བླ་སྒྲུབ་ཚོགས་མཆོད་སྤྲིན་རོལ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ བླ་སྒྲུབ་ཚོགས་མཆོད་སྤྲིན་རོལ་བཞུགས༔ ཕྱི་ནང་གསང་བའི་ལོངས་སྤྱོད་རྫས༔ མ་ཚང་མེད་པར་འདུ་བྱས་ལ༔ སྟོང་ཉིད་སྙིང་རྗེའི་རྩིས་ཟིན་པས༔ འདོན་སྒོམ་སྦྲགས་ཏེ་འདི་ལྟར་དམིགས༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧྲཱིཿ འོག་མིན་སྐུ་གསུམ་ཞིང་ཁམས་དང་༔ ཁྱད་པར་རྔ་ཡབ་དཔལ་རི་ནས༔ གུ་རུ་ཚེ་མཐའ་ཡས་པ་ལ༔ རབ་འབྱམས་དཔའ་བོ་མཁའ་འགྲོ་དང༔ རྡོ་རྗེ་ཆོས་སྐྱོང་རྒྱ་མཚོས་བསྐོར༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཡུལ་ཆེན་ཉི་ཤུ་རྩ་བཞི་དང༔ གནས་མཆོག་སུམ་ཅུ་རྩ་གཉིས་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཕྱི་ནང་སྣོད་བཅུད་ཚོགས་ཀྱི་རྒྱན༔ ལོངས་སྤྱོད་ཆེན་པོར་བརླབས་ནས་ཀྱང༔ མཆོད་ཡུལ་མགྲོན་རྣམས་མཉེས་བྱེད་པའི༔ ག་ན་ཙཀྲར་བྱིན་གྱིས་རློབས༔ བཛྲ་ས་མ་ཡཱ་ཕེཾ་ཕེཾ༔ ཨོཾ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་ཚོགས་གཞོང་ཀ་པཱ་ལར༔ ནང་བཅུད་རང་བྱུང་ཚོགས་རྫས་བདུད་རྩིའི་མཚོ༔ འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་འཆར་བ་འདིས༔ རྩ་བརྒྱུད་དྲིན་ཆེན་བླ་མ་པདྨ་འབྱུང༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་དང༔ གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅས༔ རྩ་གསུམ་སྲུང་མར་བཅས་ལ་ཚོགས་མཆོད་འབུལ༔ སྡོམ་གསུམ་ཉམས་ཆག་ཉེས་ལྟུང་དབྱིངས་སུ་བཤགས༔ གཟུང་འཛིན་དགྲ་བགེགས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་གདབ་བོ༔ ཨ་ལ་ལ་ཧོ་སིདྡྷི་མྨེ་པྲ་ཡཙྪནྟུ༔ ཐ་མ་ལྷག་མ་བསྔོ་བ་ནི༔ ཧྲཱིཿ འཆི་མེད་རིག་འཛིན་པདྨའི་དཀྱིལ་འཁོར་དུ༔ མཚོ་སྐྱེས་རྡོ་རྗེའི་བཀའ་ཉན་ཐ་ཚིག་བདག༔ མགོན་པོ་ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ དྲེགས་ཆེན་སུམ་ཅུ་སྡེ་བརྒྱད་དཀར་ཕྱོགས་སྐྱོང༔ བསྟན་མ་བཅུ་གཉིས་དགེ་བསྙེན་གིང་ལང་ཀ༔ དབང་ཕྱུག་ཉེར་བརྒྱད་ལྷག་མའི་མགྲོན་གྱི་ཚོགས༔ བཀའ་དང་དམ་ལ་གནས་ཀུན་ཚོགས་ལྷག་བཞེས༔ བྱང་ཆུབ་སྒྲུབ་པའི་བར་ཆད་དབྱིངས་སུ་སོལ༔ མི་མཐུན་གནོད་པའི་བྱད་མ་རྦོད་གཏོང་ཟློག༔ ཞིང་བཅུ་ཚང་བའི་དམ་ཉམས་རྡུལ་དུ་རློགས༔ མཐུ་དང་རྩལ་གྱི་དངོས་གྲུབ་སྩལ་དུ་གསོལ༔ བཛྲ་སརྦ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཚོགས་ཀྱི་སྨོན་ལམ་བདེན་པའི་ཚིག༔ ཧོ༔ རྩ་གསུམ་རིག་འཛིན་དཀྱིལ་འཁོར་དུ༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས༔ འདིར་འདུས་མཆེད་དང་ལྕམ་དྲལ་ཀུན༔ ཚོམ་བུ་གཅིག་ཏུ་ལྷུན་གྲུབ་ཤོག༔ ཨེ་ཝཾ་པདྨ་ཛྙཱ་ན་མཎྜ་ལ་ཨེ་མ་ཧོ༔ ཆོས་ཀུན་མཉམ་ཉིད་ངང་མདངས་བསྐྱང༔ ཚོགས་གཉིས་ཡེ་ཤེས་སྐུ་གཉིས་འགྲུབ༔ བསོད་ནམས་རི་རྒྱལ་ལྷུན་པོ་ཡིན༔ འབྲས་བུ་རང་བྱུང་སངས་རྒྱས་སོ༔ བྱ་སླ་ཚེགས་ཆུང་དོན་ཆེ་བ༔ འདི་ལས་ཟབ་རྒྱས་ཁམས་གསུམ་ན༔ དཀོན་པའི་མཆོག་དང་ཟབ་པའི་བཅུད༔ ཨོ་རྒྱན་ཐུགས་ལ་བརྣག་པའི་ཆོས༔ མཚོ་རྒྱལ་སྟངས་དཔྱལ་ཟུང་ལ་གཏད༔ མ་འོངས་ཨ་ཙར་སྤྲུལ་པའི་བུ༔ བྱང་སེམས་གཞན་ལ་ཕན་དེར་སྤྲོད༔ མ་གཟའ་དམ་གསུམ་མེལ་ཚེ་མཛོད༔ དེ་ཕྱིར་བསླུ་མེད་མཁའ་འགྲོའི་བརྡ༔ ཆོས་བདག་དམ་པའི་དཔལ་དུ་སྦྱིན༔ སྐལ་མེད་ལོག་ལྟ་ཅན་ལ་གསང༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཆོས་བདག་སྐྱེས་ཐོབ་སྤྲུལ་སྐུ་དམ་པས་བསྐུལ་ངོར་ཟོག་པོ་ས་ར་ཧི་ཏས་སྤེལ་བ་ཡོངས་ལ་དགེ༔