ཐུབ་པ་རྡོ་རྗེ་གདན་གྱི་སྒྲུབ་ཐབས།


TNT15_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་བུདྡྷཱ་ཡ། རྒྱལ་བ་སྟོན་པ་ཤཱཀྱའི་ཏོག །དེ་ལ་དད་པས་རབ་བཏུད་ནས། །སྒྲུབ་ཐབས་ཆུ་གཏེར་ཡོན་ཏན་གྱི། །རིན་ཆེན་འབྱུང་གནས་འདིར་འཇུག་བྱ། །དེ་ལ་ཐོག་མ་སྒྲུབ་ཐབས་བརྒྱ་རྩའི་ཆིངས་ཤེས་པའི་དོན་དུ། དེའི་ཐོག་མ་ཐུབ་པ་རྡོ་རྗེ་གདན་གྱི་མངོན་རྟོགས་དང༌། རྗེས་གནང་གི་ཆོ་ག་བཤད་པར་བྱ་ཞིང༌། བརྒྱ་རྩའི་རྗེས་གནང་གཞན་དང་སྦྲེལ་ཚུལ་ཡང་བརྗོད་ན། དུས་བཟང་པོ་ལ་སློབ་དཔོན་བཟང་པོས་སློབ་མ་བཟང་པོ་ལ་བྱིན་ཏེ། དེ་ཡང་སྟེགས་བུ་གྲུ་བཞི་པ་རས་བཟང་པོས་གཡོགས་པའི་དབུས་སུ་མཎྜལ་གུར་གུམ་གྱིས་བྱུགས་པར་རྡོ་རྗེ་གདན་གཙོ་འཁོར་གསུམ་གྱི་ཚོམ་བུ་དབུས་མ་ཆེ་བ། གཡས་གཡོན་དུ་ཆུང་བ་རེ་རེ་ལྷོ་བྱང་དུ་མཚར་དུ་བསྒྲིགས། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོགལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། བྱང་ནུབ་ཏུ་དྲི་ཆབ། བྱང་དུ་ལྷ་བཤོས། དྲི་ཆབ་དང་ལྷ་བཤོས་ཀྱི་བར་དུ་གཏོར་མ་བཤམས། རྗེས་གནང་དུ་མ་ཞིག་རྗེས་ལ་སྦྲེལ་ནས་བྱེད་ན་ཇི་ཙམ་བྱེད་པའི་ལྷ་བཤོས་ཀྱི་གྲངས་དང༌། གཏོར་གསོས་ཀྱི་མཐེབ་ཀྱུ། མེ་ཏོག་གསོ་ཆས། སྤོས་འབུལ་རྒྱུ། མཆོད་ཡོན་ཞབས་བསིལ། དྲི་ཆབ་གསོ་བ་དང༌། གཏོར་མ་སྦྱངས་ཆས་ཀྱི་ཆུ་རྣམས་སྟ་གོན་བྱ། སློབ་དཔོན་གྱི་མདུན་དུ་ལྕོག་རྩེའི་སྟེང་དུ་ཏིང་ཤགས་དང་རྡོར་དྲིལ་གང་འོས། སློབ་མ་རྣམས་ལ་འཐོར་རྒྱུའི་མེ་ཏོག་ཏིང་ཕོར། སློབ་མ་རྣམས་ལ་འགྱེད་རྒྱའི་མེ་ཏོག་ཀ་ཏོར་བ་རེ། ལས་ཀྱི་རྡོ་རྗེའི་མདུན་དུ་མཎྜལ་དང༌། དེ་ལ་བྱུག་པའི་ཆུ་དང་བཅས་པ་བཤམས། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ ལན་བདུན་མཛད། སངས་


TNT15_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་བདེ་བའི་རྒྱུ་དང་ལྡན་པ་གྱུར་ཅིགསྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །རང་སྐད་ཅིག་གིས་ཐུབ་པ་རྡོ་རྗེ་གདན་དུ་གསལ་བའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་གསེར་གྱི་མདོག་ཅན་དེ་ལས་འོད་འཕྲོས། མདུན་གྱི་ནམ་མཁར་ཐུབ་པ་ཆེན་པོ་གཙོ་འཁོར་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཨོཾ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ ཨོཾ་བཛྲ་ནཻ་ཝེ་ཏེ་ཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་


