སྙིང་ཐིག་བླ་བརྒྱུད་གསོལ་འདེབས།

༈ བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་། །པདྨ་ཀ་ར་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་གནུབས་གཉགས་གཏེར་སྟོན་བརྒྱ་རྩ་སོགས། །བཀའ་གཏེར་བླ་མ་རྣམས་ལ་གསོལ་བ་འདེབས། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་རྗེའི། །ཟབ་གཏེར་བདག་པོར་མངའ་གསོལ་འཁོར་ལོས་སྒྱུར། །སངས་རྒྱས་གླིང་པའི་ཡང་སྤྲུལ་སྦས་ཚུལ་འཆང་། །ཀུན་བཟང་གཞན་ཕན་ཞབས་ལ་གསོལ་བ་འདེབས། །འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། །འགྲོ་བ་ཐར་གླིང་བསྒྲོད་པའི་དེད་དཔོན་མཆོག །འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་པ། །འཇིགས་མེད་རྒྱལ་བའི་མྱུ་གུར་གསོལ་བ་འདེབས། །འཇམ་དཔལ་བྱིན་རླབས་བཱི་མའི་རྣམ་པར་འཕྲུལ། །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པ། །བཀའ་བབས་བདུན་ལྡན་པདྨ་མདོ་སྔགས་གླིང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་འདེབས། །ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ། །ནང་ལྟར་གྲུབ་པའི་དབང་ཕྱུག་ཤ་བ་རི། །གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས། །འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །བདག་པས་གཞན་གཅེས་བྱང་ཆུབ་སེམས་གཉིས་འབྱུང་། །བསྐྱེད་རྫོགས་མཐར་ཕྱིན་འཁོར་འདས་དབྱེར་མེད་རྟོགས། །ཆོས་ཟད་ཆོས་སྐུའི་དགོངས་པའི་གྲུབ་མཐའ་སྙོགས། །བསྟན་པའི་ཉི་མའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་ཁྱབ་བདག་རྡོ་རྗེ་སེམས། །ཡེ་ཤེས་སྒྱུ་མའི་གར་རོལ་བཱི་མ་ལ། །དབྱེར་མེད་རིག་འཛིན་ངག་གི་དབང་པོའི་ཞབས། །གསོལ་བ་འདེབས་སོ་དོན་བརྒྱུད་དགོངས་པ་སྩོལ། །མཆོག་གི་བླ་མ་རྣམས་ཀྱི་རྒྱལ་ཚབ་ཏུ། །དབང་སྐུར་ལུང་ཟིན་ཕྱོགས་མེད་གཞན་དོན་སྤྱོད། །སྦས་པའི་རྣལ་འབྱོར་ཀུན་སྤང་རྫོགས་ཆེན་པ། །སངས་རྒྱས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །གནས་ལུགས་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཔལ་མགོན་བླ་མ་རྣམས་ཀྱི་ཐུགས་རྗེ་ཡིས། །རྡོ་རྗེ་ཐེག་པའི་རིང་ལུགས་མ་ནོར་བར། །ཆོས་དང་བླ་མ་དམ་པ་མཇལ་བར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་སྟེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །