བསྡུས་དོན་བཤད་པ།གཉིས་པ་བསྡུས་དོན་ནི། ཚིགས་སུ་བཅད་པ་འདིས་གཙོ་བོ་ཕྱག་འཚལ་བ་དང་། བརྩམ་པར་དམ་བཅའ་བ་གཉིས་བསྟན་ནས་ཞར་ལ་འགྲེལ་པ་ལ་གཞན་འཇུག་པའི་ཡན་ལག་དགོས་པ་ལ་སོགས་པ་བཞི་བསྟན་ཏེ། དེ་ལ་མངོན་པར་རྟོགས་པ་བརྒྱད་ཚིག་ལེའུ་བྱས་པ་དང་བཅས་པ་ནི། བརྗོད་བྱ་ཡིན་ཏེ། བཤད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལས་ཚིག་ལེའུར་བྱས་པ་རྒྱས་འབྲིང་བསྡུས་པ་ཀུན་གྱི་རྒྱན་དུ་གྱུར་པ་རྟོགས་པ་ནི་དགོས་པ་ཡིན་ཏེ། འདིའི་བསྒྲུབ་པར་བྱ་བ་ཁྱད་པར་བ་ཡིན་པའི་ཕྱིར་རོ། །དེའི་རྒྱུ་ལས་ཐོས་པ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་ནས་རྣམ་མཁྱེན་གྱི་ཡེ་ཤེས་ཐོབ་པ་ནི་དགོས་པའི་ཡང་དགོས་པ་ཡིན་ཏེ། བྱ་བ་གཞན་རྣམས་ཐམས་ཅད་ཀྱང་དེའི་དོན་དུ་བརྩམས་པའི་ཕྱིར་དང་། དེ་ཐོབ་ནས་དགོས་པ་གཞན་དོན་དུ་གཉེར་བ་མེད་པའི་ཕྱིར་རོ། །བསྟན་བཅོས་དང་། དགོས་པ་དང་དགོས་པའི་དགོས་པ་རྣམས་སྔ་མ་མེད་པར་ཕྱི་མ་མི་འབྱུང་བ་ནི་འབྲེལ་བའོ། །ཆོས་ཤེས་ཀྱིས། ཚིག་ལེའུར་བྱས་པའི་དོན་རྟོགས་པ་དགོས་པ་དང་ཡུམ་ཀུན་གྱི་རྒྱན་དུ་གྱུར་པ་ནི་དགོས་པའི་དགོས་པ་ཡིན་ནོ་ཞེས་ཟེར་རོ། །གསུམ་པ་ནི་གུས་ཕྱག་འཚལ་ལོ་ཞེས་སྦྲེལ་ལོ། །གང་ལ་ན། སངས་རྒྱས་ཀྱི་སའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གཙོ་བོར་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །དེ་ཉིད་གཙོ་བོར་གྱུར་པའི་ཕྱིར། ཕྱག་གི་ཡུམ་གྱི་ཡང་གཙོ་བོ་ཡིན་ལ་གཞུང་དང་ལམ་གྱི་ཤེར་ཕྱིན་ཡང་། དེའི་ཁོངས་སུ་འདུ་བ་ཡིན་ནོ། །དགོས་པ་ཅིའི་ཕྱིར་ཞེ་ན། རྣམ་པར་དབྱེ་བར་བྱ་བའི་ཕྱིར་རོ། །གང་ཞིག་ཅེ་ན། ཤེར་ཕྱིན་དེའི་རྒྱན་རྗེས་སུ་བསྔགས་པའི་སྡེབ་སྦྱོར་གྱིས་བཅིངས་པའི་ཚིག་ལེའུ་བྱས་པ་དག་གོ །ཅིའི་ཕྱིར་ཚིག་ལེའུར་བྱས་པ་རྒྱན་ཡིན་ཞེ་ན། ཇི་ལྟར་སྐྱེས་པ་དང་། བུད་མེད་ཀྱི་ལུས་བཟང་པོ་མཛེས་བྱེད་གདུབ་བུ་ལ་སོགས་པའི་རྒྱན་གྱིས་སྤྲས་པ། གསལ་བྱེད་མེ་ལོང་གི་ནང་དུ་སོང་ན། དགའ་བ་ཁྱད་པར་ཅན་བསྐྱེད་པ་ལྟར། བརྗོད་བྱ་ཡུམ་གསུམ་གྱི་ལུས་བཟང་པོ་བརྗོད་བྱེད་མངོན་རྟོགས་བརྒྱད་དོན་བདུན་ཅུ་དང་བཅས་པས་སྤྲས་པ། ཚིག་ལེའུར་བྱས་པའི་མེ་ལོང་གིས་གསལ་བར་བྱས་པ་ན་མཁས་པ་རྣམས་ལ་དགའ་བའི་མཆོག་བསྐྱེད་པར་བྱེད་པའི་ཕྱིར་རྒྱན་ཞེས་བྱ་སྟེ། མདོ་སྡེ་རྒྱན་ལས། གཟུགས་རྒྱན་ཡོན་ཏན་རང་བཞིན་ལྡན་པ་མེ་ལོང་ནང་སོང་ན། །མཐོང་བའི་དབང་གི་མི་རྣམས་རབ་ཏུ་དགའ་བའི་མཆོག་བསྐྱེད་པ། །དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་བསྐྱེད། །ཅེས་གསུངས་པ་ལྟར་རོ། །སློབ་དཔོན་སྔ་མ་དག་གིས། གསལ་བར་ཕྱེ་ཟིན་པ་མ་ཡིན་ནམ། ཡང་འདིར་རྣམ་པར་ཕྱེ་བར་དགོས་པ་ཅི་ཡོད་ཅེ་ན། འཕགས་པའི་སྙིང་པོའི་དོན་དང་། མངོན་པར་རྟོགས་པའི་རིམ་པ་མ་ལུས་པ་གསལ་བར་མཛད་ཀྱང་ཉི་ཤུ་ལྔ་པ་ཁོ་ནའི་རྒྱན་དུ་སྦྱར་བས་ཀུན་གྱི་རྒྱན་དུ་མ་གྱུར་པས། ཁོ་བོས་ཚིག་ལེའུར་བྱས་པ་ཡུམ་རྒྱས་འབྲིང་བསྡུས་པ་ཀུན་གྱི་རྒྱན་དུ་གྱུར་པར་བྱ་བའི་ཕྱིར་རྣམ་པར་འབྱེད་པས། དགོས་པ་ཁྱད་པར་བ་ཡོད་ཅེས་པའོ། །ཅི་ལྟར་འདིས་ཀུན་གྱི་རྒྱན་དུ་འགྱུར་བར་བཤད་ཅེ་ན། ཡན་ལག་རྒྱས་བཤད་ཀྱི་དང་པོར་སེམས་བསྐྱེད་འཆད་པ་ན། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་ཀྱང་ཞེས། ཡུམ་གསུམ་ཀ་དང་སྦྱར་ཞིང་། མཇུག་དུ། ལ་ལ་ལས་དོན་གཞན་ལས་ཚིག །གཞན་ལས་རྣམ་གྲངས་མིང་གིས་དེ། །མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང་། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །ཞེས་ཇི་སྐད་བཤད་པའི་མངོན་པར་རྟོགས་པའི་རིམ་པ་རྣམས་ཡུམ་གསུམ་ཀས་བསྟན་པར་ལེགས་པར་བསྒྲུབས་པའི་ཕྱིར་རོ། ། གཉིས་པ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཀྲལ་ཚུལ་ནི། ཅི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བྱས་པའི་འགྲེལ་པ་འགའ་ཞིག་ཡོད་དམ། འོན་ཏེ་མེད། དང་པོ་ལྟར་ན། ཁྱོད་ཀྱིས་ཡང་འགྲེལ་པ་བརྩམས་པ་ལ་དགོས་པ་མེད་དེ། བཏགས་ཟིན་པ་ལ་འཐག་པ་བཞིན་ནོ། །གཉིས་པ་ལྟར་ན། སློབ་དཔོན་སྔ་མའི་མན་ངག་མེད་པའི་ཕྱིར། རང་དགར་ཇི་ལྟར་བརྩམ་པར་ནུས་ཞེ་ན། སློབ་དཔོན་སྔ་མ་བཞིའི་འགྲེལ་པ་ལ་བརྟེན་པས་མན་ངག་མེད་པ་ཡང་མ་ཡིན་ལ། དེ་དག་ལ་ཡང་མ་བཤད་པ་དང་། ལོག་པར་བཤད་པ་དང་གཞུང་ཕྱོགས་རེའི་རྒྱན་དུ་སྦྱར་བའི་ཉེས་པ་ཡོད་པས་དེ་དག་བསལ་བའི་ཕྱིར་བརྩོམ་པས་དོན་མེད་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ལ། བཞིའི་དང་པོ། ཐོགས་མེད་ཀྱིས་བཀྲལ་ཚུལ་ནི། རྣམ་བཤད་མཛད་ཅེས་དྲང་ངོ་། །གང་གིས་ན། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པ་ལྟར་འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པས་ན། བསྟན་བཅོས་རྣམ་མཁྱེན་ཐོབ་བྱེད་མངོན་པར་རྟོགས་པ་བརྒྱད་ཚང་བར་སྟོན་པས་ན་ཆེན་པོ་ཤེར་ཕྱིན་གྱིི་མདོ་ཡིའོ། །སུ་ཞིག་གིས་ན། འཕགས་པ་ཐོགས་མེད་ཀྱིས་སོ། །དེ་ལ་ཡོན་ཏན་ཇི་ལྟ་བུ་དང་ལྡན་ན། ཉིད་ཀྱིས་གཟིགས་པའི་ལམ་གཞན་ལ་བསྟན་པས་སྡུག་བསྔལ་རྒྱུ་དང་བཅས་པ་ལས་སྒྲོལ་བས་ན་སྐྱོབ་ཉིད་ཅེས་སོ། །དེའི་རྒྱུ་ནི་རྒྱུད་ལྔའི་འགྲོ་བ་ལ་སྙིང་རྗེས་ཆགས་པས་ཀུན་ཏུ་སྟེ་ལྷག་པར་ཆགས་པར་མཛད་ཅེས་སམ། ཡང་ན་ཆགས་མེད་མཛད་ཅེས་འདོན་པ་ལྟར་ན་སྙིང་རྗེས་འགྲོ་བ་ལ་ཆགས། ཤེས་རབ་ཀྱིས་ཆགས་པ་མེད་པར་མཛད་ཅེས་སོ། །ཅི་འདིས་འགའ་ཞིག་གི་མན་ངག་ལ་བརྟེན་ནམ་འོན་ཏེ་རང་དགར་བཤད་ཅེ་ན། སྲིད་ཞིའི་དགྲ་ལས་རྒྱལ་བས་ན་མི་ཕམ་འགྲོ་བའི་དཔུང་གཉེན་དུ་གྱུར་པས་ན། མགོན་པོ་བྱམས་པ་ཉིད་ལ་དངོས་སུ་གསན་ནས་སོ། ། གཉིས་པ་དབྱིག་གཉེན་གྱིས་མཛད་ཚུལ་ནི། རྣམ་པར་བཀྲལ་ལོ་ཞེས་དྲང་། གང་ན་བསྟན་བཅོས་ཆེན་པོའོ། །གང་གིས་ན། དབྱིག་གཉེན་གྱིས་སོ། །ཅིའི་ཕྱིར་དབྱིག་གཉེན་ཞེས་བྱ་ཞེ་ན། འགྲོ་བའི་དོན་མངོན་མཐོ་དང་ངེས་ལེགས་ཀྱི་སྟེ་རྒྱུར་གྱུར་པས་ན་དེ་སྐད་ཅེས་བྱ་སྟེ། མིང་གི་དོན་ནོ། །ཇི་ལྟར་ན། ཤེས་བྱ་ནང་གི་ཡིན་པར་སྨྲ་བ་རྣམ་རིག་པའི་ཕྱོགས་ལ་ཡང་དག་པར་བརྟེན་ནས་སེམས་ཙམ་གྱི་ཚུལ་དུའོ། །ཅི་དེས་ཡང་དག་པར་བཤད་པ་ཡིན་ནམ་ཞེ་ན། ལྟ་བ་སེམས་ཙམ་ལ་ཞེན་པས་རང་གི་མོས་པ་གཙོ་བོར་བྱེད་པས་ཡིན་གྱི། བསྟན་བཅོས་ཀྱི་དགོངས་པ་ཡང་དག་པར་བཤད་པ་མ་ཡིན་ནོ། །ཐོགས་མེད་ཀྱིས་བཤད་པའི་འོག་ཏུ་དབྱིག་གཉེན་གྱིས་བཤད་པས་ཅི་བྱ་སྙམ་ན། ཐོགས་མེད་ཀྱིས་ནི་མཁྱེན་གསུམ་ཡན་ལས་ལྷག་མ་ལ་བཤད་པ་མ་མཛད་པར་གྲགས་ལ། དབྱིག་གཉེན་གྱིས་རྫོགས་པར་བཤད་པའོ། །གསུམ་པ་འཕགས་གྲོལ་གྱིས་བཤད་ཚུལ་ནི་རྣམ་པར་ཕྱེ་ཞེས་དྲང་། གང་ན་བསྟན་བཅོས་ཆེན་པོའོ། །གང་གིས་ན་མཚན་རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བས་སོ། །དེའི་ཡོན་ཏན་གྱི་ཁྱད་པར་ནི། མཐོང་ལམ་ཀྱི་ཡེ་ཤེས་སྐྱེས་པས་སོ་སོ་སྐྱེ་བོའི་ས་ལ་རིང་དུ་སོང་བས་ན། འཕགས་པའི་ཁོངས་སུ་གཏོགས་པ་ཡིས་ཞེས་སོ། །དུས་ནི་དབྱིག་གཉེན་གྱི་བཤད་པ་དེའི་འོག་དུའོ། །ཇི་ལྟར་ན། དབྱིག་གཉེན་ལྟར་རང་ལྟའི་ཕྱོགས་སུ་མ་ལྷུང་བར་དབུ་མར་སྟེ་གཟུ་བོར་གནས་པའིའོ། །མདོའི་དགོངས་པ་ཇི་ལྟར་གནས་པ་ལྟར་མཐའ་བྲལ་དབུ་མའི་ཚུལ་དུའོ། །དབྱིག་གཉེན་གྱིས། མདོའི་དོན་རྫོགས་པར་བཤད་པ་མ་ཡིན་ནམ། ཡང་དེ་བཤད་པས་ཅི་བྱ་སྙམ་ན། དབྱིག་གཉེན་དེས་བྱས་པའི་འགྲེལ་པ་ནི། མདོའི་དགོངས་པ་ཇི་ལྟ་བ་བཞིན་དུ་བྱས་པ་མ་ཡིན་པར་ཐོགས་མེད་དགོངས་པ་ཚུལ་བཞིན་དུ་བཤད་པའི་ཕྱིར་བྱས་སོ། །བཞི་པ་བཙུན་པ་གྲོལ་སྡེས་བཤད་ཚུལ་ནི། རྣམ་བཤད་བྱས། ཞེས་དྲང་། གང་གིས་ན། བསྟན་བཅོས་ཆེན་པོའིའོ། །རྣམ་གྲོལ་སྡེ་ཞེས་གྲགས་པའོ། །དེའི་ཡོན་ཏན་གྱི་ཁྱད་པར་ནི། རང་ཉིད་ཚོགས་ལམ་ཕལ་པ་ལ་གནས་པའིའོ། །དུས་ནི་འཕགས་གྲོལ་གྱི་བཤད་པ་དེའི་འོག་དུའོ། །ཚུལ་ཇི་ལྟར་ན་བསྟན་བཅོས་ཡུམ་རྒྱས་འབྲིང་བསྡུས་པ་མཐའ་དག་གིས་མངོན་པར་རྟོགས་པ་བརྒྱད་ཚང་བར་སྟོན་པའི་དགོངས་པ་མ་རྙེད་པ་འཕགས་པའི་རྗེས་སུ་འབྲངས་ནས་ཉི་ཤུ་ལྔ་པ་དང་སྦྱར་ནས་སོ། །འཕགས་པའི་བཤད་པ་ལས་ནུས་པ་ལྷག་པོ་མེད་པས་དོན་མེད་དོ་སྙམ་ན། གཞན་ལ་རྟོགས་པ་བསྐྱེད་པ་དང་། མཁས་པར་རློམ་པའི་མངོན་པའི་ང་རྒྱལ་མ་ཡིན་གྱི་རང་གི་རྟོགས་པ་འཕེལ་བ་དང་རྗེས་སུ་མཐུན་པའི་ཕྱིར་ཡིན་པས་སྐྱོན་མེད་ཅེས་པའོ། །བསྟན་བཅོས་མཐའ་དག་ཅེས་པའི་དོན་སྔ་རབས་པ་དང་། འགྲེལ་པ་དག་གིས་གཞན་དུ་བཤད་མོད་ལེགས་པར་མི་སེམས་སོ། །གསུམ་པ་ལ། རྙེད་པ་ངོ་མཚར་བ་དང་། བཀའ་དྲིན་ལན་དུ་དབྱེ་བར་རིགས་པ་གཉིས་ཀྱི་དང་པོ་ནི་གོང་དུ་ཇི་སྐད་བཤད་པའི་ཚུལ་གྱིས་དེ་ལྟར་མཁས་པ་བཞིས་ཚིག་དང་དོན་སྣང་བར་བྱས་པའི་འཛམ་བུའི་གླིང་ན་སངས་རྒྱས་གཉིས་པ་ལྟར་གྲགས་པའི་སློབ་དཔོན་དབྱིག་གཉེན་ལ་སོགས་པ་འགའ་ཞིག་ཁོ་ནས་རིགས་ཀྱི་སྟོབས་ཀྱིས་དགོངས་པའི་དོན་ཇི་ལྟ་བ་བཞིན་དུ་མ་རྙེད་པའི་བསྟན་བཅོས་རྒྱས་འབྲིང་བསྡུས་པ་མཐའ་དག་འདི་མཐའ་བྲལ་དབུ་མའི་ཚུལ་དང་། མངོན་པར་རྟོགས་པའི་རིམ་པ་ཚང་བར་སྟོན་པ་དེ་ལྟར་དུ་དགོངས་པའི་དོན་རྙེད་པ་གང་ཡིན་པ་ཡ་མཚན་ནོ་ཞེས་པ་རང་ཉིད་སྐལ་བ་དང་ལྡན་ཞིང་བློའི་ཆེ་བ་སྟོན་པའོ། །དེས་ན་བསྟན་བཅོས་མཐའ་དག་ཅེས་པ་ཤེར་ཕྱིན་གྱི་བརྗོད་བྱ་དང་། བརྗོད་བྱེད་མཐའ་དག་རྙེད་པ་ལ་བྱ་སྟེ། རྒྱས་འབྲིང་བསྡུས་པ་ཀུན་མངོན་པར་རྟོགས་པ་བརྒྱད་ཀྱི་གསལ་བྱེད་དུ་རྟོགས་པ་ནི། བརྗོད་བྱེད་མཐའ་དག་རྙེད་པ་ཡིན་ལ། སྙིང་པོའི་དོན་མཐའ་བྲལ་དབུ་མའི་ཚུལ་དང་། མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི། བརྗོད་བྱ་མཐའ་དག་རྙེད་པ་ཡིན་ནོ། །དེ་ལ་བརྗོད་བྱ་མཐའ་དག་རྙེད་པས་ནི། ཐོགས་མེད་སྐུ་མཆེད་ཀྱི་འགྲེལ་པ་ལས་ཁྱད་ཞུགས་ཤིང་། བརྗོད་བྱེད་མཐའ་དག་རྙེས་པས་ནི། གྲོལ་སྡེ་གཉིས་ཀྱི་འགྲེལ་པ་ལས་ཁྱད་ཞུགས་པར་བསྟན་ཏོ། །གཉིས་པ་ནི་གོང་དུ་བཤད་པའི་ཚུལ་དེ་ལྟར་མཁས་པར་གྲགས་པ་དག་གིས་ཀྱང་གང་གི་ཚིག་དང་དོན་ཚང་བར་མ་རྙེད་པས་ཤིན་ཏུ་རྙེད་པར་དཀའ་བའི་ཟབ་མོའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ཞིག་ལྟར་ཏེ། སྟེས་དབང་གིས་ཚིག་དང་དོན་ཚང་བར་བདག་གིས་རྙེད་པ་ནི། སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