རྡོ་རྗེ་གླུའི་མཆོད་པ།

༄༅། རྡོ་རྗེ་གླུའི་མཆོད་པ༔ ཀྱེ༔ དཀྱིལ་འཁོར་གང་དུ་ཡང་ཧེ་རུ་ཀའི་ངོ་བོར་དབང་རྫོགས་ཤིང་མཐོང་ཐོས་དྲན་རེག་གི་འགྲོ་བ་སྨིན་གྲོལ་ཟབ་གསང་རྡོ་རྗེ་ཐེག་པའི་ལམ་ལ་དཀྲི་བར་བྱེད་པའི་རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་གཟུངས་མ་མཆེད་དང་ལྕམ་དྲལ་རྣམས་རྡོ་རྗེ་གླུའི་མཆོད་པ་འདི་ལ་གསན་ཅིང་ཐུགས་གཏད་པར་ཞུཿ ཨ་ཧོ༔ ཡེ་གཞི་བདེ་གཤེགས་སྙིང་པོ་རང་བྱུང་གི་ཡེ་ཤེས༔ འགགས་མེད་སྣ་ཚོགས་འཆར་བའི་ཕྲིན་ལས་ཀྱི་སྒྲུབ་སྡེ༔ བསྟན་འགྲོའི་དཔལ་མགོན་ཉིན་བྱེད་ཨོ་རྒྱན་གྱི་སངས་རྒྱས༔ ལུང་རིག་གླིང་པའི་ངོ་བོ་རྔ་ཡབ་ནས་འབྱོན་ཤོག༔ ང་ཅག་བྱ་རྩོལ་བྲལ་བའི་གཤིས་ལུགས་སུ་གནས་ཀྱང༔ གདན་གསུམ་ལྷ་ཡི་གྲོང་ཁྱེར་དཔའ་བོ་སྟེ་མཁའ་འགྲོ༔ བཟའ་བཅའ་བཏུང་བའི་ཚོགས་ཀྱི་སྟོན་མོ་དེ་བསྒྲིགས་ནས༔ རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཞལ་སྤྲོ་ཞིག་མཛད་དོ༔ དེང་འདུས་མཆེད་དང་ལྕམ་དྲལ་མི་ཕྱེད་ཀྱི་བརྩེ་བས༔ རང་བྱུང་ལྷན་སྐྱེས་དགའ་མས་མཆོད་རྫས་རེ་ཐོགས་ནས༔ ཁྱབ་བདག་དྲིན་ཆེན་བླ་མ་སྟོན་འཁོར་ཚོགས་དྲངས་ནས༔ མཁའ་སྤྱོད་ཟངས་མདོག་དཔལ་རིར་ཟླ་གྲོགས་ཤིག་མཛད་དོ༔ ད་རེས་སྨོན་ལམ་བཟང་པོས་མཚམས་སྦྱོར་དེ་མཛད་ནས༔ མཐར་ཐུག་ཨོ་རྒྱན་བླ་མ་བདེ་ཆེན་གྱི་རྒྱལ་པོ༔ འགྲོ་མགོན་མཆོག་སྤྲུལ་ལུང་རིག་སྤྲུལ་སྐུ་དེ་བཞུགས་པའི༔ མདུན་དེར་ཚོམ་གཅིག་འདུས་པའི་རྟེན་འབྲེལ་དེ་ཞུ་ན༔ དཔལ་གྱི་རི་ལ་འཇའ་གུར་འཕན་གདུགས་ཀྱིས་བསྐོར་ནས༔ ཡོངས་འཛིན་བླ་མ་དགྱེས་པའི་བརྡ་གླུ་ཞིག་བཀྲོལ་ཡོང༔ འདིར་འདུས་མཆེད་ལྕམ་མི་འབྲལ་དམ་ལྡན་གྱི་ཚོམ་བུ༔ ཟག་མེད་ཐབས་ཤེས་རྫས་མཆོག་ཚོགས་འཁོར་ལ་རོལ་ཏེ༔ ནམ་ཞིག་གཞོན་ནུ་བུམ་པའི་ཕྱི་རྒྱ་དེ་རལ་ཚེ༔ འཕོ་ཆེན་འཇའ་སྐུར་འགྲུབ་པའི་དངོས་གྲུབ་ཅིག་ཞུའོ༔ ཨ་ལ་ལ༔ ཞེས་ཡར་ངོའི་ཚེས་བཅུ་ཨོ་རྒྱན་རིན་པོ་ཆེ་སྐུ་དངོས་སུ་བྱོན་པའི་དུས་སུ་ཡོངས་འཛིན་བླ་མ་མཆོག་གི་དངོས་སློབ། གསང་སྔགས་རྡོ་རྗེ་ཐེག་པའི་རྣལ་འབྱོར་དཔོན་བླ་བླ་མ་དོན་གྲུབ་ཀྱིས་བསྐུལ་ངོར་གཏེར་མིང་གཏེར་ལ་མོས་པའི་བླ་གཟུགས་ས་ར་ཧི་ཏས་རྟེན་འབྲེལ་སྒྱུ་འཕྲུལ་སྣང་བའི་དུས་སྟོན་དུ་ཕུལ་བ་དགེ་ལེགས་འཕེལ༔