བླ་སྒྲུབ་ཚོགས་མཆོད་བསོད་ནམས་རྒྱ་མཚོ།

དག་སྣང་མི་ཟད་རྒྱན་འཁོར་ལས༔ བླ་སྒྲུབ་ཚོགས་མཆོད་བསོད་ནམས་རྒྱ་མཚོ་བཞུགས༔ བླ་མ་རྡོ་རྗེ་འཆང་ལ་འདུད༔ བསོད་ནམས་ཡེ་ཤེས་ཚོགས་བསགས་ནི༔ རྫོགས་པའི་ཐབས་མཆོག་བླ་ན་མེད༔ ཕྱག་བྱར་འོས་པ་བླ་མ་ཡིན༔ ལོངས་སྤྱོད་ཅི་ཡོད་ཚོགས་སུ་བཤམས༔ ལྟོས་མེད་མཆོད་པའི་ཞིང་ལ་འབུལ༔ ཚེ་གང་དུས་བརྒྱའི་རྒྱགས་ཕྱེ་འོ༔ ས་མ་ཡཱ༔ ཨཱཿ མ་བཅོས་རིག་སྟོང་སྤྲོས་བྲལ་ཡེ་ཤེས་ལྷ༔ སྣང་སྟོང་ཁྱབ་བརྡལ་ངང་ནས་སྐྱབས་སུ་མཆི༔ མ་རིག་གཉིས་སྣང་འཁྲུལ་པའི་ལུས་ཅན་ཀུན༔ རང་གྲོལ་གཉུག་མའི་ངང་ནས་སེམས་མཆོག་བསྐྱེད༔ ཧཱུྃ༔ ཆོས་ཉིད་ཀློང་ལས་ཤར་བའི་རྩ་གསུམ་ལྷ༔ ཡེ་གྲོལ་གཤིས་ལུགས་མ་བཅོས་ངང་ཕྱག་འཚལ༔ ཡུལ་དྲུག་སྣང་བ་མཆོད་པའི་ཕྱག་རྒྱ་ཆེ༔ རང་རིག་ཆོས་སྐུ་མ་མཐོང་གཉིས་འཛིན་བཤགས༔ ཟག་མེད་ཏིང་འཛིན་དགེ་ལ་རྗེས་ཡི་རང༔ འཕོ་ཆེན་ཀློང་ནས་ཆོས་ཀྱི་འཁོར་ལོ་བསྐོར༔ དུས་གསུམ་རྒྱལ་ཀུན་མྱ་ངན་མི་འདའ་བཞུགས༔ རྣམ་དཀར་དགེ་ཚོགས་འཁོར་གསུམ་དག་པས་བསྔོ༔ ཧཱུྃ་ཧྲཱིཿ མ་རིག་གཉིས་སྣང་འཁྲུལ་པའི་ལྷ་འདྲེ་རྣམས༔ གཟུང་འཛིན་རང་སར་གྲོལ་བའི་གཏོར་མ་བཞེས༔ སྐྱེ་འགག་གནས་གསུམ་བྲལ་བའི་ཀློང་དུ་དེངས༔ བཀའ་ལས་འདས་ན་རྡོ་རྗེ་ཁྲོ་བོས་གཞོམ༔ ཧཱུྃ་ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ལས་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་བསྲེག་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བདུད་རྩིར་བསྒྱུར༔ ལྷ་རྣམས་དགྱེས་པ་བསྐང་བའི་དཔྱིད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཙ་མེ་གྷ་ཨ་ཧཱུྃ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་སྐྱེ་མེད་འོག་མིན་ཞིང་ཁམས་ནས༔ ཡེ་གཞི་དོན་གྱི་སངས་རྒྱས་བླ་ན་མེད༔ ལྷུན་གྲུབ་སྒྱུ་འཕྲུལ་རོལ་པའི་བླ་མ་རྗེ༔ མ་ལུས་འཁོར་བཅས་ཚོགས་ཀྱི་ཞིང་ལ་གཤེགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་ས་མ་ཡཱ་ཛ་ཛཿ ཏིཥྛ་ལྷན༔ ན་མོ་ན་མ་ཡ་ཏི༔ ཧཱུྃ་ཧྲཱིཿ སྣོད་བཅུད་བསྟན་གཡོ་ཡེ་ཤེས་མཆོད་པའི་ཚོགས༔ ཡེ་གྲོལ་གཤིས་ཀྱི་མཆོད་པ་ཨ་ལ་ལ༔ རིག་སྟོང་ཡེ་ཤེས་བླ་མ་རྗེ་ལ་འབུལ༔ ཉམས་ཆག་ཉེས་ལྟུང་བརྗོད་མེད་ཀློང་དུ་བཤགས༔ མ་རིག་གཟུང་འཛིན་རཱུ་ཏྲ་གཟུགས་ལ་ཕོབ༔ བདག་མེད་རང་བྱུང་རྡོ་རྗེའི་མཚོན་གྱིས་སྒྲོལ༔ འཁོར་འདས་གཉིས་འཛིན་བླང་དོར་དག་གྱུར་ཅིག༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་ཀློང་ལས་རང་བྱུང་གྲུབ་པའི་སྐུ༔ སྲིད་དང་ཞི་ལ་མི་གནས་ཡེ་སངས་རྒྱས༔ མཚན་དཔེའི་ཡོན་ཏན་ཡོངས་རྫོགས་དགེ་བའི་བཤེས༔ བླ་མ་རྡོ་རྗེ་འཆང་ཆེན་ཐུགས་དམ་བསྐང༔ བསྐང་བ་མེད་ཀྱི་ཁམས་གསུམ་ཡོངས་དག་བསྐང༔ སྦྱོར་བ་མེད་ཀྱི་སྣང་སྟོང་ཟུང་དུ་འཇུག༔ སྒྲོལ་བ་མེད་ཀྱི་བདག་རྟོག་དབྱིངས་སུ་སྒྲོལ༔ འཁོར་གསུམ་ཡོངས་དག་རྣམ་དཀར་ཀློང་དུ་བསྐང༔ ཨ་ལ་ལ་ཧོ༔ མ་ཧཱ་སུ་ཁ་པཱུ་ཛ་ཁཱ་ཧི༔ ཚོགས་ལ་རོལ་ཞིང་དབང་བཞི་བླངས༔ ལྷག་མའི་མགྲོན་ལ་ལྷག་གཏོར་འབུལ༔ ཕེཾ་ཀྱིས་མགྲོན་བཀུག་བྱིན་གྱིས་བརླབས༔ ཧཱུྃ་ཧྲཱིཿ ལྷག་ལ་དབང་བའི་དབང་ཕྱུག་གིང་ལང་ག༔ དྲེགས་པ་ཁྱོ་ཤུག་ཕྲ་མེན་ལྷག་སྡུད་རྣམས༔ བཀའ་ཡི་ཕ་འབབ་ལྷག་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་དུས་འདིར་འགྲུབ་པར་མཛོད༔ ཧཱུྃ་ཧྲཱིཿ བཞེངས་ཤིག་བཞེངས་ཤིག་འོག་མིན་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ༔ སྔོན་གྱི་ཐུགས་དམ་གཉན་པོ་མ་གཡེལ་བར༔ གནོད་བྱེད་ཕུང་སྲི་བདག་འཛིན་རུ་ཏྲ་ཀུན༔ བདག་མེད་གནས་ལུགས་ལྟ་བའི་ཀློང་དུ་སྒྲོལ༔ ས་དང་ལམ་གྱི་བར་ཆད་དབྱིངས་སུ་སོལ༔ ཉམས་རྟོགས་བསོད་ནམས་འཕེལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ ཀུན་བཟང་རྡོར་སེམས་འགྲོ་འདུལ་པདྨ་འབྱུང༔ བརྒྱུད་གསུམ་བླ་མས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དྲང་སྲོང་ཆེན་པོས་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་འདི་བཞེས་ཕྲིན་ལས་སྒྲུབ་ཏུ་གསོལ༔ ཧཱུྃ་ཧྲཱིཿ སྔོན་ཚེ་སློབ་དཔོན་གུ་རུའི་སྤྱན་སྔ་རུ༔ འཛམ་གླིང་བོད་ཁམས་སྐྱོང་བར་ཞལ་བཞེས་པའི༔ བསྟན་མ་བཅུ་གཉིས་བྲན་གཡོག་འཁོར་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ རྟེན་འབྲེལ་གཞི་ལ་དག་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿ སྣང་སྲིད་འོད་ཞུ་རང་ལ་ཐིམ༔ རང་ཡང་དམིགས་མེད་འཇའ་ལྟར་ཡལ༔ རང་བྱུང་དོན་གྱི་བླ་མ་རྗེ༔ རྡོ་རྗེ་འཆང་གི་རོལ་པར་སད༔ དགེ་བ་འདི་ཡིས་མྱུར་དུ་བདག༔ དཔལ་ལྡན་བླ་མ་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་འཁོད་པར་ཤོག༔ ཧཱུྃ༔ རིག་འཛིན་བརྒྱུད་པའི་བྱིན་རླབས་དང༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག༔ སྣང་བ་དབང་འདུས་བཀྲ་ཤིས་ཤོག༔ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོག༔ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས༔ སྒྲ་གྲགས་བདེ་ཆེན་སྔགས་སུ་དག༔ དྲན་རྟོག་འོད་གསལ་ཆོས་སྐུར་སྨིན༔ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག༔ ཨེ་མ་ཡང་ཟབ་སྒྲུབ་ཐབས་འདི༔ ཕྱི་སྣོད་འབྱུང་བའི་བཅུད་མིན་ཞིང༔ རང་བྱུང་རིག་པའི་ཀློང་ནས་བཏོན༔ དགོངས་གཏེར་མཁའ་འགྲོའི་བརྡ་ཚིག་ཡིན༔ ཕལ་པའི་བློ་ཡིས་དཔྱད་པར་དཀའ༔ བཀའ་ཡི་སྲུང་མས་བྱ་ར་གྱིས༔ སྐལ་མེད་རྣམས་ལ་གུ་ཧྱ་རྒྱ༔ ཞེས་པའི་བླ་སྒྲུབ་གང་ལ་ཡང་སྦྱར་དུ་རུང་བའི་ཚོགས་མཆོད་བསོད་ནམས་རྒྱ་མཚོ་འདི༔ སྔོན་སྦྱངས་ལས་ཀྱིས་འབྲེལ་འདྲིས་ཆེ་བའི་དགེ་སློང་དགེ་བའི་བཤེས་གཉེན་བདག་ཅག་རྣམས་ཀྱིས་སྐྱབས་སུ་བསྟེན་པའི་དམ་པ་རིན་པོ་ཆེ་འཇིགས་མེད་ཚུལ་ཁྲིམས་ཀྱི་བཀའ་གསུང་གསེར་གྱི་ཅོད་པན་མགོ་ལ་བསྩལ་བའི་བཀའ་མི་ལྡོག་ཙམ་དུ༔ དུས་བབས་ཀྱི་གཏེར་སྟོན་གཞན་ཕན་བཟང་པོས་སྤྲེའུ་ཟླ་བའི་ཚེས་བཅུའི་དུས་སུ༔ སྤོས་ཀྱི་གླང་པོའི་ལུང་པར་རྟེན་འབྲེལ་བཟང་པོའི་དུས་ཐུན་མཚམས་གཅིག་ལ་སྦྱར་བ་དགེ་ལེགས་འཕེལ༔