བསང་མཆོད་བསོད་ནམས་སྤྲིན་ཕུང་།

ཀུན་བཟང་དགོངས་པའི་དབྱིངས་མཛོད་གསང་བ་ཡང་ཐིག་ལས༔ བསང་མཆོད་བསོད་ནམས་སྤྲིན་ཕུང་བཞུགས་སོ༔

ན་མོ་བུདྡྷ་གུ་རུ་དྷེ་ཝ་ཌཀྐི་ནི་དྷརྨཱ་པ་ལ་ཡེ༔ སངས་རྒྱས་ཀུན་གྱི་སྤྱི་གཟུགས་རྗེ༔ གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ རྒྱལ་དབང་གཉིས་པ་པད་འབྱུང་ལ༔ གུས་པས་བཏུད་དེ་ཕྱག་འཚལ་ལོ༔ བདག་འདྲ་སྐྱེས་དམན་མཚོ་རྒྱལ་ངས༔ མ་འོངས་སེམས་ཅན་དོན་གྱི་ཕྱིར༔ བསང་མཆོད་བསོད་ནམས་སྤྲིན་ཕུང་འདི༔ ཐོད་ཕྲེང་རྩལ་ལ་ལུང་ཞུས་ཏེ༔ དམིགས་བསམ་མཐའ་བྲལ་སྒྲོམ་ལ་སྦོས༔ ད་ལྟ་དུས་ལ་བབས་པའི་ཕྱིར༔ འགྲོ་ཀུན་དོན་དུ་བསྟན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་དགོས་ཆས་བསགས་པ་ནི༔ སྟེགས་མཐོན་ཁ་རུ་དྲི་བཟང་ཤིང༔ ཕ་ཤིང་མ་ཤིང་བུ་ཤིང་སོགས༔ ངད་ལྡན་ཤིང་སྣའི་དུད་པ་གཏོང༔ བསང་རྫས་དཀར་གསུམ་མངར་གསུམ་དང༔ བྷ་ལིང་སྨན་རཀ་ཇ་ཆང་ཕུད༔ ཤེལ་ཚིག་དར་སྣའི་ལྡ་ལྡི་སོགས༔ ཚངས་བར་ལེགས་བཤམས་གདན་ལ་རོལ༔ སྐྱབས་སེམས་བདག་བསྐྱེད་རྫས་བྱིན་རླབས༔ གཞུང་བསྲིང་གཞན་ཡང་གང་འོས་མགྲོན༔ གདུང་བའི་ཤུགས་བཅས་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ བསླུ་བ་མེད་པའི་དཀོན་མཆོག་རྣམ་གསུམ་ལ༔ བདག་ནི་སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ སེམས་ཉིད་བྱང་ཆུབ་མཆོག་ཏུ་བསྐྱེད་པར་བགྱི༔ ཕྱག་འཚལ་གསང་གསུམ་མཆོད་འབུལ་སྡིག་པ་བཤགས༔ དགེ་རྗེས་ཡི་རངས་ཆོས་འཁོར་བསྐོར་བར་བསྐུལ༔ གསོལ་འདེབས་དགེ་བ་ཅི་བསགས་འགྲོ་ལ་བསྔོ༔ ལྷ་བསྐྱེད་ནི༔ ཧཱུྃ༔ ཐམས་ཅད་སྟོང་པ་ཆོས་སྐུའི་ཕྱག་རྒྱ་ལས༔ གསལ་བ་སྒྲིབ་བྲལ་པདྨ་ཉི་ཟླའི་སྟེང༔ སྟོང་གསལ་དྭངས་མའི་རིག་པ་ཡི་གེ་ཧཱུྃ༔ དེ་ལས་འོད་འཕྲོས་བདེ་གཤེགས་རྒྱལ་བ་མཆོད༔ འགྲོ་དྲུག་སྒྲིབ་སྦྱངས་འོད་ཟེར་ཚུར་འདུས་པ༔ རྒྱལ་ཀུན་གསང་གསུམ་ནུས་མཐུ་གཅིག་བསྡུས་པའི༔ བདག་ཉིད་སྣང་སྲིད་ཟིལ་གནོན་པདྨ་འབྱུང༔ སྐུ་མདོག་དཀར་ལ་ཅུང་ཟད་དམར་མདངས་ཅན༔ ཕྱག་གཡས་སྣང་སྲིད་ཟིལ་གནོན་ཕྱག་རྒྱ་ཡིས༔ གསེར་གྱི་རྡོ་རྗེ་རྩེ་ལྔ་རྭ་གདེངས་བསྣམས༔ ཕྱག་གཡོན་བྷནྡྷ་བདུད་རྩིས་བཀང་བ་བསྣམས༔ ཟ་བེར་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ༔ ཞབས་གཉིས་སག་ལྷྭམ་རྒྱལ་པོ་རོལ་སྟབས་འགྱིང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མས་བསྐོར༔ གཟི་བརྗིད་འོད་འབར་དེ་ཡི་ཐུགས་ཀ་ནས༔ ཟླ་དཀྱིལ་དབུས་སུ་ཐུགས་སྲོག་ཧཱུྃ་གི་མཐར༔ རྩ་སྔགས་གཡས་སུ་འཁོར་ལས་འོད་འཕྲོས་པས༔ རྒྱལ་བའི་བྱིན་རླབས་བསྡུ་ཞིང་འགྲོ་སྒྲིབ་སྦྱངས༔ སྣང་སྲིད་གཞིར་བཞེངས་འཁོར་འདས་སྣང་སྲིད་ཀུན༔ ལྷ་སྔགས་ཡེ་ཤེས་ཆེན་པོའི་རོལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཅི་ནུས་བཟླ༔ བསང་རྫས་བྱིན་རླབས་ནི༔ ཨོཾ་བཛྲ་ཨ་མྲྀ་ཏས་བསང༔ ཨོཾ་སྭཱ་བྷ་ཝས་སྦྱངས༔ བློ་འདས་སྟོང་པའི་རྩལ་ལས་ཆོས་རྣམས་ཀུན༔ དམིགས་མེད་སྒྱུ་མ་ལྟ་བུའི་རང་བཞིན་ལས༔ ཕུན་ཚོགས་འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན༔ བསང་རྫས་དངོས་འབྱོར་ཡིད་སྤྲུལ་མཐའ་ཡས་པས༔ ནམ་མཁའ་བར་སྣང་ས་གཞིའི་ཁྱོན་བཀང་སྟེ༔ འབྲུ་གསུམ་སྔགས་ཀྱི་ནུས་པས་བྱིན་གྱིས་བརླབས༔ རྫས་རྣམས་ཡེ་ཤེས་མཆོད་པའི་སྤྲིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ བརྒྱ་སྟོང་སོགས་ཀྱིས་བྱིན་གྱིས་བརླབས༔ དེ་ནས་བསང་མགྲོན་བསྐྱེད་པ་དང༔ སྤྱན་འདྲེན་པའོ༔ ཨོཾ་སྭཱ་བྷ་ཝས་སྦྱངས༔ ཧཱུྃ༔ སྣང་སྲིད་ཆོས་ཀུན་སྒྱུ་མའི་རང་རྩལ་ལས༔ མདུན་དུ་སྤོས་ཆུའི་རྒྱ་མཚོ་འཁྱིལ་བའི་ཀློང༔ འདབ་སྟོང་བརྡལ་བའི་གེ་སར་ཟེའུ་འབྲུའི་ཁར༔ བསྟན་པའི་གཙོ་བོ་སངས་རྒྱས་ཤཱཀ་ཐུབ་ལ༔ དཀོན་མཆོག་སྲིད་ཞིའི་མགྲོན་རིགས་རྒྱ་མཚོས་བསྐོར༔ པད་སྡོང་ཡལ་ག་ཕྱོགས་བཞིར་གྱེས་པ་ཡི༔ ཤར་དུ་སྣང་སྲིད་ཟིལ་གནོན་པད་འབྱུང་ལ༔ བརྒྱུད་པ་དྲུག་ལྡན་རྩ་བརྒྱུད་བླ་མས་བསྐོར༔ ལྷོ་རུ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ ཡི་དམ་ཞི་དང་ཁྲོ་བོའི་ཚོགས་ཀྱིས་བསྐོར༔ ནུབ་ཏུ་རྗེ་བཙུན་རྡོ་རྗེ་ཕག་མོ་ལ༔ མ་རྒྱུད་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ བྱང་དུ་དཔལ་མགོན་ཚོགས་ཀྱི་བདག་པོ་ལ༔ ཡོན་ཏན་མགྲོན་གྱུར་དམ་ཅན་བསྲུང་མས་བསྐོར༔ པད་སྡོང་སྐེད་པར་རིགས་དྲུག་མགྲོན་རིགས་གསལ༔ རྩ་བར་སྟོང་གསུམ་ཡུལ་ལྷ་གཞི་བདག་དང་༔ བགེགས་རིགས་ལན་ཆགས་མགྲོན་རིགས་ཡོངས་ཀྱིས་བསྐོར༔ དེ་ལྟར་གསལ་བའི་མགྲོན་རིགས་ཐམས་ཅད་ཀྱི༔ རང་རང་སོ་སོའི་སྲོག་གི་སྙིང་པོ་ལས༔ འོད་འཕྲོས་བསྐྱེད་པ་བཞིན་དུ་སྤྱན་དྲངས་བསྟིམ༔ ཀྱཻ༔ རང་མདུན་ནམ་མཁར་འཇའ་སྤྲིན་འཁྲིགས་པའི་ཀློང༔ དཀོན་མཆོག་གསུམ་དང་དཔལ་མགོན་བསྲུང་མའི་ཚོགས༔ ཕོ་རྒྱུད་མོ་རྒྱུད་ཕྱོགས་སྐྱོང་ཞིང་སྐྱོང་སོགས༔ སྲིད་ཞིའི་མགྲོན་དང་མགོན་པོ་ཡོན་ཏན་མགྲོན༔ མ་ཐོགས་མྱུར་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ སྲིད་རྩེ་མན་ཆད་ན་རཀ་ཡན་ཆད་ཀྱི༔ སྙིང་རྗེའི་མགྲོན་རྣམས་བོས་པའི་གནས་འདིར་གཤེགས༔ སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་རིགས་གྱུར་པའི༔ ལན་ཆགས་མགྲོན་དུ་གཏོགས་པའི་ལྷ་འདྲེ་རྣམས༔ མཁོ་དགུ་ཀུན་འབྱུང་འཆར་བའི་གནས་འདིར་འདུས༔ སོ་སོར་དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ མཆོད་འོས་ཀུན་ལ་གུས་པས་ཕྱག་འཚལ་ལོ༔ སྡེ་བརྒྱད་ལྷ་ཀླུ་གནས་གཞི་གཏེར་བདག་ལ༔ བཀའ་བསྒོས་ཐ་ཚིག་གཉན་པོ་བདག་གིས་བསྐུལ༔ དམ་ལ་མ་འདའ་རྣལ་འབྱོར་ཕྲིན་ལས་རྣམས༔ གང་བཅོལ་ཡིད་བཞིན་སྒྲུབ་ལ་གནོད་འཚེ་སྤོངས༔ བྱང་ཆུབ་སེམས་ལྡན་བྱམས་པའི་རྒྱུན་སྐྱོང་ལ༔ འདོད་པའི་ཡོན་ཏན་ལྔ་ལྡན་བསང་མཆོད་བཞེས༔ ཀྱཻ༔ ཕུན་ཚོགས་དགེ་བ་ལྷ་ཡི་ཉི་མ་ལ༔ སྤྱན་མ་ས་ཁམས་རི་རབ་བང་རིམ་སྟེང༔ ལྷ་ཤིང་ངད་ལྡན་སྣ་ཚོགས་ལོ་འབྲས་ལ༔ གོས་དཀར་མེ་ཁམས་རཾ་ལས་མེ་འབར་བས༔ སྒྲོལ་མ་རླུང་ཁམས་ཡཾ་ལས་རླུང་ཤུགས་བསྐྱེད༔ མ་ཀིའི་ཆུ་ཁམས་ཁཾ་ལས་ཆབ་ཀྱིས་བྲན༔ དབྱིངས་ཕྱུག་ཆོས་དབྱིངས་ནམ་མཁའི་ཁམས་སྣོད་དུ༔ བསང་རྫས་དངོས་འབྱོར་བློས་སྤྲུལ་བསམ་མི་ཁྱབ༔ དུད་སྤྲིན་ཟེར་ལས་མཆོད་པའི་ལྷ་མོ་འཕྲོས༔ མགྲོན་ཀུན་དགྱེས་བསྐྱེད་ཀུན་ལ་མཆོད་སྦྱིན་མཛད༔ རང་རང་དགྱེས་དགུའི་དཔལ་ལ་སྤྱོད་ནས་ཚིམ༔ ཕྲིན་ལས་གང་བཅོལ་སྒྲུབ་པའི་གཉེར་ཁས་བླང༔ བསང་ངོ་མཆོད་དོ་འབུལ་ལོ་བཞེས་སུ་གསོལ༔ ཀྱཻ༔ གཞི་ཐོག་དང་པོ་གྲོལ་བ་གདོད་མའི་ས༔ ཆོས་སྐུ་རྒྱལ་བ་ཀུན་ཏུ་བཟང་པོ་བསང༔ བློ་འདས་རིག་པ་ཡེ་གྲོལ་སྣང་མཐའ་ཡས༔ ཆོས་སྐུའི་འཁོར་ཚོགས་ལྟ་བའི་ཀློང་དུ་བསང༔ སྟོང་པའི་གསལ་ཆ་མ་འགགས་འཆར་བའི་ལམ༔ ལོངས་སྐུ་འཕགས་པ་ཐུགས་རྗེ་ཆེན་པོ་བསང༔ ཀུན་ཤར་རིག་པའི་རྩལ་སྣང་རིགས་ལྔ་དང༔ ལོངས་སྐུའི་འཁོར་ཚོགས་གསལ་བའི་ངང་དུ་བསང༔ སྟོང་གསལ་སྤྲུལ་བསྒྱུར་རོལ་པའི་ཟློས་གར་ལས༔ སྤྲུལ་སྐུ་རྒྱལ་བ་ཤཱཀྱ་ཐུབ་པ་བསང༔ རྒྱལ་ཀུན་གསང་གསུམ་གཅིག་བསྡུས་པདྨ་འབྱུང༔ སྤྲུལ་སྐུའི་འཁོར་ཚོགས་རིག་རྩལ་དབྱིངས་སུ་བསང༔ སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་སོགས༔ རྩ་བརྒྱུད་རིག་འཛིན་བླ་མའི་འཁོར་ཚོགས་བསང༔ གསང་སྔགས་རྒྱུད་སྡེའི་དཀྱིལ་འཁོར་ཀུན་གྱི་གཙོ༔ ཆེ་མཆོག་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་བསང༔ རྒྱུད་བཞི་ཐེག་རིམ་ཀུན་བསྡུས་ཡི་དམ་ལྷ༔ ཞི་དང་ཁྲོ་བོ་རོལ་བའི་ལྷ་ཚོགས་བསང༔ གནས་གསུམ་མ་མོ་མཁའ་འགྲོའི་དབང་ཕྱུག་རྗེ༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་ཕག་མོ་བསང་༔ དུར་ཁྲོད་བརྒྱད་སོགས་མ་རྒྱུད་འདུ་བའི་གནས༔ འབུམ་ཕྲག་དཔའ་བོ་མཁའ་འགྲོ་ཤུགས་འགྲོ་བསང་༔ གསང་སྔགས་བཀའ་བསྲུང་ཕོ་རྒྱུད་དབང་ཕྱུག་རྗེ༔ མཐུ་སྟོབས་དཔལ་འབར་མ་ཧཱ་ཀ་ལ་བསང༔ རྫོགས་ཆེན་སྲུང་མ་སྔགས་ཀྱི་བདག་མོ་རྗེ༔ མོ་རྒྱུད་གཙོ་མོ་ཨེ་ཀ་ཛ་ཊི་བསང༔ རཱ་ཧུ་ལ་དང་རྡོར་ལེགས་བདུད་བཙན་ཀླུ༔ དུར་ཁྲོད་ལྷ་མོ་ཚེ་རིང་མཆེད་ལྔ་དང༔ པེ་ཧར་སྐུ་ལྔ་ཙིའུ་དམར་ཞིང་སྐྱོང་བསང༔ རྒྱལ་ཆེན་རྣམ་སྲས་ཛམ་སེར་ཛམ་དམར་དང༔ ཛམ་ལྷ་ནག་པོ་ཨརྱ་རེ་མནྟ༔ ནོར་རྒྱུན་ལྷ་མོ་ནོར་ལྷ་རྣམ་བརྒྱད་བསང༔ བདག་ལ་འགོ་ཞིང་སྡོང་གྲོགས་བྱེད་པ་ཡི༔ ཕ་ལྷ་མ་ལྷ་དགྲ་ལྷ་ཕྲག་ལྷ་དང༔ ཞང་ལྷ་མགྲོན་ལྷ་སྐྱེས་ལྷ་དམག་ཇག་ལྷ༔ མཐུན་རྐྱེན་སྒྲུབ་པའི་ལྷ་ཚོགས་ཐམས་ཅད་བསང༔ གཞན་ཡང་མགོན་པོ་ཞལ་བཞི་ཕྱག་བཞི་དང༔ གུར་གྱི་མགོན་པོ་སྟག་ཞོན་བིང་གྲི་གུག༔ རྣམ་སྣང་མགོན་པོ་དེ་ཝ་ཨ་གུ་ར༔ རྟ་ཐུག་དཀར་པོ་དགྲ་བླ་བཅུ་གསུམ་བསང༔ མོ་རྒྱུད་ལྷ་མོ་ཡཀྴ་བཻ་ཏ་ལི༔ དཔལ་ལྡན་ལྷ་མོ་བཤན་པ་སྲོག་སྒྲུབ་མ༔ དབྱིངས་ཀྱི་མ་མོ་སྨན་བཙུན་མཆེད་སྡེ་ལྔ༔ བསྟན་མ་བཅུ་གཉིས་དབང་ཕྱུག་ཉེར་བརྒྱད་བསང༔ ཟངས་རིའི་བཙན་རྒོད་མཆིམས་ཕུའི་བྲག་བཙན་དང༔ རྩལ་ཐོག་རྒྱུག་གི་གྲི་བཙན་འཁོར་བཅས་བསང༔ འཛམ་བུའི་གླིང་གི་གཞི་བདག་གནས་བདག་དང༔ གཏེར་གྱི་བདག་པོ་བཀའ་དང་ཐ་ཚིག་བདག༔ བྱ་རྒོད་ཕུང་པོའི་རི་བོ་ལ་སོགས་པའི༔ རྒྱ་གར་ཡུལ་གྱི་གནས་གཞི་གཏེར་བདག་བསང༔ ཨོ་རྒྱན་ཟ་ཧོར་བྷང་ག་མ་ལ་ཡ༔ རི་བོ་གླང་རུ་བྷེ་ཏ་ལ་སོགས་པ༔ མངའ་རི་སྐོར་གསུམ་རྒྱ་གར་གནས་བདག་བསང༔ དགའ་ལྡན་རྒྱལ་པོའི་ཁབ་དང་ཡངས་པ་ཅན༔ མ་ག་དྷ་དང་ཝ་ར་ཎ་སི་དང༔ ཛེ་ཏི་ཚལ་དང་རྩྭ་མཆོག་དྲུང་ལ་སོགས༔ ཐུབ་དབང་བཞུགས་གནས་བརྒྱད་ཀྱི་གནས་བདག་བསང༔ གྲུ་འཛིན་ཟུར་ཕུད་ལྔ་པ་ལ་སོགས་པའི༔ དབུས་གཙང་རུ་བཞིའི་ཡུལ་གྱི་གནས་བདག་བསང༔ བསམ་ཡས་མཆིམ་ཕུ་ལྷོ་བྲག་མཁར་ཆུ་དང༔ ཡར་ལུང་ཤེལ་བྲག་བསྒྲགས་ཀྱི་ཡང་རྫོངས་གནས༔ ནཻ་རིང་བྲག་དམར་མོན་ཁ་ཤམ་པོའི་རྫོངས༔ སྟག་ཚང་ཕུག་དང་སྤ་གྲོ་སེང་གེ་རྫོང༔ བོད་ཡུལ་གནས་ཆེན་བརྒྱད་ཀྱི་བསྲུང་མ་བསང༔ གཉན་ཆེན་ཐང་ལྷ་མི་བསྲུན་སྨྱོན་ཁ་པ༔ རྨ་ཆེན་སྤོམ་ར་ཁ་བ་དཀར་པོ་སོགས༔ བོད་ཁམས་སྐྱོང་བའི་གནས་གཞིའི་བདག་པོ་བསང༔ རི་བོ་ཆེ་དང་སྲིན་མོ་རྫོང་གི་གནས༔ ཤར་ཕྱོགས་དུང་རི་དཀར་པོ་ལ་སོགས་པའི༔ བོད་ཡུལ་ལུང་མདའ་ཁམས་ཀྱི་གནས་བདག་བསང༔ ཁྲོ་གཏུམ་དྲག་རྩུབ་འཇིགས་རུང་ཡ་ངའི་གནས༔ མདོ་ཁམས་རྒྱལ་མོ་རོང་གི་གནས་བདག་བསང༔ བཞག་བྲ་ལྷ་རྩེ་སྦ་རོང་བྲག་དཀར་དང༔ རྒྱལ་མོ་མུ་རྡོ་ལྷ་ཞལ་མཆེད་གསུམ་པོ༔ རྡོ་རྗེ་དབྱི་ཁྲོམ་སྐུ་བླ་སྟག་རྣ་སོགས༔ སྨན་བཙུན་མཆེད་གསུམ་མདོ་སྨད་གཞི་བདག་བསང༔ ༧ འབྲོང་རི་སྨུག་པོ་རིགས་ལྔའི་གནས་ཀྱི་རྫོངས༔ བསྟན་འཛིན་རྒྱལ་མཚན་རྡོ་རྗེ་དྲག་པོ་རྩལ༔ དབང་སྡུད་ལྷ་རྩེ་རི་རྒྱལ་འཕན་ཕྱུག་སོགས༔ དཀར་ཕྱོགས་སྐྱོང་བའི་གནས་གཞི་གཏེར་བདག་བསང༔ རྡོ་རྗེ་ཞལ་དཀར་སེང་གེ་གནམ་རྫོངས་དང༔ མཚོ་སྨན་རྒྱལ་མོ་དགྲ་བླ་མི་མགོན་དཀར༔ ནོར་བུ་ལྷ་རྩེ་རྡོ་རྗེ་ལྷ་རྩེ་སོགས༔ བདག་གི་གྲོགས་མཛད་འགོ་བའི་ལྷ་རྣམས་བསང༔ རྒྱལ་དབང་པདྨའི་བཀའ་དམ་རྗེས་དགོངས་པའི༔ སྐུ་ལྷ་ར་ཁང་ར་འཁོར་སྟོང་རྩ་དང༔ སྐུ་ལྷ་ཁྲབ་གྱོན་ཡུལ་གཞི་གཉན་གྱི་ཚོགས༔ བསང་ངོ་གསོལ་ལོ་མཆོད་དོ་མངའ་གསོལ་བཞེས༔ ཀྱཻ༔ ནམ་མཁའ་གང་བ་ལྷ་ཡི་སྡེ་ཚོགས་བསང༔ བར་སྣང་གང་བ་གཉན་གྱི་སྡེ་ཚོགས་བསང༔ ས་གཞི་གང་བ་མི་མིན་སྡེ་ཚོགས་བསང༔ ས་འོག་གང་བ་ཀླུ་ཡི་སྡེ་ཚོགས་བསང༔ ལོ་རྒྱལ་དྲུག་ཅུ་སྤར་ཁ་རྣམ་པ་བརྒྱད༔ སྨེ་བ་དགུ་དང་བླ་ཁམས་དྲུག་དང་ནི༔ ཟླ་བ་ཞག་དང་དུས་ཚོད་ཆུ་ཚོད་བདག༔ ཐམས་ཅད་བསང་ངོ་གཟེངས་བསྟོད་མངའ་གསོལ་ལོ༔ ཡུལ་ཕྱོགས་འདི་ཡི་ཕུ་མདའ་ཉིན་སྲིབ་དང༔ ལ་ལུང་སྐྱེ་ཤིང་སྲ་བྲག་འབབ་ཆུ་ལ༔ གནས་པའི་ས་བདག་ཀླུ་གཉན་གནས་གཞིའི་བདག༔ དྲག་རྩལ་མྱུར་མགྱོགས་ལྡན་པ་ཐམས་ཅད་བསང༔ སྟེང་ཕྱོགས་མངོན་མཐོ་ལྷ་ཁམས་སྡེ་ཚོགས་བསང༔ ཁྱད་འཕགས་མཐོ་རིས་མི་ཡི་གནས་རིགས་བསང༔ ནང་ཚན་ཁྲོ་གཏུམ་ལྷ་མིན་སྡེ་རིགས་བསང༔ གནས་ངན་བྱོལ་སོང་ཡི་དྭགས་རིགས་གྱུར་བསང༔ ངན་སོང་འོག་མ་དམྱལ་བའི་གནས་ཁམས་བསང༔ བདུད་བཞིའི་གཙོ་བཅས་བགེགས་རིགས་འབྱུང་པོ་བསང༔ གཞན་ཡང་ཁས་ཞན་དབང་ཆུང་རིགས་གྱུར་པའི༔ གནོད་སྦྱིན་ཕྲན་དང་མཁའ་རྒྱུའི་ཡི་དྭགས་སོགས༔ རེ་ཞིང་དབང་ཆུང་བོས་པའི་མགྲོན་ལ་འགྱིང༔ འབྱུང་པོ་གདོན་ཕྲན་རིགས་གྱུར་བསང་ཞིང་བརྔན༔ འཐབ་རྩོད་ཕམ་རྒྱལ་མེད་པར་ལོངས་སྤྱོད་ལ༔ ཕྱིན་ཆད་གནོད་པའི་སེམས་ཀུན་གཏན་བྲལ་ཞིང༔ བྱང་ཆུབ་སེམས་ཀྱིས་ཡིད་རྒྱུད་བརླན་པར་ཤོག༔ ༧ ཀྱཻ༔ ཞི་བ་བསང་གི་མགྲོན་ལ་བོས་པ་ཡི༔ དཀོན་མཆོག་གསུམ་དང་དཔལ་མགོན་བསྲུང་མའི་ཚོགས༔ རིགས་དྲུག་སེམས་ཅན་བགེགས་རིགས་ལན་ཆགས་མགྲོན༔ ཀུན་ལ་འདོད་དོན་གསོལ་བའི་ཕྲིན་ལས་ནི༔ མཆོག་གསུམ་བསྟན་དར་འགྲོ་དྲུག་ཀུན་བདེ་ཞིང༔ བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་དམ་པ་མཛོད༔ ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཉིན་མཚན་དུས་དྲུག་གཡེལ་བ་མེད་པར་བསྲུང༔ བྱ་ར་མེལ་ཚེ་རྒྱབ་བརྟེན་དཔུང་གཉེན་མཛོད༔ ཕྱོགས་དུས་དགྲ་རྐུན་གཅན་གཟན་འཕར་སྤྱང་སོགས༔ སྡང་སེམས་དགྲ་བོའི་དཔུང་ཚོགས་རྒྱུས་པ་ཆིངས༔ གནོད་བྱེད་འབྱུང་པོ་བགེགས་ཀྱི་རིགས་གྱུར་པ༔ བདག་ཅག་འཁོར་དང་བཅས་ལ་གནོད་སྦྱིན་མཁན༔ མིང་ཙམ་མ་བཞག་ཐལ་བ་རྡུལ་དུ་རློགས༔ ཞི་རྒྱས་དབང་དྲག་གང་བརྩམས་ལས་བཞི་ཀུན༔ ཐོགས་མེད་ད་ལྟ་ཉིད་དུ་འགྲུབ་པར་མཛོད༔ བདག་ཅག་སྔགས་འཆང་རྡོ་རྗེའི་རིག་འཛིན་རྣམས༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་དང་འོག༔ གར་འགྲོ་གར་འདུག་ས་ཕྱོགས་དེ་ཉིད་དུ༔ མཆོག་གསུམ་སྲུང་མ་རྣམས་དང་འབྲལ་མེད་དུ༔ སྔོན་བསུ་རྒྱབ་སྐྱོར་ལེགས་པའི་བྱ་བ་སྤྲོད༔ ནད་གདོན་ཉེར་འཚེ་བར་ཆད་ཀུན་ཞི་ཞིང༔ ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་རྒྱས༔ ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་བསྡུས༔ དགྲ་ཇག་ཆོམ་རྐུན་འདྲེ་གདོན་དྲག་པོས་སྒྲོལ༔ ཁ་དཀར་སྙིང་ནག་མཐོ་གནོན་བརྙས་བྱེད་དང༔ ཁྲོམ་ནང་སྨ་ཕབ་སྐུར་འདེབས་སྙིང་ནས་སྨད༔ ཐོ་འཚམས་བྱེད་པའི་དགྲ་འདྲེ་གང་ཡང་རུང༔ དཀོན་མཆོག་གསུམ་གྱི་བདེན་པས་བཟློག་ཏུ་གསོལ༔ ཆོས་སྐྱོང་བསྲུང་མའི་སྟོབས་ཀྱིས་རྡུལ་དུ་རློགས༔ རིགས་དྲུག་སེམས་ཅན་བདེ་ལྡན་རྒྱུར་གྱུར་ཅིག༔ སྣང་སྲིད་གནོད་སྦྱིན་ལྷ་འདྲེའི་གཡུལ་ངོ་ཐོབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་རྒྱལ་ཁ་ལོངས༔ འགྲན་ཚོལ་བྱེད་པའི་དགྲ་བགེགས་ཕམ་དུ་ཆུགས༔ ཚོང་ལ་འགྲོ་ན་ཚོང་པའི་ཡིད་སེམས་རྐུས༔ བཅུད་ལྡན་ཟས་སྡུས་བརྗིད་ལྡན་གོས་རྣམས་དང༔ ཟང་ཟིང་ནོར་རྫས་འབྲུ་བཅུད་འབྲུ་སྣ་ཚོགས༔ རྟ་དྲེལ་ནོར་ལུག་ར་བོང་ལ་སོགས་པ༔ གང་འདོད་དབང་བསྡུས་བདག་རྒྱལ་གཞན་ཕམ་མཛོད༔ ཀྱཻ༔ དེ་ལྟར་འདོད་ཡོན་ལྔ་ལྡན་བསང་མཆོད་འདིས༔ སྔགས་འཆང་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ མི་གཙང་ཉམས་ཆགས་གྲིབ་ཀྱིས་ཕོག་པ་བསང༔ ཟས་གོས་ནོར་རྫས་རྗེས་འབྲང་གྲིབ་ཕོག་བསང༔ དམེ་ནལ་ཡུག་གསུམ་རོ་བག་གཤིན་གྲིབ་བསང༔ མནའ་ཟན་བཤན་པ་སྡིག་ཅན་གྲིབ་ཕོག་བསང༔ མཆོག་གསུམ་ལྷ་གནོལ་བསྲུང་མ་འཁྲུགས་པ་བསང༔ མོ་རྒྱུད་མ་མོ་འཁྲུགས་པའི་ལས་བགྱིས་བསང༔ གཞན་ཡང་མ་རིག་ནོངས་པ་ཅི་མཆིས་པ༔ བསང་ངོ་གསོལ་ལོ་བཤགས་སོ་ཤུདྡྷེ་ཨཱ༔ རྣལ་འབྱོར་གང་བཅོལ་ལས་རྣམས་འགྲུབ་པར་མཛོད༔ དེ་ནས་བཀྲ་ཤིས་གཡང་བླན་ནི༔ ཀྱཻ༔ ལྷ་དབང་ཚངས་པ་བརྒྱ་བྱིན་ལ་སོགས་པའི༔ སྟེང་ཕྱོགས་ལྷ་ཡི་ཁམས་ནས་གཡང་ཁུག་ཅིག༔ ཀླུ་དབང་དགའ་བོ་འཇོག་པོ་ལ་སོགས་པའི༔ འོག་ཕྱོགས་ཀླུ་ཡི་ཁམས་ཀྱི་གཡང་ཁུག་ཅིག༔ གཉན་ཆེན་སྐུ་བླ་གེར་འཛོ་ལ་སོགས་པའི༔ བར་སྣང་གཉན་གྱི་ཡུལ་ནས་གཡང་ཁུག་ཅིག༔ འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པའི༔ གླིང་བཞི་མི་ཡི་ཡུལ་ནས་གཡང་ཁུག་ཅིག༔ དབུས་ཀྱི་རི་རྒྱལ་ལྷུན་པོ་མཆོག་རབ་ཀྱི༔ བརྟན་བརྗིད་བྱིན་ཆགས་གཡང་རྣམས་འདིར་ཁུག་ཅིག༔ གསེར་རི་བརྗིད་ལྡན་རོལ་མཚོ་གཏིང་ཟབ་པའི༔ དཔང་མཐོ་གཏིང་ཟབ་ཆེ་བའི་གཡང་ཁུག་ཅིག༔ ཤར་ཕྱོགས་ལུས་འཕགས་གླིང་གི་ལུས་སྟོབས་ཏེ༔ བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་ཁུག་ཅིག༔ ལྷོ་ཕྱོགས་འཛམ་བུའི་གླིང་གི་ཆོས་སྟོབས་ཏེ༔ བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་ཁུག་ཅིག༔ ནུབ་ཕྱོགས་བ་གླང་སྤྱོད་ཀྱི་ལོངས་སྤྱོད་དེ༔ བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་ཁུག་ཅིག༔ བྱང་གི་སྒྲ་མི་སྙན་གྱི་དཔལ་འབྱོར་ཏེ༔ བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་ཁུག་ཅིག༔ ཕྱི་སྣོད་འབྱུང་བ་ལྔ་ཡི་དྭངས་བཅུད་དེ༔ བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་ཁུག་ཅིག༔ ནང་བཅུད་སེམས་ཅན་ཚེ་བསོད་སྟོབས་འབྱོར་དེ༔ བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་ཁུག་ཅིག༔ ཀྱཻ༔ དེ་རིང་ཕྱྭ་སྐོར་གཡས་སུ་ལན་གསུམ་བསྐོར༔ སྐྱེས་པ་ཕོ་རྒྱུད་དབང་བསྡུས་གཡང་དུ་ལེན༔ དེ་རིང་ཕྱྭ་སྐོར་གཡོན་དུ་ལན་གསུམ་བསྐོར༔ ཟ་མ་མོ་རྒྱུད་དབང་བསྡུས་གཡང་དུ་ལེན༔ ཕྱྭ་གཡང་གྱི་ལེ་ཉི་ལེ་སྒ་ར་ར༔ བཀྲ་ཤིས་གནས་འདིར་ཁུག་ཡེ་གཡང་ཁུག་ཡེ༔ ཆོས་སྐྱོང་བསྲུང་མ་དཀར་དམར་གཏོར་མས་མཆོད༔ མཐུ་སྟོབས་དྲག་རྩལ་ཐམས་ཅད་གཡང་ཁུག་ཡེ༔ སྡེ་བརྒྱད་གནས་གཞི་གཏེར་བདག་གསུར་གྱིས་མཆོད༔ གནས་སྐབས་བར་ཆད་སེལ་བའི་གཡང་ཁུ་ཡེ༔ ཁུག་ཡེ་ཁུག་ཡེ་ཕྱྭ་དང་གཡང་ཁུག་ཡེ༔ ཧུ་ཡེ་ཧུ་ཡེ་ཕྱྭ་ལྡན་གཡང་ལྡན་ནོ༔ རྒྱལ་ལོ་ལྷ་དང་སྲུང་མ་རྣམ་རྒྱལ་ལོ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ དེ་ནས་ནོངས་པ་བཟོད་གསོལ་ནི༔ ཧཱུྃ༔ བསང་མཆོད་མགྲོན་ལ་སྤྱན་དྲངས་བོས་པ་རྣམས༔ བདག་ཅག་མི་ཤེས་རྨོངས་པའི་དབང་སོང་ཏེ༔ འགལ་འཁྲུལ་ཉམས་ཆགས་ནོངས་པ་གང་བགྱིས་པ༔ བཟོད་པར་གསོལ་ལོ་ཚངས་པར་རྩལ་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ༴སོགས། ཡི་གེ་བརྒྱ་པ་བཟླ༔ དེ་ནས་མགྲོན་གཤེགས་པ་ནི༔ ཧཱུྃ༔ དཀོན་མཆོག་སྲིད་ཞིའི་མགྲོན་གྱི་ལྷ་ཚོགས་རྣམས༔ ལྷུན་གྲུབ་ཀུན་བཟང་དགོངས་པའི་ཀློང་དུ་གཤེགས༔ དཔལ་མགོན་ཆོས་སྐྱོང་བསྲུང་མ་ཡོན་ཏན་མགྲོན༔ རང་སྣང་རིག་པའི་རྩལ་སྣང་དབྱིངས་ལ་གཤེགས༔ རིགས་དྲུག་སེམས་ཅན་སྙིང་རྗེའི་མགྲོན་རིགས་རྣམས༔ དགའ་མགུ་ངོམ་ཚིམ་སོ་སོར་རང་གནས་གཤེགས༔ འབྱུང་པོ་བགེགས་རིགས་ལན་ཆགས་སྦྱིན་ཡུལ་མགྲོན༔ བྱམས་དང་སྙིང་རྗེ་ཆེན་པོའི་ངང་ནས་གཤེགས༔ བསྐྱེད་རིམ་ལྷ་སྐུ་རང་སྣང་དགོངས་པར་གཤེགས༔ འཁོར་འདས་མཉམ་བརྡལ་ཆོས་ཀྱི་དབྱིངས་སུ་ཨཱཿ དེ་ནས་མི་དམིགས་པའི་རྒྱས་གདབ་ལ༔ བསྔོ་སྨོན་ནི༔ ཧཱུྃ༔ དགེ་འདིའི་བསོད་ནམས་འགྲོ་བ་མ་ལུས་པ༔ རྣམ་མཁྱེན་བླ་མེད་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་མཆོག་ལ་མྱུར་དུ་འགོད་པའི་ཕྱིར༔ དམིགས་མེད་ཁྱབ་བདལ་ཆེན་པོར་བསྔོ་བར་བགྱི༔ དཀོན་མཆོག་གསུམ་གྱི་བསྟན་པ་དར་བ་དང༔ སེམས་ཅན་ཐམས་ཅད་བདེ་སྐྱིད་དཔལ་ལ་སྤྱོད༔ རྣལ་འབྱོར་ཕྲིན་ལས་གང་བརྩམས་ལྷུན་གྲུབ་ཅིང༔ མཐར་ཐུག་གདོད་མའི་བཙན་ས་ཟིན་པར་ཤོག༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ ཕན་བདེའི་འབྱུང་གནས་སངས་རྒྱས་ཕྲིན་ལས་རྣམས༔ གཅིག་འདུས་རྩ་བའི་བླ་མའི་བཀྲ་ཤིས་ཤོག༔ གསང་སྔགས་རྒྱུད་སྡེའི་དཀྱིལ་འཁོར་ཀུན་གྱི་གཙོ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཕྱི་ནང་གསང་བའི་བར་ཆད་སེལ་མཛད་པའི༔ མ་མོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཞི་རྒྱས་དབང་དྲག་ཕྲིན་ལས་དཀྱིལ་འཁོར་ནས༔ ཆོས་སྐྱོང་བསྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ བསྟན་པ་སྐྱོང་ཞིང་གནས་སྐབས་རྐྱེན་སེལ་བའི༔ དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ གསང་རྒྱ༔ ཟབ་རྒྱ༔ ཁ་ཐམ༔ ཙིཏྟ་ལ་གུ་ཧྱཿ ཅེས་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་ཆོས་ཉིད་དགོངས་པའི་སྒྲོམ་ནས་སྤྱན་དྲངས་པ་སརྦ་ཛ་ག་དཾ།