ལྷ་མོ་རིག་བྱེད་མའི་བསྟོད་པ་སྲིད་ཞིའི་ལེགས་ཚོགས་འགུགས་པའི་ལྕག་ཀྱུ།

བླ་མ་ལ་ཕྱག་འཚལ་ལོ། །གསུང་གི་རྡོ་རྗེའི་དམིགས་མེད་སྙིང་རྗེའི་མདངས། །ངོ་མཚར་ཉམས་བརྒྱས་སྒེག་པ་ལྷ་མོའི་སྐུར། །ཡོངས་ཤར་བྱེ་རུའི་མདངས་འཛིན་ལྷག་པའི་ལྷ། །རྗེ་བཙུན་རིག་བྱེད་མ་ལ་ཕྱག་འཚལ་ལོ། །ཉེས་པས་མ་གོས་ཐབས་ཀྱི་པདྨའི་སྟེང་། །ཉོན་མོངས་མུན་སེལ་ཤེས་རབ་འོད་སྟོང་བདག །བདག་འཛིན་བདུད་བཅོམ་མི་རོའི་གདན་སྟེང་ན། །རབ་མཛེས་གར་གྱིས་རོལ་བ་ཁྱོད་ལ་བསྟོད། །རྟོག་པའི་གྲྭ་ཟུར་སྤངས་པའི་ཆོས་ཉིད་ཀྱི། །གནས་ལས་མངོན་སུམ་རྟོགས་པའི་འཛུམ་པའི་ཞལ། །དཀར་གསལ་ཡིད་འོང་ཚེམས་ཀྱིས་ཕྲེང་བ་དང་། །བདུད་འཇོམས་མཆེ་བའི་མྱུ་གུའི་མཛེས་ལ་བསྟོད། །སྟོང་ཉིད་བཅུ་ཅུག་ལང་ཚོ་དང་བའི་གཟིས། །ལྷར་བཅས་ཡིད་ཀྱི་བརྟན་པ་འཕྲོག་བྱེད་ཅིང་། །འགྲོ་ལ་རྗེས་ཆགས་ཚངས་པའི་གནས་པ་བཞིའི། །ཕྱག་གིས་འགྲོ་བ་རྗེས་སུ་འཛིན་ལ་བསྟོད། །དུས་གསུམ་སྒྲིབ་མེད་གཟིགས་པའི་ཡེ་ཤེས་ཀྱི། །སྤྱན་གསུམ་རྣམ་པར་བཀྲ་བའི་ཟུར་མིག་གིས། །ཁམས་གསུམ་འགྲོ་ལ་རྟག་པར་ཉེར་དགོངས་པ། །ཐུགས་རྗེའི་དབང་ཕྱུག་འཕགས་མ་ཁྱོད་ལ་བསྟོད། །དམར་སྣུམ་གྱེན་དུ་བསྐྱོད་པའི་དབུ་སྐྲ་ཡིས། །མཁའ་དབྱིངས་མཛེས་པར་བྱེད་པའི་སྣང་ཚུལ་འདིས། །རྒྱལ་བ་རྒྱལ་མཚོའི་རྗེས་འགྲོའི་ཡོན་ཏན་གྱི། །མངོན་རྟོགས་འགྲོ་ལ་ངོམས་པ་ཁྱོད་ལ་བསྟོད། །མཚན་རྟོག་འཁྲུལ་པ་གཅིག་ཅར་ཟ་བ་ལ། །རིངས་པའིི་སྟབས་ཀྱིས་ཡུན་ཙམ་ཁྲོས་ན་ཡང་། །བརྩེ་བས་རྗེས་ཆགས་ནམ་ཡང་མི་འདོར་བའི། །མཐོང་བས་ཡིད་འཕྲོག་ལྷ་མོ་ཁྱོད་ལ་བསྟོད། །ཉོན་མོངས་མ་སྤངས་རང་ངོ་ཡེ་ཤེས་སུ། །མཐོང་བའི་རང་མདངས་ཐོད་པའི་ཅོད་པན་དང་། །ཕུང་པོའི་དག་པ་བདེ་གཤེགས་རིགས་ལྔའི་ལྷར། །མཚོན་བྱེད་ཕྱག་རྒྱས་སྤྲས་པ་ཁྱོད་ལ་བསྟོད། །རྟེན་འབྲེལ་གཙོ་བོ་ནང་གི་རྩ་ཡིག་གི། །ཐ་མལ་སྣང་བ་དབྱིངས་སུ་དག་པའི་བརྡར། །མགོ་རློན་ལྔ་བཅུའི་ཕྲེང་བ་དོ་ཤལ་གྱིས། །བརྒྱན་པའི་བདུད་འཇོམས་ལྷ་མོ་ཁྱོད་ལ་བསྟོད། །རྣམ་ཀུན་མཆོག་ལྡན་སྟོང་པའི་གཞུ་བདུངས་ཏེ། །ཀུན་ཁྱབ་རིས་བྲལ་སྙིང་རྗེའི་མདའ་དང་བཅས། །ཟུང་འཇུག་ཐབས་མཁས་ཕྱག་གིས་ལེགས་བསྐུལ་བས། །ཁམས་གསུམ་དབང་སྡུད་ལྷ་མོ་ཁྱོད་ལ་བསྟོད། །ཤེས་རབ་ལྕགས་ཀྱུས་ཞི་བའི་ཡོན་ཏན་འགུགས། །སྙིང་རྗེའི་ཞགས་པས་འགྲོ་བ་རྗེས་སུ་འཛིན། །ཐབས་ཤེས་ཟུང་འཇུག་ཞབས་ཀྱི་སྟངས་སྟབས་ཀྱིས། །སྲིད་ཞིའི་རྒུད་སེལ་ལྷ་མོ་ཁྱོད་ལ་བསྟོད། །དད་ལྡན་སྒྲུབ་ལ་དངོས་གྲུབ་སྟེར་བའི་ཕྱིར། །སིལ་ཁྲོལ་སྒྲ་འབྱིན་རཏྣའི་རྒྱན་གྱིས་ཀླུབས། །གདུག་ཅན་དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིར། །སྣམ་དཀྲིས་སྟག་གི་པགས་པས་མཛེས་ལ་བསྟོད། །སྲིད་པའི་མུན་པས་གཞར་ཡང་མ་གོས་ཤིང་། །མཁྱེན་བརྩེ་ནུས་པའི་གཟི་བྱིན་སྟོང་འབར་བས། །རྣམ་གསལ་ཉི་མའི་རྒྱབ་ཡོལ་མཛད་པ་ཡི། །ཡེ་ཤེས་སྐུ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །གནས་གསུམ་མཁའ་འགྲོའི་གཙོ་མོ་རྗེ་བཙུན་མའི། །གསང་གསུམ་ཡོན་ཏན་ཡིད་ལ་དྲན་པའི་བློས། །སྒོ་གསུམ་གུས་པས་ཁྱོད་ལ་སྐྱབས་སུ་མཆི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདུད་རྩིའི་ཆུས། །ལུས་ངག་ཡིད་ཀྱི་དྲི་མ་ཀུན་སྦྱངས་ནས། །ལྷ་སྔགས་ཡེ་ཤེས་ངང་ལས་མི་གཡོ་བའི། །ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་འཕགས་མ་ཐུགས་རྗེའི་དབང་ཕྱུག་གིས། །སྒྲིབ་བྲལ་ཡེ་ཤེས་གཟིགས་པས་འཚོ་བཞིན་དུ། །དུས་ཀུན་བདག་ནི་སྐྱོང་བར་བྱིན་གྱིས་རློབས། །མ་རིག་དབང་གིས་སྲིད་པའི་འཚོར་ལྷུང་སྟེ། །ལས་དབང་བཙན་པོའི་ཆད་པས་མནར་བ་བདག །རྣམ་རྟོག་འཁྲུལ་བའི་དབང་དུ་མི་འགྲོ་བར། །རང་སེམས་དབང་དུ་འདུ་བར་བྱིན་གྱིས་རློབས། །གཞན་དབང་བདུད་བཞིའི་འཆིང་བ་ལས་གྲོལ་ནས། །རང་སྣང་དབང་དུ་འདུས་པའི་རྟེན་འབྲེལ་གྱིས། །ལྷ་དང་ལྷ་མིན་མི་དབང་མཐུ་ཆེན་སོགས། །མ་ལུས་དབང་དུ་འདུ་བར་བྱིན་གྱིས་རློབས། །གསོག་འཇོག་རྩོལ་གྲུབ་དྲི་མས་མ་གོས་པའི། །ཏིང་འཛིན་ནམ་མཁའ་མཛོད་ལ་དབང་འབྱོར་བས། །བརྩེ་བའི་ལག་བརྐྱངས་སྦྱིན་པའི་དགའ་སྟོན་གྱིས། །ཕོངས་པའི་རེ་བ་སྐོང་བར་བྱིན་གྱིས་རློབས། །རྨོངས་པའི་དབང་གིས་ཉམ་ཐག་གྱུར་པ་ལ། །བརྩེ་བའི་དབང་གིས་ཆོས་སྦྱིན་ལེགས་སྤེལ་བས། །རྟེན་འབྲེལ་དབང་གིས་ཐེག་མཆོག་སྣོད་གྱུར་ཏེ། །ཐུབ་དབང་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཁྱད་པར་གྲུབ་པའི་དབང་ཕྱུག་ས་སྐྱ་བའི། །ཟབ་རྒྱས་ཆོས་ཀྱི་གསང་མཛོད་ལེགས་བཟུང་ནས། །བཤད་དང་སྒྲུབ་པའི་འཕྲིན་ལས་འོད་ཟེར་གྱིས། །གདུལ་བྱའི་པད་ཚལ་སྐྱོང་བར་བྱིན་གྱིས་རློབས། །གང་དུ་བདག་ཉིད་གནས་པའི་ས་ཕྱོགས་སུ། །མི་དང་མི་མིན་འབྱུང་པོའི་ཚོགས་རྣམས་ཀྱི། །ཕན་ཚུན་གནོད་པའི་བསམ་སྦྱོར་རབ་སྤངས་ཏེ། །སྡེ་འཁྲུགས་འཐབ་རྩོད་ཞི་བར་བྱིན་གྱིས་རློབས། །མདོར་ན་བདག་ཉིད་མཐོང་ཐོས་དྲན་རེག་གིས། །འགྲོ་བའི་བློ་སྣ་ཆོས་ལ་བསྒྱུར་ནས་ནི། །རྣམ་གྲོལ་ཐར་བའི་ས་བོན་འདེབས་ནུས་པའི། །ལྷུན་གྲུབ་ཕྲིན་ལས་རྒྱས་པར་བྱིན་རློབས། །དབང་བཅུའི་རྩལ་ལྡན་ལྷ་མོའི་བྱིན་རླབས་ཀྱིས། །དབང་གི་ཆུ་བོ་སྙིང་ལ་ལེགས་ཞུགས་པས། །དབང་ལས་བྱུང་བའི་ཉམས་མྱོང་ཡེ་ཤེས་ཀྱི། །དབང་དུ་ཆོས་ཀུན་འདུ་བར་བྱིན་གྱིས་རློབས། །དབང་གི་མདངས་ལྡན་རྒྱལ་ཡུམ་རིག་བྱེད་མའི། །དབང་བཞིའི་ལམ་བཟང་ཚུལ་བཞིན་བསྒོམ་པའི་མཐུས། །དབང་ཕྱུག་བརྒྱད་ལྡན་ཆོས་ཀྱི་རྒྱ་སྲིད་ལ། །དབང་བསྐུར་མྱུར་དུ་ཐོབས་པར་བྱིན་གྱིས་རློབས། །ཞེས་ལྷ་མོ་རིག་བྱེད་མའི་བསྟོད་པ་སྲིད་ཞིའི་ལེགས་ཚོགས་འགུགས་པའི་ལྕག་ཀྱུ་ཞེས་བྱབ་འདི་ནི། མང་དུ་ཐོས་པའི་རྣམ་འབྱོར་པ་ཀུན་དགའ་རྒྱལ་མཚན་གྱིས་བཀྲ་ཤིས་ཆོས་ལུང་རི་ཁྲོད་དུ་སྦྱར་བ་དགེ་ཞིང་བཀྲ་ཤིས།། །།