གནས་ཀྱི་མཚན་ཉིད།དྲུག་པ་གནས་ཀྱི་མཚན་ཉིད་ནི། སྤྱིར་ཆོས་སྒྲུབ་པའི་གནས་དབེན་ཞིང་ཡིད་དང་མཐུན་པ། ཆོམ་རྐུན་ལ་སོགས་པའི་འཚེ་བ་མེད་པ། མཐུན་རྐྱེན་བསྒྲུབ་པར་སླ་ཞིང་རྣམ་གཡེང་ཤས་ཆུང་བ། ཡུལ་ཕྱོགས་རང་བཞིན་དགེ་ཞིང་ས་དགྲ་དང་ལམ་དགྲ་མེད་པ། གྲུབ་ཐོབ་གོང་མ་རྣམས་ཀྱི་ཞབས་ཀྱིས་བཅགས་ཤིང་གྲུབ་པ་བརྙེས་པའི་བཞུགས་གནས་གངས་རིའམ། མཚོ་གླིང་ངམ། རི་སུལ་ལམ། ནགས་ཁྲོད་དམ། ལུང་སྟོང་ངམ། བྲག་རྫོང་ལ་སོགས་པ་བཟང་ཞིང་། ཁྱད་པར་ཡང་། གསང་བ་སྙིང་ཐིག་ཉམས་སུ་ལེན་པའི་གནས་ནི་རང་བཞིན་གྱིས་རིག་པ་དྭངས་ཤིང་ས་ཕྱོགས་མཐོ་བ། ཤར་གྱི་མདངས་ཕྲོག་ཅིང་། ནུབ་ཀྱི་ཟེར་སྡུད་པ། ཉི་ཚེ་རིང་ཞིང་སྔ་མོར་འཆར་བ། ཆུ་འཇམ་ཞིང་སྡོད་བདེ་བ། འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བའི་ལུང་སྟོང་ངམ། གངས་རིའམ། རི་རྩེའམ། དུར་ཁྲོད་དམ། བྲག་རྫོང་ལ་སོགས་པ་བཟང་སྟེ། ཀློང་གསལ་ལས། ལུང་སྟོང་གངས་ཁྲོད་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུས་ཉམས་ལེན་བྱེད་པའི་གནས། །ཞེས་སོ། །དེའང་ལུང་སྟོང་ནི་དགེ་སྦྱོར་རང་བཞིན་གྱིས་འཕེལ་བའོ། །གངས་ཁྲོད་ནི་རིག་པ་དྭངས་པའོ། །རི་རྩེ་ནི་རིག་པ་(༡༤)གསལ་བའོ། །དུར་ཁྲོད་ནི་སྐྱོ་ཤས་སྐྱེ་བའོ། །ཤིན་ཏུ་དབེན་པ་ནི་ཉམས་འཕེལ་བའོ། །དྭངས་ཤིང་མཐོ་བ་ནི་དབྱིངས་རིག་གསལ་བའོ། །གནས་ཁྱད་པར་ཅན་དེར་ཕྱིན་པས། གནས་སྐབས་སུ་དགེ་སྦྱོར་ངང་གིས་འཕེལ་ཞིང་མཐར་ཐུག་དབྱིངས་རིག་ལ་བརྟན་པ་མྱུར་དུ་ཐོབ་པའི་དགོས་པ་ཡོད་དེ། དེ་ཉིད་ལས། བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ། །ཅེས་སོ། །དེ་ལས་ལྡོག་པའི་གནས་སུ་ཕྱིན་པའི་སྐྱོན་ཡང་། སྔ་མ་ལས། མཚན་ལྡན་གནས་བྲལ་རྐྱེན་དབང་ཉིད་དུ་འགྱུར། །ཞེས་སོ།། །། |