རྩ་ལྟུང་བཤགས་པ་དང་སྡོམ་གསུམ་སྤྱི་བཤགས།

རྩ་ལྟུང་བཤགས་པ་དང་སྡོམ་གསུམ་སྤྱི་བཤགས་བཞུགས། ཁྱབ་བདག་རྡོ་རྗེ་སེམས་དཔའ་བདག་ལ་དགོངས། །མི་ཤེས་མ་གུས་ཉོན་མོངས་མང་བ་ཡིས། །དཔལ་ལྡན་བླ་མའི་ཐུགས་དཀྲུགས་བཀའ་ལས་འདས། །རྡོ་རྗེ་སྤུན་ལ་ཁྲོས་པ་མཐོལ་ལོ་བཤགས། །བྱམས་པའི་སེམས་བཏང་བྱང་སེམས་ཉམས་པ་དང་། །གྲུབ་མཐའ་སྨད་ཅིང་མ་སྨིན་གསང་བ་བསྒྲགས། །ཕུང་པོ་བརྙས་སྨོད་ཆོས་ལ་སོམ་ཉི་བྱས། །གཡོ་སྒྱུའི་བྱམས་པ་བྱས་པ་མཐོལ་ལོ་བཤགས། །ཟབ་མོའི་གནས་ལ་རང་བཟོའི་རྟོག་དཔྱོད་དང་། །དག་པའི་གང་ཟག་སྐྱོན་སྨྲས་དམ་རྫས་སྤངས། །བུད་མེད་ཡོངས་སུ་སྨོད་པ་ལ་སོགས་པ། །རྩ་ལྟུང་བཅུ་བཞིའི་ལྟུང་བ་གནོང་བས་བཤགས། །བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །རིགས་ལྔ་སྤྱི་དང་བྱེ་བྲག་དམ་ཚིག་སོགས། །རྡོ་རྗེ་ཐེག་པའི་རྩ་བ་ཡན་ལག་གི། །དམ་ཚིག་ཉམས་ཆག་ཐམས་ཅད་སྙིང་ནས་བཤགས། །ཉེས་ལྟུང་དྲི་མ་ཐམས་ཅད་ཡོངས་དག་ནས། །རྡོ་རྗེའི་ལམ་མཆོག་ཟབ་མོ་མྱུར་བགྲོད་དེ། །ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་ཆེན་པོ། །ཚེ་འདི་ཉིད་ལ་མྱུར་དུ་ཐོབ་པར་ཤོག །དགེ་སློང་བསྟན་འཛིན་ཆོས་འཕེལ་ངོར། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྦྱར་བའོ།། །།དགེའོ། །
༄། །སྡོམ་གསུམ་སྤྱི་བཤགས་ནི། ཀུན་གཟིགས་མཁྱེན་མངའ་དཔལ་ལྡན་རྡོ་རྗེ་འཛིན། །སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་དང་བཅས། །རླབས་ཆེན་མཁྱེན་དགོངས་མཁའ་ལྟར་ཡངས་པ་དག །བརྩེ་བ་ཆེན་པོའི་ཐུགས་རྗེས་ལེགས་གཟིགས་མཛོད། །ཐོག་མེད་དུས་ནས་ད་ལ་ཐུག་གི་བར། །མི་ཤེས་པ་དང་མ་གུས་ཉོན་མོངས་མང་། །དེ་དག་དབང་གིས་ཕྱི་ནང་གསང་བ་ཡི། །བསླབ་པ་གང་དང་གང་ལ་འགལ་བའི་རིམ། །བསྟན་པའི་རྩ་བ་སོ་སོར་ཐར་བའི་ཁྲིམས། །ཕམ་པ་ལྷག་མའི་སྡེ་དང་སྤང་ལྟུང་སོགས། །བཅས་མཚམས་ཁས་བླངས་གང་བགྱིས་ཕྲ་རགས་ཀུན། །ཉམས་པ་གང་སོང་མཐའ་དག་མཐོལ་ཞིང་བཤགས། །བསྟན་པའི་ཡལ་འདབ་ཕ་རོལ་ཕྱིན་པའི་ཁྲིམས། །ནག་པོའི་ཆོས་བཞི་ལྟུང་བ་ཉེས་བྱས་ཚོགས། །བློ་ཡི་སྟོབས་ལས་རང་བྱན་མ་ཚུད་པར། །འདའ་གང་བསླབ་པ་རལ་བ་བགྱིས་ཀུན་བཤགས། །བསྟན་པའི་འབྲས་བུ་རྡོ་རྗེ་ཐེག་པའི་ཁྲིམས། །རྩ་ལྟུང་བཅུ་བཞི་སྦོམ་པོ་བརྒྱད་ལ་སོགས། །དམ་ཚིག་མཐའ་ཡས་གང་གང་བཟུང་བ་ལས། །ཉམས་པ་གང་བྱས་མཐའ་དག་བཤགས་བགྱིད་དོ། །མདོར་ན་སོ་བྱང་སྔགས་ཀྱི་ཉམས་ཆག་ཀུན། །སྔར་བྱུང་དག་ལ་ཞེ་གནོང་འགྱོད་པ་དང་། །ཕྱིན་ཆད་རང་རྒྱུད་ལེགས་བསྡམ་བྱེད་སེམས་ཀྱིས། །འགྱོད་ཚངས་བྱས་འདིས་བྱང་དག་དངོས་གྲུབ་སྩོལ། །ཅེས་སྤྱི་བཤགས་ཉེས་ལྟུང་གདུང་བ་སེལ་བའི་ཟླ་ཟེར་ཞེས་བྱ་བ་འདི་ཡང་གྲྭ་བཙུན་ཀུན་དཔལ་ལ་མཁོ་ནས། མ་ཏིས་སྨྲས་པ་དགེའོ། །
༈ སངས་རྒྱས་བྱང་སེམས་སྐྱབས་གནས་དགོངས། །སྡོམ་གསུམ་ཉེས་ལྟུང་བྱུང་ཚད་ལ། །རབ་གནོང་འགྱོད་ཅིང་ཕྱིན་ཆད་སྡོམ། །བསླབ་རལ་བྱང་ནས་ཚང་བར་མཛོད། །འདི་ཡང་བློས་བཞིན་ངོར། མ་ཏིས་སོ།། ༈ སངས་རྒྱས་བྱང་སེམས་རིག་པ་འཛིན། །ཉན་རང་སློབ་མར་བཅས་པ་དགོངས། །སོ་བྱང་སྔགས་གསུམ་བཅས་མཚམས་ལས། །འགལ་བ་གང་བྱུང་སྙིང་ནས་བཤགས། །འདི་ཡང་མ་ཏིས་སོ། །