༡༠ མངོན་པར་བྱང་ཆུབ་པའི་མཛད་པ།
མངོན་པར་བྱང་ཆུབ་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔས་བདུད་ཀྱི་སྡེ་ཆེན་པོ་བཏུལ་ནས་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཐོབ་སྟེ་ནམ་གྱི་ཆ་སྟོད་ལ་བསམ་གཏན་བཞི་མངོན་དུ་མཛད་ཅིང་། གུང་ལ་རིག་པ་གསུམ་བསྐྱེད་དེ་ནམ་གྱི་ཆ་སྨད་སྐྱ་རེངས་འཆར་བ་རྒྱལ་རྔ་བརྡུང་བའི་ཚོད་ཙམ་ལ་རྟེན་ཅིང་འབྲེལ་བ་བཅུ་གཉིས་དང་། བདེན་པ་བཞིའི་ཆོས་ཉིད་མངོན་དུ་བྱས་ནས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ་དེ་བཞིན་གཤེགས་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་བཞུགས་སོ། །དེ་ནས་ཚངས་པ་དང་། བརྒྱ་བྱིན་དང་། འོག་མིན་བར་གྱི་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་ཤིང་རྒྱལ་བ་རྒྱལ་བ་ཞེས་བསྔགས་སོ། །དེའི་ཚེ་ཟླ་བ་སྒྲ་གཅན་ལས་གྲོལ་ཞིང་གྲགས་འཛིན་མའི་སྲས་སྒྲ་གཅན་འཛིན་ཡང་བཙས་ཤིང་། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོ་ཡང་བཙས་སོ། །ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་ཐམས་ཅད་འོད་ཀྱི་སྣང་བས་ཁྱབ་པར་གྱུར་ཏོ། །དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལ་རིམ་པ་ལྟར་བདུན་ཕྲག་དང་པོ་ལ་སྐྱིལ་ཀྲུང་མ་བཤིག་པར་ཤིང་གི་རྒྱལ་པོ་ལ་སྤྱན་མི་འཛུམ་པར་གཟིགས་ནས་དགའ་བའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བདེ་བ་ལ་མྱོང་བར་མཛད་དོ། །བདུན་ཕྲག་གཉིས་པ་ལ་ཡང་སྐྱིལ་ཀྲུང་མ་བཤིག་པར་བཞུགས་བཞིན་པས་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་གཤེགས་ནས། འཇིག་རྟེན་འདོད་པའི་བདེ་བ་གང་། །ལྷ་ཡུལ་བྱུང་བདེ་གང་ཡིན་པ། །སྲིད་པ་ཟད་པའི་བདེ་དེ་ལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་རྣམ་པར་གྲོལ་བའི་བདེ་བས་དགྱེས་པའི་གསུང་ཡང་བསྩལ་ཏོ། །དེ་ནས་བདུན་ཕྲག་གསུམ་པ་ལ་ང་སངས་རྒྱས་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མཐར་དབྱུང་ངོ་ཞེས་བྱང་ཆུབ་ཀྱི་ཤིང་ལ་གཟིགས། བདུན་ཕྲག་བཞི་པ་ལ་ཤར་ནུབ་རྒྱ་མཚོའི་བར་གྱི་འཛམ་གླིང་ལ་འཆག་པར་མཛད་དེ་བོད་ཡུལ་ཀྱང་ཞབས་ཀྱིས་བཅག་པར་འདོད་དོ། །བདུན་ཕྲག་ལྔ་པ་ལ་ཡུལ་ངན་གྱི་ཚེ་ན་ཀླུ་བཏང་བཟང་གི་གནས་སུ་བཞུགས་ཤིང་ཀླུ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་ལ་དཀྲིས་ཤིང་ཡུལ་ངན་གྲོལ་ནས་ལྷའི་ལུས་སུ་བསྒྱུར་ནས་མཆོད་ཅིང་བསྙུན་གསོལ་ཏོ། །བདུན་ཕྲག་དྲུག་པ་ལ་ནཻ་རཉྫ་ནའི་འགྲམ་ཤིང་ནེ་གྲོ་དྷའི་དྲུང་རྩའི་གདིང་བ་ལ་བཞུགས་ནས་ཀླུ་དེ་དག་དང་ཀུན་ཏུ་རྒྱུ་གཅེར་བུ་པ་རྣམས་ལ་སྙུན་འདྲིའི་ཚིགས་བཅད་གསུངས། བདུན་ཕྲག་བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱིས་སྦྲང་རྩི་ཕུལ་བ་བཞེས་ནས་དེ་གཉིས་ལ་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྣམས་གསུངས། དེའི་ཚེ་དེ་བཞིན་གཤེགས་པ་ཅུང་ཟད་བསྙུན་པའི་ཚུལ་བསྟན་པ་ན་བདུད་སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་གསོལ་ཚེ། འཁོར་རྣམ་པ་བཞི་ལ་ཆོས་བསྟན་པར་མ་གྱུར་བར་མྱ་ངན་ལས་མི་འདའ་བ་གསུངས་པས་བདུད་སྡིག་ཅན་ཡིད་མི་བདེ་བར་གྱུར་ཏོ། །དེ་ནས་བདག་གིས་རྟོགས་པའི་ཆོས་ཟབ་མོ་འདི་ནི་གཞན་གྱི་ཁོང་དུ་ཆུད་པར་དཀའ་སྟེ། གལ་ཏེ་བདག་གིས་གཞན་ལ་བསྟན་པར་བྱས་ཀྱང་དེས་མི་རྟོགས་པས་བདག་ཉིད་གཅིག་པུ་དགོན་པར་གནས་པར་བྱའོ་སྙམ་དུ་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་སོ། །