བར་དོ་དྲུག་ཁྲིད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་སྐབས་ངོ་མཚར་བའི་ཆོ་འཕྲུལ་དང་གྲུབ་རྟགས་མང་དུ་བྱུང་བ་རྣམས་ཕུག་ཁང་མཁན་ཆེན་བསོད་ནམས་ཚེ་རིང་གིས་ཟིན་བྲིས་སུ་བགྱིས་པ།

༈ ཡང་བསྟོད་པ་ཚན་གཅིག་ནི། ཨོཾ་སྭ་སྟི། སྐུ་གསུམ་རྒྱལ་བ་ཀུན་དང་དགོངས་པ་མཉམ། །བརྡ་བརྒྱུད་རིག་འཛིན་རྒྱ་མཚོར་སྤྱོད་ཡུལ་གཅིག །སྙན་བརྒྱུད་མན་ངག་བྱེ་བའི་མཛོད་འཆང་བའི། །བཀའ་བབ་གཏེར་གྱི་མངའ་བདག་བླ་མར་འདུད། །གང་གི་གསང་གསུམ་ལྷ་ལམ་དོ་རས་ཀྱང༌། །ངེས་འོས་མ་ཡིན་ས་མཆོག་བཅུ་བས་ཀྱང༌། །སྤྱོད་ཡུལ་མིན་ན་བདག་འདྲ་བྱིས་པའི་བློ། །ཀུན་རྟོག་བྱེའུའི་རྩལ་གྱིས་ཇི་ལྟར་གཞལ། །འོན་ཀྱང་ངོ་མཚར་གཏམ་གྱི་འོད་ཕྲེང་གིས། །དད་གསུམ་པད་ཚལ་འབྱེད་ལ་སྤྲོ་བ་བརྟས། །གསུང་མཆོག་མ༵་ཎི་མཆོད་སྡོང་བརྩེགས་པ་ལས། །གྲུབ་གཉིས་ཆུ༵་རྒྱུན་འབེབས་པའི་བསྟི་གནས་དེར། །གང་དེའི་དགོངས་ཀློང་ཟག་མེད་ཆོས་ཀྱི་གཏེར། །ཟབ་ལས་ཆེས་ཟབ་རྫོགས་རིམ་བར་དོའི་ཁྲིད། །དམ་གཙང་རྣལ་འབྱོར་ཕོ་མོའི་སྐལ་བཟང་དུ། །བྱིན་རླབས་ཞལ་རླངས་དང་བཅས་སྩོལ་བའི་དུས། །རྨད་བྱུང་ངོ་མཚར་བཀོད་པ་འདི་ལྟར་སྣང༌། །སྣ་ཚོགས་འོད་ལྔ་འབར་བའི་འཇའ་ཚོན་གུར། །ལྔ་ཕྲག་ཚོམ་བུའི་ཐིག་ལེ་གྲངས་མེད་པས། །སྤྲིན་བྲལ་ལྷ་ལམ་ཁེངས་པའི་ཆོ་འཕྲུལ་གྱིས། །དགུན་ར་སྨིན་དྲུག་ཟླ་བ་གཅིག་གི་བར། །དེར་འཁོད་སྐྱེ་བོ་ངོ་མཚར་གནས་ལ་བཀོད། །གང་གི་གསུང་གསང་མགུལ་གྱི་བུམ་བཟང་ལས། །སྨིན་གྲོལ་ཆོས་ཀྱི་ཟབ་གསང་འཆད་པའི་སྒྲས། །གནས་ཡུལ་འགྱང་གིས་བསྐལ་བའི་ཤག་མདོ་སོགས། །སྐྱེ་བོ་དུ་མའི་རྣ་བའི་བདུད་རྩི་རུ། །མངོན་སུམ་མྱོང་དེ་རྒྱལ་གསུང་ཁྱད་ཆོས་དངོས། །ཡང་གཅིག་གནས་དེར་རུ་ཤན་མཛད་པའི་སྐབས། །སྙན་འཇེབས་སྒྲ་གསང་ཆེན་པོ་གྲགས་པ་དང༌། །མི་ཡིས་མ་བཀྲོལ་སྣ་ཚོགས་རོལ་མོའི་སྒྲས། །རྣལ་འབྱོར་ཕོ་མོའི་སྙན་གསང་ངོ་མཚར་བྱས། །ཁ་དོག་ལྔ་པའི་དབང་པོའི་ཚོན་རིས་ཀྱིས། །རེ་ཁཱ་གསར་བའི་འོད་ཕྲེང་ཅིར་ཡང་བཀྲ། །དེ་བཞིན་རྩ་རླུང་རིས་འབུད་མཛད་པའི་སྐབས། །ཌ་དྲིལ་རྐང་གླིང་འཁྲོལ་བའི་སྒྲ་སྐད་ཀྱིས། །འུ་ཅོར་ཤོད་དང་མཛོ་རྒན་སྒང་སོགས་སུ། །རྫི་འུར་འཁོད་པའི་སྐྱེ་བོ་ངོ་མཚར་བྱས། །འདི་ལས་དཔག་ན་གཞོམ་བྲལ་རྡོ་རྗེའི་གསུང༌། །ཇི་བཞིན་དབྱིངས་ནས་ཕབ་པའི་ལག་རྗེས་དངོས། །ཡང་གཅིག་བགྲང་བྱ་རྗེས་མ་གསར་ཚེས་ཀྱི། །སྔར་གྱི་ཆོས་གསུངས་དགུན་ར་ཤར་བའི་དུས། །དྲི་མེད་འོད་ལྔ་འབར་བའི་འཇའ་གུར་དང༌། །དུང་ཆེན་སྦྲེལ་མ་ལྟ་བུའི་སྒྲ་གསང་དག །གནས་དེའི་སྐྱེ་བོའི་མངོན་སུམ་ཡུལ་དུ་སྣང༌། །འཕོ་མེད་དུས་ལ་དབང་བའི་གྲུབ་རྗེ་དེས། །དུས་ཀྱང་དཔའ་བོའི་འདུ་བར་བྱིན་བརླབས་པའི། །དན་དཔང་ཕྱི་རབས་ཡུལ་དུ་བཞག་མིན་ནམ། །ཡང་གཅིག་བགྲང་བྱ་སྔོན་མའི་དུས་ཀྱི་ཚེ། །གསུང་མཆོག་མཆོད་སྡོང་བཞུགས་པའི་བསྟི་གནས་དེར། །ཟབ་ལམ་གཅོད་ཀྱི་གདམས་ཁྲིད་བསྩལ་བའི་དུས། །ཡར་མར་ཚེས་བཅུའི་ཚོགས་ཀྱི་དགའ་སྟོན་སྐབས། །དྲི་བྲལ་དཀར་གསལ་རྒོད་ཀྱི་ཐུལ་ཕྲན་ཆར། །མཐོང་རེག་སྤྱོད་ཡུལ་བཏུབ་པའི་ངོ་མཚར་དེས། །ཞིང་སྔགས་ལྷན་སྐྱེས་སྡེ་ལྔའི་ཌཱཀྐི་རྣམས། །ཚོགས་ཀྱི་འདུ་བར་ཕེབས་པའི་ཆོ་འཕྲུལ་དངོས། །དག་ཅིང་སྒྲོས་ལེགས་ཤིན་ཏུ་མྱུར་སྐྱེན་པའི། །རྡོ་རྗེ་འཛིན་པ་ཨཀྵ་ར་བི་ཛ། །ལ་སོགས་ཡིག་མཁན་མཁས་པ་གསུམ་རེ་ཡིས། །གང་གི་ཟབ་གཏེར་ཆོས་ཚན་ཐ་དད་གསུམ། །དུས་གཅིག་བྲིས་ཀྱང་ཟག་མེད་དགོངས་པའི་གཏེར། །ཆགས་ཐོགས་མེད་པར་སོ་སོར་མ་འཁྲུགས་པར། །སྡེབ་ལེགས་ཚིག་བརླིང་དོན་ཟབ་འཆད་པ་འདིས། །རྒྱལ་ཀུན་གསུང་གི་རྡོ་རྗེ་གསང་བའི་མཛོད། །གཏད་རྒྱ་ཡོངས་རྫོགས་སད་པའི་ཁྱད་ཆོས་དངོས། །གྲང་ལྷགས་ཤིན་ཏུ་བདོ་བའི་དགུན་གྱི་དུས། །ཟབ་གཏེར་ཡི་གེའི་རིས་བྱེད་སྣག་བུམ་ཡང༌། །གང་དུ་བཞག་ཀྱང་འཁྱགས་རོམ་མི་ཆགས་པར། །ནམ་ཡང་རང་གར་བྲིར་བཏུབ་ངོ་མཚར་སྣང༌། །དེ་ལྟར་ངོ་མཚར་གཏམ་གྱི་སྦྱོར་བ་འདི། །ཁྱབ་བདག་བླ་མ་གང་གི་ཞལ་སློབ་འགས། །སྒྲོ་སྐུར་མེད་པར་ཡི་གེར་བཏབ་པ་རྣམས། །སླར་ཡང་ཚིགས་བཅད་ཕྲེང་བར་སྡེབས་ཤིག་ཅེས། །མང་ཐོས་ཚུལ་ལྡན་པུཎྱའི་མཚན་ཅན་གྱིས། །བཀའ་ལུང་མེ་ཏོག་སིལ་མ་ལན་འགར་འཐོར། །རྐྱེན་དེས་གནས་དུས་གཅིག་གི་སྐྱེ་བོ་ལ། །སྣང་ཚུལ་ལས་བརྩམས་ངོ་མཚར་གཏམ་འདི་བྱས། །གཞན་དུ་ཡུལ་དུས་བྱེ་བྲག་སྣ་ཚོགས་སུ། །དངོས་སྣང་སྒྱུ་མར་དབང་བསྒྱུར་ངོ་མཚར་དང༌། །བྱིན་རླབས་ཆོ་འཕྲུལ་ངོམ་པའི་ཡ་མཚན་གཏམ། །མཐའ་དག་ཡི་གེར་འགོད་པར་སུ་ཡིས་ནུས། །ཚུལ་འདི་རང་བཟོས་མ་ཡིན་ཁུངས་ལྡན་དག །གྲགས་འདོད་མ་ཡིན་རྣམ་དཀར་དད་མོས་གསོས། །ཞེན་པས་མ་ཡིན་རྨད་བྱུང་ངོ་མཚར་གཏམ། །མུ་ཅོར་མ་ཡིན་དྭངས་པའི་ཡིད་ཀྱིས་བྲིས། །འདི་བྲིས་རྣམ་དཀར་རིན་ཆེན་རྟ་བདུན་གྱིས། །གང་གི་ཟབ་གཏེར་མན་ངག་ཉིན་བྱེད་དབང༌། །འགྲོ་ཁམས་གླིང་བཞིའི་མཁའ་ལ་ལེགས་དྲངས་ཏེ། །སྨིན་གྲོལ་འོད་སྣང་ནུབ་མེད་འབར་གྱུར་ཅིག །

ཅེས་པ་འདི་ནི་མ་ཆུའི་རྡོ་མཁར་རྩར་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱིས་བར་དོ་དྲུག་ཁྲིད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་སྐབས་ངོ་མཚར་བའི་ཆོ་འཕྲུལ་དང་གྲུབ་པའི་རྟགས་མཚན་མང་དུ་བྱུང་བ་རྣམས་ཁོང་གི་བུ་སློབ་དམ་པ་ཕུག་ཁང་མཁན་ཆེན་བསོད་ནམས་ཚེ་རིང་གིས་ཟིན་བྲིས་སུ་བགྱིས་ནས་དེ་ལྟར་རྩོམ་པར་བསྐུལ་བ་ལྟར་མཛད་པར་གྲགས་སོ། །