TNT15_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ལན་གསུམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་ཕྱོགས་བཞིར་བདུད་བཞི་མཚམས་བཞིར་སེང་གེ་བཞིས་བཏེག་པའི་སྟེང་དུ། པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ལས་རྡོ་རྗེ་སེར་པོ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཐུབ་པ་རྡོ་རྗེ་གདན་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་གཡས་ས་གནོན། གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ན་བཟའ་ཆོས་གོས་ངུར་སྨྲིག་གསོལ་བ། དབུ་གཙུག་ཏོར་དང་བཅས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། དེའི་གཡས་སུ་བྱམས་པ་སེར་པོ། གཡས་རིན་པོ་ཆེའི་རྔ་ཡབ། གཡོན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པ། གཡོན་ན་སྤྱན་རས་གཟིགས་དཀར་པོ། གཡས་རིན་པོ་ཆེའི་རྔ་ཡབ། གཡོན་པདྨ་བསྣམས་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། བཅོམ་ལྡན་འདས་ཀྱི་ཞལ་ལ་ལྟ་བའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། ཐུབ་པ་རྡོ་རྗེ་གདན་གཙོ་འཁོར་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨ་བེ་ཤ་ཨཱཿ གཉིས་སུ་མེད་པར་ཐིམ། དེ་དག་གི་ཕྱག་རྒྱ་སྤྱི་འགྲོ་ལྟར་མཛད། ཡང་སྙིང་གའི་ཧཱུཾ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ།


TNT15_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསོལ་བ་བཏབ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར་བས། བཅོམ་ལྡན་འདས་ལ་མི་བསྐྱོད་པ། བྱམས་པ་ལ་རྣམ་སྣང༌། སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། ཨོཾ་ཨཱཿབཛྲ་ཧཱུཾ་སྭཱཧཱ། ཞེས་བཟླས་ལ་མཐར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཛཿཧཱུཾ་བཾ་ཧོཿ འཁོར་གཉིས་རང་ལ་ཐིམ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་དཔག་ཏུ་མེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱདྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས། སྟོང་པའི་ངང་ལས་དྲིའི་མཎྜལ་གྱི་དབུས་སུ་རིན་པོ་ཆེའི་ཁྲི་ཞེས་པ་ནས་མདུན་བསྐྱེད་ཡིན་པས་བདག་ཉིད་མི་ཟེར། ཁྱེད་ཀྱིས་འདི་ལ་དབང་བསྐུར་ཟེར་ནས་འདོན་པ་སྤོ། གཞན་དབུ་བརྒྱན་པའི་བར་གོང་གི་བདག་བསྐྱེད་དང་འདྲ་བར་མཛད་ནས། ཨོཾ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཤཔྟ་ཨཱཿཧཱུཾ་གི་བར་དང༌། ན་མ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་སརྦ་བིད། པུ་ར་པུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་བྷྱཿསྭཱཧཱ། མཆོད་ཡོན་སོགས་ཀྱི་ཕྱག་རྒྱ་བཅིང་དགྲོལ། སརྦ་བིད་ལ་གང་བའི་ཕྱག་རྒྱ་མཛད། ཐབས་མཁས་ཐུགས་རྗེ་


TNT15_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང༌། བྱམས་ཆེན་མེ་སོགས་དང༌། སྐྱོན་གྱི་མ་གོས་སོགས་ཀྱིས་བསྟོད། བཟླས་པ་བདུན་ཙམ་གྱི་མཉེས་པར་བྱས། ཨོཾ་ཨཱཿཧཱུཾ་གིས་གཏོར་མ་བྱིན་གྱིས་བརླབས། ཨོཾ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨ་ཀཱ་རོ་ལན་གསུམ་གྱིས་འབུལ། བཅོམ་ལྡན་འདས་བདག་དང་སེམས་ཅད་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། དེ་ནས་མཆོད་གཡོག་པ་གཅིག་གིས་ཐམས་ཅད་ལ་ཁྲུས་ཀྱི་ཕྱིར་ཆབ་བཏང༌། ནང་གི་མཆོད་གཡོག་པས་མེ་ཏོག་འགྱེད་བསྡུད་སྐབས་ཆ་གཉིས་བྱས་ལ། མེ་ཏོག་ཕྱེད་ཕྱེད་སློབ་མ་སོ་སོ་རང་གིས་ཚགས་བྱེད་དུ་གཞུགགསོལ་བཏབ་ཀྱི་དུས་སུ་ཐལ་མོ་སྟོང་པར་མ་སོང་བ་བྱེད། ཕྱེད་བསྡུས་ལ་མཎྜལ་ཕུལ། གྲལ་དང་མེ་ཏོག་བཀྲམ་བསྡུ་ཟིན་པ་དང༌། འདི་སྐད་ཅེས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་དམ་པའི་ཆོས་ཟབ་མོ་གསན་དགོངས་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། འདིར་རྒྱུད་སྡེ་བཞི་ལས་སྒྲུབ་ཐབས་དུ་མ་གསུངས་པ་རྣམས་ལ། རྒྱ་གར་གྱི་སློབ་དཔོན་སོ་སོས་སྒྲུབ་ཐབས་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་བཞུགས་པ་ཡིན་ལ། བསྡུས་པ་བ་རི་བས་བསྒྱུར་བ་འདི་ལ་སྒྲུབ་ཐབས་གཟུངས་དང་བཅས་པ་དཔེ་སྣ་དགུ་བཅུ་གོ་དྲུག་ཡོད། ས་སྐྱ་པ་གོང་མ་རྣམས་ལས་བརྒྱུད་ཅིང་ཐུགས་རྩིས་སུ་མཛད་པ་ཡིན་ལ། འདི་ནི་རྒྱ་གཞུང་རྣམས་ལས་གཅོད་དང་དཀའ་གནས་གཅོད་པའི་མཆན་བུ་དང་ཊཱིཀྐ་རྣམས་ཡོད་པས་གཞུང་ཡང་ལེགས་པར་བཤད་ནུས་ཤིང༌། ཤིན་ཏུ་ཡིད་ཆེས་པའི་གནས་ཡིན་པས། དེའི་ལུགས་ཀྱི་རྗེས་གནང་གི་ཆོ་ག་


TNT15_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་བགྱིད་པ་ལས། དང་པོ་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱིས་བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་དུ་དྲིའི་མཎྜལ་གྱི་དབུས་སུ་བཅོམ་ལྡན་འདས་བསྐྱེད་པ་ལ་མཆོད་བསྟོད། བཟླས་པས་མཉེས་པར་བྱ་བ་དང༌། གཏོར་མ་རྣམས་སྔོན་དུ་སོང་ནས། ད་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། སློབ་མས་འདིར་མཎྜལ་ཕུལ། ཡང་བླ་མས་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གསུངས་ཤིགདུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར། མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་རྒྱུན་བཤགས་དང་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་བཟུང་བ་ལ་སོགས་པ་བགྱིད་སྙམ་པའི་བསམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་གསུམ་དང༌། ཁྱད་པར་དུ་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་སྩལ་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིགསློབ་དཔོན་དགོངས་སུ་གསོལ། བདག་ལ་བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། ད་སྦྱོར་བ་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་པ་ཞུ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། རིན་པོ་ཆེའི་ཁྲི་སོགས་དང་ཁྱེད་རང་རྣམས་བཅོམ་ལྡན་འདས་


