ཙ་འདྲ་ཕག་མོའི་སྒྲུབ་གནས་ཊཱཀྐིའི་གསང་མཛོད་རྒྱ་མཚོའི་དཀར་ཆགས་རྣམ་མཁྱེན་མྱུ་གུ། སུར་ཡའི་མིང་ཅན།ཙ་འདྲ་ཕག་མོའི་སྒྲུབ་གནས་ཊཱཀྐིའི་གསང་མཛོད་རྒྱ་མཚོའི་དཀར་ཆགས་རྣམ་མཁྱེན་མྱུ་གུ་ཞེས་བྱ་བ་བི་ཛ་ཧ་རཾ༔ ༼མཚོ་ནག༽ ན་མཿཤྲི་ཛྙ་ན་ཊཱཀྐི་ནི་བྷྱ༔ ཡེ་གཞི་ཀུན་ཁྱབ་སྟོང་གསལ་ཆོས་ཀྱི་སྐུ༔ དབྱིངས་རིག་དབྱེར་མེད་ཡི་དམ་ཞི་ཁྲོའི་གར༔ འགག་མེད་ལོངས་སྐུའི་ཐུགས་རྗེ་སྒྱུ་མའི་འཕྲུལ༔ རང་བྱུང་བླ་མ་ཐོད་ཕྲེང་རྩལ་གྱིས་སྐྱོངས༔ རྒྱལ་ཀུན་གསང་གསུམ་ཡེ་ཤེས་རང་རྩལ་ལས༔ སྙིགས་མའི་འགྲོ་ལ་ཐུགས་རྗེ་ལྷག་པར་དགོངས༔ བོད་ཡུལ་གདུལ་བྱའི་སྟོན་པ་བླ་ན་མེད༔ འཕགས་མཆོག་རིགས་གསུམ་མགོན་དེ་སྙིང་ནས་བསྔགས༔ ཆོས་ཉིད་དབྱིངས་ན་ཆོས་སྐུ་ཀུན་བཟང་མོ༔ འོག་མིན་ཞིང་ན་ལོངས་སྐུ་ཝཱ་ར་ཧི༔ རྔ་ཡབ་གླིང་ན་སྤྲུལ་སྐུ་མཚོ་རྒྱལ་མ༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་གུས་པས་འདུད༔ སྙིང་དབུས་ཆོས་དབྱིངས་འཁོར་ལོའི་འོད་ཀློང་དུ༔ སངས་རྒྱས་ཀུན་གྱི་ཐུགས་རྗེའི་བདག་ཉིད་མཆོག༔ བཀའ་དྲིན་གཞན་ལས་ལྷག་པའི་དཔལ་མངའ་བ༔ རྩ་བའི་བླ་མ་མཆོག་ལ་ཕྱག་བགྱིའོ༔ མཆོག་གསུམ་ཀུན་འདུས་བརྒྱུད་ལྡན་བླ་མ་དང༔ གྲུབ་གཉིས་མཆོག་རྩོལ་ཡི་དམ་ཞི་དང་ཁྲོ༔ གནས་ཡུལ་དུར་ཁྲོད་སྐྱོང་མཛད་མཁའ་འགྲོའི་སྡེ༔ རྩ་གསུམ་དམ་ཅན་སྲུང་མས་གནང་བ་སྩོལ༔ སྤྱིར་ན་འཛམ་གླིང་གནས་ཆེན་ལྔ་ཡི་གཙོས༔ རྒྱ་བོད་གནས་མཆོག་གནས་ཕྲན་ཇི་སྙེད་པ༔ ཀུན་གྱི་བྱིན་རླབས་ཅིག་ཆར་རྫོགས་པའི་གནས༔ ཁྱད་པར་ལྷོ་མོན་ཙ་རི་པདྨ་འོད༔ ཨོ་རྒྱན་མཁའ་སྤྱོད་གནས་དང་དུར་ཁྲོད་བརྒྱད༔ མངའ་རིའི་སྐོར་གསུམ་དབུས་གཙང་རི་བཞི་དང༔ སྦས་གནས་ལྔ་དང་སྒྲུབ་གནས་བརྒྱ་རྩ་བརྒྱད༔ གཙུག་ལག་ཆོས་འཁོར་དབེན་གནས་ལ་སོགས་པའི༔ གནས་རྣམས་ཀུན་གྱི་ཡོན་ཏན་འདི་རུ་བྱོན༔ ས་ཕོ་སྟག་ལོ་གསར་ཚེས་ནས་བཟུང་སྟེ༔ ལྕགས་ཕོ་འབྲུག་མཇུག་སྦྲུལ་ལོ་གསར་ཚེས་བར༔ གནས་ཀྱི་བྱིན་རླབས་གཞན་དུ་འཕོ་མི་འགྱུར༔ གནས་འདིའི་ཕན་ཡོན་གྲངས་ལས་འདས་མོད་ཀྱང༔ འོན་ཀྱང་མདོར་བསྡུས་ཅུང་ཟད་དགོད་པར་བྱ༔ ཕག་མོའི་སྒྱུ་འཕྲུལ་སྐུ་ཡི་བཀོད་པ་ལ༔ ཡུལ་ཆེན་ཉེར་བཞི་གནས་ཆེན་སོ་གཉིས་རྫོགས༔ འཁོར་ལོ་ལྔ་ཡི་དཀྱིལ་འཁོར་བསམ་ཡས་པ༔ རང་བྱུང་ཞི་དང་ཁྲོ་བོ་སྤྲིན་ལྟར་འཁྲིགས༔ ཊཱཀྐི་རྒྱ་མཚོས་བྱིན་གྱིས་བརླབས་པའི་གནས༔ མཚོ་མདའ་ཨོ་རྒྱན་གསང་ཆེན་དཔལ་གྱི་རི༔ རིགས་གསུམ་སེམས་དཔའི་སྐུ་གསུང་ཐུགས་ཡོན་ལྡན༔ ཨོ་རྒྱན་ཡབ་ཡུམ་རྗེ་འབངས་གྲུབ་ཐོབ་ཀྱིས༔ རྫུ་འཕྲུལ་བྱིན་བརླབས་གྲུབ་རྟགས་ཡ་མ་ཟུང༔ སྐུ་ཡིག་ཕྱག་མཚན་དངས་བ་འདྲེན་པའི་རྟེན༔ འབྲེལ་ཚད་སྒྲིབ་དག་ཚོགས་གཉིས་རྫོགས་ཕྱིར་དུ༔ རྒྱལ་བས་ལུང་བསྟན་འཕགས་ཡུལ་རཱ་ཛ་ཡི༔ སྨོན་ལམ་མཐུ་གྲུབ་འཛམ་གླིང་ས་གནས་སུ༔ ལྷ་འདྲེས་མཆོད་རྟེན་བྱེ་བ་བཞེངས་པ་ཡི༔ ཐུགས་རྟེན་རིང་བསྲེལ་དང་བཅས་ངོ་མཚར་ཅན༔ སྣང་སྲིད་ཟིལ་གནོན་རང་བྱོན་རྡོ་དཀར་གྲུབ༔ བཻ་རོའི་དབུ་ཞྭ་གཡུ་སྒྲའི་ཞབས་རྗེས་དང༔ རྣམ་སྣང་ལོ་ཙའི་བཞུགས་ཁྲི་རྨད་དུ་བྱུང༔ ལྷ་ཆེན་མཆིལ་བས་མ་ཎི་བླངས་པའི་རྟགས༔ ཧཿརིཿནིཿསཿརང་བྱོན་བྲོ་ར་སྣང༔ ཊཱཀྐིའི་ཚོགས་གཞོང་རྡོ་ཡི་ཀཱ་པ་ལ༔ ཕྱག་མཚན་གྲི་གུག་རུ་ཏྲའི་ཙིཏྟའི་སྒྲོམ༔ ལྷ་ལུང་སྐུ་རྗེས་དང་ནི་ཕྱག་ཞབས་རྗེས༔ པདྨ་སམ་བྷའི་ཞབས་རྗེས་གྲུ་གང་ཡོད༔ ཉི་ཟླའི་ཚེ་ཆུ་མྱོང་གྲོལ་ཨ་མྲྀ་ཏས༔ ཚེ་ཟད་ཡིན་ཀྱང་ལོ་གསུམ་བར་དུ་འཚོ༔ བཻ་རོའི་ཞབས་རྗེས་ཡུལ་འདྲེ་དམ་བཏགས་རྟགས༔ དམ་ཅན་རྟེན་གནས་ཕ་ཝོང་རྒྱས་པའི་དབྱིབས༔ སྐྱེས་མཆོག་ར་རྗེས་གྲུབ་པའི་གཟན་ལྕགས་རྗེས༔ གཏེར་སྒོ་གྲུ་བཞིར་ཕྱག་ཆེན་ཆོས་སྐོར་བཞུགས༔ གནས་རིའི་བྲག་ལ་གཏེར་རྟགས་གྲུ་བཞི་པར༔ མཁའ་འགྲོའི་ཐུགས་ཏིག་གསང་མཛོད་སྐོར་ལྔ་བཞུགས༔ ཝ་དཀར་རྒྱལ་མོ་གཡུ་སྒྲའི་སྒྲུབ་ཕུག་དེར༔ མཐའ་དམག་གཡུལ་བཟློག་རེག་ཕུང་དུག་རླང་སྦས༔ ཤར་གྱི་ལུང་པ་བྲག་དམར་ཀེའུ་ཚང༔ ལྷོ་ཡི་ལུང་པ་པདྨ་ཤེལ་གྱི་ཕུག༔ ནུབ་གྱི་ལུང་པ་ཕྱག་ཆེན་ཐུགས་ཀྱི་གནས༔ བྱང་གི་ལུང་པ་རྫ་ཁྲ་སྤོས་ངད་ལྡན༔ ཙ་འདྲ་གསང་ཆེན་གནས་ཀྱི་ཕྱོགས་བཞིར་བཞུགས༔ ནང་སྐོར་ལན་གཅིག་བྱས་པའི་ཕན་ཡོན་ནི༔ ཡིག་དྲུག་དུང་ཕྱུར་བདུན་གྱི་གྲངས་དང་མཉམ༔ དུག་གསུམ་སྒྲིབ་དག་སྐུ་གསུམ་ས་ལ་འགོད༔ བར་སྐོར་གཅིག་བྱས་མ་ཎི་དུང་བཅུ་གསུམ༔ མི་དགེ་བཅུ་སྤངས་རིག་འཛིན་གོ་འཕང་བགྲོད༔ ཕྱི་སྐོར་ལན་གཅིག་བྱས་པའི་སྐྱེས་བུ་དེས༔ ཡིག་དྲུག་དུང་ཕྱུར་ཉེར་ལྔའི་ཕན་ཡོན་ཐོབ༔ མཚམས་མེད་ལྔ་སྦྱངས་ཕྱིར་མི་ལྡོག་པར་འགྱུར༔ གནས་མཆོག་ཁྱད་འཕགས་ཨོ་རྒྱན་མཁའ་འགྲོའི་གླིང༔ འབྲེལ་ཚད་སྲིད་པའི་འཁོར་མཚོ་ལས་བསྒྲལ་ནས༔ མྱང་འདས་ཐར་བའི་སྐམ་སར་དབུགས་དབྱུང་འགྱུར༔ དེ་ཕྱིར་ལོག་རྟོག་མཆི་མའི་ཐལ་བ་དོར༔ དད་དང་དག་སྣང་ཞིང་ས་བཟང་པོ་ལ༔ བྱང་ཆུབ་སེམས་ཀྱི་ས་བོན་ལེགས་པར་སྨིན༔ ཚོགས་གཉིས་ཡོངས་རྫོགས་སྐུ་གཉིས་འབྲས་ཐོབ་འགྱུར༔ གནས་བདག་ཞིང་སྐྱོང་དྲང་སྲོང་རཱ་ཧུ་ལ༔ བཙན་རྒོད་མཆེད་བདུན་དྲེགས་པ་སྡེ་བརྒྱད་དང༔ དམ་ཅན་སྲུང་མ་དཀར་ཕྱོགས་སྐྱོང་རྣམས་ཀྱིས༔ ཕན་བདེའི་དགའ་སྟོན་སྤེལ་བའི་ཕྲིན་ལས་མཛོད༔ སྨྲས་པ༔ འཕགས་མཆོག་ཕྱག་ན་པདྨོའི་སྒྱུ་འཕྲུལ་གར༔ བསམ་བཞིན་བསྟན་འགྲོའི་དཔལ་དུ་ལེགས་ཤར་བ༔ མཆོག་སྤྲུལ་མི་ཕམ་རྣམ་པར་རྒྱལ་བ་ཡི༔ འགྲོ་དོན་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག༔ ༈ ཐུབ་བསྟན་བཟང་པོས་ཐུབ་བསྟན་རྒྱལ་མཚན་སྒྲེངས། ། མི་ཕམ་རྒྱ་མཚོ་མ་ཕམ་གཡུལ་ལས་རྒྱལ། ། དམ་པ་ཟུང་གི་ཐུགས་བསྐྱེད་དུས་སུ་སྨིན། ། འགྲོ་དོན་དགའ་བདེའི་རོལ་མོར་རྟག་སྤྱོད་ཤོག །དགེའོ། །དགེའོ། །དགེའོ། ། |