མཇུག་བྱང་།
སླར་སྨྲས་པ།
ཚད་མེད་ཐུགས་ཀྱི་ཆུ་གཏེར་ཆེན་པོ་ལས།།
རྣམ་དག་ལུང་དང་རྟོགས་པའི་རླབས་ཕྲེང་གཡོ།།
མི་ཟད་ཆོས་ཀྱི་ཆུ་མཚོ་ཆེར་རྒྱས་པ།།
ཚུར་མཐོང་བློ་ཡིས་དཔག་པའི་ཡུལ་ལས་འགོང་།།
ལུགས་གཉིས་གསལ་བའི་འོད་སྟོང་ཟེགས་མ་འཕྲོ།།
ཕན་བདེའི་ཆ་ཤས་རྫོགས་པའི་དཀྱིལ་འཁོར་རྒྱས།།
སྐྱེ་དགུའི་ཚ་གདུང་སེལ་བའི་གཉེན་གཅིག་པུ།།
སྙིགས་དུས་རྒུད་མུན་འཇོམས་པའི་ཉ་གང་ཟླ།།
འདོད་དགུའི་ལེགས་ཚོགས་ཀུན་འབྱུང་ཡིད་བཞིན་ནོར།།
རྣམ་གསུམ་དད་པས་བྱི་དོར་བྱས་པའི་མོད།།
ཅི་བསམ་འདོད་དོན་གསོལ་བ་འདེབས་བྱོས་དང་།།
མ་ལུས་རེ་བ་སྐོང་ལ་ཡིད་གཉིས་ཅི།།
དེ་ལྟའི་གདམས་ཟབ་བདུད་རྩིའི་རྒྱ་མཚོ་ཆེ།།
གཟུར་གནས་བློ་ལྡན་སྐལ་བཟང་སྐྱེ་བོའི་ཆེད།།
འཕྲུལ་གྱི་ཡི་གེའི་གཟུགས་སུ་ཕབ་པ་ལ།།
ནོངས་པ་ཅི་མཆིས་ཆོས་སྤྱན་ལྡན་ལ་འཆགས།།
རྣམ་དཀར་བསོད་ནམས་ཕུང་པོ་འདིས་མཚོན་པའི།།
ཕྱོགས་དུས་ཀུན་གྱི་དགེ་ཚོགས་གང་ཡོད་ཀྱིས།།
ཉམ་ཐག་མར་གྱུར་སྲིད་པའི་འགྲོ་བ་ཀུན།།
བདེ་ལྡན་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག།
ཅེས་ཤིང་ཕོ་རྟ་ཡི་ལོའི་བདེ་ཆེན་ཞིང་སྒྲུབ་ཆེན་པོའི་སྐབས་སུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དང་འབྲེལ་བའི་ཞིང་སྨོན་བདེ་ཆེན་ལམ་སྟོན་གྱི་གདམས་ཁྲིད་ཟབ་རྒྱས་ཀྱི་བཀའ་དྲིན་བསྩལ་བ་ལ་ཡི་གེའི་གཟུགས་སུ་འགོད་པ་པོ་ནི་རྗེ་གང་གི་ཐུགས་རྗེའི་གྲིབ་བསིལ་གྱི་སྐྱབས་འོག་ཏུ་ཉེ་བར་གནས་པའི་སྐལ་བ་སྦམ་པོ་ཅན་གུས་འབངས་བསོད་ནམས་རྒྱ་མཚོ་ཞེས་འབོད་པས་རུ་དམ་ཡང་དབེན་པདྨ་ཐང་གི་མཁན་ཆེན་པདྨ་བཛྲའི་སྐུ་གདུང་མཆོད་རྟེན་གྱི་ཉེ་འཁྲིས་རང་སྤྱིལ་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་རྟ་ཡི་ལོ་མཇུག་གཡང་མོ་ལུག་གི་གནམ་ལོ་གསར་ཚེས་ལ་ཉེ་བའི་སྐབས་སུ་གུས་པས་མཇུག་ལེགས་པར་གྲུབ་པར་བགྱིས་པའོ།། །།
དགེའོ། །དགེའོ། །དགེའོ། །