TNT15_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་ཞེས་སོགས་ནས་ལྟ་བའོ། །ཞེས་པའི་བར་གཙོ་འཁོར་གསུམ་བདག་བསྐྱེད་བཞིན་གསལ་བཏབ་བོ། །དེ་ནས་སློབ་དཔོན་ཡང་རང་གིས་བསྒོམ་པ་དང་འདྲ་བའི་ཐུབ་པ་རྡོ་རྗེ་གདན་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང༌། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུབ་པ་རྡོ་རྗེ་གདན་འཁོར་དང་བཅས་པའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་དུ་སིབ་སིབ་ཐིམ་པར་མོས་མཛོད། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། དེ་དག་ནི་རྗེས་གནང་གི་གཞི་དགོད་པའོ། །རྗེས་གནང་དངོས་ལ། ལུང་གསུམ་ལས། དང་པོ་རྗེས་སུ་བཟླས་པའི་ལུང་བླང་བའི་ཕྱིར། སློབ་དཔོན་གྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སེར་པོ། དེ་ལས་སྔགས་ཀྱི་ཕྲེང་བ་བྱུང་སློབ་དཔོན་གྱི་ཁ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་སེར་པོ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་འཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧཱུཾ་ལ་ཐིམ་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིགཨོཾ་ཨཱཿབཛྲ་ཧཱུཾ་སྭཱཧཱ། དང་པོས་བྱིན་


TNT15_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། གཉིས་པ་བྱིན་གྱིས་བརླབ་པའི་ལུང་ནི། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད་ཅིགབཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ། ཁྱེད་རང་གི་སྤྱི་བོར་ཕུལ་བར་མོས་པ་མཛོད་ཅིགསློབ་དཔོན་གྱིས་མེ་ཏོག་གཏོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིགགསུམ་པ་དམ་བཅའ་བའི་ལུང་གི་ཕྱིར། བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་འདི་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་བར་ཀྱི་ཡི་དམ་དུ་བཟུང་ངོ༌། །བདག་ཐུགས་ཀྱིས་མ་བཏང་ཞིག་སྙམ་པའི་བསམ་པས་འདིའི་རྗེས་ཟློས་གསུངས་ཤིགསློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་འདས་འཁོར་དང་བཅས་པ་ཡི་དམ་གྱི་ལྷར་བཟུང་ནས། འདིའི་གསང་སྔགས་ཉི་མ་རེ་རེ་བཞིན་འདི་ཙམ་རེ་འདོན་པར་དམ་བཅའ་ལགས་སོ། །ཞེས་ལན་གསུམ་བརྗོད། དེས་དངོས་གཞི་


TNT15_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གསུམ་སོང༌། ད་ནི་རྗེས་བྱིན་གྱིས་བརླབས་པའི་ཕྱིར། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་པ་དང་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྙམ་པ་མཛད་པས། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་ཐུབ་པ་རྡོ་རྗེ་གདན་གྱི་སྐུ་སོར་ཚད་ཙམ་ཞིག་རྒྱངས་ཏེ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། འདི་ཡིག་རྙིང་ན་མེད་ནའང་ཕྱག་ལེན་ལ་མཛད། དེ་ནས་འདིའི་རྒྱ་གཞུང་སྒྲུབ་ཐབས་ཀྱི་ལུང་ཡང་སྤྲོ་ན་བྱའོ། །དེ་དག་ནི་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་ལུང་དང་བཅས་པའོ། །འདི་གཅིག་པུ་ཡིན་ན། གཙོ་བོས་ཇི་ལྟར་སོགས་འོག་བཞིན་བྱ། གཞན་དང་སྦྲེལ་ནས་བྱེད་ན་སློབ་མ་རྣམས་ཀྱིས། སློབ་དཔོན་ཆོ་ག་སྒྲུབ་པའི་བར་ལ་མདོ་འདོན་པ་སོགས་བྱེད་དོ། །སློབ་དཔོན་གྱིས་ཨོཾ་བཛྲ་མུཿ ཚོམ་བུའི་ཡེ་ཤེས་པ་གཤེགས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་རང་ལ་ཐིམ། ཆོས་ཐུན་རེ་ལ་རྗེས་གནང་མང་པོ་སྦྲེལ་ནས་མཛད་ན། སྤྱིར་སློབ་དཔོན་གྱི་བྱ་བ་ལ་སྐྱབས་འགྲོ་སེམས་བསྐྱེད་ཀུན་ལ་འདྲ། ཚོགས་ཞིང་དང༌། ཚད་མེད་རྟིང་མ་རྣམས་ལ་མི་མཛད་པར་སྟོང་ཉིད་ལས་དམ་ཚིག་པ་བསྐྱེད་པ་སོ་སོར་འགྲེ། གནས་གསུམ་བྱིན་རླབས་འདྲ། ཡེ་ཤེས་པ་ལྷ་དེ་དང་དེའི་རྣམ་པར་སྤྱན་འདྲེན་དབང་བསྐུར་འདྲ། རིགས་བདག་སོ་སོར་ཡོད་དེ་འགྲེ། བཟླས་པ་སོ་སོ། འདོད་དོན་གསོལ་བཏབ་འདྲ། འཁོར་ཡོད་ན་གཙོ་བོ་ལ་བསྡུད་པའང་འདྲ། མཆོད་པ་བྱིན་རླབས་མཎྜལ་བསངས་སྦྱངས་འདྲ། སྟོང་པའི་ངང་ལས་དྲིའི་མཎྜལ་གྱི་དབུས་སུ། དམ་ཚིག་པ་བསྐྱེད་པ་ལས། བདག་ཉིད་ཞེས་པ་འཇོག གཞན་སོ་སོའི་བསྐྱེད་ཆོག་བཞིན་བསྐྱེད་


TNT15_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས། སོ་སོའི་ཡེ་ཤེས་པ་སྤྱན་འདྲེན་ཏེ་གཞན་འགྲེ། བཟླས་ལུང་སོ་སོར་འབྱུང༌། དམ་བཅའི་ལུང་ལ་འདོན་པ་སྤོ། བྱིན་གྱིས་བརླབས་པ་ལ་སོ་སོའི་ལྷ་བྱོན་པའི་དམིགས་པ་སྤོ། སྔ་མ་ཚོ་ལ་ལུང་གསུམ་ཚར་རྗེས་དེ་དག་གིས་ནི་ལྷ་འདི་ཞེས་བྱ་བའི་རྗེས་གནང་གི་ཆོ་གའོ་ཞེས་བརྗོད། མདུན་བསྐྱེད་ཀྱི་ཡི་དམ་གཤེགས་སྡུད་ཀྱང་འདྲ། རྗེས་ལུང་ཚར་ཚར་བཞུགས་སུ་བཅུག་སྟེ་མཆོད་པ་འབུལ། ཉིན་གཅིག་གི་རྗེས་གནང་རྟིང་མ་ལ། དེ་ནས་གཙོ་བོས་ཇི་ལྟར་སོགས་གསུམ་གྱིས་དམ་ཚིག་བཟུང༌། གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་ཚར་གསུམ་བྱ། འདིར་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ལས་བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་ཞེས་སམ། རྡོ་རྗེ་གདན་ལ་སོགས་པ་ལྷ་ཁྱད་པར་དུ་འཕགས་པ་འགའ་ཞིག་གི་རྗེས་གནང་གསན་པ་ཡིན་པས་དེས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། ཅེས་བྱས་ནས། བླ་མས་རྗེས་གནང་རྟིང་མའི་ལྷ་ཚོགས་སངས་རྒྱས་བྱང་སེམས་རྣམས་ལ་མཆོད་པ་གོང་མདུན་བསྐྱེད་སྒྲུབ་པའི་སྐབས་ཀྱིས་འགྲེ་ཞིང༌། འདིར་སྐབས་རྔ་བརྡུང༌། བསྟོད་པ་མཉམ་ཉིད་མི་གཡོ་མ་བྱེད། དགོས་འདོད་ཀྱི་དངོས་གྲུབ་བླང༌། ཡིག་བརྒྱ་བརྗོད། བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། བཀྲ་ཤིས་བརྗོད་པའི་ཚིག་སྟོན་མཆོག་དམ་པ་སོགས་ཏེ། རོལ་མོ་རྒྱ་ཆེར་མཛད་དོ། །བསྟན་པ་འདི་ལ་ལྷག་པའི་ལྷ། ཀུན༵་གྱི་རྩ་བ་འདི་ཡིན་པས། རབ་དག༵འ་སེམས་ཀྱིས་བསྒྲུབས་གྱུར་ན། སྙིང༵་པོ༵་མཆོག་གི་དངོས་གྲུབ་ཐོབ། །ཐུབ་པ་རྡོ་རྗེ་གདན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།