ཏཱ་རེའི་གནས་བསྟོད་ངོ་མཚར་སྙེ་མ། རྫོགས་ཆེན་པདྨ་སྐལ་བཟང་།
༈ ངོ་མཚར་ཏཱ་རེའི་གནས་ཀྱི་མཆོག་གྱུར་ཆུ་དབར་ཙན་དན་ནགས་ཀྱི་རི། །
ཆོས་དབྱིངས་མཚན་འཆང་གཡུ་ཁོག་བྱ་བྲལ་དམ་པའི་མཛེས་སྐུ་བལྟམས་པའི་ཡུལ། །
ལྟ་ན་སྡུག་པའི་ཉམས་དགའི་མཛེས་ལྗོངས་ལྷ་ཡུལ་ལྷ་ཡི་སྐྱེད་ཚལ་མཆོག །
གངས་ལྡན་ཉི་མ་ཤར་ལྷོའི་འཛིན་མར་མ་འདྲེས་གཟི་མདངས་ལྷམ་མེར་གསལ། །
པདྨ་སྐལ་བཟང་དེས།
༈ མགོན་ཆོས་དབྱིངས་རང་གྲོལ་འཁྲུངས་པའི་ཡུལ། །
ཧོར་གཞན་ཕན་བླ་མས་གཏེར་སྒོ་དབྱེ། །
སྲིབ་ཏཱ་རེ་སྒྲོལ་མའི་གནས་མཆོག་འདི། །
མཇལ་ཙམ་གྱིས་བྱིན་རླབས་དབང་ཆེན་ཐོབ། །
ཕྲན་ཐུབ་མིང་པས་གཞན་གྱི་ངག་རྒྱུན་ལྟར་བྲིས་པའོ། །
ཏཱ་རེའི་གནས་བསྟོད་ངོ་མཚར་སྙེ་མ་ཞེས་བྱ་བ།
ཀྱེ་ཧོ།
ངོ་མཚར་གྲུབ་པའི་གནས་མཆོག་ལྷ་ཡི་ལྗོངས། །
ཡིད་འོང་སྣོད་ཀྱི་འཇིག་རྟེན་ལྟ་ན་སྡུག །
རབ་བརྗིད་ལྷུན་སྟུག་ནོར་བུའི་ས་འཛིན་ལ། །
སྣ་ཚོགས་ལྗོན་ཤིང་དྲྭ་བས་ཀུན་ནས་མཛེས། །
སྟེང་ན་རྩ་གསུམ་ལྷ་ཡིས་གྲུ་ཆར་འབེབ། །
འོག་ན་ཀླུ་རྒྱལ་དམ་པའི་ཐོད་ཀྱིས་འདུད། །
བར་ན་འདོད་དགུའི་ཕྱྭ་གཡང་སྤྲིན་བཞིན་འདུ། །
ཆོས་ནོར་གཏེར་གྱི་བཅུད་ཀྱིས་ཀུན་ཏུ་གཏམས། །
ཤར་སྟོད་ཡིད་བཞིན་འཁོར་ལོ་ཚེ་ཡི་བདག །
ལྷོ་ཕྱོགས་སེར་མོ་རྒྱས་མཛད་དོན་འགྲུབ་དཔལ། །
ནུབ་ཏུ་དབང་གི་ལྷ་མོ་ནོར་རྒྱུན་མ། །
བྱང་དུ་འཇིགས་བྱེད་རལ་བའི་ཐོར་ཚུགས་ཅན། །
དབུས་སུ་སེང་ལྡིང་ནགས་ཀྱི་སྒྲོལ་མ་ལ། །
ཉེར་གཅིག་ལྷ་མོའི་ཚོགས་ཀྱིས་བསྐོར་བ་ཡི། །
ས་ལ་སྤྱོད་པའི་ཞིང་ཁམས་ཉམས་དགའ་བ། །
མ་སྨད་སྐྱེ་དགུའི་བསོད་ནམས་ཞིང་དུ་ཆེ། །