་དབང་ཁོ་ནས་ཡིན་གྱི་བདག་གི་བློ་གྲོས་དང་རྩོམ་པའི་སྟོབས་ཀྱིས་ནི་མ་ཡིན་ཏེ། ཡིན་ན་སངས་རྒྱས་གཉིས་པར་གྲགས་པའི་སློབ་དཔོན་དབྱིག་གཉེན་ལ་སོགས་པས་ཤིན་ཏུ་ཡང་རྙེད་པར་རིགས་པས་སོ། ། སངས་རྒྱས་ཀྱི་དབང་གིས་ཡིན་ན་དེ་དག་གིས་ཀྱང་རྙེད་པར་ཅིའི་ཕྱིར་མི་མཛད་ཅེ་ན། སངས་རྒྱས་ཀྱི་བྱིན་རླབས་ནི། རང་གི་སྐལ་བ་དང་འཚམ་པར་རྗེས་སུ་འཇུག་སྟེ་ཟླ་བའི་གཟུགས་བརྙན་བཞིན་ནོ། །སློབ་དཔོན་དེ་དག་ལ་ཡང་སྔོན་གོམས་པའི་ཁྱད་པར་ལས་རེ་ཤིག་ཤེར་ཕྱིན་གྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་སྐལ་བ་མེད་པའི་ཕྱིར་ཏེ། དབུ་མ་འཇུག་པར ། དེ་ཉིད་བཤད་ཟིན་ཟབ་མོ་འཇིག་རུང་འདི་ནི་སྔོན་གོམས་ཉིད་ལ་སྐྱེ་བ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར། །ཅེས་གསུངས་པ་ལྟར་རོ། །དེ་བས་ན་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་ཡུམ་གྱི་དོན་ཚང་བར་རྙེད་པའི་མཁས་པ་བདག་དང་མཚུངས་པ་གཞན་རྣམས་ཀྱིས་ཀྱང་། སངས་རྒྱས་ལ་བྱས་ཤེས་དྲིན་བཟོའི་ལན་དུ་སྒྲུབ་པའི་མཆོད་པའི་ངོ་བོ་ཡུམ་གྱི་ཚིག་དང་། དོན་ཕྱིན་ཅི་མ་ལོག་པར་གཞུང་དང་བློ་ལ་རྣམ་པར་དབྱེ་བར་རིགས་ཏེ། ཡུམ་འཆད་པ་དང་། ཉན་པ་དང་། སེམས་པ་དང་། བསྒོམ་པ་ནི། དེ་བཞིན་གཤེགས་པ་མཆོད་པའི་ཆོ་ག་རྒྱས་པ་ཡིན་པས་སོ། །བཞི་པ་ནི་སངས་རྒྱས་ཀྱི་མཐུས་བརྙེད་པ་མ་གཏོགས་རང་དབང་དུ་ཤེར་ཕྱིན་གྱི་དོན་རྣམ་པ་ཀུན་ཏུ་སེང་བཟང་བདག་གི་བློའི་སྤྱོད་ཡུལ་མིན་ཡང་རྒྱན་གྱི་འགྲེལ་པ་རྩོམ་པ་ལ་སྤྲོ་བ་སྐྱེས། ཞེས་སྦྲེལ་ལོ། །ཅིའི་ཕྱིར་དུ་ན། བག་ཆགས་བཞག་ཅིང་བརྗེད་བྱང་དུ་བྱ་བ་དང་རང་ལས་བློ་གྲོས་དམན་པ་དག་ལ་རྟོགས་པ་བསྐྱེད་པའི་སྒོ་ནས་རང་གཞན་ལ་ཕན་འདགས་པའི་དོན་དུའོ། །དེའི་རྒྱུ་མཚན་ཡང་། ཤེར་ཕྱིན་ཕྱིན་ཅི་མ་ལོག་པ་རྣམ་པར་འགྲེལ་བ་ནི། རང་གཞན་གྱི་རྒྱུད་ལ་བསོད་ནམས་ཁྱད་པར་དུ་འཕགས་པ་བསྒྲུབ་པ་དང་རྗེས་སུ་མཐུན་པའི་ཐབས་དམ་པ་ཡིན་པའི་ཕྱིར་རོ། ། |