རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ། རིག་འཛིན་འཇིགས་མེད་གླིང་བ།༄༅། །རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ་བཞུགས། དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས། །པདྨ་འབྱུང་གནས་ཐུགས་རྗེའི་བདག །མཐོན་མཐིང་རལ་བའི་ཅོད་པན་རྩེར། །བཞུགས་ལ་བདག་རྒྱུད་བྱིན་གྱིས་རློབས། །ཁྱེད་དད་པ་དམ་ཚིག་དང་ལྡན་ཞིང་སྙིང་ནས་ཆོས་དོན་དུ་གཉེར་བ་རྣམས་གསན་པར་ཞུ། ཐོག་མཐའ་མེད་པའི་འཁོར་བ་ནས་ལས་ངན་གྱིས་རྒྱུ་བྱས། རྐྱེན་ངན་གྱི་དབང་དུ་ཤོར། གང་ནས་བསམ་ཀྱང་ཡ་ང་ཞིང་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པའི་རིགས་དྲུག་བཙོན་པ་ཁྲི་མུན་དུ་བཅུག་པ་ལྟ་བུའི་གནས་སུ་ཁོར་ར་ཁོར་ཡུག་ཏུ་སྤྱོད་དགོས་པ་ཅི་ཡིས་ལན་མནོ་བསམ་ལེགས་པར་ཐོང་། ད་ལྟ་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། རྐྱེན་མི་འདོད་པ་ཕྲན་བུ་ལའང་བག་ཚ་ནས་བློ་མ་བདེ་སིང་སིང་། སྣང་བ་ཐམས་ཅད་དོགས་པར་འཆར་ནས་ཡི་ག་འཆུས་པ་འདྲ་ན་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་དུས་ཨ་ཙ་མ། ད་དེ་དག་ལས་ཐར་བའི་ཐབས་ནི་གཏན་གྱི་འདུན་མ་དམ་པའི་ཆོས་ཁོ་ན་བསྒྲུབ་པ་ལས་གཞན་ཅི་ཡང་མ་ཡིན། སྣང་བ་སྒྱུ་མ་ཡིན་ཟེར། ཉིན་མོར་རྟ་ཞོན། ཆང་བཏུང་། རྩེད་འཇོ་ལ་རོལ། དགོངས་མོ་རས་གཟན་གྱོན། སྦུད་པའི་དགང་སྟོང་འདྲ་བའི་རླུང་ཕིང་ཕིང་། ཌ་དྲིལ་ཁྲོལ་ཁྲོལ་གཅིག་པོས་སངས་མི་རྒྱ། འཁོར་བ་ལ་འཁྱམས་པའི་རྩ་བ་བདག་འཛིན་ཡིན་ཏེ། བཤེས་སྤྲིང་ལས། འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ། །ཐུབ་པའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱིད་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་པའི་བདག་འཛིན་ལ་མདོར་བསྡུ་ན། ཡུལ་མཁར་དང་ནོར་རྫས་ལ་ཞེན་ཅིང་ཆགས་ནས་ཆོས་ལ་ཕྱི་བཤོལ་བྱེད། ཁབ་དང་སྐུད་པ་རྙེད་ཀྱང་ལྷ་གསོལ། སྙུང་བུ་དང་ལྷམ་སྒྲོག་བོར་ཡང་སྙིང་འཁུམ་པ་དེ་ཚོ་ཕྱི་ཡི་བདག་འཛིན་ཡིན། ཆོས་ལ་ཕྱོགས་རིས་བཅད། རང་ཕྱོགས་ལྷ་རུ་མཐོང་། གཞན་ཕྱོགས་འདྲེ་རུ་འཛིན། རང་རྒྱུད་ཀྱི་ཡོན་ཏན་ལ་རྟོག་དཔྱོད་མི་གཏང་བར་ཤཱཀྱ་ཐུབ་པའི་གྲལ་མགོར་སྡོད་རྒྱུ་བྱུང་ཡང་ང་རང་ཨ་ཐོབ་ཡིན་བསམ་བྱེད་པ་དེ་ཚོ་ནང་གི་བདག་འཛིན་ཡིན། བསྐྱེད་རིམ་དངོས་ཞེན་ཅན། སེམས་བསྐྱེད་ཕྱོགས་རིས་ཅན། རྫོགས་རིམ་དམིགས་གཏད་ཅན། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཁ་ནས་ཟེར་རུང་སྟོང་པའི་ངོ་བོ་ལ་འདོད་སྲེད་ཅན་སྒེག་མོའི་ལུས་ལ་ཆགས་པ་བཞིན་དམ་སྲིང་ངེ་། ཐོམ་ཡོ་རེ་བལྟ་ཞིང་། ང་འདྲའི་ཐུགས་དམ་སུ་ལ་ཡོད་སྙམས་ནས་འདྲི་ས་དང་གླེང་ས་མེད་པས་མི་ཚེ་དོན་མེད་ལ་འཛད་པ་དེ་ཚོ་གསང་བའི་བདག་འཛིན་ཡིན། དེ་ཁྱེད་རྣམས་ལ་དྲང་པོར་གླེང་ན། ཡུལ་དང་ནོར་རྫས་ལ་སྲེད་པ་གཏིང་ནས་སྤངས་པ་ཞིག་བྱུང་ན་ཆོས་ཕྱེད་ཚར་བ་ཡིན། ངས་དང་པོར་ངེས་དོན་གྱི་སྒོར་ཞུགས་པ་ཙམ་ནས་བདག་འཛིན་མཆིལ་མའི་ཐལ་བ་བཞིན་དུ་འབོར་ནུས་པ་ཡོད་དེ། གནས་ལུགས་བཙན་ས་ཟིན། འཁོར་སློབ་འདུ་བའི་སྒོ་ཚུགས། གཞན་དོན་ནུས་པའི་ཁུངས་སུ་གྱུར་པ་ནས། གདུལ་བྱ་ཐབས་ཀྱིས་འདུལ་བའི་དགོངས་གཞི་དང་དགོངས་པ་མཐའ་ཡས་པ་བྱུང་ནས། འཕྲལ་གྱི་ཉེ་བར་སྤྱད་པ་འགའ་ཙམ་བདག་གིར་བཟུང་བ་ལས་གཏིང་ནོར་ཡིན་ཟེར། ན་ན་དགོས་ཟེར། ཤི་ན་སྤྱོད་ཟེར་བའི་ཕྱི་ཚིགས་རེ་དོགས་ལྷུར་ལེན་ཙམ་མ་བྱས་པར་གཙོ་བོར་དཀོན་མཆོག་ལ་མཆོད་པ། སེམས་ཅན་གྱི་སྲོག་བསླུ་བ། དགེ་འདུན་ལ་བསྙེན་བཀུར་བ། ཞར་ལ་ངན་སློང་ལ་སྦྱིན་པ་སོགས་ཤི་གསོན་གྱི་དངོས་པོ་གནས་མ་ཡིན་པར་ཆུད་འཛའ་བ་དང་། བུང་བའི་ཚང་གསོག་གསོག་བྱས་པ་མེད། མཛོད་རྒྱབ་ཁུར་མ་ཡིན་པ་ངེད་རང་ལ་བཅར་བ་རྣམས་ཞེ་མི་ཁྲེལ་པ་ཡིན་མོད། འཆི་བ་ཀུན་ལ་ཡོད་པས་ཐུགས་ལ་དགོངས་པར་མཛོད། ཆོས་ལ་ཕྱོགས་རིས་མེད་པས་ཐམས་ཅད་ལ་དག་སྣང་སྦྱང་ཅི་ཐོབ་ཞུས། ལྟད་མོ་ཀུན་ལ་བལྟས་པས་རང་ས་རང་ས་ན་ཟབ་པ་འདྲ་བ་རྐྱང་པ་འདུག་སྟེ་ལྟ་བ་རྫོགས་པ་ཆེན་པོས་ཆོག་པར་བྱུང་། རྩ་ལྟུང་དབྱིངས་ལ་བཞག་པ་ཡིན། ད་ཉམས་ལེན་གྱི་སྔོན་འགྲོ་དེ་དག་ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་བའི་སྟོང་སྐད་ཀྱིས་ཁྱད་དུ་མི་གསོད་པ་གཞིར་བཞག་ནས། དངོས་གཞིའི་སྐབས་དོན་ལ། མི་མེད་ཀྱི་ལུང་པར་བཤེས་མེད་རིག་པའི་གྲོགས་དང་འགྲོགས་ནས་གནས་ལུགས་མ་བཅོས་པའི་རྒྱུན་སྐྱོང་བར་དམ་བཅའ་བཟུང་། བཟང་ངན་དང་རེ་དོགས་ཀྱི་གཏམ་ལ་བདེན་འཛིན་དགག་བསྒྲུབ་མི་བྱེད་པར་མི་ཤི་བའི་ཤུལ་གྱི་གཏམ་བཞིན་ཅི་ལབ་ལབ་ཏུ་བཅུག །མི་ལུས་ཐོབ་པའི་དཀའ་ལུགས། ཆོས་དང་མཇལ་བའི་ཁག་ལུགས། མཚན་ལྡན་གྱི་བླ་མ་དཀོན་ལུགས། བདུད་ཀྱི་འཇུག་སྒོ་མང་ལུགས། ཚེ་ལ་ནམ་འཆི་མེད་ལུགས། འཇིག་རྟེན་ཁྱིམ་པའི་མནར་སྤྱོད་དང་སྡུག་བསྔལ་རྣམས་ལེགས་པར་བསམས་ནས་འཁོར་བ་ལ་སྐྱུགས་ལོག་པ་མཁྲིས་ནད་ཀྱིས་གདུངས་པ་ལ་བཙོ་ཟན་བྱིན་པ་ལྟ་བུ་ཞིག་དགོས། དེ་ལྟར་མ་ཡིན་པའི་གཏོ་འབོལ་བ། སྦྱིན་བདག་ལེགས་པ། གོས་དྲོ་བ། སྡོད་གནས་སྐྱིད་པ། གཏམ་སྙན་པ། མི་ཆོས་དང་མཐུན་པ་ཞིག་གི་སྟ་གོན་བྱེད་ཕན་ཆད་ཆོས་མ་བྱས་གོང་དུ་བདུད་འགྲུབ་ཚར་བ་ཡིན། ལར་མིག་རུ་ཟང་ཟང་དང་། རྟོགས་པ་མཐོ་མཐོ་མོའི་ཆོས་སྐད་བྱས་ཀྱང་བདག་འཛིན་དང་སྐྱིད་འདོད་ཀྱི་འགོང་བོ་མ་ཐུལ་ན་རྟགས་སྤྱོད་པས་སྟོན། ཚད་རྨི་ལམ་གྱིས་བཟུང་ཟེར་བ་ཡིན་པས་གོ་དགོས། སྡེ་དཔོན་ཆེན་པོས་ཕོག་ཟ་བ་འདི་ཡང་། གང་ལ་དབང་ཡོད་དེ་ལ་སྡིག་པ་ཡོད། །ཟེར་བ་ལྟར་དེ་ཚོའི་ནོར་དང་ཟང་ཟིང་གི་འབྱུང་ཁུངས་ལ་བསམ་མནོ་ལེགས་པར་བཏང་ན་རང་གི་དགེ་སྦྱོར་ལ་ཡར་སྐྱེད་འཕེལ་བ་ལྟ་ཞོག །དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། །ཟོས་དྲག་ན་ཐར་པའི་སྲོག་རྩ་གཅོད། །ཅེས་པ་ལྟར་མཐར་དམྱལ་བའི་གཏིང་རྡོ་ཆེན་པོར་མི་འགྱུར་བའི་ངེས་པ་མི་འདུག་པ་ལ་ལེགས་པར་གཞིགས་ཏེ་འཚོ་བ་བསོད་སྙོམས་ཙམ་ལ་བརྟེན་ནས་མིའི་ངོས་བཟུང་སྤང་། རྒྱལ་བ་གོང་མས་ལྟོ་ཚད་ལ་ཕབ། གཉིད་སྲང་ལ་བཅུར། རིག་པ་ཞུར་ལ་དྲངས། གསུངས་པ་ལྟར་ལྟོ་ཆས་འདི་ཡང་བཟའ་ཆེ་ན་ཉོན་མོངས་པ་ཤུགས་ཀྱིས་ལྡང་། ལྡེངས་ཚོད་ཀྱིས་མ་ལྡེངས་པས། རྔ་བརྡུང་། གླུད་གྱེར། གཏོ་ཡས་ལ་མགོ་འཁོར། འདི་མ་བྱས་ན་ལྟོ་མི་འདུག་ཟེར། སྲང་ཁའི་ཁྱི་ལས་ཀྱང་བྲེལ་ཚུབས་ཆེ་བར་སོང་གིས་དོགས་པས་ཚོད་ཟིན་པར་བྱ། ཆང་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས། ཕོར་པ་གང་ལས་མང་བར་མི་འཐུང་། ཤ་སྤོང་མ་ནུས་ན་རན་པར་བཟའ་ཞིང་ཟས་ཀྱི་རྣལ་འབྱོར་ལ་སྤྱོད་ཚུལ་ཁོ་བོའི་སྤྱོད་ཡུལ་ལམ་ཁྱེར་ལྟར་བྱ། གཏན་གྱི་དགེ་སྦྱོར་བྱེད་ལུགས་ལ་མཚོན་ན། གང་ཟག་དབང་པོ་རབ་འབྲིང་དང་། སོ་སོའི་འཁོས་བབས་ཀྱིས་གཅིག་ལ་ཚད་བཟུང་དཀའ་ཡང་། ཧ་ལམ་ངེད་ཀྱིས་དཔལ་གྱི་རི་བོར་ལོ་གསུམ་དང་ཟླ་བ་ལྔའི་བར་ལ་དཔེ་བྱས་ན། ཐོ་རེངས་ཕྱི་མཐའ་བྱས་པའི་གཉིད་ནམ་སད་ལ་མལ་ནས་ཧར་གྱིས་ལངས། རླུང་རོ་དགུ་ཕྲུགས་སུ་བུས་པས་རླུང་ཁམས་དྭངས་སྙིགས་ཕྱེད་པར་ཡོང་། དེ་ནས་སྔོན་འགྲོ་ཐོན་རྗེས་གསོལ་འདེབས་དྲག་པོ་གདུང་ཤུགས་མཆི་མ་ཐོན་པ་རེ་བྱས། ཐུན་མོང་མ་ཡིན་པའི་གྲོལ་ཐིག་སྙན་བརྒྱུད་རླུང་གི་རྫོགས་རིམ་ཚ་རྟིང་བར་ཐུན་གཅིག་ཏུ་བསྒོམ་པས་དང་པོ་རླུང་གི་ཟུག་གཟེར་ལ་སྙིང་རུས་བསྐྱེད་དགོས་པ་བྱུང་སྟེ། རེ་ཞིག་ནས་གེགས་རྣམས་ངང་གིས་སངས། རླུང་རང་མལ་དུ་ཚུད། གཡས་གཡོན་གྱི་འཕོ་བ་དང་ཕྱེད་བཅས་སོ་གཉིས་ཀྱི་གནད་ཐིངས། ཉི་མ་རིང་ཐུང་གི་ལྡོག་པ་ཤེས། སྲོག་ཐུར་གཅིག་ཏུ་འདྲེས། བུམ་ཆེན་རིལ་བ་ཞབས་ཚགས་ཅན་མིག་གིས་བལྟར་ཡོད་ཅིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་རྟགས་ཀྱང་མངོན་དུ་གྱུར་པ་འབྱུང་བ་འདི་ཡིན་པས་རླུང་ཡུན་ཐུང་ལ་དམིགས་པ་མི་གསལ་བ་ཞིག་བསྒོམས་པ་ལ་བྱས་ཡུས་མི་ཆེ་བ་གལ་ཆེ། དེ་ནས་ཚ་རྟིང་གི་ཆར་ཇའམ་ཐུག་པ་གང་རིགས་བཏུང་། གསུར་བསྔོ་བྱས། དེ་མ་ཐག་བསྙེན་བསྒྲུབ་ཀྱི་ཐུན་ལ་ཞུགས། དེ་ཡང་བསྐྱེད་རིམ་གྱི་ངོ་བོ་ཞེན་པ་མེད་པ། རང་བཞིན་ཞལ་ཕྱག་གསལ་བ། ཐུགས་རྗེ་འོད་ཟེར་སྤྲོ་བསྡུའི་དམིགས་པ་གསལ་པ་ལ་དྲན་པ་གཅིག་ཏུ་གཞུར་བས་བསྐྱེད་རྫོགས་ཀྱི་རྩལ་འབྱོངས་པ་མ་གཏོགས། དེང་སང་ཁ་ཅིག་ལྟར་མོས་པ་ལམ་ཁྱེར་ཉར་ཉོར་རང་གི་ཁམས་ཀྱིས་གང་ལྕོགས། རྒན་བུ་མ་ཎི་འདྲེན་འདྲེན་བྱས་པས་ཡོང་བ་མེད། དེ་ལྟ་བུའི་ཐུན་དེ་ཉིད་གུང་ཡོལ་བ་ཙམ་ལ་གྲོལ། ཆུ་གཏོར་གཏོང་། ལྟུང་བཤགས། བསམ་ལྷུན། གཙུག་ཏོར་རྣམ་རྒྱལ། ཡེ་ཤེས་སྐུ་མཆོག་སོགས་ཆོས་སྤྱོད་གཟུངས་སྔགས་སྨོན་ལམ་གྱིས་མཐའ་བརྟེན་དང་བཅས་པ་སོང་རྗེས། དཔེ་ཆ་ཤོག་བུ་བརྒྱད་ཙམ་རེ་མྱུར་པོར་འབྲི་རྒྱུ་ཡོད་ན་དང་། དམིགས་བསལ་མེད་སྐབས་ཐོད་རྒལ་སྒོམ། དེ་ནས་གུང་ཚིགས་ཟ་བའི་ཚེ། ཤ་ལ་གཟུངས་སྔགས་ཁྱད་པར་ཅན་མང་པོ་བཏབ། སྙིང་རྗེ་བསྐྱེད། སྨོན་ལམ་བཏབ་རྗེས་ཕུང་ཁམས་ལྷར་གསལ་བས་ཟས་ཀྱི་རྣལ་འབྱོར་ལ་སྤྱད། ཡོན་སྦྱོང་གི་མདོ་འདོན། དེ་ནས་ཕྱག་བརྒྱ་ཕྲག་གཉིས་གསུམ་རེ་བཙལ་བ་དང་སྦྲགས། མདོ་སྔགས་ཀྱི་སྨོན་ལམ་སོགས་བཏབ་བོ། དེ་མ་ཐག་མལ་དུ་ཞུགས་ཡི་དམ་ཀྱི་སྒོམ་བཟླས་ཁོ་ན་ལ་བརྩོན་པས། ཡི་དམ་རིགས་མི་འདྲ་བ་མང་པོའི་བསྙེན་པ་ཚད་དུ་ལོངས་པ་བསམ་ལས་འདས་པར་སོང་། སྲོད་ཚོགས་རེ་གཏོང་། གཏོར་བསྔོ་བྱས། རྗེས་ཆོག་རྣམས་དང་། རྫོགས་རིམ་བསྡུས། འོད་གསལ་ཟིན་པའི་གསོལ་འདེབས་གདུང་ཤུགས་ཆེ་བ་རེ་དང་། བསམ་པ་ལྷུན་འགྲུབ་མ་དང་རང་གཞན་ཀུན་ལ་ཕྱོགས་རིས་མེད་པའི་སྨོན་ལམ་དོས་དྲག་པ་རེ་བྱས། རླུང་ཐུན་མཚམས་པ་གཅིག་བསྒོམ་རྗེས་གཉིད་ཀྱི་རྣལ་འབྱོར་ལ་ཞུགས། སད་རེས་འཁྲུལ་པ་རྒྱ་འབྱམས་སུ་མ་བཏང་པར་རྩེ་གཅིག་འདུན་པའི་ཞུར་ལ་དྲངས་པས་བོགས་ཤིན་ཏུ་ཐོན་པ་བྱུང་། མདོར་ན་ལོ་གསུམ་འདིའི་རིང་ཟས་ལ་མང་ཉུང་མེད། གོས་རས་གཟན་གཅིག་ཁོ་ནས་འཁྱོལ་བ་བྱས། བུག་སྒོར་ངག་ཚིག་གཅིག་ཀྱང་བཏང་བ་མེད། ནང་ན་མཚམས་གཡོག་ཡོད་སྐབས་ཀྱང་ཤོག་སྒོ་ཕྱི་ནང་གིས་མཚམས་ཆོད་པའི་བུག་སྒོ་ནང་མ་ལས་འདས་པ་མེད། འཁོར་བ་ལ་ངེས་འབྱུང་དང་། སྐྱོ་ཤས། ནམ་འཆི་ཆ་མེད་ཀྱི་བློ་དུང་ངེ་སྐྱེས་པས། ངག་འཁྱལ་དང་རང་བཞིན་གྱི་འཕྲོས་གཏམ་སོགས་ཕྲན་བུ་ཙམ་ཡང་ལབ་པ་མེད་པས། ངོས་ཀྱི་རྗེས་སུ་འཇུག་པ་རྣམས་མཚམས་གྱི་མིང་བཏགས། སྒོ་དྲུང་དུ་ཐོ་བརྩིགས། རྣམ་རྟོག་རྒྱ་འབྱམས་སུ་བཏང་། ཕྱི་རོལ་ཏུ་ཐག་ཟེར་ན་བྱ་ར། ཅ་ཅོ་སྒྲོག་ན་རྣ་ཉན། བུག་སྒོར་མི་དང་འཕྲད་ན་རྒྱ་བོད་ཧོར་གསུམ་གྱི་གཏམ་བརྗོད་གླེང་བ་སོགས་ཚོགས་དྲུག་ཡུལ་ཕྱིར་སོང་བ། མཚམས་ཀྱི་གཡང་ཤོར་བ། སྣང་བ་ཡུལ་ཕྱིར་འབྲངས་པ། དངོས་གྲུབ་ཕྱི་ལ་ཡལ་བ། བར་ཆོད་ནང་དུ་འགུགས་པ། བློ་ལང་ཤོར་དུ་ཐལ་བའི་ངང་ལ་ལོ་མཚམས་ཟླ་མཚམས་ཀྱི་ཞག་གྲངས་རྫོགས། ཤེས་རྒྱུད་སྔར་ལས་སྤུ་གང་གིས་བཟང་དུ་མ་སོང་པར། མཚམས་ཐ་མལ་དུ་གྲོལ་བ་དེ་ནམ་ཡང་མ་བྱེད་པར། སྙིང་ལ་རུས་པ་བསྐྱེད་ལ། ན་རུང་། ཚ་རུང་། ཤི་རུང་། མཚམས་བྱས་རུང་། བསྐྱེད་རིམ་སྒོམ་རུང་། རྫོགས་རིམ་སྒོམ་རུང་། ཡི་གེ་འདྲི་རུང་། ཆོས་སྤྱོད་འདོན་རུང་། ཅི་བྱེད་ཀྱང་། རང་སེམས་ཀྱི་ངོ་བོ་བརྗོད་དུ་མེད་པ། བློས་བཏང་བ་མ་ཡིན། ཧ་ཅང་བཅུར་བ་མ་ཡིན། ཧ་ཅང་གློད་པ་མ་ཡིན་པ། སྒོམ་རྒྱུ་མེད་ལ་ཡེངས་སུ་སྤུ་ཙམ་མེད་པ། ད་ལྟའི་ཤེས་པ་ལ་བསྒྱུར་བཀོད་དང་བཅོས་སླད་མ་བྱས་པ་འདི་དང་མ་བྲལ་བར་གྱིས་ཤིག །འདི་དང་བྲལ་ན་རྣམ་རྟོག་ལ་ཅི་ཤར་ཆ་མེད་པ་ལ་བདག་སྤྲད་པས་སྒོམ་ཆེན་པ་བློ་རྒྱ་ཆེ་རུ་སོང་། ཆོས་ལ་རྒྱུས་ཡོད། བླ་མ་ལ་ངོས་འཛིན། མཆེད་གྲོགས་ལ་སྐྱོན་བརྗོད། ཕྱུག་བསྲེལ་འདུ་ལོངས་བསྒྲུབ། མི་བྱེད་དགུ་བྱེད་ཅིག་གི་སྟེང་དུ་འཁྱོལ་བའི་ཚེ། སྐྱེ་བོ་ཀླད་མེད་ཚོས་སྐུ་བསོད་ཆེ་ཟེར། འགྲོ་དོན་རྒྱས་ཟེར། རྩེ་གཏོར་འགམ་པ་ནི་བར་ཆོད་ཀྱི་བདུད་ཞུགས་པའི་རྟགས་མཐར་ཕྱིན་པ་ཡིན་པས། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་གྲོག་སྟོངས་ལ་གཏད་ཅེས། ཇོ་བོ་བཀའ་གདམས་པའི་གཏད་ས་བཞི་པོ་འདི་ཆོས་པ་ཀུན་ཀྱིས་སྤྱི་ནོར་དུ་བྱས་པས་བདུད་ཀྱིས་གླགས་མི་ཁེལ་བ་ཡིན་ལ། གཞན་ཡང་ཉམས་རྟོགས་དང་རྨི་ལམ་གཞན་ལ་བཤད་པ་ཆོས་གཏམ་དང་མཚམས་སྒྲུབ་ཀྱིས་སྡུག་ཡུས་འདྲེན་པ། དམ་ཚིག་མི་གཅིག་པ་ལ་གྲུབ་མཐའ་ཆོས་བརྒྱུད་ཀྱི་མཚང་བརྗོད་པ་སོགས་དངོས་གྲུབ་ཡལ་ཞིང་རང་མཚང་སྟོན་པའི་རྒྱུ་ཡིན་པས་དམའ་མོའི་ས་བཟུང་། ཀུན་དང་མཐུན་པར་བྱ། ཧྲུལ་པོའི་གོས་གྱོན། སྣང་བ་གཏད་མེད་དུ་བཏང་། གཏིང་ནས་འཆི་བདག་གཤིན་རྗེའི་རྒྱལ་པོ་ལ་ཡང་མི་འཇིགས་པ་ལ། ལྟར་སྣང་ངང་པའི་རྒྱལ་པོ་ཡུལ་འཁོར་སྲུང་ལས་ཀྱང་དུལ་བས་གཞན་སྣང་དགེ་ལ་འགྱུར་ནུས་པ་ཞིག་དགོས། མདོར་ན་ཆོས་རྣམ་དག་བྱེད་པ་ལ་མཚན་ལྡན་གྱི་བླ་མ་མ་གཏོགས། བསླབ་བྱ་དྲང་པོར་བཤད་མཁན་ཕ་མ་ཡིན་ཀྱང་མི་ཡོང་བས་རང་ཚོད་རང་གིས་བཟུང་། སུའི་ཁ་ལ་ཡང་མི་ཉན་པར་རི་དྭགས་རྒྱ་ནང་ནས་ཤོར་བ་ལྟ་བུ་ཞིག་དགོས། མཚམས་དང་སྒྲུབ་པ་ལ་གནས་པའི་ཚེ་དམ་བཅའ་རིས་སུ་མ་བོར་བ་སྤང་ལ་བེ་ཕུར་བཏབ་པ་བཞིན་ལྷན་ནེར་སྡོད་ཚུགས་པ་ཞིག་དགོས། གཏམ་ངན་དང་རྐྱེན་ངན་བྱུང་ཚེ་སེམས་ལ་འཕྲིག་མི་ཚུད་པ་སྨྱོན་པ་འུར་ལངས་པ་ལྟ་བུ་ཞིག་དགོས། མི་མང་དང་ལྷན་ཅིག་གནས་པའི་ཚེ་དྲན་པ་ཐ་མལ་དུ་མ་ཡེངས་པར་མ་གསར་གཅེས་ཕྲུག་དང་བྲལ་བ་ལྟ་བུ་ཞིག་དགོས། ལྷ་སྐུ་དང་དག་དྲན་སྒོམ་པའི་ཚེ་སྣང་སྲིད་དག་པ་རབ་འབྱམས་སུ་བསླབ་པ་ཞིག་དགོས། རླུང་དང་རྫོགས་རིམ་སྒོམ་པའི་ཚེ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་གྲིམས་ཆ་བག་ཡངས་སུ་མ་སོང་བ་ཞིག་དགོས། འཆི་བ་ཐོག་བབས་སུ་བྱུང་ཡང་སྐྱོ་སུན་དང་བློ་ལྷག་མེད་པ་བྱ་རྒོད་གནམ་འཕང་གཅོད་པ་ལྟ་བུ་ཞིག་དགོས། དགོས་པ་བདུན་དང་ལྡན་པ་ཞིག་བྱུང་ན་རྒྱལ་བ་གོང་མའི་གྲུབ་མཐའ་སྙོགས་ཤིང་བདག་གི་བསམ་པ་རྫོགས་པ་ལགས་སོ། །ཁྱོད་ཀྱིས་མི་ལུས་ཐོབ་པ་དོན་དང་ལྡན་ནོ། །དམ་པའི་ཆོས་སྒོར་ཞུགས་པ་ལ་འབྲས་བུ་བྱུང་ངོ་། །ཨ་ལ་ལ་ཧོ། ཞེས་པ་འདི་ཡང་དད་པ་མོས་གུས་ཀྱི་སྒོ་ནས་གསང་སྔགས་ཀྱི་སྣོད་མཆོག་ཏུ་གྱུར་པ་གཅོད་པའི་དབང་ཕྱུག་འཇའ་ལུས་རྡོ་རྗེའི་ངོར་རྫོགས་ཆེན་པ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱི་སྙིང་གཏམ་ཉམས་མྱོང་གི་སྒོ་ནས་བཤད་པ་ཀུན་གྱིས་དབུ་སྔས་སུ་གླན་པར་ཞུ།། །། |