རིག་འཛིན་བླ་མའི་བསྐང་བསྡུས་ཀུན་བཟང་སྤྲིན་ཕུང་།

རིག་འཛིན་བླ་མའི་བསྐང་བསྡུས་ཀུན་བཟང་སྤྲིན་ཕུང་བཞུགས༔ བསྐང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ་ལ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ མ་བཅོས་སྤྲོས་པ་བྲལ་བའི་ཕོ་བྲང་ནས༔ ཀུན་བཟང་རྡོར་འཆང་ལྷ་ཚོགས་ཐུགས་དམ་བསྐང༔ ཏིང་འཛིན་མཆོག་ཏུ་མི་འགྱུར་ཞིང་ཁམས་ནས༔ ལོངས་སྐུ་རྒྱལ་བ་རིགས་ལྔའི་ཐུགས་དམ་བསྐང༔ སྙན་བརྒྱུད་འདུ་འབྲལ་མེད་པའི་ལམ་མཆོག་ནས༔ བརྒྱུད་གསུམ་བླ་མ་སྤྲུལ་པའི་ཐུགས་དམ་བསྐང༔ མཁའ་སྤྱོད་ཟངས་མདོག་དཔལ་རིའི་གཞལ་ཡས་ནས༔ ཨོ་རྒྱན་ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐང༔ མ་ཚོགས་ཌཱཀྐིའི་གར་གྱི་གནས་མཆོག་ནས༔ གུ་རུ་མཚན་བརྒྱད་སྒྲུབ་སྡེའི་ཐུགས་དམ་བསྐང༔ བསམ་ཡས་མི་འགྱུར་སྤྲུལ་པའི་གཙུག་ལག་ནས༔ རྗེ་འབངས་ཉི་ཤུ་རྩ་ལྔའི་ཐུགས་དམ་བསྐང༔ སྒྲགས་མདའ་དྷུ་མ་ཐ་ལའི་དབེན་གནས་ནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང༔ སྤྱི་གཙུག་བདེ་ཆེན་འཁོར་ལོའི་གདན་སྟེང་ནས༔ ཡོངས་འཛིན་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་གནས་ནས༔ དག་པ་རིག་འཛིན་རྒྱ་མཚོའི་ཐུགས་དམ་བསྐང༔ སྙིང་ག་ཆོས་ཀྱི་འཁོར་ལོའི་འོད་ཀློང་དུ༔ ཞི་ཁྲོ་དམ་པ་རིགས་བརྒྱའི་ཐུགས་དམ་བསྐང་༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་གཞལ་ཡས་ནས༔ གནས་གསུམ་མ་མོའི་མཁའ་འགྲོའི་ཐུགས་དམ་བསྐང་༔ གསང་གནས་བདེ་བ་ཆེན་པོའི་ཕོ་བྲང་ནས༔ རྡོ་རྗེ་ཕྲ་མེན་དྲུག་དང་ལེགས་ཉེས་ཀྱི༔ སྟངས་འཛིན་དམ་ཅན་སྲུང་མའི་ཐུགས་དམ་བསྐང༔ མདོར་ན་རང་བཞིན་འོག་མིན་མཁའ་སྤྱོད་ནས༔ རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཐུགས་དམ་བསྐང༔ དེ་ལྟར་ཐུགས་དམ་མཉེས་པའི་དམ་རྫས་ནི༔ ཕྱི་མཆོད་ཉེར་སྤྱོད་རྣམ་ལྔས་ཐུགས་དམ་བསྐང༔ ནང་མཆོད་སྨན་གཏོར་རཀྟས་ཐུགས་དམ་བསྐང༔ གསང་མཆོད་སྦྱོར་སྒྲོལ་ལྟ་བས་ཐུགས་དམ་བསྐང༔ མཆོད་བྱ་མཆོད་བྱེད་འཁོར་གསུམ་དག་པ་ཡི༔ རྣམ་པར་རྟོག་གསུམ་བྲལ་བས་ཐུགས་དམ་བསྐང༔ རྟོག་སྒྲིབ་ཉམས་ཆག་ཐམས་ཅད་བཤགས་པར་བགྱི༔ སྡོམ་གསུམ་འགལ་ཉམས་འདས་རལ་ཅི་མཆིས་བཤགས༔ ཉམས་པ་སོར་ཆུད་ཚངས་པའི་དངོས་གྲུབ་སྩོལ༔ གཞན་ནས་བྱུང་བའི་བཤགས་ཚིག་དང༔ ཡི་གེ་བརྒྱ་པ་ཅི་ནུས་བཟླ༔ དེས་ནི་སོ་བྱང་སྔགས་གསུམ་གྱི༔ ཉམས་ཆག་ཉེས་ལྟུང་ཀུན་བྱང་ཞིང༔ བཀྲ་ཤིས་བདེ་ལེགས་ལྷུན་གྱིས་གྲུབ༔ བསོད་ནམས་ཚོགས་གཉིས་མྱུར་རྫོགས་ཤིང༔ འཕོས་ཚེ་མཁའ་སྤྱོད་བདེ་ཆེན་བགྲོད༔ པདྨའི་སྲས་ཀྱི་ཐུ་བོར་གྱུར༔ ལོག་སྲེད་ཅན་ལ་གུ་ཧྱ་རྒྱ༔ སྐལ་བ་ལྡན་ལ་གཏོད་ཅིག་བུ༔ ཡང་གསང་མཁའ་འགྲོའི་བརྡ་ལས་སྣང༔ འབྲེལ་ཚད་འགྲོ་ལ་ཕན་ཐོགས་ཤོག༔ དེ་ནས་བརྡ་དང་བརྡ་ཡི་སྒོས༔ ཚོགས་ཀྱི་དྲང་འདྲེན་འདི་ལྟར་བྱ༔ དགའ་སྟོན་རིག་མས་མགྲིན་གླུ་ཡིས༔ ཀྱཻ་ཀྱཻ་རྡོ་རྗེ་སློབ་དཔོན་དགོངས༔ སྤང་བླང་དགག་སྒྲུབ་བྲལ་བ་ཡིས༔ གསང་སྔགས་ཐབས་ཀྱི་རྫས་མཆོག་འདི༔ རྡོ་རྗེ་རྒྱལ་པོས་བཞེས་སུ་གསོལ༔ བླ་མས་རྩེ་གསུམ་ཕྱག་རྒྱ་ཡིས༔ ཧོ༔ རིན་ཐང་མེད་ལ་ལེགས་པར་འོང༔ གཙང་དང་དམེ་བའི་རྟོག་པ་བྲལ༔ ཐབས་མཆོག་ཤ་ཆང་སྔགས་ཀྱི་རྫས༔ ཨ་ལ་ལ་ཧོ་ས་མ་ཡཱ༔ དེ་ནས་མཆེད་ལྕམ་ཡོངས་ལ་ནི༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོས་མཆོད༔ ལྷག་མ་ཕྱི་རུ་མགྲོན་ལ་བསྔོ༔ ས་མ་ཡཱ༔ ཞེས་འདི་རྟེན་འབྲེལ་བཟང་པོའི་དུས༔ ཆོས་ལ་དབང་བའི་ནིརྨ་ཀ༔ ཉིད་དང་ལུང་ཟིན་མཆེད་གྱུར་པའི༔ སློབ་བུ་དམ་པའི་བཞེད་སྐོང་དུ༔ རྣལ་འབྱོར་ས་ར་ཧི་ཏས་བྲིས༔ དུས་གསུམ་དགེ་བའི་ཤིས་པ་སྩོལ༔