གུ་དྲག་གསོལ་འདེབས་རྒྱལ་གདོན་མཐར་བསྐྲད།

གུ་དྲག་གསོལ་འདེབས་རྒྱལ་གདོན་མཐར་བསྐྲད་བཞུགས༔ ཨོཾ་སྭ་སྟི༔ ཕུན་ཚོགས་ལྔ་ལྡན་བདེ་ཆེན་ཕོ་བྲང་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ཕུན་ཚོགས་གནས་མཆོག་རི་བོ་ཏ་ལ་ནས༔ ལོངས་སྐུ་ཕྱག་ན་པདྨོ་ལ་གསོལ་བ་འདེབས༔ ཕུན་སུམ་ཚོགས་པ་རྔ་ཡབ་ལང་ཀའི་གླིང༔ སྤྲུལ་སྐུ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ ཕུན་ཚོགས་བདེ་སྟོང་དགའ་བཞིའི་སྐྱེད་ཚལ་ནས༔ ཛྙཱ་ན་ས་ག་ར་ཛ་ལ་གསོལ་བ་འདེབས༔ བརྟུལ་ཞུགས་མཐར་ཕྱིན་གྲུབ་པའི་བསྟི་གནས་ནས༔ མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་གསོལ་བ་འདེབས༔ འགྲོ་དོན་ཕྱོགས་མེད་དམ་པའི་ཚོགས་དབུས་ནས༔ གྲུབ་ཆེན་ལག་ན་རྡོ་རྗེ་ལ་གསོལ་བ་འདེབས༔ སྣང་སྲིད་དག་པ་རབ་འབྱམས་དཀྱིལ་འཁོར་ནས༔ འགྲོ་འདུལ་ལུང་རིག་གླིང་པ་ལ་གསོལ་བ་འདེབས༔ པདྨས་ལུང་ཟིན་ཆོས་ཀྱི་ཁང་བཟང་ནས༔ ཆོས་དབང་སྐྱེས་ཐོབ་རྣམས་ལ་གསོལ་བ་འདེབས༔ བདེ་ཆེན་དབང་དྲག་རོལ་བའི་གཞལ་ཡས་ནས༔ ཡི་དམ་གུ་རུ་དྲག་པོ་ལ་གསོལ་བ་འདེབས༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ མ་མགོན་སྲུང་མ་རྒྱ་མཚོ་ལ་གསོལ་བ་འདེབས༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་ནུས་ཀྱིས༔ ཚེ་འདིར་བསམ་དོན་འགྲུབ་པར་བྱིན་གྱིས་རློབས༔ ནད་གདོན་སྨྱོ་འབོག་ཞི་བར་བྱིན་གྱིས་རློབས༔ ཚེ་བསོད་འབྱོར་དྲུག་རྒྱས་པར་བྱིན་གྱིས་རློབས༔ ལྷ་སྲིན་བྲན་དུ་ཁོལ་བར་བྱིན་གྱིས་རློབས༔ བདུད་སྡེའི་དཔུང་ཚོགས་འཇོམས་པར་བྱིན་གྱིས་རློབས༔ སྣང་བ་སེམས་སུ་ཆོད་པར་བྱིན་གྱིས་རློབས༔ རིག་སྟོང་རྗེན་པར་གྲོལ་བར་བྱིན་གྱིས་རློབས༔ སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག༔ ཆོས་དབང་སྐྱེས་ཐོབ་སྤྲུལ་པའི་སྐུ་གཞན་ཕན་ཐུབ་བསྟན་ཉི་མ་དཔལ་བཟང་པོས་སློབ་བུ་དཀོན་མཆོག་འོད་ཟེར་ལ་སྨྲས་པ་དགེའོ། །