བཅོམ་ལྡན་འདས་སྨན་བླའི་སྒྲུབ་ཐབས།


TNT15_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྒྱལ་བ་སྨན་གྱི་དབང་པོ་ལ། །བཏུད་ནས་དེའི་སྒྲུབ་ཐབས་ནི། །ཨ་ཏི་ཤ་ཡི་མན་ངག་བཞིན། །མདོར་བསྡུས་ཙམ་ཞིག་གསལ་པོར་བྲི། །སྐྱབས་སེམས་སྔོན་དུ་སོང་ནས། རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཨོཾ་སྔོན་པོའི་འོད་ཀྱི་འཕྲོ་འདུ་ལས། རང་སྐད་ཅིག་གིས་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུཪྱ་འོད་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ག་རབ་ཏུ་བྱུང་བའི་ཆ་ལུགས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་ཨ་རུ་ར་རྒྱས་པ་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་བཻཌཱུཪྱའི་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། དར་དམར་པོས་ཆོས་གོས་རྣམ་གསུམ་གསོལ་བ། པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེ་ཡོངས་སུ་རྫོགས་པའི་སྐུར་གྱུར། ཐུགས་ཀར་ཟླ་བ་ཨོཾ་སྔོན་པོ། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་སྤྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཡས་སུ་ཨ་ལས་བྱང་སེམས་ཟླ་བ་ལྟར་སྣང་བྱེད་དཀར་པོ། གཡོན་དུ་མཾ་ལས་ཉི་མ་ལྟར་སྣང་བྱེད་དམར་སེར། གཉིས་ཀའང་ཐལ་མོ་སྦྱར་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རང་གི་སྤྱི་བོར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ། ན་མོ་བྷ་ག་ཝ་ཏེ། བྷཻ་ཥ་ཛྱེ་གུ་རུ་བཻཌཱུཪྱ། པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ། ས་མུད་ག་ཏེ་སྭཱཧཱ། ཞེས་པ་དང༌།


TNT15_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མན་ཆད་ཁོ་ན་བཟླ་བའི་ལུགས་ཀྱང་ཡོད་དེ། འབུམ་བཟླས་པས་བསྙེན་པའོ། །འཇུག་ཏུ་ཡེ་ཤེས་པ་མདུན་དུ་བཞུགས་པར་མོས་ལ། བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་བྱ། འདོད་དོན་གསོལ་བཏབ་དགེ་བ་བསྔོ། ཡིག་བརྒྱ་གཤེགས་གསོལ་རྣམས་སྤྱི་དང་མཐུན་པར་བྱ། འདིའི་རྗེས་གནང་བྱ་ཐབས་ནི། མཎྜལ་གཅིག་ལ་ཚོམ་བུ་བདུན་གྲལ་རིམ་དུ་བཀོད། མཆོད་པ་རྒྱ་ཆེར་བཤམས། བྱིན་རླབས་མདོ་ཆོག་བཞིན་བྱས་ཀྱང་རུང་མོད་ཀྱི། སྤྱི་དང་མཐུན་པར་བྱ། བདག་བསྐྱེད་གོང་བཞིན་སྔོན་དུ་བཏང་ནས། མཎྜལ་བྷྲུཾ་ལས་བྱུང་བའི་གཞལ་ཡས་ཁང་གི་དབུས་སུ། ཚོམ་བུ་རྣམས་པད་ཟླའི་གདན་རེ་རེར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བདེ་བར་གཤེགས་པ་བདུན་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་མ་ཚར་གཅིག་བརྗོད། པདྨ་ཀ་མ་ལ་ཡ་སྟྭཾ་ལན་བདུན། དབུས་སུ་བཅོམ་ལྡན་འདས་སྨན་གྱི་བླ་ཞེས་པ་ནས། བརྒྱན་པའོ། །གཡས་ཀྱི་གདན་གསུམ་ལ་རིམ་པས། དེ་བཞིན་གཤེགས་པ་མངོན་མཁྱེན་རྒྱལ་པོ་སྐུ་མདོག་དམར་པོ་གཡས་མཆོག་སྦྱིན་དང༌། གཡོན་མཉམ་བཞག །ཆོས་སྒྲགས་རྒྱ་མཚོའི་དབྱངས་སྐུ་མདོག་དམར་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་བཞགམྱ་ངན་མེད་མཆོག་དཔལ་སྐུ་མདོག་དམར་སྐྱ་ཕྱག་གཉིས་མཉམ་བཞགགཡོན་གྱི་གདན་གསུམ་ལ་རིམ་པས། གསེར་བཟང་དྲི་མེད་སྐུ་མདོག་དཀར་སེར་གཡས་ཆོས་འཆད། གཡོན་མཉམ་བཞག རིན་ཆེན་ཟླ་བ་སྐུ་མདོག་


TNT15_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་གཡས་ཆོས་འཆད། གཡོན་མཉམ་བཞག མཚན་ལེགས་སྐུ་མདོག་སེར་པོ། གཡས་ཆོས་འཆད། གཡོན་མཉམ་བཞག་མཛད་པའོ། །ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རྒྱལ་སྲིད་སྣ་བདུན། འདོད་ཡོན་སྣ་ལྔ། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད་སོགས་ཀྱིས་མཆོད་པའང་སྤྲོ་ན་བྱ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཚར་གསུམ། དེ་ནས་བཟླས་པ་ཅི་འགྲུབ་བྱའོ། །གལ་ཏེ་མདོ་ཆོག་ཡོངས་རྫོགས་ལ་བརྟེན་ནས་བསྒྲུབས་ན། བདག་བསྐྱེད་སྔོན་དུ་བཏང་ནས། རྗེས་ཆོག་མ་གཏོགས་ཆོ་ག་ཚར་བ་ན་བཟླས་པ་གང་འགྲུབ་བྱའོ། །སློབ་མའི་བྱ་བ་ནི་ཁྲུས་བྱས་མཎྜལ་ཕུལ་ཞིང༌། བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་གཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོ་ཡི་དམ་དུ་འཚལ་གྱི། སློབ་དཔོན་གྱིས་བདག་ལ་ལུང་སྩལ་དུ་གསོལ། ལན་གསུམ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ལན་གསུམ། སྐྱབས་སེམས་རྒྱས་པར་འབོགས་པའམ། སངས་རྒྱས་ཆོས་དང་མ་ལན་གསུམ། དེ་ནས་འདི་སྐད་ཅེས། ཁྱེད་རང་རྣམས་ཐ་མལ་བར་གནས་པའི་སྤྱི་བོར་བཅོམ་ལྡན་འདས་སྨན་གྱི་བླ་ཞེས་པ་ནས། བརྒྱན་པའོ། །དབུ་གཙུག་ཏུ་བླ་མའི་ངོ་བོའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང༌། དེའི་དབུ་གཙུག་ཏུ་མངོན་མཁྱེན་རྒྱལ་པོ་སྐུ་མདོག་དམར་པོ་ཞེས་སོགས་གཅིག་གི་དབུ་གཙུག་ཏུ་གཅིག་རིམ་པས་གསལ་འདེབས། དེ་རྣམས་ལ་མོས་གུས་དུང་


TNT15_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱས་པས། དེ་བཞིན་གཤེགས་པ་མཚན་ལེགས་འོད་དུ་ཞུ་ནས། རིན་ཆེན་ཟླ་བའི་སྐུ་ལ་ཐིམ། དེ་བཞིན་དུ་རིམ་པས་སྦྱར་ཏེ། མངོན་མཁྱེན་རྒྱལ་པོ་འོད་དུ་ཞུ་ནས། སྨན་པའི་རྒྱལ་པོ་ལ་ཐིམ། དེའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་སྟེ། སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་ཤེལ་གོང་གཡའ་དག་པ་བཞིན་དུ་གྱུར་པར་མོས། ཡང་སྨན་པའི་རྒྱལ་པོའི་དབུ་གཙུག་ཏུ་མངོན་མཁྱེན་རྒྱལ་པོ་གསལ་འདེབས་པ་ནས། སྡིག་སྒྲིབ་བཀྲུས་པའི་བར་གོང་བཞིན་ལན་གཉིས་ཏེ། ཡོངས་དྲིལ་ལན་གསུམ་གྱི་མཐར། སྨན་པའི་རྒྱལ་པོ་འོད་དུ་ཞུ་ནས་ཐིམ་པ་ལས། ཁྱེད་རང་རྣམས་བཅོམ་ལྡན་འདས་སྨན་གྱི་བླ་ཞེས་པ་ནས། བརྒྱན་པའོ། །སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སངས་རྒྱས་སྨན་གྱི་བླའི་རྣམ་པར་སྤྱན་དྲངས། སློབ་མའི་སྤྱི་བོ་ནས་ཞུགས། སྙིང་གའི་ཨོཾ་སྔོན་པོ་ལ་ཐིམ། དཔྲལ་བར་ཨོཾ་སོགས་འབྲུ་གསུམ་བཀོད། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་བཞིན་དུ། མེ་ཏོག་སྤྱི་བོར་བཞགསྔགས་ཀྱི་བཟླས་ལུང༌། དམ་བཅའི་ལུང་སྤྱི་དང་མཐུན་པར་སྦྱིན། སླར་ཡང་མཆོད་པ་གསར་པ་ཞིག་བཤམས་ལ། དཔོན་སློབ་རྣམས་ལྷན་ཅིག་པས་བྱིན་གྱིས་བརླབས། རབ་འབྱམས་རྒྱ་མཚོ་མའི་ཚིགས་བཅད་ཀྱིས་འབུལ། མཐར་རོལ་ཆེན་དང༌། མཆོད་པའི་སྤྲིན་གྱི་གཟུངས་བརྗོད་ནས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི་སོགས་ཀྱི་བྱིན་གྱིས་བརླབས་པའི་ལུང་བྱའོ། །སློབ་མའི་རྗེས་ཀྱི་བྱ་བ་སྤྱི་དང་འདྲ་ཞིང༌། ཆོས་སྐྱོང་གི་གཏོར་མ་བཏང༌། ཆ་གསུམ་གྱི་གཏོར་མ་སོགས་དང༌། མདུན་བསྐྱེད་ཀྱི་རྗེས་ཀྱི་བྱ་བ་ཡང་སྤྱི་དང་འདྲའོ། །སྨན་བླའི་སྒྲུབ་ཐབས་ཡི་གེ་ནི། །ཀུན༵་ལས་དག༵འ་ཞིང་གསལ་བ་འདི། །ཤོག་གྲངས་མང་བ་མི་ངོམ་ཀྱང༌། །སྙིང༵་པོ༵འི་དོན་བཟང་ངོམ་དུ་རུང༌། །བཅོམ་ལྡན་འདས་སྨན་བླའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །