གནས་ལུང་གནས་བསྟོད་ཕན་བདེའི་གྲུ་ཆར། ཡི་དམ་རྡོ་རྗེ།སྟོན་ཀའི་ཟླ་བ་བཞུས་པའི་ཞུན་ཐིག་གིས། ། ལན་གྲངས་སྟོང་དུ་བྱུག་འདྲའི་མཚར་སྡུག་ཅན། ། མཚོ་བྱུང་ངག་གི་དཔལ་མོ་དབྱངས་ཅན་མ། ། མགྲིན་པ་འོ་མའི་མཚོ་རུ་དགྱེས་རྩེན་མཛོད། ། ཨེ་མ་མདོ་ཁམས་གཡུ་ཡི་ལྗོངས་ཤིག་ན། ། གན༵ས་མཆོག་དཔལ་རི་པདྨ་འོད་གླིང་དང་། ། དབྱེར་མ་མཆིས་པའི་བྱིན་ལྡན་སྦས་ལུ༵ང་ཞིག ། མ་སྨད་བསོད་ནམས་དཔལ་དུ་ལྷམ་མེར་མཛེས། ། ལས་སྨོན་མེ་ཏོག་དཀར་པོའི་ཕྲེང་ཐག་གིས། ། གཅིག་ཏུ་སྦྲེལ་བའི་མཛའ་གཅུགས་འགྱུར་བ་མེད། ། སྙིང་གི་སྤུན་ཆུང་བཞེད་པ་སྐོངས་བའི་ཕྱིར། ། གན༵ས་བསྟོ༵ད་ཕ༵ན་བདེ༵འི་གྲུ༵་ཆ༵ར་འདི་རུ་འབེབས། ། རིགས་གསུམ་སེམས་དཔས་ཐུགས་བསྐྱེད་བྱིན་གྱིས་བརླབས། ། པད་འབྱུང་ཡབ་ཡུམ་བཻ་རོས་སྒྲུབ་པ་མཛད། ། འགྱུར་མེད་རྒྱལ་མཚན་བཟང་པོས་གནས་སྒོ་ཕྱེས། ། འབྲེལ་ཚད་དོན་ལྡན་གནས་མཆོག་སུས་མི་བསྟོད། ། ཕྱི་ལྟར་དབུ་རྩེ་རབ་མཐོ་རྫ་ཡི་རི། ། ལང་ལོང་སྤྲིན་དཀར་གཡོ་བའི་ཀློང་ན་མཛེས། ། ཉི་ཟླ་སྐར་མའི་ཚོགས་ཀྱི་མགུལ་རྒྱན་ཅན། ། ནང་ལྟར་སྟེང་ཁང་ཆོས་སྐུའི་ཕོ་བྲང་དངོས། ། བར་ན་བརྗིད་ཆགས་བྲག་རིའི་ཚོམ་བུ་བཀྲ ། ཡིད་འོང་རི་སྐྱེས་སྣ་ཚོགས་བག་ཡངས་རྒྱུ། ། ནང་ལྟར་ལོངས་སྤྱོད་རྫོགས་པ་སྐུ་ཡི་ཞིང་། ། དད་ལྡན་མིག་ལ་དག་པའི་བདུད་རྩི་འགྱེད། ། གཤམས་ན་ངོ་མཚར་རྟེན་མཆོག་བགྲང་ཡས་ཀྱིས། ། ཕྱག་སྐོར་སྒྲུབ་ལ་བརྩོན་པའི་སྐྱེ་བོ་བསྡུ། ། ནང་ལྟར་འོག་ཁང་སྤྲུལ་སྐུའི་ཕོ་བྲང་ཆེ། ། ཐབས་ཀྱིས་གདུལ་བྱ་སྐྱོང་བའི་ཚུལ་འདི་རྨད། ། གཡས་ཕྱོགས་འཕགས་པ་རིགས་གསུམ་མགོན་པོ་ཡི། ། བླ་རི་དཀར་སེར་མཐིང་ག་རྣམ་པ་གསུམ། ། ཡིད་འོང་རྫ་རིའི་བ་གམ་མཐོན་པོའི་ཁྲིར། ། ལེགས་པར་འཁོད་པ་དད་གསུམ་ཕྱག་གི་ཡུལ། ། གཡོན་ཕྱོགས་ཆོས་སྐྱོང་མ་གཟའ་དམ་གསུམ་དང་། ། ཙིའུ་དམར་པོ་དབང་གི་ལྷ་མཆོག་གི། ། རྟེན་མཁར་སྲ་བ་བྲག་ལས་རང་གྲུབ་པ། ། དངོས་གྲུབ་སྦྲང་ཆར་འཇོ་བའི་དཔྱིད་དུ་སྨིན། ། ལོགས་སུ་གུ་རུ་པདྨའི་བཞུགས་ཁྲི་དང་། ། མ་བཅོས་རང་བྱུང་མཆོད་རྟེན་ཆ་བརྒྱད་བཀྲ ། མཁའ་འགྲོའི་ཚོགས་གཞོང་སྨན་རཀ་གཏོར་གསུམ་དང་། ། མཚོ་རྒྱལ་ཊཱཀྐིའི་རྗེ་མོའི་ཞབས་རྗེས་གསལ། ། ཤར་ཕྱོགས་རབ་ཕྱེ་དཀྱིལ་ཡངས་ལུང་པ་ན། ། གསར་བཏོད་གྲོགས་ལམ་དཀར་པོ་གནས་འདིའི་རྒྱན། ། ལྷོ་ཡི་ཕྱོགས་ན་གཏན་འཁྱིལ་གཡུ་ཡི་མཚོར། ། གནས་པའི་ཀླུ་རྒྱལ་ནོར་བུའི་མཆོད་སྤྲིན་སྟོབས། ། ནུབ་ཕྱོགས་རྒྱལ་ཡུམ་མཁའ་སྤྱོད་དབང་མོའི་གནས། ། པདྨ་མཐོང་གྲོལ་ཞྭ་ཡི་རི་མོ་མཛེས། ། བྱང་ན་གནས་སྲུང་དབང་སྡུད་ལྷ་རྩེ་ཞེས། ། རླུང་རྟའི་མེ་ཏོག་རྒྱན་དུ་འཆང་བ་བརྗིད། ། གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པ་ཡིས། ། གནས་འདིར་ཁྲི་ཕྲག་འདུས་པའི་འཁོར་ཚོགས་ལ། ། མྱོང་གྲོལ་བདུད་རྩིའི་ཁྲོམ་གཏེར་འགྱེད་པ་ཡི། ། བཅོས་མིན་གཏམ་གྱི་རོལ་མོ་སྲིད་ན་སྙན། ། རིག་འཛིན་ལུང་རྟོགས་ཆོས་ཀྱི་ཉི་མ་མཆོག ། ལྷོ་ནུབ་མཚམས་སུ་སྒྲུབ་ལ་གཞོལ་བའི་ཚེ། ། ཀླུ་མོ་དཀར་མོས་ཞལ་སྐྱེམས་སུ་ཕུལ་བའི། ། དྭངས་བསིལ་བདུད་རྩིའི་རྒྱུན་བཟང་རྣམ་པར་འབབ། ། མདུན་ཕྱོགས་ལྷུན་པོ་མཎྚལ་དབྱིབས་ཅན་དང་། ། མ་བཀོད་རང་བྱུང་རྣམ་ལྔའི་མཆོད་པ་ཚང་། ། རྒྱབ་ཕྱོགས་ལྕམ་བླའི་ཕྱག་བཟོ་རྡོ་ཡི་སྐུ། ། གཡུ་རྗེའི་སྐུ་ཚད་རྒྱལ་མཚན་རྩེ་མོ་རྔམས། ། གནས་མདར་རྡོ་རྐོ་པདྨ་ཕུན་ཚོགས་ཀྱི། ། སོར་རྩེས་འཕྲུལ་བའི་སྤྱན་གཟིགས་གསུང་བྱོན་འདི། ། བྱ་བས་བྲེལ་བའི་ཕྱོགས་བསྐྱོད་མགྲོན་པོས་ཀྱང་། ། མཇལ་བར་རིགས་སོ་མཐོང་གྲོལ་བྱིན་རླབས་ལྡན། ། གནས་འདིར་ཕྱག་སྐོར་སྒྲུབ་ལ་བརྩོན་པ་རྣམས། ། ཚེ་འདིར་ནད་གདོན་སྡིག་སྒྲིབ་ཀུན་དག་ཅིང་། ། ཕྱི་མ་ཟངས་མདོག་དཔལ་རིར་སྐྱེ་འགྱུར་ཞེས། ། བདེན་སྨྲ་རྡོ་རྗེའི་ལྗགས་ལྡན་རྣམས་ཀྱིས་གསུངས། ། བདག་འདྲའི་བློ་དམན་གནས་སྐོར་སྐྱེ་བོ་ལ། ། གནས་ཀྱི་རང་བཞིན་ཤེས་པའི་ཕ༵ན་པ་དང་། ། དགེ་འབྲས་གཡུར་དུ་ཟ་བའི་བདེ༵་བའི༵་ཆེད། ། བསྟོད་ཚིག་ལྷ་ཡི་གྲུ༵་ཆ༵ར་ངས་འདི་ཕབས། ། དགེ་བ་གང་དེས་མཁའ་ཁྱབ་འགྲོ་བ་ཀུན། ། འཇིགས་རུང་སྡུག་བསྔལ་གསུམ་གྱི་བཙོན་ར་ནས། ། ངེས་པར་འབྱུང་བའི་སེམས་ཀྱིས་ཡིད་དབྱུང་ནས། ། གཏན་བདེའི་ལམ་ལ་འཇུག་པའི་ཤིས་པ་སྩོལ། ། ཞེས་པ་འདི་ནི་སྤུན་ཆུང་འཇམ་དབྱངས་བསོད་ནམས་ཀྱིས་བསྐུལ་ངོར་གང་དྲན་བྱུང་རྒྱལ་དུ་སྨྲ་བའི་སྨྱོན་པ་ཡི་དམ་རྡོ་རྗེར་འབོད་པས་ས་བྱི་ཧོར་ཟླ་བརྒྱད་པའི་དམར་ཕྱོགས་དགའ་བ་གཉིས་པ་ལ་བྲིས། ། |