ཕྱི་ལྟར་ཡིད་བཞིན་འདོད་འཇོ་གཏེར་གྱི་རི། །
ནང་ལྟར་གཡུ་ལོ་བཀོད་པའི་ཞིང་ཁམས་ཏེ། །
གསང་བ་དགའ་ཆེན་ཡེ་ཤེས་སྒྱུ་མའི་མཛོད། །
ལྷ་ཡུལ་ལྷ་ལས་འཕགས་པའི་ཞིང་ཁམས་བསྔགས། །
གཡས་ན་ཆབ་དཀར་སྨན་གྱི་རྒྱུན་འབེབ་ཅིང་། །
གཡོན་ན་དམར་གྱི་རཀྟའི་རླབས་ཕྲེང་གཡོ། །
དཀྱིལ་ན་དཔལ་བཤོས་གཏོར་མའི་རི་བོ་སྟེ། །
གསང་ཆེན་གསང་བའི་སྒྲུབ་རྫས་སྣོད་ལ་ཚང་། །
སྤང་རི་ཟླུམ་པོས་ཞི་བའི་ལས་ཀུན་འགྲུབ། །
ཐང་ཆེན་གྲུ་བཞིས་ཚེ་བསོད་རྒྱས་པར་བྱེད། །
ཟླ་གམ་དབང་རིས་ཁམས་གསུམ་ཡིད་འགུག་ཅིང་། །
གནམ་ས་གྲུ་གསུམ་དྲག་པོའི་ལས་ལ་ཤིས། །
དེར་ནི་ཟླ་བ་བདུད་རྩིའི་འོད་དཀར་གྱིས། །
ཟིལ་ཐིགས་བཀྲམ་པའི་གཡུ་ལོའི་ཚང་ཚིང་དབུས། །
ལྷུན་གྲུབ་བྲག་རིའི་ཁང་བཟང་བཀོད་མཛེས་པར། །
ཞི་བའི་ཏིང་འཛིན་མི་གཡོ་ངང་གིས་འཕེལ། །
ཡིད་འོང་བག་ཕེབས་རྒྱུ་བའི་རི་དྭགས་དང་། །
བཀྲ་ཤིས་སྐད་སྙན་འབྱིན་པའི་བྱ་ཚོགས་དག །
འབྲས་ལྡན་ནགས་ཀྱི་ཚལ་ན་རྩེན་པ་ཡི། །
ཁོར་ཡུག་དབེན་པའི་དགའ་བ་ལྷ་ཡིས་བྱིན། །
ལྗོན་ཚལ་ལོ་མས་དཀྲིགས་པའི་ས་འཛིན་རྩེར། །
རབ་དཀར་གངས་རིའི་ཐོད་ཀྱིས་བརྒྱན་པའི་མགུལ། །
འཇའ་སྤྲིན་དྲྭ་བས་སྦྲེལ་བའི་མཚར་སྡུག་འབུམ། །
བྱེད་པོས་ཆེད་དུ་པིར་གྱིས་བྲིས་དང་མཚུངས། །
འཆི་མེད་སྨན་ཤིང་བདུད་རྩིའི་བཅུད་དང་ལྡན། །
མ་བཅོས་བྲག་ལ་ལྷ་སྐུའི་སྣང་བརྙན་བཀྲ །
ཏཾ་ཡིག་རང་བྱོན་རི་ཀླུང་ཀུན་ལ་ཁྱབ། །
འཕགས་མའི་གནས་མཆོག་མཐོང་གྲོལ་དག་པའི་ཞིང་། །
གཡས་འཁྱིལ་རང་བྱོན་དུང་གི་སྣང་བརྙན་ལ། །
རྩ་གསུམ་ལྷ་དང་སྲུང་མའི་བྱིན་འོད་འཐིབ། །
རྒྱང་སྙན་ས་སྟེང་མཛེས་པའི་གྲགས་དཀར་འབུམ། །
