དབང་གི་བསྟོད་བསྐུལ།

དབང་གི་བསྟོད་བསྐུལ་བཞུགས། །ཛཿ འགྲོ་ལ་ཆགས་པས་རྗེས་ཆགས་ལི་ཁྲིའི་རི། །བརྒྱ་སྟོང་གཅིག་ཏུ་ཞུ་བའི་ནུས་པའི་མཚོ། །གསང་ཆེན་གནམ་གྱི་དབྱིངས་སུ་འཁྲིལ་གྱུར་པ། །འབུམ་ཕྲག་ཉིན་མོར་བྱེད་པ་ཟིལ་གནོན་འོད།། ཏིང་འཛིན་བྱེ་བ་སྙེད་དུ་ཆེར་བརྡལ་བ། ཀུན་གསལ་ཁོང་པར་ཤོང་དཀའ་སྣང་བའི་མཐའ། །དཔག་ཡས་མགོན་པོ་སྔོན་མེད་འདིར་བྱོན་པ། །པདྨའི་རིགས་རྣམས་ཀུན་གྱི་གཙུག་གི་གཉེན།། རིག་པ་དྲག་པོའི་དྲོད་ཀྱིས་ས་འོག་ས། །ས་བླ་དབང་པོར་བཅས་པའི་ཁེངས་པའི་གངས། །དབང་བྲལ་ཆུ་རུ་བསྒྱུར་བའི་སྤྲོ་བསྡུ་ཅན། །ཐམས་ཅད་འགུགས་བྱེད་ཛ་ཡིག་ལྕགས་ཀྱུ་ཆེ།། འཆིང་བྱེད་ཧཱུྃ་ཞེས་ཞགས་པར་འཁྱིལ་པའི་བྱིན། །དབང་དུ་བྱེད་པའི་བཾ་དངོས་ལྕགས་སྒྲོག་གཟི། །རོ་མཉམ་བསྒྱུར་བྱེད་དྲིལ་བུ་ཆེན་པོའི་བརྗིད། །དཔལ་ཆེན་ཞི་ཁྲོ་རྒྱལ་བའི་ཕྱག་རྒྱ་བཞི།། དཔུང་པས་སྙེམས་པའི་ཡིད་སྲུབ་རྣམས་བཅིངས་ནས། །འདོད་པའི་ཡོན་ཏན་ཀུན་ཕྲོགས་སྒྲུབ་པ་པོའི། །ལོངས་སྤྱོད་ཆེན་པོར་སྦྱོར་བའི་ཤུགས་དྲག་པོས། །རྣལ་འབྱོར་གནས་ལ་གནས་པའི་འབྱོར་བའི་དཔྱིད།། རྣམ་སྲས་དཔལ་དང་དཔལ་དེར་སྙམ་པ་ཀུན། །འདི་ན་རི་རབ་རི་ཕྲན་བསྒྲིགས་པ་བཞིན། །བརྟགས་ཀྱིན་གང་ལ་གང་གིས་འགྲན་མེད་སྦྱིན། །དེ་ཕྱིར་རྣམ་པར་དད་པའི་ཕྱོགས་ཀུན་གྱི།། ཡན་ལག་མཆོག་གི་ཞིང་དུ་སྙིམ་པ་ཡི། །མེ་ཏོག་འབུས་བྱས་བརྗིད་ཀྱིས་ལུས་འདུད་པ། །ཁྱོད་ཞབས་འཁོར་ལོ་འདེགས་སུ་སྦྱར་ལ་གུས། །གང་ཞིག་རྒྱལ་དབང་རྣམས་ཀྱང་ཆོས་ཀྱི་དབྱངས།། སྙན་པར་དགོངས་ནས་གསན་པ་དེ་ལྟ་བུ། །གཞན་དོན་གཡེལ་རྒྱུ་མེད་པ་ཁྱོད་ལ་ནི། །ཡང་ཡང་བསྐུལ་བའང་དེ་བཞིན་ལགས་སོ་སེམས། །དེ་ཕྱིར་ཁྱོད་སྙན་བསུན་འབྱིན་མི་འགྱུར་ཞིང་། །བདག་ཀྱང་བག་མེད་གྱུར་ནས་མ་ཡིན་གྱི། །བསྟན་ཆེད་སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །ཁམས་གསུམ་བདག་དབང་འདུ་བའི་དངོས་གྲུབ་ཞུ། །སློང་བ་ཐམས་ཅད་ངོ་ཟུམ་མི་འཇུག་པ། །ཁྱོད་མིན་ཡོངས་འདུའི་དཔག་བསམ་གཞན་ནི་སུ། །མཆོད་ཅིང་གསོལ་བ་བཏབ་པས་དོན་འགྲུབ་པའི། །ཡིད་བཞིན་ནོར་བུའང་ཉིད་ཀ་གཉིས་པ་ཅི། །འདོད་ཀུན་འབྱུང་བའི་བུམ་པ་བཟང་པོའང་། །མཁས་པས་ཁྱོད་ལ་སྙན་ངག་བྱས་པ་སྟེ། །གང་ཁྱོད་རྩོལ་པས་བསྙེན་ནུས་དེ་དག་ལ། །ཕུན་ཚོགས་ཀུན་འབྱུང་རྒྱ་མཚོའི་དབང་ཕྱུག་གོ །ཁྱོད་ཀྱི་མཛད་སྤྱོད་མཐོ་ལ་ཉེ་བ་མེད། །དམའ་ལ་མི་ཞན་ཀུན་ལ་མ་འདྲར་བྱམས། །འོན་ཀྱང་མངོན་སུམ་འཚལ་ལམ་མ་འཚལ་བ། །རང་གི་སྐལ་བ་ཉིད་ལ་གཅིག་ཏུ་རག །གལ་ཏེ་བདག་ནི་བསོད་ནམས་ཞན་དབང་གིས། །ཁྱོད་ཀྱིས་འཕྲལ་དུ་རྗེས་འཛིན་དཀའ་སྲིད་ཀྱང་། །ད་ནི་དད་པས་གསོལ་བཏབ་སྐད་ཅིག་རེར། །བསོད་ནམས་དཔག་མེད་སྐྱེས་ཀྱི་ཐུགས་རྗེས་གཟིགས། །སྔོན་ཆད་སྡིག་མང་བགྱིས་པས་བདག་ནོངས་ན། །ནོངས་པ་ཉིད་ལ་ཐུགས་རྗེ་ཆེར་འཛིན་པར། །ཁྱོད་ཀྱི་རྒྱལ་བའི་སྤྱན་སྔར་དམ་བཅས་ཞེས། །བདག་གི་རྣ་བའི་དབང་པོས་བདུད་རྩིར་བླངས། །དེ་ཕྱིར་བྱམས་པའི་དགུང་སྔོན་ཆེན་པོའི་ཀློང་། །རྩ་གསུམ་རྒྱ་མཚོའི་ཁ་རླངས་སྦྱར་ནས་སུ། །ས་གསུམ་རྨ་བྱའི་སྡེ་ཆེ་མྱོས་བྱས་ནས། །དབང་སྡུད་འཕྲིན་ལས་སྦྱར་འདི་སྒྲུབ་ཏུ་གསོལ། །ཅེས་མགོན་པོ་ཕྱག་བཞི་པ་དབང་གི་ལས་ལ་བསྐུལ་བ་པདྨ་དཀར་པོས་སྦྱར་བའོ།། །།