གམ་ཤིང་ལོའམ་གསོ་མའམ། །ཟར་མའམ་ཤིང་ཤུན་རྣམས་ཀྱི་གོས་བགོའོ། །ཀུ་བའམ་ལྕགས་སམ་འཇིམ་པ་ལས་བྱས་པའི། །དབྱིབས་ནི་ལེགས་ཤིང་མི་རྩུབ་འཇམ་པ་དང་། །མ་ཆག་ཟླུམ་ཞིང་མ་གས་རྨ་མེད་པ། །ཡིད་དུ་ འོང་བའི་ལྷུང་བཟེད་བཅང་བར་བྱ། །ཧ་ཅང་མི་ཉེ་ཧ་ཅང་མི་རིང་ལ། །བཟའ་བཏུང་མོད་ཅིང་རྨངས་རིས་མང་བ་དང་། །མགྲོན་ལ་མཆོད་བྱེད་ལེགས་པར་གནས་པའི་གྲོང་། །བྲམ་ཟེའམ་ཕྱི་རོལ་སྐྱེ་བོ་མེད་པ་བརྟེན། །ང་རྒྱལ་གྱིས་ནི་ནོན་པའི་བྲམ་ཟེ་རྣམས། །རིགས་ཀྱིས་བརློམ་ཞིང་སྙིང་རྗེར་མི་ལྡན་པ། །དེ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པ་མཐོང་ནས་བགེགས་ཀྱང་བྱེད་པར་འགྱུར། །ཡན་ལག་བརྒྱད་ལམ་གནས་པས་རྟག་ཏུ་ནི། །ཉི་མ་ཕྱེད་མཚམས་ཚུན་ཆད་བསླང་བར་བྱ། །བྲམ་ཟེའི་དུས་ནི་ཕྱི་དྲོ་ཡིན་པས་ན། །དེ་བཞིན་བྲམ་ཟེའི་ཁྱིམ་དུ་འགྲོ་མི་བྱ། །དཔེར་ན་རྨ་ནི་གསོ་དང་བསལ་བའི་ཕྱིར། །ནད་པ་དག་ལ་སྨན་ནི་སྦྱིན་པ་ལྡན། །དེ་བཞིན་འདིར་ནི་བཀྲེས་པའི་སྡུག་བསྔལ་དག །བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས། །ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ། །བཀྲེས་སྐོམ་གདུངས་པས་རང་གི་བུ་ཡི་ ཤ ། ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་བཞིན། །ཚེ་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ། །མང་དུ་བླུགས་ན་རྩོལ་མེད་མཐོ་བ་དང་། །དེ་བཞིན་ཉུང་དུས་སྲང་ནི་དམའ་འགྱུར་ལ། །རན་པས་སྐད་ཅིག་མཉམ་པར་འགྲོ་བ་ལྟར། །ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ། །དཔེར་ན་ཁང་རྙིང་མི་ཞིག་བྱ་བའི་ཕྱིར། །མི་ཡིས་ཀ་བ་བརྟན་པོ་བཙུགས་པ་ལྟར། །དེ་བཞིན་ལུས་ཀྱི་འཁྲུལ་འཁོར་གནས་པ་དང་། །ཤིང་རྟའི་རྨིག་བསྐུ་བཞིན་དུ་ཁ་ཟས་ཟ། །འདོད་པའི་ཁམས་ནི་ཁ་ཟས་ཀྱིས་གནས་ཞེས། །རྒྱལ་བའི་ཆོས་གཅིག་ཏུ་ནི་བཀའ་སྩལ་བས། །ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ། །སེམས་ནི་བཟའ་བཏུང་ལ་སོགས་ཆགས་མི་བྱ། །དབང་པོ་དྲུག་པོ་ཡུལ་ལ་འཕྲོ་བ་དག །བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ། །ལྷུང་བཟེད་དེ་དག་ལས་ནི་གཅིག་ཐོགས་ནས། །གཉའ་ཤིང་གང་དུ་བལྟ་ཞིང་བསོད་སྙོམས་སྤྱད། །འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ནི་མཚོན་ཆ་འཇེབས་འདྲ་བས། །སྐྱེས་པའི་སེམས་དག་མངོན་དུ་འཕྲོག་པར་བྱེད། །ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་གི་རྣམ་པར་བཀབ་པ་ཆེས་བླ་ཡི། །ཉེས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་བླ། །གང་དུ་དགའ་བར་འགྲོ་ཞིང་འཛིན་མེད་ལ། །སེམས་ཀྱིས་སེམས་ནི་རྣམ་པར་འདུལ་བཞིན་དུ། །རབ་དང་འབྲིང་ལ་སོགས་པ་སྤངས་ནས་ནི། །མི་སྨྲ་བ་ནི་གཞན་གྱི་ཁྱིམ་དུ་འགྲོ། །གང་ན་བ་བཞོན་བེའུ་ཕྲུག་ཆུང་བ་དང་། །གང་ན་སྐྱེས་བུ་ཆང་ནི་འཐུང་བ་དང་། །གང་ན་བུ་མོ་གཞོན་བསྟེན་རྩེ་བ་དང་། །དེ་བཞིན་གཞོན་ནུ་གང་ན་རྩེ་བ་དང་། །གང་ན་ཁྱིམ་བཟའ་དགའ་སྟོན་བྱེད་པ་དང་། །གང་ན་སྐྱེས་པ་མང་པོ་ འདུས་པ་དང་། །དེ་བཞིན་གང་ན་རོལ་མོ་བྱེད་པ་རྣམས། །དེར་ནི་སྐྱེས་བུ་དམ་པའང་མི་འགྲོའོ། །བསོད་སྙོམས་ཇི་སྙེད་ཁྱེར་ཏེ་འོང་ནས་ཀྱང་། །དང་པོ་ཇི་ལྟར་བདེ་བར་བགོ་བར་བྱ། །རྐང་བཀྲུས་གློ་བུར་བ་ལ་བྱིན་ནས་སུ། །ལུས་བསྲུང་ཕྱིར་ནི་ཁ་ཟས་བཟའ་བར་བྱ། །དུས་སུ་ཟོས་ནས་དུས་གསུམ་ཁྲུས་བྱས་ལ། །ཕྲེང་བ་མར་མེ་བདུག་པ་བསྟོད་དང་དྲི། །ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ། །ཀུ་ཤའི་ཁྲེས་ལ་འདུག་ནས་བཟླས་བརྗོད་བྱ། །བདུག་པ་བྱུག་སྤོས་ལ་སོགས་མ་རྙེད་ན། །དྲི་ཞིམ་མེ་ཏོག་སྣ་ཚོགས་དབུལ་བར་བྱ། སྤྲ་བ་ཨ་རྒ་བིལ་བ་བྷཱི་ཧཱ་ཏ། །ཀུ་ཤ་དྲི་ངན་ཡིད་དུ་མི་འོང་སྤང་། །འགྲེང་དང་འདུག་དང་མ་ལོག་ཉལ་བ་དང་། །འགྲོ་འཕྲེས་ཟ་ཀློག་བཟླས་བརྗོད་བྱེད་པ་དང་། །རྗེས་སུ་དྲན་དྲུག་སོ་སོའི་ཡོན་ཏན་དག །རིག་པར་བྱས་ཏེ་རྗེས་སུ་དྲན་པར་བྱ། །བཟླས་བརྗོད་ཀྱི་དུས་ཀྱི་བརྟུལ་ཞུགས་གསུངས་པ། །བོ་དེ་རྩེ་དང་དུང་ཤེལ་རུ་རག་ཤ ། ལུང་ཐང་པད་མའི་སྙིང་པོ་ཞ་ཉེ་ཟངས། །ཁར་བའི་བགྲང་ཕྲེང་བརྒྱ་ནི་རྩ་བརྒྱད་པ། །དེ་དག་ལས་ནི་བགྲང་ཕྲེང་གཅིག་བླང་སྟེ། །དེ་ནི་ལག་པ་གཡས་པས་བཟུང་བའམ། །ལག་པ་གཡོན་པས་བསྒྲིམས་ཏེ་མ་འཁྲུལ་བཟུང་། །ཚར་རེ་ཕྱིན་ནས་ནོར་བུ་རེ་རེ་ནས། །སྔགས་པ་ཡིས་ནི་རིམ་བཞིན་དྲང་བར་བྱ། །འདུག་ནས་དབང་པོ་ཡང་དག་བསྡམ་པ་དང་། །ལུས་ཀྱང་དྲང་ཞིང་བརྟན་པར་བཞག་ནས་སུ། །ཕྱིས་ནི་མ་མཆུ་ཤིན་ཏུ་མཛེས་པ་ཡང་། །བསྒུལ་ཞིང་གསང་སྔགས་མངོན་པར་བཟླས་བརྗོད་བྱ། །སེམས་ནི་གློག་དང་སྤྲེའུ་རླུང་དང་མཚུངས། །རྒྱ་མཚོ་ཆེན་པོ་ཡི་ནི་བརླབས་དང་འདྲ། །སྒྲ་ཅན་འདོད་རྒུར་ཡུལ་ལ་མངོན་དགའ་བ། །གཡོ་ཞིང་འཕྱན་པ་ངེས་པར་གདུལ་བར་བྱ། །གང་ཚེ་ཟློས་པའི་སེམས་ནི་ཞི་བ་ལ། །བརྟེན་པ་ཉིད་ཀྱིས་དྲན་པ་རྨོངས་འགྱུར་ན། །ལངས་ནས་བཅག་ཅིང་ཕྱོགས་སུ་བལྟ་བ་དང་། །ཆུ་ཡིས་གདོང་ཡང་ཡོངས་སུ་བཀྲུ་བར་བྱ། །ཆགས་སྡང་གཏི་མུག་ལ་སོགས་རྣམ་རྟོག་དག །བཟློག་ནས་དགེ་ལ་ཅི་བདེར་བཞག་པར་བྱ། །དང་པོ་ཟློས་ནས་བཟླས་བརྗོད་ཟིན་པར་དུ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ཞིང་པ་དང་། །བུད་མེད་མ་ནིང་ཁྱེའུ་བུ་མོ་དང་། །སྔགས་འཆང་ནམ་ཡང་སྨྲ་བར་མི་བྱའོ། །ཅི་སྟེ་དགོས་པ་ཡོད་ན་སྔགས་གཡོག་དང་། །བཟླས་བརྗོད་ཟིན་ནས་ཅུང་ཟད་སྨྲ་བར་བྱ། །སྨྲས་ནས་ལུད་པ་བཤང་གཅི་བོར་ནས་སུ། །ཆུ་ཡི་ནང་དུ་ཞུགས་ནས་ཁྲུས་ཀྱང་བྱ། །མེ་ཏོག་དྲི་བསྟོད་མར་མེ་ཕུལ་བ་དང་། །ཚུལ་ཁྲིམས་བརྩོན་འགྲུས་དཀའ་ ཐུབ་བྱས་པ་ཡིས། །དགེ་བ་དེ་ཀུན་བླ་ན་མེད་པ་ཡི། །སངས་རྒྱས་བྱང་ཆུབ་བླ་མེད་མཆོག་ཏུ་བསྔོ། །དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན། །ལན་ཚྭའི་རོར་ནི་གཅིག་ཏུ་གྱུར་བ་བཞིན། །དེ་ལྟར་བླ་མེད་བྱང་ཆུབ་བསྔོས་པ་ཡིས། །བསོད་ནམས་རྒྱལ་བའི་རོར་ནི་གཅིག་ཏུ་འགྱུར། །དཔེར་ན་སྐྱེས་བུ་ལ་ལས་འབྲས་བུའི་ཕྱིར། །ས་ལུ་བསྐྱེད་ཀྱི་སོག་མའི་ཕྱིར་མིན་ཡང་། །ས་ལུ་རྙེད་ནས་སྒྲིམ་པ་མེད་པར་ནི། །སོག་མའི་ཕུང་པོ་ཞར་ལ་འབྱུང་བ་བཞིན། །དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པའི་ཕྱིར། །བསོད་ནམས་སྒྲུབ་ཀྱི་ལོངས་སྤྱོད་ཕྱིར་མིན་ཡང་། །སོག་མའི་ཕུང་པོ་དག་དང་མཚུངས་པར་ནི། །མ་བསྒྲིམས་བཞིན་དུ་མི་ཡི་ལོངས་སྤྱོད་འགྲུབ། །ཚེ་རིང་བ་ནི་ལེགས་པར་འཐོབ་པ་དང་། །ཆོས་བཞིན་ སྒྲུབ་པའི་ཡུལ་དང་རྙེད་པའམ། །སྐྱོ་བ་མེད་པར་འགྱུར་ཞིང་འགྲོ་བ་ཡིས། །སྨྲ་བ་རྣམས་ནི་རྟག་ཏུ་རྫོགས་པར་བྱ། །གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་སྨད་དག །སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ། །སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། །དཔེར་ན་རྒྱ་མཚོ་སྐད་ཅིག་ཙམ་ཡང་ནི། །མི་ཡི་རོ་དང་ལྷན་ཅིག་མི་གནས་ལྟར། །དེ་བཞིན་རྣམ་རྟོག་སེམས་ཀྱི་སྡིག་བྱས་པ། །སྔགས་པས་སྐད་ཅིག་ཙམ་ཡང་གནས་མི་བྱ། །དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི། །མར་མེ་བཙུགས་པ་མི་གཡོ་འབར་བ་ལྟར། །རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི། །ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་འགྱུར། །སྟངས་དང་མཆོང་བ་དང་ནི་གར་བྱེད་དང་། །གླུ་ལེན་རྔ་བརྡུང་སྐྱེ་བོས་དཔྱས་འགྱུར་དང་། །ལྷག་པའི་ང་རྒྱལ་དྲི་དང་འདོད་ཆེན་དང་། །རྒྱན་པོ་དང་ནི་འདུས་ལ་བལྟ་འདོད་དང་། །དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང་། །བསྟན་བཅོས་ངན་དང་སྙན་ངག་ཀློག་འདོན་དང་། །ཆགས་དང་འཚིག་དང་དྲེགས་དང་རྒྱགས་པ་དང་། །ཞེ་ལ་འཛིན་དང་ལེ་ལོ་གཡོ་སྒྱུ་སྤང་། །ཤ་ཆང་ཀེའུ་དང་གཙོང་དང་སྒོག་རྡོག་དང་། །འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ན། །འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང་། །གུ་ལང་མཆོད་བྱས་གཏོར་མ་མི་བཟའོ། །ངས་ནི་སྔགས་པས་ཁ་ཟས་དཀར་གསུམ་དང་། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང་། །ཞོ་དང་ནས་དང་ར་ཡི་མར་དག་དང་། །འབྲུ་མར་ཚིག་མ་དར་བ་འོལ་གོན་དང་། །ཐུག་པ་རྣམས་ནི་བཟའ་བཏུང་ཡིན་པར་གསུངས། །ཤ་ཟ་སྲིན་པོ་རྣམས་དང་གནོན་པོ་དང་། །རོ་ལངས་ཀྱི་ནི་འཇིགས་པ་སྒྲུབ་པ་དང་། །ལྷ་མིན་བུ་མོའི་འཁྲུལ་འཁོར་འཇོམས་པའི་ཚེ། །འབྲུ་མར་ཚིག་མ་ཟ་བ་མཆོག་ཏུ་བསྔགས། །དེ་ལྟར་བཟླས་བརྗོད་བྱེད་པའི་སྒྲུབ་པ་པོས། །ཉིན་གཅིག་བཞིན་དུ་བྱས་ན་བཟླས་པ་ནི། །ཕུལ་ནས་ཆོ་ག་བཞིན་དུ་གཤེགས་པ་གསོལ། །ནུབ་མོ་ཀུ་ཤ་བཏིང་ནས་ཉལ་བར་བྱ། །བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ལྡན་པ་དང་། །བདེ་བར་གཤེགས་པའི་ཆོས་དང་དགེ་འདུན་འདུན་བྱས་ཏེ། །ཤཱ་རིའི་བུ་དང་ང་ལ་ཐལ་སྦྱར་བཏུད་ནས་ཉལ། །དེ་ལྟར་སྔགས་པས་སྡིག་པ་མཐའ་དག་ཟད་པར་བྱ། །ཞེས་གསུངས་སོ། །སྒྲུབ་པ་པོས་ངེས་པར་བཅང་བའི་རྡོ་རྗེའི་རིགས་སྣ་ཚོགས་གསུངས་པའང་། དབྱིབས་ལེགས་འཇམ་ཞིང་མ་ཉམས་རྨ་མེད་པའི། །རྡོ་རྗེ་རྩེ་ལྔ་སྲ་བ་བཅང་བར་བྱ། །དང་པོ་ཟློས་ཚེ་དེ་ནི་ཐོགས་ནས་སུ། །བཟླས་བརྗོད་ཟིན་ནས་མྱུར་བར་ཁོ་ནར་ཡང་། །དད་པའི་སེམས་ཀྱིས་ཕྱག་བྱས་དྲི་སོགས་ཀྱིས། །མཆོད་ནས་རྡོ་རྗེ་རྒྱལ་པོའི་ཞབས་དྲུང་བཞག །ང་ཡི་རིགས་ཀྱི་གསང་སྔགས་སྒྲུབ་པ་པོས། །རྡོ་རྗེ་མེད་ན་འགྲུབ་པར་མི་འགྱུར་རོ། །དེ་བས་ཅིས་ཀྱང་རྙེད་པར་མ་གྱུར་ན། །ཁུ་ཚུར་བཅངས་ནས་རྩེ་གཅིག་སེམས་ཀྱིས་བཟླས། །ཞེས་གསུངས་སོ། །ཆོ་ག་ཉམས་པའི་བཟླས་བརྗོད་ཀྱིས་མི་འགྲུབ་པར་གསུངས་པ། དཔེར་ན་ས་ཆུ་དུས་དང་ལྡན་པ་ཡི། །སྣོད་གནས་འབྲས་བུ་ལ་ནི་མྱུ་གུ་མེད། །དེ་དང་མ་བྲལ་མྱུ་གུ་ལོ་མ་དང་། སྡོང་བུ་དག་དང་མེ་ཏོག་འབྲས་བུ་བསྐྱེད། །ཆོ་ག་ཉམས་ཤིང་ཡི་གེ་གུག་སྐྱེད་མེད། །མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས། །གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ཡི། །གསང་སྔགས་དངོས་གྲུབ་རྒྱ་ཆེར་མི་སྟེར་རོ། །གསང་སྔགས་རྣམས་དངོས་གྲུབ་སྩོལ་བའི་རྒྱུ་གསུངས་པ། ཡུལ་དང་དུས་དང་ཆོ་ག་ལས་རྣམས་དང་། །སྡིག་པ་བྱང་ཞིང་བསོད་ནམས་བསགས་པ་དང་། །གུས་དང་བཟླས་པ་ཀུན་ལ་གཟིགས་ནས་ནི། །དེ་ནས་གསང་སྔགས་འབྲས་བུ་རྣམ་པར་རྩོམ། །མི་འགྲུབ་པའི་རྒྱུ་གསུངས་པ། ཇི་ཙམ་སྡིག་པ་མང་པོས་རབ་གང་ཞིང་། །ཇི་ཙམ་ལས་དཀར་བསོད་ནམས་མ་བསགས་དང་། །ཇི་སྲིད་ཆོ་ག་མེད་པར་བཟླས་བྱས་པ། །དེ་སྲིད་སྔགས་པས་དངོས་གྲུབ་མི་འཐོབ་པོ། །ཆོ་ག་ཉམས་པ་སླར་གསོ་བའི་ཐབས་གསུངས་པ། ཆོ་ག་ཉམས་སམ་བར་ཆད་སྔགས་གཞ ན་བཟླས། །བཟླས་པ་བཏང་ངམ་གཞན་ལ་བྱིན་གྱུར་ན། །དུས་གསུམ་མཆོད་པ་ལ་ནི་བརྩོན་བྱས་ནས། །སླར་ཡང་འབུམ་བཟླས་སྒྲུབ་ལ་འཇུག་པར་བྱ། །སྟོང་ཕྲག་བཅུའམ་བརྒྱད་དམ་བདུན་ནམ་བཞི། །བཟླས་མཐར་དེ་ལ་མར་གྱི་སྦྱིན་བསྲེག་བྱ། །ཡང་ན་མ་གྲུགས་ནས་སམ་ཏིལ་དག་གམ། །ཡུང་དཀར་མར་དང་བསྲེས་པའི་སྦྱིན་བསྲེག་བྱ། །ཞེས་གསུངས་སོ། །གལ་ཏེ་སྔགས་པ་གཞན་གྱིས་གསང་སྔགས་ཀྱིས་བདག་གི་གསང་སྔགས་བཅིངས་ཤིང་མནན་ནས་དངོས་གྲུབ་ཏུ་མ་གྱུར་ན། དགྲོལ་བའི་ཐབས་གསུངས་པ། གསང་སྔགས་གཞན་གྱིས་བཅད་དམ་བཅིངས་པ་དང་། །གསང་ སྔགས་གཞན་གྱིས་མནན་པར་གྱུར་ཀྱང་རུང་། །དེ་ཡི་གཟུགས་བརྙན་ས་ ལ་བྱས་ནས་སུ། །ང་ཡི་མདུན་དུ་མངོན་དུ་ཕྱོགས་འདུག་སྟེ། །སྔགས་པས་ཀི་ལི་ལ་སོགས་སྙིང་པོ་ཡིས། །མར་དང་འོ་མས་དེ་ཡི་གཟུགས་བརྙན་བཀྲུ། །དེ་ལྟར་ཞག་བདུན་བྱས་པས་གསང་སྔགས་དག །བཅིངས་པ་དང་ནི་མནན་ལས་གྲོལ་བར་འགྱུར། །ཞེས་གསུངས་སོ། །གཞན་གྱི་གསང་སྔགས་མནན་པ་ལ་སོགས་པ་སྒྲུབ་པ་པོ་རྣམས་ཀྱི་བྱ་བ་མ་ཡིན་པར་གསུངས་པ། གཞན་ཡང་སྔགས་པས་གང་ཡང་རུང་བའི་སྔགས། །བཟླས་ནས་གཞན་གྱི་གསང་སྔགས་མནན་མི་བྱ། །གསང་སྔགས་གཅད་དང་བཅིང་བར་མི་བྱ་ཞིང་། །ཡི་གེ་ལྷག་ཆད་གསང་སྔགས་མི་སྦྱིན་ནོ། །ལས་རྣམས་སྤྱད་པ་གཞན་དུ་བསྒྱུར་མི་བྱ། །གནས་རྣམས་གཟིར་བ་ནམ་ཡང་མི་བྱའོ། །གདབ་དང་བཅིང་དང་བརྡེག་དང་ རྨོངས་བྱ་དང་། །ཡན་ལག་མི་གཞིག་རིགས་ཀྱང་མི་བརླག་ཅིང་། །སྔགས་པས་ཀླུ་དང་གདོན་ལ་སོགས་པ་རྣམས། །གཞན་དུ་བསྐྲད་པར་ཡང་ནི་མི་བྱའོ། །དགར་དང་བསྐྲད་པ་དག་དང་བསད་པ་དང་། །བྱིས་པ་གདོན་གྱིས་ཟིན་པ་མི་གསོ་ཞིང་། །རྒྱ་མོ་ས་མདའ་སྙི་དང་འཛུལ་བུ་ཡིས། །སེམས་ཅན་གནོད་པ་ནམ་ཡང་མི་བྱའོ། །སྤྱིར་ལྷས་བཤད་པ་དང་སངས་རྒྱས་ཀྱིས་གསུངས་པའི་རྒྱུད་རྣམས་ལས། ཆོ་གའི་ཡན་ལག་ཏུ་དང་ལྡན་ན་དངོས་གྲུབ་ཐོབ་པར་གསུངས་ཞེ་ན། དངོས་གྲུབ་ཕྱིར་ནི་རྣམ་པ་བཅུར་གསུངས་ཏེ། །སྔགས་པ་རང་གི་སྔགས་དང་གཡོག་དང་རྫས། །བརྩོན་འགྲུས་ཕྱོགས་དང་ས་གཞི་དུས་དང་ནི། །ཡན་ལག་རྫོགས་པའི་ལྷ་དང་སེམས་སྟོབས་སོ། །གཞན་དག་ཁ་ཅིག་རིག་འཛིན་གྲོགས་ཞེས་ཟེར། །གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ཉིད། །གཞན་ནི་རྫས་དང་ས་གཞི་ལྷ་དང་སྔགས། །ཁ་ཅིག་སེམས་ སྟོབས་ཡིན་ཞེས་རྣམ་པར་སྨྲ། །འགྲུབ་ཕྱིར་དེ་ལྟར་བཅུ་དང་བརྒྱ་དང་ལྔ། །དེ་བཞིན་བཞི་དང་གསུམ་དང་གཅིག་ཉིད་ཅེས། །སྔགས་རིགས་རང་རང་བློ་ཡི་རྣམ་པར་འཆད། །སངས་རྒྱས་རྒྱུད་ལས་ཆོ་ག་གཉིས་ཀྱིས་འགྲུབ། །སྒྲུབ་པ་གང་ཞིག་གཞན་གྱི་ཡོན་ཏན་རྫོགས། །བརྩོན་འགྲུས་མཆོག་དང་ཡང་དག་ལྡན་པ་དང་། །གཞན་གྱི་རྙེད་པ་དག་ལ་ཕྲག་དོག་མེད། །འདོད་ལ་མ་ཆགས་གཞན་གྱི་ཉོན་མོངས་བཟོད། །གུག་སྐྱེད་གླད་སྐོར་ཚིག་ཚང་ཟུར་ཕྱིན་ལ། །གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས། །སངས་རྒྱས་བྱང་ཆུབ་སེམས་དཔས་བརྟེན་པ་ཡི། །གནས་སུ་བཟླས་ན་ཡིད་འོང་དངོས་གྲུབ་འཐོབ། །ཅེས་གསུངས་སོ། །བཟླས་བརྗོད་དང་བསམ་གཏན་བྱེད་པའི་ཚེ་སྒྲའི་ཚེར་མ་རྣམས་སྤང་བར་གསུངས་པ། རྫ་རྔའི་སྒྲ་དང་དུང་དང་རྔ་སྒྲ་དང་། །ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་དང་ནི། །གད་རྒྱངས་ཀུ་ཅོ་དག་དང་གླུ་གར་དང་། །གླིང་བུ་པི་ཝང་རྫ་རྔ་ཆེན་པོའི་སྒྲ། །བྱ་བྲན་སྣ་ཚོགས་སྒྲ་དང་ཆུ་སྒྲ་དང་། །བུད་མེད་རྒྱན་གྱི་སིལ་ཁྲོལ་སྒྲ་རྣམས་དང་། །ཤ་སྦྲང་ཆ་སྦྲང་རླུང་གི་གནོད་པ་ཡིས། །མི་ཡི་སེམས་ནི་གཡེངས་ཞིང་གཡོ་བར་བྱེད། །བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེར་མི་དབྱུང་ཧ་ཅང་ཆུང་བའང་མིན། སྨྲ་བཞིན་མ་ཡིན་གཞན་དུ་གཡེངས་བཞིན་མིན། །གུག་སྐྱེད་གླད་སྐོར་ཚིག་བར་ཉམས་པ་མིན། །ཇི་ལྟར་ཆུ་རླུང་ཉིན་མཚན་རྟག་ཏུ་ནི། །རྒྱུན་མི་འཆད་པར་འབབ་པར་འགྱུར་བ་ལྟར། །དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱིས། །བསོད་ནམས་ལུས་ཅན་ལ་ནི་འཕེལ་བར་འགྱུར། །སྔགས་པས་དངོས་གྲུབ་ཉེ་ནས་སྨྱུང་བ་ལ་གནས་པ་བྱས་ཏེ། དེ་འདས་ནས་སྒྲུབ་པ་ལ་འཇུག་པ་གསུངས་པ་ལ། སྨྱུང་ བའི་བརྟུལ་ཞུགས་ཅིའི་ཕྱིར་བྱ་བར་གསུངས་པ། བུ་གཅིག་ལུས་དག་བྱ་ཕྱིར་སྨྱུང་བྱ་བར། །བདེ་གཤེགས་འདི་ན་ནམ་ཡང་མི་གསུངས་ཀྱང་། །ལུས་འདི་མི་གཙང་ལྤགས་པ་ཤ་ཁྲག་དང་། །གླད་རྒྱས་རྒྱུ་མ་མཚེར་མཆིན་མཁལ་མ་ཞག །མཁྲིས་པ་བད་ཀན་ཁུ་ཆུ་ཕྱི་ས་དང་། །གཅིན་སྣབས་བ་སྤུ་སྐྲ་དང་རུས་པ་དང་། །མིག་དང་རྣ་བ་སྣ་དང་ཁ་དང་ནི། །བཤང་སྒོ་མཚན་དང་བུ་ག་དགུ་པོ་ཡི། །རྨ་ནས་དྲི་མ་སྣ་ཚོགས་མི་གཙང་བ། །འཛག་པའི་རྒྱུ་ནི་རྟག་ཏུ་འབྱུང་བ་ཡིན། །དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང་། །ས་ཆུ་མེ་རླུང་ནམས་མཁའ་རྣམས་དང་ལྡན། །ཇི་བཞིན་ལས་ཀྱི་རྗེས་འབྲང་མི་ཡི་ལུས། །ཐམས་ཅད་ལྡན་པའི་ལུས་ལ་གནས་པ་ཡི། །བཤང་ གཅི་རྣམས་དང་མཆིལ་མ་བད་ཀན་དང་། །འདི་དག་ཟད་པར་བྱ་ཕྱིར་སྨྱུང་བར་གསུངས། །དྲི་མ་ཟད་ནས་ མི་ཡི་ལུས་དག་ནས། །རང་གི་འབྱོར་ཕྱིར་སྒྲུབ་ལ་བདེ་བར་འཇུག །འདོད་ཆགས་ཀྱིས་ནི་གདུངས་པར་གྱུར་ན་ཡང་། །ལུས་འདི་ཡན་ལག་འདི་དག་ཐམས་ཅད་ལ། །དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི། །ཡེ་ཤེས་མིག་གིས་སོ་སོར་རྣམ་པར་བརྟག །དེ་ལྟར་གང་གིས་ངེས་པར་བརྟགས་པ་ན། །ལུས་དང་སྲོག་ལ་རྗེས་སུ་ཆགས་པ་ཡི། །འདོད་ཆགས་རྩ་ནས་ཡོང་ཡེ་ཞི་འགྱུར་ཏེ། །ཉི་མས་མུན་ནག་རྩ་ནས་བསལ་བ་བཞིན། །ཞེས་གསུངས་སོ། །སྤྱིར་གསང་སྔགས་ཀྱི་བརྟུལ་ཞུགས་ཀྱང་དངོས་གྲུབ་དང་ལས་ཀྱི་སྐབས་ཀྱིས་མི་གཙང་བར་བྱ་བ་ཡང་ཡོད་དེ། དཔེར་ན་ཤ་ཆེན་འཚོང་བའི་སྐབས་ཀྱི་བརྟུལ་ཞུགས་གསུངས་པ། ལུས་ལ་ཁྲག་གི་ལག་རྗེས་བྲིས་ནས་སུ། །རྒྱུ་མས་མགོ་དང་མགྲིན་པ་དཀྲི་བར་བྱ། །ལུས་ལ་མི་ལྤགས་སར་བ་བགོས་ནས་ཀྱང་། །ལག་གཡོན་མི་ཤས་བཀང་བའི་གྱོ་མོ་ཐོག །ཁྲག་གིས་བསྐུས་པའི་རལ་གྲི་ལག་གཡས་ཀྱིས། །རབ་ཏུ་བསྒྲིམས་ནས་དེ་ནི་ཐོགས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །སྤྱིར་སྔགས་པའི་སྡོམ་པ་ཐར་བ་འདོད་ཀྱང་རུང་། དངོས་གྲུབ་འདོད་ཀྱང་རུང་། ལས་ཕྲ་མོ་འདོད་ཀྱང་རུང་སྟེ། ཐམས་ཅད་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་སྡོམ་པ་གཟུང་བར་གསུངས་ཏེ། སངས་རྒྱས་ཀྱི་གསུངས་ཡན་ལག་བརྒྱད་ལམ་ནི། །ཡང་དག་འཚོ་དང་ལས་མཐའ་ཏིང་འཛིན་ངག །རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས། །སོ་སོ་སོ་སོར་ཡང་དག་བརྟེན་པར་བྱ། །ལམ་འདི་རྣམས་ཀྱིས་གསང་སྔགས་དངོས་གྲུབ་ཅིང་། །དེ་བཞིན་འདིས་ནི་མཐོ་རིས་ཐར་པ་འཐོབ། །རྒྱལ་སྲས་སྔོན་གྱི་རྒྱལ་བ་འདས་པ་དང་། །འདི་ནས་གཤེགས་ཤིང་དེ་བཞིན་གཤེགས་པར་འགྱུར། །ཞེས་གསུངས་ཏེ། འདི་ལྟར་སྡོམ་པ་དེ་འཛིན་པས། དགེ་བ་ཐམས་ཅད་ཀྱང་བདེན་པའི་ལམ་དེ་ཡོངས་སུ་བཟུང་ངོ་། །ཞེས་དམིགས་ཤིང་བསྐྱེད་དོ། །མི་དགེ་བ་རྣམས་ཀྱང་ལམ་དེའི་གེགས་སུ་གྱུར་བར་བསམ་ཞིང་དགག་སྟེ། དེ་ལ་ དགེ་བ་ནི། ངོམས་མེད་སེམས་ཀྱིས་ལུས་དང་ངག་ཡིད་ཀྱིས། །གུས་པས་བསོད་ནམས་གང་དག་བསགས་པ་ཡང་། །བདེ་གཤེགས་གསུངས་པའི་བདེན་པའི་ལམ་དམིགས་ན། །དགེ་བའི་ལམ་འདི་ཡང་དག་བསྐྱེད་པ་ཡིན། །ཡང་དག་པའི་འཚོ་བ་དང་མི་མཐུན་པ་དགག་པར་གསུངས་པ། ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ། །ཆོས་གོས་དང་ནི་བསོད་སྙོམས་ངན་ངོན་དང་། །སྨན་དང་མལ་སྟན་ངན་ངོན་དག་གིས་ཀྱང་། །ཆོག་པའི་སེམས་དང་ལྡན་པས་བསོད་ནམས་འཐོབ། །བདག་ལ་བསྟོད་པ་ནམ་ཡང་མི་བྱ་ཞིང་། །སེམས་ཅན་གཞན་ལ་སྨད་པར་མི་བྱའོ། །སྟག་དང་སྦྲུལ་དང་མེ་འདྲར་འཇིག་རྟེན་ནི། །བསམ་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ། །ཞེས་གསུངས་སོ། །ཡང་དག་པའི་དྲན་པ་དང་ཡང་དག་པའི་རྩོལ་བའི་མི་མཐུན་པའི་ཕྱོགས་དགག་པར་གསུངས་པ། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང་། །སྨན་དང་གླང་ ཆེན་བརྟག་པའམ་སྐར་མའི་དཔྱད། །མཚོན་ཆ་བརྟག་པའམ་རྟ་དཔྱད་རང་བཟོ་འམ། །བསྟན་བཅོས་ངན་པ་ཀློག་ཅིང་འདོན་པ་དང་། །གླང་ཆེན་རྟ་དང་བ་ལང་བྱ་གག་ཁྱི། །གོང་མོ་སྲེག་པ་འུག་པ་སྐྱེས་པ་དང་། །བུད་མེད་བུ་མོ་བྱིས་པ་ར་ལུག་སོགས། །འཐབ་མོ་འགྱེད་པ་མི་བལྟ་མི་བྱའོ། །ཡང་དག་པའི་ངག་གི་མི་མཐུན་པའི་ཕྱོགས་སྤང་བར་གསུངས་པ། ཡུལ་བའི་གཏམ་དང་མི་དབང་བསྟེན་པ་དང་། །དམག་དང་གྱད་དང་ན་ཆུང་གཏམ་དག་དང་། །སྒྲུང་ལྡེབས་དག་དང་སྔོན་གྱི་ལོ་རྒྱུས་གཏམ། །འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱའོ། །ཡང་དག་པའི་ལས་ཀྱི་མཐའ་དང་མི་མཐུན་པའི་གནས་སུ་འགྲོ་བ་དགག་པར་གསུངས་པ། སྔགས་པ་གསང་སྔགས་བསླབ་པ་ནོས་ནས་ནི། །གྲོང་དང་གྲོང་ཁྱེར་ཁང་པའི་གཙུག་ལག་ཁང་། །མཆོད་རྟེན་བསྟི་གནས་རི་དང་དཀའ་ཐུབ་གནས། །ཀུན་དགའི་ལུ་མ་རྫིང་བུར་འགྲོ་མི་བྱ། །ཞེས་གསུངས་ནས། མི་འགལ་ཞིང་མཐུན་པའི་གནས་སུ་ལོ་གཅིག་ཏུ་སྙེན་པ་བྱས་ནས། དེ་ ནས་སྒྲུབ་པ་ལ་འཇུག་པར་བྱེད་པའི་ཚེ། དགུན་དཔྱིད་ཟླ་བ་བརྒྱད་དུ་གནས་ངེས་པའམ་མ་ངེས་ཀྱང་རུང་སྟེ་ཇི་ལྟར་དམ་བཅས་པ་ཞིག་ཏུ་གནས་ནས། དེ་ནས་དབྱར་ཟླ་གསུམ་དུ་དགེ་སློང་ཚུལ་དུ་ཞུགས་པ་དང་མཐུན་པར་གནས་གཅིག་ཏུ་འདུག་ནས། །བཟླས་བརྗོད་ཀྱིས་དུས་འདས་པར་བྱས་ཏེ་སྒྲུབ་པ་ལ་འཇུག་པར་གསུངས་ཏེ། ཡང་ན་གནས་ནི་ངེས་པར་མ་བྱས་ན། །ཟླ་བ་བརྒྱད་པོ་འདི་ཡི་དུས་དག་དུ། །གནས་ནི་གང་ཡང་རུང་བ་གཅིག་ཏུ་བསྟེན། །མཚོ་དང་ཤིང་དང་རི་བོ་དགོན་པའི་གནས། །མཚེའུ་འམ་ཁང་པ་གནས་སམ་ཆུ་ངོས་སུ། །དགུན་དཔྱིད་ཟླ་བ་ལ་ནི་གནས་བྱས་ནས། སྔགས་པས་དབྱར་ནི་གཅིག་ཏུ་གནས་བྱས་ཏེ། །ཇི་ལྟར་རྒྱལ་བས་དགེ་སློང་དབྱར་ཟླ་གསུམ། །བརྟུལ་ཞུགས་གནས་གཞན་མི་འགྲོར་གསུངས་པ་བཞིན། །དེ་བཞིན་བཅོམ་ ལྡན་འདས་ཀྱིས་སྔགས་པ་ཡང་། །ཟླ་བ་གསུམ་དུ་གཅིག་ཏུ་གནས་པར་ གསུངས། །སྔགས་པ་དབྱར་ནི་སྒྲུབ་ལ་མི་འཇུག་པར། །བཟླས་བརྗོད་ཀྱིས་ནི་དུས་ལས་འདའ་བར་བྱ། །དབྱར་བཟླས་ནས་ནི་གསང་སྔགས་གཟི་བསྐྱེད་པས། །ཞེས་གསུངས་ཏེ། ལས་ཀྱི་མཐའ་མ་ལུས་པ་དང་། ལྟ་བ་དང་རྟོག་པ་དང་ཏིང་ངེ་འཛིན་ནི་གོང་དུ་བསྟན་ཟིན་ཏོ། །སྔགས་པ་བརྟུལ་ཞུགས་འཛིན་པའི་ཚེ། ཁྱིམ་པས་གཙུག་ཕུད་བཞག་ནས་སྐྲ་བྲེག་པར་གསུངས་པ་ལ་བྲེག་ཏུ་མི་རུང་བའི་སྤུ་གསུངས་པ་ནི། བྱིན་པ་དག་དང་མཆན་ཁུང་སྤུ་རྣམས་ནི། །ལག་པས་ཀྱང་ནི་བཏོག་པར་མི་བྱ་ཞིང་། །མེ་ཡིས་མི་བསྲེག་སྤུ་གྲིས་བྲེག་མི་བྱ། །སྤུ་མེད་བྱ་ཕྱིར་སྨན་གྱིས་མི་བྱུག་གོ །སྔགས་པ་ཚུལ་ཁྲིམས་དང་གཙང་སྦྲར་མི་ལྡན་ན་མི་འགྲུབ་པ་དང་ཕུང་བར་འགྱུར་པའི་ཚུལ་གསུངས་པ། མི་ནི་ཚུལ་ཁྲིམས་གཙང་སྦྲར་མི་ལྡན་ཡང། །གསང་སྔགས་ལྷ་ནི་ནམ་ཡང་གནོད་མི་ མཛད༑ ། ལྷ་དེའི་འཁོར་དུ་གྱུར་པ་གང་ཡིན་རྣསས། །མི་ལ་གླགས་སྐབས་མཐོང་ནས་ཕུང་བར་བྱེད། །ཅེས་གསུངས་སོ། །དངོས་གྲུབ་ཀྱི་སྣོད་དུ་མི་རུང་བ་གསུངས་པ། གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང་། །ཐུབ་པའི་དགེ་འདུན་དབྱེན་ནི་བྱེད་པ་དང་། །དེ་བཞིན་གཤེགས་ལ་སྡང་བའི་སེམས་ཀྱིས་སུ། །ནམ་ཞིག་མི་དག་སྐུ་མཚལ་འབྱིན་བྱེད་པ། །ཤིན་ཏུ་མི་བཟད་པ་ཡི་ལས་འདི་རྣམས། །རྒྱལ་བས་མཚམས་མེད་ལྔ་པོ་ཡིན་པར་བཤད། །གཏི་མུག་གིས་ནི་སྡིག་པ་གཅིག་བྱས་ན། །ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར། །མཆོད་རྟེན་འཇིག་ཅིང་བྱང་ཆུབ་སེམས་དཔའ་གསོད། །ཉོན་མོངས་ཟད་པའི་མ་ནི་སུན་འབྱིན་ཅིང་། །སློབ་པ་གསོད་ཅིང་དགེ་འདུན་མང་པོ་ལ། །གང་ཞིག་འདོད་པས་མང་ཉུང་རྐུ་འཕྲོག་པ། །མཚམས་མེད་ཉེ་ལྔར་དེ་བཞིན་གཤེགས་པས་ གསུངས། །ཚུལ་ཉམས་མི་ནི་གང་ཞིག་འདི་བྱེད་པ། སྐལ་བའི་བར་དུ་མནར་མེད་སྡུག་བསྔལ་མྱོང་། །གསང་སྔགས་དངོས་གྲུབ་བསྒྲིམས་ཀྱང་ཡོངས་མི་འཐོབ། །གང་ཞིག་བདེ་གཤེགས་གསུང་གི་གླེགས་བམ་དག །ཆུད་གཟོན་པ་དང་མེས་ནི་བསྲེག་པ་དང་། །བསམ་པ་ངན་པས་ཆུར་ནི་འདོར་བ་དང་། །ཡང་ན་ཆོས་ཀྱི་སྐུ་ནི་སྤོང་བའམ། །བསླབ་ཚིག་མ་ལུས་པས་ནི་བརྒྱན་པ་ཡི། །དགེ་སློང་དག་གམ་དགེ་སློང་མ་གསོད་དང་། །དགེ་བསྙེན་དང་ནི་དགེ་བསྙེན་མ་གསོད་དང་། །ངན་པའི་སེམས་ཀྱིས་ལྷ་ཁང་བསྲེག་ཀྱང་རུང་། །མི་ཡི་ཡུལ་ན་སྡིག་པ་འདི་བྱས་པ། །དཀའ་བར་སྤྱོད་པར་ལྡན་ཡང་གྲུབ་མི་ཐོབ། །གང་ཞིག་དཀོན་མཆོག་གསུམ་ལ་གནོད་པ་ཡི། །བསམ་པས་ཅུང་ཟད་གནོད་པ་བྱས་ ཀྱང་རུང་། །བདག་ཉིད་མནར་མེད་དམྱལ་བར་ཡུན་རིང་བཙོས། །དེ་ལས་ཐར་ནའང་ལས་ཀྱི་དབང་གིས་ནི། །རིགས་ངན་མི་དང་དུད་འགྲོའི་སྐྱེ་གནས་འཐོབ། །འདི་དག་ངས་ནི་ཁྱོད་ལ་མདོར་བཤད་པའོ། །གང་ཞིག་བྱང་ཆུབ་སེམས་ནི་བླངས་པ་ལས། །རྨོངས་ནས་འཇིག་རྟེན་ལྷ་ཚོགས་ཕྱག་བྱས་ན། །དེ་དག་དེ་ལ་མི་དགར་གྱུར་ནས་སུ། །དེ་ཡིས་གསང་སྔགས་དངོས་གྲུབ་ཉམས་པར་བྱེད། །གང་གི་ཚེ་ན་སེམས་ནི་དྭང་བ་ཡིས། །མི་ཡི་ཡུལ་ན་བྱང་ཆུབ་སེམས་བླངས་པ། །དེ་ནི་ཕྱིན་ཆད་ལྷ་དང་ལྷ་མིན་དང་། །འཇིག་རྟེན་མ་ལུས་རྣམས་ཀྱི་ཕྱག་བྱར་འོས། །མི་ཡི་མངོན་པར་མཐོ་བ་མ་ལུས་པའི། །བསླབ་པ་མཐའ་དག་བླངས་པར་གྱུར་བ་དང་། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་པ་དང་། །དཀོན་མཆོག་གསུམ་གྱི་གདུང་ནི་བསབ་པ་ཡིན། །གང་ཞིག་མི་བཟད་ལས་བྱེད་ཐུབ་པ་གསོད། །རིག་སྔགས་གཅོད་དམ་གནོད་པ་བྱེད་པའམ། །བསམ་པ་ངན་པས་གསང་སྔགས་ཚོགས་མི་མཆོད། །དོན་མེད་བཞིན་དུ་སེན་མོས་རྩྭ་གཅོད་དང་། །རྐང་པས་རྐང་ཉེད་གླང་ལ་སོགས་པ་ཡི། །སྣ་འབིགས་ དགེ་འདུན་ལ་ནི་མི་གུས་དང་། །འབྱུང་པོ་སྦྱིན་པའམ་ལྷ་མི་གཏོར་མ་དང་། །ས་ལ་ལྷུང་བ་སྔགས་པས་བཟའ་མི་བྱ། །འདོད་ཆགས་ཟིལ་གྱིས་ནོན་ནས་བྱོལ་སོང་དང་། །བུད་མེད་བགྲོད་བྱ་མིན་པར་འགྲོ་མི་བྱ། །གླང་ཆེན་མི་གདུལ་སྦྲུལ་ཡང་མི་གཟུང་ཞིང་། །རྟ་རྒྱུག་ལྕགས་བཞུ་གློ་རྡེབ་རྣམས་མི་བྱ། །གང་ཞིག་སེམས་ཅན་ན་དང་སྡུག་བསྔལ་ལ། །བྱམས་པའི་བསམ་པ་བརྟན་པོ་མེད་པ་དང་། །ལས་དེ་རྣམས་དང་ལྡན་པར་གྱུར་པ་དེའི། །དངོས་གྲུབ་ནམ་ཡང་འབྱུང་བར་མི་འགྱུར་རོ། །དཔེར་ན་ནམ་མཁའ་མཐར་ཐུག་མེད་པ་ལ། །འདོམ་གྱིས་གཅལ་བས་མཐའ་རྟོགས་མི་ནུས་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་ནི། །ཕན་གནོད་བྱེད་པའི་དགེ་སྡིག་མཐའ་མི་རྟོགས། །རྒྱ་དང་རྙི་གཏོར་རྩ་བའི་དུག་དག་གིས། །ཁྱི་ལ་སོགས་པའི་སེམས་ཅན་གསོད་པ་དང་། །བྱ་རོག་ལ་སོགས་གཟེབ་ཀྱིས་བཅིངས་བྱས་ན། །འདི་དང་ཕ་རོལ་དུ་ ཡང་གྲུབ་མི་ཐོབ། །བདུད་དགྲའི་མེ་ཏོག་རྙིང་པ་བོར་བ་རྣམས། །རྐང་པས་མི་རྫི་མགོ་ལ་གདགས་མི་བྱ། །བཀྲེས་པས་གདུངས་ཀྱང་དེ་དག་རྣམས་ལ་ནི། །ཕུལ་བའི་ལྷ་བཤོས་ནམ་ཡང་བཟའ་མི་བྱ། །འཇིགས་ཀྱང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང་། །དྲག་པོ་རླུང་ལྷ་སོགས་ལ་ཕྱག་མི་བྱ། །དེ་ཡིས་བཤད་པའི་ཆོས་ལ་མི་བརྟེན་ཅིང་། །དེ་དག་དཀའ་ཐུབ་མི་སྤྱད་རྟགས་མི་མཆོད། །དེ་རྣམས་ཆོས་ལ་ངན་སེམས་མི་བྱ་ཞིང་། །དེ་ཡི་སྤྱོད་པ་རྣམས་ལ་དགའ་མི་བྱ། །དེ་ཡི་སྔགས་ཀྱང་མི་བཟླས་མདོ་མི་ཀླག །སྦྱིན་པ་སྦྱིན་ཚེ་སྙིང་རྗེ་བསྐྱེད་ནས་སྦྱིན། །བདེ་བར་གཤེགས་པ་ཀུན་གྱིས་བསྟེན་པ་ཡི། །གནས་དང་རྒྱལ་སྲས་རྣམས་ལ་ཕྱག་བྱའོ། །རང་སངས་རྒྱས་དང་རྒྱལ་བའི་ཉན་ཐོས་རྣམས། །དེ་དག་རྟག་ཏུ་ཕྱག་བྱའི་གནས་ཡིན་ནོ། །ཇི་ལྟར་ཟླ་བ་ཚེས་ལ་མི་རྣམས་ནི། །ཕྱག་འཚལ་ལུས་ཅན་ཉ་ལ་ཕྱག་མི་འཚལ། །དེ་བཞིན་དད་པས་རྒྱལ་བའི་ཐུགས་སྲས་ལ། །ཕྱག་བྱའི་དེ་ལྟར་བདེ་བར་གཤེགས་ལ་མིན། །གསང་སྔགས་ཟློས་པ་ཁ་ཅིག་རྡོ་རྗེ་ཐོགས་སུ་མི་གནང་བར་གསུངས་པ། ཐེག་ཆེན་མི་ཕྱོགས་ཉན་ཐོས་ལ་ཕྱོགས་དང་། །རང་རྒྱལ་རྣམས་ཀྱི་ལམ་ལ་གནས་པ་དང་། །དད་པ་མེད་ཅིང་ཚུལ་འཆོས་འཇུངས་པ་ཡིས། །ང་ཡི་རྡོ་རྗེ་ཡང་ནི་བཅང་མི་བྱ། །རྡོ་རྗེ་རིགས་ཀྱི་གསང་སྔགས་བཟླ་སུ་མི་གནང་བར་གསུངས་པ། གང་ཞིག་ཐེག་པ་ མཆོག་ལ་སྡང་བ་དང་། །བདུད་ཀྱི་བཤད་པ་ཡིན་ཞེས་ཟེར་བ་དང་། །རྨོངས་ནས་ང་ལ་གནོད་ཅེས་སྨྲ་བ་དང་། །བྱང་ཆུབ་སེམས་དཔའ་ལ་ནི་མི་འདུད་པའི། །དགེ་སློང་དགེ་སློང་མ་དང་དགེ་བསྙེན་དང་། །དགེ་བསྙེན་མ་དང་འཇིག་རྟེན་པ་རྣམས་ཀྱིས། །ང་ཡི་རིགས་ཀྱི་གསང་སྔགས་བཟླས་བརྗོད་ན། །མྱུར་དུ་དེ་ཡི་ལུས་ནི་ཞིག་པར་འགྱུར། གང་ཞིག་ངའི་རིགས་རྗེས་སུ་འབྲང་བའི་གདོན། །འབྱུང་པོ་གནོད་སྦྱིན་ཀླུ་དང་ཤ་ཟ་ཡི། །ང་ཡི་སྔགས་ཟློས་རྡོ་རྗེ་འཆང་བ་དག །མཐོང་ན་ཁྲོས་ནས་ཕུང་བར་བྱེད་པར་འགྱུར། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཀྱི་ཡུལ་ཁུད་པ་གསུངས་པ། གང་ཞིག་ཐེག་མཆོག་རྒྱ་ཆེན་ཀློག་པ་དང་། །དེ་ལ་དད་ཅིང་དེ་ཉིད་འཆད་པར་སྤྲོ། །བརྩོན་འགྲུས་ཆེ་ཞིང་བྱང་ཆུབ་སེམས་བརྟན་པ། །དེ་ལ་ང་ཡི་གསང་སྔགས་མཆོག་སྦྱིན་མཛད། །གཙང་སྦྲའི་བྱེ་བྲག་གསུངས་པ། ཁྲུས་བྱས་ནས་ནི་ཙོག་ཙོག་པོར་འདུག་ནས། །སྒྲ་མེད་རྔུབ་མེད་པས་ནི་ཉེ་རེག་བྱ། །ལན་གསུམ་བར་དུ་ཆུ་ནི་འཐུངས་ནས་ཀྱང་། །མཆུ་ལ་ལན་གཉིས་ཡོངས་སུ་ཕྱི་བར་བྱ། །སོ་ལ་ཆགས་པ་ལྕེ་ཡིས་རེག་པ་དང་། །སྦྲིད་པ་བྱུང་ན་ཁ་ཡང་བཀྲུ་བར་བྱ། །རབ་བྱུང་སྐྱེས་པ་བུད་མེད་གཞོན་ནུ་དང་། །གཞོན་ནུ་མ་དང་རྒན་པོ་བྲམ་ཟེ་དང་། །དེ་ལ་ནམ་ཡང་སྔགས་པས་རེག་མི་བྱ། །སྔགས་པས་དེ་དག་རྣམས་ལ་མི་བསམ་མོ། །བརྒྱ་ལ་དེ་དག་རྣམས་ཀྱིས་རེག་གྱུར་ཏམ། །སྒྲུབ་པས་དེ་དག་རྣམས་ལ་རེག་གྱུར་ན། །སླར་ཡང་ཁྲུས་དང་འཐོར་འཐུང་བྱས་ནས་སུ། །དེ་ནས་སླར་ཡང་ཟློས་ལ་འཇུག་པར་བྱ། །གཙང་ སྦྲ་ལ་སོགས་པའི་ཡོན་ཏན་བསྟན་པ། གཙང་སྦྲ་ལ་དད་ཟློས་དགའ་སྙིང་རྗེ་ཅན། །རྟག་ཏུ་ལེན་པ་ལས་ནི་ལོག་པ་དང་། །སློང་མོའི་ཟས་ཟ་ལྷ་ཡི་ལས་བརྩོན་པ། །དེའི་ལུས་ལ་གསང་སྔགས་འཇུག་པར་འགྱུར། །འགའ་ཡིས་བུད་མེད་གོས་དང་ནོར་རྣམས་དང་། །གཞོན་པ་རྒྱན་དང་བྱུག་པ་བཟའ་བཏུང་དང་། །མལ་སྟན་རྣམས་ནི་མང་ཉུང་བྱིན་གྱུར་ན། །དེ་ལ་སྒྲུབ་ལ་གནས་པས་མི་བླང་ངོ་། །ས་ཕུང་བཤང་སྒོར་ལྔ་སྟེ་མཚན་ལ་གསུམ། །གཡོན་ལ་གཉིས་ཏེ་ལག་པ་གཉིས་ལ་བདུན། །ཡང་ན་ས་དང་ཆུ་ཡིས་ཇི་སྲིད་དུ། །དྲི་མ་དྲི་བྲལ་དེ་སྲིད་པར་དུ་བྱ། །སོས་ཁ་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་སྲེག་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྤར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་སྲེག །ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་ཕྱུང་བ་ཡིས། །མུན་ནག་མ་ལུས་སེལ་བ་བྱེད་པ་ལྟར། །ཚེ་རབས་སྟོང་ནས་གནས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཅི་སྟེ་བཟླས་བརྗོད་དང་ནི་སྦྱིན་སྲེག་གིས། །གསང་སྔགས་སྒྲུབ་ཀྱང་དངོས་གྲུབ་མ་ཐོབ་ན། །འཇིམ་པ་ལས་ནི་མཆོད་རྟེན་འབུམ་གདབ་པའམ། །ཡང་ན་ཆུ་འགྲམ་བྱེ་མ་དག་ལ་གདབ། །དེས་ནི་དེ་ཡི་སྡིག་པ་སྲིད་གཞན་ལ། །བྱས་པ་གང་ཡིན་དེ་ནི་ཟད་འགྱུར་ན། །དེས་ན་གསང་སྔགས་མཐུ་ཡིས་འདི་ཉིད་དུ། །མཐོང་བའི་ཆོས་ལ་བསོད་ནམས་འབྲས་བུ་འཐོབ། །སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པའོ། །ཇི་ལྟར་མི་དབང་ཡན་ལག་བདུན་ལྡན་པ། །སྐྱོ་བ་མེད་པ་སྐྱེ་དགུ་འདུལ་བར་བྱེད། །དེ་བཞིན་སྔགས་པ་ཡན་ལག་འདི་བདུན་དང་། །ལྡན་པར་གྱུར་ན་སྡིག་པ་འདུལ་བར་བྱེད། །ཡང་སྔགས་ཀྱིས་བཀུག་པའི་བུད་མེད་ཀྱང་འདོད་པས་ལོག་པར་གཡེམ་པའི་ཁོངས་སུ་འགྲོ་བར་གསུངས་པ། གང་ཞིག་གནོད་སྦྱིན་མོ་འམ་བྲན་མོ་དང་། །གསང་སྔགས་མཐུས་བཀུག་བརྟེན་པར་བྱེད་པ་དག །གཞན་གྱི་ཆུང་མར་འདུ་ཤེས་བཞག་ནས་སུ། །འདོད་པ་གང་ཞིག་བརྟེན་པར་བྱེད་པ་ནི། །མི་ཤེས་ཡིད་ཀྱིས་གཞན་གྱི་ཆུང་མ་ལ། །འདོད་པ་སྤྱད་པས་སྡིག་པ་མང་དུ་ཐོབ། །ཅེས་གསུངས་སོ། །གཞན་ཡང་ལས་དང་པོ་པའི་སྔགས་པས། དང་པོར་གདོན་བསྲུང་བ་དང་དམ་ཚིག་ནོད་པའི་ཕྱིར། ཁྲོ་བོའི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དུ་ཞུགས་ཏེ། དེས་འཕགས་པ་རིག་པ་མཆོག་ལས་ གསུངས་པའི་དམ་ཚིག་སྣ་ཚོགས་བལྟ་བར་གསུངས་ཏེ། དེ་ཡང་རྒྱུད་དེར་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་དང་དངོས་གྲུབ་སྒྲུབ་པའི་ཆོ་ག་ཞིབ་མོ་མཐའ་དག་རྒྱས་པར་གསུངས་པས། སྒྲུབ་པ་པོ་གང་དག་བགེགས་ཞི་བར་བྱ་བ་ལ་སོགས་པའི་ལས་དང་དངོས་གྲུབ་ལ་སྦྱར་བར་འདོད་པ་རྣམས་ཀྱིས་ལྷ་སོ་སོའི་སྒྲུབ་པའི་དམ་ཚིག་དེ་ཉིད་དུ་བལྟ་བར་བྱའོ། །བསྲུང་བའི་དམ་ཚིག་ཀྱང་ཐུན་མོང་གི་བསླབ་པའི་གཞི་ལྔ་འཛིན་དུ་བཅུག་སྟེ་བྱིན་གྱིས་བརླབས་ནས། དམ་ཚིག་གི་ཆུ་བླུད་དེ་དམ་ཚིག་གི་ཕྱག་རྒྱ་བསྟན་པ་དང་། དམ་བསྒྲག་པ་ལ་སོགས་པ་གསུངས་ལ། གཞན་ཡང་བསྟན་དུ་མི་རུང་བ་དང་སྤྱད་དུ་མི་རུང་བ་ལ་སོགས་པ་གསུངས་པ་འདི་ལྟར། དེ་ནས་དཀྱིལ་འཁོར་འདོད་པ་ཀུན། །བཟུད་པ་ཡང་ནི་བཤད་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །དཀོན་མཆོག་གསུམ་ལ་གཙོ་བོར་འཛིན། །དད་ཅིང་མཉམ་པར་བཞག་པ་ཡི། །མི་ནི་དམ་ཚིག་འཛིན་དུ་འཇུག །དེ་ནས་དེ་ལ་མཁས་པ་ཡིས། །བསླབ་གཞི་ལྔ་ནི་སྦྱིན་པར་བྱ། །མིང་འདི་ཞེས་ནི་བྱ་བ་བདག །ཕྱིན་ཆད་ནམ་འཚོའི་བར་དག་ཏུ། །སྲོག་གཅོད་ལོག་པར་གཡེམ་པ་དང་། །རྐུ་དང་རྫུན་དུ་སྨྲ་བ་དང་། །འབྲུ་དང་སྦྱར་བའི་ཆང་འཐུང་བ། །རྟག་ཏུ་བདག་གིས་སྤང་ཞེས་སྨྲོས། །ཞེས་ཕོག་ནས་རྡོ་རྗེ་འཛིན་པའི་ཕྱག་རྒྱས་བདུད་རྩིའི་ཆུ་བླུད་དེ། དམ་བསྒྲག་པ་གསུངས་པའི་སྐབས་ནས། དམ་ཚིག་སྤངས་པ་གང་ཡིན་དང་། །དཀྱིལ་འཁོར་དུ་ནི་མ་ཞུགས་པ། །དེ་ལ་དམ་ཚིག་གཞན་མེད་པ། །བསྟན་ཆོས་ཀྱི་ནི་གཞུང་ལུགས་ཡིན། །དམྱལ་བ་ཡོད་པ་འདི་ལ་ལྟོས། །ཞེས་གསུངས་ཏེ་ཐེག་པ་གཞན་གྱི་སྡོམ་པ་ལས་ལྷག་པར་དཀའ་ཞིང་ཉེན་ཆེ་བར་གསུངས་སོ། །དམ་ཚིག་གི་ཡོན་ཏན་ཡང་། སློབ་དཔོན་ལ་ནི་གུས་པར་བྱ། །རྡོ་རྗེ་འཛིན་པ་དེ་ཉིད་ཡིན། །ཅེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་འཛིན་པའི་རྒྱལ་མཚན་འདི། །ཇི་ལྟར་རྟག་ཏུ་མཛེས་པ་བཞིན། །དེ་ལྟར་ཁྱོད་ནི་ཡོན་ཏན་གྱིས། །དམ་མཛེས་ངེས་པར་གནས་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་དམ་ཚིག་གི་ཕྱག་རྒྱ་སྟོན་པའི་ཚེ། བྲིས་ཏེ་བསྟན་པ་དང་བཅས་ཏེ་སྟོན་པའི་ཚེ། རྡོ་རྗེ་སྟངས་འགྲོས་སྟོན་པར་གསུངས་པ། ཐམས་ཅད་ཀྱི་ནི་ཕྱག་རྒྱའི་ཚོགས། །སྐྲག་པར་བྱེད་དང་མཆོད་བྱ་བ། །དེ་དག་ཐམས་ཅད་གཡོན་པ་ཡིས། །རྣམ་པ་ཐམས་ཅད་བསྟན་པར་བྱ། །རྡོ་རྗེ་གོམས་པ་འདོར་དང་འཇོག །ཅིག་ཅར་ཡོངས་སུ་བསྒྱུར་བ་དང་། །གཡོན་པས་བརྡབས་པར་བྱ་བ་དང་། །རྒྱགས་པའི་སེང་གེའི་སྒྲ་བསྒྲགས་དང་། །འཛུབ་མོ་བསྟན་ཏེ་ཧཱུཾ་ཞེས་བྱ། །ཤིན་ཏུ་སྒྲ་ཡང་རབ་ཏུ་བསྐྱེད། །རྡོ་རྗེ་རིགས་ཅན་སྐྱེས་པ་ཡིས། །སློབ་དཔོན་གྱིས་ནི་བསྟན་པར་བྱ། །ཞེས་གསུངས་ནས། རང་རང་གི་རྐྱེན་དུ་བཅའ་བའི་ཕྱག་རྒྱ་གང་ཡིན་པ་ཡང་བསྟན་པར་གསུངས་སོ། །སློབ་དཔོན་གྱིས་མ་བསྟན་པར་ཕྱག་ན་རྡོ་རྗེ་ཉིད་ཀྱིས་ཀྱང་དངོས་གྲུབ་མི་འཐོབ་པར་གསུངས་པ། རྡོ་རྗེ་འཛིན་པས་དེ་དག་ལ། །གསལ་བར་བྱ་ཕྱིར་ཚིག་འདི་སྨྲས། །ང་ཡི་དཀྱིལ་འཁོར་དམ་པ་དང་། །བྱ་བའི་རིགས་ནི་མངོན་མཐོ་ལ། །རྡོ་རྗེ་དང་ནི་རྡོ་རྗེ་འཛིན། །རིག་སྔགས་སྒྲུབ་པ་རྟོགས་བྱས་ནས། །ཞེས་གསུངས་སོ། །དེ་བཞིན་དུ་སྒྲུབ་པ་པོས་ཀྱང་སྒྲུབ་པ་ལ་འཇུག་ཀར་ཡང་། བླ་མ་ལ་མཆོད་དེ་ཡོན་ཕུལ་ནས་དངོས་ གྲུབ་ནོས་ནས་བླ་མས་ཇི་སྐད་སྨྲས་པ་དེ་ཡིད་ལ་བཞག་ནས་ཚིག་དེ་ཡང་མཉན་པར་གསུངས་སོ། །དེ་བས་ན་དངོས་གྲུབ་ནི་བླ་མ་ལ་རག་ལས་ཤིང་གསང་བས་འགྲུབ་སྟེ། འདི་ལྟར། ལག་ན་རྡོ་རྗེ་ཁྱོད་ཀྱིས་གི་ཆོ་ག་རྒྱས་པར་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་གསང་བ་མེད་པར་ལས་མི་བྱེད་དོ། །ཞེས་སོ། །ཕྱག་རྒྱ་བལྟ་བ་ཡང་སྣོད་དང་ལྡན་པ་རྣམས་ལ་གཙང་བ་དང་དབེན་པར་བསྟན་ནོ། །དེ་ལ་གསང་བ་མི་བསྟན་པའི་གང་ཟག་སྣོད་སྨེ་བའི་དམིགས་ཀྱང་འདི་སྐད་དུ། སྡིག་པའི་ལས་ནི་བྱེད་པ་དང་། བྲམ་ཟེ་གསོད་དང་མི་རྣམས་གསོད། །ཚུལ་ཁྲིམས་འཆལ་ལ་སྦྱིན་མི་བྱ། །ཞེས་གསུངས་སོ། །སློབ་དཔོན་གྱི་ཚད་དང་སློབ་བུའི་སྣོད་བརྟག་པའང་འདི་སྐད་དུ། སློབ་དཔོན་མ་ཡིན་ཞིང་སློབ་བུ་མ་ཡིན་པ་བསྟེན་ནས། ལོ་གཅིག་མ་ལོན་པ་ལ་སྦྱིན་པར་མི་བྱའོ། །ཡང་ན་སློབ་དཔོན་གྱིས་རབ་ཏུ་སྦྱངས་ནས་གདོད་གཟུད་པར་བྱའོ། །ཞེས་གསུངས་སོ། །གཞན་ཡང་འདི་སྐད་དུ། དམ་ཚིག་མི་ཤེས་པ་དང་། ཤིན་ཏུ་མི་བཟོ་བ་དང་། ལོ་གཅིག་གི་བར་དུ་མ་བསྟེན་པ་དང་། སྟོང་སྙེད་མ་སྦྱིན་པ་ལ་སྦྱིན་པར་མི་བྱའོ། །ཞེས་གསུངས་སོ། །གཞན་ཡང་སློབ་དཔོན་གྱི་ལག་ནས་ཕྱག་རྒྱ་མ་བལྟས་ཤིང་སྔགས་མ་ནོས་དངོས་གྲུབ་རྩལ་དུ་མ་བཅུག་པས་ནི་ལས་དང་གྲུབ་པ་མི་འཐོབ་པ་ལྟ་ཞོག་གི །དེ་དག་གི་གསང་སྔགས་ཀྱི་སྡེ་སྣོད་རང་བྱན་དུ་བལྟར་ཡང་མི་སྣང་༼རྫོགས་ཆེན་ཤིང་པར་དུ་ཡང་འདི་བཞིན་ཡིན་མོད། གནང་མིན་ནམ་སྙམ་སྟེ། བཅོས་མ་ཕོད། ༽སྟེ། འདི་ལྟར་དམ་ཚིག་མ་ནོས་པར་རང་བྱན་དུ་གསང་སྔགས་ཀྱི་སྡེ་སྣོད་བལྟ་བ་དང་། ལྷ་ལ་ཕུལ་བའི་རྫས་ལ་སྤྱོད་པ་དང་། ལྷའི་ཕྱག་རྒྱ་རྫི་བར་བྱེད་པ་ལ་སོགས་པ་བྱ་བ་མ་ཡིན་པའི་སྤྱོད་པ་ལ། རྣམ་པར་འཛེམ་པ་མེད་པ་རྣམས་ནི། རྣམ་པར་སྨིན་པ་ལྕི་བ་འབའ་ཞིག་ཏུ་མ་ཟད་ཀྱི། ཚེ་འདི་ཉིད་ལ་ཡང་བགེགས་དང་ལོག་འདྲེན་རྣམས་ཀྱི་ཟས་སྐལ་དུ་དཔལ་ཕྱག་ན་རྡོ་རྗེས་བྱིན་པ་ཡིན་པས། དེ་བས་ན་འཇིག་རྟེན་འདི་འབའ་ཞིག་མཐོང་བ་རྣམས་ཀྱིས་ཀྱང་འདི་ལྟ་བུ་སྤང་བར་རིགས་སོ། །དེ་ཡང་འདི་ལྟར། དེ་ནས་རིག་པའི་རྒྱལ་པོ་མཆོག་ལག་ན་རྡོ་རྗེ་ལ་ལོག་འདྲེན་གྱིས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ། རིག་པ་མཆོག་འདི་འཆང་ངམ། བཅོམ་ལྡན་འདས་གང་གིས་བདག་ལ་འཁྱལ་ཞིང་སེམས་ཅན་རྣམས་ལ་ཡང་གླགས་རྙེད་པར་འགྱུར་བར་བདག་ལ་མི་གཟིགས་སམ། དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས་ལོག་འདྲེན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཉོན་ཅིག །གང་དག་དམ་ཚིག་མི་ཤེས་པར་ངའི་རིག་པའི་ཆོ་ག་རྒྱས་པ་ཀློག་པ་དེ་དག་ཁྱེར་ཅིག །གང་དག་གཅིག་གི་ལྷག་མ་གཅིག་ཟ་བ་དང་། ལྷ་ལ་ཕུལ་བའི་དྲི་དང་བདུག་པ་དང་མེ་ཏོག་ལ་སྤྱོད་པ་དེ་དག་ཁྱེར་ཅིག །ཅེས་གསུངས་སོ། །གཞན་ཡང་འདི་སྐད་དུ། གདོན་རྣམས་དེ་དག་ཐམས་ཅད་ནི། །རྣལ་འབྱོར་བསྟན་ཆོས་མཐུས་བརྟུལ་ནས། །ལག་ན་རྡོ་རྗེའི་ཐད་དུ་ཁྲིད། །བཅོམ་ལྡན་རྡོ་རྗེ་ལྡན་པ་དེས། །མཐོང་ནས་ཅི་དེ་གསོན་འདོད་ན། །རིག་པའི་མཆོག་ལ་ཕྱག་བྱོས་ལ། །ཕྱག་རྒྱ་མཐོང་ནས་བསྟན་ལ་གནས། །གནས་ནས་མི་རྣམས་ཐོང་ཤིག་ཅེས། །གདོན་རྣམས་ལ་ནི་བརྒད་དེ་སྨྲས། །དེ་སྐད་སྨྲས་ནས་གདོན་དེ་དག །ཀུན་གྱིས་དེ་ཚེ་བསྟན་སྨྲས་པ། །ཁྱོད་ཀྱིས་ལས་འདི་མཆོག་ཡིན་ཏེ། །གཞན་གྱིས་མི་ཐུབ་དྲག་ཅིང་དགེ ། མངའ་བདག་ཁྱོད་ཀྱིས་བཀའ་སྩལ་པ། །དེ་བཞིན་དུ་ནི་བགྱི་བར་འཚལ། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །ཆོས་དང་དགེ་འདུན་དེ་བཞིན་དེ། །ཞི་ལ་མ་དུང་འདུལ་བ་པོ། །ཁྱོད་ལའང་རྟག་ཏུ་སྐྱབས་སུ་མཆི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྟོབས་ཆེན་ཁྱོད་ནི་སྐྱེས་པ་ལགས། །བདག་ཅག་གི་ནི་འཚོ་བ་ཡི། །ཐབས་ཀྱི་ཕྱིར་ཡང་བཀའ་སྩལ་ཅིག །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །བརྒད་ནས་ཚོགས་ལ་སྨྲས་པ་ནི། །ཁྱོད་ཀྱིས་བླང་བར་བྱ་བ་དང་། །མི་བླང་བའང་བསྟན་པར་བྱ། །གང་དག་རྟག་ཏུ་རྫུན་སྤང་བ། །དྲིན་དུ་མི་གཟོ་གཙང་སྦྲ་མེད། །བྱང་ཆུབ་སེམས་ནི་རབ་ཉམས་པ། །སྐྱེ་བོ་དེ་དག་རྟག་ཏུ་ལོངས། །ཉ་དང་ཤ་སྩོགས་ཟ་བ་དང་། །མི་བྱ་བ་དག་བྱེད་པ་གང་། །རྐང་པས་ཕྱག་རྒྱ་རྫི་བྱེད་པ། །སྐྱེ་བོ་དེ་དག་བླང་བར་གྱིས། །ཅི་སྟེ་གསོན་པར་འདོད་ན་ནི། །གང་དག་བདེན་པའི་ཚིག་སྨྲ་དང་། །དྲིན་དུ་གཟོ་ཞིང་ངེས་པར་གནས། །སྲོག་གི་ཕྱིར་ཡང་བྱང་ཆུབ་སེམས། །གཏོང་བར་མི་བྱེད་རབ་བསྡམས་དང་། །རྟག་ཏུ་ང་ལ་དད་པ་དང་། །དེ་བཞིན་རིགས་མཆོག་རིགས་ལ་གནས། །གང་རྣམས་ཀྱི་ནི་ཁྱིམ་དག་ཏུ། །རིག་རྒྱལ་དམ་པ་རྟག་མཆོད་དང་། །ང་ཡི་རིག་པའི་རྒྱལ་པོ་མཆོག །སྒྲུབ་པ་དང་ནི་ལས་བརྗོད་བྱེད། །དེ་དག་ལ་ནི་ཞི་བར་གྱིས། །ཡི་གེ་བཞི་པ་ཞེས་བྱ་བའི། །རྡོ་རྗེ་དོན་ཡོད་ ཆེན་པོ་དེས། །གདོན་གང་ངལ་དང་མི་འཛིན་པ། །དེ་ཡི་སྤྱི་བོ་འགེམས་པར་བྱེད། །རྟག་ཏུ་ང་དང་རིག་མཆོག་ལ། །དེ་བཞིན་དད་པར་ལྷུར་བྱེད་དང་། །དམ་ཚིག་ཤེས་པ་གང་ཡིན་དེ། །ཁྱེད་ཀྱིས་རྟག་ཏུ་མཆོད་པར་གྱིས། །ལག་ན་རྡོ་རྗེའི་ཚིག་འདི་དག །ཐོས་ནས་ཀྱང་ནི་ལོག་འདྲེན་རྣམས། །དགའ་ཞིང་ཅ་ཅོའི་སྒྲ་ཕྱུང་ནས། །སྐད་ཅིག་གིས་ནི་མི་སྣང་གྱུར། །ཅེས་གསུངས་ཏེ། འདི་ལྟར་གདོན་རྣམས་དགའ་ནས་ཅ་ཅོའི་སྒྲ་འབྱིན་པ་ཡང་། འདི་སྙམ་དུ་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་བཀའ་མ་བཅག་པར་དམ་ཚིག་ལ་གནས་བཞིན་ཡང་འགྲོ་བའི་ཟས་སྐལ་མང་དུ་བཟར་ཡོད་དོ་སྙམ་ནས་ཡིད་དགའ་སྟེ་ཅ་ཅོའི་སྒྲ་འབྱིན་ཅིང་རང་རང་གི་གནས་སུ་དོང་ངོ་། །ཞེས་པ་སྟེ། དེ་བས་ན་དཀྱིལ་འཁོར་གྱི་མཁན་པོ་རྣམས་ཀྱིས་ཀྱང་ལྷའི་ཕྱག་རྒྱ་ལེགས་པར་བསྡུས་ཏེ་སྐྱེ་བོར་བརྫིར་མི་གཞུག །མཆོད་པའི་སྨན་དུ་གྱུར་པའི་རྫས་ལའང་ལོངས་མི་སྤྱད་དོ། །གཞན་དུ་ན་རིག་སྔགས་ལེགས་པར་གྲུབ་པར་བྱེད་པ་རྣམས་ལ་ནི་མི་བཟའ་བ་ལ་སོགས་པ་ཡང་གནང་སྟེ་འདི་སྐད་དུ། གང་ངའི་གསང་སྔགས་འཛིན་ཅིང་འདོན་པ་དང་སྒྲུབ་པ་དང་དེས་སྲུང་བ་བྱེད་པ་དེ་ལ་གླགས་མ་ཚོལ་ཅིག །ཏིལ་སྦྲུས་པའམ་ཟས་ངན་པ་ཟའང་རུང་། ཤ་ཟའང་རུང་། གྲོང་གི་ཆོས་ཀུན་སྤྱད་ཀྱང་རུང་སྟེ། རིག་པ་མཆོག་ལ་སོགས་ཏེ་རིག་པ་ཐམས་ཅད་སྒྲུབ་པ་ལ་གླགས་མ་ཚོལ་ཅིག །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཞན་ཡང་དངོས་གྲུབ་ཏུ་འགྱུར་བ་དང་མི་འགྱུར་པའི་རྒྱུ་མདོར་བསྡུས་ཏེ་གསུངས་པ། དཀྱིལ་འཁོར་ལས་ནི་ཉམས་འགྱུར་དང་། །དམ་ཚིག་དག་ཀྱང་སྤངས་པ་དང་། །སངས་རྒྱས་རྡོ་རྗེ་འཛིན་མཆོག་སོགས། །མ་དད་རྣམས་ལ་གྲུབ་མི་འགྱུར། །དེ་ཕྱིར་དཀོན་མཆོག་གསུམ་པོ་དང་། །དེ་བཞིན་རྡོ་རྗེ་འཛིན་པ་དང་། །རིག་སྔགས་རང་གི་བླ་མ་ལ། །གུས་བྱས་མཆོད་ཅིང་སྒྲུབ་པར་བྱ། །ཞེས་གསུངས་སོ། །གཞན་ཡང་དཀྱིལ་འཁོར་དུ་འཇུག་ཅིང་དམ་ཚིག་ནོད་པའི་ཚེ། རྒྱུད་རང་རང་ལས་གསུངས་པའི་དམ་ཚིག་དཔོག་པ་ཙམ་དུ་མ་ཟད་ཀྱི། དེའི་ཚེ་འཇིག་རྟེན་དུ་གྲགས་པའི་མནའ་ཐམས་ཅད་ཀྱང་བསྒག་པར་གསུངས་ཏེ། འདི་སྐད་དུ། འཇིག་རྟེན་འདི་ན་ཅི་ཡོད་པའི། །མནའ་ཚིག་རྣམས་ཀྱི་གནས་བསྒག་གོ །དམ་ཚིག་འདི་ལྟར་བསྲུང་བ་ལ། །ལོག་འདྲེན་རྣམས་ཀྱིས་གླགས་མི་རྙེད། །ལས་དང་དངོས་གྲུབ་དུ་འགྱུར་རོ། །ཞེས་གསུངས་ཏེ། གང་ཟག་ལས་དང་པོ་པ་རྣམས་ལ་འཇིག་རྟེན་དུ་གྲགས་པའི་མནའ་ཚིག་རྣམས་ཀྱི་དང་པོར་མནའ་བསྒག་སྟེ། དེ་ནས་གཞུང་གི་དམ་ཚིག་རྣམས་དཔོག་པར་བྱའོ། །འདི་ལྟར་དམ་ཚིག་ལས་མ་འདས་པའི་སྔགས་པས་ནི་ལས་དང་དངོས་གྲུབ་ཀུན་ཀྱང་འགྲུབ་པར་འགྱུར་ལ། དམ་ཚིག་སྲུང་བ་ཆེན་པོ་ཡིན་པས་ལོག་འདྲེན་རྣམས་ཀྱིས་ཀྱང་གླགས་རྙེད་པར་མི་འགྱུར་རོ། །མདོར་ན་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་རང་གི་ལུས་ངག་ཡིད་གསུམ་ལྷའི་རྣལ་འབྱོར་དུ་བྱ་བ་འདི་ནི་དམ་ཚིག་ཐམས་ཅད་ཀྱི་དངོས་གཞིར་གྱུར་པ་བྱ་བའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་གཉིས་གར་ཐུན་མོང་དུ་གྲགས་པར་གྱུར་བ་ཡིན་ཏེ། མན་ངག་དང་ལུང་དང་རིག་པས་གྲུབ་པའོ། །ཞེས་ལུང་ཉིད་ལས་གསུངས་པའོ། །དེ་ལྟར་ཡང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་ཏན་ཏྲ་ལས། འཇམ་དཔལ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ཞུགས་པ་དང་། བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་བ་དེའི་ཚེ་དཀྱིལ་འཁོར་འདིར་གཞུག་པར་བྱའི། རྫོགས་པ་མ་གྱུར་བ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་བལྟར་ཡང་མི་གཞུག་གོ། དེ་དག་ལ་ནི་ཕྱག་རྒྱ་དང་གསང་སྔགས་ཀྱང་བསྟན་པར་མི་བྱའོ། །ཞེས་གསུངས་ཏེ། གསང་བ་བསྟན་པའི་སྣོད་ཀྱི་རྔོ་གཞི་ཡང་བྱང་ཆུབ་ཀྱི་ སེམས་དང་ལྡན་པ་ཉིད་ཡིན་ནོ། །བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་གི་ལུས་ངག་ཡིད་གསུམ་ལྷའི་རྣལ་འབྱོར་དུ་སྦྱོར་བ་ཉིད་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཡིན་པའང་། རྒྱུད་དེ་ཉིད་ལས། ཞི་བའི་བློ་གྲོས་གང་གི་ཚེ་བྱང་ཆུབ་སེམས་དཔའི་སྤྱད་པ། གསང་སྔགས་ཀྱི་སྒོ་སྤྱོད་པ་བདག་ཉིད་རང་གི་ལྷའི་གཟུགས་སུ་བྱས་ལ། ཐེ་ཚོམ་མེད་པའི་ཡིད་ཀྱིས་ང་རྒྱལ་བསྐྱེད་ཅིང་། འགྲོ་ཡང་རུང་འགྲེང་ཡང་རུང་འདུག་ཀྱང་རུང་ཉལ་ཡང་རུང་། རྟག་ཏུ་དུས་ཐམས་ཅད་དུ་བསྐྱེད་ཀྱང་མི་གཡོ་བ་དེའི་ཚེ་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་ཡིད་རྣམ་པར་དག་པ་གང་གིས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་མཉམ་པར་སྦྱོར་བའི་ཚེ། ཡན་ལག་བསྐྱོད་པ་ཇི་སྙེད་པའང་ཕྱག་རྒྱ་ཡིན་ལ། ཚིག་ཏུ་བརྗོད་པ་ཇི་སྙེད་པའང་གསང་སྔགས་ཡིན་ཞིང་། ཚུལ་ཁྲིམས་བསྡམས་པའང་དེ་ཉིད་ཡིན་པར་གསུངས་ཏེ་འདི་སྐད་དུ། འཇམ་དཔལ་དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ། དཀྱིལ་འཁོར་མཐོང་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། ཡིད་སྙིང་རྗེ་དང་ལྡན་པ། ཐབས་ལ་མཁས་པ། གསང་སྔགས་ཀྱི་ཡི་གེའི་ཚུལ་བསྟན་པ་ལ་མཁས་པས་འདི་སྙམ་དུ། ངག་མ་གཏོགས་པར་ཡིད་མེད། ཡིད་མ་གཏོགས་པར་ངག་མེད། ཡིད་མ་གཏོགས་པར་ལྷའི་གཟུགས་མེད་དེ། ཡིད་ཉིད་ངག་ཡིན། ངག་ཉིད་ཡིད་ཡིན་ལ། ལྷའི་གཟུགས་ཉིད་ཀྱང་ཡིད་ཡིན་ལ། ངག་ཉིད་ཀྱང་ལྷའི་གཟུགས་ཡིན་ནོ། །སྙམ་དུ་བསམ་པར་བྱའོ། །དེ་ལྟར་ཐ་དད་དུ་བྱ་བ་མེད་པར་མོས་ན་སྔགས་པས་ཡིད་རྣམ་པར་དག་པ་ཐོབ་བོ། །ཡིད་རྣམ་པར་དག་པ་དང་ལྡན་པ་དེ་གང་གི་ཚེ་རྣམ་པ་ཐམས་ཅད་དུ་རྟག་པར་བདག་གི་ལུས་དང་ལྷའི་གཟུགས་སུ། བདག་གི་ངག་དང་ལྷའི་ངག་ཏུ། བདག་གི་ཡིད་དང་ལྷའི་ཡིད་དུ་མཚུངས་པར་མཐོང་བ་དེའི་ཚེ་མཉམ་པར་བཞག་པ་ཡིན་ནོ། །གང་ཚེ་ཀུན་ཏུ་ཐམས་ཅད་དུ། །སྔགས་པ་མཉམ་པར་བཞག་གྱུར་པ། །དེ་ཚེ་ལུས་ལ་སོགས་པ་ཡི། །མཉམ་ཉིད་གནས་ལ་ཞུགས་པར་འགྱུར། །མཉམ་ཉིད་གནས་ལ་གནས་པ་ཡི། །ཡན་ལག་བསྐྱོད་པ་ཇི་སྙེད་དང་། །ཚིག་ཏུ་བརྗོད་པ་ཇི་སྙེད་པ། །དེ་སྙེད་སྔགས་དང་ཕྱག་རྒྱ་ཡིན། །སྔགས་པ་ཀུན་ཏུ་དགྲ་མེད་ཅིང་། །རྟག་ཏུ་མི་གཡོ་བདེ་བར་གནས། །དབང་ཕྱུག་ཀུན་གྱི་གོ་འཕང་འཐོབ། །འདོད་པ་འབྱོར་བའི་ས་ལ་གནས། །དེ་བསིལ་ཡོངས་སུ་གདུང་བ་མེད། །བཟོད་དང་ལྡན་ཞིང་ཚུལ་ཁྲིམས་བསྡམས། །ཞེས་གསུངས་སོ། །དེ་བས་ན་སྔགས་དང་ཕྱག་རྒྱ་དང་ལྷ་གསུམ་ལྡན་པ་ཙམ་ལས་གསང་སྔགས་ཀྱི་ལམ་གཞན་མེད་དེ། འདི་ཉིད་ཚད་མ་ཡིན་པར་རྒྱུད་དེ་ཉིད་ལས་གསུངས་ཏེ། མན་ངག་དང་རིགས་པའི་ཆོས། གང་ཡིན་པ་ཞུས་པའི་སྐབས་ནས། མན་ངག་ཚད་མ་དང་ལུང་ཚད་མ་དང་རིགས་པ་ཚད་མ་རྣམས་གསུངས་ཏེ། འདི་སྐད་དུ། གཞོན་ནུ་དེ་ལ་མན་ངག་གང་ཞེ་ན། འདི་ལྟ་སྟེ། སློབ་དཔོན་དང་སློབ་མའོ། །སློབ་དཔོན་ནི་སློབ་དཔོན་གྱི་ཡོན་ཏན་དང་ལྡན་པའོ། །སློབ་མ་ནི་དེའི་སྤྱོད་པའི་རྗེས་སུ་འཇུག་ཅིང་ཚིག་བཞིན་དུ་བྱེད་ལ་མི་བསླུ་བའོ། །ཚད་མ་དེ་ནི་མན་ངག་གོ །ཞེས་གསུངས་སོ། །གཞན་ཡང་རིགས་པ་དང་ལྡན་པའི་ཆོས་གང་ཡིན་པ་བསྟན་པ། ཆོས་ཀྱང་ལུང་གི་ཆོས་དང་མངོན་པར་རྟོགས་པའི་ཆོས་གཉིས་ཡིན་ལ། དེ་དག་ཀྱང་རིགས་པ་དང་ལྡན་པ་ཡིན་པར་གསུངས་ཏེ། འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་གཞན་ཡང་ཚད་མ་གང་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གང་གསུང་བ་དེ་དེ་བཞིན་ཏེ་གཞན་དུ་མི་འགྱུར་བས། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཚད་མ་སྟེ་དེ་ནི་མི་སླུ་བའོ། །ཞེས་གསུངས་པ་འདི་ནི་ལུང་གི་ཆོས་སོ། །མངོན་པར་རྟོགས་པའི་ཆོས་ནི་འདི་སྐད་དུ། དེ་མངོན་པར་རྟོགས་པ་དང་མངོན་སུམ་དུ་བྱ་བ་དང་འབྲས་བུ་ཐོབ་པ་གང་ཡིན་པ་དེ་ནི་ཆོས་ཉིད་དོ་ཞེས་པ་སྟེ། འདི་ནི་མངོན་སུམ་གྱི་ཚད་མ་བསྟན་པའི་དབང་དུ་མཛད་པར་བཞེད་དེ། དེ་ཡང་ཤེས་རབ་ཀྱི་དབང་པོས་མངོན་སུམ་དུ་བྱས་པའི་ཆོས་ཉིད་དེ་ནི་ཆོས་ཉིད་ཀྱི་རིགས་པ་དང་བྱ་བ་བྱེད་པའི་རིགས་པའང་བསྟན་པ་བཞེད་དོ། །གང་ཡང་འདི་སྐད་དུ། གཞན་ཡང་ཆོས་ཉིད་དེ་འཐོབ་པར་བྱེད་པའི་རྣལ་འབྱོར་ལ་སྦྱོར་བ་གང་ཡིན་པ་དེ་ནི་རིགས་པའོ། །ཞེས་གསུངས་པ་ནི་རིགས་པ་ཚད་མ་སྟེ། ལམ་གྱི་ངོ་བོ་བསྟན་པ་འདིའང་བྱ་བ་བྱེད་པ་དང་ལྟོས་པའི་རིགས་པ་བསྡུས་པ་བཞེད་དོ། །ཆོས་ཉིད་དེ་ཡང་དངོས་སུ་ལྷ་ཉིད་དེ། དེ་ཡང་འདི་སྐད་དུ། འཇམ་དཔལ་གཞན་ཡང་ལྷ་ནི་རྣམ་པ་གཉིས་ཏེ། འབྲས་བུའི་ངོ་བོ་དང་། རྣམ་པར་སྨིན་པའི་ངོ་བོའོ། །དེ་ལ་འབྲས་བུའི་ངོ་བོ་ནི་ཆོས་ཉིད་རྟོགས་པའོ། །ཞེས་པ་དང་། རྣམ་པར་སྨིན་པའི་ངོ་བོ་གང་ཡིན་པ་དེ་ནི་ཐ་སྙད་དུ་ལྟུང་བའོ། །ཐ་སྙད་དུ་ལྟུང་བ་གང་ཡིན་པ་དང་ཐ་སྙད་ཀྱི་ངོ་བོ་གང་ཡིན་པ་དེ་ནི་བཏགས་པའོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་སྟེ། མདོར་ན་ཆོས་ཉིད་རྟོགས་པར་བྱ་བའི་ཕྱིར་ཐབས་ཀྱི་མཚན་མ་སྣ་ཚོགས་སུ་བརྟགས་པ་ཐམས་ཅད་རྣམ་པར་སྨིན་པའི་ལྷ་ཞེས་བྱ་ལ། ཆོས་ཉིད་ནི་འབྲས་བུའི་ངོ་བོའི་ལྷ་ཞེས་བྱ་སྟེ། ཆོས་ཉིད་དང་ཆོས་ཉིད་ཐོབ་པར་བྱེད་པ་ལ་མི་སླུ་བ་ཐམས་ཅད་ནི་ཚད་མ་ཞེས་གསུངས་སོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལས་ཚད་མ་ནི་རྣམ་པ་གསུམ་དུ་གསུངས་ཏེ། ལུང་དམ་པ་དང་། མན་ངག་དམ་པ་དང་། རིགས་པ་དམ་པའོ། །འདི་དག་ཀྱང་ཆོས་ཉིད་མངོན་པར་རྟོགས་པ་ལ་མི་སླུ་བས་ན་ཚད་མ་ཞེས་བྱ་བར་གྲུབ་བོ། །གསང་སྔགས་ཀྱི་ཚུལ་ལས་རིགས་པ་དམ་པའི་ཡུལ་འདི་ནི། ཐ་མལ་བའི་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་ལས་འདས་པར་བསྟན་ཏེ། དེ་ཡང་ལུང་དང་རིགས་པས་གྲུབ་པར་བཞེད་དེ། དེ་ཉིད་ལས་འདི་སྐད་དུ། གསང་སྔགས་ཀྱི་འབྲས་བུ་ཐ་མལ་བའི་དབང་པོས་མངོན་སུམ་དུ་བྱར་རུང་བ་དང་། བྱར་མི་རུང་བ་གཉིས་བསྟན་པའི་སྐབས་ནས་བཤད་པ། འདི་སྐད་དུ། མངོན་སུམ་དང་རྟོག་པའི་དྲྭ་བ་དང་བྲལ་བ། བསམ་གཏན་རྟོགས་པའི་འབྲས་བུ་ཐོབ་པ་སྟེ་རྗེས་སུ་དཔག་པ་དང་དཔག་པར་བྱ་བའི་ཡུལ་ལས་ཡང་དག་པར་འདས་པ། ཡིད་ཆེས་པའི་ལུང་གིས་གྲུབ་པ་དང་རྣལ་འབྱོར་དང་རིགས་པ་དང་ལྡན་པ། རང་གིས་མྱོང་བ་རྣམས་ནི་འབྲས་བུར་བསྟན་པའོ། །ཞེས་གསུངས་པ་ལྟ་བུ་སྟེ། འབྲས་བུའི་ངོ་བོའི་ལྷ་ཆོས་ཉིད་རྟོགས་པ་འབྲས་བུར་བསྟན་པ་འདིའང་། འཇིག་རྟེན་ཐ་མལ་པའི་མངོན་སུམ་དང་རྗེས་སུ་དཔག་པར་བྱ་བ་ལས་འདས་པར་བསྟན་ཏོ། །འོ་ན་ཚད་མ་གང་དང་ལྡན་ཞེ་ན། ཡིད་ཆེས་པའི་ལུང་གིས་གྲུབ་པ་དང་ལྡན། རྣལ་འབྱོར་གྱི་མངོན་སུམ་དང་ལྡན། རིགས་པ་དང་ལྡན་ཏེ། དེ་རྣམས་དང་ལྡན་པའི་རང་གིས་མྱོང་བའི་འབྲས་བུ་ནི་ཚད་མར་བསྟན་ཏོ། །དེ་ལ་འདི་སྐད་དུ། ཐ་མལ་བའི་མངོན་སུམ་དང་རྗེས་སུ་དཔག་པ་ལས་ཀྱང་འདས་པ། ལུང་དང་རྣལ་འབྱོར་གྱི་མངོན་སུམ་ལས་གཞན་པའི་རིགས་པ་ཞེས་བྱ་བ་ཚད་མར་བཞག་པ་གང་ཞིག་ཡོད་ཅེ་ན། དེ་ལ་འདིར་བརྗོད་པར་བྱ་སྟེ། གསང་སྔགས་ཀྱི་སྐབས་སུ་ལུང་དང་མན་ངག་དང་རིགས་པ་ཞེས་ཚད་མ་གསུམ་དུ་རྣམ་པར་བཞག་པའི་རིགས་པ་ཞེས་བྱ་བ་འདི་ནི། ལུང་དང་མན་ངག་དམ་པ་ལ་བརྟེན་ཏེ་སྐྱེས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བཅད་པའི་དོན། ལྟོས་པ་དང་། བྱ་བ་བྱེད་པ་དང་། ཆོས་ཉིད་རྣམས་དང་མི་འགལ་བ་ལ་བྱ་བར་བཞེད་དོ། །གཞུང་སྤྱིར་གྲགས་པའི་རིགས་པ་ཞེས་བྱ་བ་འདི་ནི་དོན་རྣམ་པ་ལྔ་ལ་འཇུག་སྟེ། ཆོས་རྣམས་ཀྱི་རང་གི་རང་བཞིན་ནམ་ཆོས་ཉིད་ཇི་ལྟར་གནས་པ་ལ་ཡང་རིགས་པ་ཞེས་བྱ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས། རང་གི་ངང་ཚུལ་ཇི་ལྟར་གནས་པ་དང་ཆོས་དང་ལྡན་པའི་དོན་ལ་རིགས་པ་ཞེས་བྱ་བའི་སྒྲ་འཇུག་གོ །གཞན་ཡང་ཤེས་པར་བྱ་བ་དེ་མཚོན་པར་བྱེད་པར་ནུས་པའི་མཚན་མའམ་རྟགས་སུ་གྱུར་པ་དེའང་རིགས་པ་ཞེས་བྱ་སྟེ། ཆོས་དང་ལྡན་པའི་ཕྱིར་དང་། མི་འཇིགས་པ་ཐོབ་པའི་ཕྱིར་དང་། མཐུན་ཞིང་འགལ་བ་མེད་པའི་ཕྱིར་རོ། །དེ་དག་ཤེས་པའི་ཡང་དག་པའི་ཤེས་པ་ལ་ཡང་རིགས་པ་ཞེས་བྱ་སྟེ། ངེས་པའི་ཚིག་གི་སྔ་མ་བཞིན་ནོ། །ཤེས་ཤིང་ཐོབ་པར་བྱེད་པའི་ཆོས་དེ་ཉིད་ཐོབ་པར་བྱེད་པའི་ལམ་ལ་ཡང་རིགས་པ་ཞེས་བྱ་སྟེ། ངེས་པའི་ཚིག་ནི་སྔ་མ་བཞིན་ནོ། །དེ་དག་སྟོན་པར་བྱེད་པའི་ཚིག་གི་སྦྱོར་བ་སྦྱར་ལེགས་པ་ལ་ཡང་རིགས་པ་ཞེས་བྱ་སྟེ། པྲ་ཏི་པ་ད་ཞེས་བྱ་བ་སྦྱར་ལེགས་པས་རིགས་པ་ཞེས་བྱའོ། །རིགས་པ་རང་གི་ངོ་བོ་དབྱེ་བ་ནི། རྣམ་པ་བཞི་སྟེ། ཆོས་ཉིད་དང་། བྱ་བ་བྱེད་པ་དང་། ལྟོས་པ་དང་། འཐད་པ་གྲུབ་པའོ། །དེ་ལ་སྔ་མ་གསུམ་གྱིས་ནི་དོན་གྱི་རིགས་པ་དང་སྒྲུབ་བྱེད་ཀྱི་རིགས་པ་གཉིས་ཀ་ཐུན་མོང་དུ་བསྟན་ཏོ། །འཐད་པ་སྒྲུབ་པས་ན་སྒྲུབ་བྱེད་ཙམ་བསྟན་ཏོ། །དེ་ལ་རིགས་པ་བཞིའི་སྤྱིའི་དོན་ནི། རིགས་པ་ཐམས་ཅད་ཀྱི་དངོས་གཞི་ཆོས་ཉིད་ཀྱི་རིགས་པ་ཡིན་ཏེ། ཤེས་པར་བྱ་བ་དང་བྱེད་པ་ཀུན་ཀྱང་ཆོས་ཉིད་ལས་མི་འདའ་བ་ཉིད་ཀྱི་ཕྱིར་རོ། །བྱ་བ་བྱེད་པ་དང་ལྟོས་པའང་ཆོས་ཉིད་དེ་ཉིད་ལ་རྣམ་པར་བརྟགས་པ་ཙམ་མོ། །འཐད་པ་སྒྲུབ་པའང་རིགས་པ་གསུམ་པོ་དེ་ཉིད་ལ་རྣམ་པར་བརྟགས་པ་ཙམ་མོ། །རིག་པ་བཞིར་རྣམ་པར་བཞག་པའི་དགོས་པ་ནི། ཤེས་བྱའི་དངོས་པོ་རྣམས་ཤེས་པར་བྱ་བ་ལ་ཐེ་ཚོམ་སེལ་བར་བྱེད་པ་ན། རང་གི་ངོ་བོ་བློ་ལ་གྲུབ་ཀྱང་དེའི་ཆོས་ཉིད་ལ་ཐེ་ཚོམ་ཟ་བ་དང་། རང་གི་ངོ་བོའི་སྒོ་ནས་མཚན་མར་བྱས་ཏེ་སྒྲུབ་པར་བྱེད་པ་ན་ཆོས་ཉིད་ཀྱི་རིགས་པ་ཞེས་བྱའོ། །གང་གི་ཚེ་དངོས་པོ་རྣམས་ཀྱི་བྱེད་པ་ལ་ཐེ་ཚོམ་ཟ་བ་སེལ་བ་དང་། འབྲས་བུའི་སྒོ་ནས་སྒྲུབ་པར་བྱེད་པ་དེའི་ཚེ་བྱ་བ་བྱེད་པའི་རིགས་པ་ཞེས་བྱའོ། གང་གི་ཚེ་དངོས་པོ་རྣམས་ཀྱི་སྐྱེ་བ་དང་ཐ་སྙད་ཀྱི་སྒོ་ནས་རང་གི་ངོ་བོ་མངོན་པར་གྲུབ་པ་ལ་ཐེ་ཚོམ་ཟ་བ་བསལ་བ་དང་། རྒྱུའི་སྒོ་ནས་སྒྲུབ་པར་བྱེད་པ་དེའི་ཚེ་ལྟོས་པའི་རིགས་པ་ཞེས་བྱའོ། །གང་གི་ཚེ་རྒྱུ་དང་འབྲས་བུ་འབྲེལ་བ་གྲུབ་པར་བྱེད་པ་དེའི་ཚེ་བྱ་བ་བྱེད་པ་དང་ལྟོས་པ་གཉི་ག་དང་ལྡན་པའོ། །གང་གི་ཚེ་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟར་གནས་པ་ཙམ་སྟོན་ཅིང་དོན་ཉིད་དུ་བཞག་པའི་ཚེ། དེ་དག་སྒྲུབ་བྱེད་མ་ཡིན་ཏེ་དོན་གྱི་ རིགས་པ་ཙམ་དུ་བཞག་པར་བྱའོ། །དེ་ལྟར་རིགས་པ་གསུམ་པོ་དེའང་རང་གི་ངོ་བོ་ཆོས་ཉིད་ཙམ་སྟེ་དགོས་པའི་བྱེ་བྲག་གིས་གསུམ་དུ་བརྟགས་པ་ཙམ་མོ། །འཐད་པ་སྒྲུབ་པའི་རིགས་པ་ནི། གང་དག་དེ་དག་གིས་ཐེ་ཚོམ་སེལ་བར་མི་ནུས་པ་རྣམས་ལ། དང་པོར་རིགས་པ་ཉིད་ལེགས་པར་སྒྲུབ་དགོས་ཏེ། རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་དང་པོར་རིགས་པ་གྲུབ་པར་བྱས་ནས། དེ་ནས་དོན་ལ་གཞལ་དགོས་པ་རྣམས་ཀྱི་དོན་དུ་མངོན་སུམ་དང་རྗེས་སུ་དཔག་པའི་སྒོ་ནས་རིགས་པ་ཉིད་སྒྲུབ་པར་བྱེད་པ་ལ་འཐད་པ་སྒྲུབ་པ་ཞེས་བྱ་སྟེ། འཐད་པའང་རིགས་པ་ཉིད་ཀྱི་རྣམ་གྲངས་ཡིན་མོད་ཀྱི་ཚིག་མཛེས་པར་བྱ་བའི་ཕྱིར། རིགས་པ་སྒྲུབ་བའི་རིགས་པ་ཞེས་མ་བརྗོད་པར། འཐད་པ་སྒྲུབ་པའི་རིགས་པ་ཞེས་བརྗོད་དེ། འདིའི་སྤྱིའི་མཚན་ཉིད་ནི་ཆོས་ཉིད་དང་བྱ་བ་བྱེད་པ་དང་ལྟོས་པ་གསུམ་ལས་གཞན་དུ་འདས་པ་མེད་དོ། །དེ་བས་ན་གཏན་ཚིག་ཐམས་ཅད་ཀྱི་དངོས་གཞིའང་རང་བཞིན་གྱི་གཏན་ཚིག་འདི་ཉིད་ཡིན་ཏེ། རང་བཞིན་ཞེས་བྱ་བ་དང་། མཚན་ཉིད་ཅེས་བྱ་བ་དང་། ཆོས་ཉིད་ཅེས་བྱ་བའམ་ཆོས་ལུགས་ཞེས་བྱ་བ་རྣམས་གྲངས་སུ་གཏོགས་པའོ། །དེ་བས་ན་ཤེས་པར་བྱ་བའི་ཆོས་ཀྱང་རང་བཞིན་ནམ་ཆོས་ཉིད་ཙམ་མོ། །དེ་སྒྲུབ་པར་བྱེད་པའི་གཏན་ཚིག་ཀུན་ཀྱང་རང་བཞིན་གྱི་གཏན་ཚིགས་ཙམ་མོ། །དེ་བས་ན་འབྲེལ་བའང་རང་བཞིན་གྱིས་འབྲེལ་བ་ཁོ་ན་ཙམ་སྟེ། རྒྱུ་འབྲས་ཀྱི་འབྲེལ་བ་ལྟ་བུའང་དགོས་པའི་སྐབས་ཀྱིས་རང་བཞིན་ཉིད་ལ་རྣམ་པར་བརྟགས་པ་ཙམ་དུ་ཟད་དོ། །འདི་སྙམ་དུ་རྒྱུ་དང་འབྲས་བུ་ངོ་བོ་ཐ་དད་པ་རྣམས་རང་བཞིན་གཅིག་པའི་འབྲེལ་པར་ཇི་ལྟར་རུང་སྙམ་དུ་བསམ་པར་མི་བྱ་སྟེ། འདི་ལྟར་རྒྱུ་དང་འབྲས་བུ་འབྲེལ་བ་རྣམ་པར་བཞག་པའང་འབྲེལ་པ་བྱེད་པ་དང་འབྲེལ་བའི་རྫས་གཞན་མེད་དེ། རྒྱུ་རྣམས་ནི་འབྲས་བུ་བསྐྱེད་པར་བྱེད་པའི་མཚན་ཉིད་དམ་རང་བཞིན། འབྲས་བུ་རྣམས་ཀྱི་རང་བཞིན་ནི་རྒྱུ་ལ་ལྟོས་པ་ཙམ་སྟེ། བྱེད་པ་དང་ལྟོས་པ་ལའང་རང་བཞིན་ཐ་དད་གཉིས་མེད་དོ། །དངོས་སུ་ན་མེད་ན་མི་འབྱུང་བ་ཙམ་མོ། །གང་མེད་ན་མི་འབྱུང་བའི་ཆོས་དེ་ཉིད། དེ་ཉིད་ཀྱིས་ཁྱབ་པ་ཞེས་བྱ་སྟེ། དེ་བས་ན་ཐམས་ཅད་རང་བཞིན་གྱི་གཏན་ཚིག་གོ །དོན་འདི་ནི་སྔོན་གྱི་རིགས་པའི་བསྟན་ཆོས་མཛད་པའི་སློབ་དཔོན་རྣམས་ཀྱང་བཞེད་པ་ཉིད་དེ། འདི་ལྟར་གཏན་ཚིག་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད། དེའི་ཆོས་ཁྱབ་པ་ཡིན་པར་བསྟན་པ་ན། གལ་ཏེ་མེད་ན་མི་འབྱུང་བ་ཞིག་མ་ཡིན་ན་ཁྱབ་པ་མི་རུང་ངོ་། །མ་ཁྱབ་ན་གཏན་ཚིགས་སུ་མི་རུང་ངོ་། །ཐ་དད་ན་ཁྱབ་པ་མི་རུང་སྟེ། དེ་བས་ན་ཇི་སྲིད་དུ་གཏན་ཚིགས་བཞག་པ་ཐམས་ཅད་ཀྱི་དངོས་གཞི་དང་རང་བཞིན་གྱི་གཏན་ཚིགས་སོ། །མདོར་ན་འདི་ལྟར་ཤེས་པར་བྱ་སྟེ། ཆོས་རྣམས་ཀྱི་ངང་ཚུལ་དེ་ལས་མི་འདའ་བ་ཙམ་ནི་རང་བཞིན་དེ་ཉིད་ཁོང་དུ་མ་ཆུད་པ་ཆུད་པར་འདོད་པ་ནི་བསྒྲུབ་བྱ་གཞན་དུ་མི་སྲིད་པ་ལེན་པར་བྱེད་པ་ནི་གཏན་ཚིགས་ཏེ་ཐ་དད་པ་ཙམ་འབྲེལ་བའོ། །དེ་ཡང་ནམ་དུའང་ངང་ཚུལ་དེ་ལས་མི་འདའ་བ་ནི་ཡང་དག་པའི་རང་བཞིན་ནོ། །གནས་སྐབས་ལ་གནས་པ་ཇི་ཙམ་དུ་ངང་ཚུལ་དེ་ལས་མི་འདའ་བར་སྒྲུབ་ཏུ་རུང་བའང་རང་བཞིན་དུ་བཞག་གོ །གཞན་དུ་མི་སྲིད་པའང་མདོར་བསྡུ་ན་རྣམ་པ་བཞི་སྟེ། འདི་ལྟར། གང་ཞིག་མེད་ན་གང་ཞིག་ཡོད་པ་མི་སྲིད་པ་དང་། གང་ཞིག་ཡོད་ན་གང་ཞིག་མེད་པ་མི་སྲིད་པ་དང་། གང་ཞིག་ཡོད་ན་གང་ཞིག་ཡོད་པ་མི་སྲིད་པ་དང་། གང་ཞིག་མེད་ན་གང་ཞིག་མེད་པ་མི་སྲིད་པ་རྣམས་སོ། །དེ་ལ་གང་ཞིག་མེད་ན་གང་ཞིག་ཡོད་པ་མི་སྲིད་པ་ནི། འདི་ལྟར་རྒྱུ་མེད་ན་འབྲས་བུ་ཡོད་པ་མི་སྲིད་པ་དང་། དེ་བཞིན་དུ་ཁྱད་པར་ཅན་མེད་ན་ཁྱད་པར་དང་། རང་གི་ངོ་བོ་མེད་ན་རང་གི་ངོ་བོ་དང་། རང་གི་རང་བཞིན་མེད་ན་དེའི་རང་བཞིན་དག་ཡོད་པ་མི་སྲིད་པ་ལྟ་བུའོ། །དེ་ལ་གང་ཞིག་ཡོད་ན་གང་ཞིག་མེད་པ་མི་སྲིད་པ་ནི། འདི་ལྟར་འབྲས་བུའི་བྱེ་བྲག་ཡོད་ན་རྒྱུའམ་དེའི་ཆོས་དག་མེད་པ་མི་སྲིད་པ་དང་། དེ་བཞིན་དུ་རྒྱུ་ཚོགས་པ་དང་ལྡན་པའི་བྱེ་བྲག་དག་ཡོད་ན་འབྲས་བུའམ་དེའི་ཆོས་དག་དང་། ཁྱད་པར་ཡོད་ན་ཁྱད་པར་ཅན་དང་། རང་གི་ངོ་བོ་ཡོད་ན་རང་གི་ངོ་བོ་མེད་པ་དང་། རང་གི་རང་བཞིན་ཡིན་ན་དེའི་རང་བཞིན་མེད་པ་དག་མི་སྲིད་པ་ལྟ་བུའོ། །དེ་ལ་གང་ཞིག་ཡོད་ན་གང་ཞིག་ཡོད་པ་མི་སྲིད་པ་ནི། འདི་ལྟར་རང་བཞིན་གྱིས་གེགས་སུ་གྱུར་པའི་ཆོས་རྣམས་གེགས་བྱེད་པ་ཡོད་ན། དེས་གེགས་བྱས་པ་ཡོད་པ་མི་སྲིད་པ་དག་སྟེ། འདི་ལྟར་ཚ་བ་དང་གྲང་བའི་རེག་པའམ། དཀར་པོ་དང་ནག་པོའི་ཆོས་ལྟ་བུ་དག་གོ །དེ་ལ་གང་ཞིག་མེད་ན་གང་ཞིག་མེད་པ་མི་སྲིད་པ་ནི། རང་བཞིན་དང་རང་བཞིན་བཟློག་པ་དག་སྟེ། འདི་ལྟར་དངོས་པོ་མེད་ན་སྟོང་པ་ཉིད་མེད་པ་མི་སྲིད་པ་དང་། དེ་བཞིན་དུ་མཚན་མ་མེད་ན་སྤྲོས་པ་ཉེ་བར་ཞི་བ་དང་། སྨོན་པ་མེད་ན་སྡུག་བསྔལ་སེལ་བ་ལྟ་བུའམ། གཞན་ཡང་རྣམ་པར་གྲོལ་བ་མེད་ན་འཁྲུལ་བ་མེད་པ་མི་སྲིད་པ་དང་། འཁྲུལ་པ་མེད་ན་རྣམ་པར་གྲོལ་བ་མེད་པ་མི་སྲིད་པ་ལྟ་བུ་དག་གོ །རང་བཞིན་འདི་ལྟ་བུ་དག་གིས་རང་བཞིན་སྒྲུབ་པར་བྱེད་པ་ན་སྒོ་རྣམ་པ་གཉིས་ཡིན་ཏེ། ཁྱབ་པའི་རང་བཞིན་སྒྲུབ་པར་བྱེད་པ་དང་། ཉི་ཚེ་བའི་རང་བཞིན་སྒྲུབ་པར་བྱེད་པའོ། །དེ་ལ་ཁྱབ་པའི་རང་བཞིན་སྒྲུབ་པར་བྱེད་པའི་ཚེ། ཉི་ཚེ་བའི་རང་བཞིན་མེད་པར་བཀག །མ་ཁྱབ་པའི་རང་བཞིན་ལས་བཟློག་སྟེ་སྒྲུབ་པར་བྱེད། འདི་ལྟར་གང་དང་གང་དངོས་པོར་སྒྲུབ་པ་ཐམས་ཅད་ནི་མངོན་པར་འདུ་བྱེད་པའི་རང་བཞིན་གྱིས་ཁྱབ་པོ། །གང་མངོན་པར་འདུ་བྱས་པ་དེ་ཐམས་ཅད་ནི་མི་རྟག་པའི་རང་བཞིན་གྱི་ཁྱབ་པོ། །གང་མི་རྟག་པ་དེ་ཐམས་ཅད་ནི་བདག་མེད་པའི་རང་བཞིན་གྱིས་ཁྱབ་པོ། །ཞེས་སྒྲུབ་པར་བྱེད་པའོ། །ཉི་ཚེ་བའི་རང་བཞིན་སྒྲུབ་པར་བྱེད་པ་ན། ཁྱབ་པའི་རང་བཞིན་མེད་པར་བཀག །གཞན་པའི་རང་བཞིན་ལས་རྣམ་པར་བཟློག་ནས་སྒྲུབ་པར་བྱེད་དེ། འདི་ལྟར་བྱས་པའི་རང་བཞིན་ནི་འདུ་བྱེད་རྣམས་མངོན་པར་འགྲུབ་པའི་མཚན་ཉིད། མི་རྟག་པའི་རང་བཞིན་ནི་འདུ་བྱེད་རྣམས་སྐད་ཅིག་གཞན་དུ་མི་གནས་ཏེ་འགག་པའི་མཚན་ཉིད་ཡིན་ཏེ། དེ་བས་ན་བྱས་པ་ཉིད་མི་རྟག་པ་ཡིན་ན། དེ་མི་རྟག་པ་ཉིད་ཡིན་པའི་ཕྱིར་འདུ་བྱེད་རྣམས་ནམ་ཡང་མངོན་པར་འགྲུབ་པར་མི་འགྱུར་ཏེ། རྒྱུན་ཆད་པའི་གནས་སྐབས་བཞིན་དུ་འགྱུར་རོ། །གལ་ཏེ་མི་རྟག་པ་ཉིད་བྱས་པ་ཡིན་ན་དེ་བྱས་པ་ཉིད་ཡིན་པའི་ཕྱིར་འདུ་བྱེད་རྣམས་ནམ་ཡང་རྒྱུན་ཆད་པར་མི་འགྱུར་ཏེ་མངོན་པར་འགྲུབ་པའི་དུས་བཞིན་དུ་འགྱུར་རོ། །ཞེས་སྒྲུབ་པར་བྱེད་དོ། །རང་བཞིན་སྒྲུབ་པའི་ཚུལ་འདི་གཉི་གའང་ཤེས་བྱ་རྟོགས་པར་བྱེད་པ་ལ་མཚུངས་མོད་ཀྱི། རིམ་པ་གཅིག་གིས་ཉི་ཚེ་རིགས་པ་སྒྲུབ་པའི་ཚུལ་ཟབ་སྟེ། གང་གི་ཕྱིར་ཁྱབ་པའི་རིགས་པས་ནི། ཆོས་བདག་མེད་པ་སྒྲུབ་པ་དང་། དངོས་པོའི་ངོ་བོ་སྒྲུབ་པ་ལ་ཐུན་མོང་གི་རྒྱབ་རྟེན་དུ་འགྱུར་རོ། །ཉི་ཚེ་བའི་རང་བཞིན་སྒྲུབ་པས་ནི། ཁྱབ་པའི་རང་བཞིན་ཞིག་པས་ཆོས་བདག་མེད་པ་ལ་ཉེ་བར་སྦྱོར་བར་བྱེད་པའི་ཕྱིར་རོ། །མདོར་བསྡུ་ན་དབང་པོ་དྲུག་དང་དེའི་སྤྱོད་ཡུལ་དུ་བཅས་པའི་དངོས་པོར་གྲུབ་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཡིན་པར་ལུང་དང་རིགས་པ་གཉི་གས་གྲུབ་པ་ཡིན་ནོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལས་སྐུ་གསུང་ཐུགས་སུ་སྦྱོར་བའི་དམ་ཚིག་གིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གྲུབ་པར་བྱེད་པ་འདིའང་། བརྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་པའི་ཕྱིར་ཆོས་ཉིད་ཀྱིས་ཆོས་ཉིད་སྟོན་པ་ཡིན་ནོ། །གཞུང་འདི་ཉིད་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་ཏན་ཏྲ་ལས་གསང་སྔགས་ཀྱི་དངོས་གྲུབ་འགྲུབ་པའི་ཚུལ་ལ། འདི་སྐད་དུ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་པའི་ཕྱིར་གསང་སྔགས་ཀྱི་ཆོས་ཉིད་དེས་ཆོས་ཉིད་སྟོན་པར་བྱེད་པར་གསུངས་ཏེ། འཇམ་དཔལ་གང་གི་ཚེ་གང་གི་གཟུགས་ཡོངས་སུ་སྤངས་ཏེ་ལྷའི་ང་རྒྱལ་ལ་ཐེ་ཚོམ་མེད་པ་ཐོབ་པ་དེའི་ཚེ། གསང་སྔགས་ཀྱི་ཆོས་ཉིད་དེས་ཆོས་ཉིད་སྟོན་ཏེ། དེའི་ཚེ་དེས་ཚིག་གིས་དེའི་རྣམ་པ་སྟེན་པ་ན་བྱ་བ་ནུས་པར་འགྱུར་རོ། །འཇམ་དཔལ་སྟེན་པའི་ཆོས་ཉིད་བྱ་བ་ནུས་པར་འགྱུར་བ་ལ་ལྟོས། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་རྒྱ་ལ་བརྟེན་ནས་རྒྱའི་འབུར་འབྱུང་བར་འགྱུར་ཏེ། རྫས་མེད་ན་ཡང་རྒྱའི་འབུར་མི་འབྱུང་ལ་ཡོད་ཀྱང་ལས་དང་བྱ་བ་དང་བྲལ་ན་རྒྱའི་འབུར་མི་འབྱུང་སྟེ། འཇམ་དཔལ་གཉི་ག་ཡང་ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར་རོ་ཞེས་གསུངས་བ་ལྟ་བུ་དང་། གཞན་ཡང་འདི་སྐད་དུ། དཔེར་ན་གཙུབ་སྟན་བརྟེན་ནས་སུ། །གཙུབ་ཤིང་གཙུབ་པ་བྱས་གྱུར་ལས། །མི་ཡིས་རྩོལ་བ་བྱས་རྒྱུ་ལས། །སྟོབས་དང་ལྡན་པའི་མེ་འབྱུང་ངོ་། །དེ་བཞིན་སྔགས་དང་ཕྱག་རྒྱ་ལྷ། གསུམ་ནི་འདུས་པར་གྱུར་པ་ལས། །ཆེན་པོ་དག་ནི་འབྱུང་འགྱུར་ཏེ། །བྱུང་ནས་ཡིད་ལ་གང་བསམས་པའི། །ལས་རྣམས་བྱེད་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་བས་ན་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་རང་བཞིན་གྱི་གཏན་ཚིག་འདི་ནི་རྒྱལ་བའི་བཀའ་ཐམས་ཅད་དུའང་གྲགས་པ་ཡིན་ལ། ཕྱག་རྒྱར་བཞག་པའང་ཡིན་ནོ། །ནང་པ་སངས་རྒྱས་པའི་རིགས་པ་ཐམས་ཅད་ཀྱི་ལུགས་སུའང་འདི་ཉིད་བཞག་པ་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་འདི་ཉིད་ལ་བརྟེན་ན། ཕྱི་རོལ་མུ་སྟེགས་པའི་རྟག་ཆད་དུ་ལྟ་བ་དང་། བྱེད་པ་པོ་རྒྱུར་ལྟ་བ་དང་། རྒྱུ་མེད་པར་ལྟ་བ་ལ་སོགས་པ་འཇོམས་པར་བྱེད་ཅིང་། ཆོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་སྒྲུབ་པར་བྱེད་པ་ནས་བཟུང་སྟེ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་བར་དུ་སྒྲུབ་པར་ནུས་པར་འགྱུར་རོ། །དེ་བཞིན་དུ་གསང་སྔགས་ཀྱི་ཚུལ་ལས། བསླབ་པའི་གཞི་ལ་བརྟེན་ནས་ལྷའི་རྣལ་འབྱོར་དུ་སྦྱར་ཏེ། གསང་སྔགས་དང་ཕྱག་རྒྱ་དང་ལྷ་གསུམ་འདུས་པའི་ དམ་ཚིག་ལ་གནས་ནས། ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར་བ་འདིའང་། ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་རང་བཞིན་གྱི་གཏན་ཚིགས་གྲུབ་པ་ཡིན་ནོ། །དེ་བས་ན་གསང་སྔགས་ཀྱི་ཚུལ་ལ་རིགས་པ་འདི་ཉིད་ཀྱི་རང་བཞིན་ལེགས་པར་ཁོང་དུ་མ་ཆུད་པ་རྣམས་ཀྱིས་འདི་སྙམ་དུ། གསང་སྔགས་ཀྱི་ཚུལ་འདི་ལ་ལུང་ཙམ་གྱིས་གྲུབ་པ་ཡིན་ཡང་རིགས་པས་མ་གྲུབ་པས་ཐེ་ཚོམ་གྱི་གནས་སོ་སྙམ་དུ་བསམ་པར་མི་བྱའོ། །ཧ་ཅང་སྤྲོས་པས་ཆོག་གོ། ། ། ད་ནི་རྣལ་འབྱོར་རྒྱུད་ཀྱི་དམ་ཚིག་རྣམས་བསྟན་པར་བྱ་སྟེ། འདིར་ཡང་། སྤྱི་དང་། ཁྱད་པར་དང་། ལྷག་པའི་དམ་ཚིག་ཏུ་བསྟན་པ་ནི། བྱ་བའི་རྒྱུད་ཀྱི་སྐབས་སུ་བཤད་པ་དང་སྤྱིའི་ཚུལ་ལ་ནི་བྱེ་བྲག་མེད་དོ། །དེ་ལ་རེ་ཤིག །བསླབ་པའི་གཞི་དང་། རྩ་བའི་དམ་ཚིག་དང་། ལྟུང་བའི་རྩ་བ་དང་། ཡན་ལག་ཏུ་བསྟན་པ་རྣམས་ལས། འདིར་ཡང་བསླབ་པའི་གཞི་ནི། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་དང་། ཁྱད་པར་དུའང་སྲོག་གཅོད་པ་ལ་སོགས་པ་རྩ་བ་བཞི་ཡན་ལག་དང་བཅས་པར་སྤང་བར་གསུངས་ཏེ། འདི་ལྟར་འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་དང་། རྡོ་རྗེ་རྩེ་མོ་ལ་སོགས་པ་ལས་རྒྱས་ པར་གསུངས་ཏེ། རེ་ཤིག་མདོར་བསྡུ་ན། ངན་སོང་སྦྱོང་བ་ལས། རྩ་བའི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་དམ་ཚིག་བསྒྲག་པ་གསུངས་པ་ལས། བསླབ་པའི་གཞི་གསུངས་པ་ནི། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །རྫུན་དང་འདོད་པ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པར་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །ཞེས་གསུངས་སོ། །རྡོ་རྗེ་རྩེ་མོ་ལས་ཀྱང་། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །རྫུན་པའི་ཚིག་ཉིད་སྨྲ་མི་བྱ། །ཉེས་པ་ཀུན་གྱི་རྩ་བ་ཡིན། །མྱོས་བྱེད་བཏུང་བ་རྣམས་པར་སྤང་། །བྱ་བ་མ་ཡིན་སྤང་བ་ཉིད། །རྣལ་འབྱོར་པ་ལ་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་ཡང་ནི་རྣམ་པ་བཞི། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །རྟག་ཏུ་སྤང་ཞིང་བསྲུང་བར་བྱ། །ཞེས་གསུངས་སོ། །དེ་ཡང་ཀུན་ནས་བསྡུས་ན་ནི་རྩ་བ་བཞི་ཉིད་ཡིན་པར་དགོངས་ཏེ། འདི་ལྟར་དཔལ་ངན་སོང་སྦྱོང་བའི་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་བཀའི་དབང་བསྐུར་བའི་སྐབས་སུ། དམ་ཚིག་ཀུན་ནས་བསྡུས་པ་གསུངས་པ་ལས། སྲོག་ཆགས་རྣམས་ནི་བསད་མི་བྱ། །མ་བྱིན་པར་ཡང་མི་བླང་ཞིང་། །རྫུན་དུ་སྨྲ་བ་བྱ་བ་མིན། །ཕ་རོལ་བུད་མེད་སྤྱད་མི་བྱ། །ཞེས་གསུངས་ཏེ། ཆང་ལ་སོགས་པ་གཞན་མ་གསུངས་སོ། །རྩ་བའི་དམ་ཚིག་ནི་ཕལ་ཆེར་བདུན་དུ་གྲགས་ཏེ། འདི་ལྟར་དཔལ་ངན་སོང་སྦྱོང་བ་ལས། རྩ་བའི་དཀྱིལ་འཁོར་ཆེན་པོར་དམ་བསྒྲགས་པའི་སྐབས་སུ་གསུངས་པ། དཀོན་མཆོག་གསུམ་ནི་ཡོངས་མི་སྤང་། །དུས་ཀུན་དུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་དེ་བཞིན་ནོ། །ཞེས་གསུངས་ནས། དེ་ཉིད་ཀྱི་བཀའ་བསྒོ་བའི་སྐབས་ནས་ཡང་གསུངས་པ། སངས་རྒྱས་ཀུན་དང་བླ་མར་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས། །ཅུང་ཟད་ཙམ་ཡང་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང་། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་དང་གཅུགས་མི་བྱ། །ཞེས་གསུངས་སོ། །གསང་བ་མི་བསྟན་པ་ཡང་སྐབས་འདིར་མ་གསུངས་ཀྱང་། རིགས་བཞི་འཁོར་ལོ་སྒྱུར་བའི་དཀྱིལ་འཁོར་གྱི་སྐབས་ནས་དམ་བསྒྲག་པའི་སྐབས་སུ་གསུངས་པ། གང་ཁྱོད་ཀྱིས་སུའང་རུང་བ་ལ་སྨྲས་ན་ཕྱག་ན་རྡོ་རྗེ་ཉིད་ཀྱིས་རྡོ་རྗེ་རབ་ཏུ་འབར་བས་ཁྱོད་ཀྱི་མགོ་འགས་པར་འགྱུར་རོ། །ཞེས་གསུངས་ཏེ། དེ་ལྟར་ན་རྩ་བའི་དམ་ཚིག་ནི་བདུན་དུ་གསུངས་སོ། །གང་དག་འདི་སྐད་དུ་འདི་དག་ཚོམས་གཅིག་ཏུ་དྲིལ་ནས་མ་གསུངས་པས་རྩ་བར་འགྱུར་བར་ངེས་པ་མེད་དོ། །ཞེས་བསམ་པར་མི་བྱ་སྟེ། འདི་ལྟར་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་རྒྱས་པར་གསུངས་པ། རྩ་བའི་དཀྱིལ་འཁོར་ལ་སོགས་པ་གཞན་དུ་སྦྱར་དུ་མི་རུང་བ་མེད་པ་བཞིན་ནོ། །འདི་དག་ཚོམས་གཅིག་ཏུ་མ་གསུངས་པའི་དགོངས་པ་ནི་འདི་ཡིན་པར་དགོངས་སྟེ། རྣལ་འབྱོར་གྱི་རྒྱུད་འདི་དག་ཏུ་ཚོགས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པ་གཙོར་མ་བསྟན་པས། དེའི་ཕྱིར་རྡོ་རྗེ་མཆེད་ཀྱི་དམ་ཚིག་དང་གསང་བའི་སྤྱོད་པ་མི་བསྟན་ཅིང་མི་སྨྲ་བའི་དམ་ཚིག་ལ་ཡང་། ཡང་དང་ཡང་ནན་ཏན་བསྐྱེད་མི་དགོས་ཏེ་གཙོར་ནན་ཏན་བསྐྱེད་པ་ནི་རྣམ་པ་ལྔ་ཡིན་པར་དགོངས་ཏེ། དེའི་ཕྱིར་རྩ་བའི་དཀྱིལ་འཁོར་དུའང་ཚོམས་གཅིག་ཏུ་ལྔ་པོ་གཙོར་བསྟན་ལ། ཚེ་དཔག་མེད་དུ་དམ་ཚིག་བསྡུས་པའི་སྐབས་སུའང་། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་རྣམས་མི་སྤང་། །བླ་མ་སྨད་པ་མི་བྱ་སྟེ། །དེ་ཡི་གྲིབ་མ་འགོམ་མི་བྱ། །སློབ་དཔོན་མ་ཡིན་མི་གཟུང་ལ། །རྡོ་རྗེ་སློབ་དཔོན་མཚན་མི་བརྗོད། །སྔགས་དང་ཕྱག་རྒྱ་མི་སྨད་དེ། །ལྷ་རྣམས་ལ་ལྟ་སྨོས་ཅི་དགོས། །ཅི་སྟེ་གླེན་པས་སྨད་ན་ནི། །ནད་ཀྱིས་ངེས་པར་འཆི་བར་འགྱུར། །ཞེས་གསུངས་སོ། །དཔལ་རྡོ་རྗེ་རྩེ་མོ་ལས་ཀྱང་། སངས་རྒྱས་ཆོས་དང་དགེ་འདུན་དང་། །གཙོ་བོ་དེ་དག་ལྷུར་བླང་བྱ། །འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་དོར་མི་བྱ། །ལྷ་རྣམས་སྔགས་དང་ཕྱག་རྒྱའང་མིན། །ཞེས་གསུངས་སོ། །རྩ་བའི་དམ་ཚིག་འདི་དག་ཏུ་ནི། བྱ་བའི་རྒྱུད་ལས་གསུངས་པའི་རྩ་བའི་དམ་ཚིག་རྣམས་ཀྱང་འདུས་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ལ་མོས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་བཞག་པ་ནི་བྱང་ཆུབ་ཀྱི་སེམས་སུ་འདུས་སོ། །དམ་པའི་ཆོས་བཟུང་བའང་ཆོས་དཀོན་མཆོག་ཏུ་འདུས་སོ། །སྟོན་པ་གཞན་གྱི་གཞུང་ལ་མི་བརྟེན་པ་ལ་སོགས་པའང་འདོད་མོད་ཀྱི། སྐབས་འདིའི་རྩ་བར་མ་བཞག་གོ །གཞན་ཡང་བྱ་བའི་རྒྱུད་ལས་ནི་རྩ་བའི་ལྟུང་བ་བཞི་གཙོར་གཞག་ལ། རྣལ་འབྱོར་གྱི་རྒྱུད་དུ་ནི་རྩ་བའི་ལྟུང་བ་བཅུ་བཞི་ཞེས་བསྟན་ཏེ། དེས་ནི་སྔ་མའི་རྩ་བའི་ལྟུང་བ་བཞིའང་འདུས་ལ་དེ་བས་ལྷག་པའང་རྩ་བའི་ལྟུང་བར་བསྟན་ཏོ། །དེ་ཡང་འདི་ལྟར་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས། ལྷ་ཁྱད་པར་གྱི་སྡོམ་པའི་དབང་དུ་བྱས་ནས་རྩ་བའི་ལྟུང་བ་བཅུ་བཞི་གསུངས་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་ལ། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་བྱ་ཚུལ་ཁྲིམས་གསུམ། །དེ་དག་བརྟན་པོར་གཟུང་བར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བྱ། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་གྲོས་ཆེན་པོ་ཁྱོད་ཀྱིས་གཟུང་། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སུ་བརྗོད། །སློབ་དཔོན་ཡང་ནི་བཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། ཟང་ཟིང་བྱམས་དང་མི་འཇིགས་ཆོས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པད་མའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་རབ་ཏུ་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །སེམས་ཅན་ཀུན་དོན་བྱ་བ་དང་། །མཆོད་པའི་ལས་རྣམས་ཅི་ནུས་བྱ། །ཕས་ཕམ་ཞེས་བྱ་དེ་དག་ནི། །བཅུ་བཞི་དག་ཏུ་འདོད་པ་གཞན། །དོར་བ་མི་བྱ་སྨད་མི་བྱ། །རྩ་བའི་ལྟུང་བ་ཞེས་བྱར་བཤད། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླས་པར་བྱ། །གལ་ཏེ་རྣལ་འབྱོར་ཉམས་གྱུར་ན། །རྩ་བའི་ལྟུང་བར་གྱུར་པ་ཡིན། །ཞེས་གསུངས་ཏེ། དེ་ལྟར་ན་གོང་གི་རྩ་བའི་ལྟུང་བ་བཞིའང་འདུས་ཏེ། དམ་པའི་ཆོས་མི་སྤང་བ་ནི་པད་མའི་རིགས། བྱང་ཆུབ་ཀྱི་སེམས་མི་གཏང་བ་ནི་རྡོ་རྗེའི་རིགས། སེར་སྣ་མི་བྱ་བ་ནི་རིན་པོ་ཆེའི་རིགས། །སེམས་ཅན་ལ་གནོད་པ་མི་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས། སྡོམ་པ་ཐམས་ཅད་ཀྱི་ལས་ནི་ལས་ཀྱི་རིགས་སོ། །འདིར་ཡན་ལག་བཅུ་བཞིར་བགྲང་བ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྤྱིར་བཏང་སྟེ། དེ་བཞིན་གཤེགས་པའི་རིགས་ལ་ཚུལ་ཁྲིམས་རྣམ་པ་གསུམ་གཟུང་བ་དང་། དཀོན་མཆོག་གསུམ་གཟུང་བ་སྟེ་ཡན་ལག་བཞི་རྡོ་རྗེའི་རིགས་ལ་བྱང་ཆུབ་ཀྱི་སེམས་གཟུང་བ་དང་རྡོ་རྗེ་སློབ་དཔོན་གཟུང་བ་སྟེ་ཡན་ལག་གཉིས། རིན་པོ་ཆེའི་རིགས་ལ་སྦྱིན་པ་རྣམས་པ་བཞི་གཟུང་བ་སྟེ་ཡན་ལག་བཞི། པད་མའི་རིགས་ལ་ཕྱིའི་ཐེག་པ་གསུམ་གཟུང་བ་དང་། གསང་བའི་ཐེག་པ་གསུམ་གཟུང་བ་སྟེ་ཡན་ལག་གཉིས། ལས་ཀྱི་རིགས་ལ་འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་བྱ་བ་སྟེ་ཡན་ལག་གཉིས་ཏེ། དེ་ལྟར་བཅུ་བཞི་ནི་ཕས་ཕམ་པ་ཞེས་བྱ་སྟེ་རྩ་བའི་ལྟུང་བ་བཅུ་བཞི་ཞེས་གྲགས་སོ། །དེ་ལྟར་བསླབ་པའི་གཞི་དང་རྩ་བ་དང་རྩ་བའི་ལྟུང་བ་བཤད་པ་དེ་དག་གིས་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་འཛིན་པ་ཇི་ལྟར་འགྱུར་བ་ནི། གོང་དུ་བྱ་བའི་རྒྱུད་ཀྱི་སྐབས་སུ་ཇི་ལྟར་བསྟན་པ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །དེ་བས་ན་རྩ་བའི་སྐབས་འདིར་ཡང་། ཚུལ་ཁྲིམས་གསུམ་གཟུང་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གཞིའོ། །དེ་བཞིན་དུ་དཀོན་མཆོག་གསུམ་གཟུང་བ་ནི་དེའི་རྒྱུ་མཚན་ནོ། །བྱང་ཆུབ་ཀྱིས་སེམས་གཟུང་བ་ནི་རང་གི་ངོ་བོའོ། །རྡོ་རྗེ་སློབ་དཔོན་ནི་དེ་སྦྱིན་པར་བྱེད་པའོ། །སྦྱིན་པ་རྣམ་པ་བཞི་ནི། དེའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའོ། །དམ་པའི་ཆོས་ ཡོངས་སུ་བཟུང་བ་ནི་དེའི་ཐབས་ལ་མཁས་པ་འཛིན་པར་བྱེད་པའོ། །འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་བྱ་བ་ནི། དེའི་འཕྲིན་ལས་ ཡོངས་སུ་སྒྲུབ་པ་སྟེ། དེ་ལྟར་ན་རྩ་བའི་ལྟུང་བ་བཅུ་བཞི་པོ་འདི་དག་གིས་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་ཡན་ལག་ཏུ་གྱུར་པའོ། །གཞན་ཡང་དཔལ་མཆོག་དང་པོ་ལས། ལྷ་ཐུན་མོང་གི་སྡོམ་པའི་དབང་དུ་གསུངས་པ། རྩ་བའི་ལྟུང་བར་གྱུར་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་ཡན་ལག་ཏུ་གྱུར་པ། །དམ་ཚིག་བདུན་གསུངས་སྟེ་འདི་ལྟར། །དམ་ཚིག་སྡོམ་པ་ཐུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །གང་ནི་བསྐྱེད་པ་ཙམ་གྱིས་སུ། །སངས་རྒྱས་ཉིད་དུ་དོགས་པ་མེད། །དམ་པའི་ཆོས་ནི་མི་སྨད་ཅིང་། །ནམ་ཡང་གཏང་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ཀྱང་མ་གདུངས་ཤིང་། ཅི་བདེར་བར་ནི་བདེ་བར་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་སྨོད་པས་ན། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོ་རྣམས་ཀྱིས་འཚེ་བ་དང་། །གདོན་དང་ལོག་འདྲེན་གདུག་པོ་ཡིས། །བསད་ནས་སེམས་དམྱལ་ལྟུང་བར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བར་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །རྟག་ཏུ་བདག་གིས་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་སྦྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་དག་གིས། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ཡང་འདི་ལྟར་བདེ་བར་གཤེགས་པའི་བཀའ་བཞིན་བསྲུང་བ་དང་། རྟག་ཏུ་དམ་ཚིག་བསྲུང་བར་གསུངས་པ་ནི་སྤྱིར་བསྟན་པ་སྟེ། བྱེ་བྲག་ཏུ་གསུངས་པ་ནི། བྱང་ཆུབ་ཀྱི་སེམས་མི་གཏང་བ་དང་། དེའི་ཕྱག་རྒྱ་མི་སྤང་བ་དང་། དེའི་ཐབས་ལ་མཁས་པ་འཛིན་པ་དམ་པའི་ཆོས་མི་སྤང་བ་དང་། དེ་གཞན་གྱི་རྒྱུད་ལ་ཆུད་མི་གསན་པའི་མཚན་ཉིད་མི་ཤེས་པ་དང་། རྨོངས་པས་ཚུལ་ཆེན་མི་བསྟན་པ་དང་། དེ་བདག་གི་རྒྱུད་ལ་ཆུད་མི་གསན་པའི་མཚན་ཉིད། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན། རང་གི་ལྷའི་བདག་ཉིད་དུ་གནས་པར་བྱ་བ་སྤངས་ཏེ། དཀའ་ཐུབ་ཀྱིས་གདུང་བར་མི་བྱ་བ་དང་། དེ་སྦྱིན་པར་བྱེད་པ་རྡོ་རྗེ་སློབ་དཔོན་ལ་བརྙས་པར་མི་བྱ་བ་སྟེ། དེ་ལྟར་བྱ་བ་མ་ཡིན་པ་རྣམ་པ་དྲུག་སྤང་བ་དང་། རྟག་ཏུ་བྱ་བ་གསུམ་བསྟན་པ་སྟེ་དེ་ལྟར་རྣམ་པ་བདུན་དུ་གྲགས་སོ། །གཞན་ཡང་མདོར་བསྡུས་ན་བྱང་ཆུབ་སེམས་ཀྱི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འབའ་ཞིག་བསྒོམས་པས་ཀྱང་དམ་ཚིག་ཐམས་ཅད་འདུས་པར་གསུངས་ཏེ་རྒྱུད་དེ་ཉིད་ལས་འདི་ལྟར། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྲིད་པ་རྣམ་པར་དག་པའི་ཐབས་ཀྱི་མཆོག་རྟོག་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་དམ་ཚིག་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །དཔལ་ཏ་ཏྭ་སང་གྲ་ཧ་ལས་ནི། བསྲུང་བའི་དམ་ཚིག་མང་དུ་མ་གསུངས་ཏེ། དེར་ཡང་བྱང་ཆུབ་ཀྱི་སེམས་སྒྲུབ་པ་གཙོ་བོར་བསྟན་ནས་ལྷ་ཁྱད་པར་གྱི་དམ་ཚིག་གི་དབང་དུ་བྱས་ཏེ་དམ་ཚིག་རྣམ་པ་ལྔ་ཞིག་གསུངས་སོ། །གང་གི་ཕྱིར་རྒྱུད་དེར་ནི་ལྷ་རྣམ་པ་ལྔ་གསུངས་པའི་ཕྱིར་ཏེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་དང་། དེ་དག་གི་རིགས་དང་། རྡོ་རྗེ་དང་། པད་མ་དང་། རིན་པོ་ཆེ་ལས་བྱུང་བའི་རིགས་ཏེ། དེ་ལྟར་ལྷ་རྣམ་པ་ལྔར་གྲགས་ཏེ། རྒྱུད་དེར་ནི་འདུལ་བའི་དབང་གིས་ལས་ཀྱི་རིགས་གུད་དུ་མ་བསྟན་ཏེ། བྱེད་པ་པོ་དང་ལས་ཐ་མི་དད་པར་དགོངས་པའི་ཕྱིར་རོ། །ཞེས་གྲགས་སོ། །དེའི་དབང་གི་དཀྱིལ་འཁོར་ཆེན་པོ་དང་། དམ་ཚིག་ དང་། ཆོས་དང་། ལས་ཀྱི་དཀྱིལ་འཁོར་ཆེན་པོ་བཞིར་གྲགས་པ་དང་། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཡང་སྐུ་དང་གསུང་དང་ཐུགས་དང་སྤྱོད་པ་རྣམས་མཚན་མར་གྱུར་པ་གོ་རིམས་བཞིན་དུ། ཕྱག་རྒྱ་ཆེན་པོ་དང་དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་དང་བཞིར་ཡང་བཤད་དོ། །གཞན་ཡང་ལྷ་རྣམས་ཀྱི་སྐུའི་ཚུལ་ཡང་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་གཟུགས་སུ་བཞུགས་པར་གྲགས་ཏེ། དེ་བས་ན་ལྷ་རྣམ་པ་ལྔའི་བྱེ་བྲག་གིས་དམ་ཚིག་རྣམ་པ་ལྔར་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་ནི་འདི་སྐད་དུ། གང་དག་འདོད་ཆགས་སྙོམས་འཇུག་པ། །དེ་ནི་འདོད་ཆགས་ཉིད་ཀྱིས་སྦྱང་། །འདི་ནི་སངས་རྒྱས་ཕྱག་རྒྱ་ཆེ། །ཡེ་ཤེས་དམ་ཚིག་ཡིན་པར་བཤད། །ཅེས་གསུངས་ཏེ། འདི་ཡི་དོན་ཡང་སློབ་དཔོན་སངས་རྒྱས་གསང་བའི་ཞལ་སྔ་ནས། རྒྱུད་ཀྱི་དོན་ལ་འཇུག་པའི་སྒྲུབ་ཐབས་མཛད་པ་ལས། འདོད་ཆགས་ལ་སྙོམས་པར་འཇུག་པ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་གོམས་པར་འཇུག་པ་ཉིད་ལ་བྱའོ། །འདོད་ཆགས་ཀྱིས་སྦྱང་ཞེས་བྱ་བ་འདིས་ཀྱང་། བྱང་ཆུབ་ཀྱི་སེམས་གོམས་པར་བྱེད་ཅིང་རྗེས་སུ་ཆགས་པས་བདག་ཉིད་དེ་བཞིན་གཤེགས་པའི་སྐུར་སྒྲུབ་པ་དང་། སེམས་ཅན་སྨིན་པར་བྱ་བ་དང་གྲོལ་བར་བྱ་བ་ལ་ཆགས་པ་དང་ནན་ཏན་བྱའོ། །ཞེས་བསྟན་པའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ཀྱང་འདི་ལྟར། འདོད་ལ་སྐྱོ་བར་མི་བྱ་བ། །དམ་ཚིག་ཤིན་ཏུ་ཚུལ་ཆེན་ཏེ། །དེ་བཞིན་གཤེགས་པའི་རིགས་དག་ལ། །རྒྱལ་བ་རྣམས་ཀྱང་འདའ་མི་མཛད། །ཅེས་གསུངས་ཏེ། འདོད་པ་ཞེས་བྱ་བའི་སྒྲ་ཡང་འདིར་བྱང་ཆུབ་ཀྱི་སེམས་ཉིད་བརྟན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་ཉིད་ལ་བྱ་སྟེ། འདོད་ཅིང་མངོན་པར་དད་པར་བྱ་བ་ཡིན་པས་འདོད་པ་ཞེས་བཤད་དོ། །དེ་ བས་ན་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བདག་གི་རྣམ་པར་གྲོལ་བ་ལ་རྗེས་སུ་ཞེན་པ། རང་གི་ལྷའི་ཏིང་ངེ་འཛིན་ལ་སྐྱོ་བར་མི་བྱ་སྟེ། ཉིན་མཚན་དུ་ཅི་ནུས་པར་ངལ་གསོ་ཞིང་དེར་བསམ་པ་ལ་བརྟན་པར་བྱའོ། །ཞེས་བཤད་དོ། །རྡོ་རྗེ་རིགས་ཀྱི་དམ་ཚིག་འདི་ལྟར། སེམས་ཅན་དོན་ཕྱིར་མི་ཁྲོ་བའང་། །ཁྲོ་བོ་ཆེན་པོ་རབ་སྟོན་པ། །འདི་ནི་རྡོ་རྗེ་རིགས་ཆེན་གྱི། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་གསུངས་ཏེ། ཁྲོ་བོ་ཆེན་པོའང་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡིན་པར་བསྟན་ཏོ། །པད་མའི་རིགས་ཀྱི་དམ་ཚིག་ནི། རང་བཞིན་དག་པར་ཤེས་ནས་ནི། །དགོས་པ་དེ་དང་དེ་དག་བྱེད། །འདི་ནི་པད་མའི་རིགས་ཆེན་གྱི། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་སོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་ནི། ཉུང་བའམ་ཡང་ན་མང་ཡང་རུང་། །ཇི་ལྟར་འདོད་པ་བཞིན་དུ་ནི། །སྦྱིན་པ་ཉིན་གཅིག་བཞིན་དུ་ཡང་། །བྱ་བ་འདི་ནི་དམ་ཚིག་གོ །ཞེས་གསུངས་ཏེ། འདི་དག་རིགས་སོ་སོའི་དམ་ཚིག་ཏུ་གསུངས་ཀྱང་རིགས་གཞན་གང་ཡང་རུང་བ་ཟློས་པས་ཀྱང་རྣམ་པ་ལྔ་ཆར་བསྲུང་དགོས་ཏེ། དེ་བས་ན་རྣལ་འབྱོར་བ་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་ཀྱང་། སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམ་པར་སྦྱང་བའི་ཐབས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་ཉིད་འདོད་པའི་ཡོན་ཏན་རྣམས་ལ་ཤིན་ཏུ་བརྟན་པར་རྗེས་སུ་ཆགས་པར་བྱའི། ཉན་ཐོས་ལྟར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གཞོལ་བས། རྣམ་པ་ཐམས་ཅད་དུ་གཟུགས་ལ་སོགས་པའི་ཕུང་པོ་ལ་སྐྱོ་བ་སྐྱེད་པར་མི་བྱའོ། །དེ་བཞིན་དུ་གདུག་པའི་སྐྱེ་བོ་དག་དང་གཞན་ལ་གནོད་པ་སྦྱོར་ཞིང་ངན་པར་སྤྱོད་པ་རྣམས་ལ་རབ་ཏུ་བསྡིག་པར་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་ཡིད་དུ་བྱའོ། །ལས་ཐམས་ཅད་ལ་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དག་པར་བལྟས་ནས་མ་ཆགས་པར་བྱའོ། །ཐབས་ཀྱིས་ནི་ཀུན་རྫོབ་ཀྱི་བདེན་པ་ལ་མོས་པས་འགྲོ་བ་མ་ལུས་པའི་དོན་བྱ་བ་དང་། དེ་སྒྲུབ་པ་ལ་ཆགས་པར་བྱའོ། །བདག་ལ་སྦྱིན་པར་བྱ་བའི་དངོས་པོ་མང་དུ་མི་བདོག་གོ །ཞེས་ཉིན་རེ་ཞིང་སྦྱིན་པའི་བར་ཆད་མི་བྱའོ། །ཅི་ནུས་པར་ཆུང་ངམ་ངན་ཀྱང་བླའི། སྦྱིན་པ་སྦྱིན་པར་བྱ་སྟེ། ཡོང་ཡེ་དེས་འདི་ལས་འདའ་བར་མི་བྱའོ། །དེ་བས་ན་གང་ཡང་རུང་བའི་རིགས་ལ་རང་གི་ལྷ་མཉེས་པར་བྱེད་པས་ཀྱང་། རིགས་ཀྱི་རྗེས་སུ་མཐུན་པར་བསྟན་པའི་དམ་ཚིག་གི་བྱེ་བྲག་འདི་དག་ཐམས་ཅད་ཀྱང་ཅི་ནུས་པར་རྗེས་སུ་འཇུག་པར་བྱའོ་ཞེས་གསུངས་ཏེ། ཇི་སྐད་སྨོས་པ་འདི་རྣམས་ནི། རྣལ་འབྱོར་རྒྱུད་ཀྱི་རྩ་བའི་དམ་ཚིག་ཅེས་བྱ་བ་དང་། རྩ་བའི་ལྟུང་བ་ཞེས་བྱ་བར་གྲགས་པ་སྟེ། གང་ཟག་གི་དབང་གིས་ནི་སྤྱིའི་དམ་ཚིག་ཏུ་འགྱུར་རོ། །ཡན་ལག་གི་དམ་ཚིག་རྣམས་ཀྱང་བྱ་བའི་རྒྱུད་དུ་ཇི་སྐད་དུ་གྲགས་པ་རྣམས་ལས་ཅི་རིགས་སུ་བླང་བར་བྱའོ། །ཁྱད་པར་གྱི་དམ་ཚིག་རྣམས་ལས། གང་ཟག་ཁྱད་པར་གྱི་དམ་ཚིག་ནི་བྱ་བའི་རྒྱུད་དུ་བསྟན་པ་ལས་ཤེས་པར་བྱའོ། །ལྷ་ཁྱད་པར་གྱི་དམ་ཚིག་ནི། གོང་དུ་བསྟན་པའི་རྡོ་རྗེ་རྩེ་མོ་ལས་གསུངས་པ། རིགས་ལྔ་ལས་རྩ་བའི་ལྟུང་བ་བཅུ་བཞིར་གྲགས་པ་དང་། ཏ་ཏྭ་སཾ་གྲ་ཧ་ལས་རིགས་བཞི་ལྷ་ལྔའི་བྱེ་བྲག་གིས་དམ་ཚིག་རྣམ་པ་ལྔར་གྲགས་པ་ཉིད་ཡིན་ཏེ། འདི་རྣམས་ཟློས་པ་པོ་ཀུན་གྱིས་བསྲུང་བར་བྱ་བ་ཡིན་ཡང་ལྷ་གང་སྒྲུབ་པ་དེའི་དམ་ཚིག་དེ་ཉིད་གཙོ་བོར་བྱ་དགོས་ཏེ། ཁྱད་པར་ནི་དེ་ཡོད་པར་གསུངས་སོ། །གཞུང་ཁྱད་པར་གྱི་དམ་ཚིག་ནི། ཇི་སྐད་དུ་བྱ་བའི་རྒྱུད་དུ་གྲགས་པའི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་བྱེ་བྲག་འདི་ལྟར། དུས་གསུམ་དུ་ཁྲུས་བྱ་བ་དང་། གོས་གཙང་མ་གསུམ་བརྗེ་བ་དང་། རྟག་ཏུ་བགེགས་བསྲུང་བ་དང་། བསྙུང་བ་ལ་གནས་པ་དང་། ཁ་ཟས་མི་རུང་བ་དང་འབགས་པ་ལ་སོགས་པ་མཚན་མའི་རྣམ་པར་རྟོག་པ་མང་དུ་བཤད་པ་རྣམས་ལ་རྣལ་འབྱོར་དང་མཐུན་པ་དང་ཁ་ན་མ་ཐོ་བར་གྱུར་པ་སྤང་བ་རྣམས་ནི་དེ་བཞིན་དུ་བྱ་བ་ཡིན་ལ། རྣལ་འབྱོར་གྱི་བགེགས་སུ་འགྱུར་ཞིང་བགེགས་ལ་སོགས་པ་ཉོན་མོངས་པའི་རྒྱུར་འགྱུར་བ། བཅས་པའི་ཁ་ན་མ་ཐོ་བ་ཁ་ཅིག་ནི་ལྷག་པར་བསྟེན་མི་དགོས་སྟེ། མཐའ་གཉིས་ལས་གྲོལ་བར་སྤྱད་པ་དང་། གཞན་ཡང་ཁྲུས་ལ་སོགས་པ་དེ་དག་ཉིད་ལ་ཡང་ཟབ་པ་དང་རྒྱ་ཆེ་བའི་སྤྱོད་པས་འཕགས་པར་བྱ་བར་གསུངས་སོ། །དེ་ལ་ཇི་ལྟར་འཕགས་པ་བསྟན་ཅེ་ན། འདི་ལྟར་བྱ་བའི་རྒྱུད་དུ་དུས་གསུམ་དུ་ཁྲུས་བྱ་བའི་ཆོ་ག་གསུངས་པ་ལས། རྣལ་འབྱོར་གྱི་རྒྱུད་དུ་དེ་ལས་ཟབ་པ་དང་རྒྱ་ཆེ་བའི་ཁྲུས་ཀྱི་ཆོ་ག་གསུངས་པ། རྡོ་རྗེ་རྩེ་མོ་ལས། ཉིན་རེ་བཞིན་ནི་ཅི་ནུས་པར། །ཁྲུས་བཞི་རབ་ཏུ་སྦྱར་བར་བྱ། །རྣལ་འབྱོར་ཇི་ལྟ་འཁྲུ་བ་དག །གོ་རིམ་བཞིན་དུ་བཤད་པར་བྱ། །སྡོམ་པ་གསུམ་ལ་གནས་པ་ནི། །དང་པོའི་ཁྲུས་སུ་བཤད་པ་ཡིན། །གཉིས་པ་ཡི་ནི་ཁྲུས་བཤད་པ། །བཤགས་དང་གསོལ་བ་ལ་སོགས་པའོ། །ཕྱག་རྒྱ་དགྲོལ་བ་གསུམ་པའོ། །བཞི་པ་ཆུ་སྟེ་ཕྱི་མའོ། །ཁྲུས་ཀྱི་ཆོ་ག་འདི་རྣམས་ཀྱིས། །མཁས་པ་རྣམས་ནི་དེ་བཞིན་བཀྲུ། །ཞེས་གསུངས་སོ། །དེ་བཞིན་དུ་དུས་གསུམ་དུ་གོས་གཙང་མ་གསུམ་བརྗེ་བར་གསུངས་པ་ལའང་། རྣལ་འབྱོར་གྱི་ཚུལ་ལས་གོས་བརྗེ་བར་གསུངས་པ་ནི། དེ་ཉིད་ལས། སྒྲུབ་པ་པོ་ཡི་ཆོ་ག་ལ། །གོས་གསུམ་དག་ཀྱང་བརྗེ་བར་བྱ། །དང་པོའི་གོས་སུ་བཤད་པ་ནི། །སྡོམ་པ་རྣམ་ལ་གནས་པ་དང་། །སྒྲུབ་པའི་ཆོ་ག་དག་པའོ། །གཉིས་པ་ཁྲེལ་ཡོད་ངོ་ཚ་ཤེས། །གསུམ་པ་ཐུབ་པའི་གོས་རྣམས་ཏེ། །གོས་གསུམ་དུ་ནི་ཡོངས་སུ་བསྒྲགས། །ཞེས་གསུངས་སོ། །རྟག་ཏུ་བགེགས་བསྲུང་ཞེས་གསུངས་པའང་འདིར་ཕྱག་རྒྱའི་རྣལ་འབྱོར་ཉིད་རྟག་ཏུ་བསྲུང་བ་ཆེན་པོ་སྟེ། དེ་ལ་བགེགས་མེད་པར་རྟོགས་པས་བསྲུང་བ་ཡིན་པར་གསུངས་ཏེ། དེ་ཉིད་ལས། ཉི་མ་རེ་རེ་རབ་བསྡམས་ཤིང་། །བསྲུང་བའི་ཆོ་ག་བྱས་པ་ལ། །བགེགས་ནི་མེད་ཀྱི་མ་འཇིགས་ཤིག །སེམས་ནི་རབ་ཏུ་གདུལ་དཀའ་འདི། །བགེགས་ནི་ཅུང་ཟད་མེད་སྙམ་པས། །སེམས་ནི་དག་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །གཞན་ཡང་ཁ་ན་མ་ཐོ་བ་ཆུང་ལ་རྣལ་འབྱོར་ལ་གནོད་པ་རྣམས་ཆེད་དུ་བསྟེན་པ་མ་ཡིན་པར་གསུངས་ཏེ་འདི་སྐད་དུ། དཀའ་ཐུབ་ཀྱིས་ནི་ལུས་གདུངས་པས། །རྣལ་འབྱོར་རྟོགས་པར་མི་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་གཞུང་ཁྱད་པར་གྱི་དམ་ཚིག་གོ །རིགས་པ་འདིས་ནང་གི་གཞུང་ཅི་རིགས་སུ་སྦྱར་བ་རྣམས་ཀྱང་ཤེས་པར་བྱའོ། །ལྷག་པའི་དམ་ཚིག་རྣམས་ཀྱང་ཇི་སྐད་དུ་བསྟན་པ་ལས་ཅི་རིགས་སུ་སྦྱར་རོ། །གཞན་ཡང་བསྲུང་བའི་དམ་ཚིག་དང་། །སྤྱད་པར་བྱ་བའི་དམ་ཚིག་དང་། །སྒྲུབ་པའི་དམ་ཚིག་སྟེ། རྣམ་པ་གསུམ་དུ་ཡང་འདུས་པར་ཤེས་པར་བྱའོ། །དེ་ལ་བསྲུང་བའི་དམ་ཚིག་ནི་ཕལ་ཆེར་བྱ་བ་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་ཇི་སྐད་དུ་བསྟན་པ་དེ་དག་ཉིད་དོ། །ལྷ་དང་སྔགས་དང་ཕྱག་རྒྱ་མི་སྤང་བའང་སྨད་པར་མི་བྱ་བའི་ཕྱོགས་ནས་ནི་བསྲུང་བའི་དམ་ཚིག་གོ །སྤྱད་པར་བྱ་བའི་དམ་ཚིག་ནི་གོང་དུ་བསྟན་པ་བཞིན་དུ་དོན་ཆེན་པོའི་ཕྱིར་སྤྱད་པར་བྱ་བ་རྣམས་ཏེ། འདི་ལྟར་ཐེག་པ་ཆེན་པོའི་སྡོམ་པ་འཇིག་པར་བྱེད་པ་ནི་སྡང་སེམས་ཡིན་པ་འཛིན་པ་ནི་བཟོད་པ་ཡིན་མོད་ཀྱི། ཁ་ཅིག་ཏུ་བཟོད་པར་གྱུར་ན་ཉམས་པར་འགྱུར་བ་ཡང་ཡོད་དེ། དེ་ཡང་ངན་སོང་སྦྱོང་བ་ལས། དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །བླ་མ་སྨོད་བྱེད་མ་རུང་བ། །དམ་ཚིག་ལས་ནི་འདའ་བ་དང་། །དེ་ལ་སོགས་པ་བྱེད་ལྡན་པ། །དེ་བཞིན་བཟོད་པར་མི་བྱའོ། །ཞེས་གསུངས་སོ། །དེ་བཞིན་དུ་རྩ་བ་བཞིའི་བསྲུང་བ་ཡང་སྐབས་ཁ་ཅིག་ཏུ་སྤྱད་པར་གསུངས་ཏེ། དེ་ཉིད་ལས། གླེན་པས་དཀོན་མཆོག་གསུམ་སོགས་དང་། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མ་ལ་སྨོད་བརྩོན་བྱེད་རྣམས། །མཁས་པས་བསྒྲིམས་ཏེ་བསྒྲུབ་པར་བྱ། །ཆོས་མིན་ལྡན་སྡིག་སྤྱོད་པ་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་དང་། །དམ་ཚིག་སྡང་རྣམས་སྙིང་བརྩེ་བའི། །སྔགས་མཁན་གྱིས་ནི་སྔགས་ཀྱིས་སྒྲུབ། །འཇུང་པ་རྣམས་ཀྱི་ནོར་བླང་ལ། །སེམས་ཅན་འཕོངས་ལ་སྦྱིན་པར་བྱ། །བླ་མ་ལ་ནི་མཆོད་པ་དང་། །དེ་ལྟར་དམ་ཚིག་སྒྲུབ་པ་དང་། །དཀྱིལ་འཁོར་ཕྱིར་དང་དམ་ཚིག་ཅན། །ཕན་ཕྱིར་རྒྱལ་བའི་སྲས་རྣམས་ལ། །མཆོད་ཕྱིར་མི་ཡི་དབང་པོའམ། །ཕྱུག་པོ་རྣམས་ཀྱི་ནོར་དབྲོག་གོ །སེམས་ཅན་རྣམས་ལ་ཕན་སྤྱོད་པས། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སྲོག་ཆགས་སྲོག་ནི་བསྲུང་བའི་ཕྱིར། །རྫུན་དུ་ཡང་ནི་སྨྲ་བར་བྱ། །སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ཀྱང་བསྲུང་བ་དང་། །སྔགས་རིགས་པས་ནི་སྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །རྡོ་རྗེ་སེམས་དཔའི་གནས་འདུག་ན། །ཐམས་ཅད་སྤྱད་ཅིང་ཀུན་ཟོས་ཀྱང་། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེ་ལྡན་པས་སྨོས་ཅི་དགོས། །ཞེས་གསུངས་ཏེ། དེ་འདི་ལྟ་བུའི་དོན་ཆེན་པོ་ལ་དངོས་གཞིའི་ཁ་ན་མ་ཐོ་བར་གྲགས་པ་རྣམས་ཀྱང་སྤྱད་པར་བྱ་བར་གསུངས་པ་རྣམས་སོ། །སྒྲུབ་པའི་དམ་ཚིག་ནི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་རྟག་ཏུ་ཉམས་སུ་བླངས་ཏེ་སྒྲུབ་པར་བྱ་བ་སྟེ། དེ་ཡང་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་སྟོང་ཕྲག་བརྒྱ་པ་ལས། སྐུ་དང་གསུང་དང་ཐུགས་གསང་བ། །མཁས་པ་ཡིས་ནི་བསྲུང་བར་བྱ། །བསྲུང་ན་བསོད་ནམས་ཆེན་པོ་ནི། །ཐམས་ཅད་ཀུན་དུ་སྐྱེ་བར་འགྱུར། །གང་དག་དུ་མ་རྒྱ་ཆེན་པོ། །ཁ་དོག་དང་ནི་དབྱིབས་དང་གདན། །ཕྱག་རྒྱ་བསྐྱོད་སོགས་གཟུགས་འདི་ནི། །སྐུ་ཡི་གསང་བར་རིག་པར་བྱ། །རྡོ་རྗེ་ཚིག་གི་སྦྱོར་བ་ཡིས། །སྨྲ་བ་ཆོས་ཀྱི་ཕྱག་རྒྱ་སྟེ། །འདི་ནི་གསལ་བར་གསུང་གསང་བར། །རྡོ་རྗེའི་ཚིག་ནི་སྒྲ་མེད་པའོ། །རང་གི་སེམས་ནི་རབ་རྟོགས་པས། །ཟླ་བ་ལ་ནི་རྡོ་རྗེ་སྒོམ། །རྣམ་གསུམ་གཅིག་ཏུ་བསྒོམ་པ་ནི། །ཐུགས་ཀྱི་གསང་བ་འདི་ཞེས་བྱ། །དེ་དག་དེ་ཉིད་མཆོག་ཆེན་པོ། །རྟག་ཏུ་ཡང་དང་ཡང་བསྒོམས་ན། །གསུམ་གྱི་སྦྱོར་བས་འགྲུབ་འགྱུར་ཏེ། །གཞན་དུ་མ་ཡིན་ཀུན་མཁྱེན་གསུངས། །གསང་བ་གསུམ་གྱི་ཆོ་ག་ཡིས། །ཕྱག་རྒྱ་ཐམས་ཅད་ཤིན་ཏུ་བསྡུས། །དེ་བས་རྣམ་པ་ཐམས་ཅད་དུ། །གསང་བ་རྣམས་གསུམ་རྣམ་པར་སྦ། །རྡོ་རྗེ་ཆེན་པོ་མཆོག་འཛིན་པ། །མགོན་པོ་ཆེན་པོས་བྱིན་བརླབས་པ། །བློ་ངན་གང་ཞིག་འདའ་བ་ནི། །རྡོ་རྗེ་འཛིན་པས་མོད་ལ་སྤོང་། །སྤངས་པའི་སེམས་ཅན་ཆེན་པོ་དེ། །ངན་སོང་གསུམ་དུ་ཡང་དང་ཡང་། །ཇི་སྲིད་འཁོར་བའི་སྤྱོད་ཡུལ་དུ། །ཤིན་ཏུ་མི་བཟད་ཆོ་ངེས་འདེབས། །ཞེས་གསུངས་ཏེ། འདི་ལྟར་ཐར་པ་དང་དངོས་གྲུབ་ཆེན་པོ་རྣམས་སྒྲུབ་པའི་ཐབས་ཀྱི་ཕྱག་རྒྱ་རྟག་ཏུ་བསྒོམ་ཞིང་བསྒྲུབ་པར་བྱ་བ་རྣམས་སོ། །འདི་དག་ནི་མདོར་བསྡུས་ཏེ་བསྟན་པའོ། །གཞན་ཡང་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད་ཆོ་ག་ཞིབ་མོ་བསྟན་པ་རྣམས་ཅུང་ཟད་བསྟན་པར་བྱ་སྟེ། དེ་ཡང་ངན་སོང་སྦྱོང་བ་ལས་རྩ་བའི་དཀྱིལ་འཁོར་གྱི་སྐབས་ནས་གསུངས་པ། སྡིག་ལ་སོགས་པ་གང་ཡིན་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་སྙིང་པོ་དང་། །དེ་ཡི་གྲིབ་མ་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ཏེ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལ་སོགས་བྱ་བ་མིན། །མུ་སྟེགས་ཅན་རྣམས་སྨད་མི་བྱ། །མདོར་ན་ཡིད་གཉིས་སོམ་ཉི་ཐེ་ཚོམ་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་གསུངས་སོ། །གཞན་ཡང་དེ་ཉིད་ལས། འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕྱག་རྒྱ་ཡི་གེ་མཚན་མ་རྣམས། །གོམ་པས་བགོམ་པར་མི་བྱའོ། །ཞེས་གསུངས་སོ། །རྡོ་རྗེ་རྩེ་མོ་ལས་ནི། ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་ཡང་ནི་རྣམ་པ་བཞི། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །རྟག་ཏུ་སྤང་ཞིང་བསྲུང་བར་བྱ། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་ཕྱིར་ཕྱོགས་མིན། །འཁོར་བ་གཏང་བར་མི་བྱ་ཞིང་། །རྟག་ཏུ་མྱ་ངན་འདས་དགའ་མིན། །ལྷ་དག་དང་ནི་གསང་བ་པ། །དེ་རྣམས་སྨད་པར་མི་བྱའོ། །བཞོན་པ་མཚོན་ཆ་ཕྱག་རྒྱ་དང་། །མཚན་མ་བགོམ་པར་མི་བྱའོ། །དམ་ཚིག་ཅེས་བྱར་བཤད་པ་འདི། །བློ་ལྡན་ཁྱོད་ཀྱིས་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཅེས་གསུངས་སོ། །ཡང་དེ་ཉིད་ལས། ཇི་ལྟར་དུས་གསུམ་གཤེགས་དེ་བཞིན། །བྱང་ཆུབ་དུ་ནི་སེམས་བསྐྱེད་ནས། །དཀོན་མཆོག་གསུམ་ལ་དད་བྱས་ཏེ། །ཐེ་ཚོམ་མེད་པར་བྱེད་པའི་མཆོག །ཁྱིམ་པ་དང་ནི་རབ་ཏུ་བྱུང་། །ཕྱོགས་ནི་གཉིས་པོ་འདི་བསྒྲུབ་བྱ། །ཇི་ལྟར་འོས་ཤིང་མཚམ་པ་རུ། །གོ་རིམ་བཞིན་དུ་རབ་བཤད་བྱ། །བྱང་ཆུབ་སེམས་འཛིན་གྱུར་ནས་ནི། །ལྷ་གཞན་ལ་ནི་མི་མོས་པར། །དཀོན་མཆོག་གསུམ་ལ་དད་པ་དང་། །དེ་ལ་གཞོལ་ཞིང་འབད་པ་ཡིས། །གསོད་དང་རྐུ་དང་འཁྲིག་པ་དང་། །རྫུན་དང་ཆང་ནི་རྣམ་པར་སྤང་། །ཁྱིམ་པའི་ཚུལ་དུ་གནས་ནས་ཀྱང་། །རིག་སྔགས་རྒྱལ་པོ་རྟག་ཏུ་སྒྲུབ། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །ཟླ་བའམ་ཡང་ན་ལོ་རེའམ། །དེ་བཞིན་ཡང་ན་ལོ་གཅིག་ཏུ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྔོན་དུ་རིག་པའི་བརྟུལ་ཞུགས་བྱ། །ཉིན་རེ་བཞིན་ནི་ཅི་ནུས་པར། །ཐུན་གསུམ་དུ་ནི་ཆོ་ག་སྒྲུབ། །རྟོག་པ་འདི་ནི་ཐུན་བཞི་རུ། །ཇི་ལྟར་འོས་ཤིང་ མཚམས་པར་ནི། །སྡིག་པ་ཐམས་ཅད་བཤགས་པར་བྱ། །བསོད་ནམས་ ཀུན་ལ་རྗེས་ཡི་རང་། །སངས་རྒྱས་ཀུན་ལ་གསོལ་བ་གདབ། །དེ་ཡི་བསོད་ནམས་བྱང་ཆུབ་བསྔོ། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་གྱི། །སངས་རྒྱས་བླ་མེད་ཐམས་ཅད་ལ། །གསོལ་བ་གདབ་ཅིང་རབ་བཏུད་ནས། །ཞབས་ལ་མཉམ་བཞག་ཕྱག་བྱའོ། །སྦྱིན་པ་རྣམ་བཞི་སྦྱོར་བ་ཡིས། །ཅི་ནུས་པས་ནི་མཁས་པས་དབུལ། །གཙང་ཞིང་གོས་ཀྱང་གཙང་བ་དང་། །གཙང་མའི་གྲོགས་དང་ལྷན་གཅིག་ཏུ། །རྡོ་རྗེ་སྡོམ་པ་བསྡམ་པ་ནི། །བསླབ་པའི་ཚིག་ནི་ཡང་དག་བླངས། །དཀོན་མཆོག་བཞི་ཡི་སྦྱོར་བ་དང་། །ཕྱག་རྒྱ་དེ་ལ་གཞོལ་བར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སློབ་དཔོན་ཡང་ནི་ཕྱི་མའོ། །ཉིན་རེ་བཞིན་ནི་ཅི་ནུས་པར། །ཁྲུས་བཞི་རབ་ཏུ་སྤྱད་པར་བྱ། །རྣལ་འབྱོར་ཇི་ལྟར་འཁྲུ་བ་དག །གོ་རིམས་བཞིན་དུ་བཤད་པར་བྱ། །སྡོམ་པ་གསུམ་ལ་གནས་པ་ནི། །དང་པོའི་ཁྲུས་སུ་བཤད་པ་ཡིན། །གཉིས་པ་ཡི་ནི་ཁྲུས་བཤད་པ། །བཤགས་དང་གསོལ་བ་གདབ་པ་ལ། །ཕྱག་རྒྱ་དགྲོལ་བ་ གསུམ་པའོ། །བཞི་བ་ཆུ་སྟེ་ཕྱི་མའོ། །ཁྲུས་ཀྱི་ཆོ་ག་འདི་རྣམ་ཀྱིས། །མཁས་པ་རྣམས་ནི་དེ་བཞིན་བཀྲུ། །སྒྲུབ་པ་པོ་ཡི་ཆོ་ག་ལ། །གོས་གསུམ་དག་ཀྱང་བརྗེ་བར་བྱ། །དང་པོའི་གོས་སུ་བཤད་པ་ནི། །སྡོམ་པ་རྣམས་ལ་གནས་པ་དང་། །སྒྲུབ་པའི་ཆོ་ག་དག་པའོ། །གཉིས་པ་ཁྲེལ་ཡོད་ངོ་ཚ་ཤེས། །གསུམ་པ་ཐུབ་པའི་གོས་རྣམས་ཏེ། །གོས་གསུམ་དུ་ནི་ཡོངས་སུ་བསྒྲགས། །ཐམས་ཅད་བཟའ་དང་འདོད་པ་ནི། །ཁ་ན་མ་ཐོ་གང་མེད་པའོ། །ཤ་ཆང་སྒོག་པ་ལ་སོགས་པ། །མི་བཟའ་བ་རྣམས་སྤང་བར་བྱ། །དྲི་མི་ཞིམ་དང་མི་གཙང་བའི། །བཟའ་དང་བཏུང་བ་རྣམས་ཀྱང་སྤང་། །གཞན་ལ་གནོད་དང་ལྡན་པ་དག །སེམས་ཀྱིས་ཀྱང་ནི་མི་བྱའོ། །གཡེམས་པ་བདུན་གྱི་སྦྱོར་བ་རྣམས། །མི་སྡུག་སྒོམ་པས་ སྤང་བར་བྱ། །བསོད་ནམས་བྱེད་ལ་རྟག་ཏུ་བརྩོན། །ཐེག་པ་ཆེན་པོའི་དོན་སེམས་པ། །བྱང་ཆུབ་སེམས་དཔའི་ཚུལ་རྒྱ་ཆེ། །ཤེས་རབ་ཕ་རོལ་ཕྱིན་ལ་མཁས། །ཀློག་ཅིང་རྣམ་པར་སེམས་པ་དང་། །ཡང་དང་ཡང་དུ་གསོལ་བ་འདེབས། །དགྲ་དང་ཟིན་དང་ཐ་མལ་པ། །སེམས་སྙོམས་མི་འཇིགས་རབ་ཏུ་སྦྱིན། །ཞེ་སྡང་འཇོམས་པ་བསྒོམ་པ་ནི། །བྱམས་དང་དགའ་ལ་དེས་པ་ཅན། །ཆོས་དང་གང་ཟག་བདག་མེད་པ། །འདུས་བྱས་རྣམས་ཀྱང་འཁྲུལ་བ་ཙམ། །མངོན་སུམ་བློ་ཅན་བསྟན་པ་ནི། །འདུས་བྱས་རྣམས་ཀྱིས་མི་རྨོངས་སོ། །སྲོག་ལ་རྨན་པར་གྱུར་ན་ཡང་། །བྱང་ཆུབ་སེམས་ནི་མི་གཏང་ཞིང་། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ནམ་ཡང་གཏང་བར་མི་བྱའོ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བརྗོད་དོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་འདྲ། །སྦྱོར་བ་ལྷོད་པར་མ་གྱུར་པས། །གོ་ཆ་རབ་ཏུ་ བརྟན་པར་བགོས། །ཕ་རོལ་ཕྱིན་དྲུག་སྤྱད་པ་ཡང་། །རིམ་པ་བཞིན་དུ་སློབ་པར་བྱེད། །སེམས་ཅན་ཀུན་གྱི་དོན་དང་ལྡན། །བྱང་ཆུབ་སེམས་དཔའི་ཚུལ་ལ་ནི། །ཁ་ན་མ་ཐོ་རྡུལ་ཙམ་ལའང་། །སྲོག་ལ་ཡང་ནི་མི་བལྟ་བར། །རབ་ཏུ་བྱུང་དང་ཁྱིམ་པ་ཡི། །འདུ་འཛི་ཀུན་ཡང་རྣམ་པར་སྤང་། །བུ་དང་ཆུང་མ་དག་ལ་ཡང་། །སྲེད་པའི་བཅིངས་པ་དག་ལས་གྲོལ། །རྐམ་དང་ཆགས་དང་གདུག་པ་མེད། །རྨོངས་པ་དང་ནི་ལེ་ལོ་མེད། །བག་ཡོད་སྤྱོད་ཅིང་བརྩོན་འགྲུས་ཆེ། །རྣལ་འབྱོར་སྒྲུབ་པ་བསྒྲུབ་པར་བྱ། །ལྟ་བ་ཀུན་ལས་རྣམ་པར་གྲོལ། །ཡང་དག་ཉིད་ཀྱི་ལམ་སྟོན་པ། །དགོངས་པའི་ཚིག་ལ་རབ་ཏུ་མཁས། །དོན་ཤེས་དོན་ནི་ རྟོགས་པར་འགྱུར། །ཚུལ་དང་ཚུལ་མིན་ཆོ་ག་ཤེས། །དེ་ཉིད་རྣལ་འབྱོར་རབ་ཏུ་མཁས། །སེམས་ཅན་ཀུན་ལ་རབ་ཏུ་བྱམས། བྱང་ཆུབ་སྤྱོད་པའི་དོན་སེམས་པ། །འདི་འདྲའི་ཚུལ་འདི་བཟང་པོ་ལ། །དེ་ལྟ་བུ་ཡི་སྒྲུབ་པ་ཡིས། །གྲོལ་བ་དང་ནི་དངོས་གྲུབ་འཐོབ། །དངོས་གྲུབ་ཐམས་ཅད་དོགས་པ་མེད། །ཕྱོགས་དང་གོས་དང་ཟས་རྣམས་ལ། །འབགས་པ་ཐམས་ཅད་རྣམ་པར་སྤང་། །ལྷ་རྣམས་སྨད་པར་མི་བྱ་ཞིང་། །རྣམ་པ་ཡང་ནི་སྤང་བར་བྱ། །ཉི་མ་རེ་རེ་རབ་བསྡམས་ཤིང་། །བསྲུང་བའི་ཆོ་ག་བྱས་པ་ལ། །བགེགས་ནི་མེད་ཀྱིས་མ་འཇིགས་ཤིག །སེམས་ནི་རབ་ཏུ་གདུལ་དཀའ་འདི། །བགེགས་ནི་ཅུང་ཟད་མེད་མཉམ་པས། །སེམས་ནི་དག་པ་ཉིད་དུ་འགྱུར། །རང་གི་སེམས་ནི་བདུད་ཅེས་གསུངས། །རང་གི་སེམས་ནི་བགེགས་ཡིན་ནོ། །རྣམ་པར་རྟོག་པ་ཐམས་ཅད་སྤང་། །རྣམ་པར་རྟོག་ལས་བགེགས་ཀུན་འབྱུང་། །འདུལ་བའི་སེམས་ནི་རབ་བཟུང་ནས། །འདོད་པ་ལྔ་ནི་སྤང་བར་བྱ། །སྔོན་གྱི་རྗེས་དྲན་ནས་བརྩམས་ཏེ། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །འཇིག་རྟེན་ན་ནི་གང་ཟག་བཞི། །བསྐལ་པ་བརྒྱར་ནི་བརྩོན་བྱས་ཤིང་། །ཆོ་ག་བཞིན་དུ་ཀུན་སྤྱད་ཀྱང་། །དེ་དག་འགྲུབ་པར་ཡོངས་མི་འགྱུར། །བྱང་ཆུབ་སེམས་ནི་མ་བསྐྱེད་དང་། །ཐེ་ཚོམ་ཡོད་པ་ཉིད་དང་ནི། །གང་ཞིག་བཀའ་སྩལ་མི་བྱེད་དང་། །མ་དད་པས་ནི་མི་འགྲུབ་བོ། །ཕ་དང་མར་ནི་ཤེས་པ་དང་། །ཚངས་དང་དགེ་སློང་ལ་འབད་པ། །གཙང་ཞིང་ཞི་ལ་དུལ་བ་དང་། །བསྡམས་ཤིང་ཐར་པ་ལ་སེམས་པ། རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་སོགས་ཕྱིར་མིན། །གཞན་དུ་སེམས་ཅན་ཐམས་ཅད་ཕྱིར། །རྫོགས་པའི་བྱང་ཆུབ་ངེས་པར་བྱ། །དེ་བཞིན་ཁ་ཟས་ཚོད་ཤེས་ཤིང་། །མཚན་མོ་མི་ཉལ་བ་ལ་དགའ། །འདོད་ཆགས་ཞེ་སྡང་ལ་སོགས་བྱུང་། །རྣམ་པར་རྟོག་པ་མི་སེམས་ཤིང་། །སེམས་ནི་རབ་ཏུ་དད་གྱུར་ནས། །མི་གཡོ་བར་ནི་ངེས་པར་བྱས། །ལེགས་བཤད་ཤིན་ཏུ་རྣམ་ཕྱེ་བའི། །ཆོས་ཀྱི་དོན་ལ་མངོན་པར་དགའ། །སེམས་ཅན་གནོད་ལ་སོགས་པའི་རྒྱུ། །དྲག་ཤུལ་སྤྱོད་པའི་ལས་མི་བྱེད། སེམས་ཅན་གདུག་པ་ལ་སོགས་པའི། །ཉེས་པ་དག་ཀྱང་རབ་ཏུ་བཟོད། །རིག་སྔགས་མཚོན་དང་དེ་བཞིན་མཚན། །ལྷ་ཡི་བཅིངས་པ་རྣམས་དང་ནི། །དམན་མ་དང་ནི་ལྷ་ཡི་གྲིབ། །ལྷ་ཡི་མཚན་མ་ལ་སོགས་ཀུན། །བཟའ་བ་དག་ནི་སྣ་ཚོགས་པ། །མཚན་མའི་མཚན་ཉིད་བྱས་པ་རྣམས། །མི་འགོང་ཞིང་ནི་མི་བཟའ་སྟེ། །ནམ་ཡང་བརྫི་བར་མི་བྱའོ། །དཀོན་མཆོག་གསུམ་གྱི་དཀོར་དག་ནི། །ནམ་ཡང་སྤྱད་པར་མི་བྱའོ། །ཐ་ན་རྡུལ་གྱི་ལྷག་མ་ཡང་། །བདུག་སྤོས་དག་ཀྱང་མི་མནམ་མོ། །རི་བོའམ་ནི་ནགས་ཀྱི་ནང་། །གཙང་ཞིང་ཡིད་འོང་དབེན་པའམ། །ཆུ་བོའི་འགྲམ་མམ་སྐྱེད་མོས་ཚལ། །ནེའུ་སེང་ཤིན་ཏུ་ཡིད་འོང་ངམ། །ལྷ་ཁང་གཙང་མ་ཉམས་དགའ་འམ། །ཁང་པ་གཙང་མ་དབེན་པའམ། །གང་དུ་ཚོགས་པ་མེད་པ་རུ། །སངས་རྒྱས་ལ་དམིགས་སེམས་ཀྱིས་སུ། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །དེ་འདྲའི་གནས་སུ་འདུག་ནས་ནི། །ཐར་པ་མཆོག་ཏུ་བསྟན་པ་ཉིད། །རིག་པའི་བརྟུལ་ཞུགས་ཡང་དག་བརྩམ། །ཞེས་གསུངས་ཏེ། རིག་པའི་བརྟུལ་ཞུགས་ཀྱང་དེ་ཉིད་ལས། རྒྱུད་གཞན་གྱི་ནི་ཆོ་ག་དང་། །མདོ་སྡེ་དང་བཅས་ཇི་བཞིན་དུ། །དེ་ནས་རིག་པའི་བརྟུལ་ཞུགས་བླང་། སྡོམ་པའང་དོར་བར་མི་བྱ་ཞིང་། །ཁ་ན་མ་ཐོ་རྡུལ་ཙམ་ལའང་། །འགྱོད་པ་རུ་ནི་བྱ་བ་ཡིན། །ཡང་དེ་ཉིད་ལས། སྐབས་ཀྱི་བརྟུལ་ཞུགས་གསུངས་པ། ཉིན་ཞག་དྲུག་གམ་བདུན་བརྒྱད་དུ། །མར་དང་འོ་མ་འབྲས་ཆེན་ཉིད། །སློབ་དཔོན་ཟས་ནི་དཀར་གསུམ་བཟའ། །ཡང་ན་ཐུན་མོང་གྱུར་པའི་ཟས། །ཅི་སྟེ་བཟོད་ལྡན་ཉིན་མཚན་དུ། །མི་བཟའ་བར་ནི་བསྒྲུབ་པར་བྱ། །གང་ཕྱིར་ཆོས་ཀྱི་རང་བཞིན་ཟས། །སྟོབས་ལྡན་འགྱུར་བར་ཐེ་ཚོམ་མེད། །ཡང་གསུངས་པ། གང་གི་ཚེ་ནི་བརྩམས་ནས་སུ། །ཇི་སྲིད་རྫོགས་པར་མ་གྱུར་བར། །གལ་ཏེ་ནུས་ན་མི་བཟའ་བར། །བརྩོན་འགྲུས་ཆེན་པོ་བརྩམ་པར་བྱ། །དྲི་དང་བཅས་ཤིས་ལེགས་བྱས་པ། །ཡང་ན་དཀར་གསུམ་བཟའ་བར་བྱ། །གང་ཕྱིར་རྒྱལ་པོ་རྡོ་རྗེ་འཛིན། །བྱིན་གྱིས་བརླབ་པར་མཛད་པར་འགྱུར། །ཡང་དེ་ཉིད་ལས། སྡོམ་པ་སྦྱིན་པ་ནི་མ་དད་པ་ལ་མི་གནང་ཡང་། འཇུག་པ་ཙམ་ནི་གནང་བར་གསུངས་ཏེ། སྔོན་ལ་སྡོམ་པ་འདི་དག་ནི། །ཇི་ལྟར་འདོད་བཞིན་མོས་པ་རུ། །མཁས་པ་ཡིས་ནི་སྦྱིན་བྱ་སྟེ། །རང་དབང་མེད་པར་སྦྱིན་མི་བྱ། །གལ་ཏེ་དེ་ནི་ དད་ལྡན་གྱུར། །དེ་ལ་སྡོམ་པ་སྦྱིན་པར་བྱ། །ཡང་དེ་ཉིད་ལས། སེམས་ཅན་ཤིན་ཏུ་གདུལ་དཀའ་གང་། །སྡོམ་པ་འཛིན་པར་མི་བྱེད་ཅིང་། །དད་དང་དྭང་བ་མེད་པ་ཡང་། །འཇུག་པ་ཉིད་ནི་དགག་མི་བྱ། །འདི་ལྟར་སངས་རྒྱས་ཐུགས་རྗེ་ཅན། །དེ་དག་གི་ནི་རྒྱུ་རུ་འགྱུར། །མཐོང་བ་ཙམ་གྱིས་མོད་ལ་ནི། །སྡོམ་པ་རྟག་པ་འགྲུབ་པར་འགྱུར། །དེ་ལ་སྡོམ་པ་སྦྱིན་པར་བྱ། །བདག་ཉིད་ངན་པའི་སེམས་ཅན་གང་། །ཁྲོ་ཞིང་ཤིན་ཏུ་གཤེ་བ་དང་། །བཞད་གད་བྱེད་ཅིང་འཕྱ་ཡང་རུང་། །དེ་ཉིད་རྒྱུ་རུ་འགྱུར་བ་ཡིན། །དད་པ་མེད་པ་དང་། དགེ་བའི་རྩ་བ་མ་བསགས་པ་དང་། རྒྱུད་ཡོངས་སུ་མ་སྨིན་པ་དང་། མོས་པ་མེད་དུ་ཟིན་ཀྱང་། འོན་ཀྱང་མཐོང་བ་ཙམ་གྱིས་སོ། །སྤྱིར་ཐུན་མོང་གི་རྩ་བའི་སྡོམ་པ་ནི་དེ་ཉིད་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །གཙོ་བོ་དེ་དག་ལྷུར་བླང་བྱ། །འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་དོར་མི་བྱ། །ལྷ་རྣམས་སྔགས་དང་ཕྱག་རྒྱའང་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་ནས། དེ་དག་གི་ཡོན་ཏན་ཡང་། གཞན་ཚེ་བཅུ་དྲུག་གིས་ཐོབ་ལ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །གསང་བའི་ཐེག་པར་མ་ཞུགས་པས། །རྒྱལ་བའི་གནས་ཀྱི་ས་ཐོབ་ཅིང་། །སྐལ་པ་གྲངས་མེད་གཉིས་སྤྱོད་པའང་། །བཅུ་དྲུག་གིས་ནི་འདིར་འགྱུར་ཏེ། །སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ།། །། ད་ནི་རྣལ་འབྱོར་ཆེན་པོའི་དམ་ཚིག་རྣམས་བསྟན་པར་བྱ་སྟེ། དེ་ཡང་རྒྱུད་ལ་ལ་ལས་ནི་སྲོག་མི་བཅད་པ་དང་། སེམས་ཅན་ལ་གནོད་པ་མི་བྱ་བ་ལ་སོགས་པ་བསླབ་པའི་གཞི་དང་། ལྟུང་བའི་རྩ་བ་ལྟ་བུ་བསྲུང་བར་བྱ་བའི་ཕྱོགས་ནས་བསྟན་ཏོ། །ལ་ལ་ལས་ནི། ༼ཟླ་གསང་། ༽སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་སོགས་པ་སྒྲུབ་པའི་དམ་ཚིག་གི་ཕྱོགས་ནས་བསྟན་ཏོ། །ལ་ལ་ལས་ནི། ༼གསང་འདུས། ༽སྲོག་བཅད་པར་བྱའོ་མ་བྱིན་པར་བླང་བར་བྱའོ་ཞེས་བྱ་བ་ལ་སོགས་ཐབས་དང་ཤེས་རབ་ཀྱི་ཚུལ་ཟབ་མོའི་སྤྱོད་པ་རླབས་པོ་ཆེ་སྤྱད་པར་བྱ་བའི་དམ་ཚིག་གི་ཕྱོགས་ནས་༼དེ་ཡན་ཆད་དུ་གསར་མའི་རྒྱུད་ནས་འབྱུང་བ་རྣམས། ༽བསྟན་ཏོ། །༼ད་ནི་རྙིང་རྒྱུད་ལས་འབྱུང་བ་རྣམས་བརྗོད་དེ། ༽ལ་ལ་ལས་ནི། ༼སྙིང་པོ། ༽རྩ་བ་དང་ཡན་ལག་ཏུ་ཕྱེ་ནས་སྒྲུབ་ཅིང་བསྲུང་བའི་དམ་ཚིག་དང་། མི་སྤང་བ་དང་། དང་དུ་བླང་བ་དང་། སྤྱད་པར་བྱ་བ་དང་། ཤེས་པར་བྱ་བ་དང་། གྲུབ་པར་བྱ་བ་རྣམས་ཀྱི་ཕྱོགས་ནས་བསྟན་ཏོ། །ལ་ལ་ལས་ནི། ༼ཀུན་བཏུས། ༽སྤྱི་དང་ཁྱད་པར་དང་ལྷག་པའི་དམ་ཚིག་གི་སྒོ་ནས་རྒྱ་ཆེ་བར་བསྟན་ཏེ། དེ་ལྟར་ཚུལ་སོ་སོའི་སྒོ་ནས་བསྟན་ཀྱང་། སྤྱིར་རྣལ་འབྱོར་བ་རྣམས་ཀྱིས་བསྲུང་ཞིང་ཉམས་སུ་བླང་བར་བྱ་བ་ན། གཅིག་ལ་གཅིག་འདུ་དགོས་པར་སྣང་སྟེ། གང་གི་ཕྱིར་བསྲུང་བའི་དམ་ཚིག་ལ་གནས་པ་རྣམས་ཀྱིས་ཀྱང་སྒྲུབ་པའི་དམ་ཚིག་ཀྱང་བསྲུང་དགོས་ལ། སྤྱོད་པའང་བཀག་པ་མ་ཡིན་ནོ། །སྤྱོད་པ་བརླབས་པོ་ཆེ་བསྟན་པ་རྣམས་ཀྱང་བསྲུང་བའི་དམ་ཚིག་དང་ལྡན་པ་བྱ་དགོས་ཏེ། གང་གི་ཕྱིར་ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོའི་སྟོབས་མ་རྙེད་བཞིན་དུ། འདོད་ཆགས་ལ་སོགས་པའི་དབང་གི་ཐ་མལ་པའི་སྤྱོད་པར་གནས་བཞིན་དུ། སྲོག་བཅད་པ་ལ་སོགས་པ་ཡང་ཉེས་པར་མི་འགྱུར་བ་ཞིག་ན། དེ་ལྟ་ན་ནི་འགྲོ་བ་མ་རབ་རྣམས་ལ་ཐར་པའི་ལམ་རང་ཆས་སུ་ཡོད་པས་སྔོན་ཉིད་དུ་གྲོལ་ཟིན་ཏེ། རྒྱལ་བ་རྣམས་ཀྱིས་ཐར་པའི་ལམ་བསྟེན་མི་དགོས་པར་འགྱུར་བ་ཞིག་ན། དེ་ལྟ་ཡང་མ་ཡིན་ལ། གལ་ཏེ་གསང་སྔགས་ཀྱི་ཚུལ་ཟབ་མོའི་སྒོར་ཞུགས་ཏེ། དཀོན་མཆོག་གི་བཀའ་ཆེ་བ་ལ་བརྟེན་ནས་མོས་པ་ཙམ་གྱིས་སྤྱོད་པ་བརླབ་པོ་ཆེ་སྤྱད་ན། ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོའི་སྟོབས་དང་མི་ལྡན་ཡང་ལས་ཀྱི་སྒྲིབ་པས་གོས་པར་མི་འགྱུར་བ་ཞིག་ན་ནི། རྒྱུད་རྣམས་ལས་སྔོན་གསང་སྔགས་ལོག་པར་སྤྱད་པ་ལས་ལྟུང་བ་ཆེན་པོ་བྱུང་སྟེ། མཐར་ཡང་རུ་ཏྲ་ཆེན་པོར་གྱུར་པ་དང་། གཞན་ཡང་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སྤྱད་ཉེས་པའི་མཚན་ཉིད་ལྟུང་བའི་སྒོ་དགུ་གསུངས་པ་ལྟ་བུའང་མི་འབྱུང་བ་ཞིག་ན། དེ་ལྟ་ཡང་མ་ཡིན་པས་དེ་བས་ན་རྣལ་འབྱོར་པ་སྤྱི་རྣམས་ཀྱིས་ཐབས་ཀྱིས་ཟིན་པར་བྱ་སྟེ་ཐམས་ཅད་འཚམ་པར་བསྲུང་དགོས་སོ། །དེའི་ཕྱིར་དཔལ་གསང་བ་འདུས་པའི་རྒྱུད་ལས། དམ་བསྒྲགས་པའི་སྐབས་ནས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །མ་བྱིན་པ་ཡང་བླང་བར་བྱ། །ཞེས་བྱ་བ་ལ་སོགས་པ་སྤྱོད་པ་བརླབས་པོ་ཆེའི་དམ་ཚིག་བསྒྲགས་པ་གསུངས་མོད་ཀྱི། རྒྱུད་དེ་ཉིད་ཀྱི་དབང་བསྐུར་བའི་ཆོ་ག་སློབ་དཔོན་ནས་གླིང་པ་ལ་སོགས་པའི་ཞལ་སྔ་ནས་མཛད་པ་དག་ལས། དང་པོ་ཐུན་མོང་གི་སྡོམ་པ་ལ་བརྟེན་ནས་རིག་པའི་དབང་བསྐུར་བ་གསུངས་ལ། རྩ་བའི་ལྟུང་བ་བཅུ་བཞི་དང་སྤོམ་པོའི་ལྟུང་བ་བརྒྱད་ལྟ་བུ་ལ་བརྟེན་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་གི་མཚན་ཉིད་སྦྱིན་པ་གསུངས་ཏེ། རྒྱུད་དེ་ཉིད་ལས་གསུངས་པའི་སྤྱོད་པ་བརླབས་པོ་ཆེའི་དམ་བསྒྲག་པ་ནི་མ་གསུངས་སོ། །འདི་ཉིད་ཀྱི་བཤད་པའི་རྒྱུད་དགོངས་པ་ལུང་སྟོན་པ་ལས་ཀྱང་། དམ་ཚིག་འདི་དག་དགོངས་པའི་ཚིག་ཏུ་གསུངས་ཏེ། དེ་བས་ན་སྒྲུབ་ཐབས་དང་རྒྱུད་དེ་དག་ཏུ་མི་བསྟན་པའི་དགོངས་པ་འདི་ཡང་ཐུན་མོང་དུ་རྣལ་འབྱོར་པ་རྣམས་ལ་ཕན་ཐོགས་པར་འགྱུར་ཞིང་། གང་ཟག་ཐ་མལ་པའི་རྒྱུད་ཆུད་ཟ་བ་དགོངས་པ་ཡིན་པར་མངོན་ནོ། །སྤྱིར་གསང་བའི་དམིགས་བསྟན་པ་ལས་ཀྱང་ལྟ་བ་ཟབ་མོ་དང་སྤྱོད་པ་བརླབས་པོ་ཆེ་གསང་བར་གསུངས་ཏེ། དེ་བས་ན་ཀུན་གྱི་ཐུན་མོང་མ་ཡིན་ནོ། །འོ་ན་དེ་ལྟ་ན་རྒྱུད་ཉིད་དུ་དམ་བསྒྲགས་པ་འདི་ལྟ་བུ་བསྟན་པར་ཡང་མི་རིགས་སོ་ཞེ་ན། དེ་ནི་འདི་ལྟར་དགོངས་ཏེ་ཐབས་དང་ཤེས་རབ་ཟབ་མོའི་ཚུལ་འདི་ལྟ་བུ་བསྟན་པ། ཐམས་ཅད་དུ་གསང་བར་བྱ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་འདུལ་བའི་དབང་གི་བྱེ་བྲག་གིས། གང་ཟག་ཁ་ཅིག་ཇི་ལྟར་བསྟན་པ་དེ་བཞིན་དུ་ཉམས་སུ་ལེན་པར་ནུས་པའི་གང་ཟག་དམ་པ་འབྱུང་བའང་ཚད་གཟུང་བར་མི་ནུས་ལ། གང་ཟག་ཁ་ཅིག་བདག་ཉིད་ཀྱིས་སྤྱོད་པའི་མཐུ་དང་མི་ལྡན་ཡང་། ཐབས་དང་ཤེས་རབ་ཀྱི་ལྟ་སྤྱོད་ཀྱི་ཚུལ་ཟབ་མོ་ཐོས་པས་དངོས་པོར་བལྟ་བའི་ཞེན་པ་རིམས་ཀྱིས་ལྡོག་ཅིང་ཉོན་མོངས་པའི་བརླབས་རིམ་གྱིས་འབྲི་བར་འགྱུར་བ་དང་། ཆོས་ཟབ་མོ་ལ་མོས་པའི་སྟོབས་ཐོབ་པ་ལ་སོགས་པའི་ཡོན་ཏན་དུ་མ་ཡོད་པས་ཐམས་ཅད་དུ་སྦ་བར་གསུངས་པ་ཡང་མ་ཡིན་ནོ། །དེ་ལ་ཇི་ལྟར་ན་རང་གི་སྤྱོད་པའི་མཐུ་མེད་ན་དེ་ལྟ་བུའི་དོན་མཐོང་ཞིང་ཐོས་པས་དངོས་པོར་ལྟ་བའི་ཞེན་པ་ཇི་ལྟར་ལྡོག་པར་འགྱུར་ཞེ་ན། འདིར་དཔེ་བརྟག་པར་བྱ་སྟེ། ཇི་ལྟར་སྐྱེས་བུ་ལ་ལ་ཞིག་མེས་ཡང་དང་ཡང་དུ་ཚིག་སྟེ་འཇིགས་པ་དང་ལྡན་པས། མེའི་ལས་དང་མཚན་ཉིད་དག་ཀྱང་ཁོང་དུ་ལེགས་པར་ཆུད། མེ་བསྟེན་པའི་ཐབས་ལ་ཡང་མཁས་པར་བྱས་པས། མེའི་མཚན་ཉིད་ལ་མངོན་པར་ཞེན་པ་ཞིག །ཅི་ཞིག་གི་རྐྱེན་གྱིས་འབྲོག་དགོན་པ་མི་རྒོད་རྒྱུན་དུ་གནས་པ་ཞིག་ཏུ་ཕྱིན་པ། དེ་ན་རི་དྭགས་མེའི་གཙང་སྒྲ་ཅན་ཞེས་བྱ་བ་མེ་ཡིས་ཁྲུས་བྱེད་ཅིང་གནོད་པ་མེད་པར་དྲི་མ་དག་པར་བྱེད་དེ། མེ་ཡིས་ཆུའི་བྱ་བ་བྱེད་པར་ཡང་མཐོང་། མེའི་བྱི་བ་ཞེས་བྱ་བ་མེ་ལ་གནས་ཤིང་མེ་དོང་དུ་རབ་ཏུ་འབར་བར་ཞུགས་ཏེ་ཟས་སུ་མེ་ཟ་ཞིང་མེ་ལ་ལོངས་སྤྱོད་པ་ཡང་མཐོང་ནས། སྐྱེས་བུ་དེ་འདི་སྙམ་དུ་རྣམ་པར་རྟོག་སྟེ། ཀྱེ་མ་བདག་ནི་མེས་འཇིགས་པའི་རྐྱེན་གྱིས། མེའི་ལས་དང་མཚན་ཉིད་ལ་མཁས་ཤིང་མངོན་པར་ཞེན་པ་ཡིན་ནོ། །དེང་འབྲོག་དགོན་པ་འདིར་ཕྱིན་ཏེ་སྲོག་ཆགས་འདི་དག་མཐོང་བས་བདག་གིས་མེའི་མཚན་ཉིད་གདོད་ལེགས་པར་ཁོང་དུ་ཆུད་དེ། མེ་ཞེས་བྱ་བ་འདི་ནི་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་བསྐྱེད་པ་ཡིན་པ་དང། མཚན་ཉིད་ཚ་བ་དང་ལས་བསྲེག་པ་ཡིན་པར་མ་ངེས་ཏེ། རང་གི་མཚན་ཉིད་མི་འདོར་བ་མེད་མོད་ཀྱི། བདག་ཅག་ལྟ་བུ་ལས་མཐུན་པ་ཁ་ཅིག་ལ་ཚ་ཞིང་སྲེག་པའི་བྱ་བ་བྱེད་པར་སྣང་ངོ་སྙམ་དུ་སེམས་ཏེ། མེའི་མཚན་ཉིད་ལ་མངོན་པར་ཞེན་པ་ལོག་མོད་ཀྱི། འོན་ཀྱང་བདག་ཉིད་མེའི་ནང་དུ་འཇུག་པར་ཡང་མི་བྱེད་དོ། །དེ་བཞིན་དུ་གང་ཟག་ལ་ལ་དག་ཀྱང་ལས་དང་ལས་ཀྱི་སྡུག་བསྔལ་གྱིས་ཡིད་བྱུང་ཞིང་འཇིགས་པར་གྱུར་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེས་སྡུག་བསྔལ་དང་། དེའི་རྒྱུ་ལས་དང་ཉོན་མོངས་པའི་མཚན་ཉིད་ལ་ཡང་མཁས་པར་བྱས། དེའི་གཉེན་པོ་བསླབ་པ་རྣམས་ལ་ཡང་མཁས་པར་བྱས་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་ཞིག །རྒྱུ་དང་རྐྱེན་གང་ཞིག་གིས་ཐབས་དང་ཤེས་རབ་ཀྱི་ཚུལ་ཟབ་མོ་ཤིན་ཏུ་བརླབས་ཆེ་བ། བླང་དོར་དང་བྲལ་བ་མཉམ་པ་ཉིད་ཀྱི་ལྟ་སྤྱོད་ཀྱི་རླབས་རྣམས་དགེ་བའི་བཤེས་གཉེན་དམ་པ་དག་ལས་ཐོས་ཤིང་རྟོགས་པར་གྱུར་ན། དེ་འདི་སྙམ་དུ་སེམས་པར་འགྱུར་ཏེ། ཀྱེ་མ་བདག་ནི་འཁོར་བའི་སྡུག་བསྔལ་གྱིས་ཉེན་པས། དེའི་རྒྱུ་དང་འབྲས་བུ་དང་། དེ་ལས་ཐར་པའི་གཉེན་པོ་རྣམས་ལ་བསླབས་ཤིང་། མི་མཐུན་པ་དང་གཉེན་པོ་རྣམས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་ཡིན་ན། འདིར་ཐབས་དང་ཤེས་རབ་ཀྱི་ཚུལ་ཟབ་མོ་མཐོང་ཞིང་རྟོགས་པས་བདག་གིས་ཆོས་རྣམས་ཀྱི་མཚན་ཉིད་གདོད་ཁོང་དུ་ཆུད་དེ། འདི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བ་འདི་ནི་ངོ་བོ་ཉིད་མེད་པ། བདག་མེད་པ། གང་ཟག་མེད་པ་སྟེ་ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོའི་སྟོབས་རྙེད་པ་རྣམས་ཀྱིས་ཇི་ལྟར་སྤྱད་ཀྱང་སྒྲིབ་པར་མི་འགྱུར་ཞིང་ཚོགས་ཆེན་པོར་འགྱུར་བ་ཞིག་ན། བདག་ཅག་ལྟ་བུ་བདག་ཏུ་ལྟ་བ་དང་མ་བྲལ་བ། ཉོན་མོངས་པའི་སྒྱུ་འཕྲུལ་གྱི་དབང་དུ་གྱུར་པ། ལས་ཀྱིས་བཀོལ་བ། རྣམ་པར་རྟོག་པའི་སྨིག་རྒྱུ་དང། རྨི་ལམ་གྱི་ཆུ་བོས་གཡེངས་པ་རྣམས་ཀྱིས་མཉམ་པའི་སྤྱོད་པ་སྤྱད་པར་མི་ནུས་པ་ཙམ་དུ་ཟད་དོ། །སྙམ་དུ་སེམས་ཏེ་མངོན་པར་ཞེན་པ་ལྡོག་གོ །གཞན་ཡང་འདི་སྐད་དུ། སྤྱོད་པ་བརླབས་པོ་ཆེའི་དམ་ཚིག་འདི་དག་དགོངས་པའི་དབང་དུ་གསུངས་པ་ཞིག་མ་ཡིན་ནམ། གལ་ཏེ་སྤྱད་པར་བྱ་བ་མ་ཡིན་ན་ཞེན་པ་ལོག་པ་ཙམ་གྱིས་ཀྱང་ཅི་ཞིག་ཕན་པར་འགྱུར་ཞེ་ན། འདིར་དཔེ་བརྟག་པར་བྱ་སྟེ། །བདུད་རྩིའི་རིགས་ཚངས་པའི་ཟིལ་ངར་ཞེས་བྱ་བ་ཡོད་དེ། དེ་ནི་གང་དག་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པ་རྣམས་ཀྱིས་འཇུ་བར་འགྱུར་གྱི་ཕལ་པ་རྣམས་ཀྱིས་ནི་མ་ཡིན་ནོ། །གང་དེ་ཞུ་བར་གྱུར་ན་ནི་ཚེ་དང་སྟོབས་དང་སྤོབས་པ་ཚད་མེད་པ་ཐོབ་པར་འགྱུར་ལ། དེ་འཇུ་བའི་སྟོབས་དང་མི་ལྡན་པ་རྣམས་ཀྱིས་ཀྱང་དེ་ཉིད་རིན་པོ་ཆེའི་སྣོད་དུ་བཅངས་ཤིང་བསྟེན་ན། དེ་གང་དུ་བསྟེན་པའི་ཁྱིམ་དེར་མི་མ་ཡིན་པ་དང་སྦྲུལ་གདུག་པ་འཇུག་པར་མི་འགྱུར། གཞན་ཡང་ལྟ་བའི་དུག་དང་སྦྱར་བའི་དུག་དང་ལྷན་ཅིག་ཏུ་སྐྱེས་པའི་དུག་ལ་སོགས་པའི་མཐུ་ཞི་བར་འགྱུར་ཏེ། དེའི་ཡོན་ཏན་གྱི་མཐུ་ནི་དེ་འདྲའོ། །གལ་ཏེ་གང་ཟག་གང་ཞིག་བློ་རྩིང་བ་འདོད་པ་ལ་བརྐམ་པ་རྣམས་ལ། འདི་བདུད་རྩི་ཡིན་ཏེ་འཇུ་བར་དཀའ་འོ་ཞེས་བསྟན། གང་ཟག་དེ་བློ་རྩིང་བ་དང་བརྐམ་པའི་རང་བཞིན་ཅན་གྱིས་དེའི་ཚིག་ལེགས་པར་མི་ཉན་ཏེ་ཟ་བར་འགྱུར་རོ། །ཟོས་ན་ནི་དེ་ཉིད་ཀྱིས་བརླག་པར་འགྱུར་ཏེ་དེ་ལྟ་བུ་དག་ལ་འདི་སྐད་དུ། འདི་ལ་བདུད་རྩི་ཡིན་ནོ་ཞེས་ཟེར་བ་ནི་དགོངས་པའི་ཚིག་སྟེ། འདི་ནི་དུག་ཆེན་པོ་ཡིན་ནོ། །བདུད་རྩི་ཞེས་བྱ་བ་ནི་འདི་དག་ཡིན་ནོ་ཞེས་གང་ཟག་དེ་ཉིད་དང་འཕྲོད་པར་འགྱུར་བའི་བདུད་རྩི་ཕལ་པ་དག་བསྟན་ན། དེ་ཉིད་དགོངས་པས་བསྟན་པ་ཡིན་ཏེ། ཚངས་པའི་ཟིལ་ངར་ལ་བདུད་རྩི་མཆོག་ཡིན་ནོ་ཞེས་བསྟན་པ་ནི་དགོངས་པའི་ཚིག་མ་ཡིན་ནོ། །དེ་བཞིན་དུ་བསམ་པ་མཉམ་པ་དང་། སྤྱོད་པ་མཉམ་པ་དང་། དོན་བསྡུས་ནས་ལྟ་སྤྱོད་དབྱེར་མེད་པར་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བསྟན་པ་འདི་ནི་ངེས་པའི་དོན་ཡིན་ཏེ་དགོངས་པའི་ཚིག་མ་ཡིན་ཡང་། གདུལ་བྱ་ཁ་ཅིག་ལ་དགོངས་པའི་ཚིག་ཏུ་ཡང་བསྟན་དགོས་པ་ཉིད་དོ། །གཞན་ཡང་བདུད་རྩི་ཆེན་པོ་དེ་སྤྱད་པའི་མཐུ་མེད་ཀྱང་བསྟེན་པ་ཙམ་གྱིས་ཀྱང་གནོད་པ་མང་པོ་ཞི་བར་བྱེད་པར་ནུས་པ་བཞིན་དུ། ཆོས་མཉམ་པ་ཉིད་ཀྱི་ཚུལ་ཟབ་མོ་འདི་དག་སྤྱད་པའི་མཐུ་དང་མི་ལྡན་ཡང་དོན་རྟོགས་ཤིང་བློ་ལ་གོམས་པར་བྱས་པས་བདག་ཏུ་ལྟ་བའི་གཉེན་པོར་འགྱུར་ཏེ་ཉོན་མོངས་པའི་སྒྱུ་འཕྲུལ་རྣམས་རང་བཞིན་གྱིས་ཞི་བར་འགྱུར་རོ། །དེ་བས་ན་སྤྱོད་པ་རླབས་པོ་ཆེ་འདི་དག་ནི། གང་ཟག་དམ་པ་རྣམས་ཀྱི་སྤྱོད་པའི་དམ་ཚིག་ཏུ་གསུངས་པ་ཡིན་ཡང་རྣལ་འབྱོར་པ་སྤྱིའི་ལྟ་བའི་དམ་ཚིག་ཏུ་བསྟེན་པ་ཡིན་ནོ། །གང་ཡང་འདི་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་དུ་ཚུལ་གཅིག་ཅིང་རྣལ་འབྱོར་པ་སྤྱིས་བསྲུང་བར་བྱ་བར་ཚུལ་མཐུན་པ་ཞིག་ན། དེ་ལྟ་ན་ནི་ཚུལ་སོ་སོ་ནས་བསྟན་པ་འདི་ཡང་དགོས་པ་མེད་པར་འགྱུར་རོ་ཞེ་ན། འདི་ནི་གདུལ་བྱའི་དབང་ལ་དགོངས་པ་སྟེ། སངས་རྒྱས་ཀྱི་བསྟན་པའི་ཐེག་པ་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་ཏུ་ལྡན་པས་ལྟ་བ་དང་སྤྱོད་པ་གཉིས་ག་མཐའ་གཉིས་ལས་གྲོལ་བར་གསུངས་པར་འདྲ་མོད་ཀྱི། འོན་ཀྱང་ཐེག་པ་མཐོ་དམན་གྱི་རིམ་པའི་དབང་གིས་ལྟ་བ་དང་སྤྱོད་པ་ཞིབ་མོར་བསྟན་པ་དང་། ཡངས་ཤིང་རྒྱ་ཆེ་བར་བསྟན་པ་ཡང་ཡོད་ལ། གཞུང་གཅིག་ལ་ཡང་ཚུལ་དེ་ལྟར་བསྟན་པ་ཚང་ཞིང་དེ་དག་དུའང་ཐབས་གཙོ་བོར་བསྟན་པ་དང་། ཤེས་རབ་གཙོ་བོར་བསྟན་པའི་བྱེ་བྲག་དག་ཡོད་པར་ཤེས་པར་བྱའོ། །འདི་ལྟར་ཉན་ཐོས་ཀྱི་ཐེག་པ་ནི་ཐབས་དང་ཤེས་རབ་དང་བྲལ་བའོ་ཞེས་མདོ་ཁ་ཅིག་ལས་གསུངས། ཁ་ཅིག་ལས་ཐབས་དང་བྲལ་བའོ་ཞེས་གསུངས་ཀྱང་། དེ་ནི་ཆུང་བར་དགག་པ་སྟེ། གཞི་མེད་པ་ནི་མ་ཡིན་ནོ། །གལ་ཏེ་མེད་པར་གྱུར་ན་ཐར་པར་ཡང་ཇི་ལྟར་འགྱུར་ཏེ། འདི་ལྟར་མངོན་པར་བྱང་ཆུབ་པའི་རྒྱུད་ལས། ཉན་ཐོས་རྣམས་ཐབས་དང་བྲལ་བའི་བསླབས་པ་ལ་གནས་པ་ཡིན་པར་གསུངས་ཀྱང་དེ་ཉིད་ལས་ཉན་ཐོས་ཀྱི་ཏིང་ངེ་འཛིན་བསྟན་པ་ལས། གསང་བ་པའི་བདག་པོ་གཞན་ཡང་ཉན་ཐོས་དམིགས་པ་དང་བཅས་པའི་ས་ལ་གནས་པ་རྣམས་སྐྱེ་བ་དང་འཇིག་པར་རྟོགས་ནས། མཐའ་གཉིས་བཤིག་པས་རྒྱུ་མི་དམིགས་པའི་ཕྱིར་ཤིན་ཏུ་དངོས་པོ་མེད་པའི་ཡེ་ཤེས་མི་སྤྱོད་དེ། འདི་ནི་ཉན་ཐོས་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ། །གསང་བ་པའི་བདག་པོ་རང་སངས་རྒྱས་རྒྱུ་དང་འབྲས་བུ་རྣམ་པར་བཤིག་ནས་བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པ་རྣམས་ནི། ཆོས་ཐམས་ཅད་བརྗོད་དུ་མེད་དོ་སྙམ་པའི་འདུ་ཤེས་འཇུག་སྟེ་ངག་ཤིན་ཏུ་འགོག་པའི་ཏིང་ངེ་འཛིན་ལ་ཡང་དག་པར་རེག་པར་བྱེད་པ་འདི་ནི་རང་སངས་རྒྱས་གྱིས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ། །ཞེས་གསུངས་ཏེ། དེ་ལ་འདིར་རྒྱུ་མི་དམིགས་པ་ཞེས་བྱ་བ་ནི། མུ་སྟེགས་བྱེད་རྣམས་བདག་རྟག་པར་རྒྱུར་སྨྲ་སྟེ། དེ་བདག་མེད་པར་རྟོགས་ཤིང་ཕུང་པོ་སྐྱེ་བ་དང་འཇིག་པར་རྟོགས་པས་སྐྱེ་བའི་ཕྱིར་འཇིག་པ་མ་ཡིན་ཏེ། འཇིག་པའི་ཕྱིར་རྟག་པ་མ་ཡིན་ནོ། །དེ་བས་ན་ཤེས་རབ་ཀྱི་ལྟ་བའི་མཐའ་གཉིས་ལས་གྲོལ་ལོ། །ཐབས་ཀྱི་སྤྱོད་པའང་མཐའ་གཉིས་ལས་གྲོལ་བར་གསུངས་ཏེ། བྲམ་ཟེའི་དྲང་སྲོང་ངམ་མུ་སྟེགས་ཅན་རྣམས་ལྟར་ལུས་ཤིན་ཏུ་དུབ་པའི་མཐའ་དང་། སེམས་ཅན་ཐ་མལ་པ་རྣམས་ལྟར་བསོད་སྙོམས་ཀྱི་བདེ་བ་ལ་ཆགས་ནས་སྡིག་ཏོ་མི་དགེ་བའི་ཆོས་འཕེལ་བ་སྟེ། དེ་ལྟ་བུའི་མཐའ་རྣམ་པ་གཉིས་སྤངས་པར་གསུངས་སོ། །དེ་ལྟར་ཐེག་པ་ཆུང་ངུའི་ཚུལ་ཙམ་དུ་མཚུངས་པར་བསྡུས་མོད་ཀྱི། དེ་ལ་ཡང་འཕགས་པ་གནས་མ་བུའི་སྡེ་དང་། གོས་དམར་ཅན་གྱི་སྡེ་ལྟ་བུ་གདུལ་བྱ་བྲམ་ཟེའི་དྲང་སྲོང་གདུལ་བར་བྱ་བ་ལས་བཅས་པའི་ལྟ་བ་དང་སྤྱོད་པ་ཕྲ་ཞིང་ཞིབ་པར་སྟོན་པ་དང་། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལྟ་བུ། གདུལ་བྱ་རྒྱལ་པོ་ཤག་གི་རིགས་རབ་ཏུ་བྱུང་བ་ལས་བཅས་པ་ལྟ་བུ་ལྟ་བ་དང་སྤྱོད་པ་ཡངས་ཤིང་རླབས་ཆེ་བ་ཡང་གྲགས་སོ། །ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སུའང་འཕགས་པ་རིན་པོ་ཆེ་རྣམ་བཞིའི་མདོ་ལྟ་བུ་ཐབས་དང་ཤེས་རབ་ཀྱི་སྤྱོད་པ་སྤྱིར་བསྟན་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྡོང་པོ་བཀོད་པའི་མདོ་ལྟ་བུ་ཟབ་ཅིང་རྒྱ་ཆེ་བར་བསྟན་པ་ཡང་གྲགས་སོ། །དེ་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་བུ་ནི་ཟབ་མོའི་ཕྱོགས་གཙོར་བསྟན་པ། འཕགས་པ་སྡོང་པོ་བཀོད་པ་ལྟ་བུ་ནི་རྒྱ་ཆེ་བ་གཙོར་བསྟན་པ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལྟ་བུ་ནི་གཉིས་ག་དང་ལྡན་པའོ་ཞེས་ཀྱང་གྲགས་སོ། །བྱ་བའི་རྒྱུད་དུའང་འཕགས་པ་དཔུང་བཟང་གིས་ཞུས་པ་ལྟ་བུ་ནི་སྤྱིའི་ཚུལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལྟ་བུ་ནི་བྱ་བ་བྱེ་བྲག་གི་རྒྱུད་དེ་ཟབ་མོའི་ཚུལ་སྟོན་པའོ་ཞེས་གྲགས་སོ། །དེ་ཉིད་ཀྱི་དབང་ལས་སྔོན་གྱི་སློབ་དཔོན་ཁ་ཅིག་གིས་སྤྱོད་པའི་རྒྱུད་དང་གཉིས་གའི་རྒྱུད་དུའང་བཤད་དོ། །རྣལ་འབྱོར་གྱི་རྒྱུད་དུའང་རྡོ་རྗེ་རྩེ་མོ་ལྟ་བུ་ནི་སྤྱིའི་ཚུལ་བསྟན་པ། ཏ་ཏྭ་སང་གྲ་ཧ་ལྟ་བུ་ནི་ཟབ་མོའི་ཚུལ་བསྟན་པའོ་ཞེས་གྲགས་སོ། །དེ་ཉིད་ཀྱིས་དབང་གིས་ཏ་ཏྭ་སང་གྲ་ཧ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་ནོ་ཞེས་ཀྱང་ཟེར་རོ། །དེ་བཞིན་དུ་རྣལ་འབྱོར་ཆེན་པོའི་ཚུལ་དུའང་དཔལ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་དང་། དཔལ་སངས་རྒྱས་མཉམ་སྦྱོར་ལྟ་བུ་ནི་ཐབས་དང་ཤེས་རབ་སྤྱིའི་ཚུལ་བསྟན་པ། དཔལ་གསང་བ་འདུས་པ་ལྟ་བུ་ནི་ཐབས་དང་ཤེས་རབ་ཟབ་མོའི་ཚུལ་བསྟན་པའོ་ཞེས་གྲགས་སོ། །དེ་ཉིད་ཀྱི་དབང་གིས་སྒྱུ་འཕྲུལ་དྲྭ་བ་དང་སངས་རྒྱས་མཉམ་སྦྱོར་ནི་རྣལ་འབྱོར་ཆེན་པོའི་རྒྱུད་མ་ཡིན་ནོ་ཞེས་ཀྱང་ཟེར་རོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་ཐེག་པ་འདི་དག་ཐམས་ཅད་ཀྱང་སྤྱིའི་ཚུལ་མཐུན་པ་ལས་ཁྱད་པར་བྱེ་བྲག་སྣ་ཚོགས་ཀྱི་དབང་དུ་ཤེས་པར་བྱའོ། །དེ་བས་ན་ཁྱད་པར་འདི་དག་ཐམས་ཅད་ཀྱང་གཞུང་སྤྱི་དང་ཁྱད་པར་གྱི་དམ་ཚིག་ཏུ་བསྟན་པ་ཡིན་པས་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཤེས་པར་བྱ་ཞིང་བསླབ་པར་བྱའོ། །དེ་ལ་འདི་སྐད་དུ་རྣལ་འབྱོར་ཆེན་པོའི་རྒྱུད་ཁ་ཅིག་ལས་བསླབ་པའི་གཞི་དང་རྩ་བའི་ལྟུང་བ་ལྟ་བུ་བྱ་བ་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་བསྲུང་བར་བྱ་བའི་དམ་ཚིག་གི་ཕྱོགས་ནས་བསྟན་པའང་། འདི་ལྟར་དཔལ་སངས་རྒྱས་མཉམ་སྦྱོར་ལས། སྲོག་ཆགས་བསད་པར་མི་བྱ་ཞིང་། །དཀོན་མཆོག་གསུམ་ནི་ཡོངས་མི་སྤང་། །བྱང་ཆུབ་སེམས་ཀྱང་མི་གཏང་སྟེ། །སློབ་དཔོན་སྐལ་པ་ཡོངས་མི་བཏང་། །ཞེས་གསུངས་ཏེ། དེ་ཡང་འདི་ལྟར་སྲོག་མི་གཅོད་པ་ནི་བསླབ་པའི་གཞི། ལྷག་མ་གསུམ་ནི་རྩ་བའི་དམ་ཚིག་གི་གཙོར་བོ་མདོར་བསྡུས་པ་སྟེ། འདི་ལྟར་ངན་སོང་སྦྱོང་བའི་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དམ་ཚིག་མདོར་བསྡུས་པ་གསུངས་པ་ལས་ཀྱང་ཚོམ་གཅིག་ཏུ། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་རྣམས་མི་སྤང་། །ཞེས་གསུངས་པ་སྟེ། དེ་བས་ན་རྩ་བ་འདི་གསུམ་ནི་རྩ་བ་རྣམས་ཀྱིའང་གཙོ་བོར་གྱུར་བ་ཡིན་ནོ། །སྲོག་མི་བཅད་པ་བསླབ་པའི་གཞིར་གསུངས་པའང་། གཙོ་བོར་གྱུར་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་དུའང་བསླབ་པའི་གཞི་གྲངས་ངེས་པ་ཁོ་ནར་ཆད་པ་མེད་དེ། ཁ་ཅིག་ཏུ་ཚངས་པར་སྤྱོད་པའི་གཞིར་གསུངས་ཏེ་ཁ་ཅིག་ཏུ་ཡོངས་སུ་རྫོགས་པའང་གཞིར་གསུངས་སོ། །རྒྱུད་འདི་ནི་སྣ་འགའ་བསྲུང་བར་གསུངས་སོ། །སྤྱིར་ཡང་སེམས་ཅན་ཇི་ལྟར་འདུལ་བ་དང་ཇི་ཙམ་ནུས་པའི་སྡོམ་པ་ལ་བརྟེན་ནས་ཐར་བ་དང་བདེ་འགྲོ་སྒྲུབ་པར་གསུངས་ལ། སྡོམ་པ་སྣ་འགའ་འང་བསྲུང་མི་ནུས་ཤིང་དད་པ་མེད་པའང་དཀྱིལ་འཁོར་དུ་གཞུག་པ་ཙམ་བྱས་ལ་སྡོམ་པ་ནི་མི་དཔོག་གོ་ཞེས་གསུངས་ཏེ་འདི་ལྟར་རྡོ་རྗེ་རྩེ་མོ་ལས། སེམས་ཅན་ཤིན་ཏུ་གདུལ་དཀའ་གང་། །སྡོམ་པ་འཛིན་པ་མི་བྱེད་ཅིང་། །དད་དང་དྭང་བ་མེད་པ་ཡང་། །འཇུག་པ་ཉིད་ནི་དགག་མི་བྱ། །འདི་ལྟར་སངས་རྒྱས་ཐུགས་རྗེ་ཅན། །དེ་དག་གི་ནི་རྒྱུ་རུ་འགྱུར། །མཐོང་བ་ཙམ་གྱི་མོད་ལ་ནི། །སྡོམ་པ་རྟག་ཏུ་འགྲུབ་པར་འགྱུར། །བདག་ཉིད་ངན་པའི་སེམས་ཅན་གང་། །ཁྲོ་ཞིང་ཤིན་ཏུ་གཤེ་བ་དང་། །བཞད་གད་བྱེད་ཅིང་འཕྱ་ཡང་རུང་། །དེ་ཉིད་རྒྱུ་རུ་འགྱུར་བ་ཡིན། །དད་པ་མེད་པ་དང་། དགེ་བའི་རྩ་བ་མ་བསགས་པ་དང་། རྒྱུད་ཡོངས་སུ་མ་སྨིན་པ་དང་། མོས་པ་མེད་དུ་ཟིན་ཀྱང་། འོན་ཀྱང་མཐོང་བ་ཙམ་ཉིད་ཀྱིས་སོ། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་སྲོག་གཅོད་པ་སྤོང་བ་ཙམ་ལ་བརྟེན་ཏེ་སྡོམ་པ་གཞན་ཅི་ནུས་སྦྱིན་པར་བྱའོ། །གཞན་ཡང་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་ལྷ་ཁྱད་པར་གྱི་དམ་ཚིག་གི་དབང་དུ་གསུངས་པ། བསླབ་པའི་གཞི་གསུངས་པ་ནི། ལས་ལས་སྐྱེས་པ་བསྟན་པ་ཡི། །སྐྱེས་པ་བུད་མེད་གཟུགས་མང་ལ། །བརྙས་པ་ཉིད་དུ་མི་བྱ་འདི། །རྡོ་རྗེ་ལུས་ཅན་དམ་ཚིག་ཡིན། །སྲེད་པས་བསྐྱེད་རྩུབ་ཕྲ་མ་ཡི། །ཚིག་དག་སྨྲ་བར་མི་བྱེད་ཅིང་། །མཉན་ན་བདེ་བར་བྱེད་པ་འདི། །རྡོ་རྗེ་ངག་ཅན་དམ་ཚིག་ཡིན། །ངན་རྟོག་བཟང་རྟོག་དྲ་བ་ཡི། །སེམས་ཀྱིས་སེམས་ཅན་རྣམས་ལ་ནི། །སྣ་ཚོགས་གདུང་བས་སུན་མི་དབྱུང་། །རྡོ་རྗེ་སེམས་ལྡན་དམ་ཚིག་ཡིན། །ཞེས་གསུངས་ཏེ། འདི་ལྟར་སྐུ་རྡོ་རྗེའི་དམ་ཚིག་ནི་འདི་ལྟར་ལས་སྣ་ཚོགས་ཀྱི་དབང་གིས་ལུས་དང་ལོངས་སྤྱོད་ཡུལ་བཟང་ངན་སྣ་ཚོགས་པར་སྐྱེས་པའི་སྐྱེས་པའམ་བུད་མེད་ཀྱི་གཟུགས་སྣ་ཚོགས་པ་ལ་བདག་གིས་བརྙས་ཤིང་ཁེངས་པར་མི་བྱའོ། །ངག་རྡོ་རྗེའི་དམ་ཚིག་ནི་སྲེད་པས་བསྐྱེད་པའི་ཚིག་རྩུབ་དང་མཉན་ན་མི་བདེ་བ་སྨྲ་བར་མི་བྱའོ། །སེམས་རྡོ་རྗེའི་དམ་ཚིག་ནི། རྟོག་པ་ངན་པས་བསྐྱོད་པ་ལྟ་ཞོག་གི །རྟོག་པ་བཟང་པོས་བསྐྱོད་པའི་བློས་ཀྱང་སེམས་ཅན་རྣམས་ལ་གདུང་བས་སུན་དབྱུང་བར་མི་བྱ་སྟེ། དེ་ཡང་འདི་ལྟར་སེམས་ཅན་དེ་ཉིད་སྐྱབས་ཤིང་ཕན་གདགས་པའི་ཕྱིར་སུན་དབྱུང་བ་ལྟར་སྟོན་པ་ནི་ཉེས་པར་མི་འགྱུར་གྱི། དགེ་བ་གཞན་ཞིག་བསྒྲུབ་པའི་ཕྱིར་མི་དང་དུད་འགྲོ་རྣམས་སུན་འབྱིན་པར་བྱེད་པ་ནི་བསམ་པ་བཟང་ཡང་མ་གནང་ངོ་། །ཁ་ཅིག་ལས་ནི་རྩ་བའི་ལྟུང་བ་བཅུ་བཞི་གསུངས་ཏེ་འདི་ཡང་བསླབ་པའི་གཞི་གཟུང་ཞིང་ཐུན་མོང་གི་སྡོམ་པ་ལ་གནས་པ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་གི་དབང་ནོད་པའི་དུས་སུ་སྡོམ་པ་འདི་དག་གཟུང་བར་གསུངས་ཏེ། དེ་ཡང་བྱ་བ་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་བསྲུང་བའི་དམ་ཚིག་ཕྱོགས་ནས་གསུངས་པའོ། །འདི་ཡང་རྒྱུད་དང་སྒྲུབ་ཐབས་དག་ལས་ངོ་བོ་ཅུང་ཟད་མི་འདྲ་བར་འབྱུང་སྟེ། རེ་ཤིག་སློབ་དཔོན་ནས་གླིང་བའི་ཞལ་སྔ་ནས་དཔལ་གསང་བ་འདུས་པའི་དབང་བསྐུར་བའི་ཆོ་ག་མཛད་པ་ལས་གསུངས་པ། དེ་ནས་བླ་མ་དེས་སློབ་དཔོན་གྱི་སྡོམ་པ་སྨྲ་བར་བྱ་སྟེ། ཕས་ཕམ་པ་ནི་བསྒྲགས་པ་ཡི། །ཇི་ལྟའི་དོན་ལྡན་བཅུ་བཞི་འདི། །རྩ་བའི་ལྟུང་བ་འདི་གསུངས་ཏེ། །སྤང་ཞིང་དོར་བ་མི་བྱའོ། །སློབ་དཔོན་ལ་ནི་བརྙས་པ་དང་། །བདེ་བར་གཤེགས་པའི་བཀའ་བཅོག་དང་། །སྡང་བས་སྤུན་གྱི་ཡོན་ཏན་རྣམས། །མི་བརྗོད་བྱམས་ཆེན་སྤོང་བ་དང་། །བྱང་ཆུབ་སེམས་ནི་འདོར་བ་དང་། །ཐེག་པ་གསུམ་ལ་སྨོད་པ་དང་། །སྐལ་བ་མེད་ལ་གསང་བ་སྒྲོགས། །རྒྱལ་བའི་བདག་ཉིད་ཕུང་པོ་སྨོད། །དག་པའི་ཆོས་ལ་ཐེ་ཚོམ་ཟ། །སྡང་ལ་བྱམས་དང་ཆགས་བྲལ་དང་། །ཆོས་རྣམས་ལ་ནི་མཐའ་གཉིས་ལྟ། །དད་སེམས་ཅན་ལ་ངན་དུ་བརྗོད། །དམ་རྫས་རྙེད་པ་མི་བཟའ་དང་། །ཤེས་རབ་བདག་ཉིད་བུད་མེད་སྨོད། །རྩ་བའི་ལྟུང་བར་གྱུར་པ་ལ། །དེ་ནི་སྔགས་པའི་དམ་ཚིག་ཉམས། །ཉིན་ལན་གསུམ་མམ་མཚན་ལན་གསུམ། །ཡང་ན་རྟག་ཏུ་བརྗོད་པར་བྱ། །གང་ཞིག་ཉམས་པར་གྱུར་པ་ཡིས། །རྣལ་འབྱོར་སྦོམ་པོའི་ལྟུང་འགྱུར་བ། །དམ་ཚིག་སྦྱོར་བ་མི་ལྡན་དང་། །རིག་མ་མི་དགའ་བསྟེན་པ་དང་། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །གསང་བའི་ཆོས་ནི་སྟོན་པ་དང་། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་རིམ་བཞིན་མི་སྟོན་དང་། །ཉན་ཐོས་རློམ་སེམས་བྱེད་པ་ཡི། །ནང་དུ་ཞག་བདུན་གནས་པ་དང་། །སྦྱོར་བ་ངེས་པར་མ་བྱས་དང་། །སྣོད་མིན་གསང་བ་སྟོན་པ་རྣམས། །སྦོམ་པོའི་ལྟུང་བར་གྱུར་བ་སྟེ། །དེས་ནི་སྔགས་པའི་སྡོམ་པ་ཉམས། །ཉམས་ན་དངོས་གྲུབ་མེད་པ་སྟེ། །བདུད་དང་སྡུག་བསྔལ་ཀུན་དུ་སྡུད། །ཅེས་གསུངས་སོ། །དེ་ཉིད་ལ་འཕགས་པའི་སྡོམ་པ་ཞེས་ཀྱང་གསུངས་སོ། །ཀྲྀཥྞ་ཡ་མ་རིའི་རྒྱུད་ལས། སློབ་དཔོན་ལ་ནི་བརྙས་མི་བྱ། །བདེ་གཤེགས་བཀའ་ལས་འདའ་བ་མིན། །སྤུན་རྣམས་ལ་ནི་ཁྲོ་བ་དང་། །སྐྱོན་རྣམས་བརྗོད་པར་མི་བྱའོ། །བྱང་ཆུབ་སེམས་ནི་བཏང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བའི་ཆོས་རྣམས་སྨྲ་མི་བྱ། །རང་གི་ཕུང་པོ་བརྙས་མི་བྱ། །དངོས་མེད་ཆོས་ལ་སྨོད་པ་མིན། །སྡང་ལ་བྱམས་པ་རྟག་ཏུ་སྤང་། །ཆོས་ལ་ཚད་མས་གཞལ་མི་བྱ། །དད་ལྡན་སེམས་ཅན་ལྡོག་པ་མིན། །རྟག་ཏུ་དམ་རྫས་བསྟེན་པར་བྱ། །བུད་མེད་ཤེས་རབ་རང་བཞིན་ལ། །ཉེས་སྐྱོན་བརྗོད་པར་མི་བྱའོ། །ཞེས་གསུངས་སོ། །དཔལ་དུས་ཀྱི་འཁོར་ལོ་ལས་ནི། དཔལ་ལྡན་རི་བོང་འཛིན་པ་ཡི། །བླ་མའི་ཐུགས་ནི་འཁྲུག་པ་དང་། །དེ་ཡི་བཀའ་འདའ་དེ་ལས་གཞན། །ཞེས་གསུངས་ཏེ། གཉིས་པ་བདེ་བར་གཤེགས་པའི་བཀའ་ལས་འདའ་བར་མ་བཤད་དེ། བླ་མའི་ཐུགས་དཀྲུགས་པ་ནི་དང་པོ། བླ་མའི་བཀའ་ལས་འདས་པ་ནི་གཉིས་པར་བཤད་དོ། །གཞན་ཡང་། དྲུག་པ་གྲུབ་པ་དག་ལ་སྨོད། །ཅེས་པས་གང་ཟག་ཁྱད་པར་ཅན་ལ་མི་སྨད་པར་གསུངས་ཏེ། དམ་པའི་ཆོས་ལ་སྨད་པར་མ་གསུངས་སོ། །དེ་བཞིན་དུ་ངོ་བོ་ཅུང་ཟད་མི་འདྲ་བ་བཤད་པ་དག་སྣང་སྟེ། འོན་ཀྱང་སྤྱིར་བསྲུང་བའི་དམ་ཚིག་ཏུ་གསུངས་ཀྱི་ཁྱད་པར་གྱི་དམ་ཚིག་དང་ལྷག་པའི་དམ་ཚིག་ལྟ་བུར་གསུངས་པ་ནི་མ་ཡིན་པས། གང་ལ་ཡང་ཉེས་སྐྱོན་མ་མཐོང་ངོ། །དེ་ལ་རྩ་བའི་ལྟུང་བ་འདི་དག་ཀྱང་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་དམ་ཚིག་རྣམས་དང་ཐུན་མོང་དུ་ཡང་འགྱུར་ཞིང་། ཐེག་པ་ཆེན་པོ་སྤྱི་དང་ཡང་ཕལ་ཆེར་ཐུན་མོང་དུ་འགྱུར་དུ་རུང་བ་ཡིན་མོད་ཀྱི། འདིར་ནི་སྟོན་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྦྱིན་པ། རྡོ་རྗེ་སློབ་དཔོན་ཆེན་པོར་དབང་བསྐུར་བ། ཐུན་མོང་མ་ཡིན་པའི་སྡོམ་པར་བཤད་པས། དེ་བས་ན་སྡོམ་པ་འདི་དག་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པའི་སྡོམ་པར་བལྟའོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དེ་ཉིད་མཚན་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟར་རྒྱལ་བའི་བཀའ་རྣམས་ལས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་བྱེ་བྲག་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་དང་། ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་དང་། རྡོ་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། བྱང་ཆུབ་རྣམ་པ་གསུམ་གྱི་སྤྱིའི་སྒྲར་འཇུག་གོ །བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ནི་ཐེག་པ་ཆེན་པོ་ སྤྱིའི་སྒྲར་འཇུག་གོ །ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་ནི་ངེས་པའི་དོན་གྱི་མདོ་དང་གསང་སྔགས་ཀྱི་རྒྱུད་དུ་གསུངས་ཏེ། དེ་ཡང་ཕལ་ཆེར་རྣལ་འབྱོར་གྱི་རྒྱུད་དུ་གྲགས་སོ། །འདི་ལྟར་དེ་ཉིད་བསྡུས་པའི་རྒྱུད་ལས། ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལ་འཇུག་པ་ལས། རང་གི་སེམས་རྟོགས་པའི་གནས་སྐབས་ཀྱི་ཁྱད་པར་བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ། དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ། འབྲས་བུའི་ངོ་བོ་བླ་ན་མེད་པ་ཀུན་ཏུ་བཟང་པོའི་སེམས་ཞེས་བྱ་བ་རྡོ་རྗེ་ལྟར་མི་ཤིག་པ། དེའི་རྒྱུའི་གནས་སྐབས་རིགས་ཀྱི་སེམས་ཀྱི་བདག་ཉིད་དང་བཅས་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སེམས་ཀྱི་རྒྱལ་པོ་ལྟ་བུ་རང་གི་སེམས་ཀྱི་བདག་ཉིད་བསྟན་ཏོ། །ཞེས་གསུངས་ཏེ། འདིར་རྡོ་རྗེ་ལྟར་མི་ཤིགས་པ་ནི། ཐོག་མ་མེད་པའི་དུས་ཅན་གྱི་བྱང་ཆུབ་ཀྱི་རིགས་ཀྱི་སེམས་དང་། རིགས་དང་བཤེས་གཉེན་གྱི་སྟོབས་ལ་བརྟེན་ནས། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་བཟུང་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་གི་བར་དུ་དེའི་རྒྱུའི་གནས་སྐབས་ཀྱི་སེམས་དང་། འབྲས་བུའི་ངོ་བོ་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་སེམས་རྣམས་རང་བཞིན་བྱེ་བྲག་མེད་པས་རྡོ་རྗེ་ལྟར་མི་ཕྱེད་པ་ཀུན་ཏུ་བཟང་པོའི་སེམས་ཞེས་གསུངས་ཏེ། ཆོས་ཐམས་ཅད་དབྱེར་མེད་དོ། །ཞེས་ནི་མ་གསུངས་སོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི། དཔལ་གསང་བ་འདུས་པ་ལས། ཁྱོད་ཀྱི་སེམས་ལུས་ལྟ་བུ་དང་། ངག་སེམས་ལྟ་བུ་དང་། སེམས་ཚིག་བརྗོད་པ་ལྟ་བུར་བསྐྱེད་ཅིག་ཅེས་གསུངས་པ་དང་། སྒྱུ་འཕྲུལ་དྲྭ་བ་ལས། སེམས་ནི་ལུས་ཀྱི་རྣམ་པ་ཡིན་ལ། ལུས་ཀྱང་སེམས་ཀྱི་རྣམ་པ་ཡིན་ཞིང་། སེམས་ཀྱང་ཚིག་གིས་རབ་ཏུ་བརྗོད་པ་ཡིན་ནོ། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ལྟར་ལུས་ངག་ཡིད་གསུམ་ཡང་རང་གི་ངོ་བོ་དབྱེར་མེད་ཅིང་། དེ་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་ཡང་དབྱེར་མེད་དེ། དེ་ལྟ་བུའི་མཚན་ཉིད་དུ་རྟོགས་པར་བྱས་པ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱའོ། །དེ་བས་ན་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་འདི་ཡང་། སྟོན་པ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་བྱིན་གྱིས་བརློབ་ཅིང་དབང་བསྐུར་བའི་ཚེ། རྩ་བའི་ལྟུང་བ་འདི་དག་སྡོམ་པར་དབོག་པར་གསུངས་ཏེ། དེ་བས་ན་འདི་དག་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཤེས་པར་བྱས་ལ། ངེས་པའི་དོན་གྱི་སྐབས་སུ་ཐུན་མོང་མ་ཡིན་པའི་སྡོམ་པར་བསྟན་ཅིང་ཤེས་པར་བྱའོ། །དེ་ལ་ཐུན་མོང་དུ་འགྱུར་དུ་རུང་བ་ནི། སློབ་དཔོན་བརྙས་པར་མི་བྱ་བ་དང་། བདེ་བར་གཤེགས་པའི་བཀའ་མི་བཅག་པ་དང་། སྤུན་ལ་ངན་སེམས་ཀྱིས་ཡོན་ཏན་མི་བརྗོད་ཅིང་སྐྱོན་བརྗོད་པ་དང་། སེམས་ཅན་ལ་བྱམས་པ་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སླར་གཏོང་བ་དང་། དམ་པའི་ཆོས་ལ་སྨོད་པ་དང་། སྐལ་བ་མེད་པ་ལ་གསང་བ་མི་བསྟན་པ་དང་། རྒྱལ་བའི་བདག་ཉིད་ཀྱི་ཕུང་པོ་མི་སྨད་པ་དང་། དག་པའི་ཆོས་ལ་ཐེ་ཚོམ་མི་བྱ་བ་དང་། བསྟན་པ་ལ་སྡང་བ་རྣམས་ལ་བྱམས་པར་བྱེད་ཅིང་དོན་ཆེན་པོའི་ཆགས་པ་གཏོང་བའམ། ཁ་ཅིག་ ལས་སྒྱུ་མའི་བྱམས་པར་བཤད་པའང་རུང་སྟེ་དེ་ལྟ་བུ་དང་མི་ལྡན་པ་དང་། ཆོས་ལ་མཐའ་གཉིས་སུ་མི་བལྟ་བ་དང་། དད་པ་ཅན་སུན་མི་དབྱུང་བ་རྣམས་ཐེག་པ་ཆེན་པོ་ཐམས་ཅད་ཀྱིའང་ཐུན་མོང་དུ་བསྟན་པ་ཡིན་ན། བྱ་བ་དང་རྣལ་འབྱོར་གྱི་རྒྱུད་དུ་ཐུན་མོང་དུ་འགྱུར་བ་ལྟ་ཅི་སྨོས། རྒྱལ་བའི་བདག་ཉིད་ཕུང་པོ་སྨོད། །ཅེས་བྱ་བ་འདི་ཡང་ངེས་པའི་དོན་གྱི་མདོ་སྡེ་ལས་ཀྱང་གསུངས་ཏེ། སྡོང་པོ་བཀོད་པའི་མདོ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་ཏེ། ཕུང་པོ་ལྔ་གྲངས་མེད་པའི་དེ་བཞིན་གཤེགས་པ་རྣམས་སུ་ཤེས་ཤིང་བསྒོམས་པ་དེ་ཐུབ་པ་ཆེན་པོར་འགྱུར་རོ། །ཞེས་གསུངས་ན། གསང་སྔགས་ཀྱི་རྒྱུད་དུ་ལྟ་སྨོས་ཀྱང་ཅི་དགོས། དམ་རྫས་རྙེད་པ་མི་འདོར་བའང་གསང་སྔགས་ཀྱི་རྒྱུད་ཐུན་མོང་ཡིན་ཏེ། འདི་ལྟར། དམ་ཚིག་གི་རྫས་ཀྱང་རྣམ་པ་བཞི་སྟེ། དངོས་གྲུབ་ཀྱི་རྫས་དང་། དབང་བསྐུར་བའི་རྫས་དང་། མཆོད་པའི་རྫས་དང་། བཟའ་བའི་རྫས་སོ། །འདི་དག་ལ་ཤིན་ཏུ་སྨེ་བའི་རྫས་ཀྱང་བསྟེན་པར་བྱ་བའི་རྒྱུད་དུའང་གསུངས་ཏེ། འདི་ལྟར་སྨེ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སྨེ་བའི་རྫས་ཚང་བ་ནི་མིའི་རོ་ཡིན་ཏེ། དེ་ལྟ་བུ་ཡང་བྱ་བའི་རྒྱུད་ལས། རོ་ལངས་ཀྱི་སྒྲུབ་པ་ལས་དངོས་གྲུབ་ཀྱི་རྫས་དང་མཆོད་པའི་རྫས་སུ་གསུངས་སོ། །ངན་སོང་སྦྱོང་བ་ལས་ཀྱང་། དངོས་གྲུབ་ཀྱི་རྫས་ཆང་ངམ་ཁྲག་གམ་ཞག་གམ་གླད་པ་ལས་སྒྲུབ་པ་ཡང་གསུངས་ལ། འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལས་འདི་སྐད་དུ། སྣོད་རྣམས་ཁྲག་གིས་བཀང་བ་དང་། མགོ་ཐོད་མགོ་ཡི་དུམ་བུ་དང། །ཁྲག་གམ་ཆང་བཀང་བུམ་པ་བརྒྱད། །ཅེས་བྱ་བ་ལྟ་བུ་གསུངས་ལ་ཁྲོ་བོ་རྡོ་རྗེ་མེ། ཉི་མའི་དཀྱིལ་འཁོར་ལས་འདི་སྐད་དུ། དེ་ནས་བདུད་རྩིས་བཀང་བ་ཡི། །བུམ་པ་བཅུ་དྲུག་བཞག་པར་བྱ། །བཟའ་དང་བཅའ་དང་བདུད་རྩི་ཆེས། །མགོ་ཐོད་བཀང་བར་གྱུར་པ་ནི། །དཀྱིལ་འཁོར་དུ་ནི་མང་དུ་བཞག །ཅེས་གསུངས་པ་ལྟ་བུ་སྟེ། འདི་ལྟ་བུ་ལྷ་ཁྲོ་བོའི་སྐབས་སུ་སྨེ་བའི་དམ་ཚིག་གི་རྫས་བསྟེན་ཅིང་མི་སྤང་བར་ཡང་གསུངས་ལ། བདག་ཉིད་བཟའ་བའི་དམ་རྫས་ཀྱང་། །ཕྱག་ན་རྡོ་རྗེ་དབང་བསྐུར་བའི་ཏན་ཏྲ་ལས། སྒྲུབ་པ་ཁ་ཅིག་ལ་ཤ་ཟ་ཞིང་སྒྲུབ་པ་ཡང་གསུངས་སོ། །དེ་བས་ན་འདི་ཡང་ཐུན་མོང་དུ་འགྱུར་རོ། །བུད་མེད་མི་སྨད་པ་ཡང་གསང་སྔགས་ཀྱི་རྒྱུད་ལས་ལྷ་རྣམས་ནི་གསང་སྔགས་དང་གསང་སྔགས་ཀྱི་གཟུགས་སུ་བཞུགས་པར་བཤད་ལ། ལྷ་དང་ལྷའི་རྣམ་པའང་མི་སྨད་པར་གསུངས་སོ། །དེ་ལ་རྣམ་པ་ཞེས་བྱ་བ་ནི་འདྲ་བའི་དོན་ཏེ་འདི་ལྟར་གཟུགས་སུ་བྱས་པ་དང་། གཞན་ཡང་རིགས་འདྲ་བ་དག་གོ །དེ་ལ་གཟུགས་སུ་བྱས་པ་ནི་དམིགས་པས་བྱིན་གྱིས་བརླབས་པ་ཡིན་པ། ཟས་དང་གོས་དང་གནས་དག་ལ་མཛེས་པར་བྱ་བའི་ཕྱིར་ཕྱག་རྒྱའི་དབྱིབས་བྱས་པ་དག་གོ །རིགས་འདྲ་བ་ནི། སྲོག་ཆགས་སམ་གཞན་ཡང་རུང་སྟེ་ལྷའམ་ལྷའི་ཕྱག་རྒྱ་དང་རིགས་འདྲ་བ་དག་གོ །དེ་བས་ན་བུད་མེད་མི་སྨད་པའང་དམིགས་པས་བྱིན་གྱིས་བརླབས་པའི་ཕྱག་རྒྱ་དང་། དེའི་གཟུགས་སུ་བྱས་པ་དང་། བུད་མེད་དངོས་རྣམས་ཀྱང་རིག་སྔགས་ཀྱི་ལྷ་རྣམས་ཀྱི་རིགས་འདྲ་བ་ཡིན་ཏེ། དེའི་ཕྱིར་རིགས་ཀྱི་སྒོ་ནས་སྨད་དུ་མི་རུང་ངོ་། །ཆགས་པའི་གཞི་སྤང་བ་ནི་མ་གཏོགས་སོ། །དེ་བས་ན་འདི་ཡང་ཐུན་མོང་དུ་འགྱུར་བ་ཡིན་ཏེ། འོན་ཀྱང་ཐུན་མོང་མ་ཡིན་པའི་སྡོམ་པར་བསྟན་པའི་སྐབས་འདིར་ནི་ཐམས་ཅད་ཀྱང་རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པའི་ཡན་ལག་ཏུ་སྦྱར་ཏེ། འདི་ལྟར་རྡོ་རྗེ་སློབ་དཔོན་བརྙས་པར་མི་བྱ་བ་ཡང་། ཇི་ལྟར་དཔལ་གསང་བ་འདུས་པ་དང་སྒྱུ་འཕྲུལ་དྲྭ་བ་ལྟ་བུ་ལས། སྐུ་གསུང་ཐུགས་རྡོ་རྗེ་གསང་བས་བསྡུས་པས་མངོན་པར་དབང་བསྐུར་བའི་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྡོ་རྗེ་བྱང་ཆུབ་ཀྱི་སེམས་བཞིན་དུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་དེ་ནི་བྱང་ཆུབ་ཀྱི་སེམས་དང་མི་གཉིས་ཤིང་རྣམ་པ་གཉིས་སུ་དབྱེར་མེད་དོ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་བསོད་ནམས་ཀྱི་ཕུང་པོ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་འཕགས་སོ། །ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའོ། །སྐྱེ་བའི་གནས་སུ་གྱུར་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་བར་དུའོ། །ཞེས་གསུངས་པ་ལྟ་བུ་སྟེ། རྡོ་རྗེ་བྱང་ཆུབ་ཀྱི་སེམས་སྦྱིན་པར་བྱེད་ཅིང་བྱིན་གྱིས་རློབ་པར་བྱེད་པ་དེ་ནི། རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཉིད་དུ་བལྟ་བ་ཡིན་ལ། དེ་ལ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་ཀྱི་དུས་གསུམ་དུ་བྱོན་ནས་མཆོད་པ་བྱེད་པར་གསུངས་ན་བརྙས་པར་བྱ་བའི་གནས་ལྟ་ག་ལ་ཡིན་ཏེ། དེ་ལ་བརྙས་པར་གྱུར་ན་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཉིད་གཏན་སྤངས་པར་འགྱུར་རོ། །དེ་བས་ན་འདི་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པའི་མཚན་ཉིད་དུ་ཐུན་མོང་མ་ཡིན་པར་བཤད་པ་སྟེ་འོག་མ་ཀུན་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཉིས་པ་བཀའ་ལས་མི་འདའ་བ་ནི་བདེ་བར་གཤེགས་པའི་བཀའ་ཡང་རུང་། བླ་མའི་བཀར་བཤད་ཀྱང་རུང་སྟེ། སྟོན་པ་རྡོ་རྗེ་འཆང་ཆེན་པོ་དམ་ཚིག་གི་བདག་པོ་དེའི་བཀའ་ནི་འདས་པར་གྱུར་ན་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཉིད་བཤིག་པར་གྱུར་པ་སྟེ། གང་གི་ཕྱིར་དེ་ཉིད་དུ་བྱིན་གྱིས་བརླབས་པ་ཡིན་པ་དེའི་ཕྱིར་རོ། །གསུམ་པ་རྡོ་རྗེ་སྤུན་ལ་ངན་སེམས་མི་བྱ་བ་ནི། གང་གི་ཕྱིར་རྣམ་པ་གསུམ་གྱིས་མི་ཕྱེད་པས་རྡོ་རྗེ་སྤུན་ཏེ། ཡུལ་ཆོས་ཉིད་དུ་མཐུན་པ་དང་། སྡོམ་པ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་སུ་གཅིག་པ་དང་། སྨོན་ལམ་མཐུན་པས་ལྷ་ དང་སློབ་དཔོན་དང་ལྟ་སྤྱོད་གཅིག་པར་བསྡུས་པ་སྟེ། འདི་ལ་གང་ཞིག་རིས་སུ་ཕྱེ་ནས་ངན་སེམས་བྱེད་པ་ནི། རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཉིད་བཤིག་པ་ཡིན་ནོ། །བཞི་པ་བྱམས་པ་ཆེན་པོ་སྤོང་བ་ནི། འདི་ལྟར་སེམས་ཅན་ལ་དམིགས་པའི་བྱམས་པ་དང་། དེ་བཞིན་དུ་ཆོས་ལ་དམིགས་པ་དང་། མི་དམིགས་པ་དག་ཀྱང་ཐུན་མོང་གི་བྱམས་པ་ཡིན་མོད་ཀྱི། འདིར་ཐུན་མོང་མ་ཡིན་པ་ནི་བདག་དང་གཞན་བྱང་ཆུབ་མཚུངས་པའི་ཕྱིར་རང་བཞིན་གཅིག་པའི་སྒོ་ནས་ཉམ་བག་ཏུ་རོལ་ཞེས་གསུངས་པ་ལྟ་བུ་སྟེ། ཇི་ལྟར་བདག་ཏུ་ལྟ་བ་རྣམས་རང་ལ་ཕན་པའི་བསམ་པ་རྩལ་མི་དགོས་པ་བཞིན། རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པ་རྣམས་སེམས་ཅན་ལ་ཕན་འདོགས་པ་རྩལ་མི་དགོས་སོ། །གལ་ཏེ་གཞན་ལ་བརྩེ་བ་མེད་ན་རྡོ་རྗེ་བྱང་ཆུབ་ཀྱི་སེམས་སྤངས་པར་འགྱུར་རོ། །ལྔ་པ་བྱང་ཆུབ་ཀྱི་སེམས་སྤོང་བ་ནི་འདི་ལྟར་བདག་ཉིད་ཐར་བ་སྒྲུབ་པའི་སེམས་དང་། སེམས་ཅན་ཐར་བར་བྱ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྟོབས་མི་གཏང་བའང་ཐུན་མོང་དུ་གྱུར་པ་ཡིན་ཏེ། འོན་ཀྱང་དེ་ནི་རིགས་ཀྱི་སེམས་དང་། རྒྱུའི་གནས་སྐབས་ཀྱི་སེམས་དང་། འབྲས་བུའི་ངོ་བོ་གསུམ་རང་བཞིན་ཐ་དད་པར་འདོད་དེ། ཇི་ལྟར་ས་བོན་དང་། མྱུ་གུ་དང་། འབྲས་བུ་ལྟ་བུའོ། །ཀུན་ཏུ་བཟང་པོའི་བྱང་ཆུབ་ཀྱི་སེམས་ནི། རིགས་དང་། རྒྱུའི་གནས་སྐབས་དང་། འབྲས་བུ་གསུམ་རང་བཞིན་ཐ་མི་དད་པར་འདོད་དེ། ཇི་ལྟར་ས་ཁོང་ན་ཡོད་པའི་གསེར་ཁམས་ཀྱི་རང་བཞིན་དུ་གྲགས་པ་དང་། མེས་རེག་ན་ཅུང་ཟད་སེར་བར་སྣང་བར་གྱུར་པ་དང་། དྲི་མ་ཐམས་ཅད་དང་ཡོངས་སུ་བྲལ་བའི་གསེར་རྣམས་རང་བཞིན་བྱེ་བྲག་མེད་པ་ལྟ་བུའོ། །དེའི་ཚེ་དྲི་མ་དང་བྲལ་མ་བྲལ་ནི་བྱེ་བྲག་ཏུ་འདོད་དོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་ནི། ཆོལ་ཟངས་ལས་གཞོང་བར་བྱས་ཏེ་དེ་ལས་སྐུ་གཟུགས་སུ་བྱས་ན། འདི་ལ་ནི་དྲི་མ་དག་པ་དང་མ་དག་པའི་བྱེ་བྲག་ཀྱང་མེད་དེ། འོན་ཀྱང་དབྱིབས་དང་ཡོན་ཏན་དམིགས་པ་ནི་ཁྱད་པར་དུ་སྣང་ངོ་། །ཞེས་པ་ལྟ་བུའོ། །དེ་བས་ན་འདིར་རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པས་བྱང་ཆུབ་ཀྱི་སེམས་ཐམས་ཅད་གཏང་བར་མི་བྱའོ། །ཐེག་པ་གསུམ་ལ་མི་སྨད་པ་ནི། མཉམ་པ་ཉིད་ཀྱི་ཆོས་ལ་གནས་པས་སེམས་ཅན་དམྱལ་བའི་ཆོས་ཀྱང་མི་བཀོལ་བར་གསུངས་ན། ཉན་ཐོས་ཀྱི་ཆོས་ལ་སུན་དབྱུང་ཞིང་སྤང་བ་ལྟ་ཅི་སྨོས་ཏེ། སངས་རྒྱས་ཀྱིས་སྣོད་ཀྱི་རིམ་པ་དང་སྦྱར་ནས་སེམས་ཅན་གྱི་དོན་དུ་འགྱུར་བར་གསུངས་པར་འདྲ་བས་ཐམས་ཅད་མཉམ་པར་བལྟའོ། །ཞེས་གསུངས་པ་ལྟ་བུའོ། །སྐལ་པ་མེད་པ་ལ་གསང་བ་མི་བསྟན་པ་ནི། ཡང་འདི་ལྟ་བུར་རྟོགས་པའི་བློ་མ་སྐྱེས་ཀྱི་བར་དུ་ཐེག་པ་འོག་མ་ནས་འགྲོ་བའི་དོན་བྱས་ན་གདུལ་བྱ་ཆུད་མི་ཟ་བས་རབ་ཏུ་གསང་བའི་ཕྱིར་གསང་བའི་ཐེག་པ་ཞེས་བཀའ་སྩལ་ཏོ། །ཞེས་གསུངས་པ་ལྟ་བུའོ། །རྒྱལ་བའི་བདག་ཉིད་ཕུང་པོ་མི་སྨད་པ་ནི། ཕུང་པོ་ཡེ་ནས་སངས་རྒྱས་པ་ཡིན་པ་ལ་ཡིན་པ་ཉིད་དུ་རྟོགས་ཤིང་བསྒོམ་ནས་རང་ལས་མི་གཞན་པའི་ལོངས་སྤྱོད་ཀྱིས་རྟག་ཏུ་མཉེས་པར་བྱ་བ་ཡིན་ན། ལུས་སུན་དབྱུང་ཞིང་སྨད་པར་བྱ་བ་ལྟ་ཅི་སྨོས། དག་པའི་ཆོས་ལ་ཐེ་ཚོམ་མི་བྱ་བ་ནི། གང་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་ལ་ཐེ་ཚོམ་ཟ་བའང་བདེ་འགྲོ་དང་ཐར་པའི་བར་དུ་གཅོད་པ་ཡིན་ནོ། །ངོ་བོ་ཉིད་ཀྱིས་དག་པའི་ཆོས་ལ་ཐེ་ཚོམ་དུ་གྱུར་ན། རྡོ་རྗེ་བྱང་ཆུབ་ཀྱི་སེམས་སྤོང་བ་ལྟ་ཅི་སྨོས། སྡང་ལ་བྱམས་དང་ཆགས་བྲལ་དང་། །ཞེས་བྱ་བ་ལ། སྡང་ལ་བྱམས་པ་ནི་དམ་ཚིག་ལ་སྡང་བའི་ཕྱི་རོལ་པ་ལ་སོགས་ཆོས་དགྲར་གྱུར་པ་སྟེ། དེ་ལ་བྱམས་པར་བྱེད་པ་ནི་བདག་ཉིད་བདུད་དུ་གྱུར་པ་ཡིན་ལ། ཆགས་པ་དང་བྲལ་བ་ནི་མྱ་ངན་ལས་འདས་པ་ལ་གཞོལ་བས། ཕུང་པོ་ལ་སྐྱོ་བར་བྱེད་ཅིང་རྟག་ཏུ་སེམས་ཅན་གྱི་དོན་བྱ་བ་ལ་སྤྲོ་བར་མ་གྱུར་པ་སྟེ། འདི་ལྟ་བུ་དག་གིས་དོན་ཆེན་པོ་དང་མི་མཐུན་པ་ནི་ཐེག་པ་ཆེན་པོ་སྤྱིར་ཡང་མ་གནང་བ་ཡིན་ན། ཁྱད་པར་དུ་རྣལ་འབྱོར་ཆེན་པོའི་གཞུང་ལས་ཤིན་ཏུ་སྨད་པ་སྟེ་སངས་རྒྱས་ཀྱི་མཛད་པ་ལས་ཉམས་པར་བྱེད་པའོ། །ཆོས་རྣམས་ལ་མཐའ་གཉིས་སུ་མི་ལྟ་བ་ནི། སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་ཀྱི་ཐུན་མོང་ཡིན་མོད་ཀྱི། ཁྱད་པར་དུ་མཉམ་པ་ཆེན་པོའི་དམ་ཚིག་དང་འགལ་བས་རྡོ་རྗེ་བྱང་ཆུབ་ཀྱི་སེམས་གཏོང་བར་བྱེད་པའོ། །དད་སེམས་ཅན་ལ་ངན་དུ་བརྗོད་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་བསམ་པ་བརྟན་པ་ནི་དད་པ་ཅན་ཏེ། དེ་དག་ལ་ངན་སེམས་སྐྱེས་པ་ནི། བྱང་ཆུབ་ཀྱི་སེམས་ཉིད་ལ་སྡང་བར་གྱུར་པའི་ཕྱིར་དང་། ཕྲག་དོག་གིས་རིས་སུ་ཕྱེ་བས་ཕྱིར། རྡོ་རྗེ་བྱང་ཆུབ་ཀྱི་སེམས་དང་འགལ་བར་འགྱུར་རོ། །དམ་རྫས་རྙེད་པ་མི་ལེན་པ་ནི། གོང་དུ་བསྟན་པ་བཞིན་དངོས་གྲུབ་ཀྱི་རྫས་དང་མཆོད་པའི་རྫས་དང་ལྷའི་བརྟུལ་ཞུགས་དང་དབང་བསྐུར་བའི་རྫས་ལྟ་བུ་ནི་གསང་སྔགས་སྤྱིའི་ཡང་ཐུན་མོང་དུ་གྱུར་པ་ཡིན་ན། འདིར་ཐུན་མོང་མ་ཡིན་པ་ནི་ཆོས་མཉམ་པ་ཉིད་ཀྱི་བརྟུལ་ཞུགས་སུ་སྤྱད་པའི་དམ་རྫས་རྣམས་རྟོག་པ་དང་བྲལ་བའི་སེམས་ཀྱིས་བསྟེན་པ་སྟེ། འདིས་རྡོ་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པར་འགྱུར་རོ། །ཤེས་རབ་རང་བཞིན་བུད་མེད་མི་སྨད་པ་ནི། འདི་ལ་གོང་དུ་བསྟན་པ་བཞིན་དུ་ཕྱག་རྒྱ་དང་། རིག་སྔགས་ཀྱི་ལྷ་དང་། དེའི་རྣམ་པར་གྱུར་པ་གཟུགས་སུ་བྱས་པ་དང། རིགས་འདྲ་བ་དག་མི་སྨད་པ་ནི་གསང་སྔགས་སྤྱིའི་ཐུན་མོང་ཡིན་མོད་ཀྱི། འདིར་ཐུན་མོང་མ་ཡིན་པར་བསྟན་པ་ནི། སྟོན་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དུ་བྱིན་གྱིས་བརླབས་པ་ལ། དེའི་སྤྱོད་ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཕྱག་རྒྱ་ཆེན་པོར་བསྟན་པའི་ཕྱིར། ལས་ཀྱི་ཕྱག་རྒྱ་ཤེས་རབ་མར་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་འདི་ནི་ཐུན་མོང་མ་ཡིན་པའི་སྤྱོད་པ་སྟེ། དེ་བས་ན་རིགས་ཀྱི་སྒོ་ནས་ཤེས་རབ་མར་འདོད་པས་སྨད་པར་མི་བྱ་སྟེ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའོ། །དེ་ལྟར་ཐུན་མོང་མ་ཡིན་པ་དང་ཐུན་མོང་དུ་བསྟན་པ་འདི་དག་རྣལ་འབྱོར་པ་སྤྱི་ཡིས་ཀུན་ཀྱང་བསྲུང་བར་བྱ་བའི་དམ་ཚིག་ཏུ་ཤེས་པར་བྱའོ། །སྦོམ་པོའི་ལྟུང་བ་གྲགས་པ་འདི་དག་ཀྱང་ལྗོན་ཤིང་གི་སྡོང་པོ་དང་འདྲ་སྟེ་ལྟུང་བ་ཆེ་བར་བཤད་དོ། །དེ་ལ། དམ་ཚིག་སྦྱོར་བ་མི་ལྡན་པ་ནི། སྤྱིར་ནན་ཏན་མེད་པའོ། །རིག་མ་མི་དགའ་བསྟེན་པ་ནི། བདག་དང་གཞན་དང་གཉིས་ག་དང་ཆོས་ཀྱི་དོན་དུ་མི་འགྱུར་བའི་ཕྱིར་རོ། །ཚོགས་ཀྱི་འཁོར་ལོར་བརྩོད་པ་ནི། རྡོ་རྗེ་སྤུན་ལས་འགལ་ལོ། །གསང་བའི་ཆོས་ནི་སྟོན་པ་དང་། །ཞེས་པ་དང་། སྣོད་མེད་གསང་བ་སྟོན་པ་རྣམས། །ཞེས་སྨོས་པ། གོང་དུ་སྐལ་པ་མེད་པ་ལ་གསང་བ་སྒྲོགས་པར་བསྟན་པ་དང་། འདོམ་པའི་དགོངས་པ་ནི། རྩ་བ་ནི་སྣོད་རྒྱུ་མེད་པ་དང་། བསམ་པས་ཤེས་བཞིན་དུ་བཟེམ་པ་མེད་པས་ལྕི་བར་འགྱུར་ལ། སྦོམ་པོ་ནི་དེ་ལྟར་མ་ཡིན་པར་བསྟན་པར་བྱའོ། །དེ་ཡང་གསང་བ་གཅིག་ནི་སྤྱོད་པར་སྦྱར་རོ། །ཉན་ཐོས་རློམ་སེམས་བྱེད་པའི་ནང་དུ་གནས་པའང་དོན་དུ་མི་འགྱུར་བ་བཞི་དང་ལྡན་པས་སོ། །དམ་ཆོས་མི་སྟོན་པ་ནི་བག་མེད་པས་སོ། །སྒྲུབ་པའི་དམ་ཚིག་ནི། དཔལ་ཟླ་གསང་ཐིག་ལེ་ལས། བྱང་ཆུབ་ཀྱི་སྙིང་པོར་བགྲོད་པའི་ཡན་ལག་དྲུག་གསུངས་ཏེ། འདི་ལྟར། འདས་པའི་དུས་ན་མ་བྱུང་བ། །མཐའ་ཡས་ཆོས་ནི་ཡངས་པར་བསྟན། །འདོད་ཆགས་རྣམས་ཀྱིས་དཀྲིས་པ་ཡི། །སྡུག་བསྔལ་གཟིར་བ་མཐའ་ནས་དགྲོལ། །འདོད་པ་མཆོག་གི་ལོངས་སྤྱོད་རྣམས། །མོས་པས་རྗེས་སུ་ཞུགས་ཤིང་སྤྱད། །ཀུན་ཏུ་ཆགས་པར་མི་འགྱུར་ཞིང་། །བདེ་བས་ལོངས་པའི་ཡིད་དང་ལྡན། །བྱང་ཆུབ་སྙིང་པོར་བགྲོད་པ་ནི། །དམ་བཅས་རྣམས་དང་སེམས་ཀྱིས་སོ། །ཞེས་གསུངས་ཏེ། འདི་ལྟར། སྔོན་ཆད་འཇིག་རྟེན་ལས་འདས་པའི་ཆོས་ལུགས་ལས་མ་བྱུང་བའི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལུགས་རྟོགས་པ་དང་། སེམས་ཅན་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སྡུག་བསྔལ་གྱིས་གཟིར་བ་རྣམས་ལ་ཐབས་སྣ་ཚོགས་ཀྱིས་དགྲོལ་བ་དང་། འདི་གཉིས་ནི་ལྟ་བ་མཐའ་གཉིས་ལས་གྲོལ་བའོ། །འདོད་པ་མཆོག་གི་ལོངས་སྤྱོད་རྣམས་ལ་མོས་པའི་རྗེས་སུ་སྤྱད་པ་ནི། འདི་ལྟར་གཟུགས་དང་། སྒྲ་ལ་སོགས་པའི་འདོད་པ་རྣམས་བྱང་ཆུབ་སེམས་ཀྱི་ལོངས་སྤྱོད་དུ་སྤྱད་པ་སྟེ། འདིས་ནི་སེམས་ཅན་ཆུད་མི་གསན་པར་གསུངས་སོ། །ཀུན་ཏུ་ཆགས་པར་མི་འགྱུར་ཞིང་བདེ་བ་ལ་ལོངས་སྤྱོད་པ་ནི། སྤྱོད་པ་མཐའ་གཉིས་ལས་གྲོལ་བའོ། །དམ་བཅས་རྣམས་ནི། སྡོམ་པ་ཇི་ལྟར་ནོས་པ་མི་གཏང་བའོ། །སེམས་ཀྱིས་སོ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སེམས་སྟོབས་ཏེ། འདི་ལྟར་ཡན་ལག་དྲུག་དང་ལྡན་པས་བྱང་ཆུབ་ཀྱི་སྙིང་པོ་སྒྲུབ་པའོ། །ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཐབས་ཀྱི་དངོས་པོ་ནི། ཕྱག་རྒྱ་སྒྲུབ་པ་སྟེ། དེ་ཉིད་ལས་གསུངས་པ། སྡོམ་པ་དངོས་གྲུབ་ཀུན་བྱིན་པ། །བརྟུལ་ཞུགས་དཀའ་ཐུབ་སྔགས་མཁན་གྱིས། །དམ་ཚིག་མཆོག་ཏུ་བསྲུང་བ་རྣམས། །བཅོམ་ལྡན་གསང་བ་ཉིད་ཀྱིས་གསུངས། །དེ་ནི་དེའི་རྒྱ་ཆེ་བ་ཡི། །ཡིད་ཀྱིས་ཁ་དོག་དབྱིབས་ཆེན་གྱི། །ཕྱག་རྒྱ་བཅིངས་ལ་སོགས་པས་བཏབ། །སྦས་པའི་སྐུ་ནི་རབ་བསྒྲུབ་བྱ། །རྡོ་རྗེ་གསུང་དུ་རབ་སྦྱོར་བས། །ཆོས་ཀྱི་ངོ་བོའི་ཕྱག་རྒྱ་བརྗོད། །ངག་སྦས་གསལ་བར་བརྗོད་པ་ནི། །ང་རོ་སྤངས་པ་རྡོ་རྗེ་གསུངས། །རང་སེམས་རབ་ཏུ་འབིགས་པ་ཡིས། །ཟླ་བ་རྡོ་རྗེ་རྣམ་པར་བསྒོམ། །རང་གི་ངོ་བོ་གསུམ་གཅིག་བསྒོམ། །འདི་ནི་ཡིད་སྦས་ཆེན་པོ་ཡིན། །འདི་ནི་དེ་ཉིད་རྒྱ་ཆེན་མཆོག །རྒྱུན་དུ་བསྒོམ་པ་རྣམས་བྱ་སྟེ། །གསུམ་སྦྱོར་བས་ནི་གྲུབ་པར་འགྱུར། །གཞན་མིན་རྡོ་རྗེ་འཛིན་པས་གསུངས། །ཞེས་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྒྲུབ་པ་འདི་ནི་གོང་དུ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ལས་གསུངས་པ་དང་མཐུན་པར་སྣང་ངོ་། །ཐབས་དང་ཤེས་རབ་ཀྱི་ཚུལ་ཟབ་མོའི་སྤྱོད་པ་བརླབས་པོ་ཆེ་སྤྱད་པར་བྱ་བའི་དམ་ཚིག་ནི། དཔལ་གསང་བ་འདུས་པ་ལས། དབང་བསྐུར་ནས་སློབ་མ་ལ་དམ་བསྒྲགས་པའི་སྐབས་སུ་གསུངས་པ། སངས་རྒྱས་ཀུན་གྱིས་གསུངས་པ་ཡི། །དམ་ཚིག་གསང་བ་བསྒྲགས་པར་བྱ། །ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་བླང་། །བུད་མེད་དག་ཀྱང་བསྟེན་པར་བྱ། །རྡོ་རྗེ་ལམ་ནི་དེ་དག་གིས། །སེམས་ཅན་ཐམས་ཅད་བསྐུལ་བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་རབ་ཏུ་བརྟན་པའོ། །ཞེས་གསུངས་པ་ལྟ་བུ་སྟེ་འདི་དག་ཀྱང་སེམས་ཅན་གྱི་དོན་དུ་ཐབས་ལ་མཁས་པས་ཟིན་པར་སྤྱད་པ་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་དུའང་གྲགས་པ་ཡིན་ལ། གཞན་ཡང་དོན་ཆེན་པོའི་ཕྱིར་སྤྱད་པར་གསུངས་པ་རྣམས་ཀྱང་། གོང་དུ་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་སྐབས་སུ་བསྟན་པ་དག་གོ ། རྣལ་འབྱོར་ཆེན་པོའི་ཐུན་མོང་མ་ཡིན་པར་བསྟན་པ་ནི། ཆོས་མཉམ་པ་ཉིད་ལ་ལྟ་སྤྱོད་བླང་དོར་མེད་པར་གསུངས་པ་སྟེ་འདི་ལྟར། དཔལ་ཐབས་ཀྱི་ཞགས་པ་ལས་ཀྱང་སློབ་མ་ལ་དམ་ཚིག་དབོག་པའི་སྐབས་སུ། དགེ་དང་མི་དགེའི་ཆོས་རྣམས་ལ། །ལྷག་པར་བསྟེན་པར་མི་བྱ་སྟེ། །མཉམ་ཉིད་རིག་པའི་རླུང་ཞུགས་ན། །ཅི་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་གསུངས་པ་ལྟ་བུ་དང་། སྒྱུ་འཕྲུལ་དྲྭ་བ་ལས། སེམས་ཅན་མི་ཤེས་པས་རྨོངས་ནས། །ཐབས་དང་ཡེ་ཤེས་རྣམ་སྤངས་ཤིང་། །ཕྱི་རོལ་དངོས་ལ་མངོན་ཞེན་པས། །རྣམ་རྟོགས་དྲྭ་བས་བླུན་བྱས་གང་། །དེ་དག་གིས་ནི་དགེ་སྡིག་གི །ཕུང་པོ་གཉིས་སུ་རྣམ་པར་བརྟགས། །ཆོས་འདི་རང་བཞིན་གྱིས་དག་སྟེ། །ངོ་བོ་ཉིད་མེད་གནས་མེད་ཀྱང་། །སེམས་ཅན་ཤེས་པ་སྤེལ་བའི་ཕྱིར། །ལས་ཀྱི་ཚུལ་ནི་སྣ་ཚོགས་ཡིན། །ཅེས་གསུངས་པ་ལྟ་བུ་སྟེ། འདི་ལྟ་བུ་ལ་སོགས་པའི་ཐབས་དང་ཤེས་རབ་ཀྱི་ཚུལ་ཟབ་མོའི་སྤྱོད་པ་བརླབས་པོ་ཆེ་འདི་དག་དོན་གྱི་དབང་དེ་ལྟ་བུ་ཡིན་མོད་ཀྱི། རྣལ་འབྱོར་པ་སྤྱིས་སྤྱད་ཅིང་དང་དུ་བླང་དུ་མི་རུང་ངོ་། །ཞེས་གོང་དུ་ལེགས་པར་བསྙད་ཟིན་ཏོ། །ད་ནི་རྒྱུད་ཁ་ཅིག་ལས་གསུངས་པའི། རྩ་བ་དང་ཡན་ལག་གི་དམ་ཚིག་ཏུ་གཏོགས་པ། སྲུང་ཞིང་སྒྲུབ་པ་དང་། མི་སྤང་བ་དང་། དང་དུ་བླང་བ་ལ་སོགས་པར་ཕྱེ་ནས་བསྟན་པ་རྣམས་བསྟན་པར་བྱ་སྟེ། དེ་ཡང་རྣལ་འབྱོར་ཆེན་པོའི་རྩ་བའི་དམ་ཚིག་ལྔའམ་གསུམ་དུ་གྲགས་ཏེ། དེ་ཡང་དཔལ་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །སྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་སྟེ། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །ཅེས་གསུངས་ཏེ། དེ་ལ་རྩ་བའི་དམ་ཚིག་ནི་མཐུན་ནོ། །ཇི་ལྟ་ཞེ་ན། དཀོན་མཆོག་གསུམ་མི་སྤང་བ་དང་། བྱང་ཆུབ་ཀྱིས་སེམས་མི་གཏང་བ་ནི་ལྷ་མི་སྤང་བར་འདུས་ཏེ། གང་གི་ཕྱིར་དཀོན་མཆོག་གསུམ་གྱི་རང་བཞིན་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཉིད་ཐབས་ལ་མཁས་པས་ཕྱག་རྒྱར་བྱིན་གྱིས་བརླབས་པ་ནི་རང་གི་ཡི་དམ་གྱི་ལྷ་ཡིན་ཏེ། ཇི་ལྟར་ཆུ་ལས་གྲང་བའི་རྐྱེན་གྱིས་ཆབ་བྲོམ་དུ་གྱུར་པ་དང་། སེམས་ཉིད་བག་ཆགས་ཀྱི་དབང་གིས་ལུས་དང་གནས་སུ་སྨིན་ཅིང་སྣང་བར་གྱུར་པ་ལྟ་བུའོ། །དེ་བས་ན་ཡི་དམ་གྱི་ལྷ་རྟག་ཏུ་བསྒོམ་པ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་གཟུངས་ཞིང་དཀོན་མཆོག་གསུམ་བཀུར་བ་བྱས་པ་ཡིན་ནོ། །གཞན་ནི་དངོས་སུ་ཟད་དེ། དེ་བས་ན་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་མཆེད་ལ་བརྟེན་ནས་དམ་ཚིག་ཉམས་ཤིང་ལྟུང་བའི་རྒྱུར་གྱུར་པའི་བྱེ་བྲག་ནི། སྙིང་ནས་རྡོ་རྗེ་སློབ་དཔོན་སྨད་པ་ལ་སོགས་པ་གོང་དུ་བསྟན་པ་དེ་དག་ཉིད་གཟུང་བར་བྱའོ། །སློབ་དཔོན་བཀུར་བའི་རིམ་པའང་དཀོན་མཆོག་བཞི་པར་བཀུར་བ་དང་། སངས་རྒྱས་དང་མཉམ་པར་བཀུར་བ་དང་། སངས་རྒྱས་པས་ལྷག་པར་བཀུར་བ་རྣམས་ལས་ཤེས་པར་བྱའོ། །རྡོ་རྗེ་མཆེད་ལ་བྱམས་པར་བྱ་བ་ཡང་། ཇི་ལྟར་རང་གི་མིག་ལ་འཛེམ་པ་བཞིན་འཛེམ་མོ། །ཞེས་འབྱུང་ངོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པའང་། དངོས་གྲུབ་ཆེན་པོ་ལ་སྦྱོར་མི་ནུས་པ་རྣམས་ཀྱིས་ཀྱང་། དུས་ཀྱི་རྒྱུན་ནམ་རྒྱུན་གྱི་རྒྱུན་དུ་དམ་རྫས་ཀྱི་མཆོད་པ་དང་བཅས་ནས་བསྒོམ་ཞིང་བཟླས་པར་གསུངས་ཏེ། དེ་ཡང་བརྩོན་པ་རབ་ནི། རྟག་ཏུ་ཡི་དམ་མི་གཅོག་པའོ། །འབྲིང་ནི། ཉ་ཤི་གསོ་སྦྱོང་གི་དུས་སུ་ཡི་དམ་གསོ་སྦྱོང་དང་བཅས་ནས་བྱེད་པའོ། །ཐ་མ་ནི། མཆོད་པ་ལོ་ཚིག་མི་འདའ་སྟེ་དེ་ལས་འདས་ན་ཉམས་པར་འགྱུར་རོ། །གསང་བའི་མན་ངག་ཕྱི་རོལ་ཏུ་མི་བསྟན་པ་ནི། སྤྱི་གསང་བཞི་དང་། བར་གསང་བཞི། གསང་བ་འོས་པ་དང་། གཉེར་གཏད་པ་སྟེ། དམིགས་བཅུ་པོ་འདི་དག་ནི་གཞན་ལ་མི་བསྟན་པ་གསུངས་སོ། །དེ་ལ་ཡང་། སྤྱི་གསང་བཞི་ནི། ཚོགས་ཀྱི་དཀྱིལ་འཁོར་གསང་བ་སྒྲུབ་པའི་དུས་སུ། རྡོ་རྗེ་སློབ་དཔོན་དང་། རྡོ་རྗེ་མཆེད་དང་། འདུ་བའི་གནས་དང་། འདུ་བའི་དུས་དག་དེར་མ་ཆུད་པ་ཐམས་ཅད་ལ་གསང་བར་གསུངས་ཏེ། འདིར་ཡང་ཚོགས་བསྒྲགས་པར་གྱུར་པ་དང་། གསང་སྔགས་ཐུན་མོང་དུ་གྱུར་པ་ན་ལྷག་པར་ཉེས་པ་མི་འགྱུར་རོ། །གཞན་ཡང་ཡི་དམ་གྱི་ལྷ་དང་། སྔགས་དང་ཕྱག་རྒྱ་དང་། ལྟ་བ་ཟབ་མོ་དང་། སྤྱད་པ་བརླབས་པོ་ཆེ་རྣམས་ནི་བར་གསང་བཞི་ཞེས་གྲགས་ཏེ། དེ་ཡང་ལྟ་སྤྱོད་གཉིས་ནི་སྣོད་དུ་མ་གྱུར་པ་ལ་གསང་། ལྷ་དང་སྔགས་དང་ཕྱག་རྒྱ་ནི་ཀུན་ལ་མི་བསྟན་ཏེ་དངོས་གྲུབ་ཉམས་པར་འགྱུར་རོ། །གསང་བར་འོས་པ་ནི་རང་གི་བློས་བརྟག་ཅིང་གསང་བར་བྱ་བ་རྣམས་སོ། །གཉེར་གཏད་པ་ནི་བླ་མ་དང་གྲོགས་ཀྱི་བསྒོ་བའོ། །དེ་ལྟར་རྩ་བ་ལྔ་བསྟན་པ་འདི་ཡང་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་བསྡུ་ན། སློབ་དཔོན་དང་མཆེད་ཀྱི་དམ་ཚིག་ནི་སྐུའི་དམ་ཚིག་གོ །ལྷ་དང་སྔགས་དང་ཕྱག་རྒྱ་ནི་བཟླས་བརྗོད་ཀྱི་ཡན་ལག་ཏུ་རྩི་སྟེ་གསུང་གི་དམ་ཚིག་གོ །གསང་བ་མི་སྤེལ་བ་ནི་ཐུགས་ཀྱི་བརྣག་པར་བསྟན་ཏེ་ཐུགས་ཀྱི་དམ་ཚིག་གོ །དེ་ཡང་སྒྲུབ་པ་དང་བསྲུང་བའི་དམ་ཚིག་གཉིས་སུ་བསྡུ་ན། གསུང་གི་དམ་ཚིག་ནི་སྒྲུབ་པའི་དམ་ཚིག་གོ །གཞན་ནི་བསྲུང་བའི་ དམ་ཚིག་གོ །ཡན་ལག་གི་དམ་ཚིག་རྣམས་ནི་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་ལས་བཟློག་ནས་ཐབས་དང་ཤེས་རབ་ཀྱི་སྤྱོད་པ་བརླབས་པོ་ཆེའི་སྒོ་ནས་བསྟན་ཏེ། འོན་ཀྱང་ཕན་ཚུན་འདུ་བ་ནི་གོང་དུ་བསྟན་ཟིན་ཏོ། །དེ་ཡང་སྐབས་འདིར་ནི་མི་སྤང་བ་དང་དང་དུ་བླང་བ་ཙམ་གསུངས་ན། རྒྱུད་གཞན་ནས་གསུངས་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་སྔ་ནས་དམ་ཚིག་ཉི་ཤུ་རྩ་བརྒྱད་ཀྱི་དབྱེ་བ་མཛད་པ་དག་དང་མཐུན་པར་ཚོམས་གཅིག་ཏུ་དྲིལ་ཏེ་བསྟན་པར་བྱའོ། །དེ་ཡང་གང་ཞེ་ན། མི་སྤང་བའི་དམ་ཚིག་ལྔ་དང་། དང་དུ་བླང་བའི་དམ་ཚིག་ལྔ་དང་། སྤྱད་པར་བྱ་བའི་དམ་ཚིག་ལྔ་དང་། ཤེས་པར་བྱ་ བའི་དམ་ཚིག་ལྔ་དང་། །བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་སྟེ་ཡན་ལག་ཉི་ཤུ་རྩ་ལྔའོ། །རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་དབང་གིས་རྣལ་འབྱོར་ཆེན་པོའི་གཞུང་གི་དམ་ཚིག་ཉི་ཤུ་རྩ་བརྒྱད་ཅེས་གྲགས་སོ། །དེ་ཡང་མི་སྤང་བ་ལ་སོགས་པའི་དམ་ཚིག་འདི་དག་ལྔ་ལྔར་བསྟན་པའང་ལྷ་ཁྱད་པར་གྱི་དམ་ཚིག་གི་དབང་དུ་གསུངས་པ་སྟེ། དེ་བས་ན་རིགས་ལྔའི་ལྷའི་དབང་གིས་སོ་སོར་ཕྱེ་བ་ཡིན་ཡང་རྣལ་འབྱོར་པ་རྣམས་ཀྱི་སྤྱིའི་དམ་ཚིག་ཏུ་འགྱུར་རོ། །དེ་ལ་མི་སྤང་བའི་དམ་ཚིག་ལྔ་ནི། ཉོན་མོངས་པ་ལྔ་མི་སྤང་བ་སྟེ། དེ་ཡང་ཉོན་མོངས་པ་རྣམས་ནི་ཁམས་གསུམ་འཁོར་བའི་རྒྱུ་ཡིན་ན། འདི་དག་གང་གི་ཕྱིར་མི་སྤང་ཞེ་ན། རྣམ་པ་གསུམ་གྱི་ཕྱིར་ཡིན་ཏེ། རང་བཞིན་ཡོངས་སུ་ཤེས་ན་སྤང་བར་ བྱ་བའི་རྫས་མེད་པའི་ཕྱིར་མི་སྤང་བ་དང་། ཐབས་ལ་མཁས་པས་ཟིན་པའི་ཉོན་མོངས་པ་མི་སྤང་བ་དང་། ཉོན་མོངས་པ་ཆེན་པོ་མི་སྤང་བའོ། །དེ་ལ་རང་བཞིན་ཡོངས་སུ་ཤེས་པས་མི་སྤང་བ་ནི། དཔེར་ན་སྨིགས་རྒྱུའི་ཆུ་བོ་དང་ཁ་དོག་སྤང་དུ་མེད་པ་ལྟ་བུ་སྟེ། འདི་ལྟར་ཉོན་མོངས་པ་རྣམས་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་མཚན་ཉིད་དེ། དེ་ནི་གཟུང་བ་དང་འཛིན་པར་བརྟགས་པའི་དབང་ལས་བྱུང་བའོ། །དེ་བས་ན་ཀུན་ཏུ་བརྟགས་པ་ནི་སྨིག་རྒྱུའི་ཆུ་དང་འདྲ་སྟེ། བརྟགས་པ་ཡིན་པའི་ཕྱིར་རྫས་སུ་མེད་དོ། །མེད་བཞིན་དེ་ལྟར་ཀུན་ཏུ་རྟོག་པ་ཉིད་ཀྱང་འཁྲུལ་བ་ཡིན་པའི་ཕྱིར་སྨིག་རྒྱུའི་ཁ་དོག་དང་འདྲ་སྟེ་ཇི་ལྟར་སྣང་བ་དེ་བཞིན་དུ་རྫས་སུ་མེད་དོ། །ཇི་ལྟར་སྨིག་རྒྱུའི་ཁ་དོག་ནི་རྟེན་གྱི་འབྱུང་བ་ཆེན་པོ་མེད་པའི་ཕྱིར་དེ་དང་ཚོགས་པ་གཅིག་པའི་ཁ་དོག་གི་གཟུགས་མེད་དེ། དེའི་ཕྱིར་ཁ་དོག་གི་བདག་ཉིད་ཐོབ་པ་མེད་དོ། །དེ་བཞིན་དུ་ཉོན་མོངས་པ་རྣམས་ནི་ཤིན་ཏུ་འཁྲུལ་བ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་སྐྱེ་བར་སྣང་ཡང་། དེའི་དུས་ཉིད་ན་དེ་ལྟ་བུའི་བདག་ཉིད་ཐོབ་པར་མི་རུང་སྟེ། དེ་བས་ན་གང་བདག་ཉིད་ཐོབ་པ་མེད་པ་དེ་ལ་སྤང་བའང་གཞག་པ་མི་འགྲུབ་བོ། །གང་དུ་ཉོན་མོངས་པ་རྣམས་སྤང་བར་གསུངས་པ་དེ་ནི་གང་ཟག་རློམ་སེམས་པ་རྣམས་ཀྱི་བློའི་དབང་དུ་བརྗོད་པ་སྟེ། འདི་ལྟར་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་པས་རྣམ་པར་གྲོལ་བ་མ་ཡིན་ནམ། ལྷ་མོས་སྨྲས་པ། གང་འདོད་ཆགས་ཞེ་སྡང་གཏི་མུག་སྤང་བས་རྣམ་པར་གྲོལ་བའོ་ཟེར་བ་ནི། ང་རྒྱལ་བ་རྣམས་ཀྱི་སྟེ། གང་ང་མེད་པ་རྣམས་ཀྱི་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་ཉིད་རྣམ་པར་གྲོལ་བ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །གང་ཡང་ཉན་ཐོས་ཀྱི་ཐེག་པར་ཉོན་མོངས་པ་རྣམས་དོན་དམ་པར་ཡོད་ཅིང་དེ་སྤང་བར་བྱར་ཡང་རུང་བ་གསུངས་པ་རྣམས་ཀྱང་དགྲ་བཅོམ་པར་གྱུར་པ་ན་བདག་ཉིད་ཉོན་མོངས་པ་སྤངས་པའོ་སྙམ་དུ་རློམ་སེམས་མེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དག་ཏུ་གསུངས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཞུགས་པ། ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ། ཆོས་ཐམས་ཅད་ལ་སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་ཁོང་དུ་ཆུད་ཅིང་སྒྱུ་མ་དེས་ཀྱང་རློམ་སེམས་སུ་མི་བྱེད་པ་རྣམས། ཉོན་མོངས་པ་རྣམས་སྤང་བའི་རློམ་སེམས་བསྐྱེད་པར་མི་འགྱུར་ལ། ཁྱད་པར་དུ་ཡང་ཐེག་པ་ཆེན་པོ་ལ་ཞུགས་པའི་རྣལ་འབྱོར་པ་ཆོས་ཐམས་ཅད་ལ་མཉམ་པ་རྣམ་པ་བཞི་དང་། དག་པ་རྣམ་པ་གསུམ་གྱི་ཚུལ་དུ་རྟོགས་པ་རྣམས་ཉོན་མོངས་པ་རྣམས་སྤང་བའི་རློམ་སེམས་བྱེད་པ་ནི་གནས་མ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཐབས་ལ་མཁས་པས་ཟིན་པའི་ཉོན་མོངས་པ་རྣམས་མི་སྤང་ཞེ་ན། ཇི་ལྟར་པད་མའི་ཚལ་བསྐྱེད་པའི་ཕྱིར་འདམ་རྫབ་ཆེན་པོ་སྤྱོམ་པ་དང་། གུར་གུམ་བསྐྱེད་པའི་ཕྱིར་མི་གཙང་བའི་ལྗན་ལྗིན་གྱི་ཕུང་པོ་སྡུད་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་མ་ཐར་བ་རྣམས་ཐར་བར་བྱ་བ་དང་། མ་གྲོལ་བ་དང་དབུགས་མ་ཕྱིན་པ་དང་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་བཟླ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ་གཞན་ལ་ལྟོས་པ་མེད་དེ། སེམས་ཅན་ཐམས་ཅད་བདག་གིར་བྱས་ནས་འཇིག་ཚོགས་ལ་ལྟ་བ་རི་རབ་ལྟ་བུ་སྐྱེད་པ་རྣམས་བྱང་ཆུབ་ཆེན་པོའི་རྒྱུ་ཉིད་དུ་འགྱུར་ཏེ། ཇི་ལྟར་འདམ་རྫབ་དང་ལྗན་ལྗིན་གྱི་སྐྱོན་རྣམས་པད་མ་དང་གུར་གུམ་ལ་ཅུང་ཟད་ཀྱང་མི་སྣང་གི །ཡོན་ཏན་ཐམས་ཅད་སྣང་བ་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་དང་འབྲས་བུའི་ཆོས་རྣམས་ལ། ཉོན་མོངས་པ་ཆེད་དུ་བསྐྱེད་པ་དེ་དག་གི་སྐྱོན་འགའ་ཡང་མི་སྣང་གི་ཡོན་ཏན་ཐམས་ཅད་སྣང་བ་བཞིན་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དག་ཏུ། དེ་བཞིན་གཤེགས་པ་རྣམས་ནི་ཉོན་མོངས་པ་རྣམས་ལས་སྐྱེས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་གདུང་ནི་ཉོན་མོངས་པའོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཇི་ལྟར་ན་ཉོན་མོངས་པ་ཆེན་པོ་རྣམས་མི་སྤང་ཞེ་ན། ཇི་སྐད་དུ། རྒྱུ་ཉིད་འབྲས་བུར་རྫོགས་པའི་ཕྱིར། རྫོགས་པ་ཆེན་པོ་གཅིག་ཤེས་ཏེ་ཆུད་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལྟ་བུ་སྟེ། དཔེར་ན་ཐུན་མོང་གི་སྣང་བ་གཞིར་གྱུར་པའི་རྫས་ཀྱི་དངོས་པོ་འབྱུང་བ་ཆེན་པོའི་རྣམ་པ་ཅན་གཅིག་ལ། ཡི་དྭགས་རྣམས་ཀྱིས་དུག་དང་མཚོན་ལ་སོགས་གདུག་ཅིང་རྩུབ་པ་དང་། ཡིད་དུ་མི་འོང་བའི་དངོས་པོར་སྣང་བའི་རྫས་དེ་ཉིད་ལ་མི་རྣམས་ཀྱིས་བཟར་རུང་བ་མཐོང་བ་དང་། ལྷ་རྣམས་ཀྱི་བདུད་རྩི་དམ་པ་ལྟ་བུར་མཐོང་བ་ན། གང་དུག་ཏུ་འདོད་པ་དེ་ཉིད་བདུད་རྩིར་འདོད་པ་ཟད་དེ། འདི་ལ་རྒྱུ་དང་འབྲས་བུ་དང་མི་མཐུན་པ་དང་གཉེན་པོ་གཉིས་སུ་བཞག་ཏུ་མེད་དོ། །དེ་བས་ན་ཆོས་ཐམས་ཅད་དབྱེར་མེད་པར་འབྲས་བུའི་ཆོས་སུ་སངས་རྒྱས་པར་ལྟ་བས་འབྲས་བུ་རྡོ་རྗེའི་ཐེག་པ་ཞེས་ཀྱང་བྱ་སྟེ། ཇི་སྐད་དུ། མ་རིག་པ་ནི་ཡེ་ཤེས་གསལ། །འདོད་ཆགས་ཆོས་ཀྱི་དོན་ལ་སྦྱོར། །ཞེ་སྡང་ཐུགས་རྗེ་ཆེན་པོའི་ངང་། །ང་རྒྱལ་ཞི་བ་ཆོས་ལ་ཐིམ། །ཕྲག་དོག་སྤང་བའི་དོན་སྦྱོར་བ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་བྱ་བ་དང་། འདོད་ཆགས་ཞེ་སྡང་གཏི་མུག་དང་། ང་རྒྱལ་ཕྲག་དོག་ཆེན་པོ་ནི། །གང་ཕྱིར་བྱང་ཆུབ་སེམས་དེ་ནི། །རྡོ་རྗེ་དེ་བཞིན་གཤེགས་པར་གསལ། །ཞེས་བྱ་བ་ལྟ་བུར་རིག་པར་བྱའོ། །མདོར་ན་ཉོན་མོངས་པ་མི་སྤོང་བའི་དམ་ཚིག་འདི་དག་ཀྱང་། ཉོན་མོངས་པ་རྣམས་ངོ་བོ་ཉིད་མེད་པར་རྟོགས་པ་དང་། ཤེས་རབ་སྙིང་རྗེས་བརླན་ན་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བ་རྟོགས་པ་དང་། རྒྱུ་འབྲས་དབྱེར་མེད་པར་ཐམས་ཅད་འབྲས་བུའི་ཆོས་སུ་སངས་རྒྱས་པར་རྟོགས་པས་སྤང་དུ་མེད་པར་ཤེས་པར་བྱ་བ་ཡིན་གྱི། དེ་ལྟར་མ་རྟོགས་ཤིང་གདེང་དང་མི་ལྡན་བཞིན་དུ་བདག་ཏུ་ལྟ་བའི་སྒྱུ་འཕྲུལ་གྱིས་བཅངས་བཞིན་དུའང་ཉོན་མོངས་པ་རྣམས་སྤང་མི་དགོས་སོ་སྙམ་དུ་སངས་རྒྱས་ཀྱི་བཀའ་ཆེ་བ་ལ་བརྟེན་ནས་བག་མེད་པར་གནས་ན། རང་བཞིན་གྱིས་རྩོལ་བ་མེད་པར་ཉོན་མོངས་པའི་སྒྱུ་འཕྲུལ་གྱི་དབང་དུ་འགྱུར་ཏེ། རྣམ་པར་རྟོག་པའི་རྨི་ལམ་གྱི་རླུང་གིས་བདས་ནས། སྐྱེ་མཆེད་ཀྱི་གྲོང་སྟོང་དུ་བློ་རྟག་ཏུ་འཁྱམས་པར་གྱུར་ཏ་རེ། དང་དུ་བླང་བའི་དམ་ཚིག་ལྔ་ནི་རིགས་ལྔ་ཡེ་ཤེས་ལྔའི་དམ་ཚིག་གི་རྫས་སུ་གྱུར་པ་བདུད་རྩི་རྣམ་པ་ལྔ་སྟེ། འདི་དག་དང་དུ་བླང་བའང་འཕགས་པ་མཆོད་པའི་ཕྱིར་དང་། སློབ་མ་ལ་དབང་བསྐུར་བའི་ཕྱིར་དང་། དངོས་གྲུབ་སྒྲུབ་པའི་ཕྱིར་དང་། ལྷའི་བརྟུལ་ཞུགས་བླངས་ཏེ། དམ་ཚིག་གི་རྫས་སུ་མྱང་བར་བྱ་བའི་ཕྱིར་དང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་བཟློག་པའི་ཕྱིར་ཆོས་མཉམ་པའི་བརྟུལ་ཞུགས་ཀྱིས་གཙང་སྨེའི་རྣམ་རྟོག་བཟློག་པར་གསུངས་པ་ཡིན་ཏེ། འོན་ཀྱང་དངོས་གྲུབ་ཀྱི་རྒྱུར་ནི་དྲང་སྲོང་རྣམས་གཙང་མའི་ཟས་དང་། རྫས་དང་སྤྱོད་པ་ལས་ཀྱང་གྲུབ་པར་གྱུར་ལ། མཁའ་འགྲོ་མ་རྣམས་མི་གཙང་བའི་ཟས་དང་རྫས་དང་མི་ཚངས་པར་སྤྱོད་པ་ལས་ཀྱང་གྲུབ་པར་འགྱུར་ཏེ། ཇི་ལྟར་ཡང་སྒྲུབ་ཏུ་རུང་མོད་ཀྱི་ཆོས་མཉམ་པ་ཉིད་དུ་ལ་བཟླ་བའི་ཕྱིར་དང་དུ་བླང་བའི་དམ་ཚིག་གཙོར་གསུངས་པས། དེ་བས་ན་རྣལ་འབྱོར་བས་ཀྱང་དང་དུ་བླང་བའི་དམ་ཚིག་ལ་བརྟེན་ལ། མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་ལ་ཞེན་པར་མི་བྱའོ། །འོན་ཀྱང་གང་ཟག་ཕལ་པ་རྣམས་གཙང་སྨེ་མེད་དོ་ཞེས་བྱ་བའི་དམ་ཚིག་ཙམ་ལ་བརྟེན་ནས་བག་ཡོད་པ་བཏང་སྟེ། མཆོད་རྟེན་དང་སྐུ་གཟུགས་དང་གླེགས་བམ་ལ་སོགས་པ་ལ་བཀུར་བསྟི་དང་གཙང་སྦྲའི་ཡན་ལག་བཏང་ནས་བག་མེད་པར་རེག་ཅིང་འཇོག་པ་དང་། འགོམ་པ་ལ་སོགས་པས་སྨད་པ་ལ་སྦྱར་བར་བྱས་ན། མི་དགེ་བའི་འབྲས་བུར་གྱུར་པ་བདག་ཉིད་ལྟུང་བའི་ལས་སོགས་པར་གྱུར་ཏ་རེ། དེ་ལ་སྤྱད་པར་བྱ་བའི་དམ་ཚིག་ལྔ་ནི། སྦྱོར་བ་དང་། སྒྲོལ་བ་དང་། མ་བྱིན་པ་ལེན་པ་དང་། རྫུན་ཏུ་སྨྲ་བ་དང་། ངག་བརླང་པོ་སྟེ། འདི་ལྔའང་རིགས་ལྔའི་སངས་རྒྱས་ཀྱི་དམ་ཚིག་གི་མཛད་སྤྱོད་སེམས་ཅན་གྱི་དོན་བྱེད་པ་ལས་མི་འདའ་བའོ། །དེ་ལ་སྦྱོར་བ་ལ། གང་ལ་སྦྱར་བ་དང་། གང་གིས་སྦྱར་བ་དང་། དགོས་ཆེད་ཅིའི་ཕྱིར་སྦྱར་བ་དང་། ཚུལ་ཇི་ལྟར་སྦྱར་བ་དང་། སྦྱར་བའི་ཡོན་ཏན་གྱི་འབྲས་བུ་རྣམས་ཀྱིས་བསྟན་ ཏེ། དེ་ལ་གང་ལ་སྦྱར་བའང་། གཟུགས་མཚན་དང་ལྡན་པ། བྱང་ཆུབ་ཀྱི་སེམས་ཡོད་ཅིང་བདག་གིས་འདུལ་བར་གྱུར་པ། བདག་པོ་ཅན་དང་དམ་པ་ཆོས་ཀྱིས་བསྲུངས་བ་མ་ཡིན་ལ། ཁྱད་པར་དུ་རྡོ་རྗེ་སྤུན་དང་བླ་མ་ལྟ་བུའི་ཡིད་ཀྱིས་མ་གཟུང་བ། གསང་ཐུབ་ཅིང་བཅོས་ཀར་མི་འགྱུར་བ། འདི་ལྟ་བུ་དག་བཙལ་བར་གསུངས་སོ། །གང་གིས་སྦྱར་བའང་རྣལ་འབྱོར་པ་ཐེག་པ་ཆེན་པོའི་ལྟ་བ་གདེང་དུ་གྱུར་པ། སྤྱོད་པ་ལ་འཁུ་འཁྲིག་མེད་པ། ཏིང་ངེ་འཛིན་གྱིས་བྱིན་གྱིས་རློབ་པར་ནུས་པ་རྣམས་ཀྱིས་སྦྱར་བར་གསུངས་སོ། །ཅིའི་ཕྱིར་སྦྱར་བའང་། དེ་ཉིད་ཆགས་པས་གཟིར་བའི་སྡུག་བསྔལ་ཞི་བར་བྱ་བ་དང་། དེ་ཉིད་ལམ་དེ་ཉིད་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བར་བྱ་བ་དང་། དེ་ལྟ་བུས་འདུལ་བའི་འགྲོ་བ་ རྣམས་དྲང་བར་བྱ་བ་དང་། བུད་མེད་ཀྱི་ཡུལ་གྱི་སྒོ་ནས་འཕགས་པ་མཆོད་པར་བྱ་བ་དང་། དེ་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པ་དང་། དེ་ལྟ་བུའི་དམ་ཚིག་ནོས་པ་བསྲུང་བ་དང་། སློབ་མ་ལ་གསང་བའི་དབང་བསྐུར་བ་དང་། སློབ་མ་ལ་བདེ་བ་ཆེན་པོའི་མན་ངག་སྦྱིན་པ་དང་། ཤེས་རབ་ཆེན་པོའི་སྤྱོད་པས་ཆོས་མཉམ་པ་ཉིད་དུ་ལ་བཟླ་བའི་ཕྱིར་རིག་པའི་བརྟུལ་ཞུགས་སྤྱད་པར་བྱ་བ་རྣམས་ཀྱི་ཕྱིར་བུད་མེད་བསྟེན་པར་གསུངས་ཏེ། དེ་ལ་དམ་ཚིག་སྒྲུབ་པ་ལའང་། རྒྱན་གཅིག་པའི་དམ་ཚིག་དང་། སྨོན་ལམ་གཅིག་པའི་དམ་ཚིག་དང་། རིགས་ལྔ་ཚུལ་གཅིག་པའི་དམ་ཚིག་དང་། ཕྱལ་བའི་དམ་ཚིག་རྣམས་གང་ནོས་པ་གཅིག་སྤྱད་པར་གསུངས་ཏེ། བབ་ཆོལ་དུ་སྤྱད་པར་མ་གསུངས་སོ། །དེ་བས་ན་སྦྱོར་བའི་དམ་ཚིག་འདི་ལྟ་བུའང་། ཚངས་པར་སྤྱོད་པའི་སྡོམ་པ་མ་མནོས་པ་རྣམས་ཀྱིས་དགོངས་པ་བརྟགས་ཏེ། ཇི་ལྟར་རིགས་པ་ཙམ་ཞིག་སྒྲུབ་པར་རིགས་ཀྱི། གསང་བའི་ཐེག་པར་ཞུགས་པ་ཙམ་གྱིས་ཐམས་ཅད་ཀྱིས་སྒྲུབ་པར་ནི་མི་རིགས་ཏེ། གང་གི་ཕྱིར་འཕགས་པ་མཆོད་པའི་སྐབས་སུའང་། བསམ་སྦྱོར་དང་། དངོས་གཞི་དང་། མཇུག་རྣམས་ཀྱི་ལ་སོགས་པའི་བསམ་པ་དང་བྲལ་བ། མཆོད་པའི་ལྷ་མོ་བཞི་དང་བརྒྱད་དང་བཅུ་དྲུག་གི་མཆོད་པའང་ རྫོགས་པ། དགེ་བའི་ཆོས་བསྡུ་བ་ལས་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུ་དང་། སྐུ་གསུམ་ཡང་རྫོགས་པ། སེམས་ཅན་གྱི་དོན་བྱ་བ་ལས། ཕྲིན་ལས་རྣམ་པ་བཞི་ཡང་ལྷུན་གྱིས་གྲུབ་པར་རྫོགས་ཏེ། དེ་ལྟར་གཉིས་སུ་མེད་པའི་བདེ་བའི་སྦྱོར་བ་སྐད་ཅིག་མ་གཅིག་ལ་ཆོས་དེ་དག་ཐམས་ཅད་རྫོགས་པར་བསྒྲུབ་པོ། །ཞེས་གསུངས་ན། དེ་ལྟ་བུ་དག་ཤིན་ཏུ་ཡང་སྒྲུབ་པར་ཡང་དཀའོ། །གཞན་ཡང་སློབ་མ་ལ་བདེ་བ་ཆེན་པོའི་མན་ངག་སྦྱིན་པའི་སྐབས་སུའང་། ལན་འགའ་ཞིག་ལམ་གྱི་རྒྱུར་བསྟེན་གྱི་ཡང་དང་ཡང་དུ་བསྟེན་པ་ནི་མ་ཡིན་ཏེ་སྤང་བར་བྱའོ་ཞེས་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བའི་ཆོ་ག་ལ་སོགས་པ་ལས་གསུངས་ཏེ། དེ་བས་ན་གང་ཟག་ཐ་མལ་བས་ཡང་དང་ཡང་བསྟེན་པའང་མ་གནང་ངོ་། །ཡང་ནི་བུད་མེད་ལ་བརྟེན་པ་ལམ་དུ་གསུངས་པ་ འདི་དག་ཚངས་པར་སྤྱོད་པའི་སྡོམ་པ་གཟུང་བ་རྣམས་ཀྱི་ལམ་ཡིན་པར་མ་མཐོང་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་བཀའ་ཐམས་ཅད་ཀྱང་མདོ་གདུལ་བྱ་རྣམ་པ་གསུམ་གྱི་དབང་དུ་འདུས་པར་གསུངས་ཏེ། འདི་ལྟར་འདོད་པ་སྤངས་པ་དང་། མ་སྤངས་པ་དང་། ཤིན་ཏུ་ཡང་སྤྱད་པས་འདུལ་བའོ། །དེ་ལ་སྤངས་པའི་འདུལ་བའི་དབང་ནི་རབ་ཏུ་བྱུང་བ་བསྟན་པ་སྟེ། ཇི་ལྟར་འཛམ་བུ་གླིང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྟ་བུའོ། །མ་སྤངས་པ་རྣམས་ལ་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུའི་ཆ་ལུགས་སུ་སྣང་བའོ། །ཤིན་ཏུ་སྤྱད་པའི་འདུལ་བ་རྣམས་ནི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ལ། བཅོམ་ལྡན་རྡོ་རྗེ་འཆང་ ཆེན་པོ་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་ན་རྟག་ཏུ་བཞུགས་པར་སྣང་བ་ལྟ་བུའོ། །སྒྱུ་འཕྲུལ་ལས། སྐུ་གསུམ་གྱི་དཀྱིལ་འཁོར་བཀོད་པ་བསྟན་པའི་སྐབས་སུ། སྤྲུལ་པའི་སྐུ་ཐུབ་པ་དྲུག་གི་ཤེས་རབ་ཀྱི་ཆ་ཡུམ་གཟུགས་ཀྱི་སྐུར་མ་བསྟན་ཏེ། ཆོས་ཀྱི་དབྱིངས་སོ། །ཞེས་འབྱུང་ངོ་། །དེ་བས་ན་མཆོད་པའང་ལྷ་མོ་དབུལ་བ་མ་ཡིན་ནོ། །མདོ་སྡེ་དག་ལས་ཀྱང་དེ་བཞིན་གཤེགས་པ་ལ་ལ་ལ་བྱང་ཆུབ་སེམས་དཔའ་དག་མཉེས་པར་བྱ་བའི་ཕྱིར་རང་གི་ལུས་བུད་མེད་དུ་སྤྲུལ་ནས། དེ་བཞིན་གཤེགས་པའི་མདུན་ན་རྟག་ཏུ་གནས་སོ། །ཞེས་གསུངས་ཏེ། དེ་བས་ན་རབ་ཏུ་བྱུང་བ་ལ་བུད་མེད་བཀའ་རྣམས་ལས་ཀྱང་མ་གནང་ངོ་། །གཞན་ཡང་རབ་ཏུ་བྱུང་བ་ནི། འདོད་པ་དང་སྡིག་པ་མི་དགེ་བའི་ཆོས་སྤངས་ཏེ་ཚངས་པར་སྤྱོད་པ་ལ་ཞུགས་པ་། ཚངས་པར་སྤྱོད་པའི་སྡོམ་པ་ཡང་དག་པར་བླངས་པ། ཚངས་པར་སྤྱོད་པའི་རྟགས་བཟུང་བ། ཚངས་པར་སྤྱོད་པའི་ཆོ་ག་སྒྲུབ་པ་ལ་གནས་པ་ཡིན་ལ། བུད་མེད་ནི་མི་ཚངས་སྤྱོད་པའི་རྔོ་གཞིར་གྱུར་པ། འདོད་པའི་ལོངས་སྤྱོད་ཀྱི་གཞིར་གྱུར་པ། སྡིག་ཏོ་མི་དགེ་བའི་རྒྱུ་ཅན། གཙང་སྦྲ་ཐམས་ཅད་དང་མི་མཐུན་པ་སྟེ། དེ་བས་ན་རབ་ཏུ་བྱུང་བའི་དཀའ་ཐུབ་འཛིན་པ་རྣམས་ཀྱིས་བུད་མེད་ལ་བརྟེན་པར་འོས་པ་མ་ཡིན་ནོ། །ཇི་སྐད་དུ་ཤེས་རབ་མ་གཙོར་བསྟན་པའི་རྒྱུད་རྣམས་ལས། བུད་མེད་ལ་བརྟེན་ནས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་བསྐྱེད་པ་གཙོར་གསུངས་ཀྱང་། ཡང་རྒྱུད་དེ་དག་ཉིད་དུ་ལོངས་སྤྱོད་འཁོར་ལོའི་རྩ་གནན་པ་དང་། མེ་རླུང་སྐྱེད་པའི་ཐབས་ཀྱི་ཆོ་ག་གཞན་ཡང་གསུངས་པས་ལམ་གཅིག་ཁོ་ནར་ཆད་པའི་ངེས་པ་ཡང་མེད་དེ། སངས་རྒྱས་ཐམས་ཅད་ཀྱི་ལམ་གཅིག་པོ་ནི་ཤེས་རབ་དང་སྙིང་རྗེ་ཡིན་ཏེ། གཞན་དུ་ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་ཐམས་ཅད་ལ་འདི་ལ་མི་བརྟེན་དུ་མི་རུང་ངོ་། །ཞེས་རིས་སུ་ཆད་པ་མེད་དོ། །སྔོན་གྱི་སློབ་དཔོན་དག་གི་དབང་བསྐུར་བའི་ཆོ་ག་མཛད་པ་ལ་ལ་ལས་ནི། ཉོན་མོངས་པ་འདོད་པའི་དབང་དུ་མ་གྱུར་པ། དད་པ་དང་ཤེས་རབ་དང་ཏིང་ངེ་འཛིན་གྱིས་བློ་བྱིན་གྱིས་བརླབས་ན། ཤེས་རབ་ཡེ་ཤེས་ཀྱི་དབང་མནོས་ཀྱང་གཉིད་ཀྱིས་ནོན་པའི་རྨི་ལམ་ན་བུད་མེད་དང་ཕྲད་པ་དང་འདྲ་སྟེ་རྩ་བ་མི་འཆོར་རོ། །ཞེས་བཤད་པ་ཡང་སྣང་། ཁ་ཅིག་ལས་རབ་ཏུ་བྱུང་བའི་ཡུལ་མ་ཡིན་ནོ། །ཞེས་བཤད་པ་ཡང་སྣང་ན། ཡང་འདི་ལྟ་བུ་ནི་དད་པ་དང་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཆེ་བ་རྣམས་ལ་ལྟུང་བས་གོས་པར་མི་འགྱུར་བ་སྨོས་མི་དགོས་ཏེ། འོན་ཀྱང་རྩོད་པའི་དུས་ཀྱི་གང་ཟག་ཉོན་མོངས་པས་ཁེངས་པར་གྱུར་པ། ཤེས་རབ་དང་སྙིང་རྗེའི་རླན་གྱིས་བངས་པར་མ་གྱུར་པ། སྤྱོད་པ་གཞན་དབང་དུ་འཇུག་པ་རྣམས་ཀྱིས་སྐྱོན་གྱིས་གོས་པར་མི་འགྱུར་བ་ནི་ཤིན་ཏུ་སྒྲུབ་པར་དཀའ་འོ། །དེ་བས་ནི་འདི་ལྟ་བུ་ཡང་ཚངས་པར་སྤྱོད་པའི་སྡོམ་པ་མནོས་པ་རྣམས་ཀྱིས་སྒྲུབ་པར་མི་རིགས་སོ། །ཇི་ལྟར་སྦྱར་བ་དང་དེའི་ཡོན་ཏན་རྣམས་ནི་སྐབས་སྐབས་ཀྱི་ཤུགས་ཀྱིས་སྟོན་ཏེ་མང་དུ་མི་སྤྲོའོ། །བསྒྲལ་བའང་གང་བསྒྲལ་བ་དང་། གང་གིས་བསྒྲལ་བ་དང་། དགོས་བྱེད་ཅིའི་ཕྱིར་བསྒྲལ་བ་དང་། དེའི་ཚུལ་དང་། རྟགས་དང་། འབྲས་བུ་རྣམས་ཀྱིས་བསྟན་ཏེ། དེ་ལ་གང་བསྒྲལ་བ་ནི་ཐུགས་རྗེའི་ཞིང་བཅུ་ལྟ་བུའོ། །གང་གིས་བསྒྲལ་བ་ནི་རྣལ་འབྱོར་པ་རབ་ཡེ་ཤེས་ལྷའི་ཞལ་མཐོང་ཞིང་དངོས་གྲུབ་བརྙེས་པ། སེམས་ཅན་གནས་སྟོབས་པའི་རྟགས་དང་ལྡན་པའོ་ཞེས་འབྱུང་། ཐ་མའང་ལྟ་བ་གདེང་དུ་གྱུར་ཅིང་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལས་སུ་རུང་བས་སེམས་མཉམ་པར་བཞག་པ་ལ་དབང་ཐོབ་པ་རྣམས་ཀྱིས་བྱའོ། །ཞེས་འབྱུང་ངོ་། །དེ་ཡང་ངོ་ཐོན་དུ་བསྒྲལ་བའི་དབང་དུ་གསུངས་ཏེ། དྲག་པོའི་ཕྲིན་ལས་ཀྱིས་དགྲ་བགེགས་གདུལ་བ་ནི། བྱ་བའི་རྒྱུད་དུའང་སྔགས་པ་ཐ་མལ་པ་ལ་གནང་ངོ་། །ཅིའི་ཕྱིར་བསྒྲལ་བ་ནི། སེམས་ཅན་དེ་ཉིད་ངན་སོང་དུ་མི་གཏོང་བའི་ཕྱིར་དང་། དེས་འདུལ་བ་གདུལ་བའི་ཕྱིར་དང་། སེམས་ཅན་མང་པོ་བདེ་བར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་བསྟན་པ་གནས་པར་བྱ་བའི་ཕྱིར་དང་། བླ་མ་དང་གྲོགས་པོའི་དམ་ཚིག་སྲུང་བར་བྱ་བའི་ཕྱིར། གང་ཟག་ངན་པ་ཚར་བཅད་ཅིང་དྲག་པོའི་ལས་བསྒྲུབ་པར་བྱའོ། །གཞན་སྐྱེ་བ་བདུན་ལྟ་བུ་དངོས་གྲུབ་ཀྱི་རྫས་སུ་གསུངས་པ་རྣམས་ནི། དངོས་གྲུབ་ཀྱི་རྫས་ཡིན་ཡང་བསྒྲལ་བའི་ཞིང་མ་ཡིན་པ་བསྒྲལ་དུ་མི་གནང་། དམ་རྫས་སུ་ནི་སྤྱད་དོ། །ཞེས་འབྱུང་ངོ་། །འབྲས་བུ་ཆེན་པོ་ལྔར་གཏོགས་པ་གཞན་ཡང་གྲུབ་པའི་རྫས་སུ་སྤྱད་པའང་གང་ཟག་ཕལ་པའི་ཡུལ་མ་ཡིན་ཏེ། འདི་ལྟར་གང་ཟག་ཕལ་པ་རྣམས་ལ་དོན་དམ་པའི་རྟགས་བཞི་དང་། ཀུན་རྫོབ་ཀྱི་རྟགས་བཞི་དང་ཡང་མི་ལྡན་ལ་མཉེས་པ་ལྔ་དང་། སྟོབས་པ་ལྔ་དང་། སྐོངས་པ་ལྔ་དང་། གྲུབ་པ་ལྔ་དང་ཡང་མི་ལྡན་པའི་འདོད་ཆགས་ཀྱིས་སྲོག་གཅོད་པ་ཟད་དེ། ཤིན་ཏུ་རྣམ་པར་སྨིན་པ་ལྕི་བའི་གཙོ་བོར་གྱུར་པ་ལུས་ཅན་རྣམས་ཀྱི་སྲོག་གཅོད་པ་འདི་ནི་གང་ཟག་ཕལ་པ་རྣམས་ཀྱིས་རྩལ་སྦྱང་བའི་གནས་མ་ཡིན་ནོ། །དེ་ལྟར་སྦྱོར་སྒྲོལ་གྱི་དོན་ཅུང་ཟད་བསྟན་པ་འདི་དག་ནི་མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ཙམ་གྱི་དབང་དུ་བཤད་པ་སྟེ། སྦྱོར་སྒྲོལ་སྤྱིའི་དོན་ནི། སྦྱོར་བ་ནི་ཤེས་རབ་ཀྱི་སྤྱོད་པ། སྒྲོལ་བ་ནི་སྙིང་རྗེའི་སྤྱོད་པ་སྟེ་ཤེས་རབ་དང་སྙིང་རྗེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད། རྡོ་རྗེའི་རིགས་ཀྱི་ཁྱད་པར་གྱི་དམ་ཚིག་གོ །དེ་ཡང་ལྟ་བས་ཐག་བཅད་པ་དང་། ཉམས་སུ་ཏིང་ངེ་ འཛིན་གྱིས་བླང་བ་དང་། ལ་སྤྱོད་པས་དོར་བའི་དབང་གིས་སྦྱོར་སྒྲོལ་རྣམ་པ་ལྔ་གསུངས་ཏེ། འདི་ལྟར་རང་བཞིན་གྱི་སྦྱོར་སྒྲོལ་དང་། དབང་པོའི་ཡུལ་དུས་ཀྱི་སྦྱོར་སྒྲོལ་དང་། ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། ཐབས་ལ་མཁས་པའི་སྦྱོར་སྒྲོལ་དང་། མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ལོ། །དེ་ལ་རང་བཞིན་གྱི་སྦྱོར་སྒྲོལ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཕྱིར་སེམས་ཅན་ཐམས་ཅད་ནི་རང་བཞིན་གྱིས་མྱ་་ངན་ལས་འདས་པའི་དབྱིངས་ལ་གནས་ཏེ། དེ་ལྟར་རིག་པ་ནི་སྦྱོར་བ་ཆེན་པོའོ། །འབྱོར་ན་ཐམས་ཅད་རང་བཞིན་གྱིས་གྲོལ་བས་སྒྲོལ་བ་ཆེན་པོ་ཞེས་ཀྱང་བྱའོ། །དབང་པོ་ཡུལ་དུས་ཀྱི་སྦྱོར་སྒྲོལ་ནི། དབང་པོ་དྲུག་ནི་ཐབས་ཀྱི་རང་བཞིན་ཏེ་རིགས་དྲུག །ཡུལ་དྲུག་ནི་ཤེས་རབ་ཀྱི་རང་བཞིན་ཏེ་ཡུལ་དྲུག །རྣམ་པར་ཤེས་པ་དྲུག་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཏེ་ཆོས་ཀྱི་སྐུའི་རང་བཞིན་པས། དེ་ལྟར་རིག་པ་ནི་སྦྱོར་བའོ། །འབྱོར་ན་ཐམས་ཅད་གྲོལ་བར་ཡང་རང་རིག་སྟེ། དེ་བས་ན་འདི་གཉིས་ནི་བདེན་པ་གཉིས་ཀྱི་ཚུལ་གྱིས་ལྟ་བར་ཤེས་པར་བྱའོ། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་ནི། འདི་དག་ཉིད་གོམས་པར་བྱེད་པའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཇི་སྐད་བསྟན་པའི་དོན་བསྒོམ་པ་དང་། ཏིང་ངེ་འཛིན་གྱི་སྤྲུལ་པས་སེམས་ཅན་གྱི་དོན་བྱེད་པ་རྣམས་སོ། །ཐབས་ལ་མཁས་པའི་སྦྱོར་སྒྲོལ་ནི། སེམས་ཅན་འཁོར་བའི་རྒྱ་མཚོ་ན་གནས་པ་རྣམས་ཐེག་པ་གསུམ་གྱི་ཐབས་ཀྱིས་བསྒྲལ་ནས་བྱང་ཆུབ་རྣམ་གསུམ་ལ་སྦྱོར་བའོ། །མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ནི། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདག་དང་གཞན་གྱི་དོན་བསྒྲུབ་པ་དང་། ཐབས་ཀྱིས་གདུལ་བའི་སྐལ་བ་དང་མི་ལྡན་པ་རྣམས་ཐུགས་རྗེའི་མངོན་སྤྱོད་ཀྱིས་སྒྲུབ་པ་གསུངས་པ་རྣམས་སོ། །དེ་བས་ན་སྦྱོར་སྒྲོལ་གྱི་དོན་གྱིས་ནི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སྤྱིར་བསྡུས་པར་ཤེས་པར་བྱའོ། །དེ་ལ་མ་བྱིན་པར་ལེན་པ་དང་། རྫུན་དུ་སྨྲ་བ་དང་། ངག་བརླང་པོ་རྣམས་ཀྱང་སྙིང་རྗེའི་སྤྱོད་པ་སྟེ། གོང་དུ་བསྟན་པ་བཞིན་དུ་མཐུན་འཇུག་འཚམ་པའི་སྤྱོད་པས་འགྲོ་བ་འདུལ་བར་སྤྱོད་དོ། །ཤེས་པར་བྱ་བའི་དམ་ཚིག་ལྔ་ནི། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཉེ་བར་ལེན་པའི་ཕུང་པོ་ལྔར་འདུས་ལ། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱང་རིགས་ལྔ་ཡེ་ཤེས་ལྔར་འདུས་ཏེ། དེ་གཉིས་ཀྱང་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པར་རྟོགས་པ་ནི་ཤེས་པར་བྱ་བའི་དམ་ཚིག་གོ །བསྒྲུབ་པར་བྱ་བའི་དམ་ཚིག་ནི། དེ་ཉིད་གོམས་ཤིང་ཀློང་དུ་གྱུར་པར་བྱ་བ་ཉིད་དོ། །ཚུལ་དེ་དག་ཉིད་ལ་རྣལ་འབྱོར་གྱི་སྤྱིའི་སྤྱོད་པའི་དམ་ཚིག་ཉི་ཤུ་རྩ་བརྒྱད་དོ་ཞེས་གྲགས་སོ། །ཚུལ་དེ་དག་བསྲུང་བར་བྱ་བ་ལ་རྩ་བའི་ལྟུང་བ་ཆེན་པོ་བཞིར་གྲགས་པ་ནི། སྙིང་ནས་རྡོ་རྗེ་སློབ་དཔོན་གྱི་སྐུ་སྨད་པ་དང་། བྱང་ཆུབ་ཀྱི་སེམས་གཏན་སྤངས་པ། མཉམ་པ་ཉིད་ཀྱི་ཆོས་སུན་ཕྱུང་བ། རྡོ་རྗེ་མཆེད་ལ་འཁུས་པ་སྟེ། འདི་དག་ནི་མི་བཟད་པ་ཆེན་པོའི་ལས་ཞེས་གྲགས་སོ། །གཞུང་ལ་ལ་ལས་སྤྱི་དང་ཁྱད་པར་དང་ལྷག་པའི་དམ་ཚིག་ཏུ་གྲགས་པ་ནི། རྡོ་རྗེ་བཀོད་པ་ལས་རིག་འཛིན་མིའི་ཐོད་པ་ཅན་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དམ་ཚིག་གི་བཤགས་པ་གསོལ་བ་ལས། འདི་སྐད་དུ། ཐུགས་རྗེའི་གདུང་འཚོབ་རྡོ་རྗེ་ཐོད་པ་ཅན། །བདག་ཅག་དྲེགས་པའི་བདག་པོ་འདིར་ཚོགས་ཀུན། །འགྲོ་བའི་དོན་ཕྱིར་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་ཐོབ་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོའི་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲའོ་འཚལ། །ཞེས་གསུངས་པ་ལྟ་བུ་སྟེ། དེ་ཡང་གཞུང་དང་ལྷ་དང་གང་ཟག་རྣམས་ཀྱི་དབང་ལས་སྤྱི་དང་ཁྱད་པར་དང་ལྷག་པའི་དམ་ཚིག་རྣམས་སུ་བསྟན་པ་ནི་གོང་དུ་བསྟན་ཟིན་ཏོ། །རྣལ་འབྱོར་ཆེན་པོའི་གཞུང་དུ་ཅུང་ཟད་བྱེ་བྲག་ཏུ་གསུངས་པ་རྣམས་འདིར་བསྟན་པར་བྱ་སྟེ། དེ་ལ་སྤྱིའི་དམ་ཚིག་ནི་བརྟུལ་ཞུགས་ཀྱི་དམ་ཚིག་དང་། སྤྱད་པའི་དམ་ཚིག་དང་། རྒྱུན་གྱི་དམ་ཚིག་རྣམས་སུ་གྲགས་སོ། །དེ་ལ་བརྟུལ་ཞུགས་ཀྱི་དམ་ཚིག་ནི། དཔེའི་སྒོ་ནས་བསྟན་ཏེ་འདི་སྐད་དུ། བརྟུལ་ཞུགས་སྤྱོད་པའི་དམ་ཚིག་ནི། །དམ་ཚིག་ཀུན་གྱི་ཐོག་མར་འགྲོ། །༼ཝ་ལྟ་བུ། ༽ཝ་དང་ཅང་ཤེས་གྱི་ལིང་༼རྟ་ལྟ་བུ། ༽དང་། །བླང་དོར་མི་འབྲལ་མཁོན་ཆེན་༼ཉི་མ། ༽་བདག །༼གླང་པོ་ཆེ་ལྟ་བུ། ༽ཤིན་ཏུ་གླང་ཆེན་མྱོས་འདྲའི་སེམས། །དཔའ་བརྟུལ་སྟག་ནི་རྔམ་ཞིང་གཏུམ། །༼གནས་སྐབས་སུ་སྟག་ལྟ་བུ། ༽༼ཁྱུང་ལྟ་བུ། ༽མཁའ་ལྡིང་ཁྱུང་ཆེན་ལྟག་མི་ལྟ། །༼དོམ་ལྟ་བུའི་བརྟུལ་ཞུགས། ༽གཏུམ་ཐུང་དོམ་ཆེན་གདོང་གཅིག་པ། །༼གསེར་ལྟ་བུ་བརྟན་པ། ༽ཡིད་ཐུབ་མི་ལྡོག་རྒྱ་མཚོའི་གཏེར། །༼ལུག་ལྟ་བུ། ༽གཏི་མུག་ལྐུག་པའི་བློ་ཚུལ་ལྡན། །༼རི་བོ་ལྟར་བརྟན་པ། ༽རི་བོ་མི་འགྱུར་བརྟན་པ་ཆེ། །༼ནམ་མཁའ་ལྟར་ཀུན་ཤོང་། ༽མཁའ་ལྟར་ཡངས་དོག་ཀུན་དང་བྲལ། །༼སྐབས་སུ་དྲག་ཤུལ་སྤྱད། ༽གནམ་ལྕགས་ལྕེ་ཡི་དྲག་ཤུལ་ཅན། །ཕྱག་ན་རྡོ་རྗེ་༼ལྟར་བརྟན་པ། ༽བརྟུལ་ཞུགས་བདག །༼རིག་པ་དང་ལྡན་པ། ༽ཟོན་བག་ཁུ་འཁྲིག་ཁྭ་རོག་སེམས། །དེས་པའི་ང་རྒྱལ་གླང་༼གླང་པོ་ཆེ་ལྟ་བུ། ༽ཚུལ་ལྡན། །ཟླ་བྲལ་༼གཅིག་པུར་གནས། ༽སེང་གེ་རི་དྭགས་རྒྱལ། །རེག་འཇམ་བྱ་ལྟར་༼ལས་ཐོག་པ་མེད་པར་སྤྱད། ༽ཆགས་འགྲོགས་བློ། །གཡོ་ལྡན་ལྕག་ཆེན་སྒྱུ་མའི་སྐུ། །༼གཙང་སྨེ་མེད་པ་ཀུན་སྤྱད། ༽གཙང་སྨེ་མེད་པ་ཀུན་སྤྱོད་པ། །༼གནས་སྐབས་སུ་གསོད་སྤྱོད་ལ་དགའ་བ། ༽ཐོགས་མེད་གཅོད་སྤྱོད་ལྕེ་སྤྱང་ཁ། །༼སྐབས་སུ་སྟག་ལྟ་བུ། ༽ཆེ་བའི་ང་རྒྱལ་སྟག་མཆོག་བློ། །༼གནས་སྐབས་སུ་འཛེམ་བག་བྱ། ༽ཀུན་འཛེམ་བློ་ལྡན་ནམ་མཁའ་ལྡིང་། །ས་ཕུག་བག་ལེན་རྒྱལ་འཁོར་སྐྱོང་། །རྣལ་འབྱོར་བརྟུལ་ཞུགས་ཆེན་པོ་ནི། །བཅུ་གཉིས་དང་ནི་གསུམ་བློར་ལྡན། །གོམས་ནས་ཉམས་སུ་ལེན་བྱེད་པ། །རྣལ་འབྱོར་གསང་བའི་བཀའ་བ་ཡིན། །ཞེས་གསུངས་པའོ། །སྤྱད་པར་བྱ་བའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ནི་གོང་དུ་བསྟན་པར་ཟད་དོ། །རྒྱུན་གྱི་དམ་ཚིག་ནི། གཉིད་དང་། ཆང་དང་བྱེད་པ་དང་། མི་ཚིག་སྨྲ་བ་དང་། ལེ་ལོ་རྣམས་སྤངས་ཏེ། དངོས་གྲུབ་ཀྱི་གེགས་རྣམས་བསལ་ཏེ། བདུད་ལྔ་བཟློག་པ་དང་། དགྲ་བཞི་སྤང་བའོ། །དེ་ལ་བདུད་ལྔ་ནི། རྣམ་རྟོག་འཁྲིག་པའི་བདུད། བཏང་སྙོམས་ལེ་ལོའི་བདུད། ལོངས་སྤྱོད་འདུ་འཛི་གཡེང་བའི་བདུད། ཚིག་རྩུབ་མཚོན་ཆ་རྣོན་པོའི་བདུད། ཁྲོ་གཏུམ་ངང་ཐུང་འཁྲུག་པའི་བདུད་རྣམས་ཏེ། འདི་རྣམས་ནི་ཡང་དག་དོན་ལ་སྒྲིབ་པའི་བདུད་ལྔའོ། །ཞེས་འབྱུང་། དགྲ་བཞི་ནི། གསང་བ་འཕེལ་བས་དཔྱས་ཀར་འགྱུར་བའི་དགྲ་དང་། བཀའ་གཞུང་ལོག་པར་སྤྱད་པས་བར་ཆད་འབྱུང་བའི་དགྲ་དང་། རྩ་བ་ཡལ་བར་ཤོར་བའི་བཀའ་ཆད་ཆེན་པོ་འབབ་པའི་དགྲ་དང་། འབད་པའི་རྩལ་ཤུགས་ཆུང་བས་འབྲས་བུ་འཕྲོག་པའི་དགྲ་སྟེ་རྣམ་པ་བཞིའོ། །ལྷག་པའི་དམ་ཚིག་ནི། བརྡའི་སྒོ་ནས་བསྟན་ཏེ་འདི་སྐད་དུ། དེ་ལྟར་སྤྱིའི་སྡོམ་པ་ལ། །གནས་ནས་དུས་ཀྱི་སྐབས་འདི་རུ། །བསྲུང་བྱ་ཐུབ་པར་བྱ་བ་ནི། །མི་ཤིགས་༼རྡོ་རྗེ་རྒྱལ་པོས་ས་ཐུབ་པར་བྱ། ༽པ་ནི་སེང་གེ་སྟེ། །གཅན་གཟན་རྒྱལ་༼སློབ་དཔོན་གཉན་པར་བཀུར། ༽པོ་ཡིན་པས་སོ། །༼སློབ་དཔོན་གྱིས་གཟུངས་མ་ལ་མི་འཇུག༽ཟ་མ་ཏོག་ནི་འདོད་པའི་གཏེར། །དུག་སྤྱོ་བ་ནི་དེར་མི་རིགས། །༼རང་གི་བྱང་ཆུབ་ཀྱི་སེམས་མི་སྤོང་། ༽རིན་ཆེན་མྱུ་གུ་ལྕུག་ཕྲན་དག །དེ་ནི་བྲེག་པའི་རིགས་མ་ཡིན། །༼རྫས་ལ་བབ་ཆོལ་དུ་མི་བཟའ། ༽གངས་ཀྱི་ཞུན་ཆུ་ཁོལ་མ་དག །མཁས་པས་བཏུང་བར་བྱ་བ་མིན། །༼གྲོགས་ཀྱི་གཟུངས་མ་མི་བརྟེན། ༽པད་མའི་ཟེ་འབྲུ་ཁ་མ་ཕྱེ། །ཟླ་ཟེར་མ་ཡིན་ཁ་མི་དབྱེ། །མ་བརྟགས་བུག་རྡོལ་ཅན་གྱི་སྣོད། །༼གཟུངས་མ་མཚན་ངན་མི་བརྟེན། ༽ཁ་མི་དབྱེ་ཞིང་བཅུད་མི་བླུག །༼རྫས་མཚན་ངན་མི་སྤྱད། ༽དོན་དང་མི་ལྡན་བཅོས་མའི་རྟགས། །བསྲེལ་ཞིང་སྤྱད་པར་བྱ་བ་མིན། །༼གྲོགས་ཀྱི་ཡོན་ཏན་མི་བསྲུབ། ༽ཤེལ་དཀར་རིན་ཆེན་སྒོ་ང་དང་། །འདམ་ཁུང་རྫབ་ཏུ་བསྲུབ་མི་བྱ། །༼གསང་སྔགས་རྒྱུད་ངན་ལ་མི་དབོག ༽སེང་གེ་དཀར་མོའི་འོ་མ་དག །དུག་ཅན་སྣོད་དུ་བླུག་པ་མིན། །༼རང་གི་སེམས་མི་གསད། ༽ཡིད་བཞིན་ནོར་བུ་རིན་པོ་ཆེ། །བསྲེག་པར་བྱ་བ་ཡང་མ་ཡིན། །༼ཐབས་ཤེས་རབ་ཡ་མ་བྲལ། ༽ཁྱུང་ཆེན་གཤོག་པ་མཁར་བརྐྱང་བ། །དེ་དག་བཅག་པར་བྱ་བ་མིན། །༼བཀའ་ལ་གཟུ་ལུམ་རས་ཆོད། ༽གནམ་ལྕགས་མེ་མི་ངུར་མོ་དག །བརྡབ་པར་བྱ་བ་མ་ཡིན་ནོ། །༼གཞན་གྱིས་སྤྱད་པའི་རྫས་ཀྱི་ལྷག་མ་མི་སྒྲུབ། ༽སྟག་གཟིག་འདྲོམ་པས་ལས་བྱས་པའི། །ལས་ཀྱི་ལྷག་མ་བསྡུ་མི་བྱ། །༼ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་མི་བཤིག༽རྡོ་རྗེ་བྲག་ཆེན་གཏམས་པའི་གཞི། །དེ་དག་གཞིག་པར་བྱ་བ་མིན། །༼གོ་ཚགས་བརྟན་པ་དམ་བཅའ་རལ་དུ་མི་འཇུག༽རྡོ་རྗེ་རྭ་བའི་གོ་ཚགས་ནི། བསྡམས་བྱ་བྲལ་བར་བྱ་བ་མིན། །༼ཏིང་ངེ་འཛིན་ལས་མ་ཡེངས་པར་བྱ། ༽དུག་ཤིང་སྲེག་པའི་སྒྲོན་མ་དག །གཡེང་བའི་རླུང་གིས་བསྐྱོད་མི་བྱ། །༼གསང་སྔགས་རྒྱུན་མི་གཅད། ༽རྡོ་རྗེ་ཚིག་གི་ཆུ་རྒྱུན་དག །འོལ་ཀར་གཅད་པར་བྱ་བ་མིན། །༼རྟག་ཏུ་ཕྱག་རྒྱ་བཅའ། ༽རྒྱལ་བའི་བཀའ་རྟགས་ཕྱག་རྒྱ་དག །ནམ་ཡང་དབྱེ་བར་མི་བྱའོ། །༼སྟན་མི་སྤྲུག༽རྡོ་རྗེ་ཕ་ལམ་གཏམས་པའི་མཁར། །རྨང་ནས་བཟློག་པར་མི་བྱའོ། །༼རྒྱལ་མཚན་བླ་མ་དང་དཀྱིལ་འཁོར་དང་མི་འབྲལ། ༽གཙུག་གི་ནོར་བུ་འབར་བ་དག །རྒྱལ་མཚན་རྩེ་ལས་དབོག་མི་བྱ། །རྣལ་འབྱོར་ལས་ཀྱི་ཁྱད་པར་དག །སྐལ་ཅན་རྣམས་ཀྱི་དམ་ཚིག་སྟེ། །སྐལ་བར་ལྡན་པའི་ནོར་མཆོག་ཡིན། །ཞེས་གང་གསུངས་པ་རྣམས་སོ། །ཐེག་ཆེན་མདོ་སྡེ་ཐམས་ཅད་དང་། །དེ་བཞིན་ཀྲི་ཡའི་ཁྱད་པར་གྱིས། །གསལ་བར་མ་གྱུར་གང་ཡང་མེད། །ཡེ་ཤེས་ཀུན་གྱིས་ཁྱད་པར་གྲུབ། །ཅེས་གསུངས་པ་འདིར། ཆོས་ཀྱི་དབྱིངས་ཀྱང་ཡེ་ཤེས་སུ་བཞེད་དོ། །ཚོགས་ཀྱི་དམ་ཚིག་ནི། དམ་ཆོས་དངོས་དང་སྤྱོད་པ་དང་། །རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱིས། །ཚོགས་སུ་མ་གྱུར་གཅིག་ཀྱང་མེད། །འདི་ནི་ཚོགས་ཀྱི་དམ་པའོ། །ཞེས་གསུངས་ཏེ། འདིར་སྔགས་ཀྱི་སྤྱོད་པ་ཐམས་ཅད་རྣམ་པར་དག་པའི་ཚོགས་སུ་ལྟའོ། །སངས་རྒྱས་ཀྱི་སའི་དམ་ཚིག་ནི། ཉན་ཐོས་རང་རྒྱལ་ཐམས་ཅད་དང་། །དེ་བཞིན་དབུ་མའི་ཁྱད་པར་དང་། ཀྲི་ཡའི་ཡོན་ཏན་ཁྱད་པར་གྱིས། །རྡོ་རྗེ་འཛིན་གྱི་གནས་སུ་དམིགས། །ཞེས་གསུངས་ཏེ། འདིར་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་སངས་རྒྱས་ཀྱི་སར་ལྟ་སྟེ། གྲུབ་པའི་སངས་རྒྱས་ཀྱི་ས་ནི་མ་ཡིན་ནོ། །འོག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཕྲིན་ལས་ཀྱི་དམ་ཚིག་ནི། ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་མངོན་སྤྱོད་ཕྲིན་ལས་ཏེ། །གཙང་མར་སྤྱོད་པའི་འཕྲིན་ལས་ཀྱིས། །སེམས་ཅན་དོན་ལ་རབ་ཏུ་བརྩོན། །ཞེས་པའོ། །དམ་ཚིག་གི་སྒྲིབ་པ་ནི། ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ། །དམ་ཚིག་སྒྲིབ་པ་གང་ཡིན་པ། །བདག་གིས་དེ་དག་རབ་གསལ་ནས། །སྐད་ཅིག་གཅིག་གིས་བྱང་ཆུབ་འགྲུབ། །ཅེས་བྱ་བ་གསུངས་པའོ། །དམ་ཚིག་གི་རིག་འཛིན་གྱི་ས་ནི། དེ་བཞིན་དམ་ཚིག་སྤྱོད་པ་དང་། །ལྟ་བ་ཡེ་ཤེས་ཚོགས་ཀྱིས་ནི། །སངས་རྒྱས་ཕྲིན་ལས་ཀུན་ཏུ་རྫོགས། །དེ་ནི་རིག་འཛིན་ས་ཡིན་ནོ། །ཞེས་གསུངས་ཏེ། དམ་ཚིག་གི་ཡོན་ཏན་ཆེན་པོ་རྫོགས་པ་ཉིད་རིག་འཛིན་གྱི་ས་ཡིན་པར་བཞེད་དོ། །དམ་ཚིག་གི་ཆད་པ་ནི། དམ་ཚིག་ཉམས་དང་ལྟ་བ་ཉམས། །དེ་བཞིན་སྤྱོད་པ་ཉམས་པ་དག །སངས་རྒྱས་འབྲས་བུ་མི་ཐོབ་སྟེ། །འདི་ནི་དམ་ཚིག་ཆད་པ་ཡིན། །ཞེས་གསུངས་པའོ། །རྣལ་འབྱོར་གྱི་དམ་ཚིག་རྩལ་གྱི་ཁྱད་པར་རྣམས་ལ། བསྲུང་བའི་དམ་ཚིག་ནི། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །རྡོ་རྗེ་སློབ་དཔོན་ལྷ་ལྟར་དམིགས། །རྡོ་རྗེ་སྤུན་དང་མིང་སྲིང་དང་། །དབང་མ་ཐོབ་པ་འཆད་པ་དང་། །ལྟ་བ་དམན་པའི་གང་ཟག་སྨོད། །རྡོ་རྗེ་དྲིལ་བུ་བཅང་བར་བྱ། །ཞེས་གསུངས་ཏེ། རྩ་བ་འདི་དག་ཀྱང་དངོས་གཞི་འདྲ་མོད་ཀྱི། ཅུང་ཟད་དུ་ན། རྡོ་རྗེའི་རིགས་ཀྱི་དམ་ཚིག་གཙོ་བོར་སྟོན་ཅིང་། དབང་གི་བྱེ་བྲག་རྒྱས་པར་སྒྲུབ་པ་དང་། མཉམ་པའི་ལྟ་བ་གཙོར་སྒྲུབ་པའོ། །སྤྱོད་པའི་དམ་ཚིག་ནི། ཏིང་ངེ་འཛིན་གྱིས་གཙོར་བླང་སྟེ། ཇི་ལྟར་དམ་ཚིག་སྤྱོད་པ་རྣམས། །གཞུང་དང་མཐུན་པར་ཤིན་ཏུ་སྤྱད། །སྦྱོར་དང་སྒྲོལ་དང་ཨ་མྲྀ་ཏ། །འདི་རྣམས་སྤྱད་པར་མ་གསུངས་སོ། །ཞེས་གསུངས་ཏེ། འདིར་མཉམ་པ་ཉིད་ཀྱི་མཛད་སྤྱོད་ཀྱི་བརྟུལ་ཞུགས་སུ་སྤྱོད་པ་རྣམས་ནི་མ་གནང་སྟེ། གཞན་ནི་གོང་དུ་བསྟན་ཟིན་ཏོ། །ལྟ་བའི་དམ་ཚིག་ནི། ཏིང་ངེ་འཛིན་གྱིས་གཙོར་སྒྲུབ་སྟེ། ཡེ་ཤེས་སེམས་དཔའ་གྲོགས་སུ་དམིགས། །ཡིད་ཀྱིས་མངོན་སུམ་སྤྱན་དྲངས་ལ། །བདག་གི་ཁོང་དུ་ཞུགས་པར་བསམ། །ཞེས་གསུངས་ཏེ། འདི་ཡང་བདག་ལ་བསྟིམ་ཞིང་། རབ་ཏུ་གསང་བའི་མཆོད་པ་དབུལ་བ་ལྟ་བུའི་དབང་དུ་གསུངས་ནས། གྲོགས་པོར་དམིགས་ཞེས་གསུངས་ཏེ། ཁྱད་པར་མི་འདོད་པ་ནི་མ་ཡིན་ནོ། །ཡེ་ཤེས་ཀྱི་དམ་ཚིག་ནི། ཉན་ཐོས་རང་རྒྱལ་དབུ་མ་དང་། །དེ་བཞིན་ཀྲི་ཡའི་གཞུང་ལུགས་རྣམས། །གཞན་ཡང་སྤྱོད་པ་ཐམས་ཅད་ཀུན། །གསལ་བར་མ་གྱུར་གཅིག་ཀྱང་མེད། །ཅེས་གསུངས་པའོ། །ཚོགས་ཀྱི་དམ་ཚིག་ནི། ཏིང་ངེ་འཛིན་གྱི་ཁྱད་པར་གྱིས། །ཡང་ནས་ཡང་དུ་རབ་ཏུ་བརྟག །དེ་ལྟར་ཀུན་དུ་བརྟག་བྱས་ནས། །ཚོགས་སུ་མ་གྱུར་གཅིག་ཀྱང་མེད། །ཅེས་གསུངས་པའོ། །སངས་རྒྱས་ཀྱི་སའི་དམ་ཚིག་ནི། །ཡི་གེ་ཨ་ཡི་རང་བཞིན་དུ། །མ་གྱུར་པ་ནི་གཅིག་ཀྱང་མེད། །བདག་དང་སངས་རྒྱས་སེམས་ཅན་རྣམས། །དབྱེ་བར་བྱ་བ་རྡུལ་ཙམ་མེད། །ཅེས་གསུངས་ཏེ། རང་བཞིན་རྣམ་པར་དག་པ་དང་། ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་བྱིན་གྱི་བརླབ་ཀྱིས། གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ལ་ཁྱབ་སྟེ། ཆོས་ཐམས་ཅད་རང་བཞིན་གྱི་དཀྱིལ་འཁོར་རོ། །ཞེས་གྲགས་སོ། །ཕྲིན་ལས་ཀྱི་དམ་ཚིག་ནི། ཏིང་ངེ་འཛིན་གྱིས་དབང་བསྐུར་ནས། །འོད་ཟེར་འཕྲོ་འདུ་མང་པོ་དང་། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིས། །སེམས་ཅན་མང་པོའི་དོན་བྱའོ། །ཞེས་གསུངས་པའོ། །དམ་ཚིག་གི་སྒྲིབ་པ་ནི། ཏིང་ངེ་འཛིན་གྱིས་གཙོར་བྱས་ནས། །ཉན་ཐོས་རང་རྒྱལ་ཐམས་ཅད་དང་། །དབུ་མ་ཀྲི་ཡ་ལ་སོགས་པའི། །སྒྲིབ་པ་མ་བྱང་གཅིག་ཀྱང་མེད། །ཅེས་གསུངས་ཏེ། ཏིང་ངེ་འཛིན་ཉམས་པ་ཉིད་དམ་ཚིག་གི་སྒྲིབ་པའོ། །དམ་ཚིག་གི་རིག་འཛིན་གྱི་ས་ནི། ཏིང་ངེ་འཛིན་གྱི་ཁྱད་པར་གྱིས། །ཇི་ལྟར་དམ་ཚིག་སྤྱོད་པ་དང་། །ལྟ་བའི་ཡེ་ཤེས་གསལ་གྱུར་ན། །དེས་ནི་རིག་པ་འཛིན་པའི་ས། །ཞེས་གསུངས་ཏེ། དམ་ཚིག་གི་ཡོན་ཏན་ཆེན་པོ་རྣམས་རྫོགས་པ་ཉིད་རིག་འཛིན་གྱི་སར་བཞེད་དོ། །དམ་ཚིག་གི་ཆད་པ་ནི། དབུ་མ་རྣམས་ཀྱི་ལྟ་བ་དང་། །དེ་བཞིན་ཀྲི་ཡའི་དམ་ཚིག་གི །ལྟ་སྤྱོད་མ་རྟོགས་གཅིག་ཀྱང་མེད། །འདི་ལ་ཆད་པའི་གནས་མེད་དོ། །ཞེས་གསུངས་ཏེ། འདི་ལྟར་ཏིང་ངེ་འཛིན་དང་ཤེས་རབ་ཀྱིས་རྟོགས་ན་ནི། ཆད་པའི་གནས་མེད་པར་གསུངས་ཏེ། དེ་ལྟར་མ་གྱུར་ཏེ། དམ་ཚིག་ཆེན་པོ་རྣམས་ལས་ཉམས་པར་གྱུར་ན། བཀའ་ཆད་ཀྱི་གནས་སུ་གྱུར་ཏེ། འབྲས་བུ་མི་ཐོབ་ཅིང་སྡུག་བསྔལ་ཆེན་པོའི་གནས་སུ་ལྟུང་བར་འགྱུར་རོ། །ད་ནི་རྣལ་འབྱོར་ཆེན་པོའི་རྩལ་འཕང་གི་དམ་ཚིག་རྣམས་བསྟན་པར་བྱ་སྟེ། དེ་ཡང་འདིར་རྩ་བའི་དམ་ཚིག་ལ་སོགས་པ་བྱ་བའི་རྒྱུད་དང་མཐུན་པ་རྣམས་ནི། ཁྱད་པར་སྟོན་པའི་སྐབས་ཡིན་པས་མི་སྨོས་སོ། །རྩལ་འཕང་གི་ཁྱད་པར་བསྟན་པའི་དབང་དུ་བྱས་ནས། ཀུན་ཏུ་བཟང་པོ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པར་བྱེད་པ་ལ། ཆོས་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱི་བློ་རྩལ་གྱི་ཁྱད་པར་ལས། རྣལ་འབྱོར་རྣམ་པ་གསུམ་དུ་ཕྱེ་སྟེ། རྣལ་འབྱོར་ཆེན་པོ་དང་། རྗེས་སུ་མཐུན་པའི་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་རོ། །དེ་ཉིད་ལ་བསྐྱེད་པ་དང་། རྫོགས་པ་དང་། རྫོགས་པ་ཆེན་པོའི་རྣལ་འབྱོར་ཞེས་ཀྱང་གྲགས་ཏེ། དེ་དག་ཐམས་ཅད་ཀྱང་རྣལ་འབྱོར་ཆེན་པོ་ཉིད་ཀྱི་བྱེ་བྲག་ཙམ་དུ་ཤེས་པར་བྱའོ། །དེ་ལ་རེ་ཤིག་རྣལ་འབྱོར་ཆེན་པོའི་བསྲུང་བའི་དམ་ཚིག་གསུངས་པ་ནི། འདོད་པའི་ཆགས་དང་འཇོམས་པ་དང་། །གཏི་མུག་ང་རྒྱལ་ཕྲག་དོག་རྣམས། །རྣལ་འབྱོར་ཆེན་པོའི་དམ་ཚིག་སྟེ། །དོན་དང་ལྡན་པའི་སྐྱེས་བུས་སྤྱད། །ཅེས་གསུངས་ཏེ། འདིར་ཡང་བྱ་བའི་རྒྱུད་དུ་བསྟན་པའི་བསྲུང་བའི་དམ་ཚིག་རྩ་བར་གསུངས་པ་རྣམས། མི་བསྲུང་བ་མ་ཡིན་ན་ཡང་། འདིར་མཉམ་པའི་དམ་ཚིག་བསྟན་པའི་དབང་གིས། དུག་ལྔ་བསྲུང་བའི་དམ་ཚིག་ཏུ་བསྟན་ཏེ། ཆོས་ལ་དགེ་སྡིག་གི་བླང་དོར་དང་བྲལ་བར་གསུངས་པ་ནི། དུག་ལྔ་བསྲུང་བའི་དམ་ཚིག་གོ །སྤྱོད་པའི་དམ་ཚིག་ནི། སྦྱོར་དང་སྒྲོལ་བར་བྱེད་པ་དང་། །མ་བྱིན་ལེན་དང་ངག་སྤྲུལ་བྱེད། །རྣལ་འབྱོར་སྤྱོད་པའི་དམ་ཚིག་མཆོག །སྤྱད་པར་བྱ་བའི་ལས་ཡིན་ནོ། །ཞེས་གསུངས་ཏེ། དོན་འདི་ཡང་གོང་དུ་བཤད་ཟིན་ཏོ། །ལྟ་བའི་དམ་ཚིག་ནི། རྒྱལ་བ་སེམས་ཅན་ཐམས་ཅད་དང་། དངོས་པོར་བཏགས་པ་ཐམས་ཅད་ཀུན། །དོན་གྱི་ངང་དུ་གཅིག་པ་སྟེ། །དེ་ཉིད་སྐུ་གསུང་ཐུགས་ཀྱི་བདག །ཅེས་གསུངས་ཏེ། སེམས་ཅན་དང་སངས་རྒྱས་དབྱེར་མེད་པ་ལྟ་བའོ། །ཚུལ་འདི་ལྟ་བུ་ནི་ངེས་པ་དོན་གྱི་མདོ་སྡེ་ལ་ཡང་ཡོད་དེ། འཕགས་པ་སྡོང་པོ་བཀོད་པ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམས་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པར་འགྱུར། །ཞེས་གསུངས་སོ། །བྱ་བའི་རྒྱུད་ལས་ཀྱང་གསུངས་ཏེ། བསམ་གཏན་ཕྱི་མ་དང་། མངོན་པར་བྱང་ཆུབ་པའི་རྒྱུད་ལས། ལྷས་ཇི་ལྟར་བསྒོ་བའི་ཚུལ་བསྟན་པ། སངས་རྒྱས་བཅོམ་ལྡན་འདས་བརྟགས་པ་ལས་གསུངས་པ་ལྟ་བུའོ། །རྣལ་འབྱོར་གྱི་རྒྱུད་ལས་ཀྱང་གསུངས་ཏེ། སང་གྲ་ཧ་ལས། ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བསྟན་པའི་སྐབས་ནས་གསུངས་པ་ལྟ་བུའོ། །དེ་དག་ཏུ་ནི་ལྟ་བ་དེ་ལྟ་བུ་ཡང་ཡོད་མོད་ཀྱི། ཀུན་རྫོབ་མཚན་མའི་དབང་ལ། བླང་དོར་དང་བཟང་ངན་གྱི་བྱེ་བྲག་ཏུ་བལྟ་བའང་ཤས་ཆེར་ཡོད་པས། དེའི་དབང་གིས་མཚན་མ་ཐམས་ཅད་འདིར་མཉམ་པ་ཉིད་དུ་བལྟ་བ་གཙོར་བསྟན་ཏེ། བྱེ་བྲག་ནི་དེ་ཙམ་མོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །ཡེ་ཤེས་ཀྱི་དམ་ཚིག་ནི། མཚན་མའི་ཆོས་རྣམས་ཐམས་ཅད་ནི། །མཉམ་པ་ཆེན་པོའི་ངང་ལ་གསལ། །ཐེག་པ་འོག་མའི་ཁྱད་པར་རྣམས། །ཀུན་ཀྱང་རང་རིག་བློ་ལ་གསལ། །ཞེས་གསུངས་ཏེ། མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ལ། འོག་མའི་དོན་ཀུན་རྫོགས་པར་རྟོགས་པའོ། །ཚོགས་ཀྱི་དམ་ཚིག་ནི། ཡོན་ཏན་ཅི་འབྱུང་མི་བརྗོད་ཅིང་། །འོག་མ་རྣམས་ལ་མི་སྨོད་ཅིང་། །ཐམས་ཅད་མཉམ་པའི་དམ་ཚིག་ནི། །འདི་ལྟར་ཤེས་ན་ཚོགས་མཆོག་རྫོགས། །ཞེས་གསུངས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་དབྱེ་བ་མེད་ཅིང་། སྡིག་པ་དང་སྒྲིབ་པ་བསལ་དུ་མེད་པར་རྟོགས་པ་ཉིད་ཚོགས་ཆེན་པོའོ། །སངས་རྒྱས་ཀྱི་སའི་དམ་ཚིག་ནི། གཟུགས་རྣམས་རྣམ་པར་སྣང་བ་མཛད། །ཚིག་རྣམས་བརྗོད་པ་སྣང་མཐའ་ཡས། །རྣམ་རྟོག་ཀུན་ཏུ་སེམས་རྡོ་རྗེ། །རིག་དང་ཚོར་པ་རིན་ཆེན་ཡིན། །ཡིད་གཡོ་བྱེད་པ་དོན་ཀུན་རྫོགས། །ཞེས་གསུངས་ཏེ། འདིར་ཕུང་པོ་ལྔ་ཉིད་གདོད་མ་ནས་རིགས་ལྔའི་སངས་རྒྱས་ཡིན་པས། སངས་རྒྱས་ཀྱི་ས་གུད་དུ་བགྲོད་དུ་མེད་པར་བལྟའོ། །འདི་ལྟ་བུའང་གོང་དུ་བསྟན་པ་བཞིན་དུ་ངེས་པ་དོན་གྱི་མདོ་སྡེ་ལས་ཀྱང་འབྱུང་སྟེ། སྡོང་པོ་བཀོད་པ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། འོན་ཀྱང་བྱེ་བྲག་ནི་མདོ་སྡེ་སྤྱིའི་ཚུལ་ལས། སེམས་ཅན་རྣམས་སངས་རྒྱས་ཀྱི་རྒྱུ་ཅན་ལས་གཉེན་པོ་ལམ་བསྒོམས་ཏེ། འབྲས་བུ་སངས་རྒྱས་ཀྱི་ས་རང་བཞིན་མི་འདྲ་བ་གཞན་ཐོབ་པར་འདོད་དེ། འདི་ལྟར་གོང་དུ་བསྟན་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་འཛིན་པའི་སྐབས་སུ་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་དང་ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་། རྡོ་རྗེ་བྱང་ཆུབ་ཀྱི་སེམས་སུ་བསྟན་པའི་དབང་དུ་བྱས་ནས། ཁྱད་པར་རྣམ་པར་བཞག་པའོ། །ཕྲིན་ལས་ཀྱི་དམ་ཚིག་ནི། ཏན་གན་རང་བཞིན་སྤྱོད་པའི་གནས། །ཞིང་བཅུ་དག་དང་ལྡན་པ་ན། །བདེ་བ་ཆེན་པོའི་ལོངས་སྤྱོད་དེ། །ཐོགས་མེད་ཕྲིན་ལས་རྣམ་བཞི་རྫོགས། །ཞེས་གསུངས་ཏེ། འདི་ཡང་གོང་དུ་བཤད་ཟིན་ཏོ། །དམ་ཚིག་གི་སྒྲིབ་པ་ནི། ཕྱིའི་ཡུལ་དང་ནང་གི་སེམས། །ཐམས་ཅད་མཉམ་པ་ཉིད་དུ་གནས། །དེ་ལ་སྒྲིབ་དང་མི་སྒྲིབ་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །ཞེས་གསུངས་ཏེ། ཇི་འདི་ལྟར་ཡུལ་སེམས་མཉམ་པ་ཉིད་དུ་རྟོགས་ན་སྒྲིབ་པ་སྤང་དུ་མེད་དེ། གང་གི་ཕྱིར་ཤེས་བྱའི་ཡུལ་ཉིད་གདོད་མ་ནས་མ་གྲུབ་ན། ཤེས་བྱ་ལ་ཡེ་ཤེས་ཀྱི་གེགས་སུ་གྱུར་པའི་སྒྲིབ་པ་ཉིད་མི་འགྲུབ་བོ། །སེམས་ཉིད་གདོད་མ་ནས་མ་གྲུབ་ན། དེའི་དྲི་མར་གྱུར་པ་ཉོན་མོངས་པའི་སྒྲིབ་པ་མི་འགྲུབ་སྟེ། འོན་ཀྱང་དེ་ལྟར་མ་རྟོགས་ན། དེ་ཉིད་སྒྲིབ་པ་ཡིན་ནོ། །རིག་འཛིན་སའི་དམ་ཚིག་ནི། ཐམས་ཅད་མཉམ་ཉིད་དབྱིངས་གྱུར་པས། །ཕུང་པོ་ལྔ་དོན་ཡེ་ཤེས་ལྔ། །སྐུ་གསུང་ཐུགས་ཀྱི་དབང་ཕྱུག་ནི། །ཕྱག་ རྒྱ་ཆེན་པོའི་རིག་འཛིན་ཡིན། །ཞེས་གསུངས་ཏེ། ཕུང་པོ་ལྔ་ཉིད་ཡེ་ནས་སངས་རྒྱས་པ་ཡིན་པའི་དོན་རྟོགས་ཤིང་གོམས་ཏེ་གདེང་དུ་གྱུར་ནས་མངའ་བརྙེས་པ་ན། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་སྟེ། གནས་གཞན་དུ་བསྒྲོད་དུ་མེད་དོ། །དམ་ཚིག་གི་ཆད་པའི་གནས་ནི། ཡུལ་དང་ཡེ་ཤེས་རང་བཞིན་ལས། །རང་གི་རང་བཞིན་མེད་པས་ན། །མཚན་མའི་རྣམ་པ་ཅིར་སྣང་ཡང་། །དེ་ལ་ཆད་པའི་གནས་མེད་དོ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ནི་སེམས་སྣང་བར་འདུས་ལ། སེམས་ནི་ཡེ་ཤེས་སུ་དག །སེམས་སྣང་བ་ནི་ཡེ་ཤེས་ཀྱི་ཡུལ་དུ་དག་སྟེ། དེ་ལྟར་རྟོགས་ན་ཆད་པའི་གནས་མེད་དོ། །འོན་ཀྱང་དེ་ལྟར་མ་རྟོགས་ཏེ། གཟུང་འཛིན་གྱི་མཚན་མ་ཇི་ལྟ་བ་བཞིན་དུ་སྐྱེས་པར་གྱུར་ན། དེ་ཉིད་འཁོར་བའི་ཆུ་འཇིངས་ཆེན་པོའི་གཡང་ས་ན་ལྷུང་ཟིན་ནས་གནས་པ་ཡིན་ནོ། །ད་ནི་བློ་རྩལ་དེ་ལས་ཅུང་ཟད་འཕགས་པར་གྱུར་ཏེ། རྣལ་འབྱོར་རབ་ཀྱི་འབྲིང་དུ་གྱུར་པ་རྗེས་སུ་མཐུན་པའི་རྣལ་འབྱོར་གྱི་དབང་དུ་བྱས་ནས། གསུངས་པ། དེ་ལ་བསྲུང་བའི་དམ་ཚིག་ནི། དམ་ཚིག་དམ་པ་གང་ཞེ་ན། །རྟོགས་པ་དམ་པ་དམ་ཚིག་སྟེ། །རྟོགས་པར་བྱེད་པ་གང་ཡིན་པ། །དེ་ནི་དམ་ཚིག་ཆེན་པོའོ། །ཞེས་གསུངས་ཏེ། འདིར་སྔ་མ་བས་ཅུང་ཟད་རྩོལ་བ་དང་མཚན་མ་ཞི་སྟེ། གཉིས་སུ་མེད་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་བསྲུང་བའི་དམ་ཚིག་ཏུ་འདོད་དོ། །སྤྱོད་པའི་དམ་ཚིག་ནི། ཐམས་ཅད་མཉམ་པའི་ངང་ལ་གནས། །ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ལས། །དངོས་སུ་སྤྱད་པ་ཐམས་ཅད་བྱ། །དེ་ནི་དམ་ཚིག་ཆེན་པོ་ཡིན། །ཞེས་གསུངས་ཏེ། མཉམ་པའི་ཏིང་ངེ་འཛིན་ལས་མ་གཡོས་པར། ཐམས་ཅད་ལྷུན་གྱིས་གྲུབ་པར་སྤྱད་དོ། །ལྟ་བའི་དམ་ཚིག་ནི། སྣོད་དུ་གྱུར་པ་ཡུམ་གྱི་དབྱིངས། །བཅུད་རྣམས་རྒྱལ་བ་ཡབ་ཀྱི་མཁའ། །འབྱུང་འཇུག་རིག་པས་ལོངས་སྤྱོད་དེ། །འདི་ནི་རྡོ་རྗེའི་ཐ་ཚིག་ཡིན། །ཞེས་གསུངས་ཏེ། སྣོད་བཅུད་འདུ་བྱེད་དང་བཅས་པ་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་བལྟའོ། །ཡེ་ཤེས་ཀྱི་དམ་ཚིག་ནི། སྲིད་པའི་སེམས་ཅན་ཐམས་ཅད་དང་། །ཐར་པ་ཆོས་ཀྱི་རྣམ་གྲངས་ཀུན། །སོ་སོར་ཐམས་ཅད་སྣང་བ་སྟེ། །ཀུན་ཀྱང་མཉམ་པའི་ངང་དུ་གསལ། །ཞེས་གསུངས་ཏེ། ཆོས་མཉམ་པ་ཉིད་དུ་རྟོགས་པའི་རིག་པ་སྐད་ཅིག་མ་ལ། སྒྱུ་མ་ཙམ་དུ་སྣང་བའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱང་མ་འདྲེས་པར་ཁོང་དུ་ཆུད་ལ། དེ་དག་གི་མཚན་ཉིད་ལ་འཛིན་པའི་ཞེན་པའང་རྡུལ་ཙམ་ཡང་མེད་དེ། མཉམ་པའི་ངང་ལས་མ་གཡོས་པར་གསལ་བ་ནི་འདི་ཡི་ཡེ་ཤེས་སོ། །ཚོགས་ཀྱི་དམ་ཚིག་ནི། སྤྱོད་པའི་ལས་དང་རྟོག་པ་དང་། །མཚན་མར་གྱུར་པ་ཐམས་ཅད་ཀུན། །སེམས་ཀྱི་ཕྱི་ནང་སྤྱོད་ཡུལ་ཏེ། །བརྟགས་ན་ལོངས་སྤྱོད་ཚོགས་སུ་འགྱུར། །ཞེས་གསུངས་ཏེ། ཇི་སྲིད་དུ་ཕྱི་དང་ནང་དུ་སྣང་བ་ཐམས་ཅད་ནི། སེམས་ཉིད་སྣང་བའི་སྤྱོད་ཡུལ་ཡིན་ཏེ། སེམས་ཉིད་ཡེ་ཤེས་སུ་དག་ན། སྤྱོད་ཡུལ་ཚོགས་སུ་མི་འགྱུར་བའི་གནས་མེད་དོ། །སངས་རྒྱས་སའི་དམ་ཚིག་ནི། མ་སྐྱེས་སྟོང་པ་སྐུ་ཡི་རྒྱ། །རང་བཞིན་སྨོན་མེད་གསུང་གི་དོན། །མཚན་མེད་ཡིད་ལས་འདས་པ་ཐུགས། །རྣམ་གསུམ་བདེ་ཆེན་སངས་རྒྱས་སོ། །ཞེས་གསུངས་ཏེ། ལུས་ངག་ཡིད་གསུམ་ཉིད་རྣམ་པར་ཐར་པ་གསུམ་གྱི་རང་བཞིན་པས། བདེ་བ་ཆེན་པོའི་སངས་རྒྱས་ཀྱི་སའོ། །ཕྲིན་ལས་ཀྱི་དམ་ཚིག་ནི། མཉམ་པའི་ལྟ་བས་དབང་བསྒྱུར་ནས། །འཁོར་བ་ཐམས་ཅད་དབྱིངས་ལ་སྣང་། །ལས་ཀུན་རྫོགས་པའི་མཆོག་ཡིན་ཏེ། །གཞན་དུ་ཕྲིན་ལས་ལུས་པ་མེད། །ཅེས་གསུངས་ཏེ། མཉམ་པ་ཉིད་ཀྱི་དབང་བསྒྱུར་བ་ཉིད་ཕྲིན་ལས་སོ། །དམ་ཚིག་གི་སྒྲིབ་པ་ནི། སྡུག་བསྔལ་བྱང་ཆུབ་ཆེན་པོ་སྟེ། །འཁོར་བ་ཡེ་ནས་མྱ་ངན་འདས། །སྒྲིབ་པ་རྣམ་དག་ཆོས་ཀྱི་དབྱིངས། །ཉོན་མོངས་ཀུན་བྱང་བྱང་ཆུབ་དོན། །ཅེས་གསུངས་ཏེ། དེ་ལྟར་རྟོགས་ན་སྒྲིབ་པ་དང་གཉེན་པོ་གཉིས་སུ་མེད་དོ། །དེ་ལྟར་མ་རྟོགས་ཏེ་གཉིས་སུ་མཐོང་ན་དེ་ཉིད་སྒྲིབ་པ་ཆེན་པོ་ཡིན་ནོ། །རིག་འཛིན་ས་ཡི་དམ་ཚིག་ནི། །སྣང་བ་མེད་པའི་དོན་མཐོང་ན། །ས་དང་ས་ཡི་རིམ་པ་ནི། །འདི་དང་འདི་ཞེས་གཟུང་དུ་མེད། །འདི་ནི་སྣང་མེད་ཐོབ་པའི་གནས། །ཞེས་གསུངས་ཏེ། མངོན་དུ་བྱ་བའི་ཆོས་གང་ཡང་མ་མཐོང་སྟེ། ཅིར་ཡང་མི་འཛིན་པའི་ཉམས་རྙེད་པ་ནི། རིག་འཛིན་གྱི་གནས་ཡིན་ནོ། །དམ་ཚིག་གི་ཆད་པའི་གནས་ནི། སྐུ་དང་གསུང་ཐུགས་མི་གཡོ་བའི། །ཇི་བཞིན་ཉིད་ཀྱི་ངང་ལ་གནས། །ཇི་ལྟར་བསྒྱུར་ཡང་ཆོས་ཉིད་པས། །ཆད་པའི་གནས་ཞེས་བརྗོད་དང་བྲལ། །ཞེས་གསུངས་ཏེ། འདི་ལྟར་རྟོགས་ན་ནི་ཆད་པའི་གནས་ཞེས་བྱ་བའི་མིང་ཙམ་ཡང་མེད་དོ། །འོན་ཀྱང་དེ་ལྟར་མ་རྟོགས་ཏེ། དངོས་པོར་ལྟ་བ་དང་མ་བྲལ་ན། དེ་ཉིད་ཆད་པའི་གནས་ཡིན་ཏེ། འཁོར་བའི་གཡང་ས་ཉིད་ན་གནས་པའོ། །ད་ནི་རྣལ་འབྱོར་རབ་ཀྱི་ཡང་རབ་ཀྱི་དབང་དུ་གསུངས་པ། ཤིན་ཏུ་རྣལ་འབྱོར་རྣམས་ཀྱི་དམ་ཚིག་གི་རྩལ་གྱི་ཁྱད་པར་གསུངས་པ། དེ་ལ་བསྲུང་བའི་དམ་ཚིག་ནི། མེད་དང་ཕྱལ་བ་གཅིག་པུ་དང་། །ལྷུན་གྱིས་རྫོགས་པའི་དམ་ཚིག་ཆེ། །འདི་ཞེས་རིས་སུ་ཆད་མེད་པ། །འདི་ནི་བསྲུང་བའི་དམ་ཚིག་གོ །བསྲུང་བར་བྱ་བ་དང་བྲལ་བས་མེད་པའོ། །འཛིན་པ་དང་བྲལ་བས་ཕྱལ་བའོ། །དབྱེར་མེད་པས་གཅིག་པུའོ། །བརྩལ་བ་དང་བྲལ་བས་ལྷུན་གྱིས་རྫོགས་པ་སྟེ། དེ་བས་ན་ཇི་ལྟར་ཡང་བསྲུང་དུ་མེད་པ་ནི་བསྲུང་བའི་དམ་ཚིག་གོ །སྤྱོད་པའི་དམ་ཚིག་ནི། སྤྱད་དང་སྤྱོད་པ་བྱར་མེད་པས། །སྲིད་དང་མུ་སྟེགས་འཇིག་རྟེན་པའི། །སྤྱོད་པ་སྣང་བ་ཐམས་ཅད་ཀུན། །ལྷུན་གྱིས་གྲུབ་པའི་མཛད་སྤྱོད་དོ། །ཞེས་གསུངས་ཏེ། སེམས་ཅན་དམྱལ་བ་དང་། མུ་སྟེགས་ལ་སོགས་ཏེ། སྤྱོད་པ་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་བའོ། །ལྟ་བའི་དམ་ཚིག་ནི། མ་སྤངས་ལྷུན་གྲུབ་དབྱེར་མེད་པས། །དབྱིངས་ལས་གཞན་ན་ལྟ་ཡུལ་མེད། །འདི་ནི་ལྟ་བའི་དམ་ཚིག་གོ །ཞེས་གསུངས་ཏེ། སྤང་བླང་ཐམས་ཅད་དང་བྲལ་བས། ལྟ་བ་འཛིན་པ་ཐམས་ཅད་རང་བཞིན་གྱིས་ཞི་བ་ནི་ལྟ་བའི་དམ་ཚིག་གོ །ཡེ་ཤེས་ཀྱི་དམ་ཚིག་ནི། ས་ཆུ་མེ་རླུང་སྣོད་བཅུད་བཅས། །ཀུན་ཀྱང་རང་བཞིན་ཆོས་ཉིད་དོན། །ཆོས་ཉིད་དོན་ལས་གཞན་མེད་པས། །རང་བྱུང་ཡེ་ཤེས་གསལ་བའོ། །ཞེས་གསུངས་ཏེ། སྒྲིབ་པ་གདོད་མ་ནས་དག་པས། རང་བྱུང་གི་ཡེ་ཤེས་སུ་འོད་གསལ་བ་སྟེ། འདི་ལྟ་བུ་ནི་ངེས་པ་དོན་གྱི་མདོ་སྡེ་ལས་ཀྱང་གསུངས་ཏེ། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། གསོག་དང་། གསོབ་དང་། སྙིང་པོ་མེད་པ་ཡིན་ཡང་། བསོད་ནམས་གསོབ་མ་ཡིན་པ་དང་། ཡེ་ཤེས་གསོག་མ་ཡིན་པ་དང་། རང་བྱུང་གི་ཡེ་ཤེས་སུ་དབང་བསྐུར་བ་ནི་སྙིང་པོ་མེད་པ་མ་ཡིན་པར་གསུངས་པ་དང་། སྡོང་པོ་བཀོད་པ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་ཏེ། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་པ་དང་། དེ་བཞིན་དུ་མདོ་ཁ་ཅིག་ལས། སོ་སོའི་སྐྱེ་བོའི་ཤེས་པའང་རང་བཞིན་གྱིས་རྣམ་པར་བྱང་བ་ཅན་ཡིན་ནོ། །ཞེའམ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཞེའམ། ཟག་པ་མེད་པའི་སེམས་ཅན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་མོད་ཀྱི། དེ་དག་ཏུ་ནི་མཚན་མའི་ཆོས་ཀྱང་ཤས་ཆེར་འདོད་ལ། འདིར་སངས་མ་རྒྱས་པའི་ཆོས་རྡུལ་ཙམ་ཡང་མི་འདོད་དོ། །དམ་ཚིག་གི་ཚོགས་ནི། ཡིད་བཞིན་ནོར་བུ་རིན་པོ་ཆེ། །མ་བརྩལ་རང་ལ་ཡོད་པ་ཡིན། །འདོད་པ་འབྱུང་བའི་ལོངས་སྤྱོད་དེ། །བདེ་ཆེན་ལོངས་སྤྱོད་ཚོགས་ཡིན་ནོ། །ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་པས། ཚོགས་རང་བཞིན་གྱིས་རྫོགས་སོ། །སངས་རྒྱས་ཀྱི་སའི་དམ་ཚིག་ནི། ངན་སོང་མཐོ་རིས་ཐམས་ཅད་དང་། །འཕགས་ལམ་འཁོར་བའི་ཆོས་རྣམས་ཀུན། །རང་བཞིན་སོ་སོར་མི་དམིགས་ཏེ། །སངས་རྒྱས་ཀྱི་ནི་རང་བཞིན་ཡིན། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཆེ་བ་ཉིད་དོ། །ཕྲིན་ལས་ཀྱི་དམ་ཚིག་ནི། སྣོད་དང་གཟུགས་རིག་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་རང་བཞིན་ཏེ། །སྐུ་གསུང་ཐུགས་ཚིག་རྒྱ་ཆེར་སྟོན། །དོན་རིག་ཐུགས་ཀྱི་རང་བཞིན་ནོ། །ཞེས་གསུངས་ཏེ། ཐམས་ཅད་གྲོལ་བ་ཆེན་པོ་བས། དོན་བྱ་བའི་རྩོལ་བ་མི་མངའ་ཡང་། ལྷུན་གྱིས་གྲུབ་པའི་རོལ་པ་རྒྱུན་མི་འཆད་དོ། །དམ་ཚིག་གི་སྒྲིབ་པ་ནི། མ་སྐྱེས་པ་དང་མ་བྱུང་བ། །མི་གནས་པ་ལ་ཆགས་པ་མེད། །དོན་གྱི་ཁྱད་པར་རྟོགས་ཆུད་ན། །ཀུན་ཏུ་བཟང་པོ་མཆོག་གི་སའོ། །ཞེས་གསུངས་ཏེ། འདི་ལྟར་རྟོགས་ན་ནི་ཀུན་ཏུ་བཟང་པོའི་རང་བཞིན་ལ་སྒྲིབ་པ་མེད་དེ། འོན་ཀྱང་སྐྱོན་དང་ཡོན་ཏན་གྱི་མཚན་མ་ལ་འཛིན་ཅིང་ཆགས་པ་ནི་དེ་ཉིད་ཀྱི་སྒྲིབ་པའོ། །རིག་འཛིན་སའི་དམ་ཚིག་ནི། མཚན་དང་དཔེ་བྱད་ཀུན་རྫོགས་ཏེ། །ཐམས་ཅད་སྐུ་གསུང་ཐུགས་ཀྱི་དོན། །བདག་ཉིད་ཆེན་པོར་ཐམས་ཅད་རྫོགས། །ལྷུན་རྫོགས་བདེ་བ་ཆེན་པོ་ཡིན། །ཞེས་གསུངས་ཏེ། འདི་ལྟ་བུའི་དོན་རྟོགས་ན། ཐམས་ཅད་ལ་མངའ་བརྙེས་པ། ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་སའོ། །དམ་ཚིག་གི་ཆད་པའི་གནས་ནི། ཁྱབ་པའི་ངོ་བོ་ཀུན་གདལ་བས། །སྒྲིབ་པ་ཀུན་བྱང་ཚོགས་ཀུན་རྫོགས། །རྣམ་གྲོལ་བཅིངས་པ་ཀུན་དང་བྲལ། གྲུབ་པ་བདེ་བའི་གནས་ཆེན་ཡིན། །ཞེས་གསུངས་ཏེ། འདི་ལྟར་རྟོགས་ན་ནི་ཆད་པའི་གནས་མེད་ཀྱི། དེ་ལྟར་མ་རྟོགས་ཏེ། བགྲོད་ཅིང་སྤྱོད་པ་ལ་ལྟོས་པས། རྟོགས་པའི་ནད་ཀྱིས་ཟིན་ན། དེ་ཉིད་ཆད་པའི་གནས་སོ། །དེ་ལྟར་རྩལ་འཕང་གི་ཁྱད་པར་རྣམ་པ་བཅུའི་སྒོ་ནས་གཞུང་ཁྱད་པར་གྱི་དམ་ཚིག་རྒྱས་པར་བསྟན་ཏོ།། །། གཞན་ཡང་གསང་སྔགས་ཀྱི་བསླབ་པ་རྣམས་ལས། གཞི་དམ་ཚིག་གིས་གཟུང་བ་དང་། ལྟ་བས་ཐག་བཅད་པ་དང་། སྤྱོད་པས་ལ་དོར་བ་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་དང་། རིམ་པ་དབང་གིས་བགྲོད་པ་དང་། དོན་མན་ངག་གིས་སྒྲུབ་པ་དང་། འདི་རྣམས་ནི་གསང་སྔགས་ཀྱི་ལུང་དྲུག་ཅེས་གྲགས། བསླབ་པ་གཞན་ནི་ཐུན་མོང་དུ་གྲགས་སོ། །དེ་ཡང་བྱ་བའི་རྒྱུད་དུ་ནི། དམ་ཚིག་དང་སྤྱོད་པ་གཙོར་རྒྱས་པར་བསྟན་ཏོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། ཏིང་ངེ་འཛིན་དང་དབང་གི་བསླབ་པ་རྒྱས་པར་བསྟན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། དེ་དག་ལྷག་པར་བསྟན་ཅིང་། ལྟ་བ་དང་མན་ངག་གི་བསླབ་པ་གཙོར་བསྟན་ཏོ། །མདོར་བསྡུ་ན། བྱ་བའི་རྒྱུད་དུ་ནི། སྤྱོད་པ་གཙོར་བསྟན་ཏོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། ཏིང་ངེ་འཛིན་གཙོར་བསྟན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། ལྟ་བ་གཙོར་བསྟན་ཏོ། །སྤྱོད་པ་འབའ་ཞིག་ལ་ཡང་། བྱ་བའི་རྒྱུད་དུ་ནི། ཟས་དང་གོས་དང་གནས་དང་ཁྲུས་ལ་སོགས་པ་ལུས་དག་པར་བྱ་བའི་གཙང་སྦྲའི་སྤྱོད་པ་གཙོར་བསྟན་ཏོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། ཕྱག་རྒྱའི་རྣལ་འབྱོར་དང་ལྡན་པས། ནང་ཤིན་ཏུ་སྦྱངས་པ་ལ། ཕྱི་རོལ་གྱི་གཙང་སྦྲ་བྱས་ཀྱང་རུང་མ་བྱས་ཀྱང་རུང་ཞེས་བསྟན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། མཉམ་པ་ཆེན་པོའི་གཙང་སྨེ་མེད་པའི་སྤྱོད་པ་གཙོར་བསྟན་ཏོ། །དེ་དག་ཀྱང་གཙོར་བསྟན་པ་ཙམ་སྟེ། བྱ་བའི་རྒྱུད་ལ་ཡང་། ལྷ་དང་ལས་ཀྱི་སྐབས་ཀྱིས་སྨེ་བའི་བརྟུལ་ཞུགས་གསུངས་ལ། རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། གཙང་བའི་སྤྱོད་པ་གསུངས་ཏེ། སྐབས་སྐབས་སུ་གོང་དུ་བསྟན་པར་ཟད་དོ། །ལྟ་བ་འབའ་ཞིག་ལའང་སྣང་བའི་ཆོས་ལ། བྱ་བའི་རྒྱུད་དུ་ཡང་། བདེན་པ་གཉིས་ཀྱི་སྒོ་ནས་ཆོས་འདི་དག་པ་དང་། རྣམ་པར་སྤྲུལ་པ་དང་བྱིན་གྱིས་བརླབས་པའི་ཚུལ་གྱིས་སངས་རྒྱས་སུ་ལྟའོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། དེ་དག་གི་སྟེང་དུ་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱི་བྱིན་བརླབས་དང་། རང་བཞིན་གྱིས་རང་བཞིན་ཁྱད་པར་ཅན་མ་ཡིན་པའི་དཀྱིལ་འཁོར་དུ་ལྟ་བ་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། དེ་རྣམས་ཀྱི་སྟེང་དུ་ཐམས་ཅད་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ལྟའོ། །ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱི་མན་ངག་ལས་ཀྱང་གྲགས་ལ། རྒྱུད་ཀྱི་ཚུལ་བརྟགས་ནའང་ཚུལ་དེ་ལྟར་སྣང་ངོ་། །ཏིང་ངེ་འཛིན་གྱི་དམིགས་པའི་སྐབས་སུ་ཡང་། བདག་གི་དེ་ཁོ་ན་ཉིད་ལ་ལྷའི་དེ་ཁོ་ན་ཉིད་ཀྱིས་བསྒོམ་ཞིང་བྱིན་གྱིས་བརླབ་པར་ཡང་འདོད་ཅིང་། བཟླས་བརྗོད་ཀྱི་སྐབས་སུ་མདུན་དུ་ལྷ་དམིགས་པ་ན། དམིགས་པ་གསུམ་ལ་གནས་པའི་ཡན་ལག་དང་བཅས་པའི་དབང་གིས་ཁྱད་པར་དུ་ཡང་ལྟ་ཞིང་། ཡེ་ཤེས་སེམས་དཔའ་བདག་ལ་བསྟིམ་པར་གཙོར་མི་སྟོན་ཏེ། དེ་བས་ན་ཚུལ་འདིས་ལྷ་དང་རྗེ་ཁོལ་དུ་ལྟའོ། །ཞེས་གྲགས་སོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། བདག་ལྷར་བྱིན་གྱིས་བརླབ་པ་དང་། མདུན་དུ་ལྷ་དམིགས་པ་ཡང་འདོད་མོད་ཀྱི། ལྷ་མཉེས་པར་བྱ་བ་ལ་ཡེ་ཤེས་ཀྱི་ལྷ་བདག་ལ་བསྟིམས་ཤིང་དབྱེར་མེད་པར་བྱས་པའི་རེག་པའི་བདེ་བས་མཉེས་པར་བྱ་བ་དང་། སྒྲུབ་པ་ཕལ་ཆེར་སྟོན་པས། ཚུལ་འདིས་ལྷ་དང་གྲོགས་པོའི་ཚུལ་དུ་ལྟའོ། །ཞེས་གྲགས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། ཇི་སྐད་དུ་བསྟན་པ་དེ་དག་ཀྱང་འདོད་མོད་ཀྱི། ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར། བདག་ཉིད་ཐམས་ཅད་ཀྱི་བདག་པོར་སྦྱོར་བས། བདག་ཉིད་རྒྱལ་པོའི་ཚུལ་དུ་ལྟའོ། །ཞེས་གྲགས་སོ། །འདི་དག་ནི་གསང་སྔགས་ཀྱི་ཚུལ་གྱི་གཞུང་ཁྱད་པར་གྱི་དམ་ཚིག་མདོ་ཙམ་སྨོས་པ་སྟེ། ཧ་ཅང་སྤྲོས་པ་བཞག་གོ །སྡོམ་པ་སྤྱིའི་བྱེ་བྲག་མདོར་བསྡུ་ན། སོ་སོར་ཐར་པའི་སྡོམ་པ་ནི། ལས་དགེ་སྡིག་གཙོར་བསྟན་ཏོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། སྙིང་རྗེ་ཆེན་པོ་གཙོར་བསྟན་པའོ། །གསང་སྔགས་ཀྱི་སྡོམ་པ་ནི། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་གཙོར་བསྟན་ཏོ། །ཡང་སོ་སོར་ཐར་པའི་སྡོམ་པ་ནི། སེམས་ཅན་ལ་གནོད་པར་སྦྱོར་བ་ལས་ལོག་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། དེའི་སྟེང་དུ་སེམས་ཅན་ལ་ཕན་འདོགས་པར་ཞུགས་པའོ། །གསང་སྔགས་ཀྱི་སྡོམ་པ་ནི། དེ་དག་གི་སྟེང་དུ་སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླང་བའོ། །ཡང་སོ་སོར་ཐར་པའི་སྡོམ་པ་ནི། སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པའོ། །གསང་སྔགས་ཀྱི་སྡོམ་པ་ནི། དེ་བཞིན་གཤེགས་པ་ཉིད་ཀྱི་རྗེས་སུ་སློབ་པའོ། །ཞེས་གྲགས་སོ། །གཞན་ཡང་གསང་སྔགས་ཀྱི་སྡོམ་པ་སོ་སོར་ཐར་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ལས་ཁྱད་པར་རྣམ་པ་བདུན་གྱིས་འཕགས་པར་གསུངས་པ་ནི། སྤྱིར་ཡང་གསང་སྔགས་ཀྱི་སྡོམ་པ་ཐབས་ཆེ་ལ་སྒོ་ཡངས་པར་གསུངས་པས། སེམས་ཅན་གྱི་རྣམ་པར་རྟོག་པ་ཇི་སྙེད་པ་མི་འདུལ་བ་མེད་དོ། །ཞེས་གསུངས་པ་ལས། དམིགས་ཀྱིས་ལྷག་པ་བདུན་གསུངས་པ་ནི། ཐམས་ཅད་སངས་རྒྱས་པར་རྟོགས་པ་ཀུན་ཏུ་བཟང་པོའི་ཕྱག་རྒྱས་ཐེབས་པ་དང་། འཇིག་རྟེན་གྱི་ལྷ་ཆེན་པོ་དམ་ཚིག་ཅན་འཁོར་དང་བཅས་པ་རྣམས་ཀྱིས་བཀུར་གནས་སུ་མཐོང་བས། བྱིན་བརླབས་འཕགས་པ་དང་། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་རྒྱུད་དག་པ་ལ་དགོངས་ཤིང་བྱིན་གྱིས་རློབ་པར་འགྱུར་བས་རྒྱུ་རྐྱེན་དེའི་མཐུས་དངོས་གྲུབ་མྱུར་བ་དང་། བདེ་གཤེགས་རྣམས་དང་སྤྱོད་ཡུལ་མཐུན་པ་དང་། འཁོར་བ་དང་ངན་སོང་གིས་མི་འཇིགས་ཤིང་དབུགས་ཕྱིན་པ་དང་། སྡོམ་པ་ཇི་སྙེད་པ་ཐམས་ཅད་འདུས་ཤིང་རྣམ་པར་དག་པ་དང་། ཉམས་ཀྱང་གཞན་ལ་ལྟོས་པ་མེད་པར་རང་གི་རྩལ་གྱིས་བསྐོངས་པར་གྱུར་པའོ། །ཞེས་འབྱུང་བའོ། །ད་ནི་དམ་ཚིག་ཇི་ལྟར་བླང་བ་བཤད་དེ། དེ་ཡང་གང་ཟག་མོས་པ་དང་རྩོལ་བ་ཆེ་བ་རྣམས་ཀྱིས་ནི། སོ་སོ་རིམ་གྱིས་འཇུག་པར་བྱ་སྟེ། དེ་ཡང་དང་པོར་སོ་སོར་ཐར་པའི་སྡོམ་པ་ཁྱིམ་པའམ་རབ་ཏུ་བྱུང་བའི་སྡོམ་པ་ཇི་ལྟར་ནུས་པ་ཞིག་མནོས་ནས། དེ་ནས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་ཏེ། དེ་ནས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ། དེ་ཡང་དང་པོར་བགེགས་ཞི་བར་བྱ་བའི་ཕྱིར། རིགས་ཀྱི་ཁྲོ་བོའི་དཀྱིལ་འཁོར་ཞིག་ཏུ་ཞུགས་ཏེ། དེ་ནས་སྡོམ་པ་བླང་བའི་ཕྱིར། འཕགས་པ་རིག་པ་མཆོག་ལས་གསུངས་པའི་སྤྱིའི་དམ་ཚིག་གི་དཀྱིལ་འཁོར་ལྟ་བུ་ཞིག་ཏུ་ཞུགས་ཏེ། སྡོམ་པ་བླང་བར་བྱའོ། །དེ་ལ་ཡང་གསང་སྔགས་ཐུན་མོང་དུ་འཇུག་པའི་ཆོ་ག་ཡན་ལག་ལྔ་གསུངས་ཏེ། ལྔ་གང་ཞེ་ན། དང་པོར་ཐེག་པ་ཆེན་པོ་མ་ནོར་བ་སྟོན་པའི་དགེ་བའི་བཤེས་གཉེན་དམ་པ་བཙལ་ཏེ་བླ་མ་ཡོངས་སུ་བཟུང་བ་ནི་དང་པོའོ། །དེ་ནས་དེས་བསྟན་པའི་གསང་བའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ཐོབ་པར་བྱ་བ་ནི་གཉིས་པའོ། །དེའི་ཚེ་ཐེག་པ་ཆེན་པོའི་དམ་ཚིག་གི་སྡོམ་པ་ཚུལ་བཞིན་དུ་ནོད་པ་ནི་གསུམ་པའོ། །དེ་ནས་སྤྱོད་ཡུལ་དང་སྒྲུབ་པའི་ཆོ་ག་ཐམས་ཅད་ལ་མཁས་པར་བསླབ་ཅིང་མན་ངག་ཅན་དུ་བྱ་བ་ནི་བཞི་པའོ། །དེ་ཕན་ཆད་སྤྲོ་བ་མི་ལྷོད་ཅིང་བརྩོན་པ་མི་འདོར་བ་ནི་ལྔ་པའོ། །དེ་ནས་དངོས་གྲུབ་སྒྲུབ་པར་ནུས་ན་ནི། རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་དུ་དབང་མནོས་ཏེ། སྒྲུབ་པ་ལ་འཇུག་པར་བྱའོ། །དེ་ལ་ཡང་དང་པོའི་སྡོམ་པ་ནོད་པའི་དུས་སུ། རྩ་བ་དང་ལྟུང་བ་རགས་རིམ་ཙམ་མནོས་ཏེ། ཕྱིས་བླ་མ་དང་གླེགས་བམ་ལ་བརྟེན་ནས་རྒྱུན་དུ་བལྟ་བར་གསུངས་སོ། །གལ་ཏེ་རྣལ་འབྱོར་གྱི་རྒྱུད་དུ་ཡང་འཇུག་པར་འདོད་ནས། སྔ་མ་ལམ་དང་གཞི་ཙམ་དུ་བྱ་བ་འདོད་ན། བྱ་བའི་རྒྱུད་ཀྱི་སྒྲུབ་པ་པོས་དབང་ནོད་མི་དགོས་སོ། །དེ་བཞིན་དུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་བར་དུ་ཤེས་པར་བྱའོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་གཞུང་དུ་ལྷག་པར་འཇུག་པར་འདོད་པ་རྣམས་ཀྱིས་རྩོལ་བ་རབ་དང་ལྡན་ན་ནི། ཇི་སྐད་བཤད་པ་བཞིན་དུ་ཐམས་ཅད་རིམ་ཀྱིས་འཇུག་པར་བྱའོ། །རྩོལ་བ་འབྲིང་དུ་གྱུར་པ་རྣམས་ཀྱིས་ནི། རྣལ་འབྱོར་གྱི་རྒྱུད་ཀྱི་རྡོ་རྗེ་དབྱིངས་ལྟ་བུ་ཞིག་ཏུ་ཞུགས་ཏེ། དེ་ལ་བརྟེན་ནས་ཇི་སྐད་དུ་གསུངས་པའི་བསླབ་པའི་གཞི་དང་། ཐུན་མོང་གི་རྩ་བའི་སྡོམ་པ་རྣམས་མནོས་ཏེ། དེ་ནས་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ཏེ། གཞུང་ཁྱད་པར་གྱི་དམ་ཚིག་རྣམས་ནོད་པར་བྱའོ། །རྩོལ་བ་ཆུང་བ་རྣམས་ཀྱིས་ནི། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་ཉིད་ལ་བརྟེན་ནས། བསླབ་པའི་གཞི་ལ་སོགས་པ་ཐུན་མོང་གི་སྡོམ་པ་རྣམས་རིམས་ཀྱིས་བླང་ཞིང་། དབང་རིམས་ཀྱིས་ཐོབ་པར་བྱའོ། །དེ་ལྟར་སྡོམ་པ་འོག་མ་ལ་བརྟེན་ཅིང་། གོང་མ་ཐོབ་པར་བྱ་བ་འདི་ཡང་། ལུང་དང་མན་ངག་ལས་གསུངས་ཏེ། གོང་དུ་གཞུང་སྤྱིའི་སྡོམ་པ་བཞིན་དུ། བྱ་བའི་རྒྱུད་ལས་ཀྱང་དཔུང་བཟང་གིས་ཞུས་པ་ལས། དང་པོར་བསླབ་པའི་གཞི་དང་། ཐེག་པ་ཆེན་པོ་ཐུན་མོང་གི་རྩ་བའི་ལྟུང་བ་སྤོང་བ་གནས་པས། དཀྱིལ་འཁོར་དུ་འཇུག་ཅིང་དམ་ཚིག་རྒྱུན་དུ་བལྟའོ། །ཞེས་གསུངས་ལ། མ་མནོས་ཀྱང་དེ་བཞིན་དུ་བསྲུང་བར་གསུངས་ཏེ། འདི་སྐད་དུ། རྒྱལ་བ་ངས་བསྟན་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་གསུངས་ཤིང་། རྣལ་འབྱོར་གྱི་རྒྱུད་ཀྱི་ཚུལ་ལས་ཀྱང་། གོང་དུ་བསྟན་པ་བཞིན་གསུངས་ལ། རྣལ་འབྱོར་ཆེན་པོའི་ཚུལ་ལས་ཀྱང་། བསྟན་པ་གཉན་པོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱི་མནོས་ཤིང་གཉེར་དུ་སྨྲའོ་འཚལ། །ཞེས་གསུངས་སོ། །དབང་བསྐུར་བའི་ཆོ་ག་ཕལ་མོ་ཆེ་ལས་ཀྱང་། སྤྱིའི་སྡོམ་པ་ལ་བརྟེན་ནས་སྤྱིའི་དབང་བསྐུར་བ་གསུངས་ལ། ཁྱད་པར་གྱི་སྡོམ་པ་ལ་བརྟེན་ནས་ཁྱད་པར་གྱི་དབང་བསྐུར་བ་གསུངས་ཏེ། དེ་བས་ན་དང་པོ་སྡོམ་པ་བླང་བའི་རིམ་པའི་ཚུལ་འདི་ལྟ་བུ་ཡང་ལམ་པོ་ཆེའི་སྲོལ་བཏོད་པ་ཡིན་ནོ། །ད་ནི་དམ་ཚིག་ཅན་རྣམས་ཀྱི་སྡོམ་པ་བསྲུང་བ་ལ་བསྔོ་བགྲང་ཇི་ལྟར་བྱ་ཞིང་། རྟགས་དང་ཚད་ཤེས་པར་བྱ་བ་བསྟན་ཏེ། དེ་ལ་བསྔོ་བགྲང་བྱ་བ་ནི། ཚུལ་རྣམ་པ་བཞི་གསུངས་ཏེ། བཞི་གང་ཞེ་ན། མདོ་དོན་བསྡུས་ཏེ་དྲན་པ་ལ་བགྲང་ཞིང་བསྔོ་བ་དང་། རྩ་བ་དང་ཡན་ ལག་རགས་པ་རྣམས་རྩོལ་བ་རབ་འབྲིང་གི་དབང་གིས་དུས་སུ་ཁ་ཏོན་དུ་བརྗོད་ཅིང་བསྔོ་བགྲང་བྱ་བ་དང་། ཡི་དམ་ནར་མར་སྤྱོད་པའི་དུས་སུ་བླ་མ་དང་འཕགས་པ་མངོན་སུམ་དུ་དམིགས་ཏེ། དེའི་སྤྱན་སྔར་དྲན་པས་གཟུངས་དང་ལྡན་པས་སྡོམ་པ་རྣམས་བསྣན་ཅིང་ཁས་བླང་བ་དང་། སྡོམ་པའི་ཡན་ལག་ཐམས་ཅད་ཤེས་པར་བྱ་བ་དང་། ཤེས་པ་གོམས་པར་བྱ་བ་དང་། གོམས་པ་རྒྱུད་ལ་སྨིན་པར་བྱ་བའི་ཕྱིར། དམ་ཚིག་གི་སྡོམ་པ་རྒྱས་པར་གསུངས་པའི་གླེགས་བམ་རྣམས་རྒྱུན་དུ་བལྟ་བར་བྱ་བའོ། །དེ་ལ་དྲན་པ་ལ་བསྔོ་བ་ནི། རྡོ་རྗེ་བཀོད་པ་ལས། མདོར་ན་བདག་གི་སྒོ་གསུམ་པོ། །དག་པ་གསུམ་གྱི་མཐའ་བཟུང་ནས། །ལྷ་དང་གྲོགས་དང་སློབ་དཔོན་དང་། །བདག་ཉིད་བདག་ལ་མ་ཁྲེལ་བའི། །ཚུལ་གསུམ་མི་གཏོང་དང་བཅས་གསུམ། །ཡོངས་སུ་མ་ཉམས་མདོ་བཞི་པོ། །མཐར་ཕྱིན་རྒྱ་རྟགས་རྣམ་བཞིར་བཅས། །མདོ་དོན་དྲན་པ་ལ་བགྲང་བསྔོ། །ཞེས་གསུངས་ཏེ། དེ་ལ་མདོར་བསྔོ་ན་ལུས་ངག་ཡིད་གསུམ་གྱི་ཚུལ་ལས་བྱ་བ་མ་ཡིན་པ་ལས་ལྡོག་པའི་སྒོ་ནས་དག་པ་ནི་ཇི་ལྟར་བྱས་ཤིང་བྱ། བྱ་བ་ལ་འཇུག་པ་ནི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་མཆོད་པ་རྣམས་ཀྱི་སྒོ་ནས། ཡོན་ཏན་མངོན་པར་སྒྲུབ་ཅིང་། དགེ་བའི་ཆོས་བསྡུ་བ་དང་། སེམས་ཅན་གྱི་དོན་བྱ་བ་རྣམས་ནི་ཇི་ལྟར་བྱས་ཤིང་བྱ། སྒོ་གསུམ་ནས་མ་དག་པར་གྱུར་ཅིང་། ཞིག་རལ་དང་ཆག་འདྲེས་སུ་གྱུར་པ་ནི། གང་དང་གང་ཤོར་བར་གྱུར་ཅེས་བགྲང་ཞིང་བསྔོ་བར་བྱའོ། །དེ་ཡང་ཡུལ་བཞི་ལ་དམིགས་ཤིང་བསྔོ་བར་བྱ་སྟེ། བསྒོམ་སྒྲུབ་ལྷས་ཁྲེལ་ལམ་མ་ཁྲེལ་བསྔོ། དེ་བཞིན་དུ་དད་པ་སློབ་དཔོན་གྱིས་ཁྲེལ་ལམ་མ་ཁྲེལ་དང་། བརྩེ་གདུང་གྲོགས་པོས་ཁྲེལ་ལམ་མ་ཁྲེལ་དང་། གཡོ་སྒྱུ་དང་དྲི་མ་རང་རེས་ཁྲེལ་མ་ཁྲེལ་བགྲང་ཞིང་བསྔོའོ། །ཅི་ནུས་སུ་བརྗོད་པས་བགྲང་བ་ནི། ཇི་ལྟར་རྡོ་རྗེ་རྩེ་མོ་དང་། ཀྲྀཥྞ་ཡ་རི་ལ་སོགས་པ་ལས་གསུངས་པ་བཞིན་དུ། ཉིན་ལན་གསུམ་མམ་མཚན་ལན་གསུམ། །ཡང་ན་རྒྱུན་དུ་བརྗོད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །སྡོམ་པ་བསྣན་ཞིང་ཁས་བླང་བས་བགྲང་བ་ནི་གོང་དུ་བརྗོད་པ་བཞིན་དུ། དུས་གསུམ་དུའང་ཕྱག་འཚལ་ཞིང་། །དུས་གསུམ་དུའང་དཀྱིལ་འཁོར་བྱ། །ཞེས་གསུངས་པ་ལྟ་བུའོ། །གླེགས་བམ་ཞིབ་མོ་རྒྱུན་དུ་བལྟ་བས་བསྔོ་བགྲང་བྱ་བ་ནི། ཇི་སྐད་དུ། དེར་ནི་དམ་ཚིག་སྣ་ཚོགས་ངས་གསུངས་པ། །སྡིག་པ་བསལ་ཕྱིར་རྒྱུན་དུ་བལྟ་བར་བྱ། །ཞེས་གསུངས་པ་ལྟ་བུ་སྟེ། དེ་བས་ན་ཐབས་འདི་དག་གི་སྒོ་ནས་བསྔོ་བགྲང་བྱའོ། །ཉམས་པ་ཆེ་ཆུང་གི་ཚད་དང་གང་གིས་ཉམས་པའི་ཚད་ཤེས་པར་བྱ་བ་ནི། གོང་དུ་བསྟན་པ་ཡང་ཡིན་ཏེ། དེ་ལ་རྡོ་རྗེ་སློབ་དཔོན་ལས་ཉམས་པར་གྱུར་པ་རྣམས་ཀྱི་ནང་ནས་མཆོག་ཏུ་ལྕི་བ་ནི། སྙིང་ནས་རྡོ་རྗེ་སློབ་དཔོན་གྱི་སྐུ་སྨད་པ། དེའི་འོག་ཏུ་འཁུ་བའོ། །དེའི་འོག་ཏུ་བརྙས་པ་བྱས་པའོ། །དེའི་འོག་ཏུ་འཁོན་བཅུགས་སུ་གྱུར་པའོ། །དེའི་འོག་ཏུ་བཀའ་ལས་འདས་པའོ། །དེའི་འོག་ཏུ་ངན་སེམས་དང་དཔྱ་སེམས་སུ་གྱུར་པ་སྟེ། དེ་ཡང་དངོས་གཞི་ཕྲ་མོ་ལས་གྱུར་པ་ནི། ཉེས་པ་ཆེན་པོར་འགྱུར་རོ། །དངོས་གཞི་ཆེན་པོ་ལས་གྱུར་པ་ན་ཉེས་པ་ཆུང་ངུར་འགྱུར་རོ། །དེའི་འོག་ཏུ་གུས་པ་དང་བཀུར་བསྟི་མེད་པ་སྟེ། འདི་རྣམས་ཀྱིས་ནི་རྩ་བ་ཞིག་རལ་དང་ཆག་འདྲེས་སུ་འགྱུར་རོ། །གཞན་ཡང་དབང་མ་བསྐུར་བར་དཀྱིལ་འཁོར་བྱེད་པ་དང་། མི་ཤེས་པར་དཀྱིལ་འཁོར་འབྲི་བ་དང་། གནང་བ་མེད་པར་གསང་སྔགས་ལེན་པ་ལ་སོགས་པ། བླ་མ་ལ་གུས་པ་མེད་པ་ལས་བྱུང་བ་རྣམས་ཀྱང་། ཡན་ལག་ཞིག་རལ་དང་ཆགས་འདྲེས་སུ་གྱུར་པའོ། །གཞན་ཡང་རྡོ་རྗེ་མཆེད་ལ་བརྟེན་ནས་ཉམས་པར་གྱུར་པ་ནི། རྡོ་རྗེ་སྤུན་ལ་འཁུས་པ་ལྕི་སྟེ། དེ་བཞིན་དུ་རིམ་པས་བརྙས་པ་བྱས་པ་དང་། ངན་སེམས་སྐྱེས་པ་དང་། འཁོན་བཅུགས་སུ་གྱུར་པ་དང་། གཞི་ཕྲ་མོ་དང་ཕྲག་དོགས་ལ་སོགས་པའི་དབང་གིས་ངན་པར་སྨྲས་པ་དང་། བརྩེ་བ་མེད་པ་རྣམས་ཀྱིས། རྩ་བ་ཞིག་རལ་དང་ཆགས་འདྲེས་སུ་འགྱུར་རོ། །གྲོགས་མ་ཡིན་པ་དང་འགྲོགས་པ་རྣམས་ཀྱིས་ནི། ཡན་ལག་གི་ཉེས་པ་རྣམས་སུ་འགྱུར་རོ། །ལྷ་དང་དཀོན་མཆོག་ལས་ནི་སྔགས་དང་ཕྱག་རྒྱ་རྣམས། བརྩོན་པ་རབ་འབྲིང་གི་དབང་གིས། ཇི་ལྟར་དམ་བཅས་པའི་ཞག་དང་ཟླ་བ་དང་། ལོ་རྣམས་ཀྱི་དུས་ཚིག་ལས་འདས་པར་གྱུར་ན། རྩ་བ་ཉམས་པར་འགྱུར་རོ། །མཆོད་པ་དམ་བཅས་པའི་དུས་ལས་འདས་པ་དང་། སྐུ་གཟུགས་དང་གླེགས་བམ་ལ་སོགས་པ་ཕྱག་རྒྱའི་རྫས་རྣམས་དང་། ཕྱག་རྒྱ་ཡོངས་སུ་བསྲུང་བའི་རྫས་རྣམས་དང་། དེ་ལ་མཆོད་པའི་རྫས་རྣམས་ལ་བཀུར་བསྟི་དང་འཛེམ་བག་ཆུང་ཏེ་འགོམ་པ་དང་། ལོངས་སྤྱོད་པའི་བྱེ་བྲག་ཏུ་གྱུར་པ་བཅོམ་སྟེ། ལོངས་སྤྱོད་བསྒྱུར་ཏེ་ལོངས་སྤྱོད་པ་དང་། བྱིན་ཏེ་ལོངས་སྤྱོད་པ་དང་། དགོས་པའི་བྱ་བ་ལ་སྦྱར་ཏེ་ལོངས་སྤྱོད་པ་དང་། ཁྱད་པར་དུའང་རྡོ་རྗེའི་བརྡ་དང་མཚན་མས་བཏབ་པའི་རྡོ་རྗེ་ཉིད་དང་། རྡོ་རྗེ་དྲིལ་བུ་དང་། རྡོ་རྗེ་ཕུར་བུ་ལ་སོགས་པ་འཇོམས་ཤིང་སྤྱོད་པ་ལ་སོགས་པ་དང་། ལྷག་པར་རང་གི་ཡི་དམ་དུ་བསྔོས་པའི་སྐུ་གཟུགས་དང་གླེགས་བམ་དང་། ཕྱག་རྒྱ་རྣམས་ ཆོས་ཀྱི་སྦྱིན་པར་ཡང་གཏང་དུ་མི་གནང་སྟེ། འདི་ལྟ་བུས་ནི་ལྷ་ལ་བརྟེན་པའི་ཡན་ལག་ཞིག་རལ་དང་ཆག་འདྲེས་སུ་འགྱུར་རོ། །རང་གི་སེམས་དཔང་དུ་བཙུགས་པ་ལས་ཀྱང་། མདོར་བསྡུ་ན་རྩ་བའི་ལྟུང་བ་བཞི་དང་། ཁེངས་ཤིང་དྲེགས་པ་རྣམས་ཏེ། འདི་ལྟར་གོང་དུ་ཐོག་མ་ཉིད་དུ་སྨོས་པའི་དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། སེམས་ཅན་ལ་གནོད་པ་བྱེད་པ་རྣམས་ཀྱིས་ནི། རྩ་བ་ཞིག་རལ་དུ་འགྱུར་རོ། །དེའི་ཆར་གཏོགས་པ་ཇི་སྐད་དུ་བཤད་པ་རྣམས་ཀྱིས་ཡན་ལག་གི་ཉེས་པར་འགྱུར་རོ། །གསང་བ་མི་བསྟན་པའང་། རང་གི་སེམས་ཉིད་དཔང་པོ་ཡིན་ཏེ། དེ་ཡང་ངོ་ཚ་དང་ཁྲེལ་འཛེམ་ཅུང་ཟད་ཀྱང་མེད་དེ། བསྟན་པའི་གནས་མ་ཡིན་པ་ཤེས་བཞིན་དུའང་། བག་མེད་པ་གསང་བ་སྟོན་པར་བྱེད་ན་ནི། རྩ་བ་ཉམས་པར་འགྱུར་རོ། །སྣོད་མ་རྟོགས་པ་ལ་སོགས་པ་སྟོན་ན་ནི། ཡན་ལག་གི་ཉེས་པར་འགྱུར་རོ། །དེ་ལ་བྱང་ཆུབ་ཀྱི་སེམས་གཏན་ནས་སྤངས་ཏེ། རྩ་བ་ཕལ་མོ་ཆེ་ལས་ཉེས་པར་ཤོར་ན་ནི། ཀུན་ཏུ་ཉམས་པ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་མ་ཤོར་ཡང་ཇི་སྐད་དུ་བཤད་པའི་རྩ་བ་རྣམས་ལས་གཅིག་གམ་དུ་མ་འདས་པར་གྱུར་ན། རྩ་བ་ཉམས་པ་ཞེས་བྱའོ། །རྩ་བ་མ་ཤོར་བ་ལས་ཉེས་པ་རིམ་གྱིས་འབྱུང་བ་ནི། ཡན་ལག་ཉམས་པ་ཞེས་བྱའོ། །བདག་ལ་བསྲུང་བའི་བསམ་པ་མི་གཡོ་བར་ཡོད་བཞིན་དུ། སློབ་དཔོན་ངན་པ་དང་འགྲོགས་པ་དང་། གྲོགས་པོ་ངན་པ་དང་འགྲོགས་པའི་དབང་གིས། རང་བཞིན་གྱིས་བག་ཡོད་པ་ཤོར་ཞིང་། ཉེས་པ་ཆེན་པོ་རྣམས་ལ་ཡང་། ཉེས་པ་ཆེན་པོར་མ་མཐོང་སྟེ། རང་བཞིན་གྱི་སྤྱོད་པ་ངན་པ་ལ་བསླབ་པར་གྱུར་ཏེ། ཉམས་པ་གྱུར་པ་རྣམས་ནི་ཟླས་ཉམས་ཞེས་བྱའོ། །གཞན་ཡང་བདག་ལ་བསྲུང་བའི་བསམ་པ་མི་གཡོ་བར་ཡོད་བཞིན་དུ་དགེ་བའི་ལས་སམ་ལུང་དུ་མ་བསྟན་པའི་ལས་ཤིག་བརྩམས་པའི་ཞར་ལ་བག་ཡོད་པས་མ་ཟིན་ཏེ། ཉེས་པ་ཤོར་བ་རྣམས་ནི། ཞར་གྱིས་ཉམས་པ་ཞེས་བྱའོ། །དེ་དག་བགྲང་བའི་ཚེ་ནང་གི་རྟགས་འདི་དག་འབྱུང་སྟེ། བསྒོམ་བསྒྲུབ་དང་མཆོད་པ་ལ་སྤྲོ་ཞིང་། དཀོན་མཆོག་གི་རྫས་རྣམས་ལ་ཉེས་པ་ཕྲ་མོ་ལ་ཡང་འཕྲིག་པ་སྐྱེ་ན་ལྷས་མ་ཁྲེལ་བའི་རྟགས་སོ། །བླ་མ་ལས་གནང་བ་མ་ཐོབ་པར་དབང་ལ་རག་ལུས་པ་ཕྲ་མོ་ཙམ་ལ་ཡང་འཕྲིག་པ་སྐྱེ་ན་སློབ་དཔོན་གྱིས་མ་ཁྲེལ་བའི་རྟགས་སོ། །རྡོ་རྗེ་མཆེད་རྣམས་ལ་ཉེས་པ་ཆུང་ངུ་བྱུང་ཡང་མི་བཟོད་ཅིང་ཕྲད་པ་དང་ཕན་གདགས་པའི་བློ་སྐྱེ་ན། བརྩེ་གདུང་གྲོགས་པོས་མ་ཁྲེལ་བའི་རྟགས་སོ། །སེམས་ལ་ཉོན་མོངས་པའི་དྲི་མ་དག་སྐྱེས་ཀྱང་། གཉེན་པོས་སླེབས་ཤིང་རིམ་གྱིས་ཞི་བར་འགྱུར་བར་ཡང་ཚོར་ན ། གཡོ་སྒྱུ་རང་སེམས་ཀྱིས་མ་ཁྲེལ་བའི་རྟགས་སོ། །གཞན་ཡང་ཡོན་ཏན་གྱི་རྟགས་འདི་རྣམས་འབྱུང་བར་འགྱུར་ཏེ། བསྒོམ་བསྒྲུབ་ལ་བརྩོན་པས་མཐུ་དང་བྱིན་རླབས་ཆེ་བ་དང་། མཆོད་པ་ལ་བརྩོན་ཞིང་རྣལ་འབྱོར་སྔོ་སྐམས་མ་བྱས་པས་ལོངས་སྤྱོད་འཕེལ་བར་འགྱུར་རོ། །བླ་མ་ལ་གུས་ཤིང་བཀའ་བཞིན་བྱས་པས་བར་ཆད་ཆུང་བར་འགྱུར་རོ། །དམ་ཚིག་ཅན་གྱི་གྲོགས་ལ་བརྩེ་གདུང་ཆེ་བས། མི་དང་མི་མ་ཡིན་དམ་ཚིག་ཅན་ཐམས་ཅད་ཉེ་བར་འགྱུར་རོ། །སེམས་ལ་ཉོན་མོངས་པའི་དྲི་མ་མེད་པས། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་བཙུན་པར་བཀུར་བར་འགྱུར་བ་དང་། གསང་སྔགས་འཆོལ་པར་མ་སྤྱད་པས་འབྱོར་པ་བརྟན་པར་འགྱུར་རོ། །གཞན་ཡང་ཉེས་པའི་རྟགས་རྣམས་ཀྱང་། དེ་ལས་བཟློག་པའི་བྱེ་བྲག་སྟེ། བསྒོམ་སྒྲུབ་ལ་གཡེལ་བས་བྱིན་བརླབས་ཆུང་ཞིང་། མཆོད་པ་རྣལ་འབྱོར་སྔོ་སྐམས་བྱས་པས་ལོངས་སྤྱོད་ཆུང་བར་འགྱུར་རོ། །བླ་མའི་ཐུགས་མ་ཟིན་ཅིང་བཀའ་ བཞིན་མ་བྱས་པས་བགེགས་ལྡང་ངོ་། །སེམས་མ་དག་པས་དགྲ་ལྡང་ཞིང་། གསང་སྔགས་བབ་ཆོལ་དུ་སྤྱད་པས་འབྱོར་པ་བརླག་པར་འགྱུར་རོ། །གལ་ཏེ་དམ་ཚིག་མེད་ཅིང་ལོག་ནས་ཉེས་པ་སྣ་ཚོགས་པ་ལ་ཞུགས་ཀྱང་། འཕྲལ་དུ་ཉེས་པ་མི་འབྱུང་ཞིང་ལེགས་པ་ཅུང་ཟད་ཀྱང་འབྱུང་བ་འདྲ་ན་ནི། དེ་ཉིད་ཆད་པ་ཆེན་པོས་ལྟུང་བ་ཆེན་པོ་གཅིག་འབྱུང་བའི་རྟགས་ཡིན་ཏེ། དཔེར་ན་རྒྱལ་པོའི་ཆད་པ་ཆེན་པོ་གསད་པ་ལ་སྦྱོར་བ་གཅིག་ཡོད་པར་གྱུར་ན། དེ་ལ་ཆད་པ་ཕྲ་མོ་བརྡེག་པ་དང་སྤྱུགས་པ་ལ་སོགས་པ་མི་བྱེད་དེ། སླར་ཁ་ཟས་ལ་སོགས་པ་སྟེར་བ་ཡང་འབྱུང་བ་ལྟ་བུའོ། །ཁ་ཅིག་དམ་ཚིག་དང་ལྡན་ཞིང་གཞུང་བཞིན་དུ་བྱས་ཀྱང་། འཆི་ཀར་མི་རིགས་པའི་སྡུག་བསྔལ་བྱུང་ན། སྔ་མའི་ལས་ཀྱི་རྣམ་པར་སྨིན་པའི་ཁྱད་པར་ཅུང་ཟད་ཉམས་སུ་ལོན་པ་ཡིན་ཏེ། མྱུར་དུ་བདེ་བར་འགྱུར་བ་ཡང་ཡོད་དོ། །ཞེས་འབྱུང་ངོ་། །དེ་དག་ནི་རྟགས་ཅུང་ཟད་བརྗོད་པའོ། །མདོར་ན་དམ་ཚིག་ཉམས་པ་ཐམས་ཅད་ཀྱང་རྣམ་པ་གཉིས་ཡིན་ཏེ། ཚོར་བ་དང་མ་ཚོར་བའོ། །དེ་ལ་ཤེས་བཞིན་དང་ལྡན་ན་ཚོར་ཏེ་ཉམས་པ་ཐམས་ཅད་ལ་རྟགས་གཟུང་མི་དགོས་ཏེ། ཇི་ལྟར་ཚོར་བ་བཞིན་དུ་བསྐང་གསོལ་བྱའོ། །མ་ཚོར་བ་ཉམས་པ་རྣམས་ནི་བཤགས་པས་སྐོངས་སོ། །ད་ནི་ཉམས་པ་རྣམས་བསྐང་བའི་ཆོ་ག་བཤད་དེ་དེ་ཡང་མདོར་བསྡུ་ན་རྣམ་པ་བཞིར་འདུས་ཏེ་བཤགས་པ་དང་། གསོ་བ་དང་། སྦྱང་བ་དང་། སྡོམ་པ་སླར་བླང་བའོ། །དེ་ལ་བྱ་བའི་རྒྱུད་ལས་གསུངས་པ་ནི། འཕགས་པ་ལེགས་པར་གྲུབ་བྱེད་ལས། བཤག ས་པ་གསུངས་པ། ཉིན་པར་བག་མེད་བྱས་པ་དག །དེ་དག་བཤགས་པ་མཚན་མོར་བྱ། །ནུབ་མོ་བྱས་པ་ནང་པར་བཤགས། །ཞེས་གསུངས་སོ། །ཆོ་ག་ཉམས་ཆགས་བསྐང་ཞིང་གསོ་བའི་ཆོ་ག་ནི། དཔུང་བཟང་གིས་ཞུས་པ་ལས། བཟླས་བརྗོད་ཀྱི་བགེགས་དང་སྐྱོན་རྣམས་ལ་སླར་གྲངས་ཀྱི་ཐོག་མ་ནས་བསྐྱར་ཏེ་བཟླས་པ་དང་། ཆོ་ག་ཉམས་པ་རྣམས། བཟླས་པ་གཞན་དང་། ཉུང་ཀར་གྱི་སྦྱིན་སྲེག་ལ་སོགས་པས་བསྐང་ཞིང་གསོ་བ་དང་། ཁ་ཟས་མ་དག་པ་རྣམས་ལ། བའི་རྣམ་པ་ལྔའི་ཚོགས་དག་པར་བྱ་བ་ལྟ་བུ། གོང་དུ་ཆོ་ག་ཞིབ་མོའི་སྐབས་སུ་བསྟན་པ་བཞིན་དུ་གསོ་བ་རྣམས་སོ། །སྤྱིར་དམ་ཚིག་ཉམས་པ་རྣམས་བསྐང་བའི་ཆོ་ག་ནི། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བའི་རྒྱུད་ལས། འདི་སྐད་དུ། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པ་གང་གྱུར་པ། །དེས་ནི་རང་གི་སྙིང་པོའི་སྔགས། །ཆིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་མེས་རྨོངས་བྱེད་པའི་གཟུངས། །སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང་། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་འཇུག །ཅེས་གསུངས་ཏེ། དེ་ལ་བཟླས་བརྗོད་དང་སྦྱིན་བསྲེག་ནི། སྦྱང་བའི་ཐབས་ཡིན་ལ། དཀྱིལ་འཁོར་དུ་འཇུག་པ་ནི་སྡིག་པ་སྦྱང་བ་དང་། སྡོམ་པ་སླར་བླང་བ་གཉི་ག་དང་ལྡན་པ་ཡིན་ཏེ། འོན་ཀྱང་འདིར་གང་ཡང་རུང་བས་སྐོངས་པར་གསུངས་ཀྱི། གདོན་མི་ཟ་བར་གཅིག་དགོས་པར་ནི་མ་གསུངས་སོ། །དེ་ལ་རང་གི་ལྷའི་སྙིང་པོའི་སྔགས་ནི། ལྷ་རྣམས་ཀྱི་རྣམ་པར་གྲོལ་བའི་སྒོའི་དབྱིབས་ཙམ་སྟོན་པ་སྟེ། མདོར་བསྡུས་ཏེ་གསུངས་པས། སྙིང་དང་འདྲ་བའི་ཕྱིར་སྙིང་པོའི་སྔགས་ཞེས་གསུངས་སོ། །མེ་ཡིས་རྨོངས་པར་བྱེད་པའི་གཟུངས་ནི། སྡིག་པ་སྲེག་པར་བྱེད་པའི་གཟུངས་ཀྱི་བྱེ་བྲག་གོ །ཞི་བའི་སྦྱིན་བསྲེག་བྱེད་ན་ཏིལ་ལམ་ཉུངས་ཀར་ལ་སོགས་པའི་རྫས་ལ། ཞི་བའི་གསང་སྔགས་དང་། སྡིག་པ་བསྲེག་པའི་བསྐུལ་ཚིག་སྤེལ་ཏེ། སྦྱིན་བསྲེག་ བྱའོ། །དེ་དག་ནི་སྡིག་པའི་དངོས་པོ་ལྕི་ཡང་གི་དབང་གིས། ཐབས་སོ་སོར་སྨོས་པར་ཟད་དེ། འོན་ཀྱང་གཞིའི་བྱེ་བྲག་གིས་སོ་སོར་གཙོ་བོར་འགྱུར་ཏེ། འདི་ལྟར། རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་མཆེད་ལ་བརྟེན་ནས་ཉམས་པར་གྱུར་པ་རྣམས་ནི། བཤགས་པ་ཉིད་གཙོ་བོར་གྱུར་པ་ཡིན་ཏེ། ལན་གཅིག་དང་གཉིས་དང་གསུམ་གྱི་བར་དུ་བཤགས་པས་སོར་ཆུད་པར་འགྱུར་གྱི། བཟླས་བརྗོད་ལ་སོགས་པ་ནི་མ་ཡིན་ནོ། །སྔགས་དང་ཕྱག་རྒྱ་དམ་བཅས་པ་ལས་ཉམས་པར་གྱུར་པ་རྣམས་ནི། བཟླས་བརྗོད་ཉིད་གཙོ་བོར་གྱུར་པ་ཡིན་ནོ། །ཆོ་ག་མ་དག་པ་རྣམས་ལ་ནི་ཞི་བའི་སྦྱིན་བསྲེག་གཙོ་བོར་གྱུར་པ་ཡིན་ནོ། །བསླབ་པའི་གཞི་ལ་སྲོག་གཅོད་པ་དང་། མི་ཚངས་པར་སྤྱོད་པ་ལ་སོགས་པའི་ཉེས་པ་ རྣམས་ལ་ནི། བཟླས་པ་དང་སྦྱིན་བསྲེག་གཉིས་གཙོ་བོར་གྱུར་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་བཏང་ཞིང་སྡོམ་པ་ཞིག་པར་གྱུར་པ་རྣམས་ལ་ནི་དཀྱིལ་འཁོར་དུ་འཇུག་ཅིང་སྡོམ་པ་སླར་བླང་བ་གཙོར་གྱུར་པ་ཡིན་ནོ། །འདི་ནི་བྱ་བའི་རྒྱུད་ལས་གསུངས་པའི་སྡོམ་པ་ཉམས་པ་བསྐང་བའི་ཆོ་ག་སྟེ། རྣལ་འབྱོར་གྱི་རྒྱུད་དུའང་ཚུལ་འདི་ཉིད་ཀྱིས་སྦྱར་བར་བྱའོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དབང་བསྐུར་བའི་ཆོ་ག་ཁ་ཅིག་ལས་ཀྱང་། དམ་ཚིག་ཉམས་པར་གྱུར་ན། སླར་དཀྱིལ་འཁོར་དུ་འཇུག་ཅིང་སྡོམ་པ་སླར་བླང་བར་གསུངས་ཏེ། འདི་སྐད་དུ། གལ་ཏེ་དམ་ཚིག་ཉམས་གྱུར་ན། །དེ་ཡིས་དཀྱིལ་འཁོར་བསྐོར་ནས་ནི། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །བླ་མ་དད་ལྡན་དམ་ཚིག་སྲུང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡང་ཡོད་ན། ཡང་འདི་ལྟ་བུ་ནི་བྱང་ ཆུབ་སེམས་དཔའི་སྡོམ་པ་ཞིག་པ་སླར་བླང་བ་དང་སྒོ་མཐུན་པར་གསུངས་པ་ཡིན་པར་དགོངས་ཏེ། གསང་སྔགས་ཀྱི་རྒྱུད་ཉིད་ལས་ནི། ཕལ་ཆེར་ཡང་ན་དཀྱིལ་འཁོར་དུ་འཇུག་གོ །ཞེས་ཐབས་ཀྱི་སྒོ་ཕྱོགས་གཅིག་ཏུ་གསུངས་པའི་ཕྱིར་རོ། །ད་ནི་རྣལ་འབྱོར་ཆེན་པོའི་ཚུལ་ལས་གསུངས་པའི་བསྐང་བའི་ཆོ་ག་བཤད་པར་བྱ་སྟེ། དེ་ཡང་མདོར་བསྡུས་ཏེ་གསུངས་པ། རྟོགས་ནས་བསྲུང་སྒྲུབ་དམ་བཅས་པ། །སོ་སོར་འགལ་ཞིང་ཆགས་ཉམས་ན། །སོ་སོ་ཉིད་དུ་བསབ་པར་བྱ། །སྐུ་ཡི་ཆགས་ཉམས་གནས་སུ་གཞུག །གསུང་གི་འགལ་འཁྲུལ་སོ་རུ་བསབ། །ཐུགས་ཀྱི་འགལ་འཁྲུལ་གསོར་མེད་དོ། །ཞེས་གསུངས་ཏེ། སྐུའི་དམ་ཚིག་ནི་རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་ལ་འགལ་འཁྲུལ་དང་ཉམས་ཆགས་ཤོར་ན། གནས་སུ་གཞུག་པ་ནི་བཤགས་པ་ཉིད་ཡིན་ཏེ། དད་པ་དང་རྩོལ་བ་རབ་ནི། ནམ་ཉམས་པར་ཚོར་བའི་ཚེ་སོར་གཞུག་གོ །འབྲིང་གིས་ནི་ཉ་ཤིའི་གསོ་སྦྱོང་གི་དུས་སུ་ཟླ་བ་ཡན་ཆད་ཀྱིས་སོར་གཞུག་གོ །ཐམས་ཅད་ཀྱང་ལོ་ཚིགས་ལ་སོར་གཞུག་སྟེ། ལོ་འདས་ན་ནི་ཤིན་ཏུ་ལྕི་བར་འགྱུར་བས་མྱུར་དུ་བསྐང་བར་བྱའོ། །ཐ་མ་དུས་འདས་པའི་ཚད་ནི། བདག་གཞན་སྐྱེ་ཤིས་བར་ཆད་པར་གྱུར་ན་ལྟུང་བ་ཆེན་པོར་འགྱུར་ཏེ། དམྱལ་བའི་རྡོ་རྗེར་འགྱུར་རོ། །མཐོང་བའི་ཆོས་ལ་སོར་ཆུད་ན་ནི། ཉམས་པའི་སྐྱོན་མེད་དོ། །མཐོང་བའི་ཆོས་ལ་སོར་མ་ཆུད་ན་ནི། ཕྱིས་སྦྱང་བའི་ལས་ཇི་སྐད་གསུངས་པ་བྱས་ཀྱང་། སྡིག་པ་འབྲི་བ་ལ་ཕན་གྱི། གཤིས་མེད་པ་ནི་མི་འགྱུར་རོ། །ཞེས་གསུངས་སོ། །གསུང་གི་དམ་ཚིག་ནི། སྔགས་དང་ཕྱག་རྒྱ་དམ་བཅས་པ་རྣམས་ལས། ཆག་ཉམས་སུ་གྱུར་ན། ཇི་ཙམ་ཆག་པ་དེ་ཉིད་བཤགས་པ་དང་བཅས་ནས་སོར་གཞུག་པར་བྱའོ། །ཐུགས་ཀྱི་དམ་ཚིག་ནི། གསང་བ་བརྣག་པར་བྱ་བའི་དམིགས་རྣམས་སྣོད་མ་ཡིན་པ་ལ་སྤེལ་བ་ནི་གསོར་མེད་དོ། །ཞེས་གསུངས་སོ། །འོ་ན་གསང་སྔགས་ཀྱི་དམ་ཚིག་རྣམས་ཀྱང་རང་གི་རྩལ་གྱིས་སྐོངས་སོ། །ཞེས་གསུངས་ན། འདི་ལ་ཐབས་མེད་དམ་ཞེ་ན། འདི་ནི་སྐང་དུ་མེད་པའི་དོན་གྱིས་ཟིན་ན་སྐོངས་པར་གསུངས་ཏེ། དེ་གང་ཞེ་ན། སྙིང་རྗེའི་རྩལ་དང་། ཤེས་རབ་ཀྱི་རྩལ་ལོ། །དེ་ལ་སྙིང་རྗེའི་རྩལ་ནི། སེམས་ཅན་ཐམས་ཅད་ནི་བྱང་ཆུབ་ཀྱི་སྙིང་པོ་ཅན་ཡིན་ལ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་ཀྱིས་ཀྱང་ཐམས་ཅད་སྐྱབས་པར་བྱ་བ་ཡིན་ཏེ། འདི་ལྟར་དགེ་བའི་རྩ་བ་མ་བསགས་པ་དང་རྒྱུད་མ་སྨིན་པས་ཀྱང་། ཐར་པ་དང་བདེ་འགྲོའི་རྒྱུར་ འགྱུར་བར་གསུངས་པས། བདག་གིས་ཀྱང་དམ་ཚིག་ཉམས་པ་མེད་དེ། སེམས་ཅན་ཐམས་ཅད་སྐྱབས་པར་བྱའོ། །ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྟོབས་ཆེན་པོ་ཡུན་རིང་དུ་བསྒོམས་ན་སྐོངས་སོ། །ཤེས་རབ་ཀྱི་སྟོབས་ནི། ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པ་སྟེ། སྒྱུ་མ་ཙམ་དུ་སྣང་བ་རྣམས་ཀྱང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་དག་ཅིང་མཉམ་པར་ཡིན་ན། མ་དག་པའི་སེམས་ཅན་གང་ཞིག་ཡོད་ཅེས་དེ་ལྟར་རྟོགས་ཤིང་ཡུན་རིང་དུ་བསྒོམས་ན་སྐོངས་སོ། །ཞེས་འབྱུང་ངོ་། །འདིས་ནི་ཐུགས་ཀྱི་དམ་ཚིག་སྐོངས་པར་གསུངས་ཏེ། འདི་ལྟར་སྨྲ་གསུང་སྔགས་ཀྱི་ཚིག་ཏུ་རྟོགས་པས། དེ་ལྟར་བསྒོམས་ན་ཡང་སྐོངས་པར་གསུངས་སོ། །འདི་ནི་མདོར་བསྡུས་པ་ཙམ་སྟེ། སྤྱིར་ཤེས་པར་བྱ་བ་ནི། འདིར་ཡང་བཤགས་པ་དང་། གསོ་བ་དང་། བླང་བ་དང་སྦྱང་བའི་ཆོ་ག་རྣམས་གསུངས་ཏེ། དེ་ཡང་རྡོ་རྗེ་བཀོད་པ་ལས། བཅོམ་ལྡན་འདས་ལ་རིག་འཛིན་མིའི་ཐོད་པ་ཅན་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་གཟུང་འཚལ་ན། གཉེན་པོ་ནི་གང་ལགས། ཐབས་ནི་ཇི་ལྟར་བཤགས། ཡུལ་ནི་གང་ལ་བཤགས། རྒྱུ་ནི་གང་མཆིས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པ་ཐུགས་རྗེས་སྐྱབས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིག་འཛིན་ཆེན་པོ་མིའི་ཐོད་པ་ཅན་རྣམས་ཉོན་ཅིག །ལྟུང་བ་འགྱུར་བའི་ལས་རྣམས་ལ། འགྱོད་པ་སྐྱེས་ནས་ཞུས་པ་ལེགས་སོ། །ལྟུང་བའི་གཉེན་པོ་གང་ཞེ་ན། ཉེས་པ་རྣམས་བཤགས་པར་འདོད་ན། གང་འགྱོད་པ་དྲག་པོ་སྐྱེས་ནས་བ་སྤུ་གཟིངས། མཆི་མ་འབྱིན་པ་ཡིན་ནོ། །ཐབས་ནི་རྣམ་པ་བཞི་ཡོད་དེ། གང་ཞེ་ན་ཤེས་རབ་ཆེན་པོའི་རྒྱུད་ཀྱིས། བག་ཆགས་ཐམས་ཅད་རང་བཞིན་མེད་པར་བཤགས་པ་དང་། ཏིང་ངེ་འཛིན་ཆེན་པོའི་མེས་བག་ཆགས་ཐམས་ཅད་བསྲེགས་ཏེ་མེད་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས། བག་ཆགས་ཀྱི་མུན་ནག་ཐམས་ཅད་བསལ་ཏེ། དག་པར་བྱ་བ་དང་། སྤྱོད་པ་རླབ་པོ་ཆེའི་ཆུས་བཀྲུ་བའོ། །དེ་ལ་བཤགས་པར་བྱ་བའི་ཡུལ་ནི་འདི་ལྟ་སྟེ། སངས་རྒྱས་དང་། རིག་འཛིན་དང་། ལྷ་དང་བླ་མ་དང་། གླེགས་བམ་དང་། གྲོགས་པོ་དང་། རྟེན་དུ་གྱུར་པ་རྣམས་སོ། །བཤགས་པར་བྱ་བའི་རྒྱུད་ནི་འདི་ལྟ་སྟེ། སྒྲིབ་པ་ཆེ་ཆུང་བཤགས་པའོ། །ཞེས་གསུངས་སོ། །དེ་ལ་སྤྱོད་པ་རླབས་པོ་ཆེས་བཀྲུ་བའང་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་སྡིག་པ་སྦྱོང་བ་དང་། སེམས་ཅན་གྱི་དོན་བྱ་བའི་བསམ་པ་དང་། འདི་ལྟར་བདག་གིར་བྱས་ཏེ་སློང་བ་རྣམས་དང་། སློང་བ་ལ་དགའ་བས་སློང་བ་རྣམས་དང་། སློང་བས་ཚོལ་བས་སློང་བ་རྣམས་ལ་སྙིང་རྗེ་ཁུད་པའི་ཞིང་དུ་བྱ་བ་དང་། སྨན་དང་འབྲུ་དང་བཅུད་ལ་སོགས་པ་དང་ལྡན་པའི་གཏོར་མ་འབྱུང་པོ་རྣམས་ལ་སྦྱིན་པ་དང་། འདི་ལྟར་བསོད་ནམས་སྐྱེ་བའི་གྲ་བཞི་པོ། ནད་གསོ་ཤེས་སློབ་སྤྱོད་སྒོམ་གྲྭ་བཙུགས་ཏེ་བསྟི་གནས་མཆོད་བྱ་ཞིང་། ཞེས་གསུངས་ཏེ། ནད་གསོ་བའི་གྲ་དང་། ཤེས་པ་སློབ་པའི་གྲ་དང་། ལུས་ངག་གི་ཆོས་སྤྱོད་བརྩོན་པའི་གྲ་དང་། བསྒོམ་པའི་གྲ་རྣམས་བཙུགས་ཏེ། བསྟི་གནས་བྱ་བ་དང་། ཟབ་ཅིང་རྒྱ་ཆེ་བའི་གསུང་རབ་བསྙེན་བཀུར་དང་། མཆོད་པ་དང་བཅས་པའི་གདོན་པ་དང་། ཆོས་ཀྱི་སྦྱིན་པ་གཞན་ཡང་བྱ་ཞིང་། རང་གི་ཤེས་རབ་ཀྱི་རྒྱུད་སྦྱང་བ་དང་། ལམ་གྱི་སྦྱིན་པ་ལ་སོགས་པ་སྐྱབས་རྣམས་སྦྱིན་པ་དང་། ས་ལ་སོགས་པའི་འབྱུང་བ་རྣམས་ལ་སྐུ་གདུང་གདབ་པ་དང་། ལས་རྣམ་པ་བཞིའི་སྦྱིན་བསྲེག་བྱ་བ་དང་། ཕྱག་འཚལ་མཆོད་དང་བཤགས་པ་ལ་སོགས་པ་ཡན་ལག་བདུན་པའི་སྨོན་ལམ་གདབ་པ་ལ་སོགས་ཏེ། དགེ་བའི་ལས་ཐམས་ཅད་འབད་པས་བརྩམས་པར་བྱ་སྟེ། དེ་དག་རྣམས་ལ་ཡང་གཞན་གྱི་དོན་དུ་མི་འགྱུར་བ་དང་། བདག་གི་དོན་དུ་མི་འགྱུར་བ་དང་། གཉི་གའི་དོན་དུ་མི་འགྱུར་བ་དང་། ཆོས་ཀྱི་དོན་དུ་མི་འགྱུར་བ་རྣམས་སྤངས་ཏེ། བརྩོན་པ་ཆེན་པོས་བྱ་བ་ནི། སྤྱོད་པ་རླབས་པོ་ཆེས་བསྐང་བ་ཞེས་བྱའོ། །དེ་ལ་བསྐང་བར་བྱ་བའི་དམིགས་ནི། སྔོན་དུ་བརྗོད་པའི། ཀུན་ཏུ་ཉམས་པ་ཆེན་པོ་དང་། རྩ་བ་ཉམས་པ་དང་། ཡན་ལག་ཉམས་པ་དང་། ཟླས་ཉམས་པ་དང་། ཞར་གྱིས་ཉམས་པ་དང་ལྔའོ། །བསྐང་བའི་ཐབས་ཀྱང་ཉམས་སུ་བླང་ན་ལྔར་འགྱུར་ཏེ་གོང་དུ་བརྗོད་པའི་སྤྱོད་པའི་ལས་ཀྱིས་བསྐང་བ་དང་། རྫས་ཀྱིས་བསྐང་བ་དང་། དོན་གྱིས་བསྐང་བ་དང་། ཏིང་ངེ་འཛིན་གྱིས་བསྐང་བ། མན་ངག་གསང་བ་ཐབས་ཀྱིས་བསྐང་བའོ། །དེ་ལ་སྤྱོད་པའི་ལས་ཀྱི་བསྐང་བ་ནི། གོང་དུ་བསྟན་པའི་ལས་དེ་རྣམས་ཀྱིས་ཀུན་ཏུ་ཉམས་པ་ཆེན་པོ་ལ་འབུམ་ཕྲག་ལྔ་དང་། ཁྲི་ཕྲག་གསུམ་བྱའོ། །རྩ་བ་ཉམས་པ་ལ་ཁྲི་ལྔ་དང་། སྟོང་ཕྲག་གསུམ་བྱའོ། །ཡན་ལག་ཉམས་པ་ལ་སྟོང་ཕྲག་ལྔ་དང་བརྒྱ་ཕྲག་གསུམ་བྱའོ། །ཟླས་ཉམས་པ་ལ་བརྒྱ་ཕྲག་ལྔ་དང་བཅུ་ཕྲག་གསུམ་བྱའོ། །ཞར་གྱི་ཉམས་པ་ལ་བཅུ་ཕྲག་ལྔ་དང་རྩ་བ་གསུམ་གྱིས་སྐོངས་སོ། །ཞེས་གསུངས་ཏེ། འདི་དག་ནི་སྡིག་པ་སྦྱང་བའི་ཆོ་ག་ཡིན་ཏེ། དམ་བཅས་པ་དང་བཅས་པ་མ་ཡིན་པའི་སྡིག་པ་ཐམས་ཅད་ལ་སྦྱར་བར་བྱ་སྟེ། མཚམས་མེད་པའི་ལས་བྱས་པ་ཡང་སྐོངས་པར་འགྱུར་རོ། །ཞེས་གསུངས་སོ། །གྲངས་དེ་དག་ཀྱང་མཆོད་རྟེན་གདབ་པ་དང་། སྲོག་གདོན་པ་དང་། མདོ་ཕྲ་མོ་གདོན་པ་དང་། ཕྱག་ འཚལ་བ་ལ་སོགས་པ་གྲངས་སུ་བགྲང་དུ་རུང་ཞིང་། ལས་ལ་སྦྱར་དུ་རུང་བ་རྣམས་ལ་དགོངས་པ་ཡིན་ཏེ། དེ་ལྟ་བུ་སྦྱར་དུ་མི་རུང་བ་རྣམས་ལ་ནི་མ་ཡིན་ནོ། །རྫས་ཀྱི་བསྐང་བ་ནི། ལྷ་ཁྱད་པར་གྱི་དམ་ཚིག་རྣམས་ལས། གང་ཞིག་རལ་དུ་གྱུར་པ་དེ་གསོ་བར་བྱ་བའི་ཕྱིར། སོ་སོའི་རིགས་དང་མཐུན་པའི་བླ་མ་སྤྱན་དྲངས་ཏེ། སོ་སོའི་རིགས་དང་མཐུན་པའི་རིན་པོ་ཆེའི་རྫས་ལ་སོགས་པ། ལྷ་དང་བླ་མ་ལ་ཕུལ་ཏེ། དཀྱིལ་འཁོར་དུ་ཞུགས་ལ། གང་ཉམས་པ་དེ་རྫས་དེས་བསླུ་བའི་ཚུལ་གྱིས། བླ་མ་ལས་སྡོམ་པ་སླར་བླང་བར་གསུངས་སོ། །དེའི་ཚེ་ཉེས་པ་བཤགས་པ་དང་། རིགས་ཀྱི་དམ་ཚིག་དང་མཐུན་པའི་དགེ་བ་སྤེལ་བར་གསུངས་སོ། །དོན་གྱི་བསྐང་བ་ནི། ཆོས་རྣམས་ཀྱི་དོན་རྟོགས་པས་ བསྐང་བ་སྟེ། དེ་ཡང་ཆོས་ཐམས་ཅད་གཉིས་སུ་མེད་པའི་དོན་ནམ་མཁའ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པར་བྱས་ཏེ། དེ་བཞིན་དུ་བསྒོམ་པ་དང་། གཞན་ཡང་ཆོས་ཟབ་མོ་མཉན་ཞིང་བསམ་པ་དང་། དེ་བཞིན་དུ་དོན་ཟབ་མོ་གླེགས་བམ་ལས་བརྟག་པ་དང་། ཟབ་མོ་སྟོན་པའི་ཡོན་བདག་བྱ་བ་དང་། གླེགས་བམ་ཟབ་མོ་རྣམས་བྲིས་ནས་ཆོས་ཀྱི་སྦྱིན་པ་བཏང་ན་ཡང་ཉེས་པ་ཆེ་ཆུང་རིམ་པ་བཞིན་དུ་སྐོང་་བར་འགྱུར་བར་བཤད་དོ། །ཏིང་ངེ་འཛིན་གྱིས་བསྐང་བ་ནི། དམ་ཚིག་གི་ཁྲུས་ལུང་ཞེས་བྱ་སྟེ། དེ་ཡི་ཆོ་ག་ནི་འདི་ལྟར། དམ་ཚིག་ཉམས་པ་བསྐང་བར་འདོད་པའི་རྣལ་འབྱོར་པ་དེས། སྔོན་དུ་བྱ་བའི་ཆོ་ག་ཇི་ལྟར་རིགས་པ་བྱ་སྟེ། སྟན་བདེ་བ་ལ་འདུག །དྲན་པ་མངོན་དུ་བཞག་ ནས། ཡིད་གཅིག་ཏུ་བསྡུས་ཏེ། དང་པོར་བདག་གི་སྤྱི་གཙུག་ཏུ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀྱི་རང་བཞིན། འོད་རྩ་དམར་༼རྫོགས་ཆེན་པར་མ་ལ། རྩ་དམར་ཞེས་ཡིག་འབྲུ་གཉིས་ཀྱི་འོག་ཏུ་ཁྲམ་རིས་གཉིས་བཀོད་འདུག །༽མེ་ལོང་ཙམ་ཞིག་ཤིན་ཏུ་གསལ་ཞིང་འབར་བར་བསྒོམ་མོ། །དེའི་འོད་ཟེར་གྱིས་བདག་གི་ལུས་སེམས་ཀྱི་རྒྱུད་ཀྱི་མཚན་མ་ངན་པའི་བག་ཆགས་ཐམས་ཅད་བསྲེགས་ཏེ། སེམས་ཅན་རྣམ་པར་གྲོལ་བའི་རང་བཞིན་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་དང་འོད་ཀྱི་རང་བཞིན་ཏེ་གཅིག་ཏུ་འདྲེས་པར་གྱུར་པ་ལས། སྐུ་གསུང་ཐུགས་དག་པའི་བདག་ཉིད་ཀྱི་འོད་ཀྱི་ཐིག་ལེ་གསུམ་དུ་གྱུར་པ་ནི། འདི་ལྟར་དཀར་པོ་དང་། དམར་པོ་དང་། མཐིང་ཀ་གསུམ་དུ་གྱུར་པ་ལས། དེ་གསལ་བ་དང་འོད་དཀར་པོ་ཐམས་ཅད་དུ་འཕྲོས་པས། ཐམས་ཅད་དུ་ཁྱབ་པའི་སྐུའི་ རང་བཞིན་དུ་རྟོགས་པར་བྱའོ། །དམར་པོ་འཕྲོས་པས་ཐུགས་རྗེ་ཆགས་པའི་བདག་ཉིད་གསུང་གི་རང་བཞིན་དུ་རྟོགས་པར་བྱའོ། །མཐིང་ཀ་འཕྲོས་པ་ལས་ཐུགས་ཡེ་ཤེས་སྤྲོས་པ་མེད་པའི་བདག་ཉིད་དུ་རྟོགས་ཏེ། དེ་གསུམ་དབྱེར་མེད་པར་འདུས་པ་ལས། བདག་གི་ལུས་ངག་ཡིད་གསུམ་གྱི་བག་ཆགས་བསྲེགས། སྐུ་གསུང་ཐུགས་ཀྱི་དམ་ཚིག་སྐོང་བར་བསམ་མོ། །དེ་ནི་བག་ཆགས་བསྲེག་པའི་ཏིང་ངེ་འཛིན་ནོ། །དེ་ནས་ཡང་འོད་དཀར་པོ་རླུང་གི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་དུ་གྱུར་པ་ལས། འོད་དམར་པོ་འབུད་པའི་རླུང་བྱུང་བས། མཚན་མའི་བག་ཆགས་ཐམས་ཅད་གཏོར་བར་བསྒོམ་མོ། །འདི་ནི་བག་ཆགས་གཏོར་བའི་ཏིང་ངེ་འཛིན་ནོ། །དེ་ནས་ཡང་འོད་དཀར་པོ་ཆུའི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་ལས། འོད་མཐིང་ཀ་ཡེ་ཤེས་ཀྱི་ཆུ་བྱུང་བས་བག་ཆགས་མི་གཙང་བའི་ལྗན་ལྗིན་ཐམས་ཅད་བཀྲུས་པར་བསམ་མོ། །འདི་ནི་བཀྲུ་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་གསལ་བར་གྱུར་པ་དང་། གསང་སྔགས་འདིས་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཀྲོ་ངྷེ་ཤྭ་རི་སརྦ་དྲ་བྷཾ་ཤོངྷ་ཡ། ༼ཀྱེ་ཁྲོ་མོ་དབང་ཕྱུག་མ་སླས་ཐམས་ཅད་སྦྱོངས་ཤིག ༽ཨོཾ་ཨཱ་ཧཱུཾ། རཾ་ཡཾ་ཁཾ། ཞེས་བརྗོད་ཅིང་དེ་བཞིན་དུ་བསྒོམས་པས། ཉམས་པ་རྣམས་བསྐོངས་པར་འགྱུར་རོ། །ཞེས་འབྱུང་ངོ་། །མན་ངག་གསང་བའི་ཐབས་ཀྱིས་བསྐང་བ་ནི། རྫས་ཁྱད་པར་ཅན་དང་ལྡན་པའི་བསྒྲུབ་པ་ཆེན་པོ་ལ་བླ་མ་དམ་པ་སྤྱན་དྲངས་ཏེ། སྒྲུབ་པ་བརྩམ་ཞིང་རང་གི་གཟུངས་མ་ཡང་བླ་མ་ལ་ཕུལ་ཏེ། བསྐངས་པས་སྐོངས་བར་འགྱུར་རོ། །ཞེས་གསུངས་ཏེ། དེ་ཡང་ཉམས་པ་ཆེ་ཆུང་དང་སྦྱར་ཏེ། སྒྲུབ་པ་ཆེན་པོ་དགུའམ། བདུན་ནམ། ལྔའམ། གསུམ་མམ། གཅིག་གིས་བསྐང་ངོ་། །ཞེས་འབྱུང་ངོ་། །དེ་ལྟར་བསྟན་པ་འདི་དག་ཀྱང་ཐབས་གང་ཡང་རུང་བ་རེ་རེས་ཀྱང་བསྐོངས་པར་འགྱུར་གསུངས་པ་ཡིན་ལ། མང་དུ་ལྡན་པར་གྱུར་ན་ཡང་བསྔགས་པར་གྱུར་པ་ཡིན་ནོ། །འདི་ལྟར་བསྐང་བའི་ཡུལ་དང་དུས་ནི། ཡུལ་ནི་ས་གཙང་བ་རྣམས་སུ་བསྐང་བར་གསུངས་སོ། །དུས་ནི་སྔོན་དུ་བརྗོད་པ་བཞིན་དུ་བརྩོན་པ་རབ་འབྲིང་གིས་སྦྱར་ཏེ། ཇི་ལྟར་མྱུར་དུ་བསྐངས་པ་དེ་དག་མཆོག་ཏུ་བཤད་དོ། །ཚུལ་གཞན་ལས། སྐུ་གསུང་ཐུགས་སུ་སྦྱོར་བ་ལ། །དམ་བཅས་དག་པ་ཡོད་སྲིད་ཀྱི། །མཆོག་ལ་དག་པ་མེད་པའོ། །ཞེས་གསུངས་ཏེ། འདིའི་དགོས་པ་ནི། བུམ་པ་སྐུའི་དབང་དང་། གསང་བ་གསུང་གི་དབང་དང་། ཤེས་རབ་ཡེ་ཤེས་ཐུགས་ཀྱི་དབང་གསུམ་ཐོབ་པ་ལས། ཉམས་པར་གྱུར་ན་ནི་བསྐང་བའི་ཐབས་ཡོད་ཀྱི། དབང་བཞི་པ་ལས་ཉམས་ན་ནི་དག་པའི་ཐབས་མེད་དོ། །ཞེས་གསུངས་ཏེ། གང་གི་ཕྱིར་སྡོམ་པ་རྣམས་ནི། མས་ཡར་རིམ་གྱིས་བརྟེན་ཅིང་། གོང་མའི་མཐུས་འཛིན་ཅིང་དག་པར་བྱེད་པར་གསུངས་ཏེ། འདི་ལྟར་སོ་སོར་ཐར་པའི་སྡོམ་པ་ལ་བརྟེན་ནས། བྱང་ཆུབ་ སེམས་དཔའི་སྡོམ་པ་བླངས་པ་ན། སོ་སོར་ཐར་པའི་སྡོམ་པ་ཞིག་པ་རྣམས། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བརྟེན་ནས་སླར་བླང་དུ་རུང་ངོ་། །དེ་བཞིན་དུ་གསང་སྔགས་ཀྱི་སྡོམ་པའི་བར་དུ་ཡང་རིམ་གྱིས་འོག་མ་ལ་བརྟེན་ཅིང་། གོང་མ་བླངས་པ་ཡིན་ལ། གོང་མའི་མཐུ་ལ་བརྟེན་ཅིང་འོག་མ་སོར་གཞུག་སྟེ། གོང་མ་ཉིད་ཉམས་ན་དེ་ལ་ཐབས་འོག་མས་མ་སྐོངས་སོ། །དེ་བས་ན་དབང་བཞི་པ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་འཛིན་པ་ཡིན་ལ། གལ་ཏེ་དེ་ཉིད་ཉམས་པར་གྱུར་ན། དེ་གསོ་བའི་ཐབས་སུ་གྱུར་པ། གཞན་གྱིས་མི་ནུས་ཏེ། རྡོ་རྗེ་རིན་པོ་ཆེ་ཆག་པ་རྩི་གཞན་གྱིས་མི་འབྱོར་བ་བཞིན་ནོ། །དམ་ཚིག་ཉམས་པ་ བསྐངས་པ་རྣམས་སྐོངས་པ་དང་མ་སྐོངས་པའི་རྟགས་ཀྱང་། དེ་བཞིན་གཤེགས་པའམ་རིག་འཛིན་རྣམས་ལས་བྱུང་བའི་སྐུ་གདུང་བསྟེན་པས་རྟོགས་པར་འགྱུར་བས། དེ་བསྟེན་པར་གསུངས་ཏེ། འདི་ལྟར། རྡོ་རྗེ་བཀོད་པ་ལས། རྡོ་རྗེ་སྙིང་པོའི་ཐ་ཚིག་ལས། བསྐངས་པས་སྐོངས་པར་གྱུར་པ་ཡི། །རྟགས་ཆེན་དག་ཀྱང་འདི་ལྟ་སྟེ། །རྒྱལ་བ་སངས་རྒྱས་རིགས་ཆེན་གྱི། །གདུང་ཆེན་དག་ལས་བྱུང་བ་ཡི། །ཤ་རི་རམ་ཞེས་བྱ་བ་དེ། །ཐམས་ཅད་ལྟས་སུ་སྟོན་པར་བྱེད། །ཤེལ་གྱི་ཟ་མ་ཏོག་ནང་དུ། །དག་པར་བཅུག་སྟེ་བཙས་པ་ལས། །ཉམས་པའི་ཆད་པ་འབྱུང་བའི་ཚེ། །ཁ་དོག་གནག་ཅིང་འབྲོས་པར་འགྱུར། བསྐངས་པས་སྐོངས་སམ་སོར་ཆུད་ཅིང་། །གལ་ཏེ་དམ་ཚིག་མ་ཉམས་ན། །ཁ་དོག་དཀར་ཞིང་འཚེར་བར་འགྱུར། །ལེགས་པའི་ཡོན་ཏན་འབྱུང་བའི་ཚེ། །གྲངས་མང་རྒྱ་ཆེར་འཕེལ་བར་འགྱུར། །གལ་ཏེ་གནག་གམ་མི་གསལ་ན། །མྱུར་དུ་སྒྲིམ་ནས་སྐོང་ཟློག་བྱ། །འོན་ཏང་ཉམས་པས་མི་བོག་ཅིང་། །དེ་དག་སོ་རུ་གསོ་བ་ན། །རྟགས་ཆེན་འདི་ནི་བསྟེན་བྱ་སྟེ། །འདི་དག་ཤིན་ཏུ་བརྟགས་ནས་ནི། །དཀར་ལ་འཚེར་བ་གྱུར་པ་ན། །རྩ་བ་ཡན་ལག་ཉམས་པ་རྣམས། །སྐོངས་ཏེ་སོར་ཆུད་རྟགས་ཡིན་ནོ། །དེས་ན་རྣལ་འབྱོར་ལས་ཀྱི་གཙོར། །སྦྱོང་དང་སྐོང་བའི་ལས་རྣམས་བྱ། །ཞེས་གསུངས་ཏེ། འདི་ལྟར་ཤེལ་གྱི་ཟ་མ་ཏོག་ཀྱང་ཉེ་བར་མཚོན་པ་ཙམ་སྟེ། གསེར་དང་དངུལ་གྱི་ཟ་མ་ཏོག་དང་། བ་སོ་ལ་ སོགས་པའི་ཟ་མ་ཏོག་མཛེས་པར་བྱས་ཏེ། དེར་སྐུ་གདུང་བཅུག་ནས། དར་ལ་སོགས་པའི་གོས་གཙང་མས་དྲིལ་ཏེ། མཆོད་པའི་རྟེན་དང་ལྷན་བྲལ་༼འདི་ནས་མང་པོ་ཞིག་ཆད་སོང་ངེས་བས་མ་དཔེ་ཁུངས་དག་ལོན་ན་འཛུད་དགོས། ༽ ནས་གསེར་ཉིད་སྣང་། །དེ་བས་དད་ལྡན་དམ་ཆོས་སྤྱོད་རྣམས་ཀྱིས། །བསླབ་དང་ཉོན་མོངས་སོ་སོར་མ་བཞག་པར། །བསླབ་པ་ཐམས་ཅད་ཉོན་མོངས་སྟེང་དུ་ཞོག །སྦྱོར་བའི་ལས་ཀྱང་གཞན་མིན་དེ་ཉིད་དོ། །གལ་ཏེ་དེ་ལྟར་མ་ཡིན་ན། །ཉོན་མོངས་རྒྱུ་ཚོགས་མི་ཞི་ཞིང་། །སྙིང་རྗེ་བསྐྱེད་པར་མི་བྱེད་པའི། །ཤེས་རབ་དེ་ཡང་བལྟ་གནས་ཉིད། །ཉོན་མོངས་སྐྱོན་རྣམས་མི་ལྡོག་ཅིང་། །སླར་ཡང་ཉོན་མོངས་གྲོགས་གྱུར་པའི། །ཚུལ་ཁྲིམས་དེ་ཡང་ཚུལ་འཆོས་ཙམ། །ཉོན་མོངས་འབྲལ་བར་མི་ནུས་ཤིང་། །འདོད་ལས་ཅུང་ཟད་མི་འབྱིན་པའི། །བསམ་གཏན་ཡུལ་ལ་ཆགས་དང་འདྲ། །སྙོམས་འཇུག་སྦལ་ན་གནས་དང་མཚུངས། །ཉོན་མོངས་ཞི་བར་ནུས་པ་ན། །བསླབ་པ་གཅིག་ལ་ཀུན་ཀྱང་ཚང་། །དེ་བས་རྒྱུ་མེད་སྤྱོད་རྣམས་ཀྱིས། །བསླབ་པས་ཉོན་མོངས་གདུལ་བའི་རིགས། །བསླབ་པ་གོམས་པར་གྱུར་པ་ཡི། །རྟགས་ཀྱང་དེ་ཉིད་གཟུང་བའི་རིགས། །གཞན་དུ་སྣ་ཚོགས་རྒྱུས་བྱུང་བའི། །རྟགས་རྣམས་འཛིན་པར་ཇི་ལྟར་ངེས། །ཇི་ལྟར་དུག་སྣོད་དག་བྱའི་ཕྱིར། །འབད་པས་སྨན་གྱི་ཚོགས་བཙལ་ནས། །རྙེད་ནས་དུག་གི་རྟེན་གྱུར་ཡང་། །སྨན་པ་ཞུམ་པ་མེད་པ་དེ། །སྨན་དཔྱད་བསླབ་པ་མ་བྱས་པའི། །སྐྱེ་དགུ་རྣམས་ཀྱིས་ཅིས་མི་ཁྲེལ། །དེ་བཞིན་ཉོན་མོངས་དག་བྱའི་ཕྱིར། །དཀའ་བས་ཆོས་ཀྱི་སྨན་བཙལ་ནས། །ཡོན་ཏན་རྙེད་པར་གྱུར་པ་ན། །སླར་ཡང་ཉོན་མོངས་རྟེན་གྱུར་ནས། །མ་ཞུམ་བག་མེད་གནས་པ་རྣམས། །སྐྱེ་དགུ་ཆོས་ལ་མ་ཞུགས་པས། །ལེགས་པར་བརྟགས་ཤིང་ཅིས་མི་ཁྲེལ། །དེ་བས་འབད་པ་ཐམས་ཅད་ཀྱི། །བསླབ་པ་ཇི་ལྟར་བླང་བ་བཞིན། །ཉོན་མོངས་གདུལ་ལ་འབད་པར་མཛོད། །གསང་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་དམ་ཚིག་གི་སྡོམ་པ་རྣམས། སྤྱི་དང་ཁྱད་པར་དང་ལྷག་པའི་ དམ་ཚིག་ཏུ་ཕྱེ་སྟེ། མདོ་རྒྱས་སུ་བསྟན་ནས། གང་ཟག་ཐམས་ཅད་ཀྱི་བསླབ་པའི་གཞིར་རུང་ཞིང་། གང་ཟག་གཅིག་གིས་ཀྱང་བརྟེན་དུ་རུང་བའི་ཐབས་སུ་བསྡུས་ཏེ་རྣམ་པར་བཀོད་པའོ། །རྫོགས་སོ།། །།བོད་ཀྱི་པཎྜི་ཏ་ཆེན་པོ་ངྷརྨ་བྷ་དྲས་མཛད་པའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་གྱུར་ཅིག །བོད་ཀྱི་སྐྱེས་བུ་ངྷརྨ་བྷ་དྲ་ནི། །ཕྱི་ནང་རིག་གནས་ཀུན་ལ་མ་རྨོངས་པས། །ལྟ་ངན་ཚང་ཚིང་རིགས་པའི་མེས་བཅོམ་ནས། །ཆོས་ཉིད་མཉམ་པ་ཆེན་པོར་ཐུགས་གཞོལ་ཡང་། །མ་རིག་འགྲོ་བ་རྗེས་སུ་གཟུངས་པའི་ཕྱིར། །དམ་ཚིག་མདོ་རྒྱས་མཛད་པ་བཀའ་དྲིན་ཆེ། །མངྒ་ལཾ། ཨོཾ་ཨཱཿཧཱུཾ། བླ་མ་དམ་པ་རོང་ཟོམ་ཆོས་ཀྱི་བཟང་པོ་ཡི། །ཞལ་ནས་གདམས་པ་དམ་ཚིག་ཆེན་པོ་འདི་ལ་སོགས། །རྒྱལ་བའི་བཀའ་དང་དབྱེར་མེད་དེ་ཕྱིར་ཤཱཀྱ་ཡི། །དགེ་བསྙེན་རྡོ་རྗེ་དབང་ཕྱུག་བདག་གིས་ནན་ཏན་བྱས། །དགེ་བས་བདག་སོགས་བླ་མའི་རྗེས་འབྲང་སྔགས་པ་རྣམས། །དྲི་མེད་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ལམ་མཆོག་གིས། །མྱུར་དུ་བཅོམ་ལྡན་རྡོ་རྗེ་འཆང་གི་ས་ཐོབ་ནས། །འགྲོ་བ་ཐམས་ཅད་སྡུག་བསྔལ་མཚོ་ལས་སྒྲོལ་བར་ཤོག །བླ་མ་ཆེན་པོ་ལོ་ཙྪ་བ་ལ། གོ་རུབ་ལོ་ཙྪ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་གསོལ་བ་བཏབ་པའི་ཕྱིར་མཛད་པའོ། །གཞན་ཕན་མཐའ་ཡས་མཆོག་གི་སྤྲུལ་པའི་སྐུ། །གཞན་ཕན་ཆོས་ཀྱི་སྣང་བ་ཞེས་བྱ་བས། །གཞན་ཕན་སླད་དུ་སྤར་འདི་བསྒྲུབས་པའི་དགེ། །གཞན་ཕན་ ཕྲིན་ལས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པའང་མི་ཕམ་པས་སོ། །