རྨད་བྱུང་ཆོས་ཀྱི་སྣང་བར་འགྲོགས་ལ་རིངས། །
སྲ་བརྟན་གནམ་ས་ཆགས་པའི་དུམ་བུའི་གཞིར། །
གསང་འཛིན་གསང་བའི་བདག་པོའི་སྐུའི་འདྲ་འབག །
མངོན་སུམ་འབུར་དུ་དོད་པའི་ངོ་མཚར་གྱིས། །
སྐལ་ལྡན་མིག་ལ་དག་པའི་བདུད་རྩི་སྦྱིན། །
འབྲེལ་ཚད་དོན་ལྡན་ཐར་བའི་ཐེམ་སྐས་མཆོག །
སྒོ་གསུམ་སྒྲིབ་དག་བསྐྱེད་རྫོགས་ལས་སུ་རུང་། །
འབྱུང་ཁམས་དྭངས་ཤིང་ཏིང་འཛིན་ཤུགས་ཀྱིས་སྐྱེ། །
འགོལ་བའི་གནས་འདི་སྐལ་ལྡན་སྐྱེ་བོའི་ཡུལ། །
ཅོད་པན་མགྲིན་བཟང་གཏེར་གྱི་ལྷ་མོ་ལ། །
གནས་འདི་གཉེར་དུ་གཏད་པའི་རྡོ་རྗེའི་རྒྱ། །
ཁོ་བོ་རིགས་སྔགས་འཛིན་པ་པདྨའི་མིང་། །
སྐལ་བ་བཟང་པོས་མཚན་དེས་ཡོངས་སུ་བཀོད། །
ཁྱད་པར་སྔ་འགྱུར་རྫོགས་ཆེན་བརྒྱུད་པའི་སྲོལ། །
སྙིང་ཐིག་སྙིང་པོའི་བསྟན་པ་རབ་དར་བའི། །
བདེན་ཚིག་སྨོན་ལམ་དཀར་པོའི་དར་གྱི་མདུད། །
ཕྱི་རབས་སྐྱེ་བོའི་མགུལ་བའི་རྒྱན་དུ་བཀོད། །
ཡི་དམ་གསང་བའི་ལྷ་མཆོག་ཀཱི་ལ་ཡས། །
མི་ཤིགས་ཚེ་ཡི་གའུ་བསྡམས་དང་ལྷན། །
མ་འོངས་པདྨའི་མིང་ཅན་གྲངས་མེད་པ། །
གནས་འདིར་འབྱོན་པའི་བཀྲ་ཤིས་དགེ་བས་མཚན། །
ཕུན་ཚོགས་སྡེ་བཞིའི་འབྱོར་བ་མཐའ་ནས་རྒྱས། །
རིམ་གཉིས་ལམ་གྱི་བགྲོད་པ་ནང་ནས་རྫོགས། །
བདེ་སྐྱིད་དཔལ་གྱི་སྣང་བས་ཕྱོགས་ཀུན་ཁྱབ། །
བཀྲ་ཤིས་དཔལ་གྱིས་ས་སྟེང་འགེང་གྱུར་ཅིག །
ཅེས་པའང་ཤར་རོང་བྲག་རྒྱལ་མོ་ཚ་བའི་རོང་གི་གནས་ཀྱི་གོང་བ། ཆུ་དབར་སྒྲོལ་མ་གཡུ་ཡི་ལྷ་ཁང་གི་དབེན་གནས་སུ་ལྷ་སྲས་དགྱེས་པ་རྡོ་རྗེའི་བཞེད་སྐོང་དུ་རྫོགས་ཆེན་པདྨ་སྐལ་བཟང་གིས་རབ་གནས་མེ་གླང་ཧོར་ཟླ་༥པའི་ཚེས་༡༠ཡི་ཐོར་ཐུན་གྱི་སྔ་ཆར་བྲིས་པ་དགེ། །