བཀའ་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་བླ་མ་བརྒྱུད་པ་རྣམས་ལ་གསོལ་བ་བཏབ་པ་གསེར་གྱི་པདྨ་རྒྱས་པའི་ཕྲེང་བ།

༈ བཀའ་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་བླ་མ་བརྒྱུད་པ་རྣམས་ལ་གསོལ་བ་བཏབ་པ་གསེར་གྱི་པདྨ་རྒྱས་པའི་ཕྲེང་བ་ཞེས་བྱ་བཞུགས་སོ། །

ཨོཾ་ཨཱ༔ ཧཱུྃ། རྒྱལ་གསུང་བརྒྱད་ཁྲི་བཞི་སྟོང་སྒོ། །ཀུན་གྱི་སྙིང་པོ་བླ་མེད་པ། །སངས་རྒྱས་ཡེ་ཤེས་དྲང་ཐད་དུ། །སྟོན་གྱུར་རྫོགས་པ་ཆེ་ལ་འདུད། །དུས་གསུམ་ཡོངས་ཀྱི་འབྱུང་གནས་ནི། །ཆོས་དབྱིངས་རྣམ་དག་གདོད་མའི་ཡེ་ཤེས་ཏེ། །དེ་ཉིད་ཞལ་ཕྱག་བྲལ་ལས་ཞལ་ཕྱག་ཚུལ། །སྟོན་པ་ཀུན་ཁྱབ་ཀུན་ཏུ་བཟང་པོར་འདུད། །ཆོས་ཉིད་ངོ་བོར་གཉིས་འཛིན་སྤྲོས་པ་བྲལ། །གཅིག་པུ་གཉིས་མིན་དཔྱད་པའི་ཡུལ་ལས་འདས། །མཐའ་བྲལ་ཡེ་ཤེས་ཀུན་བཟང་ཡབ་དང་ཡུམ། །མཉམ་སྦྱོར་རྒྱལ་བ་མཆོག་དེར་གསོལ་བ་འདེབས། །ཡེ་ཤེས་ལྡོག་ཆས་རབ་སྣང་རྒྱལ་བ་རིགས། །ཆིག་བསྡུས་ཁྱབ་བདག་དང་པོ་རྡོ་རྗེ་སེམས། །འཁོར་ལོས་བསྒྱུར་བ་དེ་ལ་གསོལ་བ་འདེབས། །ལྷ་གནས་གསུམ་དང་མི་ཡི་གདུལ་བྱའི་ངོར། །རྒྱལ་བ་འགྲོ་འདུལ་ཐབས་ལ་མཁས་པ་ཡི། །རྒྱལ་སྲས་ཚུལ་བཟུང་བྱམས་མགོན་སེམས་ལྷག་ཅན། །དགའ་རབ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་ཐུགས་རྗེའི་འོད་ཟེར་ནི། །མ་ཧཱ་ཙི་ནའི་ཡུལ་དུ་སྐུ་འཁྲུངས་ཤིང་། །གནས་ལྔ་རིག་གཙོ་འཇའ་ལུས་རྡོ་རྗེའི་སྐུ། །ཤྲཱི་སིངྷའི་ཞབས་ལ་གསོལ་བ་འདེབས། །ཕྱོགས་དུས་རྒྱལ་བ་ཡོངས་འདུས་ངོ་བོ་ཉིད། །པདྨ་ཀ་ར་རྒྱལ་བ་འོད་དཔག་མེད། །རབ་འབྱམས་དཀྱིལ་འཁོར་གཙོ་མཆོག་ཧེ་རུ་ཀ །ཐུབ་ཆེན་སེངྒེ་དེ་ལ་གསོལ་བ་འདེབས། །འཇམ་དཔལ་དཔའ་བོ་ས་སྐྱོང་རྒྱལ་པོའི་ཚུལ། །ལྷ་ཡི་མེ་ཏོག་བོད་ཁམས་སྐྱེ་རྒུའི་མགོན། །དབྱངས་ཅན་ལྷ་མོའི་རང་བཞིན་ཀུན་ཏུ་བཟང་། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །གུ་རུ་པདྨའི་སྲས་གྱུར་ཟབ་གཏེར་བདག །ཡོངས་ཀྱི་གཙོ་གྱུར་ཆོས་ཀྱི་དབང་ཕྱུག་ཅེས། །འཇིག་རྟེན་དབང་ཕྱུག་སྤྲུལ་པ་མཆོག་གྱུར་ཅིང་། །ཐུགས་ཀྱི་གཏེར་གཅིག་བདག་པོར་གསོལ་བ་འདེབས། །དེ་ཡི་རིགས་སྲས་བཀའ་བབ་ཆོས་ཀྱི་བདག །ལང་གྲོ་ལོ་ཙཱའི་རྣམ་སྤྲུལ་པདྨ་དབང་། །རྟ་མཆོག་ཞལ་གཟིགས་མཆོག་གི་དངོས་གྲུབ་བརྙེས། །རྒྱལ་སྲས་མཆོག་གྱུར་དེ་ལ་གསོལ་བ་འདེབས། །དེ་བཞིན་དམ་པའི་གདུང་འཛིན་ཆོས་རྒྱལ་མཚན། །ཡེ་ཤེས་མཁའ་འགྲོའི་རྣམ་འཕྲུལ་ཀུན་གྲོལ་མ། །བསྐྱེད་རྫོགས་གདེང་བརྙེས་ཆོས་ཀྱི་རྡོ་རྗེ་འཛིན། །སྤྲུལ་སྐུ་ནོར་བུ་འཛིན་ལ་གསོལ་བ་འདེབས། །སྨིན་གྲོལ་མཛོད་འཛིན་དོན་ཡོད་རྒྱལ་བའི་མཚན། །སྤྲུལ་པའི་སྐུ་མཆོག་བཤེས་གཉེན་ནོར་བུའི་ཞབས། །སྔ་འགྱུར་བསྟན་པའི་སྲོག་ཤིང་ཆོས་ཀྱི་དབང་། །ཀརྨ་གུ་རུའི་ཞབས་ལ་གསོལ་བ་འདེབས། །དམ་པའི་སྲོལ་འཆང་ཀརྨ་དབང་ཕྱུག་ཆེ། །མང་ཐོས་བླ་ཆེན་བློ་མཆོག་རྡོ་རྗེ་རྩལ། །རྒྱལ་བའི་སྲས་པོ་ངག་དབང་འཇམ་དབྱངས་པ། །འཇམ་དབྱངས་ལྷུན་གྲུབ་དཔལ་ལ་གསོལ་བ་འདེབས། །ཉང་རིགས་གྲུབ་པའི་སྲས་གྱུར་རིག་པ་འཛིན། །ངེས་སངས་རྫོགས་ཆེན་རྣལ་འབྱོར་ཡོངས་ཀྱི་གཙོ། །སྦས་ཚུལ་གྲུབ་པའི་སྐྱེས་བུ་མཆོག་དམ་པ། །པདྨ་དབང་གྲགས་ཞབས་ལ་གསོལ་བ་འདེབས། །དེ་ཡི་ཆོས་ལས་སྐྱེས་གྱུར་སྲས་ཀྱི་གཙོ། །དེང་དུས་སངས་རྒྱས་མཉམ་སྦྱོར་བསྟན་འཛིན་མཆོག །མདོ་ཁམས་ཤར་འཁྲུངས་མཁས་ཤིང་ཉམས་རྟོགས་ལྡན། །ཚེ་དབང་ནོར་བུར་གྲགས་ལ་གསོལ་བ་འདེབས། །ཟབ་དགུ་དམ་ཆོས་ཡོངས་ཀྱི་སྙིང་པོ་འདི། །ཚེ་གཅིག་སངས་རྒྱས་ལམ་མཆོག་རྫོགས་པ་ཆེ། །སྨིན་གྲོལ་ཟབ་དགུའི་ཡང་སྙིང་མཉམ་སྦྱོར་གྱི། །དེ་སྟོན་རྩ་བའི་བླ་མར་གསོལ་བ་འདེབས། །ཤུ་བྷཾ།