མཁའ་སྤྱོད་ཨོ་རྒྱན་གསང་ཆེན་དཔལ་རིའི་གནས་ཀྱི་རང་བཞིན་བརྗོད་པ་ཊཱཀྐི་དགྱེས་པའི་གླུ་དབྱངས། ཡི་དམ་རྡོ་རྗེ།མཁའ་སྤྱོད་ཨོ་རྒྱན་གསང་ཆེན་དཔལ་རིའི་གནས་ཀྱི་རང་བཞིན་བརྗོད་པ་ཊཱཀྐི་དགྱེས་པའི་གླུ་དབྱངས་ཞེས་བྱ་བ། ༼མཚོ་ནག༽ སྐྱེ་འགག་འགྱུར་མེད་སྟོང་ཆེན་ཨེ༵་དབྱིངས་སུ། ། མ་འགག་ཡེ་ཤེས་ཝ༵ཾ་ཡིག་དབྱེར་མེད་པའི། ། རང་བྱུང་རིག་པ་ཆོས་སྐུའི་མཁའ་འགྲོ་མར། ། རང་བཞིན་ཤེས་པའི་ངང་ནས་གཅིག་ཏུ་འདུད། ། མདོ་ཁམས་གཡུ་ལྗོངས་ནོར་འཛིན་ཡངས་པའི་ཆ། ། སྐུ་གསུམ་མཁའ་འགྲོའི་འདུ་གླིང་ཆུ་དབར་གྱི། ། ཙ་འདྲ་རྒྱལ་ཡུམ་ཕག་མོའི་གནས་མཆོག་ཆེར། ། ཊཱཀྐི་དགྱེས་པའི་གླུ་དབྱངས་འགུགས་ལ་སྤྲོ། ། རབ་རྒྱལ་ས་སྟག་མཆུ་ཟླའི་དམར་ཕྱོགས་ལ། ། སྤྱན་རས་གཟིགས་དབང་མི་ཕམ་རྒྱ་མཚོ་དང་། ། རྟོགས་པའི་དབང་ཕྱུག་ཐུབ་བསྟན་བཟང་པོ་ཡིས། ། ཨོ་རྒྱན་གསང་ཆེན་དཔལ་རིའི་གནས་སྒོ་ཕྱེས། ། འཛམ་བུའི་གླིང་ན་མཚུངས་ཟླ་མེད་པའི་གནས། ། མ་ཚོགས་མཁའ་འགྲོ་དུས་ཀུན་འདུ་བའི་གླིང་། ། ལྷོ་མོན་མཁའ་སྤྱོད་དཔལ་གྱི་ཙཱ་རི་དང་། ། གནས་འདི་བྱིན་རླབས་ནུས་པ་མཉམ་པར་གསུངས། ། རྩིབས་བརྒྱད་ནམ་མཁའ་འདབ་བརྒྱད་ས་ཡི་གཞིར། ། ཕྱེ་སྤུང་འདན་བྲེས་ས་ཡི་ཀ་བ་དང་། ། སྲུང་བཞིའི་རང་གཟུགས་གྲོགས་དང་གཡང་ལམ་སོགས། ། ས་ཡི་གཞུང་ནས་གསུངས་པའི་དཔྱད་པ་རྫོགས། ། རྒྱབ་ཕྱོགས་ལྷུན་ཆགས་ཟླ་གམ་དབང་གི་རིར། ། རྡོ་རྗེ་ཕག་མོའི་སྐུ་ཡི་བཀོད་པ་གསལ། ། མདུན་ཕྱོགས་ནེའུ་གསིང་སྤང་རི་ལྗོན་ཚལ་སོགས། ། སྣ་ཚོགས་མཆོད་སྤྲིན་བྱེ་བའི་དཔལ་ལ་འཁུ། ། ཆོས་རྒྱལ་མྱ་ངན་མེད་པའི་ཐུགས་སྨོན་གྱིས། ། ས་གནས་བྱེ་བར་མཆོད་རྟེན་བཞེངས་པ་ལས། ། བདེ་བར་གཤེགས་པའི་རིང་བསྲེལ་སྙིང་པོ་ཅན། ། ལས་སྒྲིབ་སྲབ་པའི་མིག་གི་དགའ་སྟོན་ཉིད། ། རྡོ་དཀར་ལས་གྲུབ་གུ་རུའི་སྣང་བརྙན་ལ། ། རྩ་རྒྱུད་བླ་མའི་བྱིན་རླབས་འོད་དུ་འཁྱིལ། ། དུམ་བུ་བརྒྱད་ཀྱི་རུ་ཏྲའི་ཡན་ལག་ལ། ། དུར་ཁྲོད་བརྒྱད་ཀྱི་བཀོད་པ་ཀུན་ནས་རྫོགས། ། ལས་བཞིའི་མཁའ་འགྲོའི་ཕྲིན་ལས་མྱུར་བའི་བརྡར། ། རིགས་བཞིའི་མཁའ་འགྲོའི་སྲོག་སྔགས་རང་བྱོན་གསལ། ། མཁའ་འགྲོའི་ཚོགས་གཞོང་ཐོད་པའི་དབྱིབས་ཅན་གྱིས། ། གནས་གསུམ་མཁའ་འགྲོའི་འདུ་བ་ཆད་མེད་མཚོན། ། རྒྱལ་བའི་དབང་པོ་པདྨ་སཾ་བྷ་ཝས། ། གནས་འདི་བྱིན་བརླབས་ཆོས་ནོར་གཏེར་ཁ་སྦས། ། གཏེར་སྒོ་གོང་འོག་འགྱུར་མེད་རྒྱ་ཡིས་བཏབ། ། སྲ་མཁྲེག་རྡོ་ལ་བཀོད་པའི་ཞབས་རྗེས་མཛེས། ། སྐད་གཉིས་སྨྲ་བའི་དབང་པོ་རྣམ་སྣང་བས། ། མི་སྲུན་དམ་བཏགས་ཆོས་ཀྱི་འཁོར་ལོ་བསྐོར། ། བཞུགས་ཁྲི་ཞབས་རྗེས་མཐོང་གྲོལ་དབུ་ཞྭ་རྣམས། ། ཕྱི་རབས་སྐྱེ་བོའི་དད་པའི་རྟེན་དུ་བཞག། ། སྡིག་ཅན་མཐར་བྱེད་ལྷ་ལུང་དཔལ་རྡོར་བས། ། སྒྲུབ་པ་མཛད་ནས་གྲུབ་པ་བརྙེས་པའི་རྟགས། ། རྡོ་ཡི་ངོས་ལ་བཀོད་པའི་སྐུ་ཡི་རྗེས། ། ཕྱག་དང་ཞབས་ཀྱི་རྗེས་ཤུལ་རྨད་དུ་བྱུང་། ། བཻ་རོའི་ཐུགས་སྲས་གཡུ་སྒྲའི་ཞབས་རྗེས་དང་། ། གཡོ་མེད་ཏིང་འཛིན་སྒོམ་པའི་སྒྲུབ་ཕུག་ན། ། མཐའ་དམག་ཟློག་པའི་སྣ་ཚོགས་རྫས་གཏེར་སོགས། ། སྐུ་ཡིག་ཕྱག་མཚན་རྟེན་མཆོག་བགྲང་ལས་འདས། ། གཡུ་རོང་ཡུལ་ནས་དཀོན་མཆོག་དབང་ཕྱུག་གིས། ། དམ་ཅན་བསྐུལ་ཞིང་གཟན་གྱིས་བརྡེགས་བྱས་ནས། ། ཇག་པའི་ར་མདར་བཏང་བའི་ཕ་ཝཾ་གི། ། ལོ་རྒྱུས་རྟགས་མཚན་བློ་ཡི་ཡུལ་ལས་འགོངས། ། སྟོད་ན་ཉི་མས་མཚན་པའི་བདུད་རྩིའི་སྐྱེམས། ། བར་ན་ཟླ་བས་མཛེས་པའི་ཚེ་ཡི་ཆུ། ། གཤམ་ན་མྱོང་གྲོལ་གྲུབ་པའི་ཆུ་མིག་གིས། ། དུས་མིན་འཆི་བའི་འཇིགས་པ་སེལ་བར་གསུངས། ། མི་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་མཆོག། ། རྒྱ་ནག་ཇ་རྫོང་འབེབ་དུ་བྱོན་པའི་སྐབས། ། གནས་འདིར་སྒྲུབ་པ་མཛད་པའི་སྒྲུབ་ཕུག་དང་། ། ལྷ་རྟའི་རྗེས་དང་རྟོད་ཕུར་མིག་གི་དཔྱིད། ། མཆིམས་ཕུའི་ཀེའུ་ཚང་ཡར་ཀླུང་ཤེལ་གྱི་ཕུག། ། སྤོས་ངད་ལྡན་དང་ཕྱག་ཆེན་གནས་བཞི་ཡི། ། བྱིན་ནུས་མཉམ་པར་གྱུར་པའི་གནས་བཞི་ཡང་། ། མ་སྨད་བསོད་ནམ་བྱེ་བའི་དཔལ་ལས་གྲུབ། ། གནས་སྲུང་ཞིང་སྐྱོང་སེང་གེའི་གདོང་ཅན་དང་། ། གཟའ་བཙན་ཀླུ་དང་སྡེ་བརྒྱད་འཁོར་གྱིས་བསྐོར། ། ཆོས་མཛད་རྣལ་འབྱོར་བུ་བཞིན་སྐྱོང་བ་དང་། ། དམ་མེད་རྡུལ་དུ་རློག་པའི་ཕྲིན་ལས་སྒྲུབ། ། དཀར་ལ་ཡར་རྩེ་ཞི་བའི་ལས་ལ་དགྱེས། ། བཀྲ་ཤིས་ལྷ་རྩེས་ཚེ་བསོད་རྒྱས་པར་བྱེད། ། རྫ་རི་དུང་ཕྲེང་གང་བསམ་དབང་དུ་སྡུད། ། རྡོ་རྗེ་དྲག་མོས་མི་མཐུན་ཉེས་ཚོགས་འཇོམས། ། གནས་འདིའི་སྐོར་ཚད་ཉིས་བརྒྱ་བཅུ་གསུམ་གྲངས། ། སུས་བསྐོར་ཚེ་འདིའི་འགལ་རྐྱེན་ཀུན་ཞི་ཞིང་། ། འཁོར་མཚོ་ལས་གྲོལ་རིག་འཛིན་གོ་འཕང་བགྲོད། ། མི་ལྡོག་ལམ་ལ་འཇུག་པ་རྡོ་རྗེའི་ཚིག། ། འདི་བྲིས་དགེ་བས་མ་གྱུར་འགྲོ་བ་རྣམས། ། ཚེ་འདིར་གང་བསམ་ཆོས་བཞིན་འགྲུབ་པ་དང་། ། མཐར་ཐུག་རང་རིག་ཆོས་སྐུ་ཡུམ་ཆེན་མོའི། ། དགོངས་པ་མངོན་དུ་འགྱུར་བའི་བཀྲ་ཤིས་ཤོག། ། ཞེས་ཚིགས་སུ་བཅད་པ་ཟག་མེད་ཆོས་སྡེ་ཉེར་གཅིག་གི་གྲངས་ལྡན་བསྟོད་ཚིག་འདི་ནི་ཆོས་མཆེད་གཡང་ལྡན་སོགས་ནས་ནན་ཏན་ཆེན་པོས་བསྐུལ་བ་ལྡོག་ཏུ་མ་བཟོད་པར་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ས་ག་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཉིན། སྤྲང་འཁྱམས་ཡི་དམ་རྡོ་རྗེར་འབོད་པས་གནས་དེ་ཡི་ཉེ་འགྲམ་དུ་སྤེལ་བ་གནས་སྐབས་མཐར་ཐུག་དགེ་བའི་རྒྱུར་གྱུར་ཅིག ། |