།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཉིས་མེད་ཀྱི་ལྟ་བ་ཐག་བཅད་པའི་ལེའུ་སྟེ་བརྒྱད་པའོ།། །།

༈ དེ་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རང་བྱུང་ཡེ་ཤེས་ངོ་བོ་རོ་གཅིག་པ། །མེ་ལོང་ནང་གི་གཟུགས་བརྙན་ཇི་བཞིན་དུ། །འཁོར་འདས་རོལ་བའི་རྩལ་ལས་གཞན་དུ་མེད། །གཏད་མེད་རང་ཤར་མེད་པ་གསལ་སྣང་ཙམ། །ཆོས་ཀུན་སྟོང་བའི་རང་བཞིན་རིག་པ་དག །གཉིས་མེད་མཉམ་པ་ཉིད་ཀྱི་རང་བཞིན་ནོ། །མ་གྲུབ་མི་འགགས་རིག་ངོར་སྣང་ཙམ་དང༌། །རྒྱུ་རྐྱེན་རྟེན་འབྲེལ་འཆར་ཚུལ་གཉིས་མེད་མཉམ། །འདི་ལྟར་སྣང་སྲིད་ཆོས་ཀུན་སྣང་ངོ་ཅོག །མེད་སྣང་ཇི་ལྟར་སྣང་རུང་གསལ་སྣང་ཙམ། །གཅིག་དང་དུ་བྲལ་རང་མཚན་རྡུལ་ཙམ་མེད། །རིག་ངོར་ཅི་ཤར་དབྱིངས་ལས་ཤར་བའི་ཕྱིར། །རིག་པ་རང་བྱུང་རིག་པའི་ཆོ་འཕྲུལ་ལོ། །ཆོས་ཀུན་བྱང་སེམས་ཀློང་དུ་ངོ་བོ་གཅིག །ཐམས་ཅད་སེམས་སུ་འདོད་པ་ཤིན་ཏུ་འཁྲུལ། །རྩལ་དང་རོལ་བ་བྱང་ཆུབ་སེམས་དང་གསུམ། །ནམ་མཁའ་དག་པའི་མེ་ལོང་ཤར་བའི་ཆོས། །མཚོན་དཔེ་གསུམ་གྱིས་གཏན་ལ་ཕབ་པ་འོ། །བྱང་སེམས་ཀུན་གྱི་གཞི་གྱུར་ཐོག་མའི་ཁམས། །འཆར་ཚུལ་མ་འགགས་རྩལ་དང་རོལ་བ་ཤར། །ངོ་བོ་གཅིག་དང་ཐ་དད་ཆོས་ལས་འདས། །སྣང་ཚུལ་ཐ་སྙད་གསུམ་དུ་བརྗོད་པ་སྟེ། །དེ་ལྟར་འཁོར་འདས་རྣམ་བཞག་མེད་སྣང་ཙམ། །མ་འགགས་འཇོག་པ་གཞན་ལས་ཁྱད་པར་ཞུགས། །རིག་འཕྲུལ་ཆོས་ཀུན་རིས་མེད་མཉམ་པ་ཉིད། །ཡོད་མེད་མཐའ་ལས་འདས་པའི་ཟུང་འཇུག་ལམ། །སྒྱུ་མ་ཇི་བཞིན་སྤང་བླང་བཟང་ངན་སོགས། །མ་འགགས་སྣང་བ་ཤར་བའི་རང་བཞིན་མཚར། །འཁོར་བ་མྱང་འདས་ཆོས་རྣམས་ཐམས་ཅད་ཀུན། །མེད་པར་སྣང་བའི་རོལ་བར་ངེས་ཤེས་ཏེ། །དག་མཉམ་ངོ་བོ་གཉིས་སུ་མེད་པ་འོ། །ཆོས་ཉིད་དོན་ལ་ཆོས་ཅན་མཚར་རོ་ཆེ། །ཡོད་མེད་ལས་འདས་སྣ་ཚོགས་སྣང་བར་ཤར། །དོན་ལ་མེད་ཀྱང་འཛིན་པས་ཉོན་མོངས་བྱེད། །མེད་སྣང་བདག་ཏུ་འཛིན་པས་ཨ་རེ་འཁྲུལ། །ཕྱི་ནང་རང་བཞིན་སྟོང་བའི་སྒྱུ་མ་ཙམ། །མི་མཁས་བྱིས་པས་རང་མཚན་དོན་དུ་ཞེན། །མེད་པ་ཡོད་པར་འཛིན་པས་སྒྲོ་རེ་བཏགས། །མ་འཁྲུལ་འཁྲུལ་བར་འཛིན་པས་སྲིད་པར་འཁྱམས། །ཅོལ་ཆུང་འཁྲུལ་བའི་སེམས་ཀྱི་རྗེས་འབྲངས་ནས། །སྐད་ཅིག་གཅིག་ལ་རང་དོན་མི་ཤེས་པར། །རྒྱུན་ཆགས་འཁྲུལ་བའི་སེམས་ཀྱིས་དུས་འདས་ཏེ། །སྐད་ཅིག་ཐེངས་ཅིག་ཡུད་ཙམ་ཉིན་ཞག་དང༌། །ཉིན་ཞག་རེ་དང་ཟླ་བ་ལོ་རེ་འཁྲུལ། །འོན་ཀྱང་ཆོས་སྐུའི་རིམ་པ་མཁའ་ལྟར་དག །སེམས་ཅན་རྣམས་ཀྱིས་འཁྲུལ་སྣང་རང་མཚན་ཞེན། །རྣལ་འབྱོར་པ་ལ་སྒྱུ་མའི་རྩེད་མོ་ཙམ། །ངོ་བོ་འཁྲུལ་དང་མ་འཁྲུལ་ཆོས་ལས་འདས། །རང་གསལ་ཟང་ཐལ་རྗེན་པ་ཆོས་སྐུ་རུ། །སྲིད་པར་འཁྲུལ་སྣང་རང་སངས་རང་སྟོང་ངོ༌། །ཕྱི་ནང་ཡུལ་མེད་ནང་འཛིན་རྟེན་གཞི་བྲལ། །ངོས་བཟུང་མཐའ་ལས་འདས་པའི་རང་སེམས་གཤིས། །རང་བཞིན་རང་སངས་དྲན་པར་རང་སར་དག །བག་ཆགས་ཡུལ་དང་སྣང་བའི་གཏད་སོ་བྲལ། །གཟུང་འཛིན་གཞི་མེད་རྩ་བྲལ་རྟོགས་པས་རིག །རང་བྱུང་ཡེ་ཤེས་བཏགས་ཀྱང་དོན་ལ་སྟོང༌། །ཕྱི་ནང་མེད་པས་ནང་གི་སེམས་ཉིད་མེད། །རང་བཞིན་མེད་པ་རང་རིག་གཏན་ནས་བྲལ། །གཟུང་འཛིན་ཡོད་མ་མྱོང་བས་བྲལ་འབྲས་སྟོང༌། །ཚོར་བ་མིང་མེད་མྱོང་བ་གཉིས་མེད་སྟོང༌། །སེམས་དང་སེམས་བྱུང་མེད་པས་སེམས་ཉིད་སྟོང༌། །གསལ་དང་མི་གསལ་མེད་པས་མ་གྲུབ་སྟོང༌། །རང་སངས་བརྗོད་མེད་རྫོགས་པ་ཆེན་པོས་སྟོང༌། །རང་བྱུང་ཡེ་ཤེས་བྱང་སེམས་ཆོས་ཀྱི་སྐུ། །ཆོས་དབྱིངས་ལྷུན་གྲུབ་རིག་པ་ཇི་བཏགས་ཀྱང༌། །བཏགས་ཤིང་ངོ་བོ་མེད་པ་ཁོ་ན་འོ། །དབུ་མའི་སྟོང་ཙམ་ལུགས་འདིར་ཟང་ཐལ་གྱིས། །མ་གྲུབ་མི་འགགས་རིག་ཙམ་གཞིར་བྱས་ནས། །ཤར་བའི་ཆོས་རྣམས་མཐའ་གྲོལ་གཏན་ལ་འབེབས། །གཏད་མེད་ཡོངས་གྲོལ་ཆེན་པོའི་རྣལ་འབྱོར་པས། །རང་གིས་རྟོགས་པའི་དུས་ནས་གཞན་ཀུན་གྱི། །སྣང་བ་རྟོགས་རུང་སྒྱུ་མའི་ལྟད་མོ་ལ། །རྒྱུས་ཡོད་མི་བཞིན་མཐོང་ཐོས་དྲན་རེག་ཀུན། །གཏད་མེད་སྟོང་བ་སྟོང་བ་གཏད་ཡལ་བ། །རིག་པ་ཕྱམ་བདལ་བྱུང་ཚོར་སྤུན་དག་ཆད། །ཤེས་པ་རང་སངས་བྱ་བྱེད་ཟང་མ་ཐལ། །རང་ཉིད་རྒོད་འཆོར་གཞན་ལ་སྨྱོ་འམ་སྙམ། །དམིགས་མེད་སྙིང་རྗེའི་རང་ཤར་རྡོ་རྗེའི་གླུ། །གཏད་མེད་སྤྱོད་པའི་ཞེན་མེད་རིག་པ་སྟོན། །ཟང་མ་ཐལ་དུ་སྣང་བ་དུས་གཅིག་ཤར། །གཟུང་འཛིན་རང་ལོག་ཆོས་སྐུ་ཁོང་ནས་ཤར། །བདག་འཛིན་ཡུལ་མེད་ཞེན་ཡུལ་ཆོས་སྐུར་ཤར། །ཞེན་འཛིན་མཐའ་གྲོལ་ཀློང་ཡངས་རིག་པར་ཤར། །རྟོགས་པ་ཁོང་ཤར་སྣང་བ་གཏད་མེད་དང༌། །ཉིན་མཚན་ཁོར་ཡུག་ཆོས་སྐུའི་ལུག་རྒྱུད་ཤར། །དགྲ་གཉེན་ཆགས་སྡང་གཏན་བྲལ་ཆོས་ཉིད་ཤར། །བླང་དོར་ཕྱོགས་རིས་མེད་པས་ཉོན་སྒྲིབ་བྲལ། །གཉེན་པོ་མཆོག་འཛིན་མེད་པས་ཤེས་སྒྲིབ་དག །མ་ཕྱིན་ཆོས་ཟད་གདོད་མའི་གཞི་ལ་ཐུག །རང་བྱུང་ཀུན་བཟང་དགོངས་པར་འཁོར་འདས་གྲོལ། །ཆིག་ཆོད་རྟོགས་པའི་རིག་པ་རྗེན་ལ་བུད། །འཁོར་འདས་བཟང་ངན་ཞེན་རྟོག་རིག་པར་དག །ཉོན་མོངས་རྣམ་རྟོག་གཞི་གྲོལ་ཆོས་ཉིད་ཟད། །འཁོར་འདས་རྒྱ་རལ་ཕྱལ་མེད་རྣལ་དུ་འབྱོར། །འདི་དུས་གང་ཤར་ཉོན་མོངས་ཕྱམ་བདལ་གྲོལ། །གཞན་ངོར་ཉོན་མོངས་ལྟར་སྣང་ཚོར་བ་མངོན། །རྣལ་འབྱོར་པ་ལ་ཟང་ཐལ་ནམ་མཁའ་བཞིན། །དགེ་སྡིག་དྲི་མ་ལས་འདས་བཅིངས་གྲོལ་མེད། །དོན་དེར་མ་སླེབས་དགེ་སྡིག་ལས་ཀྱིས་སྒྲིབ། །རང་ཉམས་མི་དཔག་སྟོང་ལྟའི་ཁ་རྦད་དང༌། །བློས་བྱས་རྟོག་གེའི་རིགས་པའི་ཡིད་དཔྱོད་ཀྱིས། །རྟག་ཆད་གདངས་སུ་འཆའ་བ་དེང་སང་མང༌། །རང་བྱུང་འཕོ་འགྱུར་བྲལ་བའི་ཆོས་ཀྱི་དབྱིངས། །སེམས་ཉིད་ཆོས་ཉིད་བྱེད་མེད་དོན་ལ་གོམས། །སྦྱངས་སྟོབས་ཁོང་ནས་འཆར་བ་ཆོས་སྐུའི་རྫོང༌། །ངོ་བོ་མཐའ་བྲལ་རྟོགས་པ་རང་གྲོལ་རྒྱུ། །འབྲས་བུ་རང་སངས་རྣམ་དག་ལྷུན་གྱིས་གྲུབ། །རང་བྱུང་ཆོས་སྐུ་རྟོགས་དང་མ་རྟོགས་ཚད། །ཞེན་ཆ་རིག་པར་ཡོད་དང་མེད་པས་ཕྱེ། །ནམ་མཁའ་དག་དང་མ་དག་སྤྲིན་བཞིན་ནོ། །མདོར་ན་ཞེན་འཛིན་བྲལ་བས་གནས་ལུགས་རྟོགས། །གང་ལ་ཞེན་འཛིན་བླང་དོར་མི་འཆའ་ཞིང༌། །ཆོས་དང་ཆོས་མིན་བྱེད་ཀྱང་ཕྱོགས་རིས་བྲལ། །ལྟ་སྒོམ་སྤྱོད་འབྲས་འཛིན་པ་མི་དམིགས་པ། །རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་རོ། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཉིས་མེད་ཀྱི་ལྟ་བ་ཐག་བཅད་པའི་ལེའུ་སྟེ་བརྒྱད་པའོ